ཤོག་ལྷེབ་ ༡༩ ནས་ ༡༠༠ བར།
མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་མྱུར་ལམ་བཀའ་བརྒྱུད་བླ་མ་རྣམས་ཀྱི་རྡོ་རྗེའི་མགུར་དབྱངས་ཡེ་ཤེས་ཆར་འབེབས་རང་གྲོལ་ལྷུན་གྲུབ་བདེ་ཆེན་རབ་འབར་ངེས་དོན་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །མ་
ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣལ་འབྱོར་ཀྱི་དབང་ཕྱུག་སངས་རྒྱས་མཉན་པ་ཆེན་པོའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང་འབྲལ་བ་མེད་པའི་མཆོག་གི་དངོས་གྲུབ་སྩོལ་ཞིག །བཀའ་བརྒྱུད་རྡོ་རྗེ་འཆང་ནས་བཟུང་སྟེ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་བར་དུ་བྱོན་པའི་དཀོན་མཆོག་གསུམ་པོ་དེ་དག་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་འཆང་གི་སྐུར་གསལ་བ་ལ་ཕྱོགས་བཅུའི་ཞིང་
རབ་འབྱམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་ཕྱག་རྒྱ་ཆེ། །བདག་གི་ཡེ་ཤེས་སྤེལ་སླད་ཕྱིར། །རྟེན་འདི་ཉིད་དུ་དབྱེར་མེད་གསོལ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །གང་ཚེ་མཆོད་ཡུལ་མ་དམིགས་ཤིང་། །མཆོད་བྱེད་མཆོད་པ་མ་གྲུབ་པ། །དེ་ཚེ་མཆོད་པ་བླ་ན་མེད། །རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །ཞེས་སོགས་ནས་མཎྜལ་དང་། རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ། །ཞེས་སོགས་ཀྱི་བསྟོད་པ་རྣམས་ཀྱིས་བསྟོད་ནས། དང་པོར་བཀའ་བརྒྱུད་རྡོ་རྗེ་འཆང་གི་མགུར་ནས་བཟུང་སྟེ་ཁོ་བོའི་མགུར་གྱི་བར་དབྱངས་སྙན་པོས་འདོན་པར་བྱ་སྟེ། དེ་ཡང་ཚིག་ལྷད་མ་ཞུགས་ཤིང་དབྱངས་སྙན་པོས་འདོན་པ་དང་། ཡིད་ལ་དེ་དག་གི་དོན་ལེགས་པར་བསྒོམ་ཞིང་རྒྱུད་ལ་ཅི་འདྲེ་འདྲེ་བྱེད། ལྷག་པར་དུས་བཟང་བཞི་ལ་
སངས་རྒྱས་མཉན་པའི་སྐུ་འབག་གི་མདུན་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་བླངས་ཏེ་མགུར་མ་བྱ་ཞིང་། གཞན་ཡང་ཉི་ཤུ་དགུའི་དུས་སུ་སངས་རྒྱས་མཉན་པའི་དུས་ཆེན་ལ་མགུར་གྲ་ལེགས་པར་སྒྲིག་པ་དང་། གཞན་ཡང་ནད་ཡམས་དང་འགལ་རྐྱེན་སོགས་མི་མཐུན་པས་གཙོས་པ་དང་། གཤིན་པོ་ལ་སོགས་པ་རྣམས་ཀྱི་དོན་དུ་མགུར་གྲ་ལེགས་པར་སྒྲིག་པར་ཞུ། ༈ ན་མོ་གུ་རུ། གསང་བའི་དགྱེས་པ་སྡོམ་མཛད་པ། །ཤྲཱི་ཧེ་རུ་ཀ་ལ་གསོལ་བ་འདེབས། །འོད་དགའ་བ་རྩེ་བའི་དུར་ཁྲོད་ན། །ཡུམ་ཡེ་ཤེས་མཁའ་འགྲོར་གསོལ་བ་འདེབས། །གནས་ཨོ་རྒྱན་གསང་བའི་བྷ་ག་ན། །དཔལ་ཏཻ་ལོ་སངས་རྒྱས་ལ་གསོལ་བ་འདེབས། །ཡུམ་ཡེ་ཤེས་མཁའ་འགྲོའི་སྤྱོད་ཡུལ་ན། །གྲུབ་ཆེན་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །བདག་མེད་ལྷ་མོའི་ཚོགས་འཁོར་བའི། །རྗེ་ལྷོ་པ་ཡབ་སྲས་ལ་གསོལ་བ་འདེབས། །མཁའ་སྤྱོད་བཙུན་མོའི་ནང་རོལ་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །བཀའ་ཕྱག་རྒྱ་ཆེན་པོའི་དོན་རྒྱུད་པ། །རྗེ་ལྷ་རྗེ་ཁུ་དབོན་ལ་གསོལ་བ་
འདེབས། འོད་གསལ་གྱི་རྫུ་འཕྲུལ་སྟོན་མཛད་པ། །རྗེ་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །གདུལ་དཀའ་ཚར་གཅོད་ཀྱི་ཕྲིན་ལས་པ། །རྗེ་སངས་རྒྱས་རས་ཆེན་ལ་གསོལ་བ་འདེབས། །སྣང་སྲིད་ཟིལ་གནོན་གྱི་རང་དབང་ཅན། །རྗེ་སྤོམ་བྲག་ཆེན་པོ་ལ་གསོལ་བ་འདེབས། །ཤར་ཀང་པོ་གངས་རའི་སྒྲུབ་བརྒྱུད་པ། །རྗེ་ཀརྨ་པ་ལ་གསོལ་བ་འདེབས། །གནད་ཕོ་ཉ་མུ་དྲའི་བདག་ཉིད་ཅན། །རྗེ་གྲུབ་ཐོབ་ཆེན་པོ་ལ་གསོལ་བ༴ རྒྱུད་བདེ་བའི་མཁྱེན་པ་སྤེལ་མཛད་པ། །རྗེ་རང་བྱུང་རྡོ་རྗེ་ལ༴ འོད་རྡོ་རྗེ་དྭངས་མའི་གཞལ་ཡས་ན། །རྒྱལ་བ་གཡུང་སྟོན་ཞིག་པོ་ལ༴ ལྷ་དཀྱིལ་འཁོར་འདུས་པའི་དམ་ཚིག་ཅན། །རྗེ་རོལ་པའི་རྡོ་རྗེ་ལ༴ གླུ་འདོད་ཆེན་འབར་བའི་སྙན་དངགས་ན། །རྗེ་མཁའ་སྤྱོད་དབང་པོ་ལ་གསོལ༴ དཔལ་མི་ཕམ་རྣལ་འབྱོར་ཅོད་པན་ན། །རྗེ་དེ་བཞིན་གཤེགས་པ་ལ༴ སེམས་བདེ་རླུང་གི་རོ་ཆེན་མྱོང་མཛད་པ། །རྗེ་ཆོས་དཔལ་
ཡེ་ཤེས་ལ་གསོལ་བ་འདེབས། །དྲག་ཆེན་གྱི་ཐིག་ལེ་གདལ་བ་པོ། །རྗེ་རཏྣ་བྷ་དྲ་ལ༴ མཁའ་ཁྱབ་ཏུ་བདེ་བའི་ཀུ་ཅོ་ཅན། །རྗེ་མཐོང་བ་དོན་ལྡན་ལ༴ འཇམ་དབྱངས་ཀྱི་དགའ་བས་ཆེར་མྱོས་པའི། །རྗེ་བན་སྒར་ཀུན་མཁྱེན་ལ༴ ཟབ་གསལ་གྱི་རྟོགས་པ་དོན་བྱེད་པ། །རྗེ་གོ་ཤྲི་ཆེན་པོ་ལ༴ སྤྲོས་བྲལ་གྱི་ལྟ་སྟངས་གྲུབ་པའི་རོ། །རྗེ་ཆོས་གྲགས་རྒྱ་མཚོ་ལ༴ མཆོག་ཁ་སྦྱོར་གྱི་ཡན་ལག་རྫོགས་པའི་ཐུགས། །རྗེ་སངས་རྒྱས་མཉན་པ་ལ༴ བུ་རྗེས་འཇུག་ལ་མངོན་སུམ་ཞལ་སྟོན་པ། །རྗེ་མི་བསྐྱོད་རྡོ་རྗེ་ལ༴ མཁའ་ཁྱབ་ཀྱི་འགྲོ་ལ་བདེ་སྩོལ་བ། །དཔལ་དཀོན་མཆོག་ཡན་ལག་ལ༴ ཐུགས་སྙིང་རྗེ་ལྡན་པ་སྤྲུལ་པའི་སྐུ། །རྗེ་དབང་ཕྱུག་རྡོ་རྗེ་ལ༴ རླུང་ངྷཱུ་ཏིར་དག་པའི་ཕོ་བྲང་ནས། །རྗེ་ཆོས་ཀྱི་དབང་ཕྱུག་ལ༴ གནས་གཙུག་ཏོར་ཚངས་པའི་ཡུལ་ས་ན། །རྗེ་ཆོས་དབྱིངས་རྡོ་རྗེ་ལ། །གནས་ཟབ་གསལ་ལྷ་ཡི་ཕོ་བྲང་ནས། །རྗེ་གྲགས་པ་མཆོག་དབྱངས་ལ༴
གནས་དབྱིངས་དང་ཡེ་ཤེས་ཕོ་བྲང་ན། །དཔལ་ཡེ་ཤེས་སྙིང་པོ་ལ༴ གནས་གྲུ་འཛིན་ལྷ་ཡི་བ་གམ་ན། །རྗེ་ཡེ་ཤེས་རྡོ་རྗེ་ལ༴ ཟབ་གསལ་གྱི་མཁྱེན་པ་རྨད་བྱུང་བ། །རྗེ་ཆོས་ཀྱི་དོན་གྲུབ་ལ༴ མཆོག་འཇིགས་མེད་དོན་ཀུན་གྲུབ་པ་ན། །རྗེ་བྱང་ཆུབ་རྡོ་རྗེ་ལ༴ མཁྱེན་གཉིས་ཀྱི་བསྟན་པའི་ཉི་འོད་བརྡལ། །རྗེ་ཆོས་ཀྱི་འབྱུང་གནས་ལ༴ བདེ་ཆེན་གྱི་འཁོར་ལོར་རྟག་རོལ་བ། །རྗེ་བདུད་འདུལ་རྡོ་རྗེ་ལ་གསོལ༴ སྣང་སྲིད་ཀུན་སྒྱུ་མའི་ངང་ཚུལ་ཅན། །རྗེ་ཆོས་གྲུབ་རྒྱ་མཚོ་ལ་གསོལ༴ དོན་འགྱུར་མེད་ཆོས་སྐུའི་ཕོ་བྲང་ནས། །རྗེ་པདྨ་ཉིན་བྱེད་ལ༴ འབྲེལ་ཚད་ཀུན་ཕྱིར་མི་ལྡོག་ལ་བཀོད། །རྗེ་ཐེག་མཆོག་རྡོ་རྗེ་ལ༴ མཆོག་བདེ་སྟོང་སྒྱུ་མའི་རོལ་མོ་མཁན། །རྗེ་བློ་གྲོས་མཐའ་ཡས་ལ༴ མཚན་ཐོས་ཚད་ཐར་པའི་ལམ་ལ་དཀྲི། །རྗེ་མཁའ་ཁྱབ་རྡོ་རྗེ་ལ༴ དཔལ་བདུད་བཞིའི་དཔུང་རྣམས་འཇོམས་མཛད་མཁན། །རྗེ་པདྨ་དབང་མཆོག་ལ༴ དུག་མ་རིག་གཉིས་
འཛིན་འགྲོལ་མཛད་མཁན། །རྗེ་འཇམ་མགོན་བླ་མར༴ དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་པ། །ཁྱབ་བདག་རིག་པའི་རྡོ་རྗེ་ལ་གསོལ་བ་འདེབས། །ཆོས་བདེན་གཉིས་ཀྱི་ཐ་སྙད་གྲོལ་བ་དང་། །ལམ་ཟང་ཐལ་གྱི་རེ་དོགས་སྤངས་པ་ཡི། །དོན་ཐ་མལ་གྱི་ཤེས་པ་རྗེན་པ་ལ། །སངས་རྒྱས་ལ་ལག་གཏད་བྱེད་པར་ཤོག། ༈ ན་མོ་གུ་རུ། མི་ལས་འདས་པའི་སྐྱེས་ཆེན་སྐྱེ་འཆི་ལ་རང་དབང་ཐོབ་ཅིང་མངོན་པར་ཤེས་པའི་རྫུ་འཕྲུལ་རྒྱ་ཆེན་པོ་མངའ་བ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གནས་ངན་ལེན་གྱི་དྲི་མ་དང་བྲལ་བ། དེ་བཞིན་གཤེགས་པའི་གསུང་རབ་མཐའ་དག་གི་དགོངས་པ་འགྲེལ་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ། སྙིགས་མའི་དུས་སུ་མཁྱེན་རབ་དང་ཐུགས་རྗེ་ཐོགས་པ་མེད་པ། སེང་གེ་སྲབ་མེད་ནམ་མཁར་འཕྱོ་བ་ལྟ་བུ་རང་སྣང་རྣམ་པར་དག་ནས་གཞན་སྣང་བསྒྱུར་བར་ནུས་པའི་རྗེ་བཙུན་དམ་པ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་དཔལ་ལྡན་བླ་མ་དཀོན་མཆོག་གསུམ་གྱི་ངོ་བོ་བདེ་བ་ནས་བདེ་བར་བྱོན་པ་རྣམས་ཀྱིས་སེམས་ཅན་སྡུག་བསྔལ་ནས་སྡུག་བསྔལ་དུ་འགྲོ་བ་རྣམས་ལ་ཐུགས་རྗེའི་དགོངས་པ་བསྐུལ་བའི་ཕྱིར་ཞལ་གདམས་
གསོལ་བ་འདེབས་པ་མང་དག་ཅིག་གསུངས་པ་ལས། ཁ་འཐོར་བ་ཅི་རིགས་པ་ཞིག་ཟིན་བྲིས་སུ་བྱས་པ་ནི་འདི་ལྟ་སྟེ། དེ་ཡང་རང་ལོ་སོ་གཉིས་པ་ཧོར་ཟླ་བདུན་པའི་གནམ་གང་གི་ནུབ་མོ་རྨི་ལམ་དུ་ས་གཞི་ནམ་མཁའ་དང་བཅས་པ་བུན་ལོང་དུ་བྱེད་པ་ལ། དམར་ཆེན་དང་། ལྗང་ཆེན་དང་། སྔོ་དྭངས་དང་། དཀར་ཆེན་དུ་ལམ་ལམ་བྱེད་པའི་འཕྲོ་ཞིག་ནས་ནམ་མཁའ་རྣམ་པར་དག་པ་སྔོ་མཐིང་གི་དབུས་ན་རྟེན་མེད་པར་རྗེ་དུས་གསུམ་མཁྱེན་པ་དེ་ཆོས་གོས་རྣམ་གསུམ་ཞྭ་ནག་དང་བཅས་པ་ཕྱག་མཉམ་བཞག་ཕྱེད་ལོག་གེ་བ་ཞིག་དང་ཕྱེད་མ་སྐྱིལ་ཀྲུང་གིས་ལམ་བྱུང་བས་ཧ་ཐལ་ཆེས་པའི་མི་བཟོད་པའི་ཉམས་ཞིག་བྱུང་བས་རྟོག་མེད་ལ་དར་ཅིག་སོང་བས། རྗེས་ནས་རྟོག་པ་ཞིག་སྐྱེས་ཙ་ན་རྗེ་དུས་གསུམ་མཁྱེན་པ་དེ་སྐུ་ཁྲ་ཚུབ་བེར་སོང་ནས་ནམ་མཁའ་ཐམས་ཅད་འཇའ་ཚོན་བརྗོད་མི་ཤེས་པའི་འོད་ཟེར་དུ་སོང་བའི་བར་ནས་བདུད་རྩི་དང་མེ་ཏོག་གི་ཆར་ཁྲ་ཆོལ་ལེ་འབབ་ཀྱིན་འདུག་པས། གུ་རུ་རཏྣ་མའི་གསོལ་འདེབས་ལ་ངེས་ཤེས་རྙེད། །དེ་ནས་ཕྱི་ཉིན་གཉིད་སད་ནས་ཀྱང་ཉི་མ་ཕྱེད་ཙམ་གྱི་བར་དུ་སྣང་བ་ཟི་བུན་ནེ་བ་ལ་སོང་བ་ཞིག་བྱུང་བ་གཞན་ལ་མི་བསྒྲགས་སྙམ་ཡང་དེ་ལྟ་བུ་ལ་དགའ་ཚོར་བློས་མི་བཟོད་པ་བྱུང་ནས་ལོ་རྒྱུས་ཡི་གེར་བྲིས་ཏེ་གསོལ་བ་བཏབ་པ་ནི། ༈ ཕ་དྲན་ནོ་དེ་དུས་གསུམ་གྱི་སངས་རྒྱས་དྲན། །ཕ་
དྲན་ནོ་དེ་དུས་གསུམ་གྱི་མཁྱེན་པ་དྲན། །ཕ་དྲན་ནོ་དེ་ཀརྨའི་བཀའ་བརྒྱུད་དྲན། །ཕ་དྲན་ནོ་དེ་སྒྲུབ་བརྒྱུད་ཀྱི་ངོ་མཚར་དྲན། །བདག་འཁོར་བ་རུ་དོན་མེད་དེ་ཙམ་འཁྱམས། །རྗེ་ཁྱེད་ཀྱི་ཐུགས་རྗེས་དེ་ཙམ་དུ་བཟུང་། །དེ་བཟུང་ཡང་གཏི་མུག་གིས་བསླད་ཆེས་པས། །རྗེ་ཁྱེད་ཀྱི་མཚན་ཙམ་ག་ལ་ཐོས། །བདག་ད་ལན་མི་ལུས་ཙམ་པོ་ཐོབ། །རྗེ་ཁྱེད་ཀྱི་བསྟན་པའི་སྒོ་རུ་ཞུགས། །རྗེ་ཁྱེད་ཀྱི་བསྟན་པ་རྣམ་དག་ལ། ཞུགས་ནས་བསྟན་པ་འཁྲུལ་མེད་ཀྱི། །སྒྲུབ་པའི་མཆོད་པ་མེད་པའི་རྗེས། །བསྟན་པ་བཤིག་པའི་ལས་ངན་ཅན། །ཟང་ཟིང་གཡོབ་པའི་མི་སྲུན་ལ། །སྐུ་རྫུ་འཕྲུལ་མིག་ལ་བསྟན་མཛད་ནས། །སླར་ད་དུང་རྗེས་སུ་འཛིན་པ་ཡི། །ཐུགས་རྗེ་མཐའ་མེད་མཐོང་བའི་དུས། །བདག་བ་ལང་ལས་ཀྱང་བླུན་པ་ལ། །མི་བཟོད་མོས་པ་གཏིང་ནས་སྐྱེས། །ཨ་མ་ལ་སྐྱེས་ནས་ད་ལྟའི་བར། །ལས་བྱས་པ་དོན་ལྡན་འདི་ལས་མེད། །འདི་
བསྒྲུབས་ནས་བྱུང་བ་མ་ཡིན་ཏེ། །སངས་རྒྱས་ཀྱི་ཕྲིན་ལས་ཟབ་མོ་དེ། །བདག་ཚུར་མཐོང་གི་སྤྱོད་ཡུལ་མ་ཡིན་པས། །བློ་འདས་ཀྱི་རྫུ་འཕྲུལ་ཡིན་པར་གོ། །ངེས་ཤེས་ཞིག་དེ་རུ་སྐྱེས་འདུག་གོ །གསོལ་བ་ཞིག་བཏབ་ན་དེ་གས་ཆོག །ཐེབས་རྒྱུ་ཡོད་ངེས་ཀྱི་རྗེ་བཙུན་རེད། །རྗེ་ཁྱེད་ཀྱི་བསྟན་པ་རྣམ་དག་གི། །ཁུར་ཐེག་པའི་ནུས་པ་ཡོད་མིན་ཡང་། །རྗེ་ཁྱེད་ལ་ཕྱོགས་མོས་ཙམ་བྱས་ནས། །མགོ་གཏད་ས་མ་ལོག་ཙམ་བྱུང་བ་ནས། །བྱས་པ་དོན་ལྡན་ལ་ངོ་སྤྲོད་ཐོབ། །ངོ་སྤྲོད་དེ་རྗེ་བཙུན་བླ་མ་ལ་འབུལ། །བཀའ་དྲིན་ལ་ནམ་མཁའི་མཐའ་དང་མཉམ། །ཞེས་གསོལ་བ་བཏབ་པའོ། །དེ་ཡང་རང་ལོ་སུམ་ཅུ་སོ་གཉིས་པ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་རྨི་ལམ་ན། ནམ་མཁའ་དྲི་མ་དང་བྲལ་བའི་དབུས་སུ། རྗེ་རིན་པོ་ཆེ་མཉན་པ་གྲུབ་ཐོབ་དེ་དར་དཀར་པོའི་དོ་ལིའི་ཁར་རྣལ་འབྱོར་མ་མང་པོས་སྤྱན་དྲངས་ཏེ་འོད་ཟེར་དང་གཟི་བརྗིད་མཚུངས་པ་མེད་པ་ཞིག་གིས་ཤེས་པ་བརྒྱལ་ཐབས་སུ་སོང་བ་དང་། རེ་ཞིག་ན་གཉིས་སད་པས་ནམ་མཁར་ཟླ་བའི་འོད་གསལ་བས་རི་བོའི་གྲིབ་མ་
ནག་ཡོར་དུ་བྱས་པ་དང་སྙིགས་དུས་ཀྱི་སྡུག་བསྔལ་གྱི་སེམས་ཅན་མང་དུ་བསམས་ནས་གསོལ་བ་བཏབ་པ། ༈ རྗེ་གཅིག་ལ་ངོ་མཚར་རྨད་བྱུང་བ། །དུས་དེང་སང་ཙམ་དུ་དྲན་པའི་ཚེ། །རྗེ་སྲིད་པར་དཀའ་བའི་དཀོན་མཆོག་མཆོག །སྔར་མཐོང་ངོ་འབྲེལ་བ་དོན་དང་ལྡན། །ངེད་མགོན་མེད་རྣམས་ཉོན་མོངས་གདོན་གྱིས་སྨྱོ། །སྨྱོ་ཆེས་པས་རང་སྲོག་རང་གིས་གཅོད། །བཅད་ཟིན་ནས་ངན་སོང་གསུམ་དུ་ལྷུང་། །ལྷུང་ཟིན་ནས་མཐར་དུས་མེད་ལུགས་སོགས། །ད་བསམ་བློ་བཟོད་བླགས་མེད་པ་སྐྱེས། །དེ་སྐྱེས་པས་ཅི་བྱེད་གཏོལ་དང་བྲལ། །ཡུས་ཆེས་པས་ལུང་པ་སྟོང་པ་ན། །མཚན་མཆོད་སྨྲེ་སྔགས་ཅི་ཡང་བཏོན། །དུས་ནམ་འཆི་ཆ་མེད་སེམས་ལ་ཤར། །སྐྲག་ཆེས་པས་ཚེ་མཇུག་ཡུད་ཙམ་འདི། །དོན་མེད་དུ་གཏོང་རེའི་ཁོ་ཐག་བཅད། །བདག་དམ་ཆོས་རྣལ་མ་མ་བྱུང་ཡང་། །ཆོས་མིན་གྱི་བྱ་བ་བྱེད་རེ་ཤི །ད་མི་ལུས་ཡུད་ཙམ་ཡོད་དུས་འདིར། །འདོད་ཡོན་སྤུ་གྲིའི་སྦྲང་རྩི་ལ། །
འཁྲུལ་སྣང་ལྕེ་ལྡག་ག་ལ་ཕོད། །སྐྱེ་འཆི་མཐའ་མེད་སྙིང་རླུང་ལྡང་། །གནས་འཁོར་བ་འདི་ལས་འབྲོས་སྙིང་འདོད། །འཁོར་བ་ཤ་བཙོན་དུ་ཤེས་ཙ་ན། །ང་ཚེ་འདིའི་བྱ་བ་ག་ལ་བྱེད། །ལས་སྡིག་པས་བསྒྲུབས་པའི་འབྲས་བུ་དང་། །དེ་རང་དབང་ཐོབ་པའི་བདག་རྐྱེན་དང་། །གྲུབ་ནས་སྡུག་བསྔལ་མཐའ་མེད་གསུམ། །དུས་གཅིག་ཏུ་འཛོམ་པ་མཐོང་བའི་དུས། །བྱས་པ་དོན་མེད་ལ་ཡིད་མུག་སྐྱེས། །ཕ་མི་བཟོད་ཐུགས་རྗེ་ཅན་རྣམས་འབོད། །བསོད་ཟད་རྣམས་སྐྱབས་ཡུལ་གྱི་དཀོན་ལུགས་དང་། །མཆོད་གནས་རྣམས་སྡུག་བསྔལ་གྱི་མྱོང་ཚབས་དང་། །གཉིས་ཀ་ཡང་ཆགས་སྡང་གི་བསགས་ལུགས་གསུམ། །དུས་གཅིག་ལ་ཆུ་ལ་ལྕེབས་པའི་དུས། །བདུད་རྒྱལ་ལོའི་ཡིད་ཆད་གཏིང་ནས་སྐྱེས། །རང་ལ་ནུས་པ་ཅི་ཡང་མེད། །ཅི་དྲག་འདི་དྲག་སེམས་ལ་གྱ། །རྒྱལ་ཁམས་ཀྱི་མི་ལ་བདེ་བ་མེད། །ཕྱུགས་འབུ་སྲིན་ཡན་ཆད་རང་ཤི་བྲལ། །མཐོང་ཐོས་དམྱལ་
ཐག་གི་གཅོད་ལུགས་དང་། །ཡོད་དགུ་གཏན་བརླག་གི་གོད་ལུགས་དང་། །ངལ་བ་འབྲས་མེད་ཀྱི་སྤྱོད་པ་སོགས། །དུས་ད་ལྟ་སྙིང་རླུང་མཐའ་མེད་ལངས། །ད་དམ་པའི་ལྷ་ཆོས་མ་བྱུང་ཡང་། །སྲོག་བསྡོས་ཀྱིས་ཚེ་འདི་སྒྲུབ་རེ་ཤི །ཞེས་གསོལ་ཏོ། །དེ་ཡང་རང་ལོ་སོ་གསུམ་གྱི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་རྨི་ལམ་ན། རི་བོའི་ངོགས་རྒྱས་པ་ལྟར་མི་བཟོད་པ་ཞིག་ན་འཇའ་སྤྲིན་གྱི་ཕུང་པོ་གཞལ་དུ་མེད་པ་ལང་ལིང་གི་བར་མཚམས་ན། མེ་ཏོག་ཁ་དོག་སྣ་ཚོགས་པ་ཆེ་ཆུང་ཡང་ཤིང་རྟའི་འཕང་ལོ་ཙམ་གྱི་ནང་དུ། རེས་སྐུ་སྐེད་ཡན་ཙམ། རེས་སྐུ་སྨད་ཙམ། རེས་ཞལ་གྱི་དཀྱིལ་འཁོར་ཙམ་རེར་འགྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དེ་གྱ་གྱུ་པོར་སྣང་ཞིང་ལྷག་པར་དབུ་སྐྲ་ཕོད་ཀ་ལིང་ངེ་བ་དེ་གཞན་ལས་ཀྱང་ཆེས་གནག་པའི་འོད་ཟེར་གྱི་རང་བཞིན་གྱིས་རང་གི་ཤེས་ཉམས་ལ་བལྟ་མི་བཟོད་པ་ཙམ་ཀྱི་འཕྲོལ་མོས་གུས་ཀྱི་ཤེས་པ་བཙན་ཐབས་སུ་འགགས། དེ་ནས་གཉིད་སད་པ་དང་། སླར་མོས་གུས་ཀྱི་ཤུགས་སྤྲུགས་ནས་གསོལ་བ་བཏབ་པ་ནི། ༈ རྗེ་གནས་རྣམ་དག་འོག་མིན་གྱི་ཞིང་ཁམས་ན། །སངས་རྒྱས་དྲུག་པ་ཆོས་སྐུ་རྡོ་རྗེ་འཆང་། །ཁོང་ས་བཅུའི་དབང་
ཕྱུག་རྣམས་ལ་སྣང་། །ངེད་དད་མེད་བླུན་པོ་རོ་ལངས་ངོར། །རྗེ་རྣལ་འབྱོར་རས་པ་ཆེན་པོར་སྣང་། །རྗེ་མི་བཟོད་ཐུགས་རྗེས་ད་ཟུངས་ཞིག །ཞེ་ཐག་པ་ནས་མོས་གུས་མ་ཆུད་པས། །རྗེ་བཙུན་རྣམས་གྱ་གྱུར་འཇའ་བཞིན་ཡལ། །གསུང་མི་བཟོད་སྒྲ་དབྱངས་ལྡན་ན་ཡང་། །དེ་ཆ་ཤས་ཕྲ་མོ་ཅུང་ཟད་ལས། །རྒྱུད་བཟོད་མེད་དུ་འཁུལ་པའི་ཟབ་གསལ་བ། །ཡིད་རང་དབང་མེད་པར་འཕྲོག་བྱེད་པའི། །ངོ་མཚར་གྱི་ངེས་པ་མ་སྐྱེས་པས། །བདག་མོས་གུས་ཁ་ཙམ་སོང་བ་ལ། །དུས་གསུམ་གྱི་སངས་རྒྱས་རྩལ་བསྐྱེད་ནས། །ཕ་འགྲོ་མགོན་གྱི་སྤྲུལ་སྐུ་རས་པ་ཁྱོད། །རྣམ་ཐར་གྱི་མཛད་པ་ངོ་མཚར་ལ། །ཡིད་ཆེས་ཀྱིས་དད་པ་ཅུང་ཟད་སྐྱེས། །དེ་རྟེན་འབྲེལ་རྣམ་པར་དག་པའི་མཐུས། །གཉིད་འཁྲུལ་པས་བསླད་པའི་སྣང་བ་ལ། །བསམ་བརྗོད་ལས་འདས་པའི་དགའ་སྤྲོའི་ངོར། །ཡེ་མཐོང་མ་མྱོང་བའི་རྗེ་བཙུན་ཞིག །བརྡ་སྤྲོད་མཁན་མེད་པར་ངང་གིས་
ཤེས། །དུས་དེ་ཙ་ན་རྗེ་བཙུན་ལ་ཡི་ག་ཤོར། །བསམ་རྒྱུ་ལ་དཀོན་མཆོག་ཁྱེད་རང་ཤེས། །བདག་མི་སྲུན་གྱི་འདུལ་ཚུལ་ཁྱེད་རང་མཁས། །འདུན་མ་བློ་ཉེས་པོ་ཆོས་བཞིན་ལམ་སྣ་དྲོངས། །བདག་འཇིག་རྟེན་ཕལ་པའི་བྱ་བ་སོགས། །ཚེ་སྟོང་ཟད་དུ་འགྲོ་བའི་སྤྱོད་པ་ལ། །ལག་ལེན་དུ་བྱེད་པ་ག་ལ་ཞིག །རྨི་ལམ་དུ་འདོད་པའང་མི་འབྱུང་བའི། །བཀའ་དྲིན་ཞིག་རྗེ་བཙུན་ཁྱེད་ལ་རགས། །རང་མ་ཚོར་ཆོས་བརྒྱད་བགེགས་ཚོགས་ཀྱིས། །བདག་སྙིང་འདི་རྗེན་ཟས་མི་བྱེད་ཅིང་། །གཉིས་ཕུང་གི་སྡིག་ལ་མ་འབགས་པར། །སྤྲང་སྙོམས་ཆུང་གི་ངང་ལ་འཆི་ཐུབ་ཅིག །ཕ་རྗེ་བཙུན་རས་པས་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པའོ། །དེ་ནས་ཡང་ཐ་སྐར་གྱིས་ཉ་བའི་ཟླ་བ་ཡར་གྱི་ངོ་རང་ལོ་སོ་བཞི་པ་ལ། །མཆིལ་ཕུ་ཞེས་པའི་རི་སུལ་དབེན་པ་ཞིག་ཏུ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་ནན་ཏན་དུ་བྱེད་པའི་སྐབས་ཞིག་ན། རྨི་ལམ་གྱི་སྣང་བ་ལ་རི་བོ་རབ་ཏུ་རྒྱས་པ་ལྷུན་སྟུགས་པ་ཞིག་གི་ངོས་ན། མེ་ཏོག་རབ་ཏུ་བཀྲ་བའི་ཚལ་ཞིག་ཏུ་ཡིད་དུ་འོང་བའི་གཞོན་ནུ་མ་
བརྗོད་དུ་མི་བྲ་བ་དུ་མའི་དབུས་ན། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་གླིང་རྗེ་རས་པ་དེ་ཉིད་འོད་ཟེར་ཉི་མ་འབུམ་ཕྲག་ཟིལ་གྱིས་གནོན་པའི་སྐུ་ཅན་ཞིག་ཡད་ཡུད་དུ་གསལ་བའི་མོད་ལ་མོས་གུས་ཀྱི་བློ་ཤུགས་དུས་མཐའི་མེ་ལྟར་འབར་བས། གཉིད་སད་ནས་དེའི་རྗེས་སུ་གསོལ་བ་བཏབ་པ་ནི།། ༈ ཡང་ཡེ། བསམ་ཞིང་གཞིག་ན་མི་ལུས་རིན་ཆེན་ཐོབ། །བརྟགས་ཤིང་དཔྱད་ན་འཁྲུལ་མེད་རྗེ་བཙུན་མཇལ། །འབད་པས་བསྒྲུབས་ཏེ་བྱ་བ་ངན་པ་སྤངས། །ནུས་ན་དམ་པའི་ཆོས་ལས་གཉེར་བྱ་མེད། །སྐབས་དེར་ཡང་སྐྱབས་གནས་ཀྱི་སྐུ་དྲིན་བྱུང་། །སྐབས་དེར་ཡང་སྐྱབས་མཆོག་གི་ཀརྨ་པ། །རྗེ་དུས་གསུམ་མཁྱེན་པ་ལ་གསོལ་བ་འདེབས། །ཐུགས་མི་རྟོགས་ཡེ་ཤེས་ཀྱིས་བྱིན་གྱིས་རློབས། །མདའ་སྙེ་མོ་ལུང་པ་མ་གི་ན། །མི་སྐྱ་སེར་མེད་པ་ཐམས་ཅད་ཀུན། །ཞིང་ཐ་བའི་འདུལ་སྦྱོང་བྱེད་པ་དང་། །ས་ཁང་མཁར་རྩིག་པའི་བྲེལ་བས་མནར། །ཕུ་ཇོ་མོ་གངས་ཀྱི་མདུན་རོལ་ན། །འབྲོག་སྦྲ་ཁྱིམ་འཛིན་པའི་སྐྱ་སེར་ཀུན། །ལས་བེའུ་ལུག་འཚོ་སྐྱོང་
བྲེལ་ཞིང་ཕོངས། །གཏན་མི་ཚེ་མ་ཕྱིད་དོགས་ཀྱིས་སྡུག །བར་འདི་ན་སེར་མོས་ཁ་བསྒྱུར་བའི། །གོས་གྲུ་བཞི་གྱོན་པའི་སྐྲ་བྲེགས་པ། །ཟས་འཚོ་བ་གང་ཕྱིད་ལྟ་བ་ཡི། །ཕུགས་གཏན་འདུན་ཡིད་ལ་མི་འཆར་བའི། །བསམ་མེད་ཀྱི་ལུང་པ་སྟོང་པར་འཁྱམ། །རྐྱེན་དེ་འདྲས་བཟོད་མེད་ཀྱི་སྙིང་རྗེ་སྐྱེས། །སྙིང་རྗེ་དྲག་པོ་ཞིག་སྐྱེས་ཙ་ན། །སྐྱབས་མེད་མགོན་མེད་ཀྱི་མ་རྒན་ལ། །ཕོངས་མེད་གཉེར་མེད་དུ་དམྱལ་བ་འདིས། །ཡིད་བསམ་དུ་མི་བཟོད་གདུང་བ་སྐྱེས། །རྗེ་ཐུགས་རྗེ་ཆེན་པོ་མངའ་བ་ཡི། །ཡབ་དཀོན་མཆོག་གསུམ་པོ་དུས་དེར་དྲན། །དེ་དྲན་པས་ན་མེད་དུ་གསོལ་བ་བཏབ། །བཏབ་ཆེས་ན་སྣང་ཤས་སུ་འགྲོ་དོགས་པས། །མི་མེད་ཀྱི་ལུང་སྟོང་སྙིང་ལ་འདོད། །འཁོར་ཁྲི་ཕྲག་འདུས་པའི་རྗེས་འཇུག་ཀུན། །སྡེ་སོ་སོར་ཕྱོགས་འཛིན་གཞུང་འཛུགས་ནས། །སྡིག་མི་དགེ་བཅུའི་གཏན་རྒྱུན་སྤེལ། །དེ་དར་བས་མ་རྒན་གྱི་བདེ་སྐྱིད་
འཇོམས། །དེ་མ་བཟོད་འཁོར་གཡོག་གི་འཁྲི་བ་ཆོད། །འཁོར་གཡོག་སློབ་མེད་པའི་དུས་ཚོད་ན། །རང་གཅིག་པུའི་ལུས་ངག་ཡིད་གསུམ་དེ། །མཁའ་དགུང་སྔོན་ཡངས་པའི་དཀྱིལ་ཞིག་ན། །མཁའ་ལྡིང་གི་རྒྱལ་པོ་བདེ་བ་བཞིན། །སྐྱིད་ཆེས་ཀྱི་དགའ་བ་སྙིང་ནས་ཚོར། །ནོར་ཟང་ཟིང་གི་འདུ་ལོང་རྒྱས་པ་ལ། །ཆོག་ཤེས་མེད་ཀྱི་རྐུ་འཕྲོག་རྩོད་པ་དེ། །གནས་ངན་སོང་གསུམ་པོ་མ་གཏོགས་པ། །ཡུལ་འགྲོ་ས་གཞན་ན་མེད་མཐོང་ནས། །མེད་ཐབས་མེད་ཀྱི་མཁོ་དགུའི་ནོར། །མི་ང་ཡི་ཡིན་ཞེས་མ་བཟུང་བས། །ཡིད་བཞིན་གྱི་ནོར་བུ་རིན་ཆེན་དེ། །རི་བོ་ཡི་རྒྱལ་པོ་མཆོག་རབ་ཙམ། །མདུན་འདི་ན་ཕྱུར་བུར་བཀང་ན་ཡང་། །དེ་གཅེས་འཛིན་མེད་པའི་གནས་སྐབས་ན། །འདོད་ཆེས་པའི་སེར་སྣ་ག་ལ་འོང་། །གང་ཡིན་པ་གཅིག་ཏུ་བསྐྱུར་ནས་བཏང་། །མི་གཏད་མེད་རང་ལ་མི་བལྟ་བར། །གཞན་མཚར་ཆོས་རྗེས་ལ་རྒྱུག་པ་དེ། །བྲག་གཡང་ས་ཆེན་པོའི་
མཐའ་ལོགས་སུ། །བྱེ་ལེབ་འཕུར་བའི་རྗེས་སོ་ན། །བྱིས་པ་བསམ་མེད་རྒྱུག་པ་བཞིན། །རང་སྲོག་འཆོར་བ་མ་གཏོགས་པ། །བདེ་སྐྱིད་ཕུན་ཚོགས་མི་འོང་བས། །གཟུགས་བྱད་ཅུང་ཟད་ལེགས་པ་ལ། །དབང་པོ་ཐམས་ཅད་འཆོར་བ་དང་། །ཚིག་སྒྲོས་པ་སྙན་དང་མི་སྙན་པར། །བློ་ཆགས་སྡང་དྲག་པོ་སྐྱེ་ལུགས་སོགས། །མནོག་ཆུང་ཞིང་ཡ་ངའི་གནས་རྣམས་ལ། །ལོངས་སྤྱོད་རྒྱུ་ཞིག་རྙེད་ན་རང་སྲོག་ཀྱང་། །ཇི་མི་སྙམ་བཟོད་ཀྱི་སྨྱོན་པ་ལ། །འདི་ཅི་བྱུང་སྙམ་སྟེ་ཡིད་དངངས་པས། །འཕྲལ་ཉམས་མི་དགའ་ཞིང་ནམ་ཕུགས་སུ། །གཏན་སྡུག་བསྔལ་མཐར་མེད་མྱོང་དགོས་པས། །ཞེ་ཐག་པ་ནས་མ་བཟོད་ངེས་འབྱུང་སྐྱེས། །དེ་སྐྱེས་པས་ཅོལ་ཆུང་གི་སྤྱོད་པ་ལ། །ལུས་ངག་ཡིད་གསུམ་མ་བཀོལ་བས། །སྒོ་གསུམ་ལས་རུང་དགེ་རྩ་འཕེལ། །དེ་འཕེལ་བས་དཀོན་མཆོག་གི་བཀའ་དྲིན་ཐོབ། །ད་ཚེ་མཇུག་ཅུང་ཟད་གང་ཡོད་དེ། །དོན་
མེད་སྙོམས་ལས་སུ་མ་བཏང་པར། །རང་མགོ་རང་འདོན་གྱི་དུས་ལ་བབ། །ཆེ་ཆེ་སྙན་སྙན་གྱི་གོ་འཕང་དེ། །ལོ་བརྒྱ་ཕྲག་ཙམ་དུ་མི་འཁྱོང་བས། །མིང་སྐམ་མི་མཐོང་ཡུད་ཙམ་ལ། །བློ་དགོས་མེད་ཀྱི་ངེས་ཤེས་གཏིང་ནས་སྐྱེས། །གནས་འཁོར་བ་འདི་ལ་སྲིད་རྩེ་ནས། །མར་དམྱལ་བ་མནར་མེད་ཡན་ཆད་ལ། །དམན་པ་སྡུག་བསྔལ་སྤྱོད་པ་ལས། །མཆོག་ཏུ་གྱུར་པ་མ་མཐོང་བས། །རང་གཞན་མཐོ་འབྲིང་ཐ་མ་ཀུན། །དམན་པའི་གནས་སུ་སྙིང་རེ་རྗེ། །སྦ་གསང་སྤྱོད་ལམ་བཅོས་མ་ཡིས། །བྱ་བཞག་གལ་ཆེན་སྒྲུབ་རློམ་པས། །མི་ཚེ་དལ་བར་མ་བསྡད་ནས། །འབུངས་གསུམ་བཏོན་པའི་བྱ་བ་ཡང་། །བསམ་མེད་བྱིས་པའི་རྩེད་མོ་བཞིན། །འབྲས་བུ་ཡོད་སྙམ་ག་ལ་བགྱིད། །དམུ་རྒོད་བསྡུ་བའི་དར་རྒྱས་ལ། །རང་གཞན་གཉིས་ཀའི་གཏན་འདུན་ཀུན། །གཏན་ནས་རླག་བྱེད་ཡིན་པ་ལ། །ཕེར་ཡོད་ཅན་དུ་ག་ལ་འཁྲུལ། །གཞན་ལ་བདེ་སྐྱིད་རེ་བ་ཡི། །
ཞུ་སྒོ་ངོ་འཛིན་ལ་སོགས་པ། །སེམས་ལ་གདུང་བ་འབར་བའི་རྒྱུ། །གོ་ས་ཆེན་པོ་འགྲིམ་པ་དེ། །རྣམ་གཡེང་ཆེ་ལ་ཕན་ཡོན་མེད། །གཅིག་ཏུ་དབེན་པར་གནས་པ་ན། །སྡིག་པ་ངང་གིས་འགགས་པའི་ཕྱིར། །སྨྲ་བརྗོད་གྲོགས་འདྲའི་མཛའ་བཤེས་ཀུན། །ཉེ་བར་སྨོས་ནས་ཆགས་པ་ཡི། །གདུང་སེམས་སྲེད་པ་རིང་ནས་སྤངས། །མི་ཚེ་ཡིད་བདེའི་ངང་དུ་འཁྱོལ། །ཟས་བསོད་སྙོམས་ཁ་ལན་མི་དགོས་ཤིང་། །མི་གཞན་གྱིས་རང་ལ་དམ་པའི་ཆོས། །འདི་རྣམ་དག་སྤྱོད་པ་ཡིན་ཞེས་ནས། །ཡུལ་མི་མཐོང་མེད་པའི་ས་ཕྱོགས་སུ། །རྡོ་རྗེན་གྱི་སྟེང་གི་བྱ་བྱེའུ་བཞིན། །འཁོར་གཏན་འཁྲིས་བྱ་ས་མེད་པ་ཡི། །བྱ་བ་ཞིག་སྙིང་ནས་གཏང་བར་རིག །དེ་ཐོངས་ནས་བཀའ་བརྒྱུད་ཀྱི་བྱིན་རླབས་ཞུགས། །གསོལ་བ་ན་མེད་དུ་བཏབ་པ་ཡིས། །དངོས་གྲུབ་ཀྱང་དེ་ལས་གཞན་དུ་མེད། །བདག་མོས་གུས་ཀྱི་བློ་ཤུགས་གང་མཆིས་པ། །སྟོབས་གཅིག་ཏུ་བསྒྲིལ་
བས་ཁམས་གསུམ་གྱི། །འཁོར་བའི་ལུས་དང་ལོངས་སྤྱོད་དང་། །འཁོར་སྙན་གྲགས་བཅས་པ་བཞི་པོ་ལ། །བརྟེན་པའི་སྣང་ཤས་ཐ་ཤལ་དེ། །བདག་གཞན་གྱི་རྒྱུད་ལ་འགོག་པར་མཛོད། །ཅེས་གསོལ་བ་བཏབ་པའོ། ༈ །ན་མོ་གུ་རུ། རྩོལ་མེད་ཀྱི་བྱིན་རླབས་སྣོད་བཅུད་ཐམས་ཅད་ལ་འཇུག་པར་ནུས་པས་གཞན་སེམས་བྱིན་གྱིས་རློབས་པའི་མཐུ་ཅན། མངོན་པར་ཤེས་པ་ཐོགས་པ་མེད་པས་བསམ་པ་ཇི་ལྟ་བ་བཞིན་དུ་རིས་དང་ཕྱོགས་ལྷུང་མེད་པར་རྗེས་སུ་འཛིན་པའི་སྙིང་རྗེའི་གཞན་དབང་དུ་སོང་བ། སྐུའི་རྣམ་པ་མཐོང་བ་ཙམ་གྱིས་ཀྱང་གཞན་སྣང་བསྒྱུར་ཏེ། དད་པ་དང་ཉམས་རྟོགས་ཤུགས་ཀྱིས་བསྐྱེད་ཅིང་། ལས་དང་སྐལ་བར་མི་ལྡན་པ་ཐ་ཤལ་དག་ཀྱང་ཐ་མལ་གྱི་རྣམ་རྟོག་རེ་ཞིག་ཏུ་རྒྱུན་གཅོད་པར་ནུས་པ། མཁས་བཙུན་བཟང་གྲུབ་ཀྱི་གྲགས་པ་དོན་གཉེར་གྱི་བླ་མ་རྣམས་ཀྱི་རྣམ་ཐར་ལ་ངན་སྐྱུགས་ལྟར་གཟིགས་ནས། མཐོ་དམན་བར་པ་ཀུན་ལ་རྗེས་དང་བཀུར་སྟི་དང་ཁེངས་པ་བསྐྱུངས་པའི་ཚུལ་གྱིས་ང་རྒྱལ་ཅན་མ་བརྟུལ་བར་ཤུགས་ཀྱིས་ཐུལ་བ། ཡོན་ཏན་གྱི་ཆ་ཤས་སངས་རྒྱས་ཀུན་གྱིས་ཀྱང་བརྗོད་པར་དཀའ་བའི་དྲིན་ཆེན་ཆོས་ཀྱི་རྗེ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཞལ་སྔ་ནས་ཀྱིས་མི་རྟག་པར་བསྐུལ་བ་དང་། བརྩོན་འགྲུས་སུ་བསྐུལ་
བ་དང་། གནས་ལ་བསྟོད་པ་དང་། ཆོས་ཀྱི་དབྱིངས་སུ་ལྟ་བའི་རྡོ་རྗེའི་མགུར་མང་དག་ཅིག་གསུང་པ་རྣམས་ཀྱི་ནང་ནས་ཁ་འཐོར་བ་ཅི་རིགས་པ་ཞིག་ཟིན་བྲིས་སུ་བྱས་པ་ནི་འདི་ལྟ་སྟེ། དེ་ཡང་རང་ལོ་ཉེར་བདུན་པ་ལ་གདན་ས་ཆེན་པོ་ཚུར་ཕུའི་ཡང་དབེན་དུ་བསྡད་པའི་ཚེ། མཆེད་གྲོགས་འགའ་ཞིག་གིས་མགུར་མ་ཞིག་གྱིས་ཟེར་བར་བརྟེན་བཀའ་བརྒྱུད་གོང་མ་ཚོས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་ཐུགས་དམ་རྟོགས་པ་ཕུལ་ཕྱིན་ཐུགས་ལ་འཁྲུངས་པའི་གནས་འདིར་དགེ་སྦྱོར་ཞིག་བྱས་ན་ཉམས་རྟོགས་སྐྱེ་ངེས་སྙམ་པའི་ངེས་ཤེས་ཤིག་ཀྱང་སྐྱེས། སྔོན་གྱི་བཀའ་བརྒྱུད་གོང་མའི་རྣམ་ཐར་ཀྱང་དྲན། ད་ལྟའི་ཆོས་པར་རློམ་པ་བདག་ལ་སོགས་པ་རྣམས་ཀྱི་བྱ་སྤྱོད་ལའང་ཡིད་མ་བདེ། ད་བཀའ་བརྒྱུད་གོང་མའི་རྣམ་ཐར་དེ་འདྲ་བ་ལ་རང་གི་སྐལ་བས་མ་གྲུབ་པས་དངོས་སུ་ད་ལྟ་སྙེགས་མ་ནུས་ནའང་མ་འོངས་པ་ན་སློབ་ནུས་པར་གྱུར་ཅིག་པར་སྨོན་ལམ་བཏབ་སྟེ་དེའི་དུས་སུ་བླ་མ་དང་གནས་ཀྱི་ཡོན་ཏན་དྲན་ཞིང་རང་གཞན་དགེ་བ་ལ་བསྐུལ་བའི་གསོལ་འདེབས་གདུངས་དབྱངས་འདི་ལྟར་དུ་བཏོན་པ་ལགས་སོ།། ༈ །།དཔལ་འཇིག་རྟེན་དབང་ཕྱུག་ཀརྨ་པ། །རྗེ་དེ་ཡི་སྐུ་གསུང་ཐུགས་རྡོ་རྗེ། །གསང་མི་ཟད་འཁོར་ལོའི་མཛོད་འཛིན་པ། །ཕ་དྲིན་ཅན་ཆོས་
རྗེའི་ཞབས་ལ་འདུད། །གནས་ཡིད་འོང་བཀྲ་ཤིས་ལྷུན་ཆགས་འདིར། །རི་སྤོ་མཐོན་རིན་ཆེན་བྲག་རི་ལ། །ལྷ་ཡི་དམ་ཞི་ཁྲོ་རབ་འབྱམས་བཞུགས། །སེམས་རྩེ་གཅིག་སྒྲུབ་པའི་གནས་སུ་བཟང་། །ལྷོ་ནགས་མའི་རི་ངོགས་བརྗིད་ཆགས་པར། །ཤིང་སྣ་ཚོགས་སྤོས་དྲི་ལྡན་པའི་ངོས། །ཡུམ་བཅོམ་ལྡན་སྒྲོལ་མ་དངོས་སུ་བཞུགས། །མཆོག་ཐུན་མོང་དངོས་གྲུབ་བདེ་བླག་སྩོལ། །ནུབ་གངས་དཀར་ཤེལ་གྱི་མཆོད་རྟེན་མདུན། །རིགས་རྣམ་ལྔ་རྒྱལ་བའི་དཀྱིལ་འཁོར་བཞུགས། །དེ་མཐོང་བ་ཙམ་གྱིས་ཐོགས་མེད་ཀྱི། །ལས་ཉོན་མོངས་སྐྱེ་བའི་སྒྲིབ་པ་སེལ། །བྱང་ངོས་པདྨ་རཱ་གའི་བྲག་ངོས་ལ། །དཔལ་རྟ་མགྲིན་དབང་གི་རྒྱལ་པོ་ནི། །ལྷ་དཔའ་བོ་རྒྱ་མཚོས་བསྐོར་བ་ཡང་། །དོན་འཁོར་འདས་ཀུན་ལ་རང་དབང་བསྒྱུར། །ཤར་ལྷ་གདན་ཇོ་ཤཱཀ་མཆེད་ལས་སྤྲུལ། །རྡོ་སྲ་མཁྲེགས་རིན་ཆེན་ཕ་ཝང་ལ། །དཔལ་ཤཱཀྱ་རྒྱལ་པོ་རང་བྱོན་ནི། །བསྟན་རྣམ་དག་ཡུན་
དུ་གནས་པར་མཛད། །དབུས་འོག་མིན་གནས་མཆོག་རྡོ་རྗེ་གདན། །རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ། །དུས་གསུམ་གྱི་སངས་རྒྱས་བཞུགས་པའི་གནས། །མཚུར་མདོ་བོ་སྤྲུལ་པའི་གཙུག་ལག་ཁང་། །ལར་འཛམ་གླིང་ཙམ་ན་འགྲན་ཟླ་བྲལ། །འདི་གང་གིས་མཐོང་དང་བགྲོད་པ་དང་། །ལན་གཅིག་ཙམ་ཡིད་ལ་དྲན་པས་ཀྱང་། །ཚེ་བསྐལ་པའི་སྡིག་སྒྲིབ་འདག་ངེས་ཤིང་། །བདག་ཟང་ཟིང་གཡེང་བས་ཡིད་འཁྲུགས་པས། །གནས་ཇོ་མོ་གངས་དང་མཚུར་ཕུ་སོགས། །ཕ་བཀའ་བརྒྱུད་རྣམས་ཀྱི་བཞུགས་གནས་སུ། །རྩེ་གཅིག་ཏུ་སྒྲུབ་པ་སྙིང་ལ་བརྣགས། །དེ་བརྣགས་ཀྱང་གཉེན་པོའི་སྟོབས་ཞན་ཅིང་། །ཚེ་འདི་ལ་འཁྲི་བ་མ་ཆོད་པས། །འཕྲལ་གཞན་དོན་མིང་དུ་བཅོས་པ་ནས། །ཉིན་མཚན་མེད་གྲོགས་སྦུར་ལྟ་བུར་གཡེངས། །ད་རང་ལ་བསམ་བཞིན་སྙིང་རྩ་ཁོལ། །ཆོས་བྱ་བློའི་ངང་དུ་ལང་ཚོ་ཡོལ། །ལར་ཁ་ཞེ་མི་མཐུན་རང་
སྤྱོད་འདི། །ཕ་བླ་མས་མཁྱེན་ཏེ་རང་ལ་གནོད། །ད་ཀརྨའི་རྗེས་འཇུག་སྒྲུབ་འདོད་རྣམས། །འཆི་མི་རྟག་དྲག་པོས་རྒྱུད་བསྐུལ་ཏེ། །ཚེ་འདི་ཡི་བྱ་བ་ཅོག་ཞོགས་ལ། །ཆོས་སྒྲུབ་པ་སྙིང་པོར་མཛོད་ཅིག་དང་། །ཚེ་གཏན་གྱི་འདུན་མ་འགྲུབ་པར་ངེས། །སྤྱིར་མང་པོས་བསམས་པས་སེམས་རྩ་འཁྲུགས། །བློ་ཐེ་ཚོམ་གྱི་འདུན་མས་གར་མི་ཕྱིན། །རྟེན་བསོད་སྙོམས་ཕྱག་དར་ཁྲོད་ཀྱི་གོས། །སྣོད་ལྷུང་བཟེད་ཡོ་བྱད་ཉི་ཚེ་དང་། །ཟས་སྡིག་མེད་དཀའ་ཐུབ་བཅུད་ལེན་བརྟེན། །འཕྲལ་སྦྱོང་དེ་བྱུང་ཡང་བོགས་སུ་ཆེ། །སྤྱིར་བསམ་པའི་གཙོ་བོ་བྱང་སེམས་སྦྱོངས། །རང་གཅིག་པུའི་མདུན་མ་དམ་པས་ཁྲེལ། །མ་འགྲོ་དྲུག་ཆེད་དུ་སྙིང་རྗེ་ཡིས། །ལམ་ཟབ་མོ་སྟོང་ཉིད་སྙིང་རྗེ་སྒོམས། །ཆོས་གདམས་ངག་ཤོ་ལོ་ཀ་གཅིག་ནས། །བཀའ་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་རྣམས། །དོན་རང་རྒྱུད་ཉམས་སུ་མ་བླངས་ན། །སྨྲ་མཁས་ཀྱང་ནེ་ཙོའི་ཟློས་གར་ཙམ། །རྗེ་བླ་མས་
སྩལ་བའི་གདམས་ངག་རྣམས། །དུས་དང་པོར་ཐོས་པས་སྒྲོ་འདོགས་བཅད། །དུས་གཉིས་པར་བསམ་པས་གཏན་ལ་ཕབ། །མཐར་རྩེ་གཅིག་སེམས་ལ་མཉམ་པར་བཞག །ཡིད་ཉོན་མོངས་རྟོག་པ་རབ་ཞི་སྟེ། །སེམས་མི་གཡོ་བརྟན་པར་གྱུར་པ་ནས། །ཆོས་ཀུན་ལ་བདག་མེད་ཤེས་རབ་མཆོག །དོན་ཡིན་ལུགས་ཞི་ལྷག་ཟུང་འཇུག་སྒོམས། །ཕ་བླ་མ་ཡིད་བཞིན་ནོར་བུ་ལ། །ཉིན་མཚན་མེད་གསོལ་བ་དྲག་བཏབ་སྟེ། །བློ་གཉིས་འཛིན་འཁྲུལ་པའི་སྣང་བ་འདི། །བུན་ལོང་ངེར་གཏད་མེད་ཧྲུལ་གྱིས་ཐོང་། །དུས་སྔ་ཕྱི་མེད་པའི་ཤེས་པ་ལ། །ལར་བཟོ་བཅོས་ཀྱི་ལྷན་པ་དོན་མེད་པས། །གང་ཤར་བ་རིག་པའི་ངོ་བོ་ལ། །དུས་རྒྱུན་དུ་མ་བཅོས་ལྷུག་པར་ཞོགས། །སེམས་ཡེ་ནས་སངས་རྒྱས་ཡིན་པ་ལ། །འདི་ཡིན་ལ་ཡིན་བཞིན་མཛུབ་བཙུགས་ནས། །དཔལ་དྭགས་པོའི་ཞལ་ལུང་གནད་ཀྱི་མཆོག །དོན་མངོན་སུམ་ངོ་སྤྲོད་སློབ་དཔོན་ལགས། །
ཚིག་འདི་ལ་དགེ་བ་ཅི་མཆིས་པ། །ཁྱོད་གསོལ་འདེབས་ཀྱི་སློབ་བུས་གཙོ་བྱས་པའི། །མི་ཁོ་བོའི་རྗེས་འཇུག་གདུལ་བྱ་རྣམས། །དཔལ་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་པ་འདི་ཀརྨ་ཅོ་ལེ་སོགས་ཀྱིས་བསྐུལ་བ་ལ་བརྟེན་མཚུར་ཕུའི་དབེན་གནས་བསམ་གཏན་ཡིད་འོང་གླིང་གི་དབང་ཕྱུག་ཕུག་ཏུ་བྲིས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། ༈ ན་མོ་གུ་རུ། སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་པ་གསུམ། །དེ་དང་དབྱེར་མེད་དྲིན་ཅན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དུས་རྣམ་ཀུན་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །དོན་མེད་རྒྱལ་ཁམས་འགྲིམ་པའི་སྙོམ་ལས་པས། །རང་གི་སེམས་ལ་ཅུང་ཟད་ཕན་ཕྱིར་དུ། །ཡིད་ལ་གང་དྲན་ཐོ་ཅོར་སྨྲས་པ་འདི། །རང་གཞན་དགེ་ལ་བསྐུལ་བའི་རོལ་མོར་སྨོན། །དལ་འབྱོར་ལུས་འདི་ཡང་ཡང་ཐོབ་པར་དཀའ། །ཚེ་འདི་མི་རྟག་མྱུར་དུ་འཇིག་པར་ངེས། །ཕྱི་མ་གང་སྐྱེས་ཚེ་འདིའི་ལས་ལ་རག །ཐར་མེད་འཁོར་བར་
འཁྱམས་ན་ཇི་ལྟར་བྱེད། །ཚེ་འདིའི་རྙེད་བཀུར་ནམ་མཁའི་གློག་དང་འདྲ། །དགེ་བ་གང་བསགས་ཕྱི་མའི་བརྒྱགས་ཕྱེ་ཡིན། །མི་དགེའི་བྱ་བ་རྡུལ་ཙམ་མི་བྱེད་པར། །ད་རེས་གཏན་འདུན་སྒྲུབ་པའི་དུས་ལ་བབ། །ལོངས་སྤྱོད་སྟོབས་འབྱོར་སྙན་གྲགས་འཛོམ་ན་ཡང་། །རང་ཉིད་འཆི་ཚེ་དེ་དག་ཀུན་གྱིས་འབོར། །ཕྱི་ཚེས་ཚེ་འདིའི་གྲབས་གཤོམ་མི་བྱེད་པར། །འདོད་ཆུང་ཆོག་ཤེས་དབེན་པ་བརྟེན་ན་ལེགས། །རང་གི་དགྲ་ལ་ཅི་ནུས་གནོད་སྐྱེལ་ཞིང་། །གཉེན་ལ་གདུང་སེམས་ནོར་ལ་ཆགས་ཞེན་ཆེ། །ལྷོ་ཟོང་བྱང་སྐྱེལ་ཚོང་ཁེ་འབུན་བསྐྱེད་དང་། །རྐང་བཞི་བྲན་བཀོལ་འདི་ཡང་སྤང་བར་རིགས། །གསུང་རབ་མང་པོ་ཐོས་པའི་མཁས་ཡུས་དང་། །གཅིག་པུར་རི་ལ་སྡོད་པའི་སྒོམ་ཆེན་ཡུས། །དཀའ་ཐུབ་ཨན་ཙམ་བྱས་པའི་ལྟོགས་ཡུས་རྣམས། །ཆོས་བརྒྱད་ཡིན་པས་འདི་དག་སྤང་བར་བྱ། སྲོག་གཅོད་བྱས་པའི་ཤ་ཡི་ཁ་ཟས་དང་། །དབང་མེད་
འབྱུང་བ་ལུས་སེམས་འཁྲུལ་པའི་ཆང་། །སྡོམ་པ་འཕྲོག་བྱེད་ན་ཆུང་མཛེས་མ་རྣམས། །དུག་ལྟར་སྤང་བར་བྱས་ན་མི་ལེགས་སམ། །མ་མཐོང་རྫུན་གྱི་མངོན་ཤེས་འཆད་པ་དང་། །མི་ཕན་བཞིན་དུ་ནད་པ་སྲིའུ་གསོ། །མཐུ་དང་ངན་བྱེད་དམག་ལས་དྲག་སྔགས་བཟླ། །འདི་ཡང་ཆོས་དང་རྒྱབ་འགལ་མ་ཡིན་ནམ། །དེང་སང་ཆོས་པ་བཟང་རློམ་མང་ལགས་ཀྱང་། །རང་སྐྱོན་རང་གིས་རིག་པ་དཀའ་མོར་གདའ། །དེ་ཕྱིར་བཀའ་བརྒྱུད་གོང་མའི་རྣམ་ཐར་ལ། །མིག་ལྟོས་ཡར་ལྟ་གྱིས་ལ་ཉམས་སུ་ལོངས། །དཔལ་ལྡན་བླ་མ་འབྲལ་མེད་སྤྱི་བོར་སྒོམས། །སྐུ་དྲིན་བསམ་ཞིང་གསོལ་བ་ཡང་ཡང་ཐོབ། །ཐུགས་ཡིད་གཅིག་བསྲེའི་མོས་གུས་ཕུལ་ཕྱིན་ན། །འདུན་མ་དེ་ཉིད་ཁོ་ནས་འགྲུབ་སྟེ་མཆི། །དེ་ཕྱིར་གོ་བ་སྐམ་པོའི་འཆར་ཚུལ་འདི། །བླ་མ་རྗེ་དང་མཆེད་གྲོགས་སྙན་དྲུང་དུ། །སེམས་ལ་གང་ཤར་དབྱངས་འདི་མཆོད་པར་འབུལ། །བརྩེ་བའི་སླད་དུ་དགྱེས་
པ་བསྐྱེད་པར་མཛོད། །ཅེས་མགུར་པ་ཁ་ཤས་ཀྱིས་བསྐུལ་བའི་ངོར་དཔལ་གྱི་མཚུར་ཕུར་ཐུན་མཚམས་ཤིག་ལ་ཡི་གེར་བཀོད་པའོ། ༈ །ན་མོ་གུ་རུ། དེ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་དང་བརྩེ་བ་དང་ནུས་པའི་སྤྱི་གཟུགས་གདུལ་བྱ་བློ་གྲོས་དག་པ་དག་གི་ཡིད་མཚོར་རོལ་གར་བསྒྱུར་བ། བསྐལ་པ་ཚད་མེད་པར་སེམས་ཅན་གྱི་ཁམས་ལ་རྣམ་པར་བརྟགས་ནས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་གོམས་པ་རབ་ཀྱི་ཕུལ་དུ་དབྱུང་དུ་མེད་པ་བརྟན་པའི་བརྩེ་ཆེན་གྱིས་སྲིད་པ་དང་ཞི་བའི་མྱ་ངམ་གྱི་ཐང་དུ་དུབ་པ་མཐའ་དག་དབུགས་འབྱིན་པར་གཡར་གྱིས་བཞེས་པ་བདག་གིར་མཛད་པ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཐོས་གྲོལ་ཆེན་པོའི་དོན་གྱི་སླད་དུ་མཚན་ནས་སྨོས་ན། དཔལ་ཀརྨ་པ་ཆེན་པོ་རྗེ་བཙུན་རྒྱལ་བའི་དབང་པོ་ཆོས་དབྱིངས་རྡོ་རྗེའི་ཞལ་སྔ་ནས་རྡོ་རྗེའི་མགུར་དབྱངས་མང་དག་ཅིག་གསུངས་པ་ལས་ཁ་འཐོར་ཅི་རིགས་ཤིག་ཟིན་བྲིས་སུ་བྱས་པ་ལས། རྗེ་བཙུན་དམ་པ་དེ་ཉིད་ལྷ་ཆེན་ཡང་ལྷ་ཤམྦྷོའི་གངས་རིའི་ལྷ་ཞོལ་བོད་རྗེ་གཉའ་ཁྲི་བཙན་པོས་དང་པོར་མངའ་རིས་སུ་བདག་གིར་མཛད་པའི་ཡུལ་ཡར་མོ་ལུང་གི་སའི་ཐིག་ལེར་ཞབས་ཟུང་གི་འཁོར་ལོ་འགོད་པར་གནང་སྐབས། བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྐྱེ་དགུ་མཐའ་དག་ཉམ་ཐག་པ་གཟིགས་པས་ཐུགས་
སྐྱོ་ཤས་གཏིང་ནས་འཁྲུངས་ཤིང་བཟོད་བླག་མེད་པའི་སྙིང་རྗེ་ཚད་མེད་པས། འགྲོ་བ་འདི་དག་སྐྱོབ་པའི་དུས་ལ་བབ་པའི་ཚེ། མཆོག་གསུམ་རྒྱ་མཚོའི་ངོ་བོ་དཔལ་ལྡན་བླ་མ་དག་གི་ཐུགས་རྗེ་བསྐུལ་ཞིང་། བདག་ཉིད་ཀྱང་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་འཁོར་བའི་འདུ་འཛི་ལས་རིང་དུ་དབེན་པ་ལ་ཐུགས་གཞོལ་བའི་ཡིད་དམ་ལེན་པའི་རྡོ་རྗེའི་མགུར་བཞེངས་པ་ནི་འདི་ལྟ་སྟེ། རྗེ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །ཕ་དབང་ཕྱུག་རྡོ་རྗེ་ཡན་ཆད་ཀྱི། །སངས་རྒྱས་ཀྱི་བརྒྱུད་པ་མ་ཆད་པ། །འགྲོ་དོན་གྱི་རྫུ་འཕྲུལ་སྟོན་པ་རྣམས། །དུས་དེང་སང་སེམས་ཅན་བསོད་ཟད་ལ། །ཐུགས་མི་བཟོད་ཕྲིན་ལས་སྐྱོབ་ཏུ་གསོལ། །མི་ཁོ་བོ་ཡང་ལྷོ་མོན་མཚམས་སུ་འགྲོ། །རྟེན་ཁྱད་པར་ཅན་མཚན་ལྡན་རྣམ་གཉིས་མཇལ། །ཁྱད་པར་སྤྲུལ་པའི་སྲས་མཁར་བསྐོར། །འབྲོག་ལ་ཕྱི་གངས་ཀྱི་ར་བར་འགྲོ། །ལྷོ་གྲོ་བོ་ལུང་གི་གཙུག་ལག་མཇལ། །བྲག་རྒོད་ཚང་ཅན་ལ་གནས་མལ་འཆའ། །རྗེ་མི་ལའི་རྫོང་དྲུག་གཏན་ཡུལ་བྱེད། །བདག་གངས་དཀར་སྟོངས་སུ་རི་ཚུགས་འཛིན། །རྗེ་མི་ལ་ཁོ་
རང་མི་བསམ་རེ། །ཉི་མ་དེ་རིང་ཡང་སྙིང་ནས་གསོལ་བ་འདེབས། །སྐྱོ་ཤས་ཀྱི་དགོས་མེད་ཞེ་ནས་བསྐུལ། །ཁ་སང་དེ་རིང་ཡང་ན་ཚས་དམྱལ་ཐག་བཅད། །སྙིང་ནས་གསོལ་འདེབས་ཀྱང་བློ་སྣ་བྲོད་པར་བྱུང་། །འབྲལ་མེད་དུ་རྗེ་ལ་གསོལ་བཏབ་པས། །ན་ཚ་ཡང་གཞི་མེད་བུན་ནེར་སོང་། །སྐུ་དྲིན་ཡང་འཁོར་ཐབས་མེད་པར་གོ །དུས་དེང་སང་འགྱུར་སྤྱོད་ཅི་འདྲ་ན། །སྡེ་ཕྱོགས་རིས་བྱེད་པའི་ཆགས་སྡང་ཅན། །བསམ་ཆུང་ཁ་དཀར་གྱི་བཀོད་པ་མཛད། །དྲན་རྒྱ་ཅན་བྲེལ་བ་ཆེ་བ་ཀུན། །དོན་མེད་དུ་བྱ་བཞག་མང་བ་རྣམས། །སྐྱབས་དམ་པར་རློམ་ནས་བདེ་སྐྱིད་འཕྲོག །ཚེ་ཐུང་གི་སྐྱིད་ཐབས་ག་ལ་འཚོལ། །ཕུན་ཚོགས་ཀྱང་རྟག་པར་མི་འདུག་པས། །དུས་ད་ལྟ་ཉིད་ནས་ཨེ་འཆི་ན། །མི་བཟོད་སྐྱོ་བ་གཏིང་ནས་སྐྱེ་བར་བྱུང་། །དུས་ན་ནིང་ད་ལོའི་བསམ་པ་ལ། །ཡིད་བདེ་བ་སྐད་ཅིག་མ་ཤར་བས། །མཆི་མས་གདོང་བརླན་ངུད་མོ་འདི་ལྟར་ཤོར། །
ཀྱེ་མ་འདི་ནས་སངས་རྒྱས་མ་ཐོབ་བར། །རྗེས་འཇུག་དར་རྒྱས་འཁོར་འབངས་ལོངས་སྤྱོད་རྣམས། །རྨི་ལམ་དུ་བྱུང་ཡང་བདུད་རྒྱལ་ཡིན། །མཆིལ་མའི་ཐལ་བ་ལྟ་བུར་གང་དགའ་གྱིས། །ནམ་བཞག་གཏན་གྱི་འདུན་མ་སྒྲུབ་པ་སོགས། ཁོ་བོ་བདག་ལ་ལྟོས་པའི་རྗེས་འཇུག་ཀུན། །གཉེན་འཛའ་གྲོགས་སོགས་སེམས་ལ་མ་འཁྲིས་ན། །དགྲ་སྟོབས་ལྡན་གྱིས་ཟིལ་གནོན་མི་ཡོང་ཞིང་། ཡུལ་གང་དུ་ཕྱིན་ཡང་ཕ་ཁྱིམ་ཡིན། །མི་དགེ་བཅུ་སོགས་ཕྱོགས་བཅུར་སྤེལ་བ་རྣམས། །བདུད་ཀྱི་བར་ཆད་ཡིན་པར་ངོ་ཤེས་ནས། །ཐལ་མོ་བརྡབས་ནས་ངུད་མོ་བྱེད་པ་འདི། །སྤྱིར་གྱི་དྭགས་པོ་བཀའ་བརྒྱུད་མཚན་ལྡན་དང་། །ཁྱད་པར་མི་མཆོག་དུས་གསུམ་མཁྱེན་པ་ཞེས། །སྒྲུབ་བརྒྱུད་ཉིན་སྐར་ཙམ་ལས་དཀོན་པ་ཡིན། །བ་ཐག་མ་ཆད་ཙམ་ནི་མཛད་པ་ཡིན། །ད་ཀརྨ་བཀའ་བརྒྱུད་ཀྱི་སྒྲུབ་རྒྱུད་འདི། །དགུན་དུས་སུ་སྨྱུ་གུ་འཁྲུངས་པ་འདྲ། །མི་སྲིད་པ་སྲིད་པ་
རྙེད་པའི་དུས། །སྙིང་རུས་ལ་ཞེ་གཅིག་ད་རེས་དགོས། །དུས་དེང་སང་སྙིགས་མའི་སྤྱོད་ཚུལ་མཐོང་། །འདྲེ་ལྷ་རུ་མཆོད་པས་བདུད་དུ་བབ། །དེ་བབ་པས་མི་འདོད་སྣ་ཚོགས་བྱུང་། །བཀའ་སྲུང་ཡི་དམ་ཆོས་སྐྱོང་ལ། །ལོག་ལྟ་སྒོམ་ཞིང་ཡི་ཆད་བྱེད། །ཁོང་ཐུགས་རྗེ་ཆུང་བ་མ་ཡིན་ཏེ། །རང་ལ་མོས་གུས་མ་སྐྱེས་པས། །དེ་ལན་རང་ལ་འཁོར་བ་ཡིན། །དེ་འདྲའི་བསྐལ་པ་ཤར་བའི་ཚེ། །མ་རབས་ཀྱིས་ཡ་རབས་རྗེ་རྣམས་འབུད། །རྗེ་རྒྱལ་པོ་རྣམས་འབངས་ཀྱི་ཁྲོད་དུ་འཁྱམས། །མ་རབས་ཚིག་སུན་གྱིས་ནང་མི་མཐུན། །སྙིང་དམར་པོར་ཟོས་ཀྱང་མི་ཚིམ་པའི། །ཞེ་སྡང་གི་འཐབ་རྩོད་ཅི་ཡང་བྱེད། །དེ་བྱས་པས་ཉེས་མེད་ཀྱི་སེམས་ཅན་རྣམས། །ལྟག་ཆད་བཞིན་མར་ལ་འགྲོ་ཉེན་འདུག །དེ་ལྷག་པར་བསམ་ནས་སྤྱན་རས་གཟིགས། །སྐུ་ཟླ་བ་ལྟ་བུའི་བདུད་རྩི་ལ། །གསུང་བསིལ་ཟེར་ལྟ་བུར་ཉོན་མོངས་ཞི། །ཐུགས་ནམ་མཁའ་ལྟ་བུར་དམིགས་
པ་མེད། །དུས་དེ་ཙ་ན་དགྲ་གཉེན་གྱི་དབྱེ་བ་མེད། །མི་བདག་གི་ལས་འབྲས་བསླུ་མེད་དྲན། །བདེན་མི་བདེན་མངོན་སུམ་འདི་ལ་ལྟོས། །སྐྱབས་དཀོན་མཆོག་དྲན་ཤིང་ཁ་ནས་ཤོར། །དེ་ཤོར་བ་ཤོག་བུའི་ངོས་སུ་བྲིས། །དེ་བྲིས་པ་རྗེས་འཇུག་ལྟད་མོ་མཛོད། །ཅེས་རང་ལོ་བཅོ་བརྒྱད་ལ་ཡར་ལྷ་ཤམྦྷོའི་འདབས་སུ་བྲིས་པའོ།། །།དེ་ཡང་མཚན་བརྗོད་པར་དཀའ་བ་དཔལ་ལྡན་ཀརྨ་པ་ཆེན་པོ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད། རྗེ་བཙུན་དམ་པ་ཆོས་ཀྱི་དབང་ཕྱུག་དེས་ཐུགས་རྗེ་རྨད་དུ་བྱུང་བས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནས་རིང་པོར་མ་ལོན་པར་ཡོངས་སུ་མྱ་ངན་ལས་འདས་པ་དེའི་སྐུ་གདུང་རིན་པོ་ཆེའི་མཆོད་རྟེན་བཞེངས་པའི་གནས་སྐབས་དེར་བླ་མ་རྗེ་བཙུན་ཡབ་སྲས་གཉིས་ལ་སྙིང་ཁུང་རུས་པའི་གཏིང་ནས་མོས་གུས་ཅན་གྱི་སྒོམ་ཆེན་པ་འགའ་ཞིག་གཟིགས་པས་དགྱེས་ཤིང་མཉེས། རྗེ་བཙུན་ཉིད་ཀྱང་མོས་གུས་ཚད་མེད་པ་འཁྲུངས། དད་པའི་ཡུས་ཀྱིས་བརྣངས་པའི་གདུང་ཤུགས་དེས། ཉམས་འབར་ཞིང་འདི་ཡིན་དང་འདི་མིན་གང་ཡང་མེད་པའི་ངང་དུ་དར་ཅིག་ལུས། ཇི་ཞིག་ན་འདི་ལྟ་བུ་སྒྲུབ་རྒྱུད་ཀྱི་རྣམ་ཐར་ལ་བསླབ་ཅིང་། །བླ་མ་ལ་མོས་གུས་ཀྱི་མཉེས་པ་སྒྲུབ་པ་
སྐལ་ལྡན་གཞན་དག་ལའང་བསྐུལ་མ་འདེབས་པའི་ཕྱིར་ལོ་རྒྱུས་ཡི་གེར་བྲིས་ཏེ་གསོལ་བ་བཏབ་པ་ནི། ༈ ན་མོ་གུ་རུ། འོད་དཔག་མེད་མགོན་ཞྭ་དམར་ཅོད་པན་འཛིན། །བྱང་ཆུབ་སེམས་དཔའ་རྒྱལ་བ་མ་ཕམ་པ། །ང་ཡི་སྐྱབས་གཅིག་ཆོས་ཀྱི་དབང་ཕྱུག་ལ། །མི་ཕྱེད་དད་པས་སྙིང་ནས་ཕྱག་བགྱིའོ། །ཁྱེད་ཀྱི་བརྩེ་བའི་ཐུགས་རྗེས་རྗེས་བཟུང་ནས། །ཅི་སླད་ང་ནི་དུས་རིང་བཏང་སྙོམས་སུ། །བོར་བའི་གནས་སྐབས་འདི་འདྲ་ཇི་ལྟར་ཕོད། །ཐུགས་རྗེས་ད་གཟིགས་ཆོས་ཀྱི་དབང་ཕྱུག་ཀྱེ། །ཨ་ཡེ་རིགས་ཅན་གསུམ་གྱི་གདུལ་བྱ་ཡི། །ནང་ནས་སྨོན་ལམ་བཟང་པོའི་འབྲེལ་བ་ཅན། །ཁོ་བོ་མ་གཏོགས་བསམ་རྒྱུ་མེད་པ་རྣམས། །ཚུར་ཤོག་ཚུར་ཤོག་དཔལ་ལྡན་བླ་མ་ཡི། །བརྩེ་བས་བསྐྱངས་པའི་བུ་རྣམས་ད་ཚུར་ཤོག །ད་ལྟ་དལ་འབྱོར་དོན་ལྡན་རྙེད་དཀའ་བའི། །ངེས་དོན་ནོར་བུ་དགོས་འདོད་ཀུན་འབྱུང་བ། །འབད་པ་མེད་པར་བླ་མས་དུས་འདི་རུ། །ཡུ་བུའི་ལག་ཏུ་བྱིན་ན་དེ་
ལས་ཅི། །ད་དུང་འཆིང་བུའི་དུམ་བུས་ཅི་ཞིག་བྱེད། །ད་འདུ་འཛིའི་ནང་དུ་བག་ཕབ་ནས། །གཏམ་གྲགས་པ་འཁོར་འབངས་སྐྱོང་བ་ཡི། །ཚེ་འདི་ཡི་བྱ་བའི་འདུན་གྲོས་མཁན། །འཁོར་བ་རུ་ཡང་ཡང་རང་གཞན་ཀུན། །ཐོག་མེད་ཀྱི་དུས་ནས་དམྱལ་ཐག་བཅད། །དེ་བཅད་ཀྱང་རྩི་ལ་སྤྲང་མ་བཞིན། །འཁྲུལ་པ་འདིས་ད་དུང་བསླུ་བ་འདྲ། །མི་རྟག་མི་རྟག་འདུས་བྱས་རྣམས་མི་རྟག །སྒྱུ་མ་མཁན་གྱི་སྒྱུ་མ་ཇི་ལྟ་བུར། །སྒྱུ་ལུས་མི་རྟག་ངེས་པར་འཇིག་པ་ཉིད། །ཞག་རེ་སོང་བཞིན་འཆི་དང་ཉེ་བར་གདའ། །བཟང་ངན་གྱི་གདགས་གཞི་མང་བ་དང་། །ཚུལ་འཆོས་ངོ་སྲུང་གི་བསླུ་བྲིད་དང་། །རང་སྣང་མ་དག་པའི་ཀུན་སློང་དང་། །རྣམ་རྟོག་འདིས་ད་དུང་བསླུ་བ་འདྲ། །མ་ཡེངས་མ་ཡེངས་བྱ་ར་གྱིས། །དུས་དེ་རིང་ནས་རི་སུལ་ཤིང་དྲུང་དང་། །ངེས་མེད་པས་མཐའི་གནས་མལ་བསྟེན། །དུས་དེ་རིང་ནས་ཁ་ཟས་བསོད་སྙོམས་དང་། །གོས་ཕྱག་དར་ཁྲོད་ཀྱི་ངན་
ངོན་ཙམ། །ཆོག་ཤེས་ཀྱི་འཚོ་ཆས་དེ་ཀས་ཆོག །རྒྱལ་ཁམས་ཕྱོགས་མེད་འགྲིམ་དུས་སུ། །ཆོས་བརྒྱད་རྣམ་གཡེང་བྱིས་པ་ཡི། །ཉེས་པའི་དྲི་མ་མ་གོས་པར། །རྡུལ་གྱི་ནང་དུ་རྔུལ་ཆུ་བཞིན། །མ་རྒན་རྣམས་སྨྱོ་ཚབས་ཆེ་བ་དང་། །དད་མེད་མཐར་སྐྱེལ་གྱི་གདིང་ཚན་ཅན། །རང་སེམས་ཀྱི་འཁོས་ཀ་ཆུང་བ་འདིས། །དེ་མཐོང་ཡང་བྱ་ཐབས་ཤིག་ཡེ་མ་རྙེད། །སངས་རྒྱས་ཀྱི་བསྟན་པ་འདུལ་བ་ཡི། །བསླབ་པ་རྣམ་དག་ལ་གཅེས་སྤྲས་དགོས། །སྔོན་རོལ་གྱི་བསྐལ་པ་གྲངས་མེད་དུ། །འཁོར་བ་རུ་ལན་གཅིག་མ་ཡིན་པར། །ལས་ཉོན་གྱི་དབང་གིས་དེ་ཙམ་འཁོར། །ངན་འགྲོའི་སྡུག་བསྔལ་དེ་ཙམ་མྱོང་། །དགེ་བ་ལ་ཅུང་ཟད་འབྲེལ་ཐོགས་པས། །དུས་ད་ལྟ་ལྷ་ལས་ཆེས་ལྷག་པའི། །དལ་འབྱོར་འདི་ཐོབ་པའི་གནས་སྐབས་འདིར། །བྱང་ཆུབ་ཀྱི་ཆེད་དུ་འབད་སྩོལ་འགའ། །བྱེད་རྒྱུ་ཡང་ཡོད་ལ་བྱེད་རིན་ཆོག །གཞན་ལབ་ལབ་མང་པོ་ངས་མི་
ཤེས། །མི་རྟག་རྨི་ལམ་ཙམ་གྱི་ཚེ་འདི་ཡི། །བྱ་བ་འགའ་ཡང་བྱེད་ལོང་ག་ལ་ཡོད། །བུ་བཅོས་མིན་གྱི་མོས་གུས་སྐྱེས་ཙམ་ན། །བླ་མ་ཡང་དེ་ཀས་མཉེས་པ་ཡིན། །དེ་མཉེས་པའི་ཐུགས་རྗེ་སྤྲིན་ཆེན་ལས། །བྱིན་རླབས་ཀྱི་ཆར་པ་རྒྱུན་དུ་འབབ། །དེ་བབ་པས་མོས་གུས་ཀྱི་མྱུ་གུ་སྐྱེས། །དེ་སྐྱེས་པས་བྱང་ཆུབ་ཀྱི་འབྲས་བུ་སྨིན། །དེ་སྨིན་པས་མ་རྒན་ཀུན་ཀྱིས་ཟོས། །དེ་ཟས་པས་བདེ་ཆེན་གྱི་རོ་མཆོག་མྱོང་། །དེའི་ནུས་བཅུད་ཀྱིས་རང་རིག་ལམ་གྱིས་མཐོང་། །དེ་མཐོང་བའང་བླ་མའི་བཀའ་དྲིན་ཡིན། །འཆི་བས་བྲལ་བར་མ་གྱུར་ན། །བུ་ད་དུང་ང་ཡི་གམ་དུ་ཤོག །ཨ་ལ་ལ་སྒྲུབ་བརྒྱུད་ཀྱི་བྱིན་རླབས་ལ། །ཨ་ལ་ལ་བུ་ཡི་མོས་གུས་ལ། །འབྲལ་མེད་དུ་ཐུགས་ཡིད་གཅིག་འདྲེས་ཤོག །ཨ་ལ་ལ་བླ་མའི་ཐུགས་རྗེ་ལ། །ལར་ཐམས་ཅད་ཐམས་ཅད་བླ་མའི་དྲིན། །དུས་ད་ལྟ་བྱིས་པའི་སྣང་ངོ་རུ། །གོ་ར་ལ་ཆུད་པའི་རི་དྭགས་བཞིན། །འདི་རྒྱུན་དུ་རྩ་བཞིན་
མཐོང་སྙམ་ཡང་། །སྙིང་རྗེའི་དབང་གིས་སྤྱན་རས་གཟིགས། །ཞྭ་མཐོན་མཐིང་གི་ཅོད་པན་འཛིན་པ་བཅུའི། །གྲངས་སུ་བླ་མ་འདྲེན་པ་ང་། །ལར་སྐྱེ་བ་འདི་ཀས་ཐ་མ་ཡིན། །བུ་མོས་གུས་ཤིག་བྱེད་ན་བྱེད་རེ་རན། །གསོལ་བ་ཞིག་འདེབས་པའི་དུས་ལ་བབ། །ཟུར་བསྟན་པས་ད་ནི་ཆོག་ཚོད་ཡིན། །ལྡེབས་ཤིག་བསྟན་ན་རན་ནས་འདུག །དེ་གོའམ་མ་རྒན་སེམས་ཅན་རྣམས། །དེ་གོའམ་མ་རྒན་གདིང་ཚན་ཅན། །དེ་གོའམ་མ་རྒན་དད་མེད་པོ། །དེ་གོའམ་མ་རྒན་དྲེད་པོ་རྣམས། །ཁྱོད་ད་དུང་སེམས་ལ་བསྐོར་ལྡབ་གྱིས། །ཀ་ཡེ་ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཟབ་ཞི་སྤྲོས་བྲལ་རྨད་བྱུང་བདུད་རྩིའི་གསང་། །རང་རིག་རང་གིས་གསལ་བ་དེ་ཁོ་ན། །བདེ་ཆེན་ལྷན་སྐྱེས་ཕྱག་རྒྱ་ཆེ་བརྙེས་ཤོག །སུ་ལའང་འདི་ལྟ་བུ་མི་སྨྲ་སྙམ་ཡང་། ད་དུང་སྒྲུབ་བརྒྱུད་གོང་མ་དང་། ཁོ་བོ་ལ་ཞེ་ཐག་པ་ནས་མཉེས་ཚོར་ཆེ་བའི་སྒོམ་ཆེན་མོས་གུས་ཅན་འགའ་རེ་མཐོང་བས་དེ་ལ་ཁོ་བོ་མོས་གུས་སྐྱེས་དགའ་བ་
ཚད་མེད་པ་བྱུང་མང་པོ་ཞིག་དུས་འདི་ཡིན་འདི་མིན་ཡེ་མེད་པར་དར་ཅིག་ལུས། རང་གི་གང་སྙམ་གྱི་གླུ་འདི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་དང་ཐུགས་ཡིད་གཅིག་ཏུ་འདྲེས་པ་ཤཱཀྱཱའི་དགེ་སློང་བས་མཐའ་ལ་དགའ་བ་ཆོས་དབྱིངས་རྡོ་རྗེ་ཕྲིན་ལས་མངོན་པར་མཐོ་བའི་དཔལ་གྱིས་རི་བོ་སྤོས་ངད་ལྡན་པ་བྱ་དང་རི་དྭགས་དུ་མ་བག་ཡངས་སུ་རྒྱུ་བ་མེ་ཏོག་རྒྱས་པའི་ནགས་ཚལ་དང་ཉེ་བའི་གྲུབ་པའི་གནས་མཆོག་འོག་མིན་མཚུར་ཕུའི་གཞལ་མེད་ཁང་ཆེན་པོ་ནས་བྲིས་པའོ། ༈ །དེ་ཡང་སྙིགས་མའི་དུས་འདིར་མཚན་ཙམ་ཐོས་པས་འཁོར་བ་མཐའ་ཅན་དུ་བྱེད་པའི། རྗེ་བཙུན་ཐུགས་རྗེས་བདག་ཉིད་རྒྱལ་མཆོག་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དེ་ཉིད་དུས་ཀྱི་འགྱུར་བ་ཟིང་ཟིང་པོས་ཐུགས་ཕྱུང་ཞིང་། རྗེ་བླ་མ་ཐམས་ཅད་མཁྱེན་པའི་བཀའ་དྲིན་དྲན་པས། སྤྲུལ་པའི་སྐུའི་ཞལ་ལྟ་བ་དང་། བདག་ཉིད་དབེན་པ་ལ་ཐུགས་གཞོལ་བ་དེའི་ཕྱིར་རེ་ཞིག་མདོ་ཁམས་ཤར་གྱི་ཕྱོགས་སུ་ཕེབས་པར་དགོངས་པའི་ཚེ་དབུས་གཙང་གི་ཆོས་མཛད་རྗེས་འཇུག་རྣམས་ལ་ཞལ་གདམས་ཕྱི་འཕྲིན་གྱི་ཚུལ་དུ་བསྩལ་བའི་རྡོ་རྗེའི་མགུར་དབྱངས་ནི་འདི་ལྟར་ལགས་སོ། །སྐྱབས་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ད་ནས་ངེས་མེད་ཀྱི་རི་ལ་སྡོད། །ཡུལ་ལ་ངེས་
མེད་རྒྱལ་ཁམས་བསྐོར། །ཟིན་པ་མེད་པའི་བྲེལ་བ་ཅན། །བྱིས་པའི་ཐལ་བའི་རྩེད་མོ་འདྲ། །སྔོན་ཆད་བྱས་པ་དོན་མེད་ཡིན། །ད་བྱེད་ན་དགེ་བའི་བྱ་བ་གྱིས། །ཁྱོད་སྔོན་ཆད་གཉིས་འཛིན་འཁྲུལ་པའི་དབང་། །མི་ལུས་རིན་ཆེན་ཐོབ་པ་འདི། །དོན་མེད་འཁོར་བའི་འདམ་དུ་བོར། །ཕྱིས་བཙལ་བས་རྙེད་པ་མ་ཡིན་པས། །དུས་ད་ལྟ་དོན་ཆེན་སྒྲུབ་རེ་རན། །ཁྱོད་སྔོན་ཆད་འཛའ་བཤེས་འདྲིས་ཡོད་པ། །ཉེ་དུའི་ཚོགས་ཀྱིས་མི་སྟོངས་ཏེ། །འཇིག་རྟེན་ཕ་རོལ་འགྲོ་བ་ན། །རྒྱུས་ཡོད་ཡུལ་འཁོར་ཡོད་དམ་ཅི། །སྐྱབས་སྐྱེལ་མ་འཚོལ་ན་ད་ལྟ་ཚོལ། །དུས་འགྱུར་བ་མི་རྟག་སྟོན་གྱི་དུས། །སྤང་མེ་ཏོག་སྣ་ཚོགས་མདངས་གསལ་བ། །དུས་ཁ་སང་ཡོད་པ་ད་ནང་ཉམ། །འདི་མི་རྟག་སྒྱུ་མའི་སློབ་དཔོན་ཡིན། །ཁྱོད་དེ་ཕྱིར་བསམ་བཞིན་དབེན་པ་སྙོགས། །ལུས་བཀྲེས་སྐོམ་ཉིན་རེ་མི་བཟོད་པ། །འདི་གཅེས་པར་བཟུང་ཡང་མཐར་འབྲལ་བ། །
འབྱུང་བཞི་དུས་ཀྱིས་འགྲོ་བ་དང་། །རྣམ་ཤེས་བརྟན་པ་མེད་པ་འདི། །སྒྱུ་མ་མཁན་གྱི་གྲོང་ཁྱེར་འདྲ། །ཡུན་རིང་སྡོད་པའི་ལོངས་མེད་པར། །དེ་གོ་ན་དམ་པའི་ལྷ་ཆོས་གྱིས། །ནོར་ཡོད་དགུ་སྦྱིན་ཡང་མི་མགུ་སྟེ། །ཚིག་སྙན་པས་རྣ་བ་མི་ཁུག་ཅིང་། །སྟོབས་དྲག་ཤུལ་ལས་ཀྱིས་མི་བཟློག་པ། །འཆི་བ་བྱ་བའི་སྒྲ་བོ་ཆེ། །འདིས་སྔོན་ཆད་དགྲ་གཉེན་ཕྱེ་མ་མྱོང་། །འདི་ནམ་ཡོང་ངེས་པ་མེད་པར་ཡོད། །འདི་བསམ་ན་ཅིས་ཀྱང་དགོས་པ་མེད། །བར་དོའི་ལམ་འཕྲང་མུན་པ་ནག །ཁྱོད་ཆུ་བུར་མིག་གིས་མི་མཐོང་བས། །ནང་འོད་གསལ་སྒྲོན་མེའི་གྲབས་ཤོམ་གྱིས། །སང་ཤི་ཡང་འགྱོད་པ་མེད་པ་དགོས། །ལོང་ཡོད་ཀྱི་གོ་སྐབས་མི་རྙེད་དེ། །ལོང་མེད་ཀྱི་བློ་སྣ་བཟུང་རེ་རན། །གསོག་འཇོག་གི་ཨ་འཐས་མ་རེ་བར། །འཚོ་བ་བྱ་འཚོལ་གྱི་འཚོ་བ་བཟང་། །གོས་དར་ཟབ་འཇམ་པོར་མི་རེ་བར། །ཧྲལ་ཧྲུལ་གྱི་གོས་རྙིང་ལུས་ལ་དྲོ། །ཁྱོད་དེ་ཕྱིར་བསམ་
བཞིན་རི་ལ་འདུག །ཡར་མཁའ་ལ་འཕུར་བའི་འདབ་ཆགས་དེ། །ཁོ་གར་འགྲོ་རང་དབང་ཆེ་ན་ཡང་། །ཟས་ས་ལ་འཚོལ་དུས་བག་ཡོད་དགོས། །སྙི་དམ་པོས་ཟིན་ན་ཇི་ལྟར་བྱ། །ཁྱོད་གར་འགྲོ་རང་དབང་ཆེ་ན་ཡང་། །ཕྱོགས་འཛིན་གྱི་ཡུལ་ལ་རྒྱུ་བ་ན། །བྱིས་པའི་སྐྱེ་བོའི་བློ་བྲིད་ཀྱི། །འདུ་འཛིའི་རྒྱ་ལ་བག་ཡོད་དགོས། །འདིས་ཟིན་ན་ནམ་ཕུག་བློ་རེ་འགྱོད། །དེ་བསམ་ཞིང་དབེན་པའི་རི་ལ་འདུག །ཅེས་མཁའ་འགྲོའི་གནས་མཆོག་མཚོ་དཀར་སྤྲུལ་པའི་ཕོ་བྲང་དུ་བླངས་སོ།། །།དེ་ཡང་རྟོགས་ལྡན་ཆེན་པོ་ཞྭ་དམར་ཅོད་པན་འཛིན་པ་མཁའ་སྤྱོད་དབང་པོ་ཞེས་བྱ་བ་དེ་ཉིད་རྗེ་བཙུན་རི་ཁྲོད་པ་བདེ་བར་གཤེགས་པའི་གདན་ས་མཚུར་ཕུ་གནས་ནང་དུ་བཞུགས་པར་གསོལ་བས། འཁོར་སློབ་མཚན་ཅིག་མི་དད་ཅིང་སྐུར་ཞུས་སྣ་ཚོགས་བྱུང་བ་ལ་བརྟེན་ནས་ཡུལ་ཕྱོགས་འདི་ལྟ་བུར་བསྡད་པས་བླ་མའི་གདན་ས་མི་ཟིན་ཅིང་གཞན་དོན་དུ་མི་འགྱུར་བའི་ཁར་སྡིག་ཆེན་པོ་གསོག་པར་འགྱུར་དུ་འོང་དགོངས་ཏེ། གནམ་ལྷ་བརྒྱད་གངས་ཀྱི་ར་བ་ལ་སོགས་པར་གཤེགས་པའི་ཚེ། ཞལ་སློབ་རྣམས་ལ་ཞལ་བཀོལ་ཕྱི་འཕྲིན་དུ་གསོལ་བ་ནི་འདི་ལྟ་
སྟེ། ༈ ན་མ་ཨུཏྟ་རེ་བྷྱཿ སྡེ་རིགས་མཐུན་པའི་མིང་ནི་དཔལ་ཡེ་ཤེས། །མེ་ཏོག་ཕོག་པའི་མིང་ནི་མི་བསྐྱོད་རྒྱལ། །བླ་མས་གནང་བའི་མིང་ནི་མི་ཕམ་པ། །ལྷ་ཡིས་བཏགས་པའི་མིང་ནི་དྲི་མ་མེད། །ཌཱ་ཀིས་གླུར་བླངས་མིང་ནི་མཁའ་ལ་སྤྱོད། །འཕགས་མ་དགྱེས་པའི་མིང་ནི་ཙཎྜི་པ། །དོན་མེད་མིང་མང་ལྡན་པའི་སྤྲང་པོ་ཁྱོད། །བྱང་ཆུབ་ལམ་གྱི་གླུ་འདི་ཉན་པར་མཛོད། །ལྟོ་གོས་བྲང་བྲེམ་ཙམ་ཞིག་གང་བྱས་ཕྱིད། །མི་ལུས་ཡི་དྭགས་སྤྱོད་པས་ཅི་ཞིག་བྱེད། །ཟས་ནོར་སྒྲུབ་པའི་རྩོལ་བ་རྒྱབ་ཏུ་སྐྱུར། །ཞེན་པར་རང་ལོག་འདི་ནི་བྱང་ཆུབ་ལམ། །བྱ་བཏང་སྐྱེས་བུ་གང་དུ་ཕྱིན་ཡང་སྐྱིད། །རྩོད་པའི་ས་ཡུལ་བཟུང་ནས་ཅི་ཞིག་བྱེད། །ཡུན་དུ་ས་གཅིག་སྡོད་བློ་རིང་དུ་སྤོངས། །ཡུལ་ལ་ངེས་མེད་འདི་ནི་བྱང་ཆུབ་ལམ། །རང་སྣང་དག་ན་སུ་ཡང་མཐུན་པའི་གྲོགས། །སྡུག་བསྔལ་སྣ་ཐག་སྦྲེལ་ནས་ཅི་ཞིག་བྱེད། །ཉེ་འབྲེལ་འཁོར་པའི་ཤལ་ཐག་རྦད་ཀྱིས་ཆོད།
དགྲ་མེད་བཤེས་མེད་འདི་ནི་བྱང་ཆུབ་ལམ། །ཆོས་དང་མཐུན་ན་འདུན་མ་ལྷ་ཡིས་སྒྲུབ། །ལེགས་ཉིས་བརྩི་བགྲང་མང་པོས་ཅི་ཞིག་བྱེད། །ཚེ་འདིའི་བྱ་བཞག་ཐམས་ཅད་ལིངས་ཀྱི་བོར། །བྱར་མེད་རང་ག་འདི་ནི་བྱང་ཆུབ་ལམ། །རང་སེམས་རང་ངོ་ཤེས་ན་སངས་རྒྱས་རང་། །ཐ་སྙད་ཐོས་བསམ་མང་པོས་ཅི་ཞིག་བྱེད། །གཞུང་ཚིག་རྟོག་པའི་རི་མོ་ཡལ་དུ་ཆུག །གཅེར་མཐོང་རང་གྲོལ་འདི་ནི་བྱང་ཆུབ་ལམ། །འཕྲལ་སྣང་རྨི་ལམ་ཙམ་འདི་གང་བྱས་རུང་། །རང་གིས་རང་ཉིད་བཅིངས་ནས་ཅི་ཞིག་བྱེད། །གཏད་མེད་ཆལ་བའི་ངང་དུ་ལྷོད་ཀྱི་ཞོགས། །མ་བཅོས་ལྷུག་པ་འདི་ནི་བྱང་ཆུབ་ལམ། །ཐབས་དང་ལྡན་ན་དུག་ཀྱང་བདུད་རྩིའི་མཆོག །འགལ་མཐུན་སྤོང་སྒྱུར་མང་པོས་ཅི་ཞིག་བྱེད། །གནད་ཀྱི་གདམས་པས་ཉོན་མོངས་གྲོགས་སུ་ཁྱེར། །སྲོག་ཐིག་ཟབ་གནད་འདི་ནི་བྱང་ཆུབ་ལམ། །ཨེ་མ་ནོར་བུ་རིན་ཆེན་རང་ལ་ཡོད། །དོན་མེད་
འཁོར་བར་འཁོར་ནས་ཅི་ཞིག་བྱེད། །ལྷུན་གྲུབ་བདེ་ཆེན་ངང་དུ་རྩེན་གྱིས་ཞོགས། །དགོས་འདོད་འབད་མེད་གྲུབ་འདི་བྱང་ཆུབ་ལམ། །བྱང་ཆུབ་ལམ་བརྒྱད་གཅིག་ཏུ་དྲིལ་བའི་གླུ། །སྔོན་རབས་དྲན་པས་སྐྱོ་བས་བསྐུལ་པའི་ཚིག །ཐོ་རང་ཐུན་མཚམས་གསེང་བའི་རོལ་མོར་བླངས། །དོན་བཞིན་སྤྱོད་དམ་ཕྱི་རབས་གྲོགས་པོ་རྣམས། །བྱང་ཆུབ་ལམ་ཡང་བདག་གིས་རྙེད། །འདོང་ངོ་སྐལ་ལྡན་གྲོགས་པོ་རྣམས། །བྱང་ཆུབ་ལམ་ལ་མི་འགྲོ་བའི། །ཆོས་པའི་གཟུགས་ཀྱིས་ཅི་ཞིག་བྱེད། །བྱང་ཆུབ་ལམ་ལ་འགྲོ་འདོད་ན། །འཇིགས་རྟེན་བྱ་བ་རྒྱབ་ཏུ་སྐྱུར། །འཁོར་བའི་གནས་ལ་ཕྱི་ཕྱག་འཚོལ། །དཔལ་ལྡན་བླ་མའི་རྗེས་བཞིན་འབྲངས། །ཚེ་ཕྱི་མའི་བརྒྱགས་གྲབས་གྱིས་ཤིག་དང་། །གཏན་གྱིས་འདུན་མ་ལེགས་ནས་འོང་། །རྣལ་འབྱོར་བདེ་སྤྱོད་བཟང་པོ་ཡི། །བྱང་ཆུབ་ལམ་གླུ་དེ་སྐད་ལོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཞྭ་དམར་ཅོད་པན་འཛིན་པ་མཁའ་སྤྱོད་དབང་པོ་ཞེས་བྱ་བ་
དེ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་སྣང་འཁྲུལ་པ་མེད་པར་གཟིགས་ནས་རྟོག་གེ་མཁན་གྱིས་བདེན་པ་གཉིས་ལ་སྒྲོ་སྐུར་བྱས་པ་དེ་ཐམས་ཅད་ཀྱི་མཚང་ཕྱར་ནས་ཆོས་ཅན་དང་ཆོས་ཉིད་ཐམས་ཅད་སྦུན་སྐོགས་ལྟར་གྲོལ་བར་གྱུར་པ་ནི་འདི་ལྟ་སྟེ། ༈ ནམཿཤྲཱི་གུ་རུ་ཝེ། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྗོབ་བདེན་པའི་རང་ངོ་ཡིན། །འདི་མ་བཅོས་རང་གའི་གནས་ཤེས་ན། །དོན་དམ་པའི་བདེན་པའང་དེ་ཁོ་ན། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་དེ། །ལུང་རིགས་པ་མང་ཡང་གནས་མ་གོ། །གཉིས་ཐ་དད་དུ་བཟུང་བས་གཉིས་མེད་ཉམས། །བློ་སྤང་བླང་གི་འཁྲུལ་འཁོར་རྒྱུན་མི་འཆད། །ངེད་མན་ངག་གནས་གྱི་བདེན་གཉིས་འདི། །འཕྲལ་མངོན་སུམ་མཛུབ་ཚུགས་ལམ་དུ་བྱེད། །དཔལ་རྡོ་རྗེ་འཆང་དངོས་བླ་མ་ཡི། །ཐུགས་དགོངས་པའི་སྙིང་པོ་རྒྱུན་མི་འཆད། །རྟེན་ཐབས་ཤེས་ཟུང་འཇུག་རྡོ་རྗེའི་ལུས། །གནད་རྣམ་བཞི་གཅིག་ཏུ་ཚོགས་པ་དེ། །དོན་ཀུན་རྫོབ་བདེན་པ་གསང་བའི་གསང་། །དེ་
སྤྱོད་པའི་ཡེ་ཤེས་དོན་དམ་ཉིད། །ནང་སྐུ་བཞིའི་འཁོར་ལོ་ལས་འོངས་པ། །མཆོག་གསང་ཆེན་འཁོར་ལོའི་རྩེར་སྨིན་ཏེ། །ཡུལ་ཡང་དག་འཁོར་ལོས་བརྒྱན་པ་དང་། །ལམ་བསམ་གཏན་བཞི་ཡི་རྩེ་མོར་རྙེར། །རྒྱུད་ཟབ་མོ་གནད་ཀྱི་བདེན་གཉིས་ལ། །ཕྱི་མ་གཏོགས་ནང་གསང་དོན་གསུམ་པོ། །རྗེ་བླ་མའི་ཞལ་ལ་གནས་པ་ཡང་། །དུས་དེ་རིང་རང་དྲན་གསོ་ཕྱིར་བརྗོད། །བདག་བླ་མའི་ཞལ་གདམས་རྫོགས་པའི་བུ། །ཉམས་རབ་འབར་སྣ་ཁ་མ་བསྐྱིལ་བར། །གནད་མ་སྦས་གླུ་རུ་བླངས་པ་ལ། །ཐུགས་དགྱེས་པར་མཛོད་ཅིག་ཌཱ་ཀིའི་ཚོགས། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་དེ་ཉིད་ཀྱི་གསུང་རྡོ་རྗེའི་གླུར་བཞེངས་པ་ཇི་སྙེད་པ་ལས། ཡོངས་འཛིན་དགེ་པའི་བཤེས་གཉེན་དང་བཀའ་བརྒྱུད་འཁྲུལ་བྲལ་གྱི་གསུངས་ལ་ངེས་ཤེས་བསླུ་མེད་འཁྲུངས། འཕྲལ་སྣང་རང་གཞན་གྱི་འདུན་མ་བྱ་བཞག་སྐྱིད་སྡུག་གི་གནས་སྐབས་ཡུལ་དུས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་བུན་ལོང་དུ་གཟིགས།
དཔོན་སློབ་མཆོད་ཡོན་གྲོགས་བཤེས་ཀྱི་འབྲེལ་པ་ཐོས་བསམ་སྒོམ་པའི་བྱ་བ་སོགས་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་དེ་ཐམས་ཅད་ཀྱང་རྟོགས་ན་ངེས་དོན་གནས་ལུགས་ཀྱི་མཚང་རྗེན་པར་སྟོན་པའི་བརྡ་དོན་དུ་འདུག་པར་མཁྱེན། དེས་ན་མ་བཅོས་གཉུག་མ་ཐ་མལ་འཛིན་མེད་བཅིངས་མེད་གྲོལ་མེད་ཀྱི་གནས་ལུགས་ནམ་ཞོད་དུས་ཀྱིས་དྲོས་པ་ལྟར་མྱོང་བ་ནང་ནས་ཤར་བའི་དགོངས་པ་འཁྲུངས་ཏེ་དེ་དག་སྐལ་ལྡན་སློབ་མ་ལ་གདམས་པ་མན་ངག་ཏུ་དྲིལ་ཏེ་སྟོན་པར་བཞེད་པའི་ཚེ་རྡོ་རྗེའི་མགུར་བཞེངས་པ་ནི་འདི་ལྟ་སྟེ། ༈ བསམ་བློ་བཏང་ན་བཀའ་དྲིན་ཆེ་བ་དེ། །རྗེ་བཙུན་ཐུགས་རྗེ་ཅན་གྱི་མི་བསྐྱོད་རྒྱལ། །རྒྱུ་རྐྱེན་དམིགས་པའི་གཏད་སོ་མ་མཆིས་ཀྱང་། །ཐེག་གསུམ་ཆོས་ཀྱི་གོ་རྟོགས་ནང་ནས་ཤར། །འདིར་ལྟོས་བྱ་བའི་མིག་ཁྲིད་ངན་པ་ཡང་། །གཏན་གྱི་འདུན་མའི་གྲབས་ཤོམ་བཟང་པོར་སོང་། །དང་པོར་ཚེ་འདིའི་རེ་ལྟོས་བཅས་པ་ཡང་། །ཐུགས་རྗེའི་ཐབས་ཀྱིས་ཕྱི་མའི་དོན་དུ་གྱུར། །ཆུང་ངུའི་དུས་ནས་བཤེས་གཉེན་བསྟེན་པ་ཡང་། །ད་ལྟ་ལང་ཚོ་ཡོལ་ཚེ་འདུན་མ་གྲུབ། །ཐ་སྙད་ཚིག་མཐའ་
སྤྱད་པའི་ཐོབ་ཐོབ་ཀྱང་། །མྱོང་བ་རྒྱུད་ལ་སྐྱེས་པའི་གནད་གསང་རིག །བླ་མའི་དཀོར་ལ་འབགས་པའི་ལོག་འཚོ་ཡང་། །རང་གཞན་རྣམ་པར་གྲོལ་པའི་དགེ་ཚོགས་གྱུར། །ཡུན་རིང་རྟག་ཏུ་བསྟེན་པའི་གྲོགས་འདུན་ཡང་། །ད་ནི་གཏན་གྱི་དགེ་བའི་བཤེས་གཉེན་ཉིད། །རང་ལ་ལྟོས་པ་བཅས་པའི་བུ་སློབ་ཀྱང་། །རྫུན་དང་གཡོ་སྒྱུས་མགོ་བོ་མ་བསྐོར་ཙམ། །ཐོས་བསམ་དོན་དུ་གཉེར་བའི་གྲྭ་པ་ཡང་། །མཐོ་རིས་ཐར་པའི་རྒྱུ་ཚོགས་ཉིད་ལ་འགོད། །ཡང་དག་འཇོག་ལ་མོས་པའི་སྒོམ་ཆེན་ཡང་། །ལྷག་པ་ཤེས་རབ་བསླབ་པར་དཀྲི་ཚུལ་ཤེས། །ནམ་མཁའི་དཀྱིལ་ནས་གནམ་ལྕགས་ལྷུང་བ་ལྟར། །དམིགས་མེད་ཐུགས་རྗེའི་དཀྱིལ་ནས་བྱིན་རླབས་བབས། །ཨ་འཐས་མཚན་མའི་ལྗོན་ཤིང་རྩད་ནས་ཆོད། །སྣང་བ་ཐམས་ཅད་ན་བུན་ལྟ་བུར་གྱུར། །ཆེད་དུ་རྩོལ་སྒྲུབ་བྱས་པ་མ་ཡིན་ཀྱང་། །རྟེན་འབྲེལ་ཐུགས་རྗེའི་རོལ་གར་བསམ་མི་ཁྱབ། །ཕ་རྒན་བཀའ་
བརྒྱུད་རྣམས་ཀྱི་ཐུགས་རྗེར་གོ །ཡང་སྒོས་བཀའ་དྲིན་ཅན་གྱི་ཐུགས་རྗེར་གོ། །ཐོག་མ་ཁོ་ནར་མི་རྟག་སྡུག་བསྔལ་གྱི། །གནས་སྣང་ཤེས་ཀྱང་དེ་ལ་དོག་པ་མེད། །དེ་ལས་བར་དུ་མཐོ་རིས་ཐར་བ་ཡི། །ཕན་ཡོན་ཤེས་ཀྱང་དེ་ལ་རེ་བ་མེད། །མཐའ་མར་མ་རྒན་སེམས་ཅན་ཟད་མེད་ཀྱང་། །འགྲོ་དོན་སྒྲུབ་པའི་བློ་ལ་ཞུམ་པ་མེད། །མ་གོ་མ་རིག་འཁྲུལ་པའི་འཚང་རིག་པས། །འཁྲུལ་གྲོལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཤར། ཕྱི་ནང་ཡོ་བྱད་གང་ལའང་འཛིན་མེད་པས། །མ་ཆགས་ཡོངས་སུ་གཏོང་བའི་སྦྱིན་པ་རྫོགས། །ཀུན་ནས་འཁྲུགས་པའི་ཁོང་ཁྲོ་མ་དམིགས་པས། །ཚུལ་ལྡན་བཟོད་པའི་ཕར་ཕྱིན་ངང་གིས་ཚད། །སྒོམ་མེད་ཡེངས་མེད་ངང་དུ་གནས་པའི་ཕྱིར། །ལེ་ལོའི་གོ་སྐབས་མེད་པའི་བརྩོན་འགྲུས་ཡིན། །ཡང་དག་དོན་ལ་དམིགས་པ་མི་ཡོལ་བས། །བསམ་གཏན་ལ་བརྟེན་ཤེས་རབ་རྣམས་པར་དག །ཉོན་མོངས་ངོ་བོ་གཟོད་ནས་མ་
དམིགས་ཤིང་། །ཆོས་དབྱིངས་གདོད་ནས་རྣམ་པར་དག་མཐོང་བས། བྱང་ཆུབ་ཕྱོགས་ཆོས་བྲལ་དང་རྣམ་སྨིན་གྱི། །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་གོ །དཔག་བསམ་ཤིང་དང་བུམ་པ་བཟང་པོ་ལྟར། །གཞིའི་ཡོན་ཏན་འབྲས་བུར་མ་འབད་གྲུབ། །འབྲས་བུའི་ཕྲིན་ལས་རྟོག་མེད་འགྲོ་ཚོགས་ལ། །གང་འདུལ་ཟད་པ་མེད་པར་འབྱུང་བ་ཉིད། །སྐྱེས་པ་མཐའ་འཁོབ་ཀློ་མོན་ཕྱོགས་སུ་སྐྱེས། །རྒས་པ་ཕྱོགས་རིས་མེད་པའི་ཡུལ་དུ་རྒས། །འཆི་བ་ས་ཕྱོགས་གར་འབྱུང་གཏོལ་མ་མཆིས། །དཀོན་མཆོག་ཡན་ལག་ཅེས་བྱའི་རྒན་པོ་བདག །ཀུན་རྫོབ་རྟེན་འབྲེལ་བསམ་ན་གཏིང་ནས་སྐྱོ། །འདས་པའི་བྱ་བཞག་ཐམས་ཅད་རྨི་ལམ་འདྲ། །ད་ལྟའི་སེམས་སྣང་འདི་ཡང་གློག་འགྱུ་ཙམ། །མ་འོངས་འདུན་མ་གཡང་སར་མིག་བཙུམ་འདྲ། །དེ་འདྲའི་འདུན་གྲོས་ཀུན་ལ་གཞིག་ཙམ་ན། ཅི་བྱའི་གཏོལ་དང་བྲལ་ཏེ་བསམ་པ་སྟོར། །འོན་ཀྱང་བསམ་གྱིས་མི་
ཁྱབ་སེམས་ཀྱི་གསང་། །འཁོར་འདས་ཀུན་གྱི་གནས་ཚུལ་ཡིན་པར་གོ །ད་ནི་བསམ་གཞིག་མང་པོས་ཅི་ཞིག་བྱ། །བྱར་མེད་ལྷུག་པའི་ངང་དུ་ལུས་སེམས་གློད། །བསམ་བརྗོད་བྲལ་པའི་རང་སེམས་སོ་མ་འདི། །དུས་གསུམ་རྒྱལ་བའི་ཡུམ་མཆོག་ཕ་རོལ་ཕྱིན། །མིང་བརྒྱས་མཚོན་པའི་དོན་གྱི་གནས་ཚུལ་གཅིག །བརྡ་བརྒྱས་བསྟན་པའི་སྙིང་པོའི་ངོ་བོ་ཡིན། །ཐབས་བརྒྱས་བཀྲི་བའི་ཉམས་ལེན་རྨད་དུ་བྱུང་། །ལམ་བརྒྱས་བགྲོད་ཀྱང་འདི་ཉིད་སྙེགས་པར་ཟད། །སེམས་ཀྱི་ནོར་བུ་རང་ལ་གནས་པ་དེ། །བླ་མའི་དྲིན་གྱིས་རང་ངོ་རང་ལ་འཕྲོད། །ཐེག་མཆོག་སྙིང་པོའི་དོན་ལ་མོས་པ་རྒྱས། །མདོར་ན་ཐམས་ཅད་བླ་མའི་བཀའ་དྲིན་ཡིན། །བཀའ་དྲིན་གཞལ་བར་ལང་བ་མ་ཡིན་ཀྱང་། །མོས་པའི་བློ་ཡིས་བདག་གཞན་ལུས་ལོངས་སྤྱོད། །ཀུན་ནས་འདོད་པའི་ཡོན་ཏན་མི་དམན་པ། །ཟག་མེད་མཆོད་པའི་སྤྲིན་དུ་མཆོད་པར་བཞེས། བཞེས་
ནས་མར་གྱུར་འགྲོ་བ་མ་ལུས་པ། །མངོན་པར་དགའ་བ་ཆོས་དབྱིངས་ཞིང་ཁམས་སུ། །མི་བསྐྱོད་རྡོ་རྗེར་རོ་གཅིག་གྱུར་ནས་ཀྱང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་བྱིན་གྱིས་རློབས། ཞེས་སོ། ༈ ན་མོ་གུ་རུ། བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གྱི་སྙིང་སྟོབས་བླ་ན་མ་མཆིས་པས་སེམས་ཅན་གང་དག་འཁོར་བའི་བརྩོན་རར་སྡུག་བསྔལ་གྱིས་གཟིར་བ། ཀུན་ལ་ཐུགས་རྗེའི་འཇུག་པ་དུས་ལས་ཡོལ་པ་མེད་པ། ཟབ་པ་དང་རྒྱ་ཆེ་བའི་ཐེག་ཚུལ་རྒྱ་མཚོ་ལྟ་བུའི་དགོངས་དོན་གྱི་ནོར་བུས་ཐུགས་ཀྱི་བང་མཛོད་ཡོང་སུ་བལྟམས་པ། རབ་འབྱམས་ཤེས་བྱའི་ཆོས་ཚུལ་ཇི་སྙེད་པ་ཀུན་སྒྲིབ་མེད་ཇི་ལྟ་བར་མཁྱེན་པའི་ཡེ་ཤེས་མངའ་བ། བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་ཏུ་མེད་པའི་སྒྱུ་འཕྲུལ་གྱིས་རྣམ་རོལ། །ཞྭ་དམར་ཅོད་པན་འཛིན་པ་དྲུག་པ་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། གདུལ་བྱའི་མོས་ཁམས་དང་མཚམ་པར་ཟབ་གསང་རྡོ་རྗེའི་མཛོད་སྒོ་བརྒྱ་ཕྲག་དུ་མ་ཕྱེ་བ་ལས་ཁ་འཐོར་བ་འགའ་ཞིག་རེ་གཟིག་ཏུ་བཀོད་པ་ནི་འདི་ལྟ་སྟེ། དེ་ཡང་ཞྭ་དམར་ཅོད་པན་འཛིན་པའི་མཚན་གྱི་བྱིན་གྱིས་བརླབས་པ་དྲུག་པ་མིང་ཆོས་ཀྱི་དབང་ཕྱུག་ཏུ་འབོད་པ་བདག་རང་ལོ་བཅུ་གསུམ་པའི་དུས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བཞད་པ་རྡོ་རྗེའི་
དཔེན་གནས་གཉའ་གཉའི་རི་ཁྲོད་དུ་སྟན་ཆགས་པའི་ཚེ། བདག་ཅག་གི་ལུས་དང་ངག་དང་ཡིད་ཀྱི་སྐྱོན་གསུམ་བསལ་ནས་དད་པའི་ལམ་ལ་དཀྲི་བའི་བཀའ་དྲིན་ཅན་སེམས་ངོ་ལག་བཅང་དུ་གཏོད་པ། བསྡུ་བའི་དངོས་པོ་བཞི་དང་མི་འཇིགས་པ་བཞི་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པ་ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཞལ་དཀྱིལ་ཡང་དང་ཡང་དུ་དྲན་པའི་མཐུས། སླར་མོས་པ་ཆེར་བསྐྱེད་ནས་གསོལ་བཏབ་པ་ནི་འདི་ལྟ་སྟེ། ༈ ན་མོ་བཛྲེཤྭ་རཱ་ཡ། བླ་མས་བྱིན་གྱིས་བརླབས་པའི་རྣལ་འབྱོར་ང་། །དུས་དེ་རིང་སྐྱིད་པའི་གླུ་ཞིག་ལེན། །དུས་དེ་རིང་དགའ་བའི་གླུ་ཞིག་ལེན། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཕ་མར་པ་རྗེ་ཡིས་བྱིན་གྱིས་རློབས། །གུང་ཐང་པ་ལ་གསོལ་བ་འདེབས། །དབང་ཕྱུག་རྡོ་རྗེས་བྱིན་གྱིས་རློབས། །གོང་ན་དཔོན་མེད་ཀྱི་སྤྲང་པོ་ཞིག་ང་རེ་འདོད། །འོག་ན་གཡོག་མེད་ཀྱི་བྱ་བཏང་ཞིག་ང་རེ་འདོད། ཚེ་མི་རྟག་རླུང་ནང་གི་མར་མེ་འདྲ། །དེ་རྟག་འཛིན་མཁན་རྣམས་སྙིང་ནས་འཁྲུལ། །ལས་རྒྱུ་འབྲས་བསླུ་མེད་ཀྱི་རང་བཞིན་ལ། །བློ་དགེ་ཆོས་ལ་
མི་འབུངས་སྙིང་རེ་རྗེ། །བཀའ་བརྒྱུད་ཀྱི་བསྟན་པ་འཛིན་མཁན་ང་། །ཕ་མི་ལ་རས་པའི་རྣམ་ཐར་སྐྱོང་། །ཕ་མི་ལ་རས་པར་གསོལ་བ་འདེབས། །ལར་ཆོས་ཉིད་སྟོང་པ་རུ་རྟོགས་པ་ལ། །ཕྱི་ལྷ་འདྲེའི་ཆོ་འཕྲུལ་ག་ནས་འོང་། །རང་སེམས་བླ་མ་རུ་ཤེས་པ་ལ། །བཅོས་མའི་མོས་གུས་སུ་ལ་བྱེད། །ཆོས་ཀུན་སྤྲོས་དང་བྲལ་བ་ལ། །བློས་བྱས་ཀྱི་བསྒོམ་རྒྱུ་ག་ནས་འོང་། །སྣང་སྲིད་བདེ་སྟོང་དུ་ཤར་བ་ལ། །ཕ་ཡུལ་ལོགས་སུ་ག་ནས་དགོས། །ཚེ་ཕྱི་མའི་འདུན་མ་མ་གཏོགས་པ། །གཏན་གྱི་གྲོས་འདེབས་ལོགས་སུ་མེད། །གྲོགས་མཆེད་ཀུན་ཐུགས་ལ་དེ་ལྟར་ཞོག །ཅེས་ཞྭ་དམར་དྲུག་པས་རང་ལོ་བཅུ་བཞིའི་ཐོག་ཏུ་རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེས་བྱིན་གྱིས་བརླབས་པའི་དབེན་གནས་གཉའ་གཉའི་རི་སུལ་དུ་བཅད་རྒྱའི་ཁོངས་སུ་བླངས་པའི་དགེ་བས་འཛམ་གླིང་བདེ་བར་གྱུར་ཅིག། ༈ ན་མོ་གུ་རུ། དེ་ཡང་རང་ལོ་བཅུ་དྲུག་པ་ཧོར་ཟླ་དགུ་པ་རྗེས་མའི་ཚེས་བཅོ་བརྒྱད་ཀྱི་སྐར་ཚོགས་འདུས་པའི་དུས་སུ། ཤར་ཕྱོགས་ནས་ཤར་ཕྱོགས་སུ་བལྟས་པ་ན་དག་པའི་སྣང་བ་ལ། ཤར་
ཕྱོགས་སུ་ཤར་གྱི་ནམ་མཁའ་ཁྱབ་པ་ལྟ་བུའི་སྐུ་མངའ་བའི་གཟི་བརྗིད་ཅན་གྱི་རྗེ་བཙུན་མི་བསྐྱོད་རྡོ་རྗེ་དེ་ཉིད་ཕྱག་གཡས་པ་ཨོཾ་དང་ཧཱུྃ་སྦྱར་བའི་གར་སྟབས་ཀྱི་འཆི་མེད་བུམ་པའི་ནང་ནས་བདུད་རྩིའི་རྒྱུན་བབས་ཏེ་རང་གི་ལུས་ལ་ཞུགས་པའི་ངང་ནས་སྐུ་དེ་ཡང་ཅུང་ཟད་ཙམ་ན་ཡལ་པའི་སྣང་བ་ཤར་བའི་མོད་ལ་གསོལ་བ་བཏབ་པ་ནི། རྗེ་མི་བསྐྱོད་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་སྣང་བ་ལ་ངེས་པ་མི་འདུག་ཀྱང་། །ཕ་བླ་མ་བྱོན་པ་ངོ་མཚར་བས། །ཡང་གསོལ་འདེབས་ཀྱི་གདུང་ཤུགས་འདི་ལྟར་ལགས། །རང་སེམས་ཆོས་དབྱིངས་ཀྱི་ནམ་མཁའ་ལ། །ཉམས་སྣ་ཚོགས་ཀྱི་རྒྱུ་སྐར་འབུམ་ཕྲག་རྒྱས། །རང་སེམས་ཀྱི་ངོ་བོར་བཞུགས་པ་ཡི། །རྗེ་བླ་མ་དེ་སངས་རྒྱས་ཀྱི་ངོ་བོར་བཞུགས། །རང་དད་པ་བྱེད་ན་དེ་ལ་བྱེད། །གསོལ་བ་ཞིག་འདེབས་ན་དེ་ལ་འདེབས། ཕྱི་སྣོད་ཀྱི་འཇིག་རྟེན་ཞིང་ཁམས་ན། །ནང་བཅུད་ཀྱི་སེམས་ཅན་སྐར་ཚོགས་བཀྲ། །སེམས་ཉིད་ཀྱི་རྒྱུ་བ་མང་ལགས་ཀྱང་། རྗེ་བླ་མའི་ཡེ་ཤེས་རོལ་པར་ཤར། །རང་དད་པ་བྱེད་ན་དེ་
ལ་བྱེད། །གསོལ་བ་ཞིག་འདེབས་ན་དེ་ལ་འདེབས། །རྗེ་ཐུགས་རྗེ་མངའ་བའི་ཀརྨ་པ། །ང་རྒྱལ་གྱི་དོང་དུ་ལྷུང་བ་ཡི། །མགོན་མེད་ཀྱི་དྲེད་པོ་བདག་འདྲ་ལ། །ཐུགས་རྗེའི་མཐུ་ནུས་མ་ཆུང་བར། །བྱིན་རླབས་ཀྱི་སྣང་བ་སྩལ་དུ་གསོལ། །མི་ང་མདོ་རྒྱུད་ལ་སྦྱངས་པའི་དགོས་པ་ནི། །སང་མཐའ་རུ་འཁྱོལ་བར་ཐུགས་རྗེས་ཟུངས། །རྗེ་བླ་མ་འབྱོན་པའི་རྟགས་མཚན་འདིས། །ང་ཡི་བསམ་པ་འདི་འགྲུབ་པར་ཐེ་ཚོམ་མེད། །བྱིན་རླབས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་འདེབས་སུ་པ་ནམ་དུ་བྲིས། སརྦ་མངྒ་ལཾ།། ༈ །།དེ་ཡང་ཐམས་ཅད་མཁྱེན་པ་གར་དབང་ཡེ་ཤེས་སྙིང་པོ་ཞི་བ་སྒྲ་དབྱངས་ཀྱི་རྒྱལ་པོ་དེ་ཉིད་ལོ་གསུམ་གྱི་བཅད་རྒྱར་བཞུགས་པའི་ཚེ། རྒྱལ་དབང་ཆོས་དབྱིངས་རྡོ་རྗེའི་སྐུ་དྲིན་བཟོད་མེད་དུ་དྲན་ནས་གདུང་དབྱངས་ཀྱིས་གསོལ་བ་བཏབ་པ་ནི་འདི་ལྟ་སྟེ། དཔལ་མི་འགྱུར་བྱང་ཆུབ་རྡོ་རྗེའི་གདན། །རྗེ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །ཁོང་མདའ་བསྣུན་རྒྱལ་པོའི་སྐུར་སྣང་བ། །ཞབས་པདྨོའེ་དྲྭ་བར་མགོས་ཕྱག་འཚལ། །ཡུལ་བྱང་
ཕྱོགས་ལྷ་ལྡན་པཀྵུའི་འགྲམ། །མཚུར་མདོ་བོ་ལུང་གི་དགོན་པ་ན། །དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རྗེ་དུས་གསུམ་མཁྱེན་པ་སྤྲུལ་པའི་སྐུ། །དྲིན་འཁོར་མེད་ཆོས་དབྱིངས་རྡོ་རྗེ་དེས། །སྙིགས་དུས་ཀྱི་འགྲོ་ལ་ལྷག་བརྩེ་བའི། །ཐུགས་མི་བཟོད་སྙིང་རྗེའི་འོད་སྣང་ཅན། །བློ་མ་རིག་པའི་སྒྲིབ་ཚོགས་ཀུན་ནས་བསལ། །དེ་བསལ་བས་གཉིས་མེད་ཀྱི་ཡེ་ཤེས་རྒྱས། །དེ་རྒྱས་བས་བྲལ་སྨིན་གྱི་ཡོན་ཏན་སྨིན། །དེ་སྨིན་པས་དོན་གཉིས་ལྷུན་གྱིས་གྲུབ། །དེ་གྲུབ་པས་ལུང་རྟོགས་གྱིས་སྙིང་པོ་མཆོག །ཆོས་ཕྱག་རྒྱ་ཆེ་ལ་དབང་བསྒྱུར་མཁན། །ཐབས་ཀཱ་རུ་ཎི་ཀའི་འཛུམ་མདངས་ཅན། །ཆོས་ཟབ་མོའི་འོད་ཟེར་ཀུན་ནས་འཕྲོས། །མི་ཁོ་བོའི་སྙིང་གི་མུན་པ་བསལ། །དྲིན་འཁོར་ཐབས་མེད་པའི་ངེས་ཤེས་སྐྱེས། །དོན་རང་བྱུང་རིག་པའི་ཡེ་ཤེས་དང་། །དཔལ་བཛྲ་དྷརྨ་དྷཱ་ཏུའི་ཐུགས། །སེམས་ལྷན་ཅིག་སྐྱེས་པའི་ངོ་བོར་འདྲེས།
ཆོས་ཟད་སར་འཁྱོལ་བའི་དགེ་འབྲས་རྣམས། །འགྲོ་དྲུག་གི་རྒྱུད་ལ་སྨིན་གྱུར་ཅིང་། །ཅེས་སོ། །དེ་ཡང་རྒྱལ་མཆོག་དམ་པ་ཡེ་ཤེས་རྡོ་རྗེ་དེ་ཉིད་གཞན་དོན་དུ་དགོངས་སྔས། ངེད་རང་བྱིས་པ་ཆུང་ངུའི་ན་ཚོད་དུ་ལུས། སྙིགས་དུས་ཀྱི་སྤྱོད་འགྲོས་ལ་སྐྱོ་བ་སྐྱེས། ངེད་རང་གི་གྲྭ་བུ་སློབ་ཏུ་གཏོགས་པ་རྣམས་ཀྱང་རང་སྣང་མ་དག་པའི་ཀུན་སློང་གིས་བཅེངས་ཏེ་སྡོམ་གསུམ་གྱི་རྣམ་དབྱེ་སྐད་ཅིག་ཀྱང་མི་དྲན་པར་བག་མེད་ཀྱི་སྤྱོད་པས་དུས་འདའ་བར་མཐོང་སྟེ་ཡིད་ལྷག་པར་སྐྱོ་བས་རྒྱུད་བསྐུལ་ཏེ་བརྒྱུད་པའི་བླ་མ་ཡི་དམ་ཆོས་སྐྱོང་གཞི་བདག་རྣམས་ལ་འདོད་དོན་མྱུར་འགྲུབ་ཀྱི་གསོལ་བ་བཏབ་པ་ནི་འདི་སྐད་དོ། །དཔལ་རྡོ་རྗེ་འཆང་དང་རྣལ་འབྱོར་མ། རྗེ་བཀའ་བབས་རྣམས་དང་ཏི་ལོ་པ། །དཔལ་ན་རོ་མི་ཏྲི་ལ་སོགས་པའི། །ཁྱེད་བྱིན་རླབས་བརྒྱུད་པ་དགོངས་སུ་གསོལ། །ལྷ་ཡི་དམ་ཆོས་སྐྱོང་དཀོན་མཆོག་གསུམ། ཀུན་གཅིག་བསྡུད་ཡེ་ཤེས་རྡོ་རྗེ་ཉིད། །རྗེ་བྱང་ཆུབ་རྡོ་རྗེའི་སྐུར་སྣང་བ། །དུས་ད་རེས་ཐུགས་རྗེས་བསྐྱབ་ཏུ་གསོལ། གནས་འོག་མིན་གྲུབ་པའི་ཕོ་བྲང་འདིར། །ཕྱི་སོ་སོར་ཐར་པའི་ཚུལ་ཁྲིམས་དང་། །
ནང་བྱང་ཆུབ་སེམས་དཔའི་ལྷག་བསམ་དང་། གསང་བདེ་སྟོང་ཡེ་ཤེས་སྐྱོང་པ་ཡི། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་སོགས། །ཡིད་འདོད་དོན་འགྲུབ་པར་བྱིན་གྱིས་རློབས། །བགེགས་རིགས་ཀྱི་བར་ཆད་བཟློག་ཏུ་གསོལ། །དགེ་ལེགས་ཀྱི་རྒྱལ་མཚན་བསྒྲེང་དུ་གསོལ། །དཔལ་རང་བྱུང་རྒྱལ་མོ་ལ་སོགས་པ། །འདིར་གནས་པའི་གཞི་བདག་ཐམས་ཅད་ཀྱང་། །མཐུན་རྐྱེན་གྱིས་ཕྲིན་ལས་མཛད་དུ་གསོལ། །བདག་དགེ་སྦྱོང་ཆོས་ཀྱི་དོན་གྲུབ་ལ། །འདོད་དོན་གྱི་དངོས་པོ་ཡོད་དོ་ཅོག །རང་འཁྲིས་ཀྱི་དྲི་མ་མེད་ལགས་པས། །གཞན་དོན་དུ་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པ་འདི་ཞྭ་དམར་ཅོད་པན་འཛིན་པ་བརྒྱད་པས་འོག་མིན་དཔལ་གྱི་མཚུར་ཕུར་མི་ཟད་པའི་ལོ་མཆུ་ཟླའི་ཡར་ཚེས་གང་བ་གཉིས་པའི་མཚན་ཐུན་དང་པོར་གནང་བའོ། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྙིགས་དུས་འགྲོ་ལ་ལྷག་པར་རྗེས་འཛིན་པའི། །བྱང་ཆུབ་རྡོ་རྗེའི་མཚན་ཅན་བླ་མ་རྗེའི། །སྐུ་གསུངས་
ཐུགས་ཀྱི་མཛད་པ་ཇི་སྙེད་ལ། །རྣམ་ཀུན་མི་ཕྱེད་དད་པས་ཕྱག་གྱིའོ། །ཞེས་རྗེ་བཙུན་བླ་མ་དེ་ཉིད་ལྷོ་ཕྱོགས་མོན་ཡུལ་དུ་བཞུགས་སྐབས་འཁོར་བའི་ཆོས་ཉིད་ལ་ཐུགས་སྐྱོ་བའི་ཚུལ་དུ་གསུང་རྡོ་རྗེའི་གླུར་བཞེངས་པ་འདི་ཉིད་ཟིན་ཐོ་རྟོགས་དཀའ་བ་ཞིག་སྣང་བས་ཕྱིས་མ་ར་ད་མ་ཀ་བཛྲས་གསལ་བར་བྲིས་པ་འདི་ལྟ་སྟེ། ༈ ན་མོ་གུ་རུ། རྗེ་སྐྱབས་གནས་དཀོན་མཆོག་ཐམས་ཅད་ཀྱི། །གསང་སྤྱི་གཟུགས་བླ་མ་མཆོག་ལ་འདུད། །ལྗོངས་ཁ་བ་ཅན་གྱི་ལྷོ་ཡི་ཕྱོགས། །ནགས་ཚང་ཚིང་འཁྲིགས་པའི་དབེན་ས་ན། །མི་སྙོམ་ལས་ཆོས་ལྟར་བཅོས་པ་ཡི། །སེམས་ཀུན་གཞིའི་མཁའ་སྔོན་དྭངས་པ་ལ། ཡུལ་སྣ་ཚོགས་རྟོག་པའི་ཆུ་འཛིན་ཤར། །དེ་ཅོལ་ཆུང་ཡི་གེའི་རིས་སུ་བྲིས། །བཙོན་མཐའ་མེད་རྣམས་ཀྱི་སྡུག་བསྔལ་ལ། །གཏན་ཐར་མེད་འཁོར་བར་རབ་འཁོར་བ། འདི་བསམ་གྱིན་བཟོད་མེད་ཡིད་རྩ་ཁོལ། །ཀུན་ཐར་བར་འདོད་པའི་བློ་སྐྱེས་ཀྱང་། །རང་སེམས་བསྐྱེད་རྒྱ་ཁྱོན་ཆུང་བ་ཡིས། །འགྲོར་ཕན་པའི་བགྱི་བ་རྔོ་མ་ཐོག །དུས་
སྙིགས་མའི་སྤྱོད་འགྲོས་མངོན་གྱུར་ཚེ། །བསྟན་འཛིན་པར་སྙམས་པའི་བློའི་བུམ་པ། །སྤངས་རྟོོགས་ཀྱི་བཅུད་ཀྱིས་སྟོངས་པར་ཤར། །ད་སྒྲུབ་བརྒྱུད་རྣམས་ཀྱི་རྗེས་འཇུག་པ། །མགྱོགས་བྱེད་ཀྱི་གྲལ་དུ་ནོར་སྐྱོང་བཞིན། །བདག་མི་སྲུན་རང་རྒྱུད་མ་ཐུལ་བ། །འདི་དུག་ལ་བདུད་རྩིར་བསྒྱུར་བ་བཞིན། །སྐྱབས་བསླུ་མེད་ལྷ་ཚོགས་རྣམས་ཀྱི་མཐུས། །ཕ་རྗེས་སུ་བུ་ཡིས་སླེབས་པ་ཡི། །ཐུགས་རྗེའི་ཟེར་ཕྲེང་སྤྲོ་བར་མཛོད། །རྗེ་བཀའ་བརྒྱུད་གོང་མའི་རྣམ་ཐར་ལ། །རྨོངས་བདག་ཀྱང་ལུས་གཡོ་མཆི་མ་འཁྲུགས། །ཆོས་ཀུན་རྫོབ་སྣང་བ་ཕྱིའི་སྒྱུ་མ། །གནད་མ་ཧཱ་མུ་དྲའི་གསང་ཟབ་མོ། །འབད་རྩོལ་བྲལ་ཡོངས་གྲོལ་དོན་དམ་པ། །མཆོག་མི་འགྱུར་བདེ་ཆེན་གཞལ་ཡས་རྩེར། །དོན་རྣམ་ཀུན་མཆོག་ལྡན་བདེ་སྟོང་གར། །དཔལ་རྡོ་རྗེ་འཛིན་པའི་རྒྱལ་སྲིད་ཆེ། །བདག་འགྲོ་བ་ཀུན་གྱིས་མྱུར་འགྲུབ་ཤོག །ཅེས་ལྷོ་ཕྱོག་བུམ་ཐང་ལྗོན་པའི་ཚལ་གྱི་ཡང་དབེན་དུ་
གཡར་ཁྲལ་དུ་བྲིས་པ་དགེ་ལེགས་ཀྱི་དངོས་པོ་ཐམས་ཅད་ཀུན་ཏུ་འབྱུང་བར་གྱུར་ཅིག། ༈ བདག་ཅག་རྣམས་ཀྱི་སྐྱབས་གཅིག་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་བདུད་ཚོགས་འདུལ་བའི་རྡོ་རྗེའི་ཞལ་སྔ་ནས་སློབ་མ་རྣམས་ཆོས་ལ་བསྐུལ་བའི་རྡོ་རྗེའི་མགུར་བཞེངས་པ་ནི། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །འཁྲུལ་པའི་གནས་ཁང་སྟོང་ཉིད་ལ། །ཞེན་པ་རྡོ་ལ་རི་མོ་བཞིན། །འགྱུར་མེད་སེམས་དབུས་རྒྱས་བཏབ་པའི། །ཅོལ་ཆུང་མགྲོན་རྣམས་ཚུར་གསོན་དང་། །ལར་འཁོར་བའི་སྡུག་བསྔལ་བསམ་མི་ཁྱབ། །དེ་བསམ་ཞིང་བསམ་ཞིང་མཆི་མ་འཁྲུགས། །སྟེང་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན། །ལྷ་ཡི་བུ་དང་བུ་མོའི་ཚོགས། །འདོད་ཡོན་རྩེད་འཇོ་རྒྱས་ལགས་ཀྱང་། །ཞག་བདུན་གོང་གི་སྔོན་རོལ་ན། །འཆིའོ་ཞེས་པའི་སྒྲ་ཐོས་ཚེ། །ཡིད་ལ་མྱ་ངན་དབྱུག་གུས་བསྣུན། །རང་སེམས་སངས་རྒྱས་མ་རྟོགས་པས། །སྲིད་པའི་རྒྱ་མཚོར་ལྷུང་ལགས་ན། །རང་རེས་ལྷ་ཆོས་མཛད་རེ་རན། །བར་པ་འཛམ་གླིང་ཞིང་མཆོག་ན། །
སྔོན་ཚེ་རྒྱལ་བསྟན་ཕྱོགས་བཅུར་རྒྱས། །འགྲོ་མང་སྨིན་གྲོལ་ཐར་ལམ་བཀོད། །རྫོགས་ལྡན་བསྟན་པ་དར་ལགས་ཀྱང་། །དེང་སང་སྙིགས་མ་ལྔ་ཡི་དུས། །དམ་ཆོས་བལྟ་བའི་གཞུང་ལུགས་བོར། །ལག་ན་མགོ་བསྐོར་བྲེ་སྲང་ཐོགས། །གྲོང་ཡུལ་འགྲིམ་པའི་དགེ་བཤེས་ཀྱང་། །འདུས་བྱས་རང་མཚང་སྟོན་པའི་ཚེ། །འཁོར་བའི་གནས་སུ་འོ་རེ་བརྒྱལ། །རང་རེས་ལྷ་ཆོས་མཛོད་རེ་རན། །འོག་ཕྱོགས་དམྱལ་ཁམས་བཅོ་བརྒྱད་ན། །ཚ་གྲང་སྡུག་བསྔལ་བསམ་ལས་འདས། །བསྐལ་པ་ཆེན་པོ་གྲངས་མེད་མྱོང་། །རྣམ་པར་སྨིན་པའི་འབྲས་བུ་ལགས། །རང་རེས་ལྷ་ཆོས་མཛད་རེ་རན། །དགོས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི། །ཀུན་ལ་ཡོད་ཀྱང་ཉམ་་ང་མེད། །ཨུ་དུམ་ཝ་རའི་མེ་ཏོག་འདི། །རྫོགས་སངས་དྲུང་དུ་མ་ཕུལ་ན། །རང་སར་ཡལ་བ་ཡི་རེ་མུག །དལ་འབྱོར་བཅོ་བརྒྱད་ཐོབ་དུས་འདིར། །དམ་ཆོས་མི་མཛད་ཤིན་ཏུ་གླེན། །འཆི་བདག་
གཤིན་རྗེའི་ཕོ་ཉ་དང་། །དུས་ཀྱི་སྦྲང་ཆར་ཟིམ་བུ་གཉིས། །ནམ་དུ་འོང་བ་ཆ་མེད་པས། །དུས་ལ་བབ་ཚེ་ལྷ་ཆོས་ཀྱང་། །ཕྱིས་པར་ངེས་སོ་རིགས་ཀྱི་བུ། །ལར་ཆོས་མེད་སྙོམ་ལས་མཁན་པོ་འདི། །མི་ཚེ་ཡད་ཡུལ་འགྲོ་ལགས་ཀྱང་། །སེམས་ཀྱིས་མ་ཚོར་རྒན་པོར་སོང་། །ད་དུང་སྡོད་པའི་ཆ་འདིང་ཞིང་། །ནང་དུ་མཁོ་བའི་ཆས་ལེགས་རྣམས། །བ་གམ་ཕྱུར་བུར་སྤུངས་ནས་ཀྱང་། །ཉོན་མོངས་དུག་ལྔ་མེ་བཞིན་དུ། ཕྱོགས་བཅུར་གཡོས་པས་དགེ་བ་ཡི། །བྱང་ཆུབ་ཤིང་མཆོག་ཀུན་བསྲེགས་ཤིང་། །ཉམ་ཐག་དམྱལ་བའི་གཏིང་རྡོ་ལ། །རིངས་པ་བཞིན་དུ་རྒྱུག་པ་འདི། །ཁོ་བོ་གཏིང་ནས་སྙིང་རླུང་ལྡང་། །ལར་སྙིང་ནས་དམ་ཆོས་མཛད་དགོངས་ན། །སྔོན་རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ། །མདོ་དམ་ཆོས་དྲན་པ་ཉེར་བཞག་སོགས། །ལས་རྒྱུ་འབྲས་ཀྱི་འབྲས་བུ་ཡིད་ལ་སོམས། །ཐམས་ཅད་སྟོང་ཉིད་རང་མདངས་ལ། །བདག་ཏུ་འཛིན་
པའི་སེམས་ཉིད་འདི། །ཆོས་སྐུའི་རང་ཞལ་མ་མཐོང་ན། །བདེ་བའི་གོ་སྐབས་སྐད་ཅིག་མེད། །དེ་ཕྱིར་གཏན་གྱི་གོ་འཕང་མཆོག །མྱུར་ལམ་མངོན་དུ་བྱེད་པ་ཡི། །མ་ཧཱ་མུ་དྲའི་དོན་ཆེན་པོ། །གནས་ལུགས་མངོན་དུ་རྟོགས་གྱུར་ནས། །ཕུན་སུམ་ཚོགས་པ་ཉིད་གྱུར་ཅིག །ཅེས་སོ། ༈ །སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་མགུར་ནི། ༈ ནམཿཤྲཱི་གུ་ར་ཝེ། སྐྱབས་འཁོར་ལོའི་མགོན་པོ་ཀརྨ་པ། །རྒྱལ་ཀུན་ལས་ལྷག་པའི་འདྲེན་པ་ཁྱོད། །བདག་དཀོར་ཟན་དྲེད་པོ་ཁྱུ་གཅིག་ལ། །དུས་ད་ཙམ་གཟིགས་པའི་སྐབས་ཡོད་དམ། །སྙིགས་མ་ལ་སྙིགས་མར་གྱུར་པའི་དུས། །ངེད་འཁོར་བ་རྣམས་ཀྱི་སྤྱོད་ཚུལ་འདི། །ཁྱེད་བཀའ་བརྒྱུད་རྣམས་ཀྱིས་དགོངས་སྲིད་ན། །ལས་ངན་གྱི་གཡང་ལས་མི་སྲུང་བར། །ཐུགས་རྗེ་ཆེ་ཞེས་བརྗུན་དུ་གདའ། ཀྱེ་མ་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་སུ་སྙིགས་མའི་སྤྱོད་པ་ལ་སྙིང་པོ་མེད། །ཁྱད་པར་ཚུལ་འཆོས་ཀྱི་ཆོས་པ་ལ་སྙིང་པོ་མེད། །
ཡང་སྒོམ་ཟོབ་རྐྱལ་གྱི་བླ་མ་ལ་སྙིང་པོ་མེད། །ངས་སྔོན་ཆད་སྙིང་པོར་བཟུང་བས་བསླུས། །ཁྱེད་རྣམས་ཀྱིས་ཀྱང་སྙིང་པོར་བཟུང་བ་འཁྲུལ། །དུས་དེང་སང་འདུལ་བ་འཛིན་པ་རྣམས། །འབྲས་སྤུངས་དམ་འབག་པའི་ཁ་དཔེ་ལྟར། །ཆབ་ལེན་དང་ལྷྭམ་ཕུད་བྱིན་ལེན་སོགས། །སྲོག་ལྟར་གཅེས་པའི་གཡོ་བརྫུན་གྱིས། །ཕམ་པ་བཞི་འཇོལ་ཉོག་ཏུ་སྤྱོད་པ་བསྒྲིབས། །བསྒྲིབས་ཆེས་པས་གཞན་མགོ་གདུགས་ལྟར་འཁོར། །འཁོར་ཆེས་པས་དེ་འདྲ་ལ་སྐྱབས་སུ་མཆི། །རྗེ་ཤཱཀྱའི་དབང་པོ་ཁྱོད་བདེན་ན། །ལས་དེ་འདྲའི་ཐ་མ་ཅི་ཞིག་འགྱུར། །དུས་དེང་སང་གི་བྱང་ཆུབ་སེམས་དཔའ་འགའ། །མི་དྲག་ཞན་ཐམས་ཅད་འཛུམ་གྱིས་བསུ། །སྟོབས་འབྱོར་ཅན་ཐམས་ཅད་ཆས་ཀས་བརྔན། །ཁོང་སྲན་ཅན་ཐམས་ཅད་གཡོ་སྒྱུས་འདུལ། །དགའ་སྡུག་དང་ཆགས་སྡང་མེད་དོ་སྐད། །ཕྱོགས་མེད་ཀྱི་མཆོད་སྦྱིན་བྱེད་དོ་སྐད། །སྐད་དེ་འདྲའི་སྐད་རྒྱང་ཆེ་དྲགས་པས། །མི་ཤེས་
ཤེས་བརྫུ་བྱེད་པ་དང་གཅིག །མ་གྲུབ་གྲུབ་བརྫུ་བྱེད་པ་དང་གཉིས། །བློ་ཕུགས་ནོར་ལ་གཏད་པ་དང་གསུམ། །གཞོགས་སློང་ཐོབ་འཇལ་བྱེད་པ་དང་བཞི། །ཆགས་སྡང་མེ་ལྟར་འབར་བ་དང་ལྔ། །ཧྲིལ་གྱིས་གཡོགས་ནས་སྦས་པ་དེ། །མི་གྲུང་པོ་རྣམས་ཀྱིས་ཀྱང་མ་མཐོང་བར། །ཟང་ཟིང་གི་ལྕགས་ཀྱུས་ཡིད་དྲངས་པས། །སྒོ་གསུམ་ཐལ་བར་བརླག་ལུགས་ཀྱིས། །རྗེ་ཤཱཀྱའི་དབང་པོ་ཁྱེད་བདེན་ན། །ལས་འདི་འདྲའི་ཐ་མ་ཅི་ཞིག་འགྱུར། །དུས་དེང་སང་གི་གསང་སྔགས་འཛིན་པ་འགའ། །དབང་བསྐུར་འཆད་ཉན་བྱེད་དོ་སྐད། །བསྙེན་སྒྲུབ་བཅད་རྒྱ་བྱས་སོ་སྐད། །རླུང་ནུས་གྲུབ་རྟགས་ཐོན་ནོ་སྐད། །རྟོགས་པ་ནམ་མཁའ་དང་མཉམ་མོ་སྐད། །བསྟན་འགྲོའི་དོན་ཆེན་འགྲུབ་བོ་སྐད། །སྐད་དེ་འདྲའི་སྐད་རྒྱང་ཆེ་གྲགས་པས། །གཞན་བསླུ་མཁན་ཡིན་པར་འཕྲིགས་མ་ཚུད། །བསྐྱེད་རྫོགས་ཀྱི་གནད་གསང་མི་ཤེས་བཞིན། །ལ་ལས་བསྐྱེད་
རིམ་བསྐྱེད་རིམ་ཟེར། །ལ་ལས་རྫོགས་རིམ་རྫོགས་རིམ་ཟེར། །བསྐྱེད་རྫོགས་གཉིས་ལ་རྩོད་པ་ཤོར། །དོན་མེད་དུ་དམྱལ་བའི་ས་བོན་ཐེབས། །སྨིན་པ་དང་གྲོལ་ཚུལ་མི་ཤེས་པའམ། །ཤེས་རྐྱང་དུ་ཆོས་ལ་དབང་ཟ་བས། །མིག་ཚུམ་ཚུམ་ དྲིལ་བུ ་སིལ་སིལ་དང་། །ནས་ཐོར་ཐོར་ཞལ་ལྕེ་བདེ་བདེ་ཡིས། །བློ་བཤར་རྒྱུགས་སྤྲོད་ཀྱི་དབང་ཁྲིད་བྱས། །གློ་བུར་དུ་དམ་ཉམས་ཁྱུ་གཅིག་བཟོས། །ཞེན་ལོག་དང་ངེས་འབྱུང་མོས་གུས་རྣམས། །རྒྱང་རིང་དུ་དོར་ནས་རྩ་རླུང་དང་། །སྟོང་པ་ཉིད་ལ་སྦར་ཟིན་བྱས། །དགེ་མེད་སྡིག་མེད་ཀྱི་ལྟ་བ་རྟོགས། །རྩ་ལྟུང་བཅུ་བཞིའི་དངོས་གྲུབ་ཐོབ། །བྱི་ཕྲུག་མང་པོའི་གྲུབ་རྟགས་ཐོན། །བསྟན་པ་གཅིག་ལ་མང་པོར་ཕྱེས། །རང་ཕྱོགས་བསྲུང་བར་བྱ་བའམ། །གཞན་ཕྱོགས་འཇོམས་པར་བྱ་བའི་ཕྱིར། །སྡིག་པ་ལ་ཚམ་ཚོམ་མེད་པར་འཇུག །བསྟན་ཆུས་ཀྱི་བསྟན་བཤིགས་དེ་རུ་བྱུང་། །ན་དོགས་ཤི་དོགས་ཀྱི་རང་དོན་
དང་། །སོ་བསོད་ལྐོག་ཉལ་གྱི་མཚམས་སྒྲུབ་བྱས། །ཆགས་སྡང་རྨོངས་གསུམ་གྱི་འདུན་མ་ལ། །ཡིད་བཟླས་དང་ཏིང་འཛིན་དུས་གཅིག་གྲུབ། །རྗེ་ཤཱཀྱའི་དབང་པོ་ཁྱེད་བདེན་ན། །ལས་འདི་འདྲའི་ཐ་མ་ཅི་ཞིག་འགྱུར། །ལར་བསམས་བཞིན་དུ་ཀརྨའི་བཀའ་བརྒྱུད་དྲན། །བསམས་བཞིན་དུ་མཚུངས་མེད་ཆོས་རྗེ་དྲན། །བདག་བྱིས་པ་ཆུང་ངུའི་དུས་ནས་ཀྱང་། །ཚུལ་དེ་འདྲ་ལ་ཡིད་སྨོན་མ་བྱས་ཤིང་། །ཚེ་བློས་བཏང་གི་སྒྲུབ་པ་ལ་ཡིད་སྨོན་ཀྱང་། །སྙིགས་དུས་ཀྱི་གཞན་དབང་བཟློག་དཀའ་བས། །བསམ་པ་བཞིན་ཐོག་ཏུ་མ་ཁེལ་མོད། །དེ་སྣ་ཐག་རང་གི་མགོར་དཀྲི་བའི། །རང་ཐག་རང་གིས་མ་ཆོད་ཕྱིར། །རང་ཉིད་རུལ་བ་མ་གཏོགས་པ། །ལེ་ལན་གཞན་ལ་མེ་འདེད་དོ། །ད་ཚེ་ཡི་ལྷག་མ་ཅི་ཡོད་ལ། །བླ་མ་དཀོན་མཆོག་ལ་བློ་བཀལ་བའི། །ཅི་ཡོང་གང་ཡོང་སྒུག་པ་ལས། །གཏན་ཆིས་ཀྱི་གྲབས་ཡུལ་མི་འདིང་ངོ་། །ལར་སྣང་བ་སྒྱུ་མ་ལྟ་
བུ་ལ། །སེམས་རྩ་བྲལ་གྱིས་གཉེར་ཁ་མ་ཤོར་བས། །བློ་ཨ་འཐས་ཀྱི་མདུད་པ་མི་དམ་པ། །འདི་བཀའ་བརྒྱུད་རྣམས་ཀྱི་བྱིན་རླབས་ཡིན། །དངོས་བསྟན་འགྲོའི་དོན་ཆེན་མ་གྲུབ་ཀྱང་། །ལས་དགེ་བ་ཅུང་ཟད་བསགས་པ་ཀུན། །བསྟན་འགྲོོ་ལ་ཕན་ཕྱིར་བསྔོ་སྨོན་བགྱིད། །འདི་ཁ་ཙམ་ཚིག་ཙམ་མ་ཡིན་པས། །རྗེ་རྒྱལ་བ་རྣམས་ཀྱིས་དགོངས་སམ་སྙམ། །འཁོར་ཟོག་པོ་འདུས་པའི་ཁྱུ་ནང་དུ། །བརྫུན་རྒྱབ་བརྫུན་གྱིས་སྐྱོར་བཞིན་དུ། །ཟོལ་ཟོག་གི་ཕྲེང་བ་མ་སྤེལ་བས། །འཕྲལ་གཡེང་གི་ལྟད་མོར་མི་ཆེ་ནའང་། །ལས་ངན་གྱི་ཁུར་པོ་ཅུང་ཟད་ཡང་། །ཚུལ་འདི་ཡང་བླ་མ་རྗེ་ཡི་དྲན། །སྤྱིར་གནས་ལུགས་ཀྱི་དོན་ལ་བློ་ཕྱོགས་པས། །བདེན་གཉིས་ཀྱི་གནས་ཚུལ་ཅུང་ཟད་ཤེས། །ཤེས་རྐྱང་གིས་འཚེང་པར་མི་འདུག་པས། །ད་ཉམས་སུ་ལོངས་ཤིག་སི་ཏུ་པ། །ཞེས་ཡིད་ལ་གང་ཤར་གྱི་སྨྱོ་གླུ་ཐོལ་བྱུང་མའོ། ༈ །པདྨ་ཉིན་བྱེད་དབང་པོའི་གསུང་མགུར་ནི། བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཐུགས་རྗེ་
བསྐུལ་དབྱངས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། དཔལ་རིགས་ཀུན་བདག་པོ་བཅོམ་ལྡན་འདས། །མཆོག་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུ། །རྡོ་རྗེ་འཆང་དངོས་སུ་སྣང་བ་ཅན། །རྗེ་བདུད་འདུལ་རྡོ་རྗེའི་ཞབས་ལ་འདུད། །རྩོད་ལྡན་གྱི་སྙིགས་མ་ལྔ་བདོ་བའི། །དུས་བསྐལ་པའི་རང་མདངས་ངོམས་པའི་མཐུས། །བསླུ་ཆོས་དང་སྨོན་ལམ་གོལ་བ་ཡིས། །ཕྱི་ལྟར་སྣང་བཟང་པོའི་ངང་ཚུལ་ཅན། །རྒྱལ་ཁམས་ཀུན་འགེངས་ཤིང་བསྟན་པ་སྤེལ། །ཆོས་གྲུབ་མཐའ་ཐ་སྙད་ང་རྒྱལ་རློམ། །རིས་མཐུན་གྱི་ཆེ་དགུས་སྐྱབས་སུ་བསྟེན། །འབྲལ་བློ་སྣ་ཆོས་ལ་བསྒྱུར་རོ་སྐད། །ཕུག་སྨོན་འབྲེལ་གྱིས་ཐར་པའི་ལམ་དོགས་ནས། །ཡང་སྲིད་ཀྱི་གནས་ངན་འཁོར་མོ་ཡུག །ཚུལ་དེ་འདྲའི་གཡང་སར་མ་ལྷུང་བའི། །སྐལ་ལྡན་རྣམས་ལས་ཀྱི་འཕྲོ་ལྡན་སྙམ། །སྔོན་སངས་རྒྱས་ཀྱི་དྲང་ངེས་ཟབ་མོའི་དོན། །ཚུལ་ཇི་བཞིན་རྟོགས་པའི་གདེང་
ཐོབ་པས། །རྫུ་འཕྲུལ་གྱི་བཀོད་པ་བསམ་ལས་འདས། །བཀའ་བརྒྱུད་པ་ཆེ་བཞི་ཆུང་བརྒྱད་དང་། །ཁྱད་པར་དུ་འཕགས་པ་སྒྲུབ་པའི་བརྒྱུད། །དོན་ངེས་པ་ཀརྨ་ཀཾ་ཚང་གི །ཆོས་བརྒྱུད་པའི་རིང་ལུགས་གྲལ་ཆུད་འདི། །སྔོན་དཀར་པོ་དགེ་བའི་ས་བོན་སྨིན། །ཐོབ་དཀའ་བའི་དལ་འབྱོར་ཕུན་ཚོགས་ལྡན། །མཇལ་དཀའ་བའི་མཚན་ལྡན་རིན་པོ་ཆེ། །མཐིང་དབང་གི་ཅོད་པན་འཆང་ཞབས་བསྙེན། །དཔལ་འཇིག་རྟེན་དབང་དང་འོད་དཔག་མེད། །མཆོག་གཉིས་སུ་མེད་པའི་རང་བཞིན་ནི། །རྒྱལ་ཤཱཀྱ་ཐུབ་པདྨ་འབྱུང་སོགས་ཀྱིས། །མདོ་སྔགས་རྒྱུད་ཀུན་ཏུ་གསལ་བར་བསྟན། །རྗེ་སངས་རྒྱས་དངོས་སྣང་རང་གཟུགས་ཀྱི། །སྐུའི་དཀྱིལ་འཁོར་འཇལ་ཞིང་གསུང་བདུད་རྩི། །ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཐོབ། །སྐལ་ཅན་ལས་སྐལ་པར་ལྡན་པར་བྱས། །གསང་སྔགས་ཀྱི་ཐེག་པའི་ཡང་རྩེ་མཆོག །དཔལ་ནཱ་རོ་མཻ་ཏྲིའི་བཞེད་པའི་གཞུང་། །ཆོས་ཟབ་
མོ་གངྒཱའི་རྒྱུན་བཟང་པོ། །རྗེ་མངའ་བདག་ལོ་ཙཱ་ཆེན་པོ་དེས། །བློ་གྲོས་ཀྱི་བུམ་པར་བལྟམས་པ་ཡི། །ལམ་མཐར་ཐུག་དོན་གྱི་བརྒྱུད་པ་མཆོག །རྗེ་རས་པ་ཆེན་པོ་ནས་བཟུང་སྟེ། །བདུད་འདུལ་བའི་རྡོ་རྗེའི་བར་བྱོན་པའི། །གྲུབ་བརྙེས་ཀྱི་བརྒྱུད་པ་བར་མ་ཆད། །ཆོས་བརྒྱུད་པ་ཉེ་རིང་བསྒྲང་མ་དགོས། །སྐལ་ལྡན་ཀུན་དད་བརྩོན་ཤེས་རབ་ཀྱི། །སེམས་མོས་གུས་ཞེན་ལོག་ངེས་འབྱུང་བློས། །བྱམས་སྙིང་རྗེ་ཚད་མེད་མཁའ་ཁྱབ་ཀྱི། །འགྲོ་བ་ཀུན་རྣམ་གྲོལ་སར་བཀོད་པའི། །དམིགས་མེད་ཀྱི་ངང་དུ་ཉམས་ལེན་སྐྱོངས། །རང་དབང་དེ་རང་ལ་ཡོད་དུས་འདིར། །ཆོས་བརྒྱད་ལས་བློ་སྒྱུར་དབེན་ས་བཟུང་། །དམ་ཚིག་ལ་གཅེས་སྤྲས་འདུ་འཛི་སྤོང་། །ཉམས་ལེན་གྱི་ས་བོན་ཐེབས་གྱུར་ན། །དུས་ནམ་ཞིག་འདུས་བྱས་ཡལ་བའི་ཚེ། །ཆོས་དབྱིངས་ཀྱི་མཁའ་ཁྱབ་ཡངས་པ་རུ། །བདེ་ཆེན་གྱི་ལོངས་སྦྱོད་རྫོགས་སྐུ་ཐོབ། །འགག་མེད་ཀྱི་སྤྲུལ་
སྒྱུར་སྟོན་ནུས་པ། །བཀའ་ཟབ་ཆོས་བྱིན་རླབས་དྲིན་རེ་ཆེ། །ལས་ཉོན་མོངས་དྲག་པོའི་རླུང་ཤུགས་ཀྱིས། །ཟད་མེད་ཀྱི་རྣམ་གཡེང་ཆུ་རིས་ལྟར། །འཁོར་བ་རུ་ཡང་འཁོར་བདག་འཛིན་དབང་། །ཡིད་བྱེད་ཀྱི་ཆོ་འཕྲུལ་དྭངས་དུས་མེད། །རྗེ་རྒྱལ་བའི་ཐུགས་རྗེ་ཡོལ་མིན་ཀྱང་། །རྟག་འཛིན་གྱི་རྙེད་བཀུར་བདུད་བཞི་ཡི། །ཁྲི་མུན་གྱི་དཔུང་གིས་ནོན་ལགས་ན། །མཆོག་བྱིན་རླབས་འོད་སྣང་བསྟན་དུ་གསོལ། །ལུས་ངག་ཡིད་ཉོན་མོངས་དབང་གྱུར་ན། །གཉན་པོ་རྒྱུད་ཐོག་ཏུ་ཁེལ་བར་བྱིན་གྱིས་རློབས། །རྟེན་འབྲེལ་ཀུན་ལུས་ལ་འགྲིགས་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་སེམས་ལ་འཆར་བར་བྱིན་གྱིས་རློབས། །འགྲོ་དོན་ཕྱོགས་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །ས་ལམ་གྱི་ཡོན་ཏན་འཕེལ་བར་བྱིན་གྱིས་རློབས། །ཚེ་གཅིག་ལ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །སྐུ་བཞི་ཡི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །བསམ་དོན་ཀུན་ལྷུན་གྱིས་
གྲུབ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་སྡེའི་བླ་མ་ཀུན་སྤངས་པ་ཨཱ་ནནྟ་བྷ་དྲས་གསེར་གྱི་མཎྜལ་དང་བཅས་འདི་ལྟར་བསྐུལ་ངོར། སི་ཏུ་པདྨ་ཉིན་བྱེད་དབང་པོས་ས་ཟླའི་དཀར་ཕྱོགས་གང་བའི་དུས་དགེ་བར་སྤེལ། ༈ རྒྱལ་བའི་དབང་པོ་དཔལ་ལྡན་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེའི་གསུང་མགུར་ནི། ན་མོ་གུ་རུ། སྐྱབས་དཀོན་མཆོག་ཀུན་འདུས་ཆོས་ཀྱི་རྗེ། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་། །དཔལ་བདེ་བ་ཆེན་པོ་མི་ཡི་གཟུགས། །རྗེ་པདྨ་ཉིན་བྱེད་དབང་པོ་ཞེས། །སྐུ་མཚན་དཔེའི་གཟི་བརྗིད་ལྷག་པར་འབར། །གསུང་གང་འདུལ་བདེན་ཚིག་ཆོས་སྒོ་སྟོན། །ཐུགས་ཏིང་འཛིན་འཇུག་ལྡང་བསམ་མི་ཁྱབ། །བཀའ་བརྒྱུད་པ་གསེར་གྱི་ཕྲེང་བའི་རྒྱན། །ཁྱེད་དགོངས་པ་ཟབ་ཞི་ཆོས་ཀྱི་དབྱིངས། མགོན་རྒྱལ་བ་རྣམས་དང་དབྱེར་མེད་ཀྱང་། །བདག་གསོལ་བ་འདེབས་པའི་བུ་རྣམས་ལ། །ཐུགས་སྙིང་རྗེ་ཆེན་པོས་དགོངས་སུ་གསོལ། །མཆོག་འདུས་པའི་ཟིལ་གྱིས་མི་ནོན་པའི། །སྐུ་ལྷུན་པོ་རྡོ་རྗེའི་
བཞུགས་སྟངས་ཅན། །བྱིན་རླབས་ཀྱི་ཟིལ་ཆེན་འགྲོགས་པ་དེ། །ཡིད་རྩེ་གཅིག་དྲན་པས་གསོལ་བ་འདེབས། །ལུས་སེར་གོས་གྱོན་ཀྱང་མི་ནག་ཚུལ། །ལས་ཅི་བྱས་ཆོས་འགལ་ཤ་སྟག་སྤྱོད། །དུས་ད་ལྟའི་རྟགས་ཙམ་འཛིན་རྣམས་ཀྱང་། །ལུས་ཚུལ་དང་ལྡན་པར་བྱིན་གྱིས་རློབས། །གསུང་ཚངས་པའི་དབྱངས་ཀྱི་ཆོས་སྒྲ་སྒྲོགས། །ཚིག་མཐའ་དག་ལེགས་པར་གསུང་བ་ལ། །མི་མི་མིན་ཀུན་ཀྱང་ཚད་མར་གྱུར། །བློ་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རྫུན་ལོང་གཏམ་ཅ་ཅོས་མི་ཚེ་ཟད། །ཀུན་ཁྱད་གསོད་མི་དགེའི་ལས་ངན་བསོགས། །ངག་སྡིག་པའི་ཁུང་གྱིས་ནོན་པ་རྣམས། །ཅི་སྨྲས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྤྱན་རྡོ་རྗེའི་ལྟ་སྟངས་མཁའ་ལ་གཟིགས། །དོན་རྟོགས་པའི་ཡེ་ཤེས་དབྱིངས་དང་མཉམ། །གཞན་རྗེས་འཛིན་ཐུགས་རྗེ་རྩོལ་མེད་འཇུག །བདག་མོས་པའི་ཤུགས་ཀྱིས་གསོལ་བ་འདེབས། །ཉམས་ལེན་མཁན་ཡིན་པར་