ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་རྒྱས་བསྡུས་ཐར་པའི་ཐེམ་སྐས།
ཚོགས་གསོག་གི་རིམ་པ་དང་རྗེས་སུ་འབྲེལ་བའི་སྡོམ་པ་གསུམ་གྱི་གསོ་སྦྱོང་རྒྱས་བསྡུས་ཐར་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
ན་མོ་རཏྣ་ཏྲ་ཡཱ་ཡ། །བླ་མ་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་དད་པས་རབ་བཏུད་ནས། །དུས་དང་རྒྱུན་ཏུ་བྱ་བ་ཡི། །ཚོགས་གསོག་གསོ་སྦྱོང་རིམ་པ་འཆད། །དེའང་ཞིང་ས་བཟང་པོར་ལོ་ཏོག་བཏབ་ཟིན་ནས་འབྲས་བུ་མ་སྨིན་གྱི་བར་དུ་སོ་ནམ་སོགས་གཉེར་ཁལ་བརྩོན་དགོས་པ་བཞིན་ཏུ། རང་རེ་རྣམས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཤིང་རྒྱུད་སྡོམ་པ་གསུམ་ལྡན་ཏུ་བསྒྲུབས་ཟིན་པས་བྱང་ཆུབ་མ་ཐོབ་གྱི་བར་དུ་ཚོགས་གཉིས་གོང་ནས་གོང་དུ་སྤེལ་ཞིང་བསླབ་པ་རྣམ་པར་དག་པ་ལ་བརྩོན་དགོས་པའི་ཕྱིར། སྡོམ་གསུམ་རང་རང་གི་མི་མཐུན་ཕྱོགས་སྤོང་བའི་དྲན་པ་དང་ཤེས་བཞིན་ལ་རྟག་
ཏུ་གནས་པ་དང་། བསླབ་བྱའི་རིམ་པ་ཇི་སྐད་བཤད་པ་མཐའ་དག་ངེས་པར་ཉམས་སུ་བླང་དགོས་ཀྱང་ཡུལ་དུས་དང་གང་ཟག་དབང་གིས་བཤད་ཚོད་རྒྱུད་ལ་འབྱོར་བ་ནི་དཀོན་པར་མཐོང་བས། དེས་ན་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་ཐབས་འདི་ཙམ་ལ་སྙིང་ཐག་པ་ནས་གཡར་དམ་དུ་བྱས་ན་དོན་རྩ་ཕལ་ཆེར་འདུ་བ་ཡིན་པས་དུས་མཐུན་གྱི་ཉམས་ལེན་ལག་ཏུ་བླང་བདེར་འཆད་པ་ལ་གཉིས། ཅུང་ཟད་རྒྱས་པ་དང་། མདོར་བསྡུས་པའོ། །དང་པོ་ནི། སྟོན་པའི་དུས་ཆེན་བཞི་ལྟ་བུར་གནས་ཁང་བྱི་དོར་བྱས་ཞིང་བླ་རེ་འཕན་གདུགས་རྒྱལ་མཚན་ལ་སོགས་བརྒྱན་གྱིས་སྤྲས་པའི་གུང་དུ་དཀོན་མཆོག་གི་རྟེན་བཤམས་པའི་སྤྱན་སྔར་མཎྜལ་གྱི་ཡོ་བྱད། སྤོས་དང་མེ་ཏོག་མར་མེའི་ཕྲེང་བ་
གཙང་ཞིང་བསོད་པའི་ཞལ་ཟས་ཀྱིས་མཚོན་མཆོད་པའི་ཡོ་བྱད་ཅི་འབྱོར་ཚར་དུ་དངར་བ་བཤམ། སྔ་དྲོའི་ཆར་ཡིད་ཉོན་མོངས་པས་མ་སྦགས་ཤིང་དད་སོགས་དགེ་བ་དང་རྗེས་སུ་དྲན་པ་དྲུག་ལ་བློ་མངོན་ཏུ་བཞག་སྟེ་ཉམས་ལེན་དངོས་ལ་བརྒྱད། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་འགྲོ་ཀུན་གུས་པས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་
སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །དེ་རྣམས་ལན་གསུམ་གསུམ་བརྗོད། །གཉིས་པ་བསགས་སྦྱོང་བྱ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། །ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་
གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟྟེ་བྷྱཿསྭཱ་ཧཱ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ན་མོ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ། །དངོས་དང་ཡིད་ཀྱིས་བཤམས་ཤིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་སྤྱན་འདྲེན་
གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ཏེ། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་མཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །
རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལ་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །བླ་མ་མཉམ་མེད་
སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱེད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པར་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །
རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམ་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམ་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་
ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་
དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨཱརྷ་ཏེ་ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་བ་སཾ་ཀྲ་མཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། །རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་
དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ན་དེ་བཞིན་ཏུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྦུད་པ་དང་། །ཤིང་གང་འབྲས་བཟང་ཡལ་གས་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་
བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་སྟེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཅད་མི་བགྱིད་དོ། ༈ །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་
པདྨ་དང་། །ཨུཏྤ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དཀྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་
དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གི་ར་བས་ཡོངས་སུ་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་བོ་མཆོག་རབ།
ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། །རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་
རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་ཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་ཏེ། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་མཎྜལ་པཱུ་ཛ་མེ་གྷ་ས་
མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེར་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་མཉམ་པའི་འགྲོ་བ་སྒྲོལ་བར་ཤོག །སེམས་ཅན་ཐམས་ཅད་རྟག་པར་བླ་མ་སོགས་ནས། སྐྱབས་སུ་ཉེ་བར་མཆིའོའི་བར་ལྟུང་བཤགས་ཚང་བ་བརྗོད། དེ་ནས་སྤྱི་བཤགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དང་། དེ་དང་ཉེ་
བ་ལྔ་བགྱིས་པ་དང་། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་
པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །རྒྱ་གར་སྐད་དུ། གཱ་ཐཱ་དྭ་ཡ་དྷཱ་ར་ཎི། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང་། །ལེ་ལོ་དང་ནི་ཅུང་ཙམ་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང་། །འགྱོད་པ་དང་ནི་མ་ངེས་འགྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་བ་སྟེ། །དེ་ཡི་གཉེན་པོ་ཐེག་པ་མཆོག་བསྟན་པ། །འདི་ཡིས་བར་དུ་གཅོད་པ་དེ་དག་གི །ཉེས་པ་ཐམས་ཅད་རབ་ཏུ་སྤང་བར་འགྱུར། །ཏདྱ་ཐཱ། ཨོཾ་བཛྲ་པྲཱ་ཀཱ་ར་བཛྲ་པྲཱ་ཀཱ་ར་བཛྲ་ཙཀྲ་
དཾཥྚ་བྷ་ཡཱ་ན་ཀེ། ཨ་མ་ལེ། བི་མ་ལེ། ནི་རྨ་ལེ། ཙ་ལེ་ཙུ་ལེ་ཙུ་ལུ་ཀེ་ཙུ་ལུ་ཀེ། ཙུ་ལུ་ཙུ་ལུ་སརྦ་བུདྡྷེ་སྭཱ་ཧཱ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། །ཚིག་གམ་དོན་གྱིས་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་འགྱུར། ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང་། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་འཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང་། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་འཕྲད་པར་འགྱུར་བ་དང་། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང་། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་འཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་
པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་སོགས་ནས། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །གསུམ་པ་བླ་མ་དང་སངས་རྒྱས་རྗེས་དྲན་ཟུང་འཇུག་ཏུ་བསྒོམ་པ་ནི། ན་མོ་གུ་རུ། །དོན་དམ་དབྱིངས་ལ་འགྲོ་འོང་གནས་པ་བྲལ། །རྣམ་པའི་ཚུལ་ལས་ཕྱོགས་དུས་ཀུན་ཏུ་ཁྱབ། །ཆོས་རྣམས་ཀུན་གྱི་གདོད་མའི་གནས་ལུགས་མཆོག །སངས་རྒྱས་བླ་མ་ཆོས་སྐུར་སྐྱབས་སུ་མཆི། །ནམ་མཁའི་མཐས་གཏུགས་སེམས་ཅན་སྒྱུ་མ་འདྲ། །འཁྲུལ་པའི་སྣང་བ་ཙམ་འདི་རང་སངས་ནས། །ཡེ་ཤེས་རོ་མཉམ་གཅིག་ལ་འགོད་པའི་ཕྱིར། །བླ་མ་སངས་རྒྱས་རྗེས་དྲན་བསྒོམ་པར་བྱ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འདི་ཉིད་དོ། །ཅེས་དལ་བུས་བརྗོད་ལ་དོན་བསམ་སྟེ། དེ་ཡང་། རྒྱལ་མཆོག་འདྲེན་པ་ཤཱཀྱ་ཐུབ་པ་དེ། །བདུད་བཞི་བཅོམ་ཞིང་སྐལ་པ་དྲུག་དང་ལྡན། །གནས་ལུགས་ཇི་བཞིན་གཟིགས་པ་མ་ནོར་བ། །ཉོན་མོངས་བག་ཆགས་བཅས་པ་མ་ལུས་བཅོམ། །ཉེས་སྐྱོན་ཀུན་སངས་ཤེས་བྱ་ཐམས་ཅད་ལ། །མཁྱེན་སོགས་རབ་རྒྱས་དུས་གསུམ་མ་ལུས་མཁྱེན། །རྫུ་འཕྲུལ་བགྲོད་པ་ནམ་མཁའི་མཐས་གཏུགས་ཁྱབ། །རྒྱུ་མཆོག་བསྒྲུབས་པས་འབྲས་བུ་བླ་མེད་བརྙེས། །ལས་ཉོན་སྡུག་བསྔལ་འཁོར་བ་མཐའ་དག་རིག །སྐྱེ་འགྲོ་སེམས་ཅན་མ་ལུས་ཐབས་ཀྱིས་འདུལ། །ཁྱོད་ལས་ལྷག་དང་ཁྱོད་མཚུངས་གང་ནའང་མེད། །ཀུན་ལ་ཐར་ལམ་སྟོན་པའི་ཕྲིན་ལས་ཅན། །ཅེས་པ་ཆོ་ག་རེ་
རེའི་དོན་བསམ། དེ་ལྟར་སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ། །རྟག་ཅིང་མི་འགྱུར་ཡོན་ཏན་ཀུན་དང་ལྡན། །གདོད་ནས་ཉེས་པ་ཀུན་ལས་གྲོལ་གྲོལ་བ། །འཁོར་འདས་ཀུན་ལ་རྟག་ཏུ་ཁྱབ་པར་བཞུགས། །སྤྲོས་པའི་མཐའ་རྣམས་ཀུན་གྱིས་རྟག་ཏུ་དབེན། །བདག་ལ་རྒྱལ་བའི་ཆོས་སྐུ་འདི་ཉིད་བཞུགས། །མེ་ཏོག་གར་ཡོད་མེ་ཏོག་དྲི་ཡོད་ལྟར། །གཟུགས་སྐུ་གཉིས་ཀྱང་བདག་དང་འབྲལ་བ་མེད། །ཅེས་བརྗོད་ཅིང་དོན་བསམ། འདི་ལྟར་ནས་བཟུང་དེ་ཉིད་ལན་མང་དུ་བསམ་མོ། །རང་གི་མདུན་ནམ་སྤྱི་བོའམ་སྙིང་གར་མཚན་དཔེ་ཐམས་ཅད་ཡོངས་སུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་གྱུར། །འདི་ཉིད་རྩ་བའི་བླ་མ་དམ་པ་ཡིན། །དཔལ་ལྡན་བླ་མ་སངས་རྒྱས་བཅོམ་ལྡན་འདས། །ཆོས་སྐུ་ཉག་གཅིག་ནམ་མཁའི་མཐའ་དང་མཉམ། །གསོལ་བ་འདེབས་སོ་བདག་ལ་བྱིན་གྱིས་རློབས། །ཆོས་ཀུན་རང་བཞིན་གདོད་མའི་ཡེ་ཤེས་འདི། །དཔལ་ལྡན་བླ་མའི་ཐུགས་
མཆོག་ཆོས་ཀྱི་སྐུ། །སངས་རྒྱས་ཀུན་དང་རོ་མཉམ་གཉིས་སུ་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྣམ་རྟོག་འབད་རྩོལ་སྤྲོས་པ་མི་མངའ་ཡང་། །གང་འདུལ་སྐུ་ཡི་སྣང་བ་མཐའ་ཡས་སྟོན། །གཟུགས་སྐུ་བཤེས་གཉེན་དམ་པའི་རྣམ་པར་ཤར། །རྡོ་རྗེ་འཛིན་དབང་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བ་རིགས་ལྔ་གདོད་ནས་ལྷུན་གྲུབ་དེ། །གཞན་སྣང་ཕུང་ལྔའི་ཚུལ་གྱིས་འགྲོ་དོན་མཛད། །ཕུང་པོའི་རྣམ་པས་འདུལ་བའི་འགྲོ་ཀུན་སྒྲོལ། །ཕུང་པོ་གཞན་མཆོག་ཁྱོད་ལ་གསོལ་བ་འདེབས། །ཆོས་ཉིད་གདོད་མའི་དེ་བཞིན་གཤེགས་པ་གང་། །སེམས་དཔའ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་མ། །འབྱུང་བཞི་དབང་པོ་སོགས་ཀྱིས་འདུལ་བ་ལ། །དེ་དེའི་རྣམ་པར་སྟོན་ལ་གསོལ་བ་འདེབས། །ཀུན་གྱི་རང་བཞིན་ཡེ་ཤེས་སྤྲོས་བྲལ་ལས། །ཆོས་སྐུ་མཁའ་ཁྱབ་ཞེས་བྱ་གཞན་ཡོད་མིན། །དེ་ཉིད་དྲིན་ཅན་ཆོས་རྗེ་ཁྱོད་ཀྱི་ཐུགས། །རྡོ་རྗེ་འཛིན་
དབང་ཁྱོད་ལ་གསོལ་བ་འདེབས། །དོན་དམ་སྲིད་གསུམ་གདོད་ནས་རང་ཤར་ཏེ། །གདུལ་བྱའི་སྣང་ངོར་སྲིད་གསུམ་ཀུན་དུ་སྣང་། །དོན་མེད་མ་ཡིན་རྟག་ཏུ་ཕན་བདེར་མཛད། །ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་གསོལ་བ་འདེབས། །བརྟན་གཡོ་ཀུན་གྱི་རང་བཞིན་བླ་མ་ཁྱེད། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀུན་དངོས་ལགས། །འགྲོ་བ་ཀུན་གྱི་སྙིང་པོར་བཞུགས་པ་དེ། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །བཞི་པ་ཐེག་པ་ཆེ་ཆུང་གཉིས་ཀའི་དབང་དུ་བྱས་ཏེ་ཞི་གནས་གསོ་སྦྱོང་ནི། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློགས་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་
སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ལྔ་པ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཟུང་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། ཅེས་ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་
རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། ལན་གསུམ། འདིར་སྤྲོ་ན་དོན་ཞགས་ཀྱི་གཟུངས་མདོ་ལས་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷཱུ་ཥི་ཏེ་བྷུ་ཛ། དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། གང་ཞིག་ཉིན་རེ་རེ་བཞིན་གཟུངས་འདི་དྲན་ན་ཚུལ་ཁྲིམས་ཀྱི་ཉེས་ལྟུང་ཐམས་ཅད་དག་ཅིང་ཕྱིན་ཆད་བྱང་ཆུབ་ཀྱི་བར་དུ་ཚུལ་ཁྲིམས་རྣམ་པར་དག་པར་འགྱུར་རོ། །དེ་ནས་སྨོན་ལམ་གདབ་པ་ནི། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་
ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པས་མི་རྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །སོགས། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་བརྗོད་དོ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་
ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཨོཾ་ན་མསྟྲཻ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བཔྟི་དྷརྨ་ཏཱ་བ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ་ཨ་ནནྟ། བཱཔྟི་ཤཱ་ས་ནི་ཧ་
ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་འདི་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་སྡོམ་པའི་ཉེས་ལྟུང་དག་ནས་བྱང་ཆུབ་ཀྱི་ཁམས་གོང་ནས་གོང་དུ་འཕེལ་བར་འགྱུར་བས་ལན་ཅི་ནུས་བཟླ། དེ་ནས། རྒྱ་གར་སྐད་དུ། ཨཱརྻ་ཥཊ་མུ་ཁི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གྱི་ཁྱམས་གནས་གཙང་མའི་སྟེང་། ནམ་མཁའི་དཀྱིལ་ན་གནས་པ་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་རྣམ་པར་ཕྱེ་བས་སྤྲས་པ་ན། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་
དག་ཁྱོད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུང་ཞིག །དེ་ནི་འདི་ལྟ་སྟེ། བདག་འཁོར་བ་ན་འཁོར་བའི་ཚེ། སྡུག་བསྔལ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིག །བདག་གིས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་གྱུར་ཅིག །བདག་ལ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པ་གང་ཅི་ཡོད་པ་དེ་སོ་སོར་བཤགས་པ་བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིག །བདག་ལ་བདུད་ཀྱི་ལས་གང་དག་ཡོད་པ་དེ་དག་ཡོངས་སུ་ཤེས་པ་བླ་ན་མེད་པས་ཡོངས་སུ་མི་ཤེས་པར་མ་གྱུར་ཅིག །བདག་གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་ཡང་རུང་། གང་ཅི་ཡོད་པ་དེའི་འབྲས་བུ་བླ་ན་མེད་
པའི་ཡེ་ཤེས་སུ་གྱུར་ཅིག །བདག་གི་རྣམ་པར་གྲོལ་བ་གང་ཡིན་པ་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་གྱུར་ཅིག །འཁོར་བ་དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག །ཏདྱ་ཐཱ། ཨོཾ་ཀྵ་མེ་ཀྵ་མེ། །ཀྵནྟེ་ཀྵནྟེ། དམེ་དམེ། དཱནྟེ་དཱནྟེ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ་སུ་བྷ་དྲེ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ་སུ་ཙནྡྲེ། ཙནྡྲ་ཀི་ར་ཎེ། ཙནྡྲ་ཝ་ཏི། ཏེ་ཛོ་ཝ་ཏི། དྷརྨ་ཝ་ཏི། ཡ་ཤོ་ཝ་ཏི། པྲཧྨ་ཝ་ཏི། སརྦ་གླེ་ཤ་བི་ཤོ་དྷ་ནི། སརྦ་ཨཱརྠ་སཱ་དྷ་ནཱི། སརྦ་ཨ་ནརྠ་པྲ་ཤ་མ་ནི། པ་ར་མ་ཨཱརྠ་སཱ་བྷ་ནི། ཀཱ་ཡ་བི་ཤོདྷ་ནི། ཝཱཀ་བི་ཤོདྷ་ནི། མནཿསཾ་ཤོདྷ་ནི་སྭཱ་ཧཱ། རིགས་ཀྱི་བུ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་ནས་སྐྱེ་བ་བདུན་གྱི་བར་དུ་དེས་ནི་སྐྱེ་བ་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །དྲུག་པ་རྡོ་རྗེ་ཐེགས་པ་ཐུན་མོང་མ་ཡིན་པ་འོད་གསལ་རྡོ་རྗེ་སྙིང་པོའི་ལུགས་ཀྱི་བསགས་སྦྱོང་སྔོན་ཏུ་འགྲོ་བའི་སྡོམ་པ་དང་དམ་ཚིག་བཟུང་བ་ནི། ཧོ་ཆོས་དབྱིངས་རྣམ་དག་ལྷུན་གྲུབ་ཆེན་པོ་ནས། །དཔག་ཡས་ཐུགས་རྗེའི་རྣམ་འཕྲུལ་འགྱེད་པའི་ལྷ། །ཀུན་བཟང་རིགས་ལྔ་སྐྱབས་གནས་ཐམས་ཅད་ཀུན། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཅན་གཏེར་བདག་རྣམས། །གནས་
འདིར་བྱོན་ལ་བདག་སོགས་བྱིན་གྱིས་རློབས། །ཨོཾ་བཛྲ་ས་མཱ་ཡ་ཛཿ ས་མ་ཡ་སྟྭཾ། །རོལ་མོ་དབྱངས་སྙན་ཡིད་འོང་བདུད་རྩིའི་ཆུས། །ཡོན་ཏན་རྒྱ་མཚོའི་ཚོགས་ལ་ཁྲུས་གསོལ་ཞིང་། །ན་བཟའ་རིན་ཆེན་རྒྱན་མཆོག་འདི་ཕུལ་བས། །འགྲོ་ཀུན་སྐྱོན་བྲལ་ཡོན་ཏན་རྫོགས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོདྷ་ན་ཡེ་སྭཱ་ཧཱ། །སྣང་སྲིད་རྣམ་དག་སངས་རྒྱས་ཞིང་ཁམས་འདིར། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་ཕུལ་བས། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །བཛྲ་ཨཱརྒྷཾ༴ པཱ་དྱཾ༴ པུཥྤེ༴ དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་བི་དྱ༴ ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། །མངོན་པར་བྱང་ཆུབ་ཆོས་སྐུ་དག་པ་ལས། །མཛད་པའི་རྣམ་འཕྲུལ་སྒྱུ་མའི་སྐུར་བཞེངས་པ། །བླ་མ་མཆོག་གསུམ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་
ཚོགས་ལ་གུས་ཕྱག་འཚལ། །རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི། །འགལ་འཁྲུལ་ཉམས་ཆགས་དུས་འདིར་བསྐང་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བ་དང་། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཨོཾ་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། སྤྱི་བཤགས་ནི། །ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པའི་ལྷ། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་
བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་རབ་འབྱམས་ཀུན། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པ། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མ། །མཁའ་དབྱིངས་ཀློང་ཡངས་པདྨོ་འཁྱིལ་བ་ལས། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་། །མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་
སྐུ། །ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར། །བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ། །གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། ཧཱུྃ། །ཐུགས་རྗེ་གདུང་འཚོབ་རིག་འཛིན་བདག་ཅག་གིས། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་བགྲོད་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །རྡོ་རྗེ་འདའ་དཀའ་དམ་ཚིག་
གཏན་གྱི་གཉེར། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྔ་ཕྱིར་ནོས་ཤིང་གཉེར་དུ་སྨྲས་སོ་འཚལ། །ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །གདོད་བྱ་ལོང་ཡོད་སྙོམ་པའི་ལེ་ལོ་ཡིས། །ཀློང་དུ་མ་གྱུར་རྩལ་ཤུགས་ཆུངས་པ་དང་། །ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ། །སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས། །ཚོར་དང་མ་ཚོར་མ་རིག་དབང་གིས་ན། །སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ། །རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་པར་མི་བྱ་ཞེས། །བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ། །གསང་སྒོ་འཆོལ་བས་དབྱེ་གསལ་བཀས་པ་དང་། །མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ། །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམས་ཉམས་པའི་
སྐྱོན་ལ་སོགས། །ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བྱམས་པའི་ཐུགས་བརྩེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ། །དམིགས་མེད་བཏང་སྙོམས་ངང་ལ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །དོན་དམ་དམིགས་མེད་སྤྲོས་ལས་འདས་པས་ན། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཞིང་། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན། །ནོངས་པར་མཆིས་ན་རབ་གནོངས་བཟོད་པར་གསོལ། །སྐུ་གསུམ་མཎྜལ་ནི། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །འདོད་རྒུའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཡན་ལག་བརྒྱད་པ་སྔོན་ཏུ་འགྲོ་བའི་སྡོམ་བཟུང་དངོས་ནི། ཨོཾ་གདོད་མའི་དབྱིངས་སུ་མངོན་པར་ བྱང་ཆུབ་ནས། །འཁོར་འདས་ཀུན་གྱི་ཐོག་མའི་མགོན་པོ ་མཆོག །ཀུན་བཟང་རིགས་ལྔ་ཞི་ཁྲོ་བླ་མར་བཅས། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །ཡོན་ཏན་འབར་བའི་དབྱིངས་སུ་ལྷུན་རྫོགས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་
སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་ད་ལྟའི་བར་ཉིད་དུ། །སྲིད་འགྲོ་ཉམ་ངར་ཡུན་རིང་འཁོར་བ་ན། །ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་པ། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །རྫོགས་སངས་རྒྱས་མགོན་བྱང་ཆུབ་སེམས་དཔའ་དང་། །འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །དུས་གསུམ་དགེ་བ་བགྱིད་དང་བགྱིད་སྩལ་དང་། །བགྱིས་པ་གྱུར་པ་ཀུན་ལ་ཡི་རང་ངོ་། །གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། །ཁམས་དེའི་རང་བཞིན་དག་པར་མཐོང་བྱའི་ཕྱིར། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །སྡིག་པའི་མུན་ནག་འཐིབས་པོ་བསལ་སླད་དུ། །འཁོར་བ་ཇི་སྲིད་སྒྲོན་མེར་མཛད་པར་གསོལ། །ཡོན་ཏན་དགེ་
འོས་རྒྱལ་བའི་བྱང་ཆུབ་མཆོག །སྐྱེ་དགུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །འགྲོ་ཀུན་ཐར་པའི་གྲོང་དུ་ཕྱིན་པར་ཤོག །ཧོ་རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་དང་། །རྟོག་པའི་དྲི་མ་རབ་བྲལ་དམ་པའི་ཆོས། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲེད་དང་བྲལ་བ་རྣམས་ལ་གུས་ཕྱག་འཚལ། །དེང་ནས་བདག་ནི་འགྲོ་ཀུན་ཉེར་འཚོའི་ཕྱིར། །མགོན་རྣམས་འབངས་སུ་བདག་ཉིད་འབུལ་ལགས་ཀྱིས། །བརྩེ་བའི་ཐུགས་རྗེས་བཞེས་པར་མཛད་དུ་གསོལ། །བྱམས་པའི་ཞལ་བཟང་དུས་འདིར་གཟིགས་ནས་ཀྱང་། །འགལ་འཁྲུལ་ཉམས་ཆགས་ཐམས་ཅད་བསྐང་དུ་གསོལ། ༈ །ཨོཾ་རྣལ་འབྱོར་དབང་ཕྱུག་ཡེ་ཤེས་མཐར་ཕྱིན་ནས། །འགྲོ་ལ་ཕན་མཛད་ཐུགས་རྗེས་དབང་བསྒྱུར་ཞིང་། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་པུ་པ། །ལྷའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །
བདེ་བར་གཤེགས་པའི་སྤྲུལ་པ་རྒྱ་མཚོ་དང་། །རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས་ཆེན་པོ། །ལྷ་དང་ལྷ་མིན་སྔགས་འཆང་དམ་ཚིག་ཅན། །ཀུན་ནས་འདུས་པ་རྣམས་ཀྱང་དགོངས་སུ་གསོལ། །བདག་ནི་རྒྱལ་སྲིད་མཐོ་རིས་ལོངས་སྤྱོད་དང་། །འདོད་པའི་ཡོན་ཏན་བསྒྲུབ་པ་མ་ལགས་ཏེ། །འགྲོ་ལ་སྙིང་བརྩེ་ཁོ་ནས་དོན་བརྩོན་པས། །སྲིད་པ་གསུམ་གྱི་གཉེན་གྱུར་གཅིག་ཏུ་འཚལ། །འདི་ལ་ཀུན་མཁྱེན་ཁྱོད་ཉིད་དཔང་དུ་གསོལ། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །ཁྱོད་ཀྱིས་བདག་གི་ལྷག་པའི་བསམ་པ་མཁྱེན། །འཕགས་པའི་སྤྱན་སྔར་བདག་གིས་དམ་བཅས་པ། །ཉམས་པར་མི་བགྱིད་མགོན་ཁྱོད་བསླུ་མ་ལགས། །དེང་ནས་བདག་ནི་ཁེ་དང་གྲགས་ལ་སོགས། །གཡོ་དང་ཟང་ཟིང་སེམས་ནི་གཏན་སྤངས་ནས། །གཞན་དོན་སྒྲུབ་པ་གཅིག་པུའི་སེམས་བཞག་སྟེ། །རྣལ་འབྱོར་སྤྱོད་པ་ཆེན་པོ་བདག་གིས་བརྩམ། །ཀུན་ཏུ་
བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་བྱ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་བཟུང་བར་བགྱི། །སྲོག་ཆགས་ཐམས་ཅད་གལ་ཏེ་འདུས་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབས་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་བཏང་། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་བར། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང་། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །གདོད་ནས་མ་སྐྱེས་མཁའ་ལྟར་རྣམ་དག་ཅིང་། །མི་འགྱུར་ལྷུན་གྲུབ་རང་བྱུང་འོད་གསལ་པ། །ཇི་བཞིན་མ་བཅོས་ཆོས་ཉིད་དོན་བསྒོམས་ཏེ། །ཆོས་སྐུ་ཡངས་པ་ཆེན་པོའི་མཁའ་དབྱིངས་སུ། །ཀུན་བཟང་
དོན་གྱི་དམ་ཚིག་གཟུང་བར་བགྱི། །བདེ་བར་གཤེགས་པ་རིགས་ཀྱི་དམ་ཚིག་ཏུ། །སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་ཅིང་། །བྱང་ཆུབ་སྙིང་པོ་རང་ལ་མཚོན་པའི་ཕྱིར། །ཆོས་ཀྱི་འཁོར་ལོའི་རྫས་ཀྱང་གཟུང་བར་བགྱི། །མི་འགྱུར་རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རང་བཞིན་བསྐྱེད་རྫོགས་དོན་ལས་མི་འདའ་ཞིང་། །རྡོ་རྗེ་སློབ་དཔོན་མཆོག་ཏུ་བཀུར་བ་དང་། །ཐབས་དང་ཤེས་རབ་རང་ལ་མཚོན་པའི་ཕྱིར། །རྡོ་རྗེ་དྲིལ་བུའི་རྫས་ཀྱང་གཟུང་བར་བགྱི། །བསམ་འཕེལ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞིས་འགྲོ་དོན་སྐྱོང་བ་དང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་བྱེད་ཅིང་། །ལྷུན་གྲུབ་ཡོན་ཏན་རང་ལ་མཚོན་པའི་ཕྱིར། །ནོར་བུ་རིན་ཆེན་རྫས་ཀྱང་གཟུང་བར་བགྱི། །མ་ཆགས་པདྨ་རིགས་ཀྱི་དམ་ཚིག་ཏུ། །ཕྱི་ནང་གསང་བའི་ཆོས་རྣམས་ཡོངས་བཟུང་ཞིང་། །འགྲོ་ལ་ཚད་མེད་སྙིང་རྗེས་ཆགས་པ་དང་། །སྐྱོན་
བྲལ་ཆོས་ཉིད་རང་ལ་མཚོན་པའི་ཕྱིར། །ཡིད་འོང་པདྨ་མཆོག་ཀྱང་གཟུང་བར་བགྱི། །སྣ་ཚོགས་ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །ཐེག་གསུམ་སྡོམ་པ་མཐའ་ཡས་གཟུང་བ་དང་། །དེ་ཉིད་ལྷུན་གྲུབ་རང་ལ་མཚོན་པའི་ཕྱིར། །རྒྱ་གྲམ་རལ་གྲི་མཆོག་ཀྱང་གཟུང་བར་བགྱི། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཏུ། །ཟུང་འཇུག་ལམ་དུ་ཐམས་ཅད་བླང་བ་དང་། །སྤང་བླང་མེད་པའི་རོལ་པ་མཚོན་པའི་ཕྱིར། ཁ་ཊྭཱཾ་ཐོད་པ་ཅང་ཏེའུ་གཟུང་བར་བགྱི། །མདོར་ན་གང་གིས་འཁོར་བ་རྣམས་སྦྱངས་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དག་བྱེད་ཅིང་། །དབང་པོ་ཡུལ་དང་ཉོན་མོངས་རྣམས་སྦྱངས་པ། །སྐུ་ལྔ་ཡེ་ཤེས་ལྔ་དང་གསུང་ལྔ་དང་། །ཡོན་ཏན་ཕྲིན་ལས་རིགས་ལྔ་བསྒྲུབ་པའི་རྫས། །ནང་གི་དགོངས་སྦྱོང་རྒྱ་མཚོ་མཐའ་ཡས་དང་། །ཕྱི་རོལ་དམ་རྫས་འདོད་ཡོན་ཐབས་ཆེན་ལྔ། །ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། །རྩ་བ་ཡན་ལག་དམ་ཚིག་རྣམ་ལྔ་
རྣམས། །རྡོ་རྗེ་མཆོག་བསྒྲུབ་སྐུ་གསུང་ཐུགས་གསུམ་དང་། །ཤེས་དང་མི་སྤང་དང་དུ་བླང་བ་དང་། །སྒྲུབ་དང་སྤྱད་པར་བྱ་བ་ལྔ་ལྔ་སྟེ། །ཉི་ཤུ་རྩ་ལྔ་རྩ་བ་ཡན་ལག་བཅས། །གསང་སྔགས་རྡོ་རྗེ་སྙིང་པོའི་སྡོམ་པ་ཀུན། །དེང་ནས་བརྩམས་ཏེ་བདག་གིས་གཟུང་བར་བགྱི། །གང་ལ་བརྟེན་ནས་སྲིད་པ་རྣམ་སྦྱོང་ཞིང་། །ཞི་བར་ཐར་པ་དམ་པའི་ལྷ་ཆོས་ཀུན། །འགྲོ་བའི་དོན་དུ་བདག་གིས་ཡོངས་སུ་གཟུང་། །སྲིད་ཞིར་མི་གནས་བྱང་ཆུབ་མཆོག་ཞུགས་ཏེ། །དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་དང་། །དཔའ་བོ་རྣལ་འབྱོར་མ་ཀུན་མཆོད་པ་དང་། །ཚོགས་གཉིས་བརྩོན་པ་མཐའ་ཡས་རྒྱ་མཚོ་བསྒྲུབ། །འགྲོ་ལ་སྙིང་བརྩེས་ཕན་པ་མཆོག་ཏུ་བྱ། །གནོང་པར་མི་བྱ་བརྙས་པར་ཡོངས་མི་བྱ། །གཅིག་པུར་ཞི་བར་དོན་དུ་མི་གཉེར་ཞིང་། །གཞན་དོན་ཡང་དག་སྒྲུབ་ལ་བརྩོན་པ་ཡིས། །རང་གཞན་ཐར་པའི་སྒོ་ནི་དབྱེ་བར་བགྱིད། །བདུན་པ་སྨོན་ལམ་གྱི་རིམ་
པ་ལས་ཐོག་མར་ཐུན་མིན་རྡོ་རྗེའི་སྙིང་པོའི་སྡོམ་པ་ནན་ཏན་དུ་བཟུང་བ་དང་ཆབ་གཅིག་པའི་སྨོན་ལམ་ནི། ཧོཿ །མཐའ་ཡས་ཐེག་པ་ཆེན་པོའི་ལམ་ཆེན་དུ། །མ་ལུས་འགྲོ་ཀུན་བདག་གིས་ཡོངས་དྲངས་ཏེ། །ཐམས་ཅད་བྱང་ཆུབ་མཆོག་ལ་རབ་བཀོད་ནས། །ཀུན་བཟང་ཆོས་རྗེ་བླ་མེད་ས་ཐོབ་ཤོག །ཐར་ལམ་བྱང་ཆུབ་སྙིང་པོར་བདག་ཞུགས་ནས། །ཇི་སྲིད་བླ་མེད་གོ་འཕང་མཆིས་ཀྱི་བར། །ཚེ་རབས་གང་དང་གང་སྐྱེས་དེ་དང་དེར། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང་། །སྙིང་བརྩེ་མཆོག་གྱུར་བླ་མ་ལ་གུས་ཤིང་། །འགྲོ་བའི་དོན་རྣམས་བསྒྲུབ་ལ་མཁས་པ་དང་། །དཔལ་མགོན་བླ་མ་རབ་ཏུ་མཉེས་བྱེད་ཤོག །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བཅོམ་ལྡན་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། །ཡི་དམ་དཀྱིལ་འཁོར་སྲུང་མ་དམ་ཚིག་ཅན། །བཀའ་གསང་རྨད་བྱུང་བླ་ན་མེད་པ་དང་། །རྡོ་རྗེ་མཆེད་ལྕམ་རྣམས་དང་མི་འབྲལ་ཞིང་། །གཡར་དམ་གཅིག་པས་གཏན་དུ་མི་
འབྲལ་ཤོག །སྒྲུབ་མཆོག་བདག་ལ་བར་ཆད་མི་འབྱུང་ཞིང་། །ཉིན་མཚན་བརྩོན་པས་ཐར་ལམ་མཐར་ཕྱིན་ནས། །བསྐྱེད་རྫོགས་གྲུབ་པའི་རིག་འཛིན་གྲལ་འཁོད་དེ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །བཅོམ་ལྡན་ཀུན་བཟང་ཡི་དམ་དཀྱིལ་འཁོར་ལྷ། །ས་ལེར་མཐོང་བར་བྱིན་གྱིས་བརླབས། །བལྟ་བར་འདོད་དང་འདྲི་བར་འདོད་ན་ཡང་། །སྒྲིབ་མེད་མགོན་པོ་མངོན་སུམ་མཐོང་བར་ཤོག །གང་ཚེ་བསྐྱེད་རྫོགས་བསྙེན་བསྒྲུབ་སྤྱོད་པ་ན། །དགོངས་སྤྱོད་ཏིང་འཛིན་རྒྱ་མཚོ་མཐར་ཕྱིན་ཏེ། །རྡོ་རྗེ་མཆོག་གསུམ་གྲུབ་པའི་ཕྲིན་ལས་བཞི། །བརྩམས་པ་ཙམ་གྱིས་མངོན་དུ་འགྱུར་བར་ཤོག །ཕྱོགས་བཅུའི་ནམ་མཁའི་མཐའ་མཉམ་ཞིང་རྣམས་ཀྱི། །སེམས་ཅན་མ་ལུས་བྱང་ཆུབ་ཐོབ་བྱའི་ཕྱིར། །ཀུན་བཟང་སྤྱོད་པ་ཅི་འདྲར་བདག་གྱུར་ཏེ། །རྒྱལ་སྲས་བྱང་ཆུབ་སྤྱོད་པ་མཐའ་ཡས་ཤོག །སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་
ལ་སྨིན། །བདག་དགེ་སེམས་ཅན་རྣམས་ལ་ཡོངས་སྨིན་ཏེ། །འགྲོ་ཀུན་བདེ་གཤེགས་བྱང་ཆུབ་མཆོག་ཐོབ་ནས། །གཞན་དོན་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག །བདག་གི་བརྩོན་པས་མཁའ་མཉམ་སེམས་ཅན་རྣམས། །སྲིད་ལས་རྣམ་གྲོལ་འཁོར་བ་སྟོང་པ་ན། །བདག་ཀྱང་བྱང་ཆུབ་དམ་པ་གཉིས་ཐོབ་ནས། །ཆོས་སྐུ་ཀུན་ཏུ་བཟང་དང་དབྱེར་མེད་ཤོག །ཚེ་རབས་ཀུན་ཏུ་འགྲོ་བའི་གཉེན་གྱུར་ནས། །སྐྱབས་དང་སྐྱོབ་པ་བླ་ན་མེད་པ་ཡིས། །འགྲོ་བའི་དོན་དུ་འདོད་དགུའི་ཆར་འབེབས་པ། །ནོར་བུ་རིན་ཆེན་མཆོག་དང་མཚུངས་པར་ཤོག །དབང་བཅུ་མངོན་ཤེས་རྫུ་འཕྲུལ་སྟོབས་རྣམས་དང་། །གཟུངས་དང་རྣམ་ཐར་ཡོན་ཏན་མཆོག་གྲུབ་ནས། །གཞན་གྱིས་མཐུ་ལ་འགྲོ་རྣམས་འདུལ་བྱེད་ཅིང་། །ཐམས་ཅད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ནམ་མཁའི་མཐའ་མཉམ་གྱུར་པའི་འགྲོ་བ་ལ། །དམ་ཆོས་རིན་ཆེན་བདུད་རྩིའི་ཆར་ཕབས་ནས། །ཆོས་དང་
ཟང་ཟིང་མི་འཇིགས་སྦྱིན་པ་ཡིས། །སྐྱེ་དགུ་ཐམས་ཅད་བདེ་ལ་འགོད་པར་ཤོག །གསང་སྔགས་རྒྱལ་པོ་བླ་མེད་མཆོག་གྲུབ་ནས། །མཐའ་ཡས་ཞིང་དུ་རྣམ་འཕྲུལ་རྒྱ་མཚོ་དང་། །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བས། །གསང་སྔགས་སྤྱོད་པ་རྒྱ་མཚོ་མཐའ་ཡས་ཤོག །གནས་དང་ཉེ་བའི་གནས་རྣམས་བགྲོད་པ་དང་། །ཞིང་དང་ཉེ་བའི་ཞིང་རྣམས་ལྟ་བ་དང་། །དུར་ཁྲོད་བརྒྱད་དང་ཚནྡྷོ་ལ་སོགས་པར། །མཁའ་འགྲོ་རྣམས་དང་སྐལ་པ་མཉམ་པར་ཤོག །མངོན་ཤེས་མང་པོས་གདུལ་བྱའི་རྒྱུད་མཁྱེན་ཅིང་། །ཏིང་འཛིན་མང་པོས་ཡེ་ཤེས་ལུས་གྲུབ་སྟེ། །རིག་འཛིན་མང་པོས་གསང་སྔགས་དངོས་གྲུབ་བརྙེས། །ས་མཆོག་མང་པོས་དཀྱིལ་འཁོར་འགྲུབ་པར་ཤོག །འགྲོ་བློའི་རིམ་པ་ཇི་བཞིན་དབང་པོའི་ཆོས། །སྣ་ཚོགས་ཐེག་པའི་ཆོས་ཀྱི་ཆར་བསིལ་བས། །གནས་སྐབས་སོ་སོའི་རེ་བ་ཡོངས་བསྐངས་ཏེ། །མཐར་ཐུག་ཐེག་
པའི་རྒྱལ་པོར་འཇུག་པར་ཤོག །མཁའ་ཁྱབ་ཡོན་ཏན་ཡིད་བཞིན་སྤྲིན་ཚོགས་ལས། །དངོས་གྲུབ་རྣམ་པ་མང་པོའི་ཆར་བབ་ཅིང་། །གང་ལ་ཅི་བདུལ་དེ་ལ་དེར་སྣང་བས། །མཁའ་ཁྱབ་སེམས་ཅན་སྨིན་པའི་མཐུ་ལྡན་ཤོག །ནམ་ཞིག་འཆི་བའི་དུས་བྱེད་གྱུར་པའི་ཚེ། །དཔའ་བོ་རྣལ་འབྱོར་མ་ཚོགས་དཔག་མེད་ཀྱིས། །མཆོད་པའི་སྤྲིན་ཕུང་ཐོགས་པས་མདུན་བསུས་ནས། །འོག་མིན་མཁའ་སྤྱོད་གནས་སུ་ཕྱིན་པར་ཤོག །སྐད་ཅིག་དེ་ལ་ཆོས་སྐུ་མཐར་ཕྱིན་ནས། །གདོད་ནས་རྣམ་པར་དག་པའི་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་རུ། །རྡོ་རྗེ་བདེ་བ་ཆེན་པོའི་ས་ཐོབ་ཤོག །གཞོན་ནུ་བུམ་པ་སྐུ་ཡི་ཞིང་ཁམས་སུ། །རིན་ཆེན་སྦུབས་ལ་བརྟན་པ་མཐར་ཕྱིན་ནས། །གཟུགས་སྐུའི་རོལ་པས་གདུལ་བྱའི་འཇིག་རྟེན་ཏུ། །སྤྲུལ་པ་རྣམ་པ་མང་པོ་འགྱེད་པར་ཤོག །ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་ཅིང་། །ཐོག་མ་དང་ནི་ཐ་མ་མེད་
པའི་བདག །རང་བཞིན་རྫོགས་པ་ཆེན་པོའི་མཁའ་དབྱིངས་སུ། །མ་འབད་བཞིན་དུ་ངང་གིས་ཕྱིན་པར་ཤོག །རིན་ཆེན་འོད་གསལ་དག་པའི་དཀྱིལ་འཁོར་དུ། །རང་རིག་རྡོ་རྗེ་སེམས་དཔའི་དོན་མཐོང་ནས། །རྩལ་ཆེན་རྫོགས་པའི་ཕྲིན་ལས་རླབས་ཆེན་གྱིས། །འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཤོག །གསེར་གྱི་ཉི་མ་རྣམས་ནི་ཀློང་དུ་ཐིམ། །འབར་བའི་འོད་ཟེར་ཉེ་བར་ཞི་བ་ན། །རྒྱལ་བའི་དབང་པོ་དྲི་མེད་མཆོག་གི་ཡུམ། །རྣམ་དག་ཡངས་པ་ཆེན་པོའི་དོན་མཐོང་ཤོག །དབང་བཞིས་སྨིན་པའི་རིག་པ་བྱང་ཆུབ་སེམས། །འོད་གསལ་སྣང་བ་བཞི་པོ་མངོན་གྱུར་ནས། །གདོས་བཅས་ཕུང་པོ་འོད་ཀྱི་སྐུར་གྲོལ་ཏེ། །འཕོ་བ་ཆེན་པོས་གཞན་དོན་འགྲུབ་པར་ཤོག །འཆིངས་བྱེད་ལུས་ཀྱི་རྒྱལ་ས་མ་གྲོལ་བར། །གང་ཞིག་འཆི་འཕོ་ནད་ཀྱི་སྡུག་བསྔལ་མེད། །བར་དོའི་འོད་གསལ་དམ་པ་མངོན་གྱུར་ནས། །ལྷུན་གྲུབ་ས་ལ་གཏན་
སྲིད་ཟིན་པར་ཤོག །གལ་ཏེ་སྲིད་པ་བར་དོ་མཐོང་གྱུར་ན། །སྐད་ཅིག་དེ་ལ་རང་སྣང་འཇིགས་བྲལ་ཏེ། །མངོན་དགའ་ལ་སོགས་དག་པའི་ཞིང་བགྲོད་ནས། །མངོན་པར་བྱང་ཆུབ་མཛད་པ་མཐའ་ཡས་ཤོག །ས་མཆོག་འོད་གསལ་རྡོ་རྗེ་རྩེ་མོ་རུ། །བདག་ཅག་རྡོ་རྗེ་རྣལ་འབྱོར་ཞུགས་སོ་འཚལ། །བར་ཆད་མེད་ལམ་བརྟན་པ་མཐར་ཕྱིན་ནས། །ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་ཐོབ་ཤོག །ཆོས་དབྱིངས་རྣམ་དག་རྣམ་སྣང་བཅོམ་ལྡན་འདས། །དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །བདེ་གཤེགས་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མེ་ལོང་རྣམ་དག་མི་བསྐྱོད་བཅོམ་ལྡན་འདས། །གྲགས་པ་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །མངོན་དགའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཀུན་རྟོག་རྣམ་དག་དཔག་མེད་བཅོམ་ལྡན་འདས། །བདེ་ཆེན་དབང་ཕྱུག་ལྷ་ཡི་ལྷར་གྱུར་པ། །བདེ་
ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །མཉམ་ཉིད་རྣམ་དག་རིན་ཆེན་བཅོམ་ལྡན་འདས། །ཡོན་ཏན་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །དཔལ་ལྡན་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །བྱ་གྲུབ་རྣམ་དག་དོན་ཡོད་བཅོམ་ལྡན་འདས། །ཕྲིན་ལས་མཐར་ཕྱིན་ལྷ་ཡི་ལྷར་གྱུར་པ། །ལས་རབ་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །རང་རིག་རྣམ་དག་ཀུན་བཟང་བཅོམ་ལྡན་འདས། །འཁོར་འདས་ཀུན་གྱི་ལྷ་ཡི་ལྷར་གྱུར་པ། །གདོད་མའི་རྒྱན་གྱུར་མ་ལུས་ཀུན་གྱི་རྒྱན། །ཐམས་ཅད་ལྷུན་གྲུབ་དངོས་གྲུབ་ཐོབ་པར་ཤོག །ཐུན་མོང་བཟང་པོ་སྤྱོད་པའི་སྨོན་ལམ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་ཚང་བར་བརྗོད་ཅིང་། གཞན་ཡང་ནུས་ན་ཐེག་པ་ཆེན་པོའི་སྨོན་ལམ་སྤྱི་དང་། བདེ་བ་ཅན་གྱི་སྨོན་ལམ་སོགས་རྩེ་གཅིག་ཏུ་གདབ་མཐར་གལ་པོ་ཆེ་ལས་
གསུངས་པའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བའི་སྙིང་པོས་རྒྱས་གདབ་སྟེ། འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེད་གྱུར་ཅིག །འཇིག་རྟེན་ཐམས་ཅད་མ་ལུས་སེམས་ཅན་རྣམས། །ཇི་སྙེད་རྒྱལ་བ་ཀུན་གྱིས་ཐུགས་ཆུད་པ། །ཀུན་ཀྱང་མཁས་པ་ཀུན་གྱིས་བསྔགས་པ་ཡི། །ཀུན་ཏུ་བཟང་པོ་དེ་བཞིན་འགྱུར་བར་ཤོག །ཕྱོགས་རྣམས་མ་ལུས་ཀུན་ཏུ་ཅི་བྱས་པ། །སྐྱེས་བུ་དམ་པ་དེ་ལྟར་ཡོངས་སུ་བསྔོ། །རྡོ་རྗེ་རྒྱལ་མཚན་རྒྱལ་བས་གང་གསུངས་པ། །ཡོངས་བསྔོ་དམ་པ་མཆོག་དང་ཕུལ་ཡང་ཡིན། །དེ་བཞིན་ཞིང་རྣམས་ཐམས་ཅད་མ་ལུས་པ། །རྒྱུ་བཞིན་ཀུན་ཀྱང་ཁོང་དུ་ཆུད་བྱས་ཏེ། །སེམས་ཅན་ཇི་སྙེད་ཐམས་ཅད་མ་ལུས་པར། །དེ་དག་ཀུན་ཀྱང་ཀུན་ཏུ་བཟང་གྱུར་ཅིག །སྦྱིན་པས་ཡོངས་བསྔོ་ཇི་བཞིན་རེད་གྱུར་ཅིག །ཚུལ་ཁྲིམས་ཀྱིས་ཀྱང་བསྔོས་
བཞིན་རེད་གྱུར་ཅིག །བརྩོན་འགྲུས་སྟོབས་ཀྱིས་བསྐལ་པར་མི་ལྡོག་ཅིང་། །བཟོད་པ་འཁྲུགས་པ་མེད་པའི་ཡིད་གྱུར་ཅིག །བསམ་གཏན་གྱིས་ཀྱང་རྩེ་གཅིག་ཡིད་ལྡན་ཞིང་། །ཏིང་འཛིན་ཀུན་གྱི་སྤྱོད་ཡུལ་ཤེས་གྱུར་ཅིག །ཤེས་རབ་དུས་རྣམས་གསུམ་པོ་ཐམས་ཅད་དུ། །འཇིག་རྟེན་དག་ཏུ་མཐར་དམིགས་མེད་གྱུར་ཅིག །ལུས་དང་ངག་དང་ཡིད་རྣམས་ཐམས་ཅད་ཀྱང་། །རྣམ་པ་ཀུན་ཏུ་རྣམ་དག་མཁས་གྱུར་ཅིག །སྤྱོད་པ་དེ་དག་ཐམས་ཅད་མ་ལུས་པ། །ཀུན་ཀྱང་ཀུན་ཏུ་བཟང་པོར་རེད་གྱུར་ཅིག །དེ་ལྟར་ཆོས་དབྱིངས་རློམ་པའི་སེམས་མེད་ཅིང་། །དེ་ལ་སྤྲོ་དང་ཆགས་པ་མེད་པ་ལྟར། །མྱ་ངན་འདའ་དང་སྒྲིབ་པ་མེད་པ་དང་། །དེ་བཞིན་སེམས་ལ་རློམས་སེམས་མེད་གྱུར་ཅིག །ཆོས་མཁས་ཡོངས་སུ་བསྔོ་བ་གང་བརྗོད་པ། །དེ་ནི་རྒྱལ་བས་གསུངས་པའི་བསྔོ་བ་སྟེ། །མཁས་པས་སྤྱོད་པ་ཅི་ནས་འགྲུབ་འགྱུར་པར། །དགེ་བ་དེ་ཡང་དེ་
ཡིས་ཡོངས་སུ་བསྔོ། །རྒྱལ་བའི་སྲས་ཀྱིས་འདི་ལ་བསླབས་པ་སྟེ། །ཇི་སྙེད་གང་ཡོད་ཐམས་ཅད་མ་ལུས་པར། །ཁམས་རྣམས་ཀུན་ཀྱང་ཡོངས་སུ་བསྡུ་བྱས་ཏེ། །ཅི་ནས་བདེ་གཤེགས་སྟོབས་ལ་འཇུག་པར་བསྔོ། །བརྒྱད་པ་བརྟན་བཞུགས་བཀྲ་ཤིས་ལ་སོགས་པ་ནི་མདོ་ལུགས་ལ་བརྟན་བཞུགས་མཛད་པ་ཉུང་བར་བྱས་པ་འགལ་བ་མེད་ཅིང་འདིར་རྟེན་དང་སྔགས་ཆོག་འབྲེལ་བའི་དབང་དུ་བྱས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། །བརྟན་
པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། དེ་ནས་ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་། དེ་ལྟར་འགྲུབ་པ་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་ཏུ་འགྲུབ་པར་གྱུར་ཅིག །ཅེས་བདེན་པའི་སྟོབས་བསྐུལ་བས་བྱིན་གྱིས་བརླབ་པར་བྱའོ། ༈ །གཉིས་པ་རྒྱུན་གྱི་ཉམས་ལེན་ལྟ་བུར་སྤྲོས་པ་བསྡུ་བར་འདོད་ན། རྟེན་དང་མཆོད་པའི་ཡོ་བྱད་ཅི་ལྟར་འབྱོར་པ་དང་། མཎྜལ་འདུ་བྱས་ཏེ། ཐོག་མར་ན་མོ་གུ་རུ་ནས་རྟོགས་པར་བྱིན་གྱིས་རློབས། བར་བླ་མ་སངས་རྒྱས་རྗེས་དྲན་འདོན་བསྒོམ་བྱ། དེ་ནས་བྱང་ཆུབ་ལྟུང་བཤགས་ཚང་བ་དང་། སྤྱི་བཤགས་བླ་མ་རྡོ་རྗེ་
འཛིན་པའི་འགྲོས་སུ། སྐར་མ་རབ་རིབ་ནས་ངེས་གྲོལ་ལོ། བར་ཞིག་ནས་གསོ་སྦྱོང་བྱ། འདིའི་བར་ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས་བཟླས། དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སོགས་དགོངས་གསོལ་སྔོན་ཏུ་འགྲོ་བའི་བྱང་མཆིས་མ་ལན་གསུམ་གྱིས་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ། ཇི་སྙེད་སུ་དག་སོགས་ནས་བྱང་ཆུབ་ཕྱིར་བསྔོའོའི་བར་དང་། འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་དང་། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པའི་བར་བརྗོད་དེ་ཐབས་ཁྱད་པར་ཅན་གྱི་ཚོགས་གསག །དེ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བློ་སྦྱང་བའི་སླད་དུ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཡང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་རྒྱུར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ནི་རྣམ་ཀུན་ཏུ། །ཐམས་ཅད་མྱ་
ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །དེ་ནས་དགོངས་གསོལ་སྔར་དང་འདྲ་བ་ལས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད་བླང་། དེང་དུས་བདག་ཚེ་ནས་དགའ་བར་གྱིས། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །ནས་རྫོགས་པར་བགྱི། །བར་དང་། དེ་བཞིན་གཤེགས་པའི་ཡིག་བརྒྱ་བཅས་བརྗོད། དེ་ནས་ཧོ་ཆོས་དབྱིངས་རྣམ་དག་ནས་ཧཱུྃ་སྭཱ་ཧཱའི་བར་འདིར་མཎྜལ་ཚོམ་བུ་སོ་བདུན་མ་བརྒྱས་ཕུལ། རིན་ཆེན་མཎྜལ་སོགས་སྐུ་གསུམ་མཎྜལ་ཚིགས་བཅད་བརྗོད། ཨོཾ་གདོད་མའི་དབྱིངས་སུ་ནས་ཐར་པའི་སྒོ་ནི་དབྱེ་བར་འགྱིད། །བར་དང་། སྨོན་ལམ་ཧོཿམཐའ་ཡས་ཐེག་པ་ནས་དངོས་གྲུབ་ཐོབ་པར་ཤོག །བར་ཚང་བར་བརྗོད། མཐར་དཀོན་མཆོག་རིན་ཆེན་སོགས་ཀྱི་དགེ་བསྔོ་དང་། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །ལྟ་བུའི་ཤིས་བརྗོད་བྱས་པས་ལེགས་པར་འགྲུབ་བོ། །དེ་ལྟར་གསར་རྙིང་ཀུན་ལ་ཆོས་སྤྱོད་ཀྱི་
རིམ་པ་རྒྱས་བསྡུས་ཇི་སྙེད་པ་གྱུར་ཡང་སྡོམ་པ་གསུམ་གྱི་བསླང་བྱ་གསོ་བ་དང་འབྲེལ་པ་འདི་ཉིད་རང་འདྲའི་སྐབ་མཉམ་པ་གལ་གནད་ཆེ་བར་མཐོང་བ་དང་། ལྷག་པར་དཔལ་སྤུངས་ཡང་ཁྲོད་དེ་བཱི་ཀོ་ཊིའི་སྙིང་པོ་ཙཱ་འདྲ་རིན་ཆེན་བྲག་ག་ཏུ་དཔལ་ཆེན་པོའི་ལྷ་ཁང་དང་འབྲེལ་བར་ངེས་དོན་སྒྲུབ་པའི་སྡེ་གསར་དུ་བཙུགས་པ་རྣམས་ཀྱི་དུས་རབ་རྒྱུན་གྱི་ཉམས་བཞེས་ལ་ཆེད་དུ་དམིགས་ཏེ། ཀུན་བཟང་དྲི་མེད་འོད་ཟེར། གསང་བདག་ཏཱ་ར་ནཱ་ཐ། ལོ་ཆེན་དྷརྨ་ཤྲི། ཐམས་ཅད་མཁྱེན་པ་དྷརྨཱ་ཀ་ར་སོགས་ཀྱི་དགོངས་པ་དང་གསུང་དྲི་མ་མེད་པ་གུང་བསྡེབས་ཏེ་ཉམས་སུ་བླང་བདེ་བར་བགྱིས་པའོ། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི །ཉམས་ལེན་སྙིང་པོ་དྲིལ་བ་འདི། །ཐར་འདོད་ཀུན་གྱི་སྨན་གྱུར་ནས། །བརྟན་པའི་རྫོགས་ལྡན་རབ་འཆར་ཤོག །ཅེས་པའང་རྗེས་འཇུག་དགེ་བ་ལ་ཉེ་བར་བསྙེན་པའི་བརྟུལ་ཞུགས་ཅན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དབེན་གནས་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྦྱར་བ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།