Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

1 occurrence of མགོན་པོ་བྱང་
[Clear Hits]


  
  
collapse section
  
  
 
ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
  
  


1 occurrence of མགོན་པོ་བྱང་
[Clear Hits]

 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


KMC018_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྟོང་ཉིད་ཡིན། །མི་ལ་རས་པའི་སྒོམ་སྲན་དང་། །ཁམས་གསུམ་སེམས་ཅན་གྱི་དད་པ་གཉིས། །བྱང་ཆུབ་ཐོབ་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རྗེ་ཡིན། །བྲག་ལ་བསྒོམས་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་དུ་རྒྱ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །བླ་མ་བཟང་པོའི་ཐུགས་རྗེ་དང་། །སློབ་མ་བཟང་པོའི་སྒོམ་སྲན་གཉིས། །བསྟན་པ་འཛིན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་དམ་ཚིག་ཡིན། །བྱིན་རླབས་མྱུར་པོའི་དབང་བསྐུར་དང་། །དད་གུས་གདུང་བའི་གསོལ་འདེབས་གཉིས། །མྱུར་དུ་མཇལ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བཀྲ་ཤིས་ཡིན། །རྗེ་མི་བསྐྱོད་གྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་པོའི་སྐྱིད་སྡུག་ཁྱེད་རང་ཤེས། །ཞེས་གསུངས་ནས་སྒོམ་གྱིན་ཡོད་པ་ལས་མི་དེ་རྣམས་ཀྱི་ནང་ནས་རྒན་པ་


KMC018_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་པ་སྐྱེལ་མཁན་གཤེན་རྡོར་མོ་བྱ་བ་ཡིན་པས་ཆང་ས་ཞིག་ཏུ་ཕུ་འདི་ན་མི་ལ་ཐོས་པ་དགའ་བྱ་བ་ཞིག་ཆོས་མིན་པའི་བསམ་པ་མེད་པ་ཞིག་འདུག །ཐམས་ཅད་ཀྱིས་ཚོགས་གསོག་བྱས་ན་འཐད། ཁོང་གི་ཉེ་བ་ཨ་ནེ་ཡོད་པས་བརྒྱགས་སྐྱོལ་ཟེར་བས་ཨ་ནེ་ངོ་ཚ་ནས་བྱུང་སྟེ་བརྒྱགས་ངས་སྐྱེལ་ཟེར་ཤ་དུམ་པ་ཞིག་དང་མར་ཞིག་ཁྱེར་ནས་ཨ་ནེ་དཔོན་གཡོག་གཉིས་ཡོངས་པས་མི་ལ་དགེ་སྦྱོར་མ་གྲོལ་བས་ཨ་ནེས་ངང་ཐུང་བྱས་ནས་སྤང་ཐོག་ཅིག་ཏུ་སྐྱུར་ནས་ཁྲོས་ལོག་པས། མི་ལས་མ་གཟིགས་པས་ཝ་སྤྱང་ལ་ཤོར་སྐད་དོ། །དེ་ནས་སྲིང་མོས་ཚོར་བས་ཨ་ནེ་བདེན་ནམ་བསམས་ནས་ཨ་ནེ་ལ་དྲིས་ཙ་ན་ངས་ཚོགས་གསོག་ཁྱེར་ཙ་ན་ལན་བྱིན་མ་ཉན། ཁྱོད་སྲིང་མོ་ཡིན་པས་ཕྲད་ས་ཡོད་ལས་ཆེ་ཟེར་ནས་ཨ་ནེས་སྲིང་མོ་ལ་ལམ་བསླབས་ནས་བཏང་སྟེ། སྲིང་མོས་ཡར་ལ་ཡོངས་ནས་གནམ་སྒོའི་འོག་ནས་བོས་པས། རྗེ་བཙུན་གྱིས་གཟིགས་ཙ་ན་འདི་མི་རེད་ཅིག་འདུག་ངའི་མིང་པོ་མ་རེད་བསམ་པ་ལ། ཡར་ཤོག་གསུངས་པས་སྐད་ངོ་ཤེས་ནས་ཡིད་ཟ་ཡིག་གེ་སོང་སྟེ། བླ་བོ་ཡང་འདྲི་རྒྱུ་མ་བྱུང་བ་ལ་རྗེ་བཙུན་ལ་བལྟས་པས་སྔོ་བ་ཧམ་པ་རིད་པ་ཟྭ་འཐུངས་པས་དབུ་ལོ་དང་བ་སྤུ་ཐམས་ཅད་སྔོ་ཞུ་ལེ་བ་ལུས་ཀེང་རུས་བཞིན་དུ་སོང་། ཤངས་ཞོམ། སྤྱན་ཁུང་དུ་སོང་། ཞལ་དང་ལྗགས་ཀྱང་དིག་ཀྱིན་འདུག་པས་སྲིང་མོ་རང་དབང་མེད་པར་ཡི་མུག་སྐྱེས་ཏེ་


KMC018_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་མིང་སྲིང་གཉིས་ལས་སྡུག་པ་མི་འདུག་བསམས་ནས་པུས་མོ་གཉིས་ཀྱི་བར་དུ་མགོ་བཅུག་ནས་མཆི་མ་མང་པོ་ཕྱུང་གིན་ངུས་པས་རྗེ་བཙུན་གྱི་ན་བཟའ་ཨ་ནེས་བྱིན་པའི་ཐུལ་གོག་ཅིག་ལས་མེད་པ་དེས་གསང་གནས་བཀབ་སྟེ། སྲིང་མོའི་ལག་པ་ནས་བཟུང་ནས་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །སྲིང་མོའི་གདུངས་སེམས་ཡི་མུག་ལུས། །སྐྱིད་སྡུག་གང་ཡང་མི་རྟག་པས། །དབྱངས་འདི་ལ་དར་ཅིག་གསན་པར་ཞུ། །ངའི་གནས་ལ་བལྟས་ན་རི་དྭགས་འདྲ། །མི་གཞན་གྱིས་མཐོང་ཡང་སྙིང་རླུང་ལྡང་། །ངའི་ཟས་ལ་བལྟས་ན་དུད་འགྲོ་འདྲ། །མི་གཞན་གྱིས་མཐོང་ན་སྐྱུག་བྲོ་ལྡང་། །ངའི་ལུས་ལ་བལྟས་ན་ཀེང་རུས་འདྲ། །དགྲ་སྡང་བས་བལྟས་ཀྱང་མཆི་མ་འཆོར། །ངའི་སྤྱོད་པ་ལ་བལྟས་ན་སྨྱོན་པ་འདྲ། །ཁྱོད་སྲིང་མོས་བལྟས་ཀྱིན་ཡི་མུག་སྐྱེ། །ངའི་སེམས་ལ་བལྟས་ན་སངས་རྒྱས་དངོས། །བླ་མ་གོང་མས་གཟིགས་ན་སྤྲོ་བ་སྐྱེ། །ངའི་འོག་ཏུ་རྡོ་བའི་གྲམ་གཅལ་ལ། །


KMC018_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་པགས་པ་འབུགས་པའི་སྙིང་རུས་བྱས། །ལུས་ཕྱི་ནང་ཟྭ་ཡི་རང་བཞིན་ལ། །མདོག་སྔོན་པོ་གཅིག་ལ་འགྱུར་བ་མེད། །མི་མེད་བྲག་གི་ཕུག་པ་ན། །སྐྱོ་ཕྱེད་དེ་བ་ལ་སང་རྒྱུ་མེད། །བླ་མ་དམ་པའི་སངས་རྒྱས་ལ། །སྐྱོ་དུང་ངེ་བ་ལ་འབྲལ་བ་མེད། །ང་ཡི་སྙིང་རུས་འདི་ཡི་ཆེ་ལུགས་ཀྱིས། །ཉམས་རྟོགས་པ་སྐྱེ་བར་ཐེ་ཚོམ་མེད། །པེ་ཏ་ཡི་མུག་མ་ལྡང་ཟྭ་ཚོད་ཚོས། །ཞེས་གསུངས་པས་སྲིང་མོ་ལ་ནི་འབུལ་རྒྱུ་མེད། མིང་པོ་ལ་ནི་གནང་རྒྱུ་མེད་པས་ཟྭ་འཚོད་དུ་བཅུག་པས་སྲིང་མོའི་བསམས་པ་ལ་ཨ་ནེས་ཚོགས་གསོག་བསྐྱལ་ཟེར་བས་དུམ་པ་ཨེ་ཡོད་བསམས་ནས་ཟྭ་ལ་སྡོར་དགོས་ཞུས་པས། ཟྭ་ལ་སྡོར་ཡོད་ན་ཟས་ཡིན་ཏེ་ཟྭའི་སྡོར་ལ་ཟྭ་རང་ཐོབ་གསུངས། ཟྭ་ལ་ཡལ་དགོས་ཞུས་པས་ཟྭ་ལ་ཡལ་ཡོད་ན་ཟས་ཡིན་ཏེ། ཟྭའི་ཡལ་ལ་ཟྭ་རང་ཐོབ་གསུང་། ཟྭ་ལ་ཚྭ་དགོས་ཞུས་པས། ཟྭ་ལ་ཚྭ་ཡོད་ན་ཟས་ཡིན་ཏེ་ཟྭའི་ཚྭ་ལའང་ཟྭ་རང་ཐོབ་གསུངས། སེམས་མ་བདེ་ཏིང་ངེ་བ་ལ་ཟྭ་ལན་གསུམ་བཏབ་ལན་གསུམ་དུ་བཙོས་ནས་རྗེ་བཙུན་ལ་དྲངས་པས་རྗེ་བཙུན་གྱིས་ཞིམ་ཞད་དང་བཅས་ནས་གསོལ་ཞིང་འདུག །སྲིང་མོ་ནི་སྤྲང་མོ་ཡིན་ཡང་སྐྱུག་བྲོ་བ་ཞིག་བྱུང་བས་མཆི་མ་མང་པོ་ཤོར་བས་འོ་


KMC018_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྐོལ་མིང་སྲིང་གིས་ཉིན་གཅིག་ཀྱང་ཚེ་མི་ཐོན་པར་འདུག་པས་ཁྱེད་ཀྱང་བསོད་སྙོམས་དུམ་པ་རེ་མཛད་ན་ཞུས་པས། ངས་སྐྱབས་འགྲོ་དུམ་པ་རེ་ཨེ་ཡོང་བསམ་བསོད་སྙོམས་བྱེད་ཐབས་མེད་བྱས་པས་སྲིང་མོས་འོ་ན་ཅུག་དྲག་བསམས་ནས་ཡི་མུག་ཕྱོད་དེ་བ་ཞིག་ལ་ཡུལ་དུ་སྤྲང་བ་ལ་སོང་སྟེ། ཕུ་རྒྱུག་མདའ་རྒྱུག་བྱས་པས་སྤྲང་ཕྱེ་དུམ་པ་ཞིག་རྙེད་པ་དེ་ཁྱེར་ནས་ཡོངས་པས། ན་བཟའ་མེད་པར་སྔོ་ཧྲང་ཧྲང་འདུག་པ་ང་སྲིང་མོ་ཡིན་པ་ལ་ངོ་ཚ་ཡང་མི་ཤེས་པར་འདུག །ད་མིའི་མིང་མི་འདུག་བྱས་པས། རྗེ་བཙུན་གྱིས་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ངས་རྟག་ཏུ་མི་ཡུལ་འགྲིམ་འགྲིམ་ནས། །རང་ཡུལ་ངང་གིས་བརྗེད་དེ་ཐལ། །གཅིག་པུར་རི་ཁྲོད་འགྲིམ་འགྲིམ་ནས། །གྲོང་ཡུལ་ངང་གིས་བརྗེད་དེ་ཐལ། །སྤྲ་སྤྲེེའུའི་ཡང་རྩལ་བལྟས་བལྟས་ནས། །བེའུ་ལུག་ངང་གིས་བརྗེད་དེ་ཐལ། །བླ་མ་སྤྱི་བོར་བསྒོམས་བསྒོམས་ནས། །གཉེན་འདུན་ངང་གིས་བརྗེད་དེ་ཐལ། །ལྷ་ཆོས་ཡིད་ལ་བྱས་བྱས་ནས། །མི་ཆོས་ངང་གིས་བརྗེད་དེ་ཐལ། །ལུས་


KMC018_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏུམ་མོ་སྦར་སྦར་ནས། །ལུས་གོས་ངང་གིས་བརྗེད་དེ་ཐལ། །ཟས་སུ་ཏིང་འཛིན་ཟོས་ཟོས་ནས། །ཤ་ཆང་ངང་གིས་བརྗེད་དེ་ཐལ། །འོད་གསལ་ཟུང་འཇུག་བསྒོམས་བསྒོམས་ནས། །སྤྲོས་བཅས་ངང་གིས་བརྗེད་དེ་ཐལ། །མི་རྟོག་ཡེ་ཤེས་བསྒོམས་བསྒོམས་ནས། །རྣམ་རྟོག་ངང་གིས་བརྗེད་དེ་ཐལ། །མེ་ལྕགས་རྣོན་པོ་བཟུང་བཟུང་ནས། །ཁྱིམ་མཚེས་ངང་གིས་བརྗེད་དེ་ཐལ། །སེམས་ལ་གང་བྱུང་བྱས་བྱས་ནས། །སྦ་གསང་ངང་གིས་བརྗེད་དེ་ཐལ། །གཅིག་པུར་བག་ཡང་སྤྱད་སྤྱད་ནས། །ངོ་ཚ་ངང་གིས་བརྗེད་དེ་ཐལ། །འཇིག་རྟེན་སོ་ནམ་དུག་གི་རྫོང་། །རྫོང་དེ་ལས་རྣལ་འབྱོར་ཐར་ཐར་འདྲ། །ཞེས་གསུངས་པས་སྲིང་མོས་ཡང་སྤྲང་དུ་སོང་བའི་ལམ་ཁ་ན་བླ་མ་བ་རི་ལོ་ཙཱ་བ་བྱ་བ་ལོངས་སྤྱོད་དང་ཐབ་དང་རྟ་དང་བེར་ཐུལ་དང་གདུགས་བསྐོར་ཀྱིན་ཆོས་གསུངས་པའི་ཚོགས་གྲལ་དུ་སོང་བས་མིའི་ཆོས་པ་ལ་འདི་འདྲ་བ་ཞིག་ཡོང་བ་ཡིན། ངའི་མིང་པོ་ཚེ་མ་ཕྱིད་པའི་ཆོས་པས་ཅི་ཡོང་བསམ་པ་བྱུང་ནས། ཕུ་རྒྱུག་མདའ་རྒྱུག་བྱས་པས་རུ་བའི་མཚེར་རྙིང་ནས་བལ་དུག་


KMC018_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱི་སྤུ་དང་ར་བལ་རྣམས་ལ་བྱས་པའི་སྣམ་བུ་སྲེ་བོ་ཞིག་རྙེད་པ་ཁྱེར་ནས་རྗེ་བཙུན་ལ་ཕུལ་ཏེ། མིའི་ཆོས་པ་བླ་མ་བ་རི་ལོ་ཙཱ་བ་འདྲ་ཞིག་དགོས་པ་ཡིན། མིང་པོའི་ཆོས་འདིས་ཅང་མི་ཡོང་བས་སྣམ་བུ་འདི་གོས་ཤིག་གྱིས་དང་བླ་མ་བ་རི་བའི་ཉེ་གནས་ལ་འགྲོ་ཞུས་པས་ལན་དུ་མགུར་འདི་གསུངས་སོ།། ༈ རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །གདུགས་ཡ་ཐོག་གསེར་གྱི་བུམ་ཆུང་དང་གཅིག །མ་ཐོག་དར་གྱི་ཤམ་བུ་དང་གཉིས། །བར་ན་རྨ་བྱའི་ལྡིང་ཁང་དང་གསུམ། །ཚོན་རྩི་སྣ་ལྔའི་གདུགས་རྩིབས་དང་བཞི། །འདི་བཞི་སྐོར་ན་འ་འབུས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །གྲོང་ལྟག་གི་དགོན་ཆུང་ཁྲ་མོ་དང་གཅིག །སྟོན་ཆུང་གསར་པའི་བཤད་པ་དང་གཉིས། །ཡུ་མར་ཇ་ཡི་ཐབ་ཁ་དང་གསུམ། །བཙུན་ཆུང་གཞོན་པའི་ལག་བདེ་དང་བཞི། །འདི་བཞི་བསྐྱངས་ན་འ་འབུས་ཀྱང་འཁྱོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་


KMC018_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །རག་དུང་སེར་པོ་ལྕགས་ཀྱི་ཁ་རྒྱན་དང་གཅིག །དེ་ལ་མཛེས་པའི་འཕུར་ལྕེ་དང་གཉིས། །ལྕེ་དབུགས་རྐན་གསུམ་འཛོམ་པའི་དུང་མཁན་དང་གསུམ། །མགོ་ནག་མི་ཡི་འདུ་འཛི་དང་བཞི། །འདི་བཞི་བསྒྲུབས་ན་འ་འབུས་ཀྱང་འགྲུབ་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །རྟ་ན་ཕྲན་གྱི་མགོ་འཕངས་མཐོ་དང་གཅིག །དེ་ལ་མཛེས་པའི་དར་གདན་དང་གཉིས། །སེང་ལྡེང་ཆུ་རིས་ཀྱི་སྒ་ཁྲ་དང་གསུམ། །མདོ་མང་ལྕགས་ཀྱི་གློ་ནན་དང་བཞི། །འདི་བཞི་བཙལ་ན་འ་འབུས་ཀྱང་རྙེད་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །མ་ཇོ་སྒོམ་མའི་ཚོགས་དཔོན་དང་གཅིག །མོ་བོན་རྩིས་གསུམ་གྱི་གྲོང་ཆོག་དང་གཉིས། །ཁ་ཟ་འདོད་འབྲུ་བའི་ཚོགས་འཁོར་དང་གསུམ། །ཉ་མ་མགོ་སྐོར་


KMC018_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གླུ་ཆུང་དང་བཞི། །འདི་བཞི་བསྐོར་ན་འ་འབུས་ཀྱང་འཁོར་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །ས་མཁར་མཐོན་པོའི་བདག་པོ་དང་གཅིག །ཞིང་ལྷུ་མོ་འཕྲེད་ལ་རྨོ་བ་དང་གཉིས། །ཕ་སྤུན་མཉམ་གཉིས་ཀྱི་འགྲན་ཟླ་དང་གསུམ། །བཤེས་ཉེ་དུ་འབྲེལ་བའི་གདུང་སེམས་དང་བཞི། །འདི་བཞི་བྱས་ན་འ་འབུས་ཀྱང་ཡོང་ཚོད་དུ་གདའ་སྟེ། །དེ་བས་ཀྱང་བློ་ཆོས་བརྒྱད་སྤངས་ན་དགེ །བློ་ཆོས་བརྒྱད་སྤོངས་ཤིག་པེ་ཏ་མ། །གཉེན་ཉེ་དུའི་གདུང་བ་སེམས་ལ་གཟན། །ཕ་བླ་མའི་ཉེ་གནས་དགེ་སྦྱོར་སྤུར། །ཆོས་ལོང་ཡོད་ཀྱིས་ཕྱི་བཤོལ་ལག་སྟོང་འགྲོ། །ཁྱོད་པེ་ཏ་ཨ་ལྕམ་སྤྲང་དུ་སོང་། །ང་ན་མེད་ཀྱི་རྣལ་འབྱོར་དགེ་སྦྱོར་བྱེད། །ཅེས་གསུངས་པས་སྲིང་མོ་ན་རེ་དེ་བཞིན་ཡིན་ན་ང་ཡང་དགའ་སྟེ། ཨེ་ཡིན་ནམ་ཟེར། དེ་ནས་སྲིང་མོས་སྤྲང་དུ་སོང་བས་ཉིན་གཅིག་སྤྲང་ཕྱེ་དང་ཆང་སྐྱུར་པོ་ཟོ་བ་གང་ཁྱེར་ཡོངས་པ་ལ་ཚོགས་འཁོར་མཛད་དེ། ད་སྲིང་མོ་ཁྱོད་


KMC018_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡོང་གསུངས་ནས་མགུར་འདི་གསུངས་སོ།། ༈ རྗེ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ང་སྐྱིད་པ་དགྲ་ཡིས་མ་ཚོར་དང་། །སྡུག་པ་གཉེན་གྱིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་རྒས་པ་གྲོགས་ཀྱི་མ་ཚོར་དང་། །ན་བ་སྲིང་མོས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་ཤི་བ་མི་ཡིས་མ་ཚོར་དང་། །རོ་རུལ་བྱ་ཡིས་མ་མཐོང་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ངའི་ཤ་རུས་སྦྲང་བུས་འཇིབ་པ་དང་། །རྩ་རྒྱུས་འབུ་ཡིས་ཟ་བ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ངའི་སྒོ་ན་མི་རྗེས་མེད་པ་དང་། །ནང་ན་ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ངའི་རོ་ལ་འཁུར་མི་མེད་པ་དང་། །ཤི་བ་ལ་ངུ་མི་མེད་པ་རུ། །རི་


KMC018_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །ང་གར་སོང་འདྲི་མི་མེད་པ་དང་། །འདིར་སོང་གཏད་ར་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །སྤྲང་པོའི་བསམ་པ་འགྲུབ་པ་ཡིན། །མི་མེད་ལུང་པའི་བྲག་ཕུག་ཏུ། །སྤྲང་པོ་འཆི་བའི་སྨོན་ལམ་འདི། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་གསུངས་པ་འདི་རྣམས་སྔ་ལ་འོག་མ་སྟེ། དེ་ཐམས་ཅད་སྔ་ལ་སྐོར་གསུམ་མོ། །གསུམ་པ་བདེ་དྲོད་ངོ་འཕྲོད་པའི་ཡོན་ཏན་ནི། སྲིང་མོ་ན་རེ་ཁྱོད་ཉིན་མོ་གླུ་བླངས། མཚན་མོ་ཉལ་བས་སེམས་ཡངས་ཡངས་སུ་སོང་ནས་ཨེ་ཟུག་ཟེར་བས་མོ་བདེན་དགོངས་ནས་ལུས་ངག་ཡིད་གསུམ་གནད་རྣམ་པ་གསུམ་ལ་བཅུན་ཏེ། སྲིང་མོས་བྱིན་པའི་སྣམ་བུ་ཡང་བཟོ་མ་ཁོམ་པར། ཙོག་པུ་ལུས་ཀྱི་གནད། རྒྱ་མདུད་ངག་གི་གནད། སྦྲུལ་མདུད་སེམས་ཀྱི་གནད་དེ་གནད་གསུམ་ལ་དྲིལ་བས། ཤི་མ་ཤི་མེད་འགྱེལ་མ་འགྱེལ་མེད་པར་བསྒོམས་པས་ཞག་བཅོ་བརྒྱད་ལ་བདེ་དྲོད་རང་འབར་ལ་སོང་སྟེ་སྲིང་མོས་བྱིན་པའི་སྣམ་བུ་ཡང་འབུ་དང་མུག་པས་ཟོས་ནས་དུམ་བུར་སོང་བ་ལ། ཡང་ཉིན་གཅིག་སྲིང་མོ་སླེབས་ནས་བྱུང་བས་ཁྱེད་ཀྱི་སྣམ་བུ་ཨེ་བཟོས་ཞུས་པས། སྣམ་བུ་བཟོ་བ་མ་བྱུང་བས་འབུས་ཟོས་


KMC018_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ཁྱེད་ཀྱིས་སྣམ་བུ་ཆུད་ཟོས་བྱས་ནས། ད་གཅེར་བུར་ངོ་མི་ཚ་བ་ཨི་ལགས་ཞུས་པས། མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་རི་ཁྲོད་ཐུབ་པར་བྱིན་གྱིས་རློབས། །ཁྱོད་ངོ་མི་ཚ་བ་ལ་ངོ་ཚ་བྱེད། །ངོ་ཚའི་བུ་ཕོ་པང་དུ་བླངས། །ངོ་ཚའི་བུ་མོ་རིན་གྱིས་ཉོས། །ངོ་ཚའི་ལས་ལ་ཐོད་པ་རྒས། །འདི་ནི་རང་བྱུང་ཕོ་རྟགས་ཡིན། །ཕོ་མོ་མིང་བཏགས་ཕྱིན་ཆད་ནས། །འདི་ཉིད་ཡོད་པ་སུས་ཀྱང་ཤེས། །ཁྲེལ་ངོ་ཚ་དག་ལ་ཁྱོད་མི་འཛེམ། །ངན་སྤྱོད་གཡོ་སྒྱུ་བརྐུ་བ་དང་། །སྤྱོད་ངན་ཞེ་ངན་ལོག་ལྟ་དང་། །ངོ་ཤེས་ཉེ་བ་འཚོང་པ་རྣམས། །ཁྲེལ་ངོ་ཚ་ཡིན་ཏེ་འཛེམ་མི་མེད། །རྡོ་རྗེ་ཟབ་མོའི་གསང་སྤྱོད་དང་། །མན་ངག་ཟབ་མོའི་སྒོམ་ཆེན་ཀུན། །མི་ཚེ་ཆོས་ལ་སྐྱེལ་བ་ལ། །ངོ་ཚའི་འཇིགས་པ་སྐད་ཅིག་མེད། །ཁྱོད་པེ་ཏ་མ་རེ་སྡུག་སེམས་མ་ཆུང་། །ཡི་ཆད་མ་བདའ་སྤྲང་དུ་སོང་། །ཞེས་གསུངས་ཏེ་འབུངས་ནས་བསྒོམས་བསྒོམས་པ་ལས། ཟྭ་རང་གིས་མ་འཁྱོལ་བར་སྒོམ་ཤེད་ཇེ་ཆུང་ཇེ་


KMC018_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ལ་སོང་ནས་དབང་པོ་མཉེལ་པོ་ལས་མ་བྱུང་བ་ལ་ཉིན་ཅིག་ཁྱི་ར་བ་འགས་ཤ་བ་བསད་པའི་ཤ་ཁུར་ནས་བྲག་རྩ་དེ་ན་བྱུང་བས་ལྟོགས་འདོད་བྱས་ཏེ་སྐད་མང་དུ་བཏང་བས། རྗེ་བཙུན་གྱིས་གཟིགས་ཙ་ན་ཁྱོད་མི་ལ་ཐོས་པ་དགའ་ཨེ་ཡིན་ཟེར་བས་ཡིན་གསུངས། ཁྱོད་བྲག་འདི་ལ་བསྡད་པ་ལ་བྲག་འདི་ལ་ཡོན་ཏན་ཅི་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ རྗེ་བླ་མའི་བྱིན་རླབས་བྲག་ལ་ཞུགས། །བྲག་འདིའི་ཡོན་ཏན་མ་ཤེས་ན། །སྤོ་རི་སྤོ་མཐོན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་ཕོ་བྲང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབས། །འོག་ན་གཙང་ཆབ་སྔོན་མོ་འབབ། །རྒྱབ་ཏུ་བྲག་དམར་ནམ་མཁའི་རྫོང་། །མདུན་ན་ན་སྤང་མེ་ཏོག་བཀྲ། །ཟུར་ན་གཅན་གཟན་ངར་སྐད་སྒྲོག །ལོགས་ལ་བྱ་རྒྱལ་རྒོད་པོ་ལྡིང་། །དུས་སུ་སྦྲང་ཆར་ཟིམ་བུ་འབབ། །རྒྱུན་དུ་བུང་བས་གླུ་དབྱངས་ལེན། །ཤ་རྐྱང་མ་བུ་རྩེད་བྲོ་བརྡུངས། །ཅོ་ག་མ་བུ་འགྱུར་སྐད་མང་། །ལྷ་བྱ་གོང་མོ་གླུ་དབྱངས་ལེན། །རྫ་ཆབ་སིལ་མས་སྙན་པ་བརྗོད། །དུས་ཀྱི་སྐད་རིགས་


KMC018_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱི་གྲོགས། །གནས་འདི་ཡི་ཡོན་ཏན་བསམ་མི་ཁྱབ། །ཉམས་དགའ་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་ནས་བཏོན་པ་ཡིན། །ཁྱོད་ཁྱི་ར་བ་ལ་བཤད་པ་ཡིན། །ལས་སྡིག་པ་མ་བྱེད་དགེ་བ་མཛོད། །ཅེས་གསུངས་པས་ཁྱི་ར་བ་རྣམས་ཀྱིས་ངོ་མཚར་ཆེ་ཟེར་ནས་ཤ་བའི་ཤ་དང་ཕྱེའི་ལྷག་མ་དུམ་པ་ཞིག་འདུག་པ་རྣམས་ཕུལ་བ་ལ་ཤ་ཚོད་མཛད་ནས་གསོལ་བས་སྐུ་ལུས་འབོལ་ཤིག་གེར་བཏང་བས་སྒོམ་ཤེད་ཆེར་སོང་། ཁམས་དྭངས་ལུས་བདེ། སེམས་གསལ་དུ་སོང་བས་དགེ་སྦྱོར་བཟང་པོ་བྱུང་བ་ལ་ཡང་ཞག་གཅིག་གཉིས་ན་ཁྱི་ར་བ་རྒན་པ་ཞིག་གིས་རྩམ་པ་ཁྱེར་ཡོངས་པས། དོ་ཞག་སྐུ་ཁམས་བདེའམ་ཞུས་པས་ལེགས་པོར་བདེ་གསུངས་ནས་མགུར་འདི་གསུངས་སོ།། ༈ བྲག་དཀར་སྤོ་མཐོན་ཕོ་བྲང་ན། །མི་ལ་རས་པའི་སྒོམ་ལུགས་བདེ། །འཛིན་ཆགས་མེད་པའི་འགྲོ་འདུག་བདེ། །ན་ཚ་མེད་པའི་སྒྱུ་ལུས་བདེ། །ཉལ་བ་མེད་པའི་འདུག་ལུགས་བདེ། །རྟོག་པ་མེད་པའི་ཏིང་འཛིན་བདེ། །གྲང་བ་མེད་པའི་གཏུམ་མོ་བདེ། །ཞུམ་པ་མེད་པའི་བརྟུལ་ཞུགས་བདེ། །རྩོལ་བ་མེད་པའི་སོ་ནམ་བདེ། །


KMC018_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ་མེད་པའི་དབེན་པ་བདེ། །དེ་ཚོ་ལུས་ཀྱི་འཁྱེར་སོ་ཡིན། །ཐབས་ཤེས་རབ་གཉིས་ཀྱི་ཐེག་པ་བདེ། །བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་བདེ། །རླུང་འགྲོ་འོང་མེད་པའི་སེམས་ཉིད་བདེ། །ལབ་གྲོགས་མེད་པའི་སྨྲ་བཅད་བདེ། །དེ་ཚོ་ངག་གི་འཁྱེར་སོ་ཡིན། །ངོས་བཟུང་མེད་པའི་ལྟ་བ་བདེ། །རྒྱུན་ཆད་མེད་པའི་སྒོམ་པ་བདེ། །ཉམ་ང་མེད་པའི་སྤྱོད་པ་བདེ། །རེ་དོགས་མེད་པའི་འབྲས་བུ་བདེ། །དེ་ཚོ་སེམས་ཀྱི་འཁྱེར་སོ་ཡིན། །འགྱུར་མེད་རྟོག་མེད་འོད་གསལ་བདེ། །བདེ་ཆེན་རྣམ་དག་དབྱིངས་སུ་བདེ། །འགག་མེད་འཆར་སྒོའི་ཀློང་དུ་བདེ། །ཤིན་ཏུ་བདེ་བའི་དབྱངས་ཆུང་འདི། །ཉམས་མྱོང་གླུ་རུ་བླངས་པ་ཡིན། །གདམས་ངག་ཁ་ནས་ཤོར་བ་ཡིན། །ལྟ་སྤྱོད་ཟུང་དུ་བསྡེབས་པ་ཡིན། །སླད་ནས་བྱང་ཆུབ་བསྒྲུབ་འདོད་རྣམས། །དོན་ཉམས་སུ་ལེན་ན་དེ་ལྟར་མཛོད། །ཅེས་གསུངས་པས་ཡོན་བདག་དེ་དགའ་ནས་ཕྱག་མང་དུ་བཙལ་ནས་ཁྱིམ་དུ་སོང་སྟེ།


KMC018_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་གཉིས་ཤིག་ན་ཡོན་བདག་གྲོགས་འགའ་དང་འགྲོགས་ནས་རྩམ་པ་དུམ་པ་རེ་ཁྱེར་ཏེ་འོངས་པ། བླ་མ་ལགས་ཁ་སིང་གི་མགུར་མ་དེ་ལེགས་པོ་ཞིག་བྱུང་སྟེ། ངེད་ཤེས་རབ་ཆུང་བས་མ་ཟིན་པས་ཚིག་ཉུང་ལ་དོན་གསལ་བ་ཞིག་གསུངས་དང་ཟེར་བས་མགུར་འདི་གསུངས་སོ། །རྗེ་བླ་མའི་བྱིན་རླབས་བྲག་ལ་ཞུགས། །སྤྲང་བྲག་ལ་གནས་པར་བྱིན་གྱིས་རློབས། །དད་དང་མཁས་དང་བཙུན་དང་གསུམ། །འདི་གསུམ་སེམས་ཀྱི་སྲོག་ཤིང་ཡིན། །གཙུགས་ན་བརྟན་ལ་འཛུགས་ན་བདེ། །སྲོག་ཤིང་མཛད་ན་དེ་ལ་མཛོད། །ཆགས་མེད་ཞེན་མེད་རྨོངས་མེད་གསུམ། །འདི་གསུམ་སེམས་ཀྱི་གོ་ཆ་ལགས། །གྱོན་ན་ཡང་ལ་མཚོན་ཁར་སྲ། །གོ་ཆ་མཛད་ན་དེ་ལ་མཛོད། །བསྒོམ་དང་བརྩོན་དང་བསྲན་ཚུགས་གསུམ། །འདི་གསུམ་སེམས་ཀྱི་རྟ་ཕོ་ལགས། །རྒྱུག་ན་མགྱོགས་ལ་བྲོས་ན་ཐར། །རྟ་ཕོ་མཛད་ན་དེ་ལ་མཛོད། །རང་རིག་རང་གསལ་རང་བདེ་གསུམ། །འདི་གསུམ་སེམས་ཀྱི་འབྲས་བུ་ལགས། །བཏབ་ན་སྨིན་ལ་ཟ་ན་བཅུད། །


KMC018_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མཛད་ན་དེ་ལ་མཛོད། །སེམས་དོན་རྣམས་པ་བཅུ་གཉིས་འདི། །རྣལ་འབྱོར་བློ་ལ་ཤར་ནས་བླངས། །ཁྱོད་ཡོན་བདག་དད་པའི་གདབ་ལན་མཛོད། །ཅེས་གསུངས་པས་ཡོན་བདག་དེ་དད་པ་ཅན་གཤན་རྡོར་མོ་བྱ་བ་ཡིན་པས་ད་དུང་མདོར་བསྔུས་པའི་ཚིག་གཅིག་ལ་འདྲིལ་བ་ཞིག་གསུངས་དང་ཟེར་བས་ཡང་མགུར་འདི་གསུངས་སོ།། ༈ བླ་མའི་བྱིན་རླབས་སེམས་ལ་ཞུགས། །སེམས་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །ཡོན་བདག་དད་པའི་ཕྱག་རྟེན་ལ། །ལྷ་ཡི་དམ་མཉེས་པའི་གླུ་ཞིག་ལེན། །སྣང་དང་སྟོང་དང་དབྱེར་མེད་གསུམ། །འདི་གསུམ་ལྟ་བའི་མདོར་བསྡུས་ཡིན། །གསལ་དང་མི་རྟོག་ཡེངས་མེད་གསུམ། །འདི་གསུམ་སྒོམ་པའི་མདོར་བསྡུས་ཡིན། །མ་ཆགས་མ་ཞེན་མ་འཁྲུལ་གསུམ། །འདི་གསུམ་སྤྱོད་པའི་མདོར་བསྡུས་ཡིན། །རེ་མེད་དོགས་མེད་མཐར་སྐྱོལ་གསུམ། །འདི་གསུམ་འབྲས་བུའི་མདོར་བསྡུས་ཡིན། །ངོས་མེད་ལྐོག་མེད་ཟོལ་མེད་གསུམ། །འདི་གསུམ་


KMC018_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་མདོར་བསྡུས་ཡིན། །ཞེས་གསུངས་པས་ཡོན་བདག་མཉེས་ཏེ་ཁྱིམ་དུ་སོང་ངོ་། །ལར་སྙེ་ནམ་གྱི་མི་སྡེ་རྣམས་དད་ཀྱང་འཁོས་ཆུང་བས་ཞབས་ཏོག་ཆེན་པོ་མ་བྱུང་བས་དཀོར་གྱིས་དགེ་སྦྱོར་མ་ཕྲོགས་ཟླ་བ་ལྔ་དྲུག་ན་སྐྱོ་ཐང་རྒྱུ་རེ་བ་སྐྱལ་བས་ལྟོགས་གྲིའི་རླུང་ལ་མ་བསྐུར་ཞེས་གསུངས་སོ། །དེ་ཐམས་ཅད་སྤོ་རི་སྤོ་མཐོན་གྱིས་སྐོར་རོ།། ༈ །།དེ་ནས་སྤོ་རི་སྤོ་མཐོན་དུ་ལོ་དྲུག་སོང་བ་དང་། བྲག་དམར་མཆོང་གླིང་ཁྱུང་གི་རྫོང་དུ་བྱོན་ནས་ལོ་བཅུ་གཉིས་ཟླ་བ་བཅུ་གཉིས་ཞག་བཅུ་གཉིས་ཟ་མ་བཅུ་གཉིས་བཅུ་གཉིས་ཆ་བཞི་སྒྲུབ་པའི་དམ་བཅའ་བྱས་པའི་འོག་ཏུ་ཤི་བ་ཞིག་ཨེ་ནུས་བསམས་ནས་ཡུལ་གྱི་མི་སྡེས་ཀྱང་གར་ཡོད་མ་ཚོར་བར་བསྒོམས་པས་ཨེ་འཆི་བསམས་པ་ལ་འཆི་རྒྱུ་ཡེ་མ་བྱུང་ཞིང་དབང་པོ་ངན་པར་བྱུང་བས་ངས་འཇིག་རྟེན་གྱི་བྱ་བ་ནི་བཏང་ཐལ་ཟིན། ད་དུང་མ་ཤི་ན་ཆོས་རང་བྱེད་བསམ་པ་སྐྱེས་ཏེ། ཟྭ་ཞིག་བཙོས་ནས་གསོལ་དགོས་དགོངས་ཏེ། ཤིང་འཐུ་བ་ལ་སོང་བས་ཤིང་ཧྲག་ཧྲུག་དུམ་པ་ཞིག་རྙེད་པ་དེ་རྡོ་ལེབ་གཅིག་གིི་སྟེང་དུ་བཞག་ནས་མཉེལ་གསོ་ཡིན་ཡོད་པ་ལ། ལྷག་པ་ཞིག་བྱུང་སྟེ་ཤིང་རྣམས་གཏོར་བས་ཐམས་ཅད་མི་རྟག་པ་འདི་ཁ་རང་ཡིན་ཨང་བདག་ལའང་མི་རྟག་པ་ཞིག་ནམ་ཡོང་ངམ་དགོངས་པ་ལ་ད་རུང་ཤིང་ཞིག་ཅིས་ཀྱང་འཐུ་དགོས་དགོངས་ནས་ཤིང་སྐམ་པོ་ཆེ་བ་ཞིག་བཅག་པ་


KMC018_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་དུ་འགྱེལ་བའི་ངང་ལ་དབང་པོ་མ་བྱུང་སྟེ། དགོངས་མོ་ཉི་མ་ཟེར་བ་ལ་ལྷག་པའི་བསེར་བུ་གཤི་རེ་བྱུང་བས་མནལ་སད་པ་འདྲ་བ་ཞིག་ལ་དབང་པོ་བྱུང་བས་སྐྱོ་བའི་སྙིང་རླུང་དྲག་པོ་ཞིག་ལངས་ཟིན་ནས། ཉི་མ་ཤར་ཕྱོགས་སུ་གཟིགས་པས་བླ་མའི་སྐུ་མཁར་ཡོད་ཕྱོགས་སུ་སྤྲིན་དཀར་པོ་ཞིག་ལིང་ངེ་འདུག་པས་བླ་མ་དྲན་ཏེ། དེ་དུས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་པོའི་སྙིང་རླུང་སངས་བར་ཐུགས་རྗེས་ཟུང་། །ཤར་སྤྲིན་དཀར་ལྡིང་བའི་འོག་ཤེད་ན། །ལྷོ་དྲོ་བོ་ལུང་གི་དགོན་པ་ན། །མི་བདག་གི་བླ་མ་བཞུགས་པ་སྟེ། །མཚན་བརྗོད་ན་མར་པ་ལོ་ཙཱ་ཟེར། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །ས་བསྐོར་ཐག་རིང་ཡང་མཇལ་སྙིང་འདོད། །ལམ་བགྲོད་པར་དཀའ་ཡང་མཇལ་བ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པ་ཞིག་བྱུང་། །ཡུམ་སངས་རྒྱས་དགྱེས་བྱེད་བདག་མེད་མ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །མ་ལ་ཕྱག་རྟེན་མེད་ཀྱང་མཇལ་སྙིང་འདོད། །འབུལ་བ་མེད་ཀྱང་མཇལ་བ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམ་ཤིང་རྗེེ་བཙུན་དྲན་པ་ཞིག་བྱུང་། །དབང་ཟབ་མོ་བརྡ་ཡི་དབང་བཞི་དེ། །དུས་ད་ལྟ་བསྐུར་ན་དགའ་བ་


KMC018_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ད་ལྟ་བསྐུར་ན་སྐྱིད་པ་ལ། །ང་འབུལ་བ་ཡོ་བྱད་ཆུང་ཡང་འབུལ་སྙིང་འདོད། །འཚོ་བ་དཀོན་ཡང་ཞུ་བ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པ་ཞིག་བྱུང་། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་དེ། །དུས་ད་ལྟ་ཞུ་ན་དགའ་བ་ལ། །ད་ལྟ་ཞུ་ན་སྐྱིད་པ་ལ། །འ་འབུ་ཤེས་རབ་ཆུང་ཡང་ཞུ་སྙིང་འདོད། །བློ་རྩེ་བརྟུལ་ཡང་ཉན་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེེ་བཙུན་དྲན་པ་ཞིག་བྱུང་། །ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དེ། །དུས་ད་ལྟ་ཞུ་ན་དགའ་བ་ལ། །ད་ལྟ་ཞུ་ན་སྐྱིད་པ་ལ། །འ་འབུ་སྒོམ་སྲན་ཆུང་ཡང་སྒོམ་སྙིང་འདོད། །འབྱུང་བཞི་རྒུད་ཀྱང་སྒོམ་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པ་ཞིག་བྱུང་། །དབུས་གཙང་གི་གྲོགས་པོ་དད་འདུས་དེ། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །འ་བུ་སྒོམ་སྲན་ཆུང་


KMC018_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒོམ་སྙིང་འདོད། །འབྱུང་བཞི་རྒུད་ཀྱང་སྒོམ་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིང་བྱུང་། །བསམས་ཤིང་རྗེས་བཙུན་དྲན་པ་ཞིག་བྱུང་། །དབུས་གཙང་གི་གྲོགས་པོ་དད་འདུས་དེ། །དུས་ད་ལྟ་བཞུགས་ན་དག་བ་ལ། །ད་ལྟ་བཞུགས་ན་སྐྱིད་པ་ལ། །བགྲོ་གླེང་གོ་བསྡུར་བྱེད་སྙིང་འདོད། །ཉམས་བསྡུར་བླ་བོ་བྱེད་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེེ་བཙུན་དྲན་པ་ཞིག་བྱུང་། །བླ་མ་མཉེས་པའི་སྐུ་མཁར་དེ། །དུས་ད་ལྟ་བརྩེག་ན་དགའ་བ་ལ། །ད་ལྟ་བརྩིག་ན་སྐྱིད་པ་ལ། །ང་ན་སོ་རྒས་ཀྱང་བརྩིག་སྙིང་འདོད། །སྒྱུ་ལུས་ངན་ཀྱང་བརྩིག་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྫེ་བཙུན་དྲན་པ་ཞིག་བྱུང་། །དྲིན་ཅན་གྱི་ཕ་མ་ཡབ་ཡུམ་དེ། །དུས་ད་ལྟ་ཡོད་ན་དགའ་བ་ལ། །ད་ལྟ་ཡོད་ན་སྐྱིད་པ་ལ། །ཕ་མའི་དྲིན་ལན་འཇལ་སྙིང་འདོད། །ཞབས་


KMC018_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ཅི་ནུས་བྱེད་པ་ཞིག་ལགས་ཏེ། །ཤོ་མོ་སླར་ཡང་བླ་མ་དྲན་པ་ཞིག་བྱུང་། །བསམས་ཤིང་རྗེ་བཙུན་དྲན་པ་ཞིག་བྱུང་། །རྡོ་རྗེ་འཆང་ཆེན་བྱིན་རླབས་ཅན། །སྤྲང་པོའི་སྐྱོ་བ་སངས་པར་བྱིན་གྱིས་རློབས། །ཞེས་གསུངས་པས་སྤྲིན་དེ་ཇེ་རིང་ཇེ་རིང་ལ་སོང་ནས་ཁོང་གི་དབུ་ཐོག་ཏུ་སྣམ་བུ་བརྐྱང་པ་བཞིན་བྱུང་བས་སྤྲིན་དེའི་སྣེ་མོ་ལ་བླ་མ་མར་པ་དེ་ཉིད་སེང་གེ་དཀར་མོ་སྲབ་མེད་པ་ཞིག་ལ་བཅིབས་ནས་བཞུགས་པ་གཟིགས་ནས། མི་ལ་རས་པ་ཁྱོད་དེ་རིང་འོ་དོད་ཆེན་པོ་བྱེད་པ་ཅི་བྱུང་། བླ་མ་ལ་དད་པ་སྐྱེས་སམ། རྐྱེན་ངན་རྟོག་པ་ཡུལ་ཕྱིར་འབྲངས་སམ། ནང་སྒྲུབ་པའི་ཁང་པར་སྐྱིད་འདོད་ཀྱི་བར་ཆད་ཞུགས་སམ། བློ་འགོང་རེ་དོགས་ཀྱིས་གཙེར་བས་ཁོང་སྤུན་ནམ་ཅི་བྱུང་། ང་དང་ཁྱོད་གཉིས་འདུ་འབྲལ་མེད་པ་ཡིན་གསུངས་པའི་སྒྲ་ཐོས་པས་དགའ་དྲགས་ནས་འདི་ཟློ་མ་རྙེད་པས་དཔེ་དང་བྲལ་བའི་རྟོགས་པ་ཤར། བརྗོད་དུ་མེད་པའི་ཉམས་སྐྱེས་ནས་གསོལ་འདེབས་མོས་གུས་གྱི་མགུར་འདི་གསུངས་སོ།། ༈ རྗེ་བླ་མའི་ཞལ་མཐོང་གསུང་ཐོས་པས། །སྤྲང་པོའི་སྙིང་རླུང་ཉམས་སུ་ཤར། །ཐུགས་རྗེ་ཡིད་ལ་བསམ་པ་ཡིས། །རྟོགས་པའི་མོས་གུས་གཏིང་ནས་སྐྱེས། །བཀའ་


KMC018_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་བྱིན་རླབས་དངོས་ཞུགས་པས། །ཆོས་མིན་སྣང་བ་ཁྲིག་གིས་ཆོད། །མི་མེད་ལུང་སྟོང་འོ་དོད་འདི། །ཕ་བླ་མའི་སྙན་ལ་གཟན་ལགས་ཀྱང་། །སྤྲང་སྣང་བ་འདི་མིན་གྱིས་ཚིམས་མ་ནུས། །སྙིང་རུས་སྡུག་སྲན་གྱིས་སྒྲུབ་པ་འདི། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཡིན། །ན་མེད་གཅིག་པུའི་རི་ཁྲོད་འདི། །མ་མཁའ་འགྲོ་མཉེས་པའི་ཞབས་ཏོག་ཡིན། །ཤིར་ཆུག་ལྟོགས་སྒུར་སྡུག་སྲན་འདི། །མགོན་མེད་སེམས་ཅན་གྱི་སྦྱིན་པ་ཡིན། །གྲོགས་མེད་གཅིག་པུའི་སྙིང་རུས་འདི། །ལས་རྣམ་སྨིན་སྦྱོང་བའི་ཕྱགས་ཤིང་ཡིན། །ཟད་མེད་ཟྭ་ཡི་ཆོས་བརྒྱགས་འདི། །ཉམས་རྟོགས་པ་སྐྱེ་བའི་མཐུན་རྐྱེན་ཡིན། །ཕ་བླ་མའི་དྲིན་ལན་སྒྲུབ་པས་འཇལ། །དྲིན་ཐུགས་ལ་ཐོགས་ཤིག་གུ་རུ་རྗེ། །སྤྲང་རི་ཁྲོད་ནོན་པར་བྱིན་གྱིས་རློབས། །ཞེས་གསུངས་ནས་སྣང་བ་བདེ་ཏིང་ངེ་བ་ཞིག་ལ་ཤིང་དུམ་པ་ཞིག་ཁྱེར་ནས་ཡར་ལ་བྱོན་ཙ་ན། ཕུག་པ་ན་ལྕགས་ཀྱི་ཨ་ཙ་ར་གཟུགས་མཐེ་བོང་ཙམ་ལ་མིག་ཕོར་པ་ཙམ་ཡོད་པ་བདུན་


KMC018_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ལ་ལས་མེ་འབུད། ལ་ལས་ཆུ་ལེན། ལ་ལས་རྩམས་པ་ཐག་སྟངས་དང་ལས་སྣ་ཚོགས་པའི་རྫུ་འཕྲུལ་སྟོན་ཅིང་འདུག་པ་དང་། གཟིགས་མ་ཐག་ཏུ་ཡ་ང་བ་ཞིག་བྱུང་སྟེ་ལྷ་བསྒོམས་ནས་དྲག་སྔགས་བརྗོད་པ་དང་། ལྟ་སྟངས་དང་རོལ་པ་ཆེར་བྱས་པ་དང་། བྱམས་དང་སྙིང་རྗེ་བསྒོམས་ཀྱང་ཞི་མ་ནུས་ཤིང་འདི་རྣམས་ཡུལ་འདིའི་གཞི་བདག་ཨེ་མ་ཡིན་ངས་གནས་འདི་ལ་ལོ་ཟླ་བ་འདི་ཙམ་བསྡད་པ་ལ་གཏོར་མ་དང་བསྟོད་པ་ཞིག་ཀྱང་མ་བྱས་དགོངས་ནས་གནས་ལ་བསྟོད་པའི་མགུར་འདི་གསུངས་སོ། །ཨེ་མ་རི་ཁྲོད་དབེན་པའི་གནས། །རྒྱལ་བ་བྱང་ཆུབ་བསྒྲུབས་པའི་ས། །མི་རང་ཉིད་གཅིག་པུར་འདུག་པའི་ཡུལ། །གནས་བྲག་དམར་མཆོང་གླིང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབས། །དེ་ལ་རྒོད་པོ་ལང་མ་ལིང་། །མདའ་ན་གཙང་ཆབ་མེ་རེ་རེ། །དེ་ལ་ཉ་སྲམ་གྱུ་མ་གྱུ། །རྒྱབ་ཏུ་རི་རྒྱལ་རྩེ་མོ་མཐོ། །དེ་ལ་རྩི་ཤིང་སྣ་ཚོགས་རྒྱས། །མདུན་རི་འབྲས་སྤུངས་རང་ལ་འཁོར། །དེ་ལ་ཆུ་མིག་མེ་ཏོག་རྒྱས། །རྩ་ན་ན་སྤང་ཆོ་ལོ་རིས། །དེ་ལ་ཤ་རྐྱང་མ་བུ་རྩེ། །ཤིང་ལོ་མེ་ཏོག་པདྨ་རིས། །དེ་ལ་འཇོལ་མོ་


KMC018_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སྙན་སྒྲོག །རྫ་དང་གཡའ་མ་གངས་རི་མང་། །དེ་ལ་གོང་མོ་སྐད་སྙན་འགྱུར། །འབྲོག་དང་ལུང་པའི་ཕུ་མདའ་ངམ། །དེ་ལ་བར་ཆོད་མི་རྗེས་ཆད། །ང་དང་གནས་བཟང་བྱང་ཆུབ་མཐུན། །དེ་ལྟ་བུ་ཡི་དབེན་གནས་འདིར། །ང་མི་ལ་རས་པ་ཉམས་མྱོང་སྐྱོང་། །ཉམས་མྱོང་གི་རྩ་བ་བྱང་ཆུབ་སེམས། །འདྲེ་འདིར་ཚོགས་བར་ཆོད་མི་མ་ཡིན། །བྱམས་སྙིང་རྗེའི་བདུད་རྩི་འཐུང་ལ་དེངས། །ཞེས་གསུངས་པས་ཆོ་འཕྲུལ་སྟོན་པའི་ཨ་ཙ་ར་གསུམ་དེངས་སོང་། བཞི་ད་རུང་འགྲོ་མ་ཉན་པས་བཞི་པོ་འདྲེའི་ཆོ་འཕྲུལ་གྱི་བར་ཆད་ཡིན་པར་དགོངས་ནས་ཉམས་ལྟ་བའི་གདེངས་དང་ལྡན་པའི་མགུར་འདི་གསུངས་སོ།། ༈ ང་སེང་གེ་དཀར་མོའི་བུ་རྒྱུད་འདི། །སེང་ཕྲུག་གི་རིང་ལ་ཁྱུ་སྣ་དྲངས། །སེང་ཆེན་གྱི་རིང་ལ་གངས་ཁྲོད་འགྲིམ། །དགྲ་བུ་ཡུག་འཚུབ་ཀྱང་ཉམ་ང་མེད། །ང་བྱ་རྒྱལ་ཁྱུང་གི་བུ་རྒྱུད་འདི། །བྱ་ཕྲན་གྱི་རིང་ལ་ཁྱུ་སྣ་དྲངས། །ཁྱུང་ཆེན་གྱི་རིང་ལ་ནམ་འཕང་བཅད། །མཐོ་གཡང་ས་ཆེ་ཡང་ཉམ་ང་


KMC018_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ང་ཉ་ཆེན་ཡོར་མོའི་བུ་རྒྱུད་འདི། །ཉ་ཕྲན་གྱི་རིང་ལ་མཚོ་མཐའ་བསྐོར། །ཉ་ཆེན་གྱིས་རིང་ལ་གཙང་ཆབ་འགྲིམ། །གཙང་པོ་གཡོས་ཀྱང་ཉམ་ང་མེད། །ང་ནཱ་རོ་ཆེན་པོའི་བུ་རྒྱུད་འདི། །སྒོམ་ཕྲུག་གི་རིང་ལ་བླ་མ་བསྟེན། །སྒོམ་ཆེན་གྱི་རིང་ལ་རི་ཁྲོད་འགྲིམ། །ཁྱོད་བར་ཆད་བདུད་ལ་ཉམ་ང་མེད། །འདྲེ་དེ་རིང་བྱོན་པ་ངོ་མཚར་ཆེ། །སང་ཉིན་ཅིས་ཀྱང་འབྱོན་པར་ཞུ། །སྐབས་སྐབས་སུ་གསུང་གླེང་ཡང་ཡང་བྱེད། །ཅེས་གསུངས་པས་ཨ་ཙ་ར་གསུམ་ནི་འཇའ་ཡལ་བ་བཞིན་དུ་སོང་སྟེ། གཅིག་ནི་ལྟ་སྟངས་དང་རོལ་པའི་གར་ཆེར་བཏང་བས་འདི་མ་རུངས་བའི་མཐུ་ཆེ་བ་ཞིག་རེད་དགོངས་ཏེ་རྟོགས་ཚད་ལྟ་བའི་མགུར་འདི་གསུངས་སོ།། ༈ སེང་གངས་ལ་འགྱིང་བ་སྦར་མི་འཁྱག །སེང་གངས་ལ་འགྱིང་བ་སྦར་འཁྱག་ན། །སེང་རྩལ་གསུམ་རྫོགས་པ་དོན་གོ་ཆུང་། །བྱ་ནམ་མཁའ་ལ་འཕུར་བ་ལྷུང་མི་སྲིད། །བྱ་ནམ་མཁའ་ལ་འཕུར་བ་ལྷུང་སྲིད་ན། །བྱ་གཤོག་དྲུག་རྒྱས་པ་དོན་གོ་ཆུང་། །ཉ་ཆབ་ལ་གནས་པ་འཚུབ་མི་


KMC018_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད། །ཉ་ཆབ་ལ་གནས་པ་འཚུབ་སྲིད་ན། །ཉ་གསེར་མིག་འཁྱིལ་བ་དོན་གོ་ཆུང་། །ལྕགས་ཀྱི་ཕ་ཝང་རྡོས་མི་ཆོགས། །ལྕགས་ཀྱི་ཕ་ཝང་རྡོས་ཆོགས་ན། །ལྕགས་ཞུན་ཐར་ལེགས་པ་དོན་གོ་ཆུང་། །ངེད་སེམས་ཉིད་རྟོགས་པ་འདྲེས་མི་འཇིགས། །སེམས་ཉིད་རྟོགས་པ་འདྲེས་འཇིགས་ན། །མཐོ་བྲག་ལ་གནས་པ་དོན་གོ་ཆུང་། །ཁྱོད་འདྲའི་འདྲེ་ལ་ཉམ་ང་མེད། །ཁྱོད་འདྲའི་འདྲེ་ལ་ཉམ་ང་ན། །སེམས་སྙིང་རྗེ་ཤར་བ་དོན་གོ་ཆུང་། །འདྲེ་ད་རུང་བཞུགས་ན་ཐུགས་ལ་བཏགས། །ཁྱོད་གྲོགས་པོ་ཡོད་ན་བསྐོར་ལ་ཤོག །ངེད་རང་གསུང་གླེང་ཁོ་ཐག་གཅོད། །ཨ་ཙ་མ་འབྱུང་པོ་སྙིང་རེ་རྗེ། །རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ཞེས་གསུངས་པས་བྱམས་སྙིང་རྗེས་ལུས་ལྟོས་པ་མེད་པར་ཁ་ན་ཕར་བཙངས་པས་ཟ་རྒྱུ་མ་བྱུང་བར་འཇའ་ཡལ་བ་བཞིན་དེང་ནས་སོང་ངོ། །དེ་ཐམས་ཅད་བྲག་དམར་མཆོང་གླིང་གི་སྐོར་རོ། ༈ །དེ་ནས་རྗེ་བཙུན་གུང་ཐང་ལྷོ་སྒོ་ན་ཕར་བྱོན་ཙ་ན་མི་མང་པོ་


KMC018_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྩེད་སྣ་ལ་ཚོགས་ནས་འདུག་པའི་ནང་ན་ཉ་མ་བཙུན་སིང་བ་ཞིག་འདུག་པས་རྣལ་འབྱོར་པ་ཁྱེད་ཀྱི་ཡུལ་དང་ཕ་མ་ཉེ་འབྲེལ་གང་ཡིན་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ངའི་ཡབ་ནི་ཀུན་ཏུ་བཟང་པོ་ཡིན། །ཡུམ་ནི་འགྲོ་བ་བཟང་མོ་ཡིན། །ཕོ་བོ་ཐོས་པའི་རྒྱལ་པོ་ཡིན། །ཨ་ནེ་སྣང་གསལ་སྒྲོན་མེ་ཡིན། །སྲིང་མོ་དད་པའི་ལྕམ་མེ་ཡིན། །གྲོགས་ཤིག་རང་བྱུང་ཡེ་ཤེས་ཡིན། །བུ་ནི་རིག་པའི་ཁྱེའུ་ཆུང་ཡིན། །དཔེ་ཆ་སྣང་སྲིད་གཞིར་བཞག་ཡིན། །རྟ་ཕོ་རྣམ་ཤེས་རླུང་ཞོན་ཡིན། །ཡོན་བདག་དབུས་གཙང་རུ་བཞི་ཡིན། །ང་རང་མཆོད་རྟེན་དཀར་ཆུང་ཡིན། །ཞེས་གསུངས་པས་ཨ་ལ་ལ་ངོ་མཚར་ཆེ་བ་ཡོད་པར་འདུག་སྟེ། ངེད་འཇིག་རྟེན་པས་མ་གོ་བས་ཇི་ལྟར་ཡིན་གསུང་བར་ཞུ་ཞུས་པས་མགུར་འདི་གསུངས་སོ།། ༈ ངས་སྔོན་ཆད་དབྱངས་ལ་བསྐྱར་མ་མྱོང་། །ད་རེས་ཚིག་ལ་གསལ་ཞིག་འདེབས། །ཡབ་ཅིག་ཀུན་ཏུ་བཟང་པོ་དེས། །ལྟ་སྒོམ་ཕོགས་སུ་བཏང་བ་ལ། །འཇིག་


KMC018_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་སྣང་བ་ཡོད་མ་མྱོང་། །ཡུམ་ཞིག་འགྲོ་བ་བཟང་མོ་དེས། །གདམས་ངག་ནུ་མ་བསྙོད་པ་ལ། །ཉམས་ལེན་ལ་མུ་གེ་ཡོང་མ་མྱོང་། །ཕོ་བོ་ཐོས་པའི་རྒྱལ་པོ་དེས། །ཐབས་ཤེས་རབ་རལ་གྲི་ལག་ཏུ་གཏད། །ཆོས་ཕྱི་ནང་གྱི་སྒྲོ་འདོགས་བཅད་ནས་བཞག །ཨ་ནེ་སྣང་གསལ་སྒྲོན་མེ་ཡིས། །རང་སེམས་མེ་ལོང་བལྟ་བ་ལ། །བག་ཆགས་གཡའ་ཡིས་གོས་མ་མྱོང་། །སྲིང་མོ་དད་པའི་ལྕམ་མེ་ཡིས། །སེར་སྣའི་མདུད་པ་འགྲོལ་བ་ལ། །རྣལ་འབྱོར་ལ་ཟས་ནོར་ཡོད་ཀྱང་མེད། །ཡོད་ཀྱང་སྡུག་བརྩིར་བྱེད་མ་མྱོང་། །གྲོགས་ཤིག་རང་བྱུང་ཡེ་ཤེས་དང་། །གཉིས་སུ་མེད་པར་འགྲོགས་པ་ལ། །གཤིས་ངན་དང་སྡུག་འཐབ་བྱེད་མ་མྱོང་། །བུ་གཅིག་རིག་པའི་ཁྱེའུ་ཆུང་དེས། །རྒྱལ་བའི་གདུང་རྒྱུད་འཛིན་པ་ལ། །སྣབས་ཤལ་བུ་ཚ་གསོ་མ་མྱོང་། །དཔེ་ཆ་སྣང་སྲིད་གཞིར་བཞག་དེས། །མཚོན་པའི་གོ་ཡུལ་སྟོན་པ་ལ། །ཡིག་ནག་དཔེ་ཆ་བལྟ་མ་མྱོང་། །རྟ་


KMC018_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་རྣམ་ཤེས་རླུང་ཞོན་དེས། །གར་འདོད་གནས་སུ་སྐྱེལ་བ་ལ། །ཁྲག་ཆགས་རྟ་ལ་ཞོན་མ་མྱོང་། །ཡོན་བདག་དབུས་གཙང་རུ་བཞི་དེས། །འཚོ་བ་གང་འདོད་སྦྱོར་བ་ལ། །ཕྱེ་རྐྱལ་ལ་དགག་བཙིར་བྱེད་མ་མྱོང་། །ང་རང་མཆོད་རྟེན་དཀར་ཆུང་འདི། །མཆོད་པ་དཀོན་མཆོག་མཆོད་པ་ཡིན། །རྟེན་པ་བླ་མ་རྟེན་པ་ཡིན། །དཀར་བ་ཆོས་ལ་དཀར་བ་ཡིན། །ཆུང་བ་ཉོན་མོངས་ཆུང་བ་ཡིན། །དེ་ཕྱིར་མཆོད་རྟེན་དཀར་ཆུང་ཡིན། །ཞེས་གསུངས་པས་ཨ་ལ་ལ་དེ་ཤིན་ཏུ་བཟང་བ་ཞིག་འདུག །ཁྱེད་ངེད་ཚོའི་ནང་དུ་འབྱོན་དུས་འཁོར་བའི་སྣང་བ་མེད་ལས་ཆེ་ཞུས་པས། རྗེ་བཙུན་གྱིས་ཡང་མགུར་འདི་གསུངས་སོ། །ངས་དགྲ་འཁོར་བ་འདི་ལ་ཕར་བལྟས་པས། །དང་པོར་འཁོར་བ་ཉམས་དགའ་བ་། །བར་དུ་སྣང་བ་བྲིད་མཁས་པ། །ཐ་མ་བཙོན་དོང་ཐར་མེད་པོ། །འཁོར་བའི་མཐའ་ལ་ཞེན་པ་ལོག །དེ་ནས་གྲོགས་ལ་ཕར་བལྟས་ཙ། །གྲོགས་དང་པོ་ལྷ་མོ་འཛུམ་ཁ་མོ། །བར་དུ་མི་མོ་ཁྲོ་གཏུམ་མ། །ཐ་མ་བདུད་མོ་ངོ་ནག་


KMC018_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མ། །གཏན་གྲོགས་དེ་ལ་ཆགས་པས་ཕུང་། །དེ་ནས་བུ་ལ་ཕར་བལྟས་ཙ། །བུ་དང་པོ་ལྷ་ཕྲུག་ཁ་འཇམ་པོ། །བར་དུ་ཁྱིམ་མཚེས་སྙིང་རིང་པོ། །ཐ་མ་དགྲ་བོ་ལན་ཆགས་པོ། །དགྲ་ལན་མེད་གསོ་བ་བློ་ཉེས་ཆེ། །དེ་ནས་ནོར་ལ་ཕར་བལྟས་ཙ། །ནོར་དང་པོ་ནོར་བུ་རིན་པོ་ཆེ། །བར་དུ་མེད་ཐབས་མེད་པས་བཟུང་། །ཐ་མར་སྦྲང་རྩི་བསགས་པ་བཞིན། །སྡུག་གསོག་བྱས་ཚད་མི་ཡིས་སྤྱོད། །དེ་ལ་སོམས་ལ་ལྷ་ཆོས་མཛོད། །འཆི་ཁར་མི་འགྱོད་ཙམ་རེ་གྱིས། །ཞེས་གསུངས་པས་ཉ་མ་དེ་དད་པ་སྐྱེས་ནས་རྣལ་འབྱོར་པ་ཁྱོད་ལ་ཆོས་རྒྱུད་བཟང་པོ་ཨེ་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ ཆོས་སྐུ་ཀུན་ལ་ཁྱབ་པའི་ཀུན་ཏུ་བཟང་པོ། །ལོངས་སྐུ་མཚན་དཔེས་བརྒྱན་པའི་རྡོ་རྗེ་འཆང་ཆེན། །སྤྲུལ་སྐུ་འགྲོ་དོན་མཛད་པའི་ཤཱཀྱ་ཐུབ་པ། །བརྒྱུད་པ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །བརྒྱུད་པ་དེ་གསུམ་ལ་དད་པའི་སྐལ་ལྡན་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། བརྒྱུད་པ་


KMC018_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བར་འདུག་བླ་མ་བཟང་པོ་ཡོད་དམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ ཤེས་རྒྱུད་ཕྱི་ནས་མཚོན་པ་ཕྱིའི་བླ་མ། །རིག་རྒྱུད་ནང་ནས་སྟོན་པ་ནང་གི་བླ་མ། །དོན་རྒྱུད་སེམས་ལ་འཆར་བ་དོན་གྱི་བླ་མ། །བླ་མ་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །བླ་མ་དེ་གསུམ་ལ་དད་པའི་ཉ་མ་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། བླ་མ་དེ་འདྲ་བ་དང་མཇལ་ནས་དབང་བསྐུར་ཨེ་ཐོབ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ བུམ་པ་མགོ་ཐོག་ཏུ་འཇོག་པ་ཕྱི་ཡི་དབང་། །རང་ལུས་ལྷ་སྐུར་སྤྲོད་པ་ནང་གི་དབང་། །སེམས་ཉིད་བདེ་སྟོང་དུ་སྤྲོད་པ་དོན་གྱི་དབང་། །དབང་བསྐུར་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །དབང་བསྐུར་དེ་གསུམ་ཞུ་བའི་ཉ་མ་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། དབང་ཟབ་མོ་ཐོབ་རྟིང་གདམས་ངག་ཨེ་ཞུས་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ ཐོས་བསམ་སྒོམ་གསུམ་བྱེད་པ་ཕྱི་ཡི་ཁྲིད། །རིག་པ་རྡོ་རུས་སྤྲོད་པ་ནང་གི་ཁྲིད། །ཉམས་དང་འདུ་འབྲལ་མེད་པ་དོན་གྱི་ཁྲིད། །ཁྲིད་


KMC018_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །ཁྲིད་དེ་གསུམ་ཞུ་བའི་ཉ་མ་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། ཁྲིད་དེ་འདྲ་བ་ཐོབ་རྟིང་གཉན་ཁྲོད་ཨེ་འགྲིམ་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་སྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །གཅོད་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །གཅོད་དེ་གསུམ་བྱེད་པའི་ཉ་མ་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། གཅོད་བྱེད་པ་ལ་ཕཊ་དགོས་པས་ཕཊ་ཀྱི་དོན་ཅི་ལྟ་བུ་ལགས་ཞུས་པའི་ལན་དུ་མགུར་འདི་གསུང་སོ།། ༈ འཐོར་བ་སྡུད་པ་ཕྱི་ཡི་ཕཊ། །བྱིང་བ་གསེང་བ་ནང་གི་ཕཊ། །སེམས་ཉིད་གཞི་རྩ་གཅོད་པ་དོན་གྱི་ཕཊ། །ཕཊ་སྐོར་དེ་གསུམ་དང་སྡན་པའི་རྣལ་འབྱོར་པ་ཞིག་ལགས། །ཕཊ་སྐོར་དེ་གསུམ་བྱེད་པའི་ཉ་མ་ཡོད་དམ། །ཞེས་གསུངས་པས་མོ་ན་རེ། ཕཊ་དེ་རྣམས་བྱས་པའི་རྟིང་ལ་གཞི་ལམ་འབྲས་བུ་ཇི་ལྟ་བུ་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ གཞི་མ་བཅོས་


KMC018_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་གདལ་ཆེན་པོ། །ལམ་མ་བཅོས་ཟང་ཐལ་ཆེན་པོ། །འབྲས་བུ་མ་བཅོས་ཕྱག་རྒྱ་ཆེན་པོ། །གཞི་ལམ་འབྲས་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །གཞི་ལམ་འབྲས་གསུམ་དང་ལྡན་པའི་ཉ་མ་ཡོད་དམ་། །ཞེས་གསུངས་པས་མོ་ན་རེ། གཞི་ལམ་འབྲས་བུ་གསུམ་དེ་ལྟར་ཡོད་ན་མི་འཇིགས་པའི་གདེངས་ཅི་ཡོད་ཟེར་བའི་ལན་དུ་མགུར་འདི་གསུངས་སོ།། ༈ ལྷ་མེད་འདྲེ་མེད་ལྟ་བའི་གདེངས། །ཡེངས་མེད་སྒོམ་མེད་སྒོམ་པའི་གདེངས། །རེ་དགོས་མེད་པ་འབྲས་བུའི་གདེངས། །གདེངས་དེ་གསུམ་དང་ལྡན་པའི་རྣལ་འབྱོར་པ་ཞིག་ལགས། །གདེངས་དེ་གསུམ་རྟོགས་འདོད་ཀྱི་ཉ་མ་ཡོད་དམ། །ཞེས་གསུངས་པས་ཉ་མ་ཤིན་ཏུ་དད་པས་ཞབས་ལ་འཇུས་ཏེ་ནང་དུ་གདན་དྲངས་བསྙེན་བཀུར་བཟང་པོ་བྱས་ནས་སྒོམ་ཞིག་ཞུ་ཟེར་ཏེ་གསོལ་འདེབས་འདི་ཕུལ་ལོ།། ༈ ཨང་གི་རྗེ་བཙུན་རིན་པོ་ཆེ། །འོ་ན་སྐྱེས་མཆོག་རྣལ་འབྱོར་པ། །ང་ཉིན་མོ་བྱ་བའི་ལས་ལ་བྲེལ། །མཚན་མོ་གཏི་མུག་གི་གཉིད་དུ་སོང་། །ནང་ནུབ་ལྟོ་གོས་ཀྱི་ཁོལ་པོར་སོང་། །


KMC018_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་བྱེད་པའི་ལོང་མ་བྱུང་། །སངས་རྒྱས་ཐོབ་པའི་ཆོས་ཤིག་ཞུ། །བྱུང་ཆུབ་ཐོབ་པའི་ཆོས་ཤིག་ཞུ། །ཞེས་ཟེར་བའི་ལན་དུ་རྗེ་བཙུན་གྱིས་དཔེ་བཞི་དོན་དང་ལྔའི་མགུར་འདི་གསུངས་སོ།། ༈ ཨང་གི་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཁྱོད་ནམ་མཁའ་འདི་ལ་ཡར་ལྟོས་ལ། །མཐའ་དབུས་མེད་པའི་སྒོམ་ཞིག་གྱིས། །ཉི་ཟླ་གཉིས་ལ་ཡར་ལྟོས་ལ། །གསལ་འགྲིབ་མེད་པའི་སྒོམ་ཞིག་གྱིས། །རི་བོ་འདི་ལ་ཕར་ལྟོས་ལ། །འཕོ་འགྱུར་མེད་པའི་སྒོམ་ཞིག་གྱིས། །རྒྱ་མཚོ་འདི་ལ་མར་ལྟོས་ལ། །རྦ་རླབས་མེད་པའི་སྒོམ་ཞིག་གྱིས། །རང་སེམས་འདི་ལ་ཚུར་ལྟོས་ལ། །རྣམ་རྟོག་མེད་པའི་སྒོམ་ཞིག་གྱིས། །ཞེས་གསུངས་པས་ཉ་མས་བསྒོམས་ནས་སེམས་དཔྱོད་འདི་ཕུལ་ལོ།། ༈ ཨང་ངེ་རྗེ་བཙུན་རིན་པོ་ཆེ། །འོ་ན་སྐྱེས་མཆོག་རྣལ་འབྱོར་པ། །ངས་ནམ་མཁའ་སྒོམ་དུ་གཏུབ་ལགས་ཏེ། །ལྷོ་སྤྲིན་བྱུང་ན་ཇི་ལྟར་སྒོམ། །ཉི་ཟླ་སྒོམ་དུ་གཏུབ་ལགས་ཏེ། །བཟའ་སྐར་


KMC018_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་ན་ཇི་ལྟར་སྒོམ། །རི་བོ་སྒོམ་དུ་གཏུབ་ལགས་ཏེ། །རྩི་ཤིང་རྒྱས་ན་ཇི་ལྟར་སྒོམ། །རྒྱ་མཚོ་སྒོམ་དུ་གཏུབ་ལགས་ཏེ། །རྦ་རླབས་བྱུང་ན་ཇི་ལྟར་སྒོམ། །རང་སེམས་སྒོམ་དུ་གཏུབ་ལགས་ཏེ། །རྣམ་རྟོག་འཕྲོ་ན་ཇི་ལྟར་སྒོམ། །ཞེས་ཞུས་པས་རྗེ་བཙུན་གྱིས་གེགས་སེལ་གྱི་མགུར་འདི་གསུངས་སོ།། ༈ ཨང་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ནམ་མཁའ་སྒོམ་དུ་གཏུབ་ལགས་ན། །ལྷོ་སྤྲིན་ནམ་མཁའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཉི་ཟླ་སྒོམ་དུ་གཏུབ་ལགས་ན། །གཟའ་སྐར་ཉི་ཟླའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རི་བོ་སྒོམ་དུ་གཏུབ་ལགས་ན། །རྩི་ཤིང་རི་བོའི་ཆོ་འཕྲུལ་ཡིན། །ད་རུང་ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རྒྱ་མཚོ་སྒོམ་དུ་གཏུབ་ལགས་ན། །རྦ་རླབས་རྒྱ་མཚོའི་ཆོ་འཕྲུལ་ཡིན། །ད་རུང་


KMC018_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་གཏན་ལ་ཕོབ། །ད་རུང་སེམས་ཉིད་གཏན་ལ་ཕོབ། །རང་སེམས་སྒོམ་དུ་གཏུབ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །ད་རུང་རྣམ་རྟོག་རྩ་བདར་ཆོད། །ད་རུང་སེམས་ཉིད་གཏན་ལ་ཕོབ། །ཅེས་གསུངས་ནས་བསྒོམས་པས་ཉམས་བཟང་པོ་སྐྱེས་ནས་བླ་མས་ཞལ་ཏ་རྒྱབ་སྐྱོར་བཞི་མ་འདི་མགུར་དུ་གསུངས་སོ།། ༈ ཨང་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་བཤལ་ཐག་རིང་། །བརྒྱགས་ཕྱེ་གྲབས་སུ་ཚུད་ལགས་སམ། །བརྒྱགས་ཕྱེ་སྦྱིན་པ་ཡིན་པས་ཐེངས་ལགས་སམ། །དགྲ་སེར་སྣ་ཟེར་བའི་འགག་འཆིང་མཁན། །འདིས་ཕན་པ་བཞིན་བྱས་ནས་གནོད་པ་བསྐྱལ། །སེར་སྣ་དགྲ་བོར་འདུག་པ་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །གོ་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨང་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་མུན་པ་ནག །གསལ་མེ་གྲབས་སུ་ཚུག་


KMC018_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ། །གསལ་མེ་འོད་གསལ་ཡིན་པས་སྒོམ་ལགས་སམ། །དགྲ་གཏི་མུག་ཟེར་བའི་རོ་ཉལ་མཁན། །འདིས་ཕན་པ་བཞིན་བྱས་ནས་གནོད་པ་བསྐྱལ། །གཏི་མུག་དགྲ་བོར་འདུག་པ་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །གོ་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨང་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་འཇིགས་པ་ཆེ། །སྐྱེལ་མ་གྲབས་སུ་ཚུད་ལགས་སམ། །སྐྱེལ་མ་ལྷ་ཆོས་ཡིན་པས་བྱས་ལགས་སམ། །དགྲ་ཉེ་འབྲེལ་ཟེར་བའི་བཤོལ་འདེབས་མཁན། །འདིས་ཕན་པ་བཞིན་བྱས་ནས་གནོད་པ་བསྐྱལ། །ཉེ་འབྲེལ་དགྲ་བོར་འདུག་པ་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །གོ་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཨང་ངེ་ཉ་མ་དཔལ་དར་འབུམ། །གསོན་དང་ཕྱུག་མོ་དད་པ་ཅན། །ཚེ་འདི་ལས་ཕྱི་མ་ལམ་འཕྲང་རིང་། །རྟ་ཕོ་གྲབས་སུ་ཚུད་ལགས་སམ། །རྟ་ཕོ་བརྩོན་འགྲུས་ཡིན་པས་བརྩམས་


KMC018_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སམ། །དགྲ་ལེ་ལོ་ཟེར་བའི་སྙོམ་ལས་མཁན། །འདིས་ཕན་པ་བཞིན་བྱས་ནས་གནོད་པ་བསྐྱལ། །ལེ་ལོ་དགྲ་བོ་ཡིན་པས་ཤེས་ལགས་སམ། །ཤེས་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །གོ་ན་རྒྱབ་ཏུ་སྐྱུར་ལ་ཐོང་། །ཞེས་གསུངས་ཏེ་གདམས་ངག་བྱིན་ནས་བསྒོམས་པས་སྙན་རྒྱུད་འཛིན་པའི་རྣལ་འབྱོར་མ་ངོ་མཚར་ཅན་ཞིག་བྱུང་ངོ་། །དེ་ཐམས་ཅད་གུང་ཐང་ལྷོ་སྒོའི་སྐོར་རོ། །དེ་ནས་རྗེ་བཙུན་རས་ཆུང་པ་དེ་ཉིད་རྒྱ་གར་ལ་བྱོན་དུས་སུ། བལ་པོ་དང་རྒྱ་གར་གྱི་བར་དུ་འགྲུལ་པ་མ་བྱུང་བས་དགུན་བལ་པོར་བཞུགས་ནས་བལ་པོ་ཧ་དུ་དཀར་པོའི་ཕག་མོ་ཡང་ཞུས། དཔྱིད་དཀར་སོང་བ་དང་བལ་པོའི་རྒྱལ་པོ་ལ་རྟགས་ཤིག་བླངས་ནས་རྒྱ་གར་དུ་ཨེ་ཐོན་བསམ་ནས་རྔ་མ་དཀར་པོ་གཅིག །གླ་རྩི་གོར་གཅིག །གསེར་ཞོ་གང་དང་གསུམ་ཁྱེར་ནས་མཇལ་ཞུས་ཙ་ན་བོད་གླེན་པ་ཁྱོད་དང་མཇལ་ས་མེད་ཟེར། འོ་ན་སྐུ་མཁར་གྱི་རྩེ་ལ་བྱོན་ན་ང་ལ་ཞུ་རྒྱུ་གལ་ཆེན་ཞིག་ཡོད་བཟླས་པས། སྐུ་མཁར་གྱི་རྩེ་ལ་མངོན་པ་ལ་ཕྱག་རྟེན་སྣ་གསུམ་པོ་དེ་ཕྱག་ཏུ་ཕུལ་ནས་མགུར་འདི་གསུངས་སོ།། ༈ ལྟ་བའི་སྐུ་མཁར་མཐོ་མི་མཐོ། །ཕྱོགས་རིས་དམག་གིས་བསྐོར་ན་མངོན། །སྒོམ་པའི་རི་རྒྱལ་བརྟན་མི་


KMC018_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། །དགོན་པར་ཡུན་རིང་བསྡད་ན་མངོན། །སྤྱོད་པའི་རྒྱལ་པོ་བཟང་མི་བཟང་། །ཆོས་བརྒྱད་ཆབ་ལ་བརྒལ་ན་མངོན། །བརྩོན་འགྲུས་རྟ་ཕོ་མགྱོགས་མི་མགྱོགས། །ལེ་ལོའི་ཐང་ལ་རྒྱུག་ན་མངོན། །སེར་སྣའི་མདུད་པ་གྲོལ་མ་གྲོལ། །ཟང་ཟིང་ནོར་དང་འཕྲད་ན་མངོན། །ཤེས་རབ་རལ་གྲིི་རྣོ་མི་རྣོ། །ལུང་དང་རིག་པ་བཤགས་ན་མངོན། །རྒྱལ་པོའི་བཀའ་ཁྲིམས་དམ་མི་དམ། །རས་ཆུང་རྒྱ་གར་ཡུལ་དུ་ཕྱིན་ན་མངོན། །ཞེས་ཞུས་པས་རྒྱལ་པོའི་ཞལ་ནས་ཁྱོད་མི་ལ་རས་པའི་སློབ་མ་རས་ཆུང་པ་ཞེས་བྱ་བ་ཞིག་ཡོད་ཟེར་བ་དེ་ཨེ་ཡིན་གསུངས། ཡིན་ཞུས་པས་གྷཎྜའི་རྟགས་ཤིག་གནང་། ཕྱག་རྟེན་རྣམས་ཀྱང་ཕྱིར་གཏད། ལམ་ཆས་དགོས་པ་ཁྱེར་གསུངས་ནས། ད་རེས་ཁྱེད་ཀྱིས་རྒྱ་གར་དུ་འགྲོ་ཚད་པ་ཁྲིད་དང་ཅི་ཡང་མི་ལྟོ་གསུངས། རས་ཆུང་པས་བརྒྱ་ཙམ་ཁྲིད་ནས་སོང་བས་ཤིང་སྤང་གསེར་གྱི་མཎྜལ་གྱི་རྩ་བ་ན་གསང་སྔགས་ཀྱི་རྒྱལ་པོ་ཏེ་པུ་པ་དང་མཇལ་ལོ།། ༈ །།རྗེ་སྒམ་པོ་པ་སོགས་གྱི་གསུང་མགུར་ལོ་རྒྱུས་དང་བཅས་པ་བཞུགས། དེ་ནས་རྗེ་སྒམ་པོ་པ་དེ་ཉིད་བླ་མའི་རྫུ་འཕྲུལ་གྱིས་བསྐུལ་བ་དང་རྗེ་རང་ཡང་བླ་མའི་མཚན་ཐོས་པ་ཙམ་ལ་མོས་


KMC018_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གུས་འབར་ནས་མཇལ་བ་ལ་བྱོན་དུས་སུ། སྤྲོ་བདེ་བཀྲ་ཤིས་སྒང་དུ་བྱོན་ཏེ། བུད་མེད་ཅིག་ཐགས་འཐག་གིན་འདུག་པ་ལ་རྗེ་བཙུན་མི་ལ་རས་པ་བྱ་བ་གཞན་རྒྱུད་ཀྱི་བསམ་པ་མཁྱེན་ཅིང་སྤྲུལ་པ་སྣ་ཚོགས་སྟོན་ནུས་པ་ཞིག་བཞུགས་ཟེར་བ་ག་ན་བཞུགས་གསུངས་པས། དེ་རྒྱུས་ཡོད་པའི་ཉ་མ་ཞིག་བསྟན་ཟེར་ནས་བུད་མེད་རྒན་མོ་རས་གོས་ཀྱི་སྟེང་ན་རྒྱ་མ་ལྷོད་དེ་བ་བཅིངས་པ་ཞིག་བསྟན་ནས་དྲིས་པས་བུད་མེད་རྒན་མོ་ན་རེ། དོ་ནུབ་སླེབ་ས་མེད་ངའི་ཁང་པའི་སྟེང་དུ་བཞུགས་ཟེར་ནས་སྟེང་ཁང་ཞིག་ཏུ་གདན་དྲངས་ནས། ཁ་སང་ངས་རྗེ་བཙུན་ཆེན་པོའི་སྤྱན་སྔར་ཕྱིན་པས་དབུས་ནས་བཀའ་གདམས་པའི་སྟོན་པ་ཞིག་ང་ལ་འཕྲད་དུ་འོང་བས། དེ་དང་ང་གཉིས་འཕྲད་པའི་མཇལ་སྣ་སུས་བྱས་པ་དེ་ལ་ངན་སོང་གི་འཇིགས་པ་ལས་སྐྱོབ་ནུས་གསུངས་པས། ངའི་བུ་མོ་སྒོམ་མ་ཞིག་རྗེ་བཙུན་གྱི་དྲུང་ན་ཡོད་པས་མོ་ལ་མཇལ་སྣ་འཆོལ་བ་ཡིན་ཟེར་ཕྱི་དེ་ནང་པར་བླ་མའི་སྤྱན་སྔར་སླེབ་པ་ལས་རིན་པོ་ཆེའི་ཐུགས་དགོངས་ལ་ང་ཡོང་བ་མཁྱེན་ལུགས་ཀྱིས་སྣོད་ལྡན་ཞིག་ཡིན་པར་འདུག །གདམས་ངག་ལ་དཀའ་ཚེགས་མི་འོང་སྙམ་པའི་ང་རྒྱལ་ཞིག་སྐྱེས་པ་དེ་མཁྱེན་ནས་ཟླ་བ་ཕྱེད་དུ་མཇལ་ཁ་མ་བྱུང་། སེ་བན་རས་པས་ཕྲུ་བ་ཞིག་དང་ཤིང་ཕོན་ཞིག་བྱིན་ནས་གད་འོག་ཅིག་ཏུ་བསྐྱལ། དབུས་པ་སྟོན་པ་ཁྱོད་འོང་བ་བླ་མས་མཁྱེན་ནས་


KMC018_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །གདམས་ངག་ཀྱང་གནང་བར་འདུག་གིས་ད་ངང་ཐུང་མ་བྱེད་པར་གསོལ་བ་འདེབས་ཤིང་སྡོད་ཟེར། ཟླ་བ་ཕྱེད་སོང་ཙ་ན་སྤྲོ་བདེ་བཀྲ་ཤིས་སྒང་དུ་བླ་མ་དང་མཇལ་ཟེར་ནས་བྱོན་པས་རྗེ་བཙུན་ཕ་ཝང་ཞིག་གི་སྟེང་ན་བཞུགས་ནས་འདུག །གསེར་ཕྱག་ཏུ་ཕུལ་བས། གསེར་དང་མི་རྒན་བློ་མི་མཐུན། ཁྱོད་རང་སྒྲུབ་པ་བྱེད་པའི་བརྒྱགས་གྱིས་གསུངས། ཁྱོད་ཀྱི་མིང་ཅི་ཡིན་གསུང་པས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། འགྲོ་བ་ཀུན་གྱི་རིན་པོ་ཆེ། བྱ་བ་ལན་གསུམ་གསུངས། ཆང་ཐོད་ཕོར་གང་གི་གསོལ་འཕྲོ་འདུག་པ་དེ་གནང་ནས་འདི་འཐུང་གསུང་བ་ལ་རྟེན་དགེ་སློང་ཡིན་པ་དང་འཁོར་མང་བར་འདུག་པས་ལེན་མ་ནུས་པ་ལ། རྗེ་བཙུན་གྱི་ཞལ་ནས་རྣམ་རྟོག་མ་མང་འཐུངས་གསུངས་པས་བླ་མས་མཁྱེན་འདུག་སྙམས་ནས་ལྷག་མ་ཙམ་ཡང་མ་ལུས་པར་གསོལ་བས་རྒྱུད་པ་ཟིན་ཅིང་གདམས་ངག་མ་ལུས་པའི་སྣོད་དུ་འགྲོ་བར་མཁྱེན་ནོ། །དེ་ནས་སེ་བན་རས་པ་དང་རས་ཆུང་པ་གཉིས་འདིར་ཤོག་འོ་སྐོལ་གྱིས་སྟོན་པ་ལ་སྣ་ལེན་གྱི་གླུ་ཞིག་བྱའོ་གསུངས་ནས་མགུར་འདི་གསུངས་སོ།། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཤར་སེང་གེ་དཀར་མོའི་འོ་མ་དེ། །བཅུད་དང་ལྡན་པར་ཆ་མཆིས་ཀྱང་། །ལྷ་


KMC018_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བརྒྱ་བྱིན་ཁོང་གིས་གསོལ་ནས་འོང་། །ལྷོ་རྒྱ་སྟག་ཁྲ་བོའི་ཡང་རྩལ་དེ། །ཡང་རྩལ་ཆེ་ཡོ་སྐད་པར་ཆ་མཆིས་ཀྱང་། །ཌོམྦི་ཧེ་རུ་ཀ་ཡིས་ཆིབས་ནས་འོང་། །ནུབ་དགའ་ལྡན་ལྷ་ཡི་ཕོ་བྲང་དེ། །གཟིགས་མོ་ཆེ་ཡོ་སྐད་པར་ཆ་མཆིས་ཀྱང་། །འཕགས་པ་ཐོགས་མེད་ཁོང་གིས་གཟིགས་ནས་འོང་། །བྱང་ལྟང་དཀར་ཉ་ཡི་མཁྲིས་པ་དེ། །རོ་ཁ་ཡོ་སྐད་པར་ཆ་མཆིས་ཀྱང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཁོང་གིས་གསོལ་ནས་འོང་། །ནཱ་རོའི་ཐབས་ལམ་ཟབ་མོ་དེ། །ལམ་བགྲོད་ཐག་ཉེ་བར་ཆ་མཆིས་ཀྱང་། །རྗེ་མར་པ་ལོ་ཙཱས་གཤེགས་ནས་འོང་། །མར་པ་སྙན་རྒྱུད་དྲི་མེད་དེ། །ཉམས་རྟོགས་པ་སྐྱེ་བར་ཆ་མཆིས་ཀྱང་། །མི་ལ་རས་པ་ང་ཡིས་བསྒོམས་ནས་འོང་། །ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །ཚིག་གནད་དུ་འདྲིལ་བར་ཆ་མཆིས་ཀྱང་། །དབུས་པ་སྟོན་པ་ཁྱོད་བྱུང་བས་འཆད་པ་ཡིན། །གསེར་དང་བན་རྒན་བློ་མི་མཐུན། །ཇ་


KMC018_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྐོལ་བའི་ཐབ་ཀ་མེད། །བུ་སྙིང་ནས་ལྷ་ཆོས་མཛད་དགོངས་ན། །ཚེ་འདི་ལ་མ་དགའ་ཕྱི་མ་སོམས། །བཀའ་རྒྱུད་ཀྱི་གདན་ས་འཛིན་འདོད་ན། །ཚིག་ལ་མ་དགའ་དོན་ལ་ལྟོས། །ཁྱེད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །དེ་ལ་སྟོན་པ་ཁྱོད་ཀྱི་སྣ་ལེན་བྱེད་པ་ཡིན་གསུངས། ཡང་གསང་བ་འདུས་པ་དང་རྡོ་རྗེ་གདན་བཞི་ལ་སོགས་པ་རྣམས་ནས་ཀྱང་། དུས་གསུམ་སངས་རྒྱས་མཆོད་པ་བས། །སློབ་དཔོན་བ་སྤུའི་ཁུང་བུ་མཆོག །ཅེས་གསུངས་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་ཕུལ་བ་བས། བླ་མའི་བ་སྤུ་གཅིག་མཆོད་པ་བསོད་ནམས་ཆེ་གསུངས། དེ་བས་ཟབ་པའི་ཚོགས་གསོག་ཐབས་ཡོད་དམ་ཞུས་པས། ཡོད་གསུངས། དེ་བདག་ལ་གནང་བར་ཞུ་ཞུས་པས། བླ་མས་བསྟན་པའི་གདམས་ངག་དེ་ཆུད་མ་ཟོས་པར་ཉམས་སུ་བླངས་ན་དེ་ཀ་ཡིན་གསུངས། བདག་གིས་དགེ་བའི་བཤེས་གཉེན་སྙུག་རུམ་པ་ལ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་སྲིད་དམ་ཞུས་པས། ཚེ་འདི་ལ་ལྟོས་པ་སྤུ་ཙམ་མེད་པ་ཞིག་དགོས་པ་ཡིན་གསུངས། དགེ་བའི་བཤེས་གཉེན་ཡར་ཀླུངས་པ་ལ་ཞུས་པས་གསུང་དེ་ངེས་པ་ཅན་མ་ཡིན། དགོངས་པ་ཅན་ཡིན། སྨན་རི་ལུ་འགྲུབ་པས་ཚེ་ཉི་ཟླ་དང་མཉམ་པ། སྐྱེ་བ་


KMC018_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཡིན་པ། ཡི་དམ་ལྷའི་ཞལ་མཐོང་བ། མཁའ་སྤྱོད་དུ་འགྲོ་ནུས་པ་ཞིག་དགོས་པ་ཡིན་གསུངས། དེ་ལྟར་ལགས་སམ་ཞུས་པས། གསུང་དེ་དགོངས་པ་ཅན་མིན། ངེས་པ་ཅན་ཡིན། ཚེ་འདི་ལ་ལྟོས་པ་མེད་པ་ཞིག་དགོས། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་སློབ་མ་སྣོད་དང་ལྡན་པ་ཞིག་གིས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཞུས་ནས་བསྐྱེད་རྫོགས་ཀྱི་གདམས་ངག་བར་མ་ཆད་པར་བསྒོམས་པས་རབ་ཚེ་འདིར་འཚང་རྒྱ། འབྲིང་འཆི་ཁའམ་བར་དོར་འགྲུབ། ཤིན་ཏུ་ལེ་ལོ་ཆེ་ན་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་དུ་འགྲུབ། དེ་ལ་མ་འགྲུབ་ན་དམ་ཚིག་ལ་སེལ་ཞུགས་པ་ཡིན་པས། རེ་ཞིག་ངན་སོང་དུ་སྐྱེ་དོགས་ཡོད། ལར་ལྷ་རྗེ་སྟོན་པ་ཁྱོད་ལྟ་བ་ཁ་ཚོལ་བསྐུར་བའི་མི་དང་བློ་མ་བསྟུན། དེའི་ངག་ལ་མ་ཉན། རྗེས་སུ་མ་འབྲང་། སྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་བསྟུན། དེའི་ངག་ལ་ཉོན། རྗེས་སུ་འབྲང་དགོས་པ་ཡིན། གྲོས་ཕུག་ཐམས་ཅད་ཚེ་འདི་བློས་བཏང་པའི་སྐྱེས་བུ་དམ་པ་རྣམས་ལ་བྱ་དགོས། ཚེ་འདིས་མིག་ཁྲིད་པའི་གང་ཟག་འགའ་ཞིག་གིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། ལར་སྟོང་ཉིད་ལ་གོལ་ས་ཡོད་པ་ཡིན། སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་དང་། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་དང་། སྟོང་ཉིད་གཉེན་པོར་ཤོར་བ་དང་། ཆགས་པར་ཤོར་བ་བཞི་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་


KMC018_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤོར་བ་འདི་ལྟར་གཟུང་བ་དང་འཛིན་པ་བློའི་ཡུལ་དུ་གྱུར་པ་ཐམས་ཅད་སྟོང་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ་འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་གཉེན་པོར་ཤོར་བ་བྱ་བ་ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་སྐྱེས་ལ་བལྟས་པ་དེ་ཀ་སྟོང་ཉིད་ཡིན་ཟེར་བ་ཡོད། སྟོང་ཉིད་ཆགས་པར་ཤོར་བ་བྱ་བ་གང་ལ་སྒོམ་རྒྱུ་མེད་ཅིང་སྒོམ་ཐམས་ཅད་སྟོང་པ་ཡིན་ཟེར་བ་ཡོད། དེ་རྣམས་ལམ་ཡང་དག་པ་མ་ཡིན། འོན་ཀྱང་ལས་དང་པོ་པ་ལ་བློའི་བདེན་ཞེན་ལྡོག་པ་ལ་ཕན་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན་བདེ་གསལ་མི་རྟོག་པ་གསུམ་གྱི་ཉམས་ཡོད་ཀྱང་སྲིད་པ་གསུམ་ལས་མ་འདས། རྩ་བ་མ་ཆོད་པ་བྱ་བའི་ཉམས་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་སྣོད་དང་ལྡན་པ་ཞིག་ངོ་སྤྲད་དེ་ཁྲིད་པས། གཉུག་མའི་ཤེས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས། སངས་རྒྱས་ཐམས་ཅད་ལ་ཆོས་སྐུའི་སྣང་བ་གསལ། རྣལ་འབྱོར་པ་ལ་ཐབས་དཔག་ཏུ་མེད་པས་མཚོན་ནས་བསྒོམས་པས་ལྟ་བ་ཤུགས་ཀྱིས་རྟོགས་ཉོན་མོངས་པ་ངང་གིས་འགགས། རྣམ་རྟོག་ཤུགས་ཀྱིས་ཆོད། ཡེ་ཤེས་ཤུགས་ལ་འཆར། དེ་དུས་སུ་ཉམས་སུ་མྱོང་བའི་རྟོགས་པ་དེ་ངག་ཏུ་སྨྲ་མི་གཏུབ། དཔེར་ན་གཞོན་ནུ་


KMC018_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བདེ་བའམ། ལྐུགས་པའི་རྨི་ལམ་བཞིན། གཞི་དེ་ནི་སེམས་ཅན་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་རྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ། དེ་བས་གཉུག་མའི་ཤེས་པ་དེ་ཕུ་གར་ཡང་མ་གཏད། སྒོ་གང་ཡང་མ་འགགས། དཔེ་གང་གིས་ཀྱང་མཚོན་པར་མི་ནུས། བརྗོད་བྱ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ཐ་སྙད་གང་གིས་ཀྱང་མཚོན་པར་མི་ནུས། དེས་ན་བཅས་བཅོས་མི་བྱ། རང་གར་མ་བཅོས་པའི་ངང་ལ་ལྷོད་དེ་ཞོག་མཛོད་གསུངས་ནས་མགུར་འདི་གསུངས་སོ།། ༈ ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །སེམས་ལས་གཞན་དུ་ལྟ་བ་བཙལ་བ་ན། །གྱད་ཀྱིས་ནོར་འཚོལ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་བསལ། །སྒོམ་པ་བྱིང་རྒོད་སྐྱོན་བསལ་ན། །ཉིན་པར་མར་མེ་འདེགས་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །སྤྱོད་པ་ཡིན་པར་ངེས་ཀྱི་བླང་དོར་རེས་མ་བྱེད། །སྤྱོད་པ་བླང་དོར་རེས་བྱས་ན། །སྦྲང་མ་རྒྱ་རུ་ཚུད་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །དམ་ཚིག་ཡིན་པར་ངེས་ཀྱི་ལྟ་བའི་གདེངས་ལ་ཞོག །བསྲུང་མེད་དམ་ཚིག་གཞན་ནས་


KMC018_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ་བ་ན། །ཆུ་བོ་གྱེན་ལ་སློགས་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །འབྲས་བུ་ཡིན་པར་ངེས་ཀྱི་སེམས་ལ་ངེས་ཤེས་བསྐྱེད། །ཐོབ་མེད་འབྲས་བུ་གཞན་ནས་བཙལ་བ་ན། །སྦལ་པ་གནམ་དུ་མཆོང་བ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །བླ་མ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་དྲིས། །སེམས་ལས་གཞན་དུ་བླ་མ་བཙལ་བ་ན། །དེ་ཡིས་རང་སེམས་སྤངས་པ་འདྲའོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །དེས་ན་སྣང་བ་ཐམས་ཅད་སེམས་སུ་འདུས་པར་གདའ་འོ་ཨང་ངེ་ལྷ་རྗེ་སྟོན་པ་བ། །ཞེས་གསུངས་སོ། །དེར་ཇེ་འཇིགས་ཇེ་འཇིགས་ལ་སོང་ནས་སྐུའི་གཟི་བརྗིད་ལ་མ་ཚུགས་པར་བཞུགས་གདན་ཁྱེར་ནས་མ་ཚད་ལ་བྱོན་ནས་གཟིགས་སོ། །ནང་པར་རྗེ་བཙུན་གྱི་སྤྱན་སྔར་ཕྱིན་པས། དབུས་པ་སྟོན་པ་ཁྱོད་ཆོས་གཤའ་མ་ཞིག་བྱེད་ན་ཡོན་ཏན་འཚོང་བ་དང་དགེ་སྦྱོར་བྱེད་པ་གཉིས་རྒྱབ་བསྣོལ་ཡིན། སྟོན་བྲིན་དང་སྙེ་ནམ་ལ་བསོད་སྙོམས་གྱིས་ནུབ་མོ་གྲོང་སེབ་ཏུ་མ་སྡོད་པར་སྤྲོ་བདེ་ཕུག་ཏུ་སྙོགས་གསུངས། དེར་རྗེ་བཙུན་བདེན་དགོངས་ནས་བསོད་སྙོམས་མཛད་དེ། གཏུམ་མོའི་ཁྲིད་ཞུས་ནས་བསྒོམས་པས་དང་པོ་ལ་ལུང་པའི་མདོར་གཅེར་


KMC018_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་། ནམ་ལངས་ནས་གཉིད་དུ་སོང་བས་ལུས་རྡོ་བ་ལྟར་སོང་ནས་འདུག །དེ་ནས་ཞག་བདུན་བསྒོམས་པས་བདེ་དྲོད་རང་འབར་ལ་སོང་ནས་ཞག་བདུན་གྱི་ནང་པར་རྒྱལ་བ་རིགས་ལྔའི་ཞལ་མཐོང་། བླ་མ་ལ་ཞུས་པས་མིག་བཙིར་ནས་བལྟས་པས་ཟླ་བ་གཉིས་སུ་མཐོང་བ་དང་འདྲ། འབྱུང་བ་ལྔའི་རླུང་ཟིན་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུངས། ཟླ་བ་གསུམ་ལོན་པའི་ཐོ་རངས་ཤིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཁོར་ལོ་བསྐོར་བ་བཞིན་འཁོར་ཞིང་འདུག་པས་སྟོང་སྐྱུག་མང་པོ་བྱས། འགྱེལ་ནས་ཡུན་རིང་ཞིག་ཏུ་བརྒྱལ་ནས་འདུག་པ་ལ། བླ་མ་ལ་ཞུས་པས་རོ་རྐྱང་གཉིས་ཀྱི་རླུང་དྷཱུ་ཏིར་བརྗེས་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུངས། ཡང་སྔ་དྲོ་ཞིག་ཐུགས་རྗེ་ཆེན་པོ་ཐེམ་བེར་ནེམ་བེར་དུ་འདུག་པ་ལ། ཟླ་བའི་དཀྱིལ་འཁོར་རེ་རེ་དབུ་ཐོག་ན་འདུག་པར་མཐོང་། བླ་མ་ལ་ཞུས་པས། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་ཐིག་ལེ་འཕེལ་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུངས། ཡང་དགོང་མོ་སྲོད་ཅིག་ལ་དམྱལ་བ་ཐིག་ནག་མཐོང་བས་རྐྱེན་བྱས་ནས་སྙིང་འཚངས་པས་སྙིང་རླུང་དྲག་པོ་བྱུང་། བླ་མ་ལ་ཞུས་པས་སྒོམ་ཐག་ཐུང་བས་རྩ་བཅིང་པ་ཡིན། ཅུང་རིང་དུ་གྱིས་གྱེན་དུ་རྒྱུ་བའི་རླུང་ཟིན་པ་ཡིན། སྐྱོན་དང་


KMC018_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གང་ཡང་མིན་སྒོམས་གསུངས། ཡང་ཉིན་ཞིག་ཙ་ན་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་གསལ་པོར་མཐོང་ནས་གོང་མ་གོང་མས་འོག་མ་འོག་མ་ལ་བདུད་རྩིའི་ཆར་འབེབས་ཤིང་འདུག །ལྷ་རྣམས་ངོམས་ཤིང་ཚིམས་ནས་འདུག་པ་ལ་བདག་གི་མ་སྐོམ་གྲིར་འཆི་བ་ཞིག་འདུག་པ་མཐོང་། བླ་མ་ལ་ཞུས་པས། བདུད་རྩི་འབབ་པ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་རོ་རྐྱང་གཉིས་ཀྱི་ཐེག་ལེ་འཕེལ་བ་ཡིན། མ་སྐོམ་པ་དེ་དྷཱུ་ཏིའི་ཁ་མ་བྱེ་བ་ཡིན་པས། ལུས་ཀྱི་འཁྲུལ་འཁོར་འདི་ཚོ་གྱིས་དང་གསུངས། འཁྲུལ་འཁོར་བཙན་ཐབས་ཀྱི་རྡེག་འཚོག་གནང་ནས་ཟླ་བ་གཅིག་བྱས་པས་ལུས་འཕར་བ་དང་འདར་བ་དང་སྤྲུག་འདོད་པ་རྒྱུན་ཆད་མེད་པ་དང་། རང་དབང་མེད་པའི་ཀུ་འདེབས་འདོད་པ་བྱུང་། འདྲེ་ཡིན་ནམ་སྙམ་བླ་མ་ལ་ཞུས་པས། སྙིང་ག་ཆོས་ཀྱི་འཁོར་ལོ་ཐིག་ལེས་གང་བ་ཡིན། འཁྲུལ་འཁོར་འཕྲོ་མ་བཅད་པར་འབད་ལ་སྒོམས། སྐྱོན་དང་ཡོན་ཏན་གང་ཡང་མིན་གསུངས། དེ་ནས་ཁ་ཟས་ཆེར་མི་དགོས་པ་བྱུང་། ཡང་ཉིན་གཅིག་མདུན་གྱི་ནམ་མཁའ་ལ་ཉི་ཟླ་གཉིས་གཟས་ཟིན་འདུག །གཟའ་དེ་རྟ་རྔ་ཕྲ་མོ་གཉིས་སུ་འདུག་བླ་མ་ལ་ཞུས་པས། དྷཱུ་ཏིར་རོ་རྐྱང་གཉིས་ཀྱི་རླུང་ཆུད་པ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན། ཕོ་རྒོད་རབ་ཏུ་འདུག །ད་ནི་ད་ནི་བྱ་བ་ལན་གསུམ་གསུངས། དེ་ནས་དྲག་ཏུ་བསྒོམས་པས་ཟླ་བ་གཅིག་ན་


KMC018_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་རྡོ་རྗེ་དམར་པོའི་དཀྱིལ་འཁོར་ཞིག་མཐོང་། བླ་མས་ད་ནི་ད་ནི་གསུངས་པ་དེ་འདི་ཡི་དམ་གྱི་ལྷ་ཡིན་པར་འདུག་སྙམ་ནས་བླ་མ་ལ་ཞུས་པས། སྙིང་ག་ཆོས་ཀྱི་འཁོར་ལོར་མ་ལས་ཐོབ་པའི་རཀྟ་བརྟན་པ་ཡིན་ཏེ། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུངས། ཡང་འབད་ནས་བསྒོམས་པས་ཉིན་གཅིག་བདེ་མཆོག་ལོ་ཧི་པ་ཀེང་རུས་ཀྱི་དཀྱིལ་འཁོར་ཞིག་མཐོང་། བླ་མ་ལ་ཞུས་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་ཐིག་ལེས་གང་བ་ཡིན། སྐྱོན་དང་ཡོན་ཏན་གང་ཡང་མིན་སྒོམས་གསུངས། དེ་ནས་འབད་དེ་བསྒོམས་པས། ཞག་བཅུ་བཞི་ལོན་ཙ་ན་མཚན་ཐོ་གཅིག་ལ་བདག་གི་ལུས་འདི་ནམ་མཁའི་ཁམས་ཙམ་དུ་རེད་ནས་འདུག །སྦྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་དུ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་འདུག་པ་ལས། ཕལ་ཆེར་འོ་མ་འབའ་ཞིག་འཐུང་ཞིང་འདུག །ལ་ལ་སྐར་མ་ལ་བཞོས་པའི་འོ་མ་འཐུང་ཞིང་འདུག །འུར་དིར་གྱི་སྒྲ་ལྟ་བུ་ག་ནས་བྱུང་ཆ་མེད་པར་དུས་རྒྱུན་དུ་འོང་ཞིང་འདུག །ནམ་ལངས་ནས་སྒོམ་ཐག་བཀྲོལ་ཙ་ན་མེད་པར་སོང་། བླ་མ་ལ་ཞུས་པས། ལུས་ཀྱི་རྩ་སྟོང་ཕྲག་ཙམ་བསམ་གྱིས་མི་ཁྱབ་པའི་ནང་དུ་ལས་ཀྱི་རླུང་གིས་ཐིག་ལེ་ཁྲིད་པ་ཡིན་ཏེ། རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་འཚལ་གདའ་གསུངས་ནས་མཆོག་གི་གཏུམ་མོ་གནང་ནས་བསྒོམས་པས་ཉིན་གཅིག་གུང་ཐང་གི་ལུང་པ་ཐམས་


KMC018_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུད་པས་གང་ནས་འདུག །ཕྱི་དྲོ་སོང་ནས་མུན་ནག་ཏུ་རེད་ནས་འདུག །ལམ་མ་རྙེད་པས་ལོང་བ་འགྲོས་བྱས་ནས་བླ་མའི་སྤྱན་སྔར་ཕྱིན་པས། བླ་མའི་ཞལ་ནས། ཅི་ཡང་མི་ལྟོ་དེར་སྡོད་ལ་སྒོམས་གསུངས་ནས། སྟེང་གི་གེགས་སེལ་ཞིག་གནང་བས་ནམ་ལངས་པ་བཞིན་སོང་། དེ་ནས་ཡང་ནུབ་ཅིག་རང་གི་ལུས་ཀེང་རུས་ཤ་མེད་པར་རྩ་མང་པོས་སྦྲེལ་ནས་འདུག་པར་མཐོང་། བླ་མ་ལ་ཞུས་པས། རླུང་རྩུབ་ཐལ་བ་ཡིན། འཇམ་པར་གྱིས་གསུངས། དེ་ནས་སྲོད་ལ་ཡི་དམ་གྱི་ལྷ་བསྒོམ་ཤིང་བཟླས་པ་བྱས། གུང་ལ་བླ་མའི་རྣལ་འབྱོར་བསྒོམས་ཤིང་གསོལ་བ་འབའ་ཞིག་བཏབ། ཐོ་རངས་སྲོག་རྩོལ་གྱི་རླུང་བསྒོམས། ནང་པར་སྐྱ་རེངས་ཤར་ཙམ་ན་གཉིད་ཐུན་ཕྲན་ཙམ་ཞིག་སོང་བ་ལ་སྔར་འདྲིས་ཀྱི་བག་ཆགས་མེད་པའི་རྨི་ལམ་དུ་ལྟས་ཉི་ཤུ་རྩ་བཞི་བྱུང་བ་ལ། དེར་མནལ་སད་པ་དང་། རྨི་ལམ་དགེའམ་མི་དགེ་སྙམ་དུ་རྟོག་པ་ཅུང་ཟད་ཅིག་སྐྱེས་པ་ལས། ཡང་ཐུགས་དགོངས་བཏང་བས་ཡོང་བླ་མ་རྗེ་བཙུན་སངས་རྒྱས་མངོན་སུམ་པ་ཅི་ཡང་མཁྱེན་པར་བཞུགས་པ་ལ་ཞུས་པས་ཆོག་སྙམ་ནས་ཚ་བ་ཡང་མ་སྐོལ་བར་དེ་ཀ་ལ་བཞེངས་ནས་བྱོན་པས། རྗེ་བཙུན་ཆུ་བར་གྱི་བྲག་རྩ་ཞིག་ན་དབུ་ཐུམས་སྐྱུར་གཟིམས་གདའ་བ་ལ། དེར་ཕྱག་བཙལ་མཎྜལ་ཕུལ་ནས། རྗེ་བཙུན་ལགས་ཁོ་བོ་ལ་གལ་ཤིན་ཏུ་ཆེ་བ་ཞིག་མཆིས། མ་གཟིམས་པར་བཞེངས་


KMC018_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུ་ཞུས་པ་ལ། རྗེ་བཙུན་གྱི་ཞལ་ནས། ཁྱོད་ལ་རྣམ་རྟོག་ཅིག་སྐྱེས་འདུག་པ་ད་ནང་དེ་ངའི་ཉམས་སྣང་ལ་བྱུང་བས། ད་མ་བདེ་བའི་དོ་གལ་ཅི་ཡོད་སྨྲོས་ཤིག་གསུངས་པ་ལ། བླ་མ་རིན་པོ་ཆེས་ཐོ་རངས་རྨི་ལམ་དུ་བྱུང་བའི་མཚན་ལྟས་དེ་རྣམས་བླ་མ་རྗེ་བཙུན་ཆེན་པོའི་སྙན་དུ་གསོལ་ཏེ་དེ་རྣམས་དགེ་མི་དགེ་ཇི་ལྟར་ལགས་ཞུས་པ། རྗེ་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །ངོ་མཚར་རས་ཀྱི་ན་བཟའ་ཅན། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཀུན་གྱིས་ཐོད་བཞིན་བཀུར་བའི་གནས། །མཚན་མི་ལ་ཞེས་བྱར་ཡོངས་སུ་གྲགས། །མཚན་དེ་ཡི་སྙན་པས་ཕྱོགས་བཅུར་ཁྱབ། །དེ་ཐོས་པས་ཁོ་བོ་སྤྲོ་བ་སྐྱེས། །ཤར་སྐར་མ་སྨིན་དྲུག་འོག་ནས་བསྙགས། །ལུས་ཚ་གྲང་ཡིད་ལ་མ་བགྱིས་ཏེ། །རྟག་ཏུ་ངུ་ཡི་རྣམ་ཐར་བཞིན། །རྗེ་རས་པ་ཁྱོད་དང་ནམ་མཇལ་སྙམ། །ལམ་རིང་དཀའ་བ་སྣ་ཚོགས་སྤྱད། །གདུགས་ཕྱེད་དང་གཉིས་ཀྱིས་ཕྱིན་ཁ་རུ། །ལུས་སྲོག་ཡལ་བར་དེའུ་དོར་བྱས། །འོན་ཀྱང་མོས་གུས་དྲག་པོའི་མཐུས། །ཤར་ཕྱོགས་སྤོས་ལྡན་གྲོང་ཁྱེར་


KMC018_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཆོས་འཕགས་དངོས་སུ་ཞལ་གཟིགས་ལྟར། །བཀྲ་ཤིས་སྒང་གི་གདན་ས་རུ། །ཕ་རས་པ་རྗེ་བཙུན་ཁྱོད་དང་མཇལ། །ཁོ་བོའི་བསམ་པ་མཐར་ཕྱིན་སྙམ། །ཤིན་ཏུ་སྤྲོ་དགའ་བ་སྤུ་གཡོས། །ནོར་སྒྱུ་མའི་འབུལ་རྒྱུ་མ་མཆིས་ཀྱང་། །གཞི་འཁོར་བའི་ཆོས་ལ་ཞེན་པ་ལོག །ལམ་སྐྱེ་ཤི་གཉིས་ལ་འཇིགས་ཤིང་སྐྲག །འཇིགས་རྟེན་གྱི་སྣང་བ་བློ་ཡིས་བཏང་། །སྒྲུབ་བློ་ཞིག་གཏིང་ནས་སྐྱེས་པ་དེ། །རྗེ་ཁྱོད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་བཟུང་། །དེ་མི་བརྗེད་ཁོ་བོའི་སེམས་ལ་འཇོག །འབངས་ཞུ་དོན་མཆིས་སོ་གུ་རུ་རྗེ། །མདངས་སྲོད་ལ་ཡི་དམ་བསྙེན་པ་བྱས། །ནམ་གུང་རྗེ་ལ་གསོལ་བ་བཏབ། །དེ་རྗེས་སྲོག་རྩོལ་རླུང་ལ་འབད། །དགུང་ད་ནང་སྐྱ་རེངས་ཐ་མ་ལ། །གཉིད་ཐུམ་ཕྲལ་ཙམ་ཞིག་སོང་བ་ལ། །སྔར་འདྲིས་བག་ཆགས་མ་མཆིས་པའི། །ཡ་མཚན་རྨི་ལམ་འདི་རྣམས་བྱུང་།། ༈ དབྱར་ཞྭ་དར་གྱི་ཆ་ག་ཅན། །མཚལ་དམར་འོབས་ཀྱི་པད་ཀྱིས་


KMC018_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །དེ་ལ་རྒོད་ཀྱི་སྤུ་རུ་བཙུགས། །མི་ཁོ་བོའི་མགོ་ལ་གྱོན་པ་རྨིས། །སུམ་ལྷྭམ་སྔོ་གཞི་འགྱིང་བག་ཅན། །ར་གན་འབུར་མགོ་ཆོ་ལོ་བཏབ། །སྒྲོག་དངུལ་གྱི་ཨ་ལོང་ཆོ་ལོ་མཛེས། །ལྷྭམ་དེ་འདྲ་ཟུང་ཞིག་གྱོན་པ་རྨིས། །གུ་ལང་དར་དཀར་རལ་ག་ལ། །གོང་སྐོར་གསེར་ཐག་མདོ་ལོང་རིས། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །གོས་དེ་འདྲ་ལུས་ལ་གྱོན་པ་རྨིས། །མོན་ཟིང་རས་ཡུག་གི་སྐེ་རགས་ལ། །མེ་ཏོག་སྣ་ཚོགས་བཀྲ་བས་བརྒྱན། །མུ་ཏིག་ཧར་གྱི་ཆུན་འཕྱང་སྤྲས། །དེ་འཁོར་གསུམ་སྐད་ལ་བཅིངས་པ་རྨིས། །ཆུ་ལོན་རེའུ་དཀར་གྱི་ཕྱིང་པ་ལ། །བཟོ་དྲས་སུ་མ་བྱས་རང་ལུགས་ལ། །གོང་རྒྱན་དངུལ་གྱི་ཕོ་ལོང་བཏགས། །དེ་ཡ་མཚན་སྟེང་ནས་གྱོན་པ་རྨིས། །ཨ་མྲ་ཙནྡན་དབྱུག་པ་ལ། །རིན་ཆེན་སྣ་བདུན་ཕྲ་བཀོད་དེ། །འཆང་གཟུང་གསེར་གྱི་དྲྭ་བ་ཅན། །དེ་ལག་པ་གཡས་སུ་བཟུང་བ་རྨིས། །མཚན་ལྡན་རྡོ་རྗེ་ཀཱ་པཱ་


KMC018_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསེར་མདོག་བདུད་རྩི་བཅུད་ཀྱིས་བཀང་། །ཁོ་བོའི་ཁ་ཕོར་བྱ་སྙམ་ནས། །དེ་ལག་པ་གཡོན་དུ་ཁྱེར་བ་རྨིས། །སུམ་གལ་ཁྲ་བོ་དོར་གཅིག་གི། །ནང་དུ་འབྲས་དཀར་སཱ་ལུ་བླུགས། །ཁོ་བོའི་ཆོས་བརྒྱགས་བྱ་སྙམས་ནས། །ཕྲག་པ་གཡས་སུ་བཀལ་བ་རྨིས། །རི་དྭགས་ཀྲྀཥྞའི་པགས་པ་ལ། །མགོ་དང་སྡེར་བཞི་མ་ཉམས་པ། །འདི་ཡིས་ཁོ་བོའི་སྟན་བྱ་སྙམ། །ཕྲག་པ་གཡོན་དུ་བཀལ་བ་རྨིས། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་ལ། །བེའུ་ལུག་མང་པོ་བཟས་ལ་བཀྲམ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་རྨིས། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེའུ་ཐང་སིང་མ་ལ། །མེ་ཏོག་སྣ་ཚོགས་ཚོན་ཚོགས་བཀྲ། །བུད་མེད་མང་པོས་ཕྱག་བྱས་རྨིས། །དབུས་མེ་ཏོག་སེར་པོའི་གླིང་ཁ་ན། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་སྟེངས་སུ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་རྨིས། །མདུན་དུ་ཆུ་མིག་


KMC018_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྡོལ་བ་རྨིས། །རྒྱབ་ཏུ་འོད་ཅིག་འཁྱིལ་བ་རྨིས། །ལུས་ལ་མེ་དཔུང་འབར་བ་རྨིས། །སྙིང་ལ་ཉི་ཟླ་ཤར་བ་རྨིས། །ཡ་མཚན་རྨི་ལམ་དེ་རྣམས་བྱུང་། །ལྟས་དགེ་འམ་མི་དགེ་འཆད་མ་ཤེས། །རྗེ་དུས་གསུམ་མཁྱེན་པའི་རྣལ་འབྱོར་པ། །འདི་དོན་མ་འཚལ་གསུང་བར་ཞུ། །ཞེས་རྨི་ལམ་གྱི་ལྟས་དེ་རྣམས་སྙན་དུ་གསོལ་བ་ལ། རྗེ་བཙུན་གྱི་ཞལ་ནས། བུ་ལྷ་རྗེ་སྟོན་པ་ཐུགས་མི་བདེ་མི་འཚལ་བས་ཤེས་པ་ལྷོད་གློད་ལ་གཞོག་མཛོད། རྣམ་རྟོག་གི་དྲྭ་བར་བདག་འཛིན་གྱི་ནང་འཚང་མ་གཞུག །ཐེ་ཚོམ་གྱི་མདུད་པ་རང་གྲོལ་དུ་ཐོང་། གཉིས་འཛིན་གྱི་ཐག་པ་ཕྲ་སར་ཆོད། བག་ཆགས་གྱི་རྡུལ་སྟན་སྲབ་སར་གཏོར། སེམས་འདུ་འཕྲོ་མ་མང་། མ་བཅོས་སོ་མའི་ངང་དུ་ཞོག །ང་སྒྱུ་ལུས་སྦྱངས་པའི་རྣལ་འབྱོར་པ་ཞིག་ཡིན་པས་རྨི་ལམ་འཆད་པ་ཡང་ཤེས། རྨི་ལམ་བསྒྱུར་བ་ཡང་ཤེས། རྨི་ལམ་གྱི་དེ་ཁོ་ན་ཉིད་གྱི་རྒྱས་འདེབས་པའི་གདེངས་ཡོད། ལར་ངས་རྨི་ལམ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་པས་བུ་ཁྱོད་ཀྱི་སྨྲས་པའི་མཚན་ལྟས་དེ་རྣམས་དུས་ད་རེས་ཕ་རྒན་ང་ཡིས་ཚིག་ཞིབ་ཚགས་གོ་ངེས་སུ་བཤད་ལ་བརྡ་དོན་ངོ་སྤྲད་ཀྱི། ཐུགས་མ་ཡེངས་པར་གཏོད་ལ་སྙན་ལྷན་ནེ་གསོན་ཅིག་གསུངས་པའི་རྗེས་ལ་རྗེ་བཙུན་


KMC018_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྨི་ལམ་ཞུ་གསོལ་གྱི་དྲི་ལན་གསུང་དབྱངས་མགུར་དུ་བཞེངས་པ།། ༈ གླུ་དྲི་ལན་འཇལ་ལོ་ལྷ་རྗེ་བ། །སྙན་ལྷན་ནེར་གསོན་ལ་ཐུགས་གཏད་འཚལ། །བུ་ཟངས་དཀར་ལུགས་ཀྱི་བདེ་མཆོག་གསན། །དབུ་རུ་སྟོད་ཀྱི་བཀའ་གདམས་བསྐྱངས། །གནས་པ་བཟང་པོའི་ཆུ་རྒྱུན་མངའ། །དེ་ཀུན་ངོ་མཚར་ཆེ་སྙམ་པས། །རྨི་ལམ་བག་ཆགས་ཉིང་འཁྲུལ་ལ། །ལྟས་ཆེད་དུ་བཟུང་སྟེ་ཡིད་གཏོད་པ། །བུ་གསན་རྒྱ་ཆུང་ངམ་རྫུ་བ་ལགས། །མདོ་རྒྱུད་བསྟན་བཅོས་མ་གཟིགས་སམ། །ངེས་དོན་ཕ་རོལ་ཕྱིན་པ་ནས། །རྨི་ལམ་ཡང་དག་མ་ཡིན་ཏེ། །གསོག་དང་གསོབ་དང་ཡ་མ་བརླ། །སྙིང་པོ་མེད་ཅེས་ཐུབ་པས་གསུངས། །དེ་བཞིན་སྒྱུ་མའི་དཔེ་བརྒྱད་ལ། །གོང་དང་མཚུངས་ཏེ་རྒྱས་པར་གསུངས། །དེ་དོན་ཐུགས་སུ་མ་བྱོན་ནམ། །འོན་ཀྱང་ད་རེས་མཚན་ལྟས་དེ། །མ་འོངས་ལུང་བསྟན་ངོ་མཚར་ཆེ། །ང་རྨི་ལམ་སྦྱངས་པའི་རྣལ་འབྱོར་པ། །སྒྱུ་མའི་ངོ་སྤྲོད་འཆད་པ་ཤེས། །མགོ་ལ་ཞྭ་དཀར་


KMC018_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན་པ་དེ། །ཐེག་པ་ཡས་མར་འབུབས་པའི་བརྡ། །རྒྱ་མོའི་དར་ཆག་བཏགས་པ་དེ། །སེམས་ཉིད་ཟབ་ཅིང་ཕྲ་བར་བསྟན། །སྤུ་སྡུག་འོབས་ཀྱི་ཁ་དོག་ལྟར། །གྲུབ་མཐའ་མ་འདྲེས་སོ་སོར་གསལ། །རྒོད་ཀྱི་བྱ་ཕོད་ལྡེམ་པ་དེ། །ལྟ་བའི་ཡང་རྩེ་ཕྱག་རྒྱ་ཆེ། །སྐྱེ་མེད་ངོ་བོ་མཐོང་བའི་བརྡ། །སུམ་ལྷམ་ཟུང་ཞིག་གྱོན་པ་དེ། །སྤྱོད་པས་ཡས་མར་འཛེག་པའི་བརྡ། །སྔོ་བཞི་འབུར་གྱིས་བརྒྱན་པ་དེ། །འབྲས་བུ་སྐུ་བཞི་ཐོབ་པའི་བརྡ། །ཚོགས་གཉིས་བསག་པའི་བརྡ་རུ་བསྟན། །སྒྲོག་དངུལ་གྱི་ཨ་ལོང་གསལ་བ་དེ། །སྤྱོད་པའི་གོལ་ས་ཡིན་པའི་ཕྱིར། །རྟོག་མེད་རང་གར་མི་སྤྱོད་པར། །རྒྱལ་སྲས་གཞོན་ནུའི་ཚུལ་བཞིན་དུ། །བག་ཡོད་མཛེས་པར་སྤྱོད་པའི་བརྡ། །དར་དཀར་རལ་ག་གྱོན་པ་དེ། །རང་རྒྱུད་སྐྱོན་གྱིས་མ་གོས་བརྡ། །གོང་སྐོར་གསེར་ཐག་བཙོ་མ་དེ། །མི་འགྱུར་བསམ་པ་བཟང་བའི་བརྡ། །མཚལ་གྱི་ཐིག་ཕྲན་འཛུམ་རིས་ཅན། །བརྩེ་བས་


KMC018_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དོན་བྱེད་པའི་བརྡ། །མོན་ཟོར་རས་ཡུག་སྐེ་རགས་ཀྱིས། །འཁོར་གསུམ་སྐེད་ལ་བཅིངས་པ་དེ། །རྒྱུད་སྡོམ་པ་གསུམ་དང་ལྡན་པའི་བརྡ། །མེ་ཏོག་དཀར་པོའི་རྒྱན་མཛེས་ཤིང་། །མུ་ཏིག་ཧར་གྱི་སྤྲས་པ་དེ། །བསླབ་པ་གསུམ་གྱིས་རབ་བརྒྱན་ཅིང་། །གདུལ་བྱ་དང་བ་འདྲེན་པའི་བརྡ། །སྟེང་ནས་འཕྱིང་དཀར་གྱོན་པ་དེ། །ཆོས་སྐུ་དྲི་མེད་རྟོགས་པའི་བརྡ། །བཟོ་དང་དྲས་སུ་མ་བྱས་པ། །དེ་ལ་བཅས་བཅོས་མེད་པའི་བརྡ། །དངུལ་གྱི་ཕོ་ལོང་བཏབ་པ་དེ། །དེ་དོན་འགྱུར་བ་མེད་པའི་བརྡ། །ཨ་མྲ་ཙནྡན་དབྱུག་པ་དེ། །རང་འདོད་བླ་མ་རྙེད་པའི་བརྡ། །རིན་ཆེན་སྣ་བདུན་ཕྲ་བཀོད་པ། །དེ་ནི་རྗེ་ཡི་ཡོན་ཏན་ལགས། །འཆང་གཟུང་གསེར་གྱི་དྲྭ་བ་དེ། །སྙན་རྒྱུད་གནད་ཀྱི་གདམས་ངག་གིས། །སྐལ་ལྡན་རྗེས་སུ་འཛིན་པའི་བརྡ། །ལག་པ་གཡས་ལ་ཐོགས་པ་དེ། །བདེ་ནས་བདེ་བར་ལམ་བགྲོད་དེ། །སངས་རྒྱས་ཞིང་དུ་གཤེགས་པའི་བརྡ། །མཚན་ལྡན་


KMC018_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཀ་པཱ་ལ། །ངོ་བོ་སྟོང་པ་མཚོན་པའི་བརྡ། །བདུད་རྩི་བཅུད་ཀྱིས་བཀང་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །གསེར་མདོག་འོད་དང་ལྡན་པ་དེ། །རྣམ་པ་འོད་གསལ་མཚོན་པའི་བརྡ། །ཁོ་བོའི་ཁ་ཕོར་བྱ་སྙམ་པ། །དེ་གསུམ་གཅིག་ཏུ་མཚོན་པའི་བརྡ། །ལག་པ་གཡོན་དུ་ཁྱེར་བ་དེ། །ཉམས་མྱོང་འབྲལ་བ་མེད་པའི་བརྡ། །སུམ་གལ་ཁྲ་བོ་མཛེས་པ་དེ། །ཅི་འདོད་ལམ་དུ་སློང་བའི་བརྡ། །དོར་བསྡེབས་ཕྲག་ལ་བཀལ་བ་དེ། །ཟུང་འཇུག་ཐབས་དང་ཤེས་རབ་ཀྱིས། །ཐེག་ཆེན་ལམ་དུ་བགྲོད་པའི་བརྡ། །ནང་གི་འབྲས་དཀར་སཱ་ལུ་དེ། །ཁོ་བོའི་ཆོས་བརྒྱད་བྱ་སྙམ་པ། སྐུ་ཚེ་ལ་བར་ཆད་མི་འབྱུང་ཞིང་། །བསམ་གཏན་ཟས་ཀྱིས་འཚོ་བའི་བརྡ། །ཕྲག་གཡོན་ཀྲྀཥྞའི་པགས་པ་དེ། །དྲན་པ་ཡེངས་མེད་མཚོན་པའི་བརྡ། །མགོ་དང་སྡེར་བཞི་མ་ཉམས་པ། །བྱང་ཆུབ་སེམས་ཀྱི་རྒྱུད་གོམས་ཤིང་། །ཚད་མེད་བཞི་ལ་སྦྱངས་པའི་ཕྱིར། །


KMC018_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་སྡུག་བསྔལ་སེལ་བའི་བརྡ། །ཁོ་བོའི་སྟན་བྱ་སྙམ་པ་ཡང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །རྟོགས་པ་རྒྱུད་ལ་སྐྱེ་བའི་བརྡ། །དེ་རྗེས་གཡས་སུ་ཕར་བལྟས་པས། །གསེར་གྱི་སྤང་པོ་ངོས་བཟང་དེ། །ཕྱི་ནང་ཡོན་ཏན་རྒྱས་པའི་བརྡ། །བེའུ་ལུག་བཟས་ལ་བཀྲམ་པ་དེ། །ཆོས་དང་ཟང་ཟིང་སྐྱབས་གནས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བའི་བརྡ། །ཁོ་བོས་ཕྱུགས་རྫི་བྱ་སྙམ་པ། །སྡུག་བསྔལ་མགོན་མེད་གྱུར་པ་རྣམས། །ཐུགས་རྗེས་འགྲོ་བ་སྐྱོང་བའི་བརྡ། །ཕྱི་རྗེས་གཡོན་དུ་ཚུར་བལྟས་པས། །གཡུ་ཡི་ནེའུ་ཐང་སིང་མ་དེ། །ཟག་མེད་ཏིང་འཛིན་རྒྱུན་གོམས་པས། །དགའ་བདེ་ཡེ་ཤེས་མཐོང་བའི་བརྡ། །མེ་ཏོག་སྣ་ཚོགས་བརྒྱན་པ་དེ། །དྲོད་རྟགས་ཕྱོགས་མེད་རིམ་གྱིས་འཆར། །ཉམས་མྱོང་སྣ་ཚོགས་སྐྱེ་བའི་བརྡ། །བུད་མེད་མང་པོས་ཕྱག་བྱས་པ། །རྩ་དང་ཐིག་ལེར་གནས་པ་ཡི། །ཌཱ་ཀི་དབང་དུ་འདུས་པའི་བརྡ། །དབུས་མེ་ཏོག་སེར་པོའི་


KMC018_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ཁ་དེ། །ཏིང་འཛིན་རྟོགས་པ་དང་ལྡན་ཞིང་། །ཚུལ་ཁྲིམས་གཙང་མས་རབ་བརྒྱན་པའི། །མཁའ་ལ་སྤྲིན་བཞིན་དགེ་འདུན་རྣམས། །ཁྱོད་ཀྱི་འཁོར་དུ་འདུ་བའི་བརྡ། །ཤིན་ཏུ་འདབ་རྒྱས་གསེར་མདོག་ཅན། །པདྨ་སྤུངས་པའི་གདན་སྟེང་ཡང་། །ཤེས་པས་སྲིད་ལ་མི་གནས་ཤིང་། །པདྨ་འདམ་གྱི་མ་གོས་ལྟར། །འཁོར་བའི་སྐྱོན་གྱིས་མ་གོས་བརྡ། །སེམས་དཔའི་སྐྱིལ་ཀྲུང་བཅས་པ་ཡང་། །སྙིང་རྗེས་ཞི་ལ་མི་གནས་ཤིང་། །བྱང་ཆུབ་སེམས་དཔའ་གཞོན་ནུ་ལྟར། །འགྲོ་དྲུག་སེམས་ཅན་མར་གྱུར་ལ། །སྤྲུལ་སྐུས་འགྲོ་དོན་བྱེད་པའི་བརྡ། །མདུན་དུ་ཆུ་མིག་བརྡོལ་བ་དེ། །ཆོས་ཀྱི་ཆབ་སྲིད་དར་བའི་བརྡ། །རྒྱབ་ཏུ་འོད་ཅིག་འཁྱིལ་བདེ། །བོད་ཁམས་དཀར་པོར་གཏོང་བའི་བརྡ། །ལུས་ལ་མེ་དཔུང་འབར་བ་དེ། །བདེ་དྲོད་གཏུམ་མོའི་ཡེ་ཤེས་ཀྱིས། །རྣམ་རྟོག་ཆབ་རོམ་བཞུ་བའི་བརྡ། །སྙིང་ལ་ཉི་ཟླ་ཤར་བ་དེ། །འགྲོ་འོང་མེད་པའི་འོད་


KMC018_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི། །ངང་ལ་རྟག་ཏུ་གནས་པའི་བརྡ། །བུ་རྨི་ལམ་མི་ངན་རྨི་ལམ་བཟང་། །དུས་ཕྱི་མར་འབྱུང་བ་ལུང་བསྟན་པ། །ལྟས་དགེ་བར་བཤད་ཀྱི་ཆོས་ཀྱི་བརྡ། །ལར་རྨི་ལམ་མངོན་སུམ་གང་ལ་ཡང་། །མཚན་མར་བཟུང་ན་བར་ཆད་ཡིན། །སྒྱུ་མར་ཤེས་ན་ལམ་དུ་འགྱུར། །རྨི་ལམ་མི་ཤེས་འཆད་མི་ཤེས། །བཟང་རྨིས་ངག་རྟགས་རྨི་བར་བཤད། །རྨི་ལམ་སྦྱངས་པ་མངོན་གྱུར་ན། །ངན་རྨིས་བཟང་སྟེ་དགེ་བར་བཤད། །ལར་སྐྱོན་དང་ཡོན་ཏན་གང་ཡང་མིན། །མཆོག་ཏུ་མ་འཛིན་རིགས་ཀྱི་བུ། །ཁྱོད་དགེ་སློང་གི་ཐུགས་ལ་དེ་ལྟར་ཞོག །ཅེས་གསུང་སོ། །ད་ནི་འདི་ནས་ཤར་ཕྱོགས་ན་སྒམ་པོ་བདར་གྱི་རི་བོ་བྱ་བ། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་ཆེན་སྲོག(པྲོག)་ཞུ་ལྟར་ཡོད་པ། ངའི་ཞྭ་འདི་ལྟ་བུ་ཤིང་སྤང་གསེར་གྱི་མཎྜལ་བཀོད་པ་ལྟ་བུ། མདུན་རི་རིན་ཆེན་སྤུངས་པ་འདྲ་བ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ་ཡོད། དེའི་མགུལ་ན་ཁྱོད་ཀྱི་གདུལ་བྱ་ཡོད་པས་དེར་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་ནས་མགུར་འདི་གསུངས་སོ།། ༈ སྟོན་པ་དབུས་སུ་


KMC018_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུང་། །ཕ་ཡུལ་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིང་སྣང་ཆོས་སྐུར་ཉམས་སུ་ལོང་། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་ཟུང་། །ནོར་རྫས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་


KMC018_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་སྟོན། །ཟླ་གྲོགས་ཀུན་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོང་། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣར་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མ་ཡང་རྨི་ལམ་སྒྱུ་མ་འདྲ། །ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་བདར་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རྩེ་མོ་རིན་ཆེན་སྲོག་ཞུ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །ཤིང་སྤང་གསེར་གྱི་མཎྜལ་འདྲ། །རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་མཛོད། །བུ་ཁྱོད་ཀྱིས་འགྲོ་དོན་འགྲུབ་སྟེ་མཆི། །གསུངས་ནས་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པ་ཞེས་བྱ་བ་ཡིན་ནོ་གསུངས། དེ་ནས་དབང་དང་བྱིན་རླབས་གཉིས་ཀྱི་བཀའ་བྱིན། ཆོས་ཐམས་ཅད་རྫོགས་པར་གནང་ནས་ཨ་རུ་ར་གསེར་མདོག་གཅིག་ལ་


KMC018_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་ཀྱི་མཆིལ་མ་བཏབ་པ་ཞིག་དང་། མེ་ཆ་ཞིག་གནང་ནས། བླ་མའི་ཞལ་ནས་ད་ཡུལ་དུ་སོང་ལ་སྒོམས་གསུངས། སྤྱིར་ཡང་རི་དྭགས་རྨས་མའམ། བྱ་བཞིན་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རག་ཆུང་བར་བྱ། བཟོད་གླགས་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། རྟོག་པ་ཤིན་ཏུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང་འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་བར་བྱ། བསགས་སྦྱངས་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ནས་བསག །ལས་འབྲས་ནི་ནམ་མཁའ་ལྟར་གོ་ཡང་སྡིག་པ་ཆུང་ངུ་ལ་མཛེམ། མཉམ་བཞག་དང་རྗེས་ཐོབ་མེད་པའི་ཉམས་མྱོང་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་ལོང་། བདག་གཞན་མཉམ་པ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ། བུ་ཁྱོད་ཀྱིས་ཡོས་བུ་ལོ་རྟ་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་སྙེ་ནམ་གྱི་མཚམས་སུ་སླེབ་པ་གྱིས་གསུངས་ནས་དྭགས་པོའི་སྐྱེལ་མགུར་འདི་གསུངས་སོ།། ༈ བུ་སྤྲོས་བྲལ་སེམས་ལ་ཤོར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །


KMC018_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །བུ་རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་བཀོད་ཅིག །དོན་མེད་ཀྱི་འབད་རྩོལ་བྱེད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་སེམས་སྟོང་ཉིད་རྟོགས་ཙ་ན། །གཅིག་དང་དུ་མར་མ་སྦྲེལ་ཞིག །ཆད་པའི་སྟོང་ཉིད་དུ་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་དུ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་བརྩོན་ཞིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་གཉུག་མའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཅིག །བདུད་ཀྱི་ལུང་བསྟན་འབྱུང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་


KMC018_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྷ་རྗེ་བ། །རང་སེམས་གཏན་ལ་འབེབས་དུས་སུ། །མངོན་ཤེས་ལ་འདོད་པ་མ་སྐྱེ་ཞིག །དགའ་རློམ་བདུད་ཀྱིས་ཁྱེར་ཉེན་ཡོད། །བུ་རེ་བ་མེད་པའི་ངང་ལ་ཞོག །དེ་གོ་འམ་དབུས་པ་སྟོན་པ་བ། །དེ་གོ་འམ་དྭགས་པོ་ལྷ་རྗེ་བ། །ཞེས་གསུངས་སོ། །ཡང་བླ་མ་ལྷ་རྗེས་བར་དོའི་གདམས་ངག་ཞུས་པ་ལ་གསུངས་པ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །བུ་ཁྱོད་ཀྱིས་གསོལ་བ་བཏབ་པའི་ངོར། །ད་བར་དོ་འདི་ལ་དབྱངས་ཤིག་ལེན། །སྤྱིར་ཁམས་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་ལས་འདས་པའི་སངས་རྒྱས་གཉིས། །དངོས་པོའི་གཤིས་ལ་གནས་ལུགས་གཅིག །ལྟ་བའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་ཤར་བའི་དཀར་དམར་དང་། །བརྗོད་དུ་མེད་པའི་སེམས་ཉིད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྒོམ་པའི་བར་དོ་དེ་ལ་མཛོད། །སྣ་ཚོགས་སུ་སྣང་བའི་འཁྲུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་


KMC018_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །སྤྱོད་པའི་བར་དོ་དེ་ལ་མཛོད། །མདངས་སུམ་ཉལ་བའི་རྨི་ལམ་དང་། །སད་ནས་བརྫུན་དུ་ཤེས་པ་གཉིས། །སྒྱུ་མ་ལྟ་བུའི་ངང་དུ་གཅིག །རྨི་ལམ་གྱི་བར་དོ་དེ་ལ་མཛོད། །མ་དག་ཕུང་པོ་རྣམ་ལྔ་དང་། །དག་པ་རྒྱལ་བ་རིགས་ལྔ་གཉིས། །མི་རྟོག་རྫོགས་རིམ་ངང་དུ་གཅིག །ལམ་བསྐྱེད་རྫོགས་ཀྱི་བར་དོ་དེ་ལ་མཛོད། །ཐབས་ལས་བྱུང་བའི་ཕ་རྒྱུད་དང་། །ཤེས་རབ་ལས་བྱུང་བའི་མ་རྒྱུད་གཉིས། །དབང་གསུམ་ལྷན་ཅིག་སྐྱེས་པར་གཅིག །གནད་ཀྱི་བར་དོ་དེ་ལ་མཛོད། །རང་དོན་ཆོས་སྐུ་འགྱུར་མེད་དང་། །གཞན་དོན་གཟུགས་སྐུ་འགག་མེད་གཉིས། །དབྱེར་མེད་གཉུག་མའི་ངང་དུ་གཅིག །སྐུ་གསུམ་གྱི་བར་དོ་དེ་ལ་མཛོད། །མ་དག་སྒྱུ་ལུས་ཀྱི་མངལ་སྒོ་དང་། །དག་པ་ལྷ་ཡི་རྣམ་པ་གཉིས། །བར་དོ་འོད་གསལ་གྱི་ངང་དུ་གཅིག །འབྲས་བུའི་བར་དོ་དེ་ལ་མཛོད། །ཅེས་གསུངས་ནས། རྗེ་བཙུན་ཡར་བྱོན་ནས་སློབ་


KMC018_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐམས་ཅད་བསགས་ནས་ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པ་འདུག །མདངས་ངའི་རྨི་ལམ་ན་ངའི་རྩ་ནས་བྱ་རྒོད་པོ་ཞིག་དབུས་སུ་འཕུར་ནས་སོང་། དེ་རི་ཆེན་པོ་ཞིག་གི་རྩེ་ལ་བབས་ཏེ་ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས་ཏེ་དར་ཅིག་ནས་སོ་སོར་གྱེས་ཏེ་སོང་། ངང་པ་རེ་རེ་ལའང་ངང་གཡོག་ལྔ་བརྒྱ་ཙམ་འདུས་ནས་འདུག་སྟེ་ལུང་པའི་གཤིས་ཐམས་ཅད་སེར་ཉོག་གིས་སོང་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ་ཁོ་བོའི་རྗེས་སུ་རབ་ཏུ་བྱུང་བ་མང་པོ་འོང་བར་འདུག །ལྷ་རྗེ་སྟོན་པ་དེས་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུང་ངོ་། །དེ་ནས་དྭགས་པོ་དབུས་སུ་བྱོན་ཏེ་དགེ་བཤེས་སྙུག་རུམ་པའི་སར་བྱོན་པས་ཁོང་གི་ཞལ་ནས་ཁྱོད་རྣལ་འབྱོར་པ་ལ་ཡོན་ཏན་ཅི་ཡོད་གསུངས་པས། རླུང་ཕྱི་ནང་དུ་མི་རྒྱུ། རྟོགས་པ་ནམ་མཁའ་དང་མཉམ་གསུངས། དེ་ནས་གཉལ་དུ་བཞུགས་ཙ་ན་བླ་མའི་གསུང་དྲན་ནས། རྒྱ་པ་གསེར་རེ་ལ་གསེར་ཞོ་བཅུ་གཉིས་བསྐྱིས་ནས་རས་སྒོམ་རས་པ་བྱ་བ་གྲོགས་སུ་འཁྲིད་ནས་བྱོན་པས་ཡར་ཀླུང་མདོར་སླེབ་ཙ་ན་གཙང་གི་བོང་འཚོང་བ་དང་ཕྲད་པས་རྗེ་བཙུན་རྟ་ཟླ་བའི་ཚེས་བཅུ་བཞི་ལ་གཤེགས་ཟེར་ནས་ཕྱག་འཁར་དང་ན་བཟའི་རས་ཤིག་མཆོད་པའི་རྟེན་དུ་བསྐུར་འདུག་པ་ཡང་སྤྲད། དེར་


KMC018_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ཆབ་མང་པོ་ཡང་ཤོར། དྲན་མེད་དུ་བརྒྱལ་ནས་སོང་བས། རྩ་ན་ཡོད་པ་ཀུན་གྱིས་ཕྱག་ཞབས་ལ་བསྐུ་མཉེ་ཕུལ་ཞལ་རས་ལ་ཆུ་མང་པོ་བཏབ་པས་དར་ཅིག་ན་དྲན་པ་རྙེད་དེ། གསེར་སྲང་གང་བྲིན་གྱི་ཕྱོགས་སུ་གཏོར་ཏེ་བླ་མ་ལ་གསོལ་བ་འདེབས་པའི་མགུར་འདི་ཕུལ་ལོ།། ༈ རྗེ་གངས་དཀར་གྱི་རྩེ་ལ་གཤེགས་པའི་ཚེ། །སེང་གེ་དཀར་མོའི་སྤྱོད་དང་མཚུངས། །གཞན་སྣང་ཟིལ་གྱིས་གནོན་པའི་རྣལ་འབྱོར་པ། །རྗེ་ནགས་མའི་ཁྲོད་ལ་གཤེགས་པའི་ཚེ། །རྒྱ་སྟག་ཁྲ་བོའི་སྤྱོད་དང་མཚུངས། །རེ་དོགས་བྲལ་བའི་རྣལ་འབྱོར་པ། །རྗེ་བྲག་དཀར་གྱི་རྩེ་ལ་གཤེགས་པའི་ཚེ། །ཐང་དཀར་རྒོད་པོའི་སྤྱོད་དང་མཚུངས། །ཕྱི་རྒྱ་རླབས་ཀྱིས་ཆོད་པའི་རྣལ་འབྱོར་པ། །རྗེ་ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས་པའི་ཚེ། །རི་དྭགས་ཡོངས་ཀྱི་སྤྱོད་དང་མཚུངས། །རྡོས་ཐག་ཆོད་པའི་རྣལ་འབྱོར་པ། །རྗེ་འཁོར་གྱི་ནང་དུ་བཞུགས་པའི་ཚེ། །རྡོ་རྗེ་འཆང་གི་སྤྱོད་དང་མཚུངས། །ངེད་སྐལ་ལྔན་འདྲེན་པའི་རྣལ་འབྱོར་པ། །རྗེ་གླང་པོ་ལྟ་བུའི་སྤྱོད་དང་མཚུངས། །


KMC018_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་རྗེས་ཐོབ་མེད་པར་ངེས། །རྗེ་བུ་ཆུང་ལྟ་བུའི་སྤྱོད་པ་དེ། །ནང་ན་གཟའ་གཏད་མེད་པར་ངེས། །རྗེ་བློ་དང་བྲལ་བའི་སྤྱོད་པ་དེ། །དེ་ཉིད་ཐུགས་སུ་ཆུད་པར་ངེས། །རྗེ་མངོན་ཤེས་དག་དང་ལྡན་པའི་ཚེ། །ནང་གི་སེམས་ཉིད་གསལ་བར་ངེས། །རྗེ་ཟས་སྐོམ་གྱི་འདུ་ཤེས་ཆུང་བ་དེ། །ཏིང་འཛིན་ཟས་སུ་གསོལ་བར་ངེས། །རྗེ་ནོར་བུ་དབང་གི་རྒྱལ་པོ་བཞིན། །དགོས་དགུ་རང་ལ་འབྱུང་བ་ཁྱེད། །རྗེ་སྐར་ཚོགས་དབུས་ན་ཟླ་རྒྱས་བཞིན། །མང་པོའི་ནང་ན་མཛེས་པ་ཁྱེད། །རྗེ་འདམ་གྱི་ནང་ན་པདྨོ་བཞིན། །འཁོར་བའི་སྐྱོན་གྱིས་མ་གོས་ཁྱེད། །འགྲོ་བ་ཡོངས་ལ་དྲིན་རེ་ཆེ། །བཀའ་རྒྱུད་རྣམས་ཀྱི་རེ་བ་འགྲུབ། །ཁྱོད་ཀྱི་ཡོན་ཏན་དཔག་མེད་ལ། །བདག་གིས་ཅུང་ཟད་བསྟོད་པ་ལ། །ཐུགས་རྗེས་དགོངས་ཤིང་རྗེས་སུ་ཟུངས། །དངོས་པོའི་བསྙེན་བཀུར་མ་མཆིས་ཀྱང་། །སྒྲུབ་པ་ཉམས་སུ་ལེན་ལགས་ཀྱི། །ཆོས་སྐུ་གཅིག་ཏུ་མ་


KMC018_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བར། །བྱིན་རླབས་ཀྱི་ཆུ་རྒྱུན་མ་གཅོད་ཅིག །ཐུགས་རྗེའི་ལྕགས་ཀྱུས་མ་བཏང་ཞིག །དེ་བསྟོད་པ་ཡི་བསོད་ནམས་ཀྱིས། རྗེ་བཙུན་ཉིད་དང་མཇལ་བར་ཤོག །མཇལ་ནས་བྱིན་གྱིས་རློབ་པར་ཤོག །ཅེས་གསུངས་སོ། །ཡང་ནུབ་གཅིག་རྨི་ལམ་ན་བུ་གཅིག་འདུག་པ་དེའི་རྐེ་བཅད་ནས་སྐྱེ་རྒྱུད་བཅད་དོ་བྱས་རོ་རྦབ་ལ་བཏང་བ་ཞིག་རྨིས། དེ་ཕྱིན་ཆད་རྨི་ལམ་ཡེ་མི་ཡོང་བར་འདུག་སྟེ། འོད་གསལ་དུ་འགྲོ་བར་འདུག་གསུངས་ནས་དེའི་དུས་སུ་མགུར་འདི་གསུངས་སོ།། ༈ བདེ་ཆེན་ཆོས་དབྱིངས་ཀྱི་ངང་ནས་དབྱངས་ཤིག་ལེན། །ཡེ་ཤེས་ཀྱི་ངང་དུ་ཚིག་གཅིག་འདེབས། །གཉིས་མེད་ཀྱི་དོན་འདི་གཏན་ལ་འབེབས། །གཞན་ཕན་སྙིང་རྗེ་ཞེན་མེད་འདི། །ཐབས་ཀྱི་མཆོག་ཏུ་གཙིར་གྱིས་བཟུང་། ལྷན་ཅིག་སྐྱེས་པའི་རྣམ་ཤེས་འདི། །ཡེ་ཤེས་ཡིན་པར་གཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་འཛིན་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་གཙིར་གྱིས་བཟུང་། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །བཏགས་པའི་


KMC018_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་སྣང་གྲགས་འདི། །དོན་དམ་ཡིན་པར་གཙིར་གྱིས་བཟུང་། །ངེས་ཤེས་སྐྱེས་ན་དེ་ཉིད་ཡིན། །མཚན་མར་སྐྱེས་པའི་རྣམ་རྟོག་འདི། །བརྟན་པ་ཐོབ་ན་བདེན་པ་མཐོང་། །དེ་ཡི་དོན་ཞིག་རྟོགས་འདོད་ན། ཆུ་བོའི་རྒྱུན་བཞིན་ཉམས་སུ་ལོང་། །བཅས་བཅོས་མ་མང་ལྷུག་པར་ཞོག །ལྟ་ཉུལ་མ་བྱེད་རང་སོར་ཞོག །ཡིད་ལ་མ་བྱེད་རང་གར་ཞོག །ཉམས་དང་རྟོགས་པ་གཅིག་ཏུ་མཆིས། །རྒྱུན་ཆད་མེད་པར་རྟོགས་ན་ཡིན། །ནམ་མཁའ་ལྟ་བུར་མཉམ་ན་ཡིན། །རང་སེམས་སངས་རྒྱས་སུ་མཐོང་ན་ཡིན། །ཆོས་ཉིད་མངོན་སུམ་དུ་རྟོགས་སམ་སྙམ། །མཚན་མ་རང་སར་གྲོལ་ལམ་སྙམ། །མ་བསམ་ལྷུན་གྱིས་གྲུབ་བམ་སྙམ། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཐོས་པ་ཆེ་བས་གོ་བ་མིན། །ཤེས་རབ་ཆེ་བས་ཤེས་པ་མིན། །རྟོག་པས་བཏགས་པའི་སྤྱོད་ཡུལ་མིན། །བྱིན་རླབས་ཀྱི་ལམ་ལ་གནས་པ་ཡིན། །བླ་མའི་གསུང་ལ་བསྟེན་པ་ཡིན། །


KMC018_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ཅན་གྱིས་རྟོགས་པ་ཡིན། །དེ་ལྟར་རྟོགས་སམ་སྒོམ་ཆེན་ཀུན། །ཀུན་ལ་སྨྲ་བའི་རིགས་མ་ཡིན། །ཞེས་གསུངས་སོ། །ལར་ང་ལ་ནི་སྒོམ་རྒྱུད་ལ་སྐྱེ་བ་དཀའ་ལས་ཆེན་པོ་དགོས་པ་བྱུང་། ད་ཁྱེད་རྣམས་ཚེགས་མེད་དུ་སྐྱེ་བར་འདུག་སྟེ། གདམས་ངག་ཐབས་ལམ་འདི་ཟབ་པའི་སྟེང་དུ་བཀའ་རྒྱུད་འདི་ལ་བྱིན་རླབས་ཀྱི་བཀའ་བབས་གཞན་དང་མི་མཉམ་པ་ཞིག་ཡོད་གསུངས། དེ་ཐམས་ཅད་དྭགས་པོའི་ཞུ་ལན་གྱི་སྐོར་རོ།། ༈ །།ན་མོ་གུ་རུ། དེ་ཡང་ཟབ་མོ་སྟོང་པ་ཉིད་མཐའ་དང་བྲལ་བ་ཐུགས་སུ་ཆུད་པ་དེ་བཞིན་གཤེགས་པའི་མདོ་སྡེ་མང་པོ་ནས་ལུང་བསྟན་པའི་མགོན་པོ་ཀླུ་སྒྲུབ་དེ་ཉིད་སྙིགས་མའི་དུས་སུ་སྒོམ་པའི་དགེ་སློང་བསོད་སྙོམས་པ་རིན་ཆེན་དཔལ་ཞེས་པའི་མཚན་འཛིན་པ། རྗེ་འཇིག་རྟེན་གསུམ་གྱི་ མགོནཔོ་འབྲི་གུང་པ་དེ་ཉིད་འབྲི་སེ་བ་བྱང ་ཆུབ་ཀྱི་གླིང་དུ་བཞུགས་་པའི་ཚེ། ས་ཕྱོགས་དེར་ཐན་པ་ཆེན་པོ་བྱུང་སྟེ་ཡོན་བདག་གྲ་རིས་ཀུན་གྱིས་གསོལ་བ་བཏབ་པས། བདུད་རྩི་ཞིག་པོ་འདིར་ཤོག །ངའི་གླུ་འདི་རང་རེའི་དགོན་ལྟག་གི་ཆུ་མིག་གི་རྩར་ཐོན་དང་ཆར་འབབ་ཏུ་འོང་གསུངས་ཏེ་མགུར་བཞེངས་པ། ༈ ན་མོ་གུ་རུ། དཔལ་ཆོས་དབྱིངས་ཀྱི་ནམ་མཁའ་ཡངས་པ་ལ། །ཆོས་མཐའ་དབུས་མེད་པ་ཀུན་ལ་ཁྱབ། །ཆོས་


KMC018_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྡོ་རྗེ་འཆང་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་ཟ་ཧོར་ཡུལ་དུ་ལྷོ་སྤྲིན་འཐིབས། །བྱིན་རླབས་བན་མ་བུན་མ་བྱུང་། །ཏཻ་ལོ་ཤེས་རབ་བཟང་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་པུཥྤ་ཧ་རིར་གློག་དམར་འཁྱུག །ཆོས་ཕྱིར་དཀའ་བ་བཅུ་གཉིས་སྤྱད། །མཁས་པ་ནཱ་རོ་པཎ་ཆེན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལྷོ་གྲོ་བོ་ལུང་དུ་གཡུ་འབྲུག་ལྡིར། །སུམ་རྒྱུད་ཀྱི་གདམས་པ་བོད་དུ་བསྒྱུར། །སྒྲ་བསྒྱུར་མར་པ་ལོ་ཙཱ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུངས་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །འབྲོག་ལ་ཕྱིའི་གངས་ལ་སྦྲང་ཆར་འབབ། །སྙན་བརྒྱུད་ཀྱི་གདམས་ངག་མཚོ་


KMC018_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཁྱིལ། །དཔལ་བཞད་པ་རྡོ་རྗེ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཤར་དྭགས་ལྷ་སྒམ་པོར་དོག་ས་བརླན། །འོད་གསལ་གྱི་ཆབ་ལ་རྒྱུན་ཆད་མེད། །རྗེ་སྨན་པའི་རྒྱལ་པོ་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་ཕག་མོ་གྲུ་རུ་མྱུ་གུ་འཁྲུངས། །ཟབ་མོ་གསང་སྔགས་ཀྱི་གཏེར་ཁ་བྱེ། །རྗེ་རང་བྱོན་སངས་རྒྱས་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བྱང་འབྲི་གུང་ཕྱོགས་སུ་འབྲས་དྲུག་སྨིན། །འབྲས་དྲུག་གིས་འགྲོ་དྲུག་ཡོངས་ལ་ཁྱབ། །དྲིན་ཅན་ཆོས་རྗེ་ཁུ་དབོན་ཡང་ཡང་དྲན། །སེམས་རྩེ་གཅིག་གདུང་བས་གསོལ་བ་འདེབས། །བླ་མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།། ༈ རྗེ་བཙུན་ལོ་རས་པ་དེ་ཉིད་ཕྱེ་གལ་ཏ་གང་ཁུར་ཏེ་བྱང་གི་གནམ་མཚོ་སེ་མོ་དོ་ལ་


KMC018_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་ལས། མཚོའི་དར་ཞིག་ནས་འདུག་ཅིང་ཉ་པ་མང་པོ་གདའ་བའི་རྩར་བཞུགས་པ་ལ། ཞེ་བཅད་དྲག་པོ་ནི་སྔོན་དུ་སོང་། མཚོའེ་དར་ཞིག་ནས་དོ་ལ་འབྱོན་ཐབས་ནི་མ་བྱུང་བར་བླ་མ་ལ་གསོལ་བ་འདེབས་ཤིང་བཤུམས་པ་ལས། ཉ་པའི་བུ་ཚ་གཅིག་ན་རེ། བཙུན་ཆུང་ཁྱོད་ཅི་ལ་ངུ་ཟེར་བས་ངས་དོ་འདི་ལ་སྒོམ་པའི་དམ་བཅའ་ཡོད་པ་ལ་དར་ཞིག་ནས་འདུག་པས་སྒྲུབ་པའི་བར་ཆད་དུ་གྱུར། དེས་སེམས་སྐྱོ་བ་ཡིན་གསུངས་པས་བུ་ཚ་དེ་ན་རེ། ཁྱོད་ལ་འདི་ཙམ་གྱི་དད་པ་ཡོད་པ་ངོ་མཚར་རོ། །ངས་དོ་འདི་ལ་སྐྱེལ་བ་ཡིན་ཟེར་བ་ལ་བུ་ཚ་དེའི་ཕ་ན་རེ། མཚོ་འདི་ཡང་བ་ཚྭ་ཅན་ཡིན་པས་དཀའ་ཐུབ་ཀྱི་ཆུ་མི་ཉན་མཚོ་རུལ་ན་ལོ་གཉིས་ཀྱི་བརྒྱགས་འདི་ཡང་ཉུང་ནས་འདུག །དཔལ་རྒྭ་ལོ་དང་སློབ་དཔོན་པདྨ་མིན་པའི་གང་ཟག་རེ་རེ་བཞུགས་པའི་སྲོལ་ཡང་མི་འདུག །ངའི་བུ་འདི་ཡང་བུ་གཅིག་པོ་ཡིན་པས་གཏོང་མི་ཕོད། མཚོ་འདིའི་རྒྱུས་ཀྱང་ང་རང་ཆེ། སྟོབས་ཀྱང་ང་རང་ཆེ། ཁྱོད་ལ་འདི་འདྲའི་དད་པ་ཡོད་པ་འོར་ཆེ། ད་འོ་སྐོལ་གཉིས་ཚེའི་དུས་ཨེའུ་བྱེད། བྱེད་ཀྱང་ང་ལ་ཉ་མང་པོ་བསད་པའི་སྡིག་པ་ཡོད་པས་ཁྱོད་ཀྱིས་ཨེ་མ་འདྲོང་ཟེར་ནས་ཤིང་གསུམ་ཀུ་རུ་རེས་སུ་བཅིངས། དེའི་འོག་ཏུ་རྐྱལ་པ་ཕུ་ཐེར་བྱས་པ་གསུམ་བཏགས། སྟེང་དུ་ཐག་པ་དང་ཤིང་གི་དྲྭ་བ་བྱས། དེའི་གྲུ་གཅིག་ཏུ་ཕྱེ་ཡ་གང་པོ་བཞག །གྲུ་གཅིག་ཏུ་ཉ་པ་


KMC018_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྡད། གྲུ་གཅིག་ཏུ་ཆོས་རྗེ་ཉིད་བཞུགས། ཚེས་བཅུ་གཅིག་གི་སྐར་མ་རྫོགས་པ་དང་། གཟེངས་ཆུ་ལ་བཏང་བས། ནམ་ཕྱེད་དུ་སོང་བ་ལ་མཚོ་འུར་བ་དང་བཤང་བ་ལ་སོགས་པའི་སྒྲ་ཆེན་པོ་བྱུང་། མཚོ་རླབས་ཀྱང་མི་ལངས་པ་ཙམ་བྱུང་། ནམ་མཁའ་ལ་གློག་དང་སེར་བ་ཆེན་པོ་ཡང་བྱུང་། སྦལ་པ་རེའུ་ཙིད་ཙམ་གཟེངས་ལ་མཆོངས་ནས་བྱུང་བས་མཉན་པ་ཤིན་ཏུ་བྲེད་ནས་ཁྱོད་ཕྱེ་དོ་ལ་སྒོམས་བྱས་པས་མ་ཉན། ད་འོ་སྐོལ་གཉིས་ཀ་འཆི་བར་འདུག་པས་ཁྱེད་ལ་བླ་མ་བཀའ་རྒྱུད་འདྲ་བ་ཡང་མེད་དམ་གསོལ་བ་ཐོབ་གཞི་བདག་ལ་ཡང་བདེན་པ་བདོར་ཟེར་བ་ལ་མོས་པའི་གདུང་ཤུག་དྲག་པོས་བཀའ་རྒྱུད་ཀྱི་བླ་མ་ལ་ར་མདའ་ཞུ་བའི་གསོལ་འདེབས་བཀའ་རྒྱ་མ་འདི་གསུངས་སོ།། ༈ ཆོས་སྐུ་ཀུན་བཟང་ཡབ་ཡུམ་དབྱེར་མེད་བླ་མ་རྡོ་རྗེ་འཆང་། །དེ་ཡི་སྤྲུལ་པ་ཏཻ་ལོ་བླ་མ་འགྲོ་བའི་མགོན། །སྐྱོན་དག་ཡོན་ཏན་རྫོགས་པའི་བླ་མ་ནཱ་རོ་པ། །བདེ་ཆེན་ཆོས་ཀྱི་དབྱིངས་ནས་སེམས་ཅན་ལ་བསྐྱབ་ཏུ་གསོལ། །མར་སྟོན་ཆོས་ཀྱི་བློ་གྲོས་བླ་མ་བཀའ་དྲིན་ཅན། །རྣལ་འབྱོར་དབང་ཕྱུག་ཆེན་པོ་བླ་མ་མི་ལ་རས། །སྟོང་ཉིད་སྙིང་རྗེའི་དོན་རྟོགས་བླ་མ་ལྷ་རྗེའི་ཞབས། །ཟག་


KMC018_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསལ་སྟོང་དབྱིངས་ནས་སེམས་ཅན་ལ་བསྐྱབ་ཏུ་གསོལ། །ཐམས་ཅད་མཁྱེན་པའི་འགྲོ་མགོན་བླ་མ་བཛྲ་རྒྱལ། །ཆེ་མཆོག་ཧེ་རུ་ཀ་དཔལ་བླ་མ་གླིང་ཆེན་རས། །སྐུ་བཞིའི་བདག་ཉིད་ཆོས་རྗེ་འགྲོ་མགོན་འབྲུག་པའི་ཞབས། །དམིགས་མེད་སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་ལ་བསྐྱབས་ཏུ་གསོལ། །བདག་གཞན་དོན་གཉིས་འགྲུབ་པའི་མཚན་ལྡན་ཆོས་ཀྱི་རྗེ། །ཐུགས་རྗེས་འགྲོ་དོན་མཛད་པའི་དྲིན་ཅན་རིན་པོ་ཆེ། །ཐུགས་རྗེ་ཐབས་ལ་མཁས་པའི་དྲིན་ཅན་བླ་མའི་ཞབས། །བསྐལ་པ་སྙིགས་མའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས་སེ་མོ་དོའི་ཐད་ཀ་ནས་འོད་ཀྱི་ཕུང་པོ་འཇའ་གུར་ཕུབ་པ་ལྟར་གཟིགས་ཏེ། དེའི་དབུས་ན་གཙང་པ་རྒྱ་རས་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་ཀྱི་རྣམ་པ་ཅན་ཕྱག་ན་འཆི་མེད་ཚེའི་བུམ་པ་བསྣམས་པ་ཞིག་ཞལ་གཟིགས་པས་ཡང་གསོལ་འདེབས་འདི་གསུངས་སོ།། ༈ བླ་མ་དུས་གསུམ་རྒྱལ་བ་སྲས་བཅས་རྣམས། །མི་བདག་གི་སྙིང་གི་འོ་དོད་གསན་དུ་


KMC018_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བླ་མ་རྡོ་རྗེ་སྤུན་ཚོགས་མཆེད་དང་ལྕམ་དྲལ་རྣམས། །བླ་མེད་བྱང་ཆུབ་སྒྲུབ་པའི་སྒོམ་མཁས་བཙུན་པ་རྣམས། །བསྟན་པའི་སྒོ་རུ་ཞུགས་པའི་ཆོས་མཛད་བསམ་ཤེས་རྣམས། །ཐམས་ཅད་ཐུགས་དགོངས་བསྡུས་ལ་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་མེ་འོབས་དང་འདྲ་བའི་འཇིགས་སུ་རུང་བ་འདིར། །བསམ་རླག་ཕྱེ་ལེབ་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་རྒྱ་མཚོ་དང་འདྲ་བའི་མཐའ་ཡས་གཏིང་མེད་འདིར། །ཉམ་ཆུང་བ་ཐག་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་མུན་ནག་དང་འདྲ་བའི་གཡང་ས་ཆེན་པོ་འདིར། །མིག་བྲལ་ལམ་དོར་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་བཙོན་དོང་དང་འདྲ་བའི་ཐར་མེད་ཆེན་པོ་འདིར། །མགོན་མེད་ཤ་བཙོན་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་དུག་འོབས་དང་འདྲ་བའི་སྡུག་བསྔལ་ཆེན་པོ་འདིར། །དམུས་


KMC018_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་སྨྱོན་པ་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །འཁོར་བ་སྨིག་རྒྱུ་དང་འདྲ་བའི་སྙིང་པོ་མེད་པ་འདིར། །ཚ་གདུང་རི་དྭགས་དང་འདྲ་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །རྨི་ལམ་སྒྱུ་མ་དང་འདྲ་བའི་འཁོར་བ་བདེན་མེད་འདིར། །མ་རྟོགས་སྡུག་ཡུན་རིང་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །མཐོ་དམན་ཀུན་གྱི་སྐྱབས་གྱུར་མགོན་པོ་ཆོས་ཀྱི་རྗེ། །བཀའ་དྲིན་ཆེན་པོ་དྲན་མཆོག་སེམས་ཅན་ལ་བསྐྱབ་ཏུ་གསོལ། །བླ་མ་རྒྱལ་བ་སྲས་བཅས་ཞི་ཁྲོ་རབ་འབྱམས་རྣམས། །དཀར་པོའི་ཕྱོགས་ལ་དགའ་བའི་དམ་ཅན་སྲུང་མ་རྣམས། །བར་ཆད་བདུད་དཔུང་ཆོམས་ལ་སེམས་ཅན་བདེ་ལ་འཁོད། །བླ་མ་ཁྱེད་ལ་སངས་རྒྱས་དང་སེམས་ཅན་ལ་སོགས་པའི། །ཐ་དད་དུ་འཛིན་པའི་རྟོག་པ་མི་མངའ་ཡང་། །སྡུག་བསྔལ་མྱོང་བའི་སེམས་ཅན་ལ་བསྐྱབ་ཏུ་གསོལ། །བར་ཆད་ཞི་ཞིང་ཡོན་ཏན་རྫོགས་པ་དང་། །བསྟན་པ་དར་ཞིང་ཞིང་


KMC018_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དག་པར་མཛོད། །ཅེས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་ཆོ་འཕྲུལ་རྣམས་སྐད་ཅིག་ལ་ཞི། རྩོལ་མེད་དུ་སྐམ་སར་ཆོད་པས་ཉ་པ་དེ་ཆོས་རྗེ་ལ་སངས་རྒྱས་དངོས་སུ་མཐོང་ཞིང་ཕྱག་དང་བསྐོར་བ་བྱས་བྱིན་རླབས་ཞུས་ནས་ལྡོག་ཁར་ཆོས་རྗེའི་ཞལ་ནས་བློ་སྙིང་བྲང་གསུམ་དཀོན་མཆོག་ལ་གཏོད་ཅིག་མི་བསླུ་ངེས་པ་ཡིན་ཞིང་བུ་དང་ཡང་བར་ཆད་མེད་པར་བདེ་བར་ཕྲད་གསུངས། ཉ་པ་དེ་ལྟར་ཕར་ཁར་བདེ་བར་ཕྱིན་ནོ། །དེར་ཆོས་རྗེ་ཉིད་ཀྱིས་གནས་དེའི་མཚན་ཉིད་གཟིགས་པས་མཚོ་དེ་རང་བཞིན་གྱིས་དྭངས་པ་བཻཌཱུཪྻའི་མདོག་ལྟ་བུ། ཉི་མ་ཤར་བ་དང་ནུབ་པ་ཡང་མཚོའི་གཏིང་ནས་ཤར་བ་དང་ནུབ་པ་ལྟ་བུ། ཇོ་མོ་རྡོ་རྗེ་ཀུན་གྲགས་མའི་ཕོ་བྲང་དུ་གྱུར་པ། མཚོ་དེའི་དཀྱིལ་ཐང་རྒྱ་མི་ཆེ་བ་ལག་མཐིལ་ལྟར་མཉམ་པ། དེའི་དབུས་ན་རིན་པོ་ཆེ་སྤུངས་པ་ལྟ་བུ། གཡས་གཡོན་གྱི་རི་བྱ་རྒོད་གཤོགས་པ་བརྒྱངས་པ་ལྟ་བུ། དེའི་ལྷོ་འདབས་ལ་ཀླུ་ཁང་ཕུག་དང་དཀྱིལ་འཁོར་ཕུག་དྭངས་ཤིང་གཙང་ལ་རང་བཞིན་གྱིས་ཡིད་ཆགས་ཤིང་ཏིང་ངེ་འཛིན་སྐྱེ་བ། འདུ་འཛི་དང་གཡེང་བའི་གནས་ལས་འདས་ཤིང་ཉམས་མྱོང་དང་རྟོགས་པ་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བའི་སྒྲུབ་གནས་དེ་གཟིགས་པ་དང་ཐུགས་རབ་ཏུ་མཉེས་པར་གྱུར་ཏེ། ཕྱེ་གལ་ཏ་གང་པོ་དེའི་ཕྱེད་སང་རེས་ཀྱི་ཐེས་སུ་བཞག ཕྱེད་ད་ལོའི་བརྒྱགས་མཛད་དེ། ལྷ་བཤོས་


KMC018_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོར་མ་རྣམས་མ་ཆག་པར་མཛད། ལྷ་བཤོས་བྲ་བའི་རྣ་ཅོག་ཙམ། གུང་གཏོར་ལུག་རིལ་ཙམ། བརྒྱ་རྩ་བྲ་རིལ་ཙམ། དེ་རྣམས་ཀྱི་གཏོར་ཆུ་སྐྱ་ཙམ་ལ་སྐྱོ་ཚའི་གདན་བྱས་པས་དེའི་ལོ་ལས་སྐྱིད་པ་ཡོང་མ་མྱོང་གསུངས། ཉི་ཤུ་ལྔའི་མཆོད་པ་ནམ་བྱུང་ལ་བུར་དཀར་རྡོག་པོ་གཅིག་ཡོད་པ་ཏིང་ཆུང་ཞིག་ཡོད་པའི་ནང་དུ་སྦྱངས་ཤིང་བདེ་མཆོག་གི་སྒྲུབ་མཆོད་རྒྱས་པ་རེ་མཛད་པས་ཡིད་ཚིམ་པ་རེ་བྱུང་གསུངས། དེའི་དུས་སུ་གཉན་ཆེན་པོ་ཐང་ལྷ་སྔགས་པ་གཞོན་ནུའི་ཆ་བྱད་ཅན། ཇོ་མོ་རྡོ་རྗེ་ཀུན་གྲགས་མ་ཡང་བཙད་པོའི་བུ་མོའི་ཆ་བྱད་དུ་བྱས་ནས་དེ་ལ་མཚོ་སྨན་དང་ཡུལ་ལྷའི་ཚོགས་མང་པོས་བསྐོར་ནས་སྐབས་སྐབས་སུ་ཆོས་ཉན་པ་དང་མགུར་ཉན་པ་ལ་ཡོང་ངོ་། །ལར་ལྷ་འདྲེ་ཀུན་མགུར་ལ་དགའ་བས་མགུར་བྱེད་རེས་ཀྱིས་འཚོགས་ཅིང་རྣལ་འབྱོར་པ་ཡང་ན་གླུ་ལོང་ཡང་ན་ཆོས་ཤོད་ཟེར། ཆོས་བཤད་མགུར་ཡང་མང་དུ་གསུངས་སོ། །ཉིན་ཅིག་གཟིགས་མོ་ལ་བྱོན་པས་ཕར་ཁར་ཉ་པས་ཉའི་ཕུང་པོ་དང་ཉ་གཅལ་དུ་བཀྲམ་པ་གཟིགས་ནས་སྙིང་རྗེ་བདུན་གྱི་མགུར་ཡང་གསུངས། དེ་ནས་དེའི་ཕྱི་ལོ་དེ་ཕྱི་དོ་ལ་འབྲི་སྟག་པའི་རི་པ་ཡོད་པ་རྣམས་ན་རེ། ན་ཉིན་འབྲུག་པའི་བཙུན་ཆུང་གཅིག་བརྒྱགས་མེད་པར་སེ་མོ་དོ་ལ་སོང་ཡོད་པ་དེ་ཤིའམ་མ་ཤི་ལྟ་ཟེར་གཉིས་ཀྱིིས་ལྟར་ཕྱིན་པས། ཆོས་རྗེ་སྒྲུབ་ཁང་ཕུག་ན་གསོལ་བ་


KMC018_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པའི་སྐད་ཚོར་ནས་སྨྱོ་ནས་ཡོད་པ་འདུག་ཟེར་ཞིང་ཕྱིན་པས། ཆོས་རྗེ་ནི་ཕྱེ་གལ་ཏ་གང་པོ་དེའི་ཕྱེད་ལས་མ་ཟད་པར་འདུག་སྐུ་མདངས་རྒྱས་ཤིང་ཐུགས་དམ་འཕེལ་བར་མཐོང་ནས་དད་ཅིང་ཡ་མཚན་པར་གྱུར། ད་ཕྱི་དོ་ལ་གཤེགས་པར་ཞུ་ཞུས་པས། ད་དུང་ཕྱེ་གལ་ཏ་ཕྱེད་ཡོད་པས་འདི་ཀ་རང་དུ་སྡོད་པ་ཡིན་གསུང་ལོ་ཧྲིལ་པོ་གཅིག་བཞུགས། དེ་ནས་དགུན་མཚོ་ལ་དར་ཆགས་དུས་ཞྭ་མོ་དོ་ལ་འབྱོན་དགོངས་པ་ལ་གཞི་བདག་མོས་སྡིག་པ་རྭ་ཅན་དུ་བྱས་ནས་རྭ་གཅིག་ཡ་ཐེམ་ལ་བརྒྱབས་རྭ་གཅིག་མ་ཐེམ་ལ་བརྒྱབས་ནས་བཀག་པ་ལ་བློ་ལས་འདས་ཚུལ་ཐག་ཆོད་དགུའི་མགུར་གསུངས་པས་བུ་མོའི་ལོ་ཉི་ཤུ་ལོན་པ་གཅིག་ཏུ་བྱས་ནས་ཕྱག་བཙལ་ནས་ཁྱེད་ལ་སྙིང་ཐག་པ་ནས་ཐོ་འཚམས་པ་མ་ལགས་ཐེགས་པ་ལ་མ་དགའ་བ་ཡིན། ད་ཁྱེད་ལ་བཤོལ་ཐེབས་པར་མི་འདུག །ཞྭ་མོ་དོར་བཞུགས་དུས་ཞབས་ཏོག་སྒྲུབ་ཟེར་མི་སྣང་བར་སོང་། དེ་ནས་ཆོས་རྗེ་ཞྭ་མོ་དོར་བྱོན་ནས་བཞུགས་པ་ལས། དུས་ནམ་ཞིག་ན་ཡབ་ཡུམ་གཉིས་ཀྱིས་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་དྲུང་དུ་ཕྱིན་ནས། ཉེ་གནས་དགེ་འདུན་དར་ལམ་སྣར་གནང་བྱུང་བ་དང་བསྡོངས་ནས་བྱང་ལ་སླེབས། མཚོ་ལ་དར་ཆགས་འདུག་པས་ཞྭ་མོ་དོར་ཆོས་རྗེ་དང་མཇལ། ཡབ་ཡུམ་གཉིས་ཀྱིས་ཆོས་རྗེ་ལ་འཇུས་ནས་ངུས། དགའ་ཆེ་ན་ངུ་ཆེ་ཟེར་བ་དེར་བྱུང་། ཞག་འགའི་བར་དུ་


KMC018_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་གསུང་མགུར་དང་རྫུ་འཕྲུལ་གྱིས་ཚིམ་པར་མཛད། དེ་ནས་ཡབ་ཡུམ་བོད་དུ་བརྫངས། དགེ་འདུན་དར་བྲག་ཕུག་ཤར་མར་སྡོད་ཚ་བའི་གཡོས་དང་སྒྲུབ་པ་གྱིས། ངའི་བྲག་ཕུག་སྒོ་བརྩིགས་གསུང་འདག་སྦྱར་ལ་བཞུགས། དགེ་འདུན་དར་གྱིས་གསོལ་བ་ཞུས་པའི་བཤོས་ཀྱི་རྩེ་ཏོག་ཙམ་རེ་གསོལ། ལྷག་མ་བསྐམས་ནས་བཞག །ལོ་བདུན་སོང་ནས་རྩམ་པ་ཐེར་ཟད། མཚོ་ལ་དར་ནི་མ་ཆགས། ཆོས་རྗེ་ལ་ཞུས་པས་ཟན་སྐམ་རྣམས་གནང་ནས་འདི་ལ་ཐུགས་པ་གྱིས་ལ་ང་ལ་དྲོངས། ཁྱེད་རང་འཐུང་གསུང་། ཉེ་གནས་གྱིས་དེ་ལྟར་བྱས་ནས་ཞུས། ཆོས་རྗེའི་ཐུགས་དགོངས་ལ་ད་དུང་དར་མ་ཆགས་ན་དགོངས་ནས་ཐུགས་པའི་བསྙིགས་མ་རྣམས་བསགས་བསྐམས་ནས་བཞག །ཡང་ཟན་སྐམ་ཟད་ཞུས་པས་འདི་རྣམས་ཚོས་གསུང་། ཐུག་བསྙིགས་གནང་ནས་དེ་ལ་ཐུག་པ་གྱིས་ལ་ང་ལ་དྲོངས། ཁྱེད་རང་ཡང་འཐུང་གསུངས། ཡང་དེ་ཡང་ཟད་དར་ནི་མ་ཆགས་ཞུས་པས། ཁུག་མ་རྣམས་སྤྲུག་དང་གསུངས། །ཟན་དུ་དྲིལ་གསུང་དྲིལ་བས་མཐེ་བོང་ཙམ་བྱུང་བ་ལ་ཆོས་རྗེས་ཚོགས་འཁོར་དང་དམིགས་པ་མཛད་པས། གཞི་བདག་གིས་ཤ་བའི་རོ་གཅིག་ཆུ་འགྲམ་ན་བསྐྱལ་བ་མཁྱེན་ནས་དགེ་འདུན་དར་མཚོ་འགྲམ་ན་དངོས་གྲུབ་གཅིག་འདུག་གསུངས། ཕྱིན་པས་ཤ་བའི་རོ་གཅིག་འདུག་པ་ལག་འབྲས་ཐོན་པར་བྱས། ཆོས་


KMC018_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་ཞུས་ཁོང་རང་གིས་ཀྱང་ཉུང་ཟད་རེ་བཞེས་པས་ལོ་བརྒྱད་ཙམ་ཐུབ། ཡང་ཤ་ཡང་ཟད་ཞུས་པས། ངའི་ལྷྭམ་དང་སྒོམ་སྐེད། ཁྱེད་རང་གི་ལྷྭམ་དང་སྒོམ་སྐེད། ཕྱེ་རྐྱལ་རྣམས་ཚོས་གསུངས་ནས་སྐྱུར་བྱུང་བས་ཉེ་གནས་ལ་སྡུག་བསྔལ་དཔག་མེད་བྱུང་། དེ་རྣམས་ལེགས་པར་བཙོས་ནས་ཞུས། དེ་ཡང་ཟད་པ་དང་། ད་ང་རང་ཤི་ནས་བླ་མའི་སྐུ་འཚོ་བ་བྱུང་ན་སྙམས་ནས་བླ་མ་ལགས་ཆུ་འགྲམ་མ་གི་ན་མི་རོ་གཅིག་འདུག་པ་བཞེས་སུ་རུང་ངམ་ཞུས་པས་རུང་གསུངས། དེ་ནས་ཉེ་གནས་ཀྱིས་སྐེ་རགས་ཀྱི་སྣེ་གཅིག་ཤིང་སྤ་མ་གཅིག་ལ་བཏགས། སྣེ་གཅིག་མགུལ་དུ་བཏགས་ནས་ལྕེབས་གྲབས་བྱེད་པ་ཆོས་རྗེས་མཁྱེན་ནས་མྱུར་དུ་བྱོན་ཕྱག་གིས་བཟུང་ནས་ཡར་འཁྲིད་དེ་བུ་བློ་ཉེས་དེ་འདྲ་བྱེད་མི་དགོས། ང་ཤི་ཡང་མི་འགྱོད་ཆོས་ཕྱིར་དཀའ་བ་སྤྱད་པ་ཡིན་གསུངས་འགྱོད་མེད་བཞིའི་མགུར་གསུངས། དེ་ནུབ་ཆོས་རྗེའི་མནལ་ལམ་དུ་འགྲོ་མགོན་གཙང་པ་རྒྱ་རས་མཚོ་འགྲམ་ན་གུར་དཀར་པོ་གཅིག་ཕུབ་འཁོར་མི་མ་ཡིན་མང་པོས་བསྐོར་ནས་བྱོན་འདུག་པ་རྨིས། ཐོ་རངས་ནམ་མཁར་ཌཱ་མ་རུའི་སྒྲ་ཞིག་བྱུང་དེ་ཅི་ཡིན་དགོངས་གཟིགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ཞལ་གཟིགས། མཁའ་འགྲོ་མ་རྣམས་ཀྱིས་མིང་པོ་ཁྱོད་ཡུན་རིང་ལ་དོས་དྲག་པ་སོང་། ད་བོད་དུ་གཏོང་བས་དར་ཐོག་ལ་ཕེབས་པར་ཞུ་ཟེར་འཇའ་ཡལ་བ་ལྟར་སོང་། དགེ་འདུན་དར་ཡར་


KMC018_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་དང་ངའི་རྨི་ལམ་ལྟས་དང་སྦྱར་ན་མཚོ་ལ་དར་ཆགས་སྲིད་པ་འདུག་ལྟོས་དང་གསུངས། དགེ་འདུན་དར་གྱི་བསམ་པ་ལ་བོད་ལ་ཨེ་ཐོན་དགོངས་ཡོད་འདུག་སྟེ། མཚོ་རུལ་ནས་ལོ་དགུ་སོང་། དགུན་རྟ་རི་རྟ་འཁྱགས་ཀྱི་ཟླ་བ་ལ་མཚོ་ལ་དར་མི་ཆགས་པར་ནམ་ཟླ་དབྱར་ཁ་དར་ཆགས་མི་སྲིད། འོན་ཀྱང་བླ་མའི་གསུང་ཡིན་བསམས་བལྟས་པས་མཚོ་ལ་དར་ཞེང་མདའ་གང་ཙམ་འཕང་ལ་ཁྲུ་གང་ཙམ་ཡོད་པ་སྟེང་ན་ཁ་བ་ར་རི་ཙམ་བབ་པ་ལ་ཝ་མོའི་རྗེས་ཤིག་འདུག་པས་དགའ་དྲག་ཆོས་རྗེ་ལ་དད་གུས་དཔག་མེད་སྐྱེས། དར་ཆགས་གདའ་གཤེགས་པར་ཞུ་ལགས་ཞུས་པས། དྭ་བའི་ནང་དུ་དཔེ་ཆ་དང་ཕྲུ་ཆུང་ཆུག་འཁུར་འགྲོ་གསུངས་ནས་བྱོན། དགེ་འདུན་དར་སྔོན་ལ་སོངས་གསུང་ཐོན་ཁར་དགེ་འདུན་དར་གྱིས་ཆོས་རྗེ་འབྱོན་ཨེ་ཡོད་སྙམ་ཕྱི་མིག་གཅིག་བལྟས་པས་མཁའ་འགྲོ་མ་རྣམས་ཀྱིས་དར་ཐག་བསྡུས་ནས་ཆོས་རྗེའི་སྐུ་སྨད་བངས། ཁྱོད་ཀྱིས་ཕྱི་མིག་མ་བལྟས་ན་ལགས་ཏེ། གཞི་བདག་དེ་ལ་མཐོང་དུག་ཡོད་པས་ཚེ་ཐུང་གསུངས། ངས་རྟེན་འབྲེལ་བྱས་ན་ཚེ་རིང་སྟེ་ཕྱི་ནང་མི་འཕྲད་པར་འདུག །བུ་རང་ཚེ་རིང་བར་དགའ་འམ་ཕྱི་མ་ང་དང་འགྲོགས་པ་དགའ་གསུངས། ཚེ་འདི་ཅི་དགའ་བ་གྱིས་ཕྱིན་བླ་མ་དང་འགྲོགས་པ་དགའ་ཞུས་པས། ཚེ་ཐུང་ཞིང་ཕྱི་མ་རྫ་མཁན་གྱིས་བུར་སྐྱེས་བླ་མ་དང་མཇལ་ལོ། །ཆོས་རྗེ་དཔོན་སློབ་


KMC018_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དཀྱིལ་དུ་ཕེབས་དུས་རྫི་བོ་བུ་ཚ་གསུམ་ཡོད་པས་མཐོང་ལུགས་མི་འདྲ་བ་རེ་མཐོང་ནས་ཡ་མཚན་ཏེ། མཚོ་འགྲམ་དུ་ཕྱིན་ཕྱག་བཙལ་འཛར་ཟན་དང་སྒོག་པ་རེ་ཕུལ་ནས་ཁྱེད་དཔོན་སློབ་གཉིས་ཀྱིས་གྲུབ་པ་ཐོབ་པར་མཛད། ནམ་ཟླ་ད་ལྟ་ཆུ་ལ་འབྱོན་པ་ངོ་མཚར་ཆེ། ངེད་ཚོ་ལ་ཆོས་ཤིག་ཞུ་ཞུས་པས། བུ་ཚ་རྣམས་ལ་ཞིང་ཁམས་སྔ་མའི་མགུར་གསུངས། བུ་ཚ་རྣམས་ན་རེ། རི་འདི་ཐོན་པ་ན་ངེད་ཚོའི་རུ་བ་ཡོད་པས་དེར་བྱོན། ངེད་ཚོ་ཡང་ཕྱུགས་ལུག་སྔ་བར་བསྐོར་ཡོང་ཟེར། དཔོན་སློབ་གཉིས་ཀྱིས་དེ་ལྟར་བྱོན་པས་གྱང་པ་བྱ་བའི་རུ་བ་ཚན་ཆེ་བ་འདུག །རུ་བ་དང་རྒྱང་ངེ་བའི་ན་ཀོང་ཞིག་ཏུ་བཞུགས་ཉེ་གནས་ཀྱིས་རུ་གསེབ་ལ་འབྱོན་ཞུས་པས་ལྟོགས་ན་ནི་ཟན་དང་སྒོག་པ་ཟོ་དགེ་སྦྱོར་གྱིས་གསུངས། ཆོས་རྗེ་མི་ཕེབས་ཀྱང་ང་འགྲོ་ཞུས་པས་སྤུས་ཀྱིས་འགྲོ་ན་ཞྭ་མོ་དོ་ནས་ཡོངས་མ་ཟེར་གསུངས། ཉེ་གནས་ཀྱིས་ཕར་ཕྱིན་པས་ཁྱི་མང་པོ་བྱུང་། གཞོན་པ་ཀྲོག་ཀྲོག་ཚོས་ཁྱོད་གང་ནས་ཡིན། འདྲི་བ་ལ་ཁ་རྟབ་རྟབ་ཅིག་ལ་ཞྭ་མོ་དོ་ནས་ཡིན་ཟེར་བ་ཤོར་བས། ཁོང་ཚོ་ན་རེ། མཚོ་རུལ་ནས་ལོ་མང་པོ་སོང་འདི་ཨར་ཇག་པའི་མགོ་ཚོ་ཡིན་ཟེར་བརྡུང་ཐག་གཅིག་བཏང་། ཚུར་ལོག་ཆོས་རྗེས་བསོད་སྙོམས་ཨེ་བྱུང་གསུངས། བསོད་སྙོམས་མ་རྙེད་རྡུང་འཐག་རྙེད་ཞུས། ངས་ད་ཅི་ནས་སྡོད་ལ་དགེ་སྦྱོར་གྱིས་བྱས། ད་དགེ་སྦྱོར་གྱིས་གསུངས། དེར་


KMC018_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་བརྒལ་མཚམས་སུ་བུ་ཚ་གསུམ་པོ་སླེབ་ཕ་མ་ལ་སྐད་ཆ་བཤད་ནས་སྤྱན་འདྲེན་དུ་བྱུང་། རུ་བར་ཕེབས་ཞབས་ཏོག་ཞུས། ད་ཅི་ཆོས་རྗེའི་ཉེ་གནས་ཡིན་པ་ངོ་མ་ཤེས་པ་བཟོད་པར་གསོལ་ཟེར། ཞག་བདུན་བརྒྱད་ཙམ་བཞུགས། ཆོས་ཞུས་སླར་ཡོན་བདག་རྣམས་ན་རེ། ཁ་སང་ནས་ཆོས་ནུར་མར་ཤུགས་ཀྱིས་གསུངས་ལགས་ཀྱང་། ངེད་འབྲོག་པར་སོང་བས་ཆེར་མི་གོ་བ་འདུག །དམ་ཆོས་མགུར་རྟ་ལ་བསྐྱོན་པ་ཞིག་གསུང་བར་ཞུ་ཞུས་པས་མི་རྟག་པ་རྒྱུད་ལ་སྐྱེད་བྱེད་སྒོམ་གཤེགས་དྲུག་གི་མགུར་འདི་གསུངས་སོ།། ༈ བློ་ལས་སུ་རུང་བའི་སེམས་རྒྱུད་འདི། །གངས་དཀར་པོ་སྟོངས་ཀྱི་ན་བུན་འདྲ། །ན་བུན་ནམ་ཡལ་མི་ཤེས་སྒོམ་ལ་གཤེགས། །འདི་ཡལ་བར་ངེས་སོ་དམ་པའི་ཆོས་ལ་གཤེགས། །ལུས་འབྱུང་བཞི་འདུས་པའི་སྒྱུ་ལུས་འདི། །ཤིང་སྡོང་རྩ་བ་རུལ་བ་འདྲ། །ཤིང་སྡོང་ནམ་འགྱེལ་མི་ཤེས་སྒོམ་ལ་གཤེགས། །འདི་འགྱེལ་བར་ངེས་སོ་དམ་པའི་ཆོས་ལ་གཤེགས། །ཕ་མསའགྲན་སེམས་ཅན་གྱིས་བརྩིགས་པའི་ས་མཁར་འདི། །སྒྱུ་མ་མཁན་གྱི་མིག་འཕྲུལ་འདྲ། །སྒྱུ་མ་ནམ་འཇིག་མི་ཤེས་


KMC018_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལ་གཤེགས། །འདི་འཇིག་པར་ངེས་སོ་དམ་པའི་ཆོས་ལ་གཤེགས། །སེར་སྣས་བསགས་པའི་ནོར་རྫས་འདི། །སྦྲང་མས་བསགས་པའི་སྦྲང་རྩི་འདྲ། །སྦྲང་རྩི་སུས་སྤྱོད་མི་ཤེས་སྒོམ་ལ་གཤེགས། །འདི་གཞན་གྱིས་སྤྱོད་པར་ངེས་སོ་དམ་པའི་ཆོས་ལ་གཤེགས། །མཛའ་ཞིང་མཐུན་པའི་ཉེ་འབྲེལ་འདི། །ཚོང་དུས་ཚོགས་པའི་མགྲོན་པོ་འདྲ། །མགྲོན་པོ་ནམ་འགྱེས་མི་ཤེས་སྒོམ་ལ་གཤེགས། །འདི་འགྱེས་པར་ངེས་སོ་དམ་པའི་ཆོས་ལ་གཤེགས། །རང་གི་ཤ་ནས་ཆད་པའི་བུ་ཚ་འདི། །ལོ་བརྒྱ་ལོན་པའི་རྒན་གོག་འདྲ། །འདིས་ཕན་ཨེ་ཐོགས་མི་ཤེས་སྒོམ་ལ་གཤེགས། །ཕན་མི་ཐོགས་པར་ངེས་སོ་དམ་པའི་ཆོས་ལ་གཤེགས། །ཞེས་པའི་མགུར་མ་དེ་ལྟར་དུ་གསུངས་པས་ཡོན་བདག་རྣམས་དད་པ་ཆེར་སྐྱེས་ནས། ཆོས་རྗེ་རིན་པོ་ཆེ་གར་བཞུགས་རྩད་བཅད་ཅིས་ཀྱང་ཆོས་བྱེད་ཟེར། དུས་ཕྱིས་ཆོས་རྗེ་བྱང་དབུ་རི་ན་བཞུགས་པའི་དུས་སུ་ཡོན་བདག་མོ་དཀར་ལེགས་ཟེར་བ་དང་ཕྱུགས་རྫིའི་བུ་ཚ་གསུམ་ལ་སོགས་པ་ཁ་ཤས་བསླེབས་བྱུང་བ་སྐྲ་བཅད་མིང་


KMC018_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་རབ་ཏུ་བྱུང་ཆོས་ཞུས་སེམས་ངོ་སྤྲད། ཁྱད་པར་དམ་ཆོས་ཕྱག་རྒྱ་ཆེན་པོ་ལྟ་བ་སྟོང་ཉིད་དྲི་མེད་འོད་གསལ་གྱི་སྒོམ་ཕོག་པས་ཁོང་རྣམས་ལ་རོལ་པ་འགག་མེད་ཀྱི་ཉམས་ཤར། དེ་ལ་ཉམས་ལེན་ཁོ་ན་བྱས་པས་ཀུན་གཞིའི་ཡེ་ཤེས་ལ་བརྟན་པ་ཐོབ་པའི་རྟོགས་ལྡན་རི་ཁྲོད་ཕྱོགས་མེད་འགྲིམ་པའི་ཕོ་མོ་འགའ་ཐོན་ནོ། །ཁ་རག་སྒོམ་ཆུང་གི་ཐོ་ཆོས་ནི། ༈ ན་མོ་གུ་རུ། དགེ་བའི་བཤེས་གཉེན་ཆེན་པོ་པུ་ཏོ་བ་དང་ཁ་རག་སྒོམ་ཆུང་བ་གཉིས་འཕན་ཡུལ་གྱི་དགོན་པ་བྲག་རྒྱབ་ཡས་མར་དུ་བཞུགས་པའི་སྐབས་སུ། དགེ་བཤེས་པུ་ཏོ་བའི་ཐུགས་དགོངས་ལ་ཁ་རག་སྒོམ་ཆུང་འདི་ལ་སྒོམ་གྱི་གནད་ནི་ཆེར་མེད་པ་བླུན་སྒོམ་ལ་སྒོམ་སྲན་ནི་ཆེ་བར་འདུག །དེ་བས་ང་ལ་སྒོམ་ཞིག་ཞུས་ན་ཆོས་ཆོས་སུ་འགྲོ་བ་ཞིག་འོངས་ཏེ་དགོངས་པ་ཞིག་བྱུང་བས། ལན་ཅིག་ཚོགས་གྲལ་ཞིག་ཏུ་མཇལ་བས། པུ་ཏོ་བའི་ཞལ་ནས། ཁྱེད་སྒོམ་སྲན་ཆེ་ཉམས་རྟོགས་ཀྱི་རིམ་པ་ཇི་ལྟར་བྱུང་ལགས་གསུངས་པས། ཁ་རག་སྒོམ་ཆུང་བའི་ཞལ་ནས། བདག་གིས་དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་བསྒོམས་པས་འཇིག་རྟེན་འདི་ལ་བློ་ལོག་པར་གོ་ལགས། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསམས་པས་སྲིད་པའི་བདེ་བ་དང་། འདོད་ཡོན་ལ་བློ་ལོག་པར་གོ་ལགས། གནས་གང་དུ་སྐྱེས་ཀྱང་བདེ་སྐབས་མེད་པར་བསྒོམས་པས་ཁམས་


KMC018_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་བ་ལ་བློ་ལོག་པར་གོ་ལགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་རང་ཞི་བདེ་དོན་གཉེར་ལས་བློ་ལོག་པར་གོ་ལགས། ཆོས་ཐམས་ཅད་རང་བཞིན་སྐྱེ་བ་མེད་པར་བསྒོམས་པས་གཟུང་འཛིན་མཐའ་དག་ལ་བློ་ལོག་པར་གོ་ལགས་ཞུས་པས། པུ་ཏོ་བའི་ཐུགས་དགོངས་ལ་ཕ་གི་སྒོམ་ཆུང་དུ་མི་འདུག་སྒོམ་ཆེན་དུ་འདུག་དགོངས་ནས་སྔར་ཅོ་འདྲི་བྱས་པ་ལ་བཤགས་པ་མཛད་དེ། སང་ཆོས་ཀྱི་གསུང་གླེང་བྱེད་པ་ལ་ཡོང་བས་ཁྱེད་ཀྱིས་བསྒོམས་པའི་ཉམས་རྟོགས་རྣམས་ཡི་གེར་བཀོད་པ་ཞིག་ཞུ་གསུངས་ནས་སང་ཉིན་དགེ་བཤེས་པོ་ཏོ་བ་དེ་ཉིད་ཀྱིས་མཇལ་བར་བྱོན་པས་ཁ་རག་སྒོམ་ཆུང་བ་སྐུ་མཚམས་ལ་བཞུགས་འདུག །ཕྱོགས་བཞི་ལ་ཐོ་བཞི་བརྩིགས་ནས། ཤར་གྱི་ཐོ་ལ་ནི། ༈ ཉམས་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་། །བརྟན་པ་ཐོབ་ན་རྐྱེན་ངན་གྲོགས་སུ་འཆར། །ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་ནོ། །གཅིག་པུར་སྡོད་པ་ཁོ་བོའི་དམ་བཅའ་ཡིན། །ལྷོ་ཡི་ཐོ་ལ་ནི། ༈ འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་ཡོང་། །དེ་ལ་འབྲོས་པའི་ཐབས་ནི་གཅིག་ཀྱང་མེད། །ད་ལྟ་གཉིད་དང་གཡེང་བས་མ་དྲན་པས། །ཅི་འདྲའི་དུས་ཤིག་བདག་ལ་ནམ་ཡོང་


KMC018_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཨང་། །ནུབ་ཀྱི་ཐོ་ལ་ནི། ༈ ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །བྱང་ཆུབ་དམ་པ་ཕྱི་ནས་བཙལ་ཐབས་མེད། །དགྲ་གཉེན་ཉེ་རིང་ཀུན་ལ་མ་ཆགས་པར། །ཕྱི་མའི་དོན་དུ་བྱང་ཆུབ་སྒྲུབ་པར་རིགས། །བྱང་གི་ཐོ་ལ་ནི། ༈ ཐ་སྙད་ཚིག་ལ་མི་ཟད་ཐུག་པ་མེད། །དེ་བས་རྒྱལ་བའི་དགོངས་པ་ལོང་མཛོད་ལ། །གོང་མའི་གདན་ས་དབེན་གནས་དམ་པ་ཡིན། །བསེ་རུ་བཞིན་དུ་གཅིག་པུར་གནས་པར་གྱིས། །སྒོའི་ཡ་ཐེམ་ལ་ནི། ༈ སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང་། །སྒོམ་ཆེན་འཁྱགས་སམ་ལྟོགས་ནས་ཤི་བ་དག །མཐོང་ངམ་ཐོས་སམ་སུ་ལ་ཆ་ཡོད་དམ། །སྙིང་པོའི་རྣལ་འབྱོར་སྒྲུབ་ལ་བརྩོན་པར་གྱིས། །སྒོའི་མ་ཐེམ་ལ་ནི། ༈ སྙིང་རིང་བཀའ་བློ་མི་བདེ་རང་འདོད་མཁན། །ཟག་པ་འཕེལ་བའི་འཁོར་གཡོག་མེད་ན་ལེགས། །ཁོ་བོའི་ཉེ་གནས་ཤེས་རབ་བརྩོན་འགྲུས་ཡིན། །འདོད་པའི་དོན་རྣམས་སྒྲུབ་ལ་སྐྱོ་ངལ་མེད། །ན་མོ་གུ་རུ། བཀྲ་ཤིས་བདེ་ལེགས་ཕུན་སུམ་


KMC018_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་ལྡན་པར་གྱུར་ཅིག །ད་ལན་སྐབས་ལ་བབས་པའི་ཆོས་མགུར་འདི་མཚུངས་མེད་སྐྱེས་མཆོག་བསམ་གཏན་དཔལ་ལེ་དེ་ཉིད་ཀྱིས་རྒྱ་བྲག་སྤྲུལ་སྐུ་ཡེ་ཤེས་གཞོན་ནུ་དེ་ཉིད་ཀྱི་སྙན་པ་དང་གྲགས་པ་གསན་པས་ཡིད་གཡོས་ནས་དགེ་བཤེས་གཞོན་རིན་དང་འགྲོགས་ནས་ལན་པར་མཇལ་དུ་བྱོན་པའི་ཚེ། མཇལ་གླུ་རིང་མོར་གྲགས་པ་འདི་གསུངས་སོ།། ༈ ཆོས་རྗེའི་སྙན་པ་རྒྱང་ནས་འཁུམས། །མོས་གུས་གདུང་ཤུགས་དྲག་པོ་ཡིས། །ཡིད་གཡོས་དགེ་བཤེས་གཞོན་རིན་དང་། །འགྲོགས་ནས་ལན་པར་མཇལ་དུ་བྱོན། །ལན་པའི་མདའ་རུ་སླེབ་ཙ་ན། །སྔར་མ་ཚོར་བའི་དྲི་མཆོག་ཞིག །ཁྱད་པར་ཅན་ཞིག་ཚོར་བ་ལ། །ཁོ་ལ་ཅི་ཡིན་དྲིས་པ་ལས། །སེ་བའི་དྲི་མ་ཡིན་འོང་ཟེར། །དེ་ནས་ཡར་ལ་བྱོན་ཙ་ན། །སྔར་བཞིན་བྱུང་བས་ཁོང་ན་རེ། །བླ་མའི་ཚུལ་ཁྲིམས་དྲི་བསུང་ཡིན། །ངས་ནི་ཅི་ཡང་མ་ཚོར་ཏེ། །ཁྱེད་རང་སྣང་བ་དག་པས་གསུངས། །དེ་ནས་གཟིམས་ཁང་མཐོང་བ་ཡིས། །དད་པ་སྐྱེས་ནས་ཡིད་གཡོས་པས། །མོས་པའི་སེམས་ཀྱིས་མཆི་མ་བྱུང་། སྐད་


KMC018_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དེ་ཡི་མོད་ལ་ནི། །དུང་དཀར་པོའི་རྒྱང་གྲགས་སྐད་ཐོས་པས། །ཤིན་ཏུ་དད་པའི་སྤྲོ་བ་སྐྱེས། །ཚོགས་པ་ཀུན་ལ་དག་སྣང་འབྱོངས། །འཁར་གསིལ་ལྷུང་བཟེད་ལ་སོགས་པའི། །ཡོ་བྱད་དཔྱད་པོ་ཕྱོགས་གཅིག་བཞག །བསམ་པ་དག་པའི་ཕྱག་རྟེན་བཏོན། །སྐད་ཅིག་དེ་ཡི་མོད་ཉིད་ལ། །སྤོས་དུད་ཆེན་པོ་ཁྱེར་ནས་བྱུང་། །ཞལ་སྔར་མ་མཐོང་བའི་གཟི་མདངས་ཅན། །སྟོང་གསུམ་ཁྱབ་པའི་སྙན་པ་ཅན། །བྱིན་རླབས་ཀྱི་ན་བུན་འཐུལ་བ་དེ། །ང་རང་དབང་མེད་པའི་མོས་གུས་སྐྱེས། །ངོ་ཚ་མེད་པའི་སྨྲེ་སྔགས་བཏོན། །བྱིན་རླབས་ཅན་གྱི་བླ་མ་དེ། །བཞུགས་འབོལ་སྟེང་དུ་བཞུགས་པའི་ཚེ། །མོས་ཤིང་གུས་པས་ཕྱག་རྟེན་ཕུལ། །དད་ཅིང་གུས་པས་སྙུན་མེད་ཞུས། །བུ་བྱོན་ནམ་སྐུ་ཁམས་དགྱེས་སམ་གསུངས། །དེ་ནས་གྲལ་ལ་བསྡད་ཚེ་ཡང་། །བྱིན་རླབས་སྟོབས་མཆོག་རིན་པོ་ཆེ། །མཐོར་བ་ཙམ་གྱིས་མཆི་མ་གཡོས། །བདག་འདྲ་


KMC018_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་སེམས་ཅན་ལ། །ཐུགས་རྗེས་ཟུང་ཞེས་གསོལ་བ་བཏབ། །དེ་ནས་བཟུང་སྟེ་རིན་པོ་ཆེའི། །བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ལ། །རྩེ་གཅིག་གདུང་བས་འཐུང་བ་ཡིན། །ཕ་སྐུ་དྲིན་ཆེ་ཡོ་རྒྱ་བྲགས་པ། །དྲིན་སྒྲུབ་པས་མཆོད་དོོ་རིན་པོ་ཆེ། །དོན་གཉིས་ཕུན་ཚོགས་ཀྱི་རྟེན་འབྲེལ་ཞུ། །ཞེས་གསུངས། ༈ ན་མོ་གུ་རུ། ཕོ་མདོ་མེད་ཀྱི་སྤྲང་པོ་བསམ་གཏན་དཔལ། །ལས་ཟིན་མེད་ཀྱི་བྱ་བ་རྒྱབ་ཏུ་བཞག །སེམས་ཟིན་མེད་ཀྱི་མི་སེམས་མ་བཟུང་བར། །སྐྱབས་གཏན་ལེགས་གྱི་བླ་མས་རྗེས་སུ་བསྐྱབས། །གཏན་འདུན་ལེགས་ཀྱི་འཁོབས་སུ་ཚུད་པ་དེས། །ཅི་བདེ་སྤྱོོད་ལམ་ཡན་པ་འདིས། །གང་སྤྱད་ཀྱང་དེ་ཉིད་ཀྱི་ཀློང་ན་བདེ། །ཕྱོགས་རིས་མེད་པ་ཤེས་པ་ལོས་ཀྱང་བདེ། །གཏན་བརྒལ་དཀའ་འཁོར་བའི་ཆུ་ལས་ཐར། །རྗེ་ས་མཁན་གྱིས་ཐར་པའི་སྲང་དུ་བཅུག །སྣང་སྲིད་ལ་མཐའ་གཉིས་སྤངས་པ་དེ། །ལམ་གོལ་བདུད་ཀྱི་འཕྲང་ལས་གྲོལ་ལས་ཆེ། །


KMC018_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་མ་ཡེངས་ཀྱི་བར་ལག་འགྱེལ་བ་དེས། །སྒོམ་ཐོབ་ཤོར་གྱི་བདུད་ལས་རང་སར་གྲོལ། །ད་བྱིང་རྒོད་ཀྱི་མཚན་མ་སྒོམ་དུ་ཤར། །ད་ཆོས་སྐུ་ལ་ཕྱོགས་རིས་མེད་ལས་ཆེ། །རྟོག་པ་དང་གཉེན་པོ་ངོ་མཉམ་རིག །ད་རོལ་པའི་ཀློང་དུ་ཆུད་པ་དེས། །མཉམ་རྗེས་ཀྱི་མཚན་མ་རང་སར་ཞི། །གཉིས་འཛིན་གྱི་སྤུ་རིས་ཡལ་ལས་ཆེ། །རང་རིག་གི་ངོ་བོ་གང་སྣང་ལས། །བཅོས་བསྒྱུར་གྱི་འདོད་བློ་མ་འཚལ་བས། །ཇི་བཞིན་དེས་རང་སར་ཆོག་པ་ལས། །འདོད་བློའི་དྲི་མ་ཀུན་དག་ལས་ཆེ། །བདེ་སྐྱིད་འདུན་མ་བཏང་བ་དེས། །ཚེ་འདི་གང་གི་ལམ་ལས་བྱས་པ་བདེ། །སྤང་བློ་དང་འདོད་བློ་མ་ཞུགས་པས། །གང་བྱུང་ཀུན་ལམ་དུ་ཚུད་ལས་ཆེ། །ལས་ཆུང་དོན་ཆེན་འགྲུབ་པའི་གསང་ལམ་འདི། །བྱིན་རླབས་དྲོད་ཚད་ཕེབས་པའི་རྒྱུད་ལྡན་པ། །མཆོག་དོན་རྟོགས་པའི་རི་ཁྲོད་བསམ་གཏན་དཔལ། །ལམ་འཚོལ་སྐྱེས་བུའི་དོན་དུ་བརྩེ་བས་བཀོད། །


KMC018_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ།། ༈ ན་མོ་གུ་རུ་བུདྡྷཱ་ཡ། རྒྱུ་ཅི་ཡོད་ཕུལ་ཀྱང་དྲིན་མི་འཁོར། །ལས་མདོ་ཅན་བཏང་བའི་བཀའ་དྲིན་ཆེ། །སེམས་མི་སྲུན་ཐུལ་བས་ལན་མ་འཁོར། །མཐའ་མེད་འཁོར་བའི་ཐོག་ཐ་བཅད། །དུས་ཡབ་ཅིག་ལ་གཏན་གྱི་བྱ་བ་ཟིན། །ཕོ་མདོ་མེད་འགའ་ལ་ཆེ་སར་བཞག །འཁོར་འདས་ཀུན་འདུན་སྟངས་སྐད་ཅིག་བཅད། །ཕ་ཡང་ཡང་དྲན་པས་མཆི་མ་ཤོར། །དྲིན་འཁོར་ཐབས་མེད་པ་སེམས་ལ་གཅགས། །ཕྱོགས་མེད་ཐོས་པ་སྐད་ཅིག་བྱས། །དོན་བྱ་བ་ཆེ་ཆུང་ཁྱེད་ཀྱིས་བསྒྲུབས། །བདེ་སྐྱིད་ལ་བསྐྱངས་པས་བཀའ་དྲིན་ཆེ། །སྔོན་སྦྱངས་ལས་ལ་མ་ལྟོས་པར། །བདག་ཐ་མལ་སེམས་ལ་སངས་རྒྱས་བྱས། །ལོག་པའི་བསམ་པ་ཆུ་ལ་ཕོ། །དྲིན་འཁོར་མེད་ཀྱི་བླ་མ་སྤྱི་གཙུག་བཞུགས། །དུས་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དྲིན་འཁོར་ཐབས་མེད་པས་སེམས་གནོང་ལ། །རེ་ལྟོས་བཅས་པ་ཁྱོད་ལས་མེད། །ཡི་དམ་སྒོམ་པ་བླ་མ་ལ། །ཆོས་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next