བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་སྟོད་ཆ། ཀུ་སུ་ལུ་པུ་ཎྱེ་ལ་ཀྵ་ས།
བདུད་ཀྱི་གཅོད་ཡུལ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་བཞུགས་པ་ལགས་སོ། །
ན་མོ་པྲ་ཛྙཱ་པ་ར་མི་ཏ་ཡེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཡེ་ནས་གནས་ལུགས་ཕྱོགས་བྲལ་སྙིང་པོའི་དོན། །བཅིང་གྲོལ་མེད་ལས་རྐྱེན་གྱིས་འཁྲུལ་མ་མྱོང་། །དང་པོའི་སངས་རྒྱས་ཡུམ་ཆེན་ཕ་རོལ་ཕྱིན། །མཐའ་རྣམས་ཀུན་བྲལ་མ་ལ་གུས་ཕྱག་འཚལ། །མི་ཡི་ཁྱུ་མཆོག་འགྲོ་བའི་མགོན་པོ་རྗེ། །སྟོང་གསུམ་འཇིག་རྟེན་ཀུན་ལ་དབང་བསྒྱུར་ཞིང་། །སྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པའི། །ཤཱཀྱ་སེངྒེའི་ཞབས་ལ་གུས་ཕྱག་འཚལ། །རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོགས་བཅོམ། །ཐུགས་རྗེ་ཟེར་གྱིས་མུན་པ་སེལ་མཛད་རྟགས། །ཤེས་རབ་རལ་གྲི་ཀླད་ལ་བསྐོར་ཆེན་མཛད། །སྨྲ་བའི་སེངྒེའི་ཞབས་ལ་གུས་ཕྱག་འཚལ། །སྨྲ་བསམ་ལས་འདས་ཤེས་རབ་ཕ་རོལ་ཕྱིན། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །འཁོར་བ་ལས་སྒྲོལ་ཏུ་རེའི་བདག་ཉིད་མ། །རྗེ་བཙུན་སྒྲོལ་མའི་ཞབས་ལ་གུས་ཕྱག་འཚལ། །བསྐལ་མང་སྔོན་ནས་སྦྱང་པ་ཞིབ་པའི་རྟགས། །རྒྱ་བོད་རྟོགས་ལྡན་གྲུབ་ཐོབ་མི་གཟུགས་ཅན། །བདག་གཞན་གཉིས་ཀྱིས་དོན་རྣམས་སྨིན་མཛད་པའི། །གྲུབ་ཐོབ་གཅོད་བརྒྱུད་རྣམས་ལ་གུས་ཕྱག་འཚལ། །ལྷན་སྐྱེས་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ས་སྟེང་འདི་ན་གདུལ་བྱ་སྨིན་གྲོལ་ཕྱིར། །སྤྲུལ་པའི་སྐུ་མཆོག་མ་ཅིག་ལབ་སྒྲོན་ཞེས། །ཡེ་ཤེས་མཁའ་འགྲོ་མ་ལ་གུས་ཕྱག་འཚལ། །གཅོད་གཞུང་ཁྲིག་ཆགས་ཁྲིགས་མེད་ཁ་འཐོར་དོན། །གཞན་ལ་ཕན་སེམས་ལྡན་པས་བརྗོད་མིན་ཀྱང་། །རང་གིས་རང་ཁའི་བརྗེད་པ་སྤང་བའི་ཕྱིར། །ཕྱོགས་ཙམ་གོ་ནས་ཟུར་ཙམ་སྡེབ་པ་ལ། །གཅོད་བརྒྱུད་རྟོགས་ལྡན་མཁས་རྣམས་མི་བཀྱོན་ཞུ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པར་བྱེད་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། སྤྱིར་ཆོས་པའི་ཤན་འབྱེད། རྟོགས་པའི་བོག་འདོན། ལྷ་འདྲེའི་དབང་བསྡུད། དངོས་གྲུབ་རྣམ་གཉིས་འབྱུང་བའི་ནོར་བུ་སྐམ་ཐག་ཆུ་ནང་ནས་ཆོད་པར་བྱེད་པའི་ཐབས་འདི་ལ་དོན་ལྔ་སྟེ། ཟུང་བཞི་ཡ་བརྒྱད་ཀྱིས་གཅོད་ཀྱི་ཁོག་དབུབ་པ། མཚོན་པ་དཔེ་དྲུག་གི་གཅོད་ཀྱི་ཆེ་བ་བསྐྱེད་པ། ཕྱི་ནང་གསང་གསུམ་གྱི་སྒོ་ནས་གཅོད་ཀྱི་ཆོས་ངོས་བཟུང་པ། བློ་ལྡོག་རྣམ་པ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་སྦྱོང་བ། དངོས་གྲུབ་རྣམ་གཉིས་འབྱུང་བར་བྱེད་པ་ལ་གཅོད་ཀྱི་མན་ངག་ལག་ལེན་དུ་བསྟན་པ་དངོས་སོ། །དང་པོ་ལ་བཞི་སྟེ། རིགས་ཀྱི་སྒོ་ནས་ཕྱེ་ན། བཀའ་རྒྱུད་དང་དོན་རྒྱུད་གཉིས། ཞུ་བ་པོ་གང་ཟག་གི་སྒོ་ནས་ཕྱེ་ན། ཕ་རྒྱུད་དང་མ་རྒྱུད་གཉིས། ཡོངས་སུ་གྲགས་ཚུལ་གྱི་སྒོ་ནས་ཕྱེ་ན། བཀའ་མ་དང་གཏེར་མ་གཉིས། ངོ་བའི་སྒོ་ནས་དབྱེ་ན། གཞུང་ཁྲིགས་ཆགས་དང་ཁྲིགས་མེད་ཁ་འཐོར་གཉིས་སོ། །དང་པོ་བརྒྱུད་ངོས་བཟུང་བ་ལ་གཉིས་ཏེ། ཕྱི་མཚན་ཉིད་ལྟར་ངོས་བཟུང་ན། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་གསུངས། དེས་ཐོག་མེད། དེས་དབྱིག་གཉེན། དེས་ཨཱརྱ་དེ་བ། དེས་དམ་པ་རྒྱ་གར། དེས་སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་ཅིག་ལབ་སྒྲོན། དེས་ཁུ་སྒོམ་ཆོས་སེང་། དེས་རིམ་པར་བརྒྱུད་པ་ནི། མཚན་ཉིད་ལྟར་གྱི་བཀའ་བརྒྱུད་ཡིན་ནོ། །གཉིས་པ་སྔགས་ལྟར་གྱི་བཀའ་བརྒྱུད་ངོས་བཟུང་ན། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས། དྲུག་པ་རྡོ་རྗེ་འཆང་ཆེན་བརྒྱུད། དེས་ཤཱཀྱ་ཐུབ་པ་ལ། དེས་འཇམ་དཔལ་སྨྲ་སེང་ལ། དེས་ཨརྱ་དེ་བ་ལ། དེ་མན་གོང་དང་འདྲ། གཉིས་པ་དོན་བརྒྱུད་ལྟར་ངོས་བཟུང་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ལས་མ་ཅིག་གིས་གསན་པ་ཡིན་ཏེ། མདོ་རྒྱས་འབྲིང་བསྡུས་གསུམ་ཁ་འདོན་བགྱིས་དང་། གདམ་པ་ནང་ནས་འཆར་གྱིན་གསུང་། དེ་བཞིན་མཛད་ནས་གཅོད་ཀྱི་གདམ་པ་འདི་མ་ཅིག་གིས་ཐུགས་ལ་འཁྲུངས་པའི་མྱོང་ཆོས་ཡིན། ཡང་ན་དོན་གྱི་བརྒྱུད་པ་ནི། འཇམ་དཔལ་སྨྲ་བའི་སེངྒེ་ལ་གཏད། སྨྲ་བའི་སེངྒེ་རང་གི་ཐུགས་ཀ་ནས་རལ་གྲི་བཏོན་ནས་སངས་རྒྱས་ལ་གདེང་པ་ལ། ཤཱཀྱ་ཐུབ་པའི་ཞལ་ནས། ངས་བདག་མེད་པར་བསད་ཟིན་གྱིས། སེམས་ཅན་རྣམས་སྐྱེ་འགགས་དང་བྲལ་བར་གསོད་ཅིག་གསུངས་ནས་དོན་ཕར་ཕྱིན་གྱི་རྗེས་སུ་གནང་བར་མཛད་དོ། །གཉིས་པ་ཕ་བརྒྱུད་དང་མ་རྒྱུད་ངོས་བཟུང་བ་ལ་གཉིས་ཏེ། དང་པོ་ནི། ཆོས་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་ངང་ལས་སེམས་ཅན་གྱི་དོན་དུ་རྗེ་བཙུན་སྒྲོལ་མས་གསོལ་བ་བཏབ་པས། ཆོས་དབྱིངས་ནམ་མཁའ་ལྟ་བུ་དེ་ལ་འཇའ་ཚོན་ལྟ་བུའི་སྐུ་གཟུགས་ཞལ་གཅིག་ཕྱག་བཞི་མ་གསེར་བའི་མདོག་ལྟ་བུ། རཏྣ་སྣ་ཚོགས་ཀྱིས་བརྒྱན་པ་གཅིག་བྱོན་ནས། ཕ་རོལ་ཏུ་ཕྱིན་པའི་དོན་རྗེ་བཙུན་སྒྲོལ་མས་གསུངས། དེས་སུ་ཀ་སིདྡྷི་གསུངས། དེས་དམ་པ་རྒྱ་གར་ལ་གསུངས། དེ་ནས་རིམས་པར་བརྒྱུད་པ་ནི་མ་རྒྱུད་དོ། །ཕ་རྒྱུད་ནི་རབ་འབྱོར་གྱིས་ཞུས། སྟོན་པས་གསུང་ཀུན་དགའ་བོས་བསྡུས་ནས་བྱམས་མགོན་ལ་གསུངས། དེས་ཐོག་མེད། དེས་དབྱིགས་གཉེན། དེས་ཨཱརྱ་དེ་ཝ། དེས་དམ་པ་རྒྱ་གར་ལ་སོགས་རིམ་བཞིན་བརྒྱུད་ལུགས་ནི་བཀའ་རྒྱུད་དང་མཐུན་ནོ། །གསུམ་པ་བཀའ་གཏེར་གཉིས་ངོས་བཟུང་བ་ནི་གཉིས་ཀྱི་དང་པོ་ནི་མ་ཅིག་རང་གིས་གསུང་ཐམས་ཅད་བཀའ་ཟེར་སྟེ། ཅིའི་ཕྱིར་ན་མ་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་འདོན་བྱས་པའི་དུས་སུ། བདུད་ཀྱི་ལེའུའི་སྐབས་སུ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གང་ལ་ཆགས་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཅེས་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་པ་སོགས་གཟིགས་ནས་བདུད་བཞི་རང་སར་གྲོལ་བའི་རྟོག་པ་ཁྱད་པར་ཅན་བཅོམ་ལྡན་འདས་ཀྱིས་གསུང་པའི་བཀའ་དང་ཁྱད་མེད་དུ་རྟོགས་པས། མ་ཅིག་གི་གསུང་པ་ལ་བཀའ་ཞེས་བརྗོད་པའི་དོན་དེ་ཡིན། ཡང་ན་ནི་མ་ཅིག་གིས་གསུང་པའི་གཅོད་འདི་ལུང་སྟོན་པའི་བཀའ་ཡང་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ངའི་བསྟན་པའི་སྙིགས་མ་ལ། །ཡུམ་ཆེན་ཕ་རོལ་ཕྱིན་མ་ཡིས། །སྤྲུལ་པ་ལབ་སྒྲོན་ཞེས་བྱ་འབྱུང་། །ཕྲིན་ལས་ཆོས་ཀྱི་དབྱིངས་ལ་སྤྱོད། །དེ་དང་འབྲེལ་པ་གང་ཡོད་པ། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཅེས་དང་། མདོ་དྭང་སྙིགས་འབྱེད་པ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །སྒྲོན་མེ་ཞེས་བྱའི་མིང་ཅན་འབྱུང་། །སྐྱེ་མེད་སྙིང་པོའི་དོན་ལ་མཁས། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉལ། །དེའི་ཆོས་ནི་རྒྱས་པར་འགྱུར། །ཅེས་སོ། །གཉིས་པ་གཏེར་མ་ནི། སྲས་མོ་བཞི་ལ་བྱིན་རླབས་ཀྱི་བཀའ་བབ་ཅིང་། སྲས་མོ་བཞིའི་ཆོས་ཐམས་ཅད་ལ་མ་རྒྱུད་གཏེར་མའི་ཆོས་སྐོར་བྱ་བ་གྲགས་སོ། །བཞི་པ་ཁྲིག་ཆག་ཁྲིག་མེད་ངོས་བཟུང་ལ་གཉིས་ཏེ། ཁྲིག་ཆག་ནི། མ་ཅིག་གིས་ཆོས་ལ་དད་ནས་བཟུང་སྟེ། སངས་མ་རྒྱས་ཀྱི་བར་དུ་གདུལ་བྱ་གཅིག་དྲངས་བའི་ཐབས་ཀྱིས། ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་འགྲིག་ཆགས་པ་ལ་ཁྲིག་ཆགས་ཟེར་ལ། ཕྱོགས་གཅིག་ཏུ་མ་འགྲིག་ཅིང་མན་ངག་གཟེར་བུ་རྣམས་འཐོར་ནས་ཡོད་པ་ལ་ཁྲིག་མེད་ཁ་འཐོར་ཟེར་རོ། །ཡང་ན་བཀའ་བརྒྱུད་དོན་གྱི་ཆོས་ཐམས་ཅད་ལ་ཁྲིགས་ཆགས་ཟེར་ཞིང་། མ་ཅིག་རང་གི་གང་གསུང་ཐམས་ཅད་ལ་ཁྲིག་མེད་ཟེར་བ་ཡང་གདའོ། །ཡང་ན་ཁྲིག་ཆག་ནི། ཕྱི་བཀའ་ཚོམ་ཞིབ་རྒྱས་སུ་བཤད་པ། ནང་གདམ་ངག་ལག་ལེན་དུ་བསྟན་པ། སྒོམ་པ་ཞལ་གདམ་གནད་ཐེབས་སུ་བསྟན་པ། གསང་བ་བརྡའ་ཆོས་ལ་བཟླ་རུ་བསྟན་པའོ། །མ་ཅིག་གིས་སྲས་ཐམས་ཅད་ཀྱི་གསུངས་པ་རྣམས་ནི། ཁྲིག་མེད་ཁ་འཐོར་ཡིན་པར་གསུངས་སོ། །མདོར་ན་གཅོད་ཐམས་ཅད་ཀྱིས་གདམ་པ་གཅིག་ཏུ་དྲིལ་བ། གཅོད་མཁན་ཐམས་ཅད་ཀྱི་ཉམས་མྱོང་ལྷན་གཅིག་ཏུ་བསྡུས་པ། བླ་མ་ཐམས་ཅད་ཀྱི་གསུང་སྒྲོས་ཐབས་གཅིག་ཏུ་དྲིལ་བ། ཨ་མ་ཇོ་མོའི་གཅོད་སྐོར་ཅི་སྙེད་ཅིག་གསུང་ཡང་། བཀའ་བརྒྱུད་དང་དོན་བརྒྱུད་གཉིས་ལ་མ་འདུས་པ་མེད་དོ། །དེ་ཡང་ཨཱརྱ་དེ་བའི་ཞལ་སྔ་ནས། གསུངས་པའི་གཞུང་དང་། གདམ་ངག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོས་ད་ལྟའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ཡོད་པའི་ཕྱིར། བཀའ་བརྒྱུད་དོན་གྱི་གདམས་པ་ཞེས་བྱའོ། །དེ་ལྟ་བུའི་དོན་ལ་ཡིད་ཆེས་ཞིང་ཁུང་བཙུན་པར་བྱ་བའི་ཕྱིར་དུ། བཀའ་བརྒྱུད་དང་དོན་བརྒྱུད་འདིའི་ལོ་རྒྱུས་ནི། ཉེ་བརྒྱུད་དང་ཤིན་ཏུ་ཉེ་བརྒྱུད་དང་། ཐུང་བརྒྱུད་དང་། རིང་བརྒྱུད་དང་བཞིའོ། །ཉེ་བརྒྱུད་ནི། རྩ་བའི་བླ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བླ་མ་རང་ཆོས་སྐུ་ཉིད་ཡིན་པ་ནི། མདོ་དང་རྒྱུད་སྡེ་ཐམས་ཅད་ནས་གསུངས་པའི་ཕྱིར་རོ། །ཤིན་ཏུ་ཉེ་བརྒྱུད་ནི་རང་གི་སེམས་ཉིད་ཡིན་ནོ། །ཅིའི་ཕྱིར་ན། འདའ་ཀ་ཡེ་ཤེས་ཀྱི་མདོ་ལས། སེམས་རྟོགས་སངས་རྒྱས་ཡིན་པར་ངེས། །ཅེས་གསུངས་པའི་ཕྱིར་རོ། །ཐུང་བརྒྱུད་ནི། རྡོ་རྗེ་ཕག་མོ་མ་གཅིག་ལབ་ཀྱི་སྒྲོན་མ། སྐལ་ལྡན་སེངྒེ། རྒྱལ་བ་དོན་གྲུབ། འཇམ་དབྱངས་མགོན་པོ། གཞོན་ནུ་བཟང་པོ། བློ་གྲོས་གྲགས་པ། སངས་རྒྱས་རིན་ཆེན། སྤྲུལ་སྐུ་ཤཱཀྱ་གཞོན་ནུ། ཀུན་དགའ་ཡེ་ཤེས་ནས་རིམ་པར་བརྒྱུད་དོ། །རིང་བརྒྱུད་ནི། ཡུམ་ཆེན་མོ། དེས་ཤཱཀྱ་ཐུབ་པ། དེས་སྨྲ་བའི་སེངྒེ། དེས་རྗེ་བཙུན་སྒྲོལ་མ། དེས་མཁའ་འགྲོ་མ་སུ་ཀ་སི དྡྷི། དེས་ཨཱརྱ་དེ་བ། དེ་ཡང་སྐུ་འཁྲུངས་པའི་ཆེ་བའི་ཡོན་ཏན་ནི། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཁྲུས་མཛད་པའི་ཁྲུས་ཀྱི་རྫིང་བུའི་ནང་ན་མེ་ཏོག་པདྨ་ལེགས་པ་གཅིག་སྐྱེས་པའི་ཁ་ན། ཁྱེའུ་ལོ་བརྒྱད་ལོན་པ་ཙམ་གཅིག་ཆོས་གོས་གསུམ་དང་བཅས་པ་གཅིག་སྐུ་འཁྲུངས་པ་ཡིན་ནོ། །དེ་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་ཚུར་ཤོག་གསུང་ནས་བསྙེན་རྫོགས་མཛད། དེ་ནས་སྡེ་སྣོད་གསུམ་དང་བརྒྱུད་སྡེ་བཞིའི་ཆོས་མ་ལུས་པ་བསྟན་པས་དེ་རྣམས་ཐུགས་སུ་ཆུད་ནས་ས་གསུམ་པའི་བྱང་ཆུབ་སེམས་དཔའ་འཕགས་པ་ལྷ་ཨཱརྱ་དེ་ཝ་ཞེས་བྱ་བར་གྱུར་ཏོ། །དེ་ལྟ་བུའི་སློབ་དཔོན་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་དོན་གྱི་སྙིང་པོ་བསྡུས་པ་གཞུང་ཆེན་དང་གཞུང་ཆུང་རྣམས་མཛད་པ་ཡིན་ནོ། །སློབ་དཔོན་དེས་དམ་པ་རྒྱ་གར་ལ་གསུངས། དམ་པ་དེའི་ལོ་རྒྱུས་ནི་ཁྱད་པར་དྲུག་དང་ལྡན་ཏེ། སྐྱེས་པ་རབ་ཀྱི་ཆེ་བ། སྐྱེ་ས་ཡུལ་གྱི་ཆེ་བ། བསླབ་བྱ་ཁྲིམས་ཀྱི་ཆེ་བ། བྱིན་རླབས་ཐུགས་རྗེའི་ཆེ་བ། སྦྱང་པ་ཡོན་ཏན་གྱི་ཆེ་བ། འབྲས་བུ་དངོས་གྲུབ་གྱི་ཆེ་བའོ། །དང་པོ་ནི་སྐྱེ་བ་བདུན་དུ་སྐྱེ་བ་གཞན་གྱི་བར་མ་ཆོད་པ་མི་ལུས་གཙང་མ་ཉི་རྩེ་ཐོབ་པར། པཎྜི་ཏ་འབའ་ཞིག་ཏུ་གྱུར། སྐྱེ་བ་འདིར་རིགས་བཞི་ལས་ཁྱད་པར་འཕགས་པ་བྲམ་ཟེར་སྐྱེས་སོ། །སྐྱེ་ས་ཡུལ་གྱི་ཆེ་བ་ནི། ལྷོ་ཕྱོགས་བྷེ་ཏེའི་ཡུལ་ཚ་རི་སི་ང་བྱ་བ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་པའི་ཡུལ་དེར་སྐུ་འཁྲུངས་ཏེ། ཡབ་བྲམ་ཟེ་བརྩོན་འགྲུས་གོ་ཆ། ཡུམ་བྲམ་ཟེ་མོ་ས་རལ་ཏ་བྱ་བ་ལ་སྲས་གསུམ་ཡོད་པའི་བར་མ་ཡིན་ནོ། །སླབ་བྱ་ཁྲིམས་ཀྱི་ཆེ་བ་ནི། ལོ་བཅུ་གསུམ་ནས་དཔལ་འབྲི་ཀ་མ་ཤྲི་ལའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་མཛད། བླ་མ་གསེར་གླིང་པ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དབང་ཞུས་ཏེ། གསང་སྔགས་ཀྱི་དམ་ཚིག་བསྲུང་། ༈ བྱིན་རླབས་ཐུགས་རྗེའི་ཆེ་བ་ནི། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞིའི་རྗེས་སུ་བཟུང་སྟེ། དབང་གདམས་པ་དང་བཅས་པ་རྫོགས་པར་གནང་། བྱིན་གྱིས་བརླབས་པས་མཐུ་དང་ནུས་པ་དཔག་ཏུ་མེད་པ་དང་ལྡན་པའོ། ༈ །སྦྱངས་པ་ཡོན་ཏན་གྱི་ཆེ་བ་ནི། ལོ་ལྔ་ནས་འབྲི་ཀློག་བསླབ་ནས་ལེགས་པར་མཁྱེན། ཕྱི་མཚན་ཉིད་ཀྱི་སྡེ་སྣོད། ནང་གསང་སྔགས་ཀྱི་རྒྱུད་སྡེ་མ་ལུས་པ་མཁྱེན་ཅིང་རིགས་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཡིན་ནོ། ༈ །འབྲས་བུ་དངོས་གྲུབ་ཀྱི་ཆེ་བ་ནི། ཐུན་མོངས་གི་དངོས་གྲུབ་གྲུབ་ཆེན་བརྒྱད་ཐོབ། ས་འོག་རལ་གྲི་མིག་སྨན་དང་། རྐང་མགྱོགས་རིལ་བུ་མི་སྣང་བ། བཅུད་ཀྱིས་ལེན་དང་མཁའ་ལ་འགྲོ། མཆོག་གིས་དངོས་གྲུབ་ཕྱག་རྒྱ་ཆེན་པོ་མཆོག་གིས་རྟོགས་པ་མངོན་དུ་གྱུར་པ་ལགས་སོ། །དེ་ལྟ་བུའི་བླ་མ་དེས་བོད་དུ་འགྲོ་བའི་དུས་ལ་བབས་པར་དགོངས་ནས་བྱོན་པ་ལས་དུས་ལན་གཅིག་ན། དཔོན་གཡོག་གསུམ་རྒྱ་གར་ཐ་འཁོབ་གཅིག་ཏུ་ཚུར་ལ་བྱོན་ཙ་ན་དགེ་བཤེས་དངོས་གྲུབ་སྙིང་པོ་བྱ་བ་གྲའི་མདའ་ཐང་པ་གཅིག་ཡིན་པས། རྒྱ་གར་དུ་བྱོན་ནས་ལོ་ཙ་བའི་ཆོས་དྲུག་ལ་བསླབ་པ་ཡིན་ཟེར་ནས་ཆུ་ཤིང་གི་ཕུར་པ་ལ་སེམས་ཅན་གྱི་གཟུགས་སྣ་ཚོགས་བཀོད་པ་མཐོང་བ་དང་། བླ་མ་སྨ་ར་སེར་པོ་ཅན་བྱ་བ་བོད་ཀྱི་ཆོས་ལ་ཡིད་མ་ཆེས་པས་རྒྱ་གར་དུ་གདམ་པ་ཚོལ་དུ་བྱོན་པས་མ་རྙེད་པ་ཚུར་ལོག་ནས་བལ་ཡུལ་དུ་བླ་མ་ཧ་ངུ་ལ་ཕག་མོ་ཞུ་རུ་འགྲོ་ཟེར་བ་དང་། ཚོང་པ་མང་པོ་དང་འགྲོགས་བྱུང་སྟེ། བལ་ཡུལ་དུ་སླེབ་པ་དང་དེར་ཟླ་བ་གཅིག་འགོར་ཏེ་བོད་དུ་འོང་བའི་ལམ་དུ་ཞུགས་པའི་དུས་སུ་རྗེ་དམ་པ་རྒྱ་གར་དང་འགྲོག་ནས་འོངས་སོ། །དེར་ཁོང་གཉིས་ཀྱི་སེམས་ལ་རྗེ་དམ་པ་རྒྱ་གར་ནི་ངོ་མ་ཤེས་བླ་མ་ཨ་ཙ་ར་འདི་གྲུབ་ཐོབ་གཅིག་ཡིན་ངེས་པར་འདུག་སྟེ། ནང་པ་སངས་རྒྱས་པ་དང་ཕྱི་པ་མུ་སྟེགས་པ་གང་ཡིན་ངོ་མ་ཤེས་པས་གདམས་ངག་ཡང་མ་ཞུས་སོ། །དེ་ནས་མང་ཡུལ་དུ་སླེབས་པ་དང་། ཨ་ཙ་རའི་ཚང་པ.གདལ་ཅིག་འདུག་པས་དེ་ཀུན་ཨ་ཙ་ར་ལ་མོས་གུས་དྲག་པོ་བྱེད་མེ་ཏོག་མང་པོ་འབུལ་ཞིང་འདུག །བླ་མ་འདི་ཇི་སྐད་བྱ་བ་ཡིན་དྲིས་པས། རྒྱ་གར་པཎྜི་ཏ་ཀ་མ་ཤི་ལ་བྱ་ཡིན། བོད་ན་དམ་པ་རྒྱ་གར་བྱ་བ་གྲགས་ཟེར་རོ། །པཎྜི་ཏ་མཁས་པ་གྲུ་ཐོབ་ཆེན་པོ་གཅིག་ཡིན། སྔར་ཡང་བོད་དུ་ལན་མང་དུ་བྱོན་པ་ཡིན། ད་རེས་ཀྱང་བོད་དུ་བཞུད་པར་འདུག་ཟེར་རོ། །དེར་དགེ་བཤེས་ཀྱི་གདམ་ངག་གཅིག་ཞུ་བྱས་པས་ཁྱོད་ཀྱིས་མཁར་བ་འདི་ཐོང་དང་གསུངས། བཏང་བས་འདི་འདྲ་སེམས་བསྐྱེད་འཆོར་བའི་རྒྱུ་ཡིན། མུ་སྟེགས་ཀྱི་རྫུ་འཕྲུལ་བྱེད་པ་ལ་དགོས་པའི་ལག་ཆ་ཡིན། ངས་ཀྱང་ཤེས་ཏེ་མ་བྱས་པ་ཡིན། སེམས་ཅན་བསླུ་ན་འདི་དགོས་པ་ཡིན། ཆོག་ལ་ཐོངས་གསུངས་ནས་བཅག་གོ། །གདམས་པ་ཞུས་པས་ཁྱོད་རང་ཕྱི་ཡི་སྣང་བ་ནང་དུ་མ་ལེན། ནང་གི་སྣང་བ་ཕྱིར་མ་སྤྲོ། སེམས་ལུས་ལ་མ་ཆགས་ལུས་སེམས་ཁྲོལ་ལ་རང་སོར་ཞོག་གསུངས་པས། དེ་ལ་ངེས་ཤེས་བསྐྱེད་ནས་རྩ་བའི་བླ་མར་བཟུང་ངོ་། །བླ་མ་སྨ་ར་སེར་པོའི་བསམ་པ་ལ། ཆོས་ཀྱི་མི་ཚོལ་དུ་མ་བྱུང་ན། མིས་ཆོས་བཙལ་བས་རྙེད་པར་མི་འདུག །རྒྱ་གར་དུ་ཆོས་བཙལ་བས་མ་རྙེད་པས་བོད་དུ་ལོག་པས། བླ་མ་གྲུབ་ཐོབ་གཅིག་དང་མཇལ་འདུག་སྙམ་པ་བྱུང་། བླ་མ་ལ་གདམ་པ་གཅིག་ཞུ་བྱས་པས། ཁྱེད་ལ་གདམས་པ་སྟེར་ས་གཅིག་ད་གཟོད་འོང་བར་གདའི་གསུངས། དེ་ནས་དགེ་བཤེས་དང་ཚོང་པ་རྣམས་ལ་སྟོད་ལྷོ་ལ་སོང་། ཨ་ཙ་ར་དཔོན་གཡོག་ཚོ་ལ་སྟོད་བྱང་ལ་བཞུགས་པར་འདུག་ནས། བླ་མ་སྨ་ར་སེར་པོའི་བསམ་པ་ལ། བླ་མ་འདི་གང་དུ་བཞུགས་པའི་ཕྱག་ཕྱིར་འབྲང་ལ། གདམས་ངག་གཅིག་ཐོབ་པར་བྱ་དགོངས་ན་འགྲོགས་ནས་བྱོན་ནོ། །དེ་ནས་འདོག་སྟག་རིས་བྱ་བར་བྱོན། མགྲོན་ཁང་གཅིག་ཏུ་སླེབ་པ.དང་བཞུགས་པས་བྱིན་རླབས་ཞུ་བ་མང་པོ་བྱུང་སྟེ། མིག་ལོང་བ་ཕྱེད་པ་དང་། རྣ་བ་འོན་པ་ཕྱེད་པ་ལ་སོགས་པ་མང་པོ་བྱུང་བས་ཐམས་ཅད་ངོ་མཚར་སྐྱེས་སོ། །ཡུལ་དེར་དགེ་བཤེས་སྐྱོ་ཤཱཀྱ་ཡེ་ཤེས་བྱ་བ་མདོ་སྒྱུ་འཕྲུལ་ལ་མཁས་པ་གཅིག་གདན་དྲངས། ཚོགས་ཀྱི་འཁོར་ལོ་མཛད་ཅིང་བཞུགས་པ་ལ། ཁོང་གི་ཕྱག་ཕྱི་ནས་མྱང་སྟོན་གྲགས་ཆེན་གྲགས་ཆུང་བྱ་བ། ཕ་མེས་ཀུན་སྔགས་པ་མཐུ་ཆེན་དང་འགྲས་ནས་མཛེས་ཁྱེར་བའི་བྱིས་པ་གཉིས། ཕ་མཛེ་ཕོ་གཅིག་གིས་འབུམ་བཅུ་དྲུག་དུམ་པ་གཅིག་དང་བཅས་གདན་དྲངས་ནས་ཕུལ་ཏེ། གཉེར་གཏན་ནས་ཡོད་པ་དགེ་བཤེས་སྐུ་བསོད་ཆེ་བས་བྱིས་པ་གཉིས་ཉ་ར་མ་བྱུང་པར་སྨིན་མ་བྱི། གདོན་གྱིས་གནོད་པའི་རྟགས་ཚོ་ཤར་བས། དགེ་བཤེས་ཐུགས་ཁྲལ་དུ་སོང་ཞིང་ཡོད་པ་ལ། མགྲོན་ཁང་ན་ཨ་ཙ་ར་བྱིན་རླབས་ཅན་གཅིག་འདུག་ཟེར་བ་ཐོས་ནས། དེར་ཕྱིན་ནས་ཞུས་པས། སྤྱིར་ཁྱེད་རྒྱ་གར་བ་རིགས་པའི་འབྱུང་གནས་ཡིན་པ་དང་། ཁྱད་པར་དུ་བླ་མ་ཁྱེད་ངོ་མཚར་ཅན་གཅིག་མཆིས་ན་བདག་ལ་བྱིས་པ་ལྷ་འདྲེའི་ཟ་འཕྲོ་གཉིས་ཡོད་པས། དེ་གཉིས་ལ་བྱིན་རླབས་གཅིག་ཐུགས་ལ་གདག་པར་ཞུ་དང་བྱས་པས། དེ་ཙུག་བྱའི་གསུངས་ནས་དེའི་དུས་སྨ་ར་སེར་པོ་ཅན་ལ། ད་ནི་ཁྱོད་ཀྱིས་འདོད་པའི་གདམས་ངག་གཅིག་འོང་བར་གདའ་གསུངས་ནས། དེར་བསྙེན་བཀུར་བྱས་ཤིང་གདམས་པ་ཞུས་པས། བྱིས་པ་གཉིས་སྨ་ར་སེར་པོ་ཅན་དགེ་བཤེས་སྐྱོ་དང་བཞི་ལ་གདམ་པ་བཏབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞུང་བྲུལ་ཚོ་དྲུག་གནང་སྟེ། དེ་ཉིད་དུ་ཡི་གེ་རིས་སུ་བཏབ་ནས་ངོ་སྤྲོད་ཞལ་གདམས་དང་བཅས་པ་ཞུས་ཏེ། བྱིས་པ་གཉིས་པོས་ཉམས་སུ་བླངས་པས་ནད་སོས་ཏེ་གྲུབ་ཐོབ་བཟང་པ་རེ་བྱུང་ངོ་། །བཀའ་གདམ་པ་ཆིག་བརྒྱུད་ལས་མ་སྤེལ་ལོ། །དེ་ལ་ཡི་གེ་གཅིག་མའི་གདམ་པ་འདི་ཡིན་ཟེར་ནས་བག་རེ་འཕེལ་བ་འདི་ཡིན་གསུངས། ༈ སློབ་དཔོན་དེས་སྐྱོ་སྟོན་ལ་གསུངས་ཏེ། སྐྱོ་སྟོན་དེའི་ལོ་རྒྱུས་ནི། ཟུར་པོ་ཆེ་ཤག་འབྱུང་གི་དབོན་པོ་སྐྱོ་བྱུང་བསོད་ནམས་བླ་མ་སྐལ་ལྡན་དུ་གཟིགས་ནས། དམ་པས་བསོད་ནམས་བླ་མ་ཁྱེད་གསང་སྔགས་ཀྱི་རྒྱུད་སྡེ་ལ་མཁས་པ། རྟོགས་པ་ཕུལ་ཏུ་ཕྱིན་པ་སློབ་མ་དཔག་ཏུ་མེད་པ་བསྡུས་པ་ཡིན་ཀྱང་། དོན་ཁོང་དུ་མ་ཆུད་པས་འཁོར་བ་ལས་རྟ་རྔ་འགྲོས་གང་ཡང་མ་འཕགས་པས། ལོང་བས་ལོང་བ་ཁྲིད་ནས་འདུག་གསུངས་པས། འོ་ན་བདག་ལ་དོན་གྱི་ཕར་ཕྱིན་གནང་བར་ཞུ་གསུངས་ནས་རྟ་དང་གསེར་གཡུ་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་ཕུལ་ནས། སེམས་བསྐྱེད་ནམ་མཁའ་གོ་འབྱེད་དང་གདམ་ངག་མ་ལུས་པ་གནང་ནས། གཉན་ཁྲོད་འགྲིམ་པས་གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་གྲྭ་པ་མང་པོས་བསྐོར་བའི་མཁས་པ་ཆེན་པོ་ཡིན་ཀྱང་སྣང་བ་བདེན་འཛིན་ཐམས་ཅད་དང་བྲལ་དེ་ཆོས་བརྒྱད་ཞིག་ནས། ལ་བེར་ཆེན་པོ་གཅིག་གསོལ་ནས་རྒྱལ་ཁམས་ཕྱོགས་མེད་དུ་བྱོན་ནས། མ་ཅིག་ལབ་ཀྱི་སྒྲོན་མ་ལ་དོན་གྱི་གདམ་པ་འདི་གསུངས་སོ། ༈ །མ་ཅིག་དེའི་ལོ་རྒྱུས་ནི། ཡུམ་གྱི་ཐུགས་རྒྱུད་གླིང་བཞིའི་སྐུ་ཡི་བཀོད་པ། ཡུམ་གྱི་ཐུགས་སྤྲུལ་གྲངས་མེད་བྱུང་། གླིང་བཞི་ལས་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡི་ཡུལ་དང་གཅིག །འགྲོ་དོན་རྡོ་རྗེ་གདན་གྱི་ཡུལ་དང་གཉིས། འཛམ་གླིང་བོད་ཀྱི་ཡུལ་དང་གསུམ། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དང་བཞི། གླིང་བཞི་ལ་འགྲོ་དོན་མཛད་ལུགས་ནི། ཡུམ་གྱི་ཐུགས་སྤྲུལ་དཔའ་བོའི་ཚོགས་དང་། དཔའ་མོའི་ཚོགས་དང་འགྲོ་བ་འདྲེན་པའི་སྤྲུལ་སྐུ་དཔག་མེད་འབྱུང་། སུམ་ཅུ་རྩ་གསུམ་ལྷ་གནས་འོག་མ་ན། ཡུམ་གྱི་ཐུགས་སྤྲུལ་རིགས་ལྡན་མང་དུ་འབྱུང་། ལྷ་རྣམས་ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་འགྲོ་བ་ཐབས་ཀྱིས་འདུལ། སུམ་ཅུ་རྩ་གསུམ་ལྷ་གནས་ལ། གླིང་ཆེན་པོ་གདལ་སྐྱོབ་བྱ་བ་ཡིན། གླིང་དེ་ལ་བསྐོར་བཞི་ཡོད་དེ། དབུས་ཀྱི་གླིང་ནི་མཚོ་ཧ་ལ་གདལ་སྐྱོབ་ཀྱི་གླིང་། ལྷ་རྣམས་ཀྱི་ལོངས་སྤྱོད་དང་། རོལ་མོ་དང་མཆོད་པ་འབུལ་བའི་ས་དེར་ལྷའི་རྒྱལ་པོ་གཅིག་བཞུགས་སྟེ། ཡུམ་གྱི་སྐུའི་སྤྲུལ་པས་ལྷ་རྣམས་བདེ་བ་ལ་བཀོད་པ་ཡིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཞུགས་ཏེ། ལྷ་ལོངས་སྤྱོད་ལ་ཡེང་བར་སྣང་། གླིང་ཆེན་པོ་གདལ་སྐྱོབ་བྱ་བའི་ཤར་ཕྱོགས་ན་བཀྲ་ཤིས་སྒོ་མང་བྱ་བའི་གླིང་གཅིག་ཡོད་དེ། དེའི་གྲོང་ཁྱེར་ན་ཡུམ་གྱི་གསུང་གི་སྤྲུལ་པས་འདུལ་བའི་ཞིང་ཡོད། གདལ་སྐྱོབ་ཀྱི་ལྷོ་ཕྱོགས་ན། ནོར་བུ་ཕུན་ཚོགས་ཀྱི་གླིང་བྱ་བ་ཡོད། ཡུམ་གྱི་ཐུགས་ཀྱིས་སྤྲུལ་པས་འདུལ་བའི་ཞིང་ཡོད། གདལ་སྐྱོབ་ཀྱི་ནུབ་ཕྱོགས་ཀྱི་གླིང་ནི། སྐྱོ་ངལ་མེད་པ་བདལ་བའི་གླིང་བྱ་བ་ཡོད། ཡུམ་གྱིས་ཡོན་ཏན་གྱི་འདུལ་བའི་གླིང་ཡོད། གདལ་སྐྱོབ་ཀྱི་བྱང་ཕྱོགས་ཀྱི་གླིང་ནི། ཀུན་དྷ་ལི་དྷ་ནའི་གླིང་བྱ་བ་ཡིན། ཡུམ་གྱིས་ཕྲིན་ལས་ཀྱི་འདུལ་བའི་ཞིང་ཡོད། གླིང་ཆེན་པོ་གདལ་སྐྱོབ་བྱ་བ་ལ། གླིང་ཆེན་པོ་བཞིས་བསྐོར་བ་ནི། གླིང་རེ་རེ་ལ་ཡང་འཛམ་བུ་གླིང་ཙམ་བརྒྱ་བརྒྱ་ཡོད། དེ་ལ་སྒྲ་སྙན་གྱི་གླིང་། དྲི་མཆོག་གི་གླིང་། རོ་མཆོག་གི་གླིང་། ཀུན་དྷ་ར་ཕུན་ཚོགས་ཀྱི་གླིང་། ཀུན་དྷརྨའི་གླིང་རྣམས་ཡོད། དེ་ཡན་ཆད་ན་ལྷའི་གླིང་དང་གྲོང་ཁྱེར་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལོང་བ་ཡོད། ལྷ་རྣམས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལོངས་སྤྱོད་དང་རྒྱན་ལ་ཡེང་བ་མང་ངོ་། །ལྷ་འགའ་ཞིག་གི་རྒྱ་གར་གྱི་ཡུལ་དུ་འགྲོ་དོན་བྱེད་པ་ཡང་མང་ངོ་། །ལྷ་འགའ་ཞིག་བོད་ཡུམ་དུ་ལྟུང་བས་ཕོག་པ་ཡང་མང་ངོ་། །ལྷ་འགའ་ཞིག་བར་དོར་འཁྱམས་པ་ཡང་མང་ངོ་། །ལྷ་འགའ་ཞིག་ཕུན་ཚོགས་སངས་རྒྱས་ཀྱི་བརྒྱུད་པ་ཟམ་མ་ཆད་པ་ཡང་མང་ངོ་། །གདལ་སྐྱོབ་ཀྱི་ཤར་ཕྱོགས་ཀྱི་གླིང་བཀྲ་ཤིས་སྒོ་མང་གི་དབུས་སུ། ཕུན་ཚོགས་དཔལ་རིའི་གླིང་བྱ་བ་གཅིག་ཡོད། གླིང་ཆེན་པོ་དེའི་རྒྱུད་ལ་སྐྱེས་པ་ཡིན་ཏེ། གླིང་ཆེན་པོ་དེའི་དབུས་སུ་ལྷུན་གྲུབ་ཀྱི་མཆོད་རྟེན་གཅིག་བཞུགས་ཏེ། དེ་ལ་རང་བྱུང་གི་མཆོད་རྟེན་སྟོང་རྩ་གཉིས་བྱོན། ལྷའི་བུ་དང་བུ་མོས་མཆོད་པའི་ལོངས་སྤྱོད་ཀྱི་གཏེར་འབུལ། གླིང་དེ་ནི་ཡུམ་གྱི་གསུང་གིས་འདུལ་བའི་གླིང་ཡིན། ཡུམ་གྱི་གསུང་གི་རྣམ་སྤྲུལ་དཔའ་མོའི་ཚོགས། ཌཱ་ཀི་མ་གཅིག་ལ་འཁོར་ཡང་ཌཱ་ཀི་མ་དཔག་མེད་ཀྱིས་བསྐོར་བ་བཞུགས་སོ། །གླིང་ཆེན་པོ་གདལ་སྐྱོབ་ཀྱི་ལྷོ་ཕྱོགས་ཀྱི་གླིང་ན། ནོར་བུ་ཕུན་ཚོགས་ཀྱི་གླིང་དེ་ལ་རང་བྱུང་གི་ལོ་པན་ཤེལ་གྱི་མཆོད་རྟེན་གཅིག་ཡོད། ཕྱོགས་བཞི་ན་མེ་ཏོག་གི་གླིང་ཆེན་པོ་བཞི་ཡོད། མེ་ཏོག་གི་གླིང་དེ་ལ་ལྷའི་བུ་དང་བུ་མོའི་མཆོད་པ་འབུལ་ལོ། །དེ་ན་ཡུམ་གྱི་ཐུགས་སྤྲུལ་དཔའ་བོ་མཁའ་འགྲོའི་ཚོགས་མཁའ་འགྲོ་མ་སྐུ་མདོག་སེར་མོ་གཅིག་གིས་འདུལ་ཞིང་ཡོད་པའི་དུས་སུ། ཉི་མ་ཐང་གཅིག་ཙ་ལྷའི་བུ་དང་བུ་མོ་རྣམས་ཀྱིས་མཆོད་པ་རོལ་མོ་མང་པོ་བྱས་ནས་འོག་མིན་གྱིས་དབུས་སུ་ཡུམ་གྱི་དྲུང་དུ་སླེབ་དེ་བྱོན། ཡུམ་གྱིས་ཞལ་ནས། ནོར་བུ་ཕུན་ཚོགས་ཀྱིས་གླིང་དུ་འགྲོ་དོན་ལ་མི་བཞུགས་ནས། འདིར་བྱོན་པ་ཅི་ཡིན་གསུང་། མཁའ་འགྲོ་དེའི་ཞལ་ནས། ལྷ་ལོངས་སྤྱོད་ལ་ཡེང་བར་སྣང་། ངས་ཀྱང་ལོ་ཁྲི་ཚོ་གཅིག་འདུལ་ཡུམ་གྱི་ཐུགས་ཀྱི་སྤྲུལ་པ་གྲངས་མེད་གསུངས། ད་ནི་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་འགྲོ་དགོས་གསུང་ནས་འཇའ་དང་འོད་ཀྱི་ཚུལ་དུ་ཡལ་སྐད། ༈ དེ་ནས་ཡུམ་གྱི་ཐུགས་སྤྲུལ་འགྲོ་བ་འདུལ་བའི་ཌཱཀྐི་མ་དེ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་བྱོན་ནས་ལྷའི་སྐུ་རུ་སྤྲུལ་ཏེ། འགྲོ་བ་འདུལ་བའི་གཞན་སྣང་མེད་རིག་པ་དྲི་མེད་ཡུམ་ལ་ཞུགས་ཏེ་ཡབ་ནི་ལྷ་བདེ་སྐྱོབ་བྱ་བ་ཡིན། ཡུམ་ནི་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ལྷུམས་སུ་ཞུགས་པའི་ཌཱཀྐི་མ་དེ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་བྱོན་ནས་མཁའ་འགྲོ་མ་དེ་ལྷའི་ལོ་གསུམ་རེད་ཙ་ནོར་བུ་ཕུན་ཚོགས་ཀྱི་གླིང་དུ་འགྲོ་དོན་བྱེད་ཅིང་བཞུགས་སོ། །ཁོང་གི་ལུས་ནི་ལྷའི་ལུས་ཡིན། སེམས་ནི་ཡུམ་གྱི་ཐུགས་ཡིན། ལྷ་རྣམས་ཐབས་ཀྱིས་འདུལ་ཞིང་མ་རྒྱུད་ཀྱི་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་ཡོད། ལོ་པན་ཤེལ་གྱི་མཆོད་རྟེན་ལ་ལྷ་རྣམས་ཀྱི་མཆོད་པ་འབུལ་ཞིང་སྨོན་ལམ་འདེབས་པ་ཡང་མང་འདུག །རོལ་མོ་དང་། ལྷ་ཆ་དང་། ནོར་བུ་ཕུན་ཚོགས་ཀྱི་གླིང་དེས་མཆོད་པ་འབུལ་ཞིང་ཕྱག་འཚལ་བ་དང་། བསྐོར་བ་བྱེད་པ་ཡང་མང་འདུག །ཡུམ་གྱི་ཐུགས་སྤྲུལ་མཁའ་འགྲོ་མ་དེས། ཡུམ་གྱི་ཐུགས་བཅུད་ཆོས་རྣམས་དང་། སྔ་མའི་ཆོས་ཀྱི་གླིང་སྡེ་དང་། གསང་སྔགས་ཨུ་དུམ་ཝ་རའི་རྒྱུད་དང་། ཐུགས་བཅུད་མ་རིག་མུན་སེལ་གྱི་རྒྱུད་དང་རྒྱུད་ཚན་ལྔ་འཆད་ཅིང་བཞུགས་སོ། །ནུབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་དཔའ་བོ་དང་མཁའ་འགྲོའི་ཚོགས་མཆོད་དེ། ཨུ་རྒྱན་གྱི་གནས་སུ་ཡང་ཚོགས་ཀྱི་ལོངས་སྤྱོད་དང་། གཏོར་ཆེན་ཡང་མཆོད་ནས་ལྷའི་ལོ་ཁྲི་ཚོ་ཕྱེད་གཉིས་བཞུགས་སོ། །དུས་ཀྱི་ཐ་མ་ཉིན་གཅིག་ཙ་མཁའ་འགྲོ་མ་སྐུ་མདོག་སྔོ་སང་ངེ་བ་གཅིག་མདུན་དུ་བྱོན་ནས། ལྷའི་ཡུལ་དུ་འགྲོ་དོན་མ་རྫོགས་སམ། ལོགས་སུ་འགྲོ་དོན་བྱེད་རྒྱུ་མེད་དམ་ཟེར། སྤྲོས་པ་ཉེར་བར་ཞི་བར་བགྱིས་གཅིག་ཟེར་སྐད། ཁོང་གིས་དགོངས་པ་ལ། ཕུན་ཚོགས་ཀྱི་གླིང་འདི་ལྟ་བུའི་ཡུལ་ལ་ཡོད། ཕ་མ་ནི་ལྷའི་དབང་པོ་སྡེ་ཚོགས་ཡོད། ཆོས་ལ་ནི་མཁའ་འགྲོ་མའི་གསང་སྤྱོད་ཀྱི་ཆོས་འདི་ལྟ་བུ་འགྲོ་བ་འདྲེན་པ་ལ། ལོགས་སུ་ཅི་འདྲ་བ་འདྲེན་དགོས་ཨང་བསམ་པ་བྱུང་། མདུན་གྱི་མཁའ་འགྲོ་མ་དེ་མེད་སྐད། དེའི་ཕྱིར་ཉིན་རྒྱ་གར་རྡོ་རྗེ་གདན་དུ་ཆོས་ཀྱི་མཆོད་པ་བྱེད་པའི་རྡོ་རྗེ་གདན་གྱི་དུང་དང་། ཆ་ལང་དང་། པི་ཝང་དང་། ཅོང་གི་སྒྲ་དང་། ལྷ་ཆའི་སྒྲ་བསམ་གྱིས་མི་ཁྱབ་པ་གྲགས་ནས། དེར་ལྷ་གནས་ཀྱི་ལྷ་རྣམས་ལྟད་མོ་ལ་བྱོན་ཏེ། ཕུན་ཚོགས་རིན་ཆེན་གྱི་གླིང་ནས་ཀྱང་། ཡུམ་གྱི་ཐུགས་སྤྲུལ་དེ་ཡང་འཁོར་ནི་ལྷའི་བུ་དང་བུ་མོ་ལྔ་བརྒྱ་དང་འགྲོགས་ནས་རྡོ་རྗེ་གདན་དུ་ལྟད་མོ་དང་ཤཱཀྱ་ཐུབ་པ་མཆོད་པ་ལ་བྱོན་ཏེ། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སེར་སྐྱ་བྱ་བ་ན། རྒྱ་གར་གྱི་ཤག་རིག་ཨའི་དབང་ཕྱུག་བྱ་བ་དང་། ཡུམ་ལྷ་ཟ་ཀླུ་སྒྲོན་གཉིས་ཀྱིས་མཆོད་པ་བྱེད་པའི་ཚོགས་མང་པོ་བཤམ། སེར་སྐྱའི་གྲོང་ཆེན་པོའི་དབུས་སུ་ཡུམ་ཆེན་མོ་མན་ཆད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་བཏབ་ཅིང་། ངེད་བཟའ་མི་འདི་གཉིས་བྲམ་ཟེའི་རིགས་རྒྱ་གར་ཤག་རིགས་ཀྱི་བརྒྱུད་པ་འདི་ལ། རྒྱུད་པ་ཆད་ལ་ཁད་པས་དེའི་མྱ་ངན་གྱི་གདུང་ཞིང་ཡོད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་མན་ཆད་ཀྱི་ལྷ་རྣམས་དང་། ངེད་རྒྱ་གར་རྡོ་རྗེ་གདན་གྱི་ཤག་རིགས་ཨའི་དབང་ཕྱུག་འདི། སྔོན་ནས་སྨོན་ལམ་མཐུན་པ་ཡིན་པས་སྨོན་ལམ་བཏབ་དགོས་ཟེར་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ། ཕུན་ཚོགས་ཀྱི་གླིང་ནས་བྱོན་པའི་མཁའ་འགྲོ་མ་དེ་ཡུམ་གྱི་ཐུགས་སྤྲུལ་ཡིན་གྱིས། སུམ་ཅུ་རྩ་སུམ་དགའ་ལྡན་ལྷ་གནས་སུ་འགྲོ་དོན་རྫོགས་པ་དང་། སེར་སྐྱའི་བཟའ་མི་གཉིས་ཀྱིས་སྨོན་ལམ་བཏབ་པ་དང་། དུས་མཚུངས་རེད་པ ས། སྔོན་གྱི་སྨོན་ལམ་གྱི་དབང་གིས་རྐྱེན་གྱིས་མཁའ་འགྲོ་མ་དེས་ལྟུང་བས་ཕོག་ནས། བྲམ་ཟེའི་བཟའ་མི་གཉིས་ཀྱི་སྨོན་ལམ་འགྲུབ་དེའི་ལྷུམས་སུ་ཞུགས་སོ། །དེ་ཡན་ཆད་དགའ་ལྡན་ལྷ་ཡུལ་སུམ་ཅུ་རྩ་གསུམ་ལྷ་གནས་སུ་སྐྱེས་པའི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་སེར་སྐྱ་བྱ་བའི་གླིང་གཅིག་ཡོད་དེ། གླིང་དེའི་གྲོང་ཁྱེར་ལ་འབུམ་ཚོ་གསུམ་ཡོད་སྐད། གྲོང་སྟོད་ན་ཆུ་མིག་འབབ་པ་དེ་གྲོང་དཀྱིལ་ན་རྟ་རབ་ཀྱི་མི་ཆོད་པ། གྲོང་སྨད་ན་གྲུ་རྫིང་དགོས་སྐད། གྲོང་ཁྱེར་དེ་ལ་རྒྱ་གར་ཤག་རིགས་ཀྱི་རྒྱལ་བརྒྱུད་གསུམ་ཡོད། རྒྱ་གར་གྱི་གྲོང་ཁྱེར་དེའི་དབུས་སུ་ཕོ་བྲང་ཆེན་པོ་ཤིང་རྟ་གཟིང་བྱ་བ་གཅིག་ཡོད། དེ་རྒྱ་གར་ཤག་རིགས་ཨའི་དབང་ཕྱུག་བྱ་བ་དང་། ལྷ་ཟ་ཀླུ་སྒྲོན་བྱ་བ་གཉིས་སུ་སྐུ་འཁྲུངས་པའི་སྲས་གཅིག་ཡོད་དེ། དེ་ནི་ཨོ་རྒྱན་གྱི་རིན་ཆེན་ཕུན་ཚོས་ཀྱི་གླིང་ཡུམ་ཆེན་མོ་ཐུགས་སྤྲུལ་མཁའ་འགྲོ་མ་དེ་ལྟུང་བས་ཕོག་པའི་དུས་ན་བྲམ་ཟེ་བཟའ་མི་གཉིས་ཀྱིས་སྨོན་ལམ་བཏབ་པ་དང་། རྒྱ་གར་ཤཱཀ་རིགས་སུ་སྐུ་འཁྲུངས་སྐད། རྒྱ་གར་གྱི་ཨ་ཙ་ར་པཎྜི་ཏ་གཅིག་གིས་མིང་བཏག་པས། ཡབ་རྒྱ་གར་གྱིས་ཨའི་དབང་ཕྱུག །ཡུམ་ལྷ་ཟ་ཀླུ་སྒྲོན་མ་གཉིས་ཀྱིས་སྨོན་ལམ་བཏབ་པའི་བུ་ཡིན་པས། སྨོན་ལམ་གྲུབ་ཐོག་གསུངས། ཁོང་ཡབ་ཡུམ་གཉིས་སྐྱིད་པ་དང་། དགའ་བ་དང་། དུས་གསུམ་གྱིས་སངས་རྒྱས་ལ་སྨོན་ལམ་བཏབ་ཅིང་མཆོད་པ་ཕུལ་བའི་ཡོན་ཏན་ཡིན་པས། ད་ཡང་མཆོད་པ་འབུལ་ཞིང་སྨོན་ལམ་བཏབ་ཟེར་ཞིང་། མཆོད་པ་རྒྱ་ཆེན་པོ་ཤུགས་ལྡན་གྱི་སྤྲིན་ཙམ་བཤམ། རྒྱལ་རྒྱུད་ཡ་ཏ་མ་ཐ་གཉིས་བོས། ཁོ་རང་གི་འཁོར་འབངས་རྣམས་བོས། སྲས་འཁྲུངས་པའི་ཕྱེ་མར་བྱས་ཐམས་ཅད་ཀྱིས་སྨོན་ལམ་གྲུབ་པ་ལགས་སོ་ཟེར་སྐད། ཁོང་རང་ལ་ཡང་སྐོར་ནོར་གླང་ཆེན་སྟོང་དང་། མ་ཧེ་ཡོད་པ་བརྒྱ་བརྒྱ་མིན་པ་ཀུན་བཀྱེས། དེ་ནས་ལོ་བཅུ་ལོ་ན་ཙ་མ་བསླབ་པས་ཡི་གེ་ཤེས། མ་བསྒྲུབ་པའི་བསྒོམ་དང་རྟོག་པ་འཆར། སློབ་དཔོན་བྷ་ར་སིདྡྷི་བྱ་བའི་དྲུང་དུ་སོང་། བསྒོམ་དང་རྟོགས་པ་ཕུལ། རྒྱུད་སྡེའི་དབྱེ་བསལ་བྱས། པཎྜི་ཏ་དེས་ཁྱོད་ཕའི་མིང་ཅི་ཡིན་གསུངས། ངའི་ཕའི་མིང་ནི་ཤཀ་རིགས་ཨའི་དབང་ཕྱུག་བྱ་བ་ཡིན། ཡུམ་ནི་ལྷ་ཟ་ཀླུ་སྒྲོན་བྱ་བ་ཡིན། དེ་གཉིས་ཀྱིས་སྨོན་ལམ་གྲུབ་པ་ཡིན་སྐད། ང་རང་ལ་ཡང་སྨོན་ལམ་གྲུབ་དུ་བརྟག་པ་ཡིན། དེ་ནས་སློབ་དཔོན་གྱིས་དེ་ཡང་ལས་དང་སྨོན་ལམ་ལ། རྟེན་འབྲེལ་འགྲིག་པའི་མིང་ཡིན། ད་ཡང་འདུལ་བའི་ཁྲིམས་བསྲུང་ན་དེས་ཆོག་གསུང་། དེ་ནས་ལོ་བཅུ་གསུམ་ལ་བླ་མའི་དྲུང་དུ་བསྡད། སྒྲ་ཚད་མ་དང་ཕ་རོལ་ཏུ་ཕྱིན་པ་རྒྱུད་ལ་ཤར། དེ་ནས་ཕྱི་རོལ་དུ་བྱོན་ནས་རྒྱ་གར་རྡོ་རྗེ་གདན་དུ་ཁ་བལྟས་ནས་སོང་། ཕྱི་པ་མུ་སྟེགས་པའི་གླིང་དང་། དུ་རུ་ཀའི་གླིང་ཆུང་རྣམས་ཀྱིས་ནང་ནས་སངས་རྒྱས་པ་ལ་ཆོས་བྱེད་པ་རྫུན་ཡིན་ཟེར་ནས། སྒྲོ་བཀུར་འདེབས་ནས་སྣང་། ཁོང་ལ་མུ་སྟེགས་ཀྱི་ཆས་ནི་མེད། སྔར་ནི་མུ་སྟེགས་པ་དང་བརྩོད་གླིང་ཅི་འདྲ་ཡོད་ནི་ཆ་མེད། དེ་ནས་ནང་པའི་སྡེ་ཨ་ཙ་ར་གཅིག་དེར་སྣང་བ་དང་འཕྲད། ཁྱོད་གང་ནས་འོང་ཟེར། ང་འདི་འདྲ་ཡིན་ཟེར་ཙ། ད་ཁྱོད་མུ་སྟེགས་ཀྱི་སྡེ་ལ་ཐེ་མདོག་གྱིས། དེ་མིན་ཁྱོད་བསད་པ་ཡིན་ཟེར། དེ་ནས་མུ་སྟེགས་ཀྱིས་བརྩོད་པ་བྱེད་དུ་བྱུང་པ་ལ། ད་ཡང་ཁྱེད་ཀྱི་སྡེ་ལ་འོང་བྱས་པ་ལས་ཁོང་རྣམས་དགའ་ནས་སང་ནང་པར་སྡོམ་པ་འབོག་གིས་ཟེར། དེ་ནུབ་ཞབས་ཏོག་གཟབ། མུ་སྟེགས་རྣམས་ཁོ་རང་ཆོས་སྤྱོད་ཚར་ནས། མཚན་ལ་རྡོ་རྗེ་གདན་ལ་འགྲོ་དགོས་བསམ་ཙ། སྒོ་རྣམས་འདན་པས་འགྲོ་ས་མ་རྙེད། སྒོ་བསྲུང་རྣམས་ལ་ཡུའུ་སྒོའི་ཕྱི་རོལ་ན། ཀ་ཀ་ལི་ལ་ཕྱག་དང་བསྐོར་བ་བྱེད་དུ་འགྲོ་བྱས་ཙ། སྒོ་བསྲུངས་དེས་དད་པ་ཆེ་བ་ཡིན་ནོ་སྙམས་ནས་སྒོ་ཕྱེས། ཁོ་རང་ཡང་ཕྱི་རོལ་དུ་ཀ་ཀ་ལི་ལ་ཕྱག་དང་བསྐོར་བ་བྱེད་ཅིང་བསྡད། དེ་ནས་རྡོ་རྗེ་གདན་དུ་ཁ་བལྟས་ནས་འོང་པ་ལ། ཉི་མ་དྲོས་ཙ་ན་རྡོ་རྗེ་གདན་དུ་ཕྱིན་ནས། ཁྱོད་གང་ནས་འོང་ཟེར་བས། སེར་སྐྱ་ཆེན་པོའི་གྲོང་ཁྱེར་དུ་སྐྱེས་པ་ཡིན། ངའི་ཕ་ལ་ཨའི་དབང་ཕྱུག་བྱ་བ་ཡིན། མ་ནི་ལྷ་ཟ་ཀླུ་སྒྲོན་བྱ་བ་ཡིན། སློབ་དཔོན་ནི་དྷརྨ་སིདྡྷི་བྱ་བ་ཡིན། རྡོ་རྗེ་གདན་དུ་རྩོད་པ་ལ་ཡོང་བ་ཡིན་བྱས་ཙ་དེར་ནང་པ་དང་རྩོད་པ་བྱས་ཙ། ཁོང་ལ་བརྟེན་པ་གཅིག་ཀྱང་མ་བྱུང་། ཕྱི་པ་མུ་སྟེགས་པའི་ཆས་བྱས་ནས་རྩོད་ཙ་ཁོང་རྒྱལ་དུ་སོང་། དེ་ནས་མུ་སྟེགས་ཀྱི་གླིང་དུ་རྐང་མགྱོགས་པ་བཏང་ནས། མུ་སྟེགས་ཀྱི་སྡེ་ཚན་རྩོད་པ་ལ་ཡར་ཤོག་བྱས་པས། ཞག་གསུམ་དུས་ཐོག་ལ་སླེབ་ནས་ཕྱིན། ནང་པའི་གྲལ་གཡས་སུ་བྱས། མུ་སྟེགས་ཀྱི་གྲལ་ གཡོན་དུ ་བྱས། ནང་པའི་སྡེ་ཚན་འབུམ་ཚོ་བཅུ་གསུམ་འདུས། ཕྱི་པ་ལ་འབུམ་ཚོ་བཅོ་བརྒྱད་འདུས། ཟླ་བ་གཅིག་དང་ཞག་བདུན་གྱིས་བར་དུ་རྩོད་པ་བྱས། མུ་སྟེགས་ཀྱི་སྡེ་ཚན་འབུམ་ཚོ་བཅུ་བདུན་དེ་ནང་པ་ལ་བཙུད། འབུམ་ཚོ་གཅིག་དེ་ཁོ་རང་གི་ཡུལ་ལ་སླར་ལྡོག །དེར་ཡང་འགྲོ་དོན་རྒྱ་ཆེན་པོར་འཕེལ་ལོ། །དེ་ནས་སེར་སྐྱའི་ཡུལ་དུ་བྱོན། ཡབ་གྲོང་པ་དང་དུས་གཅིག་ལ་སེར་སྐྱའི་པཎྜི་ཏ་འབུམ་ཚོ་གསུམ་བསྡུས་ནས། དེར་ཡང་འགྲོ་དོན་རྒྱ་ཆེན་པོ་འཕེལ་ལོ། །ཡབ་ཀྱི་དགེ་བ་གྲངས་མེད་པ་བྱས། དགེ་རྩ་དེ་ཚར་ནས་ཡུམ་ཡང་གྲོང་དེ་ལ་ཡང་དགེ་རྩ་གྲངས་མེད་བྱས། གླང་ཆེན་སྟོང་། མ་ཧེ་བཞོ་མ་སྟོང་། མི་བཞོ་བ་སྟོང་དང་སུམ་སྟོང་། རྒྱལ་པོའི་སྐོར་ཆ་ཐམས་ཅད་བླ་མ་དང་པཎྜི་ཏའི་ཕྱོགས་སུ་བཏང་། ཀུན་ལ་འགྱེད་དང་མཆོད་པ་བྱས། སྐོར་མཛོད་བྲན་གཡོག་དང་བཅས་པ་ཕས་སྤུན་ལ་གཏད། ནམ་གྱི་ཐོ་རང་ལ་གཅིག་པུར་ཟང་གླིང་གྱི་གྲོང་ཁྱེར་དུ་བྱོན། ཟངས་གླིང་དུ་གུ་རུ་རཏྣ་བྱ་བའི་དྲུང་དུ་རྒྱུད་ལ་ཤར་བའི་རྟོགས་པ་ཕུལ། ལོ་གསུམ་བསྡད་ནས་ཉམས་ལེན་ག་དར་མཛད། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ་པུརྣ་ཉེ་བའི་དུར་ཁྲོད་གཅིག་ཡོད། དུར་ཁྲོད་ཀྱི་གླིང་དེར་ཉལ་ནས་སྡད་ཙ། དུར་ཁྲོད་ཀྱི་མཁའ་འགྲོ་མ་གཅིག་རུས་པའི་རྒྱན་ཆ་དྲུག་ཐོག་ནས། རྒྱ་གར་གྱི་ཨ་ཙ་ར་ཁྱོད་ངའི་དུར་ཁྲོད་ཀྱི་གླིང་མིན་པ་ཉལ་ས་མ་རྙེད་པ་ཨེ་ཡིན་ཟེར་ནས། འཇིགས་པའི་སྐད་དུ་མ་སྟོན། དེ་ནས་ཁོང་གིས་གསོལ་བ་བཏབ་ཅིང་བསྒོམ། མཁའ་འགྲོ་མ་དེའི་ཞལ་ནས། ཨ་ཙ་ར་ཁྱོད་དུར་ཁྲོད་དུ་ཉལ་བའི་ཆོས་མི་ཤེས་པ་གཅིག་ཟེར། དེ་ནས་རྡོ་རྗེ་གདན་གྱི་བྱང་ཕྱོགས་སུ། པོ་ཏ་ལའི་རི་ལ་བྱོན་ཏེ་བྲག་ཕུག་པ་ཏྲ་བྱ་བ་སྣང་། དེར་རྒྱ་གར་གྱི་པཎྜི་ཏ་གཅིག་བསྒོམ་ཞིང་བཞུགས་ཟིན། དེའི་དྲུང་དུ་ཕྱིན་ནས་སེམས་ལ་ཕན་པའི་ཆོས་ཅིག་ཞུ་བྱས་པས། ཨ་ཙ་ར་དེའི་ཞལ་ནས། ལར་ལྟ་རྟོགས་སེམས་ལ་གྱིས་དང་། འོད་གསལ་ནང་ནས་འཆར་གསུང་། བོད་ཀྱི་ཡུལ་དུ་འགྲོ་དོན་བྱེད་དགོས་པས། དགེ་སྦྱོར་མྱུར་དུ་སྐྱོང་གཅིག་གསུངས། ཨ་ཙ་ར་དེ་སྐད་གསུང་ནས་མི་སྣང་སྐད། དེ་ནས་ཁོང་གིས་སེམས་བུན་ལོང་གིས་སོང་ནས། ཐུགས་ལ་མི་བདེ་བ་མང་དུ་བྱུང་། དབུ་གཏུམ་ནས་མལ་དུ་གཟིམ་ཙ། ནམ་གྱི་ཐོ་རང་ཁར་བྲག་གི་གློ་ནས་བུད་མེད་གཅིག་གིས་སྐད་ལྷང་གིས་འབོད་པ་གཅིག་བྱུང་ཙ། ཨ་ཙ་ར་ཁྱེད་མྱ་ངན་གྱི་མཚོ་ལ། བྱང་ཆུབ་ཀྱིས་སེམས་རྐྱལ་དུ་མ་བཅུག་ལ་ཡར་ལོང་དང་། ཁྱེད་ཀྱིས་སེམས་དེ་བོད་རིགས་ངན་གྱི་ཡུལ་དུ་འགྲོ་དགོས་ཟེར་བ་སྙམ་བྱུང་སྟེ། བོད་ཡུལ་དུ་འགྲོ་དོན་མཛད་ནས་ཕྱིར་མི་ལྡོག་པའི་ས་ཐོབ་སྐད། ཁོང་གིས་ཐུགས་ལ་དེ་བས་ཀྱང་སེམས་འཁྲུགས་ཏེ་གཟིམ་ནས། ནམ་ལངས་ཙ་ན་བུད་མེད་དམར་མོ་གཅིག་གིས་ང་བོད་ཡུལ་ནས་འོང་བ་ཡིན་ཟེར། རིགས་ལྡན་སྐྱེས་བུ་ཨ་ཙ་ར། ཁྱེད་དང་པོ་སྐུ་འཁྲུངས་པ་སུམ་ཅུ་རྩ་གསུམ་དགའ་ལྡན་ལྷའི་གནས་སུ་སྐུ་འཁྲུངས། དེ་ནས་རྒྱ་གར་སེར་སྐྱ་ཏུ་སྐུ་འཁྲུངས། འགྲོ་དོན་མང་དུ་མཛད། ད་བོད་ཡུལ་དུ་འགྲོ་དོན་མཛད་ནས་སུ། ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡིན་གསུངས་སོ། །རྒྱ་གར་གྱི་ཆོས་ཐམས་ཅད་བོད་ཡུལ་དུ་དར་བ་ཡིན་གསུངས། མཁའ་འགྲོ་ལྔའི་སྒྲུབ་པ་གྱིས་ཤིག་གསུངས་ནས། ལུང་བསྟན་ནོ། །དེ་ནས་མལ་དུ་བཞུགས་ནས། མཁའ་འགྲོ་མ་ལྔའི་བསྒྲུབ་པ་མཛད་ཙ་ཞག་གསུམ་ནས་འཚོ་བ་འདྲེན་པ་བྱུང་། ཟླ་བ་གསུམ་ན་མཁའ་འགྲོ་མ་ལྔའི་ཞལ་མངོན་སུམ་དུ་མཐོང་སྟེ། མཁའ་འགྲོ་མ་ལྔས་ཨ་ཙ་ར་སྨོན་ལམ་འགྲུབ་གྱི་ཐུགས་བསྒྱུར་ཏེ། ད་ནི་བོད་ཡུལ་དུ་འགྲོ་དོན་ལ་ཡ་ང་སྤངས་དགོས་པ་གཅིག་བྱུང་། ཁོང་གིས་ཐུགས་བསྒྱུར་ནས་འགྲོ་དོན་རན་ཀྱང་རྒྱ་གར་གྱི་ཡུལ་དུ་ཆགས་པའི་སེམས་དང་མ་བྲལ་ནས། རྒྱ་གར་གྱིས་ཡུལ་ན་མཁའ་འགྲོ་མ་ལྔ་བསྒྲུབ་སྟེ་ཁོང་གིས་ཐུགས་བསྒྱུར་ཐུབ་སྟེ། དེ་ནས་ཉིན་གཅིག་ཙ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱེད་རིགས་པ་དྲི་མེད་ངང་ལ་བསྟིམ་གཅིག་གསུངས། ཁོང་གིས་རྒྱབ་ཏུ་སིལ་ཟེར་བའི་སྣང་བ་ཅིག་བྱུང་བ་དང་། ཕྱི་མིག་གཅིག་བལྟས་ཙ་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་གཅིག་སྐུ་ལ་རུས་པའི་བརྒྱན་གྱིས་བརྒྱན་པ་གཡས་ན་གྲི་གུག །གཡོན་ན་ཐོད་ཁྲག་བསྣམས་པ། ཁ་ཊྃ་ཁ་གྲུ་མོ་ཏུ་བཅུག་པ་གཅིག་སྣང་བས། ཨ་ཙ་ར་སྨོན་ལམ་གྲུབ་ཁྱོད་བོད་ཡུལ་དུ་འགྲོ་དོན་ལ་ཤོག་ཅིག་ཟེར་ནས། གྲི་གུག་སྐེ་ལ་རྒྱབ་སྟེ་མགོ་ལུས་ཕྱེས། བེམ་རིག་ཕྲལ་ནས་མཁའ་འགྲོ་མ་ལ་རིགས་པ་ཞུགས་ཏེ་བོད་ཡུལ་དུ་འོང་ངོ་། །དེ་ནས་བོད་ཀྱི་དབུས་ངམ་ཤོད་ཀྱི་ཡུལ་སྨད་གྲོང་ཚོ་མེར་རེ་བྱ་བ་ཡབ་ཁེར་གད་ཆོས་ལྷ་བྱ་བ་དང་། ཡུམ་ཕྱུག་མོ་འབུམ་ལྕམ་གཉིས་ཀྱི་ལྷུམས་སུ་ཞུགས་སོ། །དེ་ཡན་ཆད་རྒྱ་གར་རྡོ་རྗེ་གདན་དང་སེར་སྐྱའི་གྲོང་ཁྱེར་ཆེན་པོ་དང་། མུ་སྟེགས་པ་རྣམས་ནང་པའི་སྡེ་ལ་བཀོད་པ་དང་། བོད་ཡུལ་དུ་འགྲོ་དོན་ལ་བྱོན་པའི་ལུང་སྟོན་དང་གླེང་གཞིའི་ལེའུ་ལས། གླིང་གཉིས་སུ་འགྲོ་དོན་ཚར་བའི་ལེའུ་སྟེ་གཉིས་པའོ།། ༈ །།ངམ་ཤོད་སྨད་ཀྱི་ཡུལ་གྲོང་མཚོ་མེར་མེར་བྱ་བར་ཡབ་ཁེར་གད་ཆོས་ལྷ་བྱ་བ། ཡུམ་ཕྱུགས་མོ་འབུམ་ལྕམ་བྱ་བ་གཉིས་ཀྱི་ལྷུམས་སུ་ཞུགས་པའི་ལུས་པོ་གཅིག་ཡོད་དོ། །མའི་ལུས་ལ་ཡོད་པའི་དུས་སུ་ཟླ་བ་གསུམ་རེད་ཙ་ལུས་ལ་སྒྲོན་མེ་སྟེག་པ་རྨིས། ཟླ་བ་དྲུག་རེད་ཙ་ཁྱིམ་ཡང་སྒྲོན་མེས་གང་བ་རྨིས། ཟླ་བ་དགུ་རེད་ཙ་ངམ་ཤོད་ཀྱི་ཡུལ་སྨད་གྲོང་ཚོ་མེར་མེར་བྱ་བ་སྒྲོན་མེས་གང་བ་རྨིས། ཟླ་བ་བཅུ་ངོ་ལོན་ཙ་ག་ཏེའི་སྔགས་དང་ཧ་རི་ནི་སའི་སྔགས་བཟློ་བ་དང་། མ་བརྒྱུད་ཀྱི་སྔགས་བསྒྲང་བ་རྣམས་མས་ཐོས་ནས་ཡབ་ལ་དྲིས་ཏེ། ངའི་ལུས་ལ་ཡོད་པ་དེ་ནི་ལྷ་མི་གང་གིས་སྤྲུལ་པ་ཡིན་མི་ཤེས། བདུད་ཀྱི་སྤྲུལ་ཨེ་ཡིན། སྔོན་ནས་ཡོད་པ་དེ་དང་མི་འདྲ་བ་གཅིག་བྱུང་ཟེར། ཡབ་ཀྱི་ཅི་འདྲ་བ་གཅིག་བྱུང་ཟེར་ཙ། ངའི་ལུས་པོ་ནང་དུ་ག་ཏེའི་སྔགས་དང་། ཧ་རི་ནི་སའི་སྔགས་བཟློ་བ་དང་དེ་འདྲ་བ་གྲག་ཟེར། དེ་ནས་ཡབ་ཀྱིས་ཟེར་བ། ག་ཏའི་སྔགས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་ཡིན། ཧ་རི་ནི་ས་ནི་མཁའ་འགྲོ་ཡོངས་རྫོགས་ཀྱི་སྙིང་པོ་ཡིན། བདུད་ཀྱི་སྤྲུལ་པ་ནི་ཨེ་བོ་ཡིན། མི་ལ་མ་བཟློ་གསུངས། དེ་ནས་ཟླ་བ་བཅུ་ལ་བཙས་སྟེ། མས་བལྟས་ཙ་ཤ་མདོག་དཀར་བ་གཅིག་སྣང་། དཔྲལ་བ་ན་སྤྱན་གསུམ་སྣང་། ཁ་ན་ཨ་བགྲང་འདུག །ལྕེ་ཐོག་ན་ཡི་གེ་ཧྲཱིཿདམར་པོ་གཅིག་གིས་འཁོར་ཞིང་སྣང་བ་མཐོང་། མས་བླང་བས་མཛོད་ཀྱིས་སྒོ་ཕགས་སུ་བྷ་ཏོ་ཧྲུལ་པོ་གཅིག་གིས་ནང་དུ་བསྟུམ་ནས་བཞག་ཕྱིར་ཉིན་ཉི་མ་ཤར་དྲོས་ཙ་ཡབ་ཙར་ཕྱིན་ཏེ། ང་ལ་ཁར་སོང་བཙས་པ་དེ་ནི་བུ་མོ་གཅིག་སྣང་། བཙས་མ་ཐག་ན་ཁ་ལ་ཨ་བགྲང་འདུག །དཔྲལ་བ་ན་མིག་གསུམ་སྣང་། ལྕེ་ཐོག་ན་ཡི་གེ་ཧྲཱིཿདམར་པོ་གཅིག་འཁོར་སྣང་། འདི་མི་མ་ཡིན་གྱི་སྤྲུལ་པ་ཨེ་ཡིན། འོ་ཅག་གཉིས་ཀྱི་ཉམས་ལེན་ལ་འོང་བ་ཨེ་ཡིན་གསུངས། དེ་ནས་ཡབ་ཀྱིས་ཁྱེར་ལ་ཤོག་གསུངས། ཡབ་ལ་བསྟན་ཏེ། ཡབ་ཀྱིས་ཟེར་ནས་འདི་གང་ཡིན་ཤན་མ་ཕྱེད་ཀྱི་བར་མི་ལ་གསང་ངོ་། །ཁྱེད་ཀྱང་སྒོར་མ་རྒྱུག་ཟེར། མ་ཡང་ཟླ་བ་གསུམ་ལ་ངོ་མ་སྤྲད་ནས་གསོས་ཙ་སྐྱེད་ཆེ་ལ་ཡིད་དུ་འོང་བ་གཅིག་བྱུང་། མས་ཡིད་དུ་འོང་བ་ཅིག་བཟླས་ཙ་ཡབ་ཡུམ་གཉིས་ཀྱི་མཚན་གསོལ་ནས། སྒྲོན་རྩེ་མ་མིང་བཏག །དེ་ནས་ལབ་ལུང་དེ་ན་འཁྲུགས་པ་དང་། ནད་ཡམ་རྣམས་ཀྱང་རྒྱུན་ཆད་དོ། །དེར་ལོ་བཞི་ལོན་ནས་ཕོ་མོ་གཉིས་དགེ་བཤེས་ཨན་སྟོན་གྱི་རྩར་ཡོད་པ་རབ་ཏུ་བྱུང་ནས། མིང་ཡང་འབུམ་ཙེར་བཏག །དེའི་ཙར་ཕྱིན་ཙ། དགེ་བཤེས་ཨན་སྟོན་གྱི་ཞལ་ནས། འབུམ་མེ་ཁྱོད་ཀྱི་བུ་མོ་འདི་ལ་མཁའ་འགྲོ་མའི་མཚན་རྟགས་རྣམས་ཚང་ནས་འདུག་པས། འདི་ལ་ཀློག་གཅིག་སློབ་དང་། ཆོས་སྐད་བཟང་པོ་གཅིག་འོང་བར་སྣང་གསུང་། དེ་ནས་ཡི་གེ་བསླབ་པས་ལོ་ངོ་བཅུ་ལོན་ནས་ཀློག་མཁས་པའི་གྲགས་ཐོག་ཆོད་པ་བྱུང་ངོ་། །དགེ་བཤེས་རྣམས་དང་ཐམས་ཅད་ཀྱི་ཡིད་དུ་འོང་བ་གཅིག་བྱུང་ངོ་། །དེ་ནས་དབྱེའི་ཕྱི་རོལ་ཏུ་རྒྱལ་གྱི་སྟོན་མོ་གཅིག་བྱུང་། དེའི་དབུས་སུ་ཐམས་ཅད་སྟོན་མོ་ལ་སོང་བས། དེར་འདུས་པའི་ཁྲོམ་པ་རྣམས་ཀྱི་བུ་མོ་འདི་གང་ནས་འོང་བ་ཡིན་ཟེར། འདི་ནི་ལབ་བྱ་བ་ནས་འོང་བ་ཡིན། མའི་ལུས་ལ་ཡོད་པའི་དུས་སུ་སྒྲོན་མེ་བཏེགས་པ་དང་། ཁྱིམ་སྒྲོན་མེས་གང་བ་དང་། ལབ་ལུང་པ་ཡང་སྒྲོན་མེས་གང་བ་རྨིས་སྐད། དེ་ནས་ཁྲོམ་པ་རྣམས་ཀྱིས་འདི་འོངས་ཡང་ལབ་ནས་འོང་། མིང་ཡང་སྒྲོན་ཙེ་མིང་། ད་ལབ་སྒྲོན་མིང་ཐོག་ཟེར། ཁྲོམ་པ་རྣམས་ཀྱིས་མིང་ལབ་སྒྲོན་དུ་གསོལ་ལོ། །དེ་ནས་གཡུ་རུ་གྲྭ་ཐང་དུ་བྱོན་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་རབ་ཏུ་བྱུང་ནས་བཙུན་མ་བྱས། གྲྭ་པ་མངོན་ཤེས་ཅན་གྱི་ཙར་བཀའ་རྒྱས་འབྲིང་བསྡུས་གསུམ་ཀླག་ཅིང་བསྡད་ཙ། རྒྱ་ཕོ་བ་གྲོང་འཇུག་ཀྱི་འབུམ་ཆ་གཅིག་ཀླག །དེའི་ཉིན་པར་གྲྭ་པ་མངོན་ཤེས་ཅན་གྱི་གསུངས་པ། ཇོ་མོ་ཁྱོད་དར་ཞྭ་འདི་གྱོན་ལ་ཀློག་དང་། ཆོས་སྐད་བཟང་པོ་གཅིག་འདུག་སྐད། མིང་ཡང་ཇོ་མོ་ཞྭ་ཆུང་ཅན་དུ་བཏག །རྒྱ་ཕོ་བ་དྲོད་འཇུག་གི་ཀློག་སྐད་དང་། ཇོ་མོ་ཞྭ་ཆུང་ཀློག་སྐད་གཉིས་འགྱུར་གྱི་བཟང་ཟེར་ནས་ཐོག་ཆོད་པ་བྱུང་ངོ་། །དེ་ནས་གཡུ་རུ་གྲྭ་ཐང་དུ། གྲྭ་པ་མངོན་ཤེས་ཅན་གྱི་གཟིགས་ནས། བླ་མཆོད་བྱེད་ཅིང་འདུག་ཙ། རྒྱལ་གྱི་ལྷ་ཁང་དུ་རྒྱ་གར་གྱི་ཨ་ཙ་ར་གཅིག་ཕྱིན་ཟིན་ཟེར་བའི་སྐད་ཅིག་གྲགས། ཨ་ཙ་རས་མངོན་ཤེས་ཀྱིས་གཟིགས་ནས། རྒྱ་གར་གྱི་ཡུལ་སེར་སྐྱའི་གྲོང་ཁྱེར་དུ་སྐྱེས་པའི་པཎྜི་ཏ་ཨ་ཙ་ར་གཅིག་པོ་ཏ་ལའི་ཏ་ལའི་བྲག་ཕུག་ཏུ་སྒོམ་ཞིང་བཞུགས་ཙ། མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས་ལུང་བསྟན་བྱས། དེ་ནས་མཁའ་འགྲོ་མས་ལས་མཁན་བྱས་ནས་བསྒྲལ། དེའི་ཚེ་འཕོས་ནས་ལབ་ཀྱི་ལུང་པར་སྐུ་འཁྲུངས་ཏེ། དེང་སོང་གྲྭ་པ་མངོན་ཤེས་ཅན་གྱི་དྲུང་རབ་ཏུ་བྱུང་ནས། བླ་མཆོད་བྱེད་ཅིང་ཡོད་པར་གཟིགས། དེ་ལ་སང་ནང་པར་མཇལ་དུ་འགྲོ་དགོས་བསམ་པའི་ཐུགས་དགོངས་ཅིག་བྱུང་། དེ་ནུབ་ཇོ་མོའི་རྨི་ལམ་ན། མཁའ་འགྲོ་མ་སྐུ་མདོག་དཀར་མོ་ཅིག་བྱུང་བས། རྒྱ་གར་ནས་བྱུང་བའི་ཨ་ཙ་ར་གཅིག་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་དེ་སང་ནང་པར་མཇལ་དུ་འོང་བར་ཡོད་གསུངས། ཁོང་གི་ཐུགས་ལ་ང་ལ་ཨ་ཙ་ར་མཇལ་དུ་འོང་བ་འདི་ཅི་ཡིན་ཨང་རྨི་ལམ་ལ་དགོངས་ནས། ཁྱོད་ལ་མཚན་ཇོ་མོ་བྱ་བ་ཡིན། ཨ་ཙ་ར་ནག་པོ་དེ་ལ་དམ་པ་རྒྱ་གར་བྱ་ཡིན་ཟེར། དེ་ནས་ཡར་སད་ཙ་ཅི་ཡང་མི་སྣང་སྐད། རྨི་ལམ་འཁྲུལ་པ་ཡིན་གྱིས་འཛིན་པ་མེད་དོ་གསུང་སྐད། དེ་ནས་ཕྱི་ནང་ཉི་མ་ཤར་ཙ་ན་གཡུ་རུ་གྲྭ་ཐང་གི་སྒོ་ཆེན་ལ་བཏུག་དེ་བྱོན་ཙ། དམ་པ་ཡང་རྒྱལ་གྱི་ལྷ་ཁང་གྲ་དྷེའི་འཕྲེང་ལ་ཉུག་སྟེ་བྱོན་ནས་འོང་བ་ཏུག་གིས་འཇལ་ལོ། །ཕྱག་བྱས་ཤིང་ཁ་ཁར་སོང་། དབུ་གཉིས་སྟུག་རེས་བྱས་སྐད། ཇོ་མོས་གསུངས་ནས་དམ་པ་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་ངོ་མཚར་ཆེ་གསུངས། དམ་པའི་ཞལ་ནས་ཀྱང་། ཁྱེད་ཡེ་ཤེས་མཁའ་འགྲོ་མ་ཡིན་ཏེ། ལབ་ཏུ་སྐུ་འཁྲུངས་ནས། བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་ངོ་མཚར་ཆེ། ཁྱེད་ཀྱི་ཆོས་རྒྱུད་འདི་དུས་མཐར་མཁའ་ལ་ཉི་མ་ཤར་བ་ལྟར་འོང་བ་ཡིན་གསུངས། དེ་ན་ཨ་ཙ་ར་ནག་པོ་དམ་པ་རྒྱ་གར་བོད་ཡུལ་དུ་གྲགས་པ་ཡིན་གསུངས། དེ་ནས་ཨ་མ་ཇོ་མོ་ཡང་ནང་དུ་བྱོན་ནས། ཉི་ཁྲི་ཀློག་པའི་སྐབས་སུ་གཟིགས་རྟོགས་མཛད་ནས་བདུད་ཀྱི་ལེའུ་ལས་བློ་གཅིག་རྟོགས་ནས་གྲོལ་སྟེ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །བཀའ་ཐོག་ནས་གྲོལ་བའི་གྲོལ་ལུགས་བཀའ་དང་མི་འགལ་བའི་ཕྱོགས་འགའ་ཞིག་འབྱུང་སྟེ། དང་པོ་ཟས་ལ་ཕྱོགས་རིས་མེད་པའི་རྟགས་སུ། སྔར་ཟས་དཀར་གསུམ་མངར་གསུམ་མིན་པར་ཟ་བ་ལ། དེ་ཕྱིན་ཆད་མཛེ་ཟས་དང་སྤྲང་ཟས་ཟ་བ་གཅིག་བྱུང་། གཉིས་པ་གོས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་ལ། སྔར་ཆོས་གོས་དུར་སྨྲིག་མིན་པ་མི་གོན་པ་ལ། ཕྱིས་མཛེ་གོས་དང་སྤྲང་གོས་གྱོན་པ་གཅིག་བྱུང་ངོ་། །གསུམ་པ་གནས་ཀྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་གནས་སྡེ་དགོན་མིན་པ་མི་འདུག་པ་ལ། ཕྱིས་མཛེ་གནས་དང་སྤྲང་གནས་ལམ་འཕྲང་སྲང་དུ་འདུག་པ་གཅིག་བྱུང་། བཞི་པ་གྲོགས་ཀྱིས་ཕྱོགས་རིས་ཞིག་པའི་རྟགས་ལ། སྔར་མཁན་སློབ་དང་མཚུངས་པའི་སྡེ་དང་འགྲོགས་པ་ལ། ཕྱིས་མཛེ་སྤྲང་དང་འགྲོགས་པ་གཅིག་བྱུང་། ལྔ་པ་ཡུལ་གྱི་ཕྱོགས་རིས་ཞིག་པའི་རྟགས་སུ། སྔར་མི་ཆོས་ཀྱི་ཡུལ་དབྱེའི་ལབ་དང་། ལྷ་ཆོས་ཀྱི་ཡུལ་གཡུ་རུ་གྲ་ཐང་དུ་འདུག་པ་ལ། དེ་ཕྱིན་ཆད་རྒྱལ་ཁམས་ཕྱོགས་མེད་དུ་གཤེགས་པ་གཅིག་བྱུང་། དེ་ལ་བཀའ་དངོས་དང་མི་འགལ་བ་ཉི་ཁྲིའི་ནང་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཅེས་པས། གཟུགས་དང་གཟུགས་ཀྱི་དེ་བཞིན་ཉིད་ལ་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཅེས་སོ། །དེ་ནས་དགུང་ལོ་སུམ་ཅུ་རྩ་བདུན་ལོན་ཙ། བླ་མ་རིན་པོ་ཆེས་ངོ་སྤྲོད་ཀྱི་བརྒྱུད་པ་མ་ཆད་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ། ན་བུན་མ་ཡལ་བ་ཡིན་སྐད། གཉིས་པ་ཉེ་བའི་བརྒྱུད་པ་ནི། ཨ་མ་ཇོ་མོ་ཡན་ཆད་དུ་ཆོས་སྤྱིའི་བརྒྱུད་པ་ནི་ཡོད། གཅོད་ཡུལ་དུ་གྲགས་པའི་བརྒྱུད་པ་ནི་མེད། ཨ་མ་ཇོ་མོ་ནི་གང་ཟག་རང་བརྒྱུད་པ་མ་ཡིན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན། སྙིགས་མར་གདུལ་བྱར་དུས་ལ་བབ་པ་ཡིན་ནོ། །བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་རྒྱས་འབྲིང་གཟིགས་རྟོགས་མང་དུ་མཛད། རྟོགས་པ་ཁྱད་པར་ཅན་བརྒྱུད་ལ་སྐྱེས། དེ་ནས་གྲྭ་པ་མངོན་ཤེས་ཅན་ལ་དབང་གཅིག་ཞུ་བྱས་ཙ་ངས་ཁྱོད་ལ་དབང་བསྐུར་མི་ནུས། དབང་སྐྱོ་སྟོན་བསོད་ནམས་བླ་མ་ལ་ཞུས་ཟེར་ནས་ལུང་བསྟན། དེ་ལ་བར་ཆད་མི་འོང་ངམ་བྱས་པས་མི་འོང་གསུང་། དེ་ལ་བརྟེན་ནས་སྐྱབས་འགྲོ་ཡན་ལག་བརྒྱད་པ་མཛད། ཕྱིས་སྐྱོ་སྟོན་བསོད་ནམས་བླ་དང་མཇལ་ནས་འབུལ་བ་ཆེན་པོ་བྱས་ཏེ་ང་ལ་དབང་བསྐུར་གཅིག་ཞུ་ཞུས་པས། གྲྭ་པ་མངོན་ཤེས་ཅན་གྱི་ལུང་བསྟན་ཡིན་ཞུས། དགེ་བཤེས་ཀྱི་སྣོད་ལྡན་དུ་གཟིགས་ནས་དབྱེའི་ལྷ་ཁང་དུ་དབང་བཞི་རྫོགས་པར་གནང་། དེའི་ནུབ་མོ་ཇོ་མོས་ལུས་ཁྲུ་གང་གི་ས་ལ་མ་རེག་པར་ཞི་བའི་གར་ཐབ་ཉི་ཤུ་རྩ་གཅིག་མཛད། གསུང་སཾ་ཏྲི་ཏའི་སྐད་མཛད། ཐུགས་ཐོག་པ་མེད་པ་ཏིང་ངེ་འཛིན་དུ་མ་མཛད། ཁང་པའི་གྱང་ལ་ཐོག་པ་མེད་པར་ཏལ་གྱི་བྱོན་ནས། སྡོང་པོ་གསེར་གླག་ཅན་དུ་ཀླུ་རྒྱལ་དྲག་པོ་ལག་སྐྱོངས་བྱ་བ་གནས་པར་ཐོག་པ་མེད་པའི་ཏིང་ངེ་འཛིན་མཛད། ཀླུ་དྲག་པོ་ལག་སྐྱོངས་ན་རེ། སྔར་འདི་འདྲ་བའི་ཆོས་བརྒྱུད་ཡོད་མ་མྱོང་། ཁྱོད་ཤ་ལ་དགའ་བའི་ཀླུ་རིགས་རྣམས་འདིར་འདུས་དང་ཟེར་ནས་ཀླུ་རྣམས་ཀྱི་ཆོ་འཕྲུལ་སྣ་ཚོགས་བསྟན། ཁོང་གི་ལུས་པོ་སྦྱིན་པར་བཏང་། སེམས་ཆོས་ཉིད་གཏེར་དུ་སྦས། ཀླུ་རྣམས་ཀྱིས་ཆོ་འཕྲུལ་ཇི་ལྟར་བསྟན་ཀྱང་མ་ཚུགས། ཀླུ་རྣམས་ཀྱིས་ཕྱག་འཚལ་བ་དང་། བསྐོར་བ་བྱེད་པ་བྱུང་ངོ་། །སྲོག་སྙིང་ཕུལ་བྱུང་ངོ་། །ཐོ་རས་སྐྱ་རིང་ཤར་བའི་དུས་སུ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། ལབ་ཀྱི་སྒྲོན་མ་ཁྱོད་ཆུ་མིག་གཉན་ཁྲོད་བརྒྱ་རྩ་བརྒྱད་ལ་བསྒྲུབ་པ་མཐར་སྐྱོལ་དང་། ཕྱིར་མི་ལྡོག་པའི་ས་ནོན་པ་ཡིན། གཞན་ཡང་ལུང་བསྟན་མང་དུ་མཛད། ཕྱིར་ནང་མཆེད་གྲོགས་རྣམས་ཚོལ་དུ་ཕྱིན་ཏེ་བླ་མའི་དྲུང་དུ་ཁྲིད་ནས། མདངས་ཇོ་མོས་དབང་མ་ཐོབ་བྱས་ཙ། བླ་མའི་ཞལ་ནས་མདངས་འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་རྣམས་ཀྱི་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ཇོ་མོ་འདིས་ཐོབ་གསུངས། དགེ་བཤེས་དབྱེན་སྟོན་ལས་ཡང་རྫོགས་ཆེན་གྱི་ཆོས་སྐོར་རྣམས་གསན་ནོ། །གྲྭ་ཕ་མངོན་ཤེས་ཅན་ལས་ཕར་ཕྱིན་གྱི་ཞལ་བཀའ་གདམ་གྱི་ཆོས་རྣམས་གསན་ནོ། །དགེ་བཤེས་ཤུད་བུ་ཞྭ་དམར་ཅན་ལ་དབང་སེམས་སྒོམ་གྱི་སྐོར་རྣམས་གསན་ནོ། །དགེ་བཤེས་ཡང་རྩེ་བ་ལས་ཕྱག་རྒྱ་ཆེན་པོའི་སྐོར་རྣམས་གསན་ནོ། །དེ་རྣམས་ཀྱི་ནང་ནས་དགེ་བཤེས་བསོད་ནམས་བླ་མ་དེ་རྩ་བའི་བླ་མ་ཡིན་ནོ། །ཐོས་བསམ་གྱི་སྒྲོ་འདོག་ཀྱང་དེ་ཙམ་གཅིག་བཅད། ལོ་སུམ་ཅུ་རྩ་གསུམ་ཚུན་ཆད་ལ་བཙུན་མའི་གྲ་ཐོག་ཆོད་པ་གཅིག་བྱས་སོ། །སུམ་ཅུ་རྩ་གསུམ་ལོན་པའི་དུས་དབྱེ་ཆུང་ན། ཡོན་བདག་ལྷ་མོ་སྒྲོན་བྱ་བ་གཅིག་དང་བཟའ་མི་གཉིས་རབ་ཆད་དུ་འདུག་པས་ཟས་ནོར་གང་ཡོད་ཆོས་ལ་བཏང་ཞིང་སྣང་། ཁོང་གིས་འབུམ་དང་ཉི་ཁྲི་ཀློག་ནས་ཡོད་ཙ་ཡུལ་ཕྱོགས་དེ་ན་ཐོད་པ་བྷ་རེ་བྱ་བ་གཅིག་སྣང་། དེ་ཡོན་བདག་གི་ཆོ་ག་ལ་སྙག །དེའི་ལོ་རྒྱུས་ཅུང་ཟད་ཙམ་བཤད་ན། རྒྱ་གར་ཡུལ་དུ་སྐྱེས་པའི་པཎྜི་ཏ་ཅིག་བོད་ཡུལ་དུ་བྱོན་པ་ཡིན་སྐད། དབྱེའི་རབ་ཁ་བྱ་བར་སྐུ་འཁྲུངས་ཡབ་ནི་རཏྣ་སིདྡྷི་བྱ་བ་ཡིན། ཡུམ་ནི་ས་མ་ཏི་བྱ་བ་ཡིན། མཚན་ནི་བྷ་རེ་བྱ་བར་གྲགས་ཡིན། ཡོན་བདག་དེའི་རྩར་ཇོ་མོས་ཀློག་བྱས། བྷ་རེ་ཆོ་ག་བྱས་ཙ་བྷ་ར་ཡང་ཆོ་ག་བྱེད་མི་འདོད་པ་ཧ་རེ་ལྟ་འདུག །ཡོན་བདག་མོ་ན་རེ། བརྟེན་པ་ཆོ་ག་མི་མཛད་ཅི་ཡིན་ཟེར། ངས་ཆོ་ག་བྱེད་སྙིང་མི་འདོད་པ་ཅིག་འདུག་ཟེར། བློ་བདེ་འབོལ་ལེ་སོང་སྐད་ཡོན་བདག་མོ་ན་རེ། ངེད་བཟའ་མི་གཉིས་ཀྱང་དེ་འདྲ་ཟེར། དེ་ཅི་ཡིན་ཨཾ་ཟེར། ཁོང་ན་རེ་ཅི་ཡང་མ་ཡིན་ཇོ་མོ་འདི་བྱིན་རླབས་ཅན་གཅིག་འདུག་པས། དེའི་བྱིན་རླབས་ཡིན་ནོ། །རང་ཅག་རྣམས་ལ་བྱིན་རླབས་ཀྱི་འོད་ཟེར་ཕོག་པ་ཡིན་སྐད། དེའི་ནུབ་མོ་མཁའ་འགྲོ་མ་སྐུ་མདོག་དམར་མོ་དཔྲལ་བ་ན་མིག་ཡོད་པ་གཅིག་གིས་ཇོ་མོ་ཁྱོད་ཆོ་ག་མཁན་པོ་འདི་དང་སྔོན་གྱི་སྨོན་ལམ་དང་། ད་ལྟར་གྱི་ལས་འཕྲོ་མཐུན་པས་ཐབས་ཤེས་རབ་མཛོད་ཅིག་གསུངས། ངས་བཙུན་མ་གྲག་ཐོག་ཆོད་པས་དེ་འདྲ་བ་བྱས་ན་མིས་མི་འབར་རམ་ཞུས་པས། སྐུ་མདོག་དམར་མོ་དེ་དཀར་མོ་གཅིག་ཏུ་གྱུར་ནས། འགྲོ་བའི་དོན་འབྱུང་བ་ཡིན་པས་ད་རེས་ཕྱིར་མི་ལྡོག་སྟེ། མཁའ་སྤྱོད་ཀྱི་གནས་སུ་ཕྱིན་པ་ཡིན་གསུངས། གཞན་ཡང་ལུང་བསྟན་མང་དུ་མཛད་ནས་འཇའ་དང་འོད་དུ་ཡལ་ནས་ཐལ། དེའི་ཕྱིར་ཉིན་འབའ་རེ་བྱུང་ནས་ཕྱག་དང་བསྐོར་བ་མང་དུ་བྱས། ནུབ་མོ་མུན་རུབ་ཙ་ཁོང་གི་རྩར་ཕྱིན་པ་དང་། ཁྱེད་ཀྱི་ཀློག་འདོན་མཛད་པའི་བྱིན་རླབས་དང་། གསུངས་དྲི་མ་མེད་པའི་བྱིན་རླབས་དང་། གསུང་སྙན་པ་དང་། སངས་རྒྱས་ཀྱི་ཐུགས་གི་བདེན་པ་རྣམས་ཀྱིས་བྱིན་རླབས་ང་ལ་ཞུ་ཟེར། ཇོ་མོས་ཉི་ཁྲི་དུམ་པ་གཅིག་མགོ་ལ་བཞག་ཅིང་། ཁོས་ལག་པ་ལ་འཇུས་ནས། ང་ལ་ཐོག་པ་མེད་པའི་བྱིན་རླབས་ཅིག་ཞུ་ཟེར། བྷ་རེ་ལ་ཤེད་ཀྱི་མ་ཐུབ་ནས་ཐོག་ཏུ་བསྡད་ཙ་ཡོན་བདག་མོ་ཆོས་ལ་མར་མེ་སྐྱེལ་དུ་བྱུང་ནས། ཨ་མ་ཇོ་མོ་ཡང་འདུལ་ཁྲིམས་གཙང་ཟེར་བ་བདུད་ཀྱིས་བསླུས་པ་མ་ལགས་སམ་ཟེར། ཁོང་ལ་རྐང་མཐིལ་ནས་སྦྲིད་ཅིག་བྱུང་བ་དེ་སྤྱི་གཙུག་ཏུ་སིང་གི་བུད་ནས་ཐལ་ཏེ། ཇོ་མོས་ཚིག་བཅད་བྱས་ནས་གསུངས་པ། ལུང་བསྟན་ཕལ་ཆེར་བདུད་ཀྱི་བསླུས་པ་ཡིན། །ཕོ་མོ་གཉིས་འགྲོགས་བདུད་ཀྱིས་ཁྱེར་བ་ཡིན། །ཡོན་བདག་མོ་ཡང་རྐྱེན་གྱིས་དེད་པ་ཡིན། །འགྲོ་བའི་དོན་ཡང་ཅི་ནུས་ངས་མི་ཤེས། །སྐད། ཡོན་བདག་མོས་ནི་མོ་རང་གི་མི་ལ་ཡང་མ་བཟླས་ཟིན། བྷ་རེ་ཡང་ཞག་བདུན་ལ་ཆོ་ག་བྱས། ཇོ་མོས་ཟླ་བ་གཅིག་ལ་འབུམ་ཚར་བཅུ་གསུམ་བཀླག །དེ་ནས་ཇོ་མོ་ལ་ཡོན་འགའ་རེ་རྫོང་ནས། གཡུ་རུ་གྲ་ཐང་དུ་གྲ་པ་མངོན་ཤེས་ཅན་ལ་འབུལ་བ་བྱས་ནས་ཞུས། གྲ་པ་མངོན་ཤེས་ཅན་གྱི་ཇོ་མོ་ཞྭ་ཆུང་ཅན་ཁྱོད་ངའི་དྲུང་དུ་བྱུང་ནས་འདུལ་ཁྲིམས་གཙང་། སྔོན་གྱི་ལས་ཀྱི་བྷ་རེ་ཟེར་བ་དང་སྔོན་གྱི་ལས་འཕྲོ་མཐུན་པས། ལས་ཀྱི་འབྲེལ་བ་ཡིན་པས་ཞུམ་པ་མ་བྱེད་ཅིག་གསུངས། དེ་ནས་སྐྱོ་སྟོན་བསོད་ནམས་བླ་མས་མཇལ་དུ་ཕྱིན། འབུལ་བ་ཕུལ་ནས་ཞུས་པས། ཐང་ཅིག་ང་ཕྱོགས་མེད་དུ་འགྲོ་ཟེར། བྷ་རེ་བྱ་བའི་ཆོ་ག་མཁན་པོ་གཅིག་གིས་ང་ལ་གནག་ནས་ཡོད་པས། དབུས་ཀྱི་ཁྲོམ་པ་ཚོས་འབར་ནས་སྣང་། གཏམ་ངན་རླུང་ཞོན་བྱ་བ་ཡིན་སྐད། མདང་གི་རྨི་ལམ་ལ་ཁྱེད་ཀྱིས་འགྲོ་དོན་ཕྱོགས་མེད་ལ་འབྱུང་བ་ཡིན་ཞུམ་པ་མ་བྱེད་གསུངས། དེ་ནས་ཇོ་མོས་རྩ་བའི་བླ་མ་གཉིས་ཀྱིས་དེ་གསུངས་བསམ་ནས་ཞུམ་པ་མ་བྱས་ཏེ། ཇོ་མོ་བཀའ་ལོག་མ་ཟེར་ཏེ་ཀུན་གྱི་འབར་ཤ་བྱེད་པ་བྱུང་ངོ་། །དུས་ཐང་ཅིག་དབུས་སུ་མི་འདུག་ནས། ཉང་དག་ཀོང་གསུམ་ལ་འགྲོ་དགོས་བསམ་པ་གཅིག་བྱུང་། དེ་ནས་ཀོང་ཡུལ་ལ་བྱོན། བུ་གསུམ་ཡོད་པའི་ཆེ་བ་ལ་གྲུབ་སེ། དེ་འོག་གྲུབ་ཆུང་། དེ་འོག་ཡང་གྲུབ་གསུམ་ཡོད། ཀོང་ཡུལ་དུ་ཇོ་མོས་ཀློག་བྱས། བྷ་རེས་ཆོ་ག་བྱས་དེར་ལོ་མང་དུ་བསྡད། དེར་ལོ་ལྔ་བཅུ་རེད་ནས་བྷ་རེ་ཕ་ཡུལ་དུ་འོངས་ནས་བུ་ནོར་ཐམས་ཅད་དེར་བཞག་གོ། །དེ་ནས་དབུས་གཙང་གིས་རྒྱལ་ཁམས་ཕྱོགས་མེད་དུ་བྱོན། ལ་སྟོད་དིང་རིར་བྱོན་ནས་དམ་པ་རྒྱ་གར་དང་མཇལ་དུ་བྱོན། དམ་པ་མངོན་ཤེས་ཅན་གྱིས་གཟིགས་ནས། ཡེ་ཤེས་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་བྱོན་པར་གདའ་གསུངས། དིང་རི་བ་རྣམས་བསུ་བ་ལ་བྱོན། དེ་ནས་དིང་རིར་ཞག་གསུམ་བཞུགས། དམ་པ་དང་ཉམས་བསྡུར་མཛད། དམ་པ་ཡང་ཐུགས་མཉེས་ཏེ་མ་ཇོ་མོ་ཁྱོད་ཀྱི་བསྟན་པ་ནི་ཡུན་རིང་དུ་འབྱུང་གིས་གསུངས། དེ་ནས་ཟངས་རི་མཁར་དམར་དུ་བྱོན་ཏེ། ཡོན་བདག་མོ་ཆོས་མཚོ་བྱ་བ་གཅིག་གིས། ལུས་ནི་བཙུན་མར་འདུག་སྟེ་ཆོས་ནི་མི་ཤེས་པར་སྣང་། གཉའ་ན་རི་དམར་པོ་ཟངས་རི་འདྲ་བ་གཅིག་སྣང་། གཞི་བདག་དེའི་མིང་ལ་ཟངས་རི་འཁྱིལ་པ་བཏག །ཡོན་བདག་མོ་དེའི་ཙར་བཞུགས་ཅིང་ཡོད་ཙ་ན། སྲོད་ལ་གཞི་བདག་དེ་བྱུང་ནས་ཇོ་མོ་ཁྱོད་ཀྱི་མཚན་ལབ་སྒྲོན་དུ་སྣང་། སྟེང་ཡར་དེ་ལ་དུར་ཁྲོད་ཡོད་ས་དེ་ལ་དགོན་ས་ཐོབ་ལ་སྡོད་དང་། ངས་ཀྱང་ཡོན་བདག་བྱེད་པ་ཡིན་སྐད། མི་དམར་རྟ་དམར་ཅན་ཅིག་བྱུང་བ་དེ་ཟངས་རིའི་གཞི་བདག་ཡིན་པར་སྣང་། མཁར་འདི་ལ་མཁར་དམར་བྱ་བ་ཡིན། ཇོ་མོ་བཙུན་མ་འདིའི་བདག་པོ་ཡིན། རི་ཕ་རི་དེ་ལ་ང་འདུག་ས་ཡིན། འདི་གཉིས་ཀྱི་བར་ལ་བཞུགས་མཛོད་དང་ཟེར་ནས་ལུང་བསྟན་སྐད། ཁོང་གི་དགོངས་པ་ལ་བྷ་རེ་ངེད་གཉིས་ཀྱི་ལུང་བསྟན་དང་ཨེ་མི་འདྲ་དགོངས་ནས་འཁོར་བའི་སྡུག་བསྔལ་འགའ་ཞིག་ཀྱང་དྲན་པ་བྱུང་། ཁྲོམ་པའི་མི་རྣམས་ཀྱི་འབར་ཤ་བྱུང་ནས་སྙེམས་མཛད། དེའི་ཕྱིར་ནང་ཡོན་བདག་མོ་དེ་བྱུང་ནས་ངེད་གཉིས་ཀྱི་གཞི་བདག་ཕ་རི་དེ་ཁྱེད་ལ་བཟང་བ་གཅིག་འདྲ་ཟེར། ཅི་འདྲ་བྱས་པས་བཙུན་མས་གཞི་བདག་དེ་རྨིས་ན་བཟང་བ་གཅིག་ཡིན། མདང་གི་རྨི་ལམ་ལ་གཞི་བདག་དེ་བྱུང་ནས། ཐོག་ན་ཡོད་པའི་ཇོ་མོ་དེ་ལབ་སྒྲོལ་མ་བྱ་བ་ཡིན། ཁྱོད་ཀྱིས་ཡོན་བདག་གྱིས་ལ་ཞབས་ཏོག་གྱིས་དང་། ངས་ཀྱང་གདོངས་གྲོགས་བྱེད་སྐད། ཁོང་གིས་གཞི་བདག་དེ་ཅི་འདྲ་བ་ཡིན་བྱས་པས། མི་དམར་རྟ་དམར་གཅིག་ཡིན་ཟེར། དེ་ནས་ཁོང་བཞུགས་པས། ཐོག་ཁ་ཡ་ཏ་ན་བཞུགས་དང་བཙུན་མ་ངས་ཞབས་ཏོག་བྱེད་ཟེར་ནས་ཁས་བླངས། དེ་ནས་ཁོང་གི་དགོན་གནས་མཛད་ནས་བཞུགས་པས། ལོ་གསུམ་ཙ་ན་བསྟན་པ་ནམ་མཁའ་ལ་ཉི་མ་ཤར་འདྲ་གཅིག་བྱུང་། སྐུའི་སྙན་པ་འབྲུག་ལྟར་གྲགས། ཟངས་རི་མཁར་དམར་ལ་མ་ཅིག་ལབ་སྒྲོན་བཞུགས་ཟེར་ནས་བཟང་དགུའི་བཏུག་ས། ངན་དགུའི་རྟེན་ས་བྱུང་སྐད། དུས་དེ་ཙ་ན་རྒྱ་ཆོས་དང་། བོད་ཆོས་གཉིས་ཀྱི་ངོས་བཟུང་བ་དང་། གནམ་ཆོས་དང་ས་ཆོས་གཉིས་ཀྱི་ངོས་བཟུང་བ་དང་། བཀའ་མ་དང་གཏེར་མ་གཉིས་ཀྱི་ངོས་བཟུང་བ་དང་། ཕོ་གཅོད་དང་མོ་གཅོད་གཉིས་ཀྱི་ངོས་བཟུང་བ་དང་བཞིའོ། །དེ་ལ་ཆོས་འདིའི་བརྒྱུད་པ་བཤད་ན། རྒྱ་ཆོས་བོད་ཆོས་གཉིས་ཀྱི་ངོས་བཟུང་ནི། ཆོས་རྒྱ་གར་ནས་བོད་ལ་དར་བ་ཡིན་ཏེ། བོད་ཀྱི་ཆོས་རྒྱ་གར་ན་གྲགས་པ་ཡང་ཡོད་གསུངས། རྒྱ་གར་རྡོ་རྗེ་གདན་དུ་ཐམས་ཅད་འདུས་ནས་ཆོས་ཐམས་ཅད་རྒྱ་གར་ནས་བོད་དུ་གྲགས་པ་ཡིན། བོད་ལ་ཆོས་མེད་པ་ཅི་འདྲ་ཡིན་ཟེར་ནས། བདུད་ཀྱི་བསླུ་བ་ཨེ་ཡིན་ཟེར་ནས། མིང་ལ་ཕྱག་རྒྱ་ཆེན་པོ་གྲགས་པའི་གཅོད་ཟེར་བ་གཅིག་ཡོད་ཟེར་བ་ཅི་འདྲ་ཡིན། རྐང་མགྱོགས་པ་གསུམ་འགྲོ་དགོས་ཟེར་ནས་ཐམས་ཅད་གྲོས་བྱས། རྐང་མགྱོགས་པ་གསུམ་བཏང་། ཁྲ་ཧོར་པ་གོང་སང་འགྲིམ་པ་ཙམ་ཅིག་བྱུང་བ་ཞག་གཉིས་ཙ་ཟངས་རི་མཁར་དམར་དུ་མའི་དྲུང་དུ་ཕྱིན། རྒྱ་གར་གྱི་ཨ་ཙ་ར་གསུམ་བླ་དབྱེར་ཕྱིན་ཟེར་བ་དང་། མའི་ཞལ་ནས་ཨ་ཙ་ར་གསུམ་གཟུགས་ཅི་འདྲ་བ་གཅིག་སྣང་། གོས་ཅི་འདྲ་བ་གོན་ཟིན་གསུངས། ཉེ་གནས་ན་རེ་ཨ་ཙ་ར་གཞན་གྱི་གོས་མ་གོན་ཟིན། དར་གྱི་ལའུ་གསུམ་གོན་ཟིན། མའི་ཞལ་ནས། རྒྱ་གར་གྱི་རྐང་མགྱོགས་པ་གསུམ་བྱུང་ཟེར་ནས། ཨ་ཙ་རས་རྒྱ་གར་གྱི་སྐད་བྱེད་པ་ལོ་ཙྭ་མེད། མའི་ཙར་ཤོག་ཟེར་ནས་འཚོ་བ་དྲངས། བགྲོ་གླེང་བྱས་ཙ་མས་རྒྱ་གར་གྱི་སྐད་འགྱུར་ཐམས་ཅད་གསུངས། ཨ་ཙ་རས་ཁྱོད་བོད་ཀྱིས་རྒྱ་གར་གྱི་སྐད་འགྱུར་ཤེས་པ་ཅི་ཡིན་ཟེར། མའི་ཞལ་ནས་ཚེ་སྔོན་མ་རྒྱ་གར་ན་སྐྱེས་པ་ཡིན་ཟེར། ཨ་ཙ་རས་སྐྱེ་བ་དྲན་པ་ཡིན་ནམ་གསུངས། མས་སྐྱེ་བ་སྔ་ཕྱི་ད་གསུམ་དྲན་གསུངས། ཨ་ཙ་རས་ཁྱོད་ཤོག་ཟེར། མའི་ཐུགས་ཀྱི་དགོངས་པ་ལ། ཨ་ཙ་ར་འདི་གསུམ་གྱི་རྒྱ་སྐད་དུ་གཏམ་པས། ངའི་གྲྭ་སློབ་རྣམས་ཀྱི་མི་གོ། ཁོང་གསུམ་ལས་ཤག་ཁ་ང་རྒྱལ་ཡང་དགོས་བ་ཆུང་བསམ་པ་བྱུང་། ཨ་ཙ་ར་གསུམ་གྱི་རྒྱ་བྲང་ཁ་ཕྱེས་སྐད། ཞབས་ཐོག་བྱས་དབུས་གཙང་རུ་བཞིའི་མཁས་བཙུན་རྣམས་དང་། ཡུལ་མའི་རྣམས་དང་། ཕྱོགས་ཕྱོགས་ཀྱིས་གྲྭ་བསྐོར་བ་རྣམས་དང་། ཡོན་བདག་རྣམས་དང་། རྒྱ་གར་དང་བོད་ཀྱི་ལོ་ཙྭ་བ་རྣམས་དང་། ཀུན་ལ་ཕོ་ཉ་བཏང་ནས་བསྡུས། འབུམ་ཚོ་གཅིག་དང་བདུན་བརྒྱ་འཚོགས། དེ་ནས་མཆོད་པ་ཆེན་པོ་བཤམས། སྟོན་མོ་དང་སྤོང་ཐག་བྱས་ནས། འཚོགས་པ་དེའི་གོང་དུ་ཨ་ཙ་ར་གསུམ་དང་བགྲོ་གླེང་གིས་བཤད་པ་བཏང་སྟེ། དབུས་གཙང་གཉིས་ཀྱི་ས་ཆ་ལ་ལོ་ཙྭ་བ་བཞི་བྱུང་སྟེ། འཚོགས་པ་དེ་ལ་ལོ་ཙྭ་བས་བསྒྱུར་ནས། མའི་ཆོས་རྣམས་སྙེམ་ཐག་ཆོད་པར་འདུག་གསུངས། ཨ་ཙ་ར་གསུམ་གྱིས་གསུངས་ནས། ཆོས་ཐམས་ཅད་རྒྱ་གར་ནས་མ་བྱུང་བའི་བོད་ལ་ཆོས་མེད་ཟེར། མའི་ཞལ་ནས་རྒྱ་གར་བ་འདི་བོད་ལ་དྲིན་ཆེ། ཆོས་ཐམས་ཅད་རྒྱ་གར་གྱི་ཆོས་དར་ལུགས་དེ་ཁྱོད་གསུམ་གྱིས་ཤོད་དང་ཟེར། ཨ་ཙ་རས་དར་ལུགས་ངས་མི་ཤེས་ཟེར། ཁྱེད་ཀྱིས་ཤེས་པ་ཨི་ཡིན་ཟེར། མའི་ཞལ་ནས། ང་ནི་ཡུམ་གྱི་ཐུགས་སྤྲུལ་ཡིན་པས་ཤེས་གསུངས། རྒྱ་གར་ཆོས་ཀྱི་རྒྱལ་པོ་ཛ་ཞེས་བྱ་བ་བཞུགས་པའི་དུས་སུ་གདམ་ངག་དང་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཆར་བཞིན་དུ་འབབ་པ་ཡིན། དེ་ཡང་ཡུམ་གྱི་བྱིན་རླབས་ཡིན་གསུངས། དེ་ནས་ཨ་ཙ་ར་གསུམ་གྱིས་ཁྱོད་སྐྱེ་བ་སྔ་ཕྱི་དྲན་ཟེར་བ་ཡོང་ཤོད། ཆོས་འདིའི་བརྒྱུད་པ་ཡང་ཤོད་ཟེར་བ་ལོ་ཙྭ་བས་བསྒྱུར་སྐད། དེ་ནས་མའི་ཞལ་ནས། འོ་སྐོལ་འདིར་ཚོགས་པའི་ཁྲོམ་པ་རྣམས་གསོན་དང་། འཚོགས་གོང་འདི་ལ་སྐྱེ་བ་སྔ་ཕྱི་ད་གསུམ་གྱི་སྐྱེ་ལུགས་ཤོད་ཟེར་བས། སྐྱེས་པའི་ལུགས་མ་བཤད་ན། ངའི་བརྒྱུད་པ་འཛིན་པ་འདི་རྣམས་ཡིད་མི་ཆེས། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་འདིའི་བརྒྱུད་པ་མ་བཤད་ན། གདམ་ངག་ལ་ཡིད་མི་ཆེས། རྒྱ་གར་རྡོ་རྗེ་གདན་ལ་ཐམས་ཅད་འདུས་ནས། ཆོས་ཐམས་ཅད་རྒྱ་གར་ལ་འོང་བ་ཡིན། ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་འདི་རྒྱ་གར་ལ་མི་གྲགས་བོད་དུ་གྲགས་པ་ནི། བོད་ལ་བདུད་དང་རྒྱལ་བསེན་སྡོང་ནས་བོད་བརླག་པ་ཡིན་པས། རྒྱ་གར་གྱིས་ཆོས་ཐམས་ཅད་བསྣུབ་ཆིས་ཨེ་ཡིན། འདི་ཅི་འདྲ་བ་ཡིན་ལྟ་རུ་འགྲོ། ཟེར་ནས་རྐང་མགྱོགས་པ་འདི་གསུམ་བཏང་ཟིན་པས། ཆོས་འདིའི་བརྒྱུད་པ་བཤད་པ་ཡིན་པས་ཉོན་ཅིག་གསུངས། དེའི་ཉིན་པར་བཀའ་ཚོམ་ཆེན་མོ་ཞིབ་རྒྱས་སུ་བཤད། ཡང་ལེའུ་ལག་ས་མ་ཏི་འགྲེལ་པ་སཾ་ཀྲྀ་ཏིའི་སྐད་དུ་གཅོད་ཡུལ་ཟླ་བ་གཅིག་བཤད། དབུས་གཙང་མདོ་ཁམས་རྣམས་དང་། དེར་ཚོགས་ཀྱི་ཁྲོམ་པ་རྣམས་ཡིད་ཆེས། ཚིག་གི་སྒྲོ་བཀུར་ཆོད་པ་བྱུང་། དེ་ནས་མའི་སྐྱེས་རབ་གསུངས་སྟེ། དང་པོ་ཡུམ་གྱི་ཐུགས་སྤྲུལ་ཡིན་ཏེ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་གནས་ནས། གླིང་ཆེན་པོ་གདལ་སྐྱོབ་བྱ་བའི་ལྷོ་ཕྱོགས་ནས། ནོར་བུ་ཕུན་ཚོགས་ཀྱི་གླིང་ཞེས་བྱ་བ་ཡོད་དེ། ཡུམ་གྱི་ཐུགས་ཀྱི་འདུལ་བའི་གླིང་ཡིན། དེ་རུ་སྐྱེས་པའི་ཡབ་ནི་རྒྱལ་པོ་བདེ་སྐྱོང་བྱ་བ་ཡིན། ཡུམ་བལ་མོ་མཚོ་བྱ་བ་ཡིན། དེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་སྟེ། ལྷའི་ཡུལ་དུ་འགྲོ་དོན་ཡུན་རིང་དུ་བྱས། དེ་ནས་རྡོ་རྗེ་གདན་དུ་ལྷ་རྣམས་ལྟད་མོ་ལ་བྱོན་ཏེ། ལྷའི་ཡུལ་དུ་འགྲོ་དོན་རྫོགས་པ་དང་། རྡོ་རྗེ་གདན་དུ་འགྲོ་དོན་དགོས་པས་དེར་འཛོམས་ནས། འཇའ་དང་འོད་ཀྱི་ཚུལ་དུ་སྐྱེ་བ་བཞེས། དེ་ནས་རྡོ་རྗེ་གདན་གྱི་སེར་སྐྱའི་གྲོང་ཁྱེར་དུ་འགྲོ་དོན་བྱས་ཏེ། ཡབ་ནི་ཨ་ཡི་དབང་ཕྱུག །ཡུམ་ནི་ལྷ་ཟ་ཀླུ་སྒྲོན་མ་བྱ་བ་གཉིས་ཀྱིས་སྲས་སུ་སྐུ་འཁྲུངས། མཚན་ཡང་སྨོན་ལམ་གྲུབ་དུ་བཏགས། རྒྱ་གར་གྱི་མུ་སྟེགས་པ་ཐམས་ཅད་བཏུལ་ནས་ནང་པའི་སྡེ་ལ་བཀོད། ཡབ་ཡུམ་གྱིས་གཤེགས་རྫོང་བྱས། ཐོས་བསམ་གྱིས་སྒྲོ་འདོག་དེར་བཅད། པོ་ཏའི་རི་ལ་པ་ཏྲའི་བྲག་ཕུག་དུ་བསྒོམས་ཞིང་བཞུགས་ཙ་མཁའ་འགྲོ་མས་ལས་མཁན་བྱས་ནས། ངའི་བེམ་རིག་ཕྲལ་བས་ངའི་ལུས་དེ་བྲག་ཕུག་དེའི་ནང་དུ་ཡོད་པ་ལ། མགོ་ལ་རྣམ་པར་སྣང་མཛད་ཀྱི་དབུ་བྱས་པའི་རིགས་ལྔ་ལ་ཡེ་ཤེས་ཀྱིས་མཁའ་འགྲོ་ལྔས་འཁྲིལ་སྦྱོར་བྱས་པ་སྐུ་ཞི་བའི་ཚུལ་དུ་དོད་ནས་ཡོད། ངའི་སྙིང་དེ་ལ་ཤཱཀྱ་ཐུབ་པ་རང་བྱོན་དུ་བྱོན་ནས་ཡོད། ངའི་རུས་བུ་དེ་ལ་གདུང་ཤ་རི་རམ་སྲན་མ་ཙམ་འབུམ། དེ་མིན་རིང་སྲེལ་ཁ་དོག་སྣ་ལྔ་ཚངས་བ་རྒྱ་གར་རྡོ་རྗེ་གདན་གྱི་བྲེ་ཚད་མ་གང་བྱོན་ནས་ཡོད། འདིར་ཡང་བོད་ཀྱི་ཡུལ་དུ་འགྲོ་དོན་བྱེད་པ་འདི་ཀ་ཡིན། འགྲོ་དོན་ཕྱེད་ཚར་ཙམ་ལ་ཕྱིན་ནས་ཡོད། ལོ་ཡང་དྲུག་ཅུ་རྩ་གསུམ་རེད། དགུ་བཅུ་གོ་དགུ་ལ་ཕྱིན་ཙ་ནུབ་ཕྱོགས་ཨུ་རྒྱན་གྱི་གནས་སུ་འགྲོ་དོན་རྫོགས་ནས་ཐར་པ་ཐོབ། སྲིན་པོའི་གྲོང་ཁྱེར་ཁ་མི་བརྒྱུད་གསུངས། དེ་ནས་དེར་ཚོགས་པ་རྣམས་ཀྱི་གྲོས་བྱས་ནས། རྒྱ་གར་གྱི་རྐང་མགྱོགས་པ་གསུམ་པོ་དེ་རྡོ་རྗེ་གདན་དུ་སོང་ནས། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། པིཎྜི་ཏ་དེ་རྣམས་འདུས་ནས་ཐམས་ཅད་ཀུན་ལ་མ་ཅིག་གིས་གདམས་པའི་བརྒྱུད་ལུགས་དང་། གདམས་ངག་གི་འདེབས་ལུགས་དང་། མ་ཡི་སྐྱེ་བའི་ལོ་རྒྱུས་དང་། པོ་ཏའི་རི་ལ་པ་ཏྲའི་བྲག་ཕུག་ནང་ཁང་གི་གདུང་རུས་ཀྱི་ལོ་རྒྱུས་འབྲི་བཀོལ་མེད་པར་ཞུས་སོ། །རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། པཎྜི་ཏ་རྣམས་ཀྱི་ཞལ་ནས་འདིའི་ཆོས་བརྒྱུད་དེས་ཡང་ན་ཡུམ་གྱི་ཐུགས་སྤྲུལ་ཡིན་ངེས། ཡང་ན་རྒྱལ་བསེན་གྱི་ཆོ་འཕྲུལ་ཨེ་ཡིན། འདི་གང་ཡིན་ཆ་མེད་གདམས་པ་རྣམས་གུད་དུ་མ་ལུས་པ་ལེན་དགོས། པ་ཏ་ལའི་རི་ལ་པ་ཏྲའི་བྲག་ཕུག་ཏུ་སོང་ལ་ཨེ་བདེན་ལྟོས་གསུངས། པཎྜི་ཏ་མང་དུ་ཚོགས་ནས་སོང་ནས་ལྟས་ཙ། ལབ་སྒྲོན་གྱིས་གསུང་པ་བཞིན་སྣང་སྐད། གདན་དྲངས་ནས་རྡོ་རྗེ་གདན་དུ་ཕྱིན་ཏེ། རྒྱ་གར་ཆོས་ཀྱིས་རྒྱལ་པོས་ཕྱོགས་ཕྱོགས་སུ་རྐང་མགྱོགས་པ་བཏང་ནས་ཐམས་ཅད་འདུས་སོ། །དེར་འདུས་པ་ཐམས་ཅད་ལ་རྟེན་རྣམས་བསྟན་པས་ཐམས་ཅད་ངོ་མཚར་སྐྱེས་སོ། །བདུད་དང་རྒྱལ་བསེན་མ་བྱུང་བས། འདིའི་ཆོས་བརྒྱུད་གདན་དྲོང་གསུངས་ནས་གྲོས་འཆམས་སོ། །གདུང་རུས་ཀྱི་རིང་བསྲེལ་ལ་མ་ག་དྷའི་བྲེ་ཚད་མ་གང་སྣང་། རྒྱ་གར་གྱི་རྒྱལ་པོ་དེའི་རེ་རེ་ལ་བདུན་ཆ་རེ་དད་པའི་རྟེན་ལ་བགོས་ཙ་རིང་སྲེལ་ཡང་ཟད། རྒྱ་གར་གྱི་རྒྱལ་པོ་ཐམས་ཅད་ཀྱང་ཚིམས་པ་གཅིག་བྱུང་ངོ་། །དབུ་ལ་རིགས་ལྔའི་སྐུ་བྱོན་པ་དེ་རྡོ་རྗེ་གདན་དུ་བཞུགས་སོ། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་དད་པའི་རྟེན་མཛད་དོ། །ཐུགས་ལ་ཤཱཀྱ་ཐུབ་པ་བྱོན་པ་དེ་བོད་ཡུལ་བྱིན་རླབས་ཞུ་བའི་རྟེན་དང་། མདོ་ཁམས་དབུས་གསུམ་དུ་ཚིག་ཐ་སྙད་ཀྱི་སྒྲོ་འདོག་གཅོད་པ་དང་། སྐྱེ་བ་སྔ་ཕྱི་ད་གསུམ་གྱི་བདེན་པའི་ངོ་བོ་སྟོན་པའི་ཕྱིར། བོད་ཡུལ་དབུས་སུ་གདན་དྲངས་པ་ལགས་སོ། །དམ་པ་རྒྱ་གར་དང་རྐང་མགྱོགས་པ་གསུམ་དང་བཞི་པོ་དེ་ཟངས་རི་མཁར་དམར་དུ་མ་ཡི་དྲུང་དུ་ཕྱིན་ནས་ཕྱག་འཚལ། པུས་མོ་བཙུག་བསྐོར་བ་བྱས། མཆོད་པ་འབུལ་ནས། ཁྱོད་ཡུམ་ཆེན་ཐུགས་སྤྲུལ་ངོ་མཚར་ཆེ། ཞལ་ནས་ཅི་ལྟར་གསུངས་པའི་རྒྱུད་རྣམས་ལ་ཚིག་གཅིག་ཀྱང་ནོར་འཁྲུལ་མི་འདུག་སྐད། ཐུགས་ལ་བྱོན་པའི་ཤཱཀྱ་ཐུབ་པ་དེ་མདོ་དབུས་ཁམས་གསུམ་ཚོགས་པ་རྣམས་ལ་ཞལ་བསྟན་བྱིན་རླབས་མཛད་དམ་པའི་ཞལ་ནས། ངའི་ཐུགས་རྟེན་བྱེད་པ་ཡིན་གསུངས་ནས་གདན་དྲངས་སོ། །དེ་ནས་ཕྱོགས་ཐམས་ཅད་ཀྱི་ངོ་མཚར་ཆེ་ཟེར་ནས་ཀུན་དང་ས་ལ་བཙུད་དོ། །ཀུན་གྱི་སྒྲོ་བཀུར་དང་གཤེ་བ་མི་བྱེད་ནས་སྙེམ་ཐག་ཆོད་དོ། །འཛམ་བུའི་གླིང་དུ་དམ་ཆོས་བདུད་ཀྱི་གཅོད་ཡུལ་དར་རོ། །མ་ཇོ་མོའི་བསྟན་པ་ནི་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་སོང་། དེ་ནས་རྒྱ་གར་རྡོ་རྗེ་གདན་ནི་འཛམ་བུའི་གླིང་གི་དབུས་ཡིན་པས། ཆོས་ཐམས་ཅད་རྒྱ་གར་ནས་འབྱུང་སྟེ། ལབ་སྒྲོན་ངའི་ཆོས་བརྒྱུད་འདི་བོད་ཡུལ་གྱི་དབུས་སུ་བཟང་རི་མཁར་དམར་ནས། རྒྱ་གར་ན་བོད་ཀྱི་ཆོས་འདི་དར་བ་གཅིག་བྱེད་དགོས་སྙམ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉམས་སུ་ལེན་ན། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི་ལ་ཡིད་ཆེས་པར་བྱེད་པའི་ལོ་རྒྱུས་ཀྱི་དོན་ལ་བཞི་སྟེ། ཕ་བརྒྱུད་བརྡའི་བརྒྱུད་པ་དང་གཅིག །མ་བརྒྱུད་བྱིན་རླབས་ཀྱི་བརྒྱུད་པ་དང་གཉིས། སྙིང་པོ་དོན་གྱི་བརྒྱུད་པ་དང་གསུམ། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་དང་བཞིའོ། །དེའང་ཕ་བརྒྱུད་ནི་ཐབ་གཙོ་ཆེར་སྟོན། མ་བརྒྱུད་ནི་ཤེས་རབ་གཙོ་ཆེར་སྟོན། སྙིང་པོ་དོན་གྱི་བརྒྱུད་པ་ནི་གཉིས་མེད་དོན་གྱི་བདེ་བ་ཆེན་པོ་གཙོ་ཆེར་སྟོན། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་ནི། ཨ་མ་ཇོ་མོའི་ཉམས་མྱོང་བརྒྱུད་ལ་སྐྱེས་པའི་དོན་མངོན་དུ་གྱུར་སྟེ། བཀའ་དང་མི་འགའ་བའི་གྲོལ་ལུགས་སོ། །ཨ་མ་ཇོ་མོའི་བརྒྱུད་པ་འདི་ལ་ཡང་། རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས། རིང་བརྒྱུད་ཀྱི་དབང་དུ་བྱས་ན། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་དྲུག་པ་རྡོ་རྗེ་འཆང་ཆེན་ལ་བརྒྱུད། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། དེས་འཇམ་དཔལ་སྨྲ་བའི་སེངྒེ་ལ། དེས་ཨརྱ་དེ་བ་ལ། དེས་དམ་པ་རྒྱ་གར་ལ། དེས་སྐྱོ་སྟོན་བསོད་ནམས་བླ་མ། དེས་སྐྱེ་མེད་ཟངས་ཐལ་ལ། ཉེ་བརྒྱུད་ནི། ཐུགས་དམ་རྗེ་བཙུན་སྒྲོལ་མ། དེས་མ་ཅིག་ལབ་སྒྲོན་ལ། དེས་སྲས་མིང་སྲིང་གསུམ་ལ་བརྒྱུད་པ་ལགས་སོ། །དེ་རྣམས་རྒྱ་ཆོས་བོད་ལ་བསྒྱུར་བའོ། །བོད་ཆོས་རྒྱ་ལ་བསྒྱུར་བ་ངོས་བཟུང་བ་ནི། དབུས་ནས་ཡར་ལ་བཀའ་བརྒྱུད་དོན་གྱི་བརྒྱུད་ལུགས་དང་། དབང་བཞིའི་བསྐུར་ལུགས་དང་། མཁའ་འགྲོ་ཉམས་ཀྱི་གདམས་ངག་དང་། གཞི་ལམ་སློང་བྱ་བ་དང་། ཕྱི་བཀའ་ཚོམ་ཞིབ་རྒྱས་བྱ་བ་དང་། ནང་མཁོ་དགུའི་ལེའུ་ལག་གནད་ཀྱི་ཐེམ་ཡིག་བྱ་བ་དང་། གསང་བ་བརྡ་ཆོས་ལ་བཟླའི་སྐོར་བྱ་བ་དང་། སྒོམ་པ་ཞལ་གདམ་གནད་ཐེབས་སུ་བསྟན་པ་དང་། ཡང་ཙོམ་སྐོར་དང་། ཉིང་ཙམ་སྐོར་དང་། ཆོས་ངོ་མཚར་ཅན་རྒྱུད་བཅུ་རྒྱ་གར་གྱི་རྐང་མགྱོགས་པ་གསུམ་ལ་རྒྱ་གར་རྡོ་རྗེ་གདན་དུ་བསྒྱུར། རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྣམས་རྒྱུན་དུ་དར་ནས་ཡོད། བོད་ཆོས་རྒྱ་གར་དུ་གྲགས་པའི་གཏན་ཚིག་དེ་ལྟར་ལགས་སོ། །ས་ཆོས་གནམ་ཆོས་གཉིས་ཀྱི་ངོས་བཟུང་བ་ནི། ཆོས་ཀྱི་རྒྱུད་ཐམས་ཅད་རྒྱ་གར་དུ་ཆར་དུ་བབས། ཙ་རཀ་སྡེ་བཞི། གསང་སྔགས་ཀྱིས་ཆོས་བརྒྱུད་གནམ་ཆོས་ཡིན། ས་ཆོས་ནི་གཏེར་མ་ཐམས་ཅད་ཡིན་ཏེ། སེམས་དཔའ་རྣམས་ཀྱི་འགྲོ་བའི་དོན་དུ་སྦས་པ་ཡིན་ནོ། །བཀའ་མ་གཏེར་མ་གཉིས་ཀྱི་ཆོས་ངོས་བཟུང་བ་ནི། བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་མིའགལ་བ་གསུངས་པས། གཏེར་མའི་བརྒྱུད་ཡིན། ཕོ་གཅོད་མོ་གཅོད་གཉིས་ཀྱི་ངོས་བཟུང་བ་ནི། ཕོ་གཅོད་ནི་ཕ་བརྒྱུད་བརྡའ་ལས་བསྒྱུར་བ་ཙམ། མོ་གཅོད་ནི་ཡུམ་གྱི་ཐུགས་སྤྲུལ་ཏེ། མ་ཅིག་ལབ་སྒྲོན་ལ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་བསྟན་ཅིང་། སྙན་དུ་བརྒྱུད་པ་ལགས་སོ། །དེ་ནས་ཡུམ་གྱི་སྲས་ལ་བརྒྱུད་པ་ལགས་སོ། །སྲས་ལ་གྲུབ་སེ། ཡང་གྲུབ། གྲུབ་ཆུང་གསུམ་ལ། གྲུབ་སེ་བྱ་བ་ནི་སྲས་ཐོད་པ་དོན་གྲུབ་བྱ་བ་འཛམ་བུའི་གླིང་དུ་གྲགས་པ་ཡིན་ནོ། །གྲུབ་ཆུང་བྱ་བ་ནི་ལོ་བཅུ་ལོན་ཚེ་གཟའ་ནད་ཕོག་སྟེ་སྨྱོ་རྒྱལ་དུ་སོང་། ཐོད་པ་བྷ་རེས་ཟངས་རི་མཁར་དམར་དུ་མའི་དྲུང་དུ་བསྐྱལ། མས་སྣོད་ལྡན་དུ་དགོངས་ནས་དེ་ནུབ་ཀྱི་རྨི་ལམ་ལ་མའི་ཕྱོགས་བཞིར་དུང་དཀར་བུས་ཙ་གླིང་བཞིར་ཐོས་པ་ཙམ་བྱུང་། དེའི་ཕྱིར་ཉིན་སྲས་སླེབ་ནས་ཕྱིན། བཀའ་བརྒྱུད་འཛིན་པའི་སྣོད་ལྡན་དུ་གཟིགས་ནས་མའི་གསུངས་པའི་དམིགས་པ་བརྒྱ་རྩ་བརྒྱད་བསྟན། དུར་ཁྲོད་དུ་ཞག་བདུན་ཉལ་བས་སྨྱོ་རྒྱལ་གྱི་ནད་ཀྱང་སོས་སྐད། དེ་ནས་དམ་པ་རྒྱ་གར་ཟངས་རི་མཁར་དམར་དུ་གདན་དྲངས། སྲས་རབ་ཏུ་བྱུང་། མས་མཚན་གསོལ་ཏེ། ཁོ་ཡི་ཕ་དེ་ཐོད་པ་བྷ་རེ་ཡིན། སྨྱོ་རྒྱལ་བྱས་ནས་འདི་རུ་ཁྲིད་ནས་ཕྱིན། དམ་པ་རྒྱ་གར་དང་མཇལ། ཁོའི་བསམ་པ་འགྲུབ། མིང་ཡང་ཐོད་སྨྱོན་བསམ་འགྲུབ་ཏུ་བཏགས། དེ་ནས་མའི་ཐུགས་ལ་གང་ཡོད་པའི་གདམ་པ་རྣམས་བསྟན། དབང་རིན་ཆེན་སྤུང་པའི་བརྒྱུད། ཚེ་ཡི་དབང་བསྐུར། མ་བརྒྱུད་མཁའ་འགྲོའི་གཏེར་མ་རིན་ཆེན་སྤུངས་པའི་དབང་། མའི་ཐུགས་ལ་གང་ཡོད་རྣམས་གནང་ནས་ལུང་བསྟན། ཤམ་པོའི་གང་ལ་ཕུག་མོའི་དབེན་གནས་སུ་སོང་། བསྒྲུབ་པ་སྐོར་འདི་རྣམས་ཉམས་སུ་ལོངས་ལ་བསྒྲུབ་པ་ལོ་བཅུ་གསུམ་ལ་འདག་ཆར་ལ་སྡོད་གསུངས། འཚོ་བ་དྲངས་པའི་ཡོན་བདག་ཞིག་ཀྱང་ངས་གཏོང་། ཟེར་ནས་ལུང་བསྟན། བ་མེན་གྱི་ལྷུང་ཟེད་གཅིག་ཀྱང་ཐོགས་སུ་བཅོལ། གདམས་ངག་སྙན་བརྒྱུད་བསྐོར་རྣམས་ཐུགས་སུ་ཆུད་པར་བྱས། གཞན་གདམ་ངག་གི་སྐོར་དཔུང་ཆུང་བ་རྣམས་ཐུགས་སུ་ཆུད་པར་བྱིན་ནས་གྲོགས་པོ་བཞི་དང་འགྲོགས་ནས་བཏང་། ཁྱེད་བཞིས་ཁོང་བྲག་ཕུག་ནང་དུ.ཆུག་ལ་སྒོ་ཕ་བོང་རྣམས་ཀྱིས་ཆོད་ལ་ཞོག་གསུང་ནས་ལྐོག་ཏུ་བགོས། ཁོང་ལྔ་འགྲོག་ནས་གཤེགས་སོ། །མ་ཅིག་གིས་སེངྒེ་དཀར་མོ་ལ་བཅིབས་ནས་མཁའ་འགྲོ་མ་གྲངས་མེད་པས་བསྐོར་ནས། ཤམ་པོའི་ཕུག་མོ་གང་ལ་བྱོན་ནས་བརྒྱུད་དབང་མཛད་ནས་ཡོད་ཙ། རྣལ་འབྱོར་པ་ལྔ་ཡང་སླེབ་ནས་ཕྱིན། ཤམ་པོའི་གངས་ལ་སུའང་མེད་གསུངས་ཙ་སྤོས་ངད་དང་། ལྷ་ཆའི་སྒྲ་དང་མི་མང་པོ་ཡང་སྣང་། འདིར་ཡང་སྒྲུབ་པ་མཐར་སྐྱོལ་བ་གཅིག་ཡོད་པ་ངོ་མཚར་ཆེ་བསམ་པ་བྱུང་། དེ་ཡང་སྒོར་ཕྱིན་ཙ་བུད་མེད་རྒྱན་ལྡན་གཅིག་བྱུང་ནས། རྣལ་འབྱོར་པ་ལ་ནང་དུ་བྱོན་གསུངས་ནས་ནང་དུ་ཕྱིན་ཙ་སེངྒེའི་ཁྲི་སྟེང་ན་མ་ཅིག་ལབ་སྒྲོན་དང་འཁོར་མཁའ་འགྲོའི་ཚོགས་དང་བཅས་པ་བཞུགས་ཟིན། མ་གཅིག་གི་ཞལ་ནས། བུ་ཐང་མ་ཆད་དམ། ལྟོ་མ་ལྟོག་གམ། བཀའ་བསྟན་བཅོས་ཀྱི་བརྒྱུད་དང་བཅས་པ་ཞུས་གཅིག་སྐད། དེ་ནས་ཐོད་སྨྱོན་བསམ་འགྲུབ་ལ་བརྒྱུད་པའི་དབང་དང་། ཚེ་སྒྲུབ་ཀྱི་དབང་དང་། མ་བརྒྱུད་མཁའ་འགྲོའི་ཚོགས་དབང་། སྙན་བརྒྱུད་ཀྱི་ལུང་ཐམས་ཅད་བཀྲོལ་ནས་དབང་མཛད། བཀའ་བརྒྱུད་ཀྱི་བྱིན་བརླབས་དང་བཅས་པའི་དབང་མཛད། བྱིན་ཕབ་ཤམ་པོའི་གཞི་བདག་དམ་ལ་བཏགས་ཏེ། བཀའ་སྒོ་མཛད། གཞི་བདག་གིས་ཀྱང་བར་ཆོད་མི་འབྱུང་ཞིང་སྡོང་གྲོགས་བྱེད་པར་ཞལ་གྱིས་བཞེས། དེ་ནས་ཡུམ་ནི་ཟངས་རི་མཁར་དུ་བྱོན། བྲག་ཕུག་གི་སྒོ་བྲག་གིས་བཅད། ཅི་ཡང་མི་མཐོང་བ་གཅིག་རེད། ཟླ་བ་གསུམ་རེད་ཙ་སྣང་བ་ལ་བཀྲེས་པ་དང་། སྐོམ་པ་འདྲ་བ་ཅིག་བྱུང་། གནས་འདིར་མས་བྱིན་གྱིས་བརླབས་པའི་གནས་ཡིན། མའི་ཞལ་ནས་ངའི་འཚོ་བ་སྦྱོར་བའི་ཡོན་བདག །གཅིག་བཏང་ཟེར་བ་ཅིག་ཡིད་ལ་ཤར། ལོ་གསུམ་རེད་ཙ་སྔར་གྱི་རྣལ་འབྱོར་རྒྱུས་ཡོད་གཅིག་བཏང་སྟེ། ཐོད་སྨྱོན་བསམ་འགྲུབ་ཟེར་ནས་བོས་ཙ་ཨ་ཟེར་གྲགས། ཁྱོད་ལྟོག་ནས་མ་ཤིའམ་བྱས་ཙ། ཏིང་འཛིན་ཟས་སུ་ཟ་བ་ལ་མུ་གེས་ལྟོག་ནས་ཅི་ལ་ཤི། ཟ་མའི་སྲེད་པ་མེད་དོ་ཟེར། གཏུམ་མོའི་མེ་དྲོད་བསྒོམ་པ་ལ། །གོས་ཀྱི་སྲེད་པ་མེད་ནས་ཐལ། །སྣང་བ་གྲོགས་སུ་འཆར་བ་ལ། །ཉོན་མོངས་ཟིལ་གྱིས་ནོན་ནས་ཐལ། །ཅིར་སྣང་གྲོགས་སུ་འཆར་བ་ལ། །གྲོགས་ཀྱིས་གདུང་སེམས་བྲལ་ནས་ཐལ། །བལྟས་པས་སྐུ་དང་ཡེ་ཤེས་ཀྱིས། །ཞིང་ཁམས་ཅི་ཡང་མཐོང་བ་ལ། །ཞིང་ཁམས་གཞན་གྱི་སྲེད་པ་བྲལ་ནས་ཐལ། །ངའི་ཨ་མ་སྐུ་ཁམས་བཟང་ལགས་སམ། །གསུངས་སྐད། དེ་ནས་ཡར་དྲི་རྨེད་ཅི་བྱས་ཀྱང་གསུང་གླེང་མེད་སྐད། ལོ་བདུན་རེད་ཙ་ཉི་མ་ཤར་ཁ་བྲག་ལ་ཉི་མ་སྲབ་མདའ་ཙམ་བྱུང་སྙམ་པ་ལ། མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཅིག་གིས་ཕྱག་ན་བདུད་རྩི་ཞལ་བུ་གང་བཟུང་ནས། སྒྲུབ་པ་པོ་འདི་གསོལ་ལ་སྒྲུབ་པ་མཐའ་རུ་བསྐྱོལ་གསུངས། ཁོང་གིས་བླང་ནས་གསོལ་ཏེ། ཁོང་གིས་ཐུགས་དགོངས་ལ་འདི་མ་ཅིག་གིས་ཐུགས་སྤྲུལ་གཅིག་ཨེ་ཡིན། འདི་ལ་བསྒྲུབ་པའི་དྲོད་རྟགས་གཅིག་བཤད་བསམ་ཙ། བུད་མེད་ན་རེ། མ་ཅིག་ལབ་སྒྲོན་གྱི་ཞལ་ནས། ངས་ཁྱོད་ཀྱི་ཞབས་ཏོག་གྱིས་གསུངས་པས་འཚོ་བ་དྲོང་དུ་འོང་བ་ཡིན། ང་ལ་སྒྲུབ་པའི་དྲོད་ཚད་ཀྱི་རྟགས་མ་བཤད་ཆོས་ཉིད་གཏེར་དུ་སྦོས། ང་ནི་མི་མ་ཡིན་ཡིན། ཁྱོད་ཀྱང་ད་རུང་ཁོང་ཁྲིག་སྣང་བས། ལྟ་རྟོགས་སེམས་ལ་གྱིས། དམར་ཐག་དྲང་མལ་ཆོད། ལྟ་སྤྱོད་ཟུང་འཇུག་དང་། དུ་མ་རོ་གཅིག་ཏུ་བསྲེས་ཅིག་གསུངས། དེ་ནས་ལོ་གསུམ་ལོན་ཙ་བྲག་ཕུག་གི་སྒོ་དེ་ཧར་གྱིས་བྱེ་ནས་ཐལ་ཙ། ཨ་མ་ལབ་ཀྱི་སྒྲོན་མ་སེངྒེ་དཀར་མོ་ལ་བཅིབས་ནས་བྱོན་ཏེ། ཁོང་ཡར་བཞེངས་ཙ་བླ་དང་སྒྱིད་པ་འབྱར་ནས་བར་དུ་ཁག་ཁག་ཟེར་ནས་འགྱེལ་ནས་སྣང་ངོ་། །དེ་ནས་ལངས་ཏེ་བསྒྲུབས་པའི་དྲོད་ཚད་དང་རྟོགས་པ་མ་ལ་ཕུལ། མ་ཡང་ཐུགས་མཉེས་ཏེ། སྣོད་ལྡན་དུ་གཟིགས་ནས་མའི་ཐུགས་ཀ་གོང་ཡོད་པའི་གདམས་པ་གནང་ནས། ཟངས་རི་མཁར་དམར་ནས་ཤ་ཐུད་ཁལ་རྒྱབ་མང་པོ་བཀལ་ནས་ཚོགས་འཁོར་ཆེན་པོ་བསྐོར་ནས་རྒྱུད་རིན་ཆེན་སྤུང་པའི་དབང་བརྒྱ་རྩ་བརྒྱད་མཛད་ནས། མ་རྒྱུད་ཚེའི་དབང་བརྒྱ་རྩ་བརྒྱད་མཛད། བརྒྱུད་པ་འཛིན་པའི་དབང་བསྐུར་ལུགས་རྣམས་གང་པ་རྨུག་སངས་ལ་དབང་བརྒྱ་རྩ་བརྒྱད་མཛད་ནས། ཐོད་སྨྱོན་བསམ་འགྲུབ་གྱི་བསྒོམ་རོག་ལ་བཞུགས་ཙ། ཤམ་པོ་གངས་ལ་ཆོས་བརྒྱུད་འཛིན་པ་རིན་པོ་ཆེའི་བརྒྱུད་པ་མུ་ཏིག་ཙར་ལས་བརྒྱུས་པ་བཞིན་དུ་འོང་གསུངས། མིང་ཡང་གངས་པ་རྨུག་སང་དུ་བཏག །མ་ཅིག་ཀྱང་ལོ་དགུ་བཅུ་གོ་དགུ་ལོན། མའི་ཞལ་ནས་གསུངས། ང་ཡང་ལོ་དགུ་བཅུ་གོ་དགུ་ལོན་ཙ་ནུབ་ཕྱོགས་ཨུ་རྒྱན་ཡུལ་དུ་འགྲོ་དགོས། འདིར་ཡང་འགྲོ་དོན་རྫོགས་པས་སྲིན་པོའི་གྲོང་ཁྱེར་ཁ་མི་བརྒྱུད་གསུངས། གླིང་བཞིའི་ལེའུ་སྟེ་རྫོགས་སོ།། །།དེ་ནས་མ་ཅིག་ལོ་དགུ་བཅུ་གོ་དགུ་ལོན་པའི་དུས་སུ་སྲས་རྒྱལ་བ་དོན་འགྲུབ། ཐོད་སྨྱོན་བསམ་འགྲུབ་ལ་སོགས་དབུས་གཙང་རུ་བཞིའི་གྲྭ་སློབ་ཐམས་ཅད་བསྡུས་ནས། ཚོགས་བརྒྱ་མང་དུ་མཛད། དབང་དང་བྱིན་རླབས་མཛད། རྫས་རྣམས་འགྱེད་བྱས། འབྲུག་ལོའི་དགུན་ཟླ་ཐ་ཆུང་གི་བཅོ་ལྔའི་ནུབ་མོ་ཟངས་རི་མཁར་དམར་གྱི་ཐོག་ཏུ་ཡར་བྱོན་ནས་ཐོ་རས་སྐྱ་རིང་ཤར་ནས་སྐུ་གཤེགས་ཆིས་བྱེད་པའི་དུས་སྲས་གཉིས་ལ་ལག་པ་ཟེད་གསུངས་ནས། ཞལ་མཆིལ་རེ་གནང་ནས། རྒྱལ་བ་དོན་འགྲུབ་ཀྱི་ཕྱག་ཏུ་དུང་གཡས་སུ་འཁྱིལ་བ་གཅིག་བྱོན། ཐོད་སྨྱོན་བསམ་འགྲུབ་ཀྱི་ཕྱག་ཏུ་ཚིམ་གསུམ་བྱོན་པ་ལ། གཅིག་ལ་ཐུབ་པའི་སྐུ་བྱོན། བཀའ་བརྒྱུད་ཀྱི་དབང་དང་ལྡན་པར་གྱུར་ཅིག །གཅིག་ལ་རྗེ་བཙུན་སྒྲོལ་མའི་སྐུ་གཅིག་བྱོན། མ་བརྒྱུད་ཀྱི་དབང་དང་ལྡན་པར་གྱུར་ཅིག །གཅིག་ལ་དུང་གཡས་སུ་འཁྱིལ་བ་གཅིག་བྱོན། འགྲོ་བའི་དོན་ཡུན་རིང་དུ་གནས་པར་གྱུར་ཅིག་གསུངས། དེ་ནས་མ་གཅིག་སེངྒེ་ལ་བཅིབ་སྟེ། འཁོར་མཁའ་འགྲོ་མ་དཔག་མེད་ཀྱིས་བསྐོར་ནས་ལུས་ལྷག་མེད་དུ་གཤེགས་སོ། །ནུབ་ཕྱོགས་ཨོ་རྒྱན་གྱི་གནས་སུ་བྱོན། དེ་ནས་ཐོད་སྨྱོན་བསམ་འགྲུབ་ནི་ཤམ་པོ་གངས་ལ་མྱུར་བར་གཤེགས་སོ། །རྒྱལ་བ་དོན་འགྲུབ་དང་། ཟངས་རི་མཁར་དམར་འཚོགས་པའི་གྲྭ་བསྐོར་རྣམས་ཀྱིས། མའི་ན་བཟའ་འགའ་ཞིག་དེ་མེ་མཆོད་བྱས། དགེ་འདུན་པ་འགའ་ཞིག་གིས་ནང་རྟེན་བཞེངས། འགའ་ཞིག་གིས་ཀུན་རིགས་རྒྱས་པར་བྱས། ཐམས་ཅད་ཀྱིས་མཆོད་པ་རྒྱ་ཆེན་པོ་བཤམ་ནས། མ་ལ་ངོ་མཚར་གྱིས་གསོལ་བ་འདེབས་ཤིང་བཞུགས་སོ། །དེ་ནས་རྒྱལ་བ་དོན་འགྲུབ་གླང་ལུང་དུ་གཤེགས་སོ། །སྤྱིར་མ་ཅིག་ལ་སྲས་མང་དུ་ཡོད་ཀྱང་། བརྒྱུད་འཛིན་གྱིས་སྲས་བཅུ་དྲུག་ཏུ་གྲགས་སྟེ། དེ་ལ་སྲས་པོ་བཞི། སྲས་མོ་བཞི། རང་དང་མཉམ་པ་བརྒྱད་དེ། བཅུ་དྲུག་ཏུ་གྲགས་སོ། །སྲས་པོ་བཞི་ཡང་། འཁྲུངས་པའི་སྲས་རྒྱལ་བ་དོན་འགྲུབ། བརྒྱུད་འཛིན་གྱི་སྲས་སྟོང་སྡེ་ངག་གི་དབང་ཕྱུག །ཐུགས་འཛིན་གྱིས་སྲས་གྲོལ་སྡེ་རྒྱལ་བའི་འབྱུང་གནས། སྐལ་ལྡན་གྱི་སྲས་ཁུ་སྒོམ་ཆོས་སེང་དང་བཞིའོ། །སྲས་མོ་བཞི་ནི། ལབ་ལུང་གི་འགྲོ་བ་རྒྱན། གང་བར་ལྕེ་གྲོང་གི་ཞང་ལྕམ་དཔལ་རྒྱན། སྣོན་པའི་སྟོང་ཚ་འབུམ་རྒྱན། འཕན་ཡུལ་གྱི་ཉང་མོ་བསོད་རྒྱན་དང་བཞི་ཡིན། རང་མཉམ་གྱི་སློབ་མ་རྒྱན་བཞི་བྱ་བར་གྲགས་སོ། །དེ་ཚོའི་ལོ་རྒྱུས་ནི་གཅོད་གཏེར་མའི་དབུས་ན་བཞུགས་སོ། །རང་དང་མཉམ་པའི་སྲས་བརྒྱད་ལ། མཁྱེན་པ་རང་དང་འདྲ་བ་དག་པོ་སྲོང་ཁའི་སྐྱེ་མེད་དགའ་ཡན་དང་གཅིག །རྟོགས་པ་རང་དང་མཉམ་པ་ལ་སྟོད་ལྷ་དྲུག་གི་ཕོ་སྨྱོན་སེངྒེ་དང་གཉིས། བྱིན་རླབས་རང་དང་མཉམ་པ་བྱང་མི་ཏིའི་སྨྱོན་པ་རང་སང་དང་གསུམ། བརྟུལ་ཞུགས་རང་མང་མཉམ་པ་བསམ་ཡས་ཀྱིས་དོ་པ་ཟང་ཐལ་དང་བཞི། ནུས་པ་རང་དང་མཉམ་པ་ལྷོ་བྲག་གཏུམ་ཤུལ་གྱི་ཞིག་པོ་ཧུར་ཐོན། ཐུགས་རྗེ་རང་དང་མཉམ་པ་ཕན་ཡུལ་གྱི་སྐལ་ལྡན་སེངྒེ། ཙི་སྟོན་དར་མ་ཡང་ཟེར། མངོན་ཤེས་རྫུ་འཕྲུལ་རང་དང་མཉམ་པ་མལ་གྲོའི་རྒྱ་སྒོམ་ཧག་ཐོན། འགྲོ་དོན་རང་དང་མཉམ་པ་རྐང་པོའི་རྗེ་བཙུན་ཟིལ་གནོན་དང་བརྒྱད་འབྱུང་ངོ་། །སྲས་རྒྱལ་བ་དོན་འགྲུབ་ནས་བརྒྱུད་པ་ཚོ་དབུས་ན་དར་ཆ་ཆེ། སྟོང་སྡེ་ཚོ་ལྷོ་བྲག་ངོས་ནས་དར་ཆ་ཆེ། ཁུ་སྒོམ་གྱིས་ཚོ་གཙང་ན་དར་ཆ་ཆེ། རང་དང་མཉམ་པའི་སྲས་བརྒྱད་ནས་བརྒྱུད་པ་ཚོ་ཉང་པོ་རོང་ལ་སོགས་པ་ཕྱོགས་ཐམས་ཅད་ན་ཅོ་ལོ་ཁྱབ་ཡོད། སྲས་མོ་རྒྱན་བཞི་ལ་སོགས་པའི་ཚོ་ལ་བྱིན་རླབས་ཀྱི་བཀའ་བབས་པས་མ་བརྒྱུད་གཏེར་མའི་སྐོར་བྱ་བ་གྲགས་ཏེ། ཁམས་ན་དར་ཆ་ཆེའོ། །སྲས་དེ་ཚོའི་ལོ་རྒྱུས་དང་བརྒྱུད་ལུགས་ཞིབ་པར་ལོགས་སུ་ཤེས་སོ། །འདིར་ཡི་གེ་མང་པོས་འཇིགས་པའི་ཕྱིར་མ་བྲིས་སོ། །སྲས་དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་ཐུགས་ཀྱི་སྲས་ཁུ་སྒོམ་ཆོས་སེང་དང་། ནུབ་ལོ་ཉིལ་ཆུང་མ་ཡིན་གསུངས། དེ་ལ་ཡང་ཐུགས་ཟིན་པ་ནི་ཁུ་སྒོམ་ཡིན་སྐད། ཁུ་སྒོམ་གྱིས་མ་ཅིག་གིས་གཟིམ་གཡོག་འགའ་ཞིག་མཛད་པས། མ་ཅིག་ཤིན་ཏུ་མཉེས་པ་ཡིན་གསུངས། ཕྱིས་སྐུ་གཤེགས་ཁར་ཁུ་སྒོམ་གྱིས་མ་ཅིག་ལ་ཞུས་པ། མ་ཅིག་ཁྱེད་ཀྱིས་སྔར་གསུངས་པའི་ཆོས་འདི་རྣམས་མ་ཅིག་ཉིད་ཀྱིས་ཐུགས་བརྒྱུད་ལ་འཁྲུངས་པའི་མན་ངག་ཏུ་འདུག་པ་ལ། སངས་རྒྱས་ནས་བརྒྱུད་པའི་ཆོས་གཅིག་ཡོད་ཐང་བ་གཅིག །ཉིད་ཀྱིས་གང་ལ་གསང་ཞུ་ལགས་ཞུས་པས། མ་ཅིག་གིས་ཞལ་ནས་ཁྱེད་དེ་བདེན། ང་ལ་སངས་རྒྱས་ནས་བཀའ་བརྒྱུད་པའི་དགོངས་པ་ཡོད། སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ། གདམ་ངག་གི་བཅུད་མ་ཉམས་པ། བྱིན་རླབས་ཀྱི་དྲོད་མ་ཡལ་བ། བཀའ་བརྒྱུད་དོན་གྱི་གདམ་པ་འདི་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་གཅོད་གསུམ་ནང་དྲོད་ཚད་དང་ལྡན་པས་ཆོ་འཕྲུལ་རང་ཞིར་གཏོང་བའི་ལས་ཚོགས་ཕྲིན་ལས་དང་བཅས་པ་ཡོད་དེ། དེ་སྔ་སུས་ཞུ་ཟེར་མི་ཡང་མ་བྱུང་། གདམ་པ་ཟབ་པ་དང་ཕར་ལ་ཡང་སུ་ལ་རང་དད་ཀྱིས་མ་བསྟན་པ་ཡིན། ད་ཁྱོད་ལ་བསྟན་པར་བྱ་གསུངས་ནས་གནང་བའོ། །ཁུ་སྒོམ་གྱིས་མ་ཅིག་གྲོང་ནས་སྲས་ཐོད་པ་དོན་འགྲུབ་ལ་སྨྲས་པ། མ་གཅིག་ལ་གདམས་ངག་འདི་ལྟ་བུ་གཅིག་འདུག་པ་ངས་ཞུས་ནས་ཡོད་པ་སློབ་དཔོན་ལ་ཞབས་ཐོགས་སུ་འབུལ། བཟླས་པས། སྲས་ན་རེ། མ་ལ་གདམས་ངག་ཡོད་ན་བུ་ལ་སྟེར་མཆིས། ང་ལ་མ་བསྟན་པའི་གདམ་ངག་ཁྱེད་ལ་མེད་དེ་མཆིས་གསུངས་ནས། མ་ཞུས་པས། སྲས་ལ་བཀའ་བརྒྱུད་དོན་གྱི་གདམ་པ་མེད་པའི་རྒྱུ་མཚན་དེ་ལགས། ཁུ་སྒོམ་ལ་དོལ་པ་ཟངས་ཐལ་གྱིས་ཞུས། དོལ་པ་ཟང་ཐལ་དེས་དང་པོ་གཙང་ན་མཚན་ཉིད་ཀྱི་ཆོས་བསླབ་ནས་འདུག་པ་ལ། ཆེ་འདོན་དཀར་ཡོལ་བའི་ཡུལ་མི་རྣམས་ཀྱིས་སྙད་ཚོལ་བས་བསྡད་དབང་མ་སྟེར་བས་སྐྱོ་བ་སྐྱེས་སྟེ། ཡར་གཙང་ན་བྱོན་པས་དེའི་ལམ་དུ་བུད་མེད་གཅིག་གིས་ཞོ་སྐྱོགས་གང་དྲངས། མར་གྲོགས་གཅིག་ཕུལ་ནས་གདམས་ངག་གཅིག་ཞུ་ཟེར་བ་ལ། ཁོང་གིས་མཚན་ཉིད་ཀྱི་ཆོས་ཤེས་ཀྱང་། གདམས་ངག་ཚིག་གསུམ་བསྟན་མ་ཤེས་པ་དང་། ཀྱེ་མ་མཚན་ཉིད་ཀྱི་ཆོས་ཀྱི་ཀྱང་ཅུང་ཞིག་མི་ཕན་པར་འདུག་སྙམ་ནས་སྐྱོ་བ་སྐྱེས་སྟེ། ཡུལ་དབུས་ནས་མར་བྱོན་ནས། བླ་མ་ཁུ་སྒོམ་ཆོས་སེང་དང་མཇལ་ནས་གདམ་ངག་འདི་ཞུས་ནས་ཉམས་ལེན་བྱས་པས། ལས་ཚོགས་ཀྱི་ནུས་པ་ཡང་སྟོན། ཡུལ་གྱི་དགྲ་ལ་མཐུ་སེར་བ་གཉིས་ཀ་བྱས་པས། དགྲ་ཐམས་ཅད་དབང་དུ་འདུས་པ་བྱུང་གསུངས། དེས་རྒྱ་ནག་གཅེར་བུ་ལ་གནང་བ་ཡིན་སྟེ། དེ་ནས་དོལ་པ་ཟངས་ཐལ་གྱི་སྔོན་མཐུ་སེར་ཚོ་བྱས་པས་ཤིན་ཏུ་འགྱོད་པ་སྐྱེས་ཏེ། ཇོ་མོ་གཅིག་ཡོད་པ་དང་གཉིས། རྒྱ་ནག་གཅེར་བུ་ལ་སྡུག་བསྔལ་ཞི་བྱེད་ཀྱི་ཆོས་ཞུ་རུ་ཕྱིན་པས། ཀུལ་ཕྱིང་རང་ལ་སློབ་དཔོན་བཞུགས་ནས་ཚོགས་མཛད་པའི་སར་མཇལ་ནས། སྡུག་བསྔལ་ཞི་བར་བྱེད་པའི་ཆོས་ཞུས་པ་ལ། ཁོང་གིས་ཅོག་ཆུང་གཅིག་ཀྱང་བྱས་ནས་ཆོས་ཉན་ཞིང་བཤད་ཅིང་འདུག་པ་ལ། ཆོས་ཐུན་གྱི་གཤམ་དུ་གཅོད་ཁ་འཐོར་ཉམས་ཀྱི་མན་ངག་བག་རེ་ཙམ་བཤད་ཅིང་འདུག །ཁྱོད་ཀྱི་གཅོད་ཁ་འཐོར་འདི་སུ་ལ་ཞུས་དྲིས་ཙ། སློབ་དཔོན་ཐོད་པ་གྲུབ་སེ་ལ་ཞུས་གསུངས། འོ་ན་བཀའ་བརྒྱུད་དོན་གྱི་གདམ་པ་ཞེས་བྱ་བ་སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་ཟམ་མ་ཆད་པ། ནང་དྲོད་ཚད་དང་ལྡན་པས་ཆོ་འཕྲུལ་རང་ཞིར་འགྲོ་བ་ཡོད་པའི་གདམ་པ་མཁྱེན་ལགས་སམ། ཞུས་ནས། དེར་བླའོ་བྱས་པས་ཁྱོད་ཀྱི་ཀྱང་ཤེས་སམ་གསུངས་པས། ཤེས་ལགས་བཀའ་བརྒྱུད་དོན་གྱི་གདམ་པ་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ནས་ད་ལྟའི་བར་བརྒྱུད་པ་ཟམ་མ་ཆད་པ། གེགས་སེལ་དྲོད་ཚད་ཞལ་ཤེས་ཀྱི་བྱ་བ་གཉིས་དང་བཅས་པ། ནང་མན་ངག་གིས་གདམས་པ་ཟབ་མོའི་གནད་ཀྱི་ཆོ་འཕྲུལ་རང་ཞིར་འགྲོ་བའི་མན་ངག་འདི་འདྲ་བ་ཤེས་བཟླས་པས། སློབ་དཔོན་དད་པ་སྐྱེས་ཏེ། ཞུ་དགོས་གསུང་པ་ལ། ཆོས་ཕར་བསླབ་ཚུར་བསླབ་མཛད་ནས། དོལ་པ་ཟངས་ཐལ་གྱི་རྒྱ་ནག་གཅེར་བུ་ལ་གཅོད་སྐོར་བཤད་པས། ཕྱིས་རྒྱ་ནག་གཅོད་མཁན་ཆེན་པོར་གྲགས་ནས་གཅོད་ཀྱི་སློབ་མ་མང་པོ་བྱུང་སྐད། དེས་བླ་མ་སངས་རྒྱས་རབ་སྟོན་ལ་གནང་སྟེ། མཁྱེན་པ་མཐོ་ཞིང་ཡོན་ཏན་དུ་མ་དང་ལྡན་ནས་གྲུབ་ཐོབ་ཆེན་པོར་གྱུར། ལོ་ཡང་བརྒྱ་དང་མང་པོ་ལོན་སྐད། དེས་ཟལ་མོ་པ་དད་པའི་ཤེས་རབ་ལ་གནང་སྟེ། དེ་ཡང་དང་པོ་ཨརྱ་དེ་བའི་གཞུང་ཆུང་གཟིགས་པས། དད་པ་སྐྱེས་ནས་འདི་སུས་ཤེས་དྲིས་པས། བླ་མ་སངས་རྒྱས་རབ་སྟོན་གྱིས་མཁྱེན་ཟེར་བས་དྲུང་དུ་ཕྱིན་ནས་ཞུས་པས་གནང་སྟེ། ཁོང་ཐུགས་རྗེ་ཤེས་རབ་ཤིན་ཏུ་ཆེ་བ་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ། འཕགས་སྐོར་ཡོ་ག་དུས་འཁོར་ཀྱཻ་རྡོར་ལ་སོགས་པའི་སྔགས་རྣམས་མཁྱེན། བྱང་ཆུབ་ཀྱིས་སེམས་འབྱོངས་པས་ཆོས་བརྒྱད་མེད་པར་འགྲོ་དོན་མཛད་པའི་གྲུབ་ཐོབ་ཆེན་པོ་ཡིན་ནོ། །དེས་གདམས་ངག་གཅིག་བརྒྱུད་རྣམས་བླ་མ་སུམ་པ་རས་པ་ལ་གནང་ནས། གཉན་ཁྲོད་འགྲིམས་པས་མཛེ་ནད་ཐོན་པ་དང་། སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་ནས་སེམས་ཅན་མང་པོ་ལ་སྨིན་གྲོལ་མཛད་དོ། །དེས་སངས་རྒྱས་གཉན་སྟོན། དེས་རས་པ་ཆོས་སེང་། དེས་གཡུང་གཞེར་སྟོན་པ། དེས་ཀཿཐོག་པ་ཤེས་རབ་བླ་མ། དེས་རྗེ་བཙུན་དཔལ་འབར་བ། དེས་རྟོགས་ལྡན་ནམ་མཁའ་རྡོ་རྗེ། དེས་བླ་མ་ཡང་ཁྲོད་པ། དེས་མཁས་བཙུན་ཡེ་ཤེས་རྒྱན་པ། དེས་བདག་ལའོ། །དེ་ལྟ་བུའི་བརྒྱུད་པ་ངོ་མཚར་ལོ་རྒྱུས་ཀྱི་རིམས་པའི་དོན་དང་ལྡན་ནམ་མི་ལྡན་གྱིས་སློབ་དཔོན་བརྟགས་པ་དང་། སློབ་དཔོན་དེས་ཆོས་གསུངས་པའི་གནད་དུ་རུང་མི་རུང་གི་སློབ་མ་བརྟགས་པ་རྣམས་ནི་གཞན་དུ་ཤེས་སོ། །གོང་དུ་བཤད་པ་དེ་རྣམས་ནི་མ་གཅིག་གིས་རྣམ་ཐར་རྒྱས་པ་གླིང་བཞི་མ། རྣམ་ཐར་བསྡུས་པ་ཟབ་དོན་ཐུགས་སྙིང་གི་ལོ་རྒྱུས། བཀའ་བརྒྱུད་དོན་གྱི་ལོ་རྒྱུས་བསྡུས་པ། དེ་རྣམས་ཀྱི་ནང་ནས་བཏུས་སོ། །དེས་ཡིད་ཆེས་ཤིང་ཁུང་བཙུན་པར་བྱ་བའི་ཕྱིར་དུ་བརྒྱུད་པའི་ལོ་རྒྱུས་ཀྱི་རིམ་པ་ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ་པ་དེ་སོང་ངོ་། ༈ །སྤྱི་དོན་གཉིས་པ་མཚོན་པ་དཔེ་དྲུག་གི་གཅོད་ཀྱི་ཆེ་བ་བསྐྱེད་པ་ནི། མའི་ཞལ་ནས་སྤྱིར་གཅོད་ཀྱི་ཆོས་འདི་གཡུའི་དུམ་བུ་དང་འདྲ། གསེར་གྱི་ཕྱེ་མ་དང་འདྲ་བས་གཞུང་དུ་ལོང་བ་མེད་ཅིང་། ཆ་ལག་ཚང་བ་མེད་ཀྱང་མན་ངག་སྣ་རེས་ཀྱང་ཕན་ཐོག་པ་ཡིན་གསུངས། གངས་རི་དང་འདྲ་སྟེ་ཁ་བ་བབ་ཀྱང་དཀར། མ་བབས་ཀྱང་དཀར། དེ་བཞིན་དུ་ཆོས་གཞན་གྱི་རྟེན་ཡོད་ཀྱང་ཆོག །མེད་ཀྱང་ཆོག །སེངྒེ་དང་འདྲ་སྟེ་སེངྒེ་ལ་ཁྱུ་ཆེ་ཡང་ཆོག །གཅིག་གིས་ཀྱང་ཁེར་རྐྱང་ཕེར་སྟེ། དེ་བཞིན་དུ་གཅོད་མཁན་ལ་ཆོས་གཞན་ཤེས་ཀྱང་ལེགས། གཅོད་རྐྱང་པ་ལས་མི་ཤེས་ཀྱང་འགྲོ་དོན་བྱར་བཏུབ། རྔ་བོ་ཆེའི་སྒྲ་དང་འདྲ་སྟེ། བརྡུང་བའི་དུས་སུ་དུང་དང་ཆ་ལང་ལ་སོགས་པའི་སྒྲ་ཇི་སྙེད་གཅིག་ཡོད་ཀྱང་། རྔ་བོ་ཆེའི་སྐད་ཀྱི་ཞོར་འདེགས་མིན་པ་རང་རང་གི་སྐད་ཀྱི་ངོ་བོ་མ་ཐོན་པ་བཞིན་དུ་ཆོས་ཇི་སྙེད་གཅིག་ཤེས་ཀྱང་། གཅོད་ཀྱི་ཞོར་འདེགས་ལས་མི་འོང་བ་ཡིན། དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ། མི་མང་ཡང་འཚོ། ཉུང་ཡང་འཚོ་དཔེ་དེ་བཞིན་དུ་གྲྭ་པ་དང་བུ་སློབ་དང་མི་མང་ཡང་སངས་རྒྱས། ཉུང་ཡང་སངས་རྒྱས་པ་ཡིན་ནོ། །རྟ་བཟང་པོའི་སྤུ་མདོག་དང་འདྲ་བ་ཡིན་ཏེ། སྔོ་ཡང་མཛེས། ནག་ཀྱང་མཛེས། དཔེ་དེ་བཞིན་དུ་གཅོད་ཉམས་སུ་ལེན་པའི་གང་ཟག་ལ། ཆོས་གང་དང་ཡང་བསྟུན་དུ་གཏུབ་པ་ཡིན། འོན་ཀྱང་སྤུ་རིས་སུ་ཕྱེ་ན་ཕྱི་ཕ་རོལ་ཏུ་ཕྱིན་པ་མཐུན་པ་ཡིན་པས་རྒྱས་འབྲིང་བསྡུས་གསུམ་མ་ཤེས་ཀྱང་། བསྡུས་པ་རེས་ཙམ་ལ་བཤད་པ་གྱིས། ནང་གསང་སྔགས་དང་མཐུན་པ་ཡིན་པས། རྒྱུད་སྡེ་ཆེན་པོ་མ་ཤེས་ཀྱང་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བསྐོར་རེ་ཙམ་སྐྱོང་དང་གསུངས། ཆོས་འདི་ལ་ཡོངས་སུ་བྱའམ། དོགས་སུ་བྱ་ཞུས་པས། ལར་གཅོད་འདི་བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡིན། གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་ཡང་མཐུན་ཆ་ཆེ། ཆོས་གང་དང་བསྟུན་ཀྱང་མི་མཐུན་པ་མེད། ཁྱད་པར་མ་རྒྱུད་དང་མཐུན་ནོ། །འདི་ཡང་ཟབ་དོན་ཐུགས་སྙིང་གི་ལོ་རྒྱུས་ནས་བཏུས་སོ། །དེས་གཉིས་པ་མཚོན་པ་དཔེ་དྲུག་གི་ཆེ་བ་བསྐྱེད་པ་སོང་ངོ་། ༈ །སྤྱི་དོན་གསུམ་པ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་གཅོད་ཀྱི་ཆོས་ངོས་བཟུང་བ་ནི། དང་པོ་ཕྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ལྟར་ངོས་བཟུང་ན། གཅོད་འདི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དགོངས་དོན་ཡིན། ཅིའི་ཕྱིར་ན། གཅོད་གཞུང་ཐམས་ཅད་ནས། ཕ་རོལ་ཏུ་ཡིན་པ་དྲུག་ལྡན་གྱི་དགོངས་པ། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། མཐའ་བྲལ་དབུ་མའི་དགོངས་དོན་སྟོན་ནས་ཡོད་པ་དང་། ལས་མཁན་ཡུམ་ཆེན་མོས་བྱེད་པའི་ཕྱིར་རོ། །གཉིས་པ་གསང་སྔགས་ལྟར་ངོས་བཟུང་བ་ནི། ཐེག་པ་དགུའི་ཁྲིད་ལས། མཚན་ཉིད་གསང་སྔགས་ལྷའི་ཕྱེ། །ཅེས་གསུངས་པས། མཚན་ཉིད་ཀྱི་ལུགས་ལ་ཡི་དམ་ལྷའི་སྒྲུབ་ཐབས་མེད་ཀྱང་། གསང་སྔགས་ཀྱི་ལུགས་ལ་རྗེ་བཙུན་མའི་བསྒྲུབ་ཐབས་ཡོད་པ་ནི། སྒོ་འབྱེད་བཅུ་ཡི་སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད་ཀྱི་ནང་དུ་སྟོན་པ་དང་། ལས་མཁན་རྗེ་བཙུན་མས་བྱེད་པའི་ཕྱིར་རོ། །ཕར་ཕྱིན་གྱི་ལུགས་ལ་དབང་བསྐུར་མེད་ཀྱང་། གཅོད་འདི་ལ་མ་ཅིག་གིས་གཅོད་དབང་རིན་ཆེན་སྤུངས་པ་དང་། ཚོགས་རིན་ཆེན་སྤུངས་པ། དབང་བསྐུར་ཆོས་ཀྱི་སྒོ་འབྱེད་རྣམས་གསུངས་པའི་ཕྱིར་རོ། །ཕར་ཕྱིན་གྱི་ལུགས་ལ་ཤ་ལྔ་བདུད་རྩི་ལྔ་རྟེན་པའི་བཤད་པ་མེད་ཀྱང་། གཅོད་འདིའི་ལུགས་ལ། མཛེ་ཤ་དམར་པོ། མཛེ་ཀླད་དྲོན་མོ། མཛེ་གོས་བཙོག་མོ་ལ་སོགས་ཤ་ལྔ་བདུད་རྩི་ལྔ་བརྟེན་པ་ཡིན་ཏེ། མ་ཅིག་གིས་ཞལ་ནས། བདུད་རྩི་དྲི་ཆེན་དྲི་ཆུ་དང་། མི་ཤ་ཁྱི་ཤ་ལ་སོགས་པ། གཙང་རྩོག་མེད་པར་ཉམས་སུ་བླངས། །ཅེས་གསུངས་སོ། ༈ །གསུམ་པ་གསང་བ་བླ་མེད་ཀྱི་དགོངས་དོན་ལྟར་ངོས་བཟུང་བ་ནི། ཕ་རོལ་དུ་ཕྱིན་པའི་ལུགས་ལ། ཀུན་རྫོབ་དོན་དམ་སྤང་གཉེན་རེས་མོས་སུ་འདོད་ཀྱང་། གཅོད་འདིའི་ལུགས་ལ་གང་ཤར་གྱི་ངོ་བོ་ལ་སྤང་བླང་དང་དགག་སྒྲུབ་ཀྱི་རྩོལ་བ་མེད་པར་འདོད་དེ། མ་ཅིག་གིས་ཞལ་ནས། སེམས་སྐྱེ་བ་མེད་པའི་མཎྜལ་ལ། །དོན་སྣང་བ་སྣ་ཚོགས་ཀྱི་ཚོམ་བུ་བཀོད། །སྣང་སྟོང་འཛིན་མེད་ཀྱི་ཆག་ཆག་གདབ། །རོ་མཉམ་བདེ་ཆེན་གྱི་ངང་དུ་འབུལ། །ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཅེས་སོ། །ཕྱི་ནང་གསང་གསུམ་འདིའི་ལུགས་ནི། གཏེར་གཅོད་ལས། འདིར་ནི་གདུལ་བྱའི་ཁྱད་པར་ལས། །འདུལ་བྱེད་ཕྱི་ནང་མདོ་སྔགས་གཉིས། །སྔགས་ལྟར་ཆོས་སྒོ་དབང་གི་དབྱེ། །དེ་ནི་ཐབས་ཀྱི་ཁྱད་པར་ཡིན། །མདོ་ལྟར་ལྟ་སྒོམ་གཏན་ལ་དབབ། །སྤྱོད་པ་སྔགས་ཀྱི་སྲང་ལ་གཞུགས། །ཅེས་དང་། ཡང་དེ་ཉིད་ལས། གང་ཕྱིར་མ་འོངས་བསྐལ་པའི་མཐར། །གྲུབ་མཐའ་ཕྱོགས་རིས་འཐེན་བྱེད་ཅིང་། །ཆོས་སྤང་ལ་སོགས་འབྱུང་བའི་ཕྱིར། །མདོ་སྔགས་མཐའ་བྲལ་གཅོད་ཀྱིས་དོན། །གསེབ་ལམ་འདི་ལ་འཇུག་པ་གཅེས། །ཅེས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། ལྟ་བ་ནི་དབུ་མ་མཐའ་བྲལ་གྱི་ལྟ་བ། སྒོམ་པ་ནི་ལམ་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པ། སྤྱོད་པ་ནི་སྣང་ཞེན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་སྤང་གཉེན་རོ་མཉམ་ངོ་བོ་གཅིག་ཏུ་སྤྱོད་པ། འབྲས་བུ་ནི་སྐུ་ལྔ་ཡོངས་རྫོགས་ཐོབ་པར་བྱེད་དོ། །ཅེས་སོ། །དེས་གསུམ་པ་ཕྱི་ནང་གསང་གསུམ་གྱི་སྒོ་ནས་གཅོད་ཀྱི་ཆོས་ངོས་བཟུང་བ་སོང་། ༈ །སྤྱི་དོན་བཞི་པ་བློ་ལྡོག་རྣམ་པ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཡོངས་སུ་སྦྱོངས་བའི་ཐབས་ནི་གཞན་དུ་ཤེས་སོ། ༈ །སྤྱི་དོན་ལྔ་པ་དངོས་གྲུབ་རྣམ་པ་གཉིས་འབྱུང་བར་བྱེད་པའི་ཐབས་ལ། གཅོད་ཀྱི་གདམ་པ་ལག་ལེན་དུ་བསྟན་པ་དངོས་ལ་གཉིས་ཏེ། རྡོ་རྗེའི་ཚིག་རྐང་གིས་གཞུང་སྲང་བ། སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་ལེན་པའོ། །དང་པོ་ནི། མ་ཅིག་ལབ་ཀྱི་སྒྲོན་མས། ཚད་མེད་ཀྱི་སྙིང་རྗེ་བརྒྱུད་ལ་སྦྱངས། །གཏད་མེད་ཀྱི་རིག་པ་དབྱིངས་དང་བསྲེ། །བདག་མེད་ཀྱི་ལུས་པོ་གཟན་དུ་བསྐྱུར། །སྤྲོས་མེད་ཀྱིས་ངང་དུ་ལྷང་ངེར་བཞག །ཅེས་པ་ནི། འོག་གི་གཞུང་གི་སྐབས་སུ་རིམས་པར་གསལ་ལོ། ༈ །གཉིས་པ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་ལེན་པ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་བཞི། རྗེས་སོ། །དང་པོ་ལ་གཉིས་ཏེ། ལམ་གྱི་བྱེད་ལས་དང་། གནས་ཀྱི་བྱེད་ལས་སོ། །དང་པོ་ལམ་གྱི་བྱེད་ལས་ལ། ཁྱིམ་ནས་གཉན་ཁྲོད་དུ་མ་ཕེབ་ཀྱི་བར་ལ་དོན་བཞི་སྟེ། དང་པོ་གཅེས་པ་རྣམ་པ་གསུམ་ནི། འགྲོ་བའི་གཉན་ས་གསང་བ་གཅེས། །ཉིལ་ཆུང་འཕར་མའི་དམིགས་པ་གཅེས། །ལམ་གྱི་ལྷ་འདྲེ་དབང་བསྡུད་གཅེས། །ཅེས་གསུངས་པས། དང་པོ་གར་འགྲོ་གསང་ཞིང་ཟིལ་གནོན་འཕེན་པ། གཉིས་པ་ཁྱིམ་ནས་སྒོར་མ་ཕེབས་ཀྱི་བར་དུ་སེམས་བསྐྱེད་པ། གསུམ་པ་སྒོར་ཕེབས་ནས་གཉན་མགོ་མ་མཐོང་གི་བར་དུ་གནས་ཚུལ་བཞིའི་དམིགས་པ་བྱེད་པ། བཞི་པ་གཉན་མགོ་མཐོང་ནས་གཉན་ཁྲོད་དུ་མ་ཕེབས་ཀྱི་བར་ལ་དམར་མོ་དབང་བསྡུད་བྱེད་པའོ། །དང་པོར་གར་འགྲོ་གསང་ཞིང་། གང་ལ་གང་འདུལ་ཡི་དམིགས་པ་ནང་སྔ་མོ་ནས་འཕེན་དགོས་ལ། ནག་མོས་ཟིལ་གྱིས་གནོན་ཅིང་དམར་མོས་དབང་དུ་བསྡུད། ཅེས་གསུངས་པས། རི་མཐོན་པོ་དང་། ཐང་ཆེན་པོ་དང་། རྒང་རིང་པོ་ལ། ཕཊ་བྱས་པ་ཙམ་གྱིས་རང་ཉིད་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་ཟིལ་གནོན་གྱི་སྐབས་སུ་ཁྲོས་མ་ནག་མོ་ཡིན་གསུངས། མཐིང་ནག་གཅིག་ཏུ་བསྐྱེད་པའི་ཐུགས་ཀ་ནས། ཕཊ་གཅིག་བྱས་པ་ཙམ་གྱིས། གནམ་ལྕགས་ལས་གྲུབ་པའི་ཁྲོ་ཆུའི་ཕ་ཝོང་བློས་ཁྱབ་ཚད་གཅིག་ཏུ་སྤྲུལ་ནས་འཕང་སྟེ། རི་དང་སྒོང་གང་ཡིན་པའི་གཉན་ས་ལ་ཕོག་ནས་ཙམ་གཞོང་གསིག་ཟིན་པ་འདྲ་བ་བྱས་པས། ཕཊ་གཅིག་བྱས་པ་ཙམ་གྱིས། ཁྲོ་ཆུའི་ཕ་བོང་ཡོངས་སུ་གྱུར་པ་ལས། སེང་གེ་དགུར་གྱུར་ཏེ། ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུར་འདུག་ཅིང་། དེར་གནས་པའི་ལྷ་འདྲེ་སོ་པ་དང་བཅས་པ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་སྒོམ་པ་འདྲེས་སོ། །ཡང་མཚོ་དང་ཆུ་མིག་གང་ཡིན་པ་ལ་ཕོག་སྟེ། ཁྲོབ་ཁྲོབ་ཁོལ་ནས་ཕཊ་གཅིག་བྱས་པ་ཙམ་གྱིས་མེའི་བྱ་ཁྱུང་གྲངས་མེད་ཀྱི་གུར་ཁང་གཅིག་ཏུ་གྱུར་པའི་ནང་དུ། དེར་གནས་པའི་ལྷ་འདྲེ་སོ་པ་དང་བཅས་པ་ཐམས་ཅད་ཚུད་ནས་གར་ཡང་འགྲོ་དབང་མེད་པར་བསམ། ཡང་ལྷ་ཁང་མཆོད་རྟེན། ཁང་རལ། ས་ཕུག །གད་ཕུག །བྲག་ཕུག །ལམ་རྒྱ་གྲམ། དུར་ཁྲོད། ཚོང་འདུས། ལུང་མདོ། བྲག་མདོ་ལ་སོགས་པའི་གཉན་ས་ལ། གོང་བཞིན་མ་ཅིག་སྐུ་མདོག་མཐིང་ནག་ཏུ་བསྐྱེད་པའི་ཐུགས་ཀ་ནས། ཕཊ་གཅིག་བརྗོད་པ་ཙམ་གྱིས། རྡོ་རྗེ་རྩེ་དགུ་པ་གཅིག་སྤྲུལ་ནས་འཕངས་ཏེ། གཉེན་ས་གང་ཡིན་པ་དེ་ལ་ཕོག་པ་ནས། ཙམ་གཞོང་གསིག་པ་འདྲ་བ་གཅིག་བྱས་སྟེ། ཕཊ་གཅིག་བྱས་པ་ཙམ་གྱིས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་མ་ཅིག་ལབ་སྒྲོན་ཟིལ་གནོན་གྱི་སྐབས་སུ་ཁྲོས་མ་ནག་མོ་ཡིན་ནོ། །མཆན། སྐུ་མདོག་མཐིང་ནག་དགུར་གྱུར་ཏེ། ཕྱོགས་བཞི་མཚམས་བརྒྱད་དབུས་སུ་དང་དགུར་བཞུགས་ནས། དེ་ལ་གནས་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། ཤིང་གཅིག་ཁེར་སྐྱེས་ཡིན་ན། མ་གཅིག་ལབ་སྒྲོན་གོང་བཞིན་བསྐྱེད་པའི་ཐུགས་ཀ་ནས། ཕཊ་གཅིག་བྱས་པ་ཙམ་གྱིས། གནམ་ལྕགས་ཀྱི་སྟྭ་རེ་ངར་མ་གཅིག་སྤྲུལ་ནས་འཕངས་ཏེ། ཤིང་དེ་ལ་ཕོག་པས་རྡུལ་ཕྲན་བཞིན་དུ་བཏང་པས། ཕཊ་གཅིག་བྱས་པ་ཙམ་གྱི་གནམ་ལྕགས་ཀྱིས་སྟྭ་རེ་ཡོངས་སུ་གྱུར་པ་ལས། མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་གཅིག་ཏུ་གྱུར་ནས། གོང་བཞིན་གར་ཡང་འགྲོ་དབང་མེད་པར་བསྒོམ། ཡང་ཤིང་ནགས་འཐུག་པོ་ཡིན་ན་མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་གོང་བཞིན་བསྐྱེད་པའི་ཐུགས་ཀ་ནས། ཕཊ་གཅིག་བརྗོད་པ་ཙམ་གྱིས་གནམ་ལྕགས་ཀྱི་རལ་གྲི་རྣོ་བའི་ངར་དང་ལྡན་པ་གཅིག་ཏུ་སྤྲུལ་ནས་འཕངས་སྟེ། ཤིང་ནགས་དེ་རྡུལ་ཕྲན་བཞིན་གོང་ལྟར་བཏང་ནས། ཕཊ་གཅིག་བྱས་པ་ཙམ་གྱིས་རལ་གྲི་ཡོངས་སུ་གྱུར་པ་ལས་མ་ཅིག་ལབ་སྒྲོན་གོང་བཞིན་དུ་གྱུར་ནས། གར་ཡང་འགྲོ་དབང་མེད་པར་སྒོམ། ཡང་གཅོད་པས། ས་རྒྱུས་མེད་པའི་ས་ན་ཟིལ་གནོན་འཕངས་པ་ནི། ཚད་མེད་མཛོད་ཆེན་ལས། རང་ཉིད་ཁྲོས་ནག་མོའི་ཐུགས་ཀ་ནས་ཕཊ་གཅིག་བྱས་པ་ཙམ་གྱིས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཕྱོགས་དེར་ཕོག་པ་ཙམ་གྱི་ཙམ་གཞོང་བསྲེག་པ་ལྟར་བྱས་ནས་ཕཊ་ཅིག་བྱས་པ་ཙམ་གྱིས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། དཔའ་བོ་དམའ་མོའི་གུར་ཁང་། དེའི་རྒྱབ་ཏུ་རྡོ་རྗེའི་དྲྭ་གུར། དེའི་རྒྱབ་ཏུ་མི་ནག་གི་ལག་སྦྲེལ་གྱི་དེའི་རྒྱབ་མུན་ནག་གི་གུར་ཁང་བསྒོམ་ནས། དེར་གནས་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། དེ་ནས་གཉན་མགོ་མཐོང་བ་དང་། སྔ་མོའི་ཟིལ་གནོན་གང་དགོས་འཕངས་ཤིང་། སྔ་མ་ལྟར་བྱའོ། །ཡང་ན་གོང་གིས་ཟིལ་གནོན་དེ་རྣམས་གང་ཡང་མི་བྱེད་པར། རི་བྲག་ལ་སོགས་གཉན་ས་ཀུན་ལ་ཟིལ་གནོན་འདིས་ཆོག་པར་གསུངས་ཏེ། རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས་གནམ་ལྕགས་ཀྱིས་རྡོ་རྗེ་འཕྲོས་པ་ལས་གཉན་ས་གང་ཡིན་པ་ཐམས་ཅད་གཞིག་ནས། ཁྲོས་མ་ནག་མོ་དགུར་སྒོམ་པ་ལ་སོགས་གོང་བཞིན་བྱའོ། །དཀར་སྦྱོར་ལས། སྔ་ཐེམ་སྔ་རུ་མི་ནོན་ན། །དགྲ་ངན་དག་ལ་བྱ་ཤོར་འདྲ། །དེ་ལ་ཟིལ་གནོན་གནད་བདུན་དགོས། །ཅེས་གསུངས་པའི་དོན་ནོ། །དེས་ཟིལ་གནོན་སོང་ནས། གཉིས་པ་ཁྱིམ་ནས་སྒོར་མ་ཕེབས་ཀྱི་བར་དུ། སེམས་བསྐྱེད་པ་ནི། ཞལ་གདམ་བཅོ་བརྒྱད་མ་ལས། ཕཊ་གཅིག་བརྗོད་པ་ཙམ་གྱིས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ། བླ་མ་ཡི་དམ་ཆོས་སྐྱོང་ཀུན་འདུས་གྱི་ངོ་བོ་མཚུངས་མེད་དཔལ་ལྡན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་དམོག་དཀར་མོ་བཞུགས་པར་བསྒོམ། ལུས་གདོན་གནས་གདོན་གཉིས་ཀྱིས་གཙོ་བྱས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱ། དེའི་ཆེད་དུ་གཉན་ས་རི་ཁྲོད་དུ་འགྲོ་སྙམ་དུ་སེམས་བསྐྱེད་ལ། ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཡོ་བྱད་དང་བཅས་པ་འབུལ་བར་སྒོམ་ཞིང་། གསོལ་བ་གདབ་པ་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་གཅིག་ཆར་དུ་རྟོགས་པ་མཛད་དུ་གསོལ། །ཅེས་དེ་ལྟར་སྒོར་མ་ཕེབ་ཀྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེས་གཉིས་པ་སེམས་བསྐྱེད་པ་སོང་ནས། གསུམ་པ་སྒོར་ཕེབ་ནས་འོག་ལ་ཡོད་པའི་ཐོག་སྲུང་འདི་ནས་བྱ་གསུངས། མཆན། གཉན་མགོ་མ་མཐོང་གི་བར་དུ། དཀར་སྦྱོར་ལས་གནས་ཚུལ་བཞིའི་དམིགས་པ་བྱེད་པ་ནི། ཕཊ་གཅིག་བྱས་པ་ཙམ་གྱིས། ལུས་ནི་རོ་ཡི་ཚུལ་དུ་འགྲོ། །རིག་པ་རོ་ཁུར་ཚུལ་དུ་དམིགས། །གཉན་ས་དུར་ཁྲོད་དུ་བསམ། །ལྷ་འདྲེ་གཅན་སྤྱང་ཚུལ་དུ་དམིགས། །ཅེས་དེ་ལྟར་གཉན་ས་མགོ་མ་མཐོང་གིས་བར་དུ། ལོགས་སུ་མ་ཡེངས་པར་འགྲོ་བ་ཡིན། དེ་གསུམ་པ་གནས་ཚུལ་བཞིའི་དམིགས་པ་སོང་ནས། བཞི་པ་གཉན་མགོ་མཐོང་ནས། གཉན་ཁྲོད་དུ་མ་ཕེབ་ཀྱི་བར་དུ། དམར་མོས་དབང་བསྡུད་བྱེད་པ་ནི། ཕཊ་གཅིག་བྱས་པ་ཙམ་གྱིས། རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་མོ་མི་རྐང་གི་གླིང་བུ་ཚག་ཚག་འབུད་པས། ཚད་མེད་དཔལ་འབྱོར་མཛོད་ཆེན་ལས། ལྷ་འདྲེ་ཐམས་ཅད་འདར་ཆོམ་ཆོམ་བྱེད་པར་སྒོམ་ལ། ཕཊ་གྲངས་མེད་བརྗོད་པ་ཙམ་གྱིས། ལམ་ལ་གནས་པའི་ལྷ་འདྲེ་ཐམས་ཅད་རང་དབང་མེད་པར་འུབ་འུབ་འདུས་ནས། རང་ཉིད་ལ་སྤུང་གིས་བསྐོར་ནས། གཉན་སར་མ་སླེབ་གྱི་བར་དུ་ལོགས་སུ་མ་ཡེངས་པར་ཕཊ་བརྗོད་ཅིང་འགྲོ་བ་ཡིན། གཉན་ཁྲོད་དུ་ཕྱིན་པ་དང་། སྔོན་དུ་ཟིལ་གནོན་འཕང་ཟིན་ལས་གྱུར་པའི་མ་ཅིག་ལབ་སྒྲོན་མཐིང་ནག་ལ་སོགས་དབུས་ཀྱི་གང་དང་གང་ཡིན་པ་དེ། ཕཊ་གཅིག་བྱས་པ.ཙམ་གྱིས་རང་ལ་ཐིམ་པར་བསྒོམ་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་ལབ་སྒྲོན་མཐིང་ནག་ལ་སོགས་གང་དང་གང་ཡིན་པ་རྣམས། མལ་དུ་ཡོད་པ་དང་བཅས་པ་དེས་ལམ་ནས་བཀུག་པའི་ལྷ་འདྲེ་ཐམས་ཅད་གཉན་ས་དེ་བས་གར་ཡང་འགྲོ་དབང་མེད་པར་བསྒོམ་ལ། རང་གི་རྐང་དུང་འབུད་ལ་ཕཊ་དྲག་པོ་བརྗོད་པ་གལ་ཆེ་བ་ཡིན་གསུངས། དེས་བཞི་པ་ལམ་གྱི་དབང་བསྡུད་རྫོགས་པ་ཡིན། སྤྱི་དོན་གཉིས་པ་གནས་ཀྱི་བྱེད་ལས་ནི། ཕེབ་ནས་སྔ་བ་རྣམས་བཞི་ནི། གཉན་སའི་དམིགས་དུ་ཕེབས་པ་སྔ། །མལ་བཅའ་དབང་བསྡུད་ཟིལ་ནོན་སྔ། །སྙིང་རྗེའི་ཀུན་སློང་དམིགས་པ་སྔ། །གཉན་དམིགས་ཐབ་ཁ་བཅའ་བ་སྔ། །ཅེས་གསུངས་པས། གཉེར་སར་ཕེབས་ནས་ཐབ་ཀ་བཙུག་ཤིང་འཚོ་བ་མ་རྫོགས་ཀྱི་བར་དུ་དོན་ལྔ་སྟེ། དང་པོ་གཉན་དམིགས་བཙལ་བ། གཉིས་པ་ཁྲ་ཐེར་ཕུབ་པ། གསུམ་པ་དབང་བསྡུད་ཟིལ་གནོན། བཞི་པ་དམ་ཚིག་བསྲེ་བ། ལྔ་པ་ཐབས་ཁ་བཙུག་པའོ། །དང་པོ་གཉན་དམིགས་བཙལ་བ་ནི། དཔེར་ན་མེ་བཙའ་ཨན་ཚུགས་སུ་བསྲེག་ན་ནད་ལ་ཕན་པ་ལྟར། འདིར་ཡང་གནས་ཀྱི་མཚན་ཉིད་ལ་གཉིས་ཏེ། རིག་པས་བཙལ་ཞིང་རྒྱས་པ་དང་། བརྟུལ་ཤུགས་སྤྱོད་ཅིང་གནས་མིག་བཙལ་བའོ། །དང་པོ་རིག་པ་དཔྱད་པ་ལ་གསུམ་སྟེ། རྫས་དང་། གཟུགས་དང་། མ་ངེས་པའོ། །དེ་ལ་དང་པོ་རྫས་ནི། རིན་ཆེན་འདྲ་བའི་སྟེང་ན་བསྡད། གདུག་དང་རྒྱལ་མཚན་འདྲ་བའི་ཏོག །དུང་དང་བུམ་པ་འདྲ་བའི་ལྟོ་བ། པདྨ་འདྲ་བའི་ལྟེ་བར། དཔལ་བེའུ་འདྲ་བའི་དཀྱིལ་དུ་བསྡད། མཆོད་རྟེན་གྱེན་ལྟའི་བུམ་པ། མཐུར་ལྟའི་ཏོག །ཐང་ཕུབ་འདྲའི་དཀྱིལ་དང་འབུར་ས། ལུང་གསུམ་དང་སྒང་གསུམ་གྱིས་འདུས་མདོ། ཆུ་སྐོར་འདྲ་བའི་དཀྱིལ། མདུང་འདྲ་བའི་བ་དན། གྲི་འདྲ་བའི་བྲང་བའོ། །རལ་གྲི་འདྲ་བའི་ཕའང་། ཞགས་པ་འདྲ་བའི་ཨ་ལུང་། ཆུ་མིག་མགོ་གཅིག་པའི་མགོ་ཡིན་ཏེ། མགོ་གཉིས་པའི་བར། མགོ་གསུམ་མགོ་ལྔ་མན་ཆད་ཀྱི་འདུས་མདོ། མགོ་དགུ་ལ་སོགས་གྲངས་མང་གི་དཀྱིལ། མཚོའི་ཕོ་བྲང་འབུར་ས་སྟེ། ཀུན་ནས་སྤུང་འདྲ་དག་གི་དཀྱིལ། ཁྲི་བརྩེག་རྒྱབ་ཡོལ་བྲེས་འདྲ་དང་། གྲོང་དང་ཕོ་བྲང་བརྩེག་པ་འདྲ་བའི་སྟེང་། མཚོ་ཡི་ཕུག་ཡིན་ཏེ། གཞན་ཡང་དུར་གླིང་གང་ཡིན་གྱི་དཀྱིལ་གཅིག་པའི་སྟེང་། ཁྱད་པར་རྒྱ་མཚོའི་ཟངས་ཁ་ཡོད་སར་བསྡད། རི་བོའི་རྩེ་དང་སུལ། ཕུག་པའི་ནང་གྲེ་བ་དང་པོ་བར་དག་ཏུ་བསྡད། མཆོད་རྟེན་རྩ་བ། མཆོད་རྟེན་ཞིག་རལ་གྱི་དཀྱིལ། ལྷ་ཁང་གི་སྒོ་ཐེམ་འམ་བསྐོར་ཁང་། མགྲིན་ཁང་གི་སྒོ་ཐེམ། གསལ་མཁར་མང་པོའི་དཀྱིལ། ཁ་ཡར་གྱི་ཐོག །གངས་རི་རི་རབ་ཀྱི་རྩེ། དེ་ནས་སྙིང་དང་ལྟེ་བ། ཤ་རལ་ཤལ་གྱི་ནང་། ཆུ་ཕྱར་སྣ་དང་རྩ་བ། བྲག་ནག་དག་གི་རྩ་བ། བྲག་དཀར་རྩེ་དང་། བྲག་དམར་སྲང་ལ་བསྡད། དིལ་མགོ་ནུ་མ་འདྲ་བའི་ཏོག །གོང་བུ་ཨ་འདྲ་བའི་བར། སོག་པ་འདྲ་བའི་ཚུན་རྐང་སྟེང་། སྨན་ལམ་དཀྱིལ། ནག་མེད་ཤིང་གཅིག་གང་ཡིན་ཡང་། གླང་ཕུང་རྐང་གཅིག་རྩ་བ་སྟེ། ཤུག་པ་འབོ་ལོ་ལྕང་མའི་ཀ་བྲག་ལྟག་པ་དག་ཏུ་འདུག །ཁང་རལ་དག་གི་མཛོད་སྒོ། མཁར་གྱི་ར་ཞོལ། ཆུ་གཙང་ཁུག །འདུས་སྣ། མཚོ་འཁྱིལ་སྣ། སྒང་རིང་པོའི་སྣ། ཐང་ཆེན་པོ་དང་། ལམ་རྒྱ་གྲམ་དང་། ཚོང་འདུས་ཀྱི་དཀྱིལ་དུ་བསྡད། གཉིས་པ་གཟུགས་ནི། སེངྒེ་འདྲ་བའི་དྭངས་ཁ། དོམ་དང་སྤྱང་ཀུ་འདྲ་བའི་སྡེར་མོ། སྟག་འདྲ་བའི་ཁ་འཛུམ། བྱ་དང་མི་འདྲ་བའི་སྙིང་ཁ། གླང་ཆེན་འགྱིང་འདྲའི་སྣ་ལྗགས་དང་། སེངྒེ་འདྲ་བའི་གཡུ་རལ། ཁ་དང་སྙིང་ཁ། སྟག་འདྲ་བའི་སྡེར་མོའི་ཁ་དང་སྣའི་བར། སྒང་འདྲ་བའི་ཟེ་བ། སྤལ་པ་གྱེན་རྒྱུ་འདྲ་བའི་སྙིང་ཁ། མཐུར་རྒྱུད་འདྲ་བའི་སྣ། རྟ་གྱེན་རྒྱུ་འདྲ་བའི་མགོ། མཐུར་རྒྱུ་འདྲ་བའི་སྣ། གླང་ཆེན་རྒྱུ་འདྲ་བའི་རྐེ། མཐུར་རྒྱུ་འདྲ་བའི་སྣ། གཡག་དང་སྡིག་པའི་རྭ་བར། སྦྲུལ་འཁྱིལ་འདྲ་བའི་ཁ་དང་དཀྱིལ། ཉ་འཕྲེད་ཉལ་འདྲ་བའི་གཤོག་པ། བུད་མེད་འདྲ་བའི་སྐྲ་སྟེང་། བྱོལ་སོང་འདྲ་བའི་རྭ་བར། བྱ་འདྲ་བའི་ཁ་དང་བྱེ་བ། སྐྱིལ་ཀྲུང་བཅས་འདྲ་དང་གན་རྐྱལ་དང་། བཙུན་མོའི་བྲང་རྒྱན་ཐོག་འདྲ་དང་། རྒྱལ་བློན་གདན་ལ་བཞུགས་འདྲའི་སྙིང་ཁ་དང་ལྟེ་བ། འཐབ་འཛིང་འདྲ་བའི་བར་དང་འགྱེད་ས་ཡིན། ཕ་རི་ལེན་གྱི་རྒྱང་བཅད་ཀྱང་། བྱ་ཕག་སྦལ་སྦྲུལ་ལྕང་མོ་ལ་སོགས་སྣ་ལ་འདུག་གོ། །གསུམ་པ་མ་ངེས་པ་ནི། ནགས་འཐུག་པོའི་སྲབ་ས། སྲབ་པའི་མཐུག་ས། ས་འཇམ་པོའི་རྩུབ་ས། རྩུབ་པའི་འཇམ་ས། མདོར་ན་རང་གི་ཡང་འདི་ན་གཉན་བསམ་སར་བསྡད་པར་བྱའོ། །གཉིས་པ་བརྟུལ་ཤུགས་སྤྱོད་ཅིང་གནས། དམིགས་བཙལ་བ་ནི། ཐང་ཆེན་པོ་ལ་སོགས་ལ་གཉན་སའི་དམིགས་མ་རྙེད་ན། རང་ཉིད་ཁྲོས་མ་ནག་མོའི་རང་བཞིན་ཅན་མི་ལྤགས་གིས་གཡང་གཞི་སྐུ་ལ་གསོལ་བ། ཞབས་གར་ཐབས་སུ་མཛད་པ། ཕྱག་ན་ཐོད་རྔ་དཀྲོལ་བར་བསྒོམ་ལ། ཕཊ་བརྗོད་ཅིང་གཉན་ས་ལ་བསྐོར་བ་བྱེད་ཅིང་། སྐྲག་འུབ་ཀྱིས་བྱུང་བའམ། སྦྲིད་ཟིང་གྱིས་བྱུང་པའམ། སྐྱི་ཤ་ཟ་བའམ། བག་དྲོ་བ་ཉམས་དགའ་བ་དེ་ལྟ་བུ་བྱུང་སར་བསྡད་དོ། །ཅེས་མན་ངག་གསེར་ཐུར་ལས་གསུངས་སོ། །སྤྱིར་གཉན་ས་ཆེན་པོ་ཡིན་ན་གཅོད་དཔོན་གང་གཉན་སར་བསྡད། དེ་མཆན་གཉན་ས་གཅིག་ལ་ནད་པ་དེ་ནས་གཉན་ས་ལ་ཐབས་ཁ་བཅའོ། །ནད་པ་དང་གཅོད་དཔོན་ཐག་ཉེ་བ་གལ་ཆེའོ། །གཉན་ས་ཆུང་ན་གར་གཉན་སར་ནད་པ། དེ་ནས་གཉན་ས་གང་དང་འདྲ། དེས་གཉན་དམིགས་བཙལ་བ་རྫོགས་ནས། གཉིས་པ་ཁྲ་ཐེར་ཐུབ་པ་ནི། གསེར་ཞུན་མ་ལས། གཉན་དམིགས་གང་ཡིན་པའི་ཐོག་ཏུ། ཁྲ་ཐེར་ཕུབ་མ་ཐག་ཏུ་ཕཊ་བཞི་བརྗོད་ལ། དང་པོ་ཁྲ་ཐེར་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོར་བསྒོམ། གཉིས་པ་ཆོན་ཐག་རྣམས་འཇའ་ཚོན་གྱི་དྲྭ་བར་བསྒོམ། གསུམ་པ་ཕུར་པ་རྣམས་མཁའ་མགྲོ་མ་སྡེ་བཞིར་བསྒོམ། ཁྲ་ཐེར་མ་ཅིག་དང་མཁའ་འགྲོ་སྡེ་ལྔར་རེད་པ་ཡིན། བཞི་པ་རྔོག་རྐེ་རྣམས་རིགས་ལྔའི་ཕྱོགས་བཙུག་དུས་ཤར་ནས་གཡས་བསྐོར་དུ་རིམ་པར་བཙུག་ཤིང་། བུདྡྷ་ཌཱཀྐི་ནི་ཧཱུྃ། ཅེས་སོགས་བརྗོད་ཅིང་། མཆན། ཀྱི་མཁའ་འགྲོ་མ་གྲངས་མེད་པ་བསྒོམ་པ་ཡིན་ནོ། །དེ་ལྟར་བྱིན་རླབས་ཐོན་ནས་དམ་ཚིག་ལ་མི་འགོམ་པ་གལ་ཆེ་བ་ཡིན། ཁྲ་ཐེར་གྱི་ནང་དུ་ཉལ་ས་བདེ་མོ་ཐོན་མ་ཐག་ཏུ། ཕཊ་གཅིག་བརྗོད་པ་ཙམ་གྱིས། ཞབས་དེ་ལྕགས་མཁར་ནག་པོ་གྲུ་གསུམ་གཏིང་ཟབ་པ། ཕྱི་ན་གས་མེད་པ། ནང་ན་སྲུབ་མེད་པ་གཅིག་རེད་པར་སྒོམ། དེས་གཉིས་པ་ཁྲ་ཐེར་ཕུབ་པ་སོང་ནས། གསུམ་པ་དབང་བསྡུད་ཟིལ་ནོན་བྱེད་པ་ལ། དང་པོ་དབང་བསྡུད་ནི། རང་ཉིད་ཁྲ་ཐེར་གྱིས་སྒོར་ལངས་ཏེ། སྟན་མཆན་ཁུང་དུ་བཅུག་ཅིང་ཞལ་ཕྱིར་གྱུ་ནས། ཕཊ་གཅིག་བྱས་པ་ཙམ་གྱིས། རང་ཉིད་རྗེ་བཙུན་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་མི་ལྤགས་ཀྱིས་གཡང་གཞི་དབྱུག་ཏོར་གཟད་ནས་བསྣམས་པ། གཡོན་ན་མི་རྐང་གི་གླིང་བུ་ཚག་ཚག་འབུད་པར་སྒོམ་ལ། རྐང་དུང་འབུད་ཅིང་ཕཊ་སྒྲ་དྲག་ཏུ་བརྗོད་ལ་འདི་སྐད་དོ། །འོ་གཙོ་བོ་ཡིས་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རག་གིས་དམྱལ་ཁམས་ཡན་ཆད། མཐོ་ནམ་མཁའི་ལྷ་ཕྲན་མན་ཆད། དམའ་བ་ས་འོག་གི་ལྟོ་འཕྱེ་ཡན་ཆད། དཔེ་དཀར་རྒྱལ་པོ་མན་ཆད། ཡུལ་འདྲེ་ས་སྲིན་ཡན་ཆད། སྣང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཚུར་འདུས། འཻ་ཁྱད་པར་དུ་གཉན་ཁྲོད་འདི་ན་གནས་པའི་དཀར་པོ་ལྷ་ཡི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི་སྡེ་ཚན། ཁྲ་བོ་གཟའ་ཡི་སྡེ་ཚན། འཕན་པོ་གཉན་གྱི་སྡེ་ཚན། ཕྱུག་པོ་ཀླུའི་སྡེ་ཚན། རཀྵ་སྲིན་པོའི་སྡེ་ཚན། ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པའི་ལྷ་འདྲེ་ཐམས་ཅད་ཚུར་འདུས། འཻ་ཁྱད་པར་དུ་ཡང་ཆྒཻ་མོའི་ནད་པ་མེད་ན་མི་དགོས། ཕུང་པོ་ཁམས་དང་སྐྱེ་མཆེད་ལ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མ་ནད་ལ་མི་ཕན་པར་བྱེད་པའི་ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཚེལ་འདྲེ་མི་ལ། བསྭེ་རག །འགོང་པོ། ཐེའུ་རང་། གྲིའོ་གྲི་མོ། གནའ་འདྲེ་རྙིང་པ། ད་འདྲེ་སོ་མ། ཡུལ་འདྲེ་འཁྱམས་པོ། ཟ་འདྲེ་ཤི་གཤེད། ཁའི་དབུགས་འཕྲོག་པ། ཁོང་པའི་སྲོག་གཅོད་པར་བྱེད་པའི་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཚུར་འདུས། དེ་ལྟར་ཁྲ་ཐེར་གྱི་ཕྱོགས་བཞི་དབུས་དང་ལྔ་ནས་འབོད་པ་ཡིན། དེ་ལྟར་བྱས་པས་སྣང་སྲིད་ཀྱི་བཀའི་ལྷ་མ་སྲིན་སྡེ་བརྒྱད་རྣམས་རང་གི་ཕྱི་རོལ་མ་ཅིག་ལབ་སྒྲོན་བརྒྱད་ཀྱི་ནང་དུ་ཚུད་པར་བསྒོམ། གནས་གདོན་ལུས་གདོན་ཉིས་རང་གི་ཞབས་ལྕགས་མཁར་ནང་དུ་ཚུད་པར་བསྒོམ། ནང་ནུབ་ཀྱི་གཏོར་བསྔོས་བྱེད་དུས་སུ། བསྲུང་འཁོར་དེ་ལྕགས་མཁར་གྱི་ཁ་ཡན་ཆད་ལ་དབུགས་པ་ཡིན། ཡང་དབང་བསྡུད་ཀྱི་དམིགས་པ་བྱས་ལ། འཻ་ཁྱད་པར་དུ་ཡང་གཉན་ཁྲོད་འདི་ན་གནས་པའི་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཉོན་ཅིག །ཁྱེད་རྣམས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པས། བདག་གིས་ཁྱེད་རྣམས་ལ་ཟབ་མོ་ཆོས་ཀྱི་འབྲེལ་པ་བྱེད། དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར་འདིར་འོང་བ་ཡིན་པས། བདག་གིས་ཕྲིན་ལས་མྱུར་དུ་བསྒྲུབ་ཅིག །གལ་ཏེ་ཕྲིན་ལས་མྱུར་དུ་མི་གྲུབ་ན། ཡུལ་ཁམས་འདིར་མཛེ་ཤའི་ཐང་མལ་གདལ། མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ། མཛེ་རྐང་གིས་ཀ་བ་བཙུག །མཛེ་རུས་ཀྱིས་གདུག་ཕུབ། མཛེ་ལྤགས་གིས་བླ་རེ་བྲེས་ནས། ཕོ་བྲང་བཅའ་བ་ཡིན་ཏེ། འཁོར་བ་མ་སྟོང་གི་བར་དུ་ལྷ་འདྲེ་ཁྱེད་རྣམས་དང་འབྲལ་མེད་དུ་གནས་འདི་བས་སྐད་ཅིག་ཀྱང་གཡོ་བར་མི་བྱེད་དོ། །ཅེས་ངག་ཏུ་བརྗོད། ཡིད་ལ་རྒྱུན་དུ་བསམ་ན། གདོན་མི་བྲོས་པ་དང་། མྱུར་བའི་གནད་ཡོད་དོ། །དེ་བས་ད་ལྟ་ཉིད་དུ་བདག་གི་ཕྲིན་ལས་མྱུར་དུ་སྒྲུབས་ཤིག །ཕཊ། ཅེས་ལན་གསུམ་བརྗོད་པས་དམིགས་མེད་སྒོམ། གལ་ཏེ་གདོན་བྲོས་པའི་རྟགས་རྨི་ལམ་ལ་སོགས་བྱུང་ན། འདི་ལྟར་བྱ་སྟེ། དཀར་སྦྱོར་ལས། གདོན་རྣམས་གཞན་དུ་བྲོས་པ་ན། །དེ་ལ་ཕོ་ཉ་དངུལ་དཀར་བཏང་། །ཅེས་གསུངས་ཕྱིར་ན་ཞི་བ་ལྟར། །རང་ཉིད་མ་ཅིག་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །སྣང་སྲིད་བཀུག་ལ་རང་འོག་བསྡུ། །ལན་གསུམ་བྱས་ནས་ལུས་སྦྱིན་བྱ། །སྙིང་རྗེའི་སེམས་ལྡན་སྟོང་ཉིད་སྒོམ། །དེས་ཀྱང་འོངས་པར་མ་འདོད་ན། །དམར་ནག་ལྕགས་ཀྱུའི་དམིགས་པ་དགོས། །ཅེས་གསུངས་ཕྱིར་ན་དྲག་པོ་ལྟར། །རང་ཉིད་ཁྲོས་མའི་ཐུགས་ཀ་ནས། །འོད་ཟེར་རྡོ་རྗེའི་ཚྭ་ཚྭ་ཅན། །ལྕགས་ཀྱུ་ནག་པོའི་རྣམ་པ་འཕྲོས། །འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་རྣམས། །གནས་དང་བཅས་པ་བཀུག་པར་བསམ། །རང་དབང་མེད་པར་འོག་ཏུ་འདུས། །ཕ་མར་དམིགས་ལ་ལུས་སྦྱིན་བྱ། །གསུམ་ལས་མི་མང་སྐྱེ་མེད་སྒོམ། །ཡང་ན་ནད་པ་གལ་ཆེན་ཡོད་པའམ། །ཡང་ན་རང་ཉིད་ན་བ་ཡིན་ན། འདི་སྐད་འབོད་དོ། །འཻ་གཉན་ཁྲོད་འདི་ན་གནས་པ་ཐམས་ཅད་གསོན་ཅིག །ཁྱེད་རྣམས་ཀྱི་ཆྒཻའི་འདི་རབ་མནར་མེད་པའི་དམྱལ་བར་བསྐྱུར་ལ་གཏན་དུ་ཐར་དུས་མེད་པར་གྱིས་ཤིག །འབྲིང་ད་ལྟ་ཉིད་དུ་ཟོལ། མལ་དུ་ཏིལ་འབྲུ་མ་ཙམ་ཡང་མ་ལུས་པ་གྱིས་ཤིག །ཐ་མ་ཡང་ན་མི་ཐུབ་པ། ཤི་མི་ཐུབ་པ། དབུགས་ཕྱི་ནང་རྒྱུ་མི་ཐུབ་པ། འདི་བས་ཀྱང་ཐུ་བའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། བློ་བུར་གཉིས་ཁྲི་གཅིག་སྟོང་། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཐམས་ཅད་ཐོངས་ཤིག །དེ་ལྟར་མ་བྱེད་པ་ན་ར་ཀན། ཚར་ནས་གདན་བཏིང་བ་དང་སྤྲད་ལ། ཕཊ། གཅིག་བྱས་པ་ཙམ་གྱིས། ལྕགས་མཁར་གྱི་ཁ་དེ་མི་ལྤགས་ཀྱི་གཡང་གཞི་ཅིག་གིས་བཀབ་པར་བསྒོམ་ལ། གཉིས་པ་ཟིལ་གནོན་ནི། སྟན་ཐོག་དུ་འདུག་ས་དང་སྤྲད་ལ། ཕཊ་བྱས་པ་ཙམ་གྱིས་རང་ཉིད་དཔའ་བོ་གོ་རྗེ་བའི་ཚུལ་གྱིས། མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་ན་ཐོ་བ། གཡོན་ལྕགས་ཀྱུ་བསྣམས་པ་གཅིག་རེད་པར་བསྒོམ། ངག་ཏུ་ཧཱུྃ་ཧཱུྃ་ཧཱུྃ་ལན་བདུན་བརྗོད་པ་ཙམ་གྱིས་རང་གི་ཐུགས་ཀ་དང་། སྨིན་མཚམས་དང་། བ་སྤུའི་གསེབ་ནས་ཁྲོ་ཆུང་རང་འདྲ་བ་གྲངས་མེད་པ་སྤྲོས་པས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་དེ། རང་ལ་ཕྱག་རྒྱ་བཅའ་ཞིང་། བཀའ་ཉན་གསུང་སྡོད་པར་བསྒོམ། ཁྲོ་ཆུང་རྣམས་ཀྱང་སྔ་མོའི་ལབ་སྒྲོན་དང་འཆབ་པའི་གུར་གཅིག་སྒོམས། དེས་གསུམ་པ་དབང་བསྡུད་ཟིལ་ནོན་སོང་ནས། བཞི་པ་དམ་ཚིག་བསྲེ་བ་ནི། ཕཊ་གཅིག་བྱས་པ་ཙམ་གྱིས་མ་ཅིག་གིས་མདུན་གྱི་ནམ་མཁར་སྐྱབས་ཡུལ་བསྒོམ། གཉིས་པས་རང་ཉིད་ཐ་མལ་པ་རེད་ནས་སྐྱབས་འགྲོ་སེམས་བསྐྱེད་དབྱིངས་རིག་བསྲེ་བ། དཀར་འགྱེད་ཡན་ཆད་ཀྱི་བྱེད་ལས་རྣམས་འོག་ཏུ་ཞིབ་པས་འདིར་ལན་མཛོད། ཡང་ན་མ་སྐབས་ན་ལྷ་འདྲེའི་དོན་དུ་སྐྱབས་འགྲོ་སེམས་བསྐྱེད་ཁོ་ན་བྱས་ཀྱང་ཆོག་གསུངས། དེས་བཞི་པ་དམ་ཚིག་བསྲེ་བ་སོང་ནས། ལྔ་པ་ཐབཁ་བཙུག་ཤིང་ཅི་སྲིད་སངས་མ་རྒྱས་བྱང་མ་ཆུབ། བྱམས་མགོན་གྱི་བསྟན་པ་མ་དར་གྱི་བར་དུ་ལྷ་འདྲེ་ཁྱེད་རྣམས་དང་འབྲལ་མེད་དུ་གནས་འདིར་ཕོ་བྲང་བཅའ་བ་ཡིན་བརྗོད། དེ་ནས་བཟའ་བཏུང་གི་རིམ་པ་གང་ཡིན་སྐབས་འདིར་བྱེད་པ་ཡིན་གསུངས། གལ་ཏེ་སྔོ་ཐབ་ཤོར་ན། རི་པ་ཀུན་གྱི་རང་རང་ལབ་སྒྲོན་སྐུ་མདོག་དམར་མོར་བསྒོམ་ལ། ཀུན་གྱི་ཐབས་འདུལ་ཟེར་ཞིང་ཕཊ་གྲངས་མེད་བརྗོད་པ་ཙམ་གྱིས། རང་གི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་དང་གནམ་ལྕགས་གིས་རྡོ་རྗེ་གཉིས་འཕྲོས་བྱས་པས། ཁོའི་གནས་ཁང་བཤིག་ནས། ཁོ་རང་ལ་རྒྱབ་སྡིག་བྱས་པས་གར་ཡང་འགྲོ་དབང་མེད་པར་བསྒོམས། དེ་མ་བྱས་ན་ཤུ་ཐོར་ལ་སོགས་པ་འོང་བ་ཡིན་པས། ཧུབ་ནི་ཕྱུར་ཙ་རི་པ་ཀུན་གྱིས་ཐུགས་དམ་མཛད་པ་གལ་ཆེ། དེའི་རྗེས་སུ་ཕཊ་གཅིག་གིས་མི་དམིགས་པའི་ངང་ལ་བཞག་གོ། །ཡང་ན་ཐབ་འདུལ་འདི་ལྟར་བྱ་སྟེ། རང་གིས་ཤ་ཁྲག་ཉིལ་གྱིས་སོང་བ་དེ། སྣང་སྲིད་ལ་སོགས་ཐབས་བདག་ཐམས་ཅད་ཀྱིས་ཟོས། འཐུང་ཚིམ་ནས་དགྱེས་པར་བསམ། ཐབ་བདག་དེའི་ནད་དང་ཐབས་ཀྱི་རླངས་པ་མ་ལུས་པ་ཐམས་ཅད་བདག་ལ་ཐིམ་པར་བསམ་ཞིང་ངག་ཏུ་ཡང་བརྗོད་དོ། །ཅེས་ཚད་མེད་དཔལ་འབྱོར་ལས་གསུངས་སོ། །དེས་གནས་ཀྱི་བྱེད་ལས་རྫོགས་ནས། དེ་རྣམས་ཀྱིས་སྦྱོར་བ་སྔོན་འགྲོའི་ཆོས་སོང་ནས།། །།སྤྱི་དོན་གཉིས་པ་དངོས་གཞི་ལག་ལེན་གྱི་རིམ་པ་ཟུར་དུ་གསལ།