སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་བསྙེན་ཅིང་སྒྲུབ་པ་ལས་སྦྱོར་དང་བཅས་པའི་ཡི་གེ་མན་ངག་གི་གནོད་ཀྱི་ཉིང་ཁུ་རྣམས་ཕྱུངས་ནས་འདུས་གསལ་ཁྱེར་བདེར་བཀོད་པ་རྡོ་རྗེའི་གསང་ཚིག་ཆོས་སྐྱོང་སྲོག་གི་རྒྱ་མདུད།
སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་སྲུང་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་བསྙེན་ཅིང་སྒྲུབ་པ་ལས་སྦྱོར་དང་བཅས་པའི་ཡི་གེ་མན་ངག་གི་གནོད་ཀྱི་ཉིང་ཁུ་རྣམས་ཕྱུངས་ནས་འདུས་གསལ་ཁྱེར་བདེར་བཀོད་པ་རྡོ་རྗེའི་གསང་ཚིག་ཆོས་སྐྱོང་སྲོག་གི་རྒྱ་མདུད་ཅེས་བྱ་བ་བཞུགས་སོ། །འདིའི་དཔེ་ཞལ་སྦྱོར་གྱི་དབང་མ་ཐོབ་ཅིང་། བསྟན་པ་མི་འཛིན་པའི་དམ་མེད་ལ་མི་སྟོན་པ་དམ་ཚིག་གི་བཀའ་རྒྱ་ཡོད་དོ། །ཨྠྀི།
ཤྲཱི་ནཱ་ཐ་གུ་ར་ཝེ། བླ་མ་དང་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཐ་མི་དད་པའི་ཞབས་ཀྱི་པདྨོ་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །གང་ཞིག་མཐུ་དབང་སྟོབས་ཀྱི་དཔལ། །མཆོག་གྲུབ་སྲིད་གསུམ་འཇོམས་པའི་ལྷ། །ནག་པོ་ཆེན་པོའང་དྲན་བཀོལ་ཞིང་། །དུས་གསུམ་བདེ་བར་གཤེགས་རྣམས་ཀྱི། །ཕྲིན་ལས་རྡོ་རྗེ་གཅིག་བསྡུས་མགོན། །དཔལ་ལྡན་བླ་མ་ཀརྨ་པའི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ངག་དབང་རིན་ཆེན་འབྱུང་བའི་གནས། །ཡོན་ཏན་རྒྱ་མཚོ་ཆེན་
པོ་ལས། །བློ་གྲོས་མཐའ་ཡས་ནོར་བུའི་དཔལ། །སྦྱིན་མཛད་མགོན་ཏེ་སྙིང་དབུས་བསྟེན། །ཟབ་ཆོས་རྒྱ་མཚོ་ལྟ་བུ་ལ། །དབང་བསྒྱུར་རང་གཞན་དོན་གྲུབ་པར། །སྦྱོར་མཛད་རྒྱལ་བའི་ཕྲིན་ལས་པ། །མཆོག་ཟུང་ཞབས་ལ་བདག་འདུད་དོ། །ཆགས་པའི་རང་བཞིན་དམར་བ་དང་། །གཟུང་འཛིན་རྩད་གཅོད་གྲི་གུག་གདེངས། །སྣང་སྟོང་སྒྱུ་མའི་གར་མཁན་མོ། །རྡོ་རྗེ་ཕག་མོ་ཡུམ་ལ་འདུད། །ཀུན་རྟོག་ཉོན་མོངས་འཐུག་པོའི་གོས་ལྡན་ཞི་བས་གདུལ་དཀའི་ཚུལ་རིག་སྟེ། །སྙིང་རྗེའི་ཆུ་གཏེར་གཡོ་བའི་རླབས་ཀྱི་
བཞི་ལྡན་ཁྲག་རྒྱུན་ལ་དགྱེས་ཤིང་། །འབར་བའི་མཚོན་འཆང་བསྐལ་པ་མེ་ལྟར་འབར་བ་དྲག་པོ་ཤིན་ཏུ་མི་བཟད་པ། །དེ་ཝཱི་ཀཱ་ལིའི་མཁའ་དབྱིངས་དགའ་བཞིའི་རོ་ལ་ཆགས་པའི་རྣམ་འགྱུར་ཅན། །སྒྲུབ་པོ་ལ་བྱམས་ཧ་ལོའི་ཡིད་ལྡན་སྡེར་བཅས་ཕ་རོལ་ལ་འགོད་པ། །འཇིགས་བྱེད་ཕོ་མོ་དུ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་པར། །རབ་ཏུ་གུས་པའི་ཕྱག་གིས་བཏུད་ཅིང་མི་འབྲལ་རྟག་ཏུ་བསྟེན་པར་བགྱི། །དཔལ་ལྡན་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །དཔལ་ལྡན་མགོན་པོ་རྡོ་རྗེ་བེར་ནག་ཅན། །དཔལ་ལྡན་བཻ་ཏཱ་ལིར་བཅས་གཉིས་མེད་པའི། །དཔལ་ལྡན་འཁོར་བཅས་བསྙེན་ཅིང་བསྒྲུབ་པའི་གནད། །མན་ངག་གཏིང་བྲལ་རིན་ཆེན་འབྱུང་གནས་ལས། །རྡོ་རྗེ་ཅན་ཞབས་དེད་དཔོན་གྱིས་བྱིན་པའི། །སྙན་བརྒྱུད་ཐུགས་སུ་གབ་པའི་ཡིད་བཞིན་ནོར། །རྡོ་རྗེའི་གཟེབ་ཏུ་སྣོད་མིན་ལ་སྦས་ཤིང་། །རིག་འཛིན་མཁའ་འགྲོའི་གསང་ཚིག་ཟབ་པའི་གནད། །ཆོས་སྐྱོང་སྲོག་གི་རྒྱ་མདུད་ཀྱིས་བསྡམས་པ། །བློ་རྨོངས་
བདག་ལྟས་བསྟན་པའི་སྙིགས་མ་འདིར། །འཆད་དང་ཉན་པའི་ནུས་བསྐལ་དམན་གྱུར་ནའང་། །དོན་བརྒྱུད་སྙིང་པོའི་བསྟན་པ་བསྲུང་བའི་ཕྱིར། །རྡོ་རྗེའི་ཐུགས་ཀྱི་གསང་ཚིག་འདིར་བརྟོལ་ནས། །ཡེ་ཤེས་སྤྱན་ལྡན་རྩ་གསུམ་ཆོས་སྐྱོང་གིས། །བཟོད་པར་མཛོད་ལ་གནང་བ་སྦྱིན་དུ་གསོལ། །དཔལ་ལྡན་རྡོ་རྗེ་སྲིན་པོ་ཀརྨ་པའི། །བསྟན་པའི་སྲོག་གི་མཛོད་འཛིན་རྒྱལ་རྣམས་ཀྱི། །བདག་གིས་བཀའ་ཡི་རྒྱ་མདུད་བཀྲོལ་བ་འདི། །སྙིང་གི་དཀྱིལ་དུ་སྤོས་ལ་ཉམས་སུ་ལོངས། །དེ་ལ་འདིར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྐྱོང་ཐུན་མོང་མ་ཡིན་པ། དཔལ་ལྡན་མགོན་པོ་རྡོ་རྗེ་བེར་ནག་ཅན་ལྕམ་དྲལ་གྱི་སྒྲུབ་སྐོར་འདི་ནི་རྒྱུད་དང་། མན་ངག་ཞལ་གཟིགས། སྙན་བརྒྱུད་ཐམས་ཅད་ཀྱི་ཡང་བཅུད་ཕྱུངས་པའི་སྙིང་པོ་ཕུལ་དུ་ཕྱིན་པ། བླ་ན་མེད་པ་ཡིན་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་དང་། མགོན་པོ་མངོན་པར་འབྱུང་བ། དྲག་པོའི་རྟག་པ། དུར་ཁྲོད་ཆེན་པོ་སོགས་ཡབ་རྐྱང་གི་རྒྱུད་དུ་མ་མཆིས་པ་དེ་རྣམས་ལ་བསྟེན་པའི་སྒྲུབ་སྐོར།
གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ལས་རིམ་པར་བརྒྱུད་པ་རྒྱུད་ཀྱི་ལུགས་དང་། སློབ་དཔོན་ཆེན་པོ་ཌཱོམྦི་པ་ལ། མགོན་པོ་ཞལ་གཟིགས་ནས་དངོས་སུ་གནང་བའི་སྒྲུབ་སྐོར། མལ་གྱོ་ལོ་ཙཱ་བ་ནས་རིམ་པར་བརྒྱུད་པ་ཞལ་གཟིགས་ལུགས་སྟེ། མགོན་པོ་ཡབ་རྐྱང་གི་སྐོར་དང་། ལྷ་མོ་ནག་མོ་ཐུགས་གསང་བའི་རྒྱུད་དང་། རལ་གཅིག་མའི་རྒྱུད། མ་མོ་སྲིད་པའི་རྒྱུད་སོགས་ལ་བརྟེན་ནས། སློབ་དཔོན་པདྨས་མཛད་པའི་སྐོར། ཞང་བཙུན་དར་མ་རིན་ཆེན་གྱིས་གཏེར་ནས་བཏོན་པ་ལྷ་མོ་ཡུམ་རྐྱང་གི་ལུགས་དང་། སློབ་དཔོན་ཆེན་པོ་ཌཱོམྦི་པས་རྒྱུད་དང་། ཞལ་གཟིགས་གཉིས་ཀའི་མན་ངག་གི་སྐོར་རྣམས། རྗེ་བཙུན་ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། དུས་མཁྱེན། རས་ཆེན། སྤོམ་བྲག་པ་རྣམས་ནས། རིན་པོ་ཆེ་ཀརྨ་པའི་བར་དུ་གཅིག་བརྒྱུད་ཁོ་ནར་བྱོན་པ་མན་ངག་གི་ལུགས་ཏེ། དེ་ལྟ་བུས་བརྒྱུད་སྲོལ་ཐམས་ཅད་ཀྱི་མན་ངག་གི་ཆུ་བོ་རྣམས་ཀུན་འདུས་གྲུབ་ཆེན་ཀརྨ་པ་ཉིད། བླ་མ་མགོན་པོ་དབྱེར་མེད་ཀྱི་སྐུར་བཞེངས་
ནས། གནང་བཞི་ཆོས་ཉིད་ཀྱི་འཁོར་ལོ་བསྐོར་སྟེ། རྒྱ་བོད་ཧོར་གསུམ་སོགས་འཛམ་གླིང་ཀུན་ཏུ་གྲུབ་རྟགས་ཆོ་འཕྲུལ་ཡ་མ་ཟུང་བསྟན་ནས། ཡོངས་སུ་གྲགས་པའི་ཕྲིན་ལས་རླབས་པོ་ཆེ་མཛད་ཅིང་། གདམས་ངག་རྣམས་ཀྱང་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ནོར་བར་འདོམས་པར་མཛད་ནས། དཔལ་མགོན་པོ་བེར་ནག་ཅན་དང་། མིང་ཡོངས་སུ་གྲགས་པའི་ཀརྨ་པ་གཉིས་ལ་ཐ་དད་མེད་པར་ཤེས་སམ། མི་ཤེས། དེའི་ཕྱིར་ན། དུས་གསུམ་དུས་མེད་ཐམས་ཅད་དུ་མགོན་པོ་འཁོར་དང་བཅས་པ་འདིས། བྱ་བ་ཕྲིན་ལས་ཐམས་ཅད་བསྒྲུབ་པ་ཡིན་པས་ཀུན་གྱིས་ཤེས་པར་མཛོད། །ཅེས་དང་། དཔལ་གྱི་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་དངོས་སུ་གྲུབ་པ། མིང་ཡོངས་སུ་གྲགས་པའི་ཀརྨ་པ་ཡིན་པ། ཁྱེད་རྣམས་ཀྱིས་ཤེས་སམ། མི་ཤེས། ཁྱེད་རྣམས་ཀྱིས་བརྒྱུད་པ་འཛིན་ཅིང་བསྒྲུབ་ན་འགྲུབ་སྟེ་མཆིས། མ་མགོན་གཉིས་ཀྱི་དཔེ་དུམ་བུ་མང་དུ་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་ཡིན་པས། ད་ཕྱིན་
ཆད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་དང་། བྱིན་རླབས་ཆེ་ཞིང་། ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བར་གོ་བར་གྱིས། གདམས་ངག་ལ་ཤེས་དགོས་པ་དང་། མི་ཤེས་དགོས་པ་གཉིས་ཡོད་པ་ལས། གདམས་ངག་འདི་རྣམས་ཤིན་ཏུ་ཟབ་དྲག་པས། དཔེ་གཞུང་རྣམས་དོན་ཡོད་དོན་མེད་དཀྲུགས་པས་ཡིན་པ་ཤེས་པར་གྱིས། ཅེས་སོགས་ཡང་དང་ཡང་དུ་བསྔགས་ཤིང་གདམས་པར་མཛད་པའི། འོ་ཀོལ་གྱི་ཆོས་སྐྱོང་འདི་ནི་མགོན་པོ་ཐམས་ཅད་ཀྱི་རྩ་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་གཞན་ལ་མི་ལྟོས་པར་སྦྱིན་ནུས་པས་ཁྱད་པར་དུ་འཕགས་པ་སྟེ། མགོན་པོ་འདི་ཉིད་ཕྲིན་ལས་ཀྱི་རྣམ་རོལ་སངས་རྒྱས་ཀུན་གྱི་ཡེ་ཤེས་དང་མཉམ་དུ་སྦྱོར་བའི་ཕྱིར། མཚན་དང་སྐུའི་རྣམ་འགྱུར་སོགས་ཀྱི་མཐའ་རང་ཅག་རྣམས་ཀྱིས་ག་ལ་ཤེས། འོན་ཀྱང་མདོར་བསྡུས་ཏེ་བརྗོད་ན། དབྱིངས་ཀྱི་མགོན་པོ། ཡེ་ཤེས་ཀྱི་མགོན་པོ། ལས་ཀྱི་མགོན་པོ། འཇིག་རྟེན་གྱི་མགོན་པོ་རྣམས་སོ། །དང་པོ་ནི། གདོད་ནས་རྟག་ཁྱབས་སུ་
བཞུགས་པའི་ཆོས་ཀྱི་དབྱིངས། ཡོད་མེད། ཡིན་མིན་སོགས་སྤྲོས་བཏགས་ཀྱི་རྒྱར་མ་ཆད་ཅིང་། འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བ། རང་བཞིན་གཤིས་ཀྱི་གནས་ལུགས། མི་འགྱུར་བའི་དང་པོའི་མགོན་པོ། སྲིད་ཞི་གཉིས་ཀྱི་སྤྱི་དཔལ་ཆེན་པོར་བཞུགས་པ་ནི་དབྱིངས་ཀྱི་མགོན་པོ་ཞེས་བྱ་སྟེ། དེ་ཚུལ་ཇི་ལྟ་བུས་བསྒྲུབ་ན། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བསལ་བཞག་སྤངས་བླངས་དང་བྲལ་བ། མཉམ་པ་ཉིད་ཆེན་པོའི་དབྱིངས། ཤིན་ཏུ་འོད་གསལ་བའི་རང་བྱུང་གི་རིག་པ་བྱང་ཆུབ་ཀྱི་སེམས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྣང་བས་མཚོན་སྟེ། སྤངས་ཐོབ་མེད་པའི་སྐུར་བསྒྲུབ་ཅིང་། བྱ་རྩོལ་བྲལ་བའི་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་པའི་བདག་ཉིད་ཅན་དུ་བསྒྲུབ་པར་བྱ་བའོ། །གཉིས་པ་ནི། རྒྱལ་བ་རྣམས་ཀྱི་གསང་བ་གདུལ་བྱའི་མོས་པ་དང་འཚམས་པར་སྣང་བ་སྟེ། དྲག་པོའི་ཕྲིན་ལས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཀྱི་ངོར། རྒྱལ་བ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད། འབར་བའི་ཁྲོ་བོ་མི་བཟད་
པའི་སྐུར་བསྟན་ནས། ཐབས་མཁས་ཀྱི་ཕྲིན་ལས་དྲག་པོས། ལོག་པར་ཞུགས་པའི་འགྲོ་བ་རྣམས་ཡེ་ཤེས་ཀྱི་དབྱིངས་སུ་སྒྲོལ་བའི་མཛད་པའི་ཕྱིར། གདུལ་བྱ་དེ་རྣམས་ཀྱི་མགོན་དང་། སྐྱབས་ཀྱི་སྙིང་པོར་བཞེངས་པ་ནི་ཡེ་ཤེས་ཀྱི་མགོན་པོའོ། །དེ་ཚུལ་ཇི་ལྟ་བུས་བསྒྲུབ་ན། མཐའ་གཉིས་ལ་མི་གནས་པའི་ཤེས་རབ་ཆེན་པོས། ཁམས་གསུམ་གྱི་སེམས་ཅན་ཀུན་སྒྲོལ་བའི་སྤྱོད་པ་རླབས་པོ་ཆེས། ཚོགས་གཉིས་ཡོངས་སུ་བཟླུམ་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའམ། ཐབས་ཆེན་རྨད་དུ་བྱུང་བ་བསྲེགས་བཞུའི་ལམ་གྱིས། འཕོ་མེད་ལྷན་སྐྱེས་ཀྱི་དགའ་བ་སྤྱི་བོར་བརྟན་པའི་མཐུས། ནང་གི་བདུད་བཞི་བསྒྲལ་ནས། ཡེ་ཤེས་རྡོ་རྗེ་སངས་རྒྱས་ཀྱི་གོ་འཕང་། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོའི་སྐུར་བསྒྲུབ་པར་བྱའོ། །གསུམ་པ་ནི། སྲིད་པ་གསུམ་གྱི་རྗེ་བཙན། དྲག་པོ་རུ་དྲའི་སྡེ་དཔོན་དེ་ཉིད། དཔལ་ཆེན་པོས་བཏུལ་ནས། དཀྱིལ་འཁོར་གྱི་སྲུང་མར་ལས་ཀྱི་གཉེར་ཁ་གཏད་ཅིང་། དམ་ཚིག་
གི་བདུད་རྩི་ལྕེ་ལ་བཞག་རྡོ་རྗེ་གསང་བའི་གྲལ་དུ་བཅུག་ནས། དབང་རྟགས་རྡོ་རྗེ་སྤྱི་བོར་བཅིངས་ཤིང་། མ་འོངས་པ་ན་བཅོམ་ལྡན་འདས་ཐལ་བའི་དབང་པོར་ལུང་བསྟན་ཅིང་། ད་ལྟ་རྒྱལ་བའི་བསྟན་པ་བསྲུང་ཞིང་། རྣལ་འབྱོར་པ་རྣམས་ལོག་པའི་འདྲེན་པའི་གཡུལ་ལས་སྐྱོབས་པའི་མགོན་དང་། ཕྲིན་ལས་སྒྲུབ་པའི་གྲོགས་པོར་གྱུར་པ་ནི་ལས་ཀྱི་མགོན་པོའོ། །དེ་སྒྲུབ་པའི་ཚུལ་ནི། དམ་ཚིག་དང་ལྡན་པས། ཕྱི་ནང་གསང་བའི་རྟེན་རྣམས་བཤམས་ཤིང་། བདག་ཉིད་ཡེ་ཤེས་ལྷའི་ས་མ་དྷི་དང་ལྡན་པས། ལས་ཀྱི་མགོན་པོ་མདུན་དུ་བསྐྱེད་ཅིང་། སྤྱན་དྲངས་ནས། བསྙེན་བསྒྲུབ་ཕྲིན་ལས་རྣམ་བཞིའི་སྒོ་ནས། གྲོགས་པོའི་ཚུལ་དུ་བསྟེན་ཅིང་། མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གྱིས། དགྲ་བགེགས་རྣམས་བཅོས་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་སོགས་པའི་རབ་འབྱམས་བསྒྲུབ་པ་སོལ། བཞི་པ་ནི། ལྷ་རྣམས་ལྷ་མ་ཡིན་ལས་རྒྱལ་བར་བྱེད་པའི་ལྷའི་དམག་དཔོན་ནག་པོ་ཆེན་པོ་དེ་ཉིད་ཀྱིས། བཅོམ་ལྡན་འདས་
ཀྱི་སྤྱན་སྔར་སྲོག་གི་སྙིང་པོ་ཕུལ་སྟེ། བསྟན་པ་བསྲུང་བར་ཞལ་གྱིས་བཞེས་ནས། སྒྲུབ་པ་པོའི་དྲོད་ཉུལ་ཞིང་། ཕྲིན་ལས་བསྒྲུབ་ཅིང་། དམ་ཚིག་ཉམས་པའི་སྲོག་དབུགས་ལེན་པ། འཇིག་རྟེན་ན་མཐུ་དང་སྟོབས་ཆེ་བ། ལྷ་རྣམས་ཀྱི་མགོན་དང་། ལྷ་མ་ཡིན་གྱི་གཉེན་པོར་གྱུར་པ་ནི་འཇིག་རྟེན་གྱི་མགོན་པོའོ། །དེ་སྒྲུབ་པའི་ཚུལ་ནི། འབོད་བརྟེན་སྒྲུབ་པའི་རྫས་དང་། ཏིང་འཛིན་ལྡན་པས། རྫས་མཆོད་གཏོར་རྒྱ་ཆེན་པོས་ཐུགས་དམ་བསྐང་ཞིང་། ཁོལ་པོའི་ཚུལ་དུ་བསྟེན་ནས། བསྟན་པ་བསྲུང་བ་དང་། བརྣག་པ་བསྒྲལ་བའི་ཕྲིན་ལས་བརྩོན་པའོ། །དེ་རྣམས་ཀྱང་དོན་དམ་ཆོས་ཉིད་ཀྱི་ཀློང་དུ་ངོ་བོ་མཉམ་ཉིད་ཆེན་པོར་བཞུགས་ཤིང་། རྣམ་པ་གང་འདུལ་གྱི་རོལ་པས། ཡེ་ཤེས་ལས་དང་། འཇིག་རྟེན་གྱི་མགོན་པོར་སྤྲུལ་ཞིང་སྟོན་པ་ཉིད། དཔལ་མགོན་པོ་བེར་ཅན་ཞེས་མཚན་དང་། ཆ་ལུགས་གཅིག་ཏུ་སྟོན་པར་མཛད་ཅིང་། གཞན་ཡང་ལྷོ་བྲག་གི་མགོན་པོ་གཅིག་མགྱོགས་མ་ཡང་བྱ། ཟངས་དཀར་ལོ་ཙཱའི་ཤ་བ་རྒྱུག་འགྱེལ་ཀྱང་བྱ།
གཉལ་པ་ཉི་མ་འབར་གྱི་ཕོ་རོག་ལྡིང་བསྐྱུར་ཡང་བྱ། གཉལ་པ་ཇོ་སྲས་ཀྱི་མྱུར་བ་ཁྲག་སྐྱུགས་ཀྱང་བྱ། མལ་གྱོ་ལོ་ཙཱ་བའི་མགོན་པོ་མེའི་སྤུ་གྲི་ཞེས་ཀྱང་བྱ། འགྲོ་མགྲོན་རས་ཆེན་གྱི་མགོན་པོ་ལྕགས་སྤར་མ་ཞེས་ཀྱང་བྱ་བ། མགོན་པོ་ཐམས་ཅད་ཀྱི་སྤྱི་སྒྲུབ། རིན་པོ་ཆེ་ཀརྨ་པའི་བསྟན་བསྲུང་ཁྱད་པར་དུ་འཕགས་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འདི་ཉིད་བསྙེན་ཅིང་བསྒྲུབ་པའི་རིམ་པ་ལའང་། རླུང་བསྲེའི་མན་ངག་ལ་བརྟེན་ནས་མཆོག་གསང་བདེ་ཆེན་དུ་བསྒྲུབ་པ་དང་། བསྙེན་བསྒྲུབ་ཡན་ལག་བཞི་ལྡན་གྱི་སྒོ་ནས་མཆོག་ཐུན་གྱི་ལས་རབ་འབྱམས་བསྒྲུབ་པ་གཉིས་ལས། འདིར་ཕྱི་མ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གྱི་ཟིན་བྲིས་ལག་ལེན་གྱི་ཡིག་ཆ་རྣམས་གུང་བསྒྲིགས་པ་ལ། མན་ངག་གི་རིམ་པས་གསལ་བར་བྱས་ཏེ། བལྟས་ཆོག་མར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་གསུམ། གནས་དུས་གྲོགས་ཀྱི་མཚན་ཉིད་བསྟན་པ། ཡོ་བྱད་ཀྱི་རིམ་པ་འདུ་བྱ་བ། དགེ་བའི་
དཔུང་བསྐྱེད་པ་རྣམས་སོ། །དང་པོ་ནི། དཔལ་ནག་པོ་ཆེན་པོའི་དྲག་པོའི་རྟག་པ་དུར་ཁྲོད་ཆེན་པོའི་སྔགས་ཀྱི་ལེའུར། གང་ཞིག་ནག་པོ་ཆེན་པོ་བསྒྲུབ་པར་འདོད་པས། དུར་ཁྲོད་ཆེན་པོའི་གནས། འབྱུང་པོ་དང་རོ་ལངས་འདུ་བའི་ཕྱོགས་སུ་སོང་ལ། ཞེས་སོགས་གསུངས་པའི་གནས་ཀྱི་མཚན་ཉིད། ས་ཆོག་རྡོ་རྗེ་ཕྲེང་བའི་ནང་མདོ་ཙམ་བརྗོད་པའི་དེ་ལྟ་བུ་ཁྱད་པར་བ་དང་། སྤྱི་ཙམ་དུ་གཙང་ཞིང་དབེན་ལ། ཉམས་དགའ་བ། དམ་པ་གོང་མ་རྣམས་ཀྱིས་བྱིན་རླབས་ཆགས་པའི་གནས་སུ་བསྒྲུབ་པར་བྱ་ཞིང་། དུས་ཀྱི་མཚན་ཉིད་ནི། དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད། དཔྱིད་ཟླ་ཐ་ཆུང་གི་ནག་པོའི་ལྔ། དབྱར་དང་། སྟོན་ཟླ་ཐ་ཆུང་རྣམས་ཀྱི་ནག་པོའི་བཅུ་བཞི་རྣམས་ལ་ཆོ་ག་བརྩམ་མོ། །གྲོགས་ཀྱི་མཚན་ཉིད་ནི། བློ་གསལ་ཞིང་ངག་ལ་ཉན་པ། གཙང་སྦྲ་ཆེ་ཞིང་། གསང་ཐུབ་པ། གསང་སྔགས་ལ་དད་ཅིང་། གཞན་གྱིས་དབང་དུ་མ་གྱུར་པ། གཞུང་བཟང་ཞིང་། གཡོ་སྒྱུ་མེད་པ། ཞི་ཞིང་དུལ་ལ། དམ་ཚིག་གཙང་བ་སོགས་བཟང་
པོའི་ཡོན་ཏན་ཚོགས་པ་དང་ལྡན་པ་བསྟེན་པར་བྱའོ། །གཉིས་པ་ཡོ་བྱད་འདུ་བྱ་བ་ལ་གཉིས། སྒྲུབ་རྟེན་གཏོར་མའི་ལག་ལེན་དང་། མཆོད་གཏོར་ཉེར་མཁོའི་ཡོ་བྱད་འདུ་བྱ་བའི་ཚུལ་ལོ། །དང་པོ་ལའང་། རྟེན་གཏོར། རྒྱུན་གཏོར། ཐུན་གཏོར། གཏའ་གཏོར་བཅས་གྲངས་བཞིར་ཕྱེ་བའི་དང་པོ་ནི། མན་ངག་ལས་འབྱུང་བའི་རྟེན་གཏོར་ཆེན་མོ། བསྟན་པ་ཇི་སྲིད་བར་དུ་ཡུན་དུ་བརྟེན་པའི་མན་ངག་གི་གཏོར་ཆེན་བཅའ་བར་འདོད་ན། དེའི་ལག་ལེན་གྱི་ཡིག་ཆ་དམ་པ་གོང་མ་རྣམས་ཀྱིས་མཛད་པ། ཐུན་མོང་མ་ཡིན་པ་རྣམས་ལས་ཤེས་པར་བྱ་ཞིང་། འདིར་ནི་ལས་བཅོལ་བ་མ་གྲུབ་ཀྱི་བར་རམ། རང་ཉིད་ཀྱི་མི་ཚེ་ཙམ་གྱི་རྟེན་གཏོར་བཅའ་ཐབས་ཁྱེར་བདེར་བཀོད་པ་ལ་གཉིས། རྒྱུ་བྱིན་གྱིས་བརླབས་པ་དང་། བཅའ་བའི་ཚུལ་ལོ། །དང་པོ་ནི། གཏོར་མའི་རྒྱུ་འབྲུ་ནག་གི་ཕྱེ་གཙང་མ། རིན་པོ་ཆེའི་སྣོད་དུ། དབྱིབས་ཟུར་གསུམ་རྩེ་རྒྱལ་དུ་བྱས་པའི་མདུན་ངོས་སུ་འབྲུ་གསུམ་དང་ཧཱུྃ་དང་བྷྱོཿཡིག་བྲིས་པ་མཉྫིའི་ཁར་བཀོད།
དེའི་མཐར་ཉེར་སྤྱོད་བསྐོར་བཤམ་དང་ཕྲེང་ཚར་ཅི་བདེར་བྱ། རང་ཉིད་མགོན་པོའི་ང་རྒྱལ་དང་ལྡན་པས་བདུད་རྩི་བྱིན་བརླབས་བྱས་པའི་ནང་མཆོད་འཐོར་ཞིང་། ཨོཾ་དཾཥྚོད་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མའི་རྒྱུ་ལྷ་མིའི་ལོངས་སྤྱོད་འདོད་ཡོན་རིན་པོ་ཆེ་སྣ་ཚོགས་པའི་ཕུང་པོ་འབྲུ་གསུམ་དང་ཡབ་ཡུམ་གྱི་ཕྱག་མཚན་ས་བོན་གྱིས་མཚན་པ་རྣམས་ལས་འོད་འཕྲོས། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ་ཐམས་ཅད་ཚུར་བསྡུས་ཤིང་ཡོངས་སུ་གྱུར་པ་ལས་མགོན་པོ་ལྕམ་དྲལ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱི་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར་པ་ལ། སླར་ཡང་དབང་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་མི་བསྐྱོད་པའི་དབུ་བརྒྱན་གྱུར་པ་ལ། རང་ལས་སྤྲུལ་པའི་ལྷ་མོས་མཆོད་ཅིང་བསྟོད་པར་མོས་པས། ཨོཾ་ཤྲཱི་བཛྲ་
ཨརྒྷཾ་ནས། ཤབྡའི་བར་པྲ་ཏིཙྪ་ཨཱཿཧཱུྃ་བཏགས་པས་མཆོད། ཧཱུྃ། ཆོས་ཀྱི་དབྱིངས་ལས་སོགས་དང་། མཁའ་ལ་དབང་བསྒྱུར་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། མཐར་ཡབ་ཡུམ་འོད་དུ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཟག་མེད་ཀྱི་འདོད་ཡོན་འཕྲོ་བའི་ཕུང་པོར་གྱུར་པར་མོས་པས་བྱིན་གྱིས་བརླབ་བོ། །གཉིས་པ་ནི། བྱིན་གྱིས་བརླབས་པའི་ཕྱེ་དེ་ཉིད་ཟན་དུ་བྱས་ནས། རྟེན་གཏོར་སྙིང་ལ་ཟུར་བཏོད་པ་ལྟ་བུའི་དབྱིབས་ཅན་མཛེས་ཤིང་ལྷུན་ཆགས་པ། མར་རྒྱན་སོགས་ཀྱི་ལེགས་པར་བརྒྱན་པའི་ནང་དུ། མཐིང་ཤོག་གམ། རྒྱ་ཤོག་ལ། གསེར་རམ། མཚལ་གྱིས། བླ་མ་བརྒྱུད་པའི་མཚན། ཨོཾ་ཨཱཿབཛྲ་དྷཱ་ར་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་བྷ་དྲ་ཧཱུྃ། དེ་བཞིན་ཐོག་མཐར། ཨོཾ་ཨཱཿཧཱུྃ་སེ་པོར་སྦྱར་བས། ཛྙཱ་ན་སིདྡྷི་སོགས། སོ་སོའི་མཚན་སྔགས་རྒྱ་སྐད་དུ་བྱས་པའི་མཐར་འདོད་གསོལ་སྦྱར་བའམ། མ་ཤེས་ན། ཨོཾ་ཨཱཿརྡོ་རྗེ་འཆང་ཆེན་ཧཱུྃ། ཞེས་པ་ལྟ་བུའམ། ཡང་བསྡུ་ན། ཨོཾ་ཨཱཿཧཱུྃ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན། ཏཻ་ལོ་ཤེས་རབ་བཟང་པོ།
སོགས་ནས་རྩ་བའི་བླ་མའི་བར་རྟོགས་པ་དོན་གྱི་བརྒྱུད་པ། གཞན་ཡང་ཡབ་རྐྱང་། ཡུམ་རྐྱང་ལ་སོགས་མ་མགོན་གྱི་བརྒྱུད་རིམ་དུ་བཞུགས་པའི་བླ་མའི་མཚན་སྔགས་རྣམས་དག་པར་བྲིས་པའི་མཇུག་ཏུ། རྗེ་བཙུན་བློ་གྲོས་མཐའ་ཡས་ལ་སོགས་པ་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས། སྒྲུབ་པ་པོ་བདག་གི་རྒྱུད་ལ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མཛད་དུ་གསོལ། ཅེས་པའི་འདོད་གསོལ་བཅས་བྲིས། ཡིག་ངོ་ནང་བསྟན་གྱིས་མཇུག་ནས་ཡར་དྲིལ་ཏེ་ཚོན་སྐུད་སྣ་ལྔས་དཀྲིས་ལ། དར་སེར་པོའི་ན་བཟའ་གཡོགས་པ། རིན་པོ་ཆེའི་སྦུ་གུའམ། སྙུག་སྦུབ་ཏུ་བཅུག་སྟེ། གཏོར་མའི་ནང་གི་རྩེ་མོར་འཇོག་གོ །དེ་བཞིན་ཏུ། ཡི་དམ། བདེ་མཆོག །རྒྱལ་རྒྱམ། ཀྱཻ་རྡོར། ཕག་མོ། གསང་བདག་རྣམས་གཙོར་བྱས། རང་གང་མོས་ཀྱི་སྙིང་པོ་རྣམས་བྲིས་པའི་མཇུག་ཏུ། ཡི་དམ་ལྷ་ཚོགས་རྣམས་ཀྱིས། སྒྲུབ་པོ་བདག་ལ། མཆོག་དང་། ཐུན་མོང་གི་དངོས་གྲུབ་
མྱུར་དུ་རྩོལ་ཅིག །ཅེས་བྲིས་པ་ཚོན་སྐུ་སྣ་ལྔ་དང་། དར་མཐིང་དམར་གྱི་ན་བཟའ་གཡོགས་ཏེ། གཏོར་མའི་མགྲིན་པའི་ཐད་ཙམ་དུ་གཞུག །དེ་བཞིན་མ་མགོན་གྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་དང་། སྤྱི་དྲིལ། སྤྱན་འདྲེན་དང་། སྐུ་གསུང་ཐུགས་ཀྱི་བསྙེན་སྔགས། མ་མོའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་སོགས་བྲིས་པའི་མཇུག་ཏུ། དཔལ་མ་མགོན་ཡབ་ཡུམ་གྱིས། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། ནག་པོ་ཆེན་པོ་ཡུམ་དང་བཅས་པས། བདག་ལ་ཉེ་བར་མཛད་དེ་ཞལ་བསྟན་དུ་གསོལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་སྩལ་དུ་གསོལ། ཁྱད་པར་བླ་མ་ཀརྨ་པ་ཡི་བསྟན་པ་དར་བར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་འགྲོགས་ནས། གང་བཅོལ་བའི་ལས་རྣམས་ཐོགས་པ་མེད་པར་བསྒྲུབ་ཅིང་། དངོས་གྲུབ་དང་ཕྲིན་ལས་རྒྱ་ཆེན་པོ་སྦྱིན་པར་མཛད་དུ་གསོལ། ཅེས་བྲིས་ཤིང་གོང་བཞིན་དྲིལ་བ་སོགས་བྱས་ནས། སྐུད་པ་དར་སྣ་ལྔས་
དཀྲིས་ཤིང་། དར་ནག་གི་ན་བཟའ་བཅས། གཏོར་མའི་དབུས་ཀྱི་ཆར་བཞུགས་སུ་གསོལ། གཏོར་མའི་སྨད་ཆའི་ནང་དུ། དུག་ཤོག་ལ། དུག་ཁྲག་གཙང་མས། རྦད་སྔགས་དང་། མ་མོའི་ལས་ཀྱི་གཉེར་གཏད་པའི་སྔགས་བྲིས་པའི་མཐར། འདོད་གསོལ་ཀྱང་སྐབས་ཐོབ་སྦྱར་བ། མཇུག་ནས་ཡར་བསྒྲིལ་བ། ཚོན་སྐུད་སྔོ་དམར་གྱིས་དཀྲིས་པ། དར་ནག་གིས་དྲིལ་ཏེ་བཅུག །དེས་འགྲེས་ཏེ། ཞི་རྒྱས་དབང་དྲག་སོགས་ལས་གང་དགོས་སོ་སོའི་རྫས་དང་། ཤམ་བུའི་ཁ་བསྒྱུར་རིག་པས་འཕྲུལ། གང་ལྟར་ཡང་། སྨན་འབྲུ་རིན་ཆེན། དར་ཟབ། ཤ་སྣ། སྙིང་སྣ། ཁྲག་སྣ་གཙང་མ་གང་འབྱོར་བཅས་བླུག །ཕྱི་རོལ་གྱི་གཏོར་མའི་རྩེར་ཞལ་སྦྱོར་གྱི་སྐུ་ཙཀ་བཙུག་པ་ལ། སྟེང་དུ་དར་ནག་གི་གདུགས་ཕུབ་ཅིང་། མཚན་ཉིད་དང་ལྡན་པར་བྱས་ཏེ། རིན་པོ་ཆེ་ཀརྨ་པས། མཚན་ཉིད་དང་ལྡན་པར་བསྒྲུབ་པའི་གཏོར་མ་ལ། ཆོས་སྐྱོང་གི་གཟུགས་བྲིས་ཏེ་བཙུགས་ནས། གཞུང་བཞིན་བསྐྱེད་བསྟིམ། བསྟོད་བསྐུལ་སོགས་ཞག་བདུན་གྱི་བར་དུ་
བྱས་ན། དཔལ་མགོན་གྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས། སྡོང་གྲོགས་བྱེད་ཅིང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ། བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཅེས་གསུངས་པའི་ཕྱིར། ངེས་པར་ཚད་ལྡན་ཏུ་བྱེད་པ་གནད་ཆེ། གཙོ་བོའི་གཏོར་མ་དེའི་འཁོར། དམར་གཏོར་བརྒྱད་དམ་བཅུ་གང་མོས་ཀྱིས་བསྐོར་བ་ལ། ཟས་སྣ་ཚོགས་ཀྱི་ཕུད་བཅས། རིན་པོ་ཆེའི་སྣོད་བཟང་པོར་བཞུགས་པར་བྱའོ། །དེའི་འཁོར་གབ་པ་ལྷ་བཞིའི་གཏོར་མ་ནི། ཤར་དུ་ལྷ་བཤོས་ཟླུམ་པོའི་རྩེ་མོ་མར་དང་། རྩ་བ་ཁྲག་གིས་བྱུག་པ། ལྷོར་དྲི་བཤོས་ཟུར་གསུམ་རྩེ་རྒྱལ་ཁྲག་གིས་བྱུག་པ། ནུབ་ཏུ་བཙུན་བཤོས་གྲུ་བཞི་རྩེ་བརྒྱད་ཁྲག་གིས་བྱུག་པ། བྱང་དུ་གསང་ཕྱི་ནོར་བུའི་གཟུགས་སྟོད་མར་དང་། རྩ་བ་ཁྲག་གིས་བྱུག་པ་རྣམས་ཀྱང་བཀོད། འདི་ལ་ཡིག་རྙིང་རྣམས་སུ་འདྲ་མིན་མང་དུ་སྣང་མོད། འདི་ཉིད་དག་པར་བྱས་ཡོད། གཉིས་པ་ནི། རྒྱུ་དེ་ཉིད་ལས་བཅོས་པའི་རྒྱུན་གཏོར་ཆོས་སྐྱོང་སྤྱི་གཏོར་དང་། སྤྲོ་ན། གསོལ་ཁའི་གཏོར་མ་
བརྗིད་པ་ལ། རྒྱན་ཁྲ་སོགས་ཀྱིས་མཛེས་པར་བྱས་པ། འཁོར་བཤོས་བུ་ཟུར་གསུམ་པ་བཅུས་བསྐོར་བར། བརྟེན་བསྒྲུབ་མཆོད་པའི་རྫས་ཀྱི་རིགས་དང་། འབྲུ་སྨན། རིན་ཆེན། དར་ཟབ། ཤ་ཁྲག །ཁུར་བ། ཤིང་ཐོག་སོགས་ཀྱིས་བརྒྱན་པ་དང་། བསྐང་གཏོར་མཛེས་ཤིང་ལྡེམ་པར། འཁོར་གོང་མཚུངས་ཅན་ལ། བསྐང་རྫས་ཀྱི་རིགས་སྤར་བཏབ་པ་ས་དང་། སྨན་དར། རིན་ཆེན། ཁ་ཟས་བཟང་རྒུ་རྣམས་ཀྱིས་བརྒྱན་པའོ། །གསུམ་པ་ཐུན་གཏོར་ནི། གལ་ཆེ་ན། རྡོ་རྗེའི་མེ་འོབས་ནས་བཤད་པའི་ཁྱད་པར་གཏོར་མའི་རྫས་དང་། ལིང་གའི་རྫས་གཉིས་བསྲེས་ནས་ཚད་ལྡན་དུ་བྱས་པ་དང་། སྤྱི་ཙམ་དུ། རྒྱུ་བྱིན་བརླབས་མ་བྱས་པའི་ཟན་གྱིས། གཏོར་མ་ཟུར་གསུམ་རྩེ་རྒྱལ་ཤ་ཁྲག་གི་བརྒྱན་པས་ཀྱང་ཆོག །བཞི་པ་གཏའ་གཏོར་ནི། བཤོས་བུ་ཟུར་གསུམ་ཁྲུ་གང་ལས་མི་ཆུང་བ་རྒྱན་ལྡན། གོང་གི་གསོལ་བསྐང་གི་རྫས་རྣམས་ཚང་མས་བསྐོར་བ། ཉིན་རེ་བཞིན་གསོ་བྲན། བྱིན་བརླབས་བྱས་ནས། ལས་མ་གྲུབ་པར་མི་བསྔོ་བར་
འཇོགས་ཤིང་གཏར་བཟུང་། གཏའ་གཏོར་འདི་བསྙེན་བསྒྲུབ་སྐབས་མེད་ཀྱང་རུང་ངོ་། །གཉིས་པ་ཉེར་མཁོའི་མཆོད་གཏོར་གྱི་རིམ་པ་ལ། གསེར་སྐྱེམས། ཚོགས། བ་ལིཾ། དབང་སྣ། ཞི་དྲག་གི་ཞལ་ཟས། ཐུན་གཏོར། འཁོར་ལྔ་རྗེས་འབྲངས་དང་བཅས་པའི་འབུལ་གཏོར། མཚམས་ཐོའི་མཆོད་གསོགས་དང་། སོ་སོའི་རྫས་ལྡན་གྱི་སྨན་རཀ་ཏིང་བདུན་ཚར་གཉིས། ཐོད་རྔ། རྔ་དང་། ཆང་ལང་། རྡོར་དྲིལ། གུལ་ཡུངས། འཐོར་ནས། སྤོས་ཕོར། ཁྲུས་བུམ། ཆུ་བུམ་སོགས་ཉེར་མཁོའི་རིགས་རྣམས་བསྡོགས་ཚགས་སུ་ཚུད་པར་བྱའོ། །གསུམ་པ་ནི། རྡོར་སེམས་བསྒོམ་བཟླས། ཚོགས་པ་དང་བསྐང་བཤགས། སཱཙྪ། ཆུ་གཏོར། བསང་བརྔན། ཡར་མར་གྱི་མགྲོན་བཞི་མཆོད་པ། དཔང་སྐོང་ཕྱག་རྒྱ་པ། དཀོན་མཆོག་བརྩེགས་པ། གཟུངས་འདུས་བསྒྲགས་པ་སོགས་དགེ་བའི་དཔུང་བསྐྱེད་པ་ཅི་ནུས་སུ་བྱའོ། །གཉིས་པ་དངོས་གཞི་བསྙེན་བསྒྲུབ་ཀྱི་ལག་ལེན་སྟོན་པ་ལ་བཅུ་གཉིས། མཚམས་བཅད་པ་གཞི་དགྲམ་པ།
བསྒོམ་འདོན་གྱི་རིམ་པ་དང་། བསྙེན་པས་བྱིན་རླབས་བསྡུ་བ། ཉེ་བསྙེན་གྱི་ཡེ་ཤེས་དབབ་ཅིང་ཐུགས་རྒྱུད་བསྲེ་བ། སྒྲུབ་པས་མཆོད་ཅིང་དབྱེར་མེད་དུ་བྱ་བ། སྒྲུབ་པ་ཆེན་པོས་ཚེ་བསོད་སྤེལ་ཞིང་དགྲ་བགེགས་བསྒྲལ་བ། འགྲུབ་པའི་རྟགས་མཚན་བསྟན་ནས། དུས་དང་གྲངས་ཀྱི་བསྙེན་པའི་ཚད་བཤད་པ། གེགས་ཞི་བའི་ཐབས་བསྟན་པ། ཞི་སོགས་ལས་བཞིའི་ཁ་བསྒྱུར་གྱི་ལས་སོ་སོར་སྦྱར་བ། ཁྱད་པར་དྲག་པོའི་ཕྲིན་ལས་ཀྱི་ཆོ་གའི་དམིགས་པའི་འཁྲུལ་འཁོར་དང་འབྲེལ་བའི་གདབ་ལས་དང་། ལས་འགྲིགས་སྤུ་གྲི་རེག་གཅོད་ཀྱི་མན་ངག །འཕང་བ་ཟོར་གྱི་ལག་ལེན་བཅས་བྱ་ཚུལ་ཞིབ་མོར་བཀོད་པ་རྣམས་མཐར་ཆགས་སུ་བསྟན་པ་ལ། དང་པོ་ནི། གནས་ཁང་ཕྱག་བརྡར་དང་། སྒྲུབ་པ་པོ་གྲོགས་བཅས་ཁྲུས་དང་། གཙང་སྦྲ་ལ་གནས་པས། སྒོ་དྲུང་དུ་སོང་ལ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་འབྱུང་པོ་རྣམས་ལ། ཆ་གསུམ་གཏོར་མ་བསྔོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་རང་གནས་སུ་བཏང་། མཁའ་འགྲོ་དང་། གཞི་གནས་
ཀྱི་བདག་པོར་གཏོར་མ། གསེར་སྐྱེམས་བཅས་བསྔོས་ནས། སྒྲུབ་པའི་གྲོགས་བཅོལ་བ་རྣམས་ཟིན་ནས། སྒོ་འགྲམ་གཡས་གཡོན་གང་བདེར་ཐོ་དཀར་པོ་ཞིག་བརྩེགས་པའི་རྩེ་མོར། རྒྱལ་ཆེན་བཞིའི་སྐུ་བརྙན་བྲིས་པའི་བྱང་བུ། སྙུག་ལྡེམ་ལ་དར་དཀར་པོ་བཏགས་པས་བརྒྱན་པ་བཙུགས་པའི་མདུན་དུ། མཆོད་གཏོར་དཀར་གཏོར། དཀར་མངར་འབྲུ་སྣས་བརྒྱན་པ་དང་། ཉེར་སྤྱོད་ཚར་དུ་བཤམས་པ་ལ། བྱིན་གྱིས་བརླབས་པའི་ནང་མཆོད་འཐོར་ཞིང་། ཨོཾ་ཨཱཿབིགྷན་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །འབྲུ་གསུམ་ཞུ་བ་ལས་བྱུང་མཆོད་གཏོར་ཚོགས། །རོ་བཅུད་ནུས་པ་ཕུན་ཚོགས་བདུད་རྩིའི་མཚོ། །ཟག་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁྃ་སྭཱ་ཧཱ། ཞེས་པས་འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བལྟས་ལ་བྱིན་གྱིས་བརླབ་བོ། །དེ་ནས་མདུན་རྟེན་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་ཉིད་ནག་པོ་ཆེན་པོར་
གསལ་བའི་མདུན་དུ་ཐོ་རིན་པོ་ཆེའི་ཕོ་བྲང་དུ་གྱུར་པའི་ནང་དུ། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་འཁོར། བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང་། བདག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་ཚོགས་འཕྲོས། རི་རབ་ཆེན་པོའི་ཕྱོགས་བཞི་དང་། ཁྱད་པར་འོག་མིན་གྱི་གནས་ནས། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་བཅས་སྤྱན་དྲངས་པ་རྣམས་སྐད་ཅིག་གིས་མདུན་དུ་བྱོན་པར་གྱུར། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་རབ་འབྱམས་སྤྱན་དྲངས་པ་རྣམས་ཀྱིས། བུམ་པའི་ཆུ་དབང་བསྐུར་བས་སྐུ་གང་། ཆུའི་ལྷག་མ་ཡར་ལུད་པ་ལས། མི་གཡོ་བ། གཤིན་རྗེ་གཤེད། རྟ་མགྲིན། བདུད་རྩི་འཁྱིལ་པ་རྣམས་ཀྱིས་དབུ་བརྒྱན་པར་དམིགས་ལ། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་མོས་པས། ཨོཾ་བཛྲ་ཨརྒྷཾ་པྲ་ཏིཙྪ་ཨཱཿཧཱུྃ། སོགས་ཀྱིས་མཆོད། ཧཱུྃ། བརྩོན་པའི་གོ་བསྒོས་མཐུ་སྟོབས་
ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བའི། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད་ཅིང་། ཐུགས་རྒྱུད་བསྐུལ་བ་ནི། རྒྱལ་ཆེན་བཞི་པོ་སོ་སོའི་ཐུགས་ཀར་ཟླ་གདན་ལ་གནས་པའི། དྷྲྀ་བི་བི་བཻ། རྣམས་རང་མདོག་གི་མཐར། རང་རང་གི་སྲོག་སྔགས་འཁོད་པ་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཀྱིས་བསྐུལ་བས། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་པའི་ཐ་ཚིག་དྲན་ནས་དངོས་གྲུབ་སྲུང་ཞིང་། བར་ཆད་བཟློག་པ་སོགས་ཅི་བསྒོ་བའི་ཕྲིན་ལས་རྣམས་ཐོགས་མེད་དུ་བསྒྲུབ་པར་མོས་ལ། ཨོཾ་དྷྲྀ་ཥྚ་ར་ཥྚ་ཡ་སྭཱ་ཧཱ། ཨོཾ་བི་རུ་དྷ་ཀ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླས་མཐར་གཏོར་མ་འབུལ་ཞིང་། ཕྲིན་ལས་བཅོལ་བ་ནི། གཏོར་མ་རྃ་ཡྃ་ཁྃ་གིས་བསངས་སྦྱང་། ཨོཾ་ཨཱཿཧཱུྃ་གིས་སྤེལ་བ་སོ་སོའི་སྔགས་ལ། ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། བཏགས་པ་ལན་གསུམ་རེ་བསྔོས་
པས་དགྱེས་ཤིང་ཚིམ་པར་མོས་ལ། ཧཱུྃ། དཔལ་ཆེན་བཀའ་ཡི་བསྟན་སྐྱོང་བ། །མཐུ་ཆེན་སྲུང་མ་ཆེན་པོ་བཞི། །འཁོར་གཡོགས་རྒྱ་མཚོའི་ཚོགས་བཅས་ཀྱིས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །བདག་གིས་རྒྱལ་བའི་བསྟན་སྲུང་ཕྱིར། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་ཆེ། །བཀའ་གསང་གཞུང་བཞིན་བསྒྲུབ་ལགས་ཀྱི། །ཕྲིན་ལས་མཐའ་རུ་མ་ཕྱིན་པར། །ཕྱི་ཡི་བར་ཆད་བཟློག་པ་དང་། །ནང་གི་དངོས་གྲུབ་སྲུང་བའི་ཕྱིར། །རྟེན་འདིར་དགྱེས་པར་རྟག་བཞུགས་ལ། །རྒྱལ་བའི་སྤྱན་སྔར་ཁས་བླངས་བཞིན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་འདོད་དོན་གསོལ་བས་དགྱེས་པ་དང་བཅས། སྲུང་བཟློག་གི་ལས་མཛད་ཅིང་། བརྟན་པར་བཞུགས་མོས་ཤིང་། ཡེ་དྷརྨཱས་རབ་ཏུ་གནས་པའང་བྱའོ། །དེ་ནས་ནང་དུ་འོང་ལ། གནས་ཁང་མཛེས་པར་བརྒྱན་ཅིང་། གཞི་གཙང་མའི་སྟེང་དུ། མཎྜལ་ཚོམ་བུ་གཅིག་པའི་ཁར། མཚན་ཉིད་དང་ལྡན་པའི་བུམ་པ། དག་བྱེད་ཀྱི་རྒྱུན། དྲི་བཟང་དང་། ཉེར་ལྔའི་རྫས་ཀྱི་སྦགས་པས་ད
ག །དར་ལྗང་གུའི་ཅོད་པན་གྱིས་མགུལ་བཅིངས། ཀུ་ཤས་ཁ་བརྒྱན་པ་བཤམས། དེའི་མདུན་དུ་ཉེར་སྤྱོད་ཕྲེང་ཚར་དུ་བཀོད་པར་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་ཞུ་བ་ལས་གྲུབ་པའི། །ལྷ་རྫས་ཉེར་སྤྱོད་མཆོད་པའི་སྤྲིན། །ཀུན་བཟང་སྨོན་ལམ་ལྟ་བུར་གྱུར། །ཞེས་བྱིན་གྱིས་བརླབས་ནས། བུམ་པ་ལ་དམིགས་ཏེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་བྷྲཱུྃ་ཞུ་བ་ལས་བྱུང་བའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། པད་ཉི་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མཆོག་ལྗང་སྔོན་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་དབང་གི་ལྷ་རིགས་ལྔ་སྤྱན་དྲངས་པ་ལ། ཨ་བྷི་ཥིཉྩ་ཏུ་མཾ་ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་དབང་བསྐུར་བས། སྐུ་གང་། ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས། དོན་
གྲུབ་ཀྱིས་དབུ་བརྒྱན་པ་ལ། བདག་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་། བསྟོད་པར་མོས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨརྒྷཾ་ཨཱཿཧཱུྃ། ནས། ཤབྡའི་བར་གྱིས་མཆོད་ཅིང་། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་རྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །བཟླས་པ་ནི། ཁྲོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ། །མཐའ་མར་སྔགས་ཀྱིས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབས་བུམ་ཆུ་འདྲེས། །དག་བྱེད་ཡེ་ཤེས་བདུད་རྩིར་གྱུར་གྱི་མོས་ལ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཁྲོ་བོ་འོད་དུ་ཞུ་བ་བུམ་ཆུར་འདྲེས་པས། ཉེས་པའི་སྐྱོན་རྣམས་དག་བྱེད་ཀྱི་བདུད་རྩིར་གྱུར་པར་མོས་ལ། བདག་དང་། རྫས། གནས་ཁང་ཡོ་བྱད་རྣམས་ལ་འཐོར་བས། ཉམས་གྲིབ་མི་གཙང་བ་རྣམས་དག་པར་མོས་ཤིང་། ཀ་ཆ་མཚམས་ཁོངས་སུ་གཏོང་ལེན་བྱ་རྒྱུའི་རིགས་ལའང་འདིས་བསང་གཏོར་བྱའོ། །གཉིས་པ་ནི།
དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ། རང་དང་ཞལ་སྤྱོད་དུ་བྱས་པའི། སྟེགས་བུ་གྲུ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རྒྱས་པར་སྤྲོ་ན། རྡོ་རྗེ་ཕྲེང་བ་ནས་འབྱུང་བ་བཞིན། ས་ཡི་ཆོ་ག་སྔོན་དུ་འགྲོ་བས། རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བ་ལའམ། འབྲིང་པོར་ས་ཆོག་བཅས། རས་བྲིས་ཀྱི་དཀྱིལ་འཁོར་མཚན་རྫོགས་པ་བཀྲམས། བསྡུ་ན། རས་བྲིས་ཉིད་བཏང་བའམ། མཎྜལ་ལ། འབྲུ་ནག་གིས་ཚོམ་བུ་ལྷ་གྲངས་སམ། གཙོ་འཁོར་དགུའམ། བཅུ་གཅིག །གང་མོས་བཀོད་པས་ཀྱང་རུང་། དེའི་སྟེང་མ་ཉི་ཟླའི་ཁར། གོང་གི་རྟེན་གཏོར་བཞུགས་སུ་གསོལ་ཞིང་། གབ་པ་ལྷ་བཞིའི་བཤོས་བུ་རྣམས་ཀྱང་བཤམས། མི་འབྲལ་བར་འགྲོགས་པའི་རྟེན་སོགས་ནང་དང་། གསང་བའི་རྟེན་རྣམས་ཡོད་ན། གང་བདེར་བཀོད་ལེགས་སུ་བཞུགས་སུ་གསོལ་བའི་མཐར། མདུན་ནས་གཡས་བསྐོར་དུ། ཁྲག་ཆེན་དང་། དུག་གི་མེ་ཏོག །རུས་ཆེན་གྱི་ཕྱེ་མ་རྣམས་སྦྱར་བའི་ཨརྒྷཾ་ཤར། དུག་ཁྲག་གིས་སྦགས་པའི་ཞབས་བསིལ་
ཤར་ལྷོ། དུག་དང་དབང་པོ་ལྔའི་མེ་ཏོག་ལྷོ། མན་ངག་གི་སྤོས་ཆེན་དང་སྦྱར་བའི་བདུག་སྤོས་ལྷོ་ནུབ། ཚིལ་ཆེན་ནམ། མར་ནག་གི་ཞུན་མེ་ནུབ། ཁྲག་ཞག །ཐལ་བ། བདུད་རྩི་ལྔ་རྣམས་བསྲེས་པའི་དྲི་ཆབ་ནུབ་བྱང་། ཤ་ཆེན་དང་། རུས་པའི་ཞལ་ཟས་བྱང་། རྐང་གླིང་དང་། ཐོད་པའི་རྔེའུ་ཆུང་བྱང་ཤར་རྣམས་སུའོ། །མདུན་ངོས་ཀྱི་གཡས་སུ། གསོལ་གཏོར། གཡོན་དུ་བསྐང་གཏོར། དབུས་སུ་རྒྱུན་གཏོར། གཡས་གཡོན་དུ་སྨན་རཀ །མདུན་དུ་གོང་བཤད་ཀྱི་རྫས་དང་ལྡན་པའི་ཉེར་སྤྱོད་ཕྲེང་ཚར། དེའི་མདུན་སོགས་གང་བདེར་གཏོར་འབུལ་གྱི་རིགས་རྣམས་དང་། སྟེགས་བུ་ཟུར་པར། ཞིང་ངམ། གཅན་གཟན་གྱི་པགས་པས་བཀབ་པའི་ཁར། ག་ཎ་ཙ་ཀྲ་དང་། མ་ད་ན། དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་དེར། ཞིང་ལྤགས་བརྐྱང་བའི་ཁར་ཐུན་གཏོར་བསགས་པའི་སྣོད་ཆེ་བ། གཏོར་ཆུང་གཅིག་དང་བཅས་པ་བཀོད་པ་མཛེས་ཤིང་། བག་དྲོ་བར་བཤམ། གཏའ་གཏོར་བསྙེན་སྒྲུབ་ཀྱི་ཕྱིར་བཅས་པ་ཡིན་ན། དཀྱིལ་འཁོར་
གྱི་ཉི་ལོགས་དང་། དགྲ་བགེགས་བསྒྲལ་བའི་ཆེད་དུ་ཡིན་ན། ལས་ཁྲུང་གི་འགྲམ་དུ་འཇོག་གོ །གསུམ་པ་ནི། སྐབས་ཐོབ་ཁྱད་པར་ཅན་གྱི་སེམས་བསྐྱེད་དང་། སྤྱོད་ལམ་ལྡན་པས། ཇི་སྐད་དུ་ཡང་། ཡན་ལག་བདུད་རྩི་ལྔས་བྱུག་ལ། །སྐྲ་བརྫེས་གྲི་གུག་ཐོད་པ་འཛིན། །ཁ་དོག་ནག་པོ་དུར་ཁྲོད་གོས། །རྣལ་འབྱོར་པ་ཡིས་བསྐོར་བར་བྱ། །ལྷོའི་ལྷོ་ནུབ་བསྒྲུབ་བྱའི་ཕྱོགས། །ཁ་བལྟས་ཞིང་གི་གདན་ལ་འདུག །ཅེས་པའང་། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པས། གང་བསྒྲུབ་པར་བྱ་བའི་ལས་དང་མཐུན་པའི་བསམ་སྦྱོར། གོས་རྒྱན། སྟན་སོགས་བྱ་བར་གསུངས་པས་དེ་ལྟ་བུའི་ཏིང་འཛིན་དང་ལྡན་པས། ཞིང་ཆེན་ནམ། དམིགས་བྱའི་ལུས་སུ་བསམ་པའི་གཙང་མའི་གདན་ལ་འཁོད་དེ། ཧཱུྃཿཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །སོགས་ཚིག་བདུན་གསོལ་འདེབས་དབང་ལེན་བཅས་སྔོན་དུ་འགྲོ་བས། བརྒྱུད་པའི་གསོལ་འདེབས་བདེ་ཆེན་རྡོ་རྗེ་སོགས་བརྗོད་མཐར། རང་ཡི་དམ་དུ་བསྐྱེད་ནས། བདུད་རྩི་དང་། སྔོན་གཏོར་
བྱིན་གྱིས་བརླབ་ཅིང་། མགྲོན་འགུགས་པ་དང། གཏོར་མ་སྦྱིན་ནས། ཕྲིན་ལས་བཅོལ་ཞིང་། བཀའ་བསྒོ་བ་དང་། བགེགས་བསྐྲད་ཅིང་། སྲུང་འཁོར་མཚམས་གཅོད་བཅས་གསལ་བརྟན་དུ་བསྒོམ། ཏིང་འཛིན་བསྐུལ་བ། མཆོད་པ་བྱིན་བརླབས། སྐྱབས་སེམས། རྡོར་སེམས་བསྒོམ་བཟླས། ཚོགས་ཞིང་བསྐྱེད་ཅིང་། སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། ཡན་ལག་བདུན་པ། མཎྜལ། ལུས་དབུལ་ཞིང་བཤགས་པ། དགེ་བསྔོ། བླ་མའི་རྣལ་འབྱོར་བཅས་ཚད་མེད་བཞི་བསྒོམ་པ། ཚོགས་ཞིང་བསྡུ་བ། སྟོང་པ་ཉིད་ལ་བློ་བཞག་ནས། སླར་བདག་ཉིད་རྡོ་རྗེ་བཙུན་མོའི་སྐུར་བསྒོམ། ཡེ་ཤེས་པ་སྤྱན་དྲངས་ཤིང་བྱིན་དབབས་ནས། སྤྲོ་བསྡུའི་བཟླས་རིམ་རྗེས། འོད་གསལ་དུ་བསྡུས་ནས། ཟུང་འཇུག་གི་སྐུར་ལྡང་བའི་བར་འདོན་བསྒོམ་བྱ། དེ་ནས་ཡེ་ཤེས་མགོན་པོ་ལེགས་ལྡན་བེར་ནག་ཅན་བདག་བསྒོམ་དུ་བྱས་ཏེ། གསང་བ་སྲོག་གི་འཁོར་ལོས་བསྲུང་བ་ནི། སྭ་བྷཱ་ཝས་སྦྱང་ནས། སྟོང་པའི་ལས་ཡི་གེ་བུཾ། སོགས་བརྗོད་པའི་
སྐབས། རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡེ་ཤེས་བུམ་ནག་པོ་འོད་དུ་ཞུ་བ་ལས་བྱུང་བའི་གནམ་ལྕགས་ལས་གྲུབ་པའི་འཁོར་ལོ་རྩིབས་བཅུ་པ། གུར་ཐབས་ཁ་སྦྱོར་དུ་ཡོད་པའི་ཕྱོགས་མཚམས་རྣམས་སུ་རྩིབས་བརྒྱད་དང་། སྟེང་འོག་གཉིས་ཏེ། བཅུ་པོ་མདུང་སོ་སྦུ་གུ་ཅན་དུ་འདུག་ཅིང་། རྣོ་དབལ་དང་ལྡན་པའི་ལྟེ་བ་རྡོ་རྗེའི་གུར། ཟླུམ་པོའི་ཚུལ་དུ་ཡོད་པའི་ནང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རྡོ་རྗེའི་རང་བཞིན་གྱི་དྲག་པོའི་གཞལ་མེད་ཁང་གི་དབུས་སུ་པད་ཉི་དང་། རོའི་གདན་ལ། རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་སོགས་གདུག་པ་ཅན་ཚར་བཅད། དྲེག་བྱེད་རྣམས་ཀྱི་མཐུ་སྟོབས་བསྡུས་ནས། ཚུར་འདུས་ཤིང་ཡོངས་སུ་གྱུར་པ་ལས། བདག་ཉིད་ཡེ་ཤེས་མགོན་པོ་ལེགས་ལྡན་ཁྲོས་པའི་ཉམས་ཅན། སྐུ་མདོག་ནག་ལ་དམར་བའི་མདངས་ཆགས་པ། སྐུ་ལ་ནང་གོས་དཀར་པོ། དེའི་སྟེང་བེར་ནག་གསུམ་བརྩེགས་ཀྱི་ཕྱི་ནས་གསེར་སྐུ་བཅིངས་པ། དེའི་ཕྱིར་བེར་ནག་དྲུག་ལྷུབ་
གྱོན་བྱས་པ། དབུ་སྐྲ་ཁམས་ནག་གྱེན་དུ་བཅིངས་ཤིང་། ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ཅན་ལྔས་དབུ་ལ་བརྒྱན་པ། མགོ་རློན་གྱི་དོ་ཤལ་ཅན། ཕྱག་གཉིས་ཀྱིས་ཙནྡན་གྱི་བེང་ཆེན་འཛིན་པ། སྐུ་མེའི་འོབས་ཀྱིས་ཀུན་ནས་བསྐོར་བ། ཞབས་བརྐྱང་བསྐུམ་གྱི་གར་བྱེད་པས་སྲིད་གསུམ་གཡོ་བ། ཞལ་ནས་དྲག་པོའི་སྒྲ་སྐད་སྒྲོགས་པར་བསམ། ཕྱི་རོལ་རྩིབས་བཅུའི་ཐད་ཀྱི་བར་སྣང་ལ། ལས་མགོན་བེར་ནག་ཅན་བཅུ་ཞལ་ནང་དུ་གཟིགས་ཤིང་། ལྷ་དམག་དུ་མས་གང་བ། དེའི་ཕྱི་རོལ་དུ་ཡེ་ཤེས་མེའི་དྲྭ་གུར་དང་བཅས་པ་བསྐྱེད་པའི། ལེགས་ལྡན་གྱི་ཐུགས་ཀར་པད་ཉིར་གནས་པའི་ས་བོན་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས། སླར་ཐུགས་སྲོག་གི་མཐར། རྩ་སྔགས་གསུམ་གྱིས་གཡས་སུ་བསྐོར་བ་ལས་འཕྲོས་པའི་འོད་ཟེར་གྱིས། ཡེ་ཤེས། ལས་དང་། འཇིག་རྟེན་མགོན་པོ་རྣམས་ཀྱི་བྱིན་རླབས་དང་། མཐུ་སྟོབས་བསྡུས་པར་དམིགས་ལ། སྔགས་གསུམ་སྦྲེལ་བཟླའོ། །བསྲུང་བ་ནི། རང་གི་ཐུགས་ཀར་ཆོས་འབྱུང་རྩེ་མོ་
མདུན་བསྟན་གྱི་དབུས་སུ། རང་སེམས་ཕྱག་རྡོར་གྱི་སྐུར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལ་གསང་བདག་གི་སྔགས་དང་། དེའི་ཕྱིར་བསྲུང་སྔགས་ཀྱིས་བསྐོར་བར་དམིགས་ལ། བཛྲ་ཙཎྜ་བཟླ། དེ་ནས་གསང་བདག་གི་གཡས་གཡོན་མདུན་རྒྱབ་རྣམས་སུ་བསྲུང་བྱ་རྣམས་འཁོད་ཅིང་། སྟེང་ནས་བླ་མ་ཡི་དམ་གྱིས་བྱིན་གྱིས་རློབས་པར་བསམ། འཁོར་ལོའི་རྒྱབ་ཏུ་རྡོ་རྗེའི་གུར་ཁང་མེ་རེ་དང་བཅས་པ་བསྒོམས་པས། བར་ཆད་ལས་བསྲུང་བར་མོས་ལ། བསྲུང་སྔགས་བཟླའོ། །བཟློག་པ་ནི། རྩིབས་ཀྱི་སྲས་མཆོག་རྣམས་ཞལ་ཕྱིར་གཟིགས་ཤིང་། འཁོར་ལོ་ཡང་གཡོན་ཏུ་དྲག་པོར་འཁོར་བའི་རྩེ་ནས། ལས་བྱེད་ཀྱི་ཕོ་ཉ་དུ་མ་སྤྲོས་པས། བྱད་མ་རྣམས་བཀུག་ནས་རྩིབས་རྩེར་སྐྱོན་པས། ལུས་དུམ་བུར་གཏུབ་ཅིང་། ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྤྲོས་པའི་མེ་ལྕེས་བསྲེགས། ཡང་རྩིབས་འོག་མའི་རྩེར་གནོད་བྱེད་སྤྱིའུ་ཚུགས་སུ་འཛེར་པའི་ལྕེ་ཡི་ནང་དང་། སྤྱི་བོ་དང་། རྐང་མཐིལ་གསུམ་དུ་རྡོ་རྗེ་རྒྱ་གྲམ་རྭ་དྲུག་པ་རེ་
གཡས་གཡོན་ཏུ་དྲག་ཏུ་འཁོར་བས། དགྲ་བོའི་ངག་གི་ནུས་པ་མནན་ཅིང་། ཤ་ཁྲག་གཏུབ་པ། ལས་མཁན་རྣམས་ཀྱིས་རྗེས་མེད་དུ་བཞེས་པར་དམིགས་ལ། སྔགས་ཕྱེ་མ་གསུམ་སྦྲེལ་བཟླས་མཐར། ལེགས་ལྡན་གནས་འགྱུར་གྱི་དྲང་སྲོང་ལོཀྟྲི་པ་ལ་མཐིང་ནག །དྲག་ཏུ་ཁྲོས་པ། ཞལ་གཅིག་པ། ཕྱག་བཞིའི་དང་པོ་གཉིས་རལ་གྲི་དང་། ཐོ་བ་འཛིན་ཅིང་། འོག་མ་གཉིས་ཉི་ཟླའི་ཐལ་མོ་དྲག་ཏུ་བརྡབ་པའི་བར་དུ། བྱད་མ་རྣམས་རྡུལ་དུ་བརླག་པར་མོས་ལ། སྔགས་རྒོད་བཟླ་ཞིང་། དེ་ནས་སླར་ཡང་རང་ཉིད་ལེགས་ལྡན་དུ་གསལ་གདབ་ཅིང་། དེ་ཉིད་ལ་སེམས་བཟུང་ནས་དར་ཅིག་འཇོག །མཐར་ལེགས་ལྡན་གནས་འགྱུར་བའི་ཚུལ་དུ། བདག་བསྐྱེད་རྟེན་བརྟེན་པ་དང་བཅས་རྣམས་རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་བཏབ་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གསལ་གདབ་པ་ནི། མདུན་རྟེན་ལ་བདུད་རྩི་འཐོར་ཞིང་། དཾ་ཥྚོཏྐ་སོགས་བརྗོད་ཅིང་། འདོན་བསྒོམ་སྦྲགས་ཏེ། མངོན་རྟོགས་མཚམ་མ་ལྟར་མཐར་ཆགས་སུ་
བཏང་། བསྙེན་པ་ཉུང་ཙམ་མཐར། འགུགས་པ་ལན་གསུམ་གྱེར་ཞིང་། གང་ཞིག་བླ་མ་བསྐུལ་ནས་ཐུན་གཏོར་དཀྱིལ་འཁོར་དྲུང་དུ་ཡར་ཕུལ་བ། གོང་གི་སྣོད་དེར་བསགས། ཐུན་གཏོར་སྣོད་སྟོང་པར་མི་འཇོག་པར་འཕྲལ་དེར། ཐུན་གཏོར་གསར་པ་འཇོག་པ་ཕྱག་ལེན་ཏུ་མཛད་པ་ལྟར་བྱ་དགོས། མཐར་རྡོ་རྗེ་བཀའ་བཟློག་དང་། ཚེ་བདག་གི་བཟློག་པ་བཅས་བྱ། དངོས་གྲུབ་ལེན་ཆོག་ཚེ་ནའང་བྱ་ཞིང་། མ་བྱས་ཀྱང་རུང་མོད། དེང་སང་གི་ཕྱག་ལེན་ལ་ནུབ་རེ་བཞིན། དངོས་གྲུབ་ལེན་ཆོག་མཛད་སྲོལ་ཡོད་པས། དེ་ག་བྱེད་པ་ལེགས། དེ་ནས་རྗེས་ཆོག་བཀྲ་ཤིས་བཅས་མཐར་བྱུང་ཞིང་། ཆགས་མེད་ཞབས་ཀྱི་བཞེད་པ་ལྟར། བདག་བསྐྱེད་མི་བསྡུ་བར་འཇོག་ཅིང་། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་ཚེ། བདག་བསྐྱེད་ཀྱི་ཐུགས་ཀ་ནས། སྤྲུལ་པའི་མགོན་པོ་གཅེར་བུ་སྟག་ཤམ་ཅན། རྒྱན་རྫོགས་ཕྱག་མཚན་དང་བཅས་པ་ཞིག་ཀྲོང་ངེར་མོས་ཏེ། བྱ་བ་གང་ཡིན་པ་རྣམས་ལ། ལྷའི་ང་རྒྱལ་དང་མ་བྲལ་བར་འཇུག །མདུན་བསྐྱེད་
རྗེས་ཆོག་སྐབས། ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་སྲུང་འཁོར་གཞལ་ཡས་ཁང་ལ་བསྡུ་དེ་འཁོར་ལ། དེ་གཙོ་བོ་ལ། དེ་ཡང་ཐུགས་སྲོག་གི་བར་བསྡུས་ཏེ། མཐར་ཆོས་སྐྱོང་གི་སྲོག་གཏད་བཟུང་བའི་མན་ངག་བྱའོ། །ཉལ་བའི་རྣལ་འབྱོར་སྐབས་སུ། བདག་བསྐྱེད་ཀྱི་བསྐྱེད་རིམ་མི་བསྡུ་བར། ཐུགས་སྲོག་མར་མེ་ལྟར་འབར་བ་ལ་སེམས་འཛིན་པའམ། སྤྱན་དབུས་མ་གཡོན་ཏུ་འཁོར་བ་ལ་སེམས་འཛིན་པ། གང་རུང་གི་སྒོ་ནས་གཉིད་དུ་འགྲོ་བར་བྱ་ཞིང་། སྔ་མས་འོད་གསལ་ཟིན་པ་དང་། ཕྱི་མས་ཡེ་ཤེས་བསྐྱེད་པར་བྱེད་པའི་གནད་ཡོད། དེ་གཉིས་ཀ་མི་བདེ་ན་ཕྱིའི་སྲུང་འཁོར་མི་བསྡུ་ཞིང་། གཞན་རྟེན་བརྟེན་པར་བཅས་པ་རིམ་བཞིན་རྫོགས་རིམ་དུ་བསྡུས་ནས། ཧཱུྃ་ཡིག་ཙམ་ལ་སེམས་འཛིན་་པའམ། དམིགས་མེད་ཀྱི་ངང་དུ་མ་ཡེངས་པར་འཇོག་པ་གང་བདེ་བྱའོ། །ཕྱིར་ནང་སྔ་བར་ལྡང་བའི་རྣལ་འབྱོར་གྱི་ལངས་ཏེ། མཆོད་གཏོར་གསོ་སྦྲན་སོགས་གྲུབ་རྗེས། ཕྱག་ཆེན་སྔོན་འགྲོ་ལྟ་བུས་དབུ་བཟུང་བའམ། ཡང་ན། ཚིག་
བདུན་དབང་ལེན་བཅས་ཀྱིས་རྗེས། སྐྱབས་སེམས་ཚད་མེད་བཞི་བཅས་སྔོན་དུ་འགྲོ་བས། བརྒྱུད་པའི་གསོལ་འདེབས་ནས་དབུ་བརྩམ་སྟེ། མངོན་རྟོགས་མཚལ་མ་ཉིད་མཐར་ཆགས་སུ་བཏང་ནས། སྤྱན་འདྲེན་སྐབས་དམིགས་པ་མ་གསལ་གྱི་བར་དུ་སྔགས་བཟླ། ཚོགས་གཏོར་ཡང་བྱ་ཞིང་། ལྷ་ཆེན་དཔལ་མཇུག་ཏུ་བསྟོད་པ་དང་། བདག་བསྒྲུབ་མ་བསྡུས་པས་བསྐུལ་བ་བཅས་གྲུབ་ནས། བསྙེན་བཟླས་ལ་འཇུག་པར་བྱའོ། །དེ་དག་གི་སྐབས་སུ་བསྒོམ་དོན་དམིགས་པའི་རིམ་པ་ཇི་ལྟར་བྱ་བ་ནི། ཨོཾ་དཾ་ཥྚོཏྐ་སོགས་ཀྱི་སྐབས། ཆོས་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་དག་པའི་ངང་ལས། སྙིང་རྗེ་ཆེན་པོའི་གདངས་འགག་པ་མེད་པའི་ཀློང་ནས། བདག་བསྐྱེད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ། མཁའ་ལས་འཇའ་ཚོན་ཤར་བ་བཞིན་སྐད་ཅིག་གིས་གསལ་གདབ་པའི། ཡང་ན། ནུབ་སྔ་མར་བདག་བསྐྱེད་མ་བསྡུས་པའི་ལུགས་ལྟར་ན། བསྐྱེད་རིམ་གྱི་སྐབས་འདིར་མདུན་བསྐྱེད་སྟོང་པར་སྦྱངས་ཤིང་།
བདག་བསྐྱེད་སྟོང་པར་མི་སྦྱང་ངོ་། །གང་ལྟར་ཡང་། བདག་བསྐྱེད་ཀྱི་གཙོ་བོ་ཡབ་ལ། ཡུམ་གྱིས་ཚུར་འཁྱུད་ཅིང་། དྲེལ་རྟའི་སྟེང་དུ་ཡབ་ཀྱི་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་པ། གཞན་འཁོར། རྒྱན་ཆ་ལུགས་སོགས་མངོན་རྟོགས་ལྟར་གསལ་བའི་ཐུགས་ཀ་ནས། མདུན་རྟེན་གྱི་སྒོམ་པའི་ནམ་མཁའ་ལ། རྒྱུ་ཡི་ཡི་གེ་མ་སྔོ་སྐྱ་དང་། ཧཱུྃ་མཐིང་ནག་འོད་ཟེར་འབར་བ་གཉིས་སྐར་ཆེན་ཤར་བ་བཞིན་ལྷག་གིས་སྤྲོས་པ་དེ་ཉིད་ལས་སྤྲོས་ཁཾ་ཡིག་མཐིང་ག་ཞིག་ཆད་པ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་བྲག་སྟེང་། མཐིང་ནག་གྲུ་གསུམ་པ། ཡངས་ཤིང་རྒྱ་ཆེ་བ། དེའི་སྟེང་དུ་མཚོན་ཆའི་དྲ་གུར་མེ་རླུང་འཚུབས་མའི་གུར་ཁང་དང་བཅས་པའི་དབུས། སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་ཀྱི་ལྟེ་བར། དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རྒྱུ་ཡི་ཡི་གེ་དེ་ལས་ཧཱུྃ་སྨུག་ནག་འོད་ཟེར་ལྔ་ལྡན་ཞིག་སྤྲོས་པ་ལས། གཞལ་ཡས་ཁང་གྲུབ་པའི་དབུས་སུ། སླར་བྷྲཱུྃ་གཅིག་སྤྲོས་པ་ལས་འཁོར་ལོ་
བཞི་བཞི་རིམ། དེའི་ལྟེ་བར་པྃ་སྤྲོས་པ་ལས། ཡང་སྣ་ཚོགས་པདྨ་དང་མ་སྤྲོས་པ་ལས་ཉི་མ་གདན། དགྲ་བགེགས་བསྣོལ་བའི་སྟེང་དུ་ཏེ་ནག་པོ་སྤྲོས་པ། དེ་ཡོངས་སུ་གྱུར་པ་ལས། དྲེལ་རྟ་སྒ་ཆས་རྫོགས་པའི་སྟེང་དུ། ནམ་མཁའི་ཡི་གེ་གཉིས་བབས་པ་ལས་འོད་འཕྲོས། རྒྱལ་བ་རྣམས་ལ་མཆོད་ཅིང་བྱིན་རླབས་བསྡུས། དགྲ་བགེགས་ཚར་བཅད། ཆོས་སྐྱོང་དྲེགས་བྱེད་རྣམས་ཀྱི་ནུས་མཐུ་བསྡུས་ཤིང་ཐིམ་ལས་ཡིག་དེ་གཉིས་ཞུ་བ་ལས། དཔལ་ནག་པོ་ཆེན་པོས་ཡུམ་དཔལ་ལྡན་ལྷ་མོ་ལ་འཁྱུད་པ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་གསལ་བ། འཁོར་ནག་པོ་ཡབ་ཡུམ། ཕྱོགས་བཅུའི་མགོན་པོའི་དྲེགས་པའི་གཙོ་བོ་རྣམས་སྤྱང་ཞོན་ཕུར་བུ་ཟངས་རལ་མཚོན་འཁོར་མ་རྣམས་དང་། སྲིང་བཞི། འབར་མ་བརྒྱད། དུས་བཞིའི་ལྷ་མོ། དབང་ཕྱུག་ཉེར་བརྒྱད། དམག་རྒྱལ་མ་བཞི། དྲེགས་པ་གསུམ་དང་གབ་པའི་ལྷ་བཞི་སོགས་དམ་ཅན་རྒྱ་མཚོས་བསྐོར་བ་ཉི་མ་དང་འོད་བཞིན་འདུ་
འབྲལ་མེད་པར་བཞུགས་པར་མོས་ཤིང་། དེའང་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོའི་དབྱེ་བ་འདི་ལྟར་ངེས་པར་བྱ་སྟེ་བདག་མདུན་གཉིས་ཀ་ཡེ་ཤེས་ཀྱི་མ་མགོན་ཞལ་སྦྱོར་དུ་བསྒོམ་པའི་བདག་བསྐྱེད་ཡབ་ཡུམ་གྱིས་འཁྱུད་པ་ནི་ཐབས་ལ་ཤེས་རབ་ཀྱི་རྒྱས་བཏབ་པ་སྟེ་སྤྱིར་བཏང་བ་ཡིན་ལ། མདུན་བསྐྱེད་བླ་མ་མགོན་པོ་ཡི་དམ་ཆོས་སྐྱོང་དབྱེར་མེད་ཡུམ་ལ་ཡབ་ཀྱིས་འཁྱུད་པ་ནི་ལྡོག་པའི་བསྒོམ་པ་ཤེས་རབ་ལ་ཐབས་ཀྱི་རྒྱས་བཏབ་པའི། འབྲས་བུ་ལ་རྒྱུ་ཡི་རྒྱས་གདབ་པ་ཞེས་བྱ་བ་རྣལ་འབྱོར་མ་རྒྱུད་དང་གཉིས་མེད་དུས་ཀྱི་འཁོར་ལོའི་དགོངས་པ། མཆོག་བསྒྲུབ་པའི་མན་ངག་ཤིན་ཏུ་སྦས་པར་བཞུགས་པ། ཞལ་གཟིགས་ལ་རྟེན་ནས་ཌོམྦྷི་ཧེ་རུ་ཀས་མཛད་པའི་གདམས་ཟབ་མཆོག་ཏུ་གསང་བ། ཏཻ་ལོ་ནཱ་རོ་ནས་བརྒྱུད་པ་སྙན་བརྒྱུད་མགོན་པོའི་ལུགས་ཁྱད་པར་དུ་འཕགས་པའོ། །དེ་ལྟར་ན་འཇིག་རྟེན་མགོན་པོའི་སྐབས་སོགས་སུ་མ་རྒྱུད་དང་གཉིས་མེད་རྒྱུད་ཀྱི་དགོངས་པ་དང་སྦྱོར་བ་མི་འཐད་སྙམ་ན། སྤྱིར་འདི་སྐབས་
ཀྱི་འཇིག་རྟེན་མགོན་པོ་ནི་དྲེགས་པ་རང་རྒྱུད་པ་མ་ལགས་ཤིང་སྤྲུལ་པའི་མགོན་པོ་ཡིན་པའི་ཕྱིར་དོན་ལ་ཡེ་ཤེས་པ་ཉིད་དུ་གནས་པས་མི་འགལ་ཞིང་། གཞན་ཡང་མ་མོའི་རྒྱུད་ནས་ལྷ་མོ་ལ་ཁྱོ་དགུ་ཡོད་པ་རྣམས་མཚན་མོ་ཁྱོ་དང་། ཉིན་མོ་བྲན་གྱི་ཚུལ་བྱེད་པར་གསུངས་པ་ནས་ཡཀྵ་ཀཱ་ལ་ཞེས་པ་དེ་མགོན་པོ་ཉིད་ཡིན་པའི་ཕྱིར། དེ་ཡི་དབང་དུ་བྱས་ནས་ཡུམ་ལ་ཡབ་ཀྱི་འཁྱུད་པ་འཇིག་རྟེན་མགོན་པོར་འཇོག་པོའི་རྒྱུ་མཚན་དེ་ཡིན་ནོ། །བདག་མདུན་གཉིས་ཀའི་འཁོར་ནག་པོ་ཡབ་ཡུམ་ཀྱང་སྤྲུལ་པའི་ལས་ཀྱི་མགོན་པོ་དང་མ་མོ་ཕྱོགས་བཅུ་མགོན་པོ་སོགས་ཀྱང་སྤྲུལ་པའི་འཇིག་རྟེན་མགོན་པོ་དང་མ་མོ་དྲེགས་པའི་ཆ་ལུགས་སྟོན་པར་ལྟ་བ་ནི་ཡེ་ཤེས་ཀྱི་མགོན་པོ་ལྟར་བསྒྲུབ་པ་དང་། བདག་བསྐྱེད་ཡེ་ཤེས་མགོན་པོའི་མདུན་དུ། མདུན་བསྐྱེད་ཀྱི་ངོ་བོ་ཡེ་ཤེས་པ་ལ་རྣམ་པ་སྤྲུལ་པའི་ལས་མགོན་ཆོས་སྐྱོང་གི་ཚུལ་དུ་ལས་མགོན་ཞལ་སྦྱོར་བསྐྱེད་ཅིང་འཁོར་ནག་པོ་ཡབ་ཡུམ་རྣམས་ཀྱང་སྤྲུལ་པའི་ལས་མགོན་དང་། ཕྱོགས་བཅུ་
མགོན་པོ་སོགས་སྤྲུལ་པའི་འཇིག་རྟེན་པའི་དྲེགས་པར་བསྐྱེད་པ་ནི་ལས་མགོན་ལྟར་བསྒྲུབ་པའི་ལུགས་དང་། ཡང་བདག་བསྐྱེད་བདེ་ཕག་གསང་བདག་ཡེ་ཤེས་ལེགས་ལྡན་རྣམས་གང་མོས་དུ་བསྐྱེད་ནས། མདུན་བསྐྱེད་གཙོ་བོ་སྤྲུལ་པའི་འཇིག་རྟེན་མགོན་པོ་ལ་འཁོར་ནག་པོ་ཡབ་ཡུམ་རྣམས་འཇིག་རྟེན་རང་རྒྱུད་པའི་མགོན་པོ་དང་འཁོར་གཞན་རྣམས་འཇིག་རྟེན་གྱི་དྲེགས་པ་རང་རྒྱུད་པར་བསྐྱེད་པ་ནི་འཇིག་རྟེན་མགོན་པོ་ལྟར་བསྒྲུབ་པའི་ལུགས་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱས་ཏེ། བསྒྲུབ་ལུགས་གསུམ་ལ་བརྟེན་པའི་མཆོག་མཐུན་མངོན་སྤྱོད་སོགས་གཙོ་བོར་བཏོན་པའི་ལས་སྦྱོར་གྱི་འཁྲུལ་འཁོར་རྣམས་སོ་སོར་སྐབས་ཐོབ་ཀྱིས་སྦྱོར་ཤེས་པ་ཤིན་ཏུ་གལ་ཆེ་ཡི། ཕལ་པོ་ཆེས་ཡེ་ཤེས་ལས་དང་འཇིག་རྟེན་པའི་རྣམ་དབྱེ་མི་ཕྱེད་པར། དམིགས་གནད་ཀྱི་འཁྲུལ་འཁོར་བསྐོར་ལོ་དང་། ལས་སྦྱོར་བརྩལ་ལོ་བགྱིད་པ་ནི་དོན་དུ་མི་འགྱུར་བར་མངོན་ནོ། །དེ་ལྟར་བསྐྱེད་པའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་
ཨཱཿདམར་པོ་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་རྣམས་འོད་ཟེར་དང་བཅས་པ་དང་། ཁྱད་པར་བདག་མདུན་གཙོ་བོ་ཡབ་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་ནག་པོ་དམར་མདངས་ཆགས་པ་དང་། ལྷ་མོའི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿམཐིང་ཁ་གཉིས་ཀ་མར་མེ་ལྟར་འབར་ཞིང་། ཉི་མ་དང་མཚུངས་པའི་འོད་ཟེར་འཕྲོ་བ། དེ་རྣམས་ལས་འོད་ཟེར་གྱི་ཚོགས་ཡིག་འབྲུ་སོ་སོའི་མདོག་མཚུངས་ཀྱི་སྤྲིན་ཆོས་དབྱིངས་ཀུན་ཏུ་ཁྱབ་པར་འགེངས་པའི་ཚོགས་སྤྲོས་པས། འོག་མིན་གྱི་ཞིང་རི་རབ་ཀྱི་རྩེ་ལྷོ་ཕྱོགས་རྩུབ་འགྱུར་ཅན་དང། བསིལ་བའི་ཚལ། བྱང་ཤར་ཐོད་མཁར་འཕྲུལ་གྱི་གཞལ་མེད་ཁང་དང་། ཤིང་ཡོངས་འདུའི་ལྗོན་པ། མུ་ལེ་མཐིང་གི་མཚོ་སོགས་རང་བཞིན་དག་པའི་ཞིང་དང་གནས་རྣམས་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱོགས་དུས་ཀྱི་རྒྱལ་བ་དང་རྒྱལ་བའི་མྱུ་གུ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་དང་བཅས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་མ་
ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱང་ནག་པོ་ཆེན་པོའི་དཀྱིལ་འཁོར་པའི་རང་བཞིན་དུ་གྱུར་སྟེ། སྐད་ཅིག་གློག་འགྱུའི་ཤུག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་བསམ་གྱི་མི་ཁྱབ་པའི་བཀོད་པ་ཆེན་པོས་མདུན་གྱི་ནམ་མཁར་བྱོན་པར་མོས་པས་སྤྱན་འདྲེན་གྱི་ཚིག་གྱེར་ཞིང་། སྔགས་ཟླ་བའི་ཚེ་ཡང་ཡེ་ཤེས་སེམས་དཔའི་ཚོགས་ཀྱི་དཀྱིལ་འཁོར་ཆར་རྒྱུན་བཞིན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། མདུན་མཁར་བཞུགས་པའི་ཡེ་ཤེས་ཀྱི་འཁོར་ལོར་སིབ་སིབ་ཐིམ་པར་དམིགས། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་མདུན་མཁར་བཞུགས་པ་རྣམས་ལ། བདག་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་ཁྲོ་མོའི་ཚོགས་མང་པོས་མཆོད་རྫས་ཐོག་ནས་མཆོད་པར་དམིགས་མཐར་མཆོད་ལྷ་རང་ལ་བསྡུས་ནས་ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་དཀྱིལ་འཁོར་བ་དེ་རྣམས་བདག་མདུན་སོ་སོ་ལ་གཉིས་སུ་མེད་པར་ཐིམ་ཤིང་བརྟན་པར་བྱས་པ་དམིགས་ལ་བཞུགས་གསོལ་
སྐབས། མཛེས་ཤིང་བརྗིད་པའི་གདན་ཆེན་པོ་ལ་འོས་པའི་ཙནྡན་གྱི་ཁྲི་གདོང་ལྔས་བཏེགས་པ་ལ། གསེར་གྱི་རྒྱན་དང་རིན་པོ་ཆེའི་ཕྲ་བཏབ་པ་དང་། དྲག་པོའི་པདྨ་སྔོན་པོ་འདབ་མ་འབུམ་ལྡན་གེ་སར་དང་བཅས་པ། ཟླ་བ་དང་ཉི་མ་བརྩེགས་པའི་གདན་ལ། དམིགས་བྱའི་བྱད་མ་དང་ལྷ་མ་ཡིན་གྱི་དབང་པོ་སོགས་བསྒྱེལ་བའི་གདན་བརྩེགས། གཙོ་འཁོར་སོ་སོ་ལ་འོས་པའི་གདན་ཕུལ་བ་ལ་དགྱེས་ཤིང་བཞུགས་པར་མོས། དམ་བཞག་སྐབས་རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་དམ་བཅའི་ཐ་ཚིག་དྲན་སྟེ། ཅི་བཅོལ་བའི་ལས་བྱེད་པར་ཞལ་གྱིས་བཞེས་པར་བསམ་ལ་དམ་ཚིག་ཕྱག་རྒྱ་སྟོན་ཞིང་དམ་ལས་མི་འདའ་བའི་སྔགས་བདུན་ནམ་ཉེར་གཅིག་བརྗོད་ཅིང་། ལས་མགོན་ལྟར་བསྒྲུབ་པའི་སྐབས་སུ་གལ་ཆེན་ཕྱི་ནང་གསང་བའི་བཅུན་དམིགས་རྣམས་ཀྱང་བྱ་ཞིང་སྔགས་བརྒྱ་སྟོང་སོགས་བཟླའོ། །དབང་བསྐུར་རྒྱས་གདབ་ནི། བདག་གི་ཐུགས་སྲོག་ལས་
འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ནམ་མཁའ་གང་བའི། དབང་གི་ལྷ་རྒྱལ་བ་རིགས་ལྔ་སྲས་དང་ལྷ་མོ། ཁྲོ་བོ་ཁྲོ་མོའི་ཚོགས་མཆོད་པའི་ལྷ་མོ་དང་བཅས་སྤྱན་དྲངས་ཏེ། མདུན་མཁར་བཞུགས་པ་ལ་མཆོད་ཡོན་དང་། ཞབས་བསིལ་ཕུལ་ནས། བདག་མདུན་ལ་དབང་བསྐུར་བས་གསོལ་བ་བཏབ་པས་རྡོ་རྗེའི་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བཀྲ་ཤིས་བརྗོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརློབ་ཅིང་། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བས། བདུད་རྩིའི་རྒྱུན་གྱིས་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་བ་ལས་མདུན་བསྐྱེད་ཀྱི་སྤྱི་བོའི་རིགས་བདག་མི་བསྐྱོད་པ་དང་། བདག་བསྐྱེད་ཀྱི་སྤྱི་བོར་གྲུབ་ཆེན་ཆོས་ཀྱི་བླ་མ་བཞུགས་པར་བསྒོམ་པ་ནི་མན་ངག་གོ །མཐར་དབང་ལྷ་རྣམས་ཀྱང་བདག་ཉིད་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་དམིགས། ཕྱག་འཚལ་སྐབས་རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པར་འཕྲོས་ནས་འོད་
ཀྱིས་གདུག་པ་ཅན་དང་དྲེགས་བྱེད་ཆེན་པོ་རྣམས་ཚར་བཅད། དེ་རྣམས་ཀྱི་གཟི་བརྗིད་དང་ནུས་པ་བསྡུས་ཤིང་ཡི་གེ་དེ་རྣམས་ལ་ཐིམ་ཏེ་ཚུར་འདུས་ཁྲོ་བོ་དང་ཁྲོ་མོ་དུ་མར་གྱུར་ནས་བདག་མདུན་གཉིས་ཀར་ཕྱག་བྱ་བར་དམིགས་མཐར་རང་ལ་བསྡུའོ། །མཆོད་པ་བྱིན་རླབས་སྐབས། ཨ་ཡིག་དུ་མ་ལས་གྲུབ་པའི་ཐོད་པའི་སྣོད་སྟོང་གསུམ་དང་མཉམ་པ་གྲངས་མེད་པའི་ནང་དུ། ཧཱུྃ་ཡིག་ནག་པོ་འོད་ཟེར་འབར་བ་འབར་བའི་ཚོགས་དཔག་མེད་པ་འོད་དུ་ཞུ་བ་ལས་གྲུབ་པའི་དྲག་པོའི་མཆོད་རྫས་དང་། བདག་གི་ཐུགས་ཀ་ནས་ལས་ཀྱི་ཁྲོ་བོ་དང་ཁྲོ་མོ་དྲག་ཤུལ་དང་ལྡན་པའི་ཚོགས་ཉི་རྡུལ་ལྟར་འཇིག་རྟེན་གང་བར་འཕྲོས་པ་རྣམས་ཀྱི་བསྟན་པའི་སྤྱི་དགྲ་སོགས་དམིགས་བྱ་རྣམས་བཀུག་སྟེ་རྡོ་རྗེའི་མཚོན་གྱིས་བསྒྲལ་བའི་ཁྲག་གི་རྒྱུན་ཚ་ཚ་ལྟར་འཁྱིལ་པ་ལ་དུག་གི་མེ་ཏོག་གིས་ཤིང་གི་མི་རུས་ཀྱི་ཕྱེ་མ་བཏབས་པའི་མཆོད་ཡོན་དང་། རྣོ་ཞིང་འབིག་པར་བྱེད་པའི་ཚེར་མ་ཆུས་མོ་དང་ལྡན་པའི་ཡུ་བ་དང་། མི་སྡུག་པའི་དྲི་བསུང་
ལྡང་ཞིང་འཆི་བའི་སྐབས་སྦྱིན་པའི་རིགས་བྱ་ཅན་གྱི་ཧ་ལའི་མེ་ཏོག་ནག་པོ་དང་མི་ཡི་དབང་པོ་རྣམ་པ་ལྔ་ཨ་ཀ་རུ་ནག་པོ་དང་སི་ལ་ཧ་མི་ཡི་ཚིལ་སོགས་སྦྱར་བའི་བདུག་པ་དྲི་ང་བདན་བུན་ལྟར་གཏིབས་པ། ཀོ་རོ་ཙ་ན་དང་ཚིལ་ཆེན་དམར་ནག་དང་སྦྱར་བའི་སྒྲོན་མེ་དུས་ཀྱི་ཞུགས་ལྕེ་ལྟར་འབར་བ། ཐལ་ཆེན་ཁྲག་ཞག་བདུད་རྩི་ལྔ་རྣམས་ཀྱི་དྲི་ཆབ། ཤ་ཆེན་རུས་པ་ནང་ཁྲོལ་དོན་སྙིང་བཅས་པའི་ལྷ་བཤོས། ཐོད་རྔ་དང་རྐང་གི་གླིང་བུ་སོགས་དྲག་པོའི་སྒྲ་དབྱངས་འབྲུག་ལྟར་ལྡིར་བའི་རོལ་མོའི་སྒྲ་རྣམས། བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་སྤྲིན་རབ་འབྱམས་སུ་དམིགས་ཏེ། དེ་རྣམས་རང་གི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེའི་རིག་མ་ཁྲོ་མོའི་ཆ་ལུགས་རྫོགས་ཤིང་འཇོ་སྒེག་བདེ་བའི་ལང་ཚོ་ཅན་ཁ་དོག་སྣ་ཚོགས་པས་མཆོད་རྫས་རྣམས་འཛིན་པ་དེ་རེ་རེ་ལས་ཀྱང་རང་འདྲའི་ལྷ་མོ་བྱེ་བ་དུང་ཕྱུར་སྤྲོ་བ་དང་། གོང་གི་ལས་བྱེད་ཀྱི་ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་ཉམས་པ་བསྒྲལ་ལས་བྱུང་བའི་མཆོད་རྫས་རྣམས་སྟོབ་པ། དེ་ལྟ་བུའི་
ཚོགས་གཞལ་དུ་མེད་པས་མཆོད་ཅིང་། མཎྜལ་རི་གླིང་འཁོར་ཡུག་དང་བཅས་པའི་བཀོད་པ་རྫོགས་པའི་ཚོགས། འབོད་རྟེན་སྒྲུབ་དང་མཆོད་ཅིང་བསྐང་བའི་རྫས་སུ་དུ་མས་ཕྱུར་བུར་བཀངས་པ་བགྲངས་དུ་མེད་པ་ཕུལ་བས་བདག་མདུན་གྱི་དཀྱིལ་འཁོར་པ་རྣམས་ཚིམས་ཤིང་དགྱེས་པའི་གཟི་བྱིན་འབར་བས་བསམ་ཞིང་མཐར་མཆོད་ལྷ་དང་ལས་བྱེད་པ་རྣམས་རང་ལ་བསྡུ་བ་ནི་ཚང་མར་འགྲེའོ། །ཚོགས་ཀྱི་སྐབས་སུ་བྱིན་གྱིས་བརླབས་པ་ནི་ཚོགས་རྫས་རྣམས་མི་དམིགས་པ་ལས། རང་གི་ཐུགས་ཀ་ནས་རིམ་བཞིན་ཡི་གེ་ཡྃ་སྤྲོས་པ་དེ་ཞུ་བ་ལས་རླུང་དཀྱིལ་གཞུ་དབྱིབས་རྒྱ་གྲམ་གྱི་དབུས་ཀྱི་ཆང་ཟུང་ལ་ཡྃ་དང་མཆོག་མ་གཉིས་དེ་གཞུ་དབྱིབས་སོ་སོའི་མཆོག་མ་གཉིས་པོ་ལ་བ་དན་རྩེ་གསུམ་པ་རེ་རེས་མཚན་པ་སོགས་འདོན་ཆ་ལྟར་གསལ་བའི་རླངས་པ་ལས་གྲུབ་པའི་འབྲུ་གསུམ་དཀར་དམར་མཐིང་ཁ་བརྩེགས་མར་གནས་པ་ལས་འོད་ཟེར་སྤྲོ་བསྡུ་སོགས་བྱས་མཐར་ཡི་གེ་གསུམ་པོ་ཡང་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་
འཁྱིལ་པ་དེ་ཉིད་བླ་མ་ཡི་དམ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མགོན་པོ། འཁོར་དམ་ཅན་རྒྱ་མཚོ་ཞིང་སྐྱོང་དང་བཅས་པ་རྣམས་ལ་གོང་བཞིན་མཆོད་པའི་ལྷ་མོ་སྤྲོས་པ་རྣམས་ཀྱིས། རིན་པོ་ཆེ་དང་བྷནྡྷའི་སྣོད་དུ་བཅུས་ཏེ་དྲངས་པ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་འདོད་པའི་དངོས་གྲུབ་སྩོལ་ཞིང་ཕྲིན་ལས་སྒྲུབ་པར་མོས། གསང་སྔགས་ནང་གཏོར་བྱིན་རླབས་གོང་བཞིན་མཐར། ཕེཾ་གྱི་སྒྲས་གཏོར་མགྲོན་བླ་མ་ཡི་དམ་སྤྱན་དྲངས་མདུན་མཁར་བཞུགས་པའི་བླ་མ་རྣམས་ཀྱི་ལྗགས་འོད་ཀྱི་སྦུ་གུས་བདུད་རྩི་དྲངས་ཤིང་གསོལ་བས་དགྱེས་པར་མོས་ཤིང་མཆོག་གི་དངོས་གྲུབ་སྩོལ་བ་སོགས་འདོད་དོན་གསོལ་བ་བཏབ། སླར་ཡང་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་རྣམས་སྤྱན་དྲངས། དེ་རྣམས་ལའང་བདུད་རྩིའི་གཏོར་མ་ཕུལ་བས་དགྱེས་ཤིང་གསོལ་བར་དམིགས་ནས་ཕྲིན་ལས་བཅོལ། གཏོར་མགྲོན་གྱི་བླ་མ་དང་ཡི་དམ་རང་ལ་བསྟིམ། མཁའ་འགྲོ་དཔའ་བོ་རྣམས་རང་གནས་སུ་གཤེགས་པར་བསམ་མོ། །དེ་ནས་མ་མགོན་
གྱི་གཏོར་འབུལ་གྱི་བྱིན་རླབས་བརྗོད་ཚིག་དང་མཐུན་པར་ཐོད་པའི་ནང་དུ་ཟླ་གདན་ཁར་ཤ་ལྔ་བདུད་རྩི་ལྔ་གསལ་བ་ཉིད་དཀྱིལ་ཀྱིས་ཁ་བཀབ་པའི་ལྟེང་རྡོ་རྗེས་མཚན་པའི་གྲི་གུག་ཟླ་བ་ཕྱེད་པ་ལྟ་བུའི་སོ་གྱེན་དུ་ལྟ་བའི་རྡོ་རྗེའི་ལྟེ་བར་ཉི་གདན་ལ་གནས་པའི་ཧཱུྃ་གིས་མཚན་པ་ལས་འོད་ཟེར་རླུང་གི་རང་བཞིན་ཅན་འཕྲོས་པས་འོག་གི་རླུང་དཀྱིལ་བསྐུལ་བ་སོགས་ཚིག་གསལ་བཞིན་མཐར། གྲི་གུག་ཉི་ཟླ་དང་བཅས་པ་ཡང་ཞུ་ཞིང་བདུད་རྩིར་འདྲེས་པ་ལས་མཆོད་པའི་ཡོ་བྱད་མཐུན་རྫས་འབྲས་ཆན་སྒོག་གཙོང་ལ་ཕུག་ཉ་ཤ་དུག་དང་ཚ་བ་གསུམ་སོགས་སྦྱར་བའི་ལ་དུ་དང་། འབྲུ་སྣ་སྨན་དང་ཤ་སྣ་སྙིང་སྣ་གློ་མཆིན་ནང་ཁྲོལ་སྣ་ཚོགས། རྒུན་འབྲུ་ཤིང་ཐོག་ཁུར་བ་སོགས་ཀྱི་ལོངས་སྤྱོད་མཐའ་ཡས་པ་དང་། ཛ་གད་ཀྱི་རྒྱ་མཚོ་དང་། རཀྟའི་རྒྱུན་ཞིང་ཆེན་གྱི་ལྷུ་དུམ་འཕྱོ་ཞིང་རྦ་རླབས་མཁའ་ལ་སྙེགས་པ། ཚེ་གལ་གྱི་དམ་རྫས་བསྡེབས་པའི་བཱ་ལིཾ་རི་ལྟར་སྤུངས་པ་སོགས་མཆོད་པའི་ཡོད་བྱད་ཁ་དོག་དྲི་རོ་ནུས་བཅུད་ཕུན་
སུམ་ཚོགས་པ་རྣམས། རྣམ་པ་དེ་དག་ལ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་དང་། དྲག་པོའི་སྐབས་གོང་གི་སྐབས་གསུམ་མའི་དྲག་པོའི་མཆོད་པ་བྱིན་གྱིས་བརླབས་པའི་སྐབས་ལྟར་ཕོ་ཉ་སྤྲོས་པ་རྣམས་ཀྱིས་དགྲ་བགེགས་བསྒྲལ་བའི་ཤ་རི་ཁྲག་མཚོའི་ཀླད་པའི་བདུད་རྩི་རྣམས་སྲོག་དབུགས་རོ་མདངས་ཀྱིས་བརྒྱན་པ་དང་། ཡང་ན་དུར་ཁྲོད་ཆེན་པོའི་རྒྱུད་ལས། ལས་ལ་སྦྱོར་བ་བསྒྲུབ་བྱ་ཡི། །སྙིང་ནས་ས་བོན་ལྕགས་ཀྱུ་བསམ། །ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན། །དེའི་སྟོབས་ཀྱི་ཁྲག་འཕེལ་གྱུར། །ཞུ་ནས་ནག་པོའི་ཐོད་པར་སོང་། །སྔགས་ཀྱི་འོད་ཀྱི་གྲི་གུག་གིས། །ཏིལ་ཙམ་བཏུབ་ནས་འཐུང་བར་བསམ། །འདི་ནི་ནག་པོ་ཆེན་པོ་ཡི། །དངོས་གྲུབ་ཉེ་བ་བདག་གིས་བཤད། །ཅེས་པ་ལྟར་དམིགས་པའི་དགྱེས་རྫས་དེ་རྣམས་མགོན་པོའི་ལྗགས་འོད་ཟེར་གྱི་རང་བཞིན་གྱི་གྲི་གུག་དང་ལྷ་མོའི་ལྗགས་ཁ་ཊཱྃ་གྱི་དབྱིབས་ཅན་དང་འཁོར་རྣམས་འོད་ཀྱི་རང་བཞིན་གྱི་མཚོན་ཆའི་སྦུ་གུས་སྨན་གཏོར་རཀྟ་རྣམས་དྲངས་ཤིང་གསོལ་བར་མོས་
ལ་འདོད་དོན་གསོལ་བས་དགྱེས་པ་དང་བཅས་སྒྲུབ་པར་དམིགས། སྐབས་འདིར་ཕྱག་བཞི་པ་དང་དུད་སོལ་མ། འཁོར་ལྔ། རྗེས་འབྲང་། ལྷ་མགྲོན་དང་བཅས་པ་རྣམས་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་གི་ཕྱི་རོལ་དུར་ཁྲོད་ཀྱིས་གཞིའི་འཁོར་ཡུག་ཏུ་བསྐྱེད་པའམ། སྐད་ཅིག་གིས་སྤྱན་འདྲེན་མཆོད་བསྟོད་གཏོར་འབུལ་ཕྲིན་བཅོལ་སོགས་བྱ་ཞིང་འཁོར་ལྔ་དང་རྗེས་འབྲངས་རྣམས་གཞུང་གི་རྗེས་ཆོག་སྐབས་སུ་བརྟན་བཞུགས་སོགས་དཀྱུས་གཅིག་ཏུ་བྱ་ཞིང་། ལྷ་མགྲོན་གཞན་རྣམས་གཤེགས་བསྟིམ་གང་འོས་འདི་ཉིད་དུ་བྱ། མཁའ་འགྲོ་དང་གཞི་བདག་སྤྱི་གཏོར་སྐབས་རྡུལ་སྙེད་ཀྱི་ཞིང་གི་དཔའ་བོ་མཁའ་འགྲོ་དང་། འཛམ་གླིང་གི་གཞི་གནས་ཀྱི་བདག་པོ་རྣམས་ལ་མཆོད་གཏོར་གསེར་སྐྱེམས་བསྔོ་ཞིང་ཕྲིན་ལས་བཅོལ་བ་རྣམས་བྱའོ། །བསྟོད་པའི་སྐབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མུ་མེད་ཀྱི་ཞིང་རྣམས་སུ་ཁྱབ་པའི་མཐུས། དེ་རྣམས་ན་བཞུགས་པའི་རྒྱལ་བ་རྒྱལ་སྲས། དཔའ་བོ་རྣལ་འབྱོར་མ་
རྣམས་དང་། ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་སྲིད་པ་གསུམ་གྱི་གཙོ་བོ་དང་བཅས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་བས་དེ་རྣམས་དང་། སླར་བདག་གི་ཐུགས་ཀ་ནས་རྡོ་རྗེའི་ལྷ་མོའི་ཁྲོ་བོ་དང་ཁྲོ་མོའི་ཚོགས་གྲངས་མེད་རབ་འབྱམས་ཞིང་གི་རྡུལ་ལྟར་སྤྲུལ་པ་རྣམས་དང་། བརྟན་གཡོའི་སྣོད་བཅུད་ཀྱི་ཁམས་དང་འབྱུང་བ་བཞི་ཡི་སྒྲ་སྐད་སོགས་མགྲིན་གཅིག་ཏུ་བྱས་ཏེ། དྲི་ཟའི་དབྱངས་དང་འབྲུག་གི་སྒྲ་རྣམས་ཟིལ་གྱིས་གནོན་པའི་གདངས་ཀྱི་ང་རོས་རབ་འབྱམས་རྒྱ་མཚོའི་ཞིང་ཡོངས་སུ་འགེངས་པར་བྱས་ཏེ། བླ་མ་ཡི་དམ་ཆོས་སྐྱོང་འཁོར་དང་བཅས་པའི་ཆེ་བའི་ཡོན་ཏན་ཕྲིན་ལས་དང་བཅས་པ་ལ་བསྟོད་པས་ལྷ་ཚོགས་ཐམས་ཅད་དགྱེས་པའི་གཟི་བརྗིད་ལྷག་པར་དུ་འབར་བར་བསྒོམ་ནས་བསྟོད་ཅིང་མཐར་དམ་བཞག་གི་སྐབས་ལྟར་ཐུགས་རྒྱུད་བསྐུལ་བའི་དམིགས་གནད་བཅས་བསྒྲུབ་མ་བསྡུས་པས་ཐུགས་དམ་བསྐུལ་ཞིང་བསྙེན་པ་ལ་འཇུག་པའི་དུས་ལ་བབས་པ་ན་རང་བཞིན་ལྷུན་གྲུབ་ཀྱི་བསྐྱེད་རིམ་གསལ་བརྟན་གྱི་སྣང་
བ་དང་ལྡན་པས་དམིགས་པའི་འཕྲུལ་འཁོར་ལ་རྩེ་གཅིག་ཏུ་འབད་པ་ཡིན་ཀྱང་། ལས་དང་པོ་པས་སྔར་བསྐྱེད་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་རེ་རེ་བཞིན་གསལ་འདེབས་པ་གལ་ཆེ་བས་དེ་ལྟར་སྤྲོ་ན། བདག་མདུན་དཔལ་ནག་པོ་ཆེན་པོ་སྐུ་མདོག་མཐིང་ནག་མུན་པ་ཆེན་པོའི་མདོག་སྲོད་ཀྱི་མུན་པར་ལྕགས་ཀྱི་མཐོང་གཤོལ་རབ་ཏུ་བསྲེག་པ་དེ་ཉིད་ཀྱི་ངར་ཅུང་ཟད་ཞི་བ་ལྟར་ཁ་ནག་ཅིང་གཏིང་དམར་བར་འདུག་པའམ། དགྲ་གཅན་གདོང་གི་ཁ་དོག་ལྟར་ཤིན་ཏུ་གནགས་ཤིང་གཏིང་ནས་མེ་འོད་ཀྱི་དམར་མདངས་ཆགས་པ། ཞལ་གྱི་དཀྱིལ་འཁོར་ཀུན་ནས་ཆོས་ཡོངས་སུ་གང་བའི་ཟླ་བ་ལྟར་རྒྱས་པ་ལས་ཁྲོ་གཉེར་རྒྱ་མཚོ་འཁྲུགས་པའི་རླབས་ཕྲེང་ལྟར་འཕྱོ་བ། ཉི་མའི་འོད་ཀྱང་མོག་པོར་བྱེད་པའི་སྤྱན་གསུམ་འཁྱིལ་ཞིང་གཟིགས་པ། ཟླ་ཚེས་ལྟར་དཀར་ཞིང་ཁྲག་གིས་གོས་པའི་མཆེ་བ་བཞི་གཙིགས་པ། སྨིན་མ་དང་སྨ་ར་ལས་འབར་བའི་མེ་འོད་འཕྲོ་བ། བསྐལ་པའི་མེ་ལྟར་འབར་བའི་
རལ་པ་དམར་སེར་གྱེན་དུ་གཡེངས་པར་རྡོ་རྗེ་འབར་བའི་ཏོག་གིས་སྤྲས་པ་ལ་སྦྲུལ་གྱིས་བཅིངས་ཤིང་དར་ནག་པོའི་ཅོད་པཎ་གཡོ་བའི་རྡོ་རྗེའི་ལྟེ་བར་རིགས་ཀྱི་བདག་པོས་མཚན་པ་སྟེ། མདུན་བསྐྱེད་ལ་མི་བསྐྱོད་པ་ལོངས་སྐུའི་རྣམ་པ་ཅན་གྱིས་དབུ་བརྒྱན་པ་དང་། བདག་བསྐྱེད་ལ་གྲུབ་ཆེན་ཆོས་ཀྱི་བླ་མ་ལ་ཆོས་སྐྱོང་འདི་ཡི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་ཁྲ་ཕུང་དེར་བཞུགས་པ། འཛམ་བུའི་གསེར་ལས་བྱས་པའི་སྐྲ་ཆིངས་པ་ལ་འཇིག་རྟེན་ན་ཆེ་བར་གྲགས་པ་རྣམས་ཕ་རོལ་ཏུ་བཏང་བའི་མགོ་བོ་ཤ་ཁྲག་སྤངས་པ་ལྔས་བརྒྱན་པ་ལ་རིན་པོ་ཆེ་འབར་བ་ཤ་སྟག་གི་རྩེ་བྲན་བྱས་པའི་ཁོང་སེང་དུ་རིགས་ལྔ་མི་བསྐྱོད་པ་གཙོ་བོ་བྱས་པ་རྣམ་ཧེ་རུ་ཀའི་རྣམ་པ་ཡུམ་དང་བཅས་པ། སྙན་གོང་དུ་རིན་པོ་ཆེའི་མེ་ཏོག་དང་བཅས་པའི་དར་ལྗང་གུའི་ཅོད་པན་འཕྱང་བ། ལྟེ་བར་བཻཌཱུརྻ་ཡིས་སྤུད་པའི་གསེར་གྱི་པ་ཊ་འཁྱིལ་བའི་རྣ་སྐོར་དང་། ལག་པའི་འཁྲིག་མར་སིལ་སིལ་གྱི་སྒྲ་འབྱིན་པའི་གསེར་གྱི་གདུབ་བུས་གཡོགས་པ། སྐུ་ལ་
སྟག་པགས་རློན་པའི་ཤམ་ཐབས་བཅིངས་ཤིང་དར་དཀར་པོའི་རྔུལ་ཟན་ནམ་ཤ་འགགས་ཏུ་གྲགས་པ་གསོལ་བའི་སྟེང་། གཡུང་དྲུང་འཁྱིལ་པ་ལ་སོགས་པ་གསེར་གྱི་རི་མོས་མཛེས་པའི་བེར་ནག་པོ་གསུམ་བརྩེགས་གསོལ་བ་ལས་ནོར་བུའི་ཆར་འབེབས་པ་ལ་གསེར་སྐེད་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བརྒྱན་པ་བཅིངས་པ་ལས་བེང་གི་ཚར་ཚར་བརྒྱ་རྩ་བརྒྱད་འཕྱང་བ། རུས་པའི་སེ་རལ་ཁ་དང་མགུལ་རྒྱན་དང་མི་མགོ་ཁྲག་ཅན་ལྔ་བཅུ་རྩ་གཅིག་གི་དོ་ཤལ་འཕྱང་བ། ལྟོ་འགྲོའི་གཤལ་དང་རིན་པོ་ཆེའི་མགུལ་རྒྱན་ལ་སོགས་པ་རྒྱན་གྱི་རྣམ་པ་དུ་མས་མཛེས་པ། དེ་ཡི་སྟེང་མཚོན་ཆའི་རི་མོ་ཅན་གྱི་བེར་དྲུག་བརྩེགས་ལྷུབ་གྱོན་བྱས་པ་ལས་མཚོན་ཆའི་ཐོག་ཟེར་འབེབས་པ་ནི་ཡེ་ཤེས་མགོན་པོ་ལྟར་བསྐྱེད་པའི་ལུགས་དང་། ཕྱི་མ་གཉིས་ཀྱི་སྐབས་སྐུ་ལ་དར་ལྗང་གི་ཤ་འགགས་ཏེ། མཐིང་སེར་དམར་དཀར་ལྗང་བའི་བེེར་ལྔ་བརྩེགས་ལ་གསེར་སྐེད་རིན་པོ་ཆེའི་ཕྲ་དང་བེང་གི་ཚར་ཚར་ཅན་བཅིངས་ཤིང་། དུག་སྦྲུལ་གྱི་
ག་ཤ་དང་མི་མགོའི་དོ་ཤལ། རུས་པའི་རྒྱན་གྱིས་བརྒྱན་པ། དེ་ཡི་ཕྱིར་བེར་ནག་པོ་གསེར་གྱི་རི་མོ་ཅན་བཞི་བརྩེགས་ལྷུབ་གྱོན་བྱས་པ་ལས་མཚོན་ཆའི་ཆར་འབེབས་པའོ། །གདུག་པའི་ཤ་སུ་ལ་ངོམས་པའི་ཕྱག་གིས་བཀུས་པ་ལྟར་དམར་ཞིང་ལྕགས་ཀྱུ་ལྟར་འབར་བའི་སེན་མོ་རྣོ་བ་དང་ལྡན་པའི། གཡས་ཀྱི་ཕྱག་གིས་དུག་ཟེར་འཐོར་ཞིང་གང་ལ་ཚད་པ་སྩལ་གྱིས་ཕྱེ་མར་བྱེད་པའི་ལྕགས་བསྲེག་གི་གྲི་གུག་ཟླ་བ་ཕྱེད་པའི་དབྱིབས་ཅན་ཆུ་སྲིན་གདུག་པའི་ཁ་ལས་སྐྱེས་པའི་ཡུ་བ་དྲག་པོའི་རྡོ་རྗེ་རྩེ་ལྔ་པས་གདེངས་ཤིང་གཡོན་པས་ལྷ་མ་ཡིན་གྱི་དབང་པོའི་ཐོད་པ་ཡ་མགལ་དང་བཅས་པའི་སྣོད་དུ་བདུད་དགྲའི་སྙིང་དང་ཁྲག་གིས་བཀང་བ་འཛིན་པ་ལས་ཁྲག་གི་རྒྱུན་ཟུ་ལུ་ལུར་འཛགས་པ་འཆང་བ་ཧྲིང་གི་གླུས་རྔམ་པའི་ཞལ་དུ་འདྲེན་ཅིང་རྐན་སྒྲ་དྲག་པོར་བརྡེབ་པ། བ་སྤུ་རྡོ་རྗེ་ཕྱེད་པའི་རང་བཞིན་དུ་འཁྲུག་པ་ལས་མེ་འབར་བ། ཤངས་ནས་འཐོར་རླུང་འབུ་ཅིང་ཁོང་ནས་དྲག་པོའི་དབུགས་འབྱིན་པ། གར་གྱི་ཉམས་དང་དྲག་པོའི་ཤུག་ཅན་ཧཱུྃ་
དང་རུ་ལུ་རུ་ལུའི་སྒྲ་སྒྲོགས་པས་ཁྱབ་འཇུག་དང་དྲག་པོ་ལ་སོགས་པའི་འཇིགས་བྱེད་ཆེན་པོ་རྣམས་ཀྱང་རྨོངས་ཤིང་བརྒྱལ་བར་བྱེད་པའོ། །དེ་དང་སྦྱོར་བའི་ཡུམ་ཟ་བྱེད་དབྱིངས་ཕྱུག་བཛྲ་བཻ་ཏཱ་ལི་ནག་མོ། སྐུ་ལ་རེ་ལྡེའི་སྨད་གཡོག་དང་། དར་ནག་གི་བེར་ལྡིང་གྱོན་བྱས་པ། ལྟེ་བ་ནས་ཉི་མ་ཤར་བ། རལ་པ་ཁམས་ནག་གྱེན་དུ་བཅིངས་པ་ལ་རྨ་བྱའི་མདོངས་དང་ཟླ་བའི་ཅོད་པན་གྱིས་མཛེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་འཕྱང་། མགུལ་དང་ཕྱག་ཞབས་རིན་པོ་ཆེའི་རྒྱན་དང་ལྡན་པ། ཞལ་ཁྲོ་འཛུམ་སྒེག་ཅིང་ལང་ཚོ་རྒྱས་པ། སྤྱན་གསུམ་སྡང་མིག་ཏུ་བསྒྲད་ཅིང་མཆེ་བའི་མྱུ་གུ་གཙགས་ཤིང་ཨ་རལླི་དང་བྷྱོ་བྷྱོ་ཕེཾ་ཕེཾ་གྱི་གྲུས་བསྟན་དགྲའི་ཤ་ཁྲག་ཟ་ཞིང་མ་མོ་མཁའ་འགྲོ་མ་རྣམས་ལ་འགྱེད་ཅིང་བྲན་དུ་འཁོལ་བ། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་སེང་གེ་དང་སྦྲུལ་གྱིས་བརྒྱན་པ། རུས་པ་དང་རིན་པོ་ཆེའི་ཚོགས་ཀྱི་སྐུ་ཡི་ཆ་ཀུན་མཛེས་པ། ཕྱག་བཞིའི་གཡས་གཉིས་ན་ཁ་ཊྭྃ་ག་གསོར་ཞིང་ཕུར་བུ་འདྲིལ་བ།
གཡོན་གཉིས་སྣང་སྲིད་གསལ་བའི་མེ་ལོང་དང་། སྟོང་ཁམས་ཀྱི་དགྲ་བོ་རྣམས་སྐད་ཅིག་འཆིངས་སྡོམས་བྱེད་པའི་དུག་སྦྲུལ་གྱི་ཞགས་པ་འཕེན་པ་འདོད་ཆགས་ཆེན་པོའི་རྣམ་འགྱུར་དང་ལྡན་པས་ཡབ་ལ་འཁྱུད་ཅིང་། གཉིས་ཀའང་སྐུ་ཡི་སྲིད་པ་གསུམ་ལ་ཁྱབ་པ་གཟི་བྱིན་ཤིན་ཏུ་བཟོད་དཀར་འཕྲོ་བའི་བདག་ཉིད་ཅན་གྱི་ཡབ་ཡུམ་ལྷན་ཅིག་པར། པད་ཉིད་དགྲ་བགེགས་ཀྱི་གདན་ལ་གནས་པའི་དྲེའུ་རྟ་སྔོ་ནག་རྫུ་འཕྲུལ་གྱི་རྐང་པ་དང་། རླུང་གི་ཤུག་ཅན། མྱུར་མགྱོགས་ཀྱི་སྩལ་རྣམས་རྫོགས་པ་ལ། ཞིང་ཆེན་དང་སྟག་གི་པགས་པའི་བཟར་དང་། བསེ་སྒ་དམར་པོ་ལ་གཡུ་མཐུར་དང་སྦྲུལ་ནག་གི་གོང་སྨད་གློ་ལེན་མཐུར་མདའ་སྲབ་སྨད་རྣམས་འཁྱུད་པར་རིན་པོ་ཆེའི་རྒྱན་དང་ལྡན་པ། མི་མགོའི་དོམ་དོམ་དང་ཐོད་སྐམ་གྱི་གཡེར་ཁས་བརྒྱན་པ། ཞིང་ཆུང་གི་སྨད་ལྕིབ་དང་དངུལ་གྱི་ཡོབ་ཆེན་ལ་སོགས་པའི་ཆས་དང་ལྡན་པ། སྔ་ཤ་ལ་མཚོན་གྱི་གྲུ་གུ་དང་ཁྲམ་འབམ་ཤྭོ་རྡེལ་དཀར་ནག་རྣམས་བཏགས་ཤིང་ཕྱི་ཤ་ལ་ནད་ཀྱི་རྐྱལ་པ་དང་
ལྕགས་ཀྱི་དྲྭ་བས་བརྒྱན་པའི་སྒང་གོང་དུ་གནས་པ། དེ་ལྟ་བུའི་གཙོ་བོའི་སྐུ་ལས་ཡེ་ཤེས་ཀྱི་མེ་འུར་འུར་ཆེམ་ཆེམ་དུ་སྲིད་གསུམ་བསྲེགས་ཤིང་སྟོང་གསུམ་ཁྱབ་པར་འབར་བའི་ཕུང་པོའི་དབུས་སུ་རོལ་པའོ། །གདན་ཐབས་ཀྱི་ཆོས་འབྱུང་གི་རྡོ་རྗེའི་བྲག་སྟེང་གྲུ་གསུམ་གྱི་བསངས་དུ་ཆ་བྲན་གསུམ་པའི་ཟུར་གསུམ་དུ་བསྟན་པའི་སྟེང་དུ་གནས་པའི་ལྷ་བཞི་དང་། དེ་ཡི་རྩ་བའི་ཟླ་གམ་གསུམ་ལ་གཡས་དང་། རྒྱབ་གཡོན་རྣམས་སུ་མྱུར་མགྱོགས་ཀྱི་དམག་དཔོན་བདུད་མགོན་ནག་པོ་བཙན་མགོན་དམར་པོ། ཀླུ་མགོན་སྔོན་པོ་རྣམ་ཁྲོས་པའི་བཞི་ལྡན་མིག་གསུམ་པ་ཁྲག་གིས་མྱོས་ཤིང་དྲག་པོའི་ཁ་གླལ་བ་རལ་པ་ནམ་མཁར་གཡེངས་ཤིང་ཐོད་སྦྲུལ་མགོ་བོས་བརྒྱན་པ་སྙིང་གི་སེ་རལ་གྱོན་ཅིང་། རང་མདོག་གི་བེར་དང་སག་ལྷམ་གྱོན་ནས་མདོག་མཚུངས་ཀྱི་རྟ་ཕོ་རྟིང་དཀར་མགྱོགས་པའི་བང་ཅན་ལ་གཞོན་ཅིང་། འཁོར་གསུམ་ཆོས་ཀྱིས་དཔའ་བ་གཡས་མདུང་རིང་དང་གཡོན་ཞགས་པ་བསྐྱིལ་བའོ། །དེ་ཡི་ཕྱིར་ལྕགས་
བསྲེགས་ཀྱི་གྲི་གུག་སོ་གྱེན་བསྟན་གྱི་རྭ་བརྒྱད་སམ་གཉིས་ཀར་ཆ་ཆུང་ཕྱེད་པ་ལས་འབར་བའི་མེ་ཡི་འོབ་དང་བཅས་པས་ཀུན་ནས་བར་མེ་པར་བསྐོར་བ། དེ་ཡི་ཕྱིར་གནམ་ལྕགས་ཀྱི་འཁོར་ལོ་བཞི་རིམ་རྣམས་དང་པོ་རྩིབས་བརྒྱད་པ་གཉིས་པ་རྩིབས་བཅུ་པ་གསུམ་པ་དང་བཞི་པ་གཉིས་ཀ་རྩིབས་བརྒྱད་པ་རྣམས་ཀྱི་འཕངས་ཆ་ཆུང་རེ་རེས་འཕར་མ་བྱས་ཤིང་རྒྱར་ཆ་ཕྲན་གཉིས་རེའི་མཐར་ཆ་ཕྲན་ཕྱེད་ཀྱི་མུ་ཁྱུད་ཕྲ་མོ་དང་བཅས་པ་འཁོར་ལོ་མཐའ་མ་དང་སྒོ་ཡི་བར་ཆ་ཕྲན་ཕྱེད་དང་གཉིས་ཀྱི་ཚོད་པར་སྟེང་དུ་ཡོད་པའི་འཁོར་ལོ་དང་པོའི་རྩིབས་རྣམས་ལ་དབུགས་བྲལ་དང་དྲེལ་རྟའི་སྟེང་དུ་གནས་པའི་མ་མོ་མི་སྡུག་པའི་བཞིན་ཅན་ཞལ་གཅིག་ཕྱག་གཉིས་པ་དང་། དེ་ལ་འཁྱུད་པའི་ནག་པོ་ཆེན་པོ་བརྒྱད་ཀྱང་ཤིན་ཏུ་ཁྲོས་པའི་དྲག་ཤུལ་ཅན་གཉིས་ཀའང་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་ཁ་དོག་དང་རྒྱན་ཆ་ལུགས་གཙོ་བོ་ཡབ་ཡུམ་དང་མཚུངས་པ་འབར་བའི་མེ་ཀློང་དུ་བཞུགས་པའོ། །
འཁོར་ལོ་གཉིས་པའི་རྩིབས་ལ་གནས་པའི་ཕྱོགས་སྐྱོང་བའི་མགོན་པོ་རྣམས་ནི། ཤར་དུ་གཡུ་འབྲུག་ལ་གནས་པའི་དཔལ་འབར་འཆང་དཀར་པོ་གཡས་རིན་པོ་ཆེ་བརྒྱུས་ཞགས་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་པ་འབེབས་པ་དང་། གཡོན་མདུང་རྩེ་གསུམ་པ་ལ་བ་དན་དཀར་ནག་སྤེལ་བའི་ཁྲ་བོ་ཕྱར་ཞིང་། འཁོར་སེང་གེ་དང་མཁའ་ལྡིང་སོགས་ཀྱི་མགོ་བསྙན་ཅན་བྱེ་བས་འབུམ་གྱིས་བསྐོར་བའི་སྔུན་བྱ་ཁྲ་ལྡིང་ཞིང་ཕྱི་ནས་སྟག་གཟིགས་ཀྱི་ཚོགས་འབྲེང་བ། བྱང་རྩིབས་སུ་སེངྒེ་སྔོན་པོ་ལ་གནས་པའི་རྣམ་ཐོས་སྲས་ལྗང་ནག་གསེར་གྱི་ཡ་ལད་ཅན། རིན་པོ་ཆེའི་དབུ་རྒྱན་དང་རྣ་རྒྱན་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ཙནྡན་གྱི་བེ་ཅོན་ནོར་བུའི་ཏོག་གིས་སྤྲས་པ་དང་མདུང་དམར་བསྣམས་ཤིང་གཡོན་ནེའུ་ལེའི་ཁ་ནས་ནོར་བུ་སྐྱུག་པ་འཛིན་ཅིང་གནོད་སྦྱིན་གྱི་དམག་དུང་ཕྱུར་དུ་མས་བསྐོར་བ། ནུབ་ཏུ་རྟ་དམར་རྟིང་དཀར་ལ་གནས་པའི་དབང་ཕྱུག་འབར་བ་དམར་ནག་གཡས་རྒྱ་མཚོའི་གླིང་གི་ཙནྡན་ས་མཆོག་གི་
ཚལ་ཆེན་པོ་དང་། གཡོན་གྲི་གུག་འཛིན་པ་དང་། སྟག་གཟིགས་དང་སྦས་སྦྲུལ་གྱི་མགོ་ཅན་གྱི་ཀླུ་བདུད་འབུམ་གྱིས་བསྐོར་བ། ལྷོ་རྩིབས་སུ་ལེགས་ལྡན་དཔལ་འབར་དམར་ནག་རྟ་འོལ་བ་དམར་སེར་སྟེ་སེར་ནག་དམར་མདངས་ཅན་ལ་རྩིབས་ཤིང་གཡས་ཕ་ལམ་གྱི་དཔལ་སྐྱོན་པའི་ཙནྡན་གྱི་བེང་ཆེན་གླད་ལ་བསྐོར་ཞིང་རིན་པོ་ཆེ་བཻཌཱུརྻ་འཆང་བ། འཁོར་ལྷ་དང་གཤིན་རྗེ་གནོད་སྦྱིན་དང་རོ་ལངས་ཀྱི་དམག་བྱེ་བ་གྲངས་མེད་ཀྱིས་བསྐོར་བ་འཇིག་རྟེན་པའི་ཡས་ལེགས་ལྡན་ནག་པོའོ། །ཤར་ལྷོར་རྟ་སྔོན་ཆུ་རིས་ཅན་ལ་གནས་པའི་ཛམ་བྷ་ལ་དམར་པོ་གཡས་སྣ་ཚོགས་ནུར་བུ་ཟུར་བཅུ་གཉིས་པ་ལས་དགོས་འདོད་ཆར་བཞིན་འབེབས་ཤིང་གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་འཛིན་པ་རྟ་སྔོ་ཁྲ་དང་ངང་པ་རོལ་དུ་ཁྲིད་པ་ལ་རང་འདྲའི་བརྒྱད་ནོར་བུ་དང་ཤིང་ཐོག་བིལ་བ་འཛིན་པ་དང་ནོར་ལྷ་བྱེ་བའི་ཚོགས་ཀྱི་བསྐོར་བ། ལྷོ་ནུབ་ཏུ་རྟ་དཀར་པོ་རྔ་རྔོག་དམར་པོ་ཅན་ལ་གནས་པའི་མཛེས་ལྡན་སྲས་དམར་སེར་གཡས་དར་དཀར་གྱི་བ་དན་རྡོ་རྗེ་
ཕ་ལམ་གྱི་ཁ་ཊྭཱྃ་རྩེ་གསུམ་བསྐྱོན་པ་དང་གཡོན་ནོར་བུ་མཆིན་ཁ་ཐོགས་པ་ལ་ལྷ་སྲིན་གྱི་དམག་དུང་ཕྱུར་གྱིས་བསྐོར་བ་འདི་ནི་འཇིག་རྟེན་མགོན་པོ་སྲས་མཆོག་ནག་པོའི་སྐུ་ཡི་རྣམ་པར་འགྱུར་བ་གཅིག་གོ །ནུབ་བྱང་དུ་ཡན་ལག་གནག་པའི་རྟ་སྔོན་པོ་ལ་གནས་པའི་ཤ་ཝ་རི་དམར་ནག་གཡས་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་ནོར་བུ་མཐིང་འཛིན་པ་ལྷ་བཙན་བདུད་ཀྱི་གིང་ཆེན་སུམ་བརྒྱ་དྲུག་ཅུ་དང་རླུང་བདག་ནོར་བདག་སྲོག་བདག་གི་དམག་ཚོགས་དང་གཤིན་རྗེའི་སྐྱེས་བུ་གྲངས་མེད་པས་བསྐོར་བ་འདི་ནི་དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ཉིད་དོ། །བྱང་ཤར་གྱི་ཆིབས་ལ་གཙུག་ཏོར་ལྗང་གུ་རྟ་དང་ས་ལ་གནས་པ་གཡས་ལྕགས་ཀྱི་གདུང་མ་དང་། གཡོན་རིན་པོ་ཆེ་སྨུག་འཆང་བ་ལ་ལྷ་དམག་འབུམ་གྱི་བསྐོར་བ། ཤར་སྟོད་དུ་མཁའ་ལྡིང་དམར་པོ་ལ་གནས་པའི་ལྷ་མགོན་སྔོན་པོ་གཡས་རལ་གྲི་མེ་འབར་བ་དང་གཡོན་ནོར་བུ་སེར་པོ་འཆང་བ་གཟའ་ཆེན་བརྒྱད་དང་རྒྱུ་སྐར་སོགས་ལྷ་སྲིན་སྡེ་བརྒྱད་དང་ཀླུ་ཆེན་གྱི་
དམག་གྲངས་མེད་པས་བསྐོར་བ། འདི་ནི་དགེ་བསྙེན་རྡོ་རྗེ་རྒྱལ་པོའི་སྐུ་ཡི་འགྱུར་དུ་བཞེད། ནུབ་སྨད་དུ་ཕག་སེར་པོ་ལ་གནས་པའི་བརྟན་མ་སེར་མོ་གཡས་སྦྲུལ་དཀར་པོའི་ཞགས་པ་དང་གཡོན་སྦྲུལ་དཀར་པོས་དཀྲིས་པའི་བུམ་པ་ནོར་བུས་གང་བ་འཛིན་ཅིང་ཀླུ་ཆེན་ས་བདག་གི་ཚོགས་ཀྱིས་བསྐོར་བ་སྟེ། འདི་ནི་དཔལ་ལྷ་མོ་དང་གཉིས་སུ་མེད་པའོ། །དེ་རྣམས་ཀྱང་ཞི་མ་ཁྲོའི་ཉམས་ལྡན་ཤ་རྒྱས་པ་བེར་ནག་མནབ་ཅིང་གསེར་སྐེད་བཅིངས་པ་རིན་པོ་ཆེའི་གཙུག་ཏོར་དང་དབུ་དང་ཡན་ལག་བརྒྱན་ཅིང་མི་མགོའི་དོ་ཤལ་ཅན་འཁོར་རྣམས་ཀྱང་མཚོན་ཆ་སྣ་ཚོགས་འཛིན་ཞིང་རྣམ་འགྱུར་དང་ཆ་ལུགས་མ་ངེས་པ་མི་སྤྲིན་ན་བུན་འཇའ་ཟེར་གྱི་ཀློང་དུ་གནས་པའོ། །འདི་རྣམས་ཕལ་མོ་ཆེ་ནི་མགོན་པོ་ཉིད་ཀྱི་སྐུ་ཡི་རྣམ་འགྱུར་སྟེ་ནོར་ལྷ་ལྟར་བསྒྲུབ་པའི་ཚུལ་གཙོ་བོར་བྱས་པ་ཡིན་ལ། དྲག་པོའི་ལས་ལ་རྦད་པའི་ཚེ་ཐམས་ཅད་ཁྲོ་ཚུལ་སྟོན་ཅིང་རྟ་ལ་ཆིབས་པའི་ཕྱག་མཚན་ལ་མ་ངེས་པ་དང་མདུང་དར་ཁོ་ན་འཕྱར་ཞིང་ཐོད་ཁྲག་འཛིན་
པའང་འབྱུང་ངོ་། །འཁོར་ལོ་གསུམ་པར་གནས་པའི་དྲེགས་བྱེད་རྣམས་ནི། ཤར་དུ་ལྷ་མ་ཡིན་མང་པོས་བསྒྱེལ་བའི་ཁྲི་ལྷ་ཆེན་ལྗང་ནག་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་ཁ་ཊྭཱྃ་འཛིན་ཅིང་གཡོན་ལྷ་མིན་གྱི་དབང་པོའི་ཐོད་པ་དེ་ཡི་ཁྲག་གིས་བཀང་བ་བསྣམས་པ། དགའ་བྱེད་ལ་སོགས་པ་བརྒྱད་གཡས་ཁ་ཊྭཱྃ་ག་དང་གཡོན་བདུད་ཞགས་འཛིན་པས་བསྐོར་བ་ལྷ་དམག་གི་ཚོགས་དང་བཅས་པ། བྱང་དུ་རོ་དང་པད་ཉི་ལ་སྲིན་པོ་ནག་པོ་མིག་གཅིག་པ་གཡས་ཟངས་གྲི་སྟེང་གྲི་ཐུང་ལྟག་པ་དགྱེ་བོ་འཛིན་པ་གཡོན་མགོ་རློན་འཆང་བ་གཅིག་པུའི་བདག་ཉིད་ཀྱི་ཞབས་ཅན་ལིངྒ་གྱེན་དུ་འགྲེངས་པ་ལ་འཁོར་མི་གཅིག་པ་ནི་གཙོ་བོ་དང་མཚུངས་ཤིང་། ལག་གཅིག་སྙབས་བྱེད་ནི་བྲང་གི་སྟེང་ནས་ལག་པ་གཅིག་སྐྱེས་པའོ། །སོ་གཅིག་ཟ་བྱེད་ནི་མཆེ་བ་གཅིག་ཅན་དང་། རྐང་གཅིག་རྒྱུག་བྱེད་ནི་གཙོ་བོ་ཉིད་དང་མཚུངས་ཤིང་། ཁ་དགུ་པ་ནི་གོང་ལ་ཁ་གཅིག །ནུ་སྟེང་གཉིས་ལ་ཁ་གཉིས་ལག་ཉྭ་གཉིས་ལ་ཁ་རེ། ལྟོ་བར་ཁ་གཅིག །མགྲིན་
པར་ཁ་གཅིག །བརླ་ལ་ཁ་གཅིག །རྐང་ཉྭ་ལ་ཁ་གཅིག་པ་དེ་རྣམས་མཆེ་བ་གཙིགས་ཤིང་སྨ་ར་དང་བཅས་པའོ། །རྣ་དགུ་ཉན་བྱེད་ནི་མགོ་ལ་རྣ་བ་གཉིས། དེ་བཞིན་མགྲིན་པ་ལ་གཉིས། ལྟོ་བ་ལ་གཉིས། ལག་པ་ལ་གཉིས། རྐང་པ་ནི་བརླ་ལ་གཅིག་སྟེ་རྣ་དགུའོ། །མགོ་དགུ་པ་ནི་གོ་སླ་ལ། ལག་དགུ་པ་ནི། གཡས་གཡོན་གཉིས་སུ་དྲུག་དང་། བྲང་སྟེང་དུ་ལག་པ་གསུམ་སྐྱེས་པའོ། །དེ་རྣམས་མངོན་རྟོགས་ལས་ཐམས་ཅད་ཀྱང་རྐང་པ་གཅིག་པ་རྒྱན་མེད་པ་གཅེར་བུ་ལིངྒ་བསྒྲེང་བ་ལག་གཅིག་པ་མ་གཏོགས་ཐམས་ཅད་ཀྱི་གཡས་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཞགས་པ་ནག་པོ་དང་། གཡོན་གཡབ་དར་ནག་པོ་དང་མི་མོག་འཛིན་པ་ལྟས་ངན་ཆོ་འཕྲུལ་གྱི་བདག་པོ་དུ་མས་བསྐོར་བར་བཤད། ནུབ་ཏུ་པདྨ་ཉི་རོར་གནས་པའི་ནག་པོ་ཆེན་པོ་གྲི་གུག་ཐོད་ཁྲག་འཆང་བ་གཅེར་བུ་སྟག་ཤམ་ཅན་ནག་པོ་བསྲེག་བྱེད་ཆེན་པོ་སོགས་ཁ་དོག་དང་ཕྱག་མཚན་རང་མཚུངས་བརྒྱད་དང་། དུར་ཁྲོད་ཀྱི་མཁའ་འགྲོ་ཤ་ཟ་འདྲེ་སྲིན་དུ་མས་བསྐོར་བ།
ལྷོར་མ་ཧེ་ཁྲོས་པའི་སྟེང་དུ་པད་ཉིར་གནས་པའི་ཡ་མ་ར་ཛ་སྔོ་ནག་མི་ལྤགས་གི་གོས་ཅན་གཡས་ཐོད་དབྱུག་དང་གཡོན་ཐོད་ཁྲག་འཆང་བ་ཁྲག་མིག་མི་བཟད་པ་སོགས་བརྒྱད་གཡས་གཡོན་རལ་གྲི་དང་ཐོད་ཚལ་གྱིས་མཚན་པའི་མདའ་ཡི་ཐུན་འཕེན་པ་རྣམས་འཆི་བདག་བྱེ་བ་དགུ་ཁྲིས་བསྐོར་བ། འདི་རྣམས་ཀྱང་དཔལ་མགོན་པོ་ཉིད་ཀྱི་སྐུ་ཡི་རྣམ་འགྱུར་མ་ངེས་པར་བསྟན་པ་ཤ་སྟག་གོ །ཤར་ལྷོ་པདྨ་ཉི་རོ་ལ་དགའ་བོ་སྔོ་ནག་གཡས་སྦྲུལ་ཞག་དང་གཡོན་ནད་རྐྱལ་ཐོགས་པ་ལ་པདྨ་སོགས་བརྒྱད་དུག་གི་མདའ་གཞུ་འགེངས་པ་རྣམས་དང་ཀླུ་དམག་དུང་ཕྱུར་གྲངས་མེད་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་རོ་ལ་གནས་པའི་ཆུ་སྲིན་དམར་སྐྱའི་སྟེང་དུ་པད་ཉི་ལ་གནས་པའི་རཱ་ཧུ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ལུས་ཀུན་མིག་གིས་གང་བ་གཡས་ཆུ་སྲིན་གྱི་མགོ་བོས་མཚན་པའི་ཞགས་པ་དམར་པོ་དགྲ་ལ་འདེབས་ཤིང་། གཡོན་ཐོད་ཁྲག་འཛིན་པ་ལ་དམག་དཔོན་སོགས་བརྒྱད་ཀྱང་ཐོད་མདའ་ཕུར་བུ་འཛིན་པ་དང་ལྷ་སྲིན་སྡེ་
བརྒྱད་ཀྱི་དམག་གིས་བསྐོར་བ། ནུབ་བྱང་དུ་གླང་ཆེན་གྱི་སྟེང་པད་ཉི་གནས་པའི་བགེགས་རྒྱལ་ནག་པོ་མི་ལྤགས་ཀྱི་སེ་རལ་དང་གླང་ཀོའི་གོས་ཅན་དྲག་པོའི་མིག་གིས་སྲིད་གསུམ་བསྲེག་པ་གཡས་རྡོ་རྗེ་ནག་པོ་རྩེ་གསུམ་པ་དང་ཡོན་ཏན་ལྕགས་ཀྱུ་ལྟ་བུའི་གྲི་གུག་འཛིན་པ་ལ་འཁོར་ལོ་ལ་སོགས་པའི་འཁོར་གྱི་གཙོ་བོ་བརྒྱད་པོ་ཏྲི་ཤུལ་དང་ཐོད་ཁྲག་འཛིན་པས་བསྐོར་བ་རྣམས་དང་སྲིད་པ་གསུམ་གྱི་བགེགས་ཀྱི་དམག་གིས་སྐོར་བ། བྱང་ཤར་དུ་གླང་ཆེན་དང་པད་ཉེར་བདུད་རྒྱལ་ཏྲཀྵ་ནག་པོ་རྡོ་རྗེས་མཚན་པའི་ཞགས་པ་ནག་པོ་དམ་ཉམས་ལ་འདེབས་པ་རླུང་བདུད་སོགས་བརྒྱད་ཀྱང་ཞགས་པ་འཕེན་ཅིང་། དགྲ་སྟ་འཛིན་པ་རྣམས་དང་སྟོང་ཁམས་ལ་གནས་པའི་བདུད་སྡེའི་དམག་གིས་བསྐོར་བ་སྟེ། འདི་རྣམས་གཟའ་ཀླུ་བགེགས་བདུད་དེ་འཇིག་རྟེན་འདི་ན་དབང་ཆེ་བའི་དྲེགས་པ་རྣམས་སོ། །དེ་ལྟར་དྲེགས་པའི་གཙོ་བོ་དང་མཚུངས་ཤིང་ཡང་འཁོར་གྱི་དམག་ཚོགས་རྣམས་ཀྱང་མཚོན་ཆ་སྣ་ཚོགས་འཛིན་པའོ། །འཁོར་ལོ་མཐའ་མའི་ཤར་
རྩིབས་ལ་སྤྱང་ཞོན་མ་བདུན་ནི་ལྕགས་ཀྱི་སྤྱང་མོ་མགོ་དགུ་པ་ལ་གནས་པའི་བདུད་མོ་ཁྲག་གི་མདོག་ཅན་གཡས་ཁྲག་འཛག་པའི་ལྕགས་ཀྱུ་དང་། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པ་བདུན་རྣམས་ཁྲག་གི་རལ་པས་རྒྱབ་གཡོགས་ཤིང་དྲག་ཏུ་ཁྲོས་པ་དང་། ལྷ་ཡི་སྲིང་མོ་གླིང་གཞི་མགྱོགས་མ་དཀར་མོ་གཡས་གསེར་གྱི་རྡོ་རྗེ་དང་གཡོན་གསེར་གྱི་བུམ་པ་དར་གྱི་ན་གཟའ་དང་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཅན་ཞི་མ་ཁྲོའི་རྣམས་དང་ལྡན་པ། གཤིན་རྗེའི་སྲིང་མོ་མཁའ་ལ་ཁྱུང་ལྡིང་སྔོན་མོ་གཡས་ཐོད་རློན་སེར་པོས་མཚན་པའི་དབྱུག་ཏོ་དང་གཡོན་ཐོད་ཁྲག་འཛིན་པ་ཐོད་རློན་གྱི་ཕྲེང་བས་དབུ་དང་སྐུ་དང་ཡན་ལག་བརྒྱན་པ། ཀླུ་ཡི་སྲིང་མོ་དཀར་མོ་གཡོག་ཐོད་དམར་མོ་ཕྱག་གཉིས་སྦྲུལ་ཞགས་འཕེན་ཅིང་སྦྲུལ་གྱི་ལུས་ཀུན་བརྒྱན་པ། གནོད་སྦྱིན་གྱི་སྲིང་མོ་ནག་མོ་སྡེར་ཆེར་བེར་ནག་གཡས་ཐོད་ཁྲག་དང་གཡོན་ནེའུ་ལེའི་འཛིན་པ་སྐུ་ཡི་ཆ་ཐམས་ཅད་རིན་པོ་ཆེས་བརྒྱན་པ་གསུམ་ཀ་ཞི་མ་ཁྲོའི་ཉམས་ཅན་གཟིག་གི་ཤམ་
ཐབས་བཅིངས་པའོ། །བྱང་ཤར་གྱི་རྩིབས་མ་ལས་ཀྱི་དབང་ཕྱུག་བྲན་བདུན་ནི། གསོད་བྱེད་དམར་མོའི་སྤྱང་ཀིའི་མགོ་ཅན་རལ་གྲི་འཛིན་པ། མེ་མོ་དམར་མོ་སྐྱིན་གྱི་གདོང་སྟེང་གཙང་ འདི་ལ་ནགས་ཀྱི་སྐྱེལ་གཡག་གི་མགོ་ཅན་དུ་འདོད་པའང་ཡོད་མཆན། ཕག་གི་མགོ་ཅན་མེ་སྒྲོན་འཛིན་པ། ཕག་མོ་ནག་མོ་ཕག་གི་མགོ་ཅན་རྡོ་རྗེས་མཚན་པའི་མཆེ་བ་དང་ཞགས་པ་འཛིན་པ། རྒན་བྱེད་དམར་མོ་ཁྭ་ཏའི་མགོ་ཅན་ཞིང་ཆུང་གི་རྒྱུ་མ་འདྲེན་པ། རྣ་ཅན་དཀར་མོ་གླང་ཆེན་མགོ་ཅན་ཐོད་ཁྲག་འཐུང་བ། ཆུ་ལྷ་སྔོན་མོ་སྦྲུལ་གདོང་ཅན་སྦྲུལ་ཞགས་འཛིན་པ། རྣམ་ཐོས་ལྗང་ནག་སྐྱ་ཁའི་མགོ་ཅན་དྲིལ་བུ་འཁྲོལ་བའོ། །བྱང་རྩིབས་སུ་ཁྲག་མཚོ་རྦ་རླབས་འཕྱོ་བ་ལ་བརྐྱལ་ཞིང་འབོག་པའི་ཕུར་བུ་མ་ནག་མོ་རལ་པ་གྱེན་དུ་གཡེངས་ཤིང་ཐུར་དུ་འདྲུད་པ་གཡས་ཁྲག་འཛག་པའི་ལྕགས་ཀྱུ་དང་གཡོན་ཐོད་ཁྲག་འཛིན་པ་བདུན་དང་། ཚེ་གསུམ་འབར་མ་སྟེ་དབང་པོ་འབར་མ་དཀར་མོ་ཉི་མ་གཡོན་དུ་འཛིན་ཅིང་གཡས་དེའི་ཟེར་གྱི་ཞགས་པ་འདེབས་པ།
གཡུལ་གཞི་འགགས་ལ་སྟེ་གཤིན་རྗེ་འབར་མ་སྔོན་མོ་རྒྱུ་སྐར་རྣམས་ཀྱི་སྐར་མདའ་འབེབས་པ། སྙིང་དྲན་ཆེན་མོ་སྟེ་ཀླུ་མོ་འབར་མ་དམར་མོ་ཐོག་ལྕེ་འབེབས་པ། གསོད་བྱེད་ཆེན་པོའི་སྟེ་གནོད་སྦྱིན་འབར་མ་ལྗང་གུ་བྱ་ཁྱུང་གི་འདབས་གཤོག་ནས་རྡོ་རྗེའི་ཆར་འབེབས་པ་འཛིན་པ་རྣམས་ནང་གི་འབར་མ་བཞིའོ། །ནུབ་བྱང་གི་རྩིབས་ལ་པདྨའི་དབང་ཕྱུག་མཛའ་བདུན་ནི། དགའ་བ་དམར་མོ་རྒོད་ཀྱི་མགོ་ཅན་འདིའི་ཕྱག་གཉིས་བརྐྱང་ཤིང་རྐེ་ཡར་བསྲེངས་པའི་མགུལ་པར་དར་དཀར་པོ་གྱོན་པའི་སྡེ་གཉིས་འཛིན་པ་ཡིན་ཅེས་ངོས་འཛིན་བྱེད་ལ། ཀུན་ཁྱབས་ཀྱི་ཟིན་བྲིས་སུ་རྙིང་མའི་རྒྱུ་འགར་འདི་བཞིན་འབྱུང་བས་དེ་ཀའི་ཞེས་བཀོད་སྣང་ཡང་ཁུང་བཙུན་གྱི་རྒྱུད་དང་ཡིག་ཆ་རྣམས་སུ་ཀ་རྟར་འཕྱར་ཞེས་འབྱུང་པས། འདིར་ཡི་གེ་དང་དོན་གཉིས་ཀ་ཉམས་ནས་རྐེ་དར་འཆང་ཞེས་བྲིས་འདུག་ཀྱང་རྒྱ་གར་གྱི་རལ་གྲིའི་བྱེ་བྲག་ཀརྟ་རི་ཞེས་པ་ལྟར། པ་རྒུར་པོ་རྩ་བ་ཕྲ་ལ་རྩེ་མོ་ཞེང་ཆེན་པོ་ཅན་ཞིག་འབྱུང་བ་དེ་འཛིན་པ་ཡིན་
པར་སེམས་ཤིང་གཞན་གཞུང་སྤར་མ་དང་མི་མཐུན་པ་འདི་རྣམས་ཀུན་ཁྱབས་ཀྱིས་དག་བཅོས་མཛད་པ་ཉིད་ལེགས་པས་དེ་ལྟར་བཀོད་པ་ཡིན། སྟོབས་ཅན་དཀར་མོ་རྟ་ཡི་མགོ་ཅན་གཤོལ་མདའ་འཛིན་པ། རྡོ་རྗེ་སེར་མོ་ཁྱུང་གདོང་སྤུ་གྲི་འཛིན་པ། འདོད་པ་དམར་མོ་ཁྱི་གདོང་མདའ་གཞུ་འགེངས་པ། ནོར་བསྲུང་དཀར་མོ་འུག་གདོང་བུམ་པ་འཛིན་པ། རླུང་ལྷ་སྔོན་མོ་ཤ་བའི་མགོ་ཅན་བ་དན་སྔོན་པོ་འཕྱར་བ། བུམ་སྣ་དམར་མོ་སེང་གདོང་ལྕགས་སྒྲོགས་འཛིན་པ་རྣམས་སོ། །ནུབ་རྩིབས་ལ་ཟངས་རལ་མ་དམར་མོ་རལ་པ་དམར་སེར་གྱེན་དུ་བཅིངས་པའི་ལྷག་མ་ས་ལ་འདྲུད་པ། གཡས་རལ་གྲི་ལྕགས་བསྲེག་དུ་འབར་བ་དང་གཡོན་ཐོད་ཁྲག་འཛིན་པ་ཞིང་ཆེན་གྱི་པགས་པ་སྨད་དཀྲིས་པ་བདུན་དང་། དམར་མོ་འབེབས་མཁན་སྟེ་མེ་ཁྱེར་འབར་མ་དམར་མོ་གློག་གི་ཕྲེང་བ་འཛིན་པ། གཟི་འཕྲོག་མ་སྟེ་སྲིན་མོ་འབར་མ་སྨུག་ནག་མདུང་ཐུང་འཕེན་པ། སྔོན་མོ་འབེབས་མཁན་སྟེ་རླུང་བདག་འབར་མ་སྔོ་ནག་རལ་གྲི་གཡས་དང་
གཡོན་མི་ཡི་སྐྲ་ལས་བྱས་པའི་རེ་བའི་གཡག་དར་འཛིན་མ། སྲོག་འཕྲོག་མ་སྟེ་གཏུམ་མོ་འབར་མ་དཀར་མོ་མདུང་ལྟར་རིང་བའི་རྩེ་གསུམ་འཛིན་པ་སྟེ་ཕྱི་ཡི་འབར་མ་བཞིའོ། །ལྷོ་ནུབ་ཀྱི་རྩིབས་སུ་རིན་ཆེན་དབང་ཕྱུག་སྲིང་བདུན་ནི། རྡོ་རྗེ་སེར་དོམ་མགོ་པདྨ་རཀྟ་འཐུང་བ། བདུད་རྩི་དམར་མོ་ཆུ་སྲིན་གདོང་ཅན་པདྨ་དམར་པོ་འཛིན་པ། ཟླ་བ་དཀར་མོ་སྲེག་པའི་མགོ་ཅན་པུནྟ་རི་སྟེ་པདྨ་དཀར་པོ་འཛིན་པ་བེ་ཅོན་ལྗང་ནག་ཁྲག་མོག་དབྱུག་ཏོ་འཆང་བ། སྲིན་མོ་དམར་མོ་ཝ་གདོང་ཐོད་ཁྲག་འཐུང་བ། ཟ་བ་ལྗང་ནག་སྟག་གདོང་བ་སུ་ཏ་སྟེ་རྒྱུ་ཞགས་འཛིན་པ། མགྲིན་བཅུ་སེར་མོ་ར་གདོང་ཞགས་པ་དམར་པོ་འཛིན་པ་རྣམས་སོ། །ལྷོ་ཡི་རྩིབས་ལ་མཚོན་འཁོར་མ་སེར་མོ་གཡས་རལ་གྲི་དང་གཡོན་རལ་གྲིའི་སོ་གཤིབས་པའི་མཚོན་ཆའི་འཁོར་ལོ་བསྐོར་བདུན་དང་། དུས་བཞིའི་ལྷ་བམོ་ནི། དཔྱིད་ཀྱི་རྒྱལ་མོ་དཀར་མོ་རླུང་ལ་གནས་ཤིང་རླུང་དཀྱིལ་འཛིན་མ། དབྱར་གྱི་རྒྱལ་མོ་སེར་མོ་སྤྲིན་ལ་གནས་ཤིང་ཐོག་ལྕེ་འབེབས་པ།
སྟོན་གྱི་རྒྱལ་མོ་དམར་མོ་རི་རབ་ལ་གནས་ཤིང་གཡས་གསེར་གྱི་ཟོར་བ་དང་། གཡོན་ཤིང་དང་ལོ་ཐོག་གི་འབྲས་བུ་ཡུ་བ་དང་བཅས་པའི་ཆུན་པོ་འཛིན་པ། དགུན་གྱི་རྒྱལ་མོ་སྔོ་ནག་ཕྱག་གཉིས་ཐོད་ཁྲག་དང་འཛིན་པ་སྟེ་བཞི་ཀའང་སྟག་ཤམ་ཅན་ནོ། ཤར་ལྷོའི་རྩིབས་ལ་རྡོ་རྗེ་དབང་ཕྱུག་མ་བདུན་ནི། སྲིན་མོ་དམར་ནག་གཡག་གི་མགོ་ཅན་ཕྱག་གཉིས་ཀྱི་མི་མགོ་རློན་པ་འཛིན་པ། ཚངས་པ་མ་དམར་སེར་སྲེ་མོང་གི་མགོ་ཅན་པདྨ་སྔོན་པོ་འཛིན་པ་ལྷ་ཆེན་དཀར་ལྗང་གཟིག་མགོ་ཏྲི་ཤུ་ལ་ནའཛིན་པ། གཞོན་ནུ་དམར་མོ་ཕ་ཝང་གྱི་མགོ་ཅན་མདུང་ཐུང་འཛིན་པ། བརྒྱ་བྱིན་དཀར་མོ་དྲེད་ཀྱི་མགོ་ཅན་ཨིནྟྲ་གདེངས་པ། ཞེས་འབྱུང་བའི་ཕྱག་མཚན་གྱི་ངོས་འཛིན་སྐབས་ཀུན་ཁྱབ་ནས་ཨིནྟ་ཞེས་བསྒྱུར་ནས་རྒྱུ་མར་བཤད་འདུག་ཀྱང་། འདི་ནི་བརྒྱ་བྱིན་གྱི་ཆུང་མ་ཡིན་པས་ཁྱོ་པོའི་ཕྱག་མཚན་ནམ། དེ་དང་མཚུངས་པའི་རྡོ་རྗེ་ཞིག་འཛིན་པ་ཡིན་པས། ཨིནྟ་སྱ་བཛྲ་ཞེས་པ་ལྟ་བུར་དགོས་རྒྱུར་ཡི་གེ་ཆད་པའི་སྐྱོན་བྱུང་བར་སེམས་ཤིང་། གཞན་
ནས་ཀྱང་འདི་ཡི་ཕྱག་མཚན་རྡོ་རྗེས་བྱས་པ་འང་འབྱུང་ངོ་། ཤར་སྒོའི་ནང་དུ་དམག་གི་རྒྱལ་མོ་མ་གཙག་མ་དཀར་མོ་གཅེར་བུ་ཕྱག་དྲུག་གི་དང་པོ་གཉིས་ཀྱི་གཡས་པས་ཐོད་བཁྲག་ལ་དུག་གི་རླངས་པ་སྤྲིན་ལྟར་གཏིབས་པས་དགྲ་བོ་བརྒྱལ་ཞིང་རྨོངས་པར་བྱེད་པ་དང་། གཡོན་བསྡིགས་མཛུབ་བསྒྲེངས་ཤིང་། གཡས་བར་མས་ཐོད་ཚལ་གྱི་མེ་འུ་ཅན་གྱི་མདའ་དང་། གཡོན་བར་མས་ཕུར་ཐུན་འཕེན་པ། གཡས་འོག་མ་བ་དན་དཀར་པོ་དང་། གཡོན་འོག་མས་ཁྲག་ཟོར་ལས་ནད་ཀྱི་ཆར་རྒྱུན་འབབ་པ། ལྷོ་ཡི་སྒོར་ལས་མཁན་མ་སེར་མོ་མཚོན་ཆའི་ཐོག་སེར་འཕྲོ་བའི་མཚེ་དང་ཡུངས་དཀར་གྱི་ཟོར་འཕེན་པ་ནུབ་ཀྱི་གྲུ་ཆུ་འཛིན་མ་དམར་མོ་མི་ཡི་གཡང་གཞི་གྱོན་ཅིང་རུ་མཚོན་ཕྱར་བ། བྱང་གི་སྒོར་ཁ་འགལ་མ་ནག་མོ་རྨ་བྱའི་ཐུལ་བའི་གོས་ལྷུབ་བོར་གྱོན་ཅིང་། ཕྱག་བཞིའི་གཡས་གཉིས་བ་དན་ནག་པོ་དང་སྭ་གྲི། གཡོན་གཉིས་ནད་ཀྱི་ན་བུན་ནའཐུལ་བའི་ཐོད་ཁྲག་དང་མཚོན་ཆའི་ཐོག་ཟེར་འཕྲོ་བའི་གཏོར་ཟོར་བསྣམས་
པ་རྣམས་དམག་རྒྱལ་མ་བཞིའོ་དེ་རྣམས་ཀྱང་དམིགས་གསལ་བ་དག་མ་གཏོགས་ཐམས་ཅད་ཤིན་ཏུ་ཁྲོས་ཤིང་སྤྱན་གསུམ་བསྒྲད་ཅིང་དྲག་ཤུལ་ལྡན་པ། གཅེར་བུ་དུག་སྦྲུལ་དང་སྙིང་ཕྲེང་ཐོད་པ་སྐམ་རློན་རྣམས་ཀྱི་དབུ་དང་སྐུ་དང་ཡན་ལག་བརྒྱན་པ། རལ་པ་དམར་གྱེན་དུ་གཡེངས་ཤིང་འཇིགས་པའི་རྣམ་འགྱུར་དང་ལྡན་པ་མེད་དུ་ཟེར་དང་དྲག་པོའི་འཐོར་རླུང་འཚུབས་མའི་ནང་དུ་རེ་རེ་ལའང་། ཆོས་སྐྱོང་དྲེག་བྱེད་ལྷ་སྲིན་སྡེ་བརྒྱད་མ་མོ་ཤ་ཟ་བྱེ་བ་དུང་ཕྱུར་གྲངས་མེད་པས་བསྐོར་ཞིང་། དྲག་པོའི་ང་རོ་ལྡིར་བ་འགུགས་སྒྲོལ་གསོད་གཅོད་ཀྱི་ལས་ལ་བརྩོན་ཞིང་ཐམས་ཅད་ཀྱང་གཙོ་བོ་ལ་གུས་པས་འདུད་བཔར་གནས་པའོ། ཕྱི་རོལ་གྱི་གཞལ་ཡས་ཁང་ནི། དྲག་པོའི་ཕོ་བྲང་གྲུ་གསུམ་པ་ཕྱི་གནམ་ལྕགས་ཀྱི་རྩིགས་པ་ལ་ནང་བཻདརྻ་ཡི་ཞལ་བ་བྱས་པའི་འཕངས་སུ་གཙོ་བོའི་འདོམ་གསུམ་པའི་ཕྱི་རོལ་གྱི་ཕྱེད་མན་ཆད་དུ་མཚོན་ཆ་རྣོན་པོ་དུ་མ་ཚེར་མ་ལྟར་སྐྱེས་པ་ལས་མཚོན་ཆའི་སྐར་མདའ་འཁྲུགས་པ། འདོད་ཡོན་གྱི་སྣམ་བུ་དམར་པོ་
འཕངས་པ་དང་ཞེང་མཉམས་པར་ཆ་ཆུང་གཉིས་རེས་འཁོར་བའི་ལོགས་གསུམ་དུ་སྒོ་སྒོ་འཁྱུད་དང་བཅས་པ་ལ། རུས་སྦལ་གྱིས་བཏེགས་པའི་ཀེང་རུས་ཀྱི་ཀ་པ་ལ་ཆུ་སྲིན་དང་སེངྒེའི་ཀ་རྒྱན་བྱས་བཞི་བཞིས་བཏེགས་པའི་རྟ་བབ་སྣམ་བུ་བཅུ་གཅིག་གི་མཛེས་པའི་སྟེང་དུ། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གནས་པའི་དྲག་པོའི་འཁོར་ལོ་ནརྩིབས་དྲུག་པ་རེ་གཡོན་དུ་འཁོར་བའི་ཕན་ཚུན་དུ་ཆུ་སྲིན་གྱི་ཕྲུ་གུ་རེ་རེ་འཁོད་པ། འཁོར་ལོའི་ཆེར་མགོ་བོའི་ཏོག་གིས་མཚན་པའི་མི་ཡི་པགས་པའི་གདུགས་ཕུབས་པའོ། ཐོག་འབུས་ཚུལ་ནི། ནང་ངོས་ཀྱི་རྩིག་འགྲམ་ནས་ནང་དུ་ཆ་ཆུང་གསུམ་བརྒལ་བའི་བར། ཕྱོགས་གསུམ་དུ་ལྷ་ཀླུ་གཟའ་དགུའི་ཀ་བ་ཀ་གདན་དང་གདུང་བྱས་པའི་ཀ་བ་གདུང་གསུམ་གསུམ་རེ་བཏང་བའི་ཀ་བ་ནང་མ་གཉིས་འཁོར་ལོ་བཞི་པའི་ཕྱི་ཡི་མུ་ཁྱུད་ཀྱི་འགྲམ་དུ་གནས་ཤིང་། ཕྱི་མ་ནི་གདུང་གྲུ་གསུམ་དུ་བཀལ་བའི་ཟུར་ཁུག་དུ་ཡོད་པའི་ཀ་གདན་གྱི་གླུ་ཆེན་རྣམས་ནི། ནོར་རྒྱས་བུ་སྟེ་ཀླུ་ལྷག་མ་ཅན་དང་། ཏཀྟ་ཀ་ནི་
འཇོག་པོ་དང་། པདྨ་ཆེན་པོ་དང་། བསྟོབས་ཀྱི་རྒྱུ་དང་། པདྨ་དཀར་པོ་དང་། ཀུ་ལེ་ཀ་སྟེ་རིགས་ལྡན་དང་། ཤངྐ་པླ་ལ་ནི་དུང་སྐྱོང་དང་། མཐའ་ཡས་དང་། ཉེར་དགའ་སྟེ་ཀླུ་ཆེན་དགུ་ཡི་ཀ་བ་བཏེགས་པའི་གདན་གྱི་ཚུལ་དང་། ལོག་འདྲེན་ནི་དགའ་རབ་དབང་ཕྱུག་དང་། འདོད་ལྷ་ནི་ཚོགས་བདག་དང་། ཀརྟི་ཀ་ནི་གཞོན་ནུ་གདོང་དྲུག་དང་། བྷྲི་གི་རི་ཏི་ནི། ལྷ་ཁྱབ་འཇུག་དང་། དབང་ཕྱུག་དང་། འབྱེར་འཇིགས་ནི་བརྒྱར་བྱིན་དང་། ཚངས་པ་དང་། སྟོབས་བཟང་སྟེ་ལྷ་ཆེན་དགུ་ཡི་ཀ་བ་བྱས་ཤིང་། གཟའ་ཆེན་ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། སྒྲ་གཅན་དང་། མཇུག་རིང་སྟེ་དགུ་ཡི་་ནགདུང་མ་བྲེས་པ། དེ་ལ་རིན་པོ་ཆེ་དང་དུར་ཁྲོད་ཀྱི་རྫས་ཀྱི་དྲྭ་བ་དྲྭ་ཕྱེད་སོགས་ཀྱི་མཛེས་པར་བརྒྱན་པ་དང་། རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱམ་བཀོད་ཅིང་མི་ཡི་རྐང་ལག་གི་གྲལ་གྲབ་དང་ཤ་ཆེན་ཁྲག་ཆེན་གྱི་ཐོག་ལེབ་བྱས་པ། ཕྱི་ཡི་རྩིགས་པའི་སྟེང་ཆ་ཕྲན་ཕྱེད་ཕྱི་ལ་ལྷག་པའི་གསེར་གྱི་
ཕ་གུ་ཞེང་དུ་ཁྲུ་ཕྱེད་དོ་དང་། འཕངས་སུ་ཁྲུ་གང་པ། དེ་ཡི་སྟེང་དུ་རིན་པོ་ཆེ་ཡི་བྲེ་ཕུལ་ལ་སྤྱིར་སངས་ཆ་ཕྲན་གཉིས་ཡོད་པ། དེའི་སྟེང་དུ་གསེར་གྱི་གདུང་ལེབ་དཔངས་སུ་ཆ་ཕྲན་གཅིག་པ། གསེར་གདུང་དང་བྲེ་ཕུལ་གྱི་ལོགས་ཀྱི་བར་བར་དུ་རྡོ་རྗེའི་གཟེར་བུ་བཏབས་པ་ལ་གསེར་གྱི་ཉག་ཐག་གི་སྐད་རག་སྟེང་འོག་བཞི་རིམ་དུ་བྲིས་པའི་སྐ་རག་གོང་བགཉིས་ལ་བརྟེན་པའི་རིན་པོ་ཆེའི་ཙི་པ་ཏྲའི་ཁ་ནས་འཕྱངས་པའི་མི་མགོ་སྐམ་རློན་ར་རི་རྣམས་དང་། ནང་ཁྲོལ་སྣ་ཚོགས་སྤེལ་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་རྒྱུ་མ་ལ་བརྒྱུས་པ་དཔྱངས་པ་ལ། བར་བར་དུ་མི་སྐྲའི་དོམ་དོམ་དང་ཐོད་སྐམ་གྱི་གཡེར་ཁ་འཕྲུལ་བ་ལ་ཉག་ཐག་འོག་མ་གཉིས་ཀྱི་རླུང་གནོན་བྱས་པ། གསེར་གདུང་དེ་ཡི་སྟེང་དུ་ནང་གི་འཕྱམ་བཀལ་བའི་སྣེ་པོ་ལི་སྟེ་དཔངས་སུ་ཆ་ཕྲན་ཕྱེད་ཀྱིས་ལྷག་པ། དེ་ཡི་ཐོད་དུ་གསེར་གདུང་སྲབ་མོ་དཔངས་ཆ་ཕྲན་ཕྱེད་པ་བཏང་བ། དེ་ཡི་སྟེང་དུ་ཆ་ཕྲན་ཕྱེད་ཕྱིར་ལྷག་པའི་བྱི་ཚེ་དང་སྟེང་གསེར་གྱི་གདུང་སྲབ་བཅས་སྔ་མ་དང་
མཚུངས་པ་བཏང་བའི་སོ་ལི་དང་། བྱི་ཚེ་རྣམས་ལ་གྲི་གུག་དང་། ཕུར་བུ་དང་། ཁ་ཊྭཱྃ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་རྩེ་མོ་ཐུར་དུ་ལྟ་བའི་འཕྱངས་འཕྲུལ་བཏགས་པ། བགག་ཚངས་འོག་མ་མགོ་རློན་དང་། སྟེང་མ་ཁྱུང་མགོས་བརྒྱན་ཅིང་། གདུང་ལེབ་སྟེང་མའི་ལོགས་སུ་རྡོའི་ཟེར་བུ་དཔངས་ཆ་ཕྲན་གྱི་བརྒྱད་ཆ་རེ་ཡོད་པ་ལ་བཀལ་བའི་མི་ཡི་རྐང་ལག་གི་ཤར་བུ་དཔངས་ཆ་ཕྲན་རེ་ཡོད་པ་མཐུར་དུ་དཔྱངས་པ། དེ་ཡི་ཐོད་དུ་མི་ཡི་རྒལ་ཚིག་གི་བྱ་འདབས་དཔངས་ལ་ཆ་ཕྲན་རེ་དང་རྒྱར་ཆ་ཕྲན་ཕྱེད་གཉིས་པའི་ཕྱེད་འཕྱར་བ་འདོད་རྣམ་གྱི་ཕྱིར་ཆ་ཕྲན་ཙམ་གྱིས་རྔམས་པའི། སྣེར་རྡོ་རྗེ་རྩེ་གསུམ་པའི་ཟ་ར་ཚག་གིས་བརྒྱན་པ། བྱ་འདབས་ཀྱི་ཐོད་རྩིགས་པའི་སྟེང་གི་ཐད་ནས་ཐོད་སྐམ་བུཾ་རིལ་ཁ་ཕྱིར་ལྟའི་མདའ་གཡབས་སཾ་སུ་་བཤུའི་ཁ་བད་མེ་འབར་བའི་རྒྱར་ཆ་ཕྲན་ཕྱེད་དང་འཕངས་སུ་ཆ་ཕྲན་རེ་ཡོད་པས་འཁོར་ཡུག་ཏུ་མཛེས་པར་བྱའོ། །དེ་བཞིན་དུ་ནང་གི་ཀ་བ་ཕྱི་མ་ནས་ནང་དུ་ཆ་ཕྲན་གསུམ་རིའི་སར་ཀ་གདུང་སྔ་མ་བཞིན་
བཏང་བའི་ཀ་བ་ནང་མ་གཉིས་འཁོར་ལོ་སོ་སོའི་མུ་འཁྱུད་ཀྱི་འགྲམ་དུ་གནས་ཤིང་། ཕྱི་མ་ནི་གདུང་གྲུ་གསུམ་གདུས་པའི་ཟུར་དུ་འདུག་པ། དེ་ལྟར་འཁོར་ལོ་གསུམ་པ་གཉིས་པ་དང་པོ་སྟེ་ཕྱི་ནང་གསུམ་དུ་ཡོད་ཅིང་། གདུང་གྲུ་གསུམ་གྱི་སྟེང་དུ་དཔངས་ཆ་ཕྲན་རེ་ཡོད་པའི་རྩིགས་པ་འཁོར་མར་བཏང་བས་ཐོག་ལེབས་དང་མུ་མཉམས་པའི་སྟེང་དུ། ཕ་གུ། བྲེ་ཕུལ་དང་དྲ་ཕྱེད། གསེར་གདུང་། སོ་ལི། གདུང་། སྲབ། བྱི་ཚེ། གདུང་། སྲབ། ཤར་བུ། བྱ་འདབས། ནཔུ་ཤུད་བཅས་གོང་བཞིན་སོ་སོར་བཏང་བ། འཁོར་དང་པོའི་གདུང་གྲུ་གསུམ་གྱི་ཐོད་དུ་རྡོ་རྗེའི་གདུངས་དཔངས་ཆ་ཕྲན་གཅིག་པ་བཟླུམ་སྐོར་གྱིས་བཏང་ཞིང་། གདུང་གྲུ་གསུམ་པ་དེ་ཉིད་ལ་བརྟེན་པའི་རྩིགས་པ་འཕངས་སུ་ཆ་ཕྲན་གསུམ་པ་ནས་གཅིག་གོང་ལྟར་ཐོག་ལེབ་སུ་ནུབ་ཅིང་ཆ་ཕྲན་གཉིས་སྟེང་དུ་འཕགས་པ་ལ་གནས་པའི་ཕ་གུ། བྲེ་ཕུལ་དང་དོ་ཤལ། གསེར་གདུང་། སོ་ལི། གདུང་ལེབ། བྱི་ཚེ། གདུང་ལེབ་དང་ཤར་བུ་རྣམས་སྔ་མ་བཞིན་དུ་བཏང་བ།
གདུང་བཟླུམ་གྱི་ནང་དུ་རྡོ་རྗེའི་གདུང་གསུམ་ཨེ་ཡི་དབྱིབས་སུ་རྩེ་མོ་ཤར་དུ་བསྟན་པའི་ཟུར་གསུམ་གདུང་ཟླུམ་གྱི་ཁོང་གསེང་དུ་ཟུག་པ། གདུང་གྲུ་གསུམ་དེ་ཡི་སྟེང་གི་ལེབ་གསུམ་གྱི་བདབུས་སུ་ཁྲོ་བོའི་རྡོ་རྗེ་རྒྱ་གྲམ་རྩེ་མོ་དགུ་པའི་ཀ་གདན་ལ་གནས་པའི་རྡོ་རྗེའི་ཀ་བ་ཐུར་དུ་གཞུ་དང་བཅས་པ། ཕྱི་རོལ་གྱི་གདུང་སྲབ་སྟེང་མ་ལས་ཆ་ཕྲན་གཅིག་དང་ཕྱེད་ཀྱིས་ལྷག་པའི་སྟེང་དུ། རྡོ་རྗེའི་གདུངས་དཔངས་སུ་ཆ་ཕྲན་གཅིག་པ་གསུམ་གྱི་རྩེ་མོ་ནུབ་ཏུ་བསྟན་པའི་ཆོས་འབྱུང་གི་དབྱིབས་སུ་བྲེས་པའི་སྟེང་གི་ཟུར་གསུམ་དུ། ཁྲོ་བོའི་རྡོ་རྗེ་རྒྱ་གྲམ་རྩེ་མོ་དགུ་པ་འཕངས་སུ་ཆ་ཕྲན་གཅིག་གཅིག་ཡོད་པའི་ཀ་ག་ན་གསུམ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་ཟུར་གསུམ་པ་སྲེད་དུ་ཆ་ཕྲན་གཉིས་ལ་ཕྱེད་ཀྱིས་ལྷག་པའི་ཡར་སྣེ་གསུམ་པོ་རྡོ་རྗེ་རྒྱ་གྲམ་རྩེ་མོ་དགུ་པ་འཕངས་སུ་ཆ་ཆུང་གཅིག་དང་ངོས་རེར་ཆ་ཕྲན་གཅིག་དང་དེ་ཡི་གསུམ་རེ་ཡོད་པ་གཞུང་ཐུང་གི་རྣམ་པ་གཅིག་ཏུ་བསྡུས་པ། དེ་ལ་ནབརྟེན་ནས་ངོས་གསུམ་སོ་སོར་རྒྱ་ཕུབ་ཀྱི་འཕྱམས་རིང་
ཐུང་བདུན་རེ་བཏང་བའི་སྟེང་དུ་བཻཌཱུརྻ་ཡི་རྒྱ་ཕུབ་ཀྱིས་ཕྱོགས་པའི་སྣེར་རིན་པོ་ཆེའི་མིག་གསུམ་པའི་ཟ་ར་ཚགས་འཕྱངས་བ། རྒྱ་ཕུབ་དེ་ཡི་རྩེར་རྡོ་རྗེའི་ནོར་བུའི་ཏོག་གི་དཔངས་ལ་ཆ་ཕྲན་བརྒྱད་དང་བཅས་པ་ལས་འོད་ཟེར་ཀུན་ཏུ་འཕྲོ་བ་རིན་པོ་ཆེའི་ཆར་འབེབས་པ། རྒྱ་ཕུབས་དང་བྱ་འདབས་རྣམས་ཀྱི་ཟུར་སོ་སོར་ཁྱུང་མགོ་འཕྱར་བའི་ཁ་ནས་གསེར་གྱི་ལྕོད་དྲིལ་སྒྲ་སྙན་ཅིང་བརྗིད་པར་སྒྲོགས་པས་མཛེས་པར་བྱས་པའོ། རྟ་བབས་ཀྱི་ཕྱོགས་བཞི་དང་ཕོ་བྲང་གི་ཟུར་དང་ལོགས་རྣམས་སུ་རོ་སྐྲའི་རྔ་གཡབ་དང་། མི་ལྤགས་དང་རོ་རས་ཀྱི་རྒྱལ་མཚན་ཆུ་སྲིན་དང་མགོ་རློན་གྱི་ཏོག་གིས་སྤྲས་པ། མི་ཡི་ནང་བཁྲོལ་གྱི་ཕན་དར་ཐོད་སྐམ་གྱིས་མཚན་པ། རྡུ་མཚོན་ནག་པོ་ལ་སོགས་པས་མཛེས་ཤིང་བརྗིད་པ། དེ་ལྟ་བུའི་དྲག་པོའི་ཕོ་བྲང་དེ་ཡི་སྟེང་དུ་མེ་དུད་ཀྱི་ཟེར་སྤྲིན་འཁྲིགས་པ་དྲག་པོའི་འབྲུག་སྒྲ་སྒྲོགས་པ་མཚོན་ཆའི་སེར་བ་འབེབས་ཤིང་སྤྲུལ་པའི་འདབ་ཆགས་རྣམས་ལྡིང་བ། བར་དུ་སྤྲུལ་པའི་མགོའི་ཚོགས་ལྷ་དམག་བྱེ་བ་
དུང་ཕྱུར་ཕོ་ཉ་ལས་མཁན་གིང་དང་བཅས་པ་བུ་ཡུག་ལྟར་འཚུབས་པ་ས་གཞིར་ཟ་བྱེད་མི་བསྲུན་མཆེ་བ་ཅན་གྱིས་གང་བ། འོག་གཞི་དྲག་པོའི་སྣ་ཚོགས་རྡོ་རྗེ་རྩེ་མོ་དགུ་པ་གནམ་ལྕགས་ཨུར་མོའི་རྡོ་རྗེའི་རྡུལ་ལས་གྲུབ་པ་མཚོན་ཆ་སྣ་ཚོགས་པའི་སྐར་མདའི་ཟེར་འཕྲོ་བ་འཕངས་སུ་ཆ་ཕྲན་བཞི་ཡོད་པ་མེ་ཡི་ཚྭ་ཚྭ་རབ་ཏུ་འབར་བའོ། །དེ་ཡི་ཕྱིར་་ནདུར་ཁྲོད་ཆེན་པོ་བརྒྱད་ཀྱི་ས་གཞི་རྣམས་འདབས་འབྱེལ་བར་འཁོར་ཡུག་ཏུ་ཡོད་པར། མཆོད་རྟེན་ཤིང་མེ་སྤྲིན་ཆུ་རི་དབང་རྣམས་ལ་གྲུབ་པ། ལྷ་ཀླུ་ཕྱོགས་སྐྱོང་ཞིང་སྐྱོང་གྲུབ་པའི་རྫས་ལ་སོགས་པ་ཁ་དོག་དག་རྣམ་འགྱུར་སྣ་ཚོགས་སུ་ཡོད་པར་དམིགས། ཞིབ་པར་སྤྲོ་ན་རྗེ་དོན་ལྡན་ཞབས་ཀྱིས་བརྩལ་བའི་མངོན་རྟོགས་ཆེན་མོ་ལས་ཤེས་པར་བྱ་ལ། འདིར་ནི་ཡི་གེས་འཇིགས་པས་མ་བཀོད་དོ། དེ་ཡི་ཕྱིར་སྣ་ཚོགས་པདྨ་གེ་སར་དང་བཅས་པ། དེ་ཡི་ཕྱིར་མཚོན་ཆ་སྣ་ཚོགས་པའི་ར་བ་དང་བུ་ཡུག་འཁྲིགས་པའི་གུར་ཁང་ཕྱིར་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབས་མ་གཡོན་སྐོར་དུ་འཁྱིལ་
བའོ། དེ་ཡི་ཕྱི་རོལ་གྱི་འོག་གཞི་ལྷ་དང་གནོད་སྦྱིན་བརྣམས་ཀྱི་གནས། ཨིནྟྲ་ནཱི་ལ་ལས་གྲུབ་པའི་རྡོ་རྗེའི་བྲག་སྟེང་གྲུ་གསུམ་ཆོས་འབྱུང་གི་གདེང་ཁ་གྱེན་དུ་བསྟན་པའི་དབྱིབས་ཅན་གྱི་ངོས་དང་ལོག་རྣམས་སུ་རལ་གྲིའི་ལོ་མ་དང་འཁོར་ལོའི་མེ་ཏོག་གྲི་གུག་གི་འབྲས་བུས་བརྒྱན་པའི་ལྗོན་ཤིང་གི་ནགས་ཚལ་འཁྲིགས་ཤིང་། མཚོན་ཆ་སྣ་ཚོགས་པའི་རྩ་ཡི་ནེའུ་སིང་གོ་འཚམས་མེད་པར་གཏམ་པ་སོགས། མདོར་ན་རྩེ་ཤིང་ནགས་ཚལ་མེ་ཏོག་འབྲས་བུ་ཐམས་ཅད་མཚོན་ཆའི་རང་བཞིན་ལས། མཚོན་ཆའི་སེར་རག་བར་མེད་དུ་འབེབས་ཤིང་འཁྲུགས་པས་གདུགས་པ་ཅན་རྣམས་བརླག་པར་བྱེད་པ། བྲག་རིའི་སུལ་རྣམས་ནས་ཞག་དང་ཁྲག་གི་ཆུ་བོ་དང་ཆུ་ཕྲན་རྣམས་དྲག་པོའི་ཤུག་གིས་རྒྱུ་བ། འདབ་ཆགས་ནདང་གཅན་གཟན་གཏུམ་པོའི་ཚོགས་རྣམས་ཡོངས་སུ་རྒྱུ་ཞིང་། དགྲ་བོའི་ཤ་ཁྲག་ལ་སྤྱོད་ཅིང་ངར་སྐད་འབྱིན་པ། གིང་དང་སྲིན་པོ་མོན་པའི་ཚོགས་ཀྱིས་དགྲ་བགེགས་ཉུལ་ཞིང་རྒྱུག་ཅིང་འགུགས་གསོད་ཀྱི་ལས་བྱེད་པ།
བྲག་རི་དེ་ཡི་རྩ་བར་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལས་འཇིགས་པའི་རྦ་རླབས་རི་རབ་རྩམ་འཕྱོ་ཞིང་ཆུ་སྲིན་ལ་སོགས་པ་མ་རུངས་པའི་སྲོག་ཆགས་དུ་མ་རྒྱུ་བ་ལ་ཀླུ་མགོན་རྣམས་ཀྱི་བརྟེན་པ། ཕྱི་རོལ་ལྕགས་རི་ནག་པོས་བཟླུམ་པོས་བསྐོར་བ་ལ་གཤིན་རྗེའི་ཕོ་བྲང་བཅས་པ། དེ་ཡི་ཕྱིར་སྔར་བསྐྱེད་པའི་སྲུང་འཁོར་རྩིབས་བཅུ་པ་དེ་ཉིད་གཡོན་དུ་དྲག་པོར་འཁོར་བའི་ཕྱི་རོལ་གྱི་སྟེང་འོག་གོ་སྐབས་མེད་པར་མཚོན་ཆའི་སྒྱོགས་བཆར་འབེབས་པ་དེའི་ཕྱི་རོལ་དུ་བསྐལ་པའི་མེ་ལྕེ་ཡང་ཆུང་ངུར་གནོན་ཅིང་། དམྱལ་མེའི་རེག་བྱའང་བསིལ་བར་བྱེད་པའི་མེའི་གུར་ཁང་ཟླུམ་པོ་བར་མེད་དུ་འབར་བ་སྟེ་དེ་ལྟ་བུ་ལོག་པར་འདྲེན་པ་ལྟ་ཅི་རྡོ་རྗེ་འཛིན་པའང་འཇིགས་ཤིང་རྒྱུ་བར་མི་ནུས་པའི་དཀྱིལ་འཁོར་རྟེན་བཅས་པ་རྣམས་མེ་ལོང་ལ་པྲ་ཕབ་པ་ལྟར་མ་འདྲེས་ཡོངས་སུ་རྫོགས་པ་བདག་མདུན་མེ་རི་འདབས་འབྱོར་གྱི་ཚུལ་དུ་གསལ་བར་བསྐྱེད་པའི་གསལ་སྣང་དང་། ཁྱད་པར་ཐམས་ཅད་ཀྱི་ཕྲིན་ལས་དྲག་པོའི་མཐུ་སྟོབས་གཅིག་ཏུ་བསྡུས་ཤིང་ཡེ་
ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་ཀུན་གྱི་སྤྱི་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་ལྕམ་དྲལ་ངའོ་སྙམ་པའི་ང་རྒྱལ་བརྟན་པོའི་གྱད་དང་ལྡན་པས་རྩེ་གཅིག་ཏུ་ནས་མ་དྷི་ལ་བསྒྲིམ་མོ། ས་བཅད་བཞི་པ་བསྙེན་པས་བྱིན་རླབས་བསྡུ་བ་ནི། བཟླས་པའི་ཐོག་མར་སྤྱན་འདྲེན་གྱི་དམིགས་པ་རེ་སྤྲད་དེ་ཡེ་ཤེས་ཀྱི་འཁོར་ལོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ནས་རང་དང་མདུན་བསྐྱེད་ལ་བསྟིམ་མོ། དེ་ནས་བསྙེན་སྔགས་དངོས་བཟླ་བ་བརྒྱུད་དང་མན་ངག་གི་རིམ་པ་དང་ཕྱི་ནང་གསང་བས་ཕྱེ་བའི་བཞེད་ཚུལ་མི་འདྲ་བ་མང་དུ་འབྱུང་མོད་འདིར་ནི་གྲུབ་བརྙེས་ཆགས་མེད་ཞབས་ཀྱི་སྐུ་ཡི་སྔགས་ཏིང་འཛིན་གྱི་འཁྲུལ་འཁོར་ལ་འདུ་བས་ངག་ཏུ་གསུང་གི་སྙིང་པོ་ཁོ་ན་བཟླ་བར་གསུངས་པ་ཉིད་དོན་ལ་གནས་ཤིང་ཕྱག་བཞེས་སུའང་དེ་ལྟར་མཛད་པས་བསྙེན་པའི་སྐབས་འདིར་ཞལ་སྦྱོར་གསུང་གི་སྙིང་པོ་ཁོ་ན་ལ་ཚིག་དྲིལ་དུ་བཟླ་ཞིང་། དམིགས་བགནད་ནི་བདག་མདུན་ཡབ་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་སྲན་མ་བཀས་
པ་ཙམ་གྱི་སྟེང་དུ་ས་བོན་ཧཱུྃ་ཡིག་ནག་ལ་དམར་མདངས་འཕྲོ་བ་དང་དེ་ཡི་མཐར་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཅེས་པའི་སྔགས་མཐིང་ནག་ངོ་ཕྱིར་བསྟན་གྱིས་གཡོན་ཏུ་བཀོད་པ་གཡས་སུ་མྱུར་བར་འཁོར་བའི་གཟུགས་རྣམས་ཤིན་ཏུ་ཕྲ་ལ་དོད་པ་མེ་འོད་འཁྲུགས་པ་བསྒོམ། ལྷ་མོའི་ཐུགས་ཀར་ཉི་གདན་ལ་བྷྱོཿསྔོ་ནག་གི་མཐར་ཨོཾ་ཡཀྴ་བཻ་ཏ་ལི་ཛ༔ཞེས་པ་ཡིག་ངོ་ནང་བསྟན་གཡས་སུ་བཀོད་ཅིང་གཡོན་དུ་འཁོར་བ་ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར་བ་ལ་སེམས་འཛིན་ཅིང་སྔགས་བཀླགས་པའི་ཚུལ་དུ་བཟླས་པ་ནི་ཟླ་སྐར་ཕྲེང་བ་ལྟ་བུའི་བཟླས་པའོ། །དེ་ལ་གོས་ནས་བདག་མདུན་ཡབ་ཡུམ་གྱི་ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས་འོད་ཟེར་སྨུག་ནག་གི་ཚོགས་དཔག་ཏུ་མེད་པ་འཕྲོས་ཆོས་ཀྱི་དབྱིངས་དང་འོག་མིན་གྱི་ཞིང་། རི་རབ་ལྷོ་ཕྱོགས་རྩུབ་འགྱུར་གྱི་ཚལ་དང་རྒྱ་མཚོའི་གླིང་དུར་ཁྲོད་ཀྱི་ཚལ་རྣམ་དང་ཨུ་རྒྱན་གྱི་གནས་ཤིང་ཡོངས་འདུས་ལྗོན་པ་བྱང་ཤར་འཕྲུལ་གྱི་གཞལ་ཡས་ཁང་སོགས་སུ་དཔལ་མགོན་འཁོར་བཅས་ཀྱི་དཀྱིལ་འཁོར་གྱི་
ལྷ་ཚོགས་བཞུགས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་ཆེན་པོ་བབས་པ་ལྟར་བྱོན་ནས་བདག་མདུན་ལ་སིབ་སིབ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པའི་དངོས་གྲུབ་ཐམས་ཅད་་བཐོབ་ནས་མཐུ་སྟོབས་གཟི་བརྗིད་འབར་བར་བསམ་ལ་སྔགས་བཟླ་བ་ནི་བསྙེན་པས་བྱིན་རླབས་བསྡུ་བའོ། །ལྔ་པ་ཉེ་བར་བསྙེན་པས་ཡེ་ཤེས་དབབས་ཅིང་ཐུགས་རྒྱུད་བསྲེ་བ་ནི། སླར་ཡང་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་ལྔ་ལྡན་མཐིང་ཁ་སྨུག་ཤས་ཆེ་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་མ་མགོན་ཡབ་ཡུམ་བཅོ་བརྒྱད་པོ་བར་འཚམས་མེད་པར་བུ་ཡུག་འཚུབས་པ་བཞིན་བྱོན་ནས་རྡོ་ཚན་ལ་ཁ་བ་བབས་པ་བཞིན་བདག་ཉིད་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་མོས་ལ་མ་མགོན་གྱི་ཐུགས་རྒྱུད་དང་དབྱེར་མེད་དུ་གྱུར་པའི་ང་རྒྱལ་བཟུང་བ་ལ་ཡུན་རིང་དུ་
འབད་པ་གལ་ཆེ་སྟེ། རིན་པོ་ཆེ་ཀརྨ་པས། རང་བཞིན་གྱི་གནས་ནས་མ་མགོན་བཅོ་བརྒྱད་པོ་སྤྱན་དྲངས་ཤིང་རང་ལ་བསྟིམ་ནས་སྔགས་ཆུ་བོའི་རྒྱུན་བཞིན་བཟླས་ན་མཐུ་སྟོབས་མགོན་པོ་དང་མཉམས་ཤིང་ཕྲིན་ལས་མིང་ཡོངས་སུ་གྲགས་པའི་ཀརྨ་པ་ལྟར་རྒྱས་པར་འགྱུར་རོ། །ཅེས་གསུངས་པས་བསྙེན་པའི་སྐབས་ཀྱི་དམིགས་རྐང་གི་གཙོ་བོ་འདི་ལ་བྱ་བར་གཅེས་སོ། །ཐུན་གྲོལ་བ་ན་ཐུན་གཏོར་ལ་འགུགས་པ་ལན་གསུམ་མཐར་སྤྱི་དྲིལ་དང་རྦད་སྔགས་སོགས་ཀྱང་བརྗོད། དམིགས་པ་ནི་བདག་མདུན་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་དང་སྤྲུལ་པའི་ཕོ་ཉ་དུ་མ་སྤྲོས་པ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་བྱད་མའི་ཚོགས་དང་དབང་མེད་པར་བླ་སྲོག་རྣམ་ཤེས་དང་ཕུང་པོ་བཅས་པ་བཀུག་ནས་བཧོཾ་ཁུང་གཏོར་མ་དམིགས་བྱར་གསལ་བ་ལ་བསྟིམ། ཡང་བདག་མདུན་གྱི་ཐུགས་ཀ་ནས་ཧཱུྃ་ནག་པོ་དང་ཛ༔དམར་པོ་སྤྲོས་པས་ཧཱུྃ་ཁོ་ཡི་སྣ་བུག་གཡོན་དང་ཛ༔ཁོ་ཡི་གཤང་ལམ་ནས་ཞུགས། སྙིང་ཁར་ཟངས་
ལྕགས་ཀྱི་འཁོར་ལོ་གཉིས་སུ་གྱུར་པ་གཡོན་དང་གཡས་སུ་འཁོར་བས་ཤ་རུས་དུམ་བུར་ཏིལ་བཞིན་དུ་བཏུབས་པ་རི་རབ་དང་མཉམས་པར་གྱུར་པའི་སྟེང་དུ། བདག་གི་ཐུགས་ཀ་ནས་ཡི་གེ་འབྲུ་གསུམ་འཕྲོས་ཏེ་དེ་ཡི་འོད་ཀྱི་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ནས་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པ་དེ་ཉིད། རང་ལས་སྤྲུལ་པའི་ཁྲོ་མོ་དུ་མས་བྷནྡྷའི་སྣོད་དུ་བཅུས་ནནས་ཕུལ་བས་ཧབ་སྒྲ་དིར་གྱིས་གསོལ་ཞིང་། ལྷག་མ་ཤ་ཁྲག་གིས་རྒྱ་མཚོས་ལས་མཁན་བྱ་གཅན་རྣམས་ཀྱིས་རྗེས་ཤུལ་མེད་པར་རོལ་བ་དམིགས་ནས། ཧཾ་བྱང་ཕྱོགས་དུར་ཁྲོད་སོགས་བསྐུལ་རིང་དང་། ཡེ་ཤེས་དབྱིངས་ལས་བསྐུལ། རྡོ་རྗེ་བཀའ་ཟློག་དང་། ལོཀྟྲིའི་ཡང་བཟློག་བྱ་ཞིང་ཐུན་འཚམས་ལ་འཇུག་གོ །དེས་ཐོར་ཐུན་གྲུབ་སྔ་ཐུན་ལ་མཆོད་ཁ་གོས་སྦྲན་བྱ་ཞིང་དྲག་པོའི་ཞལ་ཟས་དང་བཱ་ལིང་མང་བར་བཤམས་ནས་བྱིན་རླབས་རྒྱ་ཆེར་སྤེལ་ནས། གསོལ་ཁ་
རྒྱས་འབྲིང་གང་རུང་ལ་བསྟན་བསྲུང་མཐར་ཐུག །བདེ་ཆེན་ཆོས་དབྱིངས་སོགས་སྦྱར་བ་དང་། ལྷ་མོའི་གསོལ་ཁ་དང་དམ་ཞིང་གཉིས་ཀྱི་གསོལ་ཁའང་བརྒྱས་བསྡུས་གང་མོས་འདོན། དམིགས་པ་རང་གི་ཐུགས་ཀ་ནས་འོད་འཕྲོས་འོག་མིན་གྱི་ཞིང་ནས་ཡེ་ཤེས་ཀྱི་མགོན་པོ། རི་རབ་ལྷོ་ཕྱོགས་ཀྱི་དུར་ཁྲོད་རྩུབ་འགྱུར་ཚལ་ནས་ལས་ཀྱི་མགོན་པོ། རི་རབ་ཁོང་གསེང་། རབ་འཇིགས་དུར་ཁྲོད་བརྒྱད་རྣམས་ནས་འཇིག་རྟེན་གྱི་མགོན་པོ་སོགས་སྤྱན་དྲངས། མདུན་བསྐྱེད་སོ་སོ་ལ་བསྟིམས་ཤིང་དགྱེས་པར་བཞུགས་པར་དམིགས། དེ་རྣམས་ལ་མཆོད་པའི་སྤྲིན་གྱིས་མཆོད་ཅིང་ཉེས་བྱས་བཤགས། ཕྲིན་ལས་བཅོལ་བས་མགོན་པོའི་འཁོར་བཅས་ཤིན་ཏུ་དགྱེས་ཤིང་གཟི་བརྗིད་ལྷག་པར་འབར་བའི་འོད་ཟེར་ཚ་ལ་རྩུབ་པ་ལྕགས་ཀྱུ་ལྟ་བུར་འཇིག་རྟེན་གྱི་ཁམས་ཁྱབ་པར་འཕྲོས། ཕ་རོལ་གྱི་ལྷ་སྲུང་གི་མཐུ་ནུས་གཟི་ནབརྗིད་ཐམས་ཅད་བསྡུས་ནས། མདུན་བསྐྱེད་ལ་བསྟིམ། ཡང་འོད་ཟེར་དང་མཚོན་ཆའི་ཆར་དང་ཕོ་ཉའི་ཚོགས་ཀྱིས་
དགྲ་བགེགས་བཅོམས་ཤིང་གཟུགས་ཕུང་ཞལ་དུ་བསྟབས། ཡང་འོད་ཟེར་བདུད་རྩིའི་རང་བཞིན་འཕྲོས་པས་འཁོར་འདས་ཀྱི་ལེགས་ཚོགས་དང་མཐུ་བྱིན་རྣམས་བསྡུས་ནས་བདག་ལ་ཐིམ་པས་ཚེ་བསོད་འབྱོར་པ་རྒྱས་པར་དམིགས། ཡང་འོད་ཟེར་ཟླ་ཟེར་ལྟ་བུ་འཕྲོས་པས་བདག་ཅག་རྣམས་ཀྱི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས་ཤིང་། འོད་དམར་རྡོ་རྗེའི་ཞགས་པས་ཁམས་གསུམ་དམིགས་བྱ་རྣམས་བཅིངས་ནས་བདག་གི་དབང་དུ་བསྡུས། ཡང་བདུན་བསྐྱེད་རྣམས་ཀྱིས་བསྟན་པ་བསྲུང་ཞིང་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་བནས་རྟན་རྣམས་ལ་མི་འབྲལ་བར་བཞུགས་པར་དམིགས་སོ། །མཐར་བདག་སྒྲུབ་མ་བསྡུས་པས་ཐུགས་དམ་བསྐུལ་ཞིང་དམིགས་བཟླས་སྤྲོ་བསྡུའི་འཁྲུལ་འཁོར་བཅས་གོང་བཞིན་བྱས་ལ། ཐུན་གྲོལ་སྐབས་བསྐུལ་བསྐལ་པ་མེ་ལྟར་མ་དང་། གསང་སྔགས་རྣལ་འབྱོར་གཉིས་གྱེར་ཞིང་ཡང་བཟློག་སེང་གདོང་མས་བྱ་བ་ལས་གཞན་དམིགས་འདོན་རྣམས་ཐོར་ཐུན་བཞིན་བྱ།
དགོངས་ཐུན་ལ་མཆོད་པ་གོས་བྲན་བྱས་ནས་བྱིན་རླབས་སྔོན་དུ་འགྲོ་བའི་བསྐང་བ་རྒྱས་འབྲིང་བསྡུས་པ། ལྷ་མོ་དང་ཚེ་རིང་མའི་བསྐང་བ་སོགས་གང་མོས་སྦྱར་ཞིང་དམིགས་པ་ནི། རི་རབ་གླིང་བཞི་གླིང་ཕྲན་རྣམས་སྲིད་པ་གསུམ་གྱི་བཀོད་པས་མཛེས་པ་འཁོར་ཡུག་དང་བཅས་པའི་ནསྟོང་གསུམ་བྱེ་བ་ཕྲག་བརྒྱ་དང་། དྲག་པོའི་སྐྱེད་ཚལ་ཕོ་བྲང་རྒྱལ་སྲིད་སྣ་བདུན་དང་། ཉེ་བའི་རིན་པོ་ཆེ་བདུན་དང་བཀྲ་ཤིས་རྫས་བརྒྱད། གོ་མཚོན་སྤྱན་གཟིགས་རྣམས་དང་། ཁྱད་པར་རི་ལྟར་སྤུངས་པའི་བཱ་ལིང་། མཚོ་ལྟར་བསྐྱིལ་བའི་བདུད་རྩི་དང་རཀྟ། རྟེན་སྐོང་སྒྲུབ་པའི་རྫས་ཕྱི་ནང་གསང་བས་ཕྱེ་བ་རེ་རེ་ལས་ཀྱང་བྱེ་བ་དུང་ཕྱིར་གྲངས་མེད་དུ་འཕེལ་ཞིང་འཕྲོ་བས་ནམ་མཁའི་ཁམས་ཇི་སྲིད་པ་དེ་སྲིད་དུ་བཀང་ཏེ་ཕུལ་བས། མགོན་པོ་འཁོར་བཅས་ཀྱིས་དགྱེས་པར་བཞེས་ནས་ཐུགས་དམ་ཉམས་ཆགས་རྣམས་བསྐང་ཞིང་སོར་ཆུད། གཡར་དམ་གཉེན་པོ་རྗེས་སུ་དགོངས་ཏེ་བདག་དང་རྒྱུ་སྦྱོར་གྱི་ཆགས་བཆེ་ཉམས་ང་བྱད་ཕུར་རྦོད་གཏོང་རྨི་
ལྟས་ངན་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པའི་ཕྲིན་ལས་མཛད། དགྲ་བོ་རྣམས་རྟགས་དང་ཆོ་འཕྲུལ་དུ་མ་དང་བཅས་ཚར་བཅད། གཙུག་ལག་ཁང་དང་རྟེན་མཆོད་བུ་སློབ་སྦྱིན་བདག་རྟ་ནོར་ཁང་ཁྱིམ་གཡུལ་གཞི་དང་བཅས་པ་རྣམས་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པས་བདག་ཏུ་བསྲུང་ནས་བསྲུང་ཞིང་བསྐྱོབ་པར་མཛད་ཅིང་བདག་གི་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་བོ་ཅེས་ཞལ་གྱིས་བཞེས་པར་མོས། ཐུགས་དམ་བསྐུལ་བ་བདག་བསྒྲུབ་མ་རྒྱས་པར་གྱེར་ཞིང་གོང་ལྟར་བསྙེན། སྔགས་རྒྱུན་རྣམས་ཀྱང་མཆོད་པའི་ཚུལ་དུ་ལན་གསུམ་མམ་བདུན་སོགས་བཟླ། ཐུན་གྲོལ་བ་གཞན་ཐུན་སྔ་ནམ་དང་མཚུངས་བསྐུལ་འདས་བྱོན་མ་དང་། ཡང་བཟློག་སེང་གདོང་མས་བྱའོ། སྲོད་ཐུན་ལ་མཆོད་ཁ་གསོ་བྲན་རིགས་བྱས་ནས། མངོན་རྟོགས་ནས་བཟུང་མཚལ་མ་ཉིད། མཐར་ཆགས་སུ་བཏང་འཁོར་ལྔ་རྗེས་འབྲངས་དང་བཅས་པའི་གཏོར་འབུལ་སོགས་གཏོར་བསྔོས་
དམིགས་གསལ་སྦྱར་འོས་རིགས་ཡོད་ན་འདིར་སྦྱོར་ཞིང་། དམིགས་རྐང་ནི་གོང་དུ་མདོར་བསྡུས་བསྟན་ཟིན་པ་བཞིན་བྱ། མཁའ་འགྲོ་སྤྱི་གཏོར་གཞི་བདག་གཏོར་མ་བཅས་མཐར་བསྟོད་པ་དང་། གསོལ་བསྐང་མདོར་བསྡུས་ཐུགས་དམ་བསྐུལ་བ་བསྡུས་པ་བཅས་བྱས་ནས་དམིགས་བཟླས་ལ་འཇུག །མཐར་འགུགས་པ་ལན་གསུམ་བསྒྲལ་དམིགས་བཅས་པ་དང་བསྐུལ་བགང་ཞིག་བླ་མ། རྡོ་རྗེ་བཀའ་ཟློག །ཡང་ཟློག་ཚེ་བདག་བཟློག་པ་བཅས་དང་དངོས་གྲུབ་བླངས་པ་ལྷག་མ། རྗེས་ཆོག་སོགས་སྔ་ཉིན་ལྟར་བྱའོ། དེ་ལྟ་བུ་ཐུན་བཞིའི་རིམ་པས་སྒྲུབ་ཡུན་ཇི་ཙམ་བྱ་བའི་གསུམ་ཆ་གཉིས་མ་རྫོགས་ཀྱི་བར་དུ་བྱ། དེ་ནས་དྲུག་པ་བསྒྲུབ་པ་ནི་གཞན་རྣམས་ཆོ་གའི་རིམ་པ་བཅས་སྔར་དང་འདྲ་བ་ལས། བསྙེན་པའི་སྐབས་ཐོག་མར་སྤྱན་འདྲེན་གྱི་སྔགས་དང་དམིགས་པ་ནས་བཟུང་བསྙེན་པ་དང་ཉེ་བསྙེན་གྱི་དམིགས་པ་རྣམས་ཁྱུག་ཙམ་རེ་བཏང་ནས། སྒྲུབ་དམིགས་དངོས་ནི། མདུན་བསྐྱེད་མ་མགོན་གྱི་ཐུགས་དེ་པདྨ་དམར་པོ་ཁ་
བཟླུམ་ལྟ་བུའི་ནང་སྟོང་སང་ངེར་ཡོད་པར། བདག་གི་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རྒྱུན་འཕྲོས། ཡབ་ནཡུམ་གཉིས་ཀའི་ཐུགས་ཀྱི་ནང་དུ་མཆོད་པའི་རྒྱུན་དུ་ཕུལ་བས། བདུད་རྩིའི་རྒྱུན་གྱིས་ཐུགས་ཀྱི་ནང་སྟོང་པ་དེ་ལྟེམས་ཀྱིས་གང་བས་སྐུ་གསུང་ཐུགས་ཤིན་ཏུ་དགྱེས་ཤིང་ཚིམ་པར་བསམ་པ་ནི་མཆོད་པའི་དམིགས་པ་དང་། ཡང་བདག་མདུན་གཉིས་ཀའི་སྔགས་རང་སྒྲ་བཅས་པི་ལི་ལིར་འཁོར་བཞིན་པ་ལ་བདག་གིས་སྔགས་བགྲངས་པ་བཞིན་བདག་མདུན་འཁོར་བཅས་ཀྱིས་འུར་འུར་བཟླས་པའི་རྐྱེན་གྱིས་བསྐུལ་བས། སྣང་སྲིད་འཁོར་འདས་ཀྱི་རྟེན་གཡོའི་དངོས་པོ་ཐམས་ཅད་མ་མགོན་གྱི་སྐུ་ཡི་རྣམ་པར་གྱུར་ནས་སྔགས་སྒྲ་འབྲུག་སྟོང་དུས་གཅིག་ལ་བསྒྲགས་པ་ལྟར་ལྡིར་བཞིན་པར་སྤྱན་དྲངས་པ་བདག་མདུན་ལ་སིབ་སིབ་ཐིམ་པས་བྱིན་རླབས་དང་བདངོས་གྲུབ་ཐོབ། ཡང་འོད་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་མགོན་པོའི་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མ་
མགོན་གྱི་རྣམ་པར་གྱུར་པ་རྣམས་ཀྱང་སྔགས་སྒྲ་དི་རི་རི་སྒྲོགས་པས་གང་བར་དམིགས་པ་ནི་བུང་བ་ཚང་ཞིག་ལྟར་བུའི་བཟླས་པའོ། །ཡང་བདག་ཉིད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཅེས་པའི་སྔགས་མཐིང་ནག་ཡིག་འབྲུ་གཅིག་གི་མཇུག་ཏུ་གཅིག་བཏགས་པའི་ཕྲེང་བ་དང་། ཡུམ་གྱི་ཐུགས་ཀའི་སྔགས་ལས་ཡཀྴ་བཻ་ཏ་ལི་ཛ༔ཞེས་པའི་ཕྲེང་བ་མཐིང་ཁ་གོང་བཞིན་བྱུང་། ཡབ་ཡུམ་གྱི་ཞལ་ནས་ཐོན་པ་དང་སྔགས་གཉིས་པོ་འདྲེས་ཏེ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་ཧཱུྃ་ཛ༔ཞེས་པའི་སྔགས་ཀྱི་ཕྲེང་བར་གྱུར་པ་དེའང་འོད་ཟེར་ནཕྲོས་བ་སྒྲོ་ཆུན་ལྟ་བུ་དང་འོད་ཀྱིས་ལྕགས་ཀྱུས་སྔ་མ་དང་ཕྱི་མ་སྦྲེལ་བ་ལྕགས་སྒྲོག་ལྟ་བུ་དང་། ཕན་ཚུན་དུ་འཁྱོགས་པ་མྱུར་བའི་ཤུགས་ཀྱིས་བགྲོད་པ་མ་ལ་གློག་གི་བགྲོད་པ། ཡིག་འབྲུ་རྣམས་མ་འདྲེལ་བ་ཧྲོག་གེར་ཡོད་པ་མུ་ཏིག་ཕྲེང་ལྟ་བུ་སྟེ་ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་དུ་གྱུར་པ་ལས་འོད་ཟེར་གྱི་ཚོགས་མུ་མེད་པར་འཕྲོས་པའི་རྩེ་ལས་མཆོད་པའི་སྤྲིན་རབ་འབྱམས་ཀུན་ཏུ་
སྤྲོས་ཏེ་འོག་མིན་གྱི་ཞིང་ནས་བཞུགས་པའི་རྒྱལ་བ་སྲས་བཅས་དང་། ཡི་དམ་ལྷ་ཚོགས། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་བས་ཟག་པ་མེད་པའི་བདེ་བས་དགྱེས། བསྔགས་ཕྲེང་དེ་ཉིད་མདུན་བསྐྱེད་ཡབ་ཡུམ་གྱི་ཞལ་གྱི་ཐད་དུ་རྩེ་མོ་གཉིས་སུ་གྱུར་ཏེ་རང་རང་གི་ཞལ་དུ་ཞུགས། སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དགྱེས་ཤིང་མཉེས་པར་གྱུར། སྒྲུབ་པ་པོ་ལ་དགྱེས་པས་དགོངས་ཏེ་བྱིན་རླབས་ནུས་སྟོབས་ཀྱི་དངོས་གྲུབ་མ་ལུས་པའི་དབྱིག་གི་རྒྱུན་གྱི་སྔགས་ཕྲེང་བྱུང་བ་སྐུ་ཡི་དབྱིབས་བརྒྱུད་དང་ཡབ་ཡུམ་གྱི་གསང་བ་ནས་ཐོན་གཅིག་ཏུ་གྱུར་ཏེ་ཚུར་བྱུང་བའི་འོད་ཀྱིས་གོང་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཀྱི་རྣམ་པར་ཚུར་འཕྲོས་པ་སྔགས་ཕྲེང་ལ་ཐིམས་ཤིང་། སྔགས་ཕྲེང་དེ་ཡང་རྩེ་མོ་གཉིས་སུ་གྱུར། བདག་བསྐྱེད་ཡབ་ཡུམ་སོ་སོའི་གསང་བ་ནས་ཐུགས་སྲོགས་
ན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་ནས་གཉིས་སུ་མེད་པར་གྱུར་ཅིང་མཐུ་སྟོབས་དཔལ་མགོན་ལྕམ་དྲལ་དང་མཉམ་པ་ཡིན་སྙམ་པའི་མོས་པ་བྱ། ཡང་སྔར་བཞིན་སྔགས་འཕྲེང་འཁོར་བཞིན་པ་ལས་འོད་ཟེར་སྤྲོ་བསྡུས། དཔའ་བོ་མཁའ་འགྲོ། ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་རྣམས་ལ་རྒྱ་ཆེར་སྦྱར་ཞིང་མཆོད་པ་དང་བྱིན་རླབས་བསྡུ་བ་རྣམས་བྱ་བ་ནི་དོ་ལིའི་བཟླས་པའམ་མགལ་མེའི་འཁོར་ལོ་ལྟ་བུའི་བཟླས་པ་ཞེས་གྲགས་ཤིང་། འདི་ལ་ཐོག་མར་སྔགས་ཕྲེང་མི་བྱེད་པ་འོད་ཟེར་གྱི་སྐུད་པའི་སྤྲོ་བསྡུ་དང་དེ་ལ་གོམས་ནས་སྔགས་ཕྲེང་སྤྲོ་བབསྡུ་བྱ་བ་ལས་བསླབ་པ་ཡིན་ནོ། །བདུན་པ་སྒྲུབ་པ་ཆེན་པོས་ཚེ་བསོད་སྤེལ་ཞིང་དགྲ་བགེགས་སྒྲོལ་བའི་དམིགས་པ་ནི། དེ་ལྟར་སྒྲུབ་པའི་ཞག་གི་གྲངས་ཀྱི་ཕྱེད་ཆ་རྫོགས་པ་དང་། ཐུན་སོ་སོར་བསྙེན་སྒྲུབ་ཀྱི་དམིགས་པ་གོང་དུ་བཤད་པ་རྣམས་ཁྱུག་ཙམ་རེ་བྱས་ནས། ཐུན་གྱི་དངོས་གཞིར།
བདག་བསྐྱེད་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་སྔར་བཞིན་ལ། མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སྟེང་མ་གསེར་དང་འོག་མ་ཟངས་ལས་གྲུབ་པའི་འཁོར་ལོ་རྩིབས་ལྔ་པ་མུ་འཁྱུད་སྤང་པ་གཉིས་རེགས་ལ་མ་འབྱར་བའི་ཚུལ་དུ་བསྒོམ། འཁོར་ལོ་སྟེང་མའི་ལྟེ་བར་ཟླ་གདན་ལ་ཧཱུྃ་ཡིག་མཐིང་ནག །དེ་ཡི་གཡས་སུ་ཡཿམཐིང་ནག་དང་གཡོན་དུ་དུཿནག་པོ་དེ་གསུམ་ནགྱི་མཐར་མ་མགོན་གྱི་སྤྱི་དྲིལ་སྔགས་རིང་གཡོན་དུ་བཀོད་པ་གཡས་སུ་མྱུར་དུ་འཁོར་བར་བསྒོམ་ལ། བདག་གི་སྔགས་བཟླས་པས་རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་འཕྲོས་པས་གསེར་འཁོར་ལ་ཕོག་པས་འཁོར་ལོ་གཡས་སུ་སི་ལི་ལིར་འཁོར་བས། དེ་ཡི་འོད་ཀྱིས་འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ་པས་ཚེ་བསོད་དཔལ་འབྱོར་ཡོན་ཏན་ཡེ་ཤེས་སྙན་གྲགས་ཐམས་ཅད་རྒྱས་པར་དམིགས་ལ་སྤྱི་དྲིལ་སྔགས་རིང་བཟླ། བདག་གི་ཐུགས་ཀ་ནས་འོད་
ཟེར་སྨུག་ནག་གི་ཚོགས་སྤྲོས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་རྒྱུད་བསྐུལ་ཐུགས་སྲོག་ལས་འོད་ཟེར་སྨུག་ནག་ཕྱོགས་བཅུར་འཕྲོས། ཡེ་ཤེས་ཀྱི་མགོན་པོའི་ཚོགས་དཔག་བཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་ལ་ཐིམ་པས་མཐུ་སྟོབས་རྒྱས་པར་བསམ། ཡང་བདག་གི་འོད་ཀྱིས་མདུན་བསྐྱེད་ཐུགས་ཀའི་ཡཿབསྐུལ་བས་དེ་ལས་ངོ་བོ་གཤིན་རྗེ་ལ་རྣམ་པ་ལས་ཀྱི་མགོན་པོའི་ཚོགས་སྤྲོས། དགྲ་བགེགས་བྱད་མ་མི་ནོར་དང་བཅས་པ་བཀུག་ནས་འཁོར་ལོ་འོག་མའི་དཔལ་ཁར་བཀོད། དེ་བཞིན་གཡོན་གྱི་དུཿབསྐུལ་བས་དེ་ལས་ནད་ཀྱི་ན་བུན་དང་བདུད་དམག་དཔག་ཏུ་མེད་པ་བྱུང་ནས་དམིགས་བྱ་རྣམས་ན་བུན་རླུང་གིས་བདས་པ་བཞིན་བཀུག་སྟེ་འཁོར་ལོ་འོག་མའི་དཔལ་ཁར་བཀོད། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ནག་པོ་ཚ་ལ་རྩུབ་པ་འཕྲོས། འཁོར་ལོ་འོག་མ་ལ་ཕོག་པས་འཁོར་ལོ་དེ་ཉིད་གནམ་ལྕགས་ལས་གྲུབ་པ་གནག་ཅིང་དམར་མདངས་ཆགས་པ་ལྕགས་བསྲེག་ནབཞིན་འབར་བར་གྱུར་ནས་གཡོན་དུ་དྲག་
པོར་འཁོར་བར་དགྲ་བགེགས་བྱད་མ་མི་ནོར་གཉེན་སྡེ་དང་བཅས་པ་རྡུལ་དུ་བརླག་པར་བསམ་ལ་སྔགས་རིང་བཟླའོ། །ཐུན་མཐར་འགུགས་པ་སོགས་ཉིན་སྔ་མ་རྣམས་བཞིན་བགྱིས་པས་འགྲུབ་བོ། བརྒྱད་པ་དེ་ལྟར་བསྙེན་ཅིང་བསྒྲུབ་པའི་རྟགས་ཀྱི་རིམ་པ་ནི། རང་གི་སློབ་དཔོན་དང་མཆེད་གྲོགས་དམ་ཚིག་གཙང་མ་དང་། མི་ནག་རྟ་ནག་གཡག་ནག་བྱ་ནག་ཁྱི་ནག་ལུག་ནག་རྣམས་དང་འགྲོགས་པ་དང་། གཅན་གཟན་གཏུམ་པོའི་རིགས་རྣམས་རང་ལ་དགའ་ཞིང་འདྲེས་པའི་རྣམ་འགྱུར་བྱེད་པ་འོད་དང་འཚུབས་མ་ནག་པོ། སྤྲིན་ནག་དང་འབྲུག་སྒྲ་འཇའ་ཚོན་དང་ཆར་ཟིམ་བུ། བུ་མེད་རྒྱན་ཅན་དང་རལ་ཅན། མ་སྲིང་བུ་བམོ་སོགས་བུ་མེད་ཀྱི་ཁྲོམ་འདུ་བ། བ་ཡུ་དང་རལ་གྲི་ནིའུ་ལེ་དང་རྨ་བྱ། ཁྲག་དང་འོ་མ་ཞག་ཆང་གི་མཚོ་འཁྱིལ་བ། དུག་སྦྲུལ་རླུང་འཚུབས། དྲེའུ་བོང་བུ། ཤ་ཝ་སེངྒེ་སོགས་མཐོང་བ་ནི་བསྙེན་པའི་རྟགས་དང་། སྐུ་ཡི་རྟགས་དངོས་ཉམས་རྨི་ལམ་ཞལ་མཐོང་། ཐང་སྐུ་རྙེད་པ་སོགས་དང་། གསུང་གི་རྟགས།
སྔགས་སྒྲ་དང་ལུང་བསྟན་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་གླེགས་བམ་རྙེད་པ་ནམ་མཁའ་ནས་ཡིག་འབྲུ་མཐོང་བ་སོགས་དང་། ཐུགས་ཀྱི་རྟགས། ཏིང་འཛིན་སྐྱེ་བ། ཕྱག་མཚན་གྱི་མཚོན་ཆ་བཟང་རྙེད་པ་སོགས། གཞན་ཡང་ཕ་ཁུ་མི་ཆེན་སོགས་སང་ལ་འདུད་ཅིང་དེ་དག་གིས་རང་གི་ངག་སྒྲུབ་པ། དགའ་ཞིང་འོང་བ། མ་བསྲུ་བུ་མོ་ཆས་བཟང་གི་དངོས་གྲུབ་ནཀྱི་རྫས་སྟེར་བ། རང་གྱེན་དུ་འགྲོ་བ། ཁྲི་ལ་འཛེགས་པ། ནམ་ལངས་ཤིང་ཉི་ཟླ་ཤར་བ། མཁའ་ལ་ཕུར་ཞིང་རི་མཐོན་རྩེར་ཕྱིན་པ། དར་ཕྱར་དུང་འབུད། རྔ་བོ་ཆེ་བརྡུངས་པ་སོགས་ནི་བསྒྲུབ་པའི་རྟགས་དང་། ཁྱད་པར་བཅོས་མིན་གྱི་མོས་གུས་ཤུགས་འབྱུང་དུ་སྐྱེས་པ་དང་། བདེ་གསལ་མི་རྟོག་པའི་ཏིང་འཛིན་བཟང་པོས་འཁྲུངས་ཤིང་། མ་མགོན་དང་རང་སེམས་དབྱེར་མེད་དུ་རྟོགས་པ་ནི་མཆོག་གི་དངོས་གྲུབ་པའི་རྟགས་རྣམས། རང་གི་དབང་པོ་དང་བརྩོན་ཡིད་ཆེས་མོས་གུས་རྣམས་དང་འཚམས་པར་འཆར་རོ། །དེ་རྣམས་བྱུང་ཡང་དག་དྲོ་དང་རློམ་སེམས་མི་བྱ་ཞིང་། ཡང་
དེ་ལས་ལྡོག་པ་ངན་པའི་རྟགས་བྱུང་ནའང་ཁུ་འཁྲིགས་མི་བྱ་བར་སྐྱེ་མེད་ཀྱི་ངང་དུ་བསྙེམས་ཐག་གཅོད་ཅིང་། མཆོད་གཏོར་བསྐང་བཤགས་ཁྲུས་དང་བསྲུང་འཁོར་བསྲེག་བླུག་སོགས་གང་འཚམས་ཀྱི་སྦྱོར་བ་ལ་འབད་པར་བྱའོ། །དགུ་པ་གྲངས་དང་དུས་ཀྱི་བསྙེན་པའི་ཚད་སྨོས་པ་ནི། གཙོ་ཆེར་བསྙེན་སྒྲུབ་ལས་སྦྱོར་གང་བརྩམས་ཀྱང་རྟགས་ངེས་ཤིས་འཕྲོ་ངེས་མ་བྱུང་བར་འབད་པ་ནི་མཚན་མའི་བསྙེན་པ་ཤིན་ཏུ་གལ་ཆེ་བ་ཡིན་ལ། ལས་རུང་ཙམ་ལ་རབ་དུས་ཀྱི་བསྙེན་སྒྲུབ་ལ་ཟླ་བ་དྲུག །འབྲིང་གསུམ། མཐའ་མ་ཞག་ཉེར་གཅིག་གོ །འབྲེལ་འཇོག་དང་བསྙེན་པ་ཁ་གསོལ་ནི་ཞག་བདུན་གྱིས་ཀྱང་རུང་ལ། ལས་སྦྱོར་དེ་ཡིས་འགྲོ་བསྟུན་གྱིས་རབ་ཉེར་གཅིག །འབྲིང་ཞག་དགུ། མཐའ་མ་ཞག་གཉིས། ཡང་མཐའ་ཉིན་གཅིག་ནགིས་ཀྱང་འགྲུབ་ཅིང་། གྲངས་ཀྱི་བསྙེན་པ་རབ་གསུང་སྙིང་འབྲུ་གསུམ་འགྱུར་གྱིས་འབུམ་ཕྲག་གསུམ་ཅུ་སོ་དགུ། འབྲིང་འབྲུ་འབུམ་སྟེ་འབུམ་ཕྲག་བཅུ་གསུམ། ཐ་མ་དྲུག་འབུམ་ལྔ་ཁྲིའོ། །སྤྱི་དྲིལ་
སྔགས་རིང་ནི་རང་གི་བློ་སྟོབས་དང་སྦྱར་བས་ཅི་འགྲུབ་ཀྱིས་ཆོག་གོ །བཅུ་པ་གེགས་སེལ་ནི། རང་དང་ལྷ་སྲུང་ལ་གྲིབ་དང་མི་གཙང་བའི་ལྟས་བྱུང་ན་ཁྲུས་ཀྱི་ཆོ་ག་ནི། གཙང་མའི་ཁར་མཎྜལ་ཚོམ་བུ་གཅིག་པའི་སྟེང་བུམ་པ་བཟང་པོ་རི་བཟང་དང་པོ་ལྔའི་རྫས་ལྡན་དག་བྱེད་ཀྱི་རྒྱུན་དང་ལྡན་ཅིག་པས་བཀང་བ་དར་ནག་པོའམ་སྔོན་པོས་མགུལ་བཅིངས་པ་ཁ་རྒྱན་དང་བཅས་པ་བཤམས་པ་ལ། ཉེར་སྤྱོད་ཀྱིས་བསྐོར་ཏེ། ལས་སྔགས་ཀྱི་བསང་ཞིང་སྦྱང་། བསྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲྂ་ནག་པོ་ཡོངས་སུ་གྱུར་པ་ལས། ཕྱི་བུམ་པ་མཚན་ཉིད་རྫོགས་པའི་ནང་བདུད་རྩི་ཆུ་གང་བའི་སྟེང་དུ་གཞལ་ཡས་ཁང་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་པད་ཉི་དྲེལ་རྟའི་གདན་ལ་ཧཱུྃ་བྷྱོ་མཐིང་ཁ་ལས་འོད་འཕྲོས་དོན་གཉིས་བྱས་ཤིང་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྗེ་བཙུན་ནག་མོ་ཆེན་པོ་ཡབ་ཡུམ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཀྱིས་ཡེ་ཤེས་པའི་ཚོགས་བསམ་གྱིས་མི་ཁྱབ་
པ་སྤྱན་དྲངས་པ་རྣམས་བསྐྱེད་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་དབང་གི་ལྷ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུ་ལྷག་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར་པ་ལས། བདག་གི་ཐུགས་ཀ་ནས་སྤྲུལ་པའི་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་གྱུར་པར་ལྟས་ལ། ཨོཾ་ཁྲག་གི་རྒྱ་མཚོ་སོགས་ཀྱིས་མཆོད་ཅིང་། ཧཱུྃ་ཌཱ་ཀྐི་བྱེ་བ་འབུམ་གྱིས་སོགས་ཀྱིས་བསྟོད་ནས་བཟླས་པ་བྱ་བ་ནི། བུམ་ལྷའི་སྤྱི་བོར་རིགས་བདག་མི་བསྐྱོད་པ། །རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་ཡི། །གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན། །མགོན་པོའི་ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། །བདག་གི་ཐུགས་ལས་འོད་ཟེར་མཆོད་པའི་སྤྲིན། །བུམ་བསྐྱེད་ལྷ་ཡི་ཐུགས་སྲོག་ལ་ཞུགས་པས། རྒྱུད་བསྐུལ་སྔགས་ལས་བདུད་རྩིའི་ཆུ་རྒྱུན་བབས། །དེ་ཡི་འོད་ཟེར་ཟེགས་མས་རིགས་བདག་གི། ཡི་གེ་གསུམ་བསྐུལ་དེ་རྣམས་ལས་འཕྲོད་པའི། །འོད་ཀྱིས་
བདེ་གཤེགས་ཡོངས་ཀྱི་གནས་གསུམ་ནས། །རྡོ་རྗེ་གསུམ་གྱི་བདུད་རྩི་སྤྱན་དྲངས་ཤིང་། །ཡིག་གསུམ་ལ་བསྡུས་དེ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་ལྷའི་སྤྱི་བོ་ནས་བཞུགས་ཏེ། སྐུ་གང་སྦྱོར་འཚམས་ནས་བབ་ཆུ་ཡི་རྒྱུན། བུམ་ཆུ་དང་འདྲེས་ཡེ་ཤེས་བདུད་རྩིར་གྱུར། ཅེས་མོས་ལ་མ་མགོན་གསུང་སྙིང་གི་ཤམ་བུར། ཨོཾ་ཨེ་ཧོ་ཤུ་དྷེ་ཤུ་དྷེ། ཡྃ་ཧོ༴རྃ་ཧོ༴བྃ་ཧོ༴ལྃ་ཧོ། ཨེ་ཡྃ་རྃ་བྃ་ལྃ་ཤུ་དྷེ་ཤུ་དྷེ་ཨ་ཨ་སྭཱ་ཧཱ། ཞེས་ཁྲུས་བདུན་གྱི་རིགས་པ་བཏགས་པ་ཅི་འགྲུབ་བཟླས་མཐར། བུམ་ལྷ་བདེ་བ་ཆེན་པོ་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པས། ཉེས་པའི་དངོས་པོ་མཐའ་དག་འཇོམས་པར་བྱེད་པའི་རྡོ་རྗེའི་ཆུ་རྒྱུན་དུ་རྒྱུར་མོས་ལ། དཀྱིལ་འཁོར་གྱི་རྟེན་ལ་རྟེན་ཁྲུས་དང་། བདག་དང་གནས་ཁང་སོགས་ལ་ཁྲུས་བྱའོ། །དམ་ཚིག་ལ་སྐྱོན་ཡོད་པའི་རྟགས་བྱུང་ན་མ་མགོན་ཤིན་ཏུ་བཀྲ་ཤིས་པའི་མན་ངག་ ཏུ་གྲགས་པ་འདི་བྱ་སྟེ་མཆོད་གཏོར་བཟང ་དུ་བཤམས་ནས་ཐུགས་དམ་བསྐང་བ་དྲག་ཏུ་བྱ་ཞིང་། བསྐང་བ་དང་། མཇུག་གི་བཤགས་པའི་
སྐབས་མདུན་བསྐྱེད་ཀྱི་མ་མགོན་རྡོར་སེམས་ཧེ་རུ་ཀའི་རྣམ་པར་གསལ་བའི་དཔྲལ་བར་ཟླ་གདན་ལ་ཨོཾ་དཀར་པོའི་མཐར་མན་ངག་གི་ཡིག་བརྒྱ་དཀར་པོ་ཨ་བསྐོར་བ་མགྲིན་པར་སྟེང་ཨཱ་དམར་ལ་མན་ངག་ཡིག་བརྒྱ་དམར་པོས་བསྐོར་བ། ཐུགས་ཀར་རྡོ་རྗེ་ལྟེ་བར་ཧཱུྃ་སྔོན་མན་ངག་ཡིག་བརྒྱ་སྔོན་པོ་བསྐོར་བ་རྣམས་དམིགས་ལ། བདག་གིས་སྔོན་ཆད་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཆགས་ཉམས་དུ་གྱུར་པ་གང་ལགས་པ་མཐོལ་ཞིང་བཤགས་པར་བགྱིའོ། །ཕྱིན་ཆད་ཀྱང་མི་བགྱིད་པར་ཕྱིར་ལྡོག་དྲག་པོས་བསྡམ་པར་བགྱིད་ན་བཟོད་པར་བཞེས་ལ་ཉམས་ཆགས་ཀྱི་ཚོགས་བྱང་ཞིང་དག་པར་མཛད་དུ་གསོལ་ཞེས་ཕུར་ཚུགས་སུ་གསོལ་བ་བཏབས་ཤིང་། མན་ངག་ཡིག་བརྒྱ་ཁྲི་དང་སྟོང་ཕྲག་སོགས་བཟླས་པས་མདུན་གྱི་གནས་གསུམ་ནས་བདུད་རྩི་དཀར་དམར་མཐིང་ཁའི་རྒྱུན་བབས་འོད་ཟེར་སྦུ་གུ་ནས་བརྒྱུད་བདག་གི་སྒོ་གསུམ་ལ་ཐིམ་པས་དམ་ཚིག་ཉམས་ཆགས་བྱང་ཞིང་དག་ཅིང་དྲི་མའི་
ཚོགས་བཀྲུས་ཤིང་སྦྱང་བར་དམིགས་མཐར། མགོན་པོ་བདག་ནི་སོགས་ཀྱིས་སླར་ཡང་ནན་ཏན་དུ་བཤགས་ཤིང་གསོལ་བ་བཏབ་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་གོ་ཞེས་པའི་གནང་བ་རྩལ་ནས་བདག་ལ་དགྱེས་པའི་འཛུམ་མདངས་དང་ལྡན་པར་བཞུགས་པ་མོས་ལ། ཚེ་རབས་ཀུན་ནས་སོགས་གཟུངས་ཀྱང་བརྒྱ་སྟོང་གྲངས་མང་བརྗོད་པས་ཉམས་ཆགས་བྱང་བར་འགྱུར་རོ། །ཡང་རྒྱལ་བསེན་དང་རྒབ་འདྲེ་འབྱུང་པོའི་གནོད་པ་འབྱུང་ངམ། འབྱུང་དུ་དོགས་ན། བདག་མདུན་མགོན་པོ་ལྕམ་དྲལ་སྐུར་གསལ་བའི། །ཕྲག་གོང་གཉིས་སུ་སྤྲུལ་པའི་བྱ་རོག་ནི། །རི་རབ་དང་མཉམས་དྲག་པོའི་སྒྲ་སྒྲོགས་པ། །གནམ་ལྕགས་ལས་གྲུབ་ལྕགས་ཀྱི་མཆུ་སྡེར་ཅན། །སྤུ་གྲིའི་འདབས་ཤོག་ལྕགས་བསྲེག་ལྟར་འབར་བའི། །སྤྱན་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོས། །གནོད་བྱེད་འབྱུང་པོ་རྒྱལ་བསེན་རྒབ་འདྲེའི་ཚོགས། །བཅོས་ཀྱིས་ཤིང་ཟོས་ནས་རྗེས་མེད་བརླག་པར་གྱུར། ཅེས་མོས་ལ་སྤྱི་དྲིལ་སྔགས་
བཟླ། ཤིན་ཏུ་གལ་ཆེ་ན་དེ་ལ་རྦད་སྔགས་ཤམ་བུ་བཏགས་པར་བྱའོ། །མཐར། སྤྲུལ་པའི་བྱ་རོག་སྤྲུལ་གཞི་གཉིས་ལ་ཐིམ། །དེ་ཡང་མགོན་པོའི་ཕྲག་པ་གཡས་གཡོན་ལ། །ཐིམ་ཤིང་སླར་ཡང་མགོན་པོའི་ཐུགས་སྤྲུལ་གྱི། །བྱ་ནག་སྟོབས་ལྡན་འཇིག་རྟེན་གང་བར་འཕྲོས། །འདབས་གཤོག་འུར་སྒྲ་དྲག་པོ་འབྲུག་ལྟར་ལྡིར། །རྐན་སྡེབས་ལྕགས་སྒྲ་འཇིགས་རུང་གནམ་ཐོག་བཞིན། །བར་ཆད་གདོན་བགེགས་ཐམས་ཅད་སྐད་ཅིག་གིས། །རྡུལ་དུ་བརླག་ནས་ཚུར་འདུས་ཐུགས་ཀར་ཐིམ། །བདུད་དང་བར་ཆད་ཀུན་ལས་རྣམ་པར་རྒྱལ། །ཞེས་བསྒོམ་ལ་སྔགས་གོང་བཞིན་བཟླས་པས་བར་ཆད་ལས་རྒྱལ་བར་འགྱུར་རོ། །བྱད་ཕུར་རྦོད་གཏོང་གྱིས་འཚེ་ན་མན་ངག་ལས་འབྱུང་བའི་སྲུང་འཁོར་རཀྟ་ཝརྟི་གསུམ་གྱིས་དམིགས་རིམ་རྣམ་དྲག་ཏུ་བསྒོམ་མོ། །འཁུ་ལྡོག་གི་རྟགས་བྱུང་ན་ནམ་ངག་ལས་བྱུང་བའི་བཅུན་དམིགས་བྱ་ཞིང་དམ་ལས་མི་འདའ་བའི་སྔགས་མ་ཞིའི་བར་བཟླའོ། གཞན་ཡང་དངོས་ཉམས་རྨི་ལམ་རྩུབ་ན་ཆོས་
སྐྱོང་འདི་ཉིད་དམ། །རྩ་བའི་ཡི་དམ་གྱི་སྒོ་ནས་ལས་བཞིའི་མེ་མཆོད་སྤྱི་ལྟར་ཕུལ་བའང་གནད་དུ་ཆེའོ། །བཅུ་གཅིག་པ་ཞི་རྒྱས་དབང་དྲག་བཞི་ཡི་ལས་སྦྱོར་ནི། སྒྲུབ་པ་གྲུབ་པའི་ཕྱི་ཉིན་ཐོ་རངས་ཀྱི་ཐུན་ལ་ཆོ་ག་གཞན་རྣམས་རྒྱུན་ལྟར་ལ། བདག་མདུན་རྣམས་ཞི་ཉམས་དང་ལྡན་ཅིང་མདུན་བསྐྱེད་གཙོ་འཁོར་རྣམས་ཀྱི་བེར་དཀར་པོ་ལས་བཞི་བའི་བདུད་རྩི་སྨན་གྱི་རྒྱུན་འབེབས་ཤིང་འོད་ཟེར་དཀར་པོ་འཕྲོ་བར་བསྒོམ། བཟླས་པའི་སྐབས་བདག་མདུན་གྱི་ཐུགས་སྲོག་ས་བོན་བཅས་ཟླ་ཤེལ་བདུད་རྩིའི་ཅན་གྱི་བདག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་མདུན་བསྐྱེད་མཆོད་ཅིང་ཞི་བའི་ལས་ལ་བསྐུལ། ཡང་བདག་མདུན་གྱི་ཐུགས་སྲོག་ལས་འོད་ཟེར་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུར་འཕྲོས་པས་སྣོད་བཅུད་ཀྱི་རྒུད་པ་སོགས་མི་མཐུན་པའི་ཞི་བར་བྱས་ཤིང་རིགས་དྲུག་གི་སེམས་ཅན་སྡུག་བསྔལ་ལས་བསྒྲལ། ཞི་བའི་ཕྲིན་ལས་ལ་བར་དུ་གཅོད་པ་རྣམ་བཅོམས། རྒྱལ་བའི་དཀྱིལ་འཁོར་རྣམས་ཀྱི་ཞི་བའི་ཕྲིན་ལས་
ཀྱི་དངོས་གྲུབ་རྣམས་ཚུར་བསྡུས་པ་བདག་དང་བསྲུང་བྱ་ལ་ཐིམས་པས་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མོས། དེ་བཞིན་ཡིད་དམ་ཆོས་སྐྱོང་སོ་སོར་སྦྱར་བའི་སྤྲོ་བསྡུ་དང་། །ནད་གདོན་བར་ཆད་སོགས་མི་གསལ་བ་ཡོད་ན་དེ་ཉིད་ཀྱི་དམིགས་རྐང་གཙོ་བོར་སྦྱར་ནས། གསུང་སྙིང་མཐར་སརྦ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་་པ་བཟླའོ། །ཐུན་གཏོར་གྱི་འགུགས་བསྒྲལ་སྐབས། བདག་དང་བསྲུང་བྱའི་མི་མཐུན་པའི་ཕྱོགས་དང་ཞི་བའི་ཕྲིན་ལས་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་རིགས་རྣམས་བཀུག་བསྒྲལ་བསྟབ་ཅིང་ཞི་བའི་ཕྲིན་ལས་བསྒྲུབ་པའི་ཕྲིན་ལས་བཅོལ། དེ་བཞིན་རྒྱས་པ་དང་། དབང་བསྡུད་དྲག་པོའི་ཕྲིན་ལས་གསུམ་ལ་ཡང་རིག་པས་འཕྲུལ་སྟེ་རྒྱ་ཆེར་སྦྱར་རོ། །སྔ་ཐུན་སྐབས་རྒྱས་པའི་ལས་སྦྱོར་ནི། བདག་མདུན་ལྷ་རྣམས་སྐུ་ཤ་རྒྱས་ཤིང་བེར་གྱི་སུལ་དང་སྐུ་ཡི་ཆ་ནས་ནོར་བུ་དང་ཚེ་ཡི་བདུད་རྩིའི་ཆར་འབེབས་པ་ན་བཟའ་སེར་པོ་མནབ་ཅིང་སྔགས་ཕྲེང་དང་འོད་ཟེར་
སེར་པོ་འཕྲོ་བ་དང་། བཟླས་པའི་སྐབས། བདག་གི་ཐུགས་ཀའི་འོད་ཟེར་སེར་པོས་མདུན་བསྐྱེད་མཆོད་ཅིང་བསྐུལ། སླར་བདག་མདུན་གྱི་ཐུགས་སྲོག་དང་སྔགས་ཕྲེང་ལས་འོད་ཟེར་གཙོ་མའི་ཞུན་ཐིག །བ་ཐག་ལྟ་བུ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རྣམས་མཆོད། བརྟན་གཡོའི་ཁམས་ཐམས་ཅད་ལ་ཁྱབ་པས་བཅུད་དགེ་མཚན་རྒྱས་པར་བྱས། རྒྱས་པའི་ཕྲིན་ལས་ལ་བར་གཅོད་པ་རྣམས་བསྒྲལ། སླར་རྒྱལ་བ་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེ་ཡི་བདུད་རྩི་སེར་པོ་ཉི་མའི་དཀྱིལ་འཁོར་ལྟར་འབར་བའི་ཚོགས་གཡུང་དྲུང་དང་དགའ་འཁྱིལ་དཔལ་བེའུ་སོགས་བཀྲ་ཤིས་ཀྱི་རི་མོ་གཡས་སུ་འཁྱིལ་བཞིན་བྱུང་བའི་འོད་ཀྱིས་བརྟན་གཡོའི་ཚེ་ཡི་བཅུད་ཐམས་ཅད་བསྡུས་ཏེ་བདག་དང་བསྲུང་བྱ་ལ་ཐིམ་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཅིང་རྡོ་རྗེ་ལྟ་བུའི་ལུས་གྲུབ་པར་བསྒོམ། དེ་བཞིན་རྩ་གསུམ་སོ་སོར་སྦྱར་བ་དང་། ཤེས་རབ། བསོད་ནམས། ལོངས་སྤྱོད། མངའ་ཐང་། སྙན་གྲགས། ཡེ་ཤེས་རྣམས་རྒྱས་པར་དམིགས་ལ་གསུང་སྙིང་
གི་ཤམ་བུར་སརྦ་པུཥྚིཾ་ཀུ་རུ་སྭཱ་ཧཱ་སྦྱར་བ་བཟླའོ། །དགོངས་ཐུན་ལ་ལྷ་ཚོགས་རྣམས་ཆགས་པའི་ཉམས་ཅན་བེར་དམར་མནབས་ཤིང་། སྔགས་ཕྲེང་དང་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོ་བར་བསྒོམ། བཟླས་པའི་སྐབས། བདག་གི་ཐུགས་ཀའི་འོད་དམར་པདྨའི་ཕྲེང་བ་ལྟ་བུས་མཆོད་ཅིང་བསྐུལ། སླར་བདག་མདུན་གྱི་འོད་ཟེར་པདྨའི་ཞགས་པ་དང་ལྕགས་ཀྱུའི་ཟེར་ཐག་གྲངས་མེད་པ་ཉི་ཟེར་བཞིན་འཕྲོས་པས་རྒྱལ་བ་རྣམས་མཆོད། སྲིད་པ་གསུམ་གྱི་སྐྱེ་འགྲོ་རྣམས་དང་ཁྱད་པར་དམིགས་བྱ་རྣམས་ཀྱིས་རྒྱུད་འཕྲོག་པས་བདག་ལ་གུས་ཤིང་ཆགས་པར་བྱས། དེང་དབང་གི་ཕྲིན་ལས་ལ་བར་དུ་གཅོད་པ་རྣམས་བསྒྲལ། སླར་རྒྱལ་བ་རྣམས་ཀྱི་དབང་གི་དངོས་གྲུབ་ཐམས་ཅད་པདྨའི་ཕྲེང་བ་དམར་པོའི་རྣམ་པ་དང་། འཁོར་འདས་ཀྱི་དགེ་མཚན་དང་བཅུད་རྣམས་ཐིག་ལེ་དམར་པོའི་རྣམ་པར་བཀུག་ནས་བདག་ལ་བསྟིམ་པས་དབང་གི་དངོས་གྲུབ་ཐོབ་རླུང་སེམས་དང་སྣང་བ་ཐམས་ཅད་དབང་དུ་འདུས། །ཁྱད་པར་དམིགས་
བྱའི་ལུས་ཀྱི་སྙིག་ཁ་ནས་འོད་དམར་ལྕགས་ཀྱུས་དྲངས་ཤིང་ལུས་འོད་ཀྱི་ཞགས་པས་བསྡམས་ནས་མདུན་དུ་བཀུག་པ་རྣམས་འདར་ཁྲི་ལི་ལིར་གུས་ཤིང་འདུད་པས་གནས་ཤིང་། དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་བདག་གི་དབང་དུ་གྱུར་པར་བསྒོམ། དེ་བཞིན་རྩ་གསུམ་སོ་སོར་སྦྱར་བའི་སྤྲོ་བསྡུའི་འཁྲུལ་འཁོར་བྱས་ལ། སྔགས་མཐར་སརྦ་ཝཱ་ཤ་ཀུ་རུ་སྭཱ་ཧཱ། ཅེས་བཏགས་པ་བཟླའོ། སྲོད་ཐུན་ལ། ལྷ་རྣམས་དྲག་པོའི་ཉམས་ཅན་ཤིན་ཏུ་ཁྲོས་ཤིང་བེར་དང་སྐུ་ཡི་ཆ་ནས་སྔགས་ཀྱི་རང་བཞིན་ནད་མཚོན་དུག་གི་ཆར་འབེབས་པ་དང་། བཟླས་པའི་སྐབས། ཐུགས་སྲོག་སྔགས་བཅས་ལས་མེ་ཡི་ཚྭ་ཚྭ་ལྟ་བུའི་འོད་ཟེར་མཐིང་ནག་གི་ཚོགས་མདའ་ཡི་བགྲོད་པའི་ཤུག་དང་ལྡན་པ་འཕྲོས། མདུན་བསྐྱེད་རྣམས་དྲག་པོའི་ལས་ལ་བསྐུལ་བས་དགྲ་བགེགས་ལ་དྲག་ཏུ་ཁྲོས་འཁྲུགས་རྔམས་པར་མོས། སླར་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་འཕྲོས་པས། རྒྱལ་རྣམས་ཀྱི་སྐུ་གསུང་ཐུགས་མཆོད་ཅིང་། དྲག་པོའི་ཕྲིན་ལས་ལ་བར་དུ་གཅོད་
པ་རྣམས་བསྒྲལ། དགྲ་བགེགས་གནོད་བྱེད་བྱད་མ་རྦོད་གཏོང་དང་བཅས་པའི་ལུས་ངག་ཡིད་གསུམ་གྱི་ནུས་པ་རྣམས་བཤིག་ཅིང་བཅོལ། སླར་ཡང་རྒྱལ་བ་རྣམས་ཀྱི་དྲག་པོའི་ཕྲིན་ལས་ཀྱི་སྟོབས་ནུས་དང་། དམིགས་བྱ་རྣམས་ཀྱི་ཚེ་བསོད་དབང་ཐང་རླུང་རྟ་ལ་སོགས་པ་རྣམས་འུབ་ཀྱིས་བསྡུས་ནས་བདག་ལ་ཐིམ་པས་ཁམས་གསུམ་སྒྲོལ་བའི་ནུས་སྟོབས་དང་ལྡན་ཅིང་བཀྲག་མདངས་རྒྱས་པར་བསྒོམ། དེ་བཞིན་རྩ་གསུམ་ཆོས་སྐྱོང་དང་བཅས་པ་སྦྱར་ནས་སྤྲོ་བསྡུ་བྱ། སླར་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དྲག་པོའི་ཐོག་ལྟ་བུ་གྲངས་མེད་པ་འཕྲོས། ཕྱོགས་བཅུའི་གདུག་པ་ཅན་དང་དགྲ་བོ་མི་ནོར་འཁོར་བཅས་ལ་ཕོག་པ་ཙམ་གྱི་ལུས་ཚལ་པར་བཏང་། རྣམ་ཤེས་དབྱིངས་སུ་སྤར། ཤ་ཁྲག་སྤྲུལ་པའི་ཕོ་ཉ་དང་བྱ་གཅན་རྣམས་ཀྱིས་ཟོས་ཤིང་། རྡོ་རྗེའི་མེ་ལྕེས་བསྲེགས། དེ་རྣམས་ཀྱི་ཚེ་བསོད་ནྲྀཿཡིག་གིས་རྣམ་པས་བསྡུས་ནས་བདག་ལ་ཐིམ་པར་དམིགས་ལ། སྔགས་ཐར། སརྦ་མཱ་ར་ཡ་ཕཊ། ཅེས་བཏགས་པ་
བཟླའོ། །དེ་རྣམས་ནི་ལས་བཞི་སྤྱི་ཁྱབ་ཀྱི་ཕྲིན་ལས་ཀྱི་སྦྱོར་བ་ཡིན་ནོ། །བཅུ་གཉིས་པ་ནི། དེ་ལྟར་བསྙེན་ཅིང་སྒྲུབ་ནས་ལས་ལ་མ་སྦྱར་ན་དམག་བསྡུས་ནས་འགྲོ་ས་མེད་པ་ལྟར་རྡུག་པར་གསུངས་པས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་སྦྱོར་བརྩམ་པ་ལའང་། སྤར་ནག་ཛཿབརྡུང་། ཐོད་པ་གཅིག་ཐུན་སོགས་མན་ངག་གི་གནས་མཐའ་ཡས་པར་བཞུགས་པ་ལས། འདིར་དྲག་པོ་མངོན་སྤྱོད་ཀྱི་ལས་སྦྱོར་སྤྱི་ལ་ཁྱབ་པ་དང་། ཁྱད་པར་བའི་དམིགས་གནད་ཀྱི་འཁྲུལ་འཁོར་རྣམས་དང་། རྒྱས་འབྲིང་བསྡུས་པའི་བསྒྲལ་ལས་གང་ལའང་མཁོ་ཞིང་། ལས་གྲིགས་ཡེ་ཤེས་མེ་ཡི་སྤུ་གྲི་དང་འབྲེལ་བའི་འཕངས་མནན་བསྲེག་པའི་ལས་ཀྱི་སྦྱོར་བའི་ཆོ་གའི་དམིགས་རིམ་ཞིབ་ཏུ་འགོད་པར་ཕྱི་ནང་སྔ་བར་མངས་ནས་མཆོད་གཏོར་གྱི་ཚོགས་ བཟང་ཏུ ་བཤམས། ཤ་ཁྲག་མཚེ་སྤུང་རྩང་ཕུར་མེ་རི་སོགས་ཀྱིས་བརྒྱན་པའི་དམར་གཏོར་ཆེ་བའི་ཞིག་གི་མཐར་ཐུན་གཏོར་བསགས་པ་རྣམས་ཀྱིས་བསྐོར་བ་སྔགས་ཀྱི་སྟེགས་དེ་ཉིད་དུ་འཇོག །ཐེ་སྣོད་ཐུན་ནམ་
འབྲས་བུས་བཀང་བའི་ནང་སྲས་མཆོག་གི་ཕུར་བུ་དང་གྲི་གུག་བཅས་བཤམས། གཞན་ཡང་ཉེར་མཁོའི་བསྒྲལ་ཆས་ཀྱི་རིགས། ཐོ་བ། རྒྱ་བཞི། སྒྲོ་གཉིས། གཏོར་མ་དཀར་དམར་གཉིས་ཚུལ་བཞིན་སྒྲུབ་པའི་ཐུན། ལྷ་དབྱེའི་རྫས་ཡོད་ན་ལིངྒ་མཉམ་དུ་ཐུམ་ལེ་འཇོགས་པ་ལས་སྒྲུབ་ཁང་ནང་དུ་བསྲེག་མི་ཉན། མཚོན་འཁོར། ཕུང་ཤུལ་དང་། གད་པ་ཚེ་ཟད། དུར་ཁྲོད་བཅས་ཀྱི་ས། ཆུ་ལྐུག་གམ། དུག་ཆུ། དུག་ཤིང་གི་མེ་སྒྲོན། མི་བསད་ཀྱི་རྡོའི་དུར་རྡོ། རླུང་གཡབ་སོགས་དང་། ལིངྒ་སྤྱི་ཙམ་དུ་དུག་ཁྲག་གི་ཟན་ལིང་རྐྱང་དཔེ་འཐུས་ཤིང་། སྨད་ལས་འདི་ཉིད་ཡུན་རིང་ལྟ་བུར་ཆེད་དུ་སྒྲུབ་པ་དང་། དུས་བསྙེན་རྒྱས་པའི་མཇུག་ཏུ་ལས་སྦྱོར་ལྟ་བུ་ཡིན་ན་མན་ངག་བཞིན་བྲིས་པའི་ཤོག་ལིང་ཁ་སྦྱོར་ཆ་གཉིས་དང་། ལིང་རྐྱང་གཉིས་བཅས་ལིང་ཁྲུས་ཚད་ནས་ཆ་གཅིག་ཐུན་གྱི་གཏོར་མའི་འོག་ཏུ་བྲུབ་ཁུང་དུ་བཅུག །ཆ་གཅིག་ལས་ཁུང་དུ་འཇོག །ལིང་རྐྱང་གཉིས་ནས་གཅིག་ལས་ཁུང་དུ་འཇོགས་ཤིང་། གཅིག་ཐུན་
གཏོར་ལ་འཛེར། གཞན་ཡང་འོག་ནས་འབྱུང་བའི་ཉེར་མཁོའི་ཡོད་བྱད་རྣམས་ཚང་བར་འདུ་བྱས་ཏེ། ཆོ་ག་དངོས་ནི་སྤྲོ་ན་ཕག་མོའི་བདག་བསྐྱེད་ཀྱང་བཏང་ན་ལེགས་ཤིང་། མ་བཏོན་ཀྱང་ཆོག །གང་ལྟར་ཡང་ལེགས་ལྡན་སྲུང་འཁོར་མན་ངག་གི་ཡི་གེ་ལས་འབྱུང་བ་བཞིན་ལ་འགུགས་པ་བསྐུལ་རིང་བཅས་སྦྱར་བས་ཐུན་གཅིག་གི་གོ་བཅའ། རཀྵ་བརྟི་གསུམ་གྱི་མན་ངག་རྣམས་རྒྱས་པར་སྦྱར། ཐུན་གཉིས་པར་མངོན་རྟོགས་ཆེན་མོ་ནས་བཟུང་མགོན་པོ་སེར་མའི་གཞུང་འཁོར་ལྔ་རྗེས་འབྲངས་ལྷ་མགྲོན་གྱི་གཏོར་ཆོག་བཅས་སྦྱར་ནས་བཏང་བའི་དམིགས་པ་རྣམས་སྔར་བཞིན་ལས་བདུན་བསྐྱེད་སྐབས་འདིར་ངོ་བོ་ཡེ་ཤེས་པ་རྣམ་པ་ལས་ཀྱི་མགོན་པོ་ཞལ་སྦྱོར་དུ་བསྐྱེད་པ་ཡིན་པས་འདི་ལ་སྲུང་འཁོར་ལོགས་སུ་མི་བསྒོམ་པར་བདག་བསྐྱེད་ཕོ་བྲང་གི་མདུན་གྱི་དུར་ཁྲོད་ཀྱིས་ས་གཞིར་བདུན་བསྐྱེད་ཀྱི་ཕོ་བྲང་རྐྱང་པ་བསྒོམ། དེ་ཡང་མདུན་རྟེན་དང་དྲག་པོའི་གཏོར་ཟོར་དབྱེར་མེད་ཀྱི་སྨད་ཆ་གཤིན་རྗེའི་བཤས་རང་གྱུར་པའི་ནང་དུ་
ལས་བྱེད་ཀྱི་ཀིང་ར་ཕོ་མོ་རྣམས་དྲག་པོའི་ང་རོ་དང་བཅས་དགྲ་བགེགས་བྱད་མ་རྣམས་འགུགས་འདྲེན་གྱི་ལས་བྱེད་ཅིང་དགྲ་བགེགས་རྣམས་བདུད་རྩི་འདིར་རིར་ཡོད་པས། བར་གྱི་ཆ་ཐུན་རྫས་དགྱེས་བསྐོང་གི་འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་འཆར་བ། རྩེ་མོར་དྲག་པོའི་ཕོ་བྲང་སྐྱི་གཡའ་བར་བསྒོམ་པའི་ནང་དུ་ངོ་བོ་ཡེ་ཤེས་མགོན་པོ་ཉིད་དགྲ་བགེགས་སྒྲོལ་ཕྱིར་ལས་ཀྱི་མགོན་པོ་སྲིན་པོའི་གཟུགས་ཅན་ལྷ་མོ་དང་སྦྱོར་བ་ལ་རྒྱུན་ཆ་ལུགས་ཡོངས་སུ་རྫོགས་ཤིང་བེར་དགུ་བརྩེགས་ཀྱི་ནང་མ་རྣམས་ནས་ནད་དང་དུག་དང་ལྟས་ངན་གྱི་ཆར་འབེབས་ཤིང་། བེར་གི་མ་རྣམས་ནས་མཚོན་ཆའི་སེར་སྒད་འབེབས་པ་དེ་ཉིད་བདག་བསྐྱེད་ཀྱི་དབུ་ཡིས་སླེབས་པ་ཙམ་དམའ་བར་ཡོད་པ་སྒོམས་ཤིང་ལྷ་ཚོགས་རྣམས་ཁྲོས་འཁྲུགས་རྔམ་པ་སྐུ་ཡི་ཆ་དང་བེར་གྱི་སུལ་རྣམས་ནས་ནད་མཚོན་གྱི་ཆར་འབེབས་པ། འཁོར་ལོའི་ལྷ་རྣམས་ཞལ་ཕྱིར་གཟིགས་ཤིང་དེ་རྣམས་ཀྱང་ལས་དང་འཇིག་རྟེན་གྱི་མགོན་པོའི་
ཚོགས་དྲག་པོའི་ལས་ལ་རྔམ་པ། དྲེགས་པ་རྐྱང་གསུམ་ཀྱང་སྒོ་གསུམ་གྱི་ནང་། དམག་རྒྱལ་གསུམ་པོའི་མདུན་དུ་འཁོང་ནས་དམག་སྣ་འདྲེན་པ། ཕྱོགས་བཅུ་མགོན་པོའི་ཕྱག་མཚན་ནོར་བུའི་རྣམས་ལས་མཚོན་ཆའི་ཆར་འབེབས་པ་རྣམས་བདག་གི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་ཡོད་པར་བསྒོམ། དམ་བཞག་གི་སྐབས་དམ་ལས་མི་འདའ་བའི་སྔགས་བཟླ་བཞིན་གཅུན་དམིགས་མན་ངག་ལས་འབྱུང་བ་རྣམས་ཚད་དང་སྦྱར་ནས་ནན་གྱིས་བྱ། རྒྱས་གདབ་སྐབས། མདུན་བསྐྱེད་ལ་རིགས་བདག་མི་བསྐྱོད་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་དམིགས། བསྟོད་པའི་མཐར་བསྙེན་བཟླས་ལ་འཇུག་པ་ན། ཐོག་མར་སྤྱན་འདྲེན་གྱི་དམིགས་པ་བཅས་སྔགས་ཉེར་གཅིག་ཙམ་བརྗོད། དེ་ནས་བདག་མདུན་གྱི་ཐུགས་ཀར་དྲག་པོའི་པདྨ་དང་ཉི་མའི་གདན་ལ་གྲི་གུག་གི་སོ་གྱེན་ཏུ་བསྟན་པའི་ཡུ་བ་རྡོ་རྗེ་ཕྱེད་པའི་ལྟེ་བར་ཟླ་བའི་གདན་ལ་ཧཱུྃ་ཡིག་སྨུག་ནག་ཚ་ཞིང་རྩུབ་པའི་མཐར་ཡབ་ཀྱི་སྙིང་པོ་དང་། ཡབ་ཡུམ་གྱི་སྤྱི་དྲིལ།
བདུད་ཀྱི་ཤ་པ་ན་རྣམས་རིམ་པ་གསུམ་དུ་གཡོན་དུ་བཀོད་པ་གཡས་སུ་འཁོར་བ་དང་། ལྷ་མོ་ཐུགས་ཀར་པད་ཟླའི་ལྟེ་བར་ཁ་ཊྭཱྃ་ག་རྩེ་གསུམ་གྱི་ཡུ་བའི་ཁོང་སེང་དུ་ཉི་མའི་གདན་ལ་བྷྱོཿསྔོན་པོའི་མཐར་ཡུམ་གྱི་སྙིང་པོ་གཡས་སུ་བཀོད་ཅིང་གཡོན་དུ་འཁོར་བ་བསྒོམ་པའི་བདག་གི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེ་རང་བཞིན་ཚང་བའི་ངར་དང་ལྡན་པ་འཕྲོས། མདུན་བསྐྱེད་ཡབ་ཡུམ་འཁོར་བཅས་ལ་ཕོག་པས་སྔོན་བཅོམ་ལྡན་འདས་དཔལ་ཆེན་པོའི་སྤྱན་སྔར་དམ་བཅས་པའི་ཐ་ཚིག་དྲན་ནས་བདག་གི་བསྒོ་བའི་ལས་སྒྲུབ་ཅིང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་སྲུང་ཞིང་ཕྲིན་ལས་བསྒྲུབ་པར་བགྱིའོ་ཞེས་ཞལ་གྱིས་བཞེས་པར་མོས། གལ་ཆེ་ན་ནང་དང་གསང་བ་སོགས་ཀྱི་གཅུན་དམིགས་རྣམས་ཀྱང་བྱའོ། དེ་ནས་སྒྲུབ་དམིགས་སྐབས་ཀྱི་མཆོད་པའི་དམིགས་པ་ཡང་འདིར་བྱ། ཡང་འོད་ཟེར་འཕྲོས་མདུན་བསྐྱེད་ལ་ཕོག་པས་དེ་རྣམས་ཀྱི་སྐུ་ལས་སྤྲུལ་པའི་ལས་མཁན་མ་རུངས་པ་དུ་མ་འཕྲོས་པ་རྣམས་ཀྱིས་ཕ་རོལ་པོའི་སྲུང་
བའི་མཁར་བཅོམས་ཤིང་གོ་ཆ་རྣམས་བཤུས། དམིགས་བྱ་རྣམས་སྙིང་ནས་ལྕགས་ཀྱུས་བཏབ། ལུས་ཞགས་པ་དང་ལྕགས་སྒྲོག་གིས་བསྡོམས། སེམས་དྲིལ་བུའི་སྨྱོས་པར་བྱས་ནས་ཡུད་རྩམ་ལ་བཀུག་ནས་མཚོན་ཆའི་ཆར་ཕབས་ནས་བསྒྲལ། ཁོ་ཡི་ཚེ་བསོད་རྣམས་ནྲྀ་ཡིག་གི་རྣམ་པར་བཀུག་ནས་བདག་ལ་བསྟིམ། ཤ་ཁྲག་རྣམས་མཚོན་ཆའི་ཚོགས་ཀྱིས་ཏིལ་ཙམ་དུ་གཏིབས་ནས་དམར་ཉི་ལོངས་སྤྱོད་པར་བསམ། ཡང་བདག་མདུན་རྣམས་ཀྱིས་སྔགས་རྣམས་དྲག་ཏུ་བཟླས་པས་སྔགས་ཀྱི་སྒྲས་དགྲ་བགེགས་རྣམས་རྨོངས་ཤིང་བརྒྱལ། ཁོ་ཡི་ལྷ་སྲུང་རྣམས་ཀྱང་མཐའ་ཡི་རྒྱ་མཚོའི་ཕྱི་རོལ་དུ་བྲོས་ཤིང་བྱེར། ངོ་བོ་སྔགས་ལ་རྣམ་པ་མཚོན་ཆའི་ཚོགས་མང་པོ་བསྐམ་མེའི་གློག་འོད་འཁྱུགས་ཤིང་སེར་དྲག་བརྒྱབ་པ་ལྟར་སྔགས་སྒྲའི་ཐོག་འབྲུག་ལྡིར་བཞིན་སོང་ནས་དགྲ་བོའི་ངག་གི་ནུས་པ་བསྲེགས་ཤིང་བཅོམས། ཕུང་པོ་རྡུལ་ཕྲན་དུ་བརླག་པར་བསྒོམ། ཡང་མདུན་བསྐྱེད་རྣམས་འོད་ཀྱིས་བསྐུལ་བས་དེ་རྣམས་ཀྱི་ཕྱག་
མཚན་དང་བེར་གྱི་སུལ་དང་སྐུ་ཡི་ཆ་ཐམས་ཅད་ནས་གྲི་གུག་དང་ཁ་ཊྭཱྃ་ལ་སོགས་པ་མཚོན་ཆའི་ཆར་དང་། ནད་དང་དུག་གི་ན་བུན་ལྟས་ངན་དང་ཆོ་འཕྲུལ་དུ་མ་དང་བཅས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་ཕྲོས་པས་དགྲ་བགེགས་བྱད་མ་རྣམས་ཀྱི་ལུས་ངག་ཡིད་རྣམས་ཀྱི་ལུས་ངག་ཡིད་རྣམས་རྡུལ་ཕྲན་དུ་བརླག །རྣམ་ཤེས་ནྲྀ་དུད་ཁ་རིམ་དགུའི་ས་འོག་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བའི་ནང་དུ་བསྲེག་ཅིང་མནན། ཤ་ཁྲག་རུས་གསུམ་ལས་མཁན་ཕོ་ཉ་དང་བཅས་པ་རྣམས་ཀྱིས་ཧབ་ཐོབ་ཏུ་གསོལ་བར་དམིགས་པ་རྣམས་བྱ་ཞིང་། ཞལ་སྦྱོར་གསུང་སྙིང་ལྔ་བརྒྱ། སྤྱི་དྲིལ་སྔགས་རིང་དང་། བདུད་ཀྱི་ཤ་ས་ན་གཉིས་བརྒྱ་བ་རེ་བཟླའོ། དེ་ལས་བདུད་ཀྱི་ཤ་པ་ན་ནི། ཨ་མ་ཧཱ་ཀཱ་ལ་ཡ། ཤ་ས་ན་ཨ་པ་ཀ་རི་ནི་ཙག་ཏྲཾ། ཀཱི་ནི་ཏྲི་མ་སི་པ་མ་ཡ་དུ་སྭཱ་ཧཱ། ན་ན་སི་ཤ་ནན། སྲོག་ཐུ་ལུམ་སྲོག་ཐུ་ལུམ། རྦད་དགྲ་བོའི་ཙིཏྟ་རྦད། རོ་བཾ་རྨྱག །ཨ་ཏི་རྦད། མ་ཧཱ་ཀཱ་ལ་ཏྲག་རཀྵ་དགྲ་བགེགས་མཱ་ར་ཡ་རྦད། ཁ་ཐུན་བྷྱོ། ཅེས་བདུད་
ཀྱི་ཤ་ས་ན་འདི་སྔོན་ཆད་ཞལ་ཤེས་སུ་གབ་པའི་དབང་གིས་དཔེ་རྒྱུན་དཀོན་ཅིང་བྲིས་པ་ཡོད་པ་རྣམས་ཀྱང་འདྲ་མིན་མང་ཡང་། འདི་ཤིན་ཏུ་དག་པར་ཡོད་པས་གཅེས་པར་ཟུངས་ཤིག །དེ་གལ་ཤིན་ཏུ་ཆེ་བ་གདབ་ལས་ནང་གི་འགུགས་པ་ལྔ། འཕྲོག་པ་བཞི། དབྱེ་བ་གསུམ་རྣམས་དང་། བསད་པ་ལ་གོང་གི་དམིགས་པ་རྣམས་དང་། གབ་པའི་མན་ངག་གསུམ་བསྣན་པའི་དྲག་པོ་དྲུག་བཅས་སྔགས་ཐོག་མར་ཧུ་ར་བརྒྱ་རྩ། དེ་ནས་གོང་གི་གསུང་སྙིང་ཕྱིན་དང་། མཇུག་ཏུ་རྦད་སྔགས་བརྒྱ་རྩ་རྣམས་བཟླ་བར་བྱ་ཞིང་གལ་ཆུང་ལ་ནི་མ་ཡིན་ན། མཐར་ཐུག་གཏོར་འབུལ་ཞིང་རྟགས་བསྟོད་ཀྱིས་བསྐུལ་པ་སོགས་བྱའོ། །དེ་ནས་གསོལ་ཁ་བསྐང་བ་རྣམས་རྒྱས་པར་བྱ་ཞིང་བདག་སྒྲུབ་མ་རྒྱས་པས་ཐུགས་དམ་གནད་ནས་བསྐུལ། མཐར་དམིགས་གནད་གོང་བཞིན་གྱིས་སྔགས་ཉེར་གཅིག །ཞལ་སྦྱོར་གསུང་གི་སྙིང་པོ་སྟོང་ཕྲགསྤྱི་དྲིལ་དང་། བདུད་ཀྱི་ཤ་ས་ན་བཅས། བརྒྱ་རྩ་རེ་བཟླ་ཞིང་། མཐར་སྔགས་རྒྱུན་རྣམས་ཀྱང་ཐུགས་དམ་བསྐུལ་
བ་དང་། མཆོད་པ་དང་། སྔགས་ཀྱི་མཚོན་ཆའི་ཚུལ་དུ་ལན་བདུན་ནམ། གསུམ་རེ་སོགས་ཅི་ལྕོགས་རེ་བཟླ་བར་དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཉིད་ལས་ཀྱི་སྲས་མཆོག་ནག་པོ་སྲིན་པོའི་གཟུགས་གཅེར་བུ་སྟག་ཤམ་ཅན་དུ་གྱུར་པ་ཞིག་ཏུ་སྤྲུལ་ནས་བདག་མདུན་གྱི་དཀྱིལ་འཁོར་གྱི་བར་དེར། མདུན་བསྐྱེད་ཕྱོགས་པས་དགྲ་བགེགས་བརྫིས་པའི་གདན་ལ་འཁོད་པའི་མདུན་དུ་ལྕགས་ཧོམ་ལིང་ག་དང་བཅས་པ་དེ་ཉིད་ལྕགས་ཀང་མེ་འབར་བའི་ནང་དུ་དགྲ་བོ་དངོས་སུ་གསལ་བར་བསྐྱེད་ནས་སླར་ཡང་ཉེས་པ་བསྡུ་བ་ནི། ཁོ་ཡི་སྙིང་ཁ་ལས་ངན་གྱི་རང་བཞིན་ལྔ་སྟོབས་སུ་གྱུར་པའི་མ་ངས་འོད་ཟེར་ནག་ལ་ཧམ་པ་ཞིག་འཕྲོས་པས་སྲིད་པ་གསུམ་གྱི་ཁམས་ཐམས་ཅད་དུ་ཁྱབས་དེ་དག་ན་གནས་པའི་འགྲོ་བ་ཀུན་གྱི་དུག་ལྔ་དང་དུག་གསུམ་རྣམས་ཧྲིལ་གྱིས་བསྡུས་ནས་ཁོ་ལ་ཐིམ་པར་མོས། སྤྱད་པ་ནི། དེའི་མཐུས་མེ་ཡི་དུག་ལྔ་ཤིན་ཏུ་རྒྱས་ནས་ཉོན་མོངས་པའི་དབང་གིས་སངས་རྒྱས་ཀྱི་སྐུ་གཟུགས་བཤིགས།
མཆོད་རྟེན་དང་ལྷ་ཁང་བཅོམ། རྡོ་རྗེ་འཛིན་པའི་སྐུ་ལ་བསྡོས་ཤིང་སངས་རྒྱས་ཀྱི་བསྟན་པ་བསྒྲུབས། དགེ་འདུན་གྱི་སྡེ་བཤིགས་པ་ལ་སོགས་པའི་མི་མཚམས་པའི་ལས་མ་བརླང་པོར་སྤྱོད་ཅིང་། རྣམ་འབྱོར་པ་བདག་ལ་མ་ཉེས་པའི་བྱོལ་འདེབས་ཤིང་། བདག་གི་ཆོས་སྐྱོང་བསྲུང་མ་རྣམས་ལ་མཐུ་མེད་ཟེར་ནས་ཕོད་འཛུགས་བཞིན་པར་གྱུར་པར་བསམ་ལ། དཔལ་ལྡན་བདེ་གཤེགས་ཐུབ་པའི་བསྟན་པ་ལ། སོགས་འདོན་བསྒོམ་དྲག་ཏུ་བྱའོ། དེ་ནས་ཉེས་པ་བསྒྲགས་པ་ནི། བདག་གི་ཐུགས་ཀ་ནས་ལས་ཀྱི་མགོན་པོ་མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་དུ་མ་འཕྲོས་པ་རེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རེ་རེ་སོང་ནས་བདེ་བར་གཤེགས་པ་དེའི་དྲུང་དུ་ཐལ་མོ་སྦྱར་ནས་ངག་ཏུ། ཉམས་པའི་དགྲ་བོ་འདིས་སངས་རྒྱས་ཀྱི་བསྟན་པ་བཤིགས། སོགས་བརྗོད་ཅིང་མི་དགེ་བ་འདི་ལྟ་བུ་བྱས་སོ་ཞེས་གསོལ་བ་འདེབས་པའི་ཚིག་གི་ཁོ་ཡི་ཉེས་པ་རྣམས་བསྒྲགས་ནས། མཐར་ཁྲོ་བོ་དེ་རྣམས་རང་གི་ཐུགས་ཀར་བསྡུའོ་ཁྲོས་པ་ནི། དེ་ལྟར་
བསྒྲགས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དྲག་པོར་བཞེངས་ཏེ་སངས་རྒྱས་ཀྱི་འཁོར་ལོར་བཅས་པ་བདག་གིས་མདུན་གྱི་ནམ་མཁར་བྱོན་པར་མོས་པའོ། །ལུགས་ནོད་པ་ནི། རྒྱལ་བ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་བདག་ལ། གང་ཞིག་མི་དགེ་བཅུ་ལ་སྤྱོད་དང་ཤིན་ཏུ་བསྒྲལ་བྱ་སྟེ། སོགས་ནས། འདུལ་བར་གྱིས། ཞེས་པའི་བར་གྱི་བསྒྲལ་བར་གནང་བ་རྩལ་བའི་ལུགས་སྦྱིན་པར་བསམ་མོ། །མཁྱེན་པར་གསོལ་བ་ནི། མདུན་གྱི་ནམ་མཁར་རྒྱལ་བའི་འཁོར་ལོ་དེ་རྣམས་དང་བདག་གི་སྙིང་ཁའི་འོད་ཀྱིས་སྤྱན་དྲངས་ཤིང་བཀུགས་པའི་བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ལས་དང་། འཇིག་རྟེན་གྱི་བསྲུང་མ་ལས་མཁན་དང་བཅས་པ་རྣམས་བདུན་བསྐྱེད་དཀྱིལ་འཁོར་གྱི་སྟེང་དང་ཕྱོགས་མཚམས་རྣམས་སུ་བཀྲ་ལྷ་མེར་བཞུགས་ཤིང་། ཁོ་ཡི་ལྷ་སྲུང་རིས་དང་བཅས་པ་རྣམས་ཀྱང་དཔའ་འཁུམ་ཞིང་འདར་ཁྲི་ལི་ལིར་ཧོམ་ཁུང་གི་ལོགས་ཤིག་ཏུ་འཁོད་པར་དམིགས། བདག་གི་རྩ་གསུམ་ཆོས་སྐྱོང་
རྣམས་ལ་འདོད་ཡོན་ཟག་མེད་ཀྱི་སྤྲིན་འཕྲོ་བའི་ཡེ་ཤེས་ཀྱི་བདུད་རྩིའི་གསེར་སྐྱེམས་ཕུལ་བ་དགྱེས་པར་བགྱེས་པས་གཟི་བྱིན་ལྷམ་མེར་བདེན་རྫུན་ཤན་འབྱེད་ཀྱི་དཔང་པོ་མཛད་བཞིན་པར་དམིགས་ལ། ཧཱུྃ། ཐམས་ཅད་གཟིགས་ཤིག་སོགས་གྱེར་བའི་ཚེ་དགྲ་བོ་ཁོ་ཡི་མི་དགེ་བའི་ལས་རྔམ་པོ་ཆེ་འདི་ལྟ་བུ་བྱས་སོ། །ཞེས་བགྲངས་ཤིང་ཤག་བཏབ། བདག་མ་ཉེས་པའི་ཡུས་ཆེན་པོ་དང་བཅས་སྙེང་རྗེའི་སྲོག་དང་ལྡན་པའི་ཞེ་ལྡང་དྲག་པོ་ལྷ་ངེ་བ་དང་བཅས་གྱེར་ཞིང་། མཐར་རང་གི་དཔང་པོ་རྣམས་བདག་བདེན་པས་ཁོ་ལ་ཤིན་ཏུ་ཁྲོས་ནས་བསྒྲལ་བའི་ཕྲིན་ལས་ལ་བརྩོན་ཞིང་། ཁོ་ཡི་ལྷ་རྣམས་ཁོ་མི་བདེན་པས་སྐྱེངས་ཤིང་མྱ་ངན་བྱེད་ཅིང་། ཁོ་ལ་ཁྲོས་པས་རྒྱབ་སྟོན་ནས་འདུག་པར་བསམ་སྐབས་འདི་ཐམས་ཅད་དུ་ལུས་ལྷ་ཡི་ང་རྒྱལ་དང་མི་འབྲལ་ཞིང་། ངག་སྔགས་ཀྱི་སྒྲ་སྐད་མི་ཆད་པ་དང་། ཡིད་དམིགས་པའི་འཁྲུལ་འཁོར་དང་མི་འབྲལ་བ་རྣམས་བྱ་བ་གནད་དུ་ཆེའོ། །དམིགས་བྱ་བསྐྱེད་པ་ནི། བསང་སྦྱང་སྔོན་དུ་འགྲོ་བས་རང་གི་
མདུན་དུ་བྲུབ་ཁུང་དེ་ཉིད་ལྕགས་བསྲེག་གི་རང་བཞིན་བང་རིམ་གསུམ་པ་ཁ་ཁྱེར་དོག་ལ་གཏིང་ཟབ་པ། སྟེང་ནས་གཏི་མུག་མུན་པ་འཁྲི་ཤིང་། ང་རྒྱལ་གྱི་གདུག་པའི་སྒྲ་སྐད་འབྱིན་པ། བར་དུ་ཞེ་ལྡང་གི་མེ་འབར་ཞིང་ཕྲག་དོག་གི་རླུང་འཚུབས་པ། འོག་ཏུ་འདོད་ཆགས་ཀྱི་ཁྲག་མཚོ་འཁོལ་ཞིང་གདུག་པའི་ནད་ཀྱི་ནད་བུན་འཁྲིགས་པ། སྟེང་འོག་བར་དང་བཅས་པའི་ཕྱི་ནང་ཐམས་ཅད་ནས་མཚོན་ཆ་རྣོན་པོ་ཚེར་མ་སྐྱེས་པ་ལྟར་གཟིངས་པའི་མཚོན་ཆ་གདུག་པའི་བུ་ཡུག་འཚུབས་པ། ཕྱི་རོལ་གྱི་སྟེང་གི་ཕྱོགས་ཐམས་ཅད་དུ་ལས་ཀྱི་མགོན་པོ་དང་མ་མོ་བདུད་དང་གཤིན་རྗེ་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་འཇིགས་པའི་ཆ་ལུགས་རྫོགས་ཤིང་། ཟུངས་རྒྱོབ་ཅིག་སོགས་མི་སྙན་པའི་སྒྲ་རྔམ་པར་སྒྲོགས་པ་རྣམས། ཞེ་སྡང་གི་སེམས་དང་ལྡན་ཅིང་སྲོག་གཅོད་དབུགས་ལེན་ལ་རྔམས་པ། ཤ་ཁྲག་དྲོན་མོ་ལ་དགྱེས་པའི་ཚོགས་ཀྱིས་ཡོངས་སུ་བསྲུང་ཞིང་བསྐོར་བའི་དྲག་པོའི་བཙོན་ཁང་ཡ་ང་བ། དེའི་ནང་དུ་སྲོག་
ཡིག་ནྲྀ་ཡོངས་སུ་གྱུར་པ་ལས་དགྲ་བོའི་བྱད་མ་ཁོ་རང་དངོས་ཅི་ལྟ་བ་ལ། དེ་ཉིད་རིགས་སྔགས་ཀྱི་ཞགས་པས་ལག་པ་རྒྱབ་ཏུ་བསྡམས་ཤིང་། ལས་ཀྱི་ལྕགས་སྒྲོགས་གིས་རྐང་པ་སྤྲེལ་བ། སྐྲ་གྲོལ་ཞིང་། གོས་དང་བྲལ་བ། སྔངས་ཡེ་འདར་ཞིང་བུ་ག་རྣམས་ནས་ཁྲག་འཛགས་པ། མྱ་ངན་གྱི་འོ་དོད་ལྷང་ལྷང་འབོད་པ་ཞིག་ཏུ་བསམ་མོ། །ཕོ་ཉ་མ་འགྱེད་པ་ནི། བདག་མདུན་གྱི་མགོན་པོའི་ཐུགས་ཀའི་ཕྱོགས་བཞིའི་ཡིག་འབྲུ་བཞི་ལས་ཡིག་འབྲུའི་ཚོགས་ནག་ཅིང་དམར་བ་ལྕགས་བསྲེགས་ལྟ་བུ་སེར་དྲག་འཐོར་བ་བཞིན་སྤྲོས། འཇིག་རྟེན་གསུམ་གྱི་ཁམས་ཐམས་ཅད་གང་བར་གྱུར་པའི་ཧཱུྃ་རྣམས་ལས་ལས་ཀྱི་མགོན་པོའི་ཚོགས། དུཿརྣམས་ལས་བདུད་ཀྱི་མགོན་པོའི་ཚོགས། ཡཿརྣམས་ལས་ལས་ཀྱི་གཤིན་རྗེའི་ཚོགས། མཿརྣམས་ལས་ལས་ཀྱི་མ་མོའི་ཚོགས་སུ་གྱུར་པ་རྣམས་གཙོར་གྱུར་པའི་འཇིག་རྟེན་དྲེགས་བྱེད་ཀྱི་ཕོ་ཉ་ཕོ་མོ། ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དྲག་པོའི་མཚོན་ཆ་འཛིན་པ་བྱེ་བ་དུང་ཕྱུར་གྲངས་མེད་པ་རྣམས་ཀྱིས་དགྲ་བོའི་
གནས་སུ་སོང་ནས་འགུགས་འདྲེན་གྱི་ལས་བྱེད་པར་བསམ་མོ། །གནས་ནས་འགུགས་པ་ལ། འགུགས་པ་ནི། དེ་ལྟར་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་དགྲ་ཁོ་ཡི་བླ་བླ་རྟགས་སྲོག་ཆགས་སྣ་ཚོགས་པའི་གཟུགས་དང་བཅས་པ་དང་། མིང་གི་ཡི་གེའི་ཚོགས་ཉི་རྡུལ་ལྟར་བཀུག་ནས་ལིང་ག་གནོད་བྱེད་དུ་གསལ་བ་ལ་ཧྲིལ་གྱིས་བསྟིམ་མོ། སྲོག་འགུགས་པ་ནི། ཡང་ཕོ་ཉ་རྣམས་ཀྱིས་ཁོ་ཡི་སྲོག་གི་ངོ་བོ་ཡི་གེ་ནྲྀ་དམར་ལྗང་དང་། སྲོག་གི་རླུང་སྔོ་དམར་གྱི་ཚོགས་ཁོ་ཡི་སྙིང་ཁ་ནས་དྲངས་ནས་བྱུང་བ་ལིང་ག་ལ་བསྟིམ་པར་བསམ་མོ། རྣམ་ཤེས་འགུགས་པ་ནི། ཡང་སྤྲུལ་ཕོ་ཉ་རྣམས་ཀྱིས་ཁོ་ཡི་རྣམ་ཤེས་ཨ་ཡིག་གི་ཚོགས་དཔག་ཏུ་མེད་པ་ཁོ་ཡི་དོན་སྙིང་གི་དཀྱིལ་ནས་དྲངས་ཏེ་ལིང་ག་བསྟིམ་པར་བསམ། དབྱིབས་ཀྱི་ལུས་འགུགས་པ་ནི། ཡང་ཕོ་ཉ་རྣམས་ཀྱིས་ཡིད་ལ་བརྣག་པའི་དགྲ་བོ་ཁོ་རང་གི་མགོ་བོ་ཐོ་ལུམ་མེ་འབར་བས་བཅོམ། ལྕགས་ཀྱུ་རྣོན་པོས་སྙིང་དཀྱིལ་ནས་འཐེན། ཞགས་པས་མགུལ་པ་ནས་བཏབས། ལྕགས་སྒྲོག་
གིས་འབྲོས་དབང་མེད་པར་བཅིངས། དྲིལ་ཆེན་གྱི་སྒྲས་དྲན་མེད་དུ་བརྒྱལ་དུ་བཅུག །རླུང་གི་འཁོར་ལོས་རྐང་ཞབས་ནས་བཏེགས་ཏེ་རང་དབང་མེད་པར་ཧོམ་ཁུང་གི་ནང་དུ་ཁྱེར། ནད་དང་མཚོན་ཆ་མུན་པའི་ཚོགས་ཀྱིས་མདུན་ནས་བསུས། པེ་ཅོན་སོགས་མཚོན་ཆ་རྩུབ་མོས་བརྡེགས་ཤིང་རྒྱབ་ནས་དེ། སྔགས་ཀྱི་དམོད་པའི་རི་རབ་ཀྱིས་འགུལ་དབང་མེད་པར་མནན་ཅིང་། ཐུན་དང་ནད་ཀྱི་ཆར་པ་ཕབས་པས་སྡུག་བསྔལ་ཉམས་སུ་མྱོང་བར་བྱས་ཏེ་དམིགས་རྟེན་ལ་དབྱེར་མེད་དུ་བསྟིམ་པར་བསམ། དེ་བཞིན་ཁོ་ཡི་གྲོགས་གཉེན་བྲན་འཁོར་སྲིད་སྡེ་དང་བཅས་པ་བཀུག་ནས་བཟུང་ལ་བསྟིམ། མན་ངག་གི་འགུགས་པ་ནི། ཡང་དགྲ་བོ་དེ་ཁོ་རང་གི་ཆུང་མའི་ཡིད་ཆགས་པའི་བུད་མེད་དམ་ཁྱོད་པོ་གང་ཡིན་དེ་དང་ཁ་སྦྱོར་དུ་ཆགས་པ་སྤྱོད་བཞིན་དུ་ཡོད་པར། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་གཉིས་འཕྲོས་ནས་དགྲ་བོ་གང་ཡིན་གྱི་སྙིང་ལ་ཕོག་པས། དེ་འདོད་ཆགས་དྲག་ཏུ་རྒྱས་སྟེ་བླ་ཚེ་རྣམ་ཤེས་བསོད་ནམས་
དབང་ཐང་རླུང་རྟ་སྲོག་གི་རླུང་དང་བཅས་མ་ལུས་པ་ཁུ་བའི་རྣམ་པར་ཞུ་ནས་ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པ་སྦྱོར་འཚམས་སུ་ལུགས་ནས་བྱུང་བ་རྣམས་འོད་ཀྱི་སྦུ་གུ་དྲངས་ནས་ལིང་ག་ལ་བསྟིམ་པར་བསྒོམ་པ་ནི་འགྲོ་མགོན་རས་ཆེན་གྱི་མན་ངག་སྟེ། དམིགས་གནད་དེ་རྣམས་དང་ལྡན་པས་བདེན་སྟོབས་བརྗོད་པས་འགུགས་པ། ཕྱག་རྒྱས་འགུགས་པ། སྔགས་ཀྱིས་འགུགས་པ། ཏིང་ངེ་འཛིན་གྱིས་འགུགས་པ་རྣམས་ལ་ནན་ཏན་དུ་བྱའོ། དེ་ནས་དཔལ་མགོན་འཕྲོག་པའམ། ལྷ་དང་དབྱེ་བ་ནི། གཏོར་མ་ཁོ་ཡི་ཤ་ཁྲག་ལས་གྲུབ་པ་དེ་ཁོ་ཡི་ལྷ་རྣམས་ལ་བྱིན་པ་བདག་མདུན་གྱི་གཟི་བྱིན་མ་བཟོད་པར་རང་དབང་མེད་པར་ཟོས་ནས་བདག་གི་ངག་གུས་པས་ཉན་སྟེ་རང་གནས་སུ་དེངས་པར་བསམ། ཁྱད་པར་འཕྲོག་པ་བཞི་ནི་སྔགས། རྫས། དམོད་པ་དང་། ཏིང་ངེ་འཛིན་ཕྱག་རྒྱ་རྣམས་དང་ལྡན་པས་ཁོ་ཡིས་མཆོད་པའི་ཡེ་ཤེས་ཀྱི་ལྷ་རྣམས་སྟེང་གི་ནམ་མཁའ་ལ་གཤེགས། འཇིག་རྟེན་པ་རྣམས་རྒྱབ་ཀྱིས་ཕྱོགས་ཤིང་བྱོལ།
ལ་ལ་རྔ་མོ་ལ་བསྐྱོན་ནས་མགོན་པོ་མ་རུངས་རྣམས་ཀྱིས་ལྕགས་རི་ནག་པོའི་ཕྱིར་བསྐྲད། ཁོ་ཡི་མཆོད་པའི་འདྲེ་གདོན་ཐེའུ་རང་རྣམས་བདག་མདུན་གྱི་ཞབས་འོག་ཏུ་ཁབ་སྦུབས་སུ་མནན་ནས་ལྡང་བའི་སྐབས་མེད་པར་བསམ། ལ་ལ་ཕོ་ཉ་རྣམས་ཀྱིས་གཡས་ཀྱི་མཚོན་ཆ་དང་། གཡོན་པས་ཐུན་ཆར་ཕབ་ནས་བསད་བཅད་གཏུབས་ཅིང་བསྲེགས་པར་སྒོམ་མོ། དེ་ནས་ཁ་སྦྱོར་དབྱེ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་མགོན་པོ་མ་རུངས་པ་གཏུམ་པའི་ངར་དང་ལྡན་པ་རལ་གྲི་དང་ཐོ་ལུམ་ཐོགས་པ་གྲངས་མེད་སྤྲོས་པ་རྣམས་ཀྱིས་ཁོ་ཡི་སྲུང་བའི་དྲྭ་གུར་རྣམས་སྟོབས་ལྡན་གྱི་སྐྱེས་བུས་སྒོང་ང་བྲག་ལ་བརྡབ་པ་བཞིན་བཅོམས་ཤིང་དེ་རྣམས་ཀྱི་ཞལ་ནས་མེ་དཔུང་འབར་བས་ཐམས་ཅད་བསྲེག་པར་དམིགས་པ་ནི་གཞན་གྱིས་བསྲུང་བའི་ཁ་སྦྱོར་དབྱེ་བ་དང་། ལུས་དང་ལྷ་ཡི་ཁ་སྦྱོར་དབྱེ་བ་ནི། དཔལ་མགོན་འཕྲོག་པ་སྟེ་གོང་དུ་སོང་བས་འཐུས། ཡང་བདག་མདུན་གྱི་ཐུགས་ཀ་ནས་ལས་མགོན་གཏུམ་པོ་ཚོན་གང་བ་ཞིག་ཤད་ཀྱིས་ཐོན་སྟེ་
སོང་བས་ཁོང་ཡི་རྩིབས་ལོག་གཡོན་པ་ནས་ཤ་དང་རུས་པའི་ཁ་སྦྱོར་ཕྱེས་ནས། གྲི་གུག་གི་ཁོ་ཡི་སྙིང་བཤགས་པའི་ནང་དུ་བླ་ཚེ་སྲོག་གསུམ་གྱི་ངོ་བོ་ཐིག་ལེ་སྔོ་དམར་གྱི་དམིགས་ཏུ་ནྲྀ་ལྗང་དམར་གྱི་རྣམ་པར་ཀུག་པ་དེ་གྲི་གུག་བླངས་ཏེ་ཚུར་ཡུད་ཀྱིས་བྱུང་ནས་བདག་ལ་བསྟིམས་པས་བཀྲག་མདངས་འཕེལ་བར་སྒོམ་ཞིང་ཁོ་སེལ་བའི་ཡོག་རྩེ་འགྱེལ་བ་བཞིན་ནག་ཧྲུལ་གྱིས་སོང་བསམ་པ་ནི་བེམ་པོ་སྲོག་གི་ཁ་སྦྱོར་དབྱེ་བ་རྣམས་སོ། །དང་ཕུར་བུས་གདབ་པ་ནི། མདུན་དུ་སྲས་མཆོག་གི་ཕུར་བུ་བསང་སྦྱང་ནས་ཡབ་ཡུམ་བསྐྱེད་བསྟིམ་དབང་བསྐུར་རྒྱས་གདབ་རབ་གནས་བཅས་རྫོགས་པར་བྱས་པ་དེ་སྲས་མཆོག་གི་ཕུར་བུ་སྐུ་སྟོད་ཁྲོ་བོ་གཏུམ་པོ་ལ། སྐུ་སྨད་གནམ་ལྕགས་ངར་མི་དབལ་མགར་གྱི་སོ་མལ་ནས་ཕྱུངས་མ་ཐག་པ་ལྟ་བུ། རྡོ་རྗེའི་རི་རབ་ཀྱང་ཐལ་བར་བྱེད་པ། ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་སོགས་དྲག་པོའི་འབྲུག་ལྟར་སྒྲོགས་པས་སྟེང་གི་ལྷ་རྣམས་སྐྲག་པར་བྱེད་པ། སྐུ་ཡི་ཆ་རྣམས་ནས་མཚོན་ཆ་དང་མེ་ཡི་ཆར་ཆེན་
འབེབས་པས་བར་གྱི་ལྷ་སྲིན་སྡེ་བརྒྱད་འདུལ་བ། ཆུ་སྲིན་གྱི་ཁ་ནས་ཕྱུང་བའི་དབལ་ནས་ཐུན་རྫས་ཀྱི་ཆར་ཆེན་ཐོག་སེར་ལྟར་འབེབས་པས་འོག་གི་ཀླུ་རྣམས་བརླག་པར་བྱེད་པ་དེ་ཉིད་བདག་མགོན་པོར་གསལ་བའི་ཕྱག་ཏུ་ཐོགས་ནས་ཁོ་ཡི་གནས་རྣམས་སུ་བཏབས་པས་ལུས་ངག་ཡིད་གསུམ་རྡུལ་དུ་བརླག །ཕུར་བུ་དེ་ལས་འཕྲོས་པའི་ཕུར་ཐུན་གྱི་སེར་བས་ཁོ་ཡི་ཕ་མ་བུ་སྲིང་མཛའ་གྲོགས་གཉེན་སྡེ་བདུན་བརྒྱུད་འཁོར་གཡོག་སྒོ་ནོར་རྟ་ཕྱུགས་ཞིང་ཁང་དང་བཅས་པར་བཏབ་པས་རྡུལ་ཕྲན་བཞིན་དུ་བཏང་བར་དམིགས་སོ། །དེ་ནས་བསད་པ་ལ་སྔགས་ཀྱི་སྒོ་ནས་དྲག་པོ་དྲུག་གི་བསད་པ་ལ། བདགམདུན། སྔགས། ལྷ། མཚོན། ཐུན་བཅས་ཏེ་བདག་མདུན་གབ་སྔགས་ཀྱིས་བསད་པ་ནི། བདག་མགོན་པོར་གསལ་བ་དང་། མདུན་དུ་ཆོས་སྐྱོང་འཁོར་བཅས་སུ་གསལ་བའི་བདག་མདུན་འཁོར་བཅས་རྣམས་ཀྱི་ཞལ་ནས་དྲག་པོའི་སྔགས་ཐོག་འབྲུག་བཞིན་བསྒྲགས་པ་སྔགས་ཀྱི་རང་བཞིན་གྱི་ཟེར་མདའ་གནམ་ལྕགས་ཀྱི་འཁྱུག་ལྟ་
བུས་དགྲ་བོ་འཁོར་བཅས་ཀྱི་ལུས་ཐལ་བྱུང་དུ་ཕུག་ནས་བསྲེག་ཅིང་བསད་པར་བསམས་ལ། སྔགས་འགྲིགས་རྣམས་ཚང་བར་འདོན། ལྷ་ཡི་བསད་པ་ནི། མདུན་བསྐྱེད་ཀྱི་འཁོར་ལོ་བཞི་རིམ་གྱི་ལྷ་རྣམས་ལས་སྤྲུལ་པའི་ལྷ་རེ་རེ་སྤྲོས་ནས་ཕོ་རྒྱུད་ཀྱི་དམག་རྣམས་ཁོ་ཡི་སྣ་བུག་གཡོན་དང་། མོ་རྒྱུད་ཀྱི་དམག་རྣམས་སྣ་བུག་གཡས་ནས་ཞུགས་ཤིང་། རོ་རྐྱང་གི་ལམ་རྒྱུད་ཁོ་སར་སོང་ནས་མཚོན་ཆའི་འཁོར་ལོ་དྲག་ཏུ་བསྐོར་བས། ཁོ་ཡི་སྲོག་རྩ་བཅད་ཅིང་ནང་ཁྲོལ་གཏུབས། ལྕགས་ཀྱུས་གློ་སྙིང་དྲངས། ཕུར་བུས་བཏབ། མདའ་མདུང་དང་། ཁ་ཊྭཱྃ་རྣམས་ཀྱིས་མཛེར་ནས་བསད་ཅིང་ལུས་རྡུལ་ཕྲན་ཕྱེ་མར་བྱས་པར་བསམ། མཚོན་གྱིས་བསད་པ་ནི། བདག་མདུན་འཁོར་བཅས་ཀྱིས་གྲི་གུག་ཁ་ཊྭཱྃ་རལ་གྲི། དགྲ་སྟྭཾ་མདའ་པོ་ཆེ། མཚོན་ཆའི་སྒྱོགས་དང་འཁོར་ལོ་སོགས་མི་བཟད་པའི་ཆར་ཕབས་ནས་དགྲ་འཁོར་བཅས་བསད་ཅིང་བརླག་པར་དམིགས་ཤིང་མཚོན་ཆ་རྣམས་བརྡེགས་པ། ཐུན་གྱིས་བསད་པ་ནི། བདག་མདུན་
གྱི་བེར་གྱི་སུལ་ནས་བསྐལ་པ་འཇིག་པའི་འབྱུང་བ་འཁྲུགས་པ་ལྟ་བུའི་འབྱུང་བཞིའི་ཟེར་མདའ་དྲག་པོ་དང་། ནད་མཚོན་བདུད་ཀྱི་གནམ་རྡོ་ལ་སོགས་པའི་ཆར་ཕབས་པས། དགྲ་བགེགས་རྣམས་རྗེས་ཤུལ་ཙམ་ཡང་མེ་བསད་ཅིང་བརླག་པར་བསམས་ལ་ཐུན་རྫས་རྣམས་ཀྱི་བྲབ་བོ། བེམ་རིག་ཕྲལ་སྟེ་རྣམ་ཤེས་སྤར་བ་ནི། མདུན་བསྐྱེད་ཀྱི་མགོན་པོའི་ཐུགས་ཀ་ནས་ལས་མགོན་མི་བཟད་པ་ཚོན་གང་བ་ཞིག་སྐར་མདའ་བཞིན་ཆད་པ་དགྲ་བོའི་རྩིབས་ལོག་གཡོན་ནས་བཞུགས། སྙིང་ཁ་ཕྱེས་པའི་ནང་ནས་ཡེ་ཤེས་སེམས་དཔའ་འོད་གོང་དམར་པོའི་རྣམ་པར་འདུག་པ་དེ་ལ་ཁོ་ཡི་ཉེས་པ་བསྒྲགས་པས་དབྱིངས་སུ་གཤེགས། རྣམ་ཤེས་ཨ་ཡིག་དཀར་པོའི་རྣམ་པར་གནས་པ་དེ་གྲི་གུག་གི་བླངས་ནས་ཐོད་པར་བཅུག་པའི་ཁ་གྲི་གུག་གི་བཅད་ནས་ཚངས་པའི་ལམ་ནས་རྒྱངས་ཀྱིས་བྱུང་། རྩལ་པོ་ཆེས་མདའ་འཕངས་པ་བཞིན། འོག་མིན་གྱི་གནས་སུ་རྡོ་རྗེ་འཆང་གི་ཐུགས་ཀར་ཐིམ་པར་བསྒོམ་ལ་ཕཊ་སྒྲ་བཅས་སྤར། ཡང་ན་གོང་དུ་བཤད་པའི་
མནན་པའི་མན་ངག་བྱ་ཞིང་ཕཊ་སྒྲ་བརྗོད་དོ། །ཕྱི་མ་འདི་གར་ཐོད་ཐོད་དུ་མི་བྱའོ། བསྒྲལ་ཞིང་བསྟབས་པ་ནི། མདུན་བསྐྱེད་མགོན་པོའི་ཕྱག་མཚན་ལས་ཧཱུྃ་མཐིང་ནག་གཅིག་ཆད་པ་ཁོ་ཡི་སྣ་བུག་གཡོན་ནས་ཞུགས་པ་དེ་སྙིང་ནང་དུ་སོང་བ་གྲི་གུག་གི་འཁོར་ལོ་རྩིབས་བཅུ་དྲུག་པར་གྱུར་ཏེ་གཡས་སུ་དྲག་པོར་འཁོར་བ་དང་། ལྷ་མོའི་ཕྱག་མཚན་ལས་ཛཿདམར་ནག་གཅིག་ཆད་པ་ཁོ་ཡི་གཤང་ལམ་ནས་ཞུགས། ལྟེ་བར་ཟངས་ཀྱི་འཁོར་ལོ་རྩིབས་དྲུག་པར་གྱུར་པ་གཡོན་དུ་དྲག་པོར་འཁོར་བས་སྲོག་རྩ་ནང་ཁྲོལ། ཤ་རུས་རྣམས་དམར་ཉི་ལ་བཏང་བར་བསམ། ཡང་བདག་གི་ཐུགས་ཀ་ནས་ལས་མགོན་གཅེར་བུ་སྲིན་པོའི་གཟུགས་ཅན་ཞིག་འཕྲོས་པ་དེས། དགྲ་བོ་རྣམས་ཀྱི་མགོ་ནས་རྐང་པའི་མཐིལ་བར་གྲི་གུས་ཏིལ་ཙམ་དུ་གཏུབས་པར་བསྒོམ་ནས་གྲི་གུག་གིས་གཏུབས་པས་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོར་གྱུར་པ་དེ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས། སངས་རྒྱས་བྱང་སེམས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས།
བདག་མདུན་ཆོས་སྐྱོང་འཁོར་བཅས་དང་། ཡུལ་ལྷ་གཞི་བདག་རྣམས་དང་བཅས་པས་དགྱེས་པའི་རྐན་སྒྲ་དང་བཅས་གསོལ་བར་དམིགས་ནས་ལིང་རོ་རྣམས་གཏོར་མར་བསྟབ་བོ། །དེ་ནས་རང་ཉིད་ལས་ཀྱི་ཁྲོ་བོར་གསལ་བ་དེ་ཡང་བདག་བསྐྱེད་ཀྱི་ཐུགས་ཀར་འཇུག་གོ །དེ་ནས་གཏོར་ཆེན་གྱི་སྨད་ཆ་དང་ལས་འགྲིགས་ཀྱི་གཏོར་མ་། ཐུན་གཏོར་ཡོད་ན། དེ་ཉིད་དང་བཅས་པའི་སྣོད་ཧོཾ་ཁུང་དུ། །གཏོར་མ་དམིགས་བྱར་གསལ་བར་བསྐྱེད་པ་ལ། བདེན་ཚིག་དང་ཕྱག་རྒྱ་སྔགས་རྣམས་དང་བཅས་པའི་འགུགས་པའི་སྐབས། བླ་བླ་རྟགས་དང་མིང་ཡིག །སྲོག་ནྲྀ་ཡིག །རྣམ་ཤེས་ཨ་ཡིག་རྣམས། དབྱིབས་གཉེན་འཁོར་ནོར་རྫས་དང་བཅས་པ་སྤྲུལ་པའི་ཚོགས་ཀྱི་གྲངས་མེད་པར་བཀུག་ནས་རྟེན་ལ་བསྟིམ། ཐུན་གཏོར་གྱི་སྐབས་ལྟར་བསྒྲལ་དམིགས་མཐར་བྱིན་བརླབས་ཀྱི་དམིགས་པ་བཅས། ཨོཾ། མ་དག་སྣོད་བཅུད་སོགས་གྱེར་ཞིང་བྱིན་རླབས་ནས་རྩ་བ་གསུམ་གྱི་དཀྱིལ་འཁོར་པ་རྣམས་ལ་མཆོད་ཅིང་བསྟོད་པ་དང་ཕྲིན་ལས་
བཅོལ་བ་རྣམས་བྱ། དེ་ནས་དབྱངས་ཀྱིས་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། རྒྱ་མཚོ་གླིང་མས་དྲེགས་པ་རྐྱང་གསུམ། ཁྲག་གི་བུད་ཀྱིས་སྤྱང་ཞོན། ཕུར་བུ། ཟངས་རལ། མཚོན་འཁོར་མ་རྣམས། དཀར་པོ་རྐུན་མོས་སྲིང་མོ་བཞི་རྣམས་བསྐུལ། ཡང་ཤར་ཕྱོགས་དབུགས་ལེན་གྱིས་ཤན་པ་བཅུ་དྲུག །རྩ་བཞི་དྲོད་སོགས་ཀྱི་འབར་མ་དགུ། ཁྱོད་ཀྱི་རལ་པ་སོགས་ཀྱིས་དུས་བཞིའི་ལྷ་མོ་བསྐུལ། ཤར་ཕྱོགས་སྐྱོང་མགོན་སོགས་ཀྱིས་ཕྱོགས་བཅུ་མགོན་པོ། རྡོ་རྗེ་དབང་ཕྱུག་སོགས་ཀྱིས་དབང་མོ་ཉེར་བརྒྱད། ཤར་ཕྱོགས་དམག་རྒྱལ་སོགས་ཀྱིས་དམག་རྒྱལ་མ་བཞི་རྣམས་བསྐུལ། དབང་ཕྱུག་ལྗང་སྔོན་སོགས་ཀྱིས་དྲེགས་པ་དོན་གཉིས། བཀའ་ཡི་ཚོགས་སོགས་ཀྱིས་བརྟན་མ་བཅུ་གཉིས་རྣམས་བསྐུལ་ལོ། །དེ་རྣམས་ཀྱི་སྐབས་སོ་སོར་ཡང་དྲེགས་པ་གསུམ་སོགས་རང་རང་གི་ཐུགས་ཀ་ནས་ཕོ་ཉ་སྤྲོས་པས་དགྲ་བོའི་བླ་སྲོག་རྣམ་ཤེས་དབྱིབས་བཅས་བཀུགས་ནས་གཏོར་མ་ལ་བསྟིམ་པ་འགུགས་་པའི་མན་ངག །ཁོ་ཡི་
ལྷ་སྲུང་རྣམས་རྒྱ་མཚོའི་མཐར་ཕོ་ཉ་རྣམས་ཀྱིས་དེད་ཅིང་བསྐྱལ་བ་བསྐྲད་པའི་མན་ངག །ཁོ་ལ་འཁོར་བའི་ཐེའུ་རང་རྣམས་རང་རང་གི་ཞབས་འོག་ཏུ་བརྫིས་པ་མནན་པའི་མན་ངག །རང་རང་ཕོ་ཉ་དང་བཅས་པས་ཁོ་ཡི་ལུས་ལ་མཚོན་ཆའི་ཆར་ཕབས་ནས་སྲོག་བཅད་ཅིང་རྡུལ་དུ་བརླག །ཤ་ཁྲག་ཧབ་ཧབ་དུ་གསོལ་བ་གཟིར་ཞིང་བསྒྲལ་བའི་མན་ངག་བཞི་པོ་བསྐུལ་ཚན་སོ་སོར་སྦྱར་ཞིང་མཚམས་སུ་རོལ་མོ་བྱ་སྐབས་རྦད་སྔགས་བཟླ་ཞིང་ལྷ་ཚོགས་སོ་སོའི་ཞལ་དུ་དགྲ་བོའི་མི་ནོར་ཡུལ་མཁར་བཅས་གསོལ་ནས་བརྣག་པ་བསྒྲལ་ཞིང་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛད་པར་བསམ་མོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དགོངས་པའི་གདེངས་བསྐྱེད་ཅིང་། སྨན་རཀ་གཏོར་མར་སྦྲེང་བཞིན། ལས་བདུན་བཞེས་བརྒྱད་ཀྱི་མན་ངག་ནི། གདབ་བྱེད་བསད་གསུམ། གཏད་དབབ་གཏང་གསུམ། མནན་དང་བདུན། དྲག་པོ་བཞེས་དང་བརྒྱད་པོ་རྣམས་ཞལ་ལས་འབྱུང་བ་བཞིན་ཚིག་དོན་སྦྲག་ནས་འདོན་བསྒོམ་བསྐུལ་བ་དྲག་ཏུ་བྱའོ། །
དམག་ལམ་དབྱེ་བ་ནི། བསང་སྦྱང་བྱིན་གྱིས་བརླབས་པའི་གཏོར་མ་ངོ་བོར་དགྲ་བོའི་ཤ་ཁྲག་ལ་རྣམ་པ་སོ་སོར་འོས་པའི་ལོངས་སྤྱོད་ཀྱི་སྤྲིན་འཆར་བར་དམིགས་ལ། ཧཱུྃ། ཤར་ལ་སོགས་པའི་སོགས་གྱེར་ཞིང་གཏོར་མ་དེ་ལྷ་སྲིན་སྡེ་བརྒྱད་ལ་བསྔོས་ནས་སྡོང་གྲོགས་བྱེད་པའི་ཕྲིན་ལས་བཅོལ་ཞིང་དམག་ཏུ་བསྡུས་ནས། ཤུལ་གསུམ་བསྟོད་པ་ནི། བདག་མདུན་གྱི་ཐུགས་ཀ་ནས་མཚོན་ཆའི་རང་བཞིན་གྱི་འོད་ཀྱི་སྦུ་གུ་སོ་སོར་མ་རེགས་པའི་ཕྱི་ནང་གསུམ་རིམ་དུ་ཡོད་པ་ཞིག་འཕྲོས་པའི་ཕྱི་མ་དགྲ་བོའི་ཡུལ་དུ་ཟུག་པས་ཁོ་ཡི་ཡུལ་དུ་དམག་གི་ལམ་དུ་ཤུལ་བཏོད། བར་མ་དེ་ཁོ་ཡི་ལུས་ལ་ཟུག་པས་བྱད་མའི་ལུས་ལ་དམག་གི་ལམ་གྱི་ཤུལ་བཏོད། ནང་མ་དེ་དགྲ་བོ་བྱ་མའི་སྙིང་ལ་ཟུག་པས་དགྲ་བོའི་སྙིང་ལ་དམག་གི་ལམ་གྱི་ཤུལ་ཆེན་ཆེན་པོ་བཏོད་ཅིང་། ཁོ་རང་དང་ལིངྒ་གཉིས་ཀྱང་ལྟར་དུ་འབྲེལ་ནས་ཡོད་པར་བསྒོམ། འོག་ན་འབྱུང་བའི་བསྐུལ་དང་ཟོར་འཕེན་སྐབས་འོད་ཀྱི་སྦུ་གུ་གསུམ་རིམ་གྱི་ལམ་ནས་ཕོ་ཉ་ལས་མཁན་
སྡེ་བརྒྱད་ཀྱི་དམག་སྤྲོ་བ་འམ། ཤིན་ཏུ་གལ་ཆེ་ན། འོད་དེའི་སྦུ་གུ་ཕྱི་མ་ནས་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དང་། བར་མ་ནས་འཁོར་ལོ་གཉིས་པ་དང་གསུམ་པ་བཞི་པ་རྣམས་ཀྱི་ལྷ་དམག་འཇིག་རྟེན་པའི་དྲེགས་བྱེད་ཀྱི་ཕོ་ཉ་ལས་མཁན་དང་བཅས་པའི་ཚོགས་དང་། ནང་མ་ནས་དཔལ་མགོན་ཡབ་ཡུམ། དབུགས་ལེན་གྱི་ཤན་པ་ཕོ་མོ་བཅུ་དྲུག་སོགས་ལས་ཀྱི་མགོན་པོའི་དམག་ཚོགས་བཅས་པ་རྣམས། ལམ་གྱི་ཤུལ་དེ་གསུམ་ནས་ལྷ་དམག་སྡེ་གསུམ་འགྲིམས་ཤིང་ཆ་ནས་དགྲ་བོའི་གནས་ལུས་སེམས་དང་བཅས་པ་རྡུལ་དུ་བརླག་པར་བསྒོམ་མོ། །ལས་སྦྱོར་ཉིན་གྲངས་བྱེད་པ་ཡིན་ན་གསོན་གཅིག་མ་སོགས་གྱེར་ནས་འདི་སྐབས་ཀྱི་ཐུན་གཏོར་ཟོར་དུ་འཕེན་པའི་དམིགས་པ་དངོས་གྲུབ་ལེན་ཆོག་སྐབས་སུ་བཤད་པ་བཞིན་ཕྱིར་འཕངས་ནས་བཟློག་པ་ཡང་བཟློག་དང་། རྗེས་བཅས་རྒྱུན་བཞིན་འདོན་བསྒོམ་བྱས་པ་འཐུས་ཤིང་དེ་ལྟར་སྒྲུབ་པའི་ཉིན་མཐའ་མ་ལྟ་བུ་འམ་ཉིན་གཅིག་ཁོ་ན་བྱེད་པ་གང་ཡིན་ཀྱང་། དེ་ནས་གཏོར་མ་
ཟོར་དུ་འཕེན་པའི་ཐོག་མར་བདུན་བསྐྱེད་ལྷ་དམག་དང་བཅས་པ་རྣམས་ལ་གསེར་སྐྱེམས་འབུལ་ཞིང་བཅོལ་བསྐུལ་དང་དགྲ་བོར་ཟ་ལམ་བསྟན་པ་རྣམས་བྱས་མཐར། ཧཱུྃ། མ་ཅིག་གཉེན་དང་ཐབས་གཅིག་པའི། སོགས་གྱེར་ནས་ཚིག་དོན་གསལ་འདེབས་བྱ་ཞིང་། གསེར་སྐྱེམས་དང་། བསྐུལ་འདི་གཉིས་བསྙེན་སྒྲུབ་ཀྱི་སྐབས་སྤྲོས་པ་བསྡུ་བར་འདོད་ན་མ་བྱས་ཀྱང་ཆོག །དེ་ནས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་མདུན་མཁར་བཏེགས་ནས་རྟེན་དང་དབྱེར་མེད་དུ་དམིགས། དམ་ཚིག་པ་སྲོག་གཏར་བཟུང་བའི་མན་ངག་གིས་རང་ལ་བསྡུས་ནས། གཏོར་མ་ནད་མཚོན་གྱི་སྡོང་པོ་འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་དང་བཅས་པར་བསྒྱུར་ནས་ཕྱིར་དཔགས་པ་ནི་སྤྱིར་བཏང་བའི་ལུགས་དང་། གལ་ཆེན་དམ་ཚིག་པ་རྣམས་རང་ལ་མི་བསྡུ་བར་མདུན་མཁར་བཏེགས་ནས་རྒྱབ་རྟེན་གྱི་ཚུལ་དུ་བཞུགས་ཤིང་བྱོན། དེ་ལས་སྤྲུལ་པའི་དམག་ཚོགས་དགྲ་ཡུལ་དུ་ཆས་པར་དམིགས་པའམ། ཤིནྟུ་གལ་ཆེ་ན། དམ་ཚིག་པ་རྣམས་
གཏོར་ཆེན་དང་དབྱེར་མེད་དགྲ་ཡུལ་དུ་ཆས་ཏེ་ཕྱི་ཡི་དམག་དཔོན་ཕོ་རྒྱུད་རྒྱལ་ཆེན་བཞི་དང་གཙང་རིས་ཀྱི་མགོན་པོ། ར་ཧུ་ལ་གཙོ་བོར་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་རྗེ་བོ་དང་། ཐང་ལྷ། སྤོམ་ར་སོགས་གཞི་བདག་ཟོ་དོར་གཉེན་པོ་རྣམས་དང་། མོ་རྒྱུད་ཀྱི་དམག་དཔོན་བརྟན་མ་བཅུ་གཉིས་རྣམས་ཀྱང་ཤིན་ཏུ་ཁྲོས་པའི་ཆ་ལུགས་ཀྱི་རྣམ་འགྱུར་བཅས་རང་རང་གི་འཁོར་ས་ཡ་དུང་ཕྱུར་གྲངས་མེད་ཀྱི་དམག་སྣ་དྲངས་པ་དང་། ནང་གི་ཕོ་རྒྱུད་ཀྱི་དམག་སྣ་རྡོ་རྗེ་ལེགས་པ་དང་དྲེགས་པ་རྐྱང་གསུམ་སོགས་ཀྱིས་དྲངས་པའི་ལས་དང་འཇིག་རྟེན་གྱི་མགོན་པོའི་དམག་དང་། དམག་རྒྱལ་མ་བཞི་སོགས་ཀྱིས་སྣ་དྲངས་པའི་ལས་དང་འཇིག་རྟེན་གྱི་མ་མོའི་དམག་ཚོགས་རྣམས་དང་། མ་མགོན་གཉིས་ཀྱང་སོ་སོར་མཛད་དེ་མགོན་པོ་རྟ་ནག་ལ་ཆིབས་ཤིང་། ལྷ་མོ་དྲེའུ་ལ་ཆིབས་པའི་གཡས་སུ་ཡབ་འཇིག་རྟེན་གྱི་མགོན་པོ་ལེགས་ལྡན་བདུད་བེར་དགུ་བརྩེགས་གྱོན་ནས་བདུད་རྟ་ལ་ཆིབས་པ་དང་། གཡོན་དུ་མྱུར་མགྱོགས་ཀྱི་དཔའ་བོ་འཇིག་རྟེན་
མགོན་པོ་སྲས་མཆོག་ནག་པོ་སྟག་ལ་ཆིབས་ཤིང་ཟངས་ཁྲབ་དང་ཟངས་རྨོག་འོད་འབར་གསོལ་ཞིང་། གཉིས་ཀའི་ཕྱག་ན་ཙནྡན་གྱི་བེང་ཆེན་སྒོ་དགུ་པ་བསྣམས་པའི་བེང་གི་སྒོ་ཕྱེ་བའི་རེ་རེ་ནས་ལྷ་དམག་བྱེ་བ་དུང་ཕྱུར་རེ་འགྱེད་པ་རྣམས་དང་། འཁོར་ལྔ། རྗེས་འབྲངས་རྣམས་ཀྱང་ཤིན་ཏུ་ཁྲོས་འཁྲུགས་རྔམས་པའི་སྟབས་ཀྱི་སྤྲུལ་འཁོར་གྲངས་ལས་འདས་ཀྱི་དམག་དང་བཅས་པ་རྣམས་མངོན་སུམ་དུ་ཆས་པར་བསྒོམས་། འདི་སྐབས་ལུགས་སྔ་མ་གཉིས་ལ་བདག་ཀྱི་མགོན་པོའི་ཐུགས་ཀ་ནས་རང་ཉིད་ལས་མགོན་དུ་སྤྲུལ་ནས་སྤྲུལ་པའི་འཁོར་དང་བཅས་པ་བསྐྱོད་པ་དམིགས། ཕྱི་མ་འདིར་ཤིན་ཏུ་གཉན་པའི་ལུགས་ཀྱིས་བདག་བསྐྱེད་དམ་ཡེ་གཉིས་མེད་ཡེ་ཤེས་གྱི་མགོན་པོའི་དམག་དཔུང་དང་། མདུན་བསྐྱེད་དམ་ཚིག་པའི་ལས་མགོན་བཀའ་སྡོད་ཀྱི་ཚུལ་དུ་དགྲ་ལ་ཆས་པར་བསྒོམ་པ་ཡིན། གང་ལྟར་ཡང་དར་ནག་གི་སྣ་དྲངས། གཟའ་སྒོ་དང་མཁའ་གྲོའི་གདོང་ལ་མ་ཁེལ་བའི་ཐོབས་དང་བསྟུན་ཏེ་གཏོར་མ་ཕྱི་རོལ་
དུ་ཁྱེར་ནས་སྟེགས་ཀྱི་ཁར་འཇོག །མགོན་པོའི་ལྷ་དམག་གིས་ནམ་མཁའ་དང་ས་གཞི་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གང་བར་བསྒོམ་ལིངྒ་དང་། གཏོར་མ་སྨད་ཆར་དམིགས་པའི་འགུགས་པ་ལན་གསུམ་མཐར་བསྒྲལ་དམིགས་ཀྱང་བྱས་ནས། དགྲ་བོའི་ཤ་ཁྲག་དང་གསེར་སྐྱེམས་དབྱེར་མེད་དུ་མ་དག་མས་བྱིན་གྱིས་བརླབས་པའི་གསེར་སྐྱེམས། མགོན་པོའི་དམག་ཚོགས་ལ་འབུལ་ཞིང་ཕྲིན་ལས་དྲག་ཏུ་བཅོལ། སྒོ་འཕྲང་དང་སྣང་སྲིད་ཀྱི་ལྷ་འདྲེར་བསྔོས་ནས་སྐུ་གཟུར་བ་དང་འདི་ཡི་མགོན་སྐྱོབས་མ་བྱེད་པར་བདག་གི་གྲོགས་མཛོད་ཅིག །ཅེས་བསྒོ། དེ་ནས་བཞེས་སྒྲ་དྲག་པོ་དང་བཅས། ཐུན་གཏོར་ལ་འཇུག་རྒྱུའི་ལིང་ག་དེ་ཉིད་དགྲ་བོ་དངོས་སུ་གསལ་བ་དཔལ་མགོན་འཁོར་བཅས་ཞལ་གནམ་པ་ཙམ་གདངས་པའི་ནང་ནས་མེ་ལྕེ་སྐལ་མེ་ལྟར་འབར་བའི་ནང་དུ་དགྲ་བོ་མི་ནོར་ཡུལ་མཁར་དང་བཅས་པ་ཁྱུར་བ་ཞེས་པར་དམིགས་ནས་གཏོར་མའི་ནང་དུ་མེ་སྒྲོན་གྱིས་བསྲེགས། དེ་ནས་མགོན་པོའི་ཟོར་བཅུ་པོ་རྣམས་ཀྱི་གྲི་
གུག་མེ་འབར་བའི་སྒྱོགས་ཆེན་བཅུར་གྱུར་པ་དགྲ་བོའི་ཐོག་ཏུ་འཕངས་པས་རྡུལ་དུ་བརླག་པར་བསམས་ལ། ཧཱུྃ། དཔལ་ལྡན་མགོན་པོ་སོགས་གྱེར་ཞིང་འཆམས་སྟབས་དང་བཅས་ལས་ཁུང་དུ་བཅུག་པའི་ལིང་རྐྱང་གི་སྟེང་དུ་འཕངས། བསྙེན་སྒྲུབས་སོགས་ཀྱི་སྐབས་འགུགས་པ་ནས་འདིར་བར་མ་བྱས་ཀྱང་ཆོག །དེ་ནས་ཞེ་སྡང་གི་གདུང་ཡུས་དྲག་པོས། ཧཱུྃ། གསོན་གཅིག་མ་ཧཱ་ཀཱ་ལ་ཆེ། སོགས་དབྱངས་ཀྱིས་བསྲུང་སྤྱིར་བསྐུལ་ནས། འགུགས། བསད་དང་གཏད། མནན་ཏེ་བསྒོ་བ་བཞི་ཡི་མན་ངག་རྣམས་ཞལ་ལས་འབྱུང་བ་བཞིན་བྱ་ཞིང། མཐར་རྟོགས་པ་དོན་གྱི་དགོངས་པས་དབྱིངས་སུ་སྒྲོལ་བའི་བསྒྲལ་ཐབས་ཆེན་པོའི་ཕྲིན་ལས་ལ་ནན་ཏན་བྱ། སླར་ཡང་ལོཀྟྲིའི་སྔགས་སྒད་བདུན་སོགས་བཟླ་བཞིན། བདག་མདུན། སྔགས། ལྷ། མཚོན་ཆ། ཐུན་སྟེ་དྲག་པོ་དྲུག་གི་མན་ངག་རྣམས་ཀྱང་ཚང་བར་བྱ། དེ་ནས་འདས་བྱོན་མས་གཙོ་བོ་ཡབ་ཡུམ་དང་། གང་ཞིག་བླ་མས་གཙོ་འཁོར་ཡོངས་རྫོགས་རྣམས་
བསྐུལ་བའི་སྐབས་ཀྱང་སོ་སོར། དགུགས་བསྐྲད། མནན། གཟིར་ཞིང་བསྒྲལ་བའི་མན་ངག་རྣམས་ཚང་བར་བྱ། མཐར་དཔེར་ན་རྔོན་པས་སོགས་བརྗོད་ཅིང་ནན་གྱིས་རྦད་པས། ལྕམ་དྲལ་ཕོ་ཉ་ལས་མཁན་དང་བཅས་པའི་སྤྲུལ་པ་དུ་མ་ཕྱོགས་བཅུར་བཀྱེས་པ་རྣམས་ཀྱིས་དགྲ་བོ་གབ་ཅིང་བྲོས་པའི་གནས་དང་དབང་མེད་པར། རྔོན་པས་རི་དྭགས་གསོད་པ་བཞིན་དགྲ་བོ་ཉེ་འཁོར་དང་བཅས་པ་བསད་བཅད་གཏུབ་ཅིང་རོལ་ནས་དགྲ་བོ་མི་ནོར་ཁང་ཞིང་དང་བཅས་པ་ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པའི་ཕྲིན་ལས་མཛད་པར་བསྒོམ། སྲིན་མགོན། ཞིང་སྐྱོང་དམ་ཅན་རྣམས་ཀྱི་བསྐུལ་འདོན་པའི་སྐབས་འགུགས་བསྐྲད་མནན་གཟིར་བསྒྲལ་བའི་དམིགས་པ་རྣམས་རེ་རེ་བཞིན་དུ་སྦྱར་ནས་གྱེར་བསྒོམ་ནན་ཏན་དུ་བྱ། མཐར་དགྲ་མཚོན་བཟློག་པ་ནི། ལུགས་སྔ་མ་གཉིས་ཀྱི་སྐབས། གཏོར་མ་དེ་ཉིད་ནད་མཚོན་དུག་དང་རྡོ་རྗེའི་སྒྱོགས་ཆེན་གྱི་རང་བཞིན། ལྕགས་བསྲེགས་ཀྱི་གྲི་གུག་རི་རབ་དང་མཉམ་པ་ལས། ནད་མཚོན་དུག་
རླངས་རྡོ་རྗེའི་ཐོག་གི་དབའ་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ཏུ་གྱུར་པ། དེ་ཉིད་བདག་གི་ཐུགས་ནས་ལས་ཀྱི་མགོན་པོ་གཅེར་བུ་རྡོ་རྗེ་ཕ་ལམ་གྱི་ལུས་ཅན་ཞིག་འཕྲོས་པས་དེས་ཁྱེར་ནས། དགྲ་ཡུལ་དུ་གློག་གི་དབང་དང་། གཟའ་རྒོད་ཀྱི་ཟེར་ལྟར་བརྒྱུག་ནས་དགྲ་བོ་བྱད་མ་ལྷ་བསྲུང་མི་ནོར་བདུན་རྒྱུད་ཡུལ་ཞིང་ནོར་ཕྱུགས་མཁར་དང་བཅས་པའི་སྟེང་དུ་བརྒྱས་པའི་ཐམས་ཅད་དུ་རྩི་དིར་གྱིས་སོང་སྟེ་རྡུལ་ཕྲན་བཞིན་དུ་བརླག །ལས་མཁན་དྲེགས་པའི་དམག་ཚོགས་་ཀྱང་ལས་མཁན་དེ་དང་མཉམ་དུ་ཀི་བསྭོའི་སྒྲ་སྒྲོགས་ཤིང་རྒྱུག་ནས་དགྲ་བོ་རྣམས་ལ་མཚོན་ཆའི་ཕབས་ནས་བསད་བཅད་གཏུབས་ཅིང་ཤ་ཁྲག་རུས་གསུམ་ལྷག་མེད་དུ་རོལ་པར་དམིགས་ལ། སྤྱི་དྲིལ་སྔགས་རིང་དང་། ཧེར་ནི། ཧུར། རྦད་སྔགས་བཅས་བཞི་སྦྲེལ་དང་། བདུད་ཀྱི་ཤ་ས་ན་རྦད་སྔགས་བཅས་དྲག་ཏུ་བཟླས་ཤིང་གཏོར་མ་འཕེན་ནོ། །ཡང་ལུགས་ཕྱི་མ་ལྟར་བྱེད་ན། གཏོར་མའི་ལྷ་དམ་ཚིག་པ་རྣམས་ནམ་མཁར་བཏེགས་པ། བདག་བསྐྱེད་ཡེ་
ཤེས་མགོན་པོས་མདུན་བསྐྱེད་དགྲ་ལ་རྦད་པ་ཙམ་གྱིས་ཕྱི་ནང་གི་དམག་དཔོན་རྣམས་དང་། མ་མགོན་གཙོས་ལས་དང་འཇིག་རྟེན་གྱི་མགོན་པོ་དང་མ་མོ་ལྷ་སྲིན་སྡེ་བརྒྱད་ཀྱི་དམ་དང་བཅས་པ་རྣམས་ཀྱིས། གཏོར་མ་མཚོན་ཆའི་སྒྱོག་ཟེར་རི་རབ་ལྟར་གྱུར་པ་ཕྱག་ཏུ་བསྣམས་ནས་སྐད་ཅིག་གིས་དམིགས་རྟེན་དགྲ་ཡི་ཡུལ་མཁར་ཞིང་གསུམ་མི་ནོར་ཕྱུག་གསུམ། གཉེན་སྡེ་མཛའ་བཤེས་བྱད་མ་ལྷ་སྲུང་དང་བཅས་པའི་བསྐོར་བའི་དགྲ་བོ་དངོས་སུ་སུ་གསལ་བའི་སྟེང་དུ་གནམ་ལྕགས་ཀྱི་ཐོག་དང་། གདུག་པའི་གཟའ་རྒོད་ལྷུང་བཞིན་ཆས་ཏེ་བརྒྱབ་པས། དམིགས་བྱའི་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་ཤིང་། ཤ་ཁྲག་དོན་སྙིང་རྣམས་རྔམས་ཟས་སུ་བཞེས། རྟེན་མཁར་ཡུལ་གཞིས་དང་བཅས་པ་རྗེས་ཤུལ་རྡུལ་ཕྲན་ཙམ་མེད་པར་སྐུ་དང་། ཞལ་དང་མཚོན་ཆ་རྣམས་ལས་བྱུང་བའི་མེས་བསྲེགས་ཤིང་། རྡོ་རྗེའི་འཐོར་རླུང་དྲག་པོས་གཏོར་བར་བསམས་ལ། གོང་གི་དྲག་སྔགས་རྣམས་བཟླ་བཞིན་དུ་གཏོར་མ་འཕངས་ཤིང། ཕྱག་
དར། ཆོས་གོས་སོགས་དགྲ་ཕྱོགས་སུ་བརྡབ་བོ། །དེ་ནས་རྡོ་རྗེ་བཀའ་ཟློག་སྐབས། དབང་ཕྱུག་མ་ཉེར་བརྒྱད་རང་རང་གི་ཁྱོ་དང་བཅས་པ་རྣམས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀྱི་གདོན་ཚོགས་ཀུན་བསྡུད་ནས་དམགས་ཏུ་དྲངས་ནས། སྣང་སྲིད་ཀྱི་ལྷ་འདྲེའི་རྦོད་གཏོང་དང་ཆགས་ཆེ་ཉམ་ང་། ཕ་རོལ་གྱི་བྱད་སྟེམ་རྣམས་ཕྱིར་བཟློག་བྱེད་པར་བསྒོམ། ཚེ་བདག་དང་སེང་གདོང་ལོཀྟྲི་རྣམས་ཀྱིས་ཡང་བཟློག་བྱ་ཞིང་། ཚེ་བདག་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་་ཆོས་སྐྱོང་སྲུང་མ་བདག་བསྐྱེད་འཁོར་དང་བཅས་པ་རྣམས་ཀྱིས་དྲག་པོའི་སྔགས་རྒོད་བཟླ་ཞིང་བདེན་ཚིག་དང་དམོད་པའི་ང་རོ་འབྱིན་ཞིང་ཕྱག་ཉི་ཟླའི་ཐལ་མོ་དྲག་ཏུ་བརྡབ་པས། ཕ་རོལ་གྱི་རྦོད་གཏོང་བྱད་སྟེམས་སོགས་རྡུལ་ཕྲན་དུ་བྱས་ཤིང་མེས་བསྲེགས་ཆུས་བཤལ་བར་བསྒོམ། སེང་གདོང་ལོཀྟྲིའི་ཡང་ཟློག་བྱ་བའི་དུས་ཀྱང་། དེ་རྣམས་ལྷ་སོ་སོའི་སྐུར་གྱུར་ནས་སྔགས་བཟླ་ཞིང་། ཐལ་མོ་བརྡེབ་པ་སོགས་གོང་བཞིན་དམིགས།
མཐར་སྲུང་འཁོར་དགུ་རིམ་ཀྱང་བརྟན་པོར་གསལ་བཏབས་པས་ཅིས་ཀྱང་མི་ཚུགས་བསམ། ལས་མཁན་ཆོས་སྐྱོང་ལྷ་དམག་དང་བཅས་པ་རྣམས་ཀྱང་བ་དན་དཀར་པོ་རྩེ་རྒྱལ་ཕྱར་ཞིང་དགྱེས་པའི་བསྭོ་སྒྲ་དི་རི་རི་རིར། ཞལ་རས་ཆ་གངས་བའི་ཚེས་པ་བཞིན་གཟི་བྱིན་དང་ལྡན་པར། བག་དྲོ་འུར་གྱིས་བྱོན་ནས་མདུན་རྟེན་ལ་དགྱེས་ཤིང་མི་འབྲལ་བར་བཞུགས་པ་མོས་ཤིང་། བདག་མདུན་གྱི་དཀྱིལ་འཁོར་ཡང་སྔར་བཞིན་གསལ་གདབ་པར་བྱའོ། །དེ་ནས་རྡོ་རྗེ་རྒྱ་གྲམ་གྱི་མན་ངག་གིས་ཁོ་ཡི་རྣམ་ཤེས་མནན་པ་ནི། ས་ལ་ཨེ་ཉིས་རིམ་མེད་འབར་བ་རྡོ་རྗེ་རྒྱ་གྲམ་དང་བཅས་པ་བྲིས་པའི་གཏོར་གཞོང་སྦུབས་ལ། དེ་ཉིད་ལྕགས་ཁང་གྲུ་གསུམ་པ་དབང་ཆེན་གསེར་གྱི་ས་གཞིའི་མཐིལ་ལ་ཐུག་པར་གཏིང་ཟབ་ཅིང་དོགས་པ། ཤིན་ཏུ་ནག་ཅིང་ནག་ཅིང་ཚ་ལ་རྩུབ་པ་གཤིན་རྗེའི་མུན་ཁང་། སྤུ་གྲིའི་རླུང་གི་འཁོར་ལོ་དང་མཚོན་ཆའི་བརྡབ་ཆར་དྲག་པོ་འཚུབས་པའི་ནང་དུ། དགྲ་བོ་ཕོ་མོ་ལྷ་དང་བཅས་པ་རྣམས་ཀྱི་གཟུགས་བརྙན་སྤྲེའུ་ཚུགས་སུ་
གནས་པར་དམིགས་ལ། བླ་དང་རྣམ་ཤེས་རྣམས་རང་དབང་མེད་པར་བཀུག་ནས་བསྟིམས་ཤིང་། འཆི་བདག་རྣམས་ལ་གཉེར་དུ་གཏད་པའི་ཁ་རྡོ་རྗེ་རྒྱ་གྲམ་མེ་རབ་ཏུ་འབར་བས་བཅད། དེ་ཡི་སྟེང་དུ་རི་རབ་ཆེན་པོས་མནན་པའི་སྟེང་དུ། བདག་མདུན་ལྕམ་དྲལ་གྱི་དཀྱིལ་འཁོར་པ་རྣམས་དང་། སྣང་སྲིད་ཐམས་ཅད་ལས་བཞིའི་མགོན་པོའི་སྐུར་གྱུར་པས་བྲོ་བརྡུངས་པར་བསམ་ལ། ནུབ་ནས་ཤར། བྱང་ནས་ལྷོ། ཤར་ནས་ནུབ། ལྷོ་ནས་བྱང་དུ་ལྟ་བ་དང་། སླར་ཡང་ནུབ་ནས་ཤར་དུ་གཟིགས་ཤིང་། ཧཱུྃ། རྡོ་རྗེ་འབར་བའི་སོགས་ལས་བཞིའི་བྲོ་བརྡུང་ཞིང་སོའི་མཐར་གཏོར་གཞོང་གི་ཤར་ལྷོ་ནུབ་བྱང་དབུས་བཅས་པར་གཡས་བསྐོར་གྱིས་རྡོ་རྗེ་རྒྱ་གྲམ་གྱི་མཚན་མ་འང་བྱས་ཤིང་། དགྲ་བགེགས་ཀྱི་རྣམ་ཤེས་རྣམས་བསྐལ་པའི་བར་དུ་ལྡང་བའི་སྐབས་མེད་པར་བལྟའོ། །མཐར་གཏོར་གཞོང་ནམ་མཁར་རྒྱན་པའི་ནང་དུ་བྲུས་བཀངས་ལ། སྒྲུབ་པ་པོ་རྣམས་ཀྱི་ཚེ་བསོད་ལོངས་སྤྱོད་ཀྱི་ཚོགས་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་
པར་མོས་ལ། རྣལ་འབྱོར་བདག་ཅག་སོགས་ནས། བདེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་པའི་བར་བརྗོད་ལ་དགའ་སྤྲོ་དང་ལྡན་པའི་སེམས་ཀྱི་ནང་དུ་འོང་ལ། ང་རྒྱལ་ལྔ་ཡི་མན་ངག་རྒྱལ་དབྱངས་བླངས་པ་ནི། མཆོད་པ་བཟང་དུ་བཤམས་ཤིང་དཀྱིལ་འཁོར་ལ་ཕྱོགས་པས་འགྲེངས་ལ། དར་ཕྱར། དུང་འབུད། རྔ་བསིལ་གྱི་སྒྲ་སྙན་པོ་དང་བཅས། དུག་ལྔའི་རང་མདངས་སུ་ཤར་བའི་དགྲ་བགེགས་ཀྱི་གཡུལ་ལས་རྒྱལ་བའི་དགའ་སྤྲོའི་རྣམ་འགྱུར་དུ་མ་དང་ལྡན་པས། ཀྱཻ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། སོགས་དབྱངས་སྙན་པོས་དགྱེར་ཞིང་མེ་ཏོག་དཀར་པོ་ཕྱོགས་ཀུན་དུ་འཐོར། བཀྲ་ཤིས་ཀྱི་རོལ་མོ་ཟླ་བ་ཡར་ཚེས་ཡུན་རིང་དུ་སྦེར་རོ། །དེ་ནས་གྲལ་དུ་འཁོད་ནས་སྒྲུབ་པ་པོ་ཕྱེ་མར་གྱི་ཞལ་གསོ་ཞིང་ཆོས་སྐྱོང་རྣམས་ལ་གཏང་རག་གི་ཚུལ་དུ། སྤྲོད་ན་བྱིན་རླབས་སྔོན་དུ་འགྲོ་བས། མཆོད་པ་དང་། གཏོར་འབུལ་བསྟོད་པ་གསོལ་སྐོང་རྣམས་བྱ། བསྡུ་ན་བསྐང་ཐུང་ཚར་གཅིག་གྱེར་བས་ཐུགས་དམ་བསྐང་ཤིང་ཉམས་ཆགས་
བཤགས་པའི་དམིགས་པ་དྲག་ཏུ་བྱ། དེ་ནས་དངོས་གྲུབ་བླང་བ་སོགས་མཇུག་གི་ཆོ་ག་རྣམས་རྒྱུན་བཞིན་བགྱིས་པས་འགྲུབ་བོ། །དེ་ནས་སླར་ཡང་ལས་ཀྱི་མཐའ་བསྡུད་བསྲེག་པ་ཧོམ་གྱི་གཟེར་ཁ་རྡོ་རྗེའི་མེ་འོབས་ལྟར་རྒྱས་པར་བྱེད་པའམ། གཏོར་མ་མེ་ཐབས་སུ་འབུལ་བའི་ཆོ་གར་ཁ་བསྒྱུར་མཛད་པའི་ཧོམ་རྐྱང་བྱེད་པའི་ལུགས་ཀུན་ཁྱབ་ཀྱི་གསུང་བཞིན་བགྱིས་པས་ཀྱང་ས་བཅད་ཙམ་དུ་འགྱུར་རོ། །རྩ་བའི་ས་བཅད་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ། དངོས་གྲུབ་བླངས་བ་དགའ་སྟོན་བྱ་བ། འཚམས་བསྡུ་བ་རྣམས་སོ། །དེ་ལས་དང་པོ་བླངས་བ་ལའང་གཉིས། རྟེན་གཏོར་གཤེགས་གསོལ་བྱ་ཞིང་དངོས་གྲུབ་བླངས་པ་དང་། རྟེན་གཏོར་དེ་ཉིད་ཡུན་དུ་འཇོག་ཅིང་དངོས་གྲུབ་བླངས་པའོ། །དང་པོ་ནི། སྒྲུབ་པ་པོ་ཉིད་གནས་གཞན་དུ་སྤོས་དགོས་པའམ། རྟེན་གཏོར་རྙིང་པ་བརྗེ་བ་སོགས་ཡིན་ན་བྱ་སྟེ། ཐོག་མར་འོག་ནས་འབྱུང་བ་བཞིན་ཆོ་ག་མཐར་ཆགས་སུ་བཏང་ནས་དངོས་གྲུབ་ལེན་ཆོག་བཅས་བྱ། དེ་ནས་རྟེན་
གཏོར་གྱི་ལྷ་དམ་ཡེ་གཉིས་མེད་མདུན་གྱི་ནམ་མཁར་བཏེགས་ནས། སླར་རྟེན་གཏོར་དེ་ཉིད་གསོ་བྲན་དང་། བསང་སྦྱང་བྱིན་རླབས་བཅས་བྱས་ཏེ། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། སོགས་སྔགས་རིང་དང་བཅས་པས་འབུལ་ཞིང་བསྔོས་མཐར་གཏོར་མ་དེ་ཉིད་ཆ་བཞིར་བསྒོས་ཏེ། དང་པོ་སྟོད་ཀྱི་ཆ་དེ་རྟེན་གཏོར་གསར་དུ་བཅའ་དུས་དེ་ལ་བསྲེ་རྒྱུའི་བྱིན་རླབས་ཀྱི་རྒྱུ་མར་གཟུངས་བཞུགས་རྣམས་དང་བཅས་དར་གྱི་ཁུང་དུ་ཚང་བྱ། གཉིས་པ་དེ་ཕྱི་མི་དང་དམ་མེད་ལ་མི་སྦྱིན་པར་དངོས་གྲུབ་ཀྱི་དབྱིག་ཏུ་་དམིགས་ནས་རོལ། ཆ་གཅིག་གཏེར་དུ་རྩལ་ཏེ་གསང་བའི་སྒྲུབ་པ་སྤྱི་ལས་བཤད་པའི་ཆོ་གས་རྒྱབ་རི་ལྟ་བུ་དཔལ་ཁ་བཟང་བའི་ས་ཕྱོགས་སུ་སྦ། སྨད་ཆ་དེ་དགྲ་བགེགས་སུ་དམིགས་ནས་གཏོར་མ་མེ་ཐབས་སུ་འབུལ་བའི་ཆོ་ག་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པ་བཞིན་བྱ་ཞིང་། རྗེས་ཚོགས་ལ་རོལ་བ་འོག་ནས་འབྱུང་བ་བཞིན་བགྱིས་པས་འགྲུབ་བོ། །གཉིས་པ་རྟེན་གཏོར་ཡུན་དུ་འཇོགས་ཤིང་དངོས་གྲུབ་བླངས་
པ་ནི། ཕྱིར་ནང་སྔ་བར་མཆོད་གཏོར་ཚོགས་འཁོར་བཅས་ བཟང་དུ་བཤམས་ཤིང་། ཆོ་ག་དངོས་ལ་ལེགས་ལྡན་བསྲུང་འཁོར་ཀྱང་སྦྱར་ན་ལེགས་པའི་ཡན་ལག་ཏུ ་འགྱུར་ཞིང་མ་སྦྱར་ཀྱང་ཆད་པའི་སྐྱོན་མི་འཇུག །གང་ལྟར་ཡང་མངོན་རྟོགས་ནས་བཟུང་གཞུང་མཚལ་མ་ཉིད་མཐར་ཆགས་སུ་བཏང་ནས་བདག་མདུན་གཉིས་ཀ་ཡེ་ཤེས་ཀྱི་མགོན་པོར་བསྐྱེད་ཅིང་མཆོད་པ་དང་གཏོར་འབུལ་རིགས། བསྟོད་པ་དང་གསོལ་ཁ་བསྐང་བ་བཅས་རྒྱས་པར་བྱ་ཞིང་། གཏའ་གཏོར་ཡོད་ན་སྐབས་འདིར་བསྔོ། བཟླས་པའི་སྐབས་སུ་དམིགས་པ། ཟླ་སྐར་ཕྲེང་བ། ཡེ་ཤེས་འབེབ་པ། འགལ་མེའི་འཕྲུལ་འཁོར་རྣམས་བྱ་ཞིང་ཞལ་སྦྱོར་གསུང་སྙིང་ཁོ་ན་བཟླ། མཐར་འགུགས་བསྒྲལ་བསྟབས་པའི་དམིགས་རིམ་སྟོད་ལས་བསྙེན་པའི་དུས་བྱ་ཞིང་། ཐུན་གཏོར་ཕྱིར་འབུལ་སྐབས་གཏོར་མ་ནས་མཚོན་དུག་གི་རང་བཞིན་ཅན་གྱི་གྲི་གུག་མེ་འབར་བའི་སྒྱོགས་སུ་གྱུར་པ་དེ་ཉིད། ལས་ཀྱི་རྡོ་རྗེ་མགོན་པོ་མ་རུངས་པ་གཅེར་བུ་ཞིག་ཏུ་གྱུར་པའམ།
བདག་གི་ཐུགས་ཀ་ནས་སྤྲོ་བ་གང་མོས་ཀྱིས་གཏོར་མཚོན་དེ་ཁྱེར་ནས་གློག་འཁྱུགས་པ་བཞིན་ཡུད་ཀྱིས་བརྒྱུག་ནས་ཁོ་ཡི་སྟེང་དུ་བརྒྱབ་པས་དགྲ་བོ་མི་ནོར་ལྷ་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བཏང་བར་དམིགས་པ་འདི་རྣམས་རྒྱུན་ལྡན་དུ་བྱ་བའི་བཟླས་པ་དང་ཐུན་གཏོར་མིགས་དུ་བཟུང་བ་གཅེས་སོ། །དེ་ནས་ཚེ་བདག་གི་ཡང་ཟློག་ཀྱང་བྱ་ཞིང་། དངོས་གྲུབ་བླངས་པ་དངོས་ནི། མདུན་བསྐྱེད་ཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐུ་ཤ་རྒྱས་ཤིང་ནོར་བུ་རིན་པོ་ཆེའི་རྒྱན་ཁྲ་ཆེམ་མེར་ཡོད་པ། བེར་ཕྱི་ནང་གི་སུལ་དང་ཕྱག་མཚན། སྐུ་ཡི་རྣམས་ནས་རིན་པོ་ཆེ་ཡི་ཆར་དང་། སྐུ་གསུང་ཐུགས་འཆི་མེད་བདུད་རྩིའི་རྒྱུན་དཀར་དམར་མཐིང་ལ་འཚེར་བ་དང་། སྐུ་ལྔའི་མགོན་པོ་ཡུམ་གྱི་ཚོགས་དང་ཡིག་འབྲུ་ཕྱག་མཚན་རྣམས་ཆར་དྲག་པོ་འབབས་པ་བཞིན་དུ་འོད་ཟེར་ཐིག་ལེ་མེ་འོད་འཇའ་ཚོན་གྱི་ན་བུན་དང་བཅས་པ་བྱུང་ནས་བདག་ལ་ཐིམ་པས། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ། རིན་པོ་ཆེའི་ཆར་གྱིས་གནས་ཁང་
རྣམས་ཡོངས་སུ་གང་བས་ལོངས་སྤྱོད་རྒྱས་པར་མོས། ཁྱད་པར་མདུན་བསྐྱེད་ཀྱི་ལྷ་ཚོགས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཙོ་འཁོར་ཡོངས་སུ་རྫོགས་པ་མདུན་མཁར་བྱོན་ནས་བཞུགས་པའི་ཐུགས་ཀ་ནས། འོད་ཟེར་སྣ་ལྔས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་བཅས་དང་། ཡི་དམ་མཁའ་འགྲོ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་སོགས་སྤྱན་དྲངས་པ་ནམ་མཁར་ཞུགས་པ་ལ་ཐིམ། དེ་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་བདུད་རྩིའི་རྒྱུན་བསམ་གྱིས་མི་ཁྱབ་བྱུང་ནས་བདག་གི་ལྔར་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་ཡི་དབང་དང་། ཕྲིན་ལས་བཞི་དང་གྲུབ་པ་བརྒྱད་བསོད་ནམས་ལོངས་སྤྱོད་མངའ་ཐང་མཐུ་ནུས་རྫུ་འཕྲུལ་སོགས་ཐུན་མོང་གི་དངོས་གྲུབ་དང་། དཔལ་མགོན་ཡབ་ཡུམ་གྱི་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཡེ་ཤེས་བདག་རྒྱུད་ལ་འཕོས་པས་དབྱེར་མེད་ཆེན་པོར་བྱིན་གྱིས་བརླབས་ནས་དོན་གྱི་ཡེ་ཤེས་རྩོལ་མེད་དུ་ཤར་བས་ཕྱག་རྒྱ་ཆེན་པོ་མཆོག་གི་
དངོས་གྲུབ་རྣམས་རྩལ་བ་བདག་གིས་ཐོབ། གཞན་ཡང་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་རབ་འབྱམས་ལ་དབང་ཐོབ་ཅིང་བསྟན་པ་སྲུང་བ་དང་། དགྲ་བགེགས་སྒྲོལ་བའི་སྒོ་ནས་དོན་གཉིས་རླབས་པོ་ཆེ་གྱིས་ཤིག་པར་ལུང་བསྟན་ཅིང་རྗེས་སུ་གནང་བ་ཐོབ་ཅིང་ཕྱི་མའི་མུ་མཐར་ཐུགས་གི་བར་དུ་མི་འབྲལ་བར་འགྲགས་ཤིང་། ཕྲིན་ལས་ཅི་འདོད་པ་ཡིད་བཞིན་སྒྲུབ་བོ་ཞེས་ཞལ་གྱིས་བཞེས་པའི་དབུགས་དབྱུང་རྩལ་སྟེ། མཐར་ནམ་མཁའི་དཀྱིལ་འཁོར་དེ་རྣམས་རང་ཉིད་ལ་ཐིམ་པས་ཆུ་ལས་ཆུ་བཞག་པ་་ལྟར་དབྱེར་མེད་དུ་གྱུར་པས། དཔལ་མགོན་ཡབ་ཡུམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང་གཉིས་མེད་དུ་གྱུར་སྙམ་པའི་ངེས་ཤེས་བརྟན་པོ་དང་བཅས། འོག་ནས་འབྱུང་བའི་དངོས་གྲུབ་ལེན་པའི་སྔགས་བརྒྱ་སྟོང་ཅི་འགྲུབ་བཟླས། མཐར་རྟེན་གཏོར་སྤྱི་བོར་བཞག་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། སོགས་བརྗོད་ཅིང་དབང་བླངས། དེ་ནས། བྷྱོ། མ་ཅིག་སྨིན་འཚམས་སོགས་གྱེར་ཞིང་གནས་སོ་སོར་
གཏོར་མའི་དབང་བླངས་ནས། དམིགས་པ་ནི། མདུན་བསྐྱེད་ཀྱི་དཔལ་ལྡན་ལྷ་མོའི་དཔྲལ་བའི་ཨོཾ་དང་། སྨིན་འཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་དཀར་པོའི་ཀྱི་དྲྭ་བ་དང་། དེའི་གསེབ་ནས་སྐུ་སྤྲུལ་དཀར་མོ་འབུམ་སྟེ་འཕྲོས་པས་ཕྱོགས་བཅུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ཁབ། མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་བར་དུ་གཅོད་པའི་ཕྱོགས་བཅུའི་བདུད་རྣམས་བཅོམ་དེ་རྣམས་སུ་བཞུགས་པའི་རྒྱལ་བའི་དཀྱིལ་འཁོར་རྣམས་ཀྱི་སྐུ་ཡི་བྱིན་རླབས་ཐམས་ཅད་གྲུབ་པའི་དངུལ་ཆུ་ལྟར་འོད་རབ་འོད་ཟེར་གྱི་ཐིག་ལེ་གཡུ་དྲུང་དགང་བ་འཁྱིལ་བ་སོགས་བཀྲ་ཤིས་པའི་རི་མོ་གཡས་སུ་འཁྱིལ་བའི་བདུད་རྩི་དཀར་པོའི་རྒྱུན་དང་བཅས། སྐུ་ཡི་སྤྲུལ་པའི་དཔལ་ལྡན་ལྷ་མོ་རེ་མ་ཛ་དཀར་མོ་གྲངས་མེད་པའི་རྣམ་པར་བྱོན་སྟེ་རང་གི་སྨིན་ཕྲག་ནས་ཞུགས་ལུས་ཐམས་ཅད་ཁྱབ་པས་སྐུ་ཡི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་ལྗགས་སྟེང་གིས་ཨཱཿལས་འོད་ཟེར་དམར་པོ་དང་གསུང་སྤྲུལ་དམར་མོ་འབུམ་སྡེ་འཕྲོས་པས་བདུད་རྣམས་
བཅོམ། གསུང་གི་ལྷ་མོ་རེ་མ་ཛུ་དམར་མོ་རྣམས་བསྡུས། རང་གི་མགྲིན་པར་ཐིམས་ཤིང་ལུས་ཁྱབ་པས་གསུང་གི་དངོས་གྲུབ་ཐོབ་པར་བསམ། ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ཁ་དང་། ཐུགས་སྤྲུལ་སྔོན་མོ་འབུམ་སྡེ་འཕྲོས་པས་བདུད་རྣམས་བཅོམས། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་མཐིང་ཁའི་ཚོགས་དང་ཐུགས་ཀྱི་དཔལ་ལྡན་ལྷ་མོ་རེ་མ་ཏི་སྔོན་མོ་རྣམས་བསྡུས་བདག་གི་སྙིང་ཁར་ཐིམས་ཤིང་ལུས་ལ་ཁྱབ་པས་ཐུགས་ཀྱི་དངོས་གྲུབ་བསམས་ལ་དངོས་གྲུབ་བླང་བའི་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏི་སརྦ་སི་དྡྷི་ཕ་ལ་ཧཾ། སིདྡྷི་ས་མ་ཡ་ཧཱུྃ་ཨཱཿཨོཾ། ཞེས་པས་བརྒྱ་སྟོང་སོགས་ཅི་ནུས་བཟླ་ཞིང་དངོས་གྲུབ་ཀྱི་རྫས་ལ་རོལ། དེ་ནས་དམ་ཚིག་གི་རྫས་རྣམས་ཚོགས་པའི་ག་ཎ་ཙཀྲ་གྲོགས་ཀྱིས་བཏེགས་ནས། གཟིགས་ཤིག་མཛེས་ལྡན་སོགས་གྱེར་ཅིང་དབུལ། སྒྲུབ་པོས་ཀྱང་། བདེ་བར་གཤེགས་པ་སོགས་བརྗོད་ཅིང་བླངས་ཏེ། ནང་གི་བསྲེག་བླུག་ཏུ་རོལ་ཞིང་ལོངས་སྤྱོད་པའི། ལྷག་མ་གཙང་ལྷག་དང་
ཕྱོགས་བསྡུས་པ་ལ་བདུད་རྩིས་བྲན་པ་དེ་ཉིད་ཤ་ཁྲག་གམ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་པའི་ལྷག་གཏོར་རི་རབ་དང་མཉམས་པ་དུ་མ་ལས་དང་འཇིག་རྟེན་གྱི་ཤ་ཟའི་མཁའ་འགྲོ་སྤྲུལ་པ་དང་ཕོ་ཉའི་ཚོགས་དང་བཅས་པ་ལ་བསྔོ་ཞིང་བསྟན་པ་བསྲུང་བ་དང་། བརྣགས་པ་སྒྲོལ་བའི་ཕྲིན་ལས་བཅོལ་ཞིང་ཟ་ལམ་བསྟན་པའང་གལ་ཆེན་བྱའོ། །རྗེས་ཆོག་སྐབས་མཆོད་ཁ་གསོ་བྲན་བྱ་ཞིང་། ཐུགས་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བདག་མདུན་ལ་མཆོད་ཅིང་བསྟོད་ནས་མཐར་རང་ལ་བསྡུ། བཤགས་པའི་སྐབས། བདག་གི་ལུས་ཐ་མལ་དང་སྦྱིན་བདག་རྣམས་ཀྱི་ལུས་གྲངས་མེད་དུ་གྱུར་ནས་ལུས་ཀྱི་ཕྱག་འཚལ་བ་དང་། ཡིད་ཀྱི་དྲག་པོས་ཉམས་ཆགས་བཤགས་པར་མོས་ཤིང་། ངག་ཏུ། ཧཱུྃ། དོན་དམ་ཆོས་ཀྱིས་དབྱིངས་ལས་མ་གཡོས་ཀྱང་། སོགས་བརྗོད་ཅིང་། མཐར་མན་ངག་གི་ཡིག་བརྒྱ་སྟོང་ཅི་འགྲུབ་བཟླ་ཞིང་། དམིགས་གནད་བཀྲ་ཤིས་པའི་མན་ངག་བཞིན་བྱ། གཟུངས་ཀྱང་བརྒྱ་རྩ་སོགས་གྲངས་མང་
བརྗོད་མཐར། མ་འོངས་པ་ན་སོགས་ཀྱིས་སྨོན་ལམ་གདབ་ཅིང་། མདུན་བསྐྱེད་ཀྱིས་ཡེ་ཤེས་པ་ནི་རྟེན་ལ་བཞུགས་སུ་གསོལ། དམ་ཚིག་པ་ཆོས་སྐྱོང་གི་སྲོག་གཏའ་མར་བཟུང་བའི་མན་ངག་བཞིན་བྱ། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པས་རང་ལ་བསྟིམ། དམ་ཚིག་པའི་རྟེན་བརྟེན་པར་བཅས་པ་མཐའ་ནས་དབུས་སུ་ཐུགས་སྲོག་གི་བར་ཕྲ་མོའི་རྣལ་འབྱོར་གྱིས་བསྡུས་ཤིང་། དེ་ཡང་གསལ་ཆེན་པོའི་དབྱིངས་སུ་བཞག །སླར་ཐུན་མཚམས་ཀྱི་ལྷ་མགོན་པོ་གཅེར་བུ་སྟག་ཤམ་ཅན་རྒྱན་དང་ཕྱག་མཚན་ཡོངས་སུ་རྫོགས་པའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ཡི་གེ་དང་། བ་སྤུའི་བུ་ག་ཐམས་ཅད་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་ཕྲ་མོ་རེ་རེས་འབུར་བཏབས་སུ་མཚན་པས་བསྲུངས་ཞིང་། སྐུ་ལས་ཡེ་ཤེས་ཀྱི་འབར་བས་ཕ་རོལ་གྱི་རིགས་ཀྱི་མཐུ་རྣམས་བྱ་སྒྲོ་མེས་བཅོམ་པ་བཞིན་བསྲེགས་ཤིང་འཇོམས་པར་བྱེད་པའི་སྐུར་ལངས། མདུན་དཀྱིལ་རྡུལ་ཚོན་ཡིན་ན་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ནས། ཨ་ཀཱ་རོ་བརྗོད་
ཅིང་དབང་ལྡན་ནས་གཙོ་བོའི་ལྷ་གནས་པར་གཡོན་པའི་སྲིན་ལག་གིས་རེ་ཝཱ་འཐེན་ཅིང་ལྷ་མཚན་སྤྱི་བོར་བླངས་ཤིང་དངོས་གྲུབ་ ཏུ་མོས་པས་ལྕེར་མྱང་། མཚོན་རྣམས་མཐའ་ནས་དབུས་སུ་བསྡུ་ཞིང་བུམ་པར་བླུགཐིག་ཤུལ་དྲི་བཟང ་གི་ཆུ་བཀྲུ། མཚོན་དེ་ཉིད་བཀུར་བསྟི་ཆེན་པོ་དང་བཅས་སྤྱི་ལྟར་ཆུ་བོར་གཤེགས་པའི་ཆོ་ག་བྱ། རས་བྲིས་ཡིན་ན་བསྡུ་ཞིང་། གང་ལྟར་ན་འང་མཐར། དགེ་བ་འདི་ཡིས་སོགས་དགེ་བསྔོ་སྨོན་ལམ་བཅས་དང་། ཨོཾ། སྔོན་ཚེ་བཅོམ་ལྡན་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱའོ། །གཉིས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་ཡུལ་གཞིའི་བདག་པོ་དང་བཅས་པ་ལ་གཏང་རག་གི་བསང་བརྔན་དང་། སྒྲུབ་པ་པོ་རྣམས་ཚོགས་ཀྱི་འཁོར་ལོ་སོགས་དགའ་སྟོན་བཟང་པོས་ཚིམས་པར་བྱའོ། །གསུམ་པ་ནི། ཕྲལ་དེར་འཚམས་ཐོ་མི་བསྡུ་ཞིང་། གལ་ཆེན་དམ་ཚིག་གཙང་མའི་རིགས་མ་གཏོགས་ཐམས་ཅད་དང་གདོང་མི་ཅིང་
གནས་སྲུང་། ཕྱིར་ནང་དཀྱིལ་འཁོར་ལ་སོགས་པའི་ལས་ཀྱི་ཤུལ་མི་སྣང་བར་བྱས་ནས་རྒྱལ་ཐོ་བསྡུ་བ་ནི། ཐོད་རྩར་མཆོད་པ་ཕྲེང་ཚར་དང་། མཆོད་གཏོར་ཟས་ཕུད་སྐྱེམས་དང་བཟང་རྒུ་བཤམས་པར། སྔར་ཐོ་འཇུག་གི་སྐབས་ལྟར་བྱིན་གྱིས་བརླབས་ཤིང་། རྩ་སྔགས་སོ་སོར་གཏོར་སྔགས་བཏབ་པ་ལན་གསུམ་རེས་གཏོར་མས་ཕུལ་ལ་ཉེར་སྤྱོད་རྣམས་ཀྱང་སྔགས་ཀྱིས་དབུ་ལ་མཐར། ཧཱུྃ། མཐུ་ཆེན་རྒྱལ་པོ་རྣམ་པ་བཞི། འཁོར་གཡོག་རྒྱ་མཚོའི་ཚོགས་བཅས་ཀྱི། ཐུགས་རྗེའི་མཐུ་ཡིས་སྒྲུབ་པ་ནི། བར་ཆད་མེད་པ་མཐར་ཕྱིན་པས། སྔར་བཅོལ་བསྒྲུབ་པའི་གཏང་རག་ཕྱིར། འདོད་ཡོན་རྒྱ་མཚོའི་སྤྲིན་འཕྲོ་བའི་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་བརྗོད་པས་སླར་འདོད་དོན་གསོལ་ནས། བཛྲ་མུས་རང་གནས་སུ་གཤེགས་པའམ། དགོན་གནས་ཡིན་ན་དེ་ཉིད་ཡུན་དུ་བསྲུང་བའི་ཕྲིན་བཅོལ་བཅས་རྒྱལ་ཆེན་ནམ་སྲུང་མའི་རྟེན་སྤྱིར་དམིགས་ནས་བརྟན་བཞུགས་བྱས་ལ་ཐོ་དེ་ཉིད་བསྡུ་ཞིང་། ཤིས་པ་བརྗོད་པའི་ཚིགས་སུ་
བཅད་པ་བརྗོད་ཅིང་བདེ་ལེགས་ཀྱི་མེ་ཏོག་གི་ཆར་དབབས་པར་བྱའོ། །འདིར་སྨྲས་པ། ཤྲཱི་ཤྲཱི་ཤྲཱི། ཆོས་ཀྱི་དབྱིངས་ཉིད་ཤིན་ཏུ་ཞིབ་གང་མ་རྟོགས་འགྲོ་རྣམས་སྒྲོལ་བའི་སླད། །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་འཆང་ཆེན་འཇིགས་བྱེད་ཁྲོ་བོའི་སྐུར་བསྟན་ནས། །འཇིག་རྟེན་གསུམ་གྱི་གདུག་ཅན་འདུལ་ཞིང་རྒྱལ་བའི་བསྟན་པ་བསྲུང་མཛད་ལྷ། །རྡོ་རྗེའི་དེད་དཔོན་མཧཱ་ཀཱ་ལ་ལྕམ་དྲལ་འཁོར་བཅས་རྒྱལ་གྱུར་ཅིག །གང་གི་གསང་བ་བསམ་གྱིས་མི་ཁྱབ་དགྱེར་རྒུར་སྤྱོད་པའི་ཕྲིན་ལས་ནི། །སྣ་ཚོགས་ནོར་བུས་སྐལ་ལྡན་རེ་བའི་ཡོལ་གོ་ཡིད་བཞིན་བསྐང་ནས་སླར། །སངས་རྒྱས་བསྟན་ལ་སྡང་བས་ཞུགས་པའི་ལོག་འདྲེན་ཐལ་བར་འབྱིན་པ་ཡི། །སྔགས་ཀྱི་འཁྲུལ་འཁོར་རྡོའི་སྒྱོགས་ཆེན་བསྟན་པ་བསྲུང་བའི་མཚོན་ཆར་གྲུབས། །ལམ་འདིར་ཞུགས་ནས་དགའ་ཆེན་ཁྱོད་ནི་ཉེ་བར་བསྙེན་ཅིང་ཚུལ་བཞིན་དུ། །ཏིང་ངེ་འཛིན་གྱི་རྣལ་འབྱོར་བརྟན་པས་ཁྱོད་ཀྱི་གོ་འཕང་མཆོག་བསྒྲུབ་ནས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་བཞི་
སོགས་རབ་འབྱམས་ལས་ཀྱི་མཐུ་ཐོབ་སྟེ། །མངོན་སྤྱོད་སྦྱོར་བས་བྲིད་གསུམ་དགྲ་སྡེ་བཅོམས་ནས་བསྟན་པ་བསྲུང་བྱེད་ཤོག །དེ་ལྟར། རྗེ་བཙུན་ནག་པོ་ཆེན་པོ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་ཅན་ལྕམ་དྲལ་བསྙེན་ཅིང་བསྒྲུབ་པ་དང་། ལས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་གྱི་ཕྲིན་ལས་ལ་བརྟེན་ནས་ཡིད་ལ་བརྣག་པའི་བསྟན་དགྲ་རྣམས། དྲག་པོའི་མངོན་སྤྱོད་ཀྱི་འཁྲུལ་འཁོར་གྱིས་བསྒྲལ་བའི་ལས་རིམ་ལ་འཇུག་པའི་དམིགས་རྐང་ཉེ་བར་མཁོ་བ་རྣམས་གོང་འོག་ཏུ་འཁྲུགས་པ་བསྡེབས་ནས་སྦྱོར་དངོས་རྗེས་གསུམ་དང་མན་ངག་གི་གནད་རྣམས་ཚང་ལ་ཁྱེར་བདེ་ཉུང་གསལ་ཀྱི་ཚུལ་དུ་བཀོད་པའི་དེ་བཞིན། དཔལ་མགོན་སྒྲུབ་པའི་ལས་སྦྱོར་གྱི་ཡི་གེས་ས་སྟེང་ཁྱབ་ཀྱང་། དོན་གྱི་ཉིང་ཁུའི་མན་ངག་རྣམས་སྔོན་ཆད་བཀའ་རྒྱ་ཤིན་ཏུ་དམ་པའི་དབང་གིས་མན་ངག་གི་གནད་རྣམས་སྙན་ནས་སྙན་དུ་བརྒྱུད་ཅིང་། ཐུགས་ཀྱི་མཛོད་སྦ་བར་མཛད་ལ། ཡིག་ཆར་བཏབས་པའི་མན་ངག་རྣམས་ཀྱང་གོང་
འོག་ཏུ་ཀླུགས་ཤིང་འཐོར་ཐབས་སུ་བཞུགས་པས་བདག་ལྟའི་བློ་དམན་རྣམས་ཀྱིས་ཤིན་ཏུ་རྟོགས་དཀའ་བར་སྣང་ཞིང་། ཡིག་ཆ་བསྟན་པའི་བབ་ཀྱིས་རྒྱུན་ཤིན་དུ་དཀོན་ཞིང་ཁྲི་ལུང་གི་རྒྱུན་ཙམ་ཡང་ཐེབ་པའི་གནས་མི་འཚལ་བ་འདི་ལྟར་རང་རེ་རྣམས་བཀའ་བརྒྱུད་རྡོ་རྗེ་འཆང་ཆེན་རྣམས་ཀྱི་གསང་བའི་མཛོད་འཛིན་ཅིང་ཁོང་དུ་ཆུབ་པར་བྱ་བའི་བསོད་ནམས་ཀྱི་སྐལ་པས་ཤིན་ཏུ་འབུལ་སོགས་གྱུར་མོད། འོན་ཀྱང་དེ་དག་གི་སྙིང་པོར་གྱུར་པའི་གནད་གསང་གི་གདམས་ཟབ་ཡིད་བཞིན་གྱི་ནོར་བུ་དང་། སྐྱེས་བུའི་སྲོག་ལས་གཅེས་པ་ཉུང་ཟད་ཅིག་བཞུགས་འདི་ཡང་། དུས་ཞབས་སུ་སྐྱེས་པའི་སྟོབས་ཀྱིས་དུག་ལྔ་དང་ཆོས་བརྒྱད་ཀྱི་འདུ་འཛིའི་ཁུར་གྱིས་བྲེལ་བའི་བསྟན་འཛིན་དུ་ཁས་འཆའ་བ་བདག་གིས་དོན་བརྒྱུད་ཀྱི་མན་ངག་རྣམས་སྒྱིད་སྙོམས་དང་རྣམ་གཡེང་ཆེ་ཞིང་། དད་བརྩོན་བློ་གྲོས་རྣམས་དམན་པའི་རྐྱེན་གྱིས་གལ་ཆུང་དང་ལེ་ལོས་བརྗེད་ངེས་པའི་དབང་དུ་གྱུར་ཏེ། དགུན་དུས་ཀྱི་ལྷ་དགུ་དང་ནམ་ལང་གི་སྐར་མ་
ལྟར་འགྱུར་གྱི་དགོས་པས་འཇིགས་ཤིང་། གདན་ས་ཆེན་པོ་མཚུར་མདོའི་རྡོ་རྗེ་སློབ་དཔོན་ལེགས་བཤད་ཕུན་ཚོགས་ལགས་ནས་རིན་པོ་ཆེའི་མཎྜལ་སྣོད་བཅུད་ཡོངས་སུ་རྫོགས་པའི་རྟེན་འབྱུང་གིས་སྤྲས་པ་དང་། བཀྲ་ཤིས་པའི་ལྷ་དར་བཅས་འདི་ལྟ་བུ་ཞིག་སྦྱོང་ཤིག་ཅེས་བསྐུལ་མ་མཛད་པས་འཚམས་སྦྱར་སྟེ། སྔ་ཕྱིར་ལྷག་པའི་ལྷ་དང་བླ་མ་མགོན་པོ་དབྱེར་མེད་འདི་ཉིད་ཀྱི་བསྙེན་སྒྲུབ་ཡོངས་བསྡོམས་བདུན་ཕྲག་བཅོ་ལྔ་ཙམ་བགྱིས་པའི་སྐབས་ཞལ་སྦྱོར་གསུང་སྙིང་ཁོ་ན་འབུམ་ཐེར་ཉེར་གསུམ་དང་ཁྲི་ལྔ་ལྷག་ཙམ་དང་། གཞན་ཡང་སྤྱི་དྲིལ་སོགས་ཅི་རིགས་པ་བསྙེན་པའི་ཁུལ་བྱེད་པའི་སྐབས། འཁྲུལ་སྣང་ལ་ངེས་པ་ཤིན་ཏུ་དབེན་པར་གྱུར་མོད། འོན་ཀྱང་ཚུལ་འཆོས་ཀྱི་ལྷན་པོ་གསར་དུ་བཏབས་ནས་གནང་བ་ཐོབ་པར་རློམ་པའི་མཚན་མར་བཟུང་ཞིང་། སླར་ཡང་གསོལ་བསྐང་བཤགས་པ་སོགས་སྟོང་ཕྲག་བཅོ་ལྔ་ལས་ལྷག་པ་ཕུལ་ནས་གནང་བ་ཞུས་ཏེ། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་གྱིས་བརླབས་ཤིང་སྐྱེས་རབ་བཅོ་ལྔ་
པར་འབོད་པའི་རྨོངས་པ་བདག་གིས། གོང་དུ་བརྗོད་བཞིན་པ་ལྟར། མན་ངག་གི་རྒྱུན་ཆད་པར་འཕོངས་ནས་ཟིན་བྲིས་སུ་བགྱིས་པ་འདིས་གཙོས་རྡོ་རྗེའི་མིག་ལྡན་གྱི་སྐོར་ཚེ་ལྔ་པོ་འདི་རྣམས་སླད་ནས་སྤར་ལ་འགོད་ཅིང་གཉེར་མེད་ཁྱབ་བརྡལ་དུ་མི་གཏོང་བ་དང་། ཡང་བཀའ་རྒྱར་སྙད་དེ་མན་ངག་གི་རབས་མི་གཅོད་པར། བསྟན་པའི་སྙིང་པོ་མི་འཆོལ་བར་འཛིན་པ་དང་མི་ཆད་པར་སྤེལ་བའི་ཐབས་ལ་མཁས་ཤིང་ཚོད་རིག་པར་མཛད་འཚལ། །ཞེས་བདག་གིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ལགས་ཤིང་། ཁྱད་པར་དུ་བསྙེན་ཡིག་འདི་དང་། མན་ངག་གི་ཡི་གེ། དབང་ཆོག་བཅས་སྐོར་གསུམ་པོ་འདི་བླ་མ་བསྙེན་སྒྲུབ་ཐེབས་པས། སློབ་མ་བརྒྱུད་པ་འཛིན་ངེས་ཞལ་སྦྱོར་གྱི་དབང་ཆེན་ཐོབ་པ་ལ་སྤེལ་ཞིང་། གཉིས་ཀས་དཔེ་གཞན་ལ་སྟོན། མན་ངག་རྣམས་ངག་ཏུ་བསྙད་པ་ཙམ་ཡང་མི་བྱེད་པ། དམ་ཚིག་གི་བཀའ་རྒྱས་བཏབས་པ་འདི་ལས་མི་འདའ་བར་གསང་བའི་འདི་གཡར་དམ་གཉེན་པོ་ཅིས་ཀྱང་འབད་པས་དང་
དུ་བཞེས་ཤིང་། བསྲུང་སྡོམ་མཛད་འཚལ་ལོ། །སླར་ཡང་ཆེད་དུ་བརྗོད་པ། སྭ་སྟི། དེ་ལྟར་མན་ངག་ཟབ་གསང་སྙིང་པོའི་བཅུད། །རྒྱུན་མི་ཆད་པར་ཡུན་ཏུ་གནས་བགྱིའི་སླད། །མཁའ་ཁྱབ་རྡོ་རྗེ་ཞེས་བྱའི་སྙོམས་ལས་མཁན། །དེས་བཀོད་དགེ་བས་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེའི་གསང་ཚིག་མཁའ་འགྲོ་ཆོས་སྐྱོང་གི། །སྲོག་གི་བཀའ་རྒྱའི་མདུད་པས་དམ་བཅིངས་པ། །བཀྲོལ་ཏེ་སྙིང་གི་བྱང་བུར་བཀོད་པ་འདི། །སྐལ་ལྡན་སྐྱེས་བུའི་སྲོག་གི་ནོར་དུ་བརྟེན། །རྡོ་རྗེའི་སྙིང་པོའི་གསང་ཚིག་ཀརྨ་པའི། །ཕྲིན་ལས་རང་མདངས་ཆོས་སྐྱོང་སྲོག་གི་སྙིང་། །འདི་བཀོད་མི་འཆོལ་དམ་ཚིག་གནད་ཀྱི་རྒྱ། །རྡོ་རྗེའི་མདུད་པས་བཏབས་འདི་གཅེས་པར་སྲུངས། །ཞེས་པའང་སྨྲས་སོ། །བཀྲ་ཤིས་དཔལ་འབར་ཀརྨ་བཀའ་བརྒྱུད་བསྟན་པ་རབ་འབར་རྒྱས་འབར་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག། །།ཤུ་བྷྃ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་
པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།