ཀཿགཅོད་ཀུན་དགའ་འབུམ་པའི་ལུས་སྦྱིན་གདན་ཐོག་གཅིག་མ་དང་མཁའ་འགྲོའི་སྒྲུབ་ཐབས་དངོས་གྲུབ་བང་མཛོད་ཀྱི་གསལ་བྱེད་ནོར་བུའི་ལྡེའུ་མིག
ཀཿགཅོད་ཀུན་དགའ་འབུམ་པའི་ལུས་སྦྱིན་གདན་ཐོག་གཅིག་མ་དང་མཁའ་འགྲོའི་སྒྲུབ་ཐབས་དངོས་གྲུབ་བང་མཛོད་ཀྱི་གསལ་བྱེད་ནོར་བུའི་ལྡེའུ་མིག་བཞུགས་སོ། །ན་མོ་གུ་རུ་པྲ་ཛྙཱ་པ་ར་མི་ཏ་ཡེ་མངྒ་སིདྡྷི་ཧཱུྃ། ཆོས་ཉིད་ཡེ་གཞི་སྐྱོན་ཡོན་འབྲི་གང་འཕོ་འགྱུར་ཡང་བྲལ་ནམ་མཁའི་ཀློང་། །ལམ་སྣང་འཁྲུལ་རྟོགས་རབ་རིབ་སྤྲིན་ཀུན་རང་རིག་རང་གསལ་དྲི་གཞོན་གྱིས། །སྐུ་དང་ཡེ་ཤེས་ཡོན་ཏན་མཐའ་ཡས་ནུབ་མེད་འོད་ཟེར་སྟོང་འཕྲོ་བ། །བདག་བློའི་པདྨའི་གེ་སར་རབ་བཞད་བླ་མ་དབྱེར་མེད་ལབ་སྒྲོན་འདུད། །མ་གཅིག་ཡེ་ཤེས་མཁའ་འགྲོ་མའི། །ཟབ་གསང་ཐུགས་ཀྱི་སྙིང་ཁུའི་ཆོས། །འཁྲུལ་རྟོག་དབྱིངས་སུ་གཅོད་པའི་ཐབས། །གདན་ཐོག་གཅིག་མའི་གསལ་བྱེད་དབྱེ། །དབྱིངས་ཡེ་ལས་དང་འཇིག་རྟེན་གྱི། །མཁའ་འགྲོའི་ཚོགས་དང་ཆོས་སྐྱོང་གིས། །གནང་བ་མཛོད་ལ་མཆོག་ཐུན་གྱི། །དངོས་གྲུབ་གདན་ཐོག་གཅིག་སྩོལ་མཛོད། །དེའང་མ་གཅིག་ལབ་ཀྱི་སྒྲོན་མ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་མི་ཡི་ཟོལ་དུ་བྱོན་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཡུམ་ཆེན་ཕ་རོལ་ཕྱིན་མ་ཡི། །སྤྲུལ་པ་ལབ་སྒྲོན་ཞེས་བྱ་འབྱུང་། །ཕྲིན་ལས་ཆོས་ཀྱི་དབྱིངས་ལ་སྤྱོད། །དེ་དང་འབྲེལ་བ་གང་ཡོད་པ། །བླ་མེད་འབྲས་བུ་ཐོབ་པར་འགྱུར། །ཅེས་དང་། མདོ་དྭངས་སྙིགས་འབྱེད་པ་ལས། །སྐྱེ་མེད་སྙིང་པོའི་དོན་ལ་མཁས། །ཅེས་དང་། དེའི་ཆོས་ནི་རྒྱས་པར་འགྱུར། །ཅེས་གསུངས་པའི་དམ་ཆོས་བདུད་ཀྱི་གཅོད་འདི་ནི་ཆོས་པའི་ཤན་འབྱེད། རྟོག་པའི་བག་འདོན། ལྷ་འདྲེའི་དབང་སྡུད། དངོས་གྲུབ་རྣམ་གཉིས་འབྱུང་བའི་ནོར་བུ་ལྟ་བུ་འདི་སངས་རྒྱས་ཐུབ་པ་ཆེན་པོ་ནས་ད་ལྟའི་བར་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་པ་བཀའ་བརྒྱུད་དོན་གྱི་གདམས་པ་འདི་ལ་ཟབ་མོ་བདུད་ཀྱི་གཅོད་ཅེས་གྲགས་ཏེ། ཕར་ཕྱིན་བདུད་ལས་ཀྱི་སྐབས་སུ། གཟུགས་ནས་རྣམ་མཁྱེན་གྱི་བར་གང་ལ་ཆགས་ན་བདུད་ཀྱི་ལས་སུ་རིགས་པར་བྱའོ། །ཅེས་དང་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་པའི་དོན་ཁོང་དུ་ཆུད་དེ་འཁྲུལ་རྟོག་དབྱིངས་སུ་གཅོད། འཁྲུལ་མེད་མངོན་དུ་གྱུར། བདུད་བཞི་རང་སར་གྲོལ། མཉམ་པ་ཉིད་ལ་ལ་བཟླ་བ་སྟེ། མ་གཅིག་གིས་རེ་བ་མེད་པས་སངས་རྒྱས་གཅོད། །དོགས་པ་མེད་པས་འཁོར་བ་གཅོད། །ཉམས་ང་མེད་པས་བདག་འཛིན་གཅོད། །འགོ་འཛིན་མེད་པས་ནད་རིམས་གཅོད། །གཅད་བྱ་མེད་པས་ཀུན་ཀྱང་གཅོད། །ཅེས་དང་། ཀཿཐོག་པ་བྱ་བྲལ་འཁྲུལ་ཞིག་རང་གྲོལ་གྱིས། །གཅོད་ཅེས་བྱ་བའི་སྒྲ་དོན་གཏན་ཚིགས་ནི། །གཅད་བྱ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡང་། །རྩ་བ་བདག་འཛིན་མཁན་པོ་འདི་ལ་ཐུག །གཅོད་བྱེད་མ་བཅོས་ཤེས་པ་སོ་མ་ཡིན། །བདག་འཛིན་འཁྲི་བ་རྩད་ནས་ཆོད་པས་གཅོད། །ཅེས་པའི་དོན་མདོ་རུ་དྲིལ་ན་གསུམ་སྟེ། མ་གཅིག་གིས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །བདག་འཛིན་རྩད་ནས་གཅོད་པ་གསང་བའི་གཅོད། །ཅེས་གསུངས་པས། དང་པོ་ནང་བདག་གི་འཛིན་པ་མ་ཆོད་ན་ཕྱི་གཉན་ས་ཆུ་མིག་བརྒྱ་རྩ་འགྲིམ་ཀྱང་ལྷ་འདྲེས་རང་སྲོག་རྒོལ་ཅིང་སྔོན་ཆད་འཁྲུལ་པ་ཡང་འཁྲུལ་གྱི་སྣོན་མ་གྱུར་ནས་ནག་པོ་ཁ་འབྱམས་གཅོད་ལོག་བདུད་ཀྱི་བསྟན་པ་འགྱུར་ཉན་ཆེ་བས། བྱ་བྲལ་འཁྲུལ་ཞིག་རང་གྲོལ་གྱིས། །ཡང་གཅིག་གསོན་དང་འདི་སྐད་ཞུ། །ཕུང་པོ་གཅེས་འཛིན་གྱི་གཉན་ཁྲོད་འཇིགས་པ་དེ། །སྐྱིད་འདོད་བདེ་འདོད་ལྷ་འདྲེའི་ཆོ་འཕྲུལ་ཅན། །གཉན་ས་འཇིག་ཤིང་ཡ་ང་གཅིག་དེ་ན་གདའ། །སྒྱུ་ལུས་ཞེན་མེད་ཀྱི་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །འདོད་ཡོན་ལན་ཚྭ་ཆུ་བོའི་མཚོ་འགྲམ་ན། །འདོད་སྲེད་གདུང་བའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་གཅིག་དེ་ན་གདའ། །ཞེན་པ་རང་ལོག་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །བདག་འཛིན་རྒྱ་བྲག་དམར་པོའི་ལོག་ཤེད་ན། །བདག་བཟུང་གདུག་པའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིག་ཤིང་ཡ་ང་ཅིག་དེ་ན་གདའ། །རང་རིག་བདག་མེད་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །ཕྱོགས་རིས་དངོས་འཛིན་གྱི་གཉན་ཁྲོད་འཇིགས་པ་དེར། །ཕྱོགས་འཛིན་ཞེན་པའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་ཅིག་དེ་ན་གདའ། །ཕྱོགས་མེད་ཁྱབ་གདལ་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །ཚེ་འདིར་ལྟར་སྣང་དུ་ཞེན་པའི་གཉན་ཁྲོད་དུ། །འཇིག་རྟེན་ཆོས་བརྒྱད་དུ་ཞེན་པའི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་གཅིག་དེ་ན་གདའ། །སྒྱུ་མའི་དཔེ་བརྒྱད་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །རྗེས་སྣང་སྒྱུ་མ་ལྟ་བུའི་དུར་ཁྲོད་དུ། །རྗེས་ཤེས་ཕྲ་རག་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་གཅིག་དེ་ན་གདའ། །ཡང་དག་དྲན་ཤེས་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །འཁོར་འདས་བདེ་སྡུག་གཉིས་ཀྱི་གཉེན་ཁྲོད་དེར། །བཟང་ངན་རེ་དོག་གི་ལྷ་འདྲེ་ཆོ་འཕྲུལ་ཅན། །གཉན་ས་འཇིགས་ཤིང་ཡ་ང་གཅིག་དེ་ན་གདའ། །རང་གནས་ཡེ་ཐོག་དམིགས་པའི་འཁྲུལ་འཁོར་གྱིས། །གྲོགས་པོ་སྙེམས་གཅོད་གཅིག་མཛད་ན་དེ་ན་མཛོད། །ཅེས་གསུངས། དེས་ན་དང་པོ་ནང་དང་གསང་བའི་གཅོད་ཉམས་སུ་ལེན་པ་ལ། ཡེ་ཤེས་སྒྱུ་མའི་གར་མཁན་རིག་འཛིན་ཀློང་གསལ་སྙིང་པོས། མདོ་རུ་བསྡུ་ན་འདི་ལྟ་སྟེ། །སྣང་བ་འཁྲུལ་པ་ཚར་གཅོད་ནས། །ཞེན་མེད་རི་ཁྲོད་འགྲིམས་དང་གཅིག །སྒྱུ་ལུས་གཅེས་འཛིན་ཚར་གཅོད་ནས། །ཞེན་མེད་མཆོད་སྦྱིན་བྱེད་དང་གཉིས། །གཉིས་འཛིན་འཁྲུལ་པ་ཚར་གཅོད་ནས། །ཞེན་མེད་སྒྱུ་མའི་ལམ་ཁྱེར་གསུམ། །ཉམས་སུ་ལེན་པའི་རྩ་ཚིག་གོ། །ཞེས་གསུངས་པས། དང་པོ་འདུ་འཛིའི་ཉེས་དམིགས་དང་དབེན་པའི་ཡོན་ཏན་ལ་བསམ་ནས་རི་དྭགས་སྨས་མ་བཞིན་དུ་བས་མཐའ་ནགས་འདབས་བྲག་ཕུག་སོགས་སུ་སོང་ནས་དགྲ་འདུལ་གཉེན་སྐྱོང་གསོག་བྲུན་མེད་པར་ཕྱི་འཇིག་རྟེན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་ཞེན་མེད་རི་ཁྲོད་དུ་སོང་ནས། གཅོད་ཁྲིད་གསལ་བའི་སྒྲོན་མེ་ལས་བཤད་པ་བཞིན་བློ་ལྡོག་རྣམ་པ་བཞི་དང་། བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་སྦྱང་བ་གལ་ཤིན་ཏུ་ཆེ་བ་ཡིན་ཏེ། གཏེར་ཆེན་ཀློང་གསལ་གྱིས། དང་པོ་དལ་འབྱོར་རྟེན་བཟང་འདི། །རྙེད་དཀའི་ཤེས་པས་ཕྱི་བཤོལ་གཅོད། །དུས་བཞིའི་འགྱུར་ལྡོག་སྐྱེ་འཆི་སོགས། །རིམ་པར་བསམ་པས་ལེ་ལོ་གཅོད། །ཆོས་ཀུན་ངང་ལ་བསུ་སྐྱེལ་སྤང་། །རག་ལུས་སྣང་ཡུལ་གཟུང་རྟོག་གཅོད། །བཟོ་བཅོས་བྲལ་བའི་རང་རིག་པས། །ང་བདག་འཛིན་པའི་རྟོག་པ་གཅོད། །རང་རིག་རྒྱལ་པོར་འཇུག་པ་ཡིས། །བྱིང་རྨུག་འཐིབ་སོགས་མ་རིག་གཅོད། །ཞེན་མེད་བདེ་གསལ་མི་རྟོག་པས། །རྟག་ཆད་མུ་བཞིའི་གོལ་ས་གཅོད། །ལྟ་སྒོམ་ལས་སུ་རུང་བ་ཡིས། །རེ་དོག་གཉིས་འཛིན་ཤེས་པ་གཅོད། །ཚད་མེད་བཞི་དང་བྱང་སེམས་ཀྱིས། །སྲིད་དང་ཞི་བའི་མཐའ་གཉིས་གཅོད། །དེ་ལྟའི་མན་ངག་ལམ་ཁྱེར་གྱིས། །ཆོས་མ་ཡིན་དང་ལོག་རྟོག་གཅོད། །ཅེས་གསུངས་སོ། །དེས་ཕྱི་འཇིག་རྟེན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་ཅིང་ཞེན་མེད་རི་ཁྲོད་འགྲིམས་པ་དེ་སོང་། གཉིས་པ་ནང་གཅེས་འཛིན་གྱི་ཤེས་པ་བཙན་ཐབས་སུ་གཅོད་ཅིང་ཞེན་མེད་མཆོད་སྦྱིན་བཏང་བ་ལ། ཚོགས་བསགས་ལུས་སྦྱིན་གྱི་རིམ་པ་དང་། བསྐྱེད་བཟླས་ཏིང་འཛིན་གྱི་རིམ་པ། ཉམས་བསྐང་ཚོགས་འཁོར་གྱི་རིམ་པ་དང་གསུམ་ལས། དེ་དག་དཀྱུས་གཅིག་ཉམས་སུ་ལེན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་ཉེ་ལྡོག་དང་། དངོས་གཞི་ཉམས་ལེན་གྱི་རིམ་པ་གཉིས་ལས། དང་པོ་རིང་སྦྱོར་ལ་མཁོ་བའི་ཡོ་བྱད་ནི། དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིར། །ལྡེར་བཞི་མ་ཉམས་གཅན་གཟན་ལྤགས། །ལྟ་བ་ཡས་འབུབ་ཅོག་པུ་དང་། །སྤྱོད་པ་མས་འཛེག་ཁ་ཊཱྃ་ག །ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐང་། །སྣང་བ་ཟིལ་གནོན་ཌཱ་མ་རུ། །མ་ཚོགས་དབང་སྒྱུར་དྲིལ་གཡེར་དང་། །སྟག་གཟིག་རས་མ་སྐྲའི་ཅོད་པན། །མདོར་ན་བརྟུལ་ཞུགས་སྤྱོད་པ་ལ། །འོས་པའི་ཆས་རྣམས་སྟ་གོན་བྱ། །ཅེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་བཤད་པ་ལྟར་འདུ་བྱ་བ་ལ། དེ་ལ་གཅོད་པའི་རྣལ་འབྱོར་གྱིས། ཆས་ལ་འོས་པའི་ཡོ་བྱད་ནི། །སྦྱིན་པའི་དྲ་བ་ཚུལ་ཁྲིམས་སྟན། །བཟོད་པའི་ཅོག་པུ་བརྩོན་འགྲུས་དུང་། །བསམ་གཏན་པུས་འཁྱུད་ཤེས་རབ་ནི། །ཌཱ་རུའི་རྣམ་པར་བཞག་པའོ། །ཅེས་པ་ལྟར། རྐང་གླིང་དང་ཌཱ་རུའི་རྣམ་དབྱེ་ཅུང་ཟད་འབྲི་བ་ལ། །བཙུན་པ་སྡོམ་ལྡན་སྐྱེ་བོ་ཡ་རབ་དང་། །བུད་མེད་མཚན་ལྡན་སྐྱེས་པ་གྲིར་ཤིའི་རྐང་། །བཅུ་དྲུག་ནས་ནི་དྲུག་ཅུ་ཚུན་གྱི་རྐང་། །གཞན་གྱི་འགོམ་ཡུག་མ་ཕོག་མ་ཉམས་པ། །མགོ་མཇུག་ཚིག་མགོ་གཉིས་དང་བཅས་པ་སྟེ། །སེ་བ་རུས་དང་འབུར་ཆུང་བར་དུ་བཅད། །རུས་འབུར་གཉིས་སུ་མཐེབ་ཆེན་ཙམ་རེ་བྲུ། །རིང་ཞིང་ཅུང་ཟད་གུག་པ་སྣ་འདྲ། །སྲ་ལ་ཕྲ་ཟིང་ཧྲིལ་པོ་རྒང་ཐུར་འདྲ། །ལྷ་མགོ་མི་ཆུང་སེངྒེའི་སྣ་དང་འདྲ། །ནང་གི་རུས་གཏིང་གྲིམ་ཞིང་མ་འཁྱོག་པར། །མདོག་ནི་དཀར་པོ་རབ་ཡིན་སྨུག་ཀྱང་རུང་། །དེ་འདྲའི་རྐང་གཡས་དཔའ་བོའི་འབོད་རྫས་ཏེ། །གཡོན་པ་དག་ནི་དཔའ་མོ་འབོད་པའི་རྫས། །མཁའ་འགྲོའི་འབོད་རྫས་བུད་མེད་མཚན་ལྡན་རྐང་། །གྲི་རྐང་དར་མ་དཔའ་བོ་འབོད་པའི་རྫས། །ཅེས་དང་། ཡང་ཀུན་མཁྱེན་གྱིས། མཆོག་ཆེན་མི་རྐང་གླིང་བུ་ཡིན། །བརྡ་དོན་རྟགས་གསུམ་བཤད་ཀྱིས་ཉོན། །རྟོག་མེད་རོ་ཡི་ཡན་ལག་ལས། །ཆགས་སྡང་མེད་པའི་སེམས་ཀྱིས་བྲེག །ལྷ་བ་ཕྱུང་ཞིང་བྲད་བརྡར་བྱས། །ཕྱི་ནང་གཟུང་འཛིན་སྤང་བའི་བརྡ། །རྐང་གླིང་ཁ་སྒོ་གཅིག་པ་ནི། །ཆོས་ཀུན་དུ་མ་རོ་གཅིག་བརྡ། །རྩ་བ་མཛོ་སྣ་ཟུང་འབྲེལ་ཅན། །ཆོས་སྐད་ཟུང་འཇུག་གཅིག་ཏུ་སྟོན། །གཤམ་ལ་འབྲེང་ལྕགས་ཅོད་པན་ཅན། །གྲུབ་ཐོབ་རྗེས་སུ་འབྲང་བའི་དོན། །དྲང་ཞིང་སྟོང་པ་གཞུང་མིག་ཅན། །མཐའ་ལ་མི་གནས་དབུ་མའི་དོན། །འབུད་པ་རླུང་གི་རྟེན་འབྲེལ་ལས། །རོ་རྐྱང་དབུ་མ་ཡང་དག་འཛུད། །ཐོས་པས་ལྷ་འདྲེའི་ཡིད་རྩ་ཁོལ། །ཉན་པས་རང་སྣང་གཞན་སྣང་འགྱུར། །དབང་སྡུད་དུས་ལན་གསུམ་འབུད་པའི་ཚེ། །དང་པོས་ཐམས་ཅད་ཉོན་ཅིག་ཐོས། །གཉིས་པས་འདིར་འདུས་ཟེར་བ་ཐོས། །གསུམ་པས་མདུན་དུ་འདུས་པ་ཐོས། །གཞན་ལ་ལན་བཞི་འབུད་པའི་ཚེ། །དང་པོས་སྣང་བ་ཟིལ་གྱིས་གནོན། །གཉིས་པས་མགྲོན་རྣམས་སྤྱན་འདྲེན་བྱེད། །གསུམ་པས་ཕམ་རྒྱལ་མེད་པར་བསྔོ། །བཞི་པས་གཟུང་འཛིན་ཐད་ཀར་གཅོད། །སྤྱན་འདྲེན་ལ་ཛཿཧཱུྃ་བཾ་ཧོཿས་མཚོན། །ལེ་ལོའི་གཉིད་ལས་སད་པའི་ཕྱིར། །བརྩོན་འགྲུས་ཕ་རོལ་ཕྱིན་པ་ལགས། །རྐང་གླིང་ངན་པའི་མཚན་ཉིད་ནི། །དམེ་མུག་ནལ་དང་རབ་ཆད་ཤན། །ལྕེབ་ཡུག་མཛེ་ཕོ་མཚན་ངན་རྐང་། །སྐྱ་བོ་ཐལ་སྐྱ་འཐུག་དང་གསུ། །ཤད་ཤད་སོ་དང་ཧ་ཀྱང་གུག །གདོང་རུས་མི་དྲང་གཡས་གཡོན་འཁྱོག །དུམ་བུར་འཁྱོག་དང་ཐུམ་པོར་ཉམས། །ཧ་ཀྱང་སྦོམ་དང་གས་པ་དང་། །ལྷ་མགོ་ཆད་དང་ཕྲག་སྒང་ཆད། །ལེབ་ལེབ་པོ་དང་ཟུར་མང་དང་། །སྐད་ནི་མི་འཕྲང་འདོར་འདོར་འོང་། །ལྷ་མགོ་རྭ་ལྕགས་ཤིང་སྦྱར་བ། །དེ་དག་འཆང་དང་འབུད་མི་རུང་། །བུས་ན་སྒྲ་ལོག་གོ་གྱུར་ནས། །ཡིད་མི་དགའ་ཞིང་གནོད་སེམས་སྐྱེ། །ཡུལ་དེ་མི་དགེ་སྣ་ཚོགས་འབྱུང་། །དེ་དག་ནམ་ཡང་སྤང་བར་བྱ། ༈ །ཤེས་རབ་ཌཱ་རུའི་མཚན་ཉིད་བཤད། །གྲགས་སྟོང་སྒྲ་སྒྲོགས་ཌཱ་མ་རུ། །དཔའ་བོ་ཐབས་ཀྱི་གླུ་ལེན་པ། །རྩ་གསུམ་དམ་ཅན་འདུ་བའི་རྟེན། །ཌཱ་རུ་ཤིང་ལས་བྱས་པ་ནི། །བསྟན་པའི་སྲོག་ཤིང་འཛིན་པའི་བརྡའ། །ནང་དུ་སྟོང་པ་འདུག་པ་ནི། །སེམས་ཉིད་ཡེ་ནས་སྟོང་བའི་བརྡའ། །གཡས་གཡོན་ལྤགས་པས་གཡོག་པ་འདི། །གཉིས་སྣང་སྒོ་ཆོད་འགགས་པའི་བརྡའ། །ཐོད་པ་སྐམ་རློན་བྲིས་པ་འདི། །ཁྲག་འཐུང་དྲུག་ཅུའི་བསྐོར་བའི་བརྡའ། །ཌཱལ་ཆིང་འཁོར་གཅིག་བྱས་པ་འདི། །ཆོས་སྐུ་རོ་གཅིག་རྟོགས་པའི་བརྡ། །དུང་གདན་དཀར་པོ་བཏགས་པ་འདི། །དཔའ་བོ་དབང་དུ་འདུ་བའི་བརྡའ། །ལྷུ་འཛིན་ཨ་ལུང་བཏགས་པ་འདི། །གསང་སྔགས་ཆོས་འཁོར་བསྐོར་བའི་བརྡའ། །དར་ཚོན་སྣ་ལྔ་བཏགས་པ་འདི། །མཁའ་འགྲོ་དབང་དུ་འདུ་བའི་བརྡའ། །ཤི་སྐྲ་ཆུན་ཅིག་བཏགས་པ་འདི། །མི་རྟགས་རྒྱུད་ལ་བསྐོར་བའི་བརྡའ། །གསོན་སྐྲ་ཆུན་གཅིག་བཏགས་པ་འདི། །རྐྱེན་ངན་ལམ་དུ་སློང་བའི་བརྡའ། །གཅན་གཟན་ལྤགས་པ་བཏགས་པ་འདི། །ལྷ་འདྲེ་ཟིལ་གྱིས་གནོན་པའི་བརྡའ། །འགུགས་བྱེད་ལྕགས་ཀྱུ་བཏགས་པ་འདི། །ཁམས་གསུམ་སེམས་ཅན་འདྲེན་པའི་བརྡའ། །མགྲོན་ཐེམ་དཀར་པོ་བཏགས་པ་འདི། །མཐོ་རིས་ཐར་ལམ་བསྒྲོད་པའི་བརྡའ། །རིན་ཆེན་སྣ་ལྔ་བཏགས་པ་འདི། །སྐུ་ལྔའི་དངོས་གྲུབ་ཐོབ་པའི་བརྡའ། །སྣང་གསལ་མེ་ལོང་བཏགས་པ་འདི། །སྣང་སྲིད་ཆོས་སྐུར་ཤར་བའི་བརྡའ། །མཁའ་འགྲོའི་བརྡ་སྐད་སྒྲོགས་པ་འདི། །གཉན་ས་དུར་ཁྲོད་འགྲིམ་པའི་བརྡའ། །བརྡའ་དང་པོ་བླ་མ་ཡི་དམ་འབུལ། །གཉིས་པ་མ་དང་མཁའ་འགྲོར་འབུལ། །གསུམ་པ་ཆོས་སྐྱོང་སྲུང་མར་འབུལ། །བཞི་པ་སྣང་སྲིད་ལྷ་འདྲེ་སོགས། །སྒྲ་འདི་ཐོས་མ་གྱུར་སེམས་ཅན་ཀུན། །དོན་ཆོས་ཉིད་རང་སྒྲ་སྒྲོགས་གྱུར་ནས། །ལུས་འཇའ་ལུས་འོད་སྐུར་འགྲུབ་པར་ཤོག །མ་དང་མཁའ་འགྲོ། མ་དང་མཁའ་འགྲོ། མ་དང་མཁའ་འགྲོ། འདིར་འདུས་ཤིག །ཅེས་རྗེ་དྲུང་བཞད་པ་རྡོ་རྗེའི་གསུངས་དང་། ཀུན་མཁྱེན་རང་བྱུང་རྡོ་རྗེས། ཌཱ་རུ་ལ་འཁོར་འདས་ལམ་གསུམ་ཚང་། །འཁོར་བ་སྡུག་བསྔལ་གྱི་ནགས་ཁྲོད་ནས། །མྱང་འདས་ཀྱི་སྟ་རེ་རྣོན་པོ་ཡིས། །གཟུང་འཛིན་ལམ་གྱི་ལྗོན་ཤིང་བཅད། །མན་ངག་བདུན་ལྡན་གྱི་ཤིང་མཁན་དེས། །འཁོར་འདས་རྒྱང་གྱེས་ཀྱི་ཌཱ་རུ་བཟོས། །གཉིས་སྣང་འུབ་ཆུབ་ཀྱི་ལྤགས་པས་གཡོགས། །སྣང་སྟོང་ཟུང་འཇུག་གི་སྐེད་ཆིང་བཏང་། །ཐབས་དང་ཤེས་རབ་ཀྱི་དབྱུག་ཏོ་ཅན། །མཁའ་འགྲོ་བླ་ཆགས་ཀྱི་མགྲོན་ཚོམ་མཛེས། །ཡེ་ཤེས་ལྔ་ལྡན་གྱི་མན་ཚར་གདག །གསོན་སྐྲས་མ་མོ་བྲན་ཏུ་ཁོལ། །ཤི་སྐྲས་མཁའ་འགྲོ་དབང་དུ་སྡུད། །སྣང་བ་ཟིལ་གནོན་སྟག་གཟིག་རས། །མ་ཚོགས་དབང་འགྱུར་དྲིལ་གཡེལ་ཅན། །ཌཱཀྐ་ཌཱཀྐིའི་ཕྱག་མཚན་ཏེ། །མཐོང་བས་སྣང་སྲིད་རྣམ་རྟོག་འགག །འཁྲོལ་བས་གཞན་སྣང་དབང་དུ་འདུ། །བཅང་པས་མ་ཚོགས་མཁའ་འགྲོ་ཉེ། །སྣང་སྲིད་ལྷ་འདྲེའི་སྲོག་ནས་འདྲེན། །གྲགས་སྟོང་དབྱེར་མེད་རང་སྒྲ་ཡིས། །བསྟན་གཡོ་མ་ལུས་འདར་ཞིང་འཁྲུག །ཤེས་རབ་ཕ་རོལ་ཕྱིན་པའོ། །ཞེས་སོ། །སྤྱིར་གཅོད་ལ་རྒྱལ་བ་དོན་འགྲུབ་ནས་བརྒྱུད་པ་གཙོ་བོ་མདོ་ལུགས་དང་། ཐོད་སྨྱོན་བསམ་འགྲུབ་ནས་བརྒྱུད་པ་གཙོ་བོར་སྔགས་ལུགས་དང་། ཁུ་སྒོམ་ཆོས་སེང་ནས་བརྒྱུད་པ་མདོ་སྔགས་ཟུང་འཇུག་དང་། ལ་འདུལ་རྡོ་རྗེ་སྒྲོན་མ་ནས་བརྒྱུད་པ་གཏེར་མ་ཞེས་གྲགས་པ་ལས། འདིར་ནི་ཁུ་སྒོམ་ནས་བརྒྱུད་པ་མདོ་སྔགས་ཟུང་འཇུག་སྟེ། མ་གཅིག་གིས་ཕྱིས་གཅོད་ལོག་དར་བ་གསལ་བྱེད་རང་བྱུང་རྡོ་རྗེ་དང་། པཎྜི་ཏ་དོན་ཡོད་རྡོ་རྗེས་དབྱེ་གསལ་བྱེད་པོར་རྡོ་རྗེ་སྒྲོན་མས་བཀའ་གནང་ལུང་བསྟན་པའི་དོན་ཡོད་རྡོ་རྗེའི་གསུང་གི་རྗེས་འབྲང་གཅོད་ལོག་གི་འཁྲུལ་པ་དང་བྲལ་བར། ཀཿཐོག་པ་ལྔ་ཚོ་ཀུན་དགའ་འབུམ་པ་དང་། བསོད་ནམས་འབུམ་པའི་ཕྱག་བཞེས་དེང་གི་བར་ཟམ་མ་ཆད་པའི་བརྒྱུད་པའི་ཕྱག་བཞེས་ཉམས་སུ་ལེན་པ་ལ། དང་པོ་ཉེ་སྦྱོར་ལ་སྦྱོར་བ་ཡོ་བྱད་ཀྱི་བཅས་བཤམས་ལ་དུར་ཁྲོད་སོགས་གནས་དབེན་པར་སྟེགས་ཀྱི་ཁར་རབ་སྡུལ་ཚོན། འབྲིང་རས་བྲིས། ཐ་མ་ཚོམ་བུ་སྟེ་རྒྱས་འབྲིང་གི་ལག་ལེན་གཞུང་དུ་གསལ། འདིར་བསྡུས་པ་ཙམ་ལ་མཉྫུའི་ཁར་འབྲུའི་ཚོམ་བུ་ལྔ་བཀོད། དབང་ངམ་བདག་འཇུག་དང་འབྲེལ་ན། དེ་སྟེང་བུམ་པ་རྫས་སོ་ལྔ་བཅས་དབང་གཞུང་ལྟར་རྒྱབ་སྟེགས་ཀྱི་ཁར་རྩ་གསུམ་སྤྱི་ལྟར། ཚོམ་བུའི་མདུན་གདན་ཟླ་གམ་གསུམ་མམ་གཅིག་གི་སྟེང་ཟླུམ་གཏོར་རམ་སྟོད་ཟུར་གྲི་གུག་དབྱིབས་ཅན་ལྔ་ཚོམ་རྒྱན་སྤྲོས་ཅན། གཡས་གཡོན་སྨན་རག །ཚོམ་བུའི་ཟུར་བཞི། མགོན་པོ་ཤར། མ་མོ་ལྷོ། མགར་གཏོར་ནུབ། རྣམ་སྲས་བྱང ་དུ་བཀོད། བསྐང་གཏོར་བྱ་ན་བང་རིམ་བཞི་སྟེང་མཁའ་འགྲོའི་གཏོར་མ་ལ་མཆོད་རྫས་སྣ་ཚོགས་དང་གཟུགས་འགྲོས་སྣ་ཚོགས་པར་བཏབ་པས་བསྐོར་རོ། །གཅོད་ཀྱི་སྲུང་མར་དམར་གཏོར་གཉིས་དཀར་གཅིག །རྣམ་བདུན་བསྐོར་བཤམས་དང་ཕྲེང་ཚར། ༈ སྤྲོ་ན་གཏེར་གཅོད་ལྟར་བཙན་གཏོར་མཁར་ཐབ་སྟེང་ནོར་བུ་སུམ་ཚུགས། གཡས་བཙན་གཏོར་གཡས་དཀྱུས། གཡོན་དུ་བདུད་གཏོར་གཡོན་དཀྱུས། རྒྱབ་ཏུ་གཤིན་རྗེ་ཟུར་གསུམ། མདུན་དུ་མ་མོ་ཟུར་གསུམ། འཁོར་གཏོར་ཆུང་བདུན་བྱ་དང་ཤ་སྣ་སྙིང་གིས་བརྒྱན། ཛ་སྤྲུལ་རིན་པོ་ཆེའི་ཟིན་ལས་གསུང་། གང་ལྟར་ཡང་རྣམ་ལྔ་སྨན་རཀ་གཏོར་གསུམ་སོགས་སྤྱན་གཟིགས་སྣ་ཚོགས་ཀྱིས་བསྐོར། གཏོར་འབུལ་བཤོས་ཟླུམ་སྙིང་གཟུགས། དཀར་བགེགས། བསྐུལ་ཆད་བརྟན་སྤྱི་ལྟར། ཚོགས་གཏོར་རིན་ཆེན་སྤུང་པ། གདན་ཟླུམ་པོའི་སྟེང་ནོར་བུ་ལྔ་ཚོམ་རིལ་བུ་མང་པོས་བསྐོར་བ། ཡང་ན་བམ་གཟུགས་ཤ་ཆང་སོགས་ཟས་སྣས་བསྐོར་བ་གཅན་གཟན་ལྤགས་པའི་སྟེང་ཤར་ལྷོར་བཀོད། དེ་ནས་རང་གི་མདུན་ཐོད་པ་མཚན་ལྡན་སྦྲང་ཆང་ཨ་མྲྀ་ཏས་སྦག་པ་ཁ་ཁེབ་ཅན། ཌཱ་མ་རུ། རྐང་གླིང་། རྡོར་དྲིལ། མི་ལྤགས་ར་ཐང་ལྤགས་པས་ཆོག་ཅེས་ཆགས་མེད་རིན་པོ་ཆེས་གསུངས། མཆན། ཀྱི་གཡབ་མོ། ཕུར་པ། འཐོར་ནས། ལས་བུམ་ཡང་ན་དཀྱིལ་འཁོར་གྱི་བྱང་ཤར་བཀོད། དེ་ནས་སྟན་བདེ་བར་ཀོ་ལྤགས་བཏིང་། གཅོད་མ་གྲོལ་བར་གདན་མི་བསྒུལ། མི་ལྤགས་ཀྱི་གཡང་གཞི་ས་སྟེང་ཁྱབ་པར་མོས་ནས་ཞག་རེ་ལ་བསྐལ་པ་རེ་ཡིན་པར་མོས་ནས་དོམ་རས་ཐོད་པར་གཡོག་ལ་དངོས་གཞིའི་ཉམས་ལེན་ལ་འཇུག་པར་བྱའོ། །དེ་ཡང་སློབ་དཔོན་ཉམས་མྱོང་གི་དྲོད་དང་ལྡན་པ་ལས་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ཅིང་རྒྱུད་སྨིན། ཁྲིད་ཡིག་གསལ་སྒྲོན་གྱིས་ཉམས་ལེན་གནད་སྨིན་གྱིས་གྲོལ་བའི་ཐབས་འབད། དམིགས་འབུམ་མུ་ཏིག་ཕྲེང་བའི་མན་ངག་ཡིད་ལ་འདྲེས་པར་བྱས། མཁའ་འགྲོ་སྡེ་ལྔའི་མངོན་རྟོག་ཆེ་ཆུང་གི་དོན་ལ་མི་རྨོངས་པར་རྒྱབ་བརྟེན་ལུང་བཅས་རྫོགས་པའི་གང་ཟག་གིས། ཟབ་མོ་བདུད་ཀྱི་གཅོད་འདི་ལ་འཇུག་པའི་དང་པོ་བདུད་ངོས་བཟུང་ནས་དེ་གཅོད་པའི་ཐབས་ངེས་དགོས་པས། བཀའ་ཚོམ་ལས། ཐོག་བཅས་བདུད་དང་ཐོག་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེའང་སྙེམས་བྱེད་བདུད་ལ་ཐུགས། །ཐོག་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོག་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས་པས་སོ། དབང་ཡུལ་དུ་གཟུགས་སོགས་དངོས་སུ་ཐགས་པ་ལ། བཟང་ངན་འཛིན་ནས་ཆགས་སྡང་སྐྱེ་བ་ནི་ཐོག་བཅས་ཀྱི་བདུད་དོ། །དབང་ཡུལ་དངོས་སུ་མེད་རུང་། ནང་བཟང་ངན་གྱི་རྟོག་པ་ཉོན་མོངས་གང་སྐྱེས་ཐོག་མེད་བདུད། རང་ལ་བསྙེན་བཀུར་དང་ཉམས་རྨི་ལྟས་སྙན་གྲགས་ལོངས་སྤྱོད་རྒྱས་པ་ལ་དགའ་ཞིང་བྲོད་པ་སྟེ་ང་རྒྱལ་སྐྱེ་བ་དགའ་བྲོད་བདུད། སྙེམས་བྱེད་ནི་བདུད་གོང་མ་གསུམ་གྱི་འབྱུང་ཁུང་ང་བདག་གཉིས་འཛིན་འདི་ལྷན་སྐྱེས་ཀྱི་མ་རིག་པ་སྟེ། དེ་ག་ཇི་ལྟར་གཅོད་ན། ལེ་ལགས་ལས། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། །ཅེས་པ་སྟེ། སེམས་གཞི་མེད་རྩ་བྲལ། སྣང་བ་བདེན་མེད་སྒྱུ་མ་ལ་ཞེན་མེད་རང་གྲོལ་དུ་བཞག་པས། བཀའ་ཚོམ་ལས། སེམས་ཀྱི་རྩ་བ་ཆོད་གྱུར་ན། །འདྲེ་རྣམས་རང་སར་ཡལ་བར་འགྱུར། །ཞེས་སོ། །འདོད་ཡོན་ལ་ཡེང་བ་རྣམ་གཡེང་ལྷ་བུའི་བདུད། ཕུང་པོ་ན་རྒས་ཕུང་པོའི་བདུད། ཉོན་མོངས་ཀྱི་འབྲས་བུ་སྡུག་བསྔལ་ཉོན་མོངས་བདུད། ལུས་སྲོག་འབྲལ་བ་འཆི་བདག་གི་བདུད། འདོད་ཡོན་ལ་ཞེན་པ་མེད་པས་དབེན་པར་རོ་སྙོམས་ཐོག་རྫིས་ཀྱིས། རྣམ་གཡེང་ལྷའི་བདུད་གཅོད། རིག་པ་མཁའ་ལ་སྤར་ཏེ་དབྱིངས་རིག་དབྱེར་མེད་གྱུར་ཚེ་སྐྱེ་འཆི་བྲལ་བ་འཆི་བདག་གི་བདུད་གཅོད། ལུས་སེམས་བྲལ་ནས་ཤ་ཁྲག་མཆོད་སྦྱིན་བྱས་པས། ཕུང་བདུད་དང་ཉོན་བདུད་གཅོད་པ་ཡིན། ད་ནི་བདུད་དེ་གཅོད་པར་བྱེད་པར་ལྷ་འདྲེ་དབང་བསྡུད་མཆོད་སྦྱིན་བྱེད་པ་ལ། དང་པོ་ལྷ་འདྲེ་ངོས་བཟུང་བ་ལ་རྣམ་པ་དྲུག་སྟེ། འཇིག་རྟེན་ཀུན་བཏགས་ཀྱི་ལྷ་འདྲེ། ངོ་བོ་གནས་ཚུལ་གྱི་ལྷ་འདྲེ། མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ། རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ། འགྱུར་མེད་ལས་དབང་གི་ལྷ་འདྲེ། མཐར་ཐུག་དོན་གྱི་ལྷ་འདྲེ་དང་དྲུག་གོ། །དང་པོ་འཇིག་རྟེན་ཀུན་བཏགས་ཀྱི་ལྷ་འདྲེ་ནི། འཇིག་རྟེན་པས་ཕན་བཏགས་པ་ལ་ལྷ། གནོད་བསྐྱལ་བ་ལ་འདྲེ་ཟེར་ཀྱང་། དགྲ་གཉེན་ངེས་མེད་སྐད་གཅིག་རེ་བཞིན་འགྱུར་ལྡོག་བྱེད་པ་ལ་ཉེ་རིང་ཆགས་སྡང་མེད་དགོས་ཏེ་གཉེན་གྱིས་ཆོས་ལ་ཕྱི་བཤོལ་བྱས་ནས་སྡུག་བསྔལ་གྱི་རྩ་བ་ཚུགས། དགྲ་ཡི་ལོག་སྒྲུབ་ལ་བཟོད་པས་ཆོས་དང་འཕྲད་ན་བདེ་བའི་མཆོག་ལ་སྦྱོར་བ་ཡིན་ནོ། །གཉིས་པ་ངོ་བོ་གནས་ཚུལ་ལ་གཟུགས་མེད་ཀྱི་ལྷ་འདྲེ་གཉིས་སྲིད་ཀྱང་། མཆོད་པའི་ལྷས་ཀྱང་ཕོག་ཐུག་གིས་གནོད་པ་བསྐྱལ་བ་དང་། བསྐྲད་བྱའི་འདྲེས་ཀྱང་མཐུན་པའི་གྲོགས་བྱེད་པའི་ཕྱིར། དེས་ན་བདེན་མེད་སྒྱུ་མའི་རང་བཞིན་ཆགས་སྡང་མེད་པར་བྱའོ། །གསུམ་པ་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ནི། འབྱུང་པོའི་རྒྱུད་རློམ་པའི་དཔའ་བོ་དང་ལྷ་མ་ལ་ཆོས་སྐྱོང་བབས་ནས་ལེགས་ཉེས་སྨྲ་བ། དུས་མིན་འཇའ་འོད་མེ་ཏོག་ལ་ལྷ་ཡི་དངོས་གྲུབ་བཟང་པོ་དང་། དུས་མིན་སྦྲུལ་གཅན་གཟན་སོགས་མཐོང་ན་འདྲེ་ཡི་ཆོ་འཕྲུལ་ཐན་ཞེས་ངན་པར་བརྩི་བ་ལ་སོགས་སྒྲོ་བཏགས་ཀུན་ལ་ཆེད་འཛིན་མེད་པར་སྒྱུ་མའི་རང་བཞིན་ཤེས་པར་བྱའོ། །བཞི་པ་རང་བཞིན་ལྷན་སྐྱེས་ཀྱི་ལྷ་འདྲེ་ནི། རིག་པ་ལས་ཡེ་ཤེས་ལྔ་མ་རིག་པ་ལས་དུག་ལྔ་རྣམས་བཟང་ངན་ལྷ་འདྲེ་ཟེར་རུང་། ཡེ་ཐོག་མེད་ནས་རང་ལ་ལྷན་སྐྱེས་གནས་ཀྱང་དོན་ལ་རང་ངོ་རང་གི་རིག་མ་རིག་ལས་གཞི་མེད་རྩ་བྲལ་ཤེས་པར་བྱའོ། །ལྔ་པ་འགྱུར་མེད་ལས་དབང་གི་ལྷ་འདྲེ་ནི་ལས་དཀར་ནག །དགེ་སྡིག །ཕན་གནོད། བདེ་སྡུག་འགྱུར་མེད་བསླུ་བ་མེད་པས་སྤང་བླང་མི་འཁྱོལ་བར་ཟབ་མོའི་ལམ་ལ་འཛིན་མེད་ཀྱི་བརྩོན་པར་བྱའོ། །དྲུག་པ་མཐར་ཐུག་དོན་གྱི་ལྷ་འདྲེ་ནི། སངས་རྒྱས་དང་སེམས་ཅན་མཐར་ཐུག་གི་ལྷ་འདྲེ་སྟེ། སངས་རྒྱས་ནི་གཏན་གྱི་སྐྱབས་བསླུ་བ་མེད། སེམས་ཅན་ཀུན་འཁོར་བ་ངན་སོང་གཏན་ཏུ་འཁྱམས་པ་ཀུན་དཀོན་མཆོག་གསུམ་ལ་ཚེ་རབས་གཏན་གྱི་སྐྱབས་གནས་ཞུ་ན། མཁའ་ཁྱབ་ཀྱི་སེམས་ཅན་ཀུན་སངས་རྒྱས་ཐོབ་པའི་ཆེད་དུ་འཁྲུལ་རྟོག་ང་བདག་དབྱིངས་སུ་གཅོད་པར་ཀ་དག་ཡེ་གྲོལ་ཆེན་པོའི་དབྱིངས་ལ་ཡེངས་མེད་གནས་བཞིན་མཆོད་སྦྱིན་ལ་འཇུག་པ་ཡིན་ནོ། །དེ་ནས་ཚོགས་བསགས་ལུས་སྦྱིན་ལ་འཇུག་པ་ལ་དོན་བརྒྱད་ཡོད་པ་ལས། གཉན་ས་བཅད་པའི་སྐབས། ས་རྒྱུས་མེད་པ་ལ་ཟིལ་གནོན་འཕེན་པ་ཚད་མེད་མཛོད་ཆེན་ལས། རང་ཉིད་ཁྲོས་མ་ནག་མོའི་ཐུགས་ཀ་ནས་ཕཊཿ གཅིག་བྱས་པ་ཙམ་གྱིས། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་འཕྲོས་པས་ས་ཕྱོགས་དེར་ཕོག་པ་ཙམ་གྱིས་ཙམ་གཞོང་གསིག་པ་ལྟར་བྱས་ནས། ཕཊཿགཅིག་བྱས་པ་ཙམ་གྱིས། རྡོ་རྗེ་ཡོངས་སུ་གྱུར་པ་ལས་དཔའ་བོ་དཔའ་མོའི་གུར་ཁང་དེའི་རྒྱབ་མི་ནག་ལག་སྦྲེལ་གྱི་གུར་ཁང་། དེའི་རྒྱབ་མུན་པའི་གུར་ཁང་བསྒོམ། དེར་གནས་པའི་ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་པར་བསྒོམ། དེ་ནས་ས་མིག་བཙལ་བ་སོགས་ནི་གཞུང་དམིགས་འབུམ་ལས་གསལ་བར་འདིར་མ་སྤྲོས་སོ། །མཁའ་འགྲོ་སྡེ་ལྔའི་མངོན་རྟོག་ཆེ་བ་ནས། བདུད་རྩི་ནང་མཆོད་བྱིན་རླབས། ཧཾ་གིས་ལྕེར་མྱོང་། དེ་ནས་མཆོད་རྫས་བྱིན་རླབས། དྷརྨ་ར་ཎི་ལན་གསུམ། ཌཱ་རུའི་མཆོད་རོལ་ལན་གསུམ་བྱའོ། །དེ་ནས་དང་པོ་ཟིལ་གནོན་དབང་བསྡུད་ནི། མ་གཅིག་གིས། དམར་མོའི་དབང་བསྡུད་ནག་མོས་ཟིལ་གྱིས་གནོན། ཅེས་པས་དང་པོ་དབང་སྡུད་ནི། ཕཊཿ གཅིག་བྱས་པ་ཙམ་གྱིས། རང་ཉིད་རྗེ་བཙུན་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་སྐུ་སྟོད་མི་མངོན་དབྱིངས་སུ་སླེབ་པ། སྐུ་སྨད་ཞབས་གཉིས་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་ལ་བརྟེན་པ། སྤྱན་གསུམ་མི་མངོན་ནམ་མཁའི་དབྱིངས་སུ་གཟིགས་པ་སྤྱན་གཡས་ཉི་མ། གཡོན་ཟླ་བ་དབུས་མ་ཁྲག་མཚོ་ཁོལ་པ། ཕྱག་གཡས་མི་ལྤགས་གཡང་གཞི་དམར་ལྷབ་ལྷབ་ཕྱར་བ། གཡོན་མི་རྐང་གླིང་བུ་ཚག་ཚག་འབུད་པས་ཁམས་གསུམ་དབང་དུ་བསྡུས་པ། སྲིད་གསུམ་ཟིལ་གྱིས་གནོན་པ་བར་སྣང་ལྷ་སྲིན་སྡེ་བརྒྱད་འདར་ཤིག་ཤིག་བྱེད་པ་གཅིག་ཏུ་གྱུར། ལག་གཡོན་མཐིལ་རྐང་གླིང་ཁ་བརྡབ་པ་དང་སྦྲག །ཕཊཿ ཕཊཿ ཕཊཿ འབྱུང་པོ་ཉམས་ཆུང་བ་རྣམས་མ་འཇིགས་ཤིག །མ་སྐྲག་ཅིག །མ་སྔང་ཞིག །ཐོས་པར་བསམ་ལ། འོ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། མཐོ་སྲིད་པའི་རྩེ་མོ་མན་ཆད་དམའ་ན་རག་གི་དམྱལ་ཁམས་ཡན་ཆད་མཐོ་བ་ནམ་མཁའི་ལྷ་བྲན་མན་ཆད། དམའ་བ་ས་འོག་གི་ལྟོ་འཕྱེ་ཡན་ཆད། དཔེ་དཀར་རྒྱལ་པོ་མན་ཆད། ཡུལ་འདྲེས་སྲིན་ཡན་ཆད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཚུར་འདུས་ཤིག །ཕཊཿ རྐང་དུང་གཅིག་འབུད། འོ། ཁྱད་པར་དུ་གཉན་ཁྲོད་འདི་ན་གནས་པའི་དཀར་པོ་ལྷ་ཡི་སྡེ་ཚན། ནག་པོ་བདུད་ཀྱི་སྡེ་ཚན། དམར་པོ་བཙན་གྱི༴ ཁྲ་བོ་གཟའ་ཡི་སྡེ༴ འཕེན་པོ་གཉན༴ ཕྱུག་པོ་ཀླུ༴ རཀྵ་སྲིན་པོ༴ ཕོ་མོ་མ་ནིང་གི་སྡེ་ཚན་དུ་གཏོགས་པའི་ལྷ་འདྲེ་ཐམས་ཅད་ཚུར་འདུས་ཤིག །ཕཊཿ རྐང་གླིང་གཅིག་འབུད། འོ། ཁྱད་པར་དུ་ཡང་ཆྒཻའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་བཅའ་བ། ཐ་མར་ནད་མི་ཕན་པར་བྱེད་པའི་ཕོ་གདོན་འབྱུང་པོ། མོ་གདོན་སྲིན་མོ། ཀླུ་གདོན་ས་བདག །གཟའ་གདོན་རྒྱུ་སྐར། འཚེ་ལ་འདྲེ། མི་ལ་བསེ་རག །འགོང་པོ་ཐེའུ་རང་། གྲི་བོ་གྲེ་མོ། གནའ་འདྲེ་རྙིང་པ། ད་འདྲེ་སོ་མ། ཡུལ་འདྲེ་འཁྱམས་པོ། ཟ་འདྲེ་ཤི་གཤེད། ཁ་ཡི་དབུགས་ཕྲོག་ཅིང་ཁོག་པའི་སྲོག་གཅོད་པར་བྱེད་པའི་འབྱུང་པོ་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཚུར་འདུས་ཤིག །ཕཊཿ རྐང་གླིང་གཅིག་འབུད། འོ། དེ་ལྟར་འདུས་པའི་ལྷ་འདྲེ་ཐམས་ཅད་བདག་ལ་ཉོན་ཅིག །ཁྱེད་རྣམས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པས་བདག་གིས་ཁྱེད་རྣམས་ལ་ཟབ་མོ་ཆོས་ཀྱི་འབྲེལ་པ་བྱེད། དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་འགོད་པ་ཡིན་པས་བདག་གི་ཡིད་དད་གུས་དང་ལྡན་པས་ཉོན་ལ་ཕྲིན་ལས་མྱུར་དུ་བསྒྲུབ་ཤིག །བསྡུ་ན་འདི་ནས་ལུས་སྦྱིན་ལ་སྐྱབས་ཡུལ་ལ་འཇུག །དེ་ནས་ཌཱ་དྲིལ་བཅས་ལྷ་འདྲེའི་ལམ་གླུའི་རྟས། ཕཊཿ མ་མི་མངོན༴སོགས། སྐུ་མདོག་དམར་ནག༴སོགས། འདི་ན་དྲོ། ཕཊཿ སྤྱིར་སྟོང་གསུམ་གྱི་སོགས། འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་ཕཊཿ ཐམས་ཅད་འདུས་པར་བསམ། ཕཊཿ རང་ཉིད་དཔའ་བོ་གོ་བརྗེ་བའི་ཚུལ་གྱིས་མ་ཅིག་ལབ་སྒྲོན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིག་པ། ཕྱག་གཡས་ན་ཐོ་བ། གཡོན་ན་ལྕགས་ཀྱུ་བསྣམས་པ་གཅིག་ཏུ་གྱུར། པར་བསམ་ལ་ངག་ཏུ་ཧཱུྃ་བདུན་བརྗོད་པ་ཙམ་གྱིས། རང་གི་ཐུགས་ཀ་དང་སྨིན་མཚམས་བ་སྤུའི་གསེབ་ནས་ཁྲོ་ཆུང་རང་འདྲ་བ་གྲངས་མེད་པར་སྤྲོས་པས། ལྷ་འདྲེ་ཐམས་ཅད་གར་ཡང་འགྲོ་དབང་མེད་དེ་རང་ལ་ཕྱག་འཚལ་ཞིང་བཀའ་ཉན་གསུང་སྡོད་བྱེད་པར་གྱུར། ཕཊཿ ཌཱ་དྲིལ་བཅས་ཤ་ཟའི་འབོད་ཐུང་རྟས། ཧཱུྃ། མ་གཅིག་ཇོ་མོ་སོགས། ཟིལ་གྱིས་གནོན་པར་མཛོད། ཕཊཿ ཕཊཿ ཕཊཿ རྒྱུན་དུ་དམིགས་འབུམ་ལས་གསལ་ལྟར་དེ་ཙམ་གྱིས་ཆོག །ཅུང་ཟད་རྒྱས་པར་མོས་ན་དཔའ་བོ་གོ་བརྗེ་བ་ལྟར་ནག་མོས་དབང་བསྡུ། དམར་མོས་ཟིལ་གནོན་བྱ་སྟེ། ཁྲོས་མའི་དབང་བསྡུ། ཕཊཿ རང་ཐ་མལ་དུ་གནས་པའི༴སོགས། འབུམ་གྱིས་བསྐོར་བར་གྱུར། ཕཊཿ ཕཊཿ ཕཊཿ འོ། གཙོ་བོ་གདོན་ཆེན་སོགས་སྒྲུབས་ཤིག །ཁྲོས་མའི་དུར་ཁྲོད་བསྐུལ་པ། མ་འདི་ནས་ནུབ་ཀྱི་སོགས་ཟིལ་གྱིས་གནོན། ཕཊཿ ཕཊཿ ཕཊཿ དམར་མོས་ཟིལ་གནོན་ནི། ཕཊཿ རང་ཉིད་རྗེ་བཙུན་མ་དམར་མོ་སོགས་གོང་གི་དབང་སྡུད་ལྟར་བསྐྱེད་ནས། འདར་ཤིག་ཤིག་བྱེད་པ་གཅིག་ཏུ་གྱུར། ཕཊཿ ལི་ཁྲི་འབུམ་བསྐུལ། མ་གཅིག་ཇོ་མོ་སོགས་ནས། ཟིལ་གྱིས་གནོན་པར་མཛོད། ཕཊཿ ལྕགས་ཁང་སོགས། བསྐུལ་པ་དགོས་མིན་སྐབས་བསྟུན་ཆོག །གདོན་གནོད་ཚབ་ཆེ་བ་རྣམས་ནང་། ཆུང་བ་རྣམས་པར། དེ་དག་གི་རྒྱབ་རྟེན་རྣམས་ཕྱི་མར་འཁོད། དེའི་ཕྱི་ལ་དཔའ་བོ་དཔའ་མོའི་གུར་ཁང་། དེའི་རྒྱབ་རྡོ་རྗེའི་གུར། དེ་རྒྱབ་མི་ནག་ལག་སྦྲེལ། དེ་རྒྱབ་མུན་པའི་གུར་རྣམས་ཀྱིས་ནང་དུ་ཚུད་པས་ལྷ་འདྲེ་གར་ཡང་འགྲོ་དབང་མེད་པར་བསྒོམ། དབང་དུ་བསྡུ་ན། ས་འོག་ས་སྟེང་སོགས། འདུས་ཤིག །ཟིལ་གནོན་དམིགས་པས་འཐུས་སོ། །གཉིས་པ་སྐྱབས་འགྲོ་ནི། མ་ཅིག་གིས། བརྟེན་ས་དཀོན་མཆོག་གསུམ་པོ་གཅེས། ཞེས་པས་སྐྱབས་ཡུལ་གསལ་གདབ་པ་ནི། ཕཊཿ སྐད་ཅིག་གིས་མདུན་གྱི་ནམ་སོགས། བཞུགས་པར་བསམ། ཕཊཿ སོགས་ནས་ཡན་ལག་བདུན་པ་བཅས། སེམས་བསྐྱེད་དོ། །གསུམ་པ་སེམས་བསྐྱེད་ནི། མ་ཅིག་གིས། སྣང་སྲིད་སྙིང་རྗེས་སྐྱོང་བ་གཅེས། ཞེས་པས། ནམ་མཁའ་དང་མཉམ་པའི་སོགས། བྱའོ། །མ་ཅིག་གིས། ཚད་མེད་ཀྱི་སྙིང་རྗེ་རྒྱུད་ལ་སྦྱོང་། ཞེས་པས། སེམས་ཅན་ཐམས་ཅད༴ དུས་སོགས། དག་པར་བསམ། བཞི་པ་གསོལ་བ་བཏབ་པའི་ཡུལ་ཚོགས་ཞིང་གསལ་བ་ནི། ༀ་སྭ་བྷ་ཝ༴ བདག་དང་དངོས་པོ་སོགས། བཾ་ཧོཿ རྐང་གླིང་ཌཱ་དྲིལ་བཅས། སྤྱན་འདྲེན་ནི། མ་ཅིག་གིས་དབྱིངས་གླུས། ཧཱུྃ། མ་ལུས་སེམས་ཅན་སོགས། བཞུགས་གསོལ། ཕྱག་འཚལ། མཆོད་པ་རྒྱས་པར་ཕྱི་མཆོད་སོ་སོར་ཁ་ཕྲལ། དེ་ནས་མཎྜལ་ནི། མ་ཅིག་གིས། བདག་བདེ་ཕུལ་ན་ཚོགས་རྫོགས། གཞན་སྡུག་བླངས་ན་དོན་ཆེ། འཁྲི་བ་བཅད་ན་བློ་བདེ། དམིགས་པ་མེད་ན་མཐར་ཕྱིན། ཞེས་པ་འདི་འོག་མ་ཀུན་ལ་ཤེས་པ་གལ་ཆེ་བ་ཡིན། ཕཊཿ ཕུང་པོ་ཁྲོལ་གྱིས་ཞིག་སོགས། བཞེས་སུ་གསོལ། སྤྲོ་ན་གཅོད་ཁྲིད་ནས། ཨེ་མ་ཧོ། གདལ་ཁྱབ་སོགས། ཧཱུྃ་སྭཱ་ཧཱ། བསྡུ་ན། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། དེ་ནས་བསྟོད་པ། མ་ཆོས་དབྱིངས་རྣམ་དག་སོགས། ཕྱག་འཚལ་བསྟོད། བྱིན་བརླབ་ཞུ་བ་བདུད་རྩི་འབེབས་སྦྱོང་འདི་སྡིག་སྒྲིབ་སྦྱོང་བ་ལ་ཤིན་ཏུ་ཟབ་པས་གསོལ་འདེབས་ཀུན་གྱི་རྗེས་ལ་སྦྱར། རྒྱལ་བ་དོན་འགྲུབ་དགུང་ལོ་བཅུ་གཉིས་ནས་ཞེ་གཉིས་བར་རྐུན་ཇག་བྱས་པའི་སྒྲིབ་སྦྱང་མ་གཅིག་གིས་ཟླ་བ་གསུམ་དུ་བསྒོམ་བཅུག་པས་སྒྲིབ་པ་དག་ནས་རྟོག་པ་འཁྲུངས་པའི་ལོ་རྒྱུས་བཞིན་ནོ། །སྤྱི་བོའི་ལྷ་ཚོགས་ཀྱི་སོགས། སང་སང་དག་པར་བསམ་ནས་ག་ཏེ་བགྲང་ལ་དམིགས་པ་བཟུང་། གསོལ་འདེབས་དངོས་ལ། རང་གི་སྤྱི་གཙུག་སོགས། བཞུགས་པར་སྒོམ། ནས་རང་དང་ལྷ་འདྲེ་ཀུན་གྱི་མགྲིན་ཅིག་སྙིང་ཐག་པ་ནས་གསོལ་བ་འདེབས་པར་བསམ་ལ། གནས་འོག་མིན༴སོགས་རྒྱས་པ་མཐར་ཆགས་དང་། ཅུང་བསྡུ་ན། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། ཚིག་རྐང་རྗེས་མ་གཉིས་བཞག་པས་ཆོག །དེ་ལས་ཅུང་ཟད་བསྡུ་ན་མ་ཅིག་མཚམས། གནས་ཤམ་པོ་གངས་ཀྱི་ར་བ་ནས། །རྗེ་བཙུན་ཟིལ་གནོན་ཆེན་པོ༴ གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་རྒྱལ་བ་དོན་འགྲུབ༴ གནས་སྙི་མོ་ཁུ་ཡི་ར་བ་ན། །ཁུ་སྒོམ་ཆོས་ཀྱི་སེངྒེ༴ གནས་རྡོ་རྗེ་གུར་ཁང་གཞལ་ཡས་ན། །ལ་འདུས་རྡོ་རྗེ་སྒྲོན༴ གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །བཀའ་བབས་བུ་ཆེན་བཅུ་དྲུག་ལ༴ །གནས་རྒྱལ་ཁམས་ཕྱོགས་མེད་ཀྱི་དགོན་པ་ན། །བརྒྱུད་འཛིན་བརྒྱ་དང་རྩ་བརྒྱད་ལ༴ གནས་རི་གང་དཔལ་གྱི་ཡང་དགོན་ན། །པཎ་ཆེན་དོན་ཡོད་རྡོ་རྗེ་ལ༴ གནས་སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀར་རབས་རིམ་བྱོན་ལ༴ གནས་ཀཿཐོག་འཁོར་ལོ་ལྔ་ལྡན་ན། །གདན་རབས་གཅོད་བརྒྱུད་རྣམས་ལ༴ གནས་སྤྱི་གཙུག་སོགས་མན་ཆད་འདྲ། བྱིན་གྱིས་རློབས་ཤིག །ཤིན་ཏུ་བསྡུ་ན། ཆོས་དབྱིངས་སྤྲོས་དང་སོགས། གང་ལྟར་ཡང་། ཕཊཿ མ་ཅིག་བརྒྱུད་པའི་སོགས། སོང་གིས་དག་པར་བསམ། ལན་ཆགས་འཇལ་བའི་དམིགས་པ་གཙོ་ཆེར་ནད་པ་ལ། ཕཊཿ བདག་གཞན་གྱི་སྡིག་སྒྲིབ་སོགས་ནས། ལྡན་པར་བསམ། ལྔ་པ་བདུད་རྩི་དཀར་འགྱེད་ནི། མ་ཅིག་གིས། ཚད་མེད་ཀྱི་སྙིང་རྗེ་རྒྱུད་སྦྱང་། གཏད་མེད་ཀྱི་རིག་པ་དབྱིངས་སུ་བསྲེ། བདག་མེད་ཀྱི་ཕུང་པོ་གཟན་དུ་སྐྱུར། སྤྲོས་མེད་ཀྱི་ངང་དུ་ལྷན་ནེར་བཞག །ཅེས་དང་། གཞི་བསྲེས་ནམ་མཁའ་སྒོ་འབྱེད་གཅེས། ཞེས་པའི་དོན། བདག །ནད་པ། བླ་མ་དང་མཆེད། མ་ཅིག་དང་བཞིའི། ནད་པའི་ཤེས་པ་གསང་བ། བླ་མ་དང་མཆེད་ཀྱི་ཤེས་པ་ཐུགས་ཀར། དེ་མ་ཅིག་ཐུགས་དང་བསྲེ་བའོ། །དེའང་རྟོག་པ་མཐོ་ན་བདག་གཞན་དབྱེར་མེད་བསྲེ། སོ་སོར་འཕོ་བ་རང་ལ་གྲིབ་ཆུང་བས། ཕཊཿ ༀ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་སོགས་ནས། འཕྲོ་བར་གྱུར། ཕཊཿ རེ་རེས། གསང་བ་༡། ལྟེ་བ་༢། སྙིང་ཁ་༣། སྤྱི་བོར། ཕཊཿ ཕཊཿ ལྔས་མ་ཅིག་གི་ཐུགས་ཀར་བསྟིམ། མ་ཅིག་བརྒྱུད་པའི་སོགས། སོང་བར་བསྒོམ། དེའི་ངང་ལ་ཅི་གནས་བཞག །མ་ཅིག་གིས། གྲིམ་གྱིས་བསྒྲིམ་ལ་རྒྱང་གིས་འཕང་། །རྒྱང་གིས་འཕང་ལ་ཕྱལ་གྱིས་ཞོག །རེ་དོག་མེད་པའི་ངང་ལ་གནས། །མཐའ་བྲལ་གྱི་ལྟ་བ་ཟིལ་གྱིས་ནོན། །མཐར་ཐུག་གི་ལྟ་བ་དེ་ལ་ཡོད། །ཅེས་དང་། གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །དབང་བསྐུར་ཕལ་གྱི་དོ་ཟླ་མིན། །ཅེས་དང་། བེམ་རིག་ཕྲལ་ལ་དབྱིངས་རིག་བསྲེ། །ཕུང་པོ་གཏུབ་ལ་ཚོགས་སུ་འབུལ། །དེ་ཡང་ལན་གྲངས་མང་དུ་བྱ། །ཞེས་པའི་དོན། སྐྱེ་མེད་ཀྱི་ངང་ནས་རྟོག་པ་སོགས་ནས། བྱང་གྱུར་ཅིག །མ་ཅིག་གིས། བླ་མ་ཡི་དམ་མཁའ་འགྲོ་ལ། ཚོགས་མཆོད་དངོས་གྲུབ་བླང་བ་གཅེས། གསུངས་པས། མགྲོན་བཞི་པོ་སོགས་ཐོབ་པར་བསམ། དྲུག་པ་དམར་འགྱེད་ཀྱི་ཐོག་མར་གསོལ་འདེབས། དམིགས་པ་ལྔར་ལྟར། རང་གི་སྤྱི་གཙུག་ཏུ་སོགས་ཡུམ་ཆེན་ཤེས་རབ་ཕར་སོགས། བྱིན་གྱིས་རློབས། བརྒྱུད་འདེབས་བསྡུ་ན། ཆོས་དབྱིངས་སྤྲོས་བྲལ་སོགས། གང་ལྟར། མ་ཅིག་བརྒྱུད་པའི་སྐུ་ལས་སོགས། བྱིན་བརླབས་འབེབས་སྦྱང་སྔར་ལྟར་བྱས་ན་ལེགས། དབྱིངས་རིག་བསྲེ་བ། རང་ལུས་ཁང་སྟོང་སོགས། ཐུགས་ཀར་ཐིམ་པར་བསམ། རང་གཞན་གྱི་རོ་དེ་སོགས། འདུས་པར་བསམ། གང་གི་དབང་བསྡུད་ཚན་གསུམ་པོ་དེ་འདིར་འདོན་པའི་སྲོལ་མཆིས། ཅུང་བསྡུ་ན། ཕཊཿ མཐོ་སྲིད་པའི་རྩེ་མོ་མན་ཆོད། དམའ་ན་རག་དམྱལ་བ་ཡན་ཆད་སྟོང་གསུམ་འཇིག་རྟེན་ཁམས་ཀྱི་སྣང་སྲིད་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད། དཀར་པོ་ལྷ་ཡི་སྡེ་ཚོགས། ནག་པོ་བདུད། དམར་པོ་བཙན། ཁྲ་བོ་གཟའ། སྔོན་པོ་ཀླུ། སེར་པོ་གཉན། སྨུག་པོ་རྨུ། ལྗང་གུ་ས་བདག །རཀྵ་སྲིན་པོ། ལ་གསུམ་ན་འགྲིམ་པའི་བཙན། ལུང་གསུམ་ན་འགྲིམ་པའི་བདུད། གང་གསུམ་ན་འགྲིམ་པའི་འདྲེ་མོ། གཙང་ཐིལ་འབར་ཐིལ། མགར་ཐིལ། བེར་དཀར། བེ་ནག་ལ་སོགས་པའི་གདུག་པ་ཅན་རྣམས་དང་། གཞན་ཡང་སྟེང་གདོན་གཟའ་དང་དྲང་སྲོང་འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་བྲང་། བྱད་མ་ལྷ་སྲུང་བཅས་པ། ཟ་འདྲེ་ཤི་གཤེད་དང་བཅས་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ། འདིར་ཤོག །འདིར་འདུས། ཤ་ལ་དགའ་བས་ཤ་ཟོ། ཁུག་ལ་དགའ་བས་ཁྲག་འཐུང་། རུས་ལ་དགའ་བས་རུས་པ་མུར། པགས་པ་ལ་དགའ་བས་ལྤགས་པ་གྱོན། ཕཊཿ ཕཊཿ ཕཊཿ རྐང་གླིང་ཌཱ་དྲིལ་དྲག་ཏུ་འཁྲོལ་ལ་ཤ་ཟའི་འབོད་གླུ་རིང་མོས། ཀྱེ། འདུས་ཤིག་འདུས་ཤིག་ཤ་ཟ་འདུས། །དབུགས་ལེན་ཐམས་ཅད་འདིར་འདུས་ཤིག །བཤས་བཤུས་རོ་ལ་སླེབ་པ་གྱིས། །ཤ་བསྒོས་རོག་ལ་སླེབ་པར་གྱིས། །འདྲེ་ཁྱེད་རྣམས་བདག་གི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱོད་ནི་དྲིན་ཆེན་ཕ་མ་ཡིན། །ད་རན་བཟང་ལེན་ལེན་དུ་ཤོག །སྔོན་ཚེ་ལུས་ལ་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །ད་ནི་མི་བཞག་སྟོན་མོར་སྦྱིན། །མགྲོན་རིགས་སྲིད་རྩེ་མན་ཆད་དང་། །ན་རཀ་དམྱལ་ཁམས་ཡན་ཆད་ལ། །གནས་པའི་ལྷ་དང་ལྷ་མ་སྲིན། །ཕོ་བདུད་ལས་ཀྱི་རྒྱལ་འགོང་འདུས། །མོ་བདུད་ལས་ཀྱི་འདྲེ་མོ༴ ཕོ་བདུད་རྒྱལ་འགོང་སྲོག་བདག༴ མོ་བདུད་འདྲེ་མོ་སྲིན་མོ་འདུས། །སྲིད་པའི་ཡུལ་ནི་འདྲེེ་དགུ༴ གཙུག་ལག་ཁང་གི་གདོན་བཅུ༴ བྱིས་པའི་གདོན་ཆེན་བཅོ་ལྔ༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༴ འདིར་ཤོག་འདིར་འདུས་ཤ་ཁྲག་རོལ། །སྤྱི་བོ་ཚང་བུག་མན་ཆད་དང་། །རྐང་མཐིལ་སེན་མོ་ཡན་ཆད་ཀྱིས། །ལུས་འདིའི་ཕྱི་ནང་ཐམས་ཅད་ལ། །ཁོ་བོའི་ཆགས་ཞེན་མི་བྱེད་དོ། །ཤ་ཟོ་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ཐམས་ཅད་བག་ཕོབ་ཚིམ་པར་རོལ། །ཞི་བ་གྱིས་ཤིག་བརླག་པར་གྱིས། །ཕུང་བར་གྱིས་ཤིག་རྩ་བ་ཆོད། །ཐུལ་ཅིག་ཆོམས་ཤིག་ས་མ་ཡ། །ཕུད་ལྷག་མ་མེད་པར་བཞེས་སུ་གསོལ། །ཕཊཿཕཊཿཕཊཿ འདི་བདག་འཛིན་རྩད་ནས་གཅོད་ཕྱིར་པཎྜི་ཏ་ཇོ་བོ་རྗེས་མཛད་པ་འདི་ཀུན་གྱིས་འདོན་སྲོལ་ཡོད་ཕྱིར་བྲིས་པའོ། །དམར་འགྱེད་འདི་མདོ་ཕར་ཕྱིན་དང་མཐུན་བཅོམ་ལྡན་འདས་ཉ་རོ་ཧི་ཏ། སྲོག་ཆགས་དེས་བ། སྟག་མོ་ལུས་སྦྱིན་ལྟར་སྦྱིན་པ་ཡིན་ཏེ། མ་ཅིག་གིས། དམིགས་པ་ཤ་ཁྱེར་ཁྲག་ཁྱེར། །ཉམས་ལེན་ན་དགའ་ཤི་སྐྱིད། །ལམ་ཁྱེར་ཕུང་པོ་གཟན་བསྐྱུར། །ཞེས་གསུངས་པའི་ཕྱིར། དེ་ཙམ་བོས་ནས་ཅི་སྦྱིན་ན། ཨེ་བདག་ཅག་རྣམས་ཀྱིི་སོགས་རྒྱས་པ་སྟེང་ནམ་མཁའ་སོགས། བསྡུ་ན་འདི་བར་བཞག །སྤྱིར་འགྲོ་དྲུག་སོགས་བྱེར་བསྡུད་ནི། ཕཊཿ མགོ་བརྙན་ཅན་སོགས་ནས། མི་ཐུབ་ཐུབ་བྱེད་པར་བསམ། ཌཱ་རྐང་བཅས། འབོད་གླུ་ཐུང་བའི་རྟས། ཀྱཻ། ཁྱོད་སྣང་ཞིང་སྲིད་སོགས་བྱེར་བསྡུད་བརྒྱ་རྩ་སོང་ནས། སྤྱིར་སྔགས་ཕྱི་པ་བསང་བསུར་དང་མཐུན་པའི་དཀར་འགྱེད། ཕར་ཕྱིན་ཐེག་པ་བྱ་དཀའ་བའི་སྤྱོད་པ་དང་མཐུན་པའི་དམར་འགྱེད། བླ་མེད་ཐེག་པའི་ཚོགས་དང་མཐུན་པའི་ཁྲ་འགྱེད། སྡིག་སྒྲིབ་སྦྱོང་བ་བདུད་རྩི་འབེབས་སྦྱོང་དང་མཐུན་པའི་ནག་འགྱེད་དེ། འགྱེད་ཆེན་བཞི་ཞེས་གྲགས་པ་ལས། ཁྲ་བོ་ཚོགས་དངོས་ཡོད་པ་དང་། ནག་འགྱེད་གསོལ་འདེབས་ཀྱི་རྗེས། སྒྲིབ་སྦྱོང་བྱིན་རླབས་ཆུ་རྒྱུན་དེས་མཐུས། ཁྲ་འགྱེད་དམིགས་བསལ་བྱེད་པར་འདོད་ན། འདི་ཡི་དོན་བསྡུས་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་རིགས་དྲུག་སེམས་ཅན་འདོན། ནག་འགྱེད་ལོགས་སུ་མི་དགོས་སོ། །དེ་ནས་མགྲོན་ལ་བདེ་སྡུག་བཏང་ལེན་བྱ་བ་ནི། མ་ཅིག་གིས། བདག་བདེ་ཕུལ་ན་ཚོགས་རྫོགས། གཞན་སྡུག་བླང་ན་དོན་ཆེ། འཁྲི་བ་བཅད་ན་བློ་བདེ། དམིགས་པ་མེད་ན་མཐར་ཕྱིན། ཞེས་པའི་དོན་ནི། ཕཊཿ མདུན་གྱི་ནམ་མཁའི་སོགས་ག་ཏེའི་སྔགས་ཅི་འགྲུབ་བཟླའོ། །ཆོས་རྣམས་ཐམས་ཅད་སོགས། ཀརྨ་རབ་རིབ་སོགས། སྨྲ་བསམ་བརྗོད་མེད་སོགས། དུས་གསུམ་རྒྱལ་ཡུམ་དགོངས་དོན་རྟོགས་པར་ཤོག །ཅེས་བརྗོད། འདིར་ཕ་དམ་པའི་རྟགས་བསྟོད་སོགས་གསོལ་འདེབས་གང་རུང་འདོན་གསུངས་པས། སྤྱི་བོར་ཕ་གཅིག་དམ་པ་སོགས་ཕ བསྟོད་མ་ཅིག་གསུངས་རྔམས་པའི་ང་རོས་རྟས། ཌཱ་དྲིལ་བཅས། རྗེ་བླ་མ་རྣམས་སོགས། བསྒྱུར་དུ་གསོལ། མ་བསྟོད་ལ། སྤྱི་བོར་མ་ཅིག་ལབ་ཀྱི་སྒྲོན་མ་གསལ་བའི་སོགས། ད་ཕྲུག་གདུང་དབྱངས་ཀྱིས་རྟས་མ་བསྟོད་ཐོད་སྨྱོན་གྱི་གསུངས་ཌཱ་དྲིལ་བཅས། མ་དམན་པའི་སོགས། ཌཱ་ཀི་འབུམ་བསྐུལ་འདིར་འདོན་པའི་སྲོལ་འདུས་པས། སྤྱི་བོའི་མ་ཅིག་ལས་སོགས། ཀྱེ་མ་ཡུམ་ཆེན་སྐུ་སོགས། སྲས་བསྟོད་གཉན་ཆུང་ལོ་ཙའི་གསུངས། ཧཱུྃ། མ་ཡུམ་ཆེན་དེ་ཡི་སོགས་སྲས་བརྒྱུད་རྣམས་ཀྱི་བྱིན་རླབས་སོགས། ཞུགས་པར་བསམ་མོ། །དེ་ཡང་མ་ཅིག་གིས། འཕོ་བ་ནམ་མཁའ་སྒོ་འབྱེད་དེ། །འཕོ་བ་བརྒྱ་ཡི་དོ་ཟླ་མེད། །ཀུ་སུ་ལུ་ཡི་ཚོགས་བསགས་དེ། །ཚོགས་བསགས་བརྒྱ་ཡི་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡི་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། །རིམ་གྲོ་བརྒྱ་ཡི་དོ་ཟླ་མིན། །འདུག་ས་གཉེན་ས་རི་ཁྲོད་དེ། །དགོན་པ་བརྒྱ་ཡི་དོ་ཟླ་མིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡི་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་དེ། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་དེ། །མན་ངག་བརྒྱ་ཡི་དོ་ཟླ་མིན། །ཞེས་སོ། ༈ །གཉིས་པ་སྔགས་བླ་མེད་ལྟར་བསྐྱེད་རྫོགས་བསྒོམ་བཟླས་ཀྱི་ལག་ལེན་ལ། དང་པོ་བརྒྱུད་འདེབས། ༀ་ཨཱཿཧཱུྃ། ཆོས་སྐུ་དབྱིངས་ཀྱི་སོགས། ཡུམ་ཆེན་ཤེར་ཕྱིན་སོགས་རེས་མོས་བྱ། སྐྱབས་སེམས་ལན་བདུན་སྔར་ལྟར་བྱ་བའམ་བསྡུ་ན་ཟུར་གསལ་ལྟར་བྱ། འཇིག་རྟེན་སྐྱོང་བ་ཀུན་ལ་གཏོར་མ་འབུལ་བ། སྭ་བྷ་ཝ་སོགས། ཀུན་འགྲུབ་མཛོད། བགེགས་གཏོར་ལས་བྱང་ཆུང་བའི། ༀ་ཨཱཿཧཱུྃ། སོགས། སྭཱ་ཧཱ། ས་བསྔོ། སྤྲོ་ན་ཁྲོས་མའི་མཚམས་ལྷ་བསྐྱེད། བསྡུ་ན། ༀ་བཛྲ་ཌཱ་ཀི༴ སོགས། རྔ་ཌཱལ་གང་སྤྲོ་བྱེད་ཆོག །བཀའ་བསྒོ། མཚམས་བཅད། བྱིན་འབེབས། མཆོད་རླབ། བདག་མདུན་བཞིན་དང་མེ་ལོང་གཟུགས་ལྟར་གྱེར་ཚིག་ཅིག་གིས་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་བསྟོད། སྤྲོ་ན་མ་ཅིག་གསུང་ཌཱ་ཀི་འབུམ་བསྐུལ། བཤགས་པ། རྗེ་བཙུན་མཁའ་འགྲོ་སོགས། ཛབ་དམིགས་སྔགས་བཟླས་སྟོང་ཙམ་བཟླས། ཐུན་མཐར། རྗེ་བཙུན་མཁའ་འགྲོ་མའི་ལྷ་ཚོགས་འགྲུབ་པར་གྱུར་ཅིག །དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་། ཧཱུྃ་ཧྲཱིཿ ཡོན་ཆབ་ཁྲུས་ཆབ༴ སོགས་གཞན་རྣམས་སྔགས་ཀྱིས་མཆོད། མཆོད་རོལ་རྔ་ཌཱལ་གང་འབྲེལ། མ་ཆོས་དབྱིངས་ཀྱིས་བསྟོད། དགེ་བ་བསྔོ། མ་མགོན་མགར་གསུམ་རྣམ་སྲས་གསོལ་ཀ་བྱ། ཡང་ན་དོ་ནུབ་བྱ། ༈ གསུམ་པ་སོགས་འཁོར་ཉམས་ཆགས་བསྐང་བའི་ཐབས་ལ་ཚོགས་རྐྱང་པའི་དུས་ཡིན་ན། སྐྱབས་སེམས་ཡན་ལག་བདུན་པ་སྔར་ལྟར་བྱ། ནམ་མཁའ་སྒོ་འབྱེད་སྔར་དཀར་འགྱེད་ལྟར་བྱ། སྟོང་པ་ཆོས་སྐུའི་སོགས་ལས་མཁན་བསྐྱེད། ཚོགས་ལ་བདུད་རྩི་འཐོར། ༀ་སརྦ་སོགས་དབྱིངས་བསྲེ། རོ་བསྲེ་བསྡེབ་བྱིན་རླབས་བྱས་ནས། ཌཱ་རྐང་བཞི་བཅས། ཚོགས་མཆོད་འདོད་ཡོན་ལམ་གླུས་རྟས། སྤྱན་འདྲེན་བྱ། དེ་ནས་སྨན་མཆོད་བྱ། མ་ཅིག་གསུང་མཛེས་མ་འབུམ་བསྐུལ་བྱ། ཚོགས་ཕུད་དུམ་བཞི་བྱས་ནས་རྩ་གསུམ་དང་ཆོས་སྐྱོང་གཏོར་མར་བཏབ་ལ། རྒྱུན་རྟའམ་བཤགས་དབྱངས་རྟས། ཧཱུྃ། ཞལ་ཟས་ཚོགས་ཀྱི་སོགས་ཌཱ་རུའི་མཆོད་རོལ་རེ་བྱ། དེ་ནས་བསྒྲལ་མཆོད་ལ་ཚོགས་དུམ་བུ་ལིངྒ་རཀྟས་བྲན་ལ། མདུན་དུ་བཀོད་ཌཱ་རྐང་བཅས། བསྐུལ་དབྱངས་ལྕེ་སྤྱང་འདུར་གླུའི་རྟས། མ་ཡུམ་ཆེན་སོགས་ཧཾ་བསྐྱེད་འགུགགས་པ་གསུམ། ཌཱ་རྐང་རྒྱུན་དབྱངས་ཀྱིས། མཁའ་འགྲོ་བཞི་བསྐུལ་གཟུགས་དབབ། ལྷ་དབྱེ། བྱད་བཅུག །སྨྱོར་བཅུག །ཕུར་གདབ་རྒྱས་བསྡུས་གང་སྤྲོ་དང་། རྟེན་པ་སྤར། རྟེན་བཏུབ། གཏུན་བརྡུང་ཞལ་གཏབ་རྒྱས་བསྡུས་གང་སྤྲོ། བསྐང་བ་ཚོགས་ཕུད་ཀྱི་རྗེས་སམ། ཞལ་སྟབས་ཀྱི་འཕྲོར་རམ། གཏོར་གཞོང་མའི་རྗེས་གསུམ་གང་བདེར་བཏང་ཆོག །དེ་ནས་བསྐང་བ་ལ། རྒྱས་པ། ཧཱུྃཿ སྲ་བརྟན་སོགས། གནས་མཆོག་འདིར། ཌཱ་རྐང་ངམ། རྔ་རོལ་བཅས། ཧཱུྃ། འོག་མིན་ཆོས་དབྱིངས་སོགས། པདྨ་ཀ་མ་ལྱེ་སྟཾ། དེ་ནས་བྱིན་འབེབས་ད་ནང་མ་བཏང་ན་འདིར་འདོན། དེ་ནས་བརྒྱུད་བསྐང་ཆེ་བ། གནས་འོག་མིན་སོགས་རྒྱས་པ་འདྲེས་གཤོང་། བསྡུ་ན་ཤར་འདོན། མཛོད། བར། ཡང་ན། ཧཱུྃ། སྐྱེ་མེད་སོགས་བསྡུས་པའི་སྐབས། འདིའི་མཐའ་བར། ཕ་བསྐང་། མ་བསྐང་རེས་མོས། བསྐང་བ་སྔ་མའི་འཕྲོས། ཧཱུྃ། ཁྱེད་ལ་ཕྱི་ཡི་སོགས་ནས་ཆོས་སྐྱོང་བསྐང་བའི་འཕྲོར་གཅོད་ཀྱི་སྲུང་མའི་བསྐང་བ་སྦྱར་ནས་བཟློག་མཐའ་བར་མཁའ་འགྲོའི་སྨྲེ་བཤགས་ཀློང་བཤགས་རེས་མོས། གཞུང་བསྐང་བསྡུས་པའི་སྐབས། དབུས་ཕྱོགས་མ། འོག་མིན་ལ། སྟོང་ཉིད་མ་གསུམ་གང་སྤྲོ། གཅོད་ཀྱི་སྲུང་མའི་བསྐང་བ། བཤགས་པ་བཅས་ཀྱི་དམ་ཚིག་ཉམས་ཆགས་རྣམས་བཤགས་པས་འགལ་ཉམས་འདས་རལ་རྣམས་གསོ་ནས་བསྐང་བྱ་བསྐང་བྱེད་བཤགས་བྱ་བཤགས་བྱེད་བྲལ་བའི་དེ་ཁོ་ན་ཉིད་ཀྱི་བསྐང་བཤགས་བརྗོད་བྲལ་གཉུག་མའི་ངང་ལ་རང་བབས་ཀྱི་ཡུད་ཙམ་བཞག་པས། བསྐལ་པར་བསགས་པའི་སྡིག་སྒྲིབ་སྐད་ཅིག་ལ་འདག་པར་རྒྱལ་གསུངས་ངེས་དོན་གྱི་ལུང་གི་དཔང་པོར་མཆིས་པ་བཞིན་ནོ། །སྐབས་འདིར་ནད་པ་ཡོད་ན། གདོན་ཚོགས་དགུ་མ། སྟབས་པ་ཆ་དྲུག །དྲི་ཆུ་མཐའ་གཏད། སྟབས་པ་དྲག་པོ། གཤེད་འདུལ་སོགས་གང་དགོས་ཆགས་མེད་གསུང་ལྟར་བྱ། བདུན་པ་གཏོར་གཞོང་མ་ནི། འབུལ་གཏོར་སྙིང་གཟུགས་མ་དང་། ཚོགས་བཅད་ཁམས་དུམ་བུར་གནམ་ཕུད་ཀྱི་དོད་དུ་བཤམས་ཤིང་ཕུད་རྒོད་བདུད་རྩིའི་བྲན་ལ། ཕཊ། ཀྱིས་དབྱིངས་རིག་བསྲེ། ཕཊ། རང་གཞན་གྱི་རོ་དེ་སོགས། རང་གི་རྣམ་པར་སོགས་ལས་མཁན་བསྐྱེད། ཀེཾ་ཀེཾ་ཀེཾ་སོགས། ཁྱུག་ཁྱུག་བྱེད་པར་བསྒོམ། ཀ་པཱ་ལའི་ཆེ་ཡོན་ནི། ཌཱ་ཀི་འབུམ་བཞད་རྟས་ཌཱ་དྲིལ་བཅས། ན་མོ། ཕྱི་སྣོད་འཇིག་རྟེན་སོགས། ཁྲོས་མ་མཁའ་འགྲོ་འབུམ་བསྐུལ་ནི། ཌཱ་རྐང་བཅས་མཁའ་འགྲོའི་གད་རྒྱང་རྟས། ཀྱེ་མ་མི་མིན་སོགས། མ་དབུས་ཕྱོགས་སོགས་དང་། མཁའ་འགྲོ་སྙིང་ཐིག་རྟས། ན་མོ། རྡོ་རྗེ་འཆང་ཆེན་མན་ཆད་སོགས་ནས། སརྦ་ཛྙཱ་ལོ་ཀ་གྷ་ན་ཙཀྲ་ཁ་ཧི། ཅེས་ཕྱི་རོལ་མཆོད་དོ། །སྤྲོ་ན་བདག་འཇུག་འདིར་བྱ། དེ་ནས་དྲོངས་བ་ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས། གཟའ་བ་གཡས་བཏུང་བ་གཡོན་དུ་ཐོག་ནས། བསྣོལ་མས། ཀྱེ། གཟིགས་ཤིག་མཛེས་ལྡན་སོགས་ཀྱིས་ཕུལ། སློབ་དཔོན་གྱིས་པད་སྐོར་བཅས། ཨ་ལ་ལ་ཧོ། བླང་ལ་དེའི་ཕུད་བཅད་ནས། ༀ་ཨ་གྲ་པིཎྜ་ཨཀྵི་བྷྱ་སྭཱ་ཧཱ་ས་ཕུད་ལ་དབང་བའི་འབྱུང་པོ་ལ་བསྔོས་ནས། རང་མཁའ་འགྲོ་མའི་ང་རྒྱལ་གྱིས་ཆོས་ཉིད་ཐིམ་པའི་ཚུལ་རོ་མཉམ་གྱི་ལྟ་བའི་ངང་ཚིམ་པར་རོལ་ནས་ལྷག་མ་རྣམས་སྣོད་གཅིག་ཏུ་བསགས། ཕུད་ལྷག་དང་ཚོགས་ལྷག་སྣོད་གཅིག་ཏུ་བཞག་ནས་བདུད་རྩི་དང་རཀྟ་བྲན། དཔལ་འབར་བཙུག །འབྲུ་གསུམ་གྱི་བྱིན་གྱིས་རླབས་ལ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བཅས། ༀ་ཨེ་ཨ་ར་སོགས། ཧཱུྃ་ཕཊ། ཌཱ་རྐང་བཞི་བཅས་སྟག་མོའི་ངར་དབྱངས་ཀྱིས། རྒྱས་པ། བྷྱོ། ལས་ཀྱི་མཁའ༴ ལས་དང་འཇིག་རྟེན་ཤ་ཟ་ཤུགས་འགྲོ་ལ་འབུལ་བ་མཁའ་འགྲོ་སྙིང་ཐིག་ལས་བྱུང་བའམ་བསྡུ་ན། ཧཱུྃ་ཧྲཱིཿརྡོ་རྗེ་མཁའ་འགྲོ་སོགས། འགྲུབ་པར་མཛོད། གཙང་སར་ཕུལ་ལ། དེ་ནས་གཙོག་ལྷག་ལ་ཚོགས་ཆང་བྲན། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཧཱུྃ། སྲིད་གསུམ་བྷནྡྷ་སོགས། ཚིམ་པར་གྱུར་ཅིག །ཅེས་སྲང་མདོར་ཕུལ་ཞིང་སྣོད་གཉིས་ཆུས་བཤལ་ལ། ཀྱེ། དགུང་སྔོན་སོགས། ཕྲིན་ལས་མཛོད། ཕྱི་རོལ་དུ་དོར། སྐབས་འདིར་རྣལ་འབྱོར་པ་ལ་དགྲ་ཡོད་ན་མཚོན་ཆ་ལྟ་བུའི་གདམས་ངག་ཡོད་པས་ལོགས་སུ་གབ་གསུངས་ལ། ལྷག་མ་དང་སྲུང་མའི་གཏོར་འབུལ་ལ་རང་ལུས་ཤ་ཁྲག་མི་བསྲེ་བས་སྤྱི་ཙམ་ལ། ལྷག་མའི་གང་དུ། ན་མོ་མཆོག་གསུམ་རྩ་གསུམ་སྲུང་མའི་བདེན་སྟོབས་དང་། །ཆོས་ཉིད་ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུས། །ད་དགྲ་ཐད་དུ་ལངས་པའི་དམ་ཉམས་པ། །དམིགས་པའི་ཡུལ་གྱུར་ལྷག་གཏོར་རྟེན་ལ་ཁུག །ནྲྀ་ཨ་ཀཪྴ་ཡ་ཛ། སྦྱོར། དེ་ནས་གཅོད་ཀྱི་སྲུང་མ་དམར་གཏོར་གཉིས་དང་། དཀར་གཏོར་སྐྱེམས་བཅས་བཤམས་ནས་བདུད་རྩི་བྲན་ལ། ན་མོ། དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་བདུད་འདུལ་ཁྲོས་མ་ནག་མོའི་ལྷ་ཚོགས་འཁོར་དང་བཅས་པའི༴ མ་གཅིག་ལབ་ཀྱི་སྒྲོན་མ་མཁའ་འགྲོ་བྱེ་བ་འབུམ་སྡེ་བཀའ་སྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་གིས་བཀའ་དང་དམ་ལ་མི་གནས་པའི་འགྱུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པའི་གདོན་བགེགས། བསམ་ངན་འཆང་བའི་བྱད་མ། དོ་བསྔོ་ཞིང་ཕོད་བཙུག་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག །ཛ་ཧཱུྃ་བཾ་ཧོཿ བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་གི་ངོ་བོར་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུྃ། ལན་གསུམ། ༀ་བཛྲ་ཌཱཀྐི་ནི་སརྦ་དྷརྨཱ་པཱ་ལ་ས་པ་ཏི་ཝཱ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁ་ཧི། མ་ཧཱ་ཙིཏྟ་ལ༴ མ་ཧཱ་ཀོ་རོ་ཙ་ན་ལ༴ མ་ཧཱ་ཀི་ནི་རི་ཏི་ལ༴ མ་ཧཱ་བ་ལིངྟ་ལ་ཁཱ་ཧི་ཁཱ་ཧི། དེ་ནས་མཁའ་འགྲོ་ཁྲོས་མ་འབུམ་བསྐུལ། ཀྱེ་མ། མི་མིན་གྱི་ཡེ་ཤེས༴ མ་ཤར་ན༴ སོགས་བཏང་ནས། གཅོད་ཀྱི་བཀའ་སྲུང་རྣམས་ལ་གཏོར་མ་འབུལ་བ་མདོར་བསྡུས་ནི། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་སྤྲུལ་ཕྱག་དྲུག་པ། །ཡུམ་ཆེན་རེ་མ་ཏི་དང་གནོད་སྦྱིན་བཞི། །གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསོད་ནམས་བླ་མས་བཀའ་བསྒོས་དམ་བཞག་བཞིན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མ་ཧཱ་ཀ་ལ་ཨ་གྷོ་ར། །ཡུམ་ཆེན་བཟློག་བྱེད་མ་དང་ནོར་རྒྱུན་མ། །རིགས་བཞི་ཌཱཀྐི་བདུད་དང་ཌཱཀྐའི་ཚོགས། །དུར་ཁྲོད་བདག་པོ་ཡབ་ཡུམ་ཀེང་རུས་གཟུགས། །ཤ་ཟ་ཕོ་མོའི་ཁྲོམ་གྱིས་བསྐོར་བ་རྣམས། །དམ་རྫས་བརྒྱན་པའི་གཏོར༴ ཕ་གཅིག་དམ་པའི་སྤྱན་སྔར་ཁས་བླངས་བཞིན། །རྣལ་འབྱོར༴ བྷྱོ། རྡོ་རྗེ་ཕག་མོའི་བཀའ་ཉན་མཐུ་མོ་ཆེ། །མ་རྒྱུད་ཡོངས་ཀྱི་ལས་མཁན་མཐུ་མོ་ཆེ། །བུད་མེད་སྤྱང་སྟག་འཕར་བ་ཆིབས་པ་གསུམ། །ལས་བདག་མཚན་མོ་སྒྲ་སྒྲོགས་བཅས་པ་ཡིས། །དམ་རྫས༴ མ་ཅིག་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར༴ ཧཱུྃ། ཤམ་པོའི་གཟའ་བདུད་མགོ་དགུ་གདོང་མོ་བཞི། །ཕ་སྲིན་མ་ཀླུ་གཟའ་བརྒྱད་དྲེགས་པ་བརྒྱད། །བཙན་རྒོད་ཟངས་རི་འབར་བ་སྤུན་བདུན་དང་། །བསྟན་སྐྱོང་ཡ་མ་བཅུ་གཉིས་བཅས་པ་རྣམས། །དམ་རྫས༴ མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བཅས་བཞིན། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་དཀར་གཏོར་བྲན་ལ། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཁཾ་ལས་གཏོར་མ་དཀར་མངར་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུྃ། ༀ་སརྦ་ལོ་ཀ་པཱ་ལ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཌཱ་བཅས། ཧཱུྃ། ཞང་བློན་རྡོ་རྗེ་བདུད་འདུལ་ཡབ་ཡུམ་དང་། །ནོར་ལྷ་བརྒྱད་དང་འབྲོག་གནས་ལྔ་ལ་སོགས། །ལས་བཞིའི་ལས་བྱེད་ཉི་ཁྲི་ཆིག་སྟོང་དང་། །ནོར་ལྷ་གནོད་སྦྱིན་བྱེ་བའི་ཚོགས་བཅས་ཀྱི། །དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ། །གྲྭ་པ་མངོན་ཤེས་ཅན་གྱི་བཀའ་བསྒོས་ལྟར། །རྣལ་འབྱོར་བཅོལ༴ ཧཱུྃ། རི་རབ་ཕྱོགས་བཞི་སྐྱོང་མཛད་རྒྱལ་ཆེན་བཞི། །གཉན་ཆེན་ཐང་ལྷ་ཡར་ལྷ་ཤམ་པོ་རྗེ། །མཁའ་རི་མིང་སྲིང་འོ་དེ་གུང་རྒྱལ་དང་། །ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་འཁོར་དང་བཅས། །དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ། །མ་ཅིག་ལབ་སྒྲོན་སྤྱན་སྔར་ཁས་བླངས་བཞིན། །རྣལ་འབྱོར་བཅོལ༴ ཧཱུྃ། སྤྲུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན་མ་ཡིས། །གངས་རི་གཉེན་པོ་ཉི་ཤུ་རྩ་བརྒྱད་ལ། །གཉན་ས་བརྒྱ་དང་རྩ་བརྒྱད་བཅད་པའི་ཚེ། །བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །གཞན་ཡང་གཅོད་ཡུལ་བརྒྱུད་པའི་བླ་མ་ཡིས། །བཀའ་དང་དམ་ལ་བཏགས་པའི་ལྷ་སྲིན་རྣམས། །དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ། །གཅོད་ཡུལ་བརྒྱུད་པ་ཕྱོགས་བཅུར་རྒྱས་པ་དང་། །བདག་གི་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད། །ཟངས་བཙན་འདིར་སྦྱར། ཅེས་ཕུལ་ལོ། །དེ་ནས་ཆད་བརྟན་ཟུར་གསལ་ལྟར་བཏང་ལ། བྲོ་བརྡུང་བ་ནི། ལྷག་མ་ཆད་བརྟན་གཏོར་འབུལ་སྣོད་རྣམས་ཁ་སྦུབ་པའི་སྟེང་རྡོ་རྗེ་རྒྱ་གྲམ་བྱས་པས་མནན་ནས། ན་མོ་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་ཡི་དམ་ཆོས་སྐྱོང་རྣམས་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ། མི་མིན་མི་རུ་བརྫུ.བ། ལྷ་མིན་ལྷ་རུ་བརྫུ.བ་མགོ་གཡོག་མགོ་བསྐོར་བྱེད་པ། བཀའ་དང་དམ་ལ་མི་གནས་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿ ཞེས་བཀུག་ལ། བྷྱོཿ དབུས་ཀྱི་ཕྱོགས་ནས་སོགས་གཏོར་བྲོ་བྱ། མ་ཅིག་གིས་རྗེས་ཆོག་བྱས་པས་སྣང་སྲིད་དག །ཅེས་པའི་དོན་ནི། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་དུ་ཧྲཱིཿལས་རང་ཉིད་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎི་དཀར་པོ་གཡས་མཆོད་སྦྱིན་གཡོན་པདྨ་དར་དང་རིན་པོ་ཆེའི་རྒྱན་པ། ཞབས་སེམས་དཔའི་དཀྱིལ་ཀྲུང་ཅན། རིགས་བདག་འོད་དཔག་མེད་དང་བཅས་པ་ཐུགས་ཀར་ཧྲཱིཿལ་ཡིག་དྲུག་གཡས་སུ་འཁོར་བ་ལས། འོད་ཟེར་བདུད་རྩི་དང་འདོད་ཡོན་གྱི་རྣམ་པར་སྤྲོས་ལྷ་འདྲེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ། ནད་དང་སྨས་འགྲམ། གནས་ཁང་ཞིག་རལ། ནོར་གྱི་ཤོར་གོད་རྣམས་སོས། ལང་ཚོ་བཀྲག་མདངས་ལྡན། གནོད་སེམས་འཁོར་འཛིན་ཞི། བྱམས་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་དང་ལྡན་པར་བསམ་ལ་མ་ཎི་བརྒྱ་རྩ་བགྲངས། རྒྱུན་རྟས། ཕཊཿ ལུས་ཤ་ཁྲག་མཆོད་སྦྱིན་འདི་བསྔོས་པས། །ཚེ་རབས་འཁོར་བ་ཐོགས་མེད་ཀྱི། །བུ་ལོན་འབྲེལ་ཐག་ཆོད་གྱུར་ཅིག །ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག །ཆོས་སྦྱིན་གྱི། རྒྱུན་རྟས། ན་མོ། ཆོས་རྣམས་ཐམས་ཅད་སོགས། སངས་རྒྱས་བསྟན་པ་ཡིན། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བར་ཆད་མེད་པའི་ལམ་སྒྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །བཏང་རག་མཆོད་བསྟོད་ནི། ཧཱུྃ་ཧྲཱིཿ མཆོད་ཡོན་མེ་ཏོག་སོགས། ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨརྒྷཾ་སོགས། རཱུ་པ་ཤཔྡ་སོགས། མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་ཁ་ཧི། ཌཱ་རུའི་མཆོད་རོལ་བྱ། ཌཱར་འདོན་ནམ་རྒྱུན་རྟས། མ། ཆོས་དབྱིངས་རྣམ་དག་སྐྱེ་མེད་ཆོས་ཀྱི་ཡུམ། །འགགས་མེད་རྩ་བྲལ་སེམས་ཉིད་དོན་གྱི་ཡུམ། །མཐའ་དབུས་མེད་པས་མཐའ་བྲལ་སྟོང་པའི་ཡུམ། །ཡུམ་ཆེན་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འགྱུར་བ་མེད་པ་རྡོ་རྗེའི་སྐུ་སྤྲུལ་མ། །དགོས་འདོད་འབྱུང་བ་རིན་ཆེན་སྐུ་སྤྲུལ་མ། །གདོད་ནས་དག་པ་པདྨའི་སྐུ་སྤྲུལ་མ། །ཕྲིན་ལས་གྲུབ་པ་ལས་ཀྱི་སྐུ་སྤྲུལ་མ། །ཡུམ་ཆེན་སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། །དང་པོ་ལུས་སེམས་བསྐྱེད་པའི་མ། །བར་དུ་ཟང་ཟིན་ཕོག་པའི་མ། །ཐ་མལ་སྐྱེ་མེད་སྟོན་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོད། །བསྟོད་པ་འོས་སོགས། གཞུང་ལས་ཡིག་བརྒྱ་བསྔོ་བས་དགེ་རྩ་དག །ཅེས་གསུངས་པས། འདི་ལ་རིགས་དྲུག་གནས་སྦྱོང་དམིགས་པ་བྱ་བ་ཕྱག་ལེན་ལ་འབྱུང་བས། སྤྱི་བོའི་ནམ་མཁར་མ་ཅིག་བརྒྱུད་པ་བཅས་པ་གསལ་བཞིན། རང་གི་སྤྱི་བོར་ལྷ་ཡི་ས་བོན་ༀ་དཀར་པོ། མགྲིན་པར་ལྷ་མིན་ས་བོན་སུ་དམར་པོ། སྙིང་ཁར་མི་ཡི་ས་བོན་ཎི་ལྗང་གུ། ལྟེ་བར་བྱོལ་སོང་ས་བོན་ད་སྐྱ་བོ་གསང་བར་ཡི་དྭགས་ས་བོན་པྲེ་སེར་པོ། རྐང་ཞབས་དམྱལ་བའི་ས་བོན་དུ་ནག་པོ་རྣམས་ལ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་འགྲོ་དྲུག་སྐྱེ་བའི་བག་ཆགས་ཐིམ། རྐང་མཐིལ་གྱི་ཡི་གེ་འོད་དུ་ཐིག་ལེ་ཡུངས་འབྲུ་ཙམ་གྱུར་གསང་བར་པྲེ་པ་ཐིམ། དེ་སྲན་མ་ཙམ་དུ་གྱུར་ནས་ལྟེ་བར་ད་ལ་ཐིམ། དེ་མཐེ་བོང་ཙམ་དུ་གྱུར་ནས་སྙིང་ཀར་ནྲྀ་ལ་ཐིམ། དེ་བྱིལ་སྒང་ཙམ་གྱུར་མགྲིན་པར་སུ་ལ་ཐིམ། དེ་བྱ་ཆེན་སྒོང་ང་ཙམ་དུ་གྱུར་ནས་སྤྱི་བོར་ༀ་ལ་ཐིམ། དེ་མ་ཅིག་གི་ཐུགས་ཀར་ཐིམ། ཐུགས་ཡིད་འདྲེས་རང་གི་ཕུང་པོ་བདུད་རྩིར་ཞུ་འཇིག་རྟེན་གང་འགྲོ་བ་ཀུན་གྱི་འཐུང་བས་སྒྲིབ་པ་དག་ནས་འཁོར་བ་གནས་སྟོང་། འགྲོ་དྲུག་སངས་རྒྱས་ཆོས་དབྱིངས་སྐྱེ་མེད་ཀྱི་ངང་ལ་གནས་པར་བསམ། ཐལ་མོ་སྦྱར་ཏེ་ལུས་སྦྱིན་ནང་། ན་མོ་ཧཱུྃ་བདེ་ལེགས་མཆོག་གི་སོགས་མགྲོན་ཀུན་ལ་བཤགས། རྒྱུན་རྟས། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་བྱས་གང་། །གང་ཕྱིན་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགྲོན་རིགས་རྣམས་ཀྱིས་བཟོད་པར་གསོལ། །གང་ཡང་བདག་ཅག་ལས་དང་པོ་པའི་སེམས་ཅན་དུ་གྱུར་པས། གཅོད་ཡུལ་ཉམས་སུ་བླངས་བ་ལ། ཆད་པ་དང་ལྷག་པ་གང་འོག་འཁྲུགས་པ་ཏིང་ངེ་འཛིན་མི་གསལ་བ། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ། གཙང་སྦྲ་མ་བྱས་པ་སོགས་མདོར་ན་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་བཟོད་པར་མཛད་དུ་གསོལ། ཡིག་བརྒྱ་བཟླ། དེ་ནས་བྱིན་རླབས་དངོས་གྲུབ་བསྐུལ་པ་ལ། དང་པོ་སྔར་སྤར་བའི་རྣམ་ཤེས་དབབ་པ། ཕཊ། སྤྱི་བོར་མ་ཅིག་གི་ཐུགས་ཀ་ནས་རང་དང་སྲུང་བྱའི་རྣམ་ཤེས་འོད་ཀྱི་གོང་བུའི་དབུས་སུ་མ་ལབ་སྒྲོན་དཀར་གསལ། མཛེས་འཛུམ་གར་སྟབས་ཁྱུག་ཁྱུག་སྤྱི་བོར་ཚང་བུག་ནས་མར་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བུམ་སྐུའི་རྣམ་པར་བཞུགས་པར་མོས། དེ་ནས་དབང་བཞི་ལེན་པ། ཕཊཿ མ་ཅིག་བརྒྱུད་པའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་དབང་བཞི་རྫོགས་པར་བསྐུར་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས། མ་ཅིག་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་མདུན་གྱི་མཁའ་འགྲོ་སྡེ་ལྔའི་ཐུགས་བརྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས། སྤྱི་བོར་བརྒྱུད་པའི་ལྷ་ཚོགས་ལ་ཐིམ། དེ་རྣམས་ཀྱིས་འོད་དུ་ཞུ་ནས་མ་ཅིག་ཁ་དོག་ལྔ་ལྔར་གྱུར་ནས་བདག་གི་གནས་ལྔར་ཐིམ་པས་དུག་ལྔ་གནས་འགྱུར་སྐུ་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསམ་ལ། འབུམ་བསྐུལ་བྱིན་རླབ་ཆུ་རྒྱུན་གླང་ལུང་པའི་གསུང་། ཌཱ་དྲིལ་དབྱངས་བཅས། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཀྱེ་མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ཡུམ་ཆེན་སོགས། ལམ་སྣ་དྲོངས། ཕཊ། མ་ཅིག་རིགས་ལྔ་སྐུ་གར་སྟབས་ཤིག་ཤིག །ཕྱག་ཌཱ་དྲིལ་སིལ་སིལ། འོད་ཟེར་འཇའ་མཚོན་གྱི་རྣམ་པར་རང་དང་སྲུང་བྱའི་གནས་ལྔར་ཐིམ་པས་དབྱེར་མེད་ཆོས་ཀྱི་སྐུར་ལམ་གྱི་སོང་བར་གྱུར། ཕཊ་ཕཊ་ཕཊ། ཅེས་བརྗོད་བྲལ་མི་རྟོག་པའི་ངང་ལ་ཡུན་རིང་དུ་བཞག་གོ། །དེ་ནས་བསྔོ་བ་རྒྱས་པར་ཟབ་དོན་ཐུགས་སྙིང་ལས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་ཐོབ་གཅོད་ཡུལ་རྒྱུད་པའི་བླ་མ་ཐམས་ཅད་བདག་དང་སྲིད་པའི་ལྷ་འདྲེ་ཐམས་ཅད་ལ་དགོངས་སུ་གསོལ། ལྷ་འདྲེ་ཁྱེད་རྣམས་ཀྱི་དང་པོ་བདག་ལ་ཆོ་འཕྲུལ་གདུག་རྩུབ་བསྟན་ཅིང་གནོད་པ་བསྐྱལ་བ་དང་། ཕྱི་ནས་གུས་པར་འདུད་ཅིང་ཕན་པ་བཏག་པ་དང་། བདག་གིས་ཀྱང་ཁྱེད་རྣམས་ལ་སྤྱོད་ལམ་འཇམ་པོས་ལུས་ཀྱི་སྦྱིན་པར་བཏང་བ་དང་། སྤྱོད་ལམ་རྩུབ་མོས་གནོད་པ་བསྐྱལ་བ་ལ་སོགས་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ལྷ་འདྲེ་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་དགེ་བའི་རྩ་བ་བརྟེན་ནས། ལྷ་འདྲེ་ཁྱེད་རྣམས་ཀྱི་རྒྱུད་ལ་ཡོད་པའི་བསམ་སྦྱོར་ཉོན་མོངས་པའི་གདུག་རྩུབ་ཐམས་ཅད་ཞི་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱེད་རྣམས་ཀྱང་རྒྱལ་པོ་བྱམས་པའི་སྟོབས་དང་། གནོད་སྦྱིན་ཤ་ཟ་སྤུན་ལྔ་བཞིན་དུ་བདག་གི་འཁོར་གྱིས་འདུས་པ་དང་པོར་གྱུར་ཅིག །ཁྱེད་རྣམས་ཀྱི་ལས་ངན་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་རྣམས་སྐད་ཅིག་ལ་བྱང་ཤིང་དག་ནས། ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །རྣལ་འབྱོར་པ་བདག་ཀྱང་རྒྱལ་པོ་ཟླ་འོད་དང་རྒྱལ་བུ་དགེ་དོན་བཞིན་དུ་ཕ་རོལ་དུ་ཕྱིན་པ་ཐམས་ཅད་མྱུར་དུ་རྫོགས་ནས་རང་གཞན་ཐམས་ཅད་དོན་གཉིས་ལྡན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །ཅེས་ལྷ་འདྲེའི་དོན་དང་། འགྲོ་བ་སྤྱི་ལ་དམིགས་ནས། ལུས་སྦྱིན་ནས། ན་མོ། བདག་གཞན་སོགས་བསྔོ་སྨོན་བྱ། མདུན་གྱི་ཡེ་ཤེས་པ་རྟེན་ཡོད་ན་རྟེན་བཞུགས་པ་དང་། མེད་ན་གཤེགས་གསོལ་བྱ། དམ་ཚིག་པ་རང་ལ་བསྡུ། མགྲོན་གཞན་རྣམས་དགའ་ཡ་ལེ་འཛུམ་ཤིག་གེ་མགྲོན་པོ་རང་ཁྱིམ་སོང་བ་ལྟར་གཤེགས་པར་བསམ། རྒྱུན་རྟས། འབྱུང་པོ་ས་འོག་རྒྱུ་བ་དང་། །ས་བླར་འཁོད་པ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ་གཙྪ། གཤེགས་གསོལ་བྱ། སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་བསྡུ། གཞལ་ཡས་ཁང་གི་ལྷ་ཚོགས་ཐམས་ཅད་བདག་ཉིད་གཙོ་བོ་ལ་བསྡུ། བདག་ཀྱང་གདན་ནས་འོད་དུ་ཞུ་ནས་ཐུགས་ཀའི་སྔགས་ཕྲེང་ཧཱུྃ་ལ་བསྡུ། ཧཱུྃ་མཐའ་ནས་ཐིག་ལེར་བསྡུ། ཐིག་ལེ་དེ་དམིགས་མེད་སྤྲོས་བྲལ་ཆེན་པོའི་ངང་ལ་བཞག་སྟེ། རྒྱུན་དབྱངས་དལ་མོས། ཕཊ། རང་སེམས་འགྱུ་བ་དངོས་མེད་ཀྱི་ཆོ་འཕྲུལ་ལས། །འདི་ལས་གཞན་པའི་འདྲེ་བགེགས་ལོགས་སུ་མེད། །ང་དང་ཁྱོད་མེད་གནོད་བྱ་གནོད་བྱེད་མེད། །ལྷ་འདྲེ་གཉིས་མེད་འཇིག་དང་འཇིགས་ཡུལ་མེད། །བཟང་ངན་གཉིས་བདེ་དང་སྡུག་བསྔལ་མེད། །འཁོར་འདས་གཉིས་མེད་རེ་དང་དོགས་པ་མེད། །ཐམས་ཅད་རོ་སྙོམས་ཆོས་སྐུ་ཡུམ་ཆེན་ཐིམ། ཅེས་ཡེངས་མེད་འཛིན་མེད་ཀ་དག་རྒྱ་ཡན་བློ་འདས་ཀྱི་ངང། ཕ་དམ་པས། སེམས་ལ་རྟོགས་པ་མེད་པས་རྟོགས་པའི་འབྲས་བུ་ཆོས་སྐུ་ཐོབ་སྟེ། ཕཊ། ངག་སྒྲ་ལ་རང་བཞིན་མེད་པར་རྟོགས་པས་འབྲས་བུ་ལོངས་སྐུ་ཐོབ་སྟེ། ཕཊཿ ལུས་འཛིན་པ་མེད་དེ་གཞན་དོན་ནུས་པ་འབྲས་བུ་སྤྲུལ་སྐུ་ཐོབ་སྟེ། ཕཊཿབགྲང་བ་ནི། མ་ཅིག་གིས། ལྟ་བ་ཀ་དག་མཐའ་བྲལ་དེ། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མན་ངག་བརྒྱ་ཡི་དོ་ཟླ་མིན། །ཅེས་པའི་དོན་ཡིན། དེ་ནས་ཕཊཿབརྗོད་པའི་རྐྱེན་གྱིས། རང་ཉིད་མཁའ་འགྲོ་མ་རྒྱན་མེད་གཅེར་བུ་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་སྐུར་ལྡང་། ལ་སྤྱོད་ལམ་ལ་འཇུག་གོ། །དེ་ནས་རྒྱལ་དང་དེ་སྲས་ལྷ་དང་དྲང་སྲོང་ཀུན་གྱི་ཤིས་པའི་བདེན་ཚིག་བརྗོད་བཞིན་མེ་ཏོག་གི་ཆར་དབབ་པས་ཀྱང་དགེ་ལེགས་བྱས་པར་མོས་ནས། བཀྲ་ཤིས་ཁྲོས་མའི་བཞད་གདང་གིས། ༀ། བཅོམ་ལྡན་ཤཱཀྱ་ཐུབ་པ་སོགས་བཀྲ་ཤིས་ཅི་རིགས་བྱའོ། །གཅོད་ཀྱི་ཕན་ཡོན་ནི། གུ་རུ་རིན་པོ་ཆེའི་བོག་འདོན་གཅོད་ཁྲིད་ལས། ལམ་གྱི་གེགས་སེལ། རྟོགས་པའི་བོག་འདོན། གཉིས་ཆོས་ཀྱི་མཚན་མ་གྲོལ། འཁྲུལ་སྣང་ཡུལ་ཕུད། སྣང་སྲིད་སེམས་སུ་ཆོད། འཁོར་འདས་རང་སར་གྲོལ་བར་འགྱུར་ཏེ། གནས་ལུགས་རྟོགས་ནས་བོག་འདོན་པས། ལོ་གཅིག་སྟན་ཐོག་སྒོམ་པ་བས། གཉན་སར་སྙེམ་ཐག་ཞག་གཅིག་བཅད་པས་བོག་ཆེ་ཞེས་གསུངས། དཀོན་མཆོག་མཉེས་པས་དངོས་གྲུབ་ཀྱི་རྒྱུན་རིང་། ལུས་ཀྱི་གཅེས་འཛིན་ཐང་བས་ཕྱི་ནང་གི་བར་ཆད་ཞི། བླ་མ་ཡི་དམ་མཉེས་པས་དམ་ཚིག་ཉམས་ཆག་བསྐོང་། མཁའ་འགྲོ་ཆོས་སྐྱོང་མཉེས་པས་ཕྱི་ནང་བར་ཆད་སྲུང་། ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག །བདག་འཛིན་བློས་ཐང་བས་སྣང་སྲིད་དབང་དུ་འདུ། ལྷ་འདྲེ་སྡོང་གྲོགས་བྱེད་པས་ཤིན་ཏུ་ཟབ་གསུངས། མ་ཅིག་གིས། ཨ་ཟ་མ་ཡི་བུ་ཁྱོད་སྟོན། །ནད་པ་འདྲེ་ལ་གཏད་པ་ན། །ནད་མེད་བདེ་བ་ཐོབ་པ་ཡིན། །བཅོལ་མ་དགྲ་ལ་བྱེད་པ་ན། །འཇིགས་མེད་བཙན་སར་ཐོབ་པ་ཡིན། །མི་མཐུན་གྲོགས་སུ་ཁྱེར་བ་དེ། །ཨ་མ་ཇོ་མོས་བཞད་པ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བས་ཀྱང་། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བཏགས་དུ་མེད་པ་ཡིན། །ཅེས་སོ། །མ་ཅིག་གི་གཏེར་གཅོད་ལས། །ནང་རིག་པ་འཁྲུལ་གྱིས་གདམས་པ་འདི། །ཤེས་སམ་ཐོས་པ་ཙམ་གྱིས་ཀྱང་། །རིགས་ལྡན་རྒྱལ་བའི་ཞིང་དུ་སྐྱེ། །གོ་ཞིང་རྟོགས་པར་གྱུར་པ་ན། །རྐང་གཉིས་གཙོ་བོ་དངོས་སུ་འགྱུར། །གོལ་ས་བཀག་ནས་ཉམས་བླངས་ན། །བླ་མེད་བྱང་ཆུབ་ལག་འཆང་ཡིན། །ངེས་པར་ཀླུ་གཉན་ཡོད་པའི་སར། །ཆུ་མིག་བརྒྱ་རྩ་བརྟེན་ནས་སུ། །ཞག་རེ་གཉིད་ཐུན་རེ་ལོག་ན། །ཕྱིར་མི་ལྡོག་པའི་ས་ལ་གནས། །མ་ཡིས་ཐུགས་དམ་ཞལ་ཡང་གཟིགས། །ལྷ་ཡི་ལུང་བསྟན་དེ་རུ་ཐོབ། །དབུག་དབྱུང་པ་ཡི་གདམ་པའོ། །ཞེས་དང་། ཟབ་དོན་ཐུགས་སྙིང་ལས། རྒྱལ་བའི་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟོན་ཡོན་ཏན་དཔག་མེད་རྒྱ་ཆེན་འགྱུར། །ཞེས་གསུངས་སོ། །ཕྱི་ཡི་གཉན་ས་ལག་ལེན་དམིགས་འབུལ་ལས་རྒྱ་ཆེར་གསུངས་པས་འདིར་མ་སྤྲོས་སོ། །ཡིད་བཞིན་ནོར་བུ་ལས། ཐབས་ཤེས་ཟུང་འཇུག་ཤིན་ཏུ་གཅེས། །སྣང་བ་ལམ་ལམ་ཁྱེར་དེ་བས་གཅེས། །ཞེས་པ་ལྟར། ཕར་ཕྱིན་དྲུག་དང་འབྲེལ་དགོས་ཏེ། ལུས་སྲོག་ལ་མི་ཆགས་པས་མཆོད་སྦྱིན་བྱེད་པ་སྦྱིན་པ། ཆགས་སྡང་སོགས་དང་མ་འདྲེས་པས་ཚུལ་ཁྲིམས། སྡུག་བསྔལ་ཁྱད་དུ་བསད་པས་བཟོད་པ། མ་ཡེངས་རྩེ་གཅིག་བསམ་གཏན་རྣམས་ཐབས། བརྩོན་འགྲུས་ཀྱི་ཐབས་ཤེས་གཉིས་ཀྱི་གྲོགས། ཤེས་རབ་ནི་མཆོད་རྒྱུ་མཆོད་མཁན་མཆོད་ཡུལ་ཐམས་ཅད་སྒྱུ་མ་ལྟ་བུ་ལས་རང་བཞིན་མ་གྲུབ་པར་ཤེས་པར་འཁོད་འདས་ལ་རེ་དོགས་གཅོད་པ་ཡིན་ནོ། །སྤྱོད་ལམ་རྣམ་བཞིའི་ཆིངས་ལ། ཉལ་བའི་ཚེ་ཕཊཿརང་གི་སྔགས་མགོར་མ་ཅིག་སྐྱིལ་ཀྲུང་མཛད་པའི་པང་ཐོག་ཏུ་རང་གི་མགོ་སྔས་པར་བསམ། ཕཊཿཀྱི་རྣམ་ཤེས་མ་ཅིག་ཐུགས་ཀར་བསྟིམ། དེ་འཕོ་བའི་ཆིང་ངོ་། །ཕཊཿཀྱི་དེའི་དབུ་གཙུག་ནས་ཤཱཀྱ་ཐུབ་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྐོར་ནས་གནས་གདོན་ལུས་གདོན་སོགས་ལྷ་འདྲེ་ལ་ཆོས་འཆད་པར་བསྒོམ། དེ་སྟེང་ལྷ་ཚོགས་ཀྱི་ཆིང་ངོ་། །ཕཊཿཀྱི་རང་གི་རོ་ཆེ་བ་བློས་ཚད་གཅིག་གྱུར། དེ་བར་ལུས་ཀྱི་ཆིང་ངོ་། །ཕཊཿཀྱིས་ཞབས་ལྕགས་ཁང་ནང་གནས་གདོན་ལུས་གདོན་སོགས། ས་དེའི་ལྷ་འདྲེ་ཐམས་ཅད་ཚུད་ནས་གར་ཡང་འགྲོ་དབང་མེད་པར་སྒོམ། དེ་ནི་འོག་གདོན་གྱི་ཆིང་ངོ་། །འགྲོ་བའི་ཚེ་ཕཊཿཀྱིས་རྣམ་ཤེས་མ་ཡི་ཐུགས་ཀར་སྤང་། ཕཊཿཀྱིས་རང་རོ་འགྱེལ་བ་ལྷ་འདྲེས་ཧ་ཐོབ་བྱེད་པར་སྒོམ། ཡང་འགྲོ་དུས་ཕཊཿཀྱིས་མལ་ས་ཤཱཀྱ་ཐུབ་པ་བཞུགས་ནས་ལྷ་འདྲེར་ཆོས་གསུང་བར་མོས་ཚུར་ཕེབ་ཛཿཧཱུྃ་བཾ་ཧོ་ས་ཤཀ་ཐུབ་རང་ལ་ཐིམ་པར་བསམ། དེ་གནས་སྲུང་འགྲོ་བའི་ཆིང་ངོ་། །རྒྱུན་དུ་སྤྱི་བོར་བླ་མ་ཅིག་སྒོམ་རྣམ་ཤེས་བསྲེ་ཕུང་པོ་ལྷ་འདྲེར་འགྱེད་པ་འདི་གལ་ཆེ། གཅོད་པ་ཅི་ལྟར་ཞན་ཀྱང་འཕོ་བ་འདེབས་མི་དགོས་གསུངས་སོ། །སླར་སྨྲས་པ། རྒྱལ་བས་ལེགས་གསུངས་ཟབ་ཅིང་རྒྱ་ཆེ་མདོ་སྔགས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡོད་མོད་ཀྱང་། །གངས་རི་སེངྒེ་ནམ་མཁའ་རྔ་སྒྲ་དངོས་གྲུབ་ཆུ་མིག་རྟ་བཟང་སྤུ་མཚུངས་འདྲ་དཔེ་དྲུག །འཕོ་བ་ཚོགས་བསགས་སྟོན་མོ་རིམ་གྲོ་དགོན་པ་ཡོན་བདག་དམ་ཆོས་མན་ངག་ཟླ་མེད་བརྒྱད། །སྟོང་ཉིད་སྙིང་རྗེ་ཚོགས་གཉིས་རབ་རྫོགས་སྲིད་ཞི་གཉིས་སྤང་སྐུ་གཉིས་གདན་ཐོག་གཅིག་བྱེད་རྨད། །མདོ་ལུགས་སྔགས་ལུགས་ཟུངས་འཇུག་རྣམ་གྲངས་ཞེ་གཉིས་ཞེ་གཉིས་པོད་གྲངས་མཆིས། །བཀའ་མ་གཏེར་མ་རྒྱ་གཅོད་བོད་གཅོད་ཕོ་གཅོད་མོ་གཅོད་གཉིས་གཉིས་དང་། །ཕ་བརྒྱུད་མ་བརྒྱུད་སྲས་བརྒྱུད་སློབ་བརྒྱུད་དོན་བརྒྱུད་ཁྲིད་ཅན་ཁྲིད་མེད་རྣམས། །ཆུ་བརྒྱ་ཟམ་པ་གཅིག་འོག་འཛུད་ལྟར་མན་ངག་བསློབ་བརྒྱུད་འདི་འདྲ་མེད། །རིན་ཆེན་བརྒྱ་རྩ་ལྷན་ཅིག་བཞུས་ནས་ལུགས་སུ་བླུགས་པའི་མཆོད་སྡོང་བཞིན། །མཐོང་བས་ཡིད་འཕྲོག་ཐོས་པས་སེམས་གདུང་མྱོང་བས་རེ་བཀང་གཞུང་བཟང་ལ། །གསལ་བྱེད་རིན་ཆེན་ལྡེའུ་མིག་གསར་པས་ཇི་བཞིན་འབྱེད་པའི་ལེགས་བྱས་གང་། །གངས་རི་དུང་དང་པད་རྩ་ལྟར་དཀར་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་བཞིན་བྱིས་བློས་དཔོགས་པར་མི་ནུས་ཀྱང་། །ཉི་ཚེའི་བྲོ་གྲོས་ཀུ་ཤའི་རྩེར་བླངས་ཐིག་པའི་ཟེག་མ་ཕྲ་བ་ཡིས། །གཞན་གྱི་དྲི་མ་བཀྲུ་བར་མི་ནུས་རང་ངོར་ནག་ནོག་གསལ་བྱེད་འདི། །བླ་མ་མཁའ་འགྲོའི་བཀའ་ཆད་མི་འབྱུང་དངོས་གྲུབ་མཆོག་གི་དགའ་སྟོན་ཤོག །ཅེས་པ་འདི་ཡི་སྨིན་གྲོལ་གྱི་བརྒྱུད་པ་ཀཿཐོག་གདན་རབས་ནས། སྤྲང་པོ་བླ་མ་ཀུན་བཟང་འགྱུར་མེད་ནས་ཀཿསི་པཎྜི་ཏ་ཆོས་ཀྱི་རྒྱ་མཚོའི་མདུན་དང་། འཁྲུལ་ཞིག་ནམ་མཁའ་རྒྱ་མཚོའི་ལུང་བསྟན་པའི་གཅོད་ཀྱི་གྲུབ་ཐོབ་མི་དྲུག་ནས་བརྒྱུད་པ། ཨ་འཛོམ་རྡོ་རྗེ་འཆང་དང་། རྒྱལ་སྲས་འགྱུར་མེད་རྡོ་རྗེ་བཅས་ཀྱི་མདུན་ནས། སྐྱབས་མགོན་རིན་པོ་ཆེ་ཐུབ་བསྟན་པདྨ་དགྱེས་པ་གཞན་ཕན་ཆོས་ཀྱི་འོད་ཟེར་མི་འགྱུར་མཆོག་གྲུབ་རྩལ་གྱིས་ལན་གསུམ་གསན་ཤིང་། ཕྱིས་དམ་ཚིག་ཆགས་ཉམས་ལ་གཟོན་དབང་མ་གསུང་པ་ལོ་བཅུ་ཕྲག་བརྒལ་ཙམ་གྱུར་རུང་དགྱེས་པ་ཆེན་པོས་སྨིན་དབང་རྒྱས་པ་ཁྲིད་ལུང་བཅས་དཔེ་ཕྱག་ཁར་གང་བཞུགས་ཐོབ་ཅིང་། རྗེས་སུ་བསྟན་མཁས་ཡོན་ཏན་རྒྱ་མཚོའི་ཟ་མ་ཏོག་མཁན་རྒྱལ་མཚན་འོད་ཟེར་མདུན་ནས་འཕྲོས་རྣམས་མཁན་ཆེན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་མདུན་ནས་གསན་པ་ལྟར་ཐོབ་ཅིང་། ཕྱིས་འདི་ཡི་ལག་ལེན་གྱི་འགྲིགས་རིམ་བལྟས་ན་ཤེས་པ་ཞིག་བྲིས་ཞེས་ཆོས་སྤྱན་མཁྱེན་པའི་མིག་ལྡན་དྷརྨ་ཤྲཱིས་བསྐུལ་བ་དང་། དེའི་སྔོན་ཞིག་ན་སྤང་ལྗང་ཉམས་དགའ་བར་བྲག་དཀར་རྩེ་མཐོ་དགུང་ལ་རེག་པ་ཁྱོན་ཆེ་བའི་རྩེ་ཀུན་རལ་གྲི་དང་ཁ་ཏྲཾ་ལྟ་བུར་ཡོད་པའི་རྩེར་གཡའ་དག་པའི་ནམ་མཁར་འོད་ལྔའི་ཟླུམ་བསྐོར་གྱི་དཀྱིལ། སྤྲིན་དཀར་ལ་དབྱིབས་སུ་དོད་འདྲའི་ཕག་མོ་དཀར་མོ་གྲི་ཐོད་ཅན་ཕྱི་ནང་ཆེར་མི་སྒྲིབ་པ་ཞིག་རྨི་ལམ་ན་མཇལ་བ་དང་། ཕྱིས་འདིས་གཅོད་ཚོགས་བརྒྱ་རྩ་ཞག་ཉེར་ལྔ་ཙམ་ལ་བཏང་། ཟིན་ཐོ་འབྲི་རུང་མིན་གྱི་གསོལ་བ་བཏབ་ནས་རྨི་ལམ་བཏགས་པས། དེ་ནུབ་གུ་རུའི་ཁ་ཊྭཱྃ་ཡིན་ཟེར་བ་ཁམས་པའི་སྒྲུབ་ཆེན་གྱི་གུ་རུའི་སྐུ་སོབ་ན་ཡོད་པ་དེ་དང་འདྲ་སྙམས་ལ་གསེར་གྱི་ལྗིབ་བྱུག་ཅན། དར་སྣ་ལྔ་སོགས་སྔར་གྱི་མཛོད་དར་ལ་ཅུང་བགྲེས་ཉམས་ཅན་ལག་ཏུ་འབྱོར་བས་ཕྲག་ལ་བཀལ་ནས་དོགས་པོའི་འཕྲང་ལས་བརྒལ་ཏེ་ཁྱེར་བས་ཡངས་པའི་ཁྱམས་ཞིག་ན་སླེབས་པས། དེ་ན་དུང་གླིང་འཕན་ཡོ་བྱད་ཐོགས་པའི་སེར་སྦྲེང་པ་ཀུན་གྱི་བསུས་སོང་བར་ཁྱེར་བས་ཁ་ཊྭཱྃ་དེ་རྔ་སེར་པོ་ཡུ་བ་ཅན་ཞིག་གྱུར། དེ་ཁྱེར་བས་མི་མགོ་སྐམ་པོ་གསེར་མདོག་ཅན་ཆེ་བ། བརྡུང་ན་རྔ་ཡི་སྐད་ཡོད་སྙམས་པ་ཞིག་ཏུ་གྱུར་པ་རྨིས་པས། ཁ་ཊྭཱྃ་མཁའ་འགྲོའི་བརྡའ་ལ་འབྲི་རུང་བའི་ལྟས་བཟུང་ནས། འཁྲུལ་པ་ལ་ཡང་འཁྲུལ་གྱི་སྣོན་མ་བཏབ་ཏེ་གཞན་ལ་ཕན་འདོད་ཀྱི་ལྷག་བསམ་སྤུ་ཙམ་མེད་རུང་། རང་གི་རྒྱུད་ལ་སྦྱར་ཚེ་དཔེ་ཚོལ་སླ་བའི་ཕྱིར་རིག་འཛིན་བདུལ་འདུལ་རྡོ་རྗེའི་གདུང་བརྒྱུད་དུ་གྲགས་ཤིང་དཔལ་རྒྱལ་བ་ཀཿཐོག་པའི་བཀའ་དྲིན་གྱི་ཞོ་ཤས་ཐོབ་པའི་ཉག་ཤིས་བ་སྙིགས་མའི་སེར་གཟུགས་འདུ་གསུམ་པ། རྨོངས་པ་བ་གླང་སོ་ལྡན་ཁྱི་ཕག་ལྟ་བུའི་གདོལ་སྤྱོད་མཁན་ས་མནྟ་བྷ་དྲ་མ་ཏིས་ས་ཁྱི་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ལ་གཅོད་ཚོགས་ཞིག་བཏང་ནས་བྲིས་ཤིང་བྲག་དཀར་གླང་ཆེན་འདྲ་བའི་རྩེར་གྲུབ་པར་བྱས་པ། སོ་སྐྱེའི་མ་རྟོག་ལོག་རྟོག་གི་འཁྲུལ་བའི་རབ་རིབ་བླ་མ་མཁའ་འགྲོ་ཆོས་སྲུང་གི་སྤྱན་སྔར་བཤགས་པས་འདི་དང་གཏན་གྱི་སྒྲིབ་པར་མ་གྱུར་ཅིག །དགེ་བར་སྲིད་ན་འགྲོ་ཀུན་བདག་ལྟའི་འཁྲུལ་རྟོག་གཅོད་ནས་འཁྲུལ་མེད་ཤེས་རབ་ཕ་རོལ་ཏུ་ཕྱིན་མ་གདན་ཐོག་གཅིག་ཏུ་གྲུབ་པའི་རྒྱུ་གྱུར་ཅིག །མངྒ་ལཾ།། །།དགེའོ། །དགེའོ། །དགེའོ།། །།