Nitartha Digital Library
Tibetan
 
previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next

ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།


KMC011_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ལགས། ཞེས་ཞུས་པའོ། །གཉིས་པ་ལ་ལྔ། བསྐྱེད་རིམ་ཇི་ལྟར་བསྒོམ་པ། སྤྱོད་པ་རྒྱས་པར་བསྟན་པ། དངོས་གྲུབ་ཀྱི་མཚན་ཉིད། བསྐྱེད་རྫོགས་ཀྱི་རྣམ་བཞགརིགས་ཀྱི་དབྱེ་བསྡུའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཞུས་པའི་ལན་བཀའ་སྩལ་པ་ནི། སྒྲུབ་པ་པོ་རྒྱུད་དག་ཅིང་དབང་ཐོབ་ནས་ལམ་ལ་སློབ་པའི་ཐོག་མར་བསྐྱེད་རིམ་ལ་འཇུག་པར་བྱ་སྟེ། དེའང་ཤེས་རབ་སྟོང་ཉིད་བདག་མེད་མའི་བསྐྱེད་རིམ་གྱི་རྣལ་འབྱོར་དང་ལྡན་པའམ། ཡང་ན་བཅོམ་ལྡན་འདས་ཧེ་རུ་ཀ་དཔལ་བཞིའི་རྣལ་འབྱོར་གང་རུང་བསྒོམ་པ་ལ་བརྩོན་པ་མ་གཏོགས། གཞན་རྣམ་པར་གཡེང་བ་ཐ་མལ་པའི་སེམས་ཀྱིས་དུས་སྐད་ཅིག་ཀྱང་དངོས་གྲུབ་འདོད་པས་མི་གནས་པར་བྱ་དགོས་སོ། །གཉིས་པ་ལ་གཉིས། ལས་དང་པོ་པ་དང་། བརྟན་པ་ཐོབ་པའི་ཉམས་སུ་


KMC011_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བླང་ཚུལ་ལོ། །དང་པོ་ནི། དང་པོ་གོམས་པར་བྱེད་དུས་ཀྱི། །གནས་ནི་གང་དུ་བསྔགས་པའི་སེམས། །གཅིག་ཏུ་མཉམ་བཞག་འགྲུབ་འགྱུར་བའི། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་འགྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་གསུངས་ཏེ། དེའང་ལས་དང་པོ་པས་དང་པོར་ལྷའི་རྣལ་འབྱོར་ལ་གོམས་པར་བྱེད་པའི་དུས་ཀྱི་གནས་ནི། གོང་དུ་སྔགས་པ་སྟེ་སྒྲུབ་པ་པོའི་སེམས་རྩེ་གཅིག་ཏུ་ལྷའི་རྣལ་འབྱོར་ལས་གཞན་དུ་མི་གཡེང་བར་མཉམ་བཞག་བརྟན་པོ་འགྲུབ་པར་འགྱུར་བའི་ས་ཕྱོགས་དབེན་ཞིང་ཡིད་དང་མཐུན་པའི་གནས་ནི་བཟང་པོ་ངེས་པར་བརྟགས་ཏེ་བཙལ་བའམ། ཕྱི་རོལ་དུ་མ་རྙེད་ན། རང་གི་ཁྱིམ་ལ་སོགས་པར་གཞན་གྱི་གཡེང་བ་ཞི་བ་མཚན་མོའི་དུས་སུ་བསྒོམ་པར་བྱའོ། །དེར་ནི་སེམས་བདེ་བས་ཏིང་ངེ་འཛིན་གསལ་བར་འགྱུར་གྱི། མཚན་མོ་དུར་ཁྲོད་ལ་སོགས་སུ་མི་སྒོམ་པའི་དོན་ནི་ལས་དང་པོ་པ་ལུས་དང་སྲོག་གི་བར་ཆད་དུ་གྱུར་དུ་དོགས་སོ། །བརྟན་པ་ཐོབ་ནས་དུར་ཁྲོད་དང་རིའི་བྱ་སྐྱིབས་ལ་


KMC011_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་བསྒོམ་ཞིང་། དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ཉིད་ཕྱག་རྒྱ་ཆེན་པོ་འགྲུབ་པར་འདོད་པའི་སེམས་ཀྱིས་ནི། བདག་མེད་མའི་རྣལ་འབྱོར་ཉིད་བསྒོམ་སྟེ་དེའང་དམིགས་པ་སྐྱོང་ཚུལ་ལ་མཁས་པའམ་སྐྱེ་བ་མེད་པར་རྟོགས་པའི་ཤེས་རབ་ཅན་གྱིས་བསྒོམ་མོ། །ཡང་ན་དཔལ་ཧེ་རུ་ཀ་བཞི་པོ་གང་ཡང་རུང་བའི་གཟུགས་སུ་བསྐྱེད་པའི་རིམ་པ་ཉམས་སུ་བླང་བའོ། །གཉིས་པ་ནི། རྐང་པ་འཁྲུད་དང་ཟ་བ་དང་། །འཐོར་འཐུང་སོ་རྩི་ཟ་བ་དང་། །ཙནྡན་གྱིས་ནི་ལག་ཉེད་དང་། །སྨད་གཡོགས་ཀྱིས་ནི་རྐེད་འགེབས་དང་། །འབྱུང་དང་སྨྲ་དང་འགྲོ་བ་དང་། །འདུག་དང་ཁྲོ་དང་རྒོད་པ་དང་། །བཅོམ་ལྡན་འདས་མ་བསྟེན་པ་དང་། །ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། །རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །གཞན་གྱི་ཚུལ་གྱིས་སྐད་ཅིག་ཀྱང་། །གདུག་པའི་སེམས་ནི་མི་རིགས་པས། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །ཞེས་གསུངས་ཏེ། གང་གི་ཚེ་ལྷའི་རྣལ་འབྱོར་ལ་སེམས་ཅུང་ཟད་བརྟན་པ་ཐོབ་པར་གྱུར་ནས། མཉམ་བཞག་ཁོ་ནའི་སྐབས་མ་ཡིན་པའི་


KMC011_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལམ་ཐམས་ཅད་དུའང་ལྷའི་རྣམ་པར་བྱ་སྟེ། རང་གི་རྐང་པ་འཁྲུད་པ་དང་། བཟའ་བ་ཟ་ཞིང་འཐུང་བ་དང་། བསིལ་བའི་ཆེད་དུ་ཆུས་འཐོར་འཐུང་བྱ་བའམ་ཁ་བཤལ་བ་དང་། སོ་རྩི་ཏམྦོ་ལ་ཟ་བས་ལོངས་སྤྱོད་པ་དང་། དྲི་བཟང་ཙནྡན་གྱི་ཕྱེ་མས་ནི་ལག་པ་གཉིས་ཉེད་ཅིང་སྐུད་པ་དང་། སྨད་གཡོགས་ཀྱིས་ནི་རྐེད་པ་མན་འགེབས་པས་མཚོན་ཏེ་གོས་ལྷྭམ་ཞྭ་གྱོན་པ་དང་། གནས་ནས་ཕྱིར་འབྱུང་བ་དང་། གཞན་དང་གཏམ་སྨྲ་བ་དང་། ལམ་དུ་འགྲོ་བ་དང་། སྟན་ལ་འདུག་པ་དང་། གཞན་བྱ་བ་མ་ཡིན་པ་བྱེད་པ་ལ་ཁྲོ་བ་དང་། རྩེད་འཇོས་རྒོད་པ་དང་། བཅོམ་ལྡན་འདས་མའི་རང་བཞིན་ཤེས་རབ་མ་སྟེ་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་། དེ་ལས་གཞན་པའི་གནས་སྐབས་ཐམས་ཅད་དུའང་བསྒོམ་པའི་དྲན་པ་དང་ཤེས་བཞིན་ཡོད་པའི་ཤེས་རབ་དང་དེ་ལ་གནས་པའི་བརྟུལ་ཞུགས་ཅན་ཉིད་ཀྱིས། ཧེ་རུ་ཀའམ་རྣལ་འབྱོར་མ་བདག་མེད་མ་ནི་རྣམ་པར་བསྒོམ་པ་ལས། ཉོན་མོངས་དང་ཉེ་བའི་ཉོན་མོངས་པ་ཅན་གཞན་གྱི་ཚུལ་ཞེས་པ་འདིར་མཚུངས་ཤིང་རྗེས་སུ་འབྲེལ་བའི་དོན་ཏེ། རྣམ་རྟོག་ངན་པའི་སྐྱོན་གྱིས་སྐད་ཅིག་ཀྱང་མ་གོས་


KMC011_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྲིམ་པར་བྱ་བའི་གོ་ཆ་བརྟན་པོས་གདུག་པ་ཉོན་མོངས་པའི་སེམས་ཐ་མལ་གྱི་རྟོག་པ་མ་རིག་པའི་དབང་དུ་གྱུར་པ་དང་ནི་འགྲོགས་པར་མི་རིགས་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་འདོད་པས་དངོས་གྲུབ་དེ་དག་འཐོབ་པར་བྱ་བའི་ཕྱིར། བླང་དོར་ལ་མཁས་པས་རབ་ཏུ་འབད་ཅིང་བརྩོན་པར་བསམ་གཏན་གྱི་དྲི་མ་ལ་མི་གནས་སོ། །དེ་བཞིན་དུ་རྩལ་སྦྱོང་ཞིང་བསྒོམས་པས་ལྷའི་རྣལ་འབྱོར་ཁྱད་པར་ཅན་དུ་འགྱུར་རོ། །གཉིས་པ་སྤྱོད་པ་རྒྱས་པར་བསྟན་པ་ལ་གཉིས། བཤད་པར་དམ་བཅའ་བ། བཤད་པ་དངོས་སོ། །དང་པོ་ནི། བསམ་གཏན་ཉོན་མོངས་འཇིག་བྱེད་པ། །རྡོ་རྗེ་སྙིང་པོ་ང་ཡི་བཤད། །ཅེས་གསུངས་ཏེ། ལྷའི་རྣལ་འབྱོར་གྱི་བསམ་གཏན་དང་། ལྷག་མཐོང་གི་ཤེས་རབ་དབྱེར་མེད་དུ་ཉམས་སུ་བླངས་པས་ཉོན་མོངས་པའི་སྒྲིབ་པ་མཐའ་དག་འཇིག་ཅིང་ཉམས་པར་བྱེད་པ། རྡོ་རྗེ་སྙིང་པོ་ཁྱོད་གཙོ་བོར་བྱས་ནས་གདུལ་བྱ་མཆོག་རྣམས་ལ་རྡོ་རྗེ་འཆང་ཆེན་པོ་ང་ཡིས་བཤད་ཀྱིས་ཉོན་ཅིགཅེས་གདམས་པའོ། །གཉིས་པ་ལ་བཞི། སྔོན་འགྲོ་དུས་ཐབས་ཀྱི་ངོ་བོ་དང་ངེས་པ། དྲོད་ཐོབ་པའི་


KMC011_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས། འགྲུབ་སླ་བའི་ཕན་ཡོན། དངོས་གཞི་སྤྱོད་པ་སྤྱད་པའི་རིམ་པའོ། །དང་པོ་ནི། བརྩེ་བས་དངོས་གྲུབ་དོན་དུ་ཡང་། །ཟླ་བ་ཕྱེད་དུ་ཡོངས་སུ་རྟོག །བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ལྷ་ཡི་གཟུགས་སུ་སེམས་པ་ཡིས། །ཉི་མ་གཅིག་ཏུ་མ་ཆད་པར། །བསྒོམ་པས་ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །རིག་མ་ལྷན་ཅིག་གོམས་བྱས་པས། །འཕྲལ་དུ་མངོན་དུ་བྱེད་པ་ཉིད། །ཅེས་གསུངས་ཏེ། དེའང་ཡི་གེའི་དོན་ལྟར་བཤད་ན། བསམ་གཏན་ཉོན་མོངས་འཇིགས་བྱེད་དེ་ཡང་། སེམས་ཅན་ལ་བརྩེ་བས་ཀུན་ནས་བསླངས་ཏེ་དངོས་གྲུབ་གཉིས་ཐོབ་པའི་དོན་དུ་སླར་ཡང་ཟླ་བ་ཕྱེད་ཀྱི་བར་དུ་རྣལ་འབྱོར་བརྟན་མི་བརྟན་ཡོངས་སུ་རྟོག་པར་བྱ་སྟེ། དེའང་ཐ་མལ་གྱི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་འདོད་པའི་ལྷའི་གཟུགས་སུ་རྩེ་གཅིག་པའི་སེམས་པ་ཡིས་ཉི་མ་གཅིག་བཞིན་དུ་རྟོག་པ་གཞན་གྱིས་བར་མ་ཆད་པར་བསྒོམས་པས་ལྷའི་རྣལ་འབྱོར་བརྟན་མི་བརྟན་ཡོངས་སུ་བརྟག་པར་གྱིས་ཤིགབརྟན་ནས་མངོན་དུ་བྱེད་པའི་ཐབས་ནི། རང་


KMC011_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་ཀྱི་དོན་ནི་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱིར་འཁོར་བར་འདོད་ཡོན་ལམ་བྱེད་ལས་ཟབ་པའི་ཐབས་གཞན་ཡོད་པ་མ་ཡིན་པས། ཆོ་ག་ཇི་ལྟ་བར་རིག་མ་དང་ལྷན་ཅིག་དཀྱིལ་འཁོར་འཁོར་ལོའི་རིམ་པ་ལ་གོམས་པར་བྱས་པས། རིང་པོར་མི་ཐོགས་པར་འཕྲལ་དུ་དངོས་གྲུབ་མངོན་དུ་བྱེད་པ་ཡིན་ནོ་ཞེས་སོ། །ངེས་དོན། རྫོགས་རིམ་གྱི་དབང་དུ་བྱས་ན། བརྩེ་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཡང་ཟླ་བ་ཕྱེད་ལ་སོགས་པར་ཡོངས་སུ་བརྟག་སྟེ། རྣམ་པར་རྟོག་པའི་བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས་སོ་སོར་སྣང་བ་བསྡུས་ཏེ་ལྷའི་གཟུགས་ཏེ་སྟོང་པ་ཉིད་ཀྱི་གཟུགས་སུ་སེམས་པ་ཡིས་ཉི་མ་གཅིག་ཏུ་བར་མ་ཆད་པར་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལ་ཡོངས་སུ་བརྟག་པར་གྱིས་ཤིག་ཅེས་པ་ནི་དུས་ཀྱི་འཁོར་ལོ་དང་ཚུལ་མཚུངས་པར་རྫོགས་རིམ་མན་ངག་རྣམས་ཀྱི་དང་པོར་སོར་སྡུད་ཉམས་སུ་ལེན་པར་གསུངས་པ་ཡིན་ནོ། །དེ་བསམ་གཏན་གྱིས་བརྟན་པར་བྱས་ནས་སྲོག་རྩོལ་ལ་སོགས་པའི་སྦྱོར་བས་ཟླ་བ་ཕྱེད་ཙམ་གྱིས་ངེས་པར་སྒྱུ་མ་ལྟ་བུ་མངོན་དུ་བྱེད་པར་འགྱུར་བས། རང་


KMC011_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཆོག་གི་དངོས་གྲུབ་ཐོབ་ནས་གཞན་སེམས་ཅན་གྱི་དོན་ནི་རབ་ཏུ་བསྒྲུབ་པའི་ཕྱིར་ཆེད་དུ་བྱ་བའི་དོན་འདི་ལས་མཆོག་ཏུ་གྱུར་པ། འཁོར་བར་གནས་པ་དེ་སྲིད་དུ་ཐབས་ཁྱད་པར་དུ་འཕགས་པ་གཞན་ཡོད་པ་ནི་མ་ཡིན་ནོ། །རིག་མ་སྟེ། ལས་དང་ཆོས་དང་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་ཏུ་གོམས་པར་བྱས་པས་འཕྲལ་དུ་མྱུར་བར་དྲོད་ལ་སོགས་པའི་རྟགས་མངོན་དུ་བྱེད་པ་ཉིད་ཡིན་ནོ། །གཉིས་པ་ནི། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བ་འཚེ་བ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ཉིད་ཉོན་མི་མོངས། །ཕན་དང་གནོད་པའི་འབྲས་འབྱུང་བར། །དེ་ལྟར་ངེས་པར་ཤེས་ནས་ནི། །ཇི་ལྟར་དེ་ནི་སྐད་ཅིག་ཀྱང་། །རྣལ་འབྱོར་པ་རྣམས་ངུ་འབོད་གནས། །ཞེས་གསུངས་ཏེ། སྔར་སྤྱོད་པའི་དུས་མདོ་ཙམ་བཤད་པ་ལས། དྲོད་ཀྱི་དབྱེ་བ་རྒྱས་པར་སྐབས་འདིར་འབྱུང་སྟེ། དེ་ལྟར་བསྒོམས་པས་རྣལ་འབྱོར་པ་དྲོད་ཐོབ་པར་གྱུར་ཕྱིན་ཆད་དུས་ཐམས་ཅད་དུ། མིའམ་མི་མ་ཡིན་གྱིས་ཡིད་སྔངས་པ་དང་སྐྲག་པར་མི་ནུས་ཤིང་ངན་སོང་གི་འཇིགས་པ་ལས་གྲོལ་བ་ཉིད་དང་། སེམས་ནད་དང་


KMC011_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱི་མཐུས་འཁྲུལ་པས་སྨྱོ་བར་མི་འགྱུར་བ་དང་། དེ་བཞིན་མཛེ་དང་འབྲས་ལ་སོགས་པའི་ནད་འགོ་བའི་ཡམས་དང་སེམས་སྡུག་བསྔལ་བར་བྱེད་པ་མེད་པ་དང་། འདོད་པ་དང་བྲལ། མི་འདོད་པ་དང་འཕྲད་པ་སོགས་ཀྱི་མྱ་ངན་གདུང་བ་གཏན་ནས་མི་འབྱུང་ལ། རྒྱལ་པོ་ལ་སོགས་པས་འཆིང་ཞིང་འཚེ་བའམ། སྲིན་པོ་སོགས་ཀྱིས་ཉེ་བར་འཚེ་བ་མཐའ་དག་མེད་པ་དང་། ཡུལ་སྡུག་པ་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་། བཏང་སྙོམས་པ་ལ་གཏི་མུག་སྟེ། དུག་གསུམ་གྱི་ཉོན་མོངས་པ་ཆེ་བ་རྣམས་ཀྱིས་ཀྱང་ཉོན་མོངས་པར་བྱེད་མི་ཐུབ་པས། སྒྲུབ་པ་པོ་ནི་ཉོན་མི་མོངས་ཏེ་བཟོད་པ་ཐོབ་པས་སྦྱོར་ལམ་ཡན་ཆད་དུ་ངེས་པར་གྱུར་ནས། གཞན་ལ་ཕན་པ་སྟེ་གདུལ་བྱ་རྗེས་སུ་འཛིན་པ་དང་། གནོད་པ་སྟེ་གདུག་པ་ཅན་ཚར་གཅོད་ནུས་པའི་འབྲས་བུ་འདི་དང་ཕྱི་མའི་དོན་ཆེན་པོ་འབྱུང་བར་འགྱུར་བ། དེ་ལྟར་རང་གཞན་གྱིས་ངེས་པར་ཤེས་ཤིང་མངོན་དུ་གྱུར་ནས་ནི། སྤྱོད་པ་སྤྱད་ན་རྒྱུ་མཚན་ཇི་ལྟར་དེ་ནི་དུས་སྐད་ཅིག་ཀྱང་། རྣལ་འབྱོར་པ་རྣམས་དམྱལ་བ་ངུ་འབོད་ལ་སོགས་པར་ག་ལ་གནས་ཏེ་འགྲོ་བའམ་གནས་


KMC011_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ། །གཤམ་གྱི་ཚིག་ཟུར་འགྱུར་འདིར་མ་ཐོན་ཀྱང་འགྱུར་གཞན་དང་རྒྱ་འགྲེལ་རྣམས་སུ་མཐུན་པར་འབྱུང་ངོ་། །ཡང་ན། ངུ་འབོད་ཀྱི་སྐད་དོད་རཽ་ར་ཞེས་པ་ཅ་ཅོ་ལའང་འཇུག་པས། དེ་ལྟ་བུའི་རྣལ་འབྱོར་པ་རྒྱུད་ཅ་ཅོ་དང་ལྡན་པས་སྐད་ཅིག་ཀྱང་མི་གནས་པའི་དོན་དུ་འཆད་དོ། །རྔོག་པ་རྗེས་འབྲང་དང་བཅས་པ་དང་། དཔལ་རང་བྱུང་ཞབས་ཀྱིས་ཀྱང་འདི་ལྟར་བཞེད་དེ། དྲོད་ཆུང་ངུ་རང་ཉིད་ངན་སོང་ལ་འཇིགས་པ་དང་། རྒྱུད་འཁྲུལ་བའི་སྨྱོ་བ་དང་། །འཁོར་བའི་སྡུག་བསྔལ་དང་། མྱ་ངན་གྱི་གདུང་བས་ཡིད་མི་འཚེ་བ་ཡིན་ལ། འདོད་ཆགས་ལ་སོགས་པས་རྒྱུད་ཉོན་མོངས་པར་མི་ནུས་པར་དྲོད་འབྲིང་དང་། ལྟ་སྟངས་ལ་སོགས་པས་ཕན་གནོད་ཀྱི་འབྲས་བུ་མངོན་དུ་འབྱིན་པ་དྲོད་ཆེན་པོ་ཐོབ་པའི་རྟགས་སུ་བཞེད་པས། རིག་སྤྱོད་སོགས་ལ་ངེས་པར་དྲོད་ཆེན་པོ་ཐོབ་དགོས་ཏེ། རང་གི་རྟོགས་པའི་བོགས་ཕྱུང་ནས་ས་ཆེན་པོ་ཐོབ་ཏུ་རུང་ཞིང་། གཞན་རྗེས་སུ་འཛིན་པར་ནུས་དགོས་པས་སོ། །མཁས་པ་གཞན་དག་འཇིག་སྨྱོ་ནས་ཉོན་མི་མོངས་ཞེས་པའི་བར་གྱིས་དྲོད་ཆུང་ངུ། ཕན་གནོད་འབྲས་བུ་གང་རུང་རེ་འབྱུང་བ་


KMC011_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་། གཉིས་ཀ་འབྱུང་བ་ཆེན་པོའི་རྟགས་སུ་བཤད་དོ། །གསུམ་པ་ནི། མཚམས་མེད་ལྔ་ནི་བྱེད་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །གཞན་ཡང་སྐྱེ་བ་དམན་གང་དང་། །རྨོངས་དང་མ་རུངས་ལས་བྱེད་དང་། །གཟུགས་ངན་ཡན་ལག་མ་ཚང་བ། །བསམས་པས་དེ་རྣམས་འགྲུབ་པར་འགྱུར། །དགེ་བ་བཅུ་ལ་གོམས་པ་དང་། །བླ་མ་ལ་གུས་དབང་པོ་ཐུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེས་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཅེས་གསུངས་ཏེ། འདིས་ནི་རྡོ་རྗེ་ཐེག་པའི་ཐབས་ཁྱད་པར་དུ་འཕགས་པའི་ཆེ་བ་བསྟན་ཏེ། མཚམས་མེད་ཅེས་པ་ལས་དེ་སྤྱད་ན་ཤི་ནས་བར་མཚམས་གཞན་མེད་པར་མནར་མེད་པའི་དམྱལ་བར་ལྟུང་སྟེ། དེའི་ལས་ཀྱང་རང་གི་ཕ་མ་དང་དགྲ་བཅོམ་པ་གསོད་ཅིང་། དགེ་འདུན་འཁོར་ལོའི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྔ་པོ་དེ་ནི་བྱེད་པ་དང་། སྲོག་ཆགས་མང་པོ་གསོད་པ་ལ་དགའ་བ་ཤན་པ་ལྟ་བུ་དང་། གཞན་ཡང་སྐྱེ་བ་དམན་པ་བུད་མེད་དམ་གདོལ་པ་ལ་སོགས་པའི་རིགས་ངན་པར་སྐྱེས་པས་དམན་པར་འཇིག་རྟེན་པས་བལྟ་བ་


KMC011_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དང་། ལས་དང་འབྲས་བུ་ལ་རྨོངས་པས་བླང་དོར་མི་ཤེས་པ་དང་། མ་རུངས་པའི་ལས་མ་བྱིན་པར་ལེན་པ་རྐུ་བ་སོགས་མི་དགེ་བ་ངན་པར་སྤྱོད་པ་རྣམས་བྱེད་པ་དང་། བལྟ་བར་མི་འོས་པའི་གཟུགས་ངན་ཞིང་ཡན་ལག་ཉིང་ལག་མ་ཚང་བ། དེས་མཚོན་ཏེ་མི་ཁོམ་པའི་གནས་ཅི་རིགས་སུ་སྐྱེས་པ་རྣམས་ཀྱིས་ཀྱང་། ཉེས་པ་སྔར་བྱས་བཤགས་ཏེ་ཕྱིས་སྡོམ་པ་ལ་གནས་ཤིང་། གསང་སྔགས་ལ་དད་པ་བརྟན་པོས་བླ་མས་བསྟན་པའི་ཐབས་ཀྱི་གདམས་ངག་ཡིད་ལ་བསམ་པས་རྣལ་འབྱོར་ལ་བརྩོན་པར་གྱུར་ན། དེ་རྣམས་ཀྱིས་ཀྱང་བཤད་མ་ཐག་པའི་རྟགས་ཀྱིས་མཚོན་འདོད་པའི་དངོས་གྲུབ་སྐྱེ་བ་གཞན་ནམ་འདི་ལ་འགྲུབ་པར་འགྱུར་རོ། །ངན་པར་སྤྱོད་པ་དེ་ལྟ་བུས་ཀྱང་ཅི་རིགས་སུ་འགྲུབ་པ་ལྟ་ན། སྐྱེ་བོ་གང་དག་མི་དགེ་བ་བཅུ་ལས་ལྡོག་པའི་དགེ་བ་བཅུ་ལ་སྤྱོད་པས་རྒྱུད་གོམས་པ་སྟེ་སྔོན་སྦྱངས་ཆེ་བ་དང་། ལུས་སྲོག་ལ་མི་ལྟོས་པར་བླ་མ་ལ་གུས་པས་བསྟེན་ནུས་ཤིང་། དད་པ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས་རང་ཉིད་ཀྱི་དབང་པོ་ཐུལ་ཏེ་ལས་སུ་རུང་བས། ང་རྒྱལ་བདུན་པོ་སྔར་སྨོས་པ་དང་


KMC011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཁོང་ཁྲོ་བའི་ཀུན་ལྡང་ལས་རྣམ་པར་གྲོལ་བ་དེ་འདྲ་བའི་སྒྲུབ་པ་པོ་ནི། རེ་ཞིག་ཙམ་སྟེ་དུས་མྱུར་བ་ཉིད་དུ་ངེས་པར་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་བ་ཉིད་དོ། །དེའི་ངེས་དོན་ཡང་། ཁ་སྦྱོར་དྲི་མེད་ལས། ཡེ་ཤེས་ལྔ་མཚམས་མེད་ཅིང་བར་ཆད་མེད་པར་བསྒྲུབ་པ་དང་། སྲོག་ཆགས་ནི་སེམས་གསོད་པ་དང་། སྐྱེ་བ་གདོད་ནས་མ་དམིགས་པས་དམན་པ་དང་། རྨོངས་པ་འོད་གསལ་བ་ལ་སོགས་པའི་དོན་དང་སྦྱར་ནས་རེ་ཞིག་ཅེས་པ་དེ་ཡོངས་སུ་གྱུར་པའི་ངོ་བོ་ཡང་དག་པའི་ཡེ་ཤེས་ཞེས་པའི་བར་གྱིས་བསྟན་ཏོ། །བཞི་པ་ལ་གསུམ། གསང་སྤྱོད། རིག་བརྟུལ། རྣལ་འབྱོར་མས་སྤྱོད་པ་སྤྱད་པའི་ཚུལ་ལོ། །དང་པོ་ནི། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །མཉམ་པར་བཞག་པས་དངོས་གྲུབ་འཐོབ། །ཟླ་བ་གཅིག་ཏུ་གསང་ལ་སྤྱོད། །ཅེས་གསུངས་ཏེ། སྔར་གསུངས་པའི་བསྐྱེད་རྫོགས་ཀྱི་རིམ་པ་ལ་དུས་རྟག་ཏུ་གོམས་པར་བསྒོམ་པའི་རྣལ་འབྱོར་གྱིས། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས་དགུག་པ་ལ་སོགས་པའི་ལས་སྔོན་དུ་མ་གྲུབ་པ་ཡང་འདིར་དངོས་གྲུབ་ཐོབ་བོ། །དེ་ནས་ཟླ་བ་གཅིག་ཏུ་རང་


KMC011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིགས་དང་རྣལ་འབྱོར་སོགས་གསང་ལ་གཞན་དུ་རྒྱུ་བའི་སྤྱོད་པ་དང་པོའི་དྲུག་པར་གསུངས་པ་ལྟར་སྤྱད་དེ། དེས་ནི་རྣམ་རྟོག་ལས་སུ་རུང་ཞིང་ལྷས་གནང་བ་སྩལ་བར་འགྱུར་རོ། །གཉིས་པ་ལ་བཞི། སྤྱོད་པའི་གྲོགས་ལུང་སྟོན་པ། དེ་ཇི་ལྟར་སྦྱང་བ། ནུས་པས་དགུག་པ། དེའི་དགོས་པའོ། །དང་པོ་ནི། ཇི་སྲིད་ཕྱག་རྒྱ་མ་རྙེད་པར། །གནང་བ་རྙེད་འགྱུར་སྔགས་པ་ལ། །རྣལ་འབྱོར་མ་ཡིས་བསྟེན་པར་བྱ། །ཕྱག་རྒྱ་ཆེ་གེ་མོ་ཁྱེར་ལ། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །རྙེད་པ་དེ་ཡང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །སིཧླ་ག་བུར་ཡང་དག་ལྡན། །ཅེས་གསུངས་ཏེ། དེའང་བརྟུལ་ཞུགས་ཀྱི་སྤྱོད་པ་སྔར་བརྟག་པ་སྔ་མའི་ལེའུ་དྲུག་པར་གསུངས་པ་ལྟ་བུའི་བརྟུལ་ཞུགས་ཀྱིས་མྱུར་དུ་འགྲུབ་པར་འདོད་ན་གྲོགས་འདི་ལྟ་བུ་དགོས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་ཡང་གསང་སྤྱོད་ནི་ཟླ་བ་གཅིག་ཁོ་ནར་ངེས་པ་མ་ཡིན་ཏེ་དུས་ཇི་སྲིད་དུ་མཆོག་གི་ཕྱག་རྒྱའི་གནང་བ་མ་རྙེད་ཀྱི་བར་ལ་གསང་སྟེ་སྤྱོད་པའོ། །གནང་བ་ཇི་ལྟར་རྙེད་པར་འགྱུར་ན། སྤྱོད་པའི་རྣལ་འབྱོར་པ་སྔགས་པ་དེ་ལ་རྣལ་འབྱོར་མའམ་ཧེ་རུ་ཀ་


KMC011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ལུང་བསྟན་པ་བྱ་བ་འབྱུང་སྟེ། ཕྱག་རྒྱ་ཆེ་གེ་མོ་ཞེས་བྱ་བ་ཁྱེར་ལ་བརྟུལ་ཞུགས་ཀྱི་སྤྱོད་པས་སེམས་ཅན་གྱི་དོན་གྱིས་ཤིགཀྱེ་རྡོ་རྗེ་འཛིན་པ་ཞེས་པ་ལྟ་བུ་གསུང་བར་འགྱུར་ཏེ། དེ་ཡང་བུམ་དབང་གི་དུས་སུ་རྡོ་རྗེ་འཛིན་པར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པས་སོ། །ལུང་བསྟན་ནས་རྙེད་པའི་ཕྱག་རྒྱ་མ་དེ་ཡང་སེར་སྣའམ་ཕྲག་དོག་མེད་པས་མིག་ཡངས་མ། ཡོན་ཏན་གྱིས་ཕྱུག་ཅིང་གཟུགས་མཛེས་པ་དང་ལང་ཚོས་རྣམ་པར་བརྒྱན་མ། སིཧླ་དང་ག་བུར་ཏེ་ཁམས་དཀར་དམར་གཉིས་རྒྱས་པ་དང་ཡང་དག་པར་ལྡན་པ་སྟེ་རིགས་སུམ་ཅུ་སོ་དྲུག་གི་རྣལ་འབྱོར་མར་ངེས་པའོ། །གཉིས་པ་ནི། བྱང་ཆུབ་སེམས་ཀྱིས་རྣམ་པར་སྦྱངས། །དགེ་བ་བཅུ་ལས་བརྩམས་ནས་ནི། །དེ་ལ་ཆོས་ནི་རབ་ཏུ་དབྱེ། །ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ཚིག་སེམས་ཀྱང་གཅིག་པ་ཉིད། །ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །མཆོག་ཐོབ་པ་ཡི་བུད་མེད་གང་། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཞེས་གསུངས་ཏེ། སྔར་བརྟག་པ་དང་པོར་གསུངས་པ་ལྟར་དེའི་རྒྱུད་སྨོན་འཇུག་


KMC011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་བསྐྱེད་ཀྱིས་སྡོམ་པས་རྣམ་པར་སྦྱངས་ནས། དགེ་བ་བཅུའི་ལས་ཀྱི་ཉམས་སུ་ལེན་དགོས་པ་ལས་བརྩམས་ནས་ནི། རང་གིས་དབང་བསྐུར་བསྐྱེད་རྫོགས་བསྟེན་པའི་བར་གྱིས། དེ་ལ་དམ་པའི་ཆོས་ཐུན་མོང་དང་ཐུན་མིན་གྱི་ལམ་ནི་རབ་ཏུ་དབྱེ་ཞིང་བཤད་ལ། བསྐྱེད་རིམ་བརྟན་པས་ལྷའི་གཟུགས་ཀྱི་སེམས་རྩེ་གཅིག་པ་དང་ནི། ཤ་ལྔ་དང་བདུད་རྩི་ལྔ་བསྟེན་པ་སོགས་མི་འདའ་བའི་དམ་ཚིག་བསྲུང་བ་དང་། ཕྱག་རྒྱའི་དངོས་གྲུབ་འདོད་པའི་སེམས་ཀྱང་གཅིག་པ་ཉིད་དུ་བྱས་པས་ལྟ་སྤྱོད་མཐུན་པར་གྱུར་པའི་ཕྱག་རྒྱ་དེས། དུས་ཟླ་བ་གཅིག་གི་བར་དུ་རྫོགས་རིམ་ཟབ་མོ་བསྒོམས་པས། མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །དེ་ལྟར་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་ནུས་པའམ། མཆོག་གི་རྟོགས་པ་ཐོབ་པའི་བུད་མེད་གང་ཡིན་པ་དེ་ནི། ཀུན་ཏུ་རྟོག་པ་ཐམས་ཅད་ཡང་དག་པར་སྤངས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་ནུས་པའི་ཡོན་ཏན་དང་ལྡན་པས་རྣལ་འབྱོར་པའི་སྤྱོད་པ་ཁྱད་པར་ཅན་གྱི་བོགས་ཐོན་ཏེ། ལམ་གོང་མའི་མངོན་


KMC011_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ན་འཕར་བར་བྱེད་པའི་རྟེན་བླ་ན་མེད་པར་འགྱུར་རོ། །གསུམ་པ་ནི། ཡང་ན་བདག་གི་ནུས་པ་ཡིས། །ལྷ་དང་ལྷ་མིན་མི་རྣམས་དང་། །གནོད་སྦྱིན་མིའམ་ཅི་ལས་ཀྱང་། །ཕྱག་རྒྱ་བཀུག་ལ་རབ་ཏུ་བརྟག །དེ་ཡང་ཁྱེར་ལ་སྤྱོད་པ་སྤྱད། །ཅེས་གསུངས་ཏེ། དེ་ལྟར་ཕྱག་རྒྱ་ལུང་བསྟན་ནས་རྙེད་པ་ཁོ་ན་དགོས་སམ་ཞེ་ན། ཡང་ན་དྲོད་ཆེན་པོ་ཐོབ་པའི་རྣལ་འབྱོར་པ་བདག་གི་ནུས་པའི་མཐུས། རིག་མ་སྣོད་ལྡན་གཞན་ལྷ་དང་ལྷ་མིན་གྱི་བུ་མོའམ། མི་རྣམས་ཞེས་པ་རིགས་ལྔའི་སྡེ་ཚན་གང་རུང་དང་། གནོད་སྦྱིན་དང་མིའམ་ཅི་ལས་ཀྱང་དེ་དག་གི་བུ་མོ་འགུགས་པའི་ཆོ་ག་རྒྱུད་ལས་ཇི་སྐད་གསུངས་པ་རྣམས་ཀྱིས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་མ་བཀུག་ལ། སྔར་གསུངས་པ་ལྟར་རྒྱུད་ཀྱི་སྨིན་གྲོལ་དང་ལྡན་པས་རབ་ཏུ་བརྟག་ཅིང་བཞག་ནས། དེ་ཡང་གྲོགས་སུ་ཁྱེར་ལ་ཀུན་བཟང་དང་རིག་པ་བརྟུལ་ཞུགས་སོགས་ཀྱི་སྤྱོད་པ་སྤྱད་པར་བྱའོ། །བཞི་པ་ནི། བདག་གི་དལ་བ་མངོན་དུའི་ཕྱིར། །གང་བཤད་འཇིགས་པའི་གཟུགས་ཅན་གྱི། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་


KMC011_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ནི་སོ་སོར་བརྟག །ཅེས་གསུངས་ཏེ། ཕྱག་རྒྱའི་བརྟུལ་ཞུགས་དེའི་དགོས་པ་ནི། བདག་གི་འཇིག་རྟེན་ཆོས་བརྒྱད་ལས་གྲོལ་ཞིང་བདེན་གཉིས་དབྱེར་མེད་ཀྱི་རྟོགས་པ་བསྐྱེད་པས་དལ་བ་ཐོབ་པ་དོན་ཡོད་ཅིང་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར་ཡིན་གྱི། བརྟག་པ་དང་པོའི་ལེའུ་དྲུག་པར་སྤྱོད་པའི་ཆ་ལུགས་བཟུང་བར་གང་བཤད་པ་ཧེ་རུ་ཀ་འཇིགས་པའི་གཟུགས་ཅན་གྱི་སྤྱོད་པས་བྱིས་པ་སོ་སོའི་སྐྱེ་བོ་མི་དང་མི་མ་ཡིན་རྣམས་བསྡིགས་ནས་ཐམས་ཅད་ཟིལ་གྱིས་མནན་འདོད་ནས་སྤྱོད་པའམ། ལས་ཀྱི་ཕྱག་རྒྱ་སོགས་འདོད་ཡོན་ལ་བག་ཡངས་སུ་ལོངས་སྤྱོད་པའི་ཕྱིར་བྱ་བར་རྡོ་རྗེ་འཆང་ཆེན་པོས་མ་གསུངས་ཀྱི་སྤྱོད་པ་བྱེད་པ་པོའི་རང་གི་ཡིད་ནི་ཉོན་མོངས་ཀྱིས་མི་འཕྲོག་པར་བརྟན་ནམ། རྐྱེན་གྱིས་འཕྲོག་པས་གཡོའམ་ཅི་ལྟ་བུ་ཞེས་རང་གི་སེམས་ནི་སོ་སོར་བརྟག་པའི་ཕྱིར་གསུངས་པས་དེ་ལྟར་བརྟགས་ནས་བརྟན་པ་ཐོབ་པའི་ཚེ་སྤྱོད་པ་བྱའོ། །འདིའི་ངེས་པའི་དོན་ཡང་། བར་མ་ཆད་པར་གོམས་པ་གཉིས་སུ་མེད་པར་རྟོགས་པས་མཉམ་པར་བཞག་པ་ལས་དངོས་གྲུབ་ཐོབ་པ་ཟླ་བ་གཅིག་གི་ཚད་དེ་གཉིས་སུ་མེད་པའོ། །


KMC011_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པ་དང་། ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོ་ངག་གིས་བསྟན་པར་མི་ནུས་པ་སྔགས་པ་ཡང་དག་པའི་ཡེ་ཤེས་དང་ལྡན་པས་བཀས་གནང་བ་རྙེད་པ་ཡང་། ཡེ་ཤེས་ལྷག་པར་གནས་པས་མིག་ཡངས་པ། བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་དང་ལང་ཚོས་བརྒྱན་ལ་ཟླ་ཉི་ཁ་སྦྱོར་དང་ལྡན་པ། བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པ། ཐབས་ཤེས་སོ་སོ་ལ་ཡེ་ཤེས་ལྔས་ཕྱེ་བ་དགེ་བ་བཅུ་ལས་བརྩམས་པ་དང་། དེ་དག་གཉིས་སུ་མེད་པའི་ཆོས་རབ་ཏུ་དབྱེ་བ་ཞེས་པ་ནས། སྤྱོད་པ་བདེན་གཉིས་དབྱེར་མེད་ངག་གི་ལམ་ལས་འདས་པས། ལོངས་སྤྱོད་ཕྱིར་མ་གསུངས་ཏེ། སྒྲོ་མ་བཏགས་པར་ཡང་དག་པར་གྲུབ་པའི་ཕྱིར། ཞེས་པའི་དོན་ཏོའི་བར་གྱིས་བཤད་དོ། །གསུམ་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། བདག་མེད་རྣལ་འབྱོར་ལྡན་པ་ཡིས། །ཕྱག་རྒྱ་ཉིད་ཅེས་ཇི་ལྟར་བརྗོད། །ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས། །ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། །ཅེས་གསུངས་ཏེ། བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་གསོལ་


KMC011_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བ། དང་པོར་སྤྱོད་པའི་ལེའུ་དང་སྐབས་འདིར་ཡང་། ཧེ་རུ་ཀ་དང་རྣལ་འབྱོར་མ་གང་རུང་ཡང་གསུང་ལ་ཕྱག་རྒྱ་ཁྱེར་ལ་སྤྱོད་པ་སྤྱད་ཅེས་ཀྱང་བཀའ་སྩལ་ན། བདག་མེད་མའི་རྣལ་འབྱོར་དང་ལྡན་པ་ཡིས། སྤྱོད་པའི་གྲོགས་ཕྱག་རྒྱ་བརྟེན་པ་ཉིད་བྱའོ། །ཞེས་གསུངས་པ་དེ་ཚུལ་ཇི་ལྟར་བརྗོད་དོ། །སྤྱོད་པ་བྱེད་པ་པོ་ཡང་ཕྱག་རྒྱ་བདག་མེད་མ་དང་། དེས་ཁྱེར་བའི་ཕྱག་རྒྱ་མའང་རྟེན་བུད་མེད་དུ་མཚུངས་པ་གཉིས་དག་གིས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྲུབ་པར་འགྱུར་བ་ལགས། ཞེས་ཐེ་ཚོམ་དུ་གྱུར་པ་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ནུ་མ་སྤངས་པ་བོལླར་འགྱུར། །ཀཀྐོ་ལ་དབུས་ཡང་དག་གནས། །འགྲམ་གཉིས་དྲིལ་བུ་ཉིད་དུ་འགྱུར། །ཟེའུ་འབྲུ་བོལླ་ཅན་དུ་འགྱུར། །ལྷག་མ་བདག་ཉིད་ཆེན་པོ་ཉིད། །དགའ་ཆེན་ཧེ་རུ་ཀ་ཡི་གཟུགས། །ཧེ་རུ་ཀར་སྦྱོར་སྐྱེས་བུ་ཉིད། །འབད་པ་མེད་པར་སྐྱེས་བུར་འགྱུར། །གསལ་བར་ནུས་པའི་རྣལ་འབྱོར་པས། །དེ་ཕྱིར་ཕྱག་རྒྱའི་དངོས་གྲུབ་འགྱུར། །ཅེས་


KMC011_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཐེ་ཚོམ་སེལ་བའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་སྤྱོད་པ་བྱེད་པ་བདག་མེད་མའི་རྣལ་འབྱོར་པས་བུད་མེད་ཀྱི་རྣམ་པའི་གཟུགས་ནུ་མ་སྐྱེ་གནས་དང་ལྡན་པ་ནི་སྤངས་ནས། ལུས་གཞན་དུ་བསྒྱུར་ཏེ་བཅོམ་ལྡན་འདས་ཧེ་རུ་ཀ་ཐབས་ཀྱི་གཟུགས་སུ་བྱའོ། །དེའི་ཚུལ་ཇི་ལྟར་ཞེ་ན། ནུ་མ་སྤངས་ཤིང་མི་སྣང་བར་གྱུར་བ་དང་། སྐྱེ་གནས་ཀྱི་དབྱིབས་དང་བྲལ་ནས་བོ་ལ་སྟེ་རྡོ་རྗེར་འགྱུར་ཏེ། དེ་ཉིད་ཀཀྐོ་ལའི་སྒྲས་བསྟན་པ་པདྨའི་དབུས་སུ་ཡང་དག་པར་གནས་སོ། །སྐྱེ་གནས་ཀྱི་འགྲམ་གཉིས་པོ་དྲིལ་བུའི་བརྡས་གསུངས་པ་འབྲས་བུ་གཉིས་པོ་ཉིད་དུ་འགྱུར་ལ། དབུས་ཀྱི་ཟེའུ་འབྲུ་བོ་ལ་ཅན་ཏེ་རྡོ་རྗེའི་ནོར་བུ་ཉིད་དུ་འགྱུར་བས། ཆ་བྱད་དེ་ལས་ལྷག་མ་བསྒྱུར་མི་དགོས་པར། དཀྱིལ་འཁོར་གྱི་བདག་ཉིད་ཆེན་པོ་ཉིད་དེ་དགའ་བ་ཆེན་པོ་དཔལ་ཧེ་རུ་ཀའི་གཟུགས་སུ་གྱུར་པ་སྟེ། སྐྱེས་པ་དང་བུད་མེད་འདྲ་བའི་ཕྱིར་རོ། །དེས་ན་ཧེ་རུ་ཀ་དང་སྦྱོར་བ་བདག་མེད་མའི་རྣལ་འབྱོར་ཅན་གྱི་སྐྱེས་བུ་ཉིད་ཀྱང་འབད་པ་དང་རྩོལ་བ་མེད་པར་སྐྱེས་བུར་འགྱུར་རོ། །དེ་ལྟར་ཏིང་ངེ་འཛིན་གྱི་མཐུ་སྐྱེ་བ་མཆོག་


KMC011_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཐམས་ཅད་ལ་མངོན་སུམ་དུ་གསལ་བར་སྟོན་ནུས་པའི་རྣལ་འབྱོར་པས། རྒྱུ་མཚན་དེའི་ཕྱིར་ཕྱག་རྒྱའི་དངོས་གྲུབ་ཏུ་འགྱུར་བ་ཐུགས་ལ་བཞག་ནས། བརྟག་པ་དང་པོ་དང་སྐབས་འདིར་ཡང་དེ་སྐད་ཅེས་གསུངས་པ་ཡིན་ནོ། །གཞུང་འདིས་སྒྲུབ་པ་མོ་བུད་མེད་ཀྱིས་ཕྱག་རྒྱ་བརྟེན་པ་ལ་དོགས་གཅོད་གསུང་བར་འདོད་པ་དང་། བུད་མེད་དེས་ལུས་དངོས་སུ་བསྒྱུར་བར་བཤད་པ་ལ་དྭགས་འགྲེལ་དུ་ལུང་རིགས་ཟབ་མོས་དགག་བཞག་རྒྱས་པར་འབྱུང་ངོ་། །འདིའི་ངེས་དོན། ཁ་སྦྱོར་དྲི་མེད་དུ་རྒྱས་པར་བཤད་པ་སོགས་གོང་འོག་རྣམས་ཀྱི་ངེས་དོན་རྒྱ་འགྲེལ་རྣམས་སུ་འབྱུང་བ་ནི་ཚིག་མང་ཞིང་དོན་གོ་དཀའ་བས་འདིར་མ་བྲིས་པ་རྟོགས་པར་འདོད་ན་གཞུང་དེ་རྣམས་སུ་བལྟ་བར་བྱའོ། །གསུམ་པ་དངོས་གྲུབ་ཀྱི་མཚན་ཉིད་ནི། ཆགས་དང་འཇིག་པ་དག་གིས་ཀྱང་། །ཐབས་དང་ཤེས་རབ་གནོན་མི་འགྱུར། །གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །དེས་ན་རབ་འཇིག་ཡོད་མ་ཡིན། །དེ་ཉིད་ལ་ནི་ཆགས་པ་མེད། །ལ་ལ་འཇིག་པས་འཇིག་པར་འགྱུར། །འཇིག་པའི་དངོས་མེད་ཟད་པ་མེད། །ཅེས་


KMC011_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དེ་ལྟར་སྤྱོད་པ་གོམས་པ་ལས་ཕྱག་རྒྱའི་དངོས་གྲུབ་འགྲུབ་པ་ན་ཇི་ལྟར་འགྱུར་ཞེ་ན་ཆགས་པ་སྟེ་སྐྱེ་བ་དང་། འཇིག་པ་སྟེ་འཆི་བ་དག་གིས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་རྟོགས་པ་དེ་ལ་ཟིལ་གྱིས་གནོན་མི་ནུས་པས་གནོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་སྙིང་རྗེ་ཆེན་པོས་ནི་འབྱུང་བ་སྟེ་སྐྱེ་བ་ཉིད་ཀྱི་སྲིད་པའི་བག་ཆགས་མཐར་བྱེད་ལ། འཇིག་པ་སྟེ་འཆི་བ་ནི་ཤེས་རབ་སྟོང་པ་ཉིད་ཀྱིས་སྲིད་པ་མཐར་བྱེད་པའི་ཕྱིར་རོ། །དེ་ལྟ་བུའི་ཐབས་ཤེས་ཟུང་དུ་འཇུག་པར་རྟོགས་པའི་རྣལ་འབྱོར་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པས། རྒྱུ་མཚན་དེས་ན་གོ་འཕང་དེ་ལ་རྟེན་རབ་ཏུ་འཇིག་པའི་འཆི་བ་ཡོད་པ་མ་ཡིན་ཅིང་། དེ་ཉིད་ལ་ནི་ཆགས་པ་སྟེ་སྲིད་པར་ལས་དབང་གིས་སྐྱེ་བའང་མེད་དོ། །ལ་ལ་སྟེ་སེམས་ཅན་ཕལ་པ་རྣམས་སྲོག་ཟད་ཅིང་འཇིག་པས་ལུས་རྟེན་འཇིག་པར་འགྱུར་ལ། འདིར་ནི་འཇིག་པ་སྟེ་འཆི་བའི་དངོས་པོར་གྲུབ་པ་མེད་པས་སྲོག་ཟད་པའང་མེད་དོ། །དེ་ལྟ་བུའི་རྣལ་འབྱོར་པ་ལ་སྐྱེ་འཆི་ནི་རྣམ་རྟོག་ཙམ་སྟེ། བདེ་མཆོག་རྩ་རྒྱུད་ལས། འཆི་བ་ཞེས་བྱ་


KMC011_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་གསུངས་པ་དང་མཐུན་ནོ། །དེ་ལྟར་རྟོགས་པར་གྱུར་པའི་རྣལ་འབྱོར་པས་རྣལ་འབྱོར་ཅན་ནི་སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར་ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་ལ་འཇུག་པར་བྱའོ། །བཞི་པ་བསྐྱེད་རྫོགས་ཀྱི་རྣམ་བཞག་ལ་གསུམ། བསྒོམ་བྱ་རིམ་གཉིས་ངེས་པར་བྱ་བ། དབྱེར་མེད་དུ་བསྒོམ་པའི་འཐད་པ། དེས་གྲོལ་བའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས། བསྒོམ་པའི་གོ་རིམ་ཟུང་དུ་འཇུག་ཚུལ་དང་བཅས་པ། དབང་གི་ཡེ་ཤེས་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའོ། །དང་པོ་ནི། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ཡིས། །དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། །ཅེས་གསུངས་ཏེ། འདིར་རྔོག་པ་རྗེས་འབྲང་དང་བཅས་པས་རིག་བརྟུལ་གྱི་སྤྱོད་པའི་རྗེས་སུ་ལས་དང་པོ་པ་བཞིན་བསྐྱེད་རིམ་ཡན་ལག་དྲུག་ལྡན་སྤྲོས་བཅས་ལ་སྤྲོས་མེད་ཀྱི་རྒྱས་བཏབ་ནས་བསྒོམ་


KMC011_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟུང་འཇུག་མངོན་དུ་བྱེད། དེས་མ་འགྲུབ་ན་དྲག་ཤུལ་གྱི་ཆོ་ག་བྱ་བ་སོགས་འཆད་པར་མཛད། འདིར་སྤྱན་སྔས་ཕྱག་རྒྱའི་དངོས་གྲུབ་རྫོགས་རིམ་ཁོ་ནས་འགྲུབ་ན། བསྐྱེད་རིམ་བསྒོམ་པའི་དགོས་པ་མེད་དམ་ཞེས་པའི་དོགས་པ་བསལ་བའི་ཕྱིར་གསུངས་པར་བཞེད་དེ། དེའང་ཡིག་དོན་ལྟར་བློས་བཏགས་ཤིང་བསྐྱེད་པའི་རིམ་པ་དང་པོའི་རྣལ་འབྱོར་གྱིས། ཐ་མལ་གྱི་སྣང་ཞེན་བརྟུལ་ཞིང་རིམ་གཉིས་ཐ་མི་དད་པར་ཞུགས་པར་འདོད་པ་ཅན་གྱིས། རྟེན་དང་བརྟེན་པ་ལ་སོགས་ཀྱི་རྣམ་པར་སྤྲོས་པ་བསྒོམ་ཞིང་སྤྲོས་པ་དེའང་རྨི་ལམ་གྱི་ཡུལ་དང་ཡུལ་ཅན་གཉིས་སུ་སྣང་ཡང་མ་གྲུབ་པ་ལྟར་ཤེས་པར་བྱས་ནས། སྣ་ཚོགས་པའི་སྤྲོས་པ་དེ་ཉིད་ནི་རང་བཞིན་སྤྲོས་མེད་དུ་བྱེད་པའི་ཚུལ་གྱིས་མཉམ་པར་བཞག་པས་སྤྲོས་པ་དང་སྤྲོས་མེད་རོ་གཅིག་ཏུ་གྱུར་པའི་ཚེ། བསྐྱེད་རྫོགས་ཀྱི་མྱོང་བ་སོ་སོར་དམིགས་སུ་མེད་པར་དབྱེར་མེད་དུ་འཆར་རོ། །ངེས་དོན་དུ། ཉིན་སྣང་གཉིད་ཀྱི་འོད་གསལ་གྱིས་སྦྱངས་ནས་རྨི་ལམ་ཤར་བ་ལྟར། བསྐྱེད་རིམ་གྱི་སྤྲོས་པ་ལྷན་སྐྱེས་རྫོགས་པའི་རིམ་པས་སྦྱངས་ནས་གྱ་ནོམ་ལྷར་ཞེན་གྱི་སྤྲོས་པ་


KMC011_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱེད་པའོ། །དེ་ཟུང་དུ་འཇུག་པའི་ཚུལ་ཡང་། ཇི་ལྟར་སྒྱུ་མའི་གཟུགས་བརྙན་དང་རྨི་ལམ་གྱི་ཡུལ་སྣང་དང་ཇི་ལྟར་བར་མ་དོའི་སྲིད་པ་སྣང་ཡང་བདེན་མེད་ཡིན་པ། དེ་བཞིན་རྣལ་འབྱོར་པས་རྟག་ཏུ་གོམས་པའི་སྦྱོར་བ་ཡིས་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་ནི་དེ་བཞིན་དུ་སྣང་བར་འདོད་དོ། །ཞེས་པ་ནི་སྤྱི་བཤད་ཡིན་ལ། དངོས་པོའི་རྣམ་པ་རྫས་སྔགས་ཀྱིས་སྦྱངས་ནས་སྒྱུ་མའི་བཀོད་པ་ཤར་བ་དང་། སད་དུས་ཀྱི་སྣང་བ་གཉིད་ཀྱི་སྟོང་པས་སྦྱངས་ནས་རྨི་ལམ་ཤར་བ་དང་། སྐྱེ་སྲིད་ཀྱི་སྣང་བ་འཆི་བའི་འོད་གསལ་གྱིས་སྦྱངས་ནས་བར་སྲིད་ཤར་བ་ཡིན་པ་ལྟར། བསྐྱེད་རིམ་གྱི་སྤྲོས་པ་བདེ་སྟོང་ལྷན་སྐྱེས་ཀྱིས་སྦྱངས་ནས་སླར་ལྷན་སྐྱེས་དེ་ཉིད་རླུང་སེམས་ཙམ་གྱི་དཀྱིལ་འཁོར་དུ་ཤར་བ་ལ་རྟག་ཏུ་གོམས་པའི་སྦྱོར་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་འགྲུབ་པ་ནི་གོང་གི་དཔེ་དེ་བཞིན་དུ་འདོད་པར་བཤད་པ་ནི་ཐུན་མོང་མ་ཡིན་པའི་བཤད་པ་སྦས་དོན་གྱི་སྒྱུ་མ་དང་སྦྱར་བ་གཞུང་ཚིག་ཕྱི་མའི་བཤད་པ་དང་འབྲེལ་བའོ། །ཁ་སྦྱོར་དྲི་མེད་ལས། དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས། སྒྱུ་མར་སྣང་བ་སྐུ་རྡོ་རྗེ། རྨི་ལམ་མཚན་མ་


KMC011_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ། བར་མའི་སྲིད་པའི་རྣམ་ཤེས་ཐུགས་རྡོ་རྗེ་སྟེ། རྡོ་རྗེ་གསུམ་སོ་སོར་སྣང་བར་འགྱུར་རོ། །ཞེས་དེའི་ངེས་དོན་བཤད་དོ། །གཉིས་པ་ནི། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ། །ཇི་ལྟར་ཤེས་པའི་བདེ་ཆེན་པོ། །དེ་ཡི་འདི་ནི་བྱིན་རླབས་ཡིན། །གཞན་ལས་དཀྱིལ་འཁོར་འབྱུང་བ་མེད། །བདེ་བ་གནག་ཅིང་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་རྒྱུ་དང་མི་རྒྱུ་ཀུན། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུནྡུ་རུ་སྐྱེས་བདེ། །བདེ་བ་དངོས་དང་དངོས་མེད་བདེ། །རྡོ་རྗེ་སེམས་དཔའ་བདེ་བར་བརྗོད། །ཅེས་གསུངས་ཏེ། དཔལ་རང་བྱུང་ཞབས་ཀྱིས་ཚིགས་བཅད་དང་པོས་ཟུང་འཇུག་དེ་དབང་གོང་མ་གཉིས་ལས་སྐྱེས་པར་བསྟན་པར་བཞེད་ཅིང་། འདིར་ཡི་གེའི་ཚུལ་ཙམ་ནི། དེ་ལྟར་བསྐྱེད་རྫོགས་དབྱེར་མེད་ཀྱི་དཀྱིལ་འཁོར་དེ་གང་ལས་འབྱུང་ཞེ་ན། ཆོས་ཐམས་ཅད་ལ་རྒྱས་འདེབས་པའི་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཚོན་བྱེད་དཔེ་དང་མཚོན་བྱའི་ཡེ་ཤེས་ བརྒྱུད་ལ་བསྐྲུན་ཞིང་འཇོག་པའི་དབང་བསྐུར་བ་གོང་མ་གསུམ ་གྱིས། ཇི་ལྟར་ལྷན་སྐྱེས་གཉིས་ཤེས་ཤིང་


KMC011_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་འོད་གསལ་ལྷན་སྐྱེས་ཏེ། དེའི་རང་བཞིན་གྱི་དཀྱིལ་འཁོར་འདི་ནི་དབང་གི་བྱིན་རླབས་ལས་བྱུང་བ་ཡིན་ལ། ཐབས་གཞན་ལས་རིམ་གཉིས་ཀྱིས་བདེ་བ་ཆེན་པོར་དག་པའི་ལྷར་ཤར་བའི་དཀྱིལ་འཁོར་འབྱུང་བའམ་རྟོགས་པ་མེད་དོ། །དེ་ལྟར་སྣང་བ་དག་པ་ཡེ་ཤེས་ཀྱི་ལྷར་གྱུར་ནས། སྔོན་བསྐྱེད་རིམ་ཁ་དོག་དྲུག་བསྒོམ་པ་དེ་རྣམས་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་ངོ་བོར་འབྱུང་ཞིང་དེའང་འགྱུར་མེད་དུ་བརྟན་པས། དེའི་རོལ་པ་ཁ་དོག་དང་གཟུགས་ཀྱི་རྣམ་པར་འཆར་བ་ནི། བདེ་བ་ཆེན་པོ་མདོག་གནག་པ་སྟེ་ནག་པོའམ་དེས་མཚོན་པའི་ལྷ་མི་བསྐྱོད་པའི་རྣམ་པར་སྣང་བ་དང་། དེས་འགྲེས་ཏེ། བདེ་བ་སེར་པོ་རིན་འབྱུང་། བདེ་བ་དམར་པོ་མཐའ་ཡས། བདེ་བ་དཀར་པོ་རྣམ་སྣང་། བདེ་བ་ལྗང་གུ་དོན་གྲུབ། བདེ་བ་སྔོན་པོ་རྡོ་རྗེ་འཆང་སྟེ་ཁ་དོག་དྲུག་གམ་ལྷ་དྲུག་གི་རྣམ་པར་སྣང་བ་རྣམས་དང་། བདེ་བའི་ཡེ་ཤེས་རྒྱུ་བ་ལྷའི་ཚོགས་སམ་བཅུད་ཀྱི་སེམས་ཅན་དང་མི་རྒྱུ་བ་གཞལ་ཡས་ཁང་ངམ་སྣོད་ཀྱི་འཇིག་རྟེན་ཀུན་ཏུ་སྣང་བ་དང་། བདེ་བ་དེ་ཉིད་ཤེས་རབ་བུད་མེད་དམ་དོན་དམ་བདེན་པ་


KMC011_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདེ་བ་དེ་ཉིད་ཐབས་སྐྱེས་པའམ་ཀུན་རྫོབ་བདེན་པར་སྣང་བ་དང་། དེ་བཞིན་དུ་བརྡའི་སྐད་ཀུན་ཏུ་རུ་སྟེ་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་སྐྱེས་པའི་ཞུ་བདེ་འཕོ་མེད་དང་། བདེ་བ་གཟུང་འཛིན་གྱི་དངོས་པོའམ་སྒྱུ་ལུས་དང་། དངོས་མེད་སྟོང་ཉིད་དང་འོད་གསལ་བའི་ཡེ་ཤེས་ཀྱང་བདེ་བ་ཆེན་པོ་སྟེ། མདོར་ན་དེ་དག་དབྱེར་མེད་པའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་ཀྱང་ལྷན་སྐྱེས་བདེ་བ་ཆེན་པོའི་རོལ་པར་བརྗོད་པས་བདེ་བ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་ཁྱབ་བདག་ཉིད་ཡིན་ནོ། །གཉིས་པ་འཐད་པ་ལ་གསུམ། རིམ་པ་དང་པོ་ལ་ཐེ་ཚོམ་ཞུས་པ། ལན་གྱི་སྒོ་ནས་ངོ་བོ་རྟེན་བརྟེན་པར་བཤད་པ། འཐོབ་བྱའི་འབྲས་བུ་བསྟན་པའོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་བསྒོམ་པ་མེད་པ་སྟེ། །བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཅེས་གསུངས་ཏེ། སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་བ། ཡོངས་སུ་གྲུབ་པ་མ་བཅོས་པའམ་རྫོགས་པའི་རིམ་པ་ཐབས་ཤེས་ཟུང་དུ་འཇུག་པའི་རྣལ་འབྱོར་འདི་ཉིད་བརྟགས་པ་དང་པོ་


KMC011_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདིར་ཡང་ཆེད་དུ་བསྔགས་ཤིང་། དེའི་རང་བཞིན་མི་འགྱུར་བའི་བདེ་བའང་ཡིན་པས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོར་བརྗོད་ན། རྫོགས་པ་དེ་ལ་རྣམ་རྟོག་གི་སྤྲོས་པ་དང་དབང་པོ་གཉིས་སྦྱོར་གྱི་བསྒོམ་པ་མེད་པ་སྟེ། རྟོག་པས་བརྟགས་པའི་བསྐྱེད་པ་དང་ཕྱག་རྒྱ་ཡིས་ནི་དགོས་པ་ཅི་ཞིག་འཚལ་ཞེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མཿབྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པར། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཉེས་གསུངས་ཏེ། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མཿཞེས་ངོ་མཚར་དུ་བཟུང་བ་སྔོན་དུ་འགྲོ་བས། གཞན་དོན་དུ་བྱང་ཆུབ་ལ་བློ་བརྟན་པའི་སེམས་དཔའ་ཆེ་བའི་བདག་ཉིད་ཅན་ཁྱོད། དོགས་པ་དེ་ནི་རྫོགས་རིམ་ལ་ཧ་ཅང་དད་ཆེས་པའི་ཤུགས་ཀྱིས། རིམ་པ་གཉིས་ཀའི་ཐབས་ཀྱི་


KMC011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལས་རབ་ཏུ་ཉམས་པར་གྱུར་ཏོ། །རྒྱུ་མཚན་གང་གིས་ཞེ་ན། རྟེན་ལུས་ཀྱི་དངོས་པོ་མེད་པར་གང་ལས་བརྟེན་པ་བདེ་བ་ཆེན་པོ་སྐྱེ་བར་འདོགས། རང་རིག་སྟོང་པ་ཙམ་ལ་བདེ་བ་ཆེན་པོར་སྨྲ་བར་མི་ནུས་ཏེ། འགྱུར་བཅས་ཉམས་པ་དང་མི་འགྱུར་བའི་སྐད་ཅིག་རྫོགས་པ་མེད་པས་སོ། །དེས་ན་ཁྱབ་བྱ་ཐབས་དང་ཁྱབ་བྱེད་ཤེས་རབ་དབྱེར་མེད་པའི་ཚུལ་གྱིས་ནི་ཀུན་ལ་ཁྱབ་པ་སྟེ། ཁྱབ་བྱེད་བདེ་བ་ཆེན་པོས་ཁྱབ་བྱ་འགྲོ་བ་མ་ལུས་པའི་རྒྱུད་ལ་ཁྱབ་ཅིང་གནས་པ་ཉིད་དོ། །དཔེ་ཇི་ལྟར་མེ་ཏོག་ལ་གནས་པའི་དྲི་ཡང་མེ་ཏོག་གི་དངོས་པོ་མེད་ན་ཤེས་པར་མི་འགྱུར་བ་དེ་བཞིན་དུ། རྟེན་ལྷའི་གཟུགས་བསྐྱེད་རིམ་དང་། སོགས་ཁོང་ནས། ལས་དང་དམ་ཚིག་དང་ཆོས་དང་ཕྱག་རྒྱ་ཆེན་པོའི་ཐབས་ཀྱི་དངོས་པོ་མེད་པར། དེ་ལས་སྐྱེས་པའི་བརྟེན་པ་འགྱུར་མེད་བདེ་བ་ཉིད་ཀྱང་དམིགས་པར་མི་འགྱུར་རོ་ཞེས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་དགོས་པར་བསྟན་པའོ། །འདིའི་ངེས་པ་འོག་ཏུ། དེ་མེད་པས་ནི་བདེ་མེད་འགྱུར། ཞེས་སོགས་ཀྱིས་ཀྱང་འཆད་པར་འགྱུར་རོ། །གསུམ་པ་ལ་བཞི། མདོར་བསྟན་པ། དེའི་རྟེན་


KMC011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ། བརྟེན་པ་སྐུ་གཉིས་བསྟན་པ། མཇུག་བསྡུ་བའོ། །དང་པོ་ནི། དངོས་ང་དངོས་པོ་ང་མ་ཡིན། །དངོས་པོ་རྟོགས་ཕྱིར་སངས་རྒྱས་ང་། །གང་ཞིག་ལེ་ལོས་བསྣུན་པ་དང་། །རྨོངས་པ་གང་གིས་ང་མི་ཤེས། །ཞེས་གསུངས་ཏེ། དེ་ལྟ་བུའི་བདེ་བ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་སེམས་དྲི་མ་མེད་པ་ཉིད་དོ། །དེ་ནི་ཆོས་ཀྱི་སྐུའི་རང་བཞིན་གྱི་དངོས་པོ་ང་ཡིན་པ་དང་བེམ་པོ་ལ་སོགས་པའི་དངོས་པོ་མེད་པ་ཉིད་ཀྱང་ང་ཡིན་ནོ། །གཟུང་འཛིན་གཉིས་སུ་མེད་པའི་དངོས་པོ་ང་ཡིན་ཀྱང་རང་བཞིན་གྱིས་གྲུབ་པའི་དངོས་པོ་ནི་ང་མ་ཡིན་ནོ། །དེས་ན་དངོས་པོ་དེའི་དོན་དམ་རྟོགས་པར་གྱུར་པ་དེའི་ཕྱིར་སངས་རྒྱས་ཀྱང་ང་ཡིན་ནོ། །གང་ཟག་གང་ཞིག་ལེ་ལོས་བསྣུན་པ་སྟེ་ཡང་དག་པའི་བརྩོན་འགྲུས་མེད་པ་དང་དབང་པོ་གཉིས་ཀྱི་བདེ་བ་ལ་ཞེན་པའི་རྨོངས་པ་གང་གིས་ང་སྟེ་དེ་ཁོ་ན་ཉིད་དེའི་དོན་མི་ཤེས་སོ། །གཉིས་པ་ནི། རྡོ་རྗེ་བཙུན་མོའི་བྷ་ག་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་དུ་རྟག་ཏུ་བཞུགས། །ཞེས་གསུངས་ཏེ། འདི་ལ་གསུམ། རྫོགས་རིམ་གྱི་སྤྱི་དོན་ལྟར་


KMC011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ན། དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟོགས་པར་བྱ་བའི་ཕྱིར་དུ་རྡོ་རྗེ་སྟོང་པ་དང་བཙུན་མོའི་སྒྲས་ལེགས་པར་སྦྱངས་པའི་ཕྱག་རྒྱ་བཞིའི་བྷ་ག་ནི་ཨེའི་རྣམ་པའི་ཆ་བྱད་དེ། ཨེ་དབྱིངས་ཟུར་གསུམ་པའི་གཟུགས་ཅན་སྟོང་ཆེན་འགྱུར་མེད་དྲུག་པ་རང་བཞིན་གྱིས་བདེ་སྟོང་ཟུང་དུ་འཇུག་པ་དེ་ལ་བརྟེན་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་སངས་རྒྱས་ཐམས་ཅད་མངོན་སུམ་དུ་གསལ་བ་དེ་འབྱུང་བའི་ཕྱིར་དང་། སངས་རྒྱས་ཀྱིས་ནི་དགོས་འདོད་ཐམས་ཅད་སྩོལ་ནུས་པས་རིན་ཆེན་ནོ། །དེའི་ཕྱིར་སངས་རྒྱས་རིན་ཆེན་དེའི་བཞུགས་གནས་སམ་འབྱུང་ཁུངས་ཡིན་པས་ཟ་མ་ཏོག་གི་སྒྲས་བརྗོད་དོ། །ཟུང་འཇུག་དེ་རྟོགས་པ་ལས་ནི་བདེ་བ་ཅན་སངས་རྒྱས་ཀྱི་སར་དུས་རྟག་ཏུ་བཞུགས་པར་འགྱུར་ཏེ། རྣམ་པར་དག་པའི་དབྱིངས་ཉིད་དུ་ཆུད་པའི་ཕྱིར་རོ། །དེས་ན་ཉམས་སུ་ལེན་པ་ནའང་ཕྱག་རྒྱ་བཞི་ལས་རྟོགས་པར་བྱའོ། སྦས་དོན། རིན་ཆེན་རྒྱན་འདྲ་ལས་བཤད་པ་ལའང་གཉིས་ལས། ཐབས་ལམ་ལ་སྦྱར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གང་གིས་རྟོགས་ན་ཆགས་ཅན་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྟོགས་


KMC011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་ཏེ། རྡོ་རྗེ་ནི་སྒྲུབ་པ་པོ་ཧེ་རུ་ཀའི་ང་རྒྱལ་ཅན་ནོ། །བཙུན་མོ་ནི་ལས་ཀྱི་ཕྱག་རྒྱ་ཉིད། བྷ་ག་ནི་པདྨ་བྱིན་གྱིས་བརླབ་པའོ། །ཨེའི་རྣམ་པ་ནི་དེ་ཉིད་ཀྱི་དབྱིབས་སོ། །དེ་ལ་བརྟེན་ནས་མན་ངག་བཞིན་ཉམས་སུ་བླངས་པས་རྣམ་པར་རྟོག་པ་ཐམས་ཅད་འགག་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འགྱུར་བས་ན་སངས་རྒྱས་སོ། །དེས་དགོས་འདོད་ཐམས་ཅད་འབྱུང་བས་ན་རིན་ཆེན་ནོ། །ཟ་མ་ཏོག་ནི་རྡོ་རྗེ་དང་པདྨ་ཁ་སྦྱར་བ་ཉིད་དོ། །དོན་དེ་བདེ་བ་ཅན་དེ་ན་རྟག་ཏུ་བཞུགས་པས་ཆགས་ཅན་རྣམས་ཀྱིས་དེར་ཤེས་པར་གྱིས་ཤིག་པའོ། །གང་ཟག་ཆགས་བྲལ་གྱི་རང་ལུས་ཐབས་ལྡན་ལ་བརྟེན་ནས་ཤེས་པར་བྱ་སྟེ། རྡོ་རྗེ་ནི་སྒྲུབ་པ་པོ་ཉིད་དོ། །བཙུན་མོ་ནི་རྩ་ཤེས་རབ་སྟོང་པ་ཉིད་མཚོན་པའོ། །པདྨ་ནི་རྩ་གསུམ་གཅིག་ཏུ་གྱུར་པ་ལྟེ་བའི་རྩ་མདུད་དེ། དེའི་དབྱིབས་ནི་ཨེའི་རྣམ་པའོ། དེར་ཨ་ལས་ཡེ་ཤེས་ཀྱི་མེ་འབར་བས་སྤྱི་བོ་ནས་ཧཾ་ལས་བྱང་སེམས་བབ་པས། ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བས་རྟོག་པ་ཐམས་ཅད་འགག་ཅིང་དེ་ལས་དགོས་འདོད་ཐམས་ཅད་འབྱུང་བས་སངས་རྒྱས་རིན་ཆེན་ནོ། །ལྟེ་བ་དང་སྤྱི་


KMC011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁ་སྦྱར་བ་ནི་ཟ་མ་ཏོག་གོ། །བདེ་བ་ཅན་དེ་ན་རྟག་ཏུ་བཞུགས་པས་དེར་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །མཐར་ཐུག་གི་ཚུལ་དང་སྦྱར་ན། རྡོ་རྗེ་བཙུན་མོ་ཤེས་རབ་བདག་མེད་མའི་བྷ་ག་ཉོན་མོངས་པ་འཇོམས་པ་ནི། ཨེའི་རྣམ་པའི་ཆ་བྱད་ཆོས་འབྱུང་གི་གཟུགས་ལ། སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་རིན་པོ་ཆེ་དང་མཚུངས་པ་གང་དུ་གནས་པའི་ཟ་མ་ཏོག་བདེ་ཆེན་ལྷན་སྐྱེས་འབྱུང་བ་ཅན་ན་རྟག་ཏུ་བཞུགས་པའོ་ཞེས་སོ། །གསུམ་པ་ལ་གཉིས། བརྟེན་པ་དོན་དམ་ཆོས་སྐུའི་བདག་ཉིད་དང་། རྟེན་ཀུན་རྫོབ་གཟུགས་སྐུ་བཤད་པའོ། །དང་པོ་ནི། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ལྷན་ཅིག་སྐྱེས་དགའ་རང་བཞིན་ང་། །མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་ཏེ། འདིའི་དོན་པདྨ་ཅན་ལས། འཆད་པ་པོ་ང་ཞེས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱང་ང་སྟེ་ཆོས་ཀྱི་སྐུ་དང་། རང་གི་འཁོར་གྱི་ཚོགས་དང་ལྡན་པའི་ཉན་པ་ང་སྟེ་


KMC011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུའོ། །ཡང་ན་ཐམས་ཅད་ཀྱང་སངས་རྒྱས་ཁོ་ནའོ་ཞེས་གསུངས་པ་ལྟར། སྲིད་པ་གསུམ་གྱིས་བསྡུས་པའི་འཇིག་རྟེན་གྱི་སྟོན་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེས་བསྒྲུབ་པར་བྱ་བར་ཉིད་དེ། བརྗོད་བྱ་དོན་དམ་བདེ་བ་ཆེན་པོ་དང་རྗོད་བྱེད་ཀུན་རྫོབ་ཚིག་རྒྱུད་ཀྱིས་དབྱེ་བའི་ཆོས་ཀྱང་ང་ཡིན་ལ། རང་གི་བྱིན་རླབས་ལས་སྣང་བ་ཚོགས་ཀྱི་དཀྱིལ་འཁོར་མང་པོ་དང་ལྡན་པའི་ཉན་པ་པོའང་ང་ཡིན་ཅིང་། འཇིག་རྟེན་རྣམས་སུ་ཐུན་མོང་དང་ཁྱད་པར་གྱི་ལམ་སྟོན་པ་པོ་དང་ལམ་དེ་དག་གིས་བསྒྲུབ་བྱ་གནས་སྐབས་དང་མཐར་ཐུག་གི་འབྲས་བུའང་ང་ཡིན་པ་དང་། མ་རྟོགས་པའི་དུས་བརྟན་གཡོའི་རྣམ་པའི་འཇིག་རྟེན་དང་རྟོགས་པའི་ཚེ་ཟག་པ་མེད་པའི་ཡེ་ཤེས་དང་ཡོན་ཏན་མངའ་བའི་འཇིག་རྟེན་ལས་འདས་པ་གཉིས་སུ་མེད་པའི་ངོ་བོ་ང་ཡིན་ཅིང་། ལྷན་ཅིག་སྐྱེས་དགའ་དྲི་བཅས་དྲི་མེད་ཀྱི་རང་བཞིན་ང་རྡོ་རྗེ་འཆང་ལས་གཞན་མ་ཡིན་ནོ། །ལྷན་སྐྱེས་དེ་ཡང་མཆོག་དགའི་མཐའ་ཁྱད་དགས་མཚོན་པར། ཁུ་བ་འཕོས་ནས་དགའ་བྲལ་གྱི་དང་པོར་འབྱུང་བ་སྟེ། མུན་པ་འཁྲིགས་པ་ལ་མར་མེ་བཏེགས་པས་གསལ་བ་


KMC011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། མུན་པ་དང་མཚུངས་པའི་ཆགས་པ་དང་ཆགས་བྲལ་གྱི་མཐའི་རྨོངས་པ་ལ་ནི། མར་མེ་ལྟ་བུར་སྣང་བའི་རང་བཞིན་དྲི་བྲལ་གྱི་ལྷན་སྐྱེས་སམ། དེའི་འབྲས་བུར་གྱུར་པའི་དགའ་བྲལ་གྱི་དགའ་བ་དག་པའི་ཡེ་ཤེས་ཡིན་པས། དཔེ་དང་སྦྱར་བ་དེ་བཞིན་དུ་རྒྱལ་བའི་སྲས་ལ་བུ་ཞེས་པ་དང་། རིན་པོ་ཆེ་ལྟ་བུའི་སློབ་མས་ཀྱང་རང་གི་ཉམས་སུ་མྱོང་བ་ཡིད་ཆེས་པར་གྱིས་ཤིག་ཅེས་ནཱ་རོ་མཻ་ཏྲིའི་དགོངས་པ་རྩ་རྒྱུད་དང་རྒྱུད་ཕྱི་མ་འགལ་མེད་དུ་བཤད་དོ། །གཉིས་པ་ནི། བཙུན་མོའི་བྷ་ག་བདེ་ཅན་དུ། །སྟོན་པ་སུམ་བཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ཞེས་གསུངས་ཏེ། ཀུན་རྫོབ་གཟུགས་སྐུའི་ཚུལ་ཇི་ལྟར་སྙམ་ན། བདེ་བ་ཆེན་པོ་རྟོགས་པའི་རྟེན་དབང་གི་སྐབས་སུ་བཙུན་མོ་སྔགས་སྐྱེས་མ་ལ་སོགས་པའི་བྷ་གའམ་རང་གི་ལུས་ལ་རྩ་གསུམ་འདུས་པའི་མདོའི་བྷ་ག་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལས།


KMC011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཡིག་བཙུན་མོའི་བྷ་ག་མི་འགྱུར་བའི་བདེ་བ་ཅན་དུ། ཝཾ་ཡིག་སྟོན་པ་གཟུགས་ཀྱི་སྐུ་སུམ་ཅུ་རྩ་གཉིས་ཀྱི་མཚན་དང་། དཀྱིལ་འཁོར་གྱི་གཙོ་བོ་ཁྱབ་བདག་ཉིད་དཔེ་བྱད་བཟང་པོར་བརྒྱད་ཅུར་ལྡན་པ་ནི། རྒྱུད་སྟོན་པར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་སྟེ་འབྲས་བུའི་རྒྱུད་ལ་བྱའོ། །དེའང་ཐབས་ལམ་གྱི་རྒྱུད་དུ་བསྐྱེད་རིམ་གྱི་མཚན་དཔེ་བསྒྲུབ་པའི་རྒྱུ་ཨཱ་ལི་རྣམ་པར་དག་པའི་རྣམ་སྨིན་གྱི་འབྲས་བུ་མེ་ལོང་ཡེ་ཤེས། རྒྱུ་མཐུན་མཚན་སོ་གཉིས། ཀཱ་ལིའི་རྣམ་སྨིན་གྱི་འབྲས་བུ་མཉམ་ཉིད་ཡེ་ཤེས། རྒྱུ་མཐུན་གྱི་འབྲས་བུ་དཔེ་བྱད་བརྒྱད་ཅུར་མན་ངག་སྙེ་མར་བཤད་ཅིང་། རྫོགས་རིམ་དགའ་བ་བཅུ་དྲུག་ཐབས་ཤེས་ཀྱི་དབྱེ་བས་སོ་གཉིས་སུ་འགྱུར་བ་མཚན་དང་། འབྱུང་བཞི་རེ་རེ་ལ་འབྱུང་ཆུང་བཞིས་ཕྱེ་བས་བཅུ་དྲུགབདེ་བ་ནམ་མཁའི་ཁམས་ལ་དགའ་བཞིའི་དབྱེ་བས་ཉི་ཤུ། དེ་རྡུལ་དང་ལྡན་པས་ཉིས་འགྱུར་དང་། སླར་ཐབས་ཤེས་ཀྱི་དབྱེ་བས་བརྒྱད་ཅུས་དཔེ་བྱད་བསྒྲུབ་པ་དང་། ཐབས་རྒྱུད་རིམ་ལྔར། འོད་གསལ་དག་པའི་སྣང་གསུམ་ལས་མཚན་དཔེ་འབྱུང་བར་གསུངས་སོ། །གཟུགས་སྐུ་དེ་ནི་རྒྱུའི་རྒྱུད་ཁམས་དྲུག་དང་


KMC011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་རྡོ་རྗེའི་ལུས་ལ་རྟེན་ཁུ་བ་ཞེས་བྱ་བ་ཁམས་དཀར་དམར་གྱི་རྣམ་པས་གནས་ལ། རྟེན་ཁུ་བ་དེ་མེད་པས་ན་བརྟེན་པ་ལྷན་སྐྱེས་དོན་དམ་བདེ་བའི་གཟུགས་ཅན་ཀྱང་མེད་པར་འགྱུར་ལ། དོན་དམ་བདེ་བ་དེ་མེད་ན་རྟེན་གཟུགས་སྐུའི་ངོ་བོ་ཀུན་ད་ལྟ་བུ་དེ་ཡང་མེད་པར་འགྱུར་བས། གང་རུང་གཅིག་མེད་ན་ཅིག་ཤོས་འབྱུང་བའི་ནུས་པ་མེད་པའི་ཕྱིར་ཕན་ཚུན་གཅིག་ལ་གཅིག་ལྟོས་པ་དང་བཅས་པ་ཡིན་ནོ། །བཞི་པ་མཇུག་བསྡུ་བ་ནི། ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །ཅེས་གསུངས་ཏེ། དེ་ལྟ་བུའི་དངོས་པོ་དངོས་མེད་གང་ཡང་མིན་པའི་ཚུལ་དེ་ཇི་ལྟ་བུ་ཞེ་ན། སྔར་བཤད་པའི་བསྐྱེད་རིམ་གྱི་ལྷའམ་བྱང་ཆུབ་སེམས་ཀྱི་ལྷའི་རྣལ་འབྱོར་ལས་སྐྱེས་པའི་བདེ་བ་ཡིན་པ་དེའི་ཕྱིར། སངས་རྒྱས་དེ་དངོས་པོར་གྲུབ་པའི་གཟུགས་སྐུ་ཙམ་ཡང་མ་ཡིན་ཏེ། བདེ་བ་ཆེན་པོའི་རྣམ་པ་ཡིན་པས་སོ། །དེ་ཉིད་དངོས་པོ་མེད་པའི་ཆོས་སྐུ་སྟོང་པ་ཁོ་ན་ཡང་མ་ཡིན་ཏེ། ལྷའི་ཞལ་ཕྱག་གི་རྣམ་པའི་


KMC011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་སྒྱུ་མ་ལྟ་བུ་ཉིད་དང་། མཆོག་ཏུ་བདེ་བ་ལྷན་ཅིག་སྐྱེས་པའི་རང་བཞིན་གཟུགས་སུ་གྲུབ་པ་མེད་པ་གཉིས་ཀ་ཚོགས་པ་དང་། ལམ་དུས་སུ་རྣལ་འབྱོར་རྐྱེན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། རྣམ་པ་འདི་རྟོགས་པར་བྱ་བའི་ཕྱིར་ཐབས་གཞན་ཡོད་པར་མ་གཟིགས་པས་ཀུན་རྫོབ་ཀྱི་གཟུགས་འདི་ཉིད་བསྔགས་པར་མཛད་དོ། །ཞེས་གསུངས་སོ། །དེ་རྣམས་ཀྱི་ངེས་པའི་དོན་ཀྱང་། རྗེ་མར་པས། རྟོགས་པའི་དོན་གང་ཞེ་ན། རྡོ་རྗེ་བཙུན་མོ་ལ་སོགས་པས་གསུངས་ཏེ། ཆགས་དང་ཆགས་བྲལ་གྱི་ལུས་ཀྱི་གནད་ལ་བརྟེན་ཏེ་རྟོགས་པའོ། །གནས་དེ་ན་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བཞུགས་པ་ནི་འཆད་པ་པོ་ལ་སོགས་པའོ། །དེ་ལྟ་བུའི་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དབང་དང་རྫོགས་རིམ་གྱི་དགའ་བའི་གོ་རིམ་གང་དུ་རྟོགས་ཤེ་ན། མཆོག་མཐའ་ལ་སོགས་པས་གོ་རིམ་ལ་ལོག་པར་རྟོག་པ་བསལ་བའོ། །དེར་རྟོགས་པའི་རང་གི་ངོ་བོ་རྒྱུད་གསུམ་དུ་བྱུང་བ་ནི་བཙུན་མོའི་བྷ་ག་ལ་སོགས་པ་སྟེ། དང་པོ་ལུས་ཆགས་པའི་དུས་སུ་ཡང་སྐུ་གསུམ་དུ་གནས་ཏེ་


KMC011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྟོང་པ་དང་ཐིག་ལེ་སྟོང་པར་གནས་པ་དང་གནས་སྐབས་ལྔས་ལུས་གྲུབ་པའོ། །ལམ་དུ་བཟློག་སྟེ་སྒོམ་པའི་བསྐྱེད་རྫོགས་གཉིས་ཀ་ཡང་སྐུ་གསུམ་ཚང་བའོ། །དེ་ལྟར་ཉམས་སུ་བླངས་པས་འབྲས་བུ་ཡང་སྐུ་གསུམ་པོ་དེ་ཉིད་འཆར་བར་བསྟན་ཏོ། །དེ་མེད་ལ་སོགས་པས་རྒྱུ་ལམ་ཐམས་ཅད་དུ་སྐུ་གསུམ་གཅིག་ལ་གཅིག་ལྟོས་པར་བསྟན་ཏོ་ཞེས་ལེགས་པར་བཤད་དོ། །གཉིས་པ་དེས་གྲོལ་བའི་རྒྱུ་མཚན་ལ་གཉིས། དག་པ་གསུམ་གྱི་རང་བཞིན། ཐབས་ཁྱད་པར་ཅན་ཡིན་པར་བཤད་པའོ། །དང་པོ་ནི། དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད། །ལྷ་ཡི་རྣམ་པའི་གཟུགས་ཀྱིས་ནི། །བཞིན་ལག་ཁ་དོག་གནས་པ་ནི། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །འོན་ཀྱང་བག་ཆགས་ཕལ་པས་སོ། །ཞེས་གསུངས་ཏེ། དེས་ན་སྦྱང་བྱ་ཕུང་ཁམས་ལ་སོགས་པ་སྦྱོང་བྱེད་བསྐྱེད་རིམ་ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད་དང་། དཔེ་དོན་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་ཏུ་བདེ་བ་གཟུགས་སུ་གྲུབ་


KMC011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་སྦྱངས་པའི་འབྲས་བུ་སྐུ་གཉིས་པོ་བུམ་པ་དང་བུམ་པའི་ནམ་མཁའ་ལྟར་ཟུང་འཇུག་ཏུ་སྣང་བ་དེའི་ཕྱིར། སྦྱང་གཞི་འགྲོ་བ་ཀུན་ཀྱང་ལྷན་ཅིག་སྐྱེས་པའི་ངོ་བོ་ཅན་ཡིན་པས་སྔ་མའི་རིགས་འདྲ་རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་རྣམ་པའི་སེམས་དང་མཚུངས་པར་ལྡན་པའི་དོན་གྱིས་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཉིད་དུ་བརྗོད་ཅིང་། ལྷའི་རྣམ་པ་དང་མཐུན་པའི་གཟུགས་ཀྱིས་གནས་པ་ནི་བཞིན་རས་དང་ལག་པ་དང་རིགས་ལྔའི་ཁ་དོག་སོགས་སུ་གནས་པར་སྣང་བས་དེར་བརྗོད་དེ། དེས་ན་འགྲོ་བ་འདི་ཀུན་ནི་སྐྱེས་པ་ཙམ་གྱིས་སྐུ་གཉིས་ཀྱི་རྣམ་པའམ་རང་བཞིན་དུ་གནས་སོ། །འོན་ཀྱང་གློ་བུར་དྲི་མ་ལས་བྱུང་བའི་བག་ཆགས་ཕལ་པས་བསྒྲིབས་ནས་འཁོར་བར་འཁྱམས་པ་སྟེ། དེ་ཉིད་སྦྱོང་བའི་ཕྱིར་དེ་དང་དེའི་གཉེན་པོ་བསྟེན་པར་བརྗོད་པས་སོ། །མགུར་ལས་ཀྱང་། ཕལ་པའི་རྣམ་རྟོག་གཞོམ་དོན་དུ། །སྒོམ་པ་ཡང་དག་བསྒོམ་པར་བྱ། །ཞེས་འབྱུང་ངོ་། །གཉིས་པ་ལ་གསུམ། དཔེ་བཞིས་ཐབས་དངོས་བསྟན་པ། དེའི་དོན་བསྡུ་བ། དེ་ཉིད་ཐེག་པ་འོག་


KMC011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མས་མི་ཤེས་པའོ། །དང་པོ་ནི། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཇི་ལྟར་རླུང་གིས་ཟིན་པ་ལ། །མོན་སྲན་སྡེའུའི་བཟའ་བ་སྦྱིན། །བཟློག་པའི་སྨན་ནི་བརྟགས་པ་ལས། །རླུང་གིས་རླུང་ལ་སྣུན་པར་བྱེད། །རྣམ་རྟོག་ལས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱི་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་པར་ངེས་པས་སྦྱང་བར་བྱ། །ཇི་ལྟར་འཚེད་པས་ཚིག་པ་ཡང་། །མེ་ཡིས་ཀྱང་ནི་གདུང་བར་བྱེད། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་གསུངས་ཏེ། དེའང་བག་ཆགས་ཕལ་པ་སྦྱོང་བར་བྱེད་པ་ལ་ཐབས་ཀྱི་ཡན་ལག་ནི་བསམ་གྱིས་མི་ཁྱབ་མོད་ཀྱི། མདོར་བསྡུས་ཏེ་དཔེ་བཞི་པོ་འདིས་མཚོན་པར་གསུངས་ཏེ། དེ་ལ་དཔེ་དང་པོ་ནི། དཔེར་ན། དངུལ་ཆུ་དང་བཙན་དུག་ལ་སོགས་པ་དུག་གི་དུམ་བུ་གང་ཟོས་པ་ཉིད་ཀྱིས་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར་ཡང་ཀུན་རྫོབ་ཏུ་དུག་གི་ཕན་གནོད་ཀྱི་དེ་ཉིད་


KMC011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེས་དངུལ་ཆུ་ལ་སོགས་པའི་དུག་ལ་སྡེབ་དང་སྨན་དང་སྔགས་ལ་སོགས་པའི་སྦྱོར་བས་དུག་གཞན་གྱི་གཉེན་པོར་འགྱུར་བའི་སྦྱོར་སྡེ་བྱས་ན་དུག་སྟོབས་ལྡན་དངུལ་ཆུ་དེས་སྔར་གྱི་དུག་གཞན་རྣམས་ལ་ནི་འབིགས་པར་བྱེད་ཅིང་སྨན་དུ་འགྱུར་བ་བཞིན་དུ། རྣམ་པར་རྟོག་པའི་དུག་ཀྱང་གཉེན་པོ་ཐབས་ལ་མཁས་པའི་རྟོགས་པས་འབིགས་པར་འགྱུར་རོ། །དཔེ་གཉིས་པ་ནི། ཇི་ལྟར། སྐྱ་རྦབ་ཀྱི་རླུང་གིས་ཟིན་པ་དེའི་སྨན་ལ། གྲང་རླུང་གི་རྒྱུ་མོན་སྲན་སྡེའུའི་བཟའ་བ་བྱིན་པས་ཕན་པར་འགྱུར་ཏེ། དེ་ལྟར་གོ་ཟློག་པའི་སྨན་དུ་ནི་རྣམ་པར་བརྟགས་པ་སྟེ་སྦྱར་བ་ལས་འཕྲལ་དུ་བསྐྱེད་པའི་རླུང་གིས་ཡུན་རིང་བསགས་པའི་རླུང་ལ་བསྣུན་པ་སྟེ་དབྱུང་བར་བྱེད་པ་དེ་བཞིན་དུ་ལྷའི་རྣམ་པའམ་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་རྣམ་རྟོག་བསྒོམས་པ་ལས་ནི་ཐ་མལ་པའི་རྣམ་རྟོག་འཇོམས་པ་དང་། སྣོད་བཅུད་ཀྱི་སྲིད་པ་དང་རྗེས་སུ་མཐུན་པའི་དཀྱིལ་འཁོར་སྒོམ་པ་ཉིད་ཀྱིས་འཁོར་བའི་སྲིད་པ་དག་པར་བྱེད་པ་ལ་སོགས་སུ་མཚོན་ཏེ་ཤེས་པར་བྱའོ།། དཔེ་གསུམ་པ་ནི། ཇི་ལྟར། རྣ་བར་ཆུའི་ཐིགས་པ་ཞུགས་པས་ན་བ་ལ་སླར་བླུགས་པའི་ཆུ་


KMC011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་ནི་ཆུ་སྔ་མ་དགུག་པར་བྱ་བ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་ཐ་མལ་གཟུང་འཛིན་གྱི་དངོས་པོའི་རྣམ་རྟོག་རྣམས་ཀྱང་ལྷ་ལ་སོགས་པའི་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་ཤེས་རབ་ཀྱིས་སྦྱང་བར་བྱའོ། །དཔེ་བཞི་པ་ནི། ཇི་ལྟར། མེ་ཡིས་འཚེད་པས་ཚིག་པ་དག་ལ་ཡང་མྱུར་དུ་ཞི་བར་འདོད་པས་མེ་ཡིས་སླར་ཡང་བསྲོས་ནས་ནི་གདུང་བར་བྱ་ན་མྱུར་དུ་ཞི་བར་འགྱུར་བ་དེ་བཞིན་དུ། འདོད་ཆགས་ཀྱི་མེ་ཡིས་རྒྱུད་ཚིག་སྟེ་མ་རུངས་པར་གྱུར་པ་ལ། དེ་བས་ཆེས་སྟོབས་ལྡན་དུ་གྱུར་པའི་འདོད་ཆགས་ལམ་དུ་བྱེད་པའི་ཐབས་ཀྱི་མེ་ཡིས་གདུང་བར་བྱ་ན་རྣམ་པར་རྟོག་པ་དེ་ཉིད་སུན་ཕྱུང་སྟེ་ཞི་བར་འགྱུར་རོ། །གཉིས་པ་ནི། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་གསུངས་ཏེ། མདོར་ན་ཕལ་པའི་སྐྱེ་བོ་རྣམས་མི་ཟད་པ་སྟེ་མ་རུངས་པའི་ལས་གང་དང་གང་གིས་འཁོར་བར་འཆིང་བར་འགྱུར་བ་དེ་ལ་ཐབས་མཁས་པ་དང་བཅས་ན་


KMC011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་དེ་ཉིད་ཀྱིས་སྲིད་པའི་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། རྫས་སམ་སེམས་ཅན་ལ་འདོད་ཅིང་ཆགས་པས་འཇིག་རྟེན་ཐམས་ཅད་འཆིང་བར་འགྱུར་བ་ཡིན་ཡང་འདོད་ཆགས་ཀྱི་ངོ་བོ་ཉིད་ལམ་དུ་ཁྱེར་བའི་གདམས་པ་དང་ལྡན་ན། འཁྲིག་པའི་འདོད་ཆགས་ལམ་བྱེད་ཀྱིས་མྱུར་དུ་གྲོལ་བར་འགྱུར་བ་དང་། སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་འདོད་པའི་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་བའི་སངས་རྒྱས་འཐོབ་པར་འགྱུར་བ། ཐུན་མོང་ཐེག་པ་ལས་ཀྱང་བཤད་པའི་ཕྱིར་རོ། །གསུམ་པ་ནི། བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་ཏེ། སྔགས་ཀྱི་ཐབས་མཁས་ཉོན་མོངས་ལམ་བྱེད་དང་གོ་ཟློག་པའི་བསྒོམ་པ་འདི་ལྟ་བུ་ཉིད་ནི་སངས་རྒྱས་པའི་ཐེག་པ་འོག་མ་མུ་སྟེགས་བྱེད་ཉན་ཐོས་ལ་སོགས་ཀྱིས་ཀྱང་མི་ཤེས་ན། གཞན་གྱིས་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོ། །ལྔ་པ་རིགས་ཀྱི་དབྱེ་བསྡུ་ལ་གསུམ། མདོར་བསྟན། རྒྱས་བཤད། རིགས་ཀྱི་དབྱེ་བ་དངོས་སོ། །དང་པོ་ནི། འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་ཏུ་རུ་ལས་ལྔ་རུ་འགྱུར། །དགའ་བ་ཆེན་


KMC011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་ཉིད་ལས། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །ཅེས་གསུངས་ཏེ། འདིའང་བརྟག་པ་གོང་མའི་ལེའུ་བཅུ་པར། བོ་ལ་ཀཀྐོ་ལ་སྦྱོར་བ་སོགས་རྒྱས་པར་བཤད་ནས་རིགས་ཀྱི་དབྱེ་བ་མཛད་དེ། ས་སོགས་ནང་གི་འབྱུང་བ་ལྔ་ཡི་རང་བཞིན་གྱི་ལུས་ཀྱི་ཁམས་ལས། ཀུན་ཏུ་རུ་ཞེས་བརྡར་གསུངས་པ་སྙོམས་པར་འཇུག་པའི་རེག་པ་སོགས་ལས་བརྟེན་ནས་ལྔ་རུ་འགྱུར་ཏེ། དགའ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་གཅིག་པུ་ཉིད་ལས། འབྱུང་བ་དང་ཕུང་པོ་དང་དབང་པོ་དང་ཡུལ་ལྔར་བཅས་པའི་དབྱེ་བས་ལྔ་རུ་འགྲོ་བར་འགྱུར་རོ། །འདི་ནི་སྦྱོང་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་ཚུལ་བཞིན་ཤེས་པ་ལ་སྦྱང་གཞི་ཁོང་དུ་ཆུད་དགོས་པས་བསྐྱེད་རིམ་གྱི་སྦྱང་གཞི་ཞར་ལ་བསྟན་པའོ། །གཉིས་པ་ནི། བོལ་ཀ་ཀྐོ་ལ་སྦྱོར་བས། །རེག་པ་སྲ་བའི་བག་ཆགས་ཀྱིས། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་


KMC011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལ་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡིས་གཟུགས་ཀྱིས་རྣམ་པར་མཚོན། །ཅེས་གསུངས་ཏེ། དེའང་གཞིའི་གནས་སྐབས་སུ་ཐབས་ཀྱི་བོལླ་དང་ཤེས་རབ་ཀྱི་ཀཀྐོ་ལ་སྦྱོར་བས་ཐོག་མར་ཕན་ཚུན་རེག་པ་ལས་སྲ་བའི་བག་ཆགས་འབྱུང་བ་ཉིད་ཀྱིས་ནི་སྲ་བ་སའི་ཁམས་ཡིན་ལ། སྲ་བ་དེ་ཉིད་ནི་གཏི་མུག་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་ན་གཏི་མུག་རྣམ་པར་དག་པ་རྣམ་པར་སྣང་མཛད་དུ་བརྗོད་དོ། །གང་གི་ཕྱིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཁུ་བ་གཤེར་བ་དེ་ཉིད་ནི་ཆུ་ཡིན་པས་གཤེར་བ་ཆུའི་ཁམས་སུ་བརྗོད་ལ། ཞེ་སྡང་དག་པའི་ཆུ་དེ་ནི་མི་བསྐྱོད་པའི་གཟུགས་སུ་སྣང་བ་ཉིད་ཀྱི་ཕྱིར་ཞེ་སྡང་དག་པའི་འདྲེན་པ་མི་བསྐྱོད་པ་ནི་མེ་ལོང་ལྟ་བུའི་


KMC011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སོ། །ཕ་མ་གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས་སྐྱེས་པའི་དྲོད་མེ་ནི་རྟག་ཏུ་ཇེ་ཆེར་སྐྱེ་བར་འགྱུར་ལ། དྲོད་མེའི་རང་བཞིན་ནི། འདོད་ཆགས་དག་པ་འོད་དཔག་ཏུ་མེད་པའི་རྡོ་རྗེ་འཛིན་པ་ཡིན་ཏེ། འདོད་ཆགས་ནི་དྲོད་མེ་ཁམས་ལས་འབྱུང་བར་འགྱུར་བས་དེ་དག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །གང་ཞིག་ཀཀྐོ་ལར་ནི་རླུང་སེམས་རྒྱུ་བ་དེ་ནི་གཡོ་བ་རླུང་གི་ཁམས་ཀྱི་རང་བཞིན་ཅན། ཕྲག་དོག་དག་པ་དོན་ཡོད་གྲུབ་པ་ཡིན་ལ། དོན་ཡོད་གྲུབ་པ་དེ་ཡང་རླུང་རྣམ་པར་དག་པ་ལས་འབྱུང་བ་ཉིད་ཀྱི་ཕྱིར་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །ཀུན་ཏུ་རུའི་བདེ་བ་ནི་འདོད་ཆགས་ཀྱིས་སེམས་བསྐུལ་བའི་ཁྲག་གི་རང་བཞིན་དུ་འགྱུར་ཞིང་། བདེ་བ་ལས་བྱུང་བའི་དགའ་བ་ནམ་མཁའི་རང་བཞིན་གྱི་མཚན་ཉིད་ཅན་ཏེ། ནམ་མཁའ་དེ་ཉིད་སེར་སྣ་བཅོམ་པའི་སེར་སྣ་རྡོ་རྗེའམ་སེར་སྣ་དག་པས་རིན་ཆེན་འབྱུང་ལྡན་དུ་འགྱུར་ལ། སེར་སྣ་ནི་ནམ་མཁའི་ཁམས་ལས་བྱུང་བ་སྟེ་དེ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་སེམས་སམ་བྱང་ཆུབ་ཀྱི་སེམས་ནི་ཆེན་པོ་གཅིག་ཉིད་ལ་གནས་སྐབས་ལྔའི་གཟུགས་ཀྱིས་རྣམ་པར་


KMC011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པས་ལུས་ལ་གནས་པ་ན་ཡང་དེ་ལྟར་དུ་གནས་ལ། འཆི་བ་ཡང་སྐུ་ལྔའི་བདག་ཉིད་ཅན་དུ་འཆི་བས། སྦྱོང་བར་བྱེད་པ་ལྷའི་ཁམས་སམ་རིགས་ཀྱང་དེ་ལྟར་བསྟན་ལ། འབྲས་བུ་སྐུ་ལྔ་ཡང་གནས་སྐབས་དེ་ཉིད་ཀྱི་དག་པ་ཡིན་ནོ། །གསུམ་པ་ནི། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པ་ཉིད། །འདོད་ཆགས་ལ་སོགས་སེམས་ལྔ་ཡི། །དབྱེ་བས་ལྔ་རུ་འགྲོ་བར་འགྱུར། །གངྒཱའི་ཀླུང་ནི་བཅུ་ཡི་བྱེ་སྙེད་ཉིད། །རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །དེ་རྣམས་ལ་ཡང་འབུམ་ཕྲག་རིན་ཆེན་རྣམས། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །དེ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། །ཞེས་གསུངས་ཏེ། དེ་ལྟར་རྩ་བའི་རིགས་ནི་ལྔ་པོ་དེ་ཉིད་ལ་རྒྱས་པར་ན་རིགས་ལྔ་ཚན་ཡང་ཡང་ཕྱེ་བས་སྟོང་ཕྲག་དུ་མའི་དབྱེ་བའང་སྐྱེས་པ་སྟེ་འབྱུང་བ་ཉིད་ཡིན་ཏེ། རིགས་གཅིག་ལས་རིགས་ཀྱི་རྣམ་གྲངས་


KMC011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མར་སྣང་བ་དེའི་ཕྱིར། རིགས་འདི་དག་རྣམས་ཀྱི་རང་བཞིན་ནི་གཅིག་ཉིད་ཡིན་ཏེ། གང་ཞེ་ན། རིགས་བསམ་གྱིས་མི་ཁྱབ་པའི་ཐུན་མོང་གི་ངོ་བོ། །ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མཆོག་ཏུ་གདུལ་བྱ་གཞན་མཐའ་ཡས་པ་ལ་ཕན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་རིགས་སྟོང་ཕྲག་དུ་མར་འགྱུར་ཚུལ་ཇི་ལྟར་ཡིན་སྙམ་ན། བདེ་བ་ཆེན་པོ་གཅིག་ཉིད་གཞི་དུས་སྒྲིབ་པ་དང་འབྲེལ་བའི་ཆ་ནས་འདོད་ཆགས་ལ་སོགས་ཉོན་མོངས་པའི་རང་བཞིན་གྱི་སེམས་ལྔའི་དབྱེ་བས་བཤད་མ་ཐག་པ་ལྟར་གྱི་རིགས་ལྔ་རུ་འགྲོ་བར་འགྱུར་ལ། རྒྱས་པར་ཕྱེ་ན་ཆུ་བོ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་གྲངས་ཉིད་དང་མཉམ་པའི་རིགས་སུའང་འགྱུར་རོ། །ཇི་ལྟར་འགྱུར་ན། ལྷན་སྐྱེས་གསང་ཆེན་རིགས་གཅིག་པུ་དེ་ལ་ནི་གོང་སྨོས་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་ལྔ་འབྱུང་བ་ནི་རྩ་བའི་རིགས་ལྔ་ཡིན་ལ། རྩ་བའི་རིགས་ཀྱི་ཚོགས་ལྔ་ལ་སོ་སོར་ནང་ཚན་གྱི་རིགས་ཆུང་ལྔ་ལྔར་ཕྱེ་བས་རིགས་ནི་དུ་མ་སྟེ་ཉེར་ལྔ་རྣམས་སུ་འགྱུར་ལ། དེ་རྣམས་ཀྱི་རིགས་ལ་ཐབས་ཤེས་ཀྱི་དབྱེ་བས་ལྔ་བཅུ། དེ་ལ་ལུས་དང་བསམ་པའམ་རྟེན་དང་བརྟེན་པའི་


KMC011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་རིགས་ནི་རྣམ་པ་བརྒྱར་འགྱུར་ལ། རིགས་བརྒྱ་པོ་དེ་རྣམས་ལ་ཡང་སྔར་བཞིན་བརྒྱར་ཕྱེ་བས་འབུམ་ཕྲག་གི་རིགས་ཆེན་རྣམས་སུ་འགྱུར་ལ། དེ་ཡང་སྔར་ལྟར་བརྒྱར་ཕྱེ་བས་བྱེ་བའི་རིགས་དང་། དེ་ལའང་སྔར་ལྟར་ཕྱེ་བས་རིགས་གྲངས་ཀྱིས་བགྲང་དུ་ནི་མེད་པར་འགྱུར་ཞིང་། དེའང་ཡང་དུ་ཕྱེ་ན་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་དང་མཉམ་པར་འགྱུར་རོ། །རིགས་དེ་ལ་བསྡུ་ན་རིགས་གཅིག་ལ་གྲངས་མེད་པའི་རིགས་རྣམས་སུ་ཕྱེ་བ་ཉིད་ཀྱང་རྩ་བ་མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་རིགས་གཅིག་པུ་ལས་རྒྱུ་བ་རྣམས་སུ་ཤེས་པར་བྱའོ། །འདིར་རིགས་བརྒྱའི་དབྱེ་བའི་ཚུལ་ལ། དཔལ་ནཱ་རོ་པས་འདུས་པའི་རྒྱུད་ཕྱི་མའི་འགྲེལ་པར། ཕུང་པོ་ལྔ་དང་འབྱུང་བ་བཞི་དང་དབང་པོ་ལྔ་དང་ཡུལ་ལྔ་རེ་རེ་ལས་རིགས་ལྔ་ལྔའི་དབང་དུ་བྱས་པས་རིགས་བརྒྱར་འགྱུར་ཞེས་དང་། སློབ་དཔོན་ཌྷཾ་ག་ད་ཤས། དེ་བཞིན་གཤེགས་པ་ལྔ་ལ་ལྔ་ཚན་རེ་རེས་ཉེར་ལྔ་དང་། དེ་རེ་རེ་ལའང་འབྱུང་བ་བཞི་དག་པས་ཕྱེ་བ་བརྒྱར་བཤད་པ་སོགས་དབྱེ་ཚུལ་མང་ལ། འདི་རྣམས་ངེས་དོན་གཙོ་བོར་བྱས་ནས་འཆད་པའོ། །གསུམ་པ་ལེའུའི་མཚན་ནི།


KMC011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པའི་ལས་དངོས་གྲུབ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །།ཞེས་གསུངས་ཏེ། ཐབས་ཤེས་གཉིས་སུ་མེད་པའི་ཀྱེའི་རྡོ་རྗེ་འཁོར་གྱི་མཁའ་འགྲོ་མ་རྣམས་དང་གཙོ་བོ་རྗེས་སུ་འབྲེལ་ཞིང་ཐ་མི་དད་པའི་དྲ་བ་སྡོམ་པའི་རྒྱུད་ལས་རིམ་གཉིས་དང་ཕྱག་རྒྱའི་དངོས་གྲུབ་སྒྲུབ་པའི་ཚུལ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།ལེའུ་གསུམ་པ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་བསྟན་པ་ཞེས་བྱ་བ་འབྱུང་སྟེ། ལེའུའི་འབྲེལ་ནི། ལེའུ་གཉིས་པར་རིམ་གཉིས་དང་ཕྱག་རྒྱའི་དངོས་གྲུབ་སྒྲུབ་ཚུལ་གསུངས་པ་དེ་ལ་སྔོན་དུ་སྨིན་བྱེད་ཀྱི་དབང་དང་ཁྱད་པར་དབང་གསུམ་པ་བསྐུར་དགོས་ཤིང་། དེའི་ཡེ་ཤེས་རྟོགས་པར་བྱེད་པ་ལ་དགའ་བ་དང་སྐད་ཅིག་མ་བཞིའི་དབྱེ་བ་སོགས་ཤེས་དགོས་པས། དེ་དག་གསལ་བར་སྟོན་པ་ལ་ལེའུ་གསུམ་པ་འདི་གསུངས་པ་ཡིན་ནོ། །ལེའུའི་མངོན་རྟོགས་ནི། ལམ་སྨིན་བྱེད་དབང་བཞི་དང་གྲོལ་བྱེད་རིམ་པ་གཉིས་དང་གྲོགས་དམ་ཚིག་དང་སྤྱོད་པ་ཐམས་ཅད་དང་འབྲེལ་ལོ། །ལེའུ་འདིས་ནི་བརྟག་པ་


KMC011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་ཐེ་ཚོམ་གྱི་གནས་ལེའུ་དང་པོར་སྡོམ་པའི་རབ་དབྱེ། བཅུ་པར་དབང་། དྲུག་པར་སྤྱོད་པ། དགུ་པར་སྐྱེ་མཆེད། བདུན་པར་ངག་གི་བརྡ་དང་ལྔ་པོ་དེ་ཁ་བསྐང་ནས་བསྟན་པས། དེ་དག་ལ་ངེས་པ་སྟེར་བའི་དོན་དུ་གསུངས་པའོ། །འདི་ལ་གསུམ། མཚམས་སྦྱར་བ། ལེའུའི་གཞུང་རྒྱས་པར་བཤད་པ། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རྡོ་རྗེ་ཅན་གྱིས་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ། ཞེས་གསུངས་ཏེ། ལེའུ་གཉིས་པ་བསྟན་པའི་དེ་མ་ཐག་ནས་ཟུང་འཇུག་མི་ཕྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཅན་བཅོམ་ལྡན་འདས་ཀྱིས་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ལ་གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་གླེང་བ་བརྗོད་བྱ་རྗོད་བྱེད་ཀྱི་ཚོགས་ལ། དེའི་རྒྱུའམ་རྩ་བར་གྱུར་པ་གཞི་ཞེས་བྱ་བ་ཨེ་ཝཾ་ཟུང་འཇུག་རྟོགས་པའི་ཐབས་འདི་བཅོམ་ལྡན་འདས་རང་གིས་གསོལ་བ་མ་བཏབ་པར་ཆེད་དུ་བརྗོད་དེ་བཀའ་སྩལ་པའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། སྡོམ་པ་དང་ནི་དབང་དང་ཡང་། །དེ་བཞིན་དགོངས་པའི་སྐད་ཉིད་དང་། །དགའ་


KMC011_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐད་ཅིག་དབྱེ་བ་དང་། །གཞན་ཡང་བཟའ་བ་ལ་སོགས་པ། །ཞེས་གསུངས་ཏེ། ཨེ་ཝཾ་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཆོས་ཐམས་ཅད་སྡོམ་པའི་དབྱེ་བ་དང་ནི། དེ་མངོན་དུ་བྱེད་པའི་ཐབས་དབང་བཞི་བསྐུར་བ་དང་། ཡང་གི་སྒྲས་དེ་བཞིན་དུ་དོན་ཁྱད་པར་ཅན་གཞན་ལ་དགོངས་པའི་བརྡའི་སྐད་ཉིད་དང་། དགའ་བ་བཞི་དང་སྐད་ཅིག་མ་བཞི་རྗེས་སུ་མཐུན་པ་ལས་དབྱེ་བ་དང་། གཞན་དངོས་སུ་སྔར་མ་གསུངས་པ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་ཚུལ། ཡང་ཞེས་པས་མིག་སོགས་སྐྱེ་མཆེད་དག་པ་སྟོན་ལ། བཟའ་བ་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་སོགས་པའི་ཁོངས་སུ་གསང་བའི་སྐད་རྣམས་ཅི་རིགས་པར་འདུ་བར་དགོངས་ཏེ་དེ་དག་བཤད་པར་ཞལ་གྱིས་བཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན། སྡོམ་པ་གཏན་ལ་དབབ་པ། དགའ་བ་ལ་སོགས་པའི་དབྱེ་བ། དབང་བསྐུར་བའི་རིམ་པ། བདེན་པ་གཉིས་བསྟན་པ། སྤྲོས་པ་མེད་པའི་སྤྱོད་ཚུལ། མིག་སོགས་སྐྱེ་མཆེད་ཀྱི་རྣམ་དགགསང་བའི་བརྡ་བསྟན་པའོ། །དང་པོ་ལ་གཉིས། སྡོམ་པའི་ངོ་བོ་གང་ཡིན་པ། དེ་དྲིས་ལན་གྱིས་རྒྱས་པར་བཤད་པའོ།


KMC011_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དེ་ལ་སྡོམ་པ་བཀའ་སྩལ་པ། །སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཨེ་ཝྃ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཅེས་གསུངས་ཏེ། མདོར་བསྟན་པའི་དོན་དེ་རྣམས་ལས་ཐོག་མར་ཨེ་ཝཾ་གྱི་སྡོམ་པ་རང་གི་ངོ་བོ་དེ་རྟོགས་བྱེད་ཀྱི་ཐབས་དང་བཅས་ལ་བཀའ་སྩལ་པ། ཆོས་མ་ལུས་པའི་དེ་ཁོ་ན་ཉིད་ཇི་ལྟ་བར་རྟོགས་པའི་སངས་རྒྱས་ཀུན་གྱི་ཡེ་ཤེས་བདེ་བ་ཆེན་པོ་དང་སྟོང་ཉིད་དབྱེར་མེད་པའི་ངོ་བོར་ཟག་པ་མེད་པའི་སྡོམ་པའམ། སམྦ་རའི་ངེས་ཚིག་ལས། བདེ་བའི་མཆོག་ཆོས་ཐམས་ཅད་ཀྱི་བདག་ཉིད་སངས་རྒྱས་ཐམས་ཅད་ཡང་དག་པར་འདུས་ཤིང་སྡོམ་པ། ཤེས་རབ་ཨེ་དང་ཐབས་ཝཾ་གྱི་རྣམ་པར་སྟེ་དེའི་དོན་དུ་རབ་ཏུ་གནས་ལ། ཨེ་དང་ཝཾ་ཡིག་གི་དོན་ནམ་རྣམ་པའི་ལྷན་སྐྱེས་བདེ་བ་ཆེན་པོ་དེ་ནི་དཔེ་དང་དོན་གྱི་ཡེ་ཤེས་ཉམས་སུ་མྱོང་བའི་དབང་བསྐུར་བ་ལས་ཕྱིན་ཅི་མ་ལོག་པ་ཡང་དག་པར་ཤེས་ཤིང་རྟོགས་པར་འགྱུར་རོ། །གཉིས་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་


KMC011_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་སྟོན་པ་འགྲོ་བའི་བླ། །མཁའ་འགྲོ་མ་ཡི་སྡོམ་པ་ཉིད། །ཨེ་ཝྃ་རྣམ་པ་ཅི་ཞེས་བརྗོད། །རིམ་པ་ཇི་ལྟར་བཤད་དུ་གསོལ། །ཅེས་གསུངས་ཏེ། སྡོམ་པའི་ངོ་བོ་རྟོགས་བྱེད་ཀྱི་ཐབས་གསུངས་པ་གསན་ནས་དྭོགས་པ་གཅོད་པའི་ཆེད་དུ། དེ་ནས་བདག་མེད་མ་གཙོ་མོར་གྱུར་པའི་རྣལ་འབྱོར་མ་རྣམས་ཀྱིས། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །མི་མཐུན་པའི་ཕྱོགས་བཅོམ་ཞིང་ཡོན་ཏན་ཚད་མེད་པ་དང་ལྡན་པ། རྒྱུད་སྟོན་པར་མཛད་པ་འགྲོ་བའི་ཚོགས་མཐའ་དག་གི་བླ་མ་ཞེས་བསྟོད་ཅིང་བོས་ནས། རིམ་པ་ཇི་ལྟར་བཤད་དུ་གསོལ། ཞེས་འཆད་པའི་གཞིར་དྲང་། རིམ་པ་གང་སྙམ་ན། ནམ་མཁའ་ལ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་དུས་ཅིག་ཅར་དུ་ཁྱབ་པར་ཀུན་ཏུ་འགྲོ་བའི་ངང་ཚུལ་དང་ལྡན་པའམ། ཡང་ན། ཆོས་ཀྱི་དབྱིངས་ལ་ཅི་དགར་རྒྱུ་ཞིང་གཤེགས་ལ་རྩེན་པས་མཁའ་འགྲོ་མ་སྟེ། དེའི་སྒྲས་རྣལ་འབྱོར་མ་རྒྱུད་ཀྱི་སྡོམ་པ་ཉིད་གང་ལགས། ཨེ་ཝཾ་གྱི་རྣམ་པའམ་ཡི་གེའི་དོན་དང་རྒྱུ་མཚན་ཅི་སྐད་ཅེས་བརྗོད་པར་བྱ།


KMC011_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའོ། །དེའང་སེམས་འགྲེལ་ལས། ཕ་རྒྱུད་དུ་སངས་རྒྱས་ཀུན་གྱི་སྡོམ་པ་ཞེས་དང་། མ་རྒྱུད་དུ་མཁའ་འགྲོ་མའི་སྡོམ་པ་ཞེས་པའི་ཐ་སྙད་སོ་སོར་མཛད་པ་ལྟར། རྣལ་འབྱོར་མ་རྣམས་ཀྱིས་མ་རྒྱུད་དང་གོ་བསྟུན་ནས་མཁའ་འགྲོ་མའི་སྡོམ་པ་བཤད་པར་གསོལ་བ་བཏབ་པ་སྟེ། རྒྱུད་འདི་དང་སམྦུ་ཊ་མ་རྒྱུད་ཡིན་ཀྱང་སངས་རྒྱས་ཀུན་གྱི་སྡོམ་པ་ཞེས་པའི་ཐ་སྙད་ཀྱང་འབྱུང་ངོ་། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་རྣམས་ལ་བཀའ་སྩལ་པ། དོན་གྱི་ཨེ་ཝཾ་སྐྱེ་བའི་གནས་རྟགས་ཀྱི་ཨེ་ཝཾ་ནི་ཤེས་རབ་ཀྱི་པདྨ་ཡི་གེ་ཨེ་ཡི་ཆ་བྱད་དེ་གཟུགས་དབྱིབས་བཟང་པོ་གྲུ་གསུམ་པ་གང་གི་དབུས་སུ་ཟེའུ་འབྲུ་ལ་ཝཾ་ཡིག་གི་རྣམ་པ་རྩྭ་མཛེས་སྤྱིལ་ལམ་ཐབས་ཀྱི་རྡོ་རྗེ་དག་གིས་རྣམ་པར་བརྒྱན་པ་དེ་ཉིད་བདེ་བ་ཆེན་པོ་ཐམས་ཅད་ཀྱི་འབྱུང་གནས་སེམས་རྒྱས་རིན་ཆེན་ལྟ་བུ་བཞུགས་པས་རིན་ཆེན་གྱི་སྣོད་ཟ་མ་ཏོག་ལྟ་བུའོ། །ཞེས་པ་ཡིག་


KMC011_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་། ཨེའི་ཆ་བྱད་གྲུ་གསུམ་པ་ཆོས་ཐམས་ཅད་འབྱུང་བའི་གནས་སྐུ་གསུང་ཐུགས་རྣམ་པར་དག་པའི་ཟུང་དང་ལྡན་པ་བཟང་པོ་གང་གི་དབུས་སུ་ཝཾ་ཡིག་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་དག་གིས་རྣམ་པར་བརྒྱན་པ། རྟེན་དེ་འགྱུར་བཅས་དང་འགྱུར་མེད་ཀྱི་བདེ་བའམ་དགའ་བ་ཐམས་ཅད་ཀྱི་ནི་གནས་སུ་གྱུར་ལ། སངས་རྒྱས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་ཡོན་ཏན་རིན་པོ་ཆེ་མངའ་བ་རྣམས་ཀྱིས་བརྟེན་པའི་གཞི་ཡིན་པས། ཟ་མ་ཏོག་ཅེས་རིན་པོ་ཆེའི་སྣོད་དང་མཚུངས་པར་བསྟན་ཏོ་ཞེས་པ་ནི་ངེས་དོན་ཏེ་སྐབས་འདིའི་བཤད་བྱའི་གཙོ་བོ་ཡིག་དོན་ཏེ་འོག་གི་དགའ་བཞིའི་འབྱུང་གནས་དང་སྦྲེལ་དགོས་པའི་ཕྱིར་རོ། །འབུམ་ཕྲག་ལྔ་པར་ཡང་། ཨེ་ཝཾ་ཞེས་པ་ཕ་དང་མ། །ཨེ་ཝཾ་ཉི་ཟླ་ག་བུར་བསྟན། །ཨེ་ཝཾ་ཁྲག་དང་ཁུ་བ་དངོས། །ཨེ་ཝཾ་གཡས་དང་གཡོན་པ་ཡིན། །ཨེ་ཝཾ་ལིངྒ་སྐྱེ་གནས་བརྗོད། །ཨེ་ཝཾ་ཐབས་དང་ཤེས་རབ་སྟེ། །ཨེ་ཝཾ་བདེ་སྡུག་ཀུན་གྱི་གཞི། །ཨེ་ནི་ལྟོ་བ་སྤྱི་བོ་ཝཾ། །ཞེས་སོགས་གསུངས་སོ། །གཉིས་པ་དགའ་བ་ལ་སོགས་པའི་དབྱེ་བ་ལ་གཉིས། བཤད་པའི་གཞི་བསྟན་པ། དེ་


KMC011_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་དབྱེ་བའོ། །དང་པོ་ནི། སྐད་ཅིག་དབྱེ་བས་ཕྱེ་བ་ཉིད། །དགའ་བ་དེ་ལས་སྐྱེ་བར་འགྱུར། །སྐད་ཅིག་ཤེས་ན་བདེ་ཤེས་པ། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །སྣ་ཚོགས་དང་ནི་རྣམ་སྨིན་དང་། །རྣམ་ཉེད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ནི་རབ་ཤེས་པས། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། །ཞེས་གསུངས་ཏེ། བཤད་མ་ཐག་པ་དེ་ལ་བརྟེན་ནས་དོན་གྱི་ཨེ་ཝཾ་འབྱུང་ཚུལ་ནི། དཀྱིལ་འཁོར་འཁོར་ལོའི་མན་ངག་གིས་རྣམ་པ་སྣ་ཚོགས་པ་ལ་སོགས་པ་སྐད་ཅིག་མ་བཞིའི་དབྱེ་བས་ཕྱེ་བ་ཉིད་ཀྱིས། དགའ་བ་བཞི་པོ་རྣམས་རྟགས་ཀྱི་ཨེ་ཝཾ་དེ་ལས་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། སྐད་ཅིག་མ་བཞིའི་རྣམ་དབྱེ་ཤེས་ན་བདེ་བའམ་དགའ་བ་བཞི་ཤེས་ལ། དེས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ཤེས་པར་འགྱུར་ཞིང་། དེ་ནི་དོན་གྱི་ཨེ་ཝཾ་བདེ་སྟོང་དབྱེར་མེད་པའི་རྣམ་པར་རབ་ཏུ་གནས་སོ། །དེ་ལ་སྐད་ཅིག་མ་བཞི་ནི་དང་པོར་རྣམ་པ་སྣ་ཚོགས་པའི་དབྱེ་བ་ཉེ་བར་འབྱུང་བ་དང་ནི། གཉིས་པར་བདེ་བའི་འབྲས་བུ་རྣམ་པར་སྨིན་པ་དང་། གསུམ་པར་རོ་མྱང་བས་རྣམ་པར་ཉེད་པ་དང་། དེ་བཞིན་དུ་བཞི་པར་རྣམ་རྟོག་གི་མཚན་ཉིད་


KMC011_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་སྟེ། སྐད་ཅིག་མ་བཞི་ནི་ཉམས་སུ་མྱོང་བས་རབ་ཏུ་ཤེས་པས། དེ་ལྟར་ལྷན་སྐྱེས་ཀྱི་བདེ་ཆེན་ཀྱང་རྣལ་འབྱོར་པས་སྐྱེ་ཚུལ་ཤེས་ཤིང་རྟོགས་པར་འགྱུར་བ་ཉིད་དོ། །གཉིས་པ་ནི། འཁྱུད་དང་ཙུམྦ་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་ལྡོག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་བ་ཟོས་པ་ཡི། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་གསུངས་ཏེ། བཤད་མ་ཐག་པའི་སྐད་ཅིག་མ་བཞི་པོ་ཇི་ལྟ་བུ་ཞེ་ན། ལས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་དང་ཙུམྦ་ན་ལ་སོགས་པ་བདེ་བ་སྐྱེ་བའི་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་པ་དང་རྗེས་སུ་འབྲེལ་བས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ཞེས་དེའི་མིང་དུ་བཤད་དོ། །རྣམ་པར་སྨིན་པའི་སྐད་ཅིག་མ་ནི། ཆགས་པའི་བྱ་བ་སྣ་ཚོགས་བྱེད་པ་དེ་ལས་ལྡོག་སྟེ་དབང་པོ་གཉིས་སྦྱོར་བ་ལས་ཁམས་ཞུ་


KMC011_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བདེ་བ་ལས་བྱུང་བ་ཡེ་ཤེས་ཉམས་སུ་མྱོང་བ་ལོངས་སྤྱོད་པ་ལ་ཟ་བ་ཉིད་ཀྱི་ཐ་སྙད་སྨོས་པ་དང་། དེ་ལྟར་བདག་གིས་བདེ་བའི་རོ་མྱངས་ཤིང་ཟོས་པའི་གྲོས་ནི་དེ་ལ་སྲེད་པས་ཡང་དང་ཡང་དུ་སེམས་པས་རྟོག་པ་རྣམ་པར་ཉེད་པའམ་འཇོམས་པའི་སྐད་ཅིག་མར་བརྗོད་དེ་གྲོས་དང་དྲན་པ་དང་ངེས་འཛིན་རྣམ་གྲངས་སུ་བསྒྱུར་བས་སོ། །མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ནི་སྔ་མ་གསུམ་ལས་གཞན་ཁྱད་པར་གྱུར་བ་སྟེ། བདེ་བ་ཐོབ་པར་འདོད་ཅིང་ཆགས་པ་དང་བཅས་པ་སྐད་ཅིག་མ་དང་པོ་གཉིས་དང་། བདེ་བས་ཚིམས་ནས་སླར་ཐོབ་འདོད་ཀྱི་ཆགས་པ་དང་བྲལ་བ་རྣམ་ཉེད་ཀྱི་མཚན་ཉིད་ཀྱང་རྣམ་པར་སྤང་བ་ཡིན་ནོ། །དེ་རྣམས་དགའ་བ་བཞིར་ཇི་ལྟར་འཇོག་ཅེ་ན། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་ནི་དང་པོའི་དགའ་བ་ཉིད་དེ། ཀུན་ནས་འདོད་ཆགས་དང་བཅས་པའི་བདེ་བ་ཆུང་ངུ་མྱོང་བའོ། །རྣམ་པར་སྨིན་པའི་སྐད་ཅིག་མ་ལ་ནི་གཉིས་པ་མཆོག་དགའ་ཉིད་དུ་བརྗོད་དེ་སྔ་མ་ལས་ཆེས་ལྷག་པའི་བདེ་བ་མྱོང་ཞིང་ཆགས་པའི་རྟོག་པ་ཞི་བའོ། །རྣམ་ཉེད་ཀྱི་སྐད་ཅིག་ལ་ནི་དགའ་བྲལ་གྱི་དགའ་བ་གསུམ་པ་ཉིད་དུ་


KMC011_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དེ་བདེ་བ་ཆེན་པོ་མྱོང་བས་རྒྱུད་ཚིམས་ནས་སླར་བདེ་བ་ཐོབ་འདོད་ཀྱི་ཆགས་པ་དང་བྲལ་བའོ། །མཚན་ཉིད་བྲལ་བའི་སྐད་ཅིག་མ་བཞི་པ་ནི་ལྷན་ཅིག་སྐྱེས་དགའ་ཉིད་དུ་རིག་པར་བྱའོ། །གསུམ་པ་དབང་བསྐུར་བའི་རིམ་པ་ལ་གསུམ། དབང་གི་དབྱེ་བ་དང་རྣམ་དགདགོས་པ་དང་ངེས་ཚིགདབང་བཞི་བསྐུར་ཐབས་སོ། །དང་པོ་ནི། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པ་དེ་ཡང་ཉིད། །ཅེས་གསུངས་ཏེ། གོང་དུ་ཨེ་ཝཾ་གི་དོན་བདེ་བ་ཆེན་པོ་དབང་ལས་ཤེས་པར་གསུངས་པའི་དབང་དེ་གང་ཞེ་ན། བུམ་དབང་ཡོངས་སུ་རྫོགས་ནས་སློབ་དཔོན་དུ་བྱེད་པའི་དབང་དང་། སློབ་དཔོན་ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་དང་། ཤེས་རབ་མ་ལ་བརྟེན་ནས་ཡེ་ཤེས་བསྐྱེད་པའི་དབང་དང་། དབང་བཞི་པ་དེའང་གསུམ་པའི་ཡེ་ཤེས་དཔེར་བྱས་ནས་ཡུལ་དང་ཡུལ་ཅན་


KMC011_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་དོན་གྱི་ཡེ་ཤེས་ཚིག་ཙམ་གྱིས་ངོ་སྤྲོད་པ་རྣམས་ཡིན་ནོ། །དེ་བཞིའི་ངོ་བོ་ཆོས་མཐུན་དུ་སྦྱོར་བའི་དག་པ་ནི། སློབ་དཔོན་ལ་སོགས་པའི་དབང་ནི་བཞིའི་གྲངས་ཀྱིས་ནི། དགའ་བ་ལ་སོགས་པའི་དོན་དང་མཐུན་པ་རིམ་པས་ཤེས་པར་བྱ་སྟེ། དགའ་བ་སློབ་དཔོན། མཆོག་དགའ་གསང་བ། ཁྱད་དགའམ་དགའ་བྲལ་ཤེས་རབ། ལྷན་སྐྱེས་བཞི་པར་བཞག་པ་ཡང་། དགའ་བ་བཞི་ཟག་བཅས་འཇིག་རྟེན་པའི་དབང་བཞི། ཟག་མེད་འཇིག་རྟེན་ལས་འདས་པའི་དབང་བཞིའི་ངོ་བོ་ཇི་ལྟ་བ་དང་། དེ་དག་རྗེས་མཐུན་རྒྱུད་ལ་སྐྱེས་པ་ལ་དབང་དོན་མངོན་དུ་གྱུར་པར་བརྗོད་ཅིང་། དེ་དག་རྒྱུད་ལ་མ་སྐྱེས་ཀྱང་དབང་དོན་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ཀྱི་བརྡ་འཕྲོད་ཙམ་ཆོ་ག་དང་རྗེས་སུ་འབྲེལ་བས་དབང་ཐོབ་པའི་ཐ་སྙད་དུ་འཇོག་གོ། །གཞན་ཡང་འདོད་ཁམས་སུ་རྒོད་པ་ལ་སོགས་པའི་འདོད་ཆགས་རྣམ་པ་བཞི་ལ་སྤྱོད་པ་དང་ཆོས་མཚུངས་པར་རྒྱུད་སྡེ་གསུངས་པ་ལྟར། དབང་བཞི་ཡང་དེ་རྣམས་དག་པ་དང་མཐུན་པར་སྦྱོར་བ་སློབ་དཔོན་ནག་པོ་པ་དང་། བྷ་ཝ་བྷ་དྲ་དང་། ཌྷཾ་ག་ད་ཤ་སོགས་བཞེད་པས། འཕྲུལ་


KMC011_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་རྒོད་པས་ཚིམས་པའི་འདོད་ཆགས་དག་པ་སློབ་དཔོན་དབང་ཉིད་དང་། གཞན་འཕྲུལ་དབང་བྱེད་པ་ལྟ་བའི་འདོད་ཆགས་དག་པ་གསང་བའི་དབང་ཡང་དེ་བཞིན་དུ་བསྟན་ཏོ། །དགའ་ལྡན་པའི་ལག་བཅངས་ཀྱི་འདོད་ཆགས་དག་པ་ལ་ནི་ཤེས་རབ་ཡེ་ཤེས་ཉིད་དང་། སུམ་ཅུ་རྩ་གསུམ་པ་མན་ཆད་ཕོ་མོ་གཉིས་གཉིས་སྤྲད་པའི་འདོད་ཆགས་དག་པ་ལ་དབང་བཞི་པ་དེ་ཡང་འགྱུར་བ་ཉིད་ཅེས་པའོ། །འགྱུར་འདིར་གཉིས་འཁྱུད་ཅེས་པའི་འཁྱུད་པ་མ་དག་པ་སྟེ། རྒྱ་དཔེར་དེའི་ཐད་དུ་ཏནྟྲ་ཀེ་ཞེས་རྒྱུད་ཀྱི་སྐད་དོད་ཡོད་པར་མ་ཟད། རྒྱ་འགྲེལ་རྣམས་སུ་ཡང་རྒྱུད་བཞི་དང་སྦྱོར་དགོས་པ་ཚིག་འདི་ཁོ་ན་ལ་བརྟེན་པར་སྣང་བས་འཁྲུལ་ལོ་ཞེས་འགོས་ལོ་གཞོན་ནུ་ཞབས་དང་རྗེ་སྤྱན་སྔས་གསུངས་སོ། །སྐབས་འདིར་གོ་བྱ་གལ་ཆེ་བ། རྒོད་པ་སོགས་དག་པ་དབང་གི་ངོ་བོར་འཇོག་པ་ལས། བྱ་རྒྱུད་དང་ཆོས་མཐུན་སློབ་དཔོན་ཀྱི་དབང་དུ་གསུངས་པ་མིན་པ་བཞིན་ཐམས་ཅད་དུ་ཤེས་དགོས་ལ། དབང་གསུམ་པའི་དུས་རྒོད་པ་ནས་གཉིས་སྤྲད་ཀྱི་བར་རྒྱུད་སྡེ་བཞི་ག་དང་མཚུངས་པའི་འདོད་ཆགས་སྦྱོང་བྱེད་ཡོད་


KMC011_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དང་འབྲེལ་བར་དཀའ་འགྲེལ་པདྨ་ཅན་སོགས་སུ་བཤད་པས་དབང་བཞི་རེ་རེར་སྦྱར་བ་དང་། གསུམ་པ་ཁོ་ན་ལ་སྦྱོར་བའི་ཚུལ་ཏེ་གཉིས་གཉིས་ཡོད་པའང་ཤེས་པར་བྱའོ། །གཉིས་པ་ནི། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། དེ་ལྟ་བུའི་དབང་ཅིའི་ཕྱིར་གསུངས་ཞེ་ན། མཐའ་ཡས་པའི་སེམས་ཅན་རྣམས་རྡོ་རྗེ་བཞིའི་དངོས་གྲུབ་འགྲུབ་པར་བྱ་བའི་ཆེད་དུ་དེའི་ས་བོན་བསྐྲུན་པའི་ཕྱིར་རམ། ཡང་ན། སེམས་ཅན་སློབ་མ་རྣམས་ཀྱིས་དབང་ནོད་པ་དང་ལམ་བསྒོམས་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་འགྲུབ་པའི་ཕྱིར། དེ་ལྟར་རྒྱུད་ལས་དབང་བསྐུར་ནི་རྣམ་པ་བཞི་རུ་རྡོ་རྗེ་འཆང་ཆེན་པོས་བཤད་ཅིང་། ངེས་ཚིག་ཀྱང་། ཨ་བྷི་ཥིཉྩ། ཆུ་འཐོར་བ་དང་། ཨ་བྷི་ཥེཀ་ཏ། ལུགས་སུ་བླུགས་པའི་དོན་ཅན་ཡིན་པས། དྲི་མ་གཏོར་ཞིང་འཁྲུད་པ་དང་། ཡེ་ཤེས་བླུགས་པ་ཞེས་བྱ་བའི་ཚུལ་འདིས་གོ་འཕང་འཐོབ་ནུས་ཀྱི་སྐལ་པ་འཇོག་པ་དེས་ན་དབང་བསྐུར་བ་ཞེས་སུ་བརྗོད་པར་བྱ་བ་ཉིད་དོ། །གསུམ་པ་


KMC011_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞི། བུམ། གསང་། ཤེར་ཡེ། བཞི་པའི་དབང་བསྐུར་ཐབས་སོ། །དང་པོ་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་གསུངས་ཏེ། གཞུང་འདི་དྲང་དོན་དུ་བཤད་ན། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བས། དབང་དང་རབ་གནས་ལ་སོགས་པའི་སློབ་དཔོན་གྱི་ལས་དང་རྒྱུད་འཆད་ཅིང་མན་ངག་སྟེར་བ་པོར་འགྱུར་ལ། དེའི་དབང་ཡང་རིག་པའི་དབང་དང་སློབ་མའི་བརྟུལ་ཞུགས་སྔོན་དུ་སོང་ནས་དམ་ཚིག་གསུམ་དང་ལྡན་པར་བྱ་དགོས་པ་ཡིན་པས། ཤེས་རབ་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པ་བདེ་བའི་ཁམས་རྒྱས་པར་འགྱུར་བ་གང་། རྡོ་རྗེ་བསྙེམས་མར་མོས་པ་ལ། ཐབས་རྡོ་རྗེ་སེམས་དཔར་གསལ་བའི་ལག་པ་དག་གིས་ཕན་ཚུན་ཡང་དག་པར་ཁྱུད་ཅིང་སྙོམས་པར་ཞུགས་པ་ནི་ཁ་སྦྱོར་སྐུའི་དམ་ཚིག་དང་། རྡོ་རྗེ་ཐབས་ཀྱི་དེ་ཁོ་ན་ཉིད་ཐུགས་ཀྱི་དམ་ཚིག་གཡས་སུ་འཆང་བ་དང་། དྲིལ་བུ་ཤེས་རབ་ཀྱི་དེ་ཁོ་ན་ཉིད་གསུང་གི་དམ་ཚིག་གཡོན་དུ་འཆང་བ་དང་། དེ་དག་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་


KMC011_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་སྐྱེས་པས་སློབ་དཔོན་ནུས་པའི་གོ་འཕང་ཐོབ་པའི་དབང་བསྐུར་དུ་རྡོ་རྗེ་འཛིན་པས་རབ་ཏུ་བརྗོད་པ་ལ། རྡོ་རྗེ་ཆེ་དང་ཞེས་སོགས་ཀྱིས་ཁ་སྐོང་བ་འོག་ཏུ་འབྱུང་བ་ཉིད་དོ། །འདིའི་ངེས་དོན་ནཱ་རོ་པ་སོགས་ཀྱིས་བཤད་པའི་དོན། དཔལ་རང་བྱུང་ཞབས་ཀྱིས། དེའང་ཤེས་རབ་ནི་བརྡར་བྱུང་བ། བཅུ་དྲུག་ལོན་པ་ནི་སྟོང་པ་ཉིད་བཅུ་དྲུག་མཚོན་པའོ། །ལག་པས་འཁྱུད་པ་ནི་སྣང་བས་སྟོང་པ་མ་སྤངས་པ་སྟོང་པས་སྣང་བ་མ་སྤངས་པའི་བརྡའོ། །རྡོ་རྗེ་དང་དྲིལ་བུ་ནི་ཐབས་ཤེས་རབ་གཉིས་ཀྱི་རྡོ་རྗེ་དང་པདྨའོ། །མཉམ་པར་སྦྱོར་བ་ནི་སྲུབ་པ་དང་སྲུབ་པའི་སྦྱོར་བ་སྟེ་གཉིས་སུ་མེད་པར་སྙོམས་པར་འཇུག་པའོ། །འདིར་ནི་རིག་པའི་དབང་ལྔའི་དུས་སུ། རིག་མ་སངས་རྒྱས་སྤྱན་ལ་སོགས་པ་ལྔ་དང་སྦྱར་ཏེ་དབང་སྐུར་བར་བཤད་པ་ཡིན་ཏེ་དེ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དུ་རབ་ཏུ་བརྗོད་དོ། །འདིར་ཆོས་ཐམས་ཅད་ཕྱི་རོལ་དོན་གྱི་རྟོག་པ་བཅད་ནས་སེམས་ཀྱི་ལུས་སུ་རྟོགས་པ་བསྐྱེད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །


KMC011_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོང་སྲིན་ལག་དག་གིས་ནི། །སློབ་མའི་ཁ་རུ་ལྟུང་བར་བྱ། །ཞེས་གསུངས་ཏེ། སློབ་མས་གསོལ་བ་བཏབ་པ་ན། སློབ་དཔོན་གྱིས་བསྟེན་པར་འོས་པའི་ཕྱག་རྒྱའི་མཚན་ཉིད་ཀྱང་། ལྟ་ན་མཛེས་པས་ཤིན་ཏུ་བཞིན་བཟང་ཞིང་། གཞན་ལ་ཕྲག་དོག་སྤངས་པས་མིག་ཡངས་མ། ལུས་སྤྱིའི་དབྱིབས་ལེགས་པས་གཟུགས་དང་། ལོ་གྲངས་གཞོན་ནུ་མ་ལང་ཚོ་རྒྱས་པས་རྣམ་པར་བརྒྱན་པ། བདག་མེད་མར་བསྒོམ་པས་གནས་པ་དང་། སློབ་དཔོན་བཅོམ་ལྡན་འདས་ཀྱེའི་རྡོ་རྗེར་ལྷག་པར་མོས་པའི་མཁའ་གསང་བྱིན་གྱིས་བརླབ་པ་སོགས་སྔོན་དུ་འགྲོ་བས། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས། སློབ་མ་སྔར་གསུངས་པ་ལྟར་གདོང་བཅིངས་ནས་འཁོད་པ་ལ། སློབ་དཔོན་རང་གི་མཐེ་བོང་དང་སྲིན་ལག་དག་གིས་རྡོ་རྗེ་བཙིར་བའམ། དེ་དག་རྩེ་སྦྱར་བས་བླངས་ནས་ནི། སློབ་མའི་ཁ་རུ་ལྟུང་བ་སྟེ་ལྟུང་བར་བྱ་ཞིང་། དེས་ཀྱང་ཆོ་ག་ཇི་ལྟ་བར་མྱང་བས་ཏིང་ངེ་འཛིན་སྐྱེས་པ་གསང་དབང་ཡིན་ནོ། །འདིའི་ངེས་དོན། ཁ་སྦྱོར་དྲི་མེད་ལས། བཞིན་བཟང་ཞེས་པ་གསུང་རྡོ་རྗེའི་རང་བཞིན། མིག་ཡངས་


KMC011_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུགས་སུ་གཅིག་པ། གཟུགས་དང་ལང་ཚོས་བརྒྱན་པ་ཞལ་ཕྱག་གི་རྣམ་པའི་སྐུ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་རྡོ་རྗེ་བདག་མེད་མ་མཆོད་པར་བྱ་ཞིང་སྦྱིན་ཏེ། མཐེ་བོང་རྡོ་རྗེ་འཆང་དང་། མིང་མེད་བདག་མེད་མ་མཉམ་པས། སློབ་མའི་དབང་པོ་དང་ཡུལ་སྐུ་གསུམ་གྱི་བདག་ཉིད་ལ་སྟེར་ཞེས་སོགས་བཤད་དོ། །གསུམ་པ་ལ་གཉིས། དབང་བསྐུར་བ་དངོས། སློབ་མའི་བྱ་བའོ། །དང་པོ་ནི། སྟོན་པས་ཤེས་རབ་རབ་ཏུ་མཆོད། །རྗེད་པར་བྱས་ནས་གཏད་པར་བྱ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །ཕྱག་རྒྱ་བདེ་བ་ལྡན་པ་ཁྱེར། །ཕྲག་དོག་ཁྲོ་བ་རྣམ་སྤངས་པའི། །སློབ་མ་ཆེར་གྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཀུན་ཏུ་རུ་གྱིས་རྡོ་རྗེ་འཛིན། །ཅེས་གསུངས་ཏེ། དབང་བསྐུར་བ་པོ་རྒྱུད་སྟོན་པའི་རྡོ་རྗེ་དང་མཚུངས་པར་སྟོན་པ་ཞེས་བརྗོད་པའི་སློབ་དཔོན་གྱིས། སློབ་མ་ལ་སྦྱིན་པར་བྱ་རྒྱུའི་ཤེས་རབ་རྡོ་རྗེ་བདག་མེད་མ་ལ་ཉེར་སྤྱོད་ལྔ་ལ་སོགས་པས་རབ་ཏུ་མཆོད། རྗེད་པ་ནི་བསྟོད་ཅིང་བསྐུར་སྟི་བྱས་ནས་གཏད་པར་བྱ་སྟེ། ཇི་ལྟར་ན་སྟོན་པ་སྟེ་བླ་མས་སློབ་མ་ལ་སྨྲས་པ་ནི་སྨྲ་བར་བྱ་བའི་དོན་ཏེ། སྐལ་པ་


KMC011_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ལྡན་པའི་སེམས་དཔའ་ཆེ་ཞེས་བསྔགས་ནས། ལས་ཀྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་བདེ་བ་འབྱུང་བའི་གནས་དང་ལྡན་པ་འདི་ཁྱེར་ཞིང་ཟུངས་ཞེས་པ་མཚོན་པ་ཙམ་སྟེ། རྒྱས་པར། ལྷ་མོ་དགའ་སྦྱིན་སོགས་འོག་ནས་སྟོན་པར་འགྱུར་པའི་ཚིགས་སུ་བཅད་པ་བརྗོད་དོ། །སློབ་མ་དེའི་རྒྱུད་གཞན་གྱི་ཡོན་ཏན་ལ་མི་བཟོད་པའི་ཕྲག་དོག་པའམ་སེར་སྣ་མེད་པ་དང་། ཁྲོ་བ་རྣམ་པར་སྤངས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡོན་ཏན་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གྱི་སྣོད་དུ་རུང་བའི་སློབ་མ་སྐལ་པ་ཆེན་པོར་གྱུར་པས། སློབ་དཔོན་གྱིས་དེའི་མཚན་ཉིད་ཚང་བར་ཤེས་ནས་ནི། སྟོན་པ་བླ་མས་དེ་ལ་མན་ངག་གིས་གནང་བ་སྦྱིན་ནོ། །ཇི་ལྟར་ན། ཀུན་ཏུ་རུ་དབང་པོ་གཉིས་སྦྱོར་བའི་བརྡ་སྐད་དེ་དེ་ཉིད་ཀྱིས་ཐབས་ཤེས་མི་ཕྱེད་པའི་རྡོ་རྗེ་འཛིན་པ་ཞེས་བསྒོས་ནས། གདམས་ངག་གི་ཤེས་རབ་ཡེ་ཤེས་ཀྱི་མིང་ཅན་ལྷན་སྐྱེས་ངོ་འཕྲོད་པར་བྱའོ། །གཉིས་པ་ནི། ཇི་ལྟར་དབང་བསྐུར་གསོལ་གདབ་པའི། །སློབ་མའི་བྱ་བ་བཤད་པར་བྱ། །བླ་མ་ཕྱག་རྒྱ་ལྡན་མཐོང་ནས། །བསྟོད་དང་མཆོད་པ་ཇི་བཞིན་བྱ། །བཅོམ་ལྡན་ཞི་བ་


KMC011_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །ངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞིམ་པའི་བཟའ་བ་བཏུང་བ་དང་། །བ་ལ་ཆེ་མཆོག་མ་ད་ན། །བདུག་པ་ལྷ་བཤོས་ཕྲེང་བ་དང་། །དྲིལ་བུ་རྒྱལ་མཚན་བྱུགས་པ་ཡིས། །འདི་རྣམས་མཆོད་པ་རྣམས་ཀྱིས་ནི། །སློབ་མས་རྡོ་རྗེ་འཛིན་པ་མཆོད། །ཅེས་གསུངས་ཏེ། སློབ་མ་དེས་བླ་མ་ལ་ཇི་ལྟར་དབང་གོང་མ་བསྐུར་བའི་ཚེ་གསོལ་བ་གདབ་པའི་ཚུལ་སློབ་མའི་བྱ་བ་བཤད་པར་བྱ་སྟེ། དེ་ལ་གསང་བའི་དབང་གི་སྔ་རོལ་དུ། བླ་མ་ལས་ཀྱི་ཕྱག་རྒྱ་མ་དང་ལྡན་པར་མཐོང་བའི་སློབ་མས། ཡོན་ཏན་མངོན་པར་ཤེས་པའི་སྒོ་ནས་བསྟོད་པ་དང་ཕྱི་ནང་གསང་བའི་མཆོད་པ་བཤད་རྒྱུད་རྡོ་རྗེ་གུར་དང་འདིར་གསུངས་པ་ཇི་བཞིན་བྱ་ཞིང་། དེའི་རྗེས་སུ་གསོལ་བ་བཏབ་པ་ཡང་། ཀྱེའི་རྡོ་རྗེ་ངོ་བོ་ཉིད་དུ་གྲུབ་པས་བཅོམ་ལྡན། གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་ཤིང་ཉོན་མོངས་པའམ་སྤྲོས་པའི་ཚོགས་ཐམས་


KMC011_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཉེ་བར་ཞི་བའི་བདག་ཉིད་ཆེན་པོ་ཞེས་ཆེ་བའི་ཡོན་ཏན་ལ་བསྟོད་པ་སྔོན་དུ་འགྲོ་བས། ཀྱེ་ཞེས་པ་སྙན་གཏོད་པའི་ཆེད་དུ་བོད་པ་སྟེ། རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པ་དེ་དང་ཐ་མི་དད་པའི་རྣལ་འབྱོར་གྱིས་རྒྱུ་ལམ་འབྲས་བུ་གཅིག་ཏུ་འགྲུབ་པར་བཞེད་ལ། སྟོང་པ་ཉིད་ཀྱི་རང་བཞིན་གཟུང་འཛིན་གྱིས་མི་ཕྱེད་ཅིང་ཕྱག་རྒྱ་རྣམ་པ་བཞི་ལ་བརྟེན་ནས་དངོས་གྲུབ་མཆོག་སྒྲུབ་པ་པོ། །རྡོ་རྗེ་ནི་སྐུ་གསུང་ཐུགས་མི་ཕྱེད་པའི་དེ་བཞིན་གཤེས་པ་རྣམས་ཏེ། དེ་དག་དང་ཟུང་འཇུག་ཏུ་སྦྱོར་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལས་བྱུང་བ། དེས་ན་ཇི་ལྟར་སློབ་དཔོན་ཁྱོད་ནི་འགྲོ་བ་ལ་ཕན་པ་སྲིད་ཞི་ཀུན་གྱི་བདག་ཉིད་ཆེན་པོ་ཡིན་པ་བཞིན་དུ། རིགས་ཐམས་ཅད་ཀྱི་གཙོ་བོའི་ཕྱིར་དང་། བདེ་བ་ཆེན་པོའི་མངའ་བདག་ཉིད་ཀྱིས། སློབ་མ་བདག་ལའང་ཁྱོད་དང་ཡོན་ཏན་མཚུངས་པ་དེ་ལྟར་དུ་མཛོད་ཅིགདེ་ལྟར་མཛད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འཁོར་བ་བརྒལ་བར་དཀའ་བ་དང་ནུབ་པར་སླ་བས་འདམ་གྱི་ཚོགས་ཀྱི་ནང་དུ་བྱིང་བ་ལས་འདོན་པའི་སྐྱབས་བྱེད་པ་མེད་པ་བདག་ལ་སྐྱོབ་པའི་སྒོ་ནས་འཁོར་བའི་


KMC011_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་བྲལ་བར་བསྒྲུབ་ཏུ་གསོལ། ཞེས་པའི་ཐ་ཚིག་སྟེ། གསོལ་གདབ་འདི་ཉིད་ནི་བསྟོད་པ་དང་། དེ་ནས་མཆོད་པ་ནི་རོ་བརྒྱ་དང་ལྡན་པའི་ཞིམ་པའི་བཟའ་བ་དང་བཏུང་བའི་ཚོགས་རྣམས་དང་། བ་ལ་སྟོབས་ཏེ་དེའི་རྒྱུར་གྱུར་པའི་ཤ་ཆེན་པོ་མཆོག་དང་། མ་ད་ན་མྱོས་བྱེད་ཆང་གི་བྱེ་བྲག་ཅི་རིགས་པ་དང་། དྲི་བཟང་པོའི་བདུག་པ་སྤོས་དང་། ཟས་སྣ་ཚོགས་ཀྱི་ལྷ་བཤོས་དང་། མེ་ཏོག་ལ་སོགས་པའི་ཕྲེང་བ་དང་། དྲིལ་བུས་མཚོན་པའི་སིལ་སྙན་སྣ་ཚོགས་པ་དང་། རྒྱལ་མཚན་ཆུ་སྲིན་དང་ངང་པ་ལ་སོགས་པའི་གཟུགས་ཡོད་པ་དང་། དྲི་ཞིམ་པའི་རྫས་ཀྱི་བྱུགས་པ་ཡིས་བསྡུས་པའི་མཆོད་པའི་ཡོ་བྱད་འདི་རྣམས་དང་། གཞན་ཡང་མཆོད་པའི་ཡོ་བྱད་ཅི་འབྱོར་བ་རྣམས་ཀྱིས་ནི། སློབ་མས་བླ་མ་རྡོ་རྗེ་འཛིན་པའི་བདག་ཉིད་དུ་གནས་པ་ལ་མཆོད་པར་བྱའོ། །འདིའི་ངེས་དོན་ཡང་། དཔལ་ནཱ་རོ་པས། དྲིལ་བུ་ནཱ་ད་ལ་དམིགས་ནས། །མེ་ཏོག་བདུག་སྤོས་རྣམས་ཀྱིས་བརྒྱན། །བཅུ་གཉིས་ལོ་ལོན་དྲིལ་བུར་འགྱུར། །ཞེས་བདེ་མཆོག་གི་རྒྱུད་ཀྱི་ལུང་དྲངས་ཤིང་། ཁ་སྦྱོར་དྲི་མེད་ལས་བཅོམ་ལྡན་ཀྱེ་ཞེས་པ་རྣམ་པར་སྣང་མཛད་


KMC011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་ཉིད། ཞི་བ་ཆེན་པོ་མི་བསྐྱོད་པ། རྡོ་རྗེའི་རྣལ་འབྱོར་གཅིག་མི་བསྐྱོད་པའི་སྦྱོར་བས་རིན་ཆེན་དབང་པོ་དང་། ཕྱག་རྒྱ་བསྒྲུབ་པ་འོད་དཔག་མེད། མི་ཕྱེད་པ་དོན་ཡོད་གྲུབ་པ། རྡོ་རྗེའི་རྣལ་འབྱོར་ཡང་དག་འབྱུང་བ་རྡོ་རྗེ་སེམས་དཔའ་སྟེ། ཡེ་ཤེས་ལྔ་དང་སྐུ་གསུམ་ཐབས་ཤེས་ལ་སོགས་པ་ཀུན་ལྡན་གྱི་རྡོ་རྗེའི་བླ་མ་ཞེས་པའི་དོན་དུ་བཤད་དོ། །བཞི་པ་བཞི་པའི་དབང་བསྐུར་ཐབས་ལ་གསུམ། དབང་བཞི་པ་དངོས། ཐབས་གང་གིས་མངོན་དུ་བྱ་བ། དེའི་དམ་ཚིག་གོ། །དང་པོ་ལ་གཉིས། བསྒོམ་པར་གདམས་པ་དང་། དེའི་ངོ་བོའོ། །དང་པོ་ནི། མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་རྣམ་པར་ཟུང་། །ཇི་སྲིད་བྱང་ཆུབ་བར་དུ་ནི། །སེམས་ཅན་དོན་གྱིས་རྡོ་རྗེ་འཛིན། །ཅེས་གསུངས་ཏེ། དེ་ལྟར་སློབ་མས་དབང་གསུམ་པ་ལ་བརྟེན་ནས་ཞུ་བདེ་སྐྱེས་ནས་མཆོག་ཏུ་དགའ་བ་སྟེ་ཕུལ་དུ་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ་ཡང་དག་པར་ཐོབ་པ་ནི་ཉམས་སུ་མྱོང་བའོ། །དེའང་རྣམ་པ་སྣ་ཚོགས་པས་མཚོན་ཏེ་ཆགས་པ་དང་ཆགས་བྲལ་གྱི་དགའ་བ་གསུམ་


KMC011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཤིང་དོར་བའི་སྐད་ཅིག་མ་བཞི་པ་ལ་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་ཚེ། ཚིག་དབང་རིན་པོ་ཆེ་འཆད་པར་ནུས་པའི་བླ་མ་སྟོན་པས་སྨྲས་པ་ནི་འདི་སྐད་སྨྲ་བའི་དོན་ཏེ། ཡི་དམ་བླང་བ་བརྟན་པའི་སེམས་དཔའ་ཆེ་ཞེས་སློབ་མ་བསྐུལ་ནས། འཕོ་བ་དང་བྲལ་བའི་ལྷན་སྐྱེས་བདེ་བ་ཆེན་པོ་མན་ངག་ལྟར་རྣམ་པར་ཟུང་ཞེས་པ་རྟེན་དང་བརྟེན་པའི་བྱང་སེམས་གཉིས་ཀ་བརྟན་པར་གནས་པའི་དོན་དེ་ལས། ཇི་སྲིད་ཁྱོད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་པའི་བར་དུ་ནི། ལྷན་སྐྱེས་འདིའི་རྒྱུན་ལ་གོམས་པར་བྱེད་པའི་ཚུལ་གྱིས་སེམས་ཅན་འདོད་ཆགས་དང་ཆགས་བྲལ་གྱི་ཕྱོགས་སུ་ལྷུང་བ་རྣམས། གཉིས་མེད་ཡེ་ཤེས་རྟོགས་སུ་འཇུག་པའི་དོན་རྒྱ་ཆེན་པོ་གྱིས་ཤིག་སློབ་ལམ་ལ་གནས་པའི་རྡོ་རྗེ་འཛིན་པ་ཞེས་སོ། །གཉིས་པ་ནི། སློབ་མ་སྙིང་རྗེ་ཅན་མཐོང་ནས། །རྡོ་རྗེ་ཅན་གྱིས་འདི་སྐད་སྨྲས། །འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །


KMC011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་ཏེ། དཔེ་དང་དོན་གྱི་ལྷན་སྐྱེས་གང་རུང་ངོས་ཟིན་པས་སློབ་མ་སྙིང་རྗེ་བདེ་ཆེན་དང་ལྡན་པ་ཅན་མཐོང་ནས། རྡོ་རྗེ་ཅན་བླ་མས་ཡེ་ཤེས་ངོས་ཟིན་པ་དེ་ལ་ངེས་པ་སྟེར་བའི་ཚིག་འདི་སྐད་དུ་སྨྲས་ཏེ་བརྗོད་དོ། །དགའ་བ་བཞི་པ་ལྷན་སྐྱེས་འདི་ཉིད་རང་བཞིན་གྱིས་རྣམ་པར་དག་པ་གདོད་མའི་ཡེ་ཤེས་ཆེན་པོ་ཉིད་ཡིན་ཏེ། དེའང་འགྲོ་བ་ཐམས་ཅད་ཀྱི་ལུས་ལ་རྣམ་པར་གནས་སོ། །ཇི་ལྟར་ན། ཡེ་ཤེས་དེའི་རྟེན་ཁམས་དཀར་དམར་རགས་པ་དང་ཕྲ་བ་ཤིན་ཏུ་ཕྲ་བ་གསུམ་དང་། བརྟེན་པ་རིགས་དང་ཞུ་བདེ་དང་མི་འགྱུར་བའི་བདེ་བ་ཐམས་ཅད་ཀྱང་། ཁམས་དྲུག་ལྡན་གྱི་ལུས་དང་གཉུག་མ་རྡོ་རྗེའི་ལུས་ལ་རྟོགས་པ་ཐམས་ཅད་ཡང་དག་པ་སྤངས་པ་དང་། ལུས་གནས་ལུས་ལས་མ་སྐྱེས་པའི་ངོ་བོ་སྔར་གསུངས་པ་ལྟར་རྣམ་པར་གནས་ཏེ། ཤེས་བྱ་དང་ཤེས་པ་ཀུན་རྫོབ་དང་དོན་དམ་འདོད་ཆགས་དང་ཆགས་བྲལ་སོགས་གཉིས་ཆོས་ཀུན་གྱི་རང་བཞིན་དུ་གནས་པ་དང་། མཐའ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཚུལ་གྱིས། དངོས་པོ་རྣམ་པ་ཐམས་ཅད་པའི་སྟོང་པ་སྒྱུ་མ་ལྟ་བུ་དང་། དངོས་མེད་འོད་གསལ་བདེ་བ་


KMC011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་བདག་ཉིད་ཟུང་འཇུག་མཆོག་ཏུ་གྱུར་པས་གཙོ་བོ། །བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཁྱབ་ནས་སོ་སོའི་རང་བཞིན་དུ་གནས་པའང་སྣང་སྟོང་དབྱེར་མེད་པ་སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད་པ་ནི་དབང་བཞི་པ་ཡིན་ནོ། །གཉིས་པ་ཐབས་གང་གིས་མངོན་དུ་བྱ་བ་ལ་གསུམ། མདོར་བསྟན་པ། ཞུས་ལན་གྱིས་རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་ནི། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟ་བུའི་དབང་གི་དོན་རྟོགས་པའི་ཐབས་བདག་བྱིན་རླབས་དང་། དཀྱིལ་འཁོར་འཁོར་ལོ་གཉིས་ལས། འདི་ནི་རིམ་པ་གཉིས་ཀྱི་སྙིང་པོ་ལོན་པའི་དཀྱིལ་འཁོར་གཉིས་འཛིན་རྩད་ནས་གཅོད་པའི་འཁོར་ལོ་བསྒོམ་པའི་ཐབས་ཀྱིས་ནི། རྟག་ཏུ་དྲི་མ་སྦྱོང་ཞིང་མངོན་པར་རྟོགས་པ་ཁྱད་པར་ཅན་གྱི་ས་རྣམས་སུ་ངེས་པར་འགྲོ་བར་འགྱུར་རོ། །ཞེས་པ་སྟེ་ག་ཏའི་སྒྲ་རྟོགས་པ་དང་། འགྲོ་བ་གཉིས་ཀ་ལ་འཇུག་པའོ། །གཉིས་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་རྡོ་རྗེ་སྙིང་པོས་རྣལ་འབྱོར་མ་རྣམས་ལ་བཟོད་པར་གསོལ་ནས། བཅོམ་ལྡན་


KMC011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལ་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །སངས་རྒྱས་ཀུན་བདག་གྲོང་ཁྱེར་ལ། །བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །རིམ་པ་ཇི་ལྟར་བཤད་དུ་གསོལ། །མདོར་བསྟན་གསུངས་མ་ཐག་པ་དེ་ནས་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས། རྒྱུད་ཀྱི་བདག་པོ་ཡིན་པའི་ཕྱིར་དང་ཞུ་ལན་གྱི་བར་མཚམས་བཅད་པའི་ཕྱིར་རྣལ་འབྱོར་མ་སྲིང་མོ་རྣམས་ལ་བཟོད་པར་གསོལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དབང་བཞི་པ་རྟོགས་པའི་ཐབས་དཀྱིལ་འཁོར་འཁོར་ལོ་བསྐྱེད་རིམ་རྐྱང་པའམ་རྫོགས་རིམ་མམ། དེ་ལས་དོན་གཞན་ཅི་ཞེས་བྱ་བར་བརྗོད་པ་ལགས། དུས་གསུམ་མམ་རིགས་ལྔའི་སངས་རྒྱས་ཀུན་གྱི་ཡོན་ཏན་གྱི་བདག་ཉིད་ཐར་པ་མཆོག་གི་གནས་ཀྱི་གྲོང་ཁྱེར་ལ་དཀྱིལ་འཁོར་ཞེས་གསུངས་ན། བཅོམ་ལྡན་འདས་ཞེས་བོས་ཏེ་བདག་ནི་ཐེ་ཚོམ་གྱིས་འཁྲུལ་པར་གྱུར་པས། དེ་དག་གང་ལ་དགོངས་པའི་རིམ་པ་དང་ཐབས་ཇི་ལྟར་ཡིན་པ་བཤད་དུ་གསོལ། ཞེས་དྲི་བ་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་སྙིང་


KMC011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བརྗོད་དེ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །འཁོར་ལོ་ཞེས་བྱ་ནམ་མཁའི་ཁམས། །ཡུལ་ལ་སོགས་པ་རྣམ་པར་སྦྱོང་། །ཞེས་གསུངས་ཏེ། དེ་ལྟར་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་ནི་མཎྜ་སཱ་ར་སྙིང་པོ་དང་། ལ་ཏི་ལེན་པའི་སྒྲས་སྙིང་པོ་ལེན་པ་སྟེ་དཀྱིལ་འཁོར་ཡི་གེའི་དོན་དུ་བཤད་ཅིང་། ཕུང་པོ་དང་ཁམས་ལ་སོགས་པའི་དཀྱིལ་ན་སྙིང་པོ་ཀུནྡ་ལྟ་བུ་ཞེས་བརྗོད་དེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་བདེ་བ་ཆེན་པོའི་རྟེན་དུ་གྱུར་པ། དེ་འབར་འཛག་གི་ཞུ་བདེས་ལེན་ཞིང་འཛིན་པར་བྱེད་པས་དཀྱིལ་འཁོར་ཉིད་ཅེས་སྦས་དོན་དུ་བཤད་པའམ། ཆོས་ཐམས་ཅད་ཀྱི་དཀྱིལ་ནི་སྙིང་པོ་དབུ་མའི་ལྟ་བ་ཞེས་བརྗོད་དོ། བྱང་ཆུབ་ཀྱི་སེམས་དོན་དམ་སྤྲོས་བྲལ་ནི་རང་བཞིན་གྱི་བདེ་བ་ཆེན་པོ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་བསྒོམས་པས་ལེན་ཞིང་འཛིན་པར་བྱེད་པས་དཀྱིལ་འཁོར་གྱི་དོན་དེ་བསྟན་ཏོ། །དེ་ལྟར་སྒྲ་དོན་འདུས་པའམ་བསྡམས་ནས་དཀྱིལ་འཁོར་ཉིད་དུ་བརྗོད་དོ། །ཡང་རྒྱ་འགྲེལ་རྣམས་ཀྱི་དོན་ལྟར་ན།


KMC011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བྷ་བ་བྷ་དྲས། འདུས་པས་ན་དཀྱིལ་འཁོར་ཉིད་དུ་ཇི་ལྟར་བརྗོད་ཅེ་ན། ལྷ་རྣམས་འདུས་པ་སྟེ་ཕུང་ཁམས་དབང་ཡུལ་ཉོན་མོངས་ལྔ་རིགས་ལྔ་ཡུམ་དང་ལྷ་མོ་རྣམས་ཀྱི་རང་བཞིན་དཀྱིལ། དེ་རྣམས་ཀྱི་དྲི་མ་གཅོད་པས་འཁོར་ལོ། རྟེན་དང་བརྟེན་པ་འདུས་ཤིང་ཚོགས་པ་དང་ལྷ་རྣམས་ཚོགས་པའི་སྙིང་པོ་ལེན་པ་དཀྱིལ་འཁོར་དུ་བསྟན་པ་བསྐྱེད་རྫོགས་ཐུན་མོང་བ་དང་། ཁ་སྦྱོར་དྲི་མེད་ལས། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ལ། དེ་ཉིད་བདེ་བ་ཆེན་པོའོ། །སྙིང་པོ་དེ་ལེན་ཞིང་འཛིན་པ་དང་རྫོགས་པར་བྱེད་པས་དཀྱིལ་འཁོར་དུ་བཤད་པའི་ཤུགས་ཀྱིས། འོད་གསལ་སྒྱུ་མ་ཟུང་འཇུག་གི་ངེས་དོན་རྫོགས་རིམ་དང་སྦྱར་བའང་གྲུབ་ལ། འཁོར་ལོ་ཞེས་བྱ་བ་བསྐྱེད་རིམ་ལ་ཆོས་ཀྱི་འབྱུང་གནས་ནམ་མཁའི་ཁམས་དང་། རྫོགས་རིམ་ལ་ནམ་མཁའི་ཁམས་ཆོས་མཐུན་གྱི་སྒོ་ནས་བདེ་བ་ཆེན་པོ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ། དེ་དག་གིས་མ་དག་པའི་ཡུལ་ལ་སོགས་པའི་སྒྲས་གོང་དུ་སྨོས་པའི་ཕྱི་ནང་གི་དངོས་པོ་རྣམས་དང་། དགའ་བ་དང་སྣང་གསུམ་ཡང་བསྡུས་ཏེ་


KMC011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་རྣམ་པར་སྦྱོང་བར་བྱེད་དོ། །གསུམ་པ་མཇུག་བསྡུ་བ་ནི། བོལླ་ཀཀྐོ་ལར་སྦྱོར་བས། །དེ་ཡི་བདེ་བ་ཤེས་པར་འགྱུར། །ཅེས་གསུངས་ཏེ། དེ་ལྟ་བུའི་དོན་དེ་ཐབས་ཀྱི་བོལླ་དང་། ཤེས་རབ་ཀཀྐོ་ལ་སྦྱོར་བ་སྒྲ་ཇི་བཞིན་པ་དབང་གོང་མ་གཉིས་དང་། སྒྲ་ཇི་བཞིན་མ་ཡིན་པ་དོན་དམ་གྱི་ཐབས་ཤེས་ཀྱི་དབང་པོ་རྣམ་པར་མི་རྟོག་པའི་སྦྱོར་བས། དེའི་བདེ་བ་ཟག་བཅས་ཤེས་རབ་ཡེ་ཤེས་སམ་དཀྱིལ་འཁོར་འཁོར་ལོ་དང་ཟག་མེད་དབང་བཞི་པ་དོན་གྱི་ལྷན་སྐྱེས་ཤེས་ཤིང་མངོན་སུམ་དུ་རྟོགས་པར་འགྱུར་རོ། །གསུམ་པ་དེའི་དམ་ཚིག་ལའང་གསུམ། ཞུས་པ། ལན་དངོས། དེའི་དོན་བཤད་པའོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། སྡོམ་པ་ཞེས་བྱ་གང་གིས་དང་། །དམ་ཚིག་གང་གི་གནས་པར་བགྱི། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་གསོལ་བ། དབང་ཐོབ་ནས་ཚུལ་དང་མི་མཐུན་པའི་ཕྱོགས་འགོག་པའི་སྡོམ་པ་ཞེས་བྱ་བ་གང་གིས་དང་། ཚུལ་དང་མཐུན་པ་མི་འདའ་བའི་དམ་ཚིག་གང་དང་གང་གིས་རྣལ་འབྱོར་པ་གནས་པར་བགྱི། ཞེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་ཀྱིས་


KMC011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། ཁྱོད་ཀྱིས་སྲོག་ཆགས་བསད་པ་དང་། །བརྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་སྙིང་པོ་ཁྱོད་གཙོ་བོར་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱིས་སྲོག་ཆགས་འཚང་དང་ཕྲལ་ཏེ་བསད་པ་དང་། སེམས་ཅན་སླུ་བར་བྱེད་པའི་བརྫུན་གྱི་ཚིག་ཀྱང་སྨྲ་བ་དང་། ཁྱོད་ལ་སོགས་པ་རྣམས་ཀྱིས་གཞན་གྱིས་བདག་གིར་བྱས་པའི་རྫས་མ་བྱིན་པར་ཡང་ལོང་། ཕ་རོལ་གྱི་བུད་མེད་ཀྱང་བསྟེན་པར་གྱིས་ཤིགཅེས་སྒྲ་ཇི་བཞིན་མ་ཡིན་པ་དགོངས་པ་ཅན་དུ་གསུངས་ཤིང་། གཞན་དུ་ན། མངོན་པར་ཤེས་པ་ལྔ་ཐོབ་པའི་རྣལ་འབྱོར་པ་ཁྱད་པར་ཅན་གྱིས། མཚམས་མེད་སྤྱོད་པའི་སེམས་ཅན་ཐབས་གཞན་གྱིས་མི་བཟློག་པ་བསད་པ་དང་། ལམ་ལོག་པར་གཞོལ་བ་ལས་འདོན་པའི་ཆེད་དུ་བརྫུན་སྨྲ་བ་དང་། འཇུངས་པས་ཡི་དྭགས་སུ་སྐྱེ་བར་མི་འགྱུར་བའི་དོན་དུ་ནོར་འཕྲོག་པ་དང་། ཆགས་པས་ངན་འགྲོར་ལྟུང་བའི་བུད་མེད་བསྟེན་པ་སྒྲ་ཇི་བཞིན་དུ་གནང་བའང་ཡོད་དོ། །གསུམ་པ་ནི། སེམས་


KMC011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །བརྫུན་གྱི་ཚིག་ཏུ་རབ་ཏུ་བསྒྲགས། །བཙུན་མོའི་ཁུ་བ་མ་བྱིན་པར། །གཞན་གྱི་བུད་མེད་རང་མཚུངས་མཛེས། །ཞེས་གསུངས་ཏེ། དབང་བཞི་པའི་དམ་ཚིག་བཤད་མ་ཐག་པ་དེ་སྒྲ་ཇི་བཞིན་དུ་བྱ་བ་ནི་མ་ཡིན་གྱི། གོང་དུ་ཇི་ལྟར་གསུངས་པ་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་ལུས་ངག་སེམས་ཡེ་ཤེས་གཉིས་སུ་མེད་པར་མཁའ་འགྲོ་མའི་སྡོམ་པ་ལ་གནས་པའི་མཐུས། འདའ་བར་མི་བྱ་བའི་དམ་ཚིག་བཞི་པོ་འདི་ལྟར་སྤྱད་དེ། སེམས་ཀྱི་གཡོ་བ་ཐམས་ཅད་བཅོམ་ནས། རང་བཞིན་འོད་གསལ་བའི་ངོ་བོར་དག་པ་ཐོབ་པར་གྱུར་པ་སེམས་གཅིག་སྟེ། དེ་ནི་སྲོག་ཆགས་གསོད་པ་ཉིད་དོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་སྲོག་ཆགས་རྣམས་ཀྱི་སྲོག་ཏུ་གྱུར་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་སེམས་སུ་བརྗོད་པ་དེ་སྐྱེ་བ་མེད་པར་གཅོད་པས་སོ། །འཇིག་རྟེན་པ་རྣམས་མྱ་ངན་ལས་འདས་པའི་གོ་འཕང་དུ་བསྒྲལ་བ་ཞེས་བྱ་བ། དོན་དམ་པར་སེམས་ཅན་དང་མྱང་འདས་དམིགས་སུ་མེད་པས་བརྫུན་གྱི་ཚིག་ཏུ་སྨྲ་བར་རབ་ཏུ་བསྒྲགས་པའོ། །


KMC011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་གྱི་བཙུན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཆོག་དང་། དེའི་ཁུ་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འཕགས་པའི་ལམ་བསྒོམ་པའི་ཐབས་ཀྱིས་ཐོབ་པ་མ་བྱིན་པར་བླང་བ་ཡིན་ལ། ཀུན་རྫོབ་ཀྱི་བཙུན་མོ་ཕྱག་རྒྱའི་ཁུ་བ་རླུང་གི་སྟོབས་ཀྱིས་མ་བྱིན་པར་འདྲེན་ཅིང་བླངས་པའོ། །གཞན་གྱི་བུད་མེད་ནི་རང་རིགས་དང་མི་མཐུན་པའི་ཕྱག་རྒྱ་སྟེ། དཔེར་ན། རྡོ་རྗེའི་རིགས་ལ་པདྨའི་རིགས་ཅན་མ་ལྟ་བུའོ། །དེའང་རང་རིགས་དང་མཚུངས་པ་རྡོ་རྗེའི་རིགས་ལ་གཡུང་མོ་ལྟར་མཛེས་པར་བསྟེན་པའམ། ཡང་ན། པ་རཱ་ཞེས་པ་མཆོག་གམ་ཕ་རོལ་གྱི་བུད་མེད་རང་འོད་ཀྱི་ཕྱག་རྒྱ་བདག་མེད་མ་དང་མཚུངས་པ་མཛེས་པར་བསྒོམས་པའོ། །ཞེས་དགོངས་པའི་དོན་བཤད་པའོ། །ངེས་དོན་དུ། སྲོག་གཙུག་ཏོར་གྱི་བར་དུ་འགོག་པ་དང་། བརྗོད་དུ་མེད་པ་སྙིང་གའི་ནཱ་དའི་སྒྲས་ཆོས་སྟོན་པ་དང་། གཞན་གྱིས་མ་བྱིན་པའི་རིན་པོ་ཆེ་མགྲིན་པར་ས་བརྒྱད་པ་ལ་གནས་པས་ཐོབ་པ་དང་། གཞན་མཆོག་གི་བུད་མེད་ཕྱག་རྒྱ་ཆེན་མོ་དཔྲལ་བའི་པདྨར་ཁྱེར་བ་ཞེས་རྒྱུད་གཞན་དུ་ལེགས་པར་གསུངས་སོ། །བཞི་པ་བདེན་པ་གཉིས་བསྟན་


KMC011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། ཀུན་རྫོབ་བདེན་པ་བཤད་པ། དོན་དམ་དང་ཟུང་དུ་འབྲེལ་ཚུལ། རྟེན་འབྲེལ་ཙམ་དུ་བསྟན་པའོ། །དང་པོ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུལ་དེ་རྣམས་ཡང་ཅི་ལགས། དབང་པོ་རྣམས་ནི་གང་ལགས། སྐྱེ་མཆེད་ནི་ཅི་ལགས། ཕུང་པོ་རྣམས་ནི་གང་ལགས། ཁམས་རྣམས་དེ་ཡང་ཅི་ལགས། འདི་རྣམས་ཀྱི་རང་བཞིན་ནི་ཅི་ལགས། ཞེས་གསུངས་ཏེ། དམ་ཚིག་གསུངས་པའི་རྗེས་དེ་ནས་བདག་མེད་མ་ལ་སོགས་པའི་རྣལ་འབྱོར་མ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གོང་དུ་སྦྱང་གཞིར་གསུངས་པའི་གཟུང་བར་བྱ་བའི་ཡུལ་དེ་རྣམས་ཀྱང་ཅི་ལགས། དོན་སོ་སོ་ལ་དམིགས་ནས་བྱ་བ་ལྷག་པར་དབང་བྱེད་པ་པོ་རྣམས་ནི་གང་ལགས། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་ཅིང་རྒྱས་པར་བྱེད་པ་ནི་ཅི་ལགས། རྫས་དུ་མ་སྤུངས་པའི་ཕུང་པོ་རྣམས་ནི་གང་ལགས། རིགས་ཀྱི་དོན་དུ་གྱུར་པའི་ཁམས་རྣམས་དེ་ཡང་ཅི་ཙམ་ལགས། ཡུལ་ལ་སོགས་པ་འདི་རྣམས་ཀྱི་རང་བཞིན་ནི་


KMC011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལགས། ཞེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་དྲུག་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ཉིད། །འདི་རྣམས་ཡུལ་ནི་དྲུག་ཏུ་བརྗོད། །དབང་པོ་རྣམས་ནི་དྲུག་སྟེ། །མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་དང་དེ་བཞིན་ཡིད། །འདི་རྣམས་དབང་པོ་དྲུག་པོ་ནི། །གཏི་མུག་རྡོ་རྗེ་ལ་སོགས་ལྡན། །ཡུལ་དང་ཡུལ་ཅན་དག་གིས་ནི། །སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར། །ཕུང་པོ་ལྔ་ནི་གཟུགས་ལ་སོགས། །མཐར་ནི་རྣམ་ཤེས་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །ཅེས་གསུངས་ཏེ། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་ཤེས་ཀྱི་གཟུང་བྱའི་ཡུལ་དྲུག་ནི། མིག་གི་ཡུལ་སྔོན་པོ་ལ་སོགས་པའི་གཟུགས་ཉི་ཤུའམ། ཉི་ཤུ་རྩ་ལྔའི་གཟུགས་དང་། རྣ་བའི་ཡུལ་སྒྲ་བརྒྱད་དམ་བཅུ་གཅིག་དང་། དེ་བཞིན་དུ་སྣའི་ཡུལ་དྲི་བཞིའམ་དྲུག་དང་ནི། ལྕེའི་ཡུལ་རོ་དྲུག་གམ་བཅུ་གཉིས་


KMC011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་དུ་ལུས་ཀྱི་ཡུལ་རེག་བྱ་བཅུ་གཅིག་གམ་ཉི་ཤུ་རྩ་གཉིས་ཉིད་དང་། ཡིད་ཀྱི་ཡུལ་ཆོས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་གྱི་རང་བཞིན་བཅུ་དྲུག་པོ་ཉིད་དེ། འདི་རྣམས་ལ་གཟུང་བའི་ཡུལ་ནི་དྲུག་ཏུ་བརྗོད་དོ། །འདིར་ཡུལ་གཟུགས་ཀྱི་དབྱེ་བ་ཉི་ཤུ་སོགས་སྔ་མ་རྣམས་ནི་ཐེག་དམན་ལུགས་མངོན་པ་འོག་མ་ལྟར་ལ། ཕྱི་མ་རྣམས་ཐེག་ཆེན་ལུགས་ཀུན་བཏུས་ལས་བཤད་པ་ལྟར་འགྲེལ་པ་ཀཽ་མུ་དཱིར་ཡང་འབྱུང་བས་མིང་ཙམ་སྨོས་ན། ཐེག་ཆེན་མངོན་པར་གསུངས་པའི་གཟུགས་ཉེར་ལྔ། སྔོ་སེར་དམར་དཀར་རིང་ཐུང་གྲུ་བཞི་ཟླུམ། །ཕྲ་རགས་ཕྱ་ལེ་བ་དང་ཕྱ་ལེ་མིན། །མཐོ་དམའ་གྲིབ་མ་ཉི་མ་སྣང་མུན་སྤྲིན། །དུ་རྡུལ་ཁུག་སྣ་མངོན་པར་སྐབས་ཡོད་པ། །རྣམ་པར་རིག་བྱེད་ནམ་མཁའ་མདོག་གཅིག་པའོ། །སྒྲ་ནི་སྙན་དང་མི་སྙན་གཉིས་ཀ་མིན། །ཟིན་དང་མ་ཟིན་འབྱུང་བར་བྱུང་གཉིས་ལ། །འཇིག་རྟེན་གྲགས་དང་གྲུབ་པས་བསྟན་གཉིས་གཉིས། །ཀུན་བརྟགས་འཕགས་མིན་ཐ་སྙད་བཏགས་བཅུ་གཅིག །ཞིམ་དང་མི་ཞིམ་མཉམ་དང་ལྷན་ཅིག་སྐྱེས། །སྦྱར་དང་གྱུར་པ་ལས་བྱུང་དྲི་རྣམས་དྲུག །རོ་ནི་མངར་


KMC011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱུར་ལན་ཚྭ་ཁ་ཚ་བསྐ། །ཡིད་འོང་མི་འོང་གཉིས་མིན་ལྷན་སྐྱེས་དང་། །སྦྱར་བྱུང་གྱུར་པ་བསྣན་པས་བཅུ་གཉིས་སོ། །རེག་བྱ་འཇམ་རྩུབ་ལྕི་ཡང་མཉེན་དང་ལྷོད། །ལྷོད་མིན་གྲང་བཀྲེས་སྐོམ་ཚིམས་ཉམ་ཆེ་ཆུང་། །བརྒྱལ་གཡའ་འགྲེད་དང་ན་རྒ་འཆི་ངལ་བ། །ངལ་སོས་སྤུང་ཆེ་ཉི་ཤུ་རྩ་གཉིས་སོ། །ཆོས་ཁམས་འདུས་བྱས་བསྡུས་པ་ལས་གྱུར་དང་། །མངོན་པར་སྐབས་ཡོད་ཡང་དག་བླངས་ལས་བྱུང་། །ཀུན་བརྟགས་དབང་འབྱོར་ཚོར་འདུ་འདུ་བྱེད་བརྒྱད། །འདུས་མ་བྱས་ནི་དགེ་དང་མི་དགེ་དང་། །ལུང་མ་བསྟན་གྱི་དེ་བཞིན་ཉིད་རྣམ་གསུམ། །ནམ་མཁའ་འགོག་དང་འདུ་ཤེས་མེད་སྙོམས་འཇུག །བརྟག་འགོག་བརྟག་མིན་འགོག་སྟེ་བརྒྱད་དུ་བཤད། །ཅེས་སོ། །ཡུལ་ལ་ལྷག་པར་དབང་བྱེད་པའི་དབང་པོ་རྣམས་ནི་དྲུག་སྟེ། གཟུགས་ལ་དབང་བྱེད་པ་མིག་གི་དབང་པོ་ནི་ཟར་མའི་མེ་ཏོག་ལྟ་བུའོ། །སྒྲ་ལ་དབང་བ་རྣ་བའི་དབང་པོ་ནི་གྲོ་གའི་འཛེར་བུ་བཅུས་པ་ལྟ་བུའོ། །དྲི་ལ་དབང་བ་སྣའི་དབང་པོ་ནི་ཟངས་མའི་མོ་ཁབ་གཤིབས་པ་ལྟ་བུའོ། །རོ་ལ་དབང་བ་ལྕེའི་དབང་པོ་ནི་ཟླ་བ་བཀས་པ་ལྟ་བུའོ། །རེག་ལ་


KMC011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བ་ལུས་ཀྱི་དབང་པོ་ནི་བྱ་རེག་འཇམ་གྱི་ལྤགས་པ་ལྟ་བུའོ། །དེ་དག་ལའང་གྲུབ་མཐའི་འདོད་ལུགས་ཀྱིས་ཀུན་གཞིའི་རྣམ་ཤེས་ཀྱི་གཟུང་བྱ་དབང་པོ་ལྔར་སྣང་བ་ལ་དབང་པོར་འདོད་པ་དང་། ས་བོན་ནམ་ནུས་པ་ལ་འདོད་པ་དང་། གཟུགས་ཅན་དང་བ་ལ་འདོད་པ་གསུམ་མོ། །ཆོས་ལ་དབང་བྱེད་པ་ཡིད་ཀྱི་དབང་པོ་ནི་རྣམ་པར་ཤེས་པའི་ཁམས་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ། དེ་བཞིན་ཞེས་པ། སྒོ་ལྔའི་ཤེས་པ་ལ་ཐུན་མོང་མིན་པའི་བདག་རྐྱེན་སོ་སོར་ཡོད་པ་དེ་བཞིན་དུ། དྲུག་པ་ཡིད་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ནི། རྣམ་པར་ཤེས་པའི་ཁམས་དྲུག་ལ་བཤད་པའི་དོན་དེ་མ་ཐག་ཡིད་དེ། མདྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་གསུངས་པ་ལྟར་རོ། །ཡང་ན། ཉོན་མོངས་པ་ཅན་གྱི་ཡིད་ལ་དེར་འདོད་པའང་ཡོད་མོད་ཀྱི། བདུན་ཡིད་འཆད་པ་ན། ཉོན་མོངས་པ་བཞིས་འཁྱུད་པའི་བདུན་ཡིད་དང་། སྦྱིན་སོགས་དཀར་པོའི་ཆོས་ཀྱིས་ཁྱུད་པའི་བདུན་ཡིད་དང་། དེ་གཉིས་གང་དུའང་མ་འདུས་པའི་བདུན་པ་དེ་མ་ཐག་ཡིད་དང་གསུམ་གྱི་རྣམ་བཞག་ཀྱང་འབྱུང་བས་སོ། །དེ་ལྟར་


KMC011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ན་མིག་ནས་ཡིད་ཀྱི་བར་འདི་རྣམས་ལ་དབང་པོ་དྲུག་ཏུ་བཞེད་དོ། །དྲུག་པོ་དེ་རྣམས་ནི་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག་དང་དབྱེར་མེད་དུ་ལྡན་པའོ། །ཕྱིའི་ཡུལ་གཟུགས་ལ་སོགས་པ་དྲུག་དང་ནང་གི་ཡུལ་ཅན་མིག་གི་དབང་པོ་ལ་སོགས་པ་དྲུག་དག་གིས་ནི་སྐྱེ་མཆེད་བཅུ་གཉིས་དག་ཏུ་འགྱུར་ཏེ། སྡུག་བསྔལ་དང་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པའི་དོན་གྱིས་སོ། །ཕུང་པོ་ལྔ་ནི་རྒྱུ་དང་འབྲས་བུ་ལ་སོགས་པའི་གཟུགས་ཀྱི་ཕུང་པོ་དང་། ལ་སོགས་པས་བསྟན་པ་གཞན་ཡང་བདེ་སྡུག་བཏང་སྙོམས་པའི་ཚོར་བའི་ཕུང་པོ་དང་། མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་འདུ་ཤེས་ཀྱི་ཕུང་པོ་དང་། སེམས་དང་མཚུངས་པར་ལྡན་པའི་སེམས་བྱུང་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གཏོགས་པའི་འདུ་བྱེད་ཀྱི་ཕུང་པོ་དང་། དེ་དག་གི་མཐར་ནི་དོན་གྱི་རྣམ་པར་ཤེས་པས་ཕུང་པོ་རྣམས་ཀྱི་མཐའ་མར་བསྟན་པ། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་ཕུང་པོ་སྟེ། སྙིང་རྗེ་ཆེན་པོ་ཞེས་ཞུ་བ་པོ་ལ་བོས་ནས་བཤད་མ་ཐག་པ་ལྔ་པོ་འདི་རྣམས་ནི་རིགས་འདྲ་དུ་མ་སྤུངས་པའི་ཕྱིར་ཕུང་པོ་ཡིན་ནོ། །དེ་བཞིན་དུ་ཁམས་ལ་དབྱེ་ན་དབང་པོའི་


KMC011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དྲུག་དང་ནི་ཡུལ་གྱི་ཁམས་དྲུག་ཉིད་དང་དབང་པོའི་རྣམ་པར་ཤེས་པའི་ཁམས་དྲུག་ཉིད་དེ། འདི་རྣམས་བསྡུས་པས་ནི་ཞུ་བ་པོ་རྣལ་འབྱོར་མ་རྣམས་ཀྱི་ངོར་མཛད་ནས། གདུལ་བྱ་རྣམས་ཀྱིས་གོ་བར་བྱ་བའི་ཕྱིར། ལུས་ཡོངས་སུ་བཟུང་བ་གཉིས་ཀྱིས་འདས་པ་དང་ད་ལྟའི་ཉེ་བར་སྤྱོད་པ་རྣམ་པ་དྲུག་འཛིན་པའི་ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད་དོ་ཞེས་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །འདི་རྣམས་ཀྱི་ངེས་དོན་སམྦུ་ཊིར། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཅེས་སོགས་དང་། གུར་ལས་ཀྱང་། འབྱུང་བ་སྔར་དེ་ཁོ་ན་ཉིད་ཀྱི་ལེའུར་ཕྱོགས་ཙམ་སྨོས་པ་ལྟར་རྟོགས་སླ་བ་ཉིད་དོ། །གཉིས་པ་དོན་དམ་དང་ཟུང་དུ་འབྲེལ་ཚུལ་ནི། རང་བཞིན་གདོད་ནས་མ་སྐྱེས་པ། །བརྫུན་མིན་བདེན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་གྱིས། །ཞེས་གསུངས་ཏེ། ཡུལ་དབང་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་པའི་ངོར་སྣང་བའི་དངོས་པོ་དེ་རྣམས་ཀྱི་རང་བཞིན་གདོད་མ་སྟེ་ཐོག་མ་མེད་པའི་དུས་ནས་མ་སྐྱེས་པ་དོན་དམ་པའི་བདེན་པ་ལས་མ་གཡོས་ཀྱང་། འཁྲུལ་པའི་སྣང་བ་ཀུན་རྫོབ་ཏུ་མི་བསླུ་བས་བརྫུན་མིན་ལ། དོན་དམ་


KMC011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེ་འགག་གནས་པར་སྣང་བ་གཏན་ནས་མ་གྲུབ་པས་བདེན་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ་བདེན་བརྫུན་གྱི་མཐའ་གཉིས་སྤངས་ནས། ཆོས་ཐམས་ཅད་སྣང་རིག་སྟོང་པ་ཟུང་འཇུག་མཚོན་པའི་དཔེ་ཆུའི་ནང་དུ་ནམ་མཁའི་ཟླ་བའི་གཟུགས་བརྙན་ཤར་བ་ལྟ་བུར་དེ་ཁོ་ན་ཉིད་ཇི་ལྟ་བར་རྟོགས་པའི་མཁས་པ་རྣམས་ཀྱིས་འདོད་པས། སྣང་ལ་རང་བཞིན་མ་གྲུབ་པའི་དོན་དེ་རྣལ་འབྱོར་མའི་ཚོགས་ཀྱིས་ཀྱང་ཤེས་པར་གྱིས་ཤིགཅེས་པའི་དོན་འདི་ཉིད་བླ་མ་དམ་པའི་བྱིན་རླབས་དང་། དམ་ཚིག་དང་སྡོམ་པ་གཙང་བ། རང་གིས་ཉམས་སུ་བླངས་པའི་སྟོབས་ལས་རྗེས་སུ་འཇུག་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རྟོགས་པར་འགྱུར་བར་བསྟན་པའོ། །གསུམ་པ་རྟེན་འབྲེལ་ཙམ་དུ་བསྟན་པ་ནི། འདི་ལྟ་སྟེ། གཙུབ་ཤིང་དང་གཙུབ་སྟན་དང་སྐྱེས་བུའི་ལག་པའི་རྩོལ་བ་ལས་གློ་བུར་དུ་མེ་སྐྱེ་བར་འགྱུར་རོ། །མེ་འདི་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མ་ཡིན། སྐྱེས་བུའི་ལག་པ་དག་ལ་ཡང་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ནའང་ཡོད་པ་མ་ཡིན་པས་མེ་དེ་ཡང་བདེན་པ་ཡང་མ་ཡིན་བརྫུན་པ་ཡང་མ་


KMC011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མས་ཡིད་ལ་གྱིས་ཤིག །ཅེས་གསུངས་ཏེ། ཡེ་ཤེས་སྐྱེ་བའི་ཚུལ་དཔེ་དང་སྦྱར་ནས་བཤད་ན་འདི་ལྟ་སྟེ། ཤིང་སྐམ་པོ་སྲ་བའི་གཙུབ་ཤིང་དང་། གཤེར་བ་མ་ཡིན་པའི་གཞི་གཙུབ་གཏན་དང་། སྐྱེས་བུའི་ལག་པ་གཉིས་ཀྱིས་བསྒྲིལ་བའི་རྩོལ་བ་ལས། དྲོད་ཀྱི་མེའི་ཁམས་སྟོབས་སུ་གྱུར་པའི་མོད་ལ། གློ་བུར་དུ་ཤིང་ལས་མེ་སྐྱེ་བར་འགྱུར་རོ། །དེའི་ཚེ་བརྟགས་པས་མེ་འདི་གཙུབ་ཤིང་ལ་ཡང་མངོན་སུམ་དུ་མི་གནས། གཙུབ་གཏན་ལ་ཡང་གནས་པ་མ་ཡིན། སྐྱེས་བུའི་ལག་པ་དག་ལ་ཡང་གནས་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་དེ་ལྟར་ཡོངས་སུ་དཔྱད་ཅིང་བཙལ་ན་དེ་དག་གཅིག་ནའང་ཡོད་པ་མ་ཡིན་པས། མེ་བྱུང་བ་བརྟགས་ན་གང་ལས་ཀྱང་སྐྱེ་བ་མེད་པས་བདེན་པ་ཡང་མ་ཡིན། དངོས་སུ་ཚོགས་པ་ལས་སྐྱེ་བས་ཀུན་རྫོབ་ཙམ་དུའང་མི་དམིགས་པའི་བརྫུན་པ་ཡང་མ་ཡིན་ནོ། །དཔེ་དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་རང་བཞིན་དམིགས་སུ་མེད་པ་ལས། ཀུན་རྫོབ་རྟེན་འབྲེལ་གྱི་དབང་གིས་ལུགས་འབྱུང་འཁོར་བ་དང་ལུགས་ལྡོག་མྱ་ངན་ལས་འདས་པར་འབྱུང་བའི་དོན་


KMC011_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འདི། རྣལ་འབྱོར་མས་ཡིད་ལ་གྱིས་ཤིག་ཅེས་པའོ། །དེ་ལྟར་བསྟན་པ་ཐམས་ཅད་དབང་བཞི་པ་ལས་འཕྲོས་པའི་དོན་དུ་རང་བྱུང་རྒྱལ་བས་བཞེད་ཅིང་། དེ་ཉིད་དམར་ཁྲིད་དུའང་གདམས་ཏེ། བླ་མའི་བྱིན་རླབས་གཙུབ་ཤིང་། སློབ་མའི་མོས་གུས་གཙུབ་གཏན། ཉམས་ལེན་གྱི་རྩོལ་བ་སྐྱེས་བུའི་ལག་པའི་འདུ་བྱེད་དེ་དཔེ་རེ་རེ་ལས་མེ་མི་སྐྱེ་བ་བཞིན་དུ་དོན་དེ་རྣམས་རེ་རེ་ལས་རྟོགས་པ་མི་སྐྱེ་ཞིང་ཐམས་ཅད་ཚོགས་པའི་རྟེན་འབྲེལ་གྱི་ནུས་པ་ལས་སྐྱེ་བར་བསྟན་ཏོ། །ལྔ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་ལ་གཉིས། དྲིས་ལན་གྱིས་ཡི་རང་བྱིན་རླབས་བསྟན་པ། དེའི་སྤྱོད་པ་ཇི་ལྟར་སྤྱད་ཚུལ་ལོ། །དང་པོ་ནི། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱིས་བདུད་རྩི་ལྔ་ཐོགས་ཤིང་དམ་ཚིག་གི་རྫས་ཐོགས་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བྱེད། ཀུནྡུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད། བདུད་རྩི་ལྔའི་རོ་ཡང་འཐུང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དགྱེས་ནས། རང་བྱིན་གྱིས་བརླབ་པ་བསྟན་པ། ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ། །སངས་


KMC011_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱིས་ཕྱག་མཛད་པ། །དེ་ཉིད་བདག་གིས་གསང་མཛད་པ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །བཤད་ཀྱིས་འདོད་པས་རབ་ཏུ་ཉོན། །ལྷ་མོ་ཐམས་ཅད་དགའ་བར་གྱུར། །རངས་པར་གྱུར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ། །ཞེས་གསུངས་ཏེ། དེ་ལྟར་བདེན་གཉིས་རྟེན་འབྲེལ་དང་བཅས་པ་བཤད་པ་དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པས་ཡེ་ཤེས་ཀྱི་རྟོགས་པ་མི་ཕྱེད་པས་ཆོས་ཀྱི་དབྱིངས་ལ་སྤྱོད་པའི་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད། ནང་གི་མཆོད་པ་བདུད་རྩི་ལྔའི་སྣོད་ཐོགས་ཤིང་དམ་ཚིག་གི་རྫས་ཤ་ལྔ་ལ་སོགས་པ་ཡང་ཐོགས་པས། དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བྱེད། གསང་བའི་མཆོད་པ་ཀུན་ཏུ་རུའི་སྦྱོར་བས་རྗེས་སུ་ཆགས་པས་མཉེས་པར་བྱེད། དེ་ཁོ་ན་ཉིད་ཀྱི་མཆོད་པ་བདུད་རྩིའི་རོ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་ཡང་འཐུང་བ་སྟེ་ཉམས་སུ་མྱོང་བར་བྱེད་དོ། །ཟག་མེད་ཀྱི་མཆོད་པའི་རྗེས་སུ། དེ་ནས་བཅོམ་ལྡན་འདས་འཁོར་རྣམས་


KMC011_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད་པའི་ཚུལ་དེས། སྤྲོས་མེད་བདེ་བ་ཆེན་པོའི་སྤྱོད་པ་སྟོན་པར་དོན་གྱིས་གསོལ་བ་བཏབ་པ་ལ་དགྱེས་ནས། སྒྱུ་མ་ལྟ་བུའི་སྐུ་རང་བྱིན་གྱིས་བརླབ་པ་བསྟན་པ། །ཞེས་སམ། ཤིན་ཏུ་སྤྲོས་པ་མེད་པའི་མཚན་ཉིད་ཅན་གྱི་སྤྱོད་པ་གང་གིས་རང་བྱིན་གྱིས་བརླབ་པའི་ཚུལ་སྟོན་པར་བཞེད་ནས། ཀྱེ་ཀྱེ་ཞེས་རྣ་བ་གཏོད་པའི་ཆེད་དུ་བསྐུལ་ནས། ཞེ་སྡང་དང་གཏི་མུག་སོགས་རྣམ་པར་དག་པའི་བདག་ཉིད་ཅན་ཡིན་པས་ཐམས་ཅད་ཀྱང་རྡོ་རྗེ་ཞེས་བྱ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཁའ་ལ་འགྲོ་བ་མ་ཞེས་བོས་ཏེ། གང་འཆད་པའི་སྤྱོད་པ་འདི་སངས་རྒྱས་ཀུན་གྱིས་ཀྱང་ངོ་མཚར་བས་ཕྱག་སྟེ་གུས་ཤིང་འདུད་པར་མཛད་པ་ཞེས་སམ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྤངས་རྟོགས་ཅི་རིགས་རྫོགས་པའི་བྱང་སེམས་ཆེན་པོ་རྣམས་ཀྱིས་འདུད་ཅིང་ཕྱག་འཚལ་བར་མཛད་པ། རང་བྱིན་རླབས་ཀྱི་མིང་ཅན་ཡེ་ཤེས་ཀྱི་སྐུ་སྒྲུབ་ཐབས་དེ་ཉིད། རྡོ་རྗེ་འཛིན་པ་བདག་གིས་སྐལ་པ་དང་མི་ལྡན་པ་རྣམས་ལ་གསང་བར་མཛད་པ་ལ། ཁྱེད་རྣམས་ཀྱིས་ཐབས་ཤེས་མི་ཕྱེད་པའི་རྡོ་རྗེ་མཆོད་པའི་བྱིན་རླབས་སམ་མཐུ་ཡིས་སྤྱོད་པ་དེ་བཤད་


KMC011_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྣལ་འབྱོར་མ་ཁྱེད་རྣམས་འདོད་པའི་དད་པས་རབ་ཏུ་ཉོན་ཅིག་ཅེས་བཀའ་སྩལ་པས། བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་བཀའ་སྩལ་པ་དེས་ཟབ་མོའི་གནས་ཐོབ་པར་སྤྲོ་བས་དགའ་བར་གྱུར། ངོ་མཚར་བས་སེམས་རངས་པར་གྱུར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་བཞུགས་པའི་ཕྱོགས་དེར་ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་ཏེ། གུས་པ་ཆེན་པོས་ལུས་བཏུད་ནས། བཅོམ་ལྡན་འདས་ཀྱི་རྡོ་རྗེའི་གསུང་རྩེ་གཅིག་ཏུ་ཉན་ཏོ། །གཉིས་པ་ལ་གསུམ། ལུས་ངག་ཡིད་གསུམ་གྱི་ཁྱད་པར། བཟའ་བ། སྤྱོད་ལམ་མོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟའ་བཏུང་ཇི་ལྟར་རྙེད་པ་དང་། །བགྲོད་དང་བགྲོད་མིན་མི་སྤང་ཞིང་། །ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་རབ་ཏུ་སྤང་། །བློ་ལྡན་སྔགས་ཉིད་མི་བཟླ་ཞིང་། །བསམ་གཏན་ཉིད་ནི་དམིགས་མི་བྱ། །གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །བ་ལ་ཐམས་ཅད་བཟའ་བར་བྱ། །ཁ་དོག་ལྔ་ལ་མཉམ་པར་སྤྱད། །དོགས་པ་མེད་པའི་སེམས་ཀྱིས་ནི། །བཙུན་མོ་ཐམས་ཅད་


KMC011_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་བྱ། །མཛའ་བོ་སྡུག་པར་མི་བྱ་ཞིང་། །དེ་བཞིན་གདུག་ལ་ཞེ་སྡང་ཉིད། །རྡོ་ཤིང་འཇིམ་པའི་བདག་ཉིད་ཀྱི། །ལྷ་འདི་རྣམས་ལ་ཕྱག་མི་བྱ། །གཡུང་པོ་གདོལ་པ་ཀོ་ལྤགས་མཁན། །ཕྱག་དར་མཁན་སོགས་རེག་རིང་དང་། །བྲམ་ཟེ་རྒྱལ་རིགས་རྗེའུ་དམངས་རྣམས། །བདག་གི་ལུས་ལྟར་རེག་པ་ཉིད། །ཅེས་གསུངས་ཏེ། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས། དྲོད་གསུམ་པོ་གང་རུང་ཐོབ་ནས། རྡོ་རྗེའི་ལུས་ཐོབ་པར་བྱ་བའི་ཆེད་དུ། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་བསླབ་པར་འདོད་པས། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟོགས་པ་བརྟན་པོས། ཡུལ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་མཉམ་པས་བཟའ་བཏུང་བཟང་ངན་བར་མ་ཇི་ལྟར་རྙེད་པ་ལོངས་སྤྱོད་པ་དང་། རིགས་དང་མཐུན་པ་ཆུང་མ་སོགས་ལ་བགྲོད་ཅིང་སྤྱད་པ་དང་རིགས་མི་མཐུན་པ་དང་མ་སྲིང་སོགས་ལ་བགྲོད་ཅིང་སྤྱད་པའི་ཡུལ་མིན་ཅེས་མི་སྤང་ཞིང་། ཕྱིའི་དག་བྱེད་འཇུག་ངོགས་སུ་ཁྲུས་དང་ཉེ་རེག་སོགས་གཙང་སྦྲ་མི་བྱ་སྟེ། གྲོང་གི་ཆོས་འཇིག་རྟེན་ཆོས་བརྒྱད་ནི་རབ་ཏུ་སྤང་ཞེས་པའམ། ངོ་ཚ་བསྲུང་སྡོམ་སོགས་གྲོང་གི་ཁ་ན་མ་ཐོ་བ་སྤང་བྱའི་


KMC011_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ནི་རབ་ཏུ་སྤང་ངོ་། །ཞེས་པ་སྟེ་སྤང་བྱ་དང་བླང་བྱ་མཚན་འཛིན་དུ་རྟོགས་པ་མེད་པས་ན་གཉེན་པོའང་མི་དགོས་སོ་རླུང་སྔགས་དབྱེར་མེད་པར་ངེས་པའི་བློ་དང་ལྡན་པས་ཕྱིའི་སྔགས་ཉིད་མི་བཟླ་ཞིང་། སྣང་བ་ལྷར་ཤར་བ་ལས་གཞན་དུ་རྣམ་རྟོག་གིས་རྩོལ་བའི་ལྷ་སྒོམ་པ་སོགས་བསམ་གཏན་ནི་དམིགས་པར་མི་བྱ་བ་དང་། འོད་གསལ་འཁོར་ཡུག་ཏུ་གྱུར་པས་གཉིད་ནི་སྤང་བར་མི་བྱ་སྟེ། ཀུན་རྫོབ་དོན་དམ་དབྱེར་མེད་དུ་ཡུལ་ཡུལ་ཅན་དག་པས་མིག་སོགས་དབང་པོ་རྣམས་ནི་ཡུལ་ལ་འཇུག་པའང་མི་དགག་གོ། །བ་ལ་ཞེས་པ་སྟོབས་ཏེ་ཤའི་བྱེ་བྲག་ཐམས་ཅད་དབང་པོའི་སྟོབས་སྐྱེད་པའི་དོན་དུ་བཟའ་བའམ་སོ་སོར་སྡུད་པའི་རྣལ་འབྱོར་དང་། ཁ་དོག་གི་སྐད་དོད་ཝརྞ་ནི་རིགས་དང་ཁ་དོག་གཉིས་ཀ་ལ་འཇུག་པས། སྔ་མ་ལྟར་ན་རིགས་ལྔའི་ཕྱག་རྒྱ་གང་རྙེད་གདམས་ཀ་མེད་པ་སྤྱད་དེ། དེའང་འཇིགས་པ་དང་ངོ་ཚ་བའི་དོགས་པ་མེད་པའི་སེམས་ཀྱིས་བཙུན་མོ་སྟེ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྙོམས་པར་འཇུག་པས་དགའ་བར་བྱ་བའམ་། དོན་དམ་ལྟར་ན་ཁ་དོག་སྟེ་བསམ་གཏན་གྱི་ཡན་ལག་ལྔ་མཉམ་པར་ཏེ་


previousཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།next