ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ།
ཨ དྷི ཥྛི ཏ ནི དྷི ཀོ ཥ སྱ མུ ནི བི དྷི པ དྨ ག ར པ ཪྵ྄ིཎ དྷཱ རྨྨ བི ཧ ར ཏི སྨ། །
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ་ཞེས་བྱ་བ་བཞུགས་སོ། །
སྟོད་ཆ།
ན་མོ་གུ་རུ་མཉྫུ་ཤྲཱི་ཀུ་མཱ་ཱར་བྷཱུ་ཏཱ་ཡ། སངས་རྒྱས་ཀུན་དང་མཉམ་པ་ཉིད་བརྙེས་པ། །མཚུངས་མེད་སྟོན་པ་མཆོག་དེའི་ཡོན་ཏན་དང་། །བཀའ་དྲིན་དྲན་པས་དད་པའི་ཆུ་སྐྱེས་དག །ནམ་མཁའི་མུ་ཁྱུད་མཉམ་པར་འཕེལ་ཞིང་རྒྱས། །འདི་ན་ཉི་མའི་གཉེན་གྱི་བསྟན་པ་ལ། །ཆེད་ཆེར་འཛིན་པ་བསྐལ་བཟང་སྐྱེ་བོའི་ཚོགས། །དགའ་བའི་འཇུག་ངོག་པདྨ་དཀར་པོའི་ཚལ། །དུས་ཀྱིས་རྣམ་པར་བཞད་པ་འདི་ལ་ལྟོས། །འདིར་སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བར་འདོད་པས། རྒྱུ་མཚན་ཤེས་པའི་དད་པ་བརྟན་པོ་སྔོན་དུ་བཏང་ནས། སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་ཞི་ལྷག་གི་རྣལ་འབྱོར་ལ་བརྩོན་པས་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་པས་དེའི་ཚུལ་མདོ་ཙམ་བརྗོད་ན། དེ་ཡང་སྤྱིར་ཁམས་གསུམ་འཁོར་བའི་གནས་འདིར་ལས་ཉོན་གྱི་དབང་གིས་སྐྱེ་ཞིང་འཁོར་བའི་སེམས་ཅན་རྣམས་ནི་སྡུག་བསྔལ་གསུམ་གྱི་འཆིང་བ་དང་མ་བྲལ་བས་བདེ་བའི་གནས་མཐར་ཕྱིན་པ་མི་འཐོབ་ཅིང་འཁོར་བ་ན་འཁོར་བའི་ཚེ་རབས་བརྒྱུད་པ་མང་པོར་ཡང་སངས་རྒྱས་འབྱུང་བ་དང་ཆོས་ཐོས་པ་དང་དལ་བའི་རྟེན་ཐོབ་པ་རྣམས་ཤིན་ཏུ་བརྒྱ་ལམ་རེས་འགའ་ཙམ་ལས་རྙེད་པར་དཀའ་བ་ཡིན་ཀྱང་། བདག་ཅག་རྣམས་ནི་ད་ལན་གྱི་དུས་འདི་ལ་དལ་འབྱོར་གྱི་ལུས་རྟེན་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ་དུ་ཟིན་ན་ཡང་། སྙིགས་དུས་ཀྱི་ཚེ་ཤིན་ཏུ་ཐུང་ཞིང་། ནད་ལ་སོགས་པའི་སྡུག་བསྔལ་གྱི་འཚེ་བ་ཡང་མང་། ཉོན་མོངས་པའི་སྙིགས་མ་དྲག་པོས་མནར་ཏེ། སེམས་ལས་སུ་རུང་བ་དང་སངས་རྒྱས་ཀྱི་ཆོས་ལ་ཚུལ་བཞིན་ནན་ཏན་བྱེད་པ་ཡང་དཀོན། ཚེ་རབས་གཏན་སྲིད་ཀྱི་དོན་ཆེན་པོ་འབྱུང་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་དོན་ཡོད་པར་བགྱིད་མི་ནུས་པར། ཚེ་འདིའི་སོ་ཚིས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་གཡེང་བ་འབའ་ཞིག་གི་དབང་དུ་གྱུར་ཏེ་ཚེ་འདིའི་སྣང་བ་གློག་གི་ཟློས་གར་ལྟ་བུ་ལ་ཡིད་བརྟན་ཅི་ཡང་མེད་བཞིན། ཤིན་ཏུ་ཡུན་རིང་པའི་འདུ་ཤེས་དང་། རང་གི་ལུས་ཆུའི་ཆུ་བུར་ལྟ་བུ་སྙིང་པོ་མེད་པ་དང་། དགྲ་གཉེན་དང་ཡོ་བྱད་རྨི་ལམ་གྱི་སྣང་བ་ལྟ་བུ་ལེགས་པར་བརྟགས་ན་ཅིས་ཀྱང་སྙིང་པོ་མེད་པ་མི་བརྟན་པ། ངེས་པ་མེད་པ། འགྱེས་པའི་ཆོས་ཅན། འཇིག་པའི་ཆོས་ཅན། སླུ་བའི་ཆོས་ཅན། སྡུག་བསྔལ་ཉེ་བར་ལེན་པའི་ཆོས་ཅན་ཡིད་རྟོན་ཤིན་ཏུ་མི་རུང་བར་གནས་ཀྱང་། དེ་ལྟར་མི་ཤེས་པར་བདེ་བ་དང་རྟག་པའི་འདུ་ཤེས་ཀྱིས་བསླུས་ཏེ། དལ་འབྱོར་ཆུད་གཟན་ཞིང་། སྡིག་པ་དང་སྡུག་བསྔལ་གྱི་བྲེལ་བ་རྒྱུན་མར་མྱོང་བའི་བར་སྐབས་ཞིག་ཏུ་ཅིས་ཀྱང་བཟློག་ཏུ་མེད་པའི་འཆི་བ་ཀླད་པར་གནམ་ལྕགས་བབ་པ་ལྟ་བུས་འཇོམས་པར་མི་འགྱུར་བ་གང་ཡང་མེད་ཅིང་། འཆི་བ་དེའང་མི་འདོད་བཞིན་དུ་ནམ་འབྱུང་གི་ཆ་ཅི་ཡང་མ་མཆིས་ལ། ཤི་བའི་རྗེས་སུ་ལས་དཀར་ནག་གི་འཕེན་པ་ཇི་ཡོད་པ་དང་མཐུན་པར་མཐོ་རིས་དང་ངན་སོང་གང་རུང་དུ་སྐྱེ་བར་ངེས་ཤིང་། དེ་ཡང་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་འདི་ལས་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་སུ་ཡང་འདའ་མི་ནུས་ཏེ། དགྲ་བཅོམ་པ་སྲིད་པ་ཐ་མ་པ་རྣམས་ཀྱང་སྔོན་གྱི་ལས་ཀྱི་ལྷག་མ་རང་གིར་མཛད་དགོས་ན་ཕལ་བས་ལྟ་ཅི་སྨོས། དེས་ན་ལས་དཀར་ནག་གི་འབྲས་བུ་བདེ་སྡུག་བསླུ་བ་མེད་པར་སྨིན་པར་ངེས་ལ། སེམས་ཅན་ལས་ཉོན་གྱི་གཞན་དབང་ཅན་ཕལ་མོ་ཆེས། དགེ་བའི་ལས་ནི་བགྱིད་པ་ཉུང་། མི་དགེ་བའི་ལས་ནི་མང་པོ་ཞིག་ངང་གིས་འགྲུབ་པས་ངན་སོང་གསུམ་དུ་གཞོལ་བ་མང་ངོ་། །དེ་ཡང་ངན་སོང་དུ་སྐྱེས་ན་དམྱལ་བར་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་ཞིང་ཤིན་ཏུ་ཡུན་རིང་བས་མནར་བ་དང་། ཡི་དྭགས་ན་བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་རྒྱ་ཆེན་པོ་དང་། དུད་འགྲོ་རྣམས་བླུན་རྨོངས་དང་གཅིག་ལ་གཅིག་ཟ་བ་དང་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འཁྲུགས་པ་ཡིན་པས། ད་ལྟ་མཐོ་རིས་མིའི་གནས་ན་ཉིན་གཅིག་གི་ཚ་གྲང་ངལ་དུབ་བཀྲེས་སྐོམ་དག་ཀྱང་མི་བཟོད་པ་རྣམས། གནས་དེར་སྐྱེས་ན་སྡུག་བསྔལ་ཅི་ལྟར་བཟོད། མི་བཟོད་དུ་ཟིན་ཀྱང་ལས་མ་ཟད་པའི་བར་དུ་གནས་གཞན་དུ་འཕོ་བའི་གོ་སྐབས་མི་རྙེད་པའི་ཕྱིར་ན་ཤིན་ཏུ་སྐྲག་པའི་གནས་ཡིན་ཀྱང་། ད་ལྟ་ནས་བསམ་གཞིག་བྱེད་པ་ནི་ཉུང་། གལ་ཏེ་མཐོ་རིས་སུ་སྐྱེས་ན་ཡང་། མི་ལ་སྐྱེ་རྒ་ན་འཆི། འདོད་པས་ཕོངས་པ། མི་འདོད་པ་ཐོག་ཏུ་བབ་པ་སོགས་སྡུག་བསྔལ་མང་ལ། ལྷ་མིན་ལ་འཐབ་རྩོད་དང་། ལྷ་ལ་འཆི་འཕོ་ལྟུང་བས་མཚོན་ཏེ། ཁམས་གསུམ་གྱི་གནས་རིས་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་རང་དབང་མེད་པར་ཟིལ་གྱིས་མནན་པ་འཁོར་བའི་གནས་མེའི་འོབས་དང་སྲིན་མོའི་གླིང་ལྟ་བུ་འདིར་ཡང་ནས་ཡང་དུ་ཐོག་མ་དང་ཐ་མ་མེད་པར་འགལ་མེའི་འཁོར་ལོ་ལྟར་འཁོར་བའི་སེམས་ཅན་རྣམས་ནི། གནས་དེ་ལས་ཐར་པ་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་མ་གཏོགས་པའི་སྐྱབས་གཞན་མེད་པར་བློས་ཁོ་ཐག་བཅད་དེ། སངས་རྒྱས་རྗེས་སུ་དྲན་པ་སོགས་ལ་བརྩོན་པ་ནི་ཤིན་ཏུ་དོན་ཆེ་བའི་ཕྱིར་ན་ཐོག་མར་སངས་རྒྱས་ལ་དད་པའི་འདུ་ཤེས་བསྒོམ་པར་བྱ་སྟེ། འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བ་ནི། སྔོན་བསྐལ་པ་གྲངས་མེད་པ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསྐྱེད་པའི་དོན་བཞིན་རྫོགས་སྨིན་སྦྱངས་པ་ཚད་མེད་པའི་མཐར་ཕྱིན་ཏེ། སྒྲིབ་པ་མཐའ་དག་དང་བྲལ་བའི་ཡེ་ཤེས་ཆེན་པོའི་སྐུ་སེམས་ཅན་ཐམས་ཅད་ཀྱི་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྐྱབས་དང་མགོན་དང་དཔུང་གཉེན་གྱི་དམ་པར་གྱུར་པ། སྟོབས་བཅུ་དང་མི་འཇིགས་པ་སོགས་ཟག་མེད་ཀྱི་ཆོས་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་སྐུ་བརྙེས་པ། དུས་གསུམ་གྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཅན། ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་གི་དབྱངས་ཚད་མེད་པས་མཐའ་ཡས་པའི་འཇིག་རྟེན་ཀུན་དུ་ཆོས་ཀྱི་སྣང་བ་སྟོན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པའིི་སྐུ་མཐོང་ན་མི་མཐུན་པ་མེད་པ་ལྷ་དང་བཅས་པའི་འཇིག་རྟེན་ན་ཉི་མ་བཞིན་དུ་ལྷང་ངེ་ལྷན་ནེ་ལྷམ་མེར་གསལ་བ་གང་གི། བ་སྤུའི་བུ་ག་གཅིག་དང་འོད་ཟེར་གཅིག་གི་ཡོན་ཏན་ཀྱང་། ཞིང་རབ་འབྱམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྐལ་པ་རྒྱ་མཚོར་བརྗོད་ཀྱང་ཟད་མི་ནུས་ན་ཡོན་ཏན་མཐའ་དག་ལྟ་ཅི་སྨོས། དེས་ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཆོག་གི་བདག་ཉིད་དེ་ལྟ་བུ་སྐུ་དངོས་སུ་མཐོང་བ་དང་གསུང་ཐོས་པ་དང་རྩེ་གཅིག་ཏུ་དྲན་པ་དང་དྲུང་དུ་བསྙེན་ཅིང་མཆོད་པ་ལྟ་ཅི་སྨོས་ཀྱི། ཐ་ན་སྐུ་གཟུགས་རི་མོར་བྲིས་པ་ཙམ་མཐོང་བ་དང་། མཚན་གྱི་སྒྲ་རྣ་བའི་ལམ་དུ་ཐོས་པ་དག་ཀྱང་མཐར་གྱིས་བྱང་ཆུབ་ལ་གཞོལ་བའི་ས་བོན་མི་ཟད་པར་འགྱུར་ཞིང་། དེའི་བར་དུ་བདེ་འགྲོའི་བདེ་བ་སྣ་ཚོགས་མྱོང་བའི་རྒྱུར་འགྱུར་ཏེ། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ཙམ་ནམ་མཁར་དོར་བ་དང་། སངས་རྒྱས་ལ་དམིགས་ནས་སེམས་དྭངས་བ་གཅིག་བསྐྱེད་པ་དང་། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་ཀྱང་སངས་རྒྱས་ལ་དམིགས་པའི་དྲན་པ་ཙམ་རྙེད་པ་དེ་དག་དགེ་བའི་རྩ་བ་དེའི་འབྲས་བུ་མྱང་ན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པར་རང་སྨྲའོ་ཞེས་དང་། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྒྱུན་ཞུགས་དང་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ་དག་གིས་འབྲས་ཀྱི་ཞིང་སྟུག་པོ་ལ་སོགས་པ་བཞིན་དུ་གང་བར་གྱུར་པ་དེ་ལ། རིགས་ཀྱི་བུའམ་བུ་མོ་གང་གིས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བསྟི་སྟང་དང་རིམ་གྲོར་བྱས་ཏེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་དེས་དེ་བཞིན་གཤེགས་པ་ལ་ཐལ་མོ་ལན་གཅིག་སྦྱར་ཏེ་ཕྱག་འཚལ་ལོ་ཞེས་ལན་གཅིག་སྨྲས་པའི་བསོད་ནམས་དེའི་བརྒྱ་སྟོང་འབུམ་གྱི་ཆ་དང་གྲངས་དང་བགྲང་བར་ཡང་མི་ནུས་པར་གསུངས་པ་དང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དགྲ་བཅོམ་པས་གང་བ་ལྟ་ཞོག་གི། རང་སངས་རྒྱས་ཀྱིས་དེ་ལྟར་གང་བ་ལ་གོང་བཞིན་བསྙེན་བཀུར་བྱས་ཏེ། རང་སངས་རྒྱས་དེ་དག་མྱ་ང ན་ལས་འདས་པའི་མཆོད་རྟེན་རིན་ཆེན་སྣ་བདུན་ལས་བྱས་ཏེ། ཇི་སྲིད་འཚོའི་བར་དུ་མེ་ཏོག་དང་བདུག་པ་དང་ཕྲེང་བ་ལ་སོགས་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱས་པ་དེ་བས། སངས་རྒྱས་ལ་སེམས་བསྐྱེད་པ་གཅིག་ཙམ་གྱི་སེམས་དྭངས་བས་རྗེས་སུ་དྲན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ལ་དད་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་ཅེས་ཚིག་ཏུ་སྨྲ་བ་ཙམ་གྱི་བསོད་ནམས་ཆེས་འཕགས་ཏེ། དཔེ་དང་རྒྱུ་ཙམ་དུ་འགྲན་དུ་མེད་པར་གསུངས་པ་དང་། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱམས་པ་དང་སྙིང་རྗེ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཐམས་ཅད་དཔག་ཏུ་མེད་པས་སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་ལ་དད་པའི་རྣམ་པར་སྨིན་པ་ཡང་བསམ་གྱིས་མི་ཁྱབ་པར་གསུངས་པ་དང་། ཡང་སེམས་ཅན་གང་དག་སངས་རྒྱས་ཀྱི་གསུང་ཐོས་སམ། མཚན་གྱི་སྒྲ་ཐོས་པ་དེ་ཡང་དེ་དག་ལ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་དོན་མེད་པར་མི་འགྱུར་རོ་ཞེས་དང་། སྔོན་གྱི་དུས་ན་ཚོང་པའི་ཚོགས་མང་པོ་རྒྱ་མཚོར་ཞུགས་པ་མཚོའི་དབུས་སུ་གྲུ་ཆུ་སྲིན་གྱིས་ཟིན་པར་གྱུར་པ་ན་ཚོང་པ་དེ་དག་སྐྲག་ཅིང་སྨྲེ་སྔགས་སྣ་ཚོགས་འདོན་པ་དང་ལྷ་སྣ་ཚོགས་ལ་ཕྱག་འཚལ་ཞིང་འབོད་དོ། །དེའི་ཚེ་ན་དེད་དཔོན་མཁས་པ་དཀོན་མཆོག་གསུམ་ལ་དད་ཅིང་ལྷ་གཞན་སྐྱབས་སུ་མི་འཛིན་པ་དེས་ཚོང་པའི་ཚོགས་དེ་དག་ལ་དབུགས་དབྱུང་ཞིང་ཞེ་ས་དང་བཅས་ཏེ། སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་ཚོང་པ་དེ་དག་ལྷན་ཅིག་ཏུ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་པའི་སྒྲ་ཆེན་པོ་ཕྱུང་བ་དང་། སྒྲ་དེ་ཆུ་སྲིན་དེས་ཐོས་ནས་དགའ་བ་དང་མི་འཚེ་བའི་སེམས་སུ་གྱུར་ཏེ་ཁ་སླར་བཙུམ་ནས་ཚོང་པ་རྣམས་བདེ་བར་དོན་གྲུབ་སྟེ་སླར་འཛམ་བུའི་གླིང་དུ་སླེབས་སོ། །ཆུ་སྲིན་དེ་ཡང་སངས་རྒྱས་ཀྱི་སྒྲ་དེ་ཐོས་པས་བདེ་བ་མྱོང་ཞིང་ཕྱིན་ཆད་སྲོག་ཆགས་མ་ཟོས་པས་འཆི་བའི་དུས་བྱས་པའི་དེ་མ་ཐག་ཏུ་མིར་སྐྱེས་ཏེ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པས་རབ་ཏུ་བྱུང་ནས་དགེ་བའི་བཤེས་གཉེན་བསྟེན་ཅིང་བསྙེན་བཀུར་བྱས་པས་དགྲ་བཅོམ་པ་ཐོབ་སྟེ་མངོན་པར་ཤེས་པ་དྲུག་མངོན་དུ་བྱས་ནས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ལྟར་དུད་འགྲོའི་སྐྱེ་གནས་སུ་སོང་བས་སངས་རྒྱས་ཀྱི་སྒྲ་ཐོས་པ་དེས་མིར་གྱུར་ནས་མྱ་ངན་འདས་པའི་འབྲས་བུ་ཐོབ་པ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ཐོས་པ་དང་བརྗོད་པ་དེ་ལྟར་མཐུ་དང་རྫུ་འཕྲུལ་ཆེའོ་ཞེས་གསུངས་པ་དང་། དེ་ལྟར་སངས་རྒྱས་ཀྱི་མཚན་ཐོས་པ་སོགས་དགེ་བའི་རྩ་བ་དེ་དག་ཀྱང་། རང་གི་སེམས་ཀྱི་འདུན་པའི་དབང་གིས་ཁ་ཅིག་ལ་ཉན་རང་གི་བྱང་ཆུབ་ཉི་ཚེ་བ་དང་། ཁ་ཅིག་ལ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་བར་གསུངས་པ་དང་། ཡང་འདི་སྐད་དུ། ཀུན་དགའ་བོ་ང་ནི་སེམས་ཅན་ཆུད་ཟོས་པ་རྣམས་ཀྱི་སྐྱབས་སོ། །མགོན་ནོ། །དཔུང་གཉེན་ནོ། །ཞེས་སོགས་དང་། ང་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྟོན་པའོ། །འཆོས་པ་པོའོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཕྱི་མའི་དུས་ཟད་པའི་དུས། དམ་པའི་ཆོས་འཇིགས་པར་འགྱུར་བའི་དུས་ན་གང་དག་ངའི་བསྟན་པ་འདི་ལ་རབ་ཏུ་འབྱུང་བར་འགྱུར་བ་དག་རབ་ཏུ་བྱུང་ནས་བུའི་ལག་པ་ནས་བཟུང་སྟེ། བུ་དང་ལྷན་ཅིག་ཏུ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་དུ་འཁྱམས་པ། ངའི་དམ་པའི་ཆོས་འདིའི་རྗེས་སུ་སློབ་པ་དེ་དག་ཐམས་ཅད་ཀྱང་ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་དང་། ཅི་ལྟ་བུའི་དགེ་སྦྱོང་ལྟར་བཅོས་པ་མ་རུངས་པ་རྣམས་ཀྱང་བསྐལ་པ་འདིའི་སངས་རྒྱས་ཀྱི་བསྟན་པ་ལ་མྱ་ངན་ལས་འདས་པ་ཐོབ་སྟེ། དགེ་སློང་གཅིག་ཀྱང་ལྷག་མར་མི་ལུས་ཏེ། དེ་ཅིའི་ཕྱིར་ན། འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་རྟོགས་ཤིང་རྗེས་སུ་རྟོགས་པ་ལ་སེམས་དྭང་བ་གཅིག་སྐྱེད་པ་དང་ཕྱག་འཚལ་ལོ། །ཞེས་ལན་གཅིག་བརྗོད་པ་ཚུན་ཆད་མྱ་ངན་འདས་པའི་མཐར་ཐུག་པར་འགྱུར་རོ། །ཞེས་དང་། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །དེ་ཡི་རྣམ་སྨིན་བསམ་མི་ཁྱབ། །ཞེས་སོགས་དང་། སངས་རྒྱས་ལ་བསྐྱེད་པའི་དགེ་རྩ་ཆུད་མི་ཟ་བའི་དཔེར། ཆུའི་ཐིགས་པ་ཕྲ་མོ་རྒྱ་མཚོར་ལྷུང་བ་མི་ཟད་པའི་དཔེའི་ཚུལ་དུ་སངས་རྒྱས་ལ་དམིགས་པའི་སེམས་གཅིག་བསྐྱེད་པ་ཙམ་ཡང་ནམ་ཡང་ཆུད་མི་ཟ་སྟེ། སེམས་ཅན་དེ་དག་སྔོན་གྱི་ལས་ཀྱིས་ངན་སོང་ངན་འགྲོར་ལྷུང་དུ་ཟིན་ཀྱང་། སྔར་སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དེ་ཁོ་ན་སངས་རྒྱས་འཇིག་རྟེན་དུ་བྱུང་བ་རྣམས་ཀྱིས་གཟིགས་ནས་དེ་ལོག་པར་ལྟུང་བ་ལས་ཐར་བར་བྱས་ཏེ། དགེ་བའི་རྩ་བ་དེ་དྲན་པར་བྱེད་ཅིང་མྱ་ངན་འདས་པ་འཐོབ་པར་བྱེད་པའི་ཚུལ་གསུངས་ཤིང་། ཡང་ཀུན་དགའ་བོ་ང་ལྟ་བུ་ལ་དགེ་བའི་རྩ་བ་ཇི་ཙམ་ཆུང་ངུ་བྱས་པ་ཡང་ཆུད་མི་ཟ་ཞིང་སེམས་གཅིག་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་ང་སྨྲའོ། །ཞེས་གསུངས་ཤིང་། དེའི་དཔེར་མཆིལ་པས་ཟིན་པའི་ཉ་དེ་ཆུའི་ནང་ན་འདུག་ཀྱང་སྐམ་ལ་འདོན་ངེས་པ་ལྟར། སངས་རྒྱས་ལ་དགེ་རྩ་བསྐྱེད་པ་དེ་དག་སྔོན་གྱི་ཉེས་པས་ལོག་པར་ལྟུང་བའི་གནས་སུ་སྐྱེས་ཀྱང་། དགེ་བའི་རྩ་བ་དེ་སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་པའི་ཚེ་ཡེ་ཤེས་སྒྲིབ་པ་མེད་པས་གཟིགས་ནས་ལོག་པར་ལྟུང་བ་དེ་ལས་འདོན་ཅིང་ཐར་པའི་འབྲས་བུ་ལ་བཞག་པར་འགྱུར་པ་དང་། གལ་ཏེ་སངས་རྒྱས་ལ་ཡོན་ཕུལ་བ་སོགས་ཀྱིས་སེམས་ཅན་འཁོར་བར་གཅིག་ཏུ་ཆགས་པ་དག་གིས་ཀྱང་མྱ་ངན་ལས་འདས་པ་ལ་སྨོན་པ་མི་བྱེད་དུ་ཟིན་ཀྱང་། དེ་དག་མྱ་ངན་ལས་མི་འདའ་བའི་གནས་མེད་དེ། ཡུལ་སངས་རྒྱས་བཅོམ་ལྡན་འདས་ཉིད་བླ་ན་མེད་པའི་ཞིང་ཡིན་པས། ཇི་ལྟར་ཞིང་ས་བཟང་པོ་ལ་ལོ་ཐོག་བཏབ་སྟེ། ས་བོན་ཁྱོད་མ་སྐྱེ་ཞིག་ཅེས་བརྗོད་ན་ཡང་སྐྱེ་བ་དཔེར་བྱས་ཏེ་གསུངས་པ་དང་། མ་འོངས་པའི་དུས་ན་རྒྱལ་པོ་སྡིག་སྤྱོད་དང་ཀླ་ཀློ་དག་འབྱུང་བར་འགྱུར་ཏེ། དེ་དག་གི་ཕྱོགས་སུ་གཏོགས་པའི་སྐྱེ་བོ་སྣ་ཚོགས་པ་དག་གིས་སངས་རྒྱས་ཀྱི་ཆོས་དང་སངས་རྒྱས་ཀྱི་ཡོན་ཏན་མི་ཤེས་སུ་ཟིན་ཀྱང་དེ་བཞིན་གཤེགས་པའི་མཆོད་རྟེན་དང་། སྐུ་གཟུགས་མཐོང་ནས་སེམས་དྭངས་བར་གྱུར་པ་དེ་དག་སྔོན་སངས་རྒྱས་ཀྱིས་བསྡུ་བའི་དངོས་པོ་བཞིས་བསྡུ་བར་བྱས་པའི་འབྲེལ་པ་ལས་དེ་དག་སེམས་དྭངས་བ་རྙེད་དོ། །སེམས་དྭངས་བའི་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པར་འགྱུར་བར་གསུངས་པ་དང་། དེ་བཞིན་གཤེགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་དེ་བཞིན་གཤེགས་པ་ཚད་མེད་པ་མཆོད་པ་དང་དགེ་བའི་བཤེས་གཉེན་བསྟེན་ནས་བཀའ་བཞིན་བྱས་པ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོས་བསྡུས་པ་དང་། དགེ་བའི་རྩ་བ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་མཐར་ཕྱིན་པར་མཛད་པའི་སྟོབས་ཀྱིས་རྡོ་རྗེ་ལྟ་བུའི་སྐུ་མི་ཕྱེད་པ་བརྙེས་པའི་ཕྱིར། རིའི་རྒྱལ་པོ་རི་རབ་དང་ཁོར་ཡུག་ཆེན་པོ་དེ་དག་རྡོ་རྗེ་ལྟར་སྲ་བར་གྱུར་དུ་ཟིན་ཀྱང་དེས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དབུ་སྐྲ་གཅིག་ཀྱང་སྣད་པ་ཙམ་དང་དབྱུང་བ་ཙམ་ཡང་མི་ནུས་མོད་ཀྱི། དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་དང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྐུ་གདུང་རྣམས་ཡུངས་འབྲུ་ཙམ་དུ་བྱིན་གྱིས་བརླབས་ཏེ། དེས་འདུལ་བའི་སེམས་ཅན་རྣམས་ཀྱི་དོན་བྱེད་ལ། གང་རིང་བསྲེལ་དེ་དག་མཆོད་ཅིང་བསྟི་སྟང་བྱེད་པ་དེ་དག་ཀྱང་མྱ་ངན་ལས་འདས་པའི་འབྲས་བུར་འགྱུར་བར་གསུངས་ཞིང་། ཡང་སངས་རྒྱས་དངོས་སུ་བཞུགས་པ་ལ་བསྟི་སྟང་བྱེད་པ་དང་སྐུ་གདུང་ལ་མཆོད་པ་བྱེད་པ་ལྟ་ཞོག་གི། གང་དག་ཅིག་ཐ་ན་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་སེམས་དང་བར་བྱེད་ན་དགེ་བའི་རྩ་བ་དེས་ཀྱང་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །ཞེས་དང་། གཞན་ཡང་སངས་རྒྱས་ལ་ཡོན་ཕུལ་བ་ནི་ཡོངས་སུ་ཟད་པ་དང་མཐར་གྱུར་པ་མེད་དེ། སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁར་དོར་ན་དེའི་དགེ་བའི་རྩ་བ་དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཚད་བཟུང་བའམ་བསྟན་པར་སླ་བ་མ་ཡིན་ཏེ། ཡོངས་སུ་བརྟག་པ་བཟུང་ན། སེམས་ཅན་དེ་སྔོན་གྱི་མཐའ་མི་མངོན་པའི་བསྐལ་པ་དེ་སྙེད་དུ་འཁོར་བ་ན་འཁོར་ཞིང་རྒྱུ་ཡང་། དགེ་རྩ་དེའི་རྣམ་སྨིན་ཚངས་པའམ་བརྒྱ་བྱིན་ནམ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱིས་མཐར་ཕྱིན་པ་སླ་བ་མ་ཡིན་གྱི། མྱ་ངན་ལས་འདས་པ་ལ་གཞོལ་ཞིང་མཐར་མྱ་ངན་འདའ་བར་འགྱུར་བའི་ཚུལ་དེས་ན། རིགས་ཀྱི་བུའམ་བུ་མོ་འཁོར་ལོས་སྒྱུར་བའམ་ཚངས་པའམ་བརྒྱ་བྱིན་ནམ། རྒྱལ་ཆེན་བཞིའམ། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་ཐོབ་པར་འདོད་པའམ། ཉན་ཐོས་དང་རང་སངས་རྒྱས་དང་། བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འདོད་པ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟི་སྟང་དང་རིམ་གྲོ་དང་མཆོད་པར་བྱའོ། །ཞེས་དང་། ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ང་བྱང་ཆུབ་ཐོབ་པའི་ཡོན་ཏན་གྱི་ཕན་ཡོན་ལྟ་ཞོག་ལ། ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡོན་ཏན་གྱི་ཆོས་རྣམས་བྱུང་བ་དེ་ནི་ཉན་རང་རྣམས་ལ་ཡང་མེད་ན་དེ་ལས་གཞན་པའི་སེམས་ཅན་རྣམས་ལ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྒྱལ་སྲིད་དང་བུ་དང་བུ་མོ་དང་ཆུང་མ་དང་བདག་གི་སྲོག་དང་ཤ་དང་རུས་པ་སོགས་བཏང་བའི་སྡུག་བསྔལ་མི་བཟད་པ་དུ་མ་བརྗོད་པས་ཡིད་ཆེས་པར་དཀའ་བ་དེ་དག་ཐམས་ཅད་སེམས་ཅན་ཁྱེད་ག ཅིག་གི་དོན་དུ་ཡིན་ལ། དེ་ལྟ་བུ་ཐོས་ནས་དེ་བཞིན་གཤེགས་པ་དེས་བདག་ཅག་གི་ཕྱིར་རབ་ཏུ་དཀའ་བ་སྤྱད་དོ་ཞེས་གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་དག་ཚིག་བཞི་པ་གཅིག་གིས་སྙིང་རྗེ་སྐྱེད་ན་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་དང་། དེ་བཞིན་གཤེགས་པ་ནི་རིགས་དང་རུས་དང་གཟུགས་དང་མཚན་དང་དཔེ་བྱད་དང་སྟོབས་དང་མི་འཇིགས་པ་དང་། སྔོན་བྱང་ཆུབ་སེམས་དཔའི་དུས་ཀྱི་སྦྱོར་བ་ཕུན་སུམ་ཚོགས་པ་དང་། སྨོན་ལམ་དང་ཕར་ཕྱིན་དང་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། བྱམས་པ་ཆེན་པོ་སོགས་དང་སྤྱོད་ལམ་སོགས་ཀྱི་སྒོ་ནས་ཀྱང་རྗེས་སུ་དྲན་པར་བྱས་ན། རྣམ་པ་དེ་དང་དེ་དག་གིས་རྫུ་འཕྲུལ་ཆེ་གཟི་བརྗིད་ཆེ་རྒྱ་ཆེ་བདུད་རྩི་དང་མཚུངས་ཏེ། བདུད་རྩིས་ཀླས་ཤིང་བདུད་རྩིས་མཐས་གཏུགས་པར་འགྱུར་རོ། །སྐྱེས་པ་ཐམས་ཅད་འཆི་བ་དང་། འདུ་བྱེད་ཐམས་ཅད་མི་རྟག་པས་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ལ་བག་ཡོད་པར་གྱིས་ཤིག །ཅེས་དང་། ཀུན་དགའ་བོ་དེ་བཞིན་གཤེགས་པ་རྗེས་སུ་དྲན་ནས། ཤུགས་རིང་འབྱིན་པ་དང་། སྤུ་ཟིང་ཞེས་བྱེད་པ་དང་། ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱིན་པའི་སེམས་ཅན་དེ་དག་ནི་ལོག་པར་ལྟུང་བ་ཐམས་ཅད་དུ་མི་འགྲོའོ། །དེ་བས་ན་བག་ཡོད་པ་ལ་བརྩོན་པར་གྱིས་ཤིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང་། དེ་ལས་གཞན་པའི་དགེ་རྩ་ཐམས་ཅད་བག་ཡོད་པས་ཐོབ་བོ་ཞེས་གསུངས་ཤིང་། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། ཇི་ལྟར་འཇིག་རྟེན་སྒྲོན་མ་རྣམས། །འདས་ནས་བསྐལ་པ་དུ་མ་ན། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དཔའ་བོ་ཆེན་པོ་འདི་ན་བཞུགས། །ཞེས་དང་། ཟླ་བའི་དཀྱིལ་འཁོར་ཇི་འདྲ་དང་། །དེ་བཞིན་སྒྱུ་མ་བྱེད་པ་འདྲ། །འོང་བ་དང་ནི་འགྲོ་བ་ཡང་། །དེ་བཞིན་གཤེགས་པ་སྟོན་པར་མཛད། །མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་བསྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་འཐོབ་པར་འགྱུར། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །དམ་པའི་ཆོས་ནི་མཉན་པ་དང་། །མཆོད་ཅིང་འཛིན་པའང་དེ་བཞིན་ཏེ། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། མདོ་གཞན་ལས་གསུངས་པའི་དོན། །སེམས་ཅན་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །དགེ་བསྙེན་གཅིག་ལ་ཟན་གཅིག་བྱིན། །དེ་བས་བསོད་ནམས་གྲངས་མེད་བསྐྱེད། །དགེ་སློང་དད་པའི་རྗེས་འབྲང་དང་། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རང་རྒྱལ་བར་དུ་སྦྱར། །ལ་ལས་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །རང་རྒྱལ་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །གང་གིས་སངས་རྒྱས་སྒྲ་ཐོས་སམ། །སངས་རྒྱས་སྐུ་གཟུགས་བྲིས་པའམ། །འཇིམ་པ་ལས་བྱས་མཐོང་བ་ཡང་། །དེ་བས་བསོད་ནམས་ཆེས་ལྷག་ན། །སྐུ་མཐོང་ཐལ་མོ་སྦྱར་བའམ། །བསྔགས་པ་ཚིག་གཅིག་ཙམ་བརྗོད་དམ། །མཆོད་པ་བྱེད་པ་ལྟ་ཅི་སྨོས། །གང་གིས་སངས་རྒྱས་མཚན་བཟུང་སྟེ། །ཡིད་ཆེས་མོས་ཤིང་མི་སྤོང་ན། །ཞིང་བཅུ་རིན་པོ་ཆེ་ཡིས་བཀང་། །སངས་རྒྱས་རྣམས་ལ་ཉིན་རེ་བཞིན། །ཕུལ་བའི་དགེ་བས་དཔེར་མི་ཕོད། །གཞན་ཡང་མཚན་ཙམ་བཟུང་བ་ལའང་། །ཚེ་འདི་ཉིད་དང་ཕྱི་མར་ཡང་། །ཕན་ཡོན་མཐའ་ཡས་གསུངས་གྱུར་ན། །རྒྱལ་བའི་བསྔགས་པ་འདི་ལྟ་བུ། །ཀློག་དང་ཡིད་ཆེས་སྨོས་ཅི་དགོས། །ཞེས་དང་། འདུལ་བ་གཞིའི་ལུང་ལས། གང་དག་དེ་བཞིན་གཤེགས་རྒྱལ་ལ། །བྱ་བ་ཅུང་ཟད་བྱེད་ནའང་དེ། །མཐོ་རིས་སྣ་ཚོགས་བགྲོད་ནས་ནི། །བདུད་རྩིའི་གོ་འཕང་འཐོབ་པར་འགྱུར། །ཞེས་དང་། མདོ་སྔེ་བསྐལ་པ་བཟང་པོ་ལས། ནམ་མཁའ་དག་ནི་ཚད་དག་བཟུང་བ་དང་། །རྒྱ་མཚོ་ཆེན་པོ་མཐར་གྱིས་བགྲང་ནུས་ཀྱི། །སངས་རྒྱས་དག་ལ་དད་པ་ཤས་ཙམ་གྱི། །བསོད་ནམས་ཚད་བཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་མྱ་ངན་འདས་དེ་མ་རེག་པར། །དེ་སྲིད་མི་ཁོམས་སྡུག་བསྔལ་མྱོང་མི་འགྱུར། །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མི་ཡིས་བཀུར་སྟི་མཆོད་པ་གྱིས། །ཞེས་གསུངས་ཤིང་། ངེས་པ་དང་མ་ངེས་པ་ལ་འགྲོ་བའི་ཕྱག་རྒྱ་ལ་འཇུག་པའི་མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ལ། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པའི་ཁང་བཟང་ནོར་བུ་རིན་ཆེན་གློག་གི་སྒྲོན་མ་སོགས་ཀྱིས་རྒྱན་དང་མེ་ཏོག་དང་། སྤོས་སྣ་ཚོགས་དང་ལྡན་པའི་གནས་འབུལ་ཞིང་། ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང་ལྷའི་གོས་རྣམས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་པ་པས། གཞན་གང་གིས་སངས་རྒྱས་ཞེས་སམ། འཇིག་རྟེན་མགོན་པོ་ཞེས་དང་། ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་ཐོས་སམ། རི་མོར་བྲིས་པ་མཐོང་ངམ། གཟུགས་སུ་བྱས་པ་མཐོང་ན་འདི་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་པར་འགྱུར་ན། གང་སོར་བཅུའི་ཐལ་མོ་སྦྱར་བ་དང་། བདུག་སྤོས་དང་། མེ་ཏོག་དང་། མར་མེ་འབུལ་བ་ལྟ་ཅི་སྨོས། ཐ་ན་དེའི་ཡོན་ཏན་ལ་བསྔགས་པ་གཅིག་ཙམ་བརྗོད་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ལོངས་སྤྱོད་ཆེན་པོ་འགྲུབ་པར་བྱེད་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །ཆུའི་ཐིགས་པ་ཆུང་ངུ་རྒྱ་མཚོར་སོང་བ་བསྐལ་པའི་མེ་མ་བྱུང་གི་བར་དུ་མི་ཟད་པ་དེ་བཞིན་དུ། སངས་རྒྱས་ལ་བསྐྱེད་པའི་དགེ་རྩ་ཇི་ལྟར་ཆུང་བ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་མཐར་ཐུག་པར་མི་འགྱུར་བ་དང་། ཟླ་བའི་དཀྱིལ་འཁོར་ཆུང་ཡང་སྐར་མའི་ཚོགས་ཟིལ་གྱིས་མནན་ནས་ལྟང་ངེར་འདུག་པ་བཞིན་དུ། སངས་རྒྱས་ལ་བསྐྱེད་པའི་དགེ་རྩ་ཆུང་ཡང་མཐོ་བ་དང་ཡངས་པ་དང་ཆེ་བས། དགེ་བའི་རྩ་བ་གཞན་ཐམས་ཅད་ཟིལ་གྱིས་གནོན་ནས་ལྷང་ངེར་འདུག་གོ། །དེ་ལྟར་སངས་རྒྱས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ་ཞེས་གསུངས་པའི་དོན་བསྡུས་ནས་བསྟན་པ་སྟེ། རྒྱས་པར་མདོ་དེ་ཉིད་དུ་བལྟ་བར་བྱའོ། །སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས། དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བ་དང་ཐོས་པ་དང་། དེ་དག་དང་འགྲོགས་པའི་དགེ་བ་སྐྱེ་བར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོས་མི་ཟད་པ་མངོན་པར་སྒྲུབ་པའི་བློས་དོན་ཡོད་པ་དང་། བགེགས་མེད་པ་དང་། ཤིན་ཏུ་མཐར་ཐུག་པར་གྲུབ་པ་དང་། མི་བསླུ་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། འདུས་བྱས་ཐམས་ཅད་ལ་སྤྱོད་པའི་རྒྱུན་མི་ཟད་པ་དང་། འདུས་མ་བྱས་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། ཕྱི་མའི་མུ་མཐའ་ཡས་པའི་མཐར་ཐུག་པར་འགྱུར་བ་དང་། རང་བྱུང་གི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྐུ་འཐོབ་པར་འགྱུར་བ་ཁོང་དུ་ཆུད་པར་བྱའོ། །ཞེས་དང་། དེའི་དཔེར་མི་ཞིག་གིས་རྡོ་རྗེའི་ཁམས་ཟོས་ན་དེ་བར་མ་དོར་ཞུ་མི་ནུས་པས་ཆུད་མི་ཟ་བ་དང་། རྩ་ཡི་ནང་དུ་མེ་ཕྲ་མོ་ལྷུང་བའི་དཔེ་སོགས་ཀྱི་སྒོ་ནས་ཀྱང་སངས་རྒྱས་ལ་དགེ་རྩ་བ སྐྱེད་པ་ཐམས་ཅད་འཁོར་བའི་ནང་དུ་ཆུད་ཟ་བ་མེད་པར་དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་པའི་མཐར་ཐུག་པར་འགྱུར་ཞེས་གསུངས་ཏེ། དེ་ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བའི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་མདོ་དེ་ལས། ཀྱེ་རྒྱལ་བའི་སྲས་ཁྱོད་ཀྱིས་ཡིད་ཆེས་པ་དང་། ཁོང་དུ་ཆུད་པ་བྱ་ན། སེམས་ཅན་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་མཐོང་ངམ་ཐོས་ཀྱང་ལས་ཀྱི་སྒྲིབ་པས་ཀུན་ནས་བསྐོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ན་ཡང་དེ་དག་གིས་མཐོང་བའི་དགེ་པའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དོན་ཡོད་དོ་ཞེས་བདག་སྨྲའོ། །ཞེས་དང་། སངས་རྒྱས་མྱ་ངན་ལས་འདས་ནས་བསྐལ་པ་དཔག་མེད་ལོན་ནའང་མཚན་ཐོས་པ་ཙམ་གྱིས་དེ་ན་དངོས་སུ་བཞུགས་པ་དང་འདྲ་བར་ཡོན་སྦྱོང་ཞིང་དགེ་རྩ་མི་ཟད་པར་མཛད་པ་དང་། དེ་བཞིན་དུ་ཕྱོགས་མཐའ་ཡས་པ་ན་བཞུགས་ཀྱང་དྲན་པ་ཙམ་གྱིས་འདིར་བཞུགས་པར་འགྱུར་བའི་ཚུལ་གསུངས་ཤིང་། ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐར་ཆོས་ཀྱི་དབྱིངས་ལ་གནས་པའི་མཉམ་པའིི་བསོད་ནམས་མི་ཟད་པ་དང་ལྡན་པའི་མི་ཟད་པའི་བསོད་ནམས་མངའ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེ་བ་ནི་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ་ཞེས་སོགས་གསུངས་སོ། །ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ་བཟུང་ཞིང་ཡོངས་སུ་མྱ་ངན་ལས་བཟླས་པ་ཡིན་ནོ། །སེམས་ཅན་དེ་རྣམས་ལ་ང་ནི་ཐུགས་ཁྲལ་ཆུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ། །དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན། སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་དང་། ཀུན་དགའ་བོ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་གསུམ་པོ་འདི་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ། །ཞེས་དང་། དཀོན་མཆོག་བརྩེགས་པའི་སྒོ་མཐའ་ཡས་པའི་གཟུངས་ཀྱི་ལེའུ་ལས། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་དེ་ཡང་སྒྲོན་མ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་རྣམས་ངེས་པར་བསྲེག་པར་འགྱུར་བ་ཡིན་ནོ། །གང་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་དེ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་རྒྱུ་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བརྗོད་པ་ཡང་མུན་པ་དང་འབྲལ་བར་འགྱུར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ཡང་མུན་པ་དང་འབྲལ་བར་འགྱུར་རོ། །ཞེས་དང་། ཕལ་པོ་ཆེ་ལས། སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་བོ་ཞེས་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་སོགས་ལས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདིའི་མཚན་ཐོས་པ་ཐམས་ཅད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ན། དེ་བཞིན་གཤེགས་པ་དེའི་རིང་སྲེལ་ཅན་གྱི་མཆོད་རྟེན་ལ་མེ་ཏོག་གཅིག་འཐོར་བ་སོགས་ལྟ་ཅི་སྨོས། དུད་འགྲོའི་སྐྱེ་གནས་སུ་གྱུར་པས་མཚན་གྱི་སྒྲ་ཙམ་ཐོས་པ་དེ་དག་ཀྱང་བྱང་ཆུབ་བླ་ན་མེད་པའི་ས་བོན་དུ་འགྱུར་ཏེ་རིམ་གྱིས་སངས་རྒྱས་པར་འགྱུར་རོ། །འདི་ནི་དེ་བཞིན་གཤེགས་པ་འདིའི་སྔོན་གྱི་སྨོན་ལམ་དང་། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱིའང་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་ལ་དམིགས་ནས་དགེ་རྩ་བསྐྱེད་པ་ཆེ་ཕྲ་ཐམས་ཅད་ཕན་ཡོན་ཚད་མེད་ཅིང་མི་ཟད་པ་ཡིན་ཞིང་། འཁོར་བར་འཁོར་བའི་ཚེ་རབས་རྣམས་སུ་མཐོ་རིས་ཀྱི་བདེ་བ་ཡང་ནས་ཡང་དུ་མྱོང་བའི་རྒྱུ་བྱེད་ཅིང་། དེ་ཙམ་གྱིས་བར་མ་དོར་ཆུད་མི་ཟ་བར་མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཆེན་པོའི་བར་གྱི་རྒྱུ་བྱེད་པར་ངེས་པའི་ཚུལ་དུ་མདོ་རྣམས་ལས་ཡང་ཡང་བསྔགས་པའི་དོན་ལ་དད་པ་བསྐྱེད་པར་བྱའོ། །ཟུང་གི་ཆོས་ཀྱི་རྣམ་གྲངས་ལས། སྔོན་མི་ཞིག་མཆོད་སྦྱིན་ལ་བསད་པའི་ཚེ། དེས་འཆི་ཁར་སངས་རྒྱས་ལ་དད་པས་ཕྱག་འཚལ་ལོ་ཞེས་ལན་གཅིག་སྨྲས་པའི་དགེ་རྩ་དེ་དག་གིས་བསྐལ་པ་དྲུག་ཅུའི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས། བསྐལ་པ་བརྒྱད་ཅུའི་བར་དུ་ཚེ་རབས་དྲན། སྐྱེ་བ་དང་སྐྱེ་བར་མྱ་ངན་གྱི་ཟུག་རྔུ་ཐམས་ཅད་བྲལ་ལ། སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ། །ཞེས་གསུངས་སོ། །རྒྱ་མཚོའི་ཆུ་སྲིན་གདུག་པའི་ཁ་གདངས་པས་འཇིགས་ནས་ཚོང་པ་དག་གིས་སངས་རྒྱས་ཀྱི་མཚན་བརྗོད་པའི་སྒྲ་ཙམ་ཐོས་པས་ཆུ་སྲིན་དེ་ཁ་ཟུམ་ནས་བདེ་བར་ཚེ་འཕོས་ཏེ། མིར་སྐྱེས་ནས་བསྟན་པ་འདི་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་པ་ཆོས་སྲིད་བྱ་བར་གྱུར་པ་དང་། སངས་རྒྱས་ལས་ཆོས་ཐོས་ནས་དད་བཞིན་པའི་བྲན་མོ་བས་བརྡུངས་ཏེ་ཤི་བ་སིངྒ་ལའི་གླིང་དུ་བུ་མོ་མུ་ཏིག་ཅན་ཞེས་བྱ་བར་སྐྱེས་ནས་ལུས་དང་འབྱོར་བ་རྨད་དུ་བྱུང་བའི་རྟེན་དེ་ལ་བདེན་པ་མཐོང་བ་སོགས་ཀྱི་ལོ་རྒྱུས་རྣམས་མདོ་ལས་འབྱུང་བ་བཞིན་ནོ། །ཚུལ་དེ་ལྟར་ཤེས་པར་བྱས་ནས་ད་ལྟ་རང་ཅག་རྣམས་འཆི་བ་ལ་སོགས་པའི་འཇིགས་པ་ཆེན་པོས་རང་དབང་མེད་པར་མ་གྱུར་པའི་དུས་འདིར་བག་ཡོད་པས་སངས་རྒྱས་རྗེས་སུ་དྲན་པའི་རྣལ་འབྱོར་ལ་འཇུག་པར་བྱ་དགོས་ཤིང་། དེ་ཡང་དུས་གསུམ་གྱི་སངས་རྒྱས་ཚད་མེད་པ་ལས། གང་དང་གང་ཞིག་ཡིད་ལ་བྱས་ཀྱང་སངས་རྒྱས་དེ་ཐམས་ཅད་ཆོས་ཀྱི་སྐུ་མཉམ་པ་ཉིད་དང་། སྤངས་རྟོགས་མཐར་ཕྱིན་པ་ཡིན་པས་ཁྱད་མེད་མོད་ཀྱང་། རང་ཅག་མི་མཇེད་ཀྱི་ཞིང་འདིའི་སེམས་ཅན་གདུལ་དཀའ་བ་སངས་རྒྱས་གཞན་གྱིས་ཡལ་བར་བོར་བ་རྣམས་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་ནི་སྟོན་པ་ཐུགས་རྗེ་ཅན་འདི་ཁོ་ན་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་འདི་རྗེས་སུ་དྲན་པ་ནི། བྱས་པ་ཤེས་ཤིང་དྲིན་གཟོ་བ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི་གཞན་དོན་ཁོ་ནའི་ཆེད་ཡིན་ན། སེམས་ཅན་གཅིག་ལ་ཕན་ཐོག་ཀྱང་། དེའི་རང་ངོས་ནས་སངས་རྒྱས་བྱོན་པ་དོན་ཡོད་པར་བྱས་པའི་ཕྱིར། སངས་རྒྱས་ལ་དྲིན་དུ་གཟོ་བ་ཡང་ཡིན་ཞིང་། བདག་ཅག་གི་སྟོན་པ་འདི་བཀའ་དྲིན་ཆེ་བར་ཤེས་ཤིང་གསོལ་བ་བཏབ་ན། སྟོན་པ་འདིས་ཀྱང་བདག་ཅག་ཐུགས་རྗེས་བཟུང་བའི་ཞིང་དུ་གྱུར་པའི་ཕྱིར་ཐུགས་རྗེ་དང་བྱིན་རླབས་ལྷག་པར་འཇུག་པ་ཆོས་ཉིད་ཡིན་ཏེ། དེ་ཡང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་དྲུག་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་ལ་སོགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡ་ཕྲག་བརྒྱད་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་ལྷ་དང་གནོད་སྦྱིན་དང་ཀླུ་ལ་སོགས་པའི་འཁོར་ཐེག་པ་ཆེན་པོ་ལ་ཞུགས་པ་དག་གིས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ཏེ་བཞུགས་པ་དེའི་ཚེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་མཐོང་བ་དོན་ཡོད་དང་སེང་གེའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། ཤར་ལྷོའི་ཕྱོགས་སུ་ཐལ་མོ་སྦྱར་བས་རབ་ཏུ་དགའ་ཞིང་དྭང་བའི་ཡིད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་དམ་པ་སངས་རྒྱས་ནས་རིང་པོར་མ་ལོན་པར་ཆོ་འཕྲུལ་ཆེན་པོ་དག་བསྟན་ནས། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མཛད་ཅིང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་པ་ནི་ངོ་མཚར་ཏེ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་ཀྱང་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་རྣམ་པར་སྣང་བྱེད་ཀྱིས་གུས་པས་བཏུད་དེ་བཅོམ་ལྡན་འདས་ལ། སངས་རྒྱས་དེ་ཕྱོགས་ཇི་སྲིད་ཅིག་ན་བཞུགས། དེ་སངས་རྒྱས་ནས་ཡུན་ཇི་སྲིད་ཅིག་ཡིན་པ་སོགས་ཞུས་པའི་ལན་དུ་བཀབ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཚད་མེད་པའི་དགེ་རྩ་སྨིན་པའི་དོན་དུ་སངས་རྒྱས་པདྨ་དམ་པའི་བྱང་ཆུབ་ཐོབ་པའི་ཆོ་འཕྲུལ་དང་ཞིང་གི་བཀོད་པ་དྲིས་པའི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཞུས་པ་ཁྱོད་ཀྱི་སྤོབས་པ་དགེ་བ་ཡིན་ཏེ་ལེགས་སོ། །རིགས་ཀྱི་བུ་འདི་ནས་ཤར་ལྷོའི་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རྣམས་འདས་པ་ན། འཇིག་རྟེན་ཀྱི་ཁམས་པདྨ་ཞེས་བྱ་བ་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ་མེ་ཏོག་དང་སྤོས་དང་རིན་པོ་ཆེའི་ཤིང་དང་རིན་པོ་ཆེའི་པདྨ་དག་གིས་གང་བ། ས་གཞི་བཻཌཱུརྻ་སྔོན་པོ་ལས་གྲུབ་པ། བྱང་ཆུབ་སེམས་དཔའ་དག་གིས་གང་བ། ཆོས་ཀྱི་སྒྲས་ཁྱབ་པ་སོགས་ཞིང་གི་ཡོན་ཏན་ཚད་མེད་པའི་བཀོད་པ་བསྟན་ནས། ཞིང་དེར་རྫོགས་པའི་སངས་རྒྱས་པདྨ་དམ་པ་མདང་གི་ནམ་གྱི་ཐུན་ཐ་མ་ལ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ད་ནང་ནངས་པར་གྱི་དུས་ཀྱི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དེ། བདག་ཉིད་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་སྤྲུལ་ནས་དབུའི་གཙུག་ཏོར་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་རབ་ཏུ་བཀྱེ་བས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་སྣང་བས་ཁྱབ་པར་མཛད་ཅིང་། སྟེང་གི་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཐུར་དུ་བལྟས་ན། རི་རབ་དང་ཁོར་ཡུག་རི་ནག་པོ་སོགས་མི་སྣང་བར་འཇིག་རྟེན་གྱི་ཁམས་དེ་དག་གི་བྱང་ཆུབ་སེམས་དཔའ་གང་དག་ལུང་བསྟན་པ་དང་། གཟུངས་དང་ཏིང་འཛིན་དང་བཟོད་པ་ཐོབ་པ་དང་། ས་ལས་ཤིན་ཏུ་འདས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཆེན་པོ་དེ་དག་ཀྱང་སྣང་བ་དེས་ཁྱབ་པས་ཐལ་མོ་སྦྱར་ཏེ། སངས་རྒྱས་པདྨ་དམ་པ་དེའི་སྐུ་དང་འཁོར་དང་ཞིང་གི་བཀོད་པ་མཐོང་ནས་མཆོག་ཏུ་དགའ་བ་སྐྱེས་ཏེ་སངས་རྒྱས་དེ་ལ་མཆོད་པའི་ཕྱིར་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་པདྨ་ཅན་དེར་ལྷགས་སོ། །ཡང་སངས་རྒྱས་དེ་བཞུགས་པ་དང་བཞེངས་པ་དང་འཆག་བཞིན་དུ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་དོ། །དེ་ནས་བྱང་སེམས་ཏིང་འཛིན་ལ་ཞུགས་པ་རྣམས་ཀྱང་ཏིང་ངེ་འཛིན་ལས་ལངས་ནས་དེ་བཞིན་གཤེགས་པ་པདྨ་དམ་པ་འཁོར་བཅས་ལ་མཆོད་པར་བྱེད་དོ། །དེ་ལྟར་ལྗགས་ཀྱི་དབང་པོའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་བསྡུས་ནས། སྐུའི་བ་སྤུའི་སྒོ་རེ་རེ་ནས་ཀྱང་འོད་ཟེར་བྱེ་བ་འབུམ་ཕྲག་དྲུག་ཅུ་ཕྱུང་པས། ཕྱོགས་བཅུ་རེ་རེ་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱང་སྣང་བ་ཆེན་པོས་ཁྱབ་པར་མཛད་ནས། འཇིག་རྟེན་གྱི་ཁམས་དེ་དག་ན་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ལུང་བསྟན་པ་དང་། ཏིང་ངེ་འཛིན་ཐོབ་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་པདྨ་དམ་པ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བསྐུར་བྱ་བའི་ཕྱིར་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཞིང་དེར་ལྷགས་སོ། །དེ་ནས་དེ་བཞིན་གཤེགས་པ་པདྨ་དམ་པས་རྫུ་འཕྲུལ་དེ་བསྡུས་ནས་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་འཁོར་ལ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །འཇིག་རྟེན་གྱི་ཁམས་དེ་ནི་རྟག་ཏུ་སངས་རྒྱས་ཀྱི་འོད་ཀྱིས་ཁྱབ་པས་ཉིན་མོ་དང་མཚན་མོ་མེད་ཀྱང་། པདྨ་ཁ་ཟུམ་པ་དང་། བྱ་རྣམས་ཀྱང་སྒྲ་ཆུང་བ་དང་། སངས་རྒྱས་དང་བྱང་སེམས་དེ་དག་ཀྱང་བསམ་གཏན་དག་གིས་རོལ་ཞིང་རྣམ་གྲོལ་གྱི་དགའ་བདེ་མྱོང་བར་མཛད་པའི་ཚེ་མཚན་མོ་དང་། པདྨ་ཁ་ཕྱེས་ཞིང་བྱ་རྣམས་ཀྱང་ཡིད་དུ་འོང་བའི་སྒྲ་སྒྲོགས་པ་དང་། མེ་ཏོག་གི་ཆར་འབེབ་ཅིང་། ཕྱོགས་བཞི་ནས་དྲི་མཆོག་ཏུ་ཞིམ་པ་ཡིད་དུ་འོང་ཞིང་འཇམ་ལ་རེག་ན་བདེ་བའི་རླུང་ལྡང་བ་དང་། བཅོམ་ལྡན་འདས་དང་བྱང་སེམས་དེ་དག་ཏིང་འཛིན་ལས་བཞེངས་ནས། སངས་རྒྱས་པདྨ་དམ་པས་ཉན་རང་གི་གཏམ་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་འཆད་པ་ཉིན་མོར་ཤེས་སོ། །ཞིང་དེར་སྐྱེས་པའི་བྱང་སེམས་རྣམས་ནི་མཚན་སོ་གཉིས་དང་ལྡན་ཞིང་འོད་དཔག་ཚད་བརྒྱ་པ། བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་རྣམ་པར་མི་ལྟུང་བའི་ཆོས་ཅན། བྱམས་པའི་སེམས་དང་། རྙོགས་པ་མེད་པའི་སེམས་དང་། མཉམ་པར་བཞག་པའི་སེམས་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་ཞི་བའི་སེམས་དང་། དགེ་ཆོས་ཐམས་ཅད་ཚོལ་བའི་སེམས་སོགས་དང་ལྡན་པ། ཕར་ཕྱིན་དང་ཞི་ལྷག་དྲན་པ་སོགས་ཀྱི་སྟོབས་ཅན། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པའི་སྟོབས་ཅན། སངས་རྒྱས་འབུམ་ཕྲག་མང་པོ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་རྩ་བསྐྱེད་པ་ཅན་ཤ་སྟག་ལས། ཞིང་དེར་བུད་མེད་ཀྱི་མིང་ཡང་མེད། མི་དགེ་བ་དང་། སྡུག་བསྔལ་དང་ཉོན་མོངས་པ་དང་། ཡོངས་སུ་འཛིན་པ་དང་། མུན་པ་དང་དྲི་ང་བ་དང་། ངན་སོང་གསུམ་དང་མི་ཁོམ་པ་དང་། ཚེར་མ་དང་རྡོ་བ་སོགས་མེད། ཉི་ཟླ་སྐར་མ་ཡང་མེད། མེ་དང་རླུང་དང་སྤྲིན་དང་ཆར་བ་ཡང་མེད་ལ། སངས་རྒྱས་ཀྱི་འོད་དང་། བྱང་ཆུབ་སེམས་དཔའི་འོད་དང་། རིན་པོ་ཆེའི་འོད་དང་། བསོད་ནམས་ཀྱི་འོད་ཀྱི་སྣང་བ་ཆེན་པོས་རྟག་ཏུ་གསལ་བར་གྱུར་ཏོ། །ཞིང་དེར་ཇི་ལྟར་ཚངས་རིས་ཀྱི་ལྷ་རྣམས་ལ་ཁམས་ཀྱི་ཟས་མེད་པ་བཞིན་དུ། བསམ་གཏན་གྱི་ཟས་དང་ཆོས་ཀྱི་ཟས་དང་དྲི་ཟ་བ་ལས། ཐ་མལ་གྱི་ཟས་མེད་དོ། །དེ་ན་བྱ་འབྲས་བུ་དང་བཅས་པ་ཞེས་བྱ་བ་ངང་གི་སྒྲ་འཇམ་ཞིང་ཡིད་དུ་འོང་བས་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་སྒྲོགས་པར་བྱེད་དོ། །ཞིང་དེའི་རྒྱ་ཁྱོན་གྱི་ཚད་ནི་དཔེར་ན་རིའི་རྒྱལ་པོ་རི་རབ་འཕང་དུ་དཔག་ཚད་འབུམ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཡོད་ལ། རྒྱར་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ་ཡུང་འབྲུའི་ཚད་ཙམ་དུ་བྱས་པ་དེ་ཙམ་གྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་སྙེད་ཞིང་དེ་ན་ཡོད་དོ། །ཇི་ལྟར་བདེ་བ་ཅན་བཞིན་དུ་ཞིང་དེ་ཡང་དེ་ལྟར་བྱང་ཆུབ་སེམས་དཔས་གང་བ་ཡིན་ནོ། །སངས་རྒྱས་པདྨ་དམ་པ་དེ་བར་གྱི་བསྐལ་པ་སུམ་ཅུར་བཞུགས་ཏེ་ཆོས་སྟོན་ནོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བར་གྱི་བསྐལ་པ་བཅུར་གནས་པར་འགྱུར་རོ། །ཞིང་དེར་སྐྱེས་པ་དང་སྐྱེ་བར་འགྱུར་བའི་བྱང་སེམས་ཐམས་ཅད་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུར་འགྱུར་རོ། །འཇིག་རྟེན་གྱི་ཁམས་པདྨ་དེ་སྔོན་ཙན་དན་ཞེས་བྱ་བར་གྱུར་པའི་སྐབས་ན། ད་ལྟར་གྱི་ཞིང་པདྨ་ལྟར་ཡོངས་སུ་དག་པར་མ་གྱུར་ལ་དེ་ལྟར་སེམས་ཅན་དག་པ་དག་གིས་ཀྱང་ཡོངས་སུ་གང་བར་མ་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ཙན་དན་དེ་དག་ཏུ་དེ་བཞིན་གཤེགས་པ་ཟླ་བ་དམ་པ་སངས་རྒྱས་ནས་དེ་བཞིན་གཤེགས་པ་དེས་བར་གྱི་བསྐལ་པ་སུམ་ཅུར་ཆོས་བསྟན་པ། དེ་མོད་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདའ་བའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་ཕྱག་རྒྱ་ཞེས་བྱ་བ་ལ་ང་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བར་གྱི་བསྐལ་པ་བཅུར་གནས་ནས་ནམ་གྱི་གུང་ཐུན་ལ་དམ་པའི་ཆོས་ནུབ་པའི་ཐུན་ཐ་མ་ལ་རྫོགས་པའི་སངས་རྒྱས་པདྨ་དམ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཟླ་བ་དམ་པ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་མཆོད་ནས། བདག་ཅག་ནི་འགོག་པ་ལ་མཉམ་པར་བཞག་པའི་སེམས་ཀྱིས་བསྐལ་པ་བར་མ་བཅུ་པོ་དེ་འདའ་བར་བགྱིད་འཚལ་ལོ་ཞེས་ཞུས་སོ། །དེ་ནས་དེ་བཞིན་གཤེགས་པ་ཟླ་བ་དམ་པས་བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱ་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པའི་གཟུངས་ཀྱི་སྒོ་ལ་འཇུག་པ་འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྒྱལ་ཚབ་ཏུ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་ཡིན་ལ། དེ་བཞིན་དུ་ད་ལྟ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བཤད་པའི་གཟུངས་འདི་ཟུངས་ཤིག་ཅེས་གསུངས་པའི་གཟུངས་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོས་གསུངས་བའི་མོད་ལ། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་སོགས་ཀྱི་ཆོ་འཕྲུལ་ཆེན་པོ་དག་ཀྱང་བྱུང་ངོ་། །ཞིང་ཚད་མེད་པ་ནས་གཟུངས་དེ་ཉན་པའི་ཕྱིར་ལྷགས་པའི་སེམས་ཅན་དེ་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སོགས་ཕན་ཡོན་གྱི་བསྔགས་པ་རྒྱ་ཆེན་པོ་དང་། གཟུངས་འདི་དག་ཐོབ་པའི་རྒྱུ་རྣམས་ཀྱང་གསུངས་སོ། །འཁོར་དེའི་བྱང་སེམས་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཀྱང་སོ་སོ་རང་རང་གིས་སྔོན་གཟུངས་འདི་ཐོས་པའི་ཚུལ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་གཞི་གཞན་དག་ཀྱང་བསྟན་ཏེ་ཆོ་འཕྲུལ་དག་ཀྱང་མངོན་དུ་མཛད་ནས་སེམས་ཅན་ཚད་མེད་པའི་དོན་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བློ་གྲོས་ཞི་བས་གསོལ་པ། བཅོམ་ལྡན་འདས་རྒྱུ་དང་རྐྱེན་གང་གིས་སངས་རྒྱས་གཞན་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་ཅིང་སྙིགས་མ་ལྔ་དང་བྲལ་ལ། ཡོན་ཏན་བཀོད་པ་སྣ་ཚོགས་པ་དག་ཀྱང་མཆིས། ཞིང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡོན་ཏན་སྣ་ཚོགས་རྫོགས་པ་བདེ་བ་དུ་མ་དང་ལྡན་པ་ལས། ཉན་རང་གི་མིང་ཡང་མེད་ལ། བཅོམ་ལྡན་འདས་ཀྱི་ཞིང་འདི་ནི་སྨད་པར་འཁྲུགས་ཤིང་ཚེའི་སྙིགས་མ་དང་། དུས་ཀྱི་སྙིགས་མ་དང་། སེམས་ཅན་གྱི་སྙིགས་མ་དང་། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་བྱུང་བར་གྱུར་པ་ན། མངོན་པར་སངས་རྒྱས་ནས་འཁོར་བཞི་ལ་ཐེག་པ་གསུམ་ལས་བརྩམ་སྟེ་ཆོས་སྟོན་པར་མཛད་ལགས། ཅིའི་སླད་དུ་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་བྲལ་ཞིང་ཡོངས་སུ་དག་པ་མ་བཟུང་ལགས། ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བསྡུས་ཏེ་བསྟན་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་དབང་གིས་ཞིང་མ་དག་པ་ཡོངས་སུ་འཛིན་ཏེ། སྔོན་བྱུང་བ་བསྐལ་བ་གྲངས་མེད་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན། སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ ། གླིང་བཞི་པ་འདིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་ཞིག་བྱུང་ངོ་། །དེའི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཞིག་ཡོད་དོ། །བྲམ་ཟེ་དེ་ལ་བུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བཙས་ཏེ། རྒྱ་མཚོའི་སྙིང་པོ་ཞེས་བྱ་བར་མིང་བཏགས་པ་དེ་ཉིད་རབ་ཏུ་བྱུང་སྟེ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་པ་ལ་མཚན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་སྟེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་མཐོ་རིས་དང་ཐར་པ་ལ་རབ་ཏུ་བཀོད་དོ། །དེ་བཞིན་གཤེགས་པ་དེ་འཁོར་ཉན་ཐོས་མང་པོ་དང་བཅས་པ་རིམ་གྱིས་གྲོང་ཁྱེར་དུ་རྒྱུ་ཞིང་། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ཧ་ཅང་མི་རིང་བའི་འཛམ་བུའི་ཚལ་ཞེས་པའི་སྐྱེད་མོས་ཚལ་དུ་བཞུགས་པ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཐོས་ནས་རྒྱལ་པོའི་འབྱོར་པ་དང་མཐུ་ཆེན་པོས་འཁོར་འབུམ་ཕྲག་དུ་མས་བསྐོར་ཏེ། འཛམ་བུའི་ཚལ་ག་ལ་བ་དེར་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་ཕྱིན་ནས་ཕྱག་འཚལ་ཏེ་ཆོས་ཀྱི་གཏམ་ཉན་ནས། དགུང་ཟླ་གསུམ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསྙེན་བཀུར་བགྱི་བར་གསོལ་བ་བཏབ་པ་བཞིན་དེ་བཞིན་གཤེགས་པས་ཀྱང་གནང་ངོ་། །རྒྱལ་པོས་ཡུལ་ཐམས་ཅད་དུ་ཡང་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བྱོས་ཤིག་ཅེས་དྲིལ་བསྒྲགས་ཏེ། སངས་རྒྱས་འཁོར་བཅས་བཞུགས་པའི་གནས་རིན་ཆེན་སྣ་བདུན་གྱི་ཁང་བཟང་དང་རྒྱན་གྱི་བཀོད་པ་སྣ་ཚོགས་པས་བརྒྱན། འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་བདུན་པོ་དག་ཀྱང་བཅོམ་ལྡན་འདས་ལ་བསྙེན་བཀུར་གྱི་ཕྱིར་བཞག་སྟེ། འཁོར་ཉན་ཐོས་རེ་རེར་ཡང་ཙན་དན་ས་མཆོག་གི་ཕྱེ་མ་དང་། ནོར་བུ་བཻཌཱུརྻ་དག་ཀྱང་བཞག་པ་སོགས་མཆོད་པའི་ཡོ་བྱད་ཕུལ་དུ་བྱུང་བས་བསྟི་སྟང་དུ་བྱས་ཏེ། ཉིན་རེ་བཞིན་དུ་སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ནས་ཞལ་ཟས་དང་ན་བཟའ་ཕུན་སུམ་ཚོགས་པས་བསྙེན་བཀུར་བྱས་སོ། །རྒྱལ་པོ་ཉིད་ཀྱིས་བསིལ་ཡབ་བླང་སྟེ་བཅོམ་ལྡན་འདས་ལ་བྱབས་སོ། །རྒྱལ་བུ་སྟོང་དང་ཁམས་ཀྱི་རྒྱལ་ཕྲན་སྟོང་གིས་ཀྱང་ཉན་ཐོས་རེ་རེ་ལ་དེ་བཞིན་དུ་བྱས་ཏེ། ཞལ་ཟས་བྲིམ་པ་རྫོགས་ཏེ་གདུགས་ཚོད་གྱུར་མ་ཐག་ཏུ་སྲོག་ཆགས་བྱེ་བ་འབུམ་ཕྲག་དུ་མ་དག་ཆོས་ཉན་པར་ལྷགས་ཤིང་། ལྷའི་ཚོགས་ཀྱིས་རོལ་མོ་འཁྲོལ་ཞིང་མེ་ཏོག་གི་ཆར་སོགས་མཆོད་པ་བྱེད། གནོད་སྦྱིན་གོས་སྔོན་ཅན་ས་ཡ་ཕྲག་བཞིས་ཙན་དན་ས་མཆོག་བླངས་ཏེ་སངས་རྒྱས་འཁོར་བཅས་སྲུང་ཞིང་མེལ་ཚེ་བྱེད། རྒྱལ་པོ་དེས་མཚན་མོར་སངས་རྒྱས་དགེ་འདུན་དང་བཅས་པའི་སྤྱན་སྔར་མར་མེ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བུས། རྒྱལ་པོ་ཉིད་ཀྱིས་སངས་རྒྱས་ཀྱི་སྤྱན་སྔར་འདུག་ནས། རང་གི་མགོའི་སྟེང་དང་། ཕྲག་པ་གཉིས། ལག་པ་གཉིས། རྐང་པ་གཉིས་སུ་ཡང་མར་མེའི་ཀོང་བུ་རེ་རེ་བཞག་ནས་མཚན་མོ་རྫོགས་པའི་བར་དུ་མར་མེ་བཏང་ཡང་། སངས་རྒྱས་ཀྱི་མཐུས་ལུས་ལ་ངལ་བ་མེད་ཅིང་། དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་ཚོར་བར་གྱུར་ཏེ། དེ་ལྟར་ཟླ་བ་གསུམ་དུ་བསྙེན་བཀུར་བྱས་སོ། །དེ་བཞིན་དུ་རྒྱལ་བུ་སྟོང་དང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྲོག་ཆགས་བྱེ་བ་ཕྲག་ཁྲིག་ཕྲག་འབུམ་གྱིས་ཀྱང་ཉན་ཐོས་རེ་རེ་ལ་ཟླ་བ་གསུམ་དུ་ཡོ་བྱད་དེ་ལྟ་བུས་བསྙེན་བ ཀུར་བྱས་སོ། །རྒྱལ་པོའི་ཇི་ལྟ་བ་བཞིན་དུ་བཙུན་མོ་དམ་པ་ལྷ་མོ་དཔལ་གྱིས་ཀྱང་ཟླ་བ་གསུམ་དུ་སྤོས་དང་མེ་ཏོག་གིས་བསྙེན་བཀུར་བྱས་སོ། །དེ་བཞིན་དུ་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཀྱང་ཉན་ཐོས་རེ་རེ་ལ་ཟླ་བ་གསུམ་དུ་སྤོས་དང་མེ་ཏོག་གིས་བསྙེན་བཀུར་བྱས་སོ། །ཟླ་བ་གསུམ་པོ་རྫོགས་ནས་རྒྱལ་པོས། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པའི་རྒྱན་བརྒྱད་ཁྲི་བཞི་སྟོང་དང་། འཁོར་ལོ་རིན་པོ་ཆེ་ལ་སོགས་པ་གསེར་གྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་། དེ་བཞིན་དུ་གླང་པོ་དང་རྟ་དང་ནོར་བུ་རིན་པོ་ཆེས་ཐོག་དྲངས་པའི་ནོར་བུ་དང་། གླང་པོ་སོགས་རེ་རེ་ནས་བརྒྱད་ཁྲི་བཞི་སྟོང་དང་། ཁྱིམ་བདག་རིན་པོ་ཆེ་ལ་སོགས་པ་རྒྱལ་བུ་བརྒྱད་ཁྲི་བཞི་སྟོང་། བློན་པོ་རིན་པོ་ཆེ་ལ་སོགས་པ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་། སངས་རྒྱས་འཁོར་བཅས་ཀྱི་འཚོ་བའི་ཕྱིར་དུ་བཙུན་མོའི་འཁོར་གྱི་གྲོང་ཁྱེར་སོགས་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་། རིན་པོ་ཆེའི་དཔག་བསམ་གྱི་ཤིང་བརྒྱད་ཁྲི་བཞི་སྟོང་། རིན་པོ་ཆེའི་མེ་ཏོག་གི་ཕོན་པོ་བརྒྱད་ཁྲི་བཞི་སྟོང་། རིན་ཆེན་སྣ་བདུན་གྱི་གདུགས་བརྒྱད་ཁྲི་བཞི་སྟོང་། རྒྱལ་པོ་ལ་འོས་པའི་གོས་རྒྱན་ཆེན་པོ་བརྒྱད་ཁྲི་བཞི་སྟོང་། རིན་པོ་ཆེའི་ཕྲེང་བ་བརྒྱད་ཁྲི་བཞི་སྟོང་། རིན་པོ་ཆེའི་བྱ་དང་རི་དྭགས་དང་བསིལ་ཡབ་བརྒྱད་ཁྲི་བཞི་སྟོང་། སྨན་བཅུད་ཀྱིས་ལེན་བརྒྱད་ཁྲི་བཞི་སྟོང་། རྒྱན་དང་ཁྲིའུ་སྙན་ཆ་ག དུབ་ཀོར། དོ་ཤལ། གཟིམ་ཆ། རྔ་རོལ་མོ། དུང་དྲིལ་བུ། རྒྱལ་མཚན་ཀུན་དགའ་ར་བ། མར་མེའི་ཀོང་བུ་ལ་སོགས་པ་དག་ཀྱང་སངས་རྒྱས་ལ་ཕུལ་ནས། བདག་ནི་བགྱི་བ་མང་བ་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་ལ་བཟོད་པར་མཛད་དེ། སྐྱེད་ ཚལ་འདི་ཉིད་དུ་བཞུགས་པ་དང ་དགྱེས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ལ་ལྟ་བ་དང་། ཕྱག་དང་བསྙེན་བཀུར་བགྱི་བའི་སླད་དུ་བདག་སླད་ཀྱིས་ཀྱང་མཆིའོ། །ཞེས་ཞུས་སོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་སྟོང་པོ་དག་རེ་རེ་ནས་ཀྱང་བཅོམ་ལྡན་འདས་འཁོར་བཅས་ལ་ཟླ་བ་གསུམ་དུ་རྒྱལ་པོའི་ཇི་ལྟ་བ་བཞིན་དུ་བསྙེན་བཀུར་བྱ་བར་ཞུས་ཤིང་གནང་ངོ་། །དེའི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། འཛམ་བུའི་གླིང་ཀུན་ཏུ་ཉུལ་ཞིང་མིར་གྱུར་པ་ཐམས་ཅད་ལ་ཟས་སློང་བའི་ཚུལ་གྱིས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བཀོད་དོ། །རྒྱལ་བུ་གཞོན་ནུ་མིག་མི་འཛུམ་པ་དང་། དབང་པོའི་ཚོགས་དང་། ཉོན་མོངས་མེད་དང་། འཇིགས་མེད་དང་། ནམ་མཁའ་དང་། ཡན་ལག་སྐྱེས་དང་། གྲུབ་པ་ལ་སོགས་པ་སྟོང་པོ་དག་གིས་རེ་རེ་ནས་ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཟླ་བ་གསུམ་གྱི་བསྙེན་བཀུར་དང་། དེའི་རྗེས་སུ་གསེར་གྱི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་སོགས་ཡོ་བྱད་ཐམས་ཅད་ཕུལ་བ་དེ་ཁོ་ན་ལྟར་བསྙེན་བཀུར་དང་ཡོན་དེ་ལས་མི་ཉུང་བ་ཕུལ་ལོ། །དེ་ལྟ་བུའི་སྦྱིན་པ་བྱས་ནས་དེ་དག་ཁ་ཅིག་བརྒྱ་བྱིན་དུ་སྨོན། དེ་བཞིན་དུ་ཚངས་པ་དང་། འཁོར་ལོས་སྒྱུར་བ་དང་། ལོངས་སྤྱོད་ཆེ་བ་དང་། ཉན་ཐོས་ཀྱི་ཐེག་པར་སྨོན་ཅིང་། ལོ་ཉིས་བརྒྱ་ལྔ་བཅུར་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་ཏེ་མཐར་བཟོད་པར་གསོལ་ཏོ། །དེ་ནས་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་འོང་ནས་ན་བཟའ་དང་བཤོས་ལ་སོགས་པ་འཚོགས་ཆས་ཐམས་ཅད་ཀྱིས་ལོ་བདུན་དུ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་འཁོར་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་དྲངས་པ་གནང་སྟེ། ཇི་ལྟར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བསྙེན་བཀུར་བྱས་པ་དེ་བཞིན་དུ་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་རྒྱ་མཚོའི་རྡུལ་ལ་འདི་ལྟ་བུའི་རྟོག་པ་སྐྱེས་ཏེ་བདག་གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དེ་ཉིད་བླ་མེད་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཀྱང་། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་འདི། ལྷ་དང་མིའི་རྒྱལ་སྲིད་དམ། ཉན་རང་གི་ཐེག་པའམ། བླ་མེད་རྫོགས་བྱང་འདོད་དམ། ཅི་འདོད་པའི་སྨོན་ལམ་མི་ཤེས་ཏེ། བདག་ནི་བླ་མེད་རྫོགས་བྱང་འདོད་ཅིང་སེམས་ཅན་ཐམས་ཅད་སྒྲོལ་བར་བྱེད་པ་ལྟ་ན། རྒྱལ་པོ་འདིའི་ཡིད་ལ་ཅི་ཞིག་འདོད་པ་དེ། ལྷ་ཀླུ་གནོད་སྦྱིན་ནམ། སངས་རྒྱས་དང་ཉན་ཐོས་དང་བྲམ་ཟེ་འགའ་ཞིག་གིས་བདག་ལ་རྨི་ལམ་དུ་སྦྲོན་གྲང་སྙམ་མོ། །དེར་བྲམ་ཟེ་དེའི་རྨི་ལམ་ན་ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་ཞིང་། སངས་རྒྱས་དེ་རྣམས་ཀྱིས་བྲམ་ཟེ་དེ་ལ། འདབ་མ་གསེར། སྡོང་བུ་དངུལ། སྙིང་པོ་རྣམས་ནི་བཻཌཱུརྱ། ཟེ་བ་རྣམས་ནི་རྡོའི་སྙིང་པོ་ལས་བྱས་པའི་པདྨ་དག་བསྐུར་ཏེ། པདྨ་དེ་ཐམས་ཅད་ལ་ཡང་ཉི་མའི་དཀྱིལ་འཁོར་དག་ཀུན་ཏུ་སྣང་ཞིང་། ཉི་མ་དེ་དག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཀུན་ནས་གནས་པ་དང་། ཉི་དཀྱིལ་རེ་རེ་ལས་ཀྱང་འོད་ཟེར་བྱེ་བ་ཕྲག་དྲུག་ཅུ་བྱུང་བར་གྱུར་ནས་འོད་ཟེར་དེ་ཐམས་ཅད་བྲམ་ཟེ་དེའི་ཁར་ཞུགས་པ་དང་། རང་གི་ལུས་དཔག་ཚད་སྟོང་གི་ཚད་ཙམ་དུ་གྱུར་པ་མེ་ལོང་གི་དཀྱིལ་འཁོར་དག་པ་བཞིན་དུ་ཡོངས་སུ་དག་པར་མཐོང་བ་དང་། ལུས་ཀྱི་ཁོང་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་པདྨ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་བསམ་གཏན་བྱེད་པ་དག་ཀྱང་མཐོང་། ཉི་མའི་གཟུགས་དེ་དག་ཀྱང་བདག་གི་མགོ་ལ་ཕྲེང་བ་དང་ར་བར་མཐོང་ཞིང་གདུགས་རྣམས་ཀྱང་སྟེང་གི་ནམ་མཁར་ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་གནས་པ་མཐོང་ངོ་། །ཁོ་ར་ཁོར་ཡུག་ན་ཡང་པདྨ་སྣ་ཚོགས་ཡོད་ཅིང་དེ་དག་ལ་མིའི་ལས་འདས་པའི་ལྷའི་སིལ་སྙན་དག་བྱུང་སྟེ་སྒྲ་ཡང་གྲག་གོ། །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལུས་ཁྲག་གིས་བསྐུས་ཤིང་ཕག་གི་གདོང་དུ་གྱུར་ནས་རྒྱུག་ཅིང་སྲོག་ཆགས་མང་པོ་ཟ་བ་དང་། ཟོས་ནས་ཀྱང་ཨེ་རཎྜའི་ཤིང་དྲུང་ན་སྙེལ་ཞིང་འདུག་པ་དང་། སྲོག་ཆགས་སྣ་ཚོགས་དག་འོངས་ནས་རྒྱལ་པོ་ཟོས་ཏེ་ཀེང་རུས་ལ་ཐུག་པར་བྱས་ཤིང་བོར་བ་དང་། ཡང་ཕྱིར་ཤ་སྐྱེས་ཏེ་ཕག་གི་གདོང་དུ་གྱུར་པས་གཞན་ཟ་བ་སོགས་གོང་བཞིན་དུ་ཡང་ཡང་བྱེད་པ་དང་། གཞན་ཡང་རྒྱལ་བུ་དག་ཀྱང་ལ་ལ་ནི་ཕག་གི་གདོང་། ལ་ལ་ནི་གླང་པོའི་གདོང་། དེ་བཞིན་དུ་མ་ཧེ་དང་སེང་གེ་སྤྱང་ཀི་ཝ་ཁྱི་སྤྲེའུའི་གདོང་དུ་གྱུར་པས་ལུས་ཁྲག་གིས་བསྒོས་ཏེ་སྲོག་ཆགས་རྣམ་པ་མང་པོ་ཟོས་ནས་ཨེ་རཎྜའི་ཤིང་དྲུང་ན་འདུག་པ་དང་། སྲོག་ཆགས་མང་པོས་ཀེང་རུས་ལ་ཐུག་པར་ཟ་བ་དང་། ཡང་སྔར་བཞིན་ཟ་རེས་བྱེད་པ་སོགས་མཐོང་ངོ་། །རྒྱལ་བུ་ཁ་ཅིག་སྣ་མའི་མེ་ཏོག་གིས་བརྒྱན་ནས་མ་ཧེའི་ཤིང་རྟ་ལ་ཞོན་ཏེ་ལམ་གོལ་བར་ཞུགས་ནས་གཡས་ཕྱོགས་སུ་བལྟས་ཤིང་དོང་བར་མཐོང་ངོ་། །བརྒྱ་བྱིན་དང་ཚངས་པ་འཇིག་རྟེན་སྐྱོང་བ་དག་ཀྱང་འོངས་ནས་བྲམ་ཟེ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཁྱོད་ཀྱི་ཁོར་ཡུག་ན་པདྨ་ཡོད་པ་གང་ཡིན་པ་དེ་དག་ལས། དང་པོར་པདྨ་གཅིག་ནི་རྒྱལ་པོའི་སྐལ་བར་ཕུལ་ཅིག །དེ་ནས་རྒྱལ་བུ་འདི་དག་ལ་པདྨ་རེ་རེ་བྱིན་ཅིག །ལྷག་མ་རྣམས་ནི་ཁམས་ཀྱི་རྒྱལ་པོ་རྣམས་དང་། སྐྱེ་བོ་གཞན་ལ་བྱིན་ཅིག །ཅེས་ཟེར་བ་ཐོས་ནས་ལྷ་རྣམས་ཀྱིས་བསྒོ་བ་བཞིན་དུ་པདྨ་འགྱེད་བཞིན་པ་ལས་མནལ་སད་པ་དང་། དེ་མལ་ནས་ལངས་ཏེ་རྨི་ལམ་དེ་དྲན་ཞིང་འདུག་པ་ན་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་དང་རྒྱལ་བུ་ཁ་ཅིག་དམན་པ་འཁོར་བའི་བདེ་བ་ལ་དགའ་བ་དང་། མ་ཧེའི་ཤིང་རྟ་ལ་ཞོན་པའི་ལམ་གོལ་བ་དེ་དག་རྒྱལ་བུ་ཁ་ཅིག་ཉན་ཐོས་ཀྱི་ཐེག་པ་འདོད་པ་དང་། སྣང་བ་ཆེན་པོ་དང་སངས་རྒྱས་རྣམས་མཐོང་བ་ནི་བདག་གིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་བཀོད་པ་དེའི་མཚན་མ་དང་། བདག་གིས་འཛམ་གླིང་གི་སྐྱེ་བོ་དགེ་བ་ལ་བཀོད་པ་དང་། སངས་རྒྱས་འཁོར་བཅས་ལ་ལོ་བདུན་དུ་སྤྱན་དྲངས་པར་བྱས་པ་དེས་སྣང་བ་ཆེན་པོ་དང་ཕྱོགས་བཅུའི་སངས་རྒྱས་མཐོང་ཞིང་། པདྨ་དག་བསྐུར་བ་དང་། བདག་གིས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་སངས་རྒྱས་དེ་དག་གིས་བདག་ལ་གདུགས་བསྐུར་བ་ཡིན་ན། བདག་གིས་པདྨ་དེ་དག་ལ་ཉི་མའི་གཟུགས་མཐོང་བ་དང་། འོད་ཟེར་དེ་དག་རང་གི་ཁར་ཞུགས་པ་དང་། ལུས་ཆེན་པོར་གྱུར་པ་དང་། ཉི་མའི་གཟུགས་རྣམས་ཕྲེང་བར་དངར་བ་དང་། ཁོང་པར་བྱང་ཆུབ་སེམས་དཔའ་པདྨ་ལ་འདུག་པ་དེ་དག་བསམ་གཏན་བྱེད་པ་དང་། བརྒྱ་བྱིན་སོགས་ཀྱིས་པདྨ་འདི་དག་བགོས་ལ་བྱིན་ཅིག་ཅེས་པ་ལྟར་བྱེད་པ་དེ་རྒྱུ་དང་རྐྱེན་ཅི་ཡིན་བཅོམ་ལྡན་འདས་ལ་ཞུའོ་སྙམ་མོ། །དེའི་ནང་པར་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཞལ་ཟས་སྦྱར་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་ལག་དར་ཏེ་བསྟབས་ཤིང་ཚིམ་པར་བྱས་ལ་བཤོས་གསོལ་ཟིན་པའི་རྗེས་སུ་སངས་རྒྱས་ཀྱི་སྤྱན་སྔར་སྟན་དམའ་བ་ལ་འདུག་གོ། །དེར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་བུ་སྟོང་སྲོག་ཆགས་སྟོང་ཕྲག་དུ་མ་དང་བཅས་པ་ཡང་སངས་རྒྱས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འོངས་ཏེ་འཁོར་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྨི་ལམ་ཅི་རྨིས་པ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་གང་ཁྱོད་ཀྱི་སྣང་བ་ཆེན་པོ་དང་། སྣང་བ་དེས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་རྣམས་མཐོང་ནས་ཁྱོད་ལ་པདྨ་བསྐུར་བ་དང་། པདྨ་དེ་དག་ལས་ཉི་མའི་འོད་ཟེར་འབྱུང་བ་དང་། འོད་དེ་དག་ཁྱོད་ཀྱི་ཁར་ཞུགས་པར་མཐོང་བ་ནི། བྲམ་ཟེ་ཁྱོད་ཀྱིས་ལོ་ཉིས་བརྒྱ་ལྔ་བཅུར་འཛམ་གླིང་ཉུལ་བར་བྱེད་ཅིང་ཉུལ་བ་དེས་སེམས་ཅན་བགྲང་བ་ལས་འདས་པ་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་བཀོད་པ་དང་། སེམས་ཅན་བགྲང་བ་ལས་འདས་པ་བླ་མེད་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་དང་། ཐེག་པ་ཆེན་པོ་འདི་ལ་བརྩམ་པར་བྱས་པ་དེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཁྱོད་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པའི་སྔ་ལྟས་སོ། །སངས་རྒྱས་དེ་དག་གིས་རིན་པོ་ཆེ་སྣ་བདུན་གྱི་གདུགས་བསྐུར་ཞིང་དེ་དག་སྟེང་གི་བར་སྣང་ལ་ཚངས་པའི་འཇིག་རྟེན་གྱི་བར་དུ་གནས་པ་ནི། གང་གི་ནུབ་མོ་ཁྱོད་སངས་རྒྱས་པ་དེ་ཉིད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་བྱེ་སྙེད་དུ་ཁྱོད་ཀྱི་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་དག་མངོན་པར་འཕགས་པར་འགྱུར་ཞིང་། ཁྱོད་ཀྱི་སྤྱི་གཙུག་ཀྱང་ཚངས་པའི་འཇིག་རྟེན་གྱི་བར་དུ་གྱེན་དུ་འཕགས་ཤིང་བལྟར་མི་མངོན་པར་འགྱུར་བ་དེའི་སྔ་ལྟས་སོ། །གང་ཁྱོད་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཆེན་པོ་དང་། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་མགོ་ལ་བཅིངས་པ་དེ་ནི་ཁྱོད་ཀྱིས་སེམས་ཅན་བགྲང་བ་ལས་འདས་པ་བླ་མེད་རྫོགས་བྱང་འཛིན་དུ་བཅུག་པ་དེ་དག་ཀྱང་ཁྱོད་སངས་རྒྱས་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་མངོན་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་གིས་ཁྱོད་ཀྱི་བསྔགས་པ་བརྗོད་ཅིང་བདག་ཅག་ལ་སངས་རྒྱས་དེས་བྱང་ཆུབ་ཆེན་པོ་འཛིན་དུ་བཅུག་པས་བདག་ཅག་མངོན་པར་སངས་རྒྱས་པས་ན། དེ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ། །ཞེས་བརྗོད་ཅིང་། དེ་དག་གིས་ཁྱོད་ལ་མཆོད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་གཏོང་བར་འགྱུར་ཏེ། བྱང་སེམས་དེ་དག་གིས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས་ཁྱོད་ལ་མཆོད་པར་བྱས་ཤིང་། ཁྱོད་ལས་ཆོས་ཐོས་ནས་གཟུངས་དང་ཏིང་འཛིན་བཟོད་པ་སྣ་ཚོགས་ཐོབ་སྟེེ། སོ་སོའི་སངས་རྒྱས་ཀྱི་ཞིང་དུ་དོང་ནས་ཁྱོད་ཀྱི་བསྔགས་པ་རྗེས་སུ་སྒྲོགས་པའི་སྔ་ལྟས་ཡིན་ནོ། །བྲམ་ཟེ་ཁྱོད་ཀྱི་རྨི་ལམ་ན་ཁོང་པར་པདྨ་ལ་བསམ་གཏན་བྱེད་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དེ་ནི། བྲམ་ཟེ་ཁྱོད་སངས་རྒྱས་པ་ན། གང་དག་སྲོག་ཆགས་དེ་སྙེད་བླ་མེད་བྱང་ཆུབ་འཛིན་དུ་འཇུག་ཅིང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ལ། ཁྱོད་མྱ་ངན་ལས་འདས་ནས་བསྐལ་པ་ཞིང་གི་རྡུལ་སྙེད་འདས་པའི་འོག་ཏུ་ཕྱོགས་བཅུའི་ཞིང་གཞན་དུ་སངས་རྒྱས་པར་འགྱུར་ཏེ། དེ་དག་གིས་སྔར་བསྐལ་པ་གྲངས་མེད་འདས་པ་ན་སངས་རྒྱས་འདིས་བདག་ཅག་བྱང་ཆུབ་ལ་བཞག་གོ་ཞེས་ཁྱོད་ཀྱི་བསྔགས་པ་བརྗོད་པ་དེའི་སྔ་ལྟས་སོ། །བྲམ་ཟེ་ཁྱོད་ཀྱི་རྨི་ལམ་ན་ཕག་གི་གདོང་དང་ཁྱིའི་གདོང་གི་བར་དུ་གྱུར་ཅིང་ལུས་ཁྲག་གིས་བསྐུས་ཏེ་སྲོག་ཆགས་རྣམ་པ་དུ་མ་དག་ཟོས་ནས་ཨེ་ར་ཎྜའི་ཤིང་ངན་པའི་དྲུང་ན་འདུག་པ་དང་། དེ་ཡང་སྲོག་ཆགས་གཞན་གྱིས་ཀེང་རུས་ལ་ཐུག་པར་ཟ་བ་དང་། ཡང་ལུས་ཕྱིར་སྐྱེས་ཤིང་སྔར་བཞིན་བྱེད་པ་མཐོང་བ་ནི། སྐྱེས་བུ་བླུན་པོ་གང་དག་ཁྱོད་ཀྱི་བསོད་ནམས་བྱ་བའི་དངོས་པོ་གསུམ་ཡང་དག་པར་འཛིན་དུ་བཅུག་ཅིང་རབ་ཏུ་བཀོད་པ་དེ་དག །ལྷ་དང་མིའི་རྒྱལ་སྲིད་ལ་འདོད་པ་རྣམས། དེ་དག་དེར་སེམས་ཅན་ཐམས་ཅད་ལ་ལོངས་སྤྱོད་པར་འགྱུར་ཞིང་། དེ་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཁ་ཟས་དང་ལོངས་སྤྱོད་དུ་འགྱུར་ཞིང་། ལྷའི་ནང་དུ་འཕོ་ལྷུང་། མིར་སྐྱེ་རྒ་ན་འཆི། མི་སྡུག་པ་དང་འཕྲད་པ། སྡུག་པ་དང་བྲལ་བ། དུད་འགྲོར་གཏི་མུག་གི་མུན་པ་དང་མགོ་གཅོད་པ་སོགས་ཀྱི་སྡུག་བསྔལ་དང་། ཡི་དྭགས་ན་བཀྲེས་སྐོམ། དམྱལ་བར་ཚ་གྲང་སོགས་གནོད་པ་སྣ་ཚོགས་ཀྱིས་སྡུག་བསྔལ་བར་འགྱུར་བས་སྐྱེས་བུ་བླུན་པོ་དེ་དག་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བའི་སྔ་ལྟས་ཡིན་ནོ། །གང་ཁྱོད་ཀྱི་རྨི་ལམ་ན་ཁ་ཅིག་སྣ་མའི་མེ་ཏོག་གི་ཕྲེང་བས་མགོ་བརྒྱན་ཅིང་། མ་ཧེའི་ཤིང་རྟ་ཞོན་ཏེ་གཡས་སུ་ལྟ་ཞིང་ལམ་གོལ་བར་དོང་བར་མཐོང་བ་དེ་དག་ནི། བྲམ་ཟེ་ཁྱོད་ཀྱིས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་རབ་ཏུ་བཀོད་པའི་རིགས་ཀྱི་བུ་ཁ་ཅིག་བདག་དུལ་ཞིང་ཞི་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དེའི་སྔ་ལྟས་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་སྨྲས་པ། རྒྱལ་པོ་ཆེན་པོ་མིར་གྱུར་པ་དང་། དལ་བ་ཕུན་སུམ་ཚོགས་པ་དང་། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ཡང་རེ་རེ་ནས་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་དུ་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པ་དང་ཡང་དག་པའི་སྨོན་ལམ་ཀྱང་རྙེད་པར་དཀའ་ལགས་སོ། །རྒྱལ་པོ་ཆེན་པོ་ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །གླིང་གཅིག་དང་གཉིས་དང་གསུམ་དང་བཞི་པའི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་ཏེ། ཡུན་རིང་པོར་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བགྱིད་པ་ལགས་སོ། །ལྷ་མིའི་འབྱོར་པ་ནི་རླུང་གི་ཤུགས་བཞིན་དུ་གཡོ་ཞིང་མི་གནས་པ་ལགས་སོ། །བྱིས་པ་རྣམས་ནི་ཆུ་ཟླ་ལྟ་བུ་འདོད་པའི་ཡོན་ཏན་ལྔས་ངོམས་པ་མི་མྱོང་ཞིང་ཡུལ་རྣམས་ལ་མྱོས་ནས་ལྷ་དང་མིའི་དཔལ་འཚལ་བར་བགྱིད་དེ་བྱིས་པ་དེ་དག་ནི་ཡང་ནས་ཡང་དུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་ལྷ་དང་མི་རྣམས་ཀྱི་ནང་དུ་སྡུག་བསྔལ་སྣ་ཚོགས་མྱོང་བར་འགྱུར་ཏེ། བྱིས་པ་རྣམས་འཁོར་བར་འཁྱམས་པ་ན། དགེ་བའི་བཤེས་གཉེན་དང་བྲལ་བས་མ་ཐོབ་པ་ཐོབ་པར་བགྱི་བ་དང་། མ་རྟོགས་པ་རྟོགས་པར་བགྱི་བ་དང་། མངོན་སུམ་དུ་མ་བགྱིས་པ་མངོན་སུམ་དུ་བགྱི་བའི་སླད་དུ་ཡང་དག་པའི་སྨོན་ལམ་མི་འདེབས་ཤིང་རྩོལ་བར་མི་བགྱི་བའི་སླད་དུ་སྟེ། དེ་ལྟར་བྱིས་པ་གླེན་པ་དག་ནི་གང་ལ་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བའི་བྱང་ཆུབ་སེམས་ཀྱིས་སྐྱོ་བར་བགྱིད་ཅིང་གང་ལ་ཡང་ནས་ཡང་དུ་སྡུག་བསྔལ་འབྱུང་བར་འགྱུར་བའི་འཁོར་བས་སྐྱོ་བར་མི་བགྱིད་ཅིང་ཡིད་འབྱུང་བར་མི་བགྱིད་དོ། །རྒྱལ་པོ་ཆེན་པོ་དེ་བས་ན་འཁོར་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་ལགས་པས་ཡོངས་སུ་བརྟག་པ་མཛད་ཅིང་། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ནི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ལྷག་པར་མཛད་པ་མཛད་དེ་དགེ་བའི་རྩ་བ་ནི་བསྐྲུན། དཀོན་མཆོག་གསུམ་ལ་དད་པ་བརྙེས། ལོངས་སྤྱོད་ཆེན་པོའི་ཕྱིར་བཅོམ་ལྡན་འདས་ལ་དབུལ་བ་ནི་ཕུལ། མཐོ་རིས་སུ་སྐྱེ་བ་ཐོབ་པར་བགྱི་བའི་སླད་དུ་ཚུལ་ཁྲིམས་ནི་བསྲུངས། བཅོམ་ལྡན་འདས་ལ་ཆོས་གསན་པས་ཁྱོད་ཤེས་རབ་ཆེན་པོ་རྙེད་པར་ནི་གྱུར། མཆོད་སྦྱིན་ནི་མཛད་ལགས་ཀྱི། རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །རྒྱལ་པོས་སྨྲས་པ། བྲམ་ཟེ་ཁོ་བོ་ནི་བླ་མེད་རྫོགས་བྱང་མི་འདོད་དེ། འཁོར་བ་མངོན་པར་འདོད་པའི་དོན་དུ་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས་ཆོས་ཉན་ཏོ། །བྲམ་ཟེ་བླ་མེད་རྫོགས་བྱང་ནི་ཐོབ་པར་དཀའ་བ་ཡིན་པས་མི་དགོས་སོ། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་ལ་ལན་གཉིས་སུ་སྨྲས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ལམ་ནི་ཡང་དག་པ་ལགས་སོ་བསམ་ནས་སྨོན་ལམ་གདབ་པར་བགྱི་བ་སྟེ། ལམ་དེ་ནི་སྒྲིབ་པ་མ་མཆིས་པས་རྫོགས་ཤིང་ཤིན་ཏུ་དད་པ་ལགས་སོ། །ལམ་དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་ཅིང་དྲང་པོ་ལགས་སོ། །ལམ་དེ་ནི་ཉོན་མོངས་པ་བསལ་བས་གཡོ་མེད་ཅིང་དག་པ་ལགས་སོ། །ཞེས་སོགས་དང་། ལམ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་སྤྲོ་བ་དང་བཅས་པ་ལགས་སོ། །ལམ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དང་མཐུན་པས་རིན་པོ་ཆེ་ཆེན་པོར་ངེས་པར་བསྒྲུབ་པ་ལགས་སོ། །ཞེས་སོགས་དང་། ལམ་དེ་ནི་མི་དགེ་བ་ཐམས་ཅད་དང་བྲལ་བས་བདེ་འགྲོར་མཆི་བ་ལགས་སོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་ཀྱི་ལམ་དེ་ནི་མྱ་ངན་ལས་འདས་པའི་མཐར་ཐུག་པས་བདེ་བ་འཐོབ་པ་ལགས་ཀྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །ཅེས་བྱང་ཆུབ་སེམས་ཀྱི་བསྔགས་པ་རྒྱ་ཆེན་པོ་བརྗོད་པ་དང་། རྒྱལ་པོས་སྨྲས་པ། བྲམ་ཟེ་དེ་བཞིན་གཤེགས་པ་འདི་ནི་སྐྱེ་དགུ་ཚེ་ལོ་བརྒྱད་ཁྲི་པ་རྣམས་ཀྱི་ནང་དུ་འཇིག་རྟེན་དུ་བྱུང་བས་ན། དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཞི་བར་མཛད་པར་མི་སྤྱོད་དེ། སེམས་ཅན་རང་རང་གི་དགེ་རྩ་བསྐྱེད་པའི་འབྲས་བུ་ལ་གནས་པར་གྱུར་ནས། ལ་ལས་གཟུངས་དང་ཏིང་འཛིན་བཟོད་པ་གྲུབ། དགེ་རྩ་མཆོག་ཏུ་གྱུར་པའི་བྱང་སེམས་རྣམས་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར། སེམས་ཅན་ཁ་ཅིག་ལྷ་མིའི་དཔལ་ཉམས་སུ་མྱོང་། དེ་ལྟར་སེམས་ཅན་རྣམས་རང་རང་གི་དགེ་དང་མི་དགེའི་ལས་ཀྱིས་འཕྱན་པར་གྱུར་པ་ལས། སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་མ་མཛད་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སེམས་ཅན་གང་ཞིག་ཡིན། བཅོམ་ལྡན་འདས་ཀྱི་སྐུ་ནི་ཞིང་དུ་གྱུར་པ་འབའ་ཞིག་ཏུ་ཟད་ཀྱི། དགེ་རྩ་མ་བསྐྱེད་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་ནི་མ་མཛད་དོ། །ཁོ་བོས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྤྱོད་ལ། ཡེ་ཤེས་ཆེན་པོ་བསགས་པ་དང་། ཆོས་ཀྱི་སྒོ་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དེས་སེམས་ཅན་རྣམས་འདུལ་ཞིང་སངས་རྒྱས་ཀྱི་མཛད་པ་ཡང་བྱེད་མོད་ཀྱི། སངས་རྒྱས་ཀྱི་ཞིང་ཉོན་མོངས་ཅན་འདི་ལྟ་བུར་བྱང་ཆུབ་ཀྱི་ཕྱིར་སེམས་ཡོངས་སུ་བསྔོ་བ་འབའ་ཞིག་ནི་མི་བྱེད་དོ། །གལ་ཏེ་གང་གི་ཚེ་ཁོ་བོ་བླ་མེད་བྱང་ཆུབ་ལ་རེག་པར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེར། ཁོ་བོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པར་འགྱུར་བ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཞིག་འཐོབ་པར་འགྱུར་བ་ལྟ་ན། དེའི་ཚེ་ཁོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སྤྱད་པར་བྱའོ། །ཞེས་སྨྲས་སོ། །དེ་ནས་སངས་རྒྱས་རིན་ཆེན་སྙིང་པོ་ཏིང་ངེ་འཛིན་མེ་ལོང་བཀོད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྣང་བ་ཆེན་པོས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་སྟོང་གི་འཇིག་རྟེན་གྱི་རྡུལ་སྙེད་དག་གི་ཡོན་ཏན་བཀོད་པ་ཐམས་ཅད་སྣང་བར་གྱུར་ཏེ། ཞིང་ལ་ལ་དག་ན་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དང་། ལ་ལ་དག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཡང་དག་པར་ཞུགས་པ་དང་། དེ་བཞིན་དུ་ལ་ལ་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་ནས་བདུད་ཕམ་པར་བྱེད་པ་དང་། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་དང་། ཞིང་ལ་ལ་ན་སངས་རྒྱས་བྱང་སེམས་ཀྱིས་ཁྱབ་ཅིང་ཉན་རང་མེད་པ་དང་། ལ་ལ་ན་ཉན་རང་ཡོད་པ་དང་། ལ་ལ་ན་སངས་རྒྱས་དང་ཉན་རང་བྱང་སེམས་ཀྱིས་སྟོང་པ་དང་། ལ་ལ་ན་སྙིགས་མ་ལྔས་ཉོན་མོངས་ཅན་དུ་གྱུར་པ་དང་། ལ་ལ་ན་སྙིགས་མ་ལྔ་དང་བྲལ་བས་ཡོངས་སུ་དག་པ་དང་། ཞིང་ཁ་ཅིག་ན་སེམས་ཅན་མཆོག་རྣམས་དང་། ཁ་ཅིག་ན་དམན་པ། ཁ་ཅིག་ན་ཚེ་རིང་བ། ཁ་ཅིག་ཚེ་ཐུང་བ་དང་། ཞིང་ཁ་ཅིག་ཆགས་པ། ཁ་ཅིག་གནས་པ། ཁ་ཅིག་མེ་ལ་སོགས་པའི་འཇིགས་པ་དང་ལྡན་པའི་ཞིང་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་ཀུན་ཏུ་སྣང་ཞིང་ཐམས་ཅད་དང་ལྡན་པའི་འཁོར་དེས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་མཐོང་བའི་རྫུ་འཕྲུལ་དེ་ལྟ་བུ་མངོན་པར་འདུ་མཛད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ལ་གཟིགས་ནས། བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་ཅིག །སངས་རྒྱས་ཀྱི་ཞིང་ཇི་ལྟར་བཞེད་པ་བཟུང་བར་མཛོད་ཅིག ། དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས། བཅོམ་ལྡན་འདས་ལ་ཐལ་མོ་སྤྱར་ཏེ་གསོལ་པ། གང་གིས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་པ་ནས། གང་གིས་སེམས་ཅན་རྣམས་བསམ་པ་ཡོངས་སུ་དག་པ་དང་། གང་གིས་སེམས་ཅན་རྣམས་ཚེ་རིང་པོར་འགྱུར་བའི་བར་དུ་རྒྱ་ཆེར་གསོལ་བ་དང་། བཀའ་སྩལ་པ། རྒྱལ་པོ་ཆེན་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་བྲལ་ཞིང་ཡོངས་སུ་དག་པ་འཛིན་ལ་སྨོན་ལམ་གྱི་དབང་གིས་ཞིང་ཡོངས་སུ་མ་དག་པ་ཡང་འཛིན་ཏོ། །རྒྱལ་པོས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གྲོང་ཁྱེར་དུ་ཞུགས་ཏེ་རྩེ་གཅིག་ཏུ་མཆིས་ནས་སྨོན་ལམ་ལ་བསམ་པར་བགྱི་ཞིང་། སྙིགས་མ་ལྔ་དང་བྲལ་བའི་སངས་རྒྱས་ཀྱི་ཞིང་ཇི་ལྟ་བུ་ལ་དགའ་བ་དེར་དགེ་བའི་སྤྱོད་པ་འདི་དག་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སངས་རྒྱས་འཁོར་བཅས་ལ་ཕྱག་བྱས་ནས་རང་གི་ཁྱིམ་ནང་དུ་ཡང་དག་པར་འདོད་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་སེམས་པར་བྱེད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་ཐུ་བོ་མིག་མི་འཛུམ་པ་ལ་ཁྱོད་བླ་མེད་རྫོགས་བྱང་དུ་སེམས་སྐྱེད་ལ། བསོད་ནམས་བསྒྲུབས་པ་དེ་དག་དེར་བསྔོས་ཤིག །རྒྱལ་བུས་སྨྲས་པ། མཁན་པོ་བདག་ཀྱང་རང་གི་ཁྱིམ་དུ་ཞུགས་ཏེ། དབེན་པར་མཆིས་ནས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བསམ་པར་བགྱི་སྟེ། གལ་ཏེ་བྱང་ཆུབ་ཀྱི་སླད་དུ་སེམས་བསྐྱེད་པ་ལྟ་ན། བཅོམ་ལྡན་འདས་ཀྱི་དྲུང་དུ་སླར་མཆིས་ནས་བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོ་བར་བགྱིའོ་ཞེས་སྨྲས་ནས་དོང་སྟེ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལ་སེམས་པར་བྱེད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། རྒྱལ་བུ་གཉིས་པ་ནས། རིམ་བཞིན་རྒྱལ་བུ་སྟོང་རྫོགས་པའི་བར་དུ་རེ་རེ་བཞིན་བོས་ཏེ་སྔ་མ་བཞིན་དུ་སྦྱར་ནས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ། །ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དང་། གཞན་སེམས་ཅན་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ལ་དེ་བཞིན་དུ་བྱས་པ་ཐམས་ཅད་རང་གི་ཁྱིམ་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སེམས་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་སྙམ་དུ་བདག་གིས་སེམས་ཅན་མང་པོ་དེ་སྙེད་བླ་མེད་རྫོགས་བྱང་འཛིན་དུ་བཅུག་པ་དང་། སངས་རྒྱས་འཁོར་བཅས་ལ་ལོ་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བའི་ཕྱིར་སྤྱན་དྲངས་པ་དེས། བླ་མེད་བྱང་ཆུབ་ཏུ་བདག་གིས་བསམ་པ་རྫོགས་པར་འགྱུར་ཞིང་སྨོན་ལམ་འདི་ཡང་འགྲུབ་པ་ལྟ་ན། བདག་གིས་ལྷ་དང་ལྷ་མིན་དང་དྲི་ཟ་དང་གནོད་སྦྱིན་དང་སྲིན་པོ་དང་གྲུལ་བུམ་རྣམས་མཆོད་སྦྱིན་ཆེན་པོ་འདི་ལ་ཡང་དག་པར་གཟུད་པར་བྱའོ་སྙམ་མོ། །དེ་ནས་བྲམ་ཟེ་དེས་རྒྱལ་པོ་རྣམ་ཐོས་ཀྱི་བུ་མཐོང་བར་འདོད་མ་ཐག །རྣམ་ཐོས་ཀྱི་བུ་གནོད་སྦྱིན་འབུམ་ཕྲག་དུ་མས་བསྐོར་བ་བྲམ་ཟེ་དེའི་མདུན་དུ་ལྷགས་ནས་འདི་སྐད་ཅེས་བྲམ་ཟེ་ཁྱོད་ཁོ་བོ་ལས་ཅི་ཞིག་འདོད། བྲམ་ཟེས་སྨྲས་པ། ཁྱོད་སུ་ཞིག་ཡིན། དེས་སྨྲས་པ། ང་གནོད་སྦྱིན་གྱི་བདག་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ཞིག་ཡོད་པར་ཐོས་པ་དེ་ནི་ཁོ་བོ་ཡིན་པས། བསྒོ་བ་ཅི་ཡོད། ཅི་ཞིག་འགྱེད། བྲམ་ཟེས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱང་མཆོད་སྦྱིན་ཆེན་པོ་འདི་ལ་སྤྲོ་བསྐྱེད་ཅིག །དེས་སྨྲས་པ། བྲམ་ཟེ་ཁྱོད་ཅི་འདོད་པ་དེ་ལྟར་བྱའོ། །སྨྲས་པ། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཀྱི་ཁོ་བོའི་ཚིག་གིས་གནོད་སྦྱིན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་དུ་ཆུག་ལ། འདི་སྐད་ཅེས་བསྒོས་ཤིག །གལ་ཏེ་གནོད་སྦྱིན་ཁྱེད་ཅག་བླ་མེད་རྫོགས་བྱང་འདོད་པ་ལྟ་ན། ཁྱེད་ཅག་སོང་ལ་རྒྱ་མཚོའི་ཕ་རོལ་ནས་ཙན་དན་ས་མཆོག་དང་སྦྲུལ་གྱི་སྙིང་པོ་དག་ལོངས་ཤིག །ཁ་ཅིག་གིས་ནི་སྤོས་སྣ་ཚོགས་དང་། ཁ་ཅིག་གིས་ནི་མེ་ཏོག་སྣ་ཚོགས་དག་ལོངས་ཤིག །ཅེས་བསྒོ་བར་གྱིས་དང་། དེས་ཁོ་བོས་ཉིན་རེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །རྒྱལ་པོ་རྣམ་ཐོས་ཀྱི་བུས་བྲམ་ཟེ་དེ་ལྟར་བྱའོ་ཞེས་མཉན་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། རྔ་བོ་ཆེ་བརྡུངས་ནས་གནོད་སྦྱིན་དང་སྲིན་པོ་རྣམས་བསྡུས་ཏེ་འདི་སྐད་ཅེས། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག །གང་འཛམ་བུའིི་གླིང་འདིར་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལོ་བདུན་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཀྱིས་དེའི་ཕྱིར་ཁྱེད་ཅག་གིས་དེའི་དགེ་བའི་རྩ་བ་ལ་ཡི་རང་བྱ་ཞིང་དགེ་རྩ་དེས་ཁྱེད་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེའི་ཚེ་གནོད་སྦྱིན་དང་སྲིན་པོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་ཐལ་མོ་སྦྱར་ཏེ་སྨྲས་པ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་ལྟར་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་རྒྱུན་གང་ཡིན་པ་ལ་བདག་ཅག་རྗེས་སུ་ཡི་རང་ངོ་། །དགེ་རྩ་དེ་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་བསྔོ་བར་བྱའོ། །རྒྱལ་པོ་རྣམ་ཐོས་བུས་སྨྲས་པ། ཁྱེད་ཅག་ཉོན་ཅིག །ཁྱེད་ཅག་ལས་གང་སུ་དགེ་རྩ་དང་བསོད་ནམས་འདོད་པས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་དུ་སངས་རྒྱས་འཁོར་བཅས་ལ་བསྙེན་བཀུར་བགྱིད་པའི་ཙན་དན་ས་མཆོག་དང་སྦྲུལ་གྱི་སྙིང་པོ་དག་རྒྱ་མཚོའི་ཕ་རོལ་ནས་ལོངས་ཤིག །དེ་ནས་གནོད་སྦྱིན་དགུ་ཁྲི་ཉིས་སྟོང་གིས་ཚིག་མཐུན་པར་བདག་ཅག་གིས་དེ་ལྟར་བགྱིའོ་ཞེས་དང་། གནོད་སྦྱིན་བཞི་ཁྲི་དྲུག་སྟོང་གིས་བདག་ཅག་གིས་སྤོས་བླང་བར་བྱའོ། །ཞེས་དང་། གནོད་སྦྱིན་ལྔ་ཁྲི་ཉིས་སྟོང་གིས་བདག་ཅག་གིས་མེ་ཏོག་སྣ་ཚོགས་བླང་བར་བྱའོ། །གནོད་སྦྱིན་ཉིས་ཁྲིས་བདག་ཅག་གིས་བཅོམ་ལྡན་འདས་འཁོར་བཅས་ཀྱི་ཕྱིར་སྨན་བཅུད་ཀྱི་ས་ལེན་སྣ་ཚོགས་བླངས་ལ། ཞལ་ཟས་དང་། རླུང་ནན་སྦྱོར་བར་འགྱུར་བ་དེར་མཐུ་གཞུག་པར་བྱའོ། །ཞེས་དང་། གནོད་སྦྱིན་བདུན་ཁྲིས་བདག་ཅག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པའི་ཞལ་ཟས་སྦྱར་བར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། རྒྱལ་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ཡུལ་འཁོར་སྲུང་འཁོར་མང་པོ་དང་བཅས་པ་དང་། ཀླུ་དང་། དྲི་ཟ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་རྣམས་ཀྱང་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་དྲུང་དུ་འོངས་པ་ལ། རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་སངས་རྒྱས་ཀྱི་མཐུས། གླིང་བཞི་པ་གཉིས་པའི་འཇིག་རྟེན་སྐྱོང་བ་རྣམས་དང་། སྟོང་གསུམ་པའི་སྟོང་ཆེན་པོའི་ཞིང་གི་རྣམ་ཐོས་ཀྱི་བུ་སོགས་རྒྱལ་པོ་བཞི་ཐེར་འབུམ་འཁོར་དང་བཅས་པ་ཡང་བྲམ་ཟེ་དེའི་གན་དུ་འོངས་པ་ལ་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་སེམས་འཛིན་དུ་བཅུག་གོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བའི་རེ་བ་ཡང་དག་པར་གྲུབ་ཅིང་སྨོན་ལམ་འགྲུབ་པ་ལྟ་ན། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་མཆོད་སྦྱིན་དེའི་བགོ་བཤའ་བྱེད་ཅིང་བླ་མེད་རྫོགས་བྱང་འཛིན་དུ་འཇུག་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དང་། གཞན་འཕྲུལ་དབང་བྱེད་ཀྱང་བདག་ལ་ལྟ་བའི་ཕྱིར་འདིར་འོང་བར་གྱུར་ཅིག་སྙམ་མ་ཐག་ཏུ། དེ་རྣམས་དེ་བཞིན་དུ་འོངས་པ་ལ་སུ་ཡིན་ཞེས་དྲིས་པ་ན། སོ་སོའི་མིང་བསྟན་ནས་བྲམ་ཟེ་བསྒོ་བ་ཅི་ཞིག་ཡོད་ཅེས་ཟེར་བ་ལ། བཅོམ་ལྡན་འདས་འཁོར་བཅས་ཀྱི་ཕྱིར་ལྷའི་འཇིག་རྟེན་ན་ཁྱད་པར་འཕགས་པའི་ལྷ་རྫས་ཀྱི་ཁང་བརྩེགས་དང་ལྗོན་ཤིང་སྤོས་དང་མེ་ཏོག །ལྷའི་ན་བཟའ་དང་། གདན་དང་རྒྱན་དང་། གདུགས་དང་རྒྱལ་མཚན་དང་རོལ་མོ་ལ་སོགས་པ་གང་དག་ཡོད་པ་དེ་ཐམས་ཅད་ཀྱིས་འཛམ་བུའི་གླིང་གི་ཚལ་ཐམས་ཅད་བརྒྱན་པར་གྱིས་ཤིག་ཅེས་བསྒོ་བ་བཞིན་དུ་ལྷའི་རྒྱལ་པོ་ལྔ་པོ་དག་གིས་ལྷའི་འཇིག་རྟེན་དུ་སོང་སྟེ། ལྷའི་བུ་འཁྲི་བྱེད། འཁྱིལ་བྱེད། སྣ་མར་སེས། ས་རྩོམ་དགའ་རྣམས་བོས་ཏེ། འཛམ་བུའི་སྐྱེད་མོས་ ཚལ་དུ་རྒྱན་གྱི་རྣམ་པ་སྣ་ཚོགས་དག་དང ་། གདན་དང་གདིང་བ་སྣ་ཚོགས་དག་གིས་ཇི་ལྟར་ལྷའི་འཇིག་རྟེན་འདི་བརྒྱན་པ་དེ་ལྟ་བུ་དང་། ཁང་པ་བརྩེགས་པ་ཡང་བརྒྱ་བྱིན་གྱི་ཁང་བརྩེགས་འདི་ལྟ་བུ་རྩིགས་ཤིག་ཅེས་བསྒོས་པ་བཞིན་མཚན་གཅིག་གིས་དེ་ཐམས་ཅད་འགྲུབ་པར་བྱས་ཏེ། ལྷའི་འཇིག་རྟེན་ དང་འཛམ་བུའི་སྐྱེད་མོས་ཚལ ་ཁྱད་པར་ཅུང་ཟད་ཀྱང་མ་མཆིས་པར་བསྒྲུབས་ནས་དེར་ལྷའི་རྒྱལ་པོ་ལྔ་ཕྱིར་ཞིང་བྲམ་ཟེའི་དྲུང་དུ་འོངས་ཏེ། འཛམ་བུའི་ཚལ་ནི་བརྒྱན་ཟིན་ན་ཡང་ཁོ་བོ་ཅག་གི་བྱ་བ་ཅི་ཡོད་ཅེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། ལྷའི་རྒྱལ་པོ་ཁྱོད་ལྔ་ནི་ལྷའི་རིས་སོ་སོ་ན་རྒྱལ་སྲིད་བྱེད་པ་ཡིན་པས་དེ་ན་ཁྱེད་ཅག་དབང་ཆེ་བས་སོ་སོའི་འཁོར་གྱི་ལྷ་རྣམས་བསྡུས་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ལྟ་བ་དང་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་འཛམ་བུའི་གླིང་དུ་ཤོག་ལ་སངས་རྒྱས་ལས་ཆོས་ཉོན་ཅིག །ཅེས་སྨྲས་པ་ལྟར་ལྷའི་རྒྱལ་པོ་ལྔས་སོ་སོའི་རིས་ཀྱི་ལྷའི་འཁོར་བསྡུས་ཏེ་སྨྲས་པ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་དགེ་རྩ་ལ་ཡི་རང་བར་བྱོས་ལ་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་བྱས་པ་བཞིན་སོ་སོའི་རིས་ཀྱི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་དེ་བཞིན་བགྱི་ཞེས་གསོལ་པ་དང་། འཛམ་བུའི་གླིང་དུ་སངས་རྒྱས་ལ་མཆོད་ཅིང་ཆོས་མཉན་པའི་ཕྱིར་ལྷའི་རྒྱལ་པོ་ལྔ་པོ་སོ་སོའི་འཁོར་འབུམ་ཕྲག་མང་པོ་དང་ལྷན་ཅིག །ནུབ་མོ་འཛམ་བུའི་གླིང་འདི་འབབ་སྟེ། སངས་རྒྱས་ལས་ཆོས་ཉན་ཅིང་ནམ་མཁའི་ལྷ་རྣམས་ཀྱི་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་སྒྲོགས་པར་བྱེད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་རྟོག་པ་སྔར་བཞིན་སྐྱེས་པའི་སྟོབས་ཀྱིས། ལྷ་མ་ཡིན་གྱི་རྒྱལ་པོ་གནོད་སྦྱིན་གྱི་དབང་པོ་ལྔ་འོངས་ཏེ། དེའི་ཚིག་གིས་ལྷ་མ་ཡིན་མང་པོ་དང་། དེ་བཞིན་དུ་བདུང་གང་པོ་ཞེས་བྱ་བ་འཁོར་དུ་མ་དང་བཅས་པ་དང་། ཚངས་པ་ཆེན་པོ་འཁོར་བྱེ་བ་མང་པོ་དང་། གླིང་བཞི་པ་གཉིས་པའི་ལྷའི་དབང་པོ་བརྒྱ་བྱིན་སོགས་ལྷའི་རྒྱལ་པོ་ལྔ་དང་། བདུད་དང་ཚངས་པ་རྣམས་དང་། དེ་བཞིན་དུ་གླིང་བཞི་པ་གསུམ་པ་དང་བཞི་པ་དང་ལྔ་པའི་བར་གྱི་ལྷ་དང་ལྷ་མིན་བདུད་དང་ཚངས་པ་རྣམས་སོ་སོའི་འཁོར་དུ་མ་དང་བཅས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་བར་དག་ནས་བརྒྱ་བྱིན་ཐེར་འབུམ་ས་ཡ་སོགས་ལྷའི་རྒྱལ་པོ་དང་ཚངས་པ་དང་བདུད་དང་ལྷ་མིན་གྱི་རྒྱལ་པོ་རྣམས་སོ་སོའི་འཁོར་མང་པོ་དང་བཅས་པ་ཐམས་ཅད་ལ་སྔ་མ་བཞིན་དུ་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་སངས་རྒྱས་ལ་མཆོད་ཅིང་ཆོས་ཉན་པའི་སླད་དུ་བསྡུས་སོ། །དེ་ནས་བྲམ་ཟེ་དེས་འདི་སྙམ་དུ། འཛམ་བུའི་གླིང་འདི་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་ཞིང་དེའི་མི་དང་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་ནས་དེ་དག་གི་མདུན་ན་སངས་རྒྱས་ཀྱི་སྤྲུལ་པ་བཞུགས་ཤིང་དེ་དག་བླ་མེད་བྱང་ཆུབ་འཛིན་དུ་འཇུག་པར་གྱུར་པ་དེ་ལྟ་བུའི་སངས་རྒྱས་ཀྱི་རྫུ་འཕྲུལ་འདུ་མཛད་པར་གྱུར་ཅིག་སྙམ་པའི་མོད་ལ། དེའི་རྟོག་པ་སངས་རྒྱས་ཀྱིས་མཁྱེན་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྐུའི་བ་སྤུ་ནས་འོད་ཟེར་སྤྲོས་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུན་ཆད་དེ་སངས་རྒྱས་མཐོང་ཞིང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ཤིང་སེམས་ཅན་གཞན་མང་པོ་ཚད་མེད་པའི་དོན་ཀྱང་བྱས་སོ། །འཛམ་བུའི་གླིང་གི་མི་རྣམས་ནི་སངས་རྒྱས་འཁོར་བཅས་མཆོད་པའི་ཕྱིར་ལྷ་རྣམས་ཀྱིས། རྒྱལ་པོའི་ཕོ་བྲང་ཡིད་འོང་འཛིན་གྱི་འཛམ་བུའི་ཚལ་གྱི་སྐྱེད་མོས་ ཚལ་ལྷའི་རྒྱན་དང ་ལྷབ་ལྷུབ་དག་གིས་བརྒྱན་ཏོ་ཞེས་ཐོས་ནས་བདག་ཅག་དེར་དོང་སྟེ་ལྟ་ཞིང་སངས་རྒྱས་འཁོར་དང་བཅས་པ་ཡང་བལྟས་ལ་ཆོས་ཉན་པར་བྱའོ་ཞེས་སྐྱེ་བོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཉིན་གཅིག་བཞིན་དུ་དེར་འོང་ངོ་། །སྐྱེད་ཚལ་དེར་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་ཉི་ཁྲི་ཡོད་པ། སྒོ་རེ་རེ་ཞིང་རིན་པོ་ཆེའི་ཁྲིའུ་ལྔ་བརྒྱ་ལྔ་བརྒྱ་བཤམས་ནས། དེ་དག་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་འཁོད་དེ། སེམས་ཅན་གང་དག་སྐྱེད་ཚལ་དེར་འཇུག་པ་དེ་དག་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བླ་མེད་རྫོགས་བྱང་འཛིན་དུ་བཅུག་སྟེ། དེ་ལྟར་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་པོ་དེར་ལྷ་དང་ཀླུ་དང་ལྷ་མིན་དང་གནོད་སྤྱིན་དང་། སྲིན་པོ་དང་གྲུལ་བུམ་དང་། དྲི་ཟ་དང་ཡི་དྭགས་དང་། ཤ་ཟ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོར་སྐྱེས་པ་ནས་རེ་རེ་ནས་བགྲང་བ་ལས་འདས་པ་དག་བླ་མེད་རྫོགས་བྱང་འཛིན་དུ་བཅུག་སྟེ། བཏུལ་ཞིང་རབ་ཏུ་བཀོད་དོ། །ལོ་བདུན་པོ་དེ་སོང་ནས་ལྷའི་འཁོར་ལོ་རིན་པོ་ཆེ་མ་གཏོགས་བར་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་དང་གླང་པོ་རིན་པོ་ཆེ་མ་གཏོགས་པར་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་གི་བར་དག་ཀྱང་འབུལ་བར་འདོད་དོ། །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱང་ལོ་བདུན་པོ་དེ་དག་འདས་པའི་བར་དུ་དུག་གསུམ་ལ་འདུན་པ་དང་། རྒྱལ་སྲིད་དང་ནོར་དང་། བུ་དང་བུ་མོ་ཟས་སྐོམ་གཉིད་སོགས་ལ་འདུན་པ་དང་། བདག་གཞན་གྱི་འདུན་པ་མ་སྐྱེས་པར། ལོ་བདུན་དུ་གློས་ཕབ་སྟེ་ཉལ་བར་མ་གྱུར་ལ། ཉིན་མཚན་དང་གཟུགས་སྒྲ་སོགས་ཀྱི་འདུ་ཤེས་མ་སྐྱེས། ལུས་ལ་ངལ་བ་ཡང་མ་སྐྱེས་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་ཡོན་ཏན་བཀོད་པ་མཐོང་ཞིང་དེའི་མིག་ལམ་དུ། རི་དང་ཁོར་ཡུག་དང་ཉི་ཟླ་སོགས་གཞན་གང་ཡང་མི་སྣང་བར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མཐོང་བ་བཞིན་དུ་ལྟ་ཞིང་སྨོན་ལམ་ལ་སེམས་པར་བྱེད་དོ། །རྒྱལ་པོ་ལ་ཇི་ལྟར་བྱུང་བ་དེ་བཞིན། རྒྱལ་བུ་སྟོང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་། གཞན་སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་པོ་ཐམས་ཅད་ཀྱང་དེ་ལྟ་བུར་དབེན་པར་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ལྟ་ཞིང་། ཁ་ཅིག་ཞིང་ཡོངས་སུ་དག་པ་དང་། ཁ་ཅིག་མ་དག་པ་སེམས་པར་གྱུར་ཏོ། །ལོ་བདུན་པོ་རྫོགས་པར་རིགས་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རིན་པོ་ཆེ་སྣ་བདུན་འབུལ་བར་འདོད་པའི་ཕྱིར་དེ་བཞིན་གཤེགས་པ་ལ་ཐལ་མོ་སྦྱར་ཏེ་ཞུས་པ། བཙུན་པ་བཅོམ་ལྡན་འདས་བདག་གིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དང་། བུ་སྟོང་དང་། ཁམས་ཀྱི་རྒྱལ་པོ་རྣམས་དང་། སྲོག་ཆགས་གཞན་བླ་མེད་བྱང་ཆུབ་འཛིན་དུ་བཅུག་པ་དེ་དག་རང་གི་ཁྱིམ་དུ་མཆིས་ཏེ་དབེན་པར་ནང་དུ་ཡང་དག་པར་འཇོག་པ་ལ་གནས་ནས་དེར་མི་སུ་ཡང་མཆིར་མི་སྟེར་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཅི་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་སོགས་པ་དེ་དག་ནང་དུ་ཡང་དག་འཇོག་པ་དེ་ལས་ལངས་ཏེ་འདིར་མཆིས་ནས་བླ་མེད་བྱང་ཆུབ་ལས་བློ་མི་གཡོ་བ་དང་། བཅོམ་ལྡན་འདས་ལས་ལུང་བསྟན་པ་འཐོབ་པར་འགྱུར་བ་དེ་དག་ལ་དགོངས་སུ་གསོལ་ཞེས་ཞུས་པས། སངས་རྒྱས་རིན་ཆེན་སྙིང་པོ་ཏིང་ངེ་འཛིན་བློ་གྲོས་སྒྲུབ་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པས། ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ། དམར་པོ། དཀར་པོ། བཙོད་ཁ་དང་། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་བྱུང་བས་ནང་དུ་འཇོག་པ་དེ་དག་གི་མདུན་དུ་ཚངས་པར་སྤྲུལ་ཏེ། གྲོགས་པོ་དག་ལོངས་ཤིག །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ལོ་བདུན་དུ་མཆོད་སྦྱིན་བྱ་བ་ནི་ཟིན་ཏེ། བཅོམ་ལྡན་འདས་ཀྱང་གཞན་དུ་རྒྱུ་ཞིང་གཤེགས་ཀྱིས། བཅོམ་ལྡན་འདས་འཁོར་བཅས་ལ་ཕྱག་དང་བསྙེན་བཀུར་བྱ་བའི་ཕྱིར་དེངས་ཤིག །ཅེས་བསྐུལ་བས་དེ་དག་ལངས་ཏེ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་བསྐུལ་ཞིང་། དེ་ཐམས་ཅད་ལངས་ཏེ་ཆས་སོ། །རྒྱལ་པོ་ཆས་པ་དང་ནམ་མཁའི་ལྷ་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས་སོ། །དེ་ནས་རྒྱལ་པོ་དང་བུ་སྟོང་ལ་སོགས་པ་དེ་ཐམས་ཅད་ལྷན་ཅིག་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱག་འཚལ་ཏེ་འཁོད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་བསྙེན་བཀུར་བགྱིས་པ་དང་ཡོན་ཕུལ་བ་དེ་དག་ལ་རྗེས་སུ་ཡི་རང་བར་གྱིས་ལ། གཏོང་བ་དང་རྗེས་སུ་ཡི་རངས་བའི་བསོད་ནམས་དེ་དག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག་ཅེས་དང་། དེ་བཞིན་དུ་རྒྱལ་བུ་སྟོང་ལ་སོགས་པ་སྲོག་ཆགས་གཞན་རྣམས་ལའང་རྗེས་སུ་གདམས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྲམ་ཟེ་འདིས་བྱང་ཆུབ་འཛིན་དུ་བཅུག་ཅིང་ཕྱིར་མི་ལྡོག་པ་ལ་བཀོད་པའི་སེམས་ཅན་འདི་དག་ལུང་བསྟན་པར་བྱ་ཞིང་སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་བསྟན་པར་བྱའོ་སྙམ་དུ་དགོངས་ཏེ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ནས་འཛུམ་པར་མཛད་དོ། །འཛུམ་པ་མཛད་པ་དེས་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་སྣང་བ་ཆེན་པོས་སྣང་བར་མཛད་ནས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སོགས་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམས་ཀྱང་བསྟན་ཏོ། །ཕྱོགས་བཅུའི་ཞིང་བགྲང་བ་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྣང་བ་དེ་མཐོང་ནས་བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འདུས་ཏེ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་བཅོམ་ལྡན་འདས་ལ་མཆོད་ནས་བྱང་ཆུབ་སེམས་དཔའི་སྨོན་ལམ་ལུང་བསྟན་པ་ཐོས་པར་འདོད་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་དང་པོར་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཟུངས་ཤིག་ཅེས་སྨྲས་པས། རྒྱལ་པོ་དེས་བཅོམ་ལྡན་འདས་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་བདག་ནི་བྱང་ཆུབ་དོན་དུ་གཉེར་བ་ལགས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པ་སོགས་ཀྱི་དགེ་བའི་རྩ་བ་དེ་དག་ཀྱང་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིང་། དགུང་ལོ་བདུན་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསམས་ལགས་ན། བདག་གང་དུ་འཚང་རྒྱ་བའི་ཞིང་དེར་ངན་སོང་གསུམ་དང་། མི་དགེ་བ་དང་འཆི་འཕོ་བ་སོགས་སྡུག་བསྔལ་གྱི་སྒྲ་ཡང་མེད་ཅིང་། ཚེ་དང་ལུས་དང་ཏིང་ངེ་འཛིན་དང་མངོན་ཤེས་སོགས་དང་སྣོད་བཅུད་ཀྱི་ཡོན་ཏན་རྒྱ་ཆེན་པོ་ཡོངས་སུ་དག་པའི་ཞིང་ཁམས་བཟུང་བར་མཛད་དེ་སྨོན་ལམ་བཏབ་བོ། །རྒྱས་པར་ནི་མདོ་ཉིད་དུ་བལྟ་བར་བྱ་སྟེ་འདིར་མ་སྤྲོས་སོ། །དེ་ལྟར་སྣོད་བཅུད་ཡོངས་སུ་དག་པའི་ཞིང་དེ་ལྟ་བུ་འགྲུབ་པའི་རྒྱུ་ཚོགས་རྫོགས་ནས་སྨོན་ལམ་ཡོངས་སུ་འགྲུབ་པའི་བར་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། དུས་ལ་བབ་ཚེ་རང་གི་བྱང་ཆུབ་ཤིང་གི་དབང་པོའི་དྲུང་དུ་སེམས་བསྐྱེད་པའི་སྐད་ཅིག་གཅིག་གིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། དེའི་ཚེ་སངས་རྒྱས་ཀྱི་སྐུའི་འོད་དང་འཁོར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གྲངས་དང་། ཚེའི་ཚད་དང་། ཞིང་གི་ཡོན་ཏན་རྣམས་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་གཞན་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པ་དེ་ལྟ་བུར་གྱུར་ནས། ཕྱོགས་བཅུའི་ཞིང་རྣམས་སུ་སངས་རྒྱས་དེ་དང་དེའི་ཞིང་གི་བསྔགས་པ་རྗེས་སུ་སྒྲོགས་ཞིང་གཞན་ནས་ཆོས་སྤོང་བ་དང་མཚམས་མེད་བྱེད་པ་མ་གཏོགས་པའི་སེམས་ཅན་སུ་ཞིག་བདག་གི་མིང་ཐོས་པ་ཐམས་ཅད་བདག་གི་ཞིང་དེར་འོང་བར་འགྱུར་བ་ལ་སོགས་པ་སྨོན་ལམ་གྱི་ཁྱད་པར་ཕུལ་དུ་བྱུང་བ་རྣམས་བཏབ་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ། །ཁྱོད་ཀྱི་སྨོན་ལམ་ཟབ་བོ། །རྒྱལ་པོ་ཆེན་པོ་ལྟོས་ཤིག །འདི་ནས་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་དབང་པོ་ལྟར་ཤིན་ཏུ་མཛེས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དབང་པོའི་དབྱངས་ཀྱི་དབང་ཕྱུག་ཅེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏོ། །ཞིང་དེར་ཉན་རང་དུ་གདགས་པ་མེད་ལ་དེའི་གཏམ་ཡང་མི་སྟོན་ཏེ་ཐེག་པ་ཆེན་པོ་འབའ་ཞིག་བརྗོད་དོ། །དེར་སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་ཞིང་བུད་མེད་ཀྱི་མིང་ཡང་མེད་དོ། །སངས་རྒྱས་དེ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་དྲུག་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་དེ་ནི་ལྷུན་པོའི་འོད་ཅེས་བྱ་བར་འགྱུར་རོ། །དེར་དེ་བཞིན་གཤེགས་པ་བློ་གྲོས་བསམ་ཡས་ཡོན་ཏན་རྒྱལ་པོ་ཞེས་བྱ་བ་འབྱུང་སྟེ། ཞིང་གི་ཡོན་ཏན་ནི་སངས་རྒྱས་སྔ་མའི་ཞིང་བཞིན་ནོ། །སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུའོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བར་གྱི་བསྐལ་པ་བཅུ་དྲུག་ཏུ་གནས་སོ། །དམ་པའི་ཆོས་ནུབ་ནས་བར་གྱི་བསྐལ་པ་སྟོང་འདས་པ་ན་འཇིག་རྟེན་དེའི་མིང་རྣམ་པར་དགའ་བ་ཞེས་བྱ་བར་འགྱུར་ཏེ། དེར་དེ་བཞིན་གཤེགས་པ་འོད་ཟེར་ཞེས་བྱ་བ་འབྱུང་སྟེ། ཞིང་གི་ཡོན་ཏན་དང་སྐུ་ཚེའི་ཚད་སངས་རྒྱས་སྔ་མ་དང་མཉམ་ལ། དེའི་ཆོས་ནུབ་པ་ན་འཇིག་རྟེན་དེ་ནི་རྩིབས་ཞེས་བྱ་བར་འགྱུར་རོ། །དེར་དེ་བཞིན་གཤེགས་པ་རིན་ཆེན་དབང་ཕྱུག་དབྱངས་ཞེས་བྱ་བ་བར་གྱི་བསྐལ་པ་ལྔར་བཞུགས་སོ། །ཞིང་གི་ཡོན་ཏན་ནི་སྔ་མ་བཞིན་ནོ། །དེ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བར་གྱི་བསྐལ་པ་བདུན་དུ་གནས་སོ། །དེའི་དམ་ཆོས་ནུབ་པ་ན་སངས་རྒྱས་ཀྱི་ཞིང་དེར་དེ་བཞིན་གཤེགས་པ་ཚད་མེད་དཔག་ཏུ་མེད་པ་དག་བྱུང་ནས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་། འཇིག་རྟེན་གྱི་ཁམས་དེ་ནི་འཇིག་པ་ཡང་མེད། ཆགས་པ་ཡང་མེད་དོ། །དེར་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་ནི་འདས། བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་ལ་བབ་པ་ན། འཇིག་རྟེན་གྱི་ཁམས་དེ་ནི་བདེ་བ་ཅན་ཞེས་བྱ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་དེར་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བར་འགྱུར་རོ། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཞིང་དེར་བདག་བས་ཆེས་སྔར་སངས་རྒྱས་པའི་བྱང་སེམས་དེ་དག་གང་ནས་མཆིས། བཀའ་སྩལ་པ། ཞིང་གཞན་གྲངས་མེད་པ་ནས་ལྷགས་པའི་བྱང་སེམས་ཆེན་པོ་འདི་དག་སྟེ། འདི་དག་འདས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཏོ། །རྒྱལ་པོས་གསོལ་པ། བདག་ཅག་རྣམས་ལ་བླ་མེད་བྱང་ཆུབ་འཛིན་དུ་འཇུག་པའི་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་དུས་ཇི་སྲིད་ཅིག་ན་འཚང་རྒྱ། བཀའ་སྩལ་པ། བྲམ་ཟེ་རྒྱ་མཚོའི་རྡུལ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ཏེ། འདིས་སེང་གེའི་སྒྲ་སྒྲོགས་པ་ན་ཁྱོད་ཀྱིས་ཀྱང་ཐོས་པར་འགྱུར་རོ། །རྒྱལ་པོས་གསོལ་པ། ཅི་ནས་བདག་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་། བདག་གི་སྨོན་ལ མ་དེ་འགྲུབ་པ་ལྟ་ན། བདག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཡན་ལག་ལྔས་ཕྱག་བགྱིད་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གཡོ་ཞིང་འགུལ་ལ། ཞིང་དེ་དག་ན་འཚོ་ཞིང་གཞེས་པའི་སངས་རྒྱས་དེ་དག་གིས་ཀྱང་བདག་ལུང་སྟོན་པར་གྱུར་ཅིག་ཅེས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་པ་དང་། ཇི་ལྟར་སྨོན་པ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་བ་ཤེས་པའི་སེམས་ཅན་མཆོག་རབ་ལོངས། སྟོབས་བཅུ་གངྒཱ་སྙེད་ཀྱིས་ཁྱོད་ལུང་བསྟན། རི་དང་བཅས་པའི་ས་ཡང་གཡོས་གྱུར་ཏེ། མི་མཆོག་འདུལ་བའི་ཁ་ལོ་སྒྱུར་བར་འགྱུར། དེ་ནས་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་དགའ་ཞིང་རབ་ཏུ་མགུ་སྟེ། ཆོས་ཉན་པའི་ཕྱིར་ཧ་ཅང་ཡང་མི་རིང་བ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་ཐུ་བོ་མིག་མི་མཛུམ་ལ་བོས་ནས་སྔ་མ་བཞིན་དུ་སྦྱར་ཏེ། དེ་ནས་མིག་མི་འཛུམ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་ངན་སོང་རྣམས་ལ་བལྟས་ན་སྡུག་བསྔལ་མི་བཟད་པ་དང་། མཐོ་རིས་རྣམས་ལ་བལྟས་ན་ཉོན་མོངས་པའི་སེམས་ཀྱིས་སླར་ངན་སོང་དུ་ལྟུང་བ། སེམས་ཅན་ཐམས་ཅད་ལ་བལྟས་ན་མི་དགེ་བའི་བཤེས་ཀྱིས་ཟིན་ཅིང་ཆོས་ཀྱི་མུ་གེའི་མུན་པར། དགེ་བའི་རྩ་བ་ཟད་ནས་ལྟ་བའི་ཆུ་སྲིན་འཛིན་ཁྲིས་ཟིན་ཅིང་ལམ་ངན་པ་གནས་པ་ལགས་ཏེ། བདག་དེ་དག་གི་ཕྱིར་དགེ་བའི་རྩ་བ་རྣམས་ཀྱང་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་། བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་དག་སྡུག་བསྔལ་བ་དང་འཇིགས་པ་དང་། ཆོས་ཀྱིས་ཕོངས་པ། ཞུམ་པ་ཞན་པ་སྐྱབས་མ་མཆིས་པ་རྣམས་ཀྱིས་བདག་རྗེས་སུ་དྲན་ཅིང་མིང་ནས་བརྗོད་པར་གྱུར་ཅིག །དེ་བདག་གི་ལྷའི་རྣ་བས་ཐོས་ཤིང་ལྷའི་མིག་གིས་མཐོང་བར་གྱུར་ཅིག །དེ་ལྟར་སེམས་ཅན་དེ་དག་སྡུག་བསྔལ་དག་ལས་ཡོངས་སུ་ཐར་བ་མ་བགྱིས་པར་བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱ་བར་གྱུར་ཅིག །བདག་སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་རྣམས་ཀྱི་སླད་དུ་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གི་རེ་བ་ཡོངས་སུ་རྫོགས་པར་གྱུར་ཅིག །རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་སངས་རྒྱས་ཚེ་དཔག་མེད་པར་གྱུར་ནས། ཡོངས་སུ་མྱ་ངན་ལས་འདའ་ཞིང་དམ་པའི་ཆོས་ནུབ་ཀྱི་བར་དུ་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། སྲོད་ལ་དམ་པའི་ཆོས་ནུབ་པའི་ཐོ་རང་ལ་འཚང་རྒྱ་བར་བགྱིད་ན། བཅོམ་ལྡན་འདས་དང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བདག་ལུང་བསྟན་དུ་གསོལ་ཞེས་ཞུས་པ་ན། དེ་བཞིན་གཤེགས་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ནི་མཐོ་རིས་དང་ངན་སོང་གི་སེམས་ཅན་ཐམས་ཅད་ལ་བལྟས་ཏེ་སྙིང་རྗེའི་སེམས་བསྐྱེད་པས་ན་དེའི་ཕྱིར་ཁྱོད་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །སྤྱན་རས་གཟིགས་ཁྱོད་ཀྱིས་ནི་སེམས་ཅན་ཚད་མེད་པ་སྡུག་བསྔལ་ལས་ཐར་བར་བྱེད་ཅིང་། བྱང་ཆུབ་སེམས་དཔའི་དུས་ན་ཡང་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན། ནམ་གང་གི་སྲོད་ལ་དམ་པའི་ཆོས་ནུབ་པར་གྱུར་པ་དེ་ཉིད་ཀྱི་ཐོ་རང་ལ་བྱང་ཆུབ་ཀྱི་ཤིང་བཀོད་པ་དུ་མའི་དྲུང་དུ་རྡོ་རྗེའི་གདན་ལ་འདུག་ནས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་། སངས་རྒྱས་དེའི་སྐུ་ཚེ་དང་དམ་པའི་ཆོས་གནས་པའི་ཚད་དང་། རྒྱལ་བུ་ཉིད་ཀྱིས་བདེན་པ་བརྗོད་པས་ཕྱོགས་བཅུའི་ཞིང་གཡོས་ཤིང་སིལ་སྙན་གྱི་སྒྲ་སྒྲོགས་པ་དང་། སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་སོགས་རྒྱ་ཆེར་བྱུང་སྟེ་མདོ་ཉིད་དུ་བལྟའོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རྒྱལ་བུ་གཉིས་པ་མུ་ཁྱུད་སོགས་ལ་རིམ་པར་བསྐུལ་ཞིང་དེ་དག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སོ་སོའི་བསམ་པ་ལྟར་བཟུང་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་དམ་བཅས་པ་དང་། དེ་བཞིན་གཤེགས་པས་ལུང་བསྟན་ཞིང་ངོ་མཚར་བའི་ལྟས་བྱུང་བ་རྣམས་རྒྱས་པར་མདོ་ལས་ཤེས་པར་བྱའོ། །དེ་ལ་རྒྱལ་བུ་གཉིས་པ་མུ་ཁྱུད་ནི། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཅེས་བྱ་སྟེ། སྤྱན་རས་གཟིགས་ཉིད་དཔལ་བརྩེགས་རྒྱལ་པོར་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་ཐམས་ཅད་ཡང་དག་པར་བསགས་པ་ཞེས་བྱ་བ་དེར། དཔལ་བརྩེགས་རྒྱལ་པོ་འདས་པའི་འོག་ཏུ་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ། ཞིང་གི་ཡོན་ཏན་ནི་དཔལ་བརྩེགས་རྒྱལ་པོའི་ཇི་ལྟ་བ་བཞིན་ནོ། །རྒྱལ་བུ་གསུམ་པ་དབང་པོའི་ཚོགས་ཅེས་བྱ་བས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེ་བ་དང་། ཞིང་གི་ཚད་དང་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་བཟུང་བ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་སྐྱེས་བུ་དམ་པ་ཁྱོད་ནི་མཁས་ཤིང་གསལ་ལ་ཡིད་གཞུང་པ་སྟེ། སྨོན་ལམ་ཤིན་ཏུ་བཟང་པོ་བཏབ་བོ། །ཁྱོད་ནི་ཡོན་ཏན་དང་ལྡན་ཞིང་ཡེ་ཤེས་དང་ལྡན་པས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་ལྟར་རབ་དང་མཆོག་གི་བློ་གྲོས་བཀྲ་ཤིས་པར་བྱས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རབ་མཆོག་ཡོངས་སུ་བཟུང་བས། རིགས་ཀྱི་བུ་ཁྱོད་འཇམ་དཔལ་ཞེས་བྱ་བར་གྱུར་ཅིག །འཇམ་དཔལ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་འདས་ནས་གསུམ་པ་ལ་བབ་པ་ན། ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་དག་པ་རྡུལ་བྲལ་ཡང་དག་བསགས་པ་ཞེས་བྱ་བ། མི་མཇེད་འདི་ཡང་དེའི་ཁོངས་སུ་འདུས་པ་ཞིག་འབྱུང་སྟེ། དེར་ཁྱོད་བླ་མེད་རྫོགས་བྱང་དུ་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་བུ་བཞི་པ་ཉོན་མོངས་མེད་ཅེས་བྱ་བས་ནི། ཇི་ལྟར་འཇམ་དཔལ་གྱི་སྨོན་ལམ་བཞིན་དུ་ཞིང་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལྟ་བུ་བཟུང་བས། དེ་བཞིན་གཤེགས་པས་དེ་ལ་ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སེམས་ཅན་དཔག་ཏུ་མེད་པའི་ཉོན་མོངས་པའི་རི་འཇོམས་པར་འགྱུར་ཞིང་། སངས་རྒྱས་ཀྱི་མཛད་པ་ཡང་བྱེད་པ་དེའི་ཕྱིར་ཁྱོད་ཀྱི་མིང་ནི་རྡོ་རྗེས་གཅོད་པ་ཤེས་རབ་སྣང་བའི་དཔལ་ཞེས་བྱ་བར་འགྱུར་ཞིང་། ཁྱོད་ནི་བསྐལ་པ་གྲངས་མེད་གངྒཱའི་ཀླུང་གི་བྱེ་མ་སྙེད་གཅིག་འདས་ཏེ་གཉིས་པ་ལ་བབ་པ་ན། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ། འཇིག་རྟེན་གྱི་ཁམས་མིག་མི་འཛུམ་པ་ཞེས་བྱ་བ། ཁྱོད་རང་གི་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་ཡོན་ཏན་བཀོད་པ་དང་ལྡན་པར། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བར་ལུང་བསྟན་ཏོ། །རྒྱལ་བུ་ལྔ་པ་འཇིགས་མེད་ཅེས་བྱ་བས་ཀྱང་ཡོངས་སུ་དག་པའི་ཞིང་ཁམས་ཉོན་མོངས་དང་ངན་སོང་མེད་པ་སོགས་འཇིག་རྟེན་གྱི་ཁམས་པདྨའི་སངས་རྒྱས་ཀྱི་ཞིང་ལྟ་བུར་བཟུང་བ་ལ། དེ་བཞིན་གཤེགས་པས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སྨོན་ལམ་ཤིན་ཏུ་བཟང་བ་དང་ཞིང་བཟང་པོ་ཡང་བཟུང་། ཏིང་འཛིན་ཀྱང་མྱུར་བར་ཐོབ། བདེན་པའི་ཚིག་གི་པདྨའི་ཆར་ཡང་རབ་ཏུ་བབ། ནམ་མཁའ་ལ་པདྨ་དག་གིས་ཤིན་ཏུ་མྱུར་བར་རྒྱས་བཏབ་པས་ཁྱོད་ནི་ནམ་མཁའི་ཕྱག་རྒྱ་ཞེས་བྱ་བར་གྱུར་ཅིག །ཁྱོད་ནི་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས་གཉིས་པར་བབ་པ་ན། ཤར་ལྷོའི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་པདྨ་ཞེས་བྱ་བར། སངས་རྒྱས་པདྨ་དམ་པ་ཞེས་བྱ་བ་སྐུ་ཚེ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་འབའ་ཞིག་གི་ཚད་ཀྱང་དཔག་ཏུ་མེད་པ་ཉིད་དུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་བུ་དྲུག་པ་ནམ་མཁའ་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱའི་སྨོན་ལམ་དང་ཞིང་ཇི་ལྟ་བ་བཞིན་དུ་བཟུང་བ་ལ། དེ་བཞིན་གཤེགས་པས་སྐྱེས་བུ་དམ་པ་ལེགས་སོ། །ཁྱོད་ཀྱི་སྨོན་ལམ་རྒྱ་ཆེ་སྟེ། ཁྱོད་ཀྱི་བསོད་ནམས་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོ་དག་ཚད་གཅིག་ཏུ་གྱུར་ལ་ཡིད་དུ་འོང་བའི་སྒྲ་འབུམ་ཕྲག་མང་པོ་དག་གིས་བསྐུལ་བའི་སངས་རྒྱས་ཀྱི་ཞིང་དེར་ཁྱོད་རྣམ་པར་སྣང་བྱེད་ཅེས་བྱ་བར་གྱུར་ཅིག །ཁྱོད་ནི་མ་འོངས་པར་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་གྲངས་མེད་གཉིས་པ་ལ་བབ་པ་ན། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཉི་ཟླ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཆོས་ལ་དབང་བསྒྱུར་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་བུ་བདུན་པ་ཡན་ལག་སྐྱེས་ཞེས་བྱ་བས། སངས་རྒྱས་ཀྱི་ཞིང་ཉོམ་མོངས་ཅན་མ་ཡིན་པ། ངན་སོང་གསུམ་དང་བུད་མེད་ཀྱི་དངོས་པོ་དང་། རི་བྲག་དང་མཐོ་དམན་དང་རྡོ་གསེག་མཚེར་མ་སོགས་མེད་པ། གཤང་གཅི་སྣབ་སོགས་མི་གཙང་བ་མེད་པ། རིན་པོ་ཆེའི་རྒྱན་དང་མེ་ཏོག་དང་། རོལ་མོའི་སྒྲ་སོགས་སྣ་ཚོགས་པའི་བཀོད་པ་དང་ལྡན་པའི་སྣོད་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པ་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་ལྡན་པས་ཕྱོགས་བཅུའི་སངས་རྒྱས་མཐོང་བ་སོགས་ཞིང་གི་ཡོན་ཏན་རྒྱ་ཆེན་པོ་ཤིན་ཏུ་རྨད་དུ་བྱུང་བ་བཟུང་བ་ལ། དེ་བཞིན་གཤེགས་པས་ལེགས་སོ་ཞེས་གནང་སྟེ་རིགས་ཀྱི་བུ་ཁྱོད་སེང་གེ་སྤོས་ཞེས་བྱ་བར་གྱུར་ཅིག །ཁྱོད་ནི་བསྐལ་པ་གྲངས་མེད་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ། ཤར་ཕྱོགས་སུ་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འདས་པ་དེར། འཇིག་རྟེན་གྱི་ཁམས་དྲི་སྔོ་སྣང་བ་རྡུལ་བྲལ་ཞེས་བྱ་བ་དེར། ཁྱོད་དེ་བཞིན་གཤེགས་པ་སྣང་བ་རྡུལ་བྲལ་སྤོས་མཐོང་དང་དབང་ཕྱུག་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་བུ་བརྒྱད་པ་གནོད་པ་མེད་པ་ཞེས་བྱ་བས། བདག་ནི་ཇི་སྲིད་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་མ་ཡིན་པ་ཞིང་ཁམས་དྲི་སྔོ་སྣང་བ་རྡུལ་བྲལ་ཇི་འདྲ་བར་གྱུར་པ་དེ་ལྟར་ཡོངས་སུ་དག་པར་འགོད་པར་འགྱུར་ཞིང་དེ་ལྟར་སྤྱད་པ་སྤྱོད་པ་དང་། བདག་གིས་ཏིང་ངེ་འཛིན་སྣང་བ་བཀོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་འཛིན་ཁྲི་ཆིག་སྟོང་སྐྱེད་ཅིང་བསྒོམ་པ། ཕྱོགས་བཅུའི་འཇིག་རྟེན་མུ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་དང་། དུས་གསུམ་ལས་འདས་པའི་སངས་རྒྱས་ཀྱི་ཞིང་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བགྱི་བ་རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཏམས་པ་དེ་དག་མཐོང་བར་གྱུར་ཅིག །གཞན་ཡང་ཉན་ཐོས་བྱང་སེམས་མུ་མེད་པའི་འཁོར་གྱིས་བསྐོར་བའི་རྒྱལ་བ་རྣམས་མཐོང་བ་དང་། དེ་རྣམས་ལ་ཞིང་རྡུལ་དང་མཉམ་པ་མུ་མེད་པའི་ལུས་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་ཚད་མེད་བྱེད་པ་དང་། སེམས་ཅན་སྨིན་པ་དང་། དྲི་སྔོ་སྣང་བ་རྡུལ་བྲལ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་སྨོན་ལམ་བཏབ་པ་དང་བདེན་ཚིག་བརྗོད་པ་བཞིན་དུ་རྨད་དུ་བྱུང་བའི་ལྟས་དང་བཅས་པར་གྱུར་པ་ལ། དེ་བཞིན་གཤེགས་པས་ལེགས་སོ་ཞེས་གནང་སྟེ། ཁྱོད་ནི་ཞིང་དག་པ་དང་། སེམས་ཅན་གྲངས་མེད་པའི་རྒྱུད་ཡོངས་སུ་དག་པར་བྱེད་པ་དང་སངས་རྒྱས་ཚད་མེད་གྲངས་མེད་ལ་མཆོད་པ་ཚད་མེད་ཅིང་གྲངས་མེད་པ་དག་བྱེད་པར་སྤྲོ་བས། དེའི་ཕྱིར་ཁྱོད་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཅིག །ཀུན་ཏུ་བཟང་པོ་ཁྱོད་བསྐལ་པ་གྲངས་མེད་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ཏེ། གཉིས་པ་ལ་བབ་པ་ན། བྱང་ཕྱོགས་སུ་ཞིང་འདི་ནས་གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡེ་ཤེས་ཀྱི་ཆུ་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་ཞེས་བྱ་བ་ཞིག་འབྱུང་སྟེ། ཞིང་དེར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་རྡོ་རྗེ་རྣམ་པར་བསྒྱེངས་པའི་དབང་ཕྱུག་ཏོག་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་ན་སྲོག་ཆགས་ལེ་ལོ་ཅན་ཁྲིས་ཚིག་མཐུན་པར། བསམ་པ་ཤིན་ཏུ་དག་པའི་བྱང་སེམས་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཞིང་ཡོངས་སུ་དག་པར་འཇོག་པར་འགྱུར་བ་ན། བདག་ཅག་ཀྱང་ཞིང་དེར་སངས་རྒྱས་སུ་འགྱུར་བར་བགྱིའོ། །ཞེས་ཞུས་པ་ལ། ཁྱེད་ཅག་ཀྱང་འཇིག་རྟེན་ཁམས་དེའི་ཁོར་ཡུག་ཏུ་འཚང་རྒྱ་སྟེ། སྟོང་ཕྲག་རེ་མཚན་མཐུན་པ་དྲི་མེད་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་པ་ལ་སོགས་པར་ལུང་བསྟན་ཏོ། །རྒྱལ་བུ་དགུ་པ་སྡིག་མེད་ཀྱིས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བྱང་ཆུབ་ཆེན་པོ་འཐོབ་པའི་བར་གྱི་ཚེ་རབས་ཐམས་ཅད་དུ་འགྱོད་པ་དང་གཞན་སེམས་དཀྲུགས་པ་དང་། ཐེ་ཚོམ་དང་ཉན་རང་གི་སེམས་དང་མི་དགེ་བའི་སེམས་ཐམས་ཅད་སྤངས་ཏེ། རབ་ཏུ་བྱུང་བར་བྱེད་ཅིང་ཆོས་སྨྲ་བ་ལ་གུས་པ་སོགས་དང་། དམ་བཅས་པ་བརྟན་ཞིང་ཇི་སྐད་སྨྲས་པ་བཞིན་དུ་བགྱིད་པ་ལ་སོགས་པའི་དམ་བཅས་བདེན་ཚིག་དང་བཅས་པ་བརྗོད་པ་བཞིན་ལག་པ་གཉིས་སུ་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་བྱུང་བ་སོགས་ངོ་མཚར་བའི་རྣམ་འཕྲུལ་དང་བཅས་པ་བསྟན་པ་ལ། དེ་བཞིན་གཤེགས་པས་ལེགས་སོ་གནང་སྟེ། ཁྱོད་ཀྱིས་ནི་སྨོན་ལམ་ཤིན་ཏུ་བཟང་པོ་བཏབ་སྟེ། ལྷའི་འཁོར་ལོ་འདིས་ཀྱང་སྙིགས་མ་ལྔ་ལྡན་གྱི་ཞིང་སྟོང་པ་དག་ཏུ་སེམས་ཅན་ཚད་མེད་པ་རྙོགས་པ་མེད་པའི་སེམས་ལ་བཀོད་ཅིང་བྱང་ཆུབ་འཛིན་དུ་བཅུག་པས། ཁྱོད་མི་འཁྲུགས་པ་ཞེས་བྱ་བར་གྱུར་ཅིག །ཁྱོད་ནི་སངས་རྒྱས་སུ་འགྱུར་གྱིས། ཞིང་གི་བཀོད་པ་དག་ཟུངས་ཤིག་ཅེས་གསུངས་པ་ན། རྒྱལ་བུས། ས་གཞི་ཐམས་ཅད་གསེར་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་པ་ལ། ལྷའི་ནོར་བུ་རིན་པོ་ཆེ་བཀྲམ་པ་སོགས་སྣོད་ཀྱི་ཡོན་ཏན་དང་། སྙིགས་མ་ལྔ་དང་ངན་སོང་དང་རྒ་ན་འཆི་བ་མེད་པ་དང་། སངས་རྒྱས་རྗེས་སུ་དྲན་པ་སོགས་དགེ་ཆོས་དང་ལྡན་ཞིང་། ཡོངས་སུ་འཛིན་པ་མེད་ཅིང་བདག་གིར་མེད་པ་སོགས་སེམས་ཅན་གྱི་ཡོན་ཏན་དང་། ཁང་བརྩེགས་དང་གོས་རྒྱན་རོལ་མོ་ལ་སོགས་པ་བདེ་བའི་ཡོ་བྱད་ཐམས་ཅད་ལྡན་པའི་ཞིང་གི་བཀོད་པ་རྨད་དུ་བྱུང་བ་བཟུང་བ་ལ། དེ་བཞིན་གཤེགས་པས་བཀའ་སྩལ་པ། རིགས་ཀྱི་བུ་མི་འཁྲུགས་པ་ཁྱོད་ནི་མ་འོངས་པར་བསྐལ་པ་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ཏེ། གཉིས་པ་ལ་བབ་པ་ན། ཤར་ཕྱོགས་ལོགས་སུ་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཇི་ལྟར་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་ལྟ་བུའི་ཡོན་ཏན་དང་བཀོད་པར་ལྡན་པ་དེར། ཁྱོད་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་མཚན་ཡང་མི་འཁྲུགས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་བུ་བཅུ་པ་གངས་ཀྱི་ནོར་བུ་ཞེས་བྱ་བས་མི་འཁྲུགས་པའི་སྨོན་ལམ་ཇི་ལྟ་བ་བཞིན་དུ་བཏབ་པ་ན། དེ་བཞིན་གཤེགས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་ལེགས་སོ། །གང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལག་ཏུ་ཙན་དན་སྦྲུལ་གྱི་སྙིང་པོ་བཞག་པ་དང་། བསམ་པ་ཐག་པས་སངས་རྒྱས་ཡིད་ལ་བྱེད་པ་བསྐྱེད་པས་ན། ཁྱོད་ནི་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བར་གྱུར་ཅིག །ཁྱོད་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནུབ་ནས་ཞག་བདུན་ལོན་པ་དང་། འཇིག་རྟེན་གྱི་ཁམས་དེར་རྫོགས་པའིི་སངས་རྒྱས་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །རྒྱལ་བུ་བཅུ་གཅིག་པ་སེང་གེ་ཞེས་བྱ་བས་སྤོས་ཀྱི་གླང་པོས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བཏབ་པ་ལ། དེ་བཞིན་གཤེགས་པས་ཁྱོད་ནི་རིན་པོ་ཆེའི་ཏོག་ཅེས་བྱ་བ་སྟེ། མངོན་པར་དགའ་བའི་ཞིང་དུ་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འདས་པའི་འོག་ཏུ་དམ་ཆོས་ནུབ་ནས་བར་གྱི་བསྐལ་བ་གསུམ་འདས་པ་ན་སངས་རྒྱས་ཀྱི་ཞིང་དེ་རྒྱལ་བའི་ཟླ་བ་ཞེས་བྱ་བར་མིང་འགྱུར་ཏེ། དེར་ཁྱོད་དེ་བཞིན་གཤེགས་པ་གླང་པོ་རྣམ་པར་བསྒྲགས་པའི་དབང་ཕྱུག་དབྱངས་ཞེས་བྱ་བར་འཚང་རྒྱ་སྟེ་ཁྱོད་ཀྱི་ཞིང་ཡང་མི་འཁྲུགས་པའི་ཞིང་གི་བཀོད་པ་ཅི་འདྲ་བ་དེ་ལྟ་བུར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་མཉན་དེས་ལ་སོགས་པ་ལྔ་བརྒྱས་བྱང་ཆུབ་སེམས་དཔའ་ནམ་མཁའི་ཕྱག་རྒྱས་སྨོན་ལམ་དང་སངས་རྒྱས་ཀྱི་ཞིང་བཟུང་བ་ལྟར་དེ་དག་གིས་ཀྱང་བཟུང་བ་ལ་དེ་བཞིན་གཤེགས་པས་ཞིང་གཞན་དང་གཞན་དུ་བླ་མེད་བྱང་ཆུབ་འཐོབ་པར་ལུང་བསྟན་ཏོ། །རྒྱལ་བུ་བཞི་བརྒྱས་རྡོ་རྗེ་གཅོད་པ་ཤེས་རབ་སྣང་བའི་དཔལ་གྱིས་ཡོངས་སུ་བཟུང་བའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་སྨོན་ལམ་བཏབ་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་བཞིན་དུ་རྒྱལ་བུ་དགུ་བཅུས་ཀུན་ཏུ་བཟང་པོས་སྨོན་ལམ་ཅི་བཏབ་པ་ལྟར་ཞིང་བཟུང་བས་དེ་ཐམས་ཅད་ཀྱང་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་བཞིན་དུ་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་སོ་སོ་ནས་ཀྱང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་བཟུང་ནས་སྨོན་ལམ་ཁྱད་པར་ཅན་བཏབ་པ་དང་། སྲོག་ཆགས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་བཟུང་སྟེ་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དེ་ཐམས་ཅད་འཇིག་རྟེན་གཞན་དང་གཞན་དུ་བླ་མེད་རྫོགས་པའི་བྱང་ཆུབ་འཐོབ་པར་དེ་བཞིན་གཤེགས་པས་ལུང་བསྟན་པར་མཛད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས། དེ་བཞིན་གཤེགས་པའི་གཅེན་དུ་གྱུར་པ་བཅུ་པོ་བརྒྱད་ཅུ་པོ་དག་གི་ཐུ་བོ། །བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་ལ། སངས་རྒྱས་ཀྱི་ཞིང་འཛིན་པར་བསྐུལ་བ་དང་། དེས་ཡབ་ཁྱོད་ཀྱིས་སེང་གེའི་སྒྲ་སྒྲོགས་ཤིག་རྒྱ་མཚོའི་རྡུལ་གྱིས་སྨྲས་པ། བུ་ཁྱོད་ཀྱིས་དང་པོར་སྨོན་ལམ་ཐོབ་དང་ཁོ་བོས་ཕྱིས་གདབ་པར་བྱའོ། །དེས་སྨྲས་པ། དེས་ཡབ་གཅིག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་ནམ། མ་དག་པ་འཛིན། ཡབ་ཀྱིས་སྨྲས་པ། བྲམ་ཟེའི་ཁྱེའུ་གང་དག་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔས་ཞིང་ཉོན་མོངས་ཅན་ཡོངས་སུ་ལེན་པར་བྱེད་པ་ཡིན་ཀྱང་ཁྱོད་རང་གིས་ཤེས་པར་གྱིས་ཤིག །དེ་ནས་བྲམ་ཟེའི་ཁྱེའུ་རྒྱ་མཚོའི་དབང་ཕྱུག་ཁྱབ་བདག་དེས་དེ་བཞིན་གཤེགས་པའི་སྤྱན་སྔར། བདག་སྐྱེ་རྒུ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། བྱང་ཆུབ་དམ་པ་འཐོབ་པ་དེ་ལྟ་བུར་བྱ་སྟེ། དེ་དུས་ཀྱི་སེམས་ཅན་རྣམས་འདོད་ཆགས་སོགས་ཆུང་ཞིང་། འཁོར་བར་སྐྱོ་བའི་བསམ་པ་ཅན་མང་བ་དེ་ལྟ་བུའི་ནང་དུ་སངས་རྒྱ་བར་སྨོན་ལམ་བཏབ་པ་ལ། དེ་བཞིན་གཤེགས་པས་མ་འོངས་པའི་བསྐལ་པ་གྲངས་མེད་གངྒཱའི་ཀླུང་གཅིག་འདས་པའི་རྗེས་སུ། བསྐལ་བ་ཨུཏྤལ་ཡང་དག་རྟོགས་ཅེས་བྱ་བ་ལ། སངས་རྒྱས་ཀྱི་ཞིང་འདིའི་གླིང་བཞི་པ་མཆོག་ཅེས་བྱ་བར། སྐྱེ་རྒུས་ལོ་བརྒྱད་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་བརྩེགས་པ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་ཞེས་ལུང་བསྟན་ཏོ། །དེ་ནས་བྲམ་ཟེའི་བུ་གཉིས་པ་ཡང་དག་འབྱུང་བ་སོགས་བུ་ཐ་ཆུང་ལ་ཐུག་གི་བར་དུ་བསྐལ་པ་དེ་ཉིད་ཀྱི་སངས་རྒྱས་སུ་ལུང་བསྟན་ཏོ། །མདུན་ན་འདོན་གྱི་བུ་ཐ་ཆུང་འཇིགས་པའི་གདུང་བྲལ་ཞེས་བྱ་བས་ནི། གོང་གི་བྲམ་ཟེའི་ཁྱེའུ་བདུན་ཅུ་རྩ་དགུ་པོ་ལུང་བསྟན་པའི་སངས་རྒྱས་དེ་སྙེད་ཀྱི་སྐུའི་ཚད་དང་། སེམས་ཅན་འདུལ་བ་དང་། དགེ་འདུན་གྱི་གྲངས་དང་ཆོས་སྟོན་པ་དེ་སྙེད་ཀྱི་སྐུ་ཚེ་དང་འདུལ་བ་སོགས་བསྡོམས་པ་དེ་ལྟ་བུར་འགྱུར་བར་སྨོན་ལམ་བཏབ་པ་བཞིན། བསྐལ་བ་ཨུཏྤལ་དེ་ཟད་ཀར་དེ་བཞིན་གཤེགས་པ་རྡུལ་བྲལ་ཡང་དག་མངོན་འཕགས་ཞེས་སུ་འགྱུར་བར་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་དེའི་སློབ་མ་བྱེ་བ་ཕྲག་གསུམ་ཀུན་དགའ་ར་བའི་སྒོ་ན་འདུག་པ་ལ། རྒྱ་མཚོའི་རྡུལ་གྱིས་བྲམ་ཟེའི་ཁྱེའུ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདོད་པ་དག་ཀྱང་ལོངས་ཤིག་ཅེས་བསྐུལ་བ་ལ། བྲམ་ཟེའི་ཁྱེའུ་སྐར་མའི་ཁྱུ་མཆོག་གིས་སྨྲས་པ། ལམ་ཇི་ལྟ་བུ་དང་། ཚོགས་ཇི་ལྟ་བུ་དང་། སྤྱོད་པ་ཇི་ལྟ་བུ་དང་། རྗེས་སུ་དྲན་པ་ཇི་ལྟ་བུས་བྱང་ཆུབ་འཐོབ་པར་འགྱུར་བ་ལགས། མདུན་ན་འདོན་གྱིས། བསོད་ནམས་ཡེ་ཤེས་ཤེས་རབ་ཡང་དག་སྒྲུབ་པ་སྟེ་མི་ཟད་པའི་མཛོད་བཞི་པོ་ལ མ་ཡིན་པར་བསྟན་པ་དང་། བྱང་ཆུབ་ཆེན་པོའི་ལམ་གྱི་བསྔགས་པ་བརྗོད་པས། བྲམ་ཟེའི་ཁྱེའུ་དེས་དེ་བཞིན་གཤེགས་པའི་དྲུང་དུ་ཞིང་སྙིགས་མ་ཅན་འདིར་སངས་རྒྱ་བར་དམ་བཅས་ཤིང་བདེན་པའི་ཚིག་གིས་ལག་པ་གཉིས་སུ་གླང་པོའི་གཙོ་བོ་དག་བྱུང་བའི་རྣམ་འཕྲུལ་དང་བཅས་པར་བསྟན་པ་ལ། དེ་བཞིན་གཤེགས་པས་སངས་རྒྱས་རིན་པོ་ཆེན་པོའི་གདུགས་མངོན་པར་འཕགས་པའི་འོད་ཟེར་ཞེས་བྱ་བར་ལུང་བསྟན་ཏོ། །དེ་བཞིན་དུ་བྲམ་ཟེའི་ཁྱེའུ་སྟོང་དང་། བྲམ་ཟེའི་ཁྱེའུ་བྱེ་བ་ཕྲག་གསུམ་པོ་དག་གིས་སངས་རྒྱས་ཀྱི་ཞིང་འདིར་བླ་མེད་རྫོགས་བྱང་དུ་སྨོན་ལམ་བཏབ་པ་དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ལུང་བསྟན་ཏེ། ཐ་མ་ནི་སངས་རྒྱས་རྣམ་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་ཀྱི་བར་དུ་འགྱུར་རོ། །བྲམ་ཟེའི་ཁྱེའུ་ལུང་བསྟན་པ་དེ་ཐམས་ཅད་ལས་གང་དག་རིག་བྱེད་ཀློག་པའི་བྲམ་ཟེ་སྟོང་ཞིག་ཡོད་པའི་ཐུ་བོ་མང་པོས་བླ་མར་བཀུར་བ། ཁྱབ་འཇུག་རླུང་ཞེས་བྱ་བ་དེས་གསོལ་པ། བདག་ནི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་སངས་རྒྱས་ནས་དུག་གསུམ་བདོ་བའི་སེམས་ཅན་ལ་ཆོས་སྟོན་པར་གྱུར་ཅིག །བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་ཞེས་བྱ་བས། ཀྱེ་མཁན་པོ་ཁྱབ་འཇུག་རླུང་འདིས་དོན་གྱི་དབང་ཅི་ཞིག་མཐོང་ནས་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པར་སྨོན་ལམ་འདེབས་པ་ལགས། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི་ཞིང་སྙིགས་མ་ལྔ་དང་ལྡན་པར་བྱང་ཆུབ་འཐོབ་པར་བྱེད་ཅིང་། སྐྱབས་དང་དཔུང་གཉེན་མེད་པའི་སེམས་ཅན་རྣམས་སྒྲོལ་བར་བྱེད་དོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ། ཁྱབ་འཇུག་རླུང་ཁྱོད་མ་འོངས་པའི་དུས་སུ་ཤར་ཕྱོགས་ན་ངུར་སྨྲིག་གི་རྒྱལ་མཚན་ཞེས་བྱ་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྟོང་གི་དང་པོར་བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་གིས་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་དགུས་ཚེ་ལོ་བཞི་ཁྲི་ཐུབ་པ་ན་འཚང་རྒྱ་བར་སྨོན་ལམ་བཏབ་པ་ལ། དེ་བཞིན་གཤེགས་པས་མི་མཇེད་ཀྱི་ཞིང་འདིར་ཚེ་ལོ་བཞི་ཁྲི་ཐུབ་པ་ན། སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་ཏོ། །དེ་བཞིན་དུ་བྲམ་ཟེའི་བུ་གཉིས་པ་ནས་བརྩམས་ཏེ་དགུ་བརྒྱ་དགུ་བཅུ་རྩ་དགུ་པོ་ཐམས་ཅད་བསྐལ་པ་བཟང་པོ་འདི་ལ་སོ་སོའི་སྨོན་ལམ་བཞིན་དུ་སུམ་ཁྲི་པའི་དུས་སུ་གསེར་ཐུབ་དང་། རྩོད་དུས་ཀྱི་མཚན་མ་བྱུང་བ་ཉི་ཁྲིའི་དུས་སུ་འོད་སྲུང་དང་། ཡར་འཕེལ་བའི་རྗེས་ཀྱི་བརྒྱད་ཁྲི་པའི་དུས་སུ་བྱམས་པ་ལ་སོགས་པར་ལུང་བསྟན་ཏོ། །བྲམ་ཟེའི་ཁྱེའུ་སྟོང་གི་ནང་ནས་ཐ་ཆུང་སྟོབས་ཆེན་ཤུགས་འཆང་གིས་ནི་བསྐལ་བ་བཟང་པོ་འདིའི་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་ཆོས་བཟུང་ནས་ཆོས་ནུབ་པ་དང་བསྐལ་པའི་སྙིགས་མ་རྣམས་སུ་སེམས་ཅན་ལ་ཕན་བཏགས་ཏེ་དེའི་འོག་ཏུ་སངས་རྒྱས་སྟོང་རྩ་བཞི་པོ་དེ་ཐམས་ཅད་ཀྱི་སྐུ་ཚེ་དང་ཆོས་སྟོན་པ་སོགས་བསྡོམས་པའི་ཕྲིན་ལས་ཅན་དུ་གྱུར་ཏེ། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་བསླབ་པ་འཆལ་བ་དང་། མ་གུས་པ་དང་འཕགས་པ་ལ་སྐུར་པ་བཏབ་པ་སོགས་བགྱིས་པ་རྣམས་ཀྱང་སངས་རྒྱས་འདིས་འཁོར་བའི་འདམ་ལས་འབྱིན་ཅིང་མྱང་འདས་ཀྱི་གྲོང་ཁྱེར་དུ་འཇུག་པར་བྱེད་པ་ལ་སོགས་པར་སྨོན་ལམ་བཏབ་པ་བཞིན་དུ། ཁྱེའུ་དེ་ལ་སྨན་གྱི་རྒྱལ་པོ་སྐར་མ་དྲི་མ་མེད་པ་ཞེས་བྱ་བར་མིང་བཏགས་ཏེ། བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་ཐ་མར་མོས་པ་སྣང་མཛད་དམ་གསལ་མཛད་ཅེས་བྱ་བའི་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ལ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་བསྔགས་པ་བརྗོད་ཅིང་ད་ཕན་ཆད་ཁོ་བོའི་བསྙེན་བཀུར་བྱ་མི་དགོས་ཀྱིས་ཇི་ལྟར་བདེ་བར་སྤྱོད་ཅིག །ཅེས་སྨྲས་སོ། །ཡང་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་བསྙེན་བཀུར་བ་བྲམ་ཟེའི་ཁྱེའུ་ལྔ་པོ་ལ་སོ་སོར་རིན་པོ་ཆེའི་རྒྱན་ལ་སོགས་པ་བྱིན་ནས་སེམས་བསྐྱེད་དུ་བཅུག་པས་དེ་བཞིན་གཤེགས་པས་སོ་སོ་ནས་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་འདི་སྙམ་དུ། ཇི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་འདིར། བདག་གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བླ་མེད་བྱང་ཆུབ་འཛིན་དུ་བཅུག་ཅིང་། ཐམས་ཅད་ཀྱིས་སྨོན་ལམ་རྒྱ་ཆེ་རྒུ་བཏབ་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ཅིང་དྭང་བ་ཤ་སྟག་བཟུང་སྟེ། ཁྱབ་འཇུག་རླུང་མ་གཏོགས་པར་བྱང་ཆུབ་སེམས་དཔའ་གཞན་དག་གིས་ནི་རྩོད་པའི་དུས་སྤངས་པས་ན། བདག་གིས་ནི་རྩོད་པའི་དུས་ལ་བབ་པ་ན། སེམས་ཅན་ནམས་ཆོས་ཀྱི་མགྲོན་དུ་གཉེར་བའི་བརྩོན་འགྲུས་བརྟན་པོར་བྱ་སྟེ། བདག་གིས་ཅི་ནས་འཁོར་འདི་དང་ལྷ་ལ་སོགས་པའི་འཇིག་རྟེན་ཐམས་ཅད་བདག་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་སྦྱིན་ཅིང་བསྔགས་པ་བརྗོད་པ་དང་། ཕྱི་མའི་དུས་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་འབྱུང་བར་འགྱུར་བ་དེ་དག་ཀྱང་། རྩོད་པའི་དུས་ཀྱི་ཚེ་ཞིང་ཉོན་མོངས་པ་ཅན་དུ་སྨོན་ལམ་གྱིས་བྱང་ཆུབ་ཡོངས་སུ་འཛིན་ཞིང་སེམས་ཅན་ཕོངས་པ་རྣམས་སྐྱོབ་པས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་། བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བསྐལ་པ་བསམ་གྱིས་མི་ཁྱབ་པའི་བར་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བསྔགས་པ་བརྗོད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་བདག་གི་སྨོན་ལམ་གྱི་ཚུལ་ཡང་བརྗོད་པར་འགྱུར་ལ། དེ་ཐོས་ནས་ངོ་མཚར་ཞིང་སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་ཚུལ་དེ་ལྟ་བུ་འཛིན་པར་འགྱུར་བའི་ཕྱིར་ན། བདག་གིས་སྨོན་ལམ་གྱི་སེང་གེའི་སྒྲ་བསྒྲག་པར་བྱའོ་སྙམ་དུ། མདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་དེ། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་ན་ལྷ་བྱེ་བ་ཁྲག་ཁྲིག་གིས་སིལ་སྙན་འཁྲོལ་ཞིང་མེ་ཏོག་གི་ཆར་ཕབ་ནས་སྐྱེས་བུ་དམ་པ་ལེགས་སོ་ཞེས་བསྔགས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་ཀུན་གྱིས་ཀྱང་ཐལ་མོ་སྦྱར་ཏེ་ཚིག་མཐུན་པར་སྐྱེས་བུ་དམ་པ་ལེགས་སོ། །མཁས་པ་རབ་མཆོག་བདག་ཅག་ལ་ཕན་པར་མཛད་པ་ཁྱོད་ཀྱིས་སྨོན་ལམ་བརྟན་པོར་ཐོབ་ཅིག །བདག་ཅག་ཀྱང་ཉན་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མདུན་ན་འདོན་གྱིས་པུས་མོའི་ལྷ་ང་ས་ལ་བཙུགས་པའི་མོད་ལ། སངས་རྒྱས་ཀྱི་ཞིང་ཡང་དག་རྟོག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་ཙམ་པ་དེ་ཐམས་ཅད་གཡོས་ཤིང་རབ་ཏུ་གཡོས་ལ། སིལ་སྙན་དག་ཀྱང་མ་དཀྲོལ་བར་འཁྲོལ། བྱ་དང་རི་དྭགས་ཐམས་ཅད་འཇམ་པའི་སྒྲ་སྒྲོགས། ལྗོན་པ་ཐམས་ཅད་ལས་མེ་ཏོག་འབུལ། འཇིག་རྟེན་འདིའི་ངན་སོང་རྣམས་རྒྱུན་ཆད་ཅིང་བྱམས་པའི་སེམས་སུ་གྱུར། ནམ་མཁར་རྒྱུ་བ་རྣམས་ཀྱིས་མེ་ཏོག་སོགས་ཀྱིས་མཆོད་པར་བྱེད། འོག་མིན་གྱི་བར་གྱི་ལྷ་ཐམས་ཅད་བྲམ་ཟེའི་སྨོན་ལམ་མཉན་པའི་ཕྱིར། འཛམ་བུའི་གླིང་དུ་བབ་སྟེ་ནམ་མཁའི་དཀྱིལ་ན་འཁོད་ཅིང་ལྷའི་སྤོས་དང་རས་བཅོས་བུའི་བར་དག་གིས་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་དེས་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པ་ལ། བསམ་གཏན་དག་གིས་རྣམ་གྲོལ་ཚངས་པ་བཞིན། །གཟུགས་ཀྱི་འོད་གསལ་བརྒྱ་བྱིན་འདྲ་བ་སྟེ། །རྒྱལ་པོ་བཞིན་དུ་ནོར་འབྲུ་རབ་གཏོང་ཞིང་། །རིན་ཆེན་མཆོག་མངའ་ཐུབ་པ་ཚོང་དཔོན་བཞིན། །ཞི་བ་སྒྲོགས་མཛད་རི་ལ་སེང་གེ་འདྲ། །མི་འགུལ་བརྟན་པ་ལྷུན་པོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་འཁྲུགས་པ་མི་མངའ་ཞིང་། །ཡོན་ཏན་སྐྱོན་ལ་ས་བཞིན་མཚུངས་པར་སྤྱོད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དག་གིས་བསྟོད་པ་སྔོན་དུ་བཏང་ནས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གིས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་དང་རྫོགས་པའི་བྱང་ཆུབ་འཛིན་དུ་སྩལ་ཏེ། དེ་དག་རང་རང་གི་སངས་རྒྱས་ཀྱི་ཞིང་རྒྱ་ཆེ་རྒུ་དག་ཡོངས་སུ་བཟུང་ཞིང་གདུལ་བྱའི་སེམས་ཅན་ཀྱང་བསམ་པ་དག་པ། དགེ་རྩ་སྲུང་བ། གདུལ་སླ་བ་དག་བཟུང་ངོ་། །གང་དག་སྐར་མ་སྐྱོང་ལ་སོགས་པ་བྲམ་ཟེའི་ཁྱེའུ་རིག་བྱེད་ཀློག་པ་སྟོང་རྩ་བཞི་པོ་འདི་དག་ནི། དེ་བཞིན་གཤེགས་པས་བསྐལ་པ་བཟང་པོར་སངས་རྒྱས་སུ་ལུང་བསྟན་ཏོ། །སྐྱེས་བུ་དམ་པ་དེ་དག་གིས་ཀྱང་། འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་ལ་སྤྱོད་པ་དག་ཐེག་པ་གསུམ་པོ་དག་གིས་འདུལ་བར་བགྱི་ལགས་མོད་ཀྱི། འོན་ཀྱང་དེ་དག་གིས་ཉོན་མོངས་པའི་སྒྲིབ་པ་ཤས་ཆེ་བ་དང་། རྩོད་པའི་དུས་ཀྱི་སྙིགས་མ་དག་ཡོངས་སུ་སྤངས་པས། དེ་དག་གིས་ཀྱང་མཚམས་མ་མཆིས་པ་བགྱིད་པ་རྣམས་དང་། དམ་པའི་ཆོས་སྤོང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ། འཕགས་པའི་ནོར་བདུན་དང་བྲལ་བ། ཕར་མི་འཛིན་པ། མར་མི་འཛིན་པ། དགེ་སྦྱོང་དང་བྲམ་ཟེར་མི་འཛིན་པ། བགྱི་བ་མ་ལགས་པ་བགྱིད་པ། བསོད་ནམས་མ་ལགས་པ་བགྱིད་པ། དགེ་བཅུའི་ལམ་དང་བྲལ་བ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། ལེགས་པར་སྤྱོད་པ་གསུམ་པོ་དོན་དུ་མི་གཉེར་བ། ཉེས་པར་སྤྱོད་པ་གསུམ་པོ་ལ་ཞུགས་པ། མཁས་པ་དང་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་སྤངས་པ། སྲིད་པའི་བཙོན་རར་ཆུད་ཅིང་རྒྱུན་ཕྱོགས་སུ་འདས་པ། འཁོར་བའི་འདམ་དུ་བྱིང་བ། གཏི་མུག་གི་མུན་པས་བསྒྲིབས་པ། ལམ་ངན་པས་བཅོམ་པ། ཉམ་ང་ཆེན་པོ་ཐོབ་པ་རྣམས་སྤངས་ལགས་ཏེ། མི་མཇེད་འདིའི་བསྐལ་པ་བཟང་པོ་འདིར་ཚེ་ལོ་བཅུ་ཐུབ་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ནི་སྐྱེས་བུ་དམ་པ་འདི་དག་གིས་ཀྱང་སྤངས་པས། དེ་དག་ནི་སྲིད་པའི་དབའ་ཀློང་ན། འཁོར་བའི་འཁྲུལ་འཁོར་དུ་ཆུད་དེ་སྐྱབས་དང་དཔུང་གཉེན་མེད་ལ། རང་རང་གི་སངས་རྒྱས་ཀྱི་ཞིང་ནི་བཟང་ཞིང་དག་ལ། དགེ་བའི་རྩ་བ་བསགས་པའི་སེམས་ཅན་བསམ་པ་དག་ཅིང་འདུལ་སླ་བ་རྣམས་ཡོངས་སུ་བཟུང་བ་མ་ལགས་སམ། དེ་བཞིན་གཤེགས་པས་བཀའ་སྩལ་པ། བྲམ་ཟེ་དེ་དེ་བཞིན་ཏེ། སེམས་ཅན་རང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་འདེབས་ཤིང་སངས་རྒྱས་ཀྱིས་ཞིང་བཀོད་པ་ཡང་ཡོངས་སུ་བཟུང་བ་རྣམས་ངས་ཀྱང་དེ་ཉིད་དུ་ལུང་བསྟན་ཏོ། །བྲམ་ཟེས་གསོལ་བ། བཙུན་པ་བཅོམ་ལྡན་འདས་བདག་ནི་དཔེར་ན་ཤིང་ཀིང་ཤུ་ཀའི་འདབ་མ་བཞིན་དུ་སྙིང་འདར་ཞིང་བདག་གི་ཡིད་ནི་སྐྱོ་ལ་ལུས་ཐམས་ཅད་ཤ་ཐང་ཆད་པར་གྱུར་ན། བཅོམ་ལྡན་འདས་གལ་ཏེ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་ཤིང་། རྩོད་པ་ཆེན་པོའི་དུས་ཀྱིས་མུན་པར་འཕངས་པའི་སེམས་ཅན་རྣམས་བདག་གི་སྙིང་རྗེའི་གནས་སུ་འགྱུར་བ་ལྟ་ན། བཅོམ་ལྡན་འདས་བདག་ཀྱང་མ་འོངས་པའི་དུས་ན། བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས། གཉིས་པ་ལ་བབ་པ་ན། བསྐལ་པ་བཟང་པོ་དེ་ལ་སྐྱེ་དགུའི་ཚེ་ལོ་སྟོང་ཐུབ་པ་ན་སྡོད་ཅིང་བདག་ཡུན་རིང་པོ་དེ་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་འཁོར་བར་ཡོངས་སུ་མི་སྐྱོ་བར་གྱུར་ཅིག །བདག་གིས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡུན་རིང་པོ་ན་སྨིན་ཅིང་གདུལ་བའི་སེམས་ཅན་མཐོང་ནས་ཡོངས་སུ་འཛིན་པར་སྤྲོ་ཞིང་ཕར་ཕྱིན་དྲུག་ལ་སྤྱོད་པས་ཡོངས་སུ་འཛིན་པར་བགྱི་སྟེ། བཅོམ་ལྡན་འདས་ཀྱིས་དངོས་པོའི་མཚན་མ་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ་ཞེས་གསུངས་པ་དེ་ལྟ་བུའི་སྦྱིན་པའི་ཕར་ཕྱིན་ལ་སྤྱད་པར་བྱ་སྟེ། ཚེ་རབས་གཞན་ན་སློང་མོ་བ་དཔག་ཏུ་མེད་པ་དག་མཆིས་ན། དེ་དག་ལ་ཟས་དང་སྐོམ་དང་གནས་དང་། སྨན་དང་གདུགས་དང་། རྒྱལ་མཚན་དང་རིན་པོ་ཆེ་ལ་སོགས་པ་ཇི་འདོད་པ་གཏོང་བ་ན་མཆོག་ཏུ་དགའ་ཞིང་སྙིང་རྗེའི་ཡིད་ཀྱིས་འབྲས་བུ་མི་འདོད་པར་སེམས་ཅན་ལ་སྩལ་ནས་སེམས་ཅན་དེ་ཡོངས་སུ་སྨིན་པར་བགྱི་བ་དང་། སེམས་ཅན་དེ་དག་ལ་ཕན་གདགས་པའི་སླད་དུ་བཏང་བའི་ཚོགས་རྣམས་ཀྱང་ཡོངས་སུ་གཏོང་བར་གྱུར་ཅིག །གལ་ཏེ་ཡང་གཏོང་བར་དཀའ་བ་སློང་བ། བྲན་དང་གྲོང་དང་། རྒྱལ་སྲིད་དང་། མཆིས་བྲང་དང་། བུ་དང་བུ་མོ་དང་། ཡན་ལག་དང་དབང་པོ་རྣམས་དང་། པགས་པ་དང་ཤ་དང་ཁྲག་དང་རུས་པ་དང་། མགོ་དང་ལུས་དང་སྲོག་ཀྱང་མཆོག་ཏུ་དགའ་བའི་སྙིང་རྗེའི་ཡིད་ཀྱིས་སེམས་ཅན་ལ་ཕན་གདགས་པའི་སླད་དུ་བྱིན་པར་གྱུར་ཅིག །གང་སྔོན་ཆད་སུས་ཀྱང་དེ་ལྟ་བུའི་གཏོང་བ་མ་བྱས་པ་དང་། སླན་ཆད་ཀྱང་བྱང་ཆུབ་སེམས་དཔའི་རྫོགས་བྱང་གི་ཕྱིར་དུ་སྤྱད་པ་སྤྱོད་པ་ན་དེ་ལྟ་བུ་གཏོང་བར་མི་འགྱུར་བ་ལྟ་བུའི་སྦྱིན་པ་ཡོངས་སུ་གཏོང་བར་གྱུར་ཅིག །དེ་ལྟར་ཚེ་རབས་གཞན་ན་བསྐལ་པ་གྲངས་མ་མཆིས་པ་དེ་དག་ཏུ་བྱང་ཆུབ་ཀྱི་ཕྱིར་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པ་དང་། གཞན་དེ་ལ་དགོད་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་སྣ་ཚོགས་ཀྱིས་དཀའ་བ་སྤྱོད་པ་དང་། ཡུལ་རྣམས་ལ་མི་བཟོད་པ་མ་མཆིས་པ་དང་། བདག་ལ་སོ་སོར་རྟོག་པའི་བཟོད་པའི་ཕར་ཕྱིན་སྒོམ་པ་དང་། འདུས་བྱས་ཐམས་ཅད་དབེན་པ་དང་། འདུས་མ་བྱས་ཐམས་ཅད་ཞི་བར་བསྒོམ་པ་ལ་བརྩོན་པར་བྱ་ཞིང་། བླ་ན་མེད་པའི་སྤྱོད་པ་ལས་སླར་མི་ལྡོག་པ་དང་། འདུ་བྱེད་ཐམས་ཅད་ལ་ཕྱིན་ཅི་ལོག་སྤངས་པའི་སླད་དུ་སྟོང་པ་ཉིད་ལ་སྤྱོད་པའི་བསམ་གཏན་གྱི་ཕར་ཕྱིན་དང་། རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཤེས་རབ་ཀྱི་ཕར་ཕྱིན་ཏེ། སྔོན་ཆད་དང་སླད་ནས་ཀྱང་བྱང་ཆུབ་སེམས་དཔའ་དག་གིས་དེ་ལྟར་སྤྲོ་བ་བརྟན་པོའི་ཤུགས་ཀྱིས་ཤེས་རབ་ཀྱི་ཕར་ཕྱིན་ལ་སྤྱོད་པར་དཀའ་བ་དེ་ལྟ་བུ་ལ་བདག་སྤྱོད་པར་གྱུར་ཅིག །སླད་མའི་བྱང་སེམས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཚུལ་གྱི་ཡོན་ཏན་ལ་དགོད་པ་དང་བདག་གིས་སེམས་དང་པོ་བསྐྱེད་པས་ཀྱང་སླད་མའི་བྱང་སེམས་རྣམས་ཀྱི་སྙིང་རྗེ་ཆེན་པོ་འགྲུབ་པར་གྱུར་ཅིག །བླ་ན་མེད་པའི་མྱ་ངན་ལས་འདས་པའི་བར་དུ་བྱང་སེམས་རྣམས་ངོ་མཚར་དུ་འཛིན་པའི་སླད་དུ་བདག་སྤྱིན་པ་དང་ཚུལ་ཁྲིམས་སོགས་ལ་རློམས་སེམས་དང་གནས་སོགས་མ་མཆིས་པར་སྤྱོད་པར་གྱུར་ཅིག །སེམས་ཅན་འཕགས་ནོར་དང་བྲལ་ཞིང་། སངས་རྒྱས་ཀྱི་ཞིང་སྟོང་པར་བོར་བ་དམ་པའི་ཆོས་སྤོང་བ་མི་དགེ་བའི་རྩ་བ་དང་འགྲོགས་པའི་ཉམ་ང་བ་ཐོབ་པ། ལམ་ངན་པས་བཅོམ་པར་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་འབྲས་བུ་མི་འཚལ་བར་སྤྲོ་བ་བརྟན་པོའི་ཤུགས་ཀྱིས་ཕར་ཕྱིན་རྣམས་སྤྱོད་པར་གྱུར་ཅིག །བདག་གིས་སེམས་ཅན་རེ་རེའི་དོན་དུ་དེའི་རྒྱུད་ལ་དགེ་བའི་ས་བོན་བཞག་པའི་སླད་དུ་བསྐལ་པ་ཆེན་པོ་བཅུར་ཡང་སེམས་ཅན་དམྱལ་བ་མནར་མེད་པའི་སྡུག་བསྔལ་གྱི་ཚོར་བ་དང་དུ་ལེན་པ་ལ་སྤྲོ་བར་གྱུར་ཅིག །དེ་བཞིན་དུ་དུད་འགྲོ་དང་། ཡི་དྭགས་དང་། གནོད་སྦྱིན་དབུལ་པོ་རྣམས་དང་། མི་དབུལ་པོ་རྣམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ལ་ཡང་སྤྲོ་བར་གྱུར་ཅིག །ཇི་ལྟར་སེམས་ཅན་གཅིག་གི་སེམས་ཀྱི་རྒྱུད་ལ་དགེ་བའི་ས་བོན་འཇོག་པ་ལྟར་སེམས་ཅན་ཐམས་ཅད་ལ་ཡང་དེ་བཞིན་དུ་གྱུར་ཅིག །ཚངས་པ་སྟོང་པ་ལྟ་བུ་དང་སེམས་ཀྱི་རྒྱུད་ཚིག་པའི་དུལ་བ་དེ་ལྟ་བུ་དག་ཡོངས་སུ་འཛིན་པར་གྱུར་ཅིག །བདག་སྲིད་པ་ཐ་མ་པ་ལ་བྱང་ཆུབ་ཏུ་འཚང་རྒྱ་བར་བགྱི་བའི་སླད་དུ་སྐྱེ་བ་གཅིག་གིས་ཐོགས་ཤིང་དགའ་ལྡན་གྱི་གནས་ན་དུས་ལ་སྡོད་ཅིང་མཆིས་པ་མ་གཏོགས་པར། བསྐལ་པའི་མཐའི་བར་དུ་ཡང་ལྷའི་བདེ་བ་སྐྱེ་བ་དག་དོན་དུ་མི་གཉེར་བར་བདག་གིས་ཡུན་རིང་པོ་དེ་སྲིད་དུ་འཁོར་བ་འདིར་སངས་རྒྱས་བཅོམ་ལྡན་འདས་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དག་ལ་བསྙེན་བཀུར་བགྱིས་ནས། སངས་རྒྱས་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་མཆོད་པ་སྣ་ཚོགས་དག་བགྱིད་པར་གྱུར་ཅིག །སངས་རྒྱས་རེ་རེ་ལས་ཀྱང་ཞིང་གི་རྡུལ་སྙེད་ཀྱི་ཡོན་ཏན་རྟོགས་པར་གྱུར་ཅིག །ཞིང་གི་རྡུལ་སྙེད་ཀྱི་སེམས་ཅན་རྣམས་ཀྱང་བླ་མེད་བྱང་ཆུབ་འཛིན་དུ་སྩོལ་བ་དང་། ཉན་རང་གི་ཐེག་པ་པའི་སེམས་ཅན་རྣམས་ཀྱང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་སོ་སོའི་ལམ་འཛིན་དུ་འཇུག་པ་དང་། སངས་རྒྱས་འབྱུང་བ་མ་མཆིས་པ་ན་བདག་གིས་དྲང་སྲོང་གི་བརྟུལ་ཞུགས་ཀྱིས་སེམས་ཅན་རྣམས་དགེ་བཅུའི་ལས་ལམ་ལ་སྦྱོར་བར་བྱེད་ཅིང་ཏིང་ངེ་འཛིན་དང་མངོན་ཤེས་ལ་སྦྱོར་བར་གྱུར་ཅིག །སེམས་ཅན་གང་དག་ལྟ་བ་ལ་ཆགས་ཤིང་། དབང་ཕྱུག་ཆེན་པོ་དང་སྲིད་མེད་ཀྱི་བུ་དང་ཟླ་བ་དང་ཉི་མ་དང་ཚངས་པ་དང་བརྒྱ་བྱིན་དང་ནམ་མཁའ་ལྡིང་ལ་སོགས་པའི་བར་དག་ལ་དད་པ་རྣམས་ལ། བདག་གིས་དབང་ཕྱུག་ཆེན་པོ་སོགས་རང་གང་ལ་དད་པའི་གཟུགས་དེས་དགེ་བ་རྣམས་ལ་སྦྱོར་བར་གྱུར་ཅིག །སེམས་ཅན་ལྟོགས་པ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བགྱིད་པ་དང་། སྡུག་བསྔལ་བ་རྣམས་ལ་རང་གི་ལུས་དང་སྲོག་གིས་ཡོངས་སུ་སྐྱོབ་པར་གྱུར་ཅིག །བཅོམ་ལྡན་འདས་བདག་གིས་ཡུན་རིང་པོ་དེ་སྲིད་དུ་སེམས་ཀྱི་རྒྱུད་ཚིག་ཅིང་དགེ་བའི་རྩ་བ་ཡོངས་སུ་ཉམས་པ་རྣམས་ཀྱི་དོན་དུ་སྟོབས་པོ་ཆེའི་ཤུགས་ཀྱིས་སྤྱད་པ་སྤྱོད་པ་ན། ཡུན་རིང་པོར་འཁོར་བ་ན་སེམས་ཅན་རྣམས་ཀྱི་དོན་དུ་བདག་གིས་གཏུམ་པ་དང་བ་རང་བ་དང་མི་བཟད་པ་སྣ་ཚོགས་ཀྱི་སྡུག་བསྔལ་དག་ནོད་པར་གྱུར་ཅིག །གང་གི་ཚེ་བསྐལ་པ་བཟང་པོ་ལ་ཐུག་པ་ན་བྲམ་ཟེའི་ཁྱེའུ་སྐར་མ་སྐྱོང་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཅེས་བྱ་བར་སངས་རྒྱས་པ་དེའི་ཚེ་ན་བདག་གིས་འཕགས་པའི་ཤེས་རབ་ཀྱི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་ནས་འཚོ་ཞིང་གཞེས་པ་དག་མཐོང་བར་གྱུར་ཅིག །བདག་གིས་སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ་མི་དགེ་བའི་རྩ་བ་དང་འགྲོགས་པ་དམ་པའི་ཆོས་སྤོང་བ་སོགས་ཉམ་ང་བ་འཐོབ་པ་གང་དག་ལ་བླ་མེད་བྱང་ཆུབ་འཛིན་དུ་འཇུག་པ་དང་། སྦྱིན་སོགས་ཕར་ཕྱིན་ལ་དགོད་པ་དང་། སེམས་ཅན་དེ་དག་གི་དགེ་བའི་རྩ་བ་ཡང་བླ་ན་མེད་པའི་མྱ་ངན་ལས་འདས་པ་ལ་འཇོག་ཅིང་ངན་སོང་ལས་ཐར་བར་བགྱིས་ལ། ཤེས་རབ་དང་བསོད་ནམས་ཀྱི་ཚོགས་ལ་སྦྱར་ནས། སངས་རྒྱས་དེ་དག་གི་ཞིང་དུ་འབུལ་བར་བྱེད་ཅིང་བླ་མེད་རྫོགས་བྱང་དུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དང་གཟུངས་དང་བཟོད་པ་དག་ཀྱང་ཐོབ་ལ་ས་ནོན་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འཛིན་དུ་འཇུག་ཅིང་དེ་དག་གིས་ཀྱང་འཛིན་པར་གྱུར་ཅིག །སངས་རྒྱས་འཁོར་བ་འཇིག་སངས་རྒྱས་ནས་རིང་པོར་མ་ལགས་པའི་དྲུང་དུ་མཆིས་ནས་མཆོད་པ་སྣ་ཚོགས་བགྱིས་ཤིང་ཞུ་བ་ཞུས་ཏེ་རབ་ཏུ་འབྱུང་བ་དང་། ཚུལ་ཁྲིམས་དང་ཐོས་པ་དང་ཏིང་ངེ་འཛིན་ལ་མངོན་པར་བརྩོན་ཅིང་ཆོས་ཀྱི་མཆོག་སྟོན་པ་དང་། སེམས་ཅན་ཉམ་ང་ཐོབ་པ་ལམ་ངན་པས་བཅོམ་པ། མི་དགེ་བའི་རྩ་བ་དང་འགྲོགས་པ་རྣམས་ལ་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་འདུལ་བ་དེ་དག་ཀྱང་རབ་ཏུ་འཛིན་པར་གྱུར་ཅིག །རྒྱལ་བའི་ཉི་མ་ནུབ་པ་དེའི་ཚེ་ན་བདག་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཞིང་། སྐྱེ་དགུ་རྣམས་ཚེ་ལོ་བརྒྱ་པར་འགྱུར་གྱི་བར་དུ་བསོད་ནམས་བྱ་བའི་དངོས་པོ་གསུམ་ལ་སྦྱོར་བར་གྱུར་ཅིག །དུས་དེ་ལ་བབ་པ་ན་ལྷའི་འཇིག་རྟེན་དུ་མཆིས་ནས་ལྷ་རྣམས་ལ་ཆོས་སྟོན་པས་འདུལ་བ་རབ་ཏུ་འཛིན་པར་གྱུར་ཅིག །སེམས་ཅན་རྣམས་ཚེ་ལོ་བརྒྱ་ཉི་ཤུ་པའི་བར་དུ་གྱུར་པ་ན། བདེ་བ་དང་དབང་ཕྱུག་དང་རིགས་དང་གཟུགས་ཀྱི་དྲེགས་པས་མྱོས་ཤིང་སེར་སྣ་ཅན་དུ་གྱུར་ཏེ། སྙིགས་མ་ལྔའི་མུན་པར་ཆུད་པའི་སེམས་ཅན་འདོད་ཆགས་སོགས་ཉོན་མོངས་ཤིན་ཏུ་བདོ་བ། ཕན་ཚུན་འཚེ་བ། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་སྤོང་བ་སོགས་མི་དགེ་བའི་ཕྱོགས་དང་ལྡན་པ། ལེགས་སྤྱོད་དང་དགེ་བའི་ཕྱོགས་ཉམས་པ། ངོ་ཚ་དང་ཁྲེལ་མེད་པ། ནད་སྣ་ཚོགས་ཀྱིས་ཉེན་པ། མདོག་ངན་པ་མི་སྡུག་པ། ལྟ་བས་གཟེངས་པ་སོགས་ཉེས་པ་རྒྱ་ཆེར་བསྟན་ཏེ། དུས་དེར་ན་བ་དང་རྒ་བ་དང་འཆི་བ་དང་གསོད་པ་དང་། དགྲ་དང་ཚ་གྲང་དང་བཀྲེས་སྐོམ་ངལ་དུབ་ལ་སོགས་པའི་མི་སྙན་པའི་སྒྲ་ཕན་ཚུན་དུ་ཐོས་པར་བྱེད་ཅིང་། འཇིག་རྟེན་གྱི་ཁམས་དེར་སེམས་ཅན་དགེ་རྩ་ཉམས་པ། དགེ་བའི་བཤེས་ཀྱིས་སྤངས་པ། སྡང་སེམས་དང་ལྡན་པ་དག་གིས་ཀུན་ཏུ་གཏམས་པར་འགྱུར་ཏེ། སེམས་ཅན་དེ་དག་ནི་ཐམས་ཅད་མཁྱེན་པ་དག་གིས་སྟོང་པའི་ཞིང་དུ། དགེ་བའི་ཕྱོགས་ཀྱིས་བོར་ཞིང་མི་དགེ་བ་རྣམས་དང་འགྲོགས་ཏེ་མུན་ཁྲོད་ནས་མུན་ཁྲོད་དུ་འཁྱམས་པའི་སེམས་ཅན་དེ་དག་དེའི་ཚེ་ན་ལས་ཀྱི་རྐྱེན་རབ་ཏུ་དམ་པོས་བསྐལ་བ་བཟང་པོ་དེར་ལོ་བརྒྱ་ཉི་ཤུ་པ་རྣམས་སུ་སྐྱེ་བར་འགྱུར་ལགས་སོ། །སེམས་ཅན་དེ་དག་གི་ལས་ཀྱིས་མི་མཇེད་ཀྱང་དགེ་རྩ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱིས་སྤངས་ཤིང་། ས་གཞི་བ་ཚྭ་ཅན་དང་། གསེག་མ་དང་རྡུལ་དང་རད་རོད་ཅན་དུ་འགྱུར། ཤ་སྦྲང་སོགས་དང་སྦྲུལ་དང་གཅན་གཟན་གདུག་པས་གང་ཞིང་། དུས་མིན་པར་རྡུལ་གྱིས་འཁྲིགས་པའི་རླུང་ལྡང་བ་དང་། དུས་མིན་དུ་རོ་མ་མཆིས་པ་དང་། ལན་ཚྭ་དང་འདྲེས་པ་དང་། མི་བསིལ་བའི་ཆར་འབེབས་པར་འགྱུར། ལོ་ཐོག་དང་སྨན་དང་རྩི་ཤིང་འབྲས་བུ་བཟའ་བཏུང་ལོངས་སྤྱོད་རྣམས་ཀྱང་ངན་པ་དང་། རྙོགས་པ་ཅན་དང་། རྩུབ་པ་དང་དུག་དང་འདྲེས་པར་འགྱུར། སེམས་ཅན་དེ་དག་གིས་དེ་ལ་སྤྱོད་པས་རྒྱུད་རྩུབ་ཅིང་ཁྲོ་བ་དང་འཇུངས་པ་དང་། གཤེ་བ་དང་། གཅིག་ལ་གཅིག་འཚེ་བར་བྱེད་ཅིང་། ཤ་དང་ཁྲག་དང་རི་དྭགས་ཀྱི་པགས་པ་འདོད་པ་དང་། མཚོན་ཆ་ཐོགས་ནས་སྲོག་ཆགས་འགུམ་པ་ལ་བཙོན་ཞིང་། རྟ་རྩལ་དང་མདའ་གཞུ་དང་མཚོན་ཆ་དང་འཇིག་རྟེན་གྱི་དཀའ་ཐུབ་དང་བརྟུལ་ཞུགས་ངན་པ་སྣ་ཚོགས་ལ་བརྩོན་པར་འགྱུར་བ་དེའི་ཚེ་ན། བདག་གདུལ་བའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་སླད་དུ་དགའ་ལྡན་གྱི་གནས་ནས་བབ་སྟེ། འཁོར་ལོས་སྒྱུར་བའི་རིགས་རྒྱུད་ཁྱད་པར་དུ་འཕགས་པའི་དབང་ཕྱུག་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་ཁོང་དུ་མངལ་ན་གནས་པ་ཉེ་བར་འཛིན་པར་གྱུར་ཅིག །དེའི་ཚེ་མི་མཇེད་འདི་འོག་མིན་ནས་གསེར་གྱི་ས་གཞིའི་བར་དུ་སྣང་བ་ཆེན་པོས་ཁྱབ་པར་བགྱིས་ཏེ། ངན་སོང་གསུམ་དང་ལྷ་མིར་སྐྱེས་པ་ཐམས་ཅད་ཀྱིས་སྣང་བ་ཆེན་པོ་དེ་མཐོང་ཞིང་རེག་ལ་ཀུན་ཤེས་ཏེ། འཁོར་བའི་སྡུག་བསྔལ་ལས་ཡིད་བྱུང་བ་དེ་དག་ཀྱང་མྱ་ངན་ལས་འདས་པ་འདོད་ཅིང་། ཐ་ན་ཉོན་མོངས་པ་ཞི་བར་བགྱི་བ་དེའི་སེམས་བསྐྱེད་པར་བྱས་ཏེ། དང་པོར་ལམ་མཆོག་གི་ས་བོན་འདི་ཡང་སྐྱེད་པར་གྱུར་ཅིག །བདག་ཆོས་ཐམས་ཅད་ཀྱི་ཚུལ་ལ་མཁས་པའི་ཏིང་ངེ་འཛིན་ཐམས་ཅད་སྟོན་པའི་ཆོས་ཀྱི་སྒོ་གཅིག་གིས། བསྐལ་པ་ཕྱི་མའི་མཐར་སྟོན་ཅིང་སེམས་མཉམ་པར་བཞག་ནས་ཟླ་བ་བཅུར་མའི་མངལ་ན་གནས་པར་གྱུར་ཅིག །བདག་གིས་སངས་རྒྱས་ཐོབ་ནས་འཁོར་བ་ལས་ཐར་བར་བགྱིད་པར་འགྱུར་བའི་སེམས་ཅན་དེ་དག་གིས་བདག་ཟླ་བ་བཅུར་མའི་མངལ་ན་ནོར་བུའི་སྙིང་པོ་ཡང་དག་པར་སྟོན་པ་ལ་སེམས་མཉམ་པར་བཞག་ནས་སྐྱིལ་མོ་ཀྲུང་གིས་འདུག་པར་མཐོང་བར་གྱུར་ཅིག །ཟླ་བ་བཅུ་པོ་འདས་ནས་བདག་གིས་བསོད་ནམས་ཐམས་ཅད་ཡང་དག་པར་བསགས་པའི་ཏིང་ངེ་འཛིན་གྱིས་མི་མཇེད་འདི་འོག་མིན་ནས་གསེར་གྱི་ས་གཞིའི་བར་དུ་རྣམ་པ་དྲུག་ཏུ་གཡོ་ཞིང་སེམས་ཅན་ཐམས་ཅད་རབ་ཏུ་སད་པར་བགྱིད་པར་གྱུར་ཅིག །བདག་མའི་མཆན་ཁུང་གཡས་པ་ནས་མངོན་པར་འབྱུང་བའི་ཚེ་ཡང་མི་མཇེད་འདི་སྣང་བ་ཆེན་པོས་ཁྱབ་ཅིང་སེམས་ཅན་རྣམས་ལ་ཡང་དག་པར་སྐུལ་བར་གྱུར་ཅིག །དགེ་རྩ་མ་བསྐྱེད་པ་རྣམས་ལ་མྱང་འདས་ཀྱི་ས་བོན་འདེབས་པ་དང་། མྱང་འདས་ཀྱི་ས་བོན་བསྐྱེད་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་སྐྱེད་པར་གྱུར་ཅིག །གང་གི་ཚེ་བདག་གི་རྐང་མཐིལ་ས་ལ་རེག་པར་འགྱུར་བ་དེའི་ཚེ་མི་མཇེད་ཀྱིས་གཞི་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་བར་དུ་རྣམ་པ་དྲུག་ཏུ་གཡོ་འགུལ་འཁྲུགས་ལ། དེའི་ཚེ་སྐྱེ་གནས་བཞིར་གཏོགས་ཤིང་འགྲོ་བ་ལྔ་ལ་བརྟེན་པའི་སེམས་ཅན། ཆུ་དང་ས་དང་ནམ་མཁའ་ལ་བརྟེན་པ་ཐམས་ཅད་རབ་ཏུ་སད་པར་བྱེད་ཅིང་། གང་གི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་མ་སྐྱེས་པ་རྣམས་ཀྱང་སྐྱེད་པ་དང་། ཏིང་ངེ་འཛིན་གྱི་མྱུ་གུ་བརྟན་པར་གྱུར་པ་རྣམས་ནི་ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །བདག་བཙས་མ་ཐག་ཏུ་ཞིང་མི་མཇེད་དེའི་ཚངས་ཆེན་དང་། བདུད་དང་བརྒྱ་བྱིན། ཉི་ཟླ། འཇིག་རྟེན་སྐྱོང་བ་རྣམས་དང་། ཀླུའི་རྒྱལ་པོ་རྣམས་དང་། ལྷ་མིན་གྱི་དབང་པོ་རྣམས་དང་གནོད་སྦྱིན་དང་། སྲིན་པོ། ཀླུ་དང་ལྷ་མིན་རྫུ་འཕྲུལ་ཆེན་པོ་ཐམས་ཅད་བདག་ལ་མཆོད་པའི་སླད་དུ་ཉེ་བར་མཆི་བར་གྱུར་ཅིག །བདག་བཙས་མ་ཐག་ཏུ་གོམ་པ་བདུན་འདོར་བར་གྱུར་ཅིག །བདག་གིས་བསོད་ནམས་ཐམས་ཅད་ཡང་དག་པར་བསགས་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་དང་ལྡན་པའི་འཁོར་གང་ལགས་པ་དེ་ཐེག་པ་གསུམ་པོ་དག་གིས་རབ་ཏུ་དང་བ་ཐོབ་པ་དེ་ལྟ་བུའི་ཆོས་སྟོན་པར་གྱུར་ཅིག །འཁོར་དེ་ན་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་སྲིད་པ་ཐ་མ་པར་གྱུར་པ་རྣམས་བདག་གིས་འདུལ་བར་གྱུར་ཅིག །རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པའི་སེམས་ཅན་དེ་དག་གིས་རྣམ་པར་སྣང་བྱེད་མེ་ཏོག་གི་བཟོད་པ་ཐོབ་པར་གྱུར་ཅིག །བླ་ན་མེད་པའི་ཐེག་པ་ཆེན་པོ་པར་གྱུར་པའི་སེམས་ཅན་དེ་ཐམས་ཅད་རྡོ་རྗེའི་ཏིང་ངེ་འཛིན་རྒྱ་མཚོ་འཁྲུགས་ཀྱི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག །ཏིང་ངེ་འཛིན་དེས་ས་གསུམ་པོ་དག་ལས་ཡང་དག་པར་འདས་པར་གྱུར་ཅིག །གང་གི་ཚེ་བདག་ཁྲུས་བགྱིད་པར་འཚལ་ན། ཀླུའི་རྒྱལ་པོ་ཆེན་པོ་ཁྱད་པར་དུ་འཕགས་པ་གང་དག་མཆིས་པར་གྱུར་པ་དེ་དག་ལ་ཁྲུས་བྱེད་པར་གྱུར་ཅིག །སེམས་ཅན་གང་དག་གིས་བདག་འཁྲུ་བར་མཐོང་བ་དེ་ཐམས་ཅད་ཐེག་པ་གསུམ་པོ་དག་གིས་ཇི་སྐད་སྨྲོས་པའི་ཡོན་ཏན་དེ་ལྟ་བུ་དག་མངོན་པར་རྟོགས་པར་གྱུར་ཅིག །སེམས་ཅན་གང་དག་གིས་བདག་ཤིང་རྟ་ལ་འདུག་པ་མཐོང་བར་གྱུར་པ་དང་། དེ་བཞིན་དུ་བདག་གཞོན་ནུ་རྩེ་བ་དང་། བཟོའི་གནས་དང་ལས་ཀྱི་གནས་དང་། སྐད་སྣ་ཚོགས་སྟོན་པ་དང་། བསླབ་ཏུ་རུང་བ་དང་། བུད་མེད་རྣམས་ཀྱི་གན་དུ་འདོད་པའི་ཡོན་ཏན་ལྔའི་དགའ་བ་དང་། གང་དུ་རྩེད་མོས་ཡིད་བྱུང་ནས་ནམ་ཕྱེད་ན་མངོན་པར་བྱུང་སྟེ། རྒྱན་དང་ལྷབ་ལྷུབ་སྤངས་ནས་གོས་དམར་པོ་དང་། ཆོས་གོས་ངུར་སྨྲིག་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་བགྲོད་པའི་སླད་དུ་མཆི་བ་མཐོང་བའི་སེམས་ཅན་དེ་ཐམས་ཅད་ཐེག་པ་གསུམ་ལ་འདུན་པ་དྲག་ཅིང་བརྩོན་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་པ་དང་། ཏིང་ངེ་འཛིན་རྣམ་པར་སྣང་བྱེད་མེ་ཏོག་ཐོབ་པ་སོགས་གོང་ན་སྨྲོས་པ་བཞིན་ཏུ་འགྱུར་བ་དང་། བདག་ཉིད་ཀྱིས་སྟན་བཏིང་བ་བསྡུས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་བཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་ལུས་དྲང་པོར་བསྲངས་ཏེ། དབུགས་འབྱུང་རྔུབ་ཉེ་བར་ཞི་བ་དེ་ལྟ་བུའི་མཁའ་ཁྱབ་ཀྱི་བསམ་གཏན་སྒོམ་པར་གྱུར་ཅིག །བདག་གདུགས་ལ་ལན་གཅིག་བསམ་གཏན་ལས་ལྡང་བར་གྱུར་ཅིག །ལངས་ནས་ཀྱང་ཟས་སུ་ཏིལ་གྱི་འབྲས་བུ་ཕྱེད་ཅིག་འཚལ་བ་ལ། ཕྱེད་ནི་སློང་མོ་པ་ལ་སྩོལ་བར་གྱུར་ཅིག །ཞིང་མི་མཇེད་འདིའི་འོག་མིན་པའི་བར་གྱི་ལྷ་ཇི་སྙེད་པ་ཐམས་ཅད་བདག་ལ་མཆོད་པའི་ཕྱིར་ཉེ་བར་མཆི་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱང་བདག་དཀའ་བ་སྤྱོད་པའི་དབང་དུ་གྱུར་བ་དེ་སྲིད་དུ། བདག་ལྟ་བུའི་དཀའ་བ་སྤྱོད་པར་གྱུར་ཅིག །དེ་ན་གང་དག་ཉམ་ཐོས་ཀྱི་ཐེག་པ་བ་རྣམས་ཉོན་མོངས་པ་རབ་ཏུ་ཞི་བར་གྱུར་ཅིག །རང་སངས་རྒྱས་ཀྱི་ཐེག་པ་བ་དག་ཀྱང་བདག་གིས་འདུལ་བའི་སྲིད་པ་ཐ་མ་པར་གྱུར་ཅིག །དེ་བཞིན་དུ་ཀླུ་དང་གནོད་སྦྱིན་ལྷ་མ་ཡིན་ལ་སོགས་པ་དང་། མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ཀྱང་བདག་ལ་མཆོད་པའི་སླད་དུ་མཆི་ཞིང་དེ་ཐམས་ཅད་དཀའ་བ་སྤྱོད་པའི་དབང་དུ་གྱུར་ཏེ། ཐེག་པ་སོ་སོར་སྨིན་པར་གྱུར་ཅིག །གླིང་བཞི་པ་འདི་ན་མུ་སྟེགས་ཅན་བརྟུལ་ཞུགས་དང་དཀའ་ཐུབ་ངན་པས་དཀའ་བ་སྤྱོད་པ་དེ་དག་ལ་མི་མ་ཡིན་པ་དག་གིས་ཁྱེད་ཅག་དཀའ་བ་སྤྱོད་པ་མིན་ཏེ། ཕྱོགས་འདི་ན་བྱང་སེམས་སྲིད་པ་ཐ་མ་པ་དཀའ་བ་འདི་ལྟར་སྤྱོད་པ་དེ་ནི་མཐུ་ཆེ་ཞིང་མངོན་པར་འཚང་རྒྱ་བར་འགྱུར་ཏེ། གལ་ཏེ་ཡིད་མི་ཆེས་ན་དེངས་ལ་ལྟོས་ཤིག་ཅེས་བསྒོ་བར་གྱུར་ཅིག །དེ་དག་གིས་ཀྱང་དཀའ་བ་སྤྱོད་པ་བཏང་སྟེ། བདག་དཀའ་བ་སྤྱོད་པ་མཐོང་ནས་ཉན་ཐོས་ཀྱི་ཐེག་པ་སོགས་རང་རང་གི་སྐལ་བ་བཞིན་དུ་སྨིན་པར་བྱེད་པར་གྱུར་ཅིག །མིའི་རྒྱལ་པོ་རྣམས་དང་བཀྲབས་པ་རྣམས་དང་། གྲོང་ཁྱིམ་གྱི་མི་རྣམས་ཀྱང་བདག་དཀའ་བ་སྤྱོད་པའི་དྲུང་དུ་མཆི་ཞིང་ཐེག་པ་གསུམ་ལ་སྨིན་པར་གྱུར་ཅིག །བུད་མེད་གང་བདག་ལྟ་བའི་སླད་དུ་མཆིས་པ་དེ་དག་བུད་མེད་ཀྱི་ལུས་ཀྱི་ཐ་མར་གྱུར་ཅིང་ཐེག་པ་གསུམ་ལ་སྐལ་བ་བཞིན་དུ་དགོད་པར་གྱུར་ཅིག །བྱ་དང་རི་དྭགས་སོགས་ཀྱིས་མཐོང་ན་དུད་འགྲོའི་ལུས་ཀྱི་ཐ་མར་གྱུར་ཅིང་ཐེག་པ་གསུམ་ལ་སྨིན་པ་དང་། དེ་བཞིན་དུ་ཡི་དྭགས་རྣམས་ལ་ཡང་བརྗོད་པར་བགྱིའོ། །ཇི་སྲིད་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོས་བདག་དཀའ་བ་སྤྱོད་པའི་དབང་དུ་འགྱུར་ཞིང་ངོ་མཚར་དུ་འཛིན་པ་དཔག་མེད་མཆིས་པ་དེ་དག་གི་རྒྱུད་ལ་ཐར་བའི་ས་བོན་བསྐྱེད་པའི་ཡུན་རིང་པོ་དེ་སྲིད་དུ་བདག་སྐྱིལ་མོ་ཀྲུང་གཅིག་གིས་དཀའ་བ་སྤྱོད་པར་གྱུར་ཏེ། སྔོན་ཆད་སེམས་ཅན་དུ་བགྲངས་པ་གཞན་མུ་སྟེགས་ཅན་དང་། ཉན་རང་བྱང་སེམས་སུས་ཀྱང་དེ་ལྟར་མ་སྤྱད་ལ། སླན་ཆད་ཀྱང་སུས་སྤྱད་པར་རྔོ་མི་ཐོགས་པ་དེ་ལྟ་བུའི་བཀའ་བ་བདག་གིས་སྤྱོད་པར་གྱུར་ཅིག །བདག་གིས་བླ་མེད་བྱང་ཆུབ་མ་ཐོབ་པ་དེའི་ཚེ་སྐྱེས་བུའི་རྩལ་བགྱིད་ཅིང་བདུད་དཔུང་གི་ཚོགས་དང་བཅས་པ་ཕམ་པར་བགྱིད་པར་གྱུར་ཅིག །ལས་ཀྱི་འབྲས་བུའི་ལྷག་མ་དང་བཅས་པའི་ཉོན་མོངས་པའི་བདུད་ལས་རྒྱལ་ཞིང་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅི་ནས་ཀྱང་བདག་སེམས་ཅན་གཅིག་གི་སེམས་ཀྱི་རྒྱུད་ལ་དགྲ་བཅོམ་པ་ཉིད་འཇོག་པ་དང་། དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་། བཞི་པ་ལ་ཡང་ཆོས་སྟོན་ཅིང་སེམས་རྒྱུད་ལ་དགྲ་བཅོམ་པ་འཇོག་པར་གྱུར་ཅིག །སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་བདག་ཆོ་འཕྲུལ་འབུམ་ཕྲག་དུ་མ་སྟོན་ཅིང་དེའི་སེམས་ཀྱི་རྒྱུད་ལ་ཡང་དག་པའི་ལྟ་བ་དང་། ཆོས་ཀྱི་དོན་དང་ཚིག་འབྲུ་སྟོང་ཕྲག་མང་པོ་དག་ཀྱང་རྗོད་པར་གྱུར་ཅིག །ཇི་ལྟར་རྔོ་ཐོགས་པའི་འབྲས་བུ་ལ་འཇོག་པར་གྱུར་ཅིག །སེམས་ཅན་རྣམས་ཀྱི་སེམས་རྒྱུད་ཀྱི་ཉོན་མོངས་པའི་རི་བོ་དག་ཡེ་ཤེས་རྡོ་རྗེས་འཇོམས་པར་གྱུར་ཅིག །ཐེག་པ་རྣམ་པ་གསུམ་ལ་དགོད་པས་ཆོས་སྟོན་པར་གྱུར་ཅིག །སེམས་ཅན་གཅིག་གི་དོན་དུ་ཆོས་སྟོན་ཅིང་མི་འཇིགས་པའི་གོ་འཕང་ལ་རབ་ཏུ་འགོད་པའི་སླད་དུ། དཔག་ཚད་བརྒྱ་ཕྲག་མང་པོ་དག་ཏུ་རྐང་བས་མཆི་བར་གྱུར་ཅིག །བདག་གི་བསྟན་པ་ལ་རབ་ཏུ་འབྱུང་བ་དག་དགག་པ་མ་མཆིས་པར་གྱུར་ཏེ། ཉམ་ཆུང་བ་དྲན་པ་ཉམས་པ་སེམས་རྣམ་པར་འཁྲུལ་བ། མུ་ཅོར་སྨྲ་བ་སྤྱི་བརྟོལ་ཅན་གྱི་སེམས་དང་། ཤེས་རབ་འཆལ་བ། ཉོན་མོངས་མང་པོས་དཀྲུགས་པའི་སེམས་དང་ལྡན་པ་རྣམས་དང་། བུད་མེད་ཀྱང་རབ་ཏུ་འབྱུང་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག །བདག་ལ་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་མཆིས་པར་གྱུར་ཅིག །སྐྱེ་བོ་མང་པོ་དག་གིས་བདག་གི་བསྟན་པ་རྒྱས་པར་གྱུར་ཅིག །ལྷ་རྣམས་ཀྱིས་བདེན་པ་མཐོང་བ་དང་། གནོད་སྦྱིན་དང་ཀླུ་དང་ལྷ་མ་ཡིན་རྣམས་ཀྱང་འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་བར་དག་ཀྱང་ཚངས་པར་སྤྱོད་པ་ལ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་གང་དག་བདག་ལ་རབ་ཏུ་སྡང་བའི་སེམས་ཀྱིས། མཚོན་ཆའམ་ཞུགས་སམ། མདུང་ངམ། ལག་ཆ་རྣམ་པ་སྣ་ཚོགས་དག་གིས་འདེབས་སུ་མཆི་བ་དང་། ཚིག་རྩུབ་པོ་དང་། བརླང་པོ་དག་གིས་གཤེ་ཞིང་སྤྱོ་བར་འགྱུར་བ་དང་ཕྱོགས་དང་མཚམས་སུ་མི་སྙན་པའི་སྒྲ་སྒྲོགས་པར་འགྱུར་བ་དང་། དུག་དང་འདྲེས་པའི་བཟའ་བ་དང་བཏུང་བ་དག་སྟོབ་པར་འགྱུར་བ་དེ་ལྟ་བུའི་ལས་ཀྱི་འབྲས་བུ་ཡོངས་སུ་མ་ཟད་པ་ལ་གནས་ནས་བདག་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་པ་ན་སེམས་ཅན་སྔོན་གྱི་འཁོན་གྱིས་འགུམ་པའི་ཡོ་བྱད་ཀྱི་སྦྱོར་བས་བདག་ལ་ཚིག་རྩུབ་པ་དང་། མཚོན་ཆ་སྣ་ཚོགས་དང་། དུག་དང་འདྲེས་པའི་བཏུང་བ་དག་སྦྱིན་ཞིང་ཁྲག་ཀྱང་འབྱིན་པའི་སེམས་ཅན་དེ་དག་ལ་བདག་གིས་ཚུལ་ཁྲིམས་དང་ཐོས་པ་དང་། ཏིང་འཛིན་དང་། སྙིང་རྗེ་ཆེན་པོ་བསྒོམ་པའི་ཚངས་པའི་སྒྲ་དབྱངས་ཀྱི་རྔ་སྒྲ་བསྒྲགས་པས་དེ་དག་གི་སེམས་རབ་ཏུ་དང་བར་འགྱུར་བ་དེ་ལྟར་ཆོས་སྟོན་ཅིང་དགེ་བ་ལ་སྦྱོར་བར་གྱུར་ཅིག །སེམས་ཅན་དེ་དག་ལས་ཀྱི་སྒྲིབ་པ་འཆག་པར་འགྱུར་ཞིང་སླན་ཆད་སྡོམ་པ་ལེན་པ་དང་། ལས་དེ་སེམས་ཅན་དེ་དག་གི་མཐོ་རིས་དང་ཐར་པའི་འབྲས་བུ་དང་། ཆགས་བྲལ་དང་ཟག་ཟད་ལ་སྒྲིབ་པའི་ཆོས་སུ་མ་གྱུར་ཅིག །དེར་བདག་གི་ལས་ཀྱི་འབྲས་བུ་ཡང་ཡོངས་སུ་ཟད་ཅིང་མཐར་ཐུག་པ་དང་བྱང་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་ཐོབ་ནས་ཀྱང་གདུགས་རེ་རེ་བཞིན་དུ་བདག་གི་བ་སྤུའི་ཁང་བུ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟར་པོ་བརྒྱད་ཅུས་བརྒྱན་པ་དག་སྤྲུལ་ཞིང་། སྐུ་དེ་དག་སངས་རྒྱས་ཀྱིས་ཞིང་སངས་རྒྱས་ཀྱིས་སྟོང་པ་དང་། སྟོང་པ་མ་ཡིན་པ་དང་། སྙིགས་མ་ལྔ་དང་ལྡན་པའི་ཞིང་དག་ཏུ་ཡང་འགྱེད་པར་གྱུར་ཅིག །དེ་ལྟ་བུའི་སངས་རྒྱས་ཀྱི་སྐུ་གཅིག་གིས་ཀྱང་གདུགས་གཅིག་ལ་ཞིང་དེ་དག་ན་སེམས་ཅན་གང་དག་མཚམས་མེད་བྱེད་པ། དམ་ཆོས་སྤོང་བ། འཕགས་པ་ལ་སྐུར་པ་འདེབས་པ། མི་དགེ་བ་དང་འགྲོགས་པ་རྣམས་དང་། ཉན་རང་ཐེག་ཆེན་ལ་ཞུགས་པ་དག་བསླབ་པ་འདྲེན་མར་བགྱིད་པ། ཞིག་རལ་དུ་སྤྱོད་པ། ལྟུང་བའི་རྩ་བ་བྱུང་བ། སེམས་ཀྱི་རྒྱུད་ཚིག་པ། དགེ་བའི་ལམ་ཉམས་པ། འཁོར་བའི་འབྲོག་དགོན་པར་ཞུགས་ཤིང་ལམ་ངན་པས་རྣམ་པར་བཅོམ་སྟེ་ཉམ་ང་བ་ཆེན་པོ་ཐོབ་པར་གྱུར་པ་དེ་ལྟ་བུའི་སེམས་ཅན་བྱེ་བ་དུ་མ་ལ་ཆོས་སྟོན་པར་གྱུར་ཅིག །གང་དག་དབང་ཕྱུག་ཆེན་པོ་དང་། སྲེད་མེད་ཀྱི་བུ་སོགས་ལ་དད་པ་རྣམས་ལ་ཡང་དེ་དང་དེའི་གཟུགས་ཀྱིས་ཆོས་སྟོན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་མི་མཇེད་དུ་དེས་བདག་གི་བསྔགས་པ་བརྗོད་པས་སེམས་ཅན་དེ་དག་དེ་ལ་སྨོན་ཞིང་། བདག་གི་བསྔགས་པ་ཐོས་ནས་བདག་གི་ཞིང་དུ་སྐྱེ་བར་འདོད་ཅིང་སྨོན་ལམ་འདེབས་པར་གྱུར་ཅིག །དེ་ལྟ་བུའི་སེམས་ཅན་དེ་དག་འགུམ་པའི་དུས་ཀྱི་ཚེ་བདག་དེའི་མདུན་དུ་མ་མཆིས་སམ། ཆོས་མ་བསྟན་ཏམ། སེམས་རབ་ཏུ་དང་བར་མ་བགྱིས་ན་བདག་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་ཅན་དེ་དག་གུམས་ནས་ངན་འགྲོ་རྣམས་སུ་སྐྱེ་བར་འགྱུར་བའམ་བདག་གི་སངས་རྒྱས་ཀྱི་ཞིང་དུ་མིའི་ལུས་ཐོབ་པར་མ་གྱུར་ན། བདག་གི་ཆོས་ཐམས་ཅད་ཉམས་པར་གྱུར་ཅིང་བདག་སླར་ཡང་སྣང་བར་མ་གྱུར་ཅིག་བདག་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྒྲུབ་པར་ཡང་རྡོ་མི་ཐོགས་པར་གྱུར་ཅིག །དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དག་ན་མཚམས་མེད་བགྱིད་ཅིང་ལམ་ངན་པས་བཅོམ་པའི་སེམས་ཅན་དག་གུམས་ནས་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་བའི་མཚན་མ་ནི་འདི་དག་ལགས་ཏེ། སེམས་ཅན་དེ་དག་ཁ་དོག་རྡུལ་ལྟ་བུ་དང་། ཤ་ཟའི་གདོང་འདྲ་བ་དང་། བསྐྱུད་ངས་དང་། དྲི་མི་བདའ་བ་དང་། ཚུལ་ཁྲིམས་འཆལ་བ་དང་། ཚེ་ཐུང་བ་དང་། ནད་རྣམ་པ་སྣ་ཚོགས་ཀྱིས་ཉེན་པ་དང་། ཡོ་བྱད་རྣམས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའོ། །སེམས་ཅན་དེ་དག་གི་དོན་དུ་བདག་དེའི་ཚེ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཀྱི་གླིང་བཞི་པ་ཇི་སྙེད་ཅིག་མཆིས་པ་དེ་ཐམས་ཅད་དུ། ཡོངས་སུ་དགའ་ལྡན་གྱི་གནས་ནས་འབབ་ཅིང་མའི་མངལ་དུ་སྐྱེ་བ་སྟོན་པ་དང་། རྒྱ་ཆེར་བགྱི་ན་གཞོན་ནུ་རྩེ་བ་དང་། བཟོ་དང་ལས་ཀྱི་གནས་དང་། དཀའ་བ་སྤྱོད་པ་དང་། བདུད་འདུལ་བ་དང་། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་ཀྱི་མཛད་པ་མཐའ་དག་ཉེ་བར་སྟོན་པར་གྱུར་ཅིག །ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐུ་གདུང་འགོད་པའི་བར་དག་ཀྱང་ཉེ་བར་སྟོན་པར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཀྱང་ཚིག་གཅིག་བརྗོད་པས་ཆོས་སྟོན་པར་འགྱུར་བ་ན། ཉན་རང་ཐེག་ཆེན་གྱིས་གདུལ་བའི་སེམས་ཅན་སོ་སོར་རང་རང་གི་ཐེག་པའི་ཆོས་བསྟན་པར་འཚལ་བ་དང་། ཚོགས་དང་བྲལ་བའི་སེམས་ཅན་གྱིས་སྦྱིན་པའི་གཏམ་དང་། བསོད་ནམས་བྲལ་ཞིང་མཐོ་རིས་འདོད་པས་ཚུལ་ཁྲིམས་ཀྱི་གཏམ་དང་། ཕན་ཚུན་འཇིགས་སྡང་རྙོགས་པའི་སེམས་ཅན་གྱིས་བྱམས་པ་བརྗོད་པའི་གཏམ་དང་། དེ་བཞིན་དུ་སྲོག་གཅོད་པ་རྣམས་ཀྱིས་སྙིང་རྗེ་བསྟན་པ། ཕྲག་དོག་དང་སེར་སྣས་ནོན་པ་རྣམས་ཀྱིས་དགའ་བ་བརྗོད་པ། གཟུགས་གཟུགས་མེད་ཀྱི་དྲེགས་པས་མྱོས་པས་བཏང་སྙོམས་བརྗོད་པ། འདོད་པ་ལ་འདོད་ཆགས་པས་མྱོས་པས་ཡང་དག་པ་མ་ཉེས་དམིགས་པ་བརྗོད་པ། མཆན། ལགས་པ་བརྗོད་པ། ཐེག་པ་ཆེན་པོས་རྒོད་པས་སེམས་དཀྲུག་པ་རྣམས་ཀྱིས་དབུགས་འབྱུང་རྔུབ་དྲན་པ་བརྗོད་པ། ཤེས་རབ་འཆལ་བ་རྣམས་ཀྱིས་རྟེན་འབྲེལ་བརྗོད་པ། ཐོས་པ་ཉུང་བ་རྣམས་ཀྱིས་བརྗེད་པ་མེད་ཅིང་ཐོས་པ་ཆུད་མི་ཟ་བ། ལྟ་བ་ངན་པས་ཉམ་ངར་གྱུར་པས་སྟོང་པ་ཉིད། རྣམ་རྟོག་ཀུན་ཏུ་སྤྱོད་པ་རྣམས་ཀྱིས་མཚན་མ་མེད་པ། སྨོན་མེད་ཡོངས་སུ་དག་པ་ལས་ཉམས་པ་རྣམས་ཀྱིས་སྨོན་པ་མེད་པ། བསམ་པ་མ་དག་པ་རྣམས་ཀྱིས་བསམ་པ་ཡོངས་སུ་དག་པའི་ཆོས་བརྗོད་པ་བསྟན་པ། རྣམ་པར་འདྲེས་པར་སྤྱད་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ། ཟད་པའི་སྦྱོར་བ་དྲོད་ཉམས་པ་རྣམས་ཀྱིས་བཅོས་མ་མིན་པའི་ཆོས་བརྗོད་པ། ལྷག་པའི་བསམ་པ་ཤིན་ཏུ་སྦྱངས་པ་ཉམས་པ་རྣམས་ཀྱིས་རྟེན་པ་མ་མཆིས་པ་བརྗོད་པའི་ཆོས་བསྟན་པར་འཚལ་བ་སྟེ། དེ་ལྟར་སེམས་ཅན་ཅིས་འདུལ་བའི་ཆོས་དེ་དང་དེ་ཉིད་བསྟན་པར་ཤེས་པར་གྱུར་ཅིག །དེ་བཞིན་དུ་ཉོན་མོངས་པའི་སེམས་དང་ལྡན་པས་དགེ་བའི་སེམས་བརྗོད་པ། དགེ་བ་མི་བསྐྱུད་པ་རྣམས་ཀྱིས་རྣམ་པར་སྣང་བྱེད་བརྗོད་པ། བདུད་ལས་ལ་བརྩོན་པ་རྣམས་ཀྱིས་སྟོང་པ་ཉིད་བརྗོད་པ། དོན་དམ་ལ་ཞུགས་པ་རྣམས་ཀྱིས་མངོན་པར་འཕགས་པ་བརྗོད་པ། ཉོན་མོངས་པ་སྣ་ཚོགས་ཀྱིས་སེམས་ཉམས་པ་རྣམས་ཀྱིས་བྲལ་བ་བརྗོད་པ། ལམ་མི་མཉམ་པར་ཞུགས་པ་རྣམས་ཀྱིས་རྣམ་པར་ལྡོག་པ་བརྗོད་པ། ཐེག་ཆེན་ལ་ངོ་མཚར་དུ་རྟོགས་པ་རྣམས་ཀྱིས་ནི་མི་ལྡོག་པ་བརྗོད་པ། འཁོར་བས་སྐྱོ་བའི་བྱང་སེམས་ཀྱིས་དགའ་བ་བརྗོད་པ། དགེ་བ་དང་ས་དང་ཡེ་ཤེས་མ་རྟོགས་པ་རྣམས་ཀྱིས་མ་རྨོངས་པ་བརྗོད་པ། དགེ་རྩ་གཞན་དང་གཞན་གྱིས་ཆོག་འཛིན་རྣམས་ཀྱིས་ཐོས་པ་བརྗོད་པ། གཅིག་ལ་གཅིག་སེམས་མི་མཉམ་པ་རྣམས་ཀྱིས་འོད་ཟེར་ཐོགས་པ་མེད་པར་བརྗོད་པ། ལས་དཀའ་བ་ལ་ཞུགས་པ་རྣམས་ཀྱིས་བྱ་བ་ལ་འཇུག་པ་བརྗོད་པ། འཁོར་གྱི་འཇིགས་པ་རྣམས་ཀྱིས་སེང་གེའི་རྟོགས་པ་བརྗོད་པ། བདུད་ཀྱིས་ཟིལ་གྱིས་ནོན་པའི་སེམས་དང་ལྡན་པ་རྣམས་ཀྱིས་དཔའ་བ་བརྗོད་པ། སངས་རྒྱས་ཀྱི་ཞིང་སྣང་བར་མ་གྱུར་པ་རྣམས་ཀྱིས་འོད་བཀོད་པ་བརྗོད་པ། རྗེས་ཆགས་དང་ཁོང་ཁྲོ་བ་རྣམས་ཀྱིས་རི་བོའི་ཕུང་པོ་བརྗོད་པ། སངས་རྒྱས་ཀྱི་ཞིང་སྣང་བས་ཟིལ་གྱིས་ནོན་པ་རྣམས་ཀྱིས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བརྗོད་པ། ཤེས་རབ་ཆེན་པོ་དང་བྲལ་བ་རྣམས་ཀྱི་སྒྲོན་མ་དང་ལྡན་པར་བརྗོད་པ། གཏི་མུག་གི་མུན་པར་མཆི་བ་རྣམས་ཀྱིས་ཉི་མའི་སྒྲོན་མ་བརྗོད་པ། ཟད་པའི་ངེས་ཚིག་ལ་བརྩོན་པ་རྣམས་ཀྱིས་ཡོན་ཏན་འབྱུང་གནས་བརྗོད་པ། བདག་ལ་དཔུང་དོས་པ་ལྟ་བུར་འཚལ་བ་རྣམས་ཀྱིས་སྲེད་མེད་ཀྱི་བུ་བརྗོད་པ། བློ་གཡོ་ཞིང་འགྱུར་བ་རྣམས་ཀྱིས་སྙིང་པོ་དང་ལྡན་པར་བརྗོད་པ། སྤྱི་གཙུག་ལྟར་གདའ་བ་རྣམས་ཀྱིས་ལྷུན་པོའི་རྒྱལ་མཚན་བརྗོད་པ། སྔོན་གྱི་དམ་བཅས་པ་བོར་བ་རྣམས་ཀྱིས་སྙིང་པོ་ཅན་བརྗོད་པ། མངོན་པར་ཤེས་པ་བསམ་པ་རྣམས་ཀྱིས་ནི་རྡོ་རྗེའི་ཚིག་བརྗོད་པ། བྱང་ཆུབ་ཀྱི་སྙིང་པོར་མངོན་པར་འཚལ་བ་རྣམས་ཀྱིས་ནི་རྡོ་རྗེའི་སྙིང་པོ་བརྗོད་པ། ཆོས་ཐམས་ཅད་ལ་སྨོན་པ་རྣམས་ཀྱིས་རྡོ་རྗེ་ལྟ་བུ་བརྗོད་པ། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་འཚལ་བ་རྣམས་ཀྱིས་སྤྱོད་པ་དང་ལྡན་པ་བརྗོད་པ། དབང་པོ་མཆོག་དང་མཆོག་མིན་འཚལ་བ་རྣམས་ཀྱིས་ཤེས་རབ་སྒྲོན་མ་བརྗོད་པ། ཕན་ཚུན་དུ་ཚིག་བརྗོད་པ་མ་འཚལ་བ་རྣམས་ཀྱིས་སྒྲ་ལ་འཇུག་པ་བརྗོད་པ། ཆོས་ཀྱི་སྐུ་ཐོབ་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་ཚོགས་བསྒོམ་པ་བརྗོད་པ། དེ་བཞིན་གཤེགས་པ་མཐོང་བ་དང་བྲལ་བ་རྣམས་ཀྱིས་མིག་མི་འཛུམ་པ་བརྗོད་པ། དམིགས་པ་ཐམས་ཅད་ཀྱིས་འཁྲུགས་པ་རྣམས་ཀྱིས་ནི་དགོན་པ་བརྗོད་པ། ཆོས་འཁོར་མངོན་པར་བསྐོར་བར་འཚལ་བ་རྣམས་ཀྱིས་ནི་འཁོར་ལོ་དྲི་མ་མེད་པ་བརྗོད་པ། རྒྱུ་མ་མཆིས་པའི་རིག་པ་ལ་ཞུགས་པ་རྣམས་ཀྱིས། རིག་པ་ལ་བརྟེན་པའི་རྗེས་སུ་མཐུན་པ་བརྗོད་པ། སངས་རྒྱས་ཀྱི་ཞིང་གཅིག་པུར་ཐེར་ཟུག་ཏུ་ལྟ་བ་རྣམས་ཀྱིས་ལེགས་པར་བགྱིད་པ་རྣམ་པར་འབྱེད་པ་བརྗོད་པ། མཚན་དང་དཔེ་བྱད་ཀྱི་ས་བོན་བསྐྲུན་པ་རྣམས་ཀྱིས་རྒྱན་དང་ལྡན་པ་བརྗོད་པ། ཚིག་དང་སྒྲ་རབ་ཏུ་འབྱེད་པར་རྡོ་མི་ཐོགས་པ་རྣམས་ཀྱིས་སོ་སོར་སྒྲུབ་པ་བརྗོད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་འཚལ་བ་རྣམས་ཀྱིས་ནི་ཆོས་ཀྱི་དབྱིངས་རྣམ་པར་འཁྲུགས་པ་མ་མཆིས་པ་བརྗོད་པ། ད་ལྟར་གྱི་ཆོས་རྣམས་ལ་ཡང་ཡང་འཇུག་པ་རྣམས་ཀྱིས་བརྟན་པ་བརྗོད་པ། ཆོས་དབྱིངས་རབ་ཏུ་འཚལ་བ་རྣམས་ཀྱིས་མངོན་ཤེས་བརྗོད་པ། ཤེས་རབ་སྤངས་པ་རྣམས་ཀྱིས་ཉམས་པ་མ་མཆིས་པ་བརྗོད་པ། ལམ་འཁྲུགས་པ་རྣམས་ཀྱིས་འགྱུར་བ་མ་མཆིས་པ་བརྗོད་པ། ནམ་མཁའ་ལྟ་བུའི་ཡེ་ཤེས་མངོན་པར་འཚལ་བས་ཅི་ཡང་མ་མཆིས་པ་བརྗོད་པ། ཕར་ཕྱིན་ཡོངས་སུ་རྫོགས་པ་རྣམས་ཀྱིས་ཡོངས་སུ་དག་པ་ལ་རབ་ཏུ་འགོད་པ་བརྗོད་པ། བསྡུ་བའི་དངོས་པོ་མ་རྫོགས་པ་རྣམས་ཀྱིས་ཤིན་ཏུ་ཡང་དག་པར་གཟུང་བ་བརྗོད་པ། ཚངས་པའི་གནས་པ་ཚོལ་བ་རྣམས་ཀྱིས་སྦྱོར་བ་མཉམ་པ་བརྗོད་པ། བྱང་ཆུབ་ཕྱོགས་ཀྱི་རིན་པོ་ཆེ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་རྣམ་པར་གནས་པས་ངེས་པར་འབྱུང་བ་བརྗོད་པ། ཤེས་རབ་མ་བསྒོམས་ཤིང་རབ་ཏུ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ནི་རྒྱ་མཚོའི་ཕྱག་རྒྱ་བརྗོད་པ། མི་སྐྱེ་བའི་བཟོད་པ་ལ་ངོ་མཚར་དུ་སེམས་པ་རྣམས་ཀྱིས་སེམས་མ་མཆིས་པར་བརྗོད་པ། ཇི་ལྟར་ཐོས་པའི་ཆོས་རབ་ཏུ་ཉམས་པའི་སེམས་དང་ལྡན་པ་རྣམས་ཀྱིས་བསྐྱུད་པ་མ་མཆིས་པ་བརྗོད་པ། ཕན་ཚུན་ལེགས་པར་སྨྲས་པ་ལ་མི་དགའ་བ་རྣམས་ཀྱིས་རབ་རིབ་མ་མཆིས་པ་བརྗོད་པ། དཀོན་མཆོག་གསུམ་ལ་རབ་ཏུ་དང་བ་ཐོབ་པ་རྣམས་ཀྱིས་བསོད་ནམས་ཆེ་བ་བརྗོད་པ། ཆོས་ཀྱི་སྒོའི་ཆར་རབ་ཏུ་འབབ་པས་ཆོག་མ་འཚལ་བ་རྣམས་ཀྱིས་ཆོས་ཀྱི་སྤྲིན་བརྗོད་པ། དཀོན་མཆོག་གསུམ་རྒྱུན་ཆད་པར་ལྟ་བ་རྣམས་ཀྱིས་རིན་ཆེན་བཀོད་པ་བརྗོད་པ། ཤེས་པ་ཉམས་པའི་ལས་ལ་བརྩོན་པ་རྣམས་ཀྱིས་དཔེ་མ་མཆིས་པར་བརྗོད་པ། ཀུན་ཏུ་སྦྱོར་བ་དང་འཆིང་བ་ཅན་ཐམས་ཅད་ཀྱིས་ནམ་མཁའི་སྒོ་བརྗོད་པ། ཆོས་ཐམས་ཅད་གཞན་མེད་པར་སེམས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་བརྗོད་པ། དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་འཇིག་རྟེན་གྱི་རིག་པ་མངོན་སུམ་དུ་བགྱི་བའི་དངོས་པོ་བརྗོད་པ། སྔོན་གྱི་སངས་རྒྱས་ལ་ལྷག་པར་བྱ་བ་བྱས་པ་རྣམས་ཀྱིས་རྣམ་པར་ངེས་པའི་ཆོ་འཕྲུལ་བརྗོད་པ། ཕྱི་མའི་མཐའི་བསྐལ་པར་ཆོས་ཀྱི་སྒོ་གཅིག་སྟོན་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་ཚུལ་བརྗོད་པ། མདོ་སྡེ་ཐམས་ཅད་ལ་རྣམ་པར་ངེས་པ་རྣམས་ཀྱིས་ཆོས་ཀྱི་རང་བཞིན་མཉམ་པ་ཉིད་དུ་རྣམ་པར་ངེས་པ་བརྗོད་པ། རྙིང་པར་སྙིང་པོ་ཡིན་མཆན། འགྱུར་བ་དང་མཐུན་པའི་ཆོས་དྲུག་ཡོངས་སུ་སྤངས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་ཚུལ་བརྗོད་པ། རྣམ་པར་ཐར་བའི་སེམས་ཀྱི་ཐེག་པ་ལ་བརྩོན་པ་རྣམས་ཀྱིས་མངོན་པར་ཤེས་པས་རྣམ་པར་རྩེ་བ་བརྗོད་པ། དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པ་ལ་རྣམ་པར་རྟོག་པ་རྣམས་ཀྱིས་གཞན་གྱི་དྲིང་མི་འཇོག་པ་བརྗོད་པ། བྱང་སེམས་ཀྱི་སྤྱོད་པ་ལ་མི་བརྩོན་པ་རྣམས་ཀྱིས་ཡེ་ཤེས་ཐོབ་པ་བརྗོད་པ། ཉེ་དུ་ལ་ཡང་དག་པར་རྟོན་པ་རྣམས་ཀྱིས་ཐམས་ཅད་ཀྱི་རྗེས་སུ་སོང་བ་བརྗོད་པ། བྱང་སེམས་ཀྱི་སྤྱོད་པ་ལྷག་པ་དང་བཅས་པ་རྣམས་ཀྱིས་དབང་སྐུར་བ་བརྗོད་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས་པ་རྣམས་ཀྱིས་ནི་མི་ཆོམས་པ་བརྗོད་པ། མི་འཇིགས་པ་བཞི་མ་ཐོབ་པ་རྣམས་ཀྱིས་མི་ཟད་པ་བརྗོད་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ཐོབ་པ་རྣམས་ཀྱིས་མི་འཕྲོག་པ་བརྗོད་པ། མཉན་པ་དང་ལྟ་བ་དོན་མ་མཆིས་པ་རྣམས་ཀྱིས་སྨོན་ལམ་བརྗོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་རྗེས་སུ་རྟོགས་པར་བགྱི་བའི་སླད་དུ་རྒྱུན་འཁྲུགས་པ་རྣམས་ཀྱིས་རྒྱ་མཚོ་དྲི་མ་མེད་པ་བརྗོད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྷག་མ་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་བརྗོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་མ་ཐོབ་པ་རྣམས་ཀྱིས་མཐའ་མ་མཆིས་པ་དང་ཐུག་པ་མ་མཆིས་པ་བརྗོད་པའི་ཆོས་བསྟན་པ་འཚལ་བར་གྱུར་ཅིག །བྱང་ཆུབ་སེམས་དཔའ་གང་དག་གཡོ་དང་སྒྱུ་མ་མཆིས་ལ་དྲང་བའི་རང་བཞིན་ཅན་ཐེག་ཆེན་ལ་ཡང་དག་པར་ཞུགས་པ་དཔག་མེད་གྲངས་མེད་མཆིས་པ་དེ་དག་གི་སེམས་ཀྱི་རྒྱུད་ལ་ཚིག་གཅིག་གི་བརྗོད་པས་ཀྱང་། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་། གཟུངས་བདུན་ཁྲི་ལྔ་སྟོང་པོའི་ཡོན་ཏན་དེ་དག་རབ་ཏུ་འགོད་པར་གྱུར་ཅིག །དེས་བྱང་སེམས་ཆེན་པོ་རྣམས་ཀྱིས་གོ་ཆ་ཆེན་པོ་འཚལ་བ་དང་། སྨོན་ལམ་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་མངོན་པར་འཕགས་པ་དང་། བསམ་མི་ཁྱབ་པའི་ཡེ་ཤེས་མཐོང་བ་དང་། བྱང་ཆུབ་ཀྱི་ཡོན་ཏན་དམ་པས་བརྒྱན་པར་གྱུར་ཅིག །དེ་དག་ལུས་མཚན་དང་དཔེ་བྱད་དང་། ངག་ལེགས་པར་སྨྲས་པས་སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་མགུ་བར་བྱེད་པས་བརྒྱན་པར་གྱུར་ཅིག །ཏིང་ངེ་འཛིན་ཚིག་མ་མཆིས་པའི་སླད་དུ་ཐོས་པས་བརྒྱན་པ་དང་། གཟུངས་བསྐྱུད་པ་མ་མཆིས་པའི་སླད་དུ་དྲན་པས་བརྒྱན་པ་དང་། འགྲོ་བ་ངན་པ་ཁོང་དུ་ཆུད་པའི་སླད་དུ་ཡིད་ཀྱིས་བརྒྱན་ཅིང་མྱ་ངན་ལས་འདས་པས་བརྒྱན་པ་དང་། དམ་བཅས་པ་བརྟན་པའི་སླད་དུ་བསམ་པས་བརྒྱན་པ་དང་། དམ་བཅས་པ་ཉམས་སུ་ལེན་པའི་སླད་དུ་སྦྱོར་བས་བརྒྱན་པ་དང་། ས་ནས་སར་འཕར་བའི་སླད་དུ་ལྷག་པའི་བསམ་པས་བརྒྱན་པ་དང་། དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བའི་སླད་དུ་སྤྱིན་པས་བརྒྱན་པ་དང་། ལེགས་པར་ཐོས་པ་ཁོང་དུ་ཆུད་པ་དྲི་མ་མ་མཆིས་པའི་སླད་དུ་ཚུལ་ཁྲིམས་ཀྱིས་བརྒྱན་པ་དང་། སེམས་ཅན་ཀུན་ལ་ཞེ་འགྲས་པའི་སེམས་མེད་པའི་སླད་དུ་བཟོད་པས་བརྒྱན་པ་དང་། ཚོགས་ཐམས་ཅད་ཉེ་བར་བསགས་པའི་སླད་དུ་བརྩོན་འགྲུས་ཀྱིས་བརྒྱན་པ་དང་། སྙོམས་འཇུག་ཐམས་ཅད་དང་མངོན་པར་ཤེས་པས་རྣམ་པར་རྩེ་བའི་སླད་དུ་བསམ་གཏན་གྱིས་བརྒྱན་པ་དང་། ཉོན་མོངས་པའི་བག་ཆགས་ཡོངས་སུ་སྤོང་བར་འཚལ་བའི་སླད་དུ་ཤེས་རབ་ཀྱིས་བརྒྱན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡང་དག་པར་སྐྱབས་པའི་རྗེས་སུ་མཆིས་པའི་སླད་དུ་བྱམས་པས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ལ་གནས་པའི་སླད་དུ་སྙིང་རྗེས་བརྒྱན་པ་དང་། ཆོས་ཐམས་ཅད་ལ་ཐེ་ཚོམ་མ་མཆིས་པར་གྱུར་པའི་སླད་དུ་དགའ་བས་བརྒྱན་པ་དང་། མཐོ་དམན་གཉིས་དང་བྲལ་བའི་སླད་དུ་བཏང་སྙོམས་ཀྱིས་བརྒྱན་པ་དང་། མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེ་བའི་སླད་དུ་མངོན་པར་ཤེས་པས་བརྒྱན་པ་དང་། ལོངས་སྤྱོད་མི་ཟད་པའི་རིན་པོ་ཆེའི་ལག་པ་ཐོབ་པའི་སླད་དུ་བསོད་ནམས་ཀྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་པར་འཚལ་པའི་སླད་དུ་ཡེ་ཤེས་ཀྱིས་བརྒྱན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་རྟོགས་པར་བགྱི་བ་ལ་མཁས་པའི་སླད་དུ་བློས་བརྒྱན་པ་དང་། ཤེས་རབ་ཀྱི་མིག་གི་སྣང་བ་ཐོབ་པའི་སླད་དུ་སྣང་བས་བརྒྱན་པར་གྱུར་ཅིག །དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་བའི་སླད་དུ་སོ་སོ་ཡང་དག་པར་རིག་པས་བརྒྱན་པ་དང་། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པའི་སླད་དུ་མི་འཇིགས་པས་བརྒྱན་པ་དང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་རྗེས་སུ་ཐོབ་པའི་སླད་དུ་ཡོན་ཏན་གྱིས་བརྒྱན་པ་དང་། རྟག་ཏུ་རྒྱུན་མི་འཆད་པར་ཐོགས་པ་མ་མཆིས་པའི་སྤོབས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པའི་སླད་དུ་ཆོས་ཀྱིས་བརྒྱན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བར་འགྱུར་བའི་སླད་དུ་སྣང་བས་བརྒྱན་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་འགྱུར་བའི་སླད་དུ་འོད་ཀྱིས་བརྒྱན་པ་དང་། ཁྱད་པར་ལུང་སྟོན་པའི་སླད་དུ་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་རྗེས་སུ་སྟོན་པའི་སླད་དུ་རྗེས་སུ་སྟོན་པའི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། རྫུ་འཕྲུལ་རྐང་བཞི་དམ་པའི་ཕ་རོལ་ཏུ་སོན་པའི་སླད་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བརྒྱན་པ་དང་། དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་ཞུགས་པའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བརྒྱན་པ་དང་། གཞན་ལ་རག་མ་ལུས་པའི་ཡེ་ཤེས་ཐོབ་པའི་སླད་དུ་ཆོས་ཀྱི་དབང་ཕྱུག་གིས་བརྒྱན་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་ཅིང་ཐམས་ཅད་ཀྱིས་མི་ཆོམ་པའི་སླད་དུ་དགེ་བའི་ཆོས་ཐམས་ཅད་ལ་ནན་ཏན་སྙིང་པོར་བགྱིད་པས་བརྒྱན་པར་གྱུར་ཅིག ། ཐེག་ཆེན་ལ་ཞུགས་པའི་སེམས་ཅན་དཔག་དང་གྲངས་མེད་པ་ལ་བདག་གིས་ཚིག་གཅིག་བརྗོད་པས་དགེ་བ་རྣམ་པར་སྤྱོད་པ་ཡང་དག་བསགས་པ་ཆེན་པོས་ཚིམ་པར་གྱུར་ཅིག །དེར་བྱང་སེམས་ཆེན་པོ་དེ་དག་གིས་ཆོས་ཐམས་ཅད་ལ་གཞན་དྲིང་ལ་མི་འཇོག་པའི་ཡེ་ཤེས་དང་། ཆོས་ཀྱི་སྣང་བ་ཆེན་པོ་ཐོབ་ནས་མྱུར་དུ་བླ་མེད་རྫོགས་བྱང་དུ་མངོན་པར་འཚང་རྒྱ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་ན། ཐེག་པ་གསུམ་ལ་ཞུགས་པའི་སེམས་ཅན་གང་དག་མཚམས་མེད་པ་དང་། ལྟུང་བའི་རྩ་བའི་བར་གྱིས་ནོངས་པར་གྱུར་པ་སེམས་ཀྱི་རྒྱུད་ཚིག་པར་གྱུར་པ་དེ་དག་ཀྱང་སྨོན་ལམ་གྱི་དབང་གིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག །སེམས་ཅན་མི་དགེ་བའི་རྩ་བ་དང་འགྲོགས་པ། རྩུབ་པ། སྡིག་པ་འཆལ་བ། ཁྲ་ཁྲོ་དང་། རྨུ་རྒོད་ཀྱི་རྒྱུད་ཅན། བློ་ལྡོག་པ། ཀུན་འཛིན་པའི་རྒྱུ་ཅན་དེ་དག་ལ་ཡང་བདག་གིས་སེམས་དང་སྐད་བརྒྱད་ཁྲི་བཞི་སྟོང་སྟོན་པ་དང་། སེམས་ཅན་ལེ་ལོ་ཅན་གྱི་བར་དག་ལ་བདག་གིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟོན་པ་དང་། སེམས་ཅན་ཐེག་པ་ཆེན་པོ་པ་དག་ལ་ཕར་ཕྱིན་དྲུག་རྒྱ་ཆེར་སྟོན་པ་དང་། ཉན་རང་གི་ཐེག་པ་པའམ། དགེ་རྩ་མ་བསྐྲུན་ཅིང་བསྟན་ཆོས་ལ་མངོན་པར་དགའ་བ་མེད་པ་དེ་དག་ཀྱང་། གསུམ་ལ་སྐྱབས་སུ་མཆི་བ་ལ་འགོད་ཅིང་། སླད་ཀྱིས་ཕར་ཕྱིན་དྲུག་ལ་ཡང་སྦྱོར་བར་གྱུར་ཅིག །རྣམ་པར་འཚེ་བ་ལ་དགའ་བ་རྣམས་སྲོག་གཅོད་སྤོང་བ་དང་། འདོད་པ་མི་བཟད་པས་ཟིན་པ་རྣམས་མ་བྱིན་ལེན་སྤོང་བ་དང་། ཆོས་མིན་ལ་ཆགས་པ་རྣམས་འདོད་པའི་ལོག་གཡེམ་སྤོང་བ་དང་། ཕན་ཚུན་རྫུན་ཚིག་སྨྲ་བ་རྣམ་རྫུན་སྨྲ་བ་སྤོང་བ་དང་། མྱོས་འགྱུར་ལ་དགའ་བ་རྣམས་མྱོས་པར་འགྱུར་བའི་ཆང་སྤོང་བ་དང་། སེམས་ཅན་ཉེས་པ་ལྔ་པོ་བགྱིད་པ་རྣམས་ནོངས་པ་ལྔ་སྤོང་བའི་དགེ་བསྙེན་གྱི་སྡོམ་པ་ལ་འགོད་པར་གྱུར་ཅིག །སེམས་ཅན་གང་དག་དགེ་ཆོས་ལ་མི་དགའ་བ་དག་ཉིན་ཞག་གཅིག་ཙམ་ཡང་ཡན་ལག་བརྒྱད་པའི་ཚུལ་ཁྲིམས་ལ་འགོད་པ་དང་། སེམས་ཅན་དགེ་རྩ་ཆུང་ངུ་རྣམས་ལ་མོས་པ་རྣམས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སྦྱར་ཞིང་རབ་ཏུ་བྱུང་བའི་བསླབ་གཞི་བཅུའི་ཚངས་སྤྱོད་ལ་འགོད་པ་དང་། དགེ་ཆོས་ཡོངས་སུ་ཚོལ་བ་རྣམས་དགེ་བའི་ཆོས་རྣམས་བསྒྲུབས་ནས་ཚངས་པར་སྦྱོར་བ་ཐམས་ཅད་ལ་འགོད་པ་དང་། སེམས་ཅན་མཚམས་མེད་བྱེད་ཅིང་ཀུན་ནས་འཛིན་པའི་རྒྱུད་ཅན་གྱི་དོན་དུ། བདག་གིས་དོན་དང་ཚིག་དང་ཡི་གེ་རྣམ་པ་སྣ་ཚོགས་མང་པོ་དག་གི་ཆོ་འཕྲུལ་རྣམས་ཀྱིས་ཆོས་སྟོན་པར་གྱུར་ཅིག །ཕུང་ཁམས་སྐྱེ་མཆེད་དག་མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པར་བསྟན་ཅིང་། བདེ་དགེ་ཞི་བ་ཤེས་པ་འཇིགས་པ་མེད་པའི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པ་ལ་རབ་ཏུ་འགོད་པར་གྱུར་ཅིག །དེ་ལྟར་བདག་གིས་དགེ་སློང་ལ་སོགས་པའི་འཁོར་བཞི་ལ་ཆོས་སྟོན་ཅིང་། གང་དག་རྩོད་པ་འཚལ་བར་འགྱུར་བ་དག་ལ་ཆོས་ཀྱིས་བརྩད་པའི་བསྟན་བཅོས་རབ་ཏུ་སྟོན་པ་དང་། དགེ་ཆོས་ལ་མི་དགའ་བ་དེ་དག་ལ་ཞལ་ཏ་བགྱིད་པའི་ལས་སྟོན་པ་དང་། ཁ་ཏོན་ལ་དགའ་བ་རྣམས་ལ་སྟོང་པ་ཉིད་ཀྱི་བསམ་གཏན་གྱི་ཆ་གཅིག་གིས་རྣམས་པར་གྲོལ་བའི་ལམ་སྟོན་པ་དང་སེམས་ཅན་རེ་རེའི་དོན་དུ་ཡང་བདག་དཔག་ཚད་འབུམ་ཕྲག་མང་པོར་སུག་པས་མཆི་ཞིང་། དོན་ཚིག་ཡི་གེ་ཐབས་དང་ཆོ་འཕྲུལ་སྣ་ཚོགས་དག་གིས་སྐྱོ་བ་མེད་པར་སྤྲོ་བར་འགྱུར་བ་དང་། མྱང་འདས་ཀྱི་བར་ལ་འགོད་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདག་གི་ཚེའི་འདུ་བྱེད་ཇི་ཙམ་པའི་ལྔ་ཆ་འདོར་བར་གྱུར་ཅིག །བདག་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་ན། དང་པོར་སྐུ་གདུང་ནི་བདག་ཉིད་ཀྱིས་ཡུངས་འབྲུའི་ཚད་ཙམ་དུ་གཅོག་པར་འགྱུར་ཞིང་། སེམས་ཅན་ལ་སྙིང་རྗེའི་སླད་དུ་བདག་ནི་སླད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བདག་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་དུ་གནས་པ་དང་། ལོ་ལྔ་བརྒྱར་དམ་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག །སེམས་ཅན་གང་དག་སྐུ་གདུང་རྣམས་ལ། རིན་པོ་ཆེ་དང་རོལ་མོ་ལ་སོགས་པས་མཆོད་པར་སྤྲོ་བ་སྐྱེ་བ་དང་། ཐ་ན་སངས་རྒྱས་ཀྱི་མཚན་གཅིག་ཙམ་དང་། ཕྱག་གཅིག་ཙམ་དང་། བསྐོར་བ་གཅིག་ཙམ་དང་། ཐལ་མོ་སྦྱོར་བ་གཅིག་དང་། མེ་ཏོག་གཅིག་ཙམ་གྱི་རྒྱུས་མཆོད་པར་བྱེད་པ་དེ་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ། ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པར་གྱུར་ཅིང་། སེམས་ཅན་གང་དག་བདག་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་ལ། ཐ་ན་བསླབ་པའི་གཞི་གཅིག་ཙམ་འཛིན་པར་འགྱུར་རམ། ཅི་སྐད་བསྟན་པ་བཞིན་དུ་ཡང་དག་པར་བླངས་ནས་གནས་སམ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་གྱི་བར་དག །ཀུན་ཆུབ་པ་དང་ཀློག་པ་དང་། གཞན་ལ་སྟོན་པ་དང་། གང་དག་གིས་ཐོས་ནས་སེམས་རབ་ཏུ་དང་བ་དང་། ཐ་ན་དམ་ཆོས་སྨྲ་བ་ལ་མེ་ཏོག་གཅིག་ཙམ་དང་། ཕྱག་གཅིག་ཙམ་གྱིས་མཆོད་པ་བྱེད་པ་དེ་ཐམས་ཅད་ཀྱང་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་གང་རུང་གིས་སླར་མི་ལྡོག་པ་དང་། ཇི་ཙམ་ན་དམ་པའི་ཆོས་ནུབ་སྟེ། ཆོས་ཀྱི་སྒྲོན་མ་ནི་གུམས། ཆོས་ཀྱི་རྒྱལ་མཚན་ནི་འགྱེལ་བར་གྱུར་པ་ན། བདག་གི་སྐུ་གདུང་དེ་དག་ཀྱང་གསེར་གྱི་འཁོར་ལོའི་མཐར་ཐུག་པའི་དགོས་པ་ལྷག་པར་འགྱུར་ཞིང་། ཞིང་འདིར་རིན་པོ་ཆེས་ཕོངས་པའི་ཚེ་ན། དེ་དག་ནོར་བུ་བཻཌཱུརྻ་ཏོག་གི་བློ་གྲོས་ཞེས་བགྱི་བར་གྱུར་ཏེ་མེ་ལྟར་གསལ་ཞིང་གནས་པར་གྱུར་ཅིག །དེ་ཡང་དེ་ནས་མངོན་པར་འཕགས་ཏེ། གོང་དུ་འོག་མིན་གྱི་མཐར་ཐུག་པའི་བར་དུ་གནས་ནས། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། ས་རི་ཡ་དྲ་ཀ་ལ་སོགས་པ་མེ་ཏོག་སྣ་ཚོགས་དག་གི་ཆར་ཆེན་པོ་མངོན་པར་འཕེབ་ཅིང་མེ་ཏོག་གི་ཆར་དེ་ལས། དཀོན་མཆོག་གསུམ་གྱི་སྒྲ་དང་། དགེ་བསྙེན་ལ་སོགས་པའི་སྡོམ་པའི་སྒྲ་དང་། ཀློག་པ་དང་ནང་དུ་འཇོག་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། མི་སྡུག་པ་དང་། དབུགས་འབྱུང་རྔུབ་དང་། གཟུགས་མེད་བཞི་དང་། ཟིལ་གནོན་དང་། ཟད་པར་དང་། ཞི་ལྷག་དང་། རྣམ་ཐར་སྒོ་གསུམ་དང་། ཐེག་པ་གསུམ་གྱི་སྡེ་སྣོད་ཀྱི་སྒྲ་འབྱུང་བར་གྱུར་ཅིག །དེས་གཟུགས་ན་སྤྱོད་པའི་ལྷ་རྣམས་སྔོན་གྱི་དགེ་རྩ་རྗེས་སུ་དྲན་པར་འགྱུར་ཞིང་། སེམས་ཅན་ཆེན་པོ་དག་དགེ་ཆོས་ཐམས་ཅད་ལ་སྨོན་པ་མ་མཆིས་པར་གྱུར་ནས། དེ་དག་དེ་ནས་བབ་སྟེ་མི་མཇེད་ཀྱི་མི་ཐམས་ཅད་དགེ་བཅུ་ལ་འགོད་པར་གྱུར་ཅིག །དེ་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་སྒྲ་དེ་ཐོས་ནས། སྲིད་པའི་ཀུན་སྤྱོར་དང་། དགའ་བ་དེ་རྩེད་མོ་ལ་མངོན་པར་འཇུག་པའི་སེམས་སེམས་བྱུང་རྒྱུན་ཆད་དེ། སྔོན་གྱི་དགེ་རྩ་དྲན་ཞིང་། དེ་དག་གིས་ཀྱང་ལྷ་ལས་བབས་ནས་མི་ཐམས་ཅད་དགེ་བཅུའི་ལམ་འཛིན་དུ་འཇུག་པར་གྱུར་ཅིག །མེ་ཏོག་དེ་དག་ཀྱང་ནམ་མཁའ་ལ། དངུལ་དང་འགྲོན་བུ་དང་། གསེར་དང་། མུ་ཏིག་དང་། བཻཌཱུརྻ་ལ་སོགས་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་ཏུ་འགྱུར་ཞིང་། རིན་པོ་ཆེའི་ཆར་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་འབབ་པར་གྱུར་ཅིག །མི་མཇེད་ཀྱི་ཞིང་ཐམས་ཅད་ན་འཐབ་རྩོད་མུ་གེ་ནད་དང་ཕ་རོལ་གྱི་དམག་ཚོགས་དང་། ཚིག་རྩུབ་ཅིང་བརླང་བ་དང་། དུག་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཞིང་དེ་དག་ཏུ་བདེ་བ་དང་ནད་མེད་པ་དང་འཐབ་རྩོད་དང་འཆིང་བ་མེད་པ་དང་ལོ་ལེགས་པར་གྱུར་ཅིག །སེམས་ཅན་གང་གིས་རིན་པོ་ཆེ་དེ་མཐོང་རེག་ལོངས་སྤྱོད་པ་ཐམས་ཅད་ཐེག་པ་གསུམ་པོ་དག་ལས་སླར་མི་ལྡོག་པར་གྱུར་ཅིག །སྐུ་གདུང་དེ་དག་ཀྱང་གསེར་གྱི་འཁོར་ལོའི་ས་གཞིའི་མཐར་ཐུག་པར་གནས་པར་གྱུར་ཅིག །དེ་བཞིན་དུ་མཚོན་གྱི་བསྐལ་པ་བར་མའི་དུས་ཀྱི་ཚེ་ན་ཡང་སྐུ་གདུང་དེ་དག་ནོར་བུ་རིན་ཆེན་ཨན་ད་རྙིལ་དག་ཏུ་གནས་པར་གྱུར་ཏེ། སྟེང་དུ་འོག་མིན་གྱི་མཐར་ཐུག་པར་གནས་ནས་མནྡཱ་ར་སོགས་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབ་ཅིང་དཀོན་མཆོག་གསུམ་གྱི་སྒྲ་དང་ཡིད་དུ་འོང་བའི་སྒྲ་སྣ་ཚོགས་འབྱུང་བར་བྱེད་ཅིང་སླར་འོག་ཏུ་གསེར་གྱི་འཁོར་ལོའི་མཐར་ཐུག་པར་གནས་པར་གྱུར་ཅིག །དེ་བཞིན་ཏུ་མུ་གེའི་བསྐལ་པ་བར་མའི་དུས་དང་ནད་ཀྱི་བསྐལ་པ་བར་མའི་དུས་སུ་ཡང་སྟེང་དུ་འོག་མིན་གྱི་བར་དུ་གནས་ནས་མེ་ཏོག་གི་ཆར་འབེབས་པ་སོགས་གོང་དུ་སྨོས་པ་བཞིན་དུ་གྱུར་ཅིག །སྐུ་གདུང་དེ་དག་གིས་བསྐལ་པ་བཟང་པོ་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ཞིང་གདུལ་བྱ་བགྲང་བ་ལས་འདས་པ་དག་ཀྱང་ཐེག་པ་གསུམ་གྱིས་སླར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །དེ་བཞིན་དུ་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་བྱུང་གི་བར་དུ་ཡང་། བདག་གི་སྐུ་གདུང་རྣམས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཐེག་པ་གསུམ་པོ་དག་གིས་སླར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །བདག་བྱང་ཆུབ་སེམས་དཔར་གྱུར་ཅིང་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན་བདག་གིས་དང་པོར་བླ་མེད་བྱང་ཆུབ་འཛིན་དུ་བཅུག་པ་དང་ཕར་ཕྱིན་དྲུག་ལ་བཀོད་པ་དེ་དག་སླད་ཀྱི་ཚེ་བསྐལ་པ་གྲངས་མ་མཆིས་པ་གངྒཱའི་ཀླུང་སྟོང་གི་བྱེ་མ་རྙེད་འདས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་པ་གཞན་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཤ་སྟག་ཏུ་འབྱུང་བར་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་བླ་མེད་བྱང་ཆུབ་འཛིན་དུ་བཅུག་པ་དང་། བདག་མྱ་ངན་ལས་འདས་པའི་སྐུ་གདུང་གི་རྣམ་པར་འཕྲུལ་པས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་བྱང་སེམས་དེ་དག་ཐམས་ཅད་སླད་ནས་ཞིང་ཐ་དད་དུ་སངས་རྒྱས་པར་གྱུར་པ་ན། འདི་སྐད་དུ་སྔོན་གྱི་བསྐལ་པ་བཟང་པོ་ལ་བབ་པ་ན་རྒྱལ་བ་ཉི་མ་བཞི་པ་མཚན་འདི་ཞེས་བྱ་བ་ཞིག་བྱུང་བར་གྱུར་པ་དེས། བདག་ཅག་དང་པོར་བླ་མེད་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །བདག་ཅག་ནི་སེམས་ཀྱི་རྒྱུད་ཚིག་པ། མི་དགེ་བ་དང་འགྲོགས་པ། མཚམས་མེད་བྱེད་པ། ལོག་པར་ལྟ་བའི་བར་དུ་གྱུར་པ་ཡིན་ན། དེས་བདག་ཅག་ཕར་ཕྱིན་དྲུག་ལ་བཀོད་པས་ན། ད་ལྟར་ཐམས་ཅད་མཁྱེན་པར་གྱུར་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་ལ། འགྲོ་བའི་འཁོར་ལོ་བཟློག་ཅིང་སེམས་ཅན་ཚད་མེད་པ་མང་པོ་མཐོ་རིས་དང་ཐར་པའི་འབྲས་བུ་ལ་དགོད་པར་བྱེད་པ་ཡིན་ནོ་ཞེས་བདག་གི་བསྔགས་པ་བརྗོད་ཅིང་སྒྲོགས་ལ་དབྱངས་ཀྱང་བརྗོད་པར་གྱུར་ཅིག །བྱང་ཆུབ་དོན་གཉེར་གྱི་སེམས་ཅན་རྣམས་ཀྱིས་ཀྱང་སངས་རྒྱས་ལས་དེ་ལྟ་བུའི་བསྔགས་པ་དེ་ཐོས་ནས། དེ་བཞིན་གཤེགས་པ་ལ་འདི་སྐད་དུ། བཅོམ་ལྡན་འདས་དེས་དོན་གྱི་དབང་ཅི་ཞིག་གཟིགས་ནས་དེ་ལྟར་རྩོད་པའི་དུས་སྙིགས་མ་ལྔ་བྱུང་བ་ན་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་ཞེས་ཡོངས་སུ་ཞུ་བར་གྱུར་ཅིག །དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་། བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ་བུ་མོ་དེ་དག་ལ། བདག་གིས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་དང་པོ་བསྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། སྔོན་གྱི་སྨོན་ལམ་གྱི་ཚུལ་འདི་ཡང་སྟོན་པར་གྱུར་ཅིག །བྱང་ཆུབ་དོན་གཉེར་གྱི་རིགས་ཀྱི་བུའམ་བུ་མོ་དེ་དག་གིས་ཀྱང་ངོ་མཚར་དུ་འཛིན་ཅིང་རྒྱ་ཆེན་པོ་ལ་མོས་པ་དང་། དེ་བཞིན་དུ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་འགྱུར་ཞིང་། དེ་ལྟར་རྩོད་དུས་སྙིགས་མ་ལྔ་བདོ་བའི་སངས་རྒྱས་ཀྱི་ཞིང་ན། མཚམས་མེད་བྱེད་པ་དང་། མི་དགེ་བས་ཉམས་པའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་འགྱུར་བའི་སྨོན་ལམ་ཡང་འདེབས་པར་གྱུར་ཅིག །སངས་རྒྱས་དེ་དག་གིས་ཀྱང་དེ་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ལུང་བསྟན་པས་ལུང་སྟོན་པར་གྱུར་ཅིག །གཞན་ཡང་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུའམ་བུ་མོ་དེ་དག་ལ། རྒྱལ་བ་ཉི་མ་མཚན་འདི་ཞེས་བྱ་བ་ཞིག་བྱུང་བ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོ་འཕྲུལ་དང་རྣམ་འཕྲུལ་སྣ་ཚོགས་པས་བདག་ཅག་བླ་མེད་བྱང་ཆུབ་ཏུ་བསྐུལ་ནས་སེམས་དང་པོ་བསྐྱེད་ཅིང་ཕར་ཕྱིན་རྫོགས་པར་བྱས་ཏེ། སྐུ་གདུང་གི་རྣམ་པར་འཕྲུལ་བའི་སྔོན་གྱི་ཚུལ་རྒྱ་ཆེར་སྟོན་པར་གྱུར་ཅིག་ཅེས། དེ་ལྟར་འདུན་ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སྐྱེ་དགུ་ཐམས་ཅད་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་པོ་དེ་དག་བཏབ་ནས་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། གལ་ཏེ་བདག་གིས་མ་འོངས་རྩོད་དུས་སྙིགས་མ་ལྔ་བདོ་བ་ན་འཇིག་རྟེན་ལྡོང་ཞིང་འདྲེན་པ་མ་མཆིས་པ་ལྟ་བུའི་མུན་པར་ཆུད་ཅིང་མཚམས་མེད་སོགས་བྱེད་པ་རྣམས་ལ་བདག་གིས་ཕན་པའི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་ཞིང་། བདག་གིས་སྨོན་ལམ་བཏབ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་སྒྲུབ་པར་རྡོ་ཐོགས་པ་ལྟ་ན། བདག་བྱང་ཆུབ་ཀྱི་སླད་དུ་སྨོན་པ་སྤང་པར་མི་བགྱི་ཞིང་དགེ་བའི་རྩ་བ་ཡང་ཞིང་གཞན་དུ་བསྔོ་བར་མི་བགྱི་སྟེ། དེ་ནི་བདག་གི་ངེས་པ་ལེགས་སོ། །ཡང་བདག་ནི་དགེ་བའི་རྩ་བ་དེས་ཉན་རང་གི་ཐེག་པ་དང་། ལྷ་མིའི་རྒྱལ་སྲིད་དང་དབང་ཕྱུག་དང་། འདོད་པ་ལྔའི་ཡོན་ཏན་དང་། ལྷ་དང་དྲི་ཟ་སོགས་སུ་སྐྱེ་བ་མི་འདོད་དེ། དགེ་རྩ་ཡང་གཞན་དུ་མི་བསྔོའོ། །གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་སུ་སྐྱེ། ཐོས་པས་ནི་ཤེས་རབ་ཆེན་པོར་འགྱུར། སྒོམ་པས་ནི་འབྲལ་བར་འགྱུར་རོ། །ཞེས་དང་། ཡང་འདི་སྐད་དུ། སེམས་ཅན་བསོད་ནམས་དང་ལྡན་པས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པས་ནི་རེ་བའི་བསམ་པ་འགྲུབ་པར་འགྱུར་རོ། །ཞེས་ཀྱང་གསུངས་ན། བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། སྒོམ་པ་ལས་བྱུང་བའི་བསོད་ནམས་དག་བསྒྲུབ་པས་ན། གལ་ཏེ་བདག་གིས་སྨོན་ལམ་ཇི་ལྟར་བཏབ་པ་ལྟར་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་བདག་གིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་སེམས་ཅན་གང་དག་དམྱལ་བ་མནར་མེད་པར་དྲག་ཅིང་རྩུབ་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་ཡོངས་སུ་བསྔོ་བར་འགྱིའོ། །དགེ་རྩ་དེས་དེ་དག་དེ་ནས་ལྡང་ཞིང་སངས་རྒྱས་ཀྱི་ཞིང་འདིར་མི་ཡི་དངོས་པོ་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་སྒྲུབ་པར་བྱེད་ཅིང་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །སེམས་ཅན་དེ་དག་གི་ལས་ཀྱི་འབྲས་བུ་མ་ཟད་ན། དེའི་སླད་དུ་བདག་གུམས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཞིང་། བདག་གི་ལུས་ཀྱང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཏིང་ངེ་འཛིན་གྱིས་ཀྱང་མི་རྩོལ་བ་དག་འབྱུང་བར་གྱུར་ཅིག །བདག་གི་ལུས་རེ་རེའི་ཚད་ཀྱང་རིའི་རྒྱལ་པོ་རི་རབ་ཙམ་དུ་ཆེ་བར་གྱུར་ལ། ལུས་རེ་རེས་ཀྱང་ད་ལྟར་གྱི་ལུས་འདིས་བདེ་སྡུག་མྱོང་བ་དེ་བཞིན་བདེ་སྡུག་གི་ཚོར་བ་འཚལ་བར་གྱུར་ཅིག །དེ་ལྟ་བུའི་བདག་གི་ལུས་རེ་རེས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དྲག་པ་རྩུབ་པ་མི་བཟད་པ། སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མྱོང་བར་གྱུར་ཅིག །དེ་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། སེམས་ཅན་གང་དག་མཚམས་མེད་བགྱིད་པ་དང་། ཆོས་སྤོང་བ་སོགས་མནར་མེད་པའི་བར་དག་ལ་གཞོལ་བའི་ལས་བསགས་པ་རྣམས་དང་། གང་དག་བསྐལ་པ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་མཚམས་མ་མཆིས་པའི་ལས་ཀྱིས་འཕེན་པའམ། ལས་དེ་ལྟ་བུ་ཀུན་ནས་སློང་བར་འགྱུར་བའི་སེམས་ཅན་དེ་དག་གི་དོན་དུ་བདག་ལས་དེས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པ་ཉམས་སུ་མྱོང་བར་གྱུར་ནས། བདག་གི་སེམས་ཅན་དག་ནི་དམྱལ་བ་རྣམས་སུ་སྐྱེ་བར་མ་གྱུར་ཅིག །དེ་དག་ཐམས་ཅད་སངས་རྒྱས་མཉེས་པར་བྱེད་པ་དང་། འཁོར་བ་ལས་བསྒྲལ་ཏེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འགྱུར་བའི་ཡུན་རིང་པོ་དེ་སྲིད་ཀྱིས་བདག་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་བར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། སེམས་ཅན་རྣམས་ཀྱི་ལས་ཀུན་ནས་བསླང་བ་དང་། འཕང་བ་དང་། མྱོང་བར་འགྱུར་བར་ངེས་པའི་སེམས་ཅན་དམྱལ་བ། རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་གཞོམ་དང་། ཐིག་ནག་དང་། ཡང་སོས་ཀྱི་བར་དུ་ཡང་སྔར་བཞིན་སྨོས་ནས་སྨོན་ལམ་བཏབ་པ་དང་། དེ་བཞིན་དུ་དུད་འགྲོ་སྣ་ཚོགས་དང་། གཤིན་རྗེའི་འཇིག་རྟེན་དང་། གནོད་སྦྱིན་དབུལ་བོའི་བར་དང་། གྲུལ་བུམ་ཤ་ཟ་ལྷ་མིན་ནམ་མཁའ་ལྡིང་ལ་ཡང་བརྗོད་པར་བགྱིའོ། །མི་རྣམས་ཀྱི་ནང་དུ་ཡང་། འོན་པ་དང་ལོང་བ། ལྕེ་མེད་པ། རྐང་ལག་མེད་པ། དྲན་པ་ཉམས་པ་དག་ཏུ་སྐྱེ་བའམ། སྐྱེ་བའི་ལས་བསགས་པ་དང་། མི་གཙང་བ་ཟ་བ་རྣམས་ལ་སྦྱར་ཏེ། བདག་གི་དགེ་བས་དེ་དག་སྐྱེ་གནས་དེ་ལས་ཐར་བ་དང་། དེའི་ལས་མ་ཟད་ན་བདག་མནར་མེད་པར་སྐྱེ་བར་གྱུར་ཅིག །གལ་ཏེ་བདག་བླ་མེད་བྱང་ཆུབ་ཏུ་རེ་བ་དེ་ལྟ་བུ་ཡོངས་སུ་མི་རྫོགས་ན། འཁོར་བར་སེམས་ཅན་རྣམས་ཡུན་རིང་པོ་དེ་སྲིད་དུ་ཕུང་ཁམས་སྐྱེ་མཆེད་རྣམས་ཡོངས་སུ་འཛིན་པར་འགྱུར་བ་དེ་སྲིད་བདག་སྔར་སྨྲོས་པ་བཞིན་དུ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། གནོད་སྦྱིན་དང་། ལྷ་མིན་དང་། སྲིན་པོ་རྣམས་དང་། མིའི་བར་གྱི་སྡུག་བསྔལ་སྐྱེ་བ་རྣམ་པ་སྣ་ཚོགས་དག་གིས་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཅིག །ཅི་སྟེ་བདག་གིས་སྔར་སྨོས་པའི་དོན་བཞིན་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་རེ་བ་འདི་ཡོངས་སུ་རྫོགས་པར་འགྱུར་བ་ཞིག་ན། སངས་རྒྱས་བཅོམ་ལྡན་འདས་བདག་གི་དབང་དུ་འགྱུར་ཞིང་ཡེ་ཤེས་སུ་འགྱུར་བར་གྱུར་ཅིག །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་པའི་བཅོམ་ལྡན་འདས་རྣམས་ཀྱང་བདག་གི་དབང་དུ་འགྱུར་ཞིང་ཡེ་ཤེས་སུ་འགྱུར་བར་ཤོག་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཇི་ལྟར་དམ་བཅས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པར་རྔོ་ཐོགས་ཤིང་བདག་བསྐལ་པ་བཟང་པོ་ལ། སྐྱེ་དགུའི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཞིག་ན། བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ་ཞེས་ཞུས་སོ། །དེ་ནས་དེའི་མོད་ལ་དེ་བཞིན་གཤེགས་པ་མ་གཏོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་པ་དང་ནམ་མཁའི་ངོས་ན་གནས་པ། དེ་དག་ཐམས་ཅད་མཆི་མ་རབ་ཏུ་འཛག་ཅིང་ཡན་ལག་ལྔས་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་དྲན་པ་ཟབ་མོ་ཐོབ་པ་དང་། སེམས་ཅན་ཟབ་མོ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་། སྨོན་ལམ་ཆེན་པོ་ཟབ་མོ་བཏབ་པ་ལེགས་སོ་ལེགས་སོ། །ལྷག་བསམ་དེ་ལྟ་བུའི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡང་དག་པར་བཀོད་ཅིང་། མཚམས་མེད་བྱེད་པ་སོགས་སེམས་ཅན་གདུལ་དཀའ་བ་ཡོངས་སུ་བཟུང་ཞིང་། བཟོད་པའི་སྨོན་ལམ་དེས་ན་ཁྱོད་ནི་སེམས་ཅན་རྣམས་ཀྱི་སྨན་དང་སྐྱབས་དང་དཔུང་གཉེན་དུ་གྱུར་པར་ཤེས་སོ། །སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བར་བྱེད་པའི་སྨོན་ལམ་བཏབ་པ་དེ་བཞིན་དུ་ཁྱོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་སྨྲས་སོ། །རྒྱལ་པོ་བདུད་རྩི་དག་པའམ་རྩིབས་ཀྱི་མུ་ཁྱུད་ཉིད་ཀྱང་ངུ་ཞིང་བྲམ་ཟེའི་རྐང་པ་ལ་ཕྱག་བྱས་ཏེ་སྨྲས་པ། ཨེ་མའོ་མཆོག་ཏུ་ཟབ་པ་པོ། །ཁྱོད་ནི་བདེ་ལ་མི་གནས་ཏེ། །ཁྱོད་ནི་སེམས་ཅན་སྙིང་རྗེར་ལྡན། །ཁྱོད་ནི་བདག་གིས་མཚོན་མ་ཡིན། །སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། །སེམས་ཅན་ཆགས་པ་དག་ལ་ཁྱོད་མ་ཆགས། །དབང་བོ་རྟ་ཐུལ་རྣམས་ལས་དབང་རྟ་ཐུལ། །དབང་པོ་འདི་རྣམས་ལ་ནི་དབང་མཛད་དེ། །གཟུངས་དང་ཡེ་ཤེས་ཀྱི་ནི་མཛོད་དུ་གྱུར། །ཞེས་དང་། དེ་བཞིན་དུ་མཐུ་ཆེན་ཐོབ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོའི་ཚིགས་སུ་བཅད་པས་བསྔགས་སོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་ཀྱང་ཡན་ལག་ལྔས་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་དོན་དང་ཚིག་སྣ་ཚོགས་དང་ལྡན་པའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་ནས་འཁོད་དོ། །གང་གི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའི་མོད་ལ། ས་ཆེར་གཡོས་ཤིང་། ཕྱོགས་བཅུ་ཀུན་ཏུ་ཡང་། ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ས་ཡང་གཡོས་ཤིང་ཀུན་ཏུ་འཁྲུགས་ཤིང་ལྡེག་ལ་འུར་རོ། །ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དག་པ་དང་མ་དག་པ་དེ་སྙེད་དུ་སངས་རྒྱས་བཞུགས་པ་རྣམས་སུ་སྣང་བ་ཆེན་པོས་ཁྱབ་ཅིང་མེ་ཏོག་སྣ་ཚོགས་ཀྱི་ཆར་ཀྱང་རབ་ཏུ་བབས་པ་ན། ཞིང་དེ་དག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུ་དེ་ལྟ་བུ་ཅི་ལས་བྱུང་ཞེས་སངས་རྒྱས་ལ་གསོལ་བ་དང་། བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་ཡང་དག་རྟོག་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གཅིག་ཡོད་པ་དེས་སྨོན་ལམ་བཏབ་ཅིང་བྱང་ཆུབ་ཏུ་ལུང་སྟོན་པའི་རྣམ་པར་འཕྲུལ་བའོ་ཞེས་ངོ་མཚར་བསྟན་པར་མཛད་པ་ན། གསོལ་པ། བྱང་ཆུབ་སེམས་དཔའ་དེ་ཡུན་རིང་པོ་ཅི་སྲིད་ཅིག་ན་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ནི་ད་གདོད་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་སོགས་རྒྱ་ཆེར་བཀའ་སྩལ་པ་དང་། ཤར་ཕྱོགས་ནས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བསགས་པ་ན། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་བཞུགས་པའི་དྲུང་ནས། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་དང་། ཟླ་བའི་ཏོག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཉིད་ཀྱིས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་བསྐུར་ཏེ། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་ནི་སྐྱེས་བུ་དམ་པ་ཁྱོད་ལ་མེ་ཏོག་འདི་བསྐུར་ཞིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ནི་ཐོག་མར་སེམས་དང་པོ་བསྐྱེད་པ་ནས་སྙིང་རྗེ་ཆེན་པོ་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྣམས་སུ་སྒྲས་གང་ཞིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་མིང་རབ་ཏུ་ཐོབ་པ་ཡིན་ནོ། །སྐྱེས་བུ་དམ་པ་ཁྱོད་ནི་མ་འོངས་པའི་བྱང་སེམས་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ། སྙིང་རྗེ་ཆེན་པོའི་སྨོན་ལམ་གྱིས་ཡང་དང་ཡང་དུ་བྱམས་པའི་རྒྱལ་མཚན་ལེགས་པར་འཛུགས་པར་འགྱུར་ཏེ། མ་འོངས་པའི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སངས་རྒྱས་ཀྱི་ཞིང་ཚད་མེད་པར་ཁྱོད་ཀྱི་སྙན་པ་དང་གྲགས་པའི་སྒྲས་ཀུན་ཏུ་གང་བར་འགྱུར་ལ། གང་ཁྱོད་ཀྱིས་བྱང་ཆུབ་ཆེན་པོ་འཛིན་ཏུ་བཅུག་པའི་སེམས་ཅན་དེ་ཐམས་ཅད་ཕྱིས་ལུང་བསྟན་པ་ཐོབ་ནས། ཞིང་གཞན་དང་གཞན་དུ་སངས་རྒྱས་པ་དེ་དག་གིས་ཀྱང་ཁྱོད་ཀྱི་བསྔགས་པ་བརྗོད་པར་འགྱུར་རོ། །དེས་ན་རྒྱུ་གསུམ་པོ་དེས་སྐྱེས་བུ་དམ་པ་ཁྱོད་ལེགས་སོ་ཞེས་ཀྱང་སྨྲོས་ཤིག །ཅེས་གསུང་པ་བཞིན་བྱང་ཆུབ་སེམས་དཔའ་དེ་གཉིས་དང་། གཞན་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་གཉིས་དང་བཅས་ཏེ་སྐྱེས་བུ་དམ་པ་དེ་ལ་ལྟ་བའི་ཕྱིར་ཞིང་འདིར་མཆིས་ཏེ། སྐྱེས་བུ་དམ་པ་དེ་དག་གིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བས་ཇི་སྐད་གསུངས་པ་བཞིན་བསྙད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་འོག་དང་སྟེང་གི་འཇིག་རྟེན་གྱི་ཁམས་དག་ནས་དེ་བཞིན་གཤེགས་པ་གཞན་དང་གཞན་དག་གིས་འཁོར་བྱང་སེམས་མང་པོ་དང་། མེ་ཏོག་གི་སྐྱེས་དང་ལེགས་སོའི་བསྔགས་པ་ཡང་གོང་བཞིན་དུ་སྦྱར་ཏེ་རྒྱས་པར་བྱུང་ངོ་། །དེའི་ཚེ་ཞིང་དེར་ཐེག་པ་གསུམ་གྱི་སེམས་ཅན་དང་ཀླུ་དག་གིས་འབྲས་ཀྱི་ཞིང་རྒྱས་པ་བཞིན་དུ་གང་ཞིང་ཁྱབ་པར་གྱུར་ཏོ། །མེ་ཏོག་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་སངས་རྒྱས་མི་བཞུགས་པ་དག་ཏུ་ཆར་བཞིན་བབ་སྟེ། དཀོན་མཆོག་གསུམ་དང་། ཕར་ཕྱིན་དང་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སྒྲས་ཞིང་བཀང་སྟེ་གནས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྷགས་པ་རྣམས་ཀྱང་། སྒྲ་དེ་ཐོས་ནས་སྨོན་ལམ་དང་སངས་རྒྱས་ཀྱི་མཐུ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཞིང་འདིར་ལྷགས་ནས་ཆོས་ཉན་པ་ལ་འཁོད་དོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་མེ་ཏོག་ཟླ་བ་མདོག་མཛེས་དྲི་མ་མེད་པ་དེ་དག་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་མཆོད་པ་བྱས་ཏེ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཏིང་ངེ་འཛིན་ཀློག་གི་སྒྲོན་མ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པ་དེས། སངས་རྒྱས་ཀྱི་ཞིང་དེ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་གནས་པར་གྱུར་ཏེ། རི་དང་ཤིང་དང་རྩྭ་དང་ས་གཞི་ཐམས་ཅད་ཀྱང་རིན་ཆེན་སྣ་བདུན་གྱི་རང་བཞིན་དུ་སྣང་། སེམས་ཅན་གང་དག་ཆོས་མཉན་པར་འཁོད་པ་དེ་ཐམས་ཅད་སོ་སོ་རང་རང་གིི་དགེ་བའི་ཕྱོགས་ཇི་ལྟར་ཡིད་ལ་བྱེད་པ་དང་མཚུངས་པར། ཁ་ཅིག་གི་ལུས་ནི་སེར་པོ། ཁ་ཅིག་ནི་དཀར་པོ་སོགས་མདོག་སྣ་ཚོགས་དང་། ཁ་ཅིག་གི་རླུང་ལྟ་བུ། ཁ་ཅིག་གི་མེ་ལྟ་བུ། དེ་བཞིན་དུ། ནམ་མཁའ་དང་། སྨིག་རྒྱུ་དང་། ཆུ་དང་། རི་དང་། ཚངས་པ་དང་། བརྒྱ་བྱིན་དང་། མེ་ཏོག་དང་། མཁའ་ལྡིང་དང་། སེང་གེ་དང་། ཉི་མ་དང་། ཟླ་བ་དང་། སྐར་མ་དང་། བྱ་རྒོད་དང་། ཝ་ལྟ་བུར་ཡང་མཐོང་ལ། རང་རང་གི་ལུས་ཇི་ལྟར་མཐོང་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ཡང་མཐོང་ངོ་། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ནི་རང་གི་མདུན་ན་དེ་བཞིན་གཤེགས་པ་དེ་རིན་པོ་ཆེ་སྣ་བདུན་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་ཟེ་བ་ལ་བཞུགས་པར་མཐོང་ངོ་། །ས་དང་ནམ་མཁར་འདུག་པའམ་འགྲེང་བའི་སེམས་ཅན་རེ་རེས་ཀྱང་དེ་ལྟར་མཐོང་སྟེ། དེ་བཞིན་གཤེགས་པ་ནི་བདག་གི་མདུན་ན་བཞུགས་ཏེ་ཐམས་ཅད་དུ་ཐུགས་ཀྱིས་དགོངས་ཤིང་བདག་གཅིག་པུ་ལ་ཆོས་སྟོན་ནོ་སྙམ་དུ་བསམ་མོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བྲམ་ཟེ་རྒྱ་མཚོའི་རྡུལ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྲམ་ཟེ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་བགྲང་བ་ལས་འདས་པ་རྣམས་ལ་ཕན་པར་བྱེད་པ་དང་། འཇིག་རྟེན་སྣང་བར་བྱེད་པར་གྱུར་པ་ནི་སྙིང་རྗེ་དང་ལྡན་པ་ཡིན་ཏེ་ལེགས་སོ་ལེགས་སོ། །བྲམ་ཟེ་འདི་ལྟ་སྟེ། དཔེར་ན་མེ་ཏོག་གི་ཤིང་ཕུན་སུམ་ཚོགས་པ་ཞིག་ལ་ཁ་དོག་སྣ་ཚོགས་དང་། དེ་བཞིན་དུ་དྲི་དང་རེག་པ། འདབ་མ་སྡོང་བུ་རྩ་བ་སྨན་གྱི་ཡོ་བྱད་ཀྱི་གནས་སྣ་ཚོགས་ཡོད་དོ། །དེ་ལ་མེ་ཏོག་ཁ་ཅིག་ནི་ཁ་དོག་དང་དྲིས་དཔག་ཚད་བརྒྱར། ཁ་ཅིག་གིས་ཉིས་བརྒྱར། དེ་བཞིན་དུ་སུམ་བརྒྱ་སོགས་ནས་སྦྱར་ཏེ། ཁ་ཅིག་གི་མདོག་དང་དྲིས་གླིང་བཞི་པའི་འཇིག་རྟེན་ཁམས་ཐམས་ཅད་དུ་ལྷང་ངེ་ལྷན་ནེར་བྱེད་ལ། མེ་ཏོག་གི་དྲི་དེ་མིག་མེད་པས་བསྣོམས་ན་མིག་དག་ཐོབ་པར་འགྱུར། འོན་པས་བསྣོམས་ན་རྣ་བ་ཐོབ། ཡན་ལག་ཐམས་ཅད་ཀྱི་བར་དག་ཉམས་པ་རྣམས་ཀྱིས་ནི་ཡན་ལག་ཐམས་ཅད་ཐོབ་པར་འགྱུར་ཏེ། དེས་དྲི་བསྣོམས་པས་ནད་བཞི་བརྒྱ་རྩ་བཞི་དག་གིས་གཙེས་པ་དག་ནད་ལས་ཐར་བར་འགྱུར་བ་དང་། སེམས་ཅན་གང་དག་མྱོས་པ་དང་། བརྒྱལ་བ་དང་། རྨུགས་པ་དང་། རེངས་པ་དང་། མྱོས་པ་དང་སེམས་རྣམ་པར་གཡེངས་པ་དྲན་པ་ཉམས་པ་རྣམས་ཀྱིས་དྲི་བསྣོམས་པ་ན་དྲན་པ་ཐམས་ཅད་ཐོབ་པར་འགྱུར་བ་ཞིག་ཡོད་ལ། མེ་ཏོག་གི་ཤིང་དེའི་ནང་ནས་པདྨ་དཀར་པོ་མཁྲང་བ་སྲ་བ་རྡོ་རྗེ་ལས་གྲུབ་པ་འཇམ་པ། སྡོང་བུ་ནི་བཻཌཱུརྻ། འདབ་མ་ནི་གསེར། ཟེ་འབྲུ་ནི་རྡོའི་སྙིང་པོ། ཟེ་བ་ནི་མུ་ཏིག་དམར་པོ། འཕང་དུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་། རྒྱར་ནི་དཔག་ཚད་འབུམ་ཡོད་པ་ཞིག་སྐྱེས་པར་གྱུར་ལ། པདྨ་དཀར་པོ་དེའི་ཁ་དོག་དང་དྲིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་ཁྱབ་ཅིང་ལྷང་ངེ་ལྷན་ནེར་འགྱུར་ལ། དེས་ཁྱབ་པའི་ཞིང་རྣམས་སུ་སེམས་ཅན་གྱི་ཁམས་གང་དག་ལུས་མི་མཐུན་པ་དང་། ནད་ཀྱིས་ཉེན་པ། ཡན་ལག་ཉམས་པ། མྱོས་པ། བརྒྱལ་བ། གཉིད་ལོག་པ། མྱོས་པ། དྲན་པ་ཉམས་པ་དང་། སེམས་རྣམ་པར་གཡེངས་པའི་སེམས་ཅན་དེ་དག་གིས་པདྨ་དཀར་པོ་དེའི་འོད་མཐོང་ཞིང་བྲི་བསྣོམས་ན་ནད་ཐམས་ཅད་རབ་ཏུ་ཞི་ཞིང་། དྲན་པ་ཡང་ཐོབ་པར་འགྱུར་ཞིང་། སེམས་ཅན་གང་དག་ཤི་ནས་ཡུན་རིང་པོ་མ་ལོན་ཞིང་ལུས་མ་ཞིག་པ་དེ་དག་ལ། པདྨ་དཀར་པོ་དེའི་འོད་ཟེར་ཕོག་གམ། དྲིས་རེག་ན་རོ་དེ་དག་ཀྱང་སྲོག་གི་དབང་པོ་ཐོབ་ཅིང་ལངས་ཏེ་མཛའ་བཤེས་གཉེན་མཚམས་མཐོང་ནས་དེ་ཐམས་ཅད་སྐྱེད་མོས་ཚལ་དུ་ཞུགས་ཏེ། འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཞིང་ལྡན་པར་འགྱུར་བ་ལ་གནས་པ་དང་། གང་དག་ཡང་དེ་ནས་ཤི་འཕོས་པར་གྱུར་པ་དེ་དག་ཀྱང་ཚངས་པའི་གནས་དག་པར་སྐྱེ་བར་འགྱུར་ལ། དེར་ཚེ་རབས་དཔག་ཏུ་མེད་པར་གནས་པར་འགྱུར་བ་དང་། དེ་ནས་ཤི་འཕོས་ནས་ཀྱང་གཞན་དུ་སྐྱེ་བར་མི་འགྱུར་བ་ཞིག་ཡོད་ན། བྲམ་ཟེ་མེ་ཏོག་གི་ཤིང་དེ་ཇི་ལྟ་བར་ཐེག་པ་ཆེན་པོའི་འདུས་པ་འདི་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཇི་ལྟར་ཉི་མ་འཆར་བའི་དུས་ན་མེ་ཏོག་དེ་དག་ཁ་ཕྱེ་ཞིང་རྒྱས་པར་གྱུར་ནས་ལྷང་ངེ་ལྷན་ནེར། ཤིང་ཁ་ཅིག་གི་འཕང་དུ་ནི་དཔག་ཚད་བརྒྱ། ཁ་ཅིག་གི་འཕང་དུ་དཔག་ཚད་སྟོང་གི་བར་དུ་གྱུར་ནས་སེམས་ཅན་མང་པོའི་ནད་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ་དེ་ལྟར་འཇིག་རྟེན་དུ་སངས་རྒྱས་ཉི་མ་དེ་བཞིན་གཤེགས་པ་སྐྱེས་བུ་དམ་པ་འབྱུང་བ་ཡིན་ནོ། །ཉི་མའི་འོད་ཟེར་གྱིས་མེ་ཏོག་ཁ་ཕྱེ་ཞིང་ལམ་མེར་གྱུར་ནས་ནད་སྣ་ཚོགས་ཞི་བ་ལྟར་སྐྱེས་བུ་དམ་པ་ང་འཇིག་རྟེན་དུ་བྱུང་སྟེ། ཐུགས་རྗེའི་འོད་ཟེར་དག་གིས་སེམས་ཅན་རྣམས་ལ་ཁྱབ་པར་མཛད་ཅིང་ཁ་ཕྱེ་ནས་ཡང་ནས་ཡང་དུ་སེམས་ཅན་རྣམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་གསུམ་པོ་དག་ལ་སྦྱོར་བར་མཛད་པ་དང་། ཁྱོད་ཀྱིས་ཀྱང་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་དག་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་སྟེ་ང་ལ་ཕུལ་བ་དེ་ཐམས་ཅད་ཀྱིས་ངའི་དྲུང་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་མ་དག་པ་བཟུང་བ་ལྟར་སོ་སོའི་སྨོན་ལམ་བཞིན་དུ་ངས་ཀྱང་ལུང་བསྟན་ཏོ། །སྐྱེས་བུ་དམ་པ་གང་དག་ངའི་ཐད་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བཟུང་བ་དེ་དག་གིས་ནི་འདུལ་བའི་སེམས་ཅན་བསམ་པ་དང་། གདུལ་སླ་བ། དགེ་རྩ་བསྐྱེད་པ་དག་བཟུང་བས་ན། དེའི་ཕྱིར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་མི་བྱ་སྟེ། དེ་དག་ནི་སྐྱེས་བུ་དམ་པ་ཆེན་པོའི་བྱ་བ་བྱེད་པ་མ་ཡིན་ནོ། །དེ་དག་སྙིང་རྗེ་ཆེན་པོས་སེམས་དང་སེམས་ལས་བྱུང་བ་དག་ལ་འཇུག་པ་མིན་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་བླ་མེད་བྱང་ཆུབ་ཚོལ་བའང་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་ཅིང་སྙིང་བརྩེ་བ་སྤངས་པ་སྟེ། ཡེ་ཤེས་དང་བསམ་པ་ལ་མཁས་པར་གྱུར་པ་ཡང་མ་ཡིན་ཏེ། ཅི་ལྟར་ན། བདག་གིས་ཉན་རང་དང་ངན་སོང་གསུམ་དང་། དགེ་རྩ་དང་མི་ལྡན་པ་རྣམས་སྤངས་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཏེ། ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པ་དང་། ཚེ་ཡུན་རིང་དུ་གནས་ཤིང་། བསམ་པ་དག་ཅིང་འདུལ་སླ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་སྨོན་ལམ་འདེབས་པ་དེས་ན། དེ་དག་ནི་ཡེ་ཤེས་དང་བསམ་པ་ལ་མཁས་པར་གྱུར་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་མི་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་དེས་ཕྱག་བརྐྱངས་ཏེ་སོར་མོ་ལྔ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འབུམ་ཕྲག་དུ་མ་དང་ལྡན་པ་རབ་ཏུ་བཀྱེ་སྟེ། འོད་ཟེར་དེ་དག་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ཕྱོགས་སུ་དོང་སྟེ། སངས་རྒྱས་ཀྱི་ཞིང་རྣམས་སྣང་བར་བྱས་ནས། དེ་ནས་འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེའི་མི་རྣམས་ནི་ཚེ་ལོ་བཅུ་པ་མདོག་ངན་པ། མི་སྡུག་པ། མི་དགེ་བའི་རྩ་བ་དང་ལྡན་པ་སྟེ། ཁྲུན་ནི་མཐེ་པོའི་ཚད་ཙམ་མོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་བཞུགས་ཏེ། དེའི་སྐུའི་ཁྲུན་ཡང་རྩོད་དུས་ཀྱི་ཚད་ཀྱི་མི་རྣམས་ཀྱི་ཁྲུ་གང་དང་། མཐེ་བོང་ཙམ་གྱི་མི་རྣམས་ཀྱི་ཁྲུ་གང་དང་སོར་བདུན་གྱི་ཚད་ཙམ་སྟེ། དེ་བཞིན་གཤེགས་པ་དེ་བཞུགས་ཏེ་འཚོ་ཞིང་གཞེས་ལ་འཁོར་བཞི་ལ་ཐེག་པ་གསུམ་པོ་དག་གི་ཆོས་སྟོན་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་ཞིང་དེ་དང་མི་དེ་དག་དང་དེ་བཞིན་གཤེགས་པ་དེ་མཐོང་བ་ལ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བཀའ་སྩལ་པ། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་དེས་བསྐལ་པ་དཔག་མེད་གྲངས་མེད་འདས་པ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་མངོན་པར་འཕགས་པར་སྣང་བའི་སྤྱན་སྔར་དང་པོར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་བླ་མེད་རྫོགས་བྱང་འཛིན་པ་ལ་བཀོད་པ་དག་གིས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་དག་པ་དང་མ་དག་པ་ཡོངས་སུ་བཟུང་ངོ་། །དེ་ན་སེམས་ཅན་ཆེན་པོ་དེས་ང་ཡང་བླ་མེད་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་ཅིང་། དེ་ལ་གནས་པར་བྱས་ནས། དེར་ངས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་སྙིགས་མ་ལྔ་དང་ལྡན་པའི་ཞིང་དུ་འཚང་རྒྱ་བར་སྨོན་ལམ་བཏབ་པ་ལ། དེ་བཞིན་གཤེགས་པས་ལེགས་སོ་བྱིན་ནས་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་གང་གིས་བྱང་ཆུབ་ཏུ་འཇུག་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་དེས་སྙིགས་མ་ལྔ་ཤིན་ཏུ་བདོ་བ་ཤིན་ཏུ་ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་ཞིང་འདུལ་བའི་སེམས་ཅན་མཚམས་མེད་བྱེད་པ། མི་དགེ་བའི་རྩ་བ་དང་ལྡན་པ། སེམས་ཀྱི་རྒྱུད་ཚིག་པ། འཁོར་བའི་འབྲོག་དགོན་པ་ཉམ་ང་བར་ཞུགས་པ་རྣམས་སྨོན་ལམ་གྱིས་ཡོངས་སུ་བཟུང་བ་དེའི་ཚེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན་འཚོ་ཞིང་གཞེས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ལེགས་སོ་ཞེས་ཕོ་ཉ་བཏང་སྟེ། སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་ཞེས་བྱ་བར་མིང་བཏགས་སོ། །ངའི་དགེ་བའི་བཤེས་གཉེན་ཕན་པར་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་རྣམ་པར་སྣང་བྱེད་ཞི་བ་དེ་ད་ལྟར་འཇིག་རྟེན་གྱི་ཁམས་མཐེ་འོང་ཅན་དུ་མཐེ་བོའི་ཚད་ཙམ་གྱི་མི་རྣམས་ཀྱི་ནང་དུ་སངས་རྒྱས་ནས་རིང་པོར་མ་ལོན་ཏེ། དེ་བཞིན་གཤེགས་པ་ཁྲུ་གང་ཙམ་པོ་དེས་མཐེ་བོའི་ཚད་ཀྱི་མི་རྣམས་ཀྱི་ཁྲུ་གསུམ་གྱི་ཚད་ཙམ་གྱི་སྐྱེ་དགུ་ཚེ་ལོ་བཅུ་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དེས་དང་པོར་བླ་མེད་རྫོགས་བྱང་འཛིན་ཏུ་བཅུག་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུར་བཞུགས་པ་དེ་དག་གིས་དེ་ལ་མཆོད་པའི་ཕྱིར་ཕོ་ཉ་གཏོང་ངོ་། །དེས་དང་པོར་སྦྱིན་སོགས་ཕར་ཕྱིན་འཛིན་དུ་བཅུག་ཅིང་རབ་ཏུ་བཀོད་པའི་སངས་རྒྱས་སྔོན་གྱི་བྱས་པ་བཟོ་ཞིང་རྗེས་སུ་དགོངས་པ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་ལ་མཆོད་པའི་མེ་ཏོག་དག་བསྐུར་རོ། །བྲམ་ཟེ་ཇི་ལྟར་ཞིང་དག་པ་ན་སེམས་ཅན་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་རྣམས་དང་། དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་དེ་དེ་ལྟར་སངས་རྒྱས་ཀྱི་ཞིང་རབ་ཏུ་ངན་པ་སྙིགས་མ་ལྔ་བདོ་བ་དེ་ལྟ་བུར་སངས་རྒྱས་པ་ཉིད་ཐོབ་ནས་སེམས་ཅན་ཡོངས་སུ་མ་དག་པ་རྣམས་ལ་ཚེ་ཐུང་དུས་སངས་རྒྱས་ཀྱི་མཛད་པ་མང་པོ་ལྷག་པར་མཛད་ཅིང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མ་སྤངས་པར་ཆོས་སྟོན་པ་ལ་ལྟོས། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཀྱང་དེ་ལྟར་སངས་རྒྱས་ཀྱི་ཞིང་ཤིན་ཏུ་ངན་ཞིང་སྙིགས་མ་ལྔ་དང་ལྡན་པར་མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་རྣམས་ཡོངས་སུ་བཟུང་ཞིང་སྨོན་ལམ་ཁྱད་པར་ཅན་བཏབ་པས་ན། བྱང་ཆུབ་སེམས་དཔའི་འཁོར་བཞི་པོ་འདི་དག་ཐམས་ཅད་ཟིལ་གྱིས་མནན་ཏོ། །བྱང་ཆུབ་སེམས་དཔའ་གང་དག །ཉན་རང་དང་ངན་སོང་སྤངས་པའི་ཞིང་དག་པར་སེམས་ཅན་བསམ་པ་དག་ཅིང་དགེ་རྩ་བསྐྱེད་པ་དག་ཡོངས་སུ་བཟུང་བའི་སྨོན་ལམ་ནི་མེ་ཏོག་ལྟ་བུ་ཞེས་བྱ་སྟེ། གང་དག་ཤིན་ཏུ་དུལ་བ་དགེ་རྩ་བསྐྱེད་པ་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་བ་དེ་དག་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མ་ཡིན་ནོ། །བྲམ་ཟེ་བྱང་སེམས་རྣམས་ཀྱི་ལེ་ལོའི་དངོས་པོ་ནི་བཞི་སྟེ། ཞིང་དག་པར་སྨོན་པ་དང་། སེམས་ཅན་བསམ་པ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཉན་རང་གི་ཐེག་པའི་གཏམ་མི་སྟོན་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཚེ་རིང་བར་སྨོན་པ་སྟེ། དེ་ནི་མེ་ཏོག་ལྟ་བུ་ཞེས་བྱའི། པདྨ་དཀར་པོ་ལྟ་བུ་ཡང་མ་ཡིན་ལ། སེམས་དཔའ་ཆེན་པོ་ཞེས་ཀྱང་མི་བྱ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའི་འཁོར་འདི་ལས་ཁྱབ་འཇུག་རླུང་མ་གཏོགས་པ་གཞན་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་བརྩམ་པའི་དངོས་པོ་བཞི་སྟེ། སངས་རྒྱས་ཀྱི་ཞིང་མ་དག་པར་སྨོན་པ་དང་། སེམས་ཅན་བསམ་པ་མ་དག་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་སྨོན་པ་དང་། བྱང་ཆུབ་ཐོབ་ནས་ཉན་རང་གི་ཐེག་པའི་གཏམ་སྟོན་པ་དང་། བྱང་ཆུབ་ཐོབ་ནས་ཚེ་ཧ་ཅང་མི་རིང་ཧ་ཅང་མི་ཐུང་བར་བར་མར་སྒྲུབ་པར་སྨོན་པ་སྟེ། དེས་ན་དེ་འདྲ་བ་ལ་བྱང་ཆུབ་སེམས་དཔའ་པདྨ་དཀར་པོ་རྣམས་ཞེས་སུ་བྱའི། མེ་ཏོག་ལྟ་བུ་རྣམས་ཞེས་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་ཀྱང་བྱའོ། །བྲམ་ཟེ་ཁྱོད་ནི་ད་ལྟར་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ནང་ནས་དཔེར་ན་སྙིང་རྗེ་པདྨ་དཀར་པོ་ལྟ་བུར་དགེ་བར་ལུང་བསྟན་པའི་ཞིང་དུ་སྐྱེས་སོ། །གང་གི་ཚེ་ཁྱོད་ཀྱི་སྙིང་རྗེ་ཆེན་པོས་མ་དག་པའི་ཞིང་དང་སེམས་ཅན་རྣམས་ཡོངས་སུ་བཟུང་བའི་ཚེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཀྱང་སྐྱེས་བུ་དམ་པ་ཁྱོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕོ་ཉ་དག་བཏང་ནས་ཁྱོད་ཀྱི་མིང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བར་བཏགས་སོ། །འཁོར་འདི་ཐམས་ཅད་ཀྱིས་ཀྱང་ཁྱོད་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ནི་མ་འོངས་བའི་དུས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཅིག་འདས་ནས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལ་བབ་པ་ན། བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེ་དགུའི་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན། མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་ཉམ་ང་བ་ཆེན་པོ་ཐོབ་པ། མཚམས་མེད་བྱེད་པ། དམ་པའི་ཆོས་སྤང་བ། འཕགས་པ་ལ་སྐུར་པ་འདེབས་པ་སོགས་སྔར་སྨོས་པ་དེ་ལྟ་བུས་གང་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཏེ། འགྲོ་བའི་འཁོར་ལོ་ནི་བཟློག །ཆོས་ཀྱི་འཁོར་ལོ་ནི་བསྐོར། དབང་བསྒྱུར་བའི་བདུད་དང་ཉོན་མོངས་པའི་བདུད་ནི་བཅོམ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་སྙན་པའི་སྒྲས་ཁྱབ་པར་བྱས་ནས་ཁྱོད་ཀྱི་ཉན་ཐོས་འདུས་པ་ཆེན་པོ་དག་འབྱུང་བར་འགྱུར་བ་འདི་ལྟ་སྟེ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་ལྷན་ཅིག་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་ལོ་བཞི་བཅུ་རྩ་ལྔར་རིམ་གྱིས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེའི་ཚེ་ན་ཇི་ལྟར་རྒྱལ་པོ་ཆེན་པོ་བདུད་རྩི་དག་པ་འདི་འོད་དཔག་མེད་ཅེས་བྱ་བར་འགྱུར་ཞིང་། བསྐལ་པ་ཚད་མེད་པ་དག་གི་སངས་རྒྱས་ཀྱི་མཛད་པ་མཐའ་དག་བྱེད་པར་འགྱུར་བ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱང་བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ། ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །ཁྱོད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་ལྷག་པར་གནས་པར་འགྱུར་རོ། །ཆོས་ནུབ་ནས་ལུས་ལས་སྐྱེས་པའི་སྐུ་གདུང་རྣམས་ཀྱང་རང་གིས་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་སངས་རྒྱས་ཀྱི་མཛད་པ་མང་པོ་མཐའ་དག་བྱེད་པར་འགྱུར་ཏེ་སྔར་ཇི་སྐད་སྨོས་པ་དེ་བཞིན་དུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེའི་ཚེ་ན་གནས་གྲོང་ཞེས་བྱ་བ་ན་བྲམ་ཟེ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་བསྐལ་པ་གྲངས་མེད་པ་དེ་དག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བདག་ཀྱང་རྟག་ཏུ་བསྙེན་བཀུར་བར་འགྱུར་ཞིང་། བྱམས་པ་དང་མཐུན་པའི་ཡོ་བྱད་སྦྱོར་བ་དང་གྲོགས་བྱེད་པས་ཁྱོད་ལ་བསྙེན་བཀུར་བྱས་ནས་ཁྱོད་སྲིད་པ་ཐ་མ་པར་གྱུར་པ་ན་བདག་ཁྱོད་ཀྱི་ཕར་གྱུར་ཅིང་། ཁྱོད་བྱང་ཆུབ་ཐོབ་པའི་སྦྱིན་བདག་གི་མཆོག་ཏུ་བདག་འགྱུར་ལ་ཁྱོད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །གཞན་དེ་ན་རྒྱ་མཚོའི་ལྷ་མོ་ཤིན་ཏུ་དུ ལ་བ་ཞེས་བྱ་བ་དེས་ཀྱང་བསྐལ་པ་གྲངས་མེད་པ་དེ་དང་དེ་དག་ཅེས་བྱ་བ་གོང་བཞིན་ལ་ཁྱོད་སྲིད་པ་ཐ་མ་པར་གྱུར་པའི་ཚེ་བདག་ཁྱོད་སྐྱེད་པའི་མར་གྱུར་ཅིང་ཁྱོད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །དེ་བཞིན་དུ་རྒྱུ་སྐར་གྱི་ལྷ་མོ་ཆུ་ལྷ་སྤྱོད་ཅེས་བྱ་བས་སྲིད་པ་ཐ་མ་པའི་དུས་སུ་སྣུན་པའི་མ་མར་གྱུར་ནས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པ་དང་། བརྒྱ་བྱིན་མུ་ཁྱུད་ཅན་དང་། བརྒྱ་བྱིན་ཕ་རོལ་སེམས་ཞེས་བྱ་བ་གཉིས་ཀྱིས་ཤེས་རབ་དང་ལྡན་པ་དང་། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་སྨོན་ལམ་བཏབ་བོ། །བརྒྱ་བྱིན་སྤྱད་སྤྱོད་ལྟ་མཛེས་ཚོགས་ཞེས་བྱ་བས་སྲིད་པ་ཐ་མ་པའི་བར་དུ་བུར་གྱུར་ཅིག་ཅེས་དང་། རི་རྩེའི་ལྷ་མོ་དེས་པ་ཀིང་ཤུ་ཀ་ཞེས་བྱ་བས་ཚེ་རབས་དེ་དང་དེ་དག་ཏུ་ཁྱོད་ཀྱི་བཙུན་མོར་འགྱུར་ཞིང་ཁྱོད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་དང་། ལྷ་མིན་གྱི་དབང་པོ་མཛེས་སྤྱོད་ཅེས་བྱ་བས་ཁྱོད་བསྐལ་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་སྐྱེས་བུ་དམ་པ་ཁྱོད་ལ་བྱམས་པ་དང་མཐུན་པའི་ཡོ་བྱད་ཀྱིས་གྲོགས་བྱེད་པའི་བྲན་ཉིད་དུ་གྱུར་ཏེ། བསྙེན་བཀུར་བྱེད་པ་དང་། སྲིད་པ་ཐ་མ་པར་གྱུར་པ་ན་ཡང་བསྙེན་བཀུར་བྱེད་ཅིང་། ཁྱོད་ཀྱིས་བྱང་ཆུབ་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་གསོལ་བ་འདེབས་པ་པོ་དང་། ཁྱོད་ཀྱིས་ཆོས་བསྟན་པ་བདག་གིས་དང་པོར་འབྲས་བུ་དང་བཅས་པར་བྱེད་པ་དང་། ཆོས་ཀྱི་བཅུད་ཀྱང་འཐུངས་ལ་འཆི་བ་མེད་པ་རྟོགས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་ཀྱི་བར་ཡང་ཐོབ་པར་གྱུར་ཅིག །དེ་བཞིན་དུ་སྦྱར་ཏེ། ལྷ་དང་ཀླུ་དང་ལྷ་མ་ཡིན་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གིས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་དེའི་སྤྱོད་པའི་རྗེས་སུ་འཇུག་པའི་ཕྱིར་སྨོན་ལམ་བཏབ་སྟེ་འདུལ་བ་དག་ཀྱང་ཉེ་བར་བཀོད་དོ། །དེ་ན་འཚོ་བ་པ་མི་འགྱུར་འཇིགས་བྱེད་ཅེས་བྱ་བ་གཅིག་འདུག་པ་དེས་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ་བདག་ཀྱང་ཁྱོད་ལ་ཡོ་བྱད་མང་པོ་དག་གིས་གྲོགས་བྱེད་པར་གྱུར་ཅིག །བདག་བསྐལ་པ་དཔག་ཏུ་མེད་པ་དག་ཏུ་ཁྱོད་འབྲས་བུ་དང་བཅས་པར་སྤྱོད་ཅིང་ཉེ་བར་འཚོ་བའི་ཉེ་དུར་གྱུར་ཅིག །རྟག་ཏུ་དངོས་པོ་བསླང་བའི་དོན་དུ་ཁྱོད་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་མལ་ཆ་དང་སྟན་དང་གོས་དང་གླང་པོ་ཆེ་སོགས་དང་། གྲོང་དང་ཁྱིམ་དང་གྲོང་ཁྱེར་དང་། བུ་དང་བུ་མོ་དང་ཤ་དང་ཁྲག་ལ་སོགས་པ་དང་། ཡན་ལག་དང་དབང་པོ་དང་མགོ་དག་སློང་བར་བྱེད་ཅིང་། བདག་དེ་ལྟར་ཁྱོད་ཀྱི་སྦྱིན་པའི་ཕར་ཕྱིན་གྱི་གྲོགས་སུ་གྱུར་ཅིག །དེ་བཞིན་དུ་ཕར་ཕྱིན་ལྔའི་གྲོགས་སུ་ཡང་གྱུར་ཅིག །དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སྤྱོད་པའི་ཚེ་ན་ཕར་ཕྱིན་དྲུག་གི་གྲོགས་སུ་གྱུར་ཅིང་། ནམ་ཁྱོད་ཀྱིས་བྱང་ཆུབ་ཐོབ་པ་ན། བདག་ཀྱང་ཁྱོད་ཀྱི་ཉན་ཐོས་ཀྱི་གནས་ཐོབ་སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་འཛིན་པར་གྱུར་ཅིག །རྗེས་སུ་ཆོས་སྟོན་པར་གྱུར་ཅིག །ཁྱོད་ཀྱིས་བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག །དེ་བྲམ་ཟེ་སྙིང་རྗེ་ཆེན་པོ་དང་ལྡན་པས་ཐོས་པ་དང་། དེ་བཞིན་གཤེགས་པའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་ནས། འཚོ་བ་པ་མི་འགྱུར་འཇིགས་བྱེད་ལ་བོས་ཏེ་སྨྲས་པ། སྐྱེས་བུ་དམ་པ་ཁྱོད་ནི་ངའི་བླ་ན་མེད་པ་སྤྱོད་པའི་གྲོགས་སུ་འགྱུར་བ་ནི་ལེགས་སོ། །ཁྱོད་ནི་ཚེ་རབས་ཀུན་དུ་ང་ལ་དངོས་པོ་སློང་བའི་ཕྱིར་ནམ་འོང་བ་དེའི་ཚེ་ངས་ཀྱང་སེམས་རབ་ཏུ་དང་བས་སྦྱིན་པར་བྱ་སྟེ། ཁྱོད་ལ་ཡང་བསོད་ནམས་མ་ཡིན་པའི་ཆ་དང་མཐུན་པར་མ་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་དེ་བཞིན་གཤེགས་པ་ལ་ཡང་གསོལ་བ། བཅོམ་ལྡན་འདས་བདག་བསྐལ་པ་དཔག་ཏུ་མེད་པ་དེ་དག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བདག་གི་མདུན་དུ་སློང་མོ་བ་དག་མཆིས་ནས་ཟས་སློང་བར་བགྱིད་ཅིང་ཚིག་འཇམ་པོའམ་རྩུབ་མོའམ། བརྙས་པའི་ཚིག་གམ། ཚིག་གསལ་བས་སློང་བར་གྱུར་ན། བདག་གིས་སློང་མོ་བ་དེ་ལ་སེམས་ཀྱི་སྐད་ཅིག་གཅིག་ཙམ་ཞིག །ཁྲོ་བའམ་མ་དད་པའི་སེམས་བསྐྱེད་པའམ། སྦྱིན་པའི་རྣམ་སྨིན་འདོད་པས་སྦྱིན་པར་བྱེད་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་བདག་གིས་བསླུས་པར་གྱུར་ཅིག །བདག་ཀྱང་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་བདག་གིས་སློང་མོ་བ་ལ་མ་དད་པས་སྦྱིན་པ་སྩོལ་ཏམ། སྦྱིན་པ་དེ་ཡང་ལེན་པ་པོ་ལ་མ་དད་པ་སྦྱིན་པས་ཆུང་ཟ་བར་འགྱུར་རམ། གལ་ཏེ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ཞིག་དགེ་བའི་ཆོས་རྣམས་ལ་བར་ཆད་བྱེད་པར་གྱུར་ན་བདག་གིས་སངས་རྒྱས་རྣམས་བསླུས་པར་གྱུར་ཅིག །གལ་ཏེ་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ཞིག་ལེན་པ་པོའི་དགེ་བའི་ཆོས་རྣམས་ལ་བར་ཆད་བགྱིད་པར་གྱུར་ན་བདག་ཀྱང་མནར་མེད་པར་མཆི་བར་གྱུར་ཅིག །ཟས་ལ་ཇི་ལྟ་བ་དེ་བཞིན་དུ་གོས་དང་མགོའི་བར་དག་སློང་བ་ལ་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །སྦྱིན་པ་ལ་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དག་ཡོངས་སུ་གཏོང་བ་ལ་ཡང་བརྗོད་པར་བགྱིའོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བསྔགས་ཤིང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཁོར་རྣམས་ཀྱིས་དེ་བཞིན་དུ་ལེགས་སོ་ཞེས་ཟེར་ཞིང་ཐལ་མོ་སྦྱར་ནས་འཁོད་དོ། །ཇི་ལྟར་སྦྱིན་པ་ལེན་པའི་བྱང་ཆུབ་སེམས་དཔའི་འཚོ་བ་པ་མི་འགྱུར་འཇིགས་བྱེད་དེའི་སྨོན་ལམ་བཞིན་དུ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དག་གིས་ཀྱང་བཏབ་བོ། །དེ་ཐོས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་མཆོག་ཏུ་དགའ་བས་འདི་སྐད་དུ། ཨ་ལ་ལ། བདག་ཆོས་ཀྱི་མུ་གེ་དང་ཟད་པའི་དུས་དང་ཉོན་མོངས་པ་ཆེན་པོས་དཀྲུགས་ཤིང་རྩོད་པའི་དུས་ན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་མགོན་མེད་པའི་དེད་དཔོན་དང་། སྣང་བ་དང་སྒྲོན་མ་བྱེད་པ་དང་། བྱིས་པ་སྐྱབས་མེད་པ་དང་ལྡོང་བ་རྣམས་ཀྱི་ལམ་སྟོན་པར་འགྱུར་བ་དང་། འདི་ལྟར་བདག་གིས་སེམས་དང་པོ་བསྐྱེད་པས་ཚེ་རབས་གཞན་དུ་བདག་གི་མགོ་ལེན་པ་དང་། མིག་དང་རྣ་བ་སོགས་ནས་ཁ་ཟས་ཀྱི་བར་དག་ལེན་པར་འགྱུར་ཞིང་བླ་མེད་བྱང་ཆུབ་སྤྱོད་པའི་གྲོགས་བྱེད་པ་དེ་ལྟ་བུ་དག་རྙེད་པ་ནི་ངོ་མཚར་ཏོ། །བཙུན་པ་བཅོམ་ལྡན་འདས་ཚེ་རབས་བསྐལ་པ་དཔག་ཏུ་མ་མཆིས་པ་དེ་དག་ཏུ་བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་བདག་གི་དྲུང་དུ་སློང་མོ་པ་དག་གིས་ཡུན་རིང་པོ་དེ་སྲིད་ཀྱི་བར་དུ་ཟས་སྐོམ་བླངས་པ་དང་། བདག་གི་ལག་ནས་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་གྱི་སྦྱིན་པ་བླངས་པར་གྱུར་པའི་སེམས་ཅན་དེ་དག་བདག་མངོན་པར་སངས་རྒྱས་ནས། གལ་ཏེ་འཁོར་བ་ལས་ཡོངས་སུ་ཐར་བར་མི་བགྱིད་དམ། ཐེག་པ་གསུམ་དུ་ལུང་སྟོན་པར་མི་བགྱིད་ན། བདག་གིས་ཕྱོགས་བཅུའི་སངས་རྒྱས་རྣམས་བསླུས་པར་གྱུར་ལ། བདག་ཀྱང་བླ་མེད་རྫོགས་བྱང་དུ་འཚང་མི་རྒྱ་བའི་བར་དུ་གྱུར་ཅིག །དེ་བཞིན་གཤེགས་པས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ། །ཇི་ལྟར་སྔོན་བྱང་ཆུབ་སེམས་དཔའ་ལྷུན་པོ་རྩེ་འཛིན་གྱིས་དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ཟེར་གྱི་སྤྱན་སྔར་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ་འདི་ལྟ་བུ་བཏབ་སྟེ། དེས་སྨོན་ལམ་བཏབ་པ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཕྲག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་སོ་སོར་རྟོག་པ་ཞེས་བྱ་བར། སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་ནང་དུ། དེ་བཞིན་གཤེགས་པ་ཡེ་ཤེས་མེ་ཏོག་རྡུལ་བྲལ་བྱང་ཆུབ་དབང་ཕྱུག་ཡང་དག་མཐོ་ཞེས་བྱ་བར་སངས་རྒྱས་ཤིང་། ལོ་བཞི་བཅུ་རྩ་ལྔར་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་སོ། །དེའི་དམ་པའི་ཆོས་ནི་ལོ་སྟོང་དང་ཆོས་ཀྱི་གཟུགས་བརྙན་ཡང་ལོ་སྟོང་དུ་གནས་པར་གྱུར་ཏོ། །དེའི་ཆོས་དང་ཆོས་ཀྱི་གཟུགས་བརྙན་གནས་པ་ན། དགེ་སློང་ཕ་མ་གང་དག་ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་དང་ལྡན་པ། མི་མཐུན་པར་སྤྱོད་པ། ངོ་ཚ་མེད་པ། ཆོས་ཀྱི་མཆོད་པ་གཅོད་པ་མཆོད་རྟེན་གྱི་ནོར་དང་། ཕྱོགས་བཞིའི་དགེ་འདུན་དང་། མངོན་དུ་གྱུར་པའི་དགེ་འདུན་རྣམས་ཀྱི་ཟས་སོགས་ཡོ་བྱད་གཅོད་ཅིང་བདག་གིར་སྤྱོད་ལ་ཁྱིམ་པ་ལ་སྦྱིན་པར་བྱེད་པ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེས་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ལུང་བསྟན་ཏོ། །སངས་རྒྱས་དེའི་བསྟན་པ་ལ་ངུར་སྨྲིག་དམར་པོ་བགོས་པ་ཐམས་ཅད་ཀྱང་དེ་བཞིན་དུ་ལུང་བསྟན་ཏོ། །འཁོར་བཞི་པོ་གང་དག་ལྟུང་བའི་རྩ་བ་བྱུང་བར་གྱུར་ཀྱང་སྟོན་པར་འདུ་ཤེས་པའི་དགེ་རྩ་དེས་སྔ་མ་བཞིན་དུ་ལུང་བསྟན་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་བྱང་ཆུབ་སྤྱོད་པའི་སྨོན་ལམ་བཏབ་པ་ལེགས་སོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པས་གསོལ་པ། བཅོམ་ལྡན་འདས་བདག་གི་སྨོན་ལམ་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་རབས་རྣམས་དང་། བྱང་ཆུབ་ཀྱི་མཐར་ཐུག་པའི་བར་དུ་སེམས་ཅན་གང་དག་སྦྱིན་སོགས་ཕར་ཕྱིན་ལ་བཀོད་པ་དང་། ཐ་ན་དགེ་བའི་རྩ་བ་སྐྲའི་རྩེ་མོའི་ཆ་ཤས་ཀྱི་ཚད་ཙམ་ལ་སྦྱོར་བ་དང་། བདག་བྱང་ཆུབ་ཐོབ་ནས་བདག་གི་བསྟན་པ་ལ་གོས་ངུར་སྨྲིག་བགོས་པར་གྱུར་པ་ལས་ལྟུང་བའི་རྩ་བ་བྱུང་ངམ། ཉོན་མོངས་པ་ཅན་གྱི་ལྟ་བ་ལ་ཞུགས་པར་གྱུར་པའམ། དཀོན་མཆོག་གསུམ་ལ་འཁྲུལ་བར་གྱུར་ཅིང་ནོངས་པ་དང་བཅས་པར་གྱུར་བའི་འཁོར་བཞི་པོ་གང་དག་སྐད་ཅིག་གཅིག་ཙམ་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་གྱུར་པའི་སེམས་ཅན་དེ་དག་ལས། ཐ་ན་སེམས་ཅན་གཅིག་ཙམ་ཞིག་སྤངས་ཏེ། ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་ལུང་མ་བསྟན་ན་བདག་གིས་སངས་རྒྱས་རྣམས་བསླུས་པར་གྱུར་ཅིང་བདག་འཚང་རྒྱ་བར་མ་གྱུར་ཅིག །བདག་བྱང་ཆུབ་ཐོབ་ནས་ཆོས་གོས་ངུར་སྨྲིག་ལྷ་མི་རྣམས་ཀྱིས་གུས་པས་མཆོད་པར་འགྱུར་བ་མཐོང་ནས་ངུར་སྨྲིག་མགུལ་ན་ཐོགས་པའི་སེམས་ཅན་དེ་དག་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་གྱུར་ཅིག །སེམས་ཅན་གང་དག་བཟའ་བཏུང་དང་བྲལ་ཞིང་བཀྲེས་སྐོམ་གྱིས་གནོད་པ་དང་། གནོད་སྦྱིན་དབུལ་པོ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་གང་དག་ཐ་ན་ཆོས་གོས་ངུར་སྨྲིག་སོར་བཞི་ཙམ་འཚལ་བར་འགྱུར་བ་དེ་ཐམས་ཅད་ཀྱང་བཟའ་བཏུང་ཕུན་སུམ་ཚོགས་པར་འགྱུར་ཞིང་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ལྷ་དང་གནོད་སྦྱིན་ལ་སོགས་པའི་སེམས་ཅན་གང་དག་ཕན་ཚུན་ཞེ་འགྲས་ཤིང་འཁོན་གཅུགས་མང་པོར་གྱུར་པ་དང་ཕན་ཚུན་གཡུལ་འགྱེད་པའི་སེམས་ཅན་རྣམས་ཀྱིས་བདག་གི་ཆོས་གོས་ངུར་སྨྲིག་རྗེས་སུ་དྲན་པར་གྱུར་ན། སྙིང་རྗེ་ཞིང་འཇམ་པའི་སེམས་དང་འཁོན་མེད་པའི་སེམས་དང་། ལས་སུ་རུང་བའི་སེམས་སུ་གྱུར་ཅིག །སེམས་ཅན་གང་དག་གཡུལ་ངོའི་འཐབ་རྩོད་འགྱེད་པའི་ནང་དུ་བསྲུང་བ་དང་། མཆོད་པ་དང་། གུས་པར་བགྱི་བའི་སླད་དུ་ངུར་སྨྲིག་གི་དུམ་བུ་འཆང་བར་གྱུར་པའི་སེམས་ཅན་དེ་དག་ཀྱང་རྟག་ཏུ་རྒྱལ་བར་འགྱུར་བ་དང་། འཁྲུལ་པ་མེད་པ་དང་རྣམ་པར་འཚེ་བ་མེད་པར་གྱུར་ཅིག །གཡུལ་དུ་འཐབ་རྩོད་དེ་དག་ལས་ཐར་བར་གྱུར་ཅིག །གལ་ཏེ་བདག་གི་ཆོས་གོས་ངུར་སྨྲིག་དམར་པོ་འཕགས་པའི་ཡོན་ཏན་ལྔ་པོ་དེ་དག་དང་ལྡན་པར་མ་གྱུར་ན། བདག་གིས་ཕྱོགས་བཅུའི་སངས་རྒྱས་རྣམས་བསླུས་པ་དང་། བདག་གིས་སངས་རྒྱས་ཀྱི་མཛད་པ་མཐའ་དག་རྫོགས་པར་རྔོ་མི་ཐོགས་པ་དང་། ཆོས་རྣམས་བསྐྱུད་པར་འགྱུར་བ་དང་། མུ་སྟེགས་ཅན་རྣམས་ཚར་གཅོད་པར་རྔོ་མི་ཐོགས་པར་གྱུར་ཅིག །བདག་སངས་རྒྱས་ནས་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་བརྗོད་ཅིང་ཕྱག་འཚལ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ལས་ཀྱི་སྒྲིབ་པ་ཟད་པར་འགྱུར་ཞིང་མཐར་སངས་རྒྱས་ཀྱི་ཞིང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལགས་སོ། །དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་ཕྱག་གཡས་པའི་ཕྱག་མཐིལ་གྱིས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མགོ་ལ་བྱུགས་ནས་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ཀྱི་སྨོན་ལམ་ནི་དགེ་བ། བཟང་བ། རབ་ཏུ་གཏན་ལ་ཕབ་པ་ཡིན་ཏེ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་དེ་བཞིན་དུ་འཕགས་པའི་ཡོན་ཏན་ལྔ་དང་ལྡན་པའི་ངུར་སྨྲིག་དམར་པོས་སེམས་ཅན་རྣམས་ཉེ་བར་འཚོ་བར་བྱེད་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་ཕྱག་གིས་བྱུགས་པ་དང་ལུང་བསྟན་ཅིང་ལེགས་སོ་ཞེས་བྱ་བ་བྱིན་པ་དེས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དགའ་ཞིང་རབ་ཏུ་དད་པ་སྐྱེས་ནས། ལོ་ཉི་ཤུ་ལོན་པ་ལྟ་བུའི་ཚད་ཙམ་དུ་གཞོན་ནུར་རེད་དོ། །ཐམས་ཅད་དང་ལྡན་པའི་འཁོར་དང་ལྷ་དང་དྲི་ཟ་ལ་སོགས་པས་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་མཆོད་པའི་ལས་བྱེད་ཅིང་མེ་ཏོག་དང་རོལ་མོས་མཆོད་ཅིང་། བསྔགས་པ་དང་ཚིགས་བཅད་སྣ་ཚོགས་ཀྱིས་བསྟོད་ནས་ཐལ་མོ་སྦྱར་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་ཕྱག་བྱས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཞུས་པ་ལ། དེ་བཞིན་གཤེགས་པས། ཏིང་ངེ་འཛིན་དང་ཚོགས་ཀྱི་སྒོའི་ཆོས་ཀྱི་རྣམ་གྲངས་བསྟན་པས་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་དོན་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་བཞིན་གཤེགས་པའི་ཞབས་འབྲིང་བར་གྱུར་ཏོ། །རྒྱལ་པོ་བདུད་རྩི་དག་པ་དེའང་བུ་སྟོང་དང་ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་དང་། གཞན་སྲོག་ཆགས་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་དང་ལྷན་ཅིག་འགྲོགས་ཏེ། རབ་ཏུ་བྱུང་ནས་ཚུལ་ཁྲིམས་དང་ཐོས་པ་དང་། ཏིང་ངེ་འཛིན་དང་། དེས་བདག་གི་མངོན་པར་བརྩོན་པར་བྱས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཀྱང་། མཐར་གྱིས་དེ་བཞིན་གཤེགས་པའི་ཐད་ནས་ཉན་ཐོས་ཀྱི་ཐེག་པའི་གཏམ་གྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། རང་སངས་རྒྱས་ཀྱི་ཐེག་པའི་གཏམ་གྱི་ཆོས་ཀྱི་ཕུང་པོ་དགུ་ཁྲི་དང་། བླ་མེད་བྱང་ཆུབ་ཀྱི་ཐེག་པ་ཆེན་པོའི་གཏམ་ལ་ཡང་། ལུས་དྲན་པ་ཉེ་བར་བཞག་པའི་གཏམ་འབུམ་ལ་སོགས་པ་ཆོས་ཀྱི་ཕུང་པོ་འབུམ་ཕྲག་བཅུ་གཅིག་གི་བར་དུ་བཟུང་ཞིང་ལུང་མནོས་ཏེ་བཀླགས་ཤིང་ཀུན་ཆུབ་པར་བྱས་སོ། །དུས་གཞན་ཞིག་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་རོལ་མོའི་སྒྲ་དང་མེ་ཏོག་དང་ཕྱེ་མ་དང་། རིན་པོ་ཆེ་སྣ་ཚོགས་གྲངས་མེད་པ་ལ་སོགས་པའི་མཆོད་པ་བྱས་ནས་སྤོས་ཆུ་སྣ་ཚོགས་ཀྱིས་བཀྲུས་ཏེ། སྐུ་གདུང་བཞག་པའི་མཆོད་རྟེན་རིན་ཆེན་སྣ་བདུན་ལས་བྱས་པ། འཕང་དུ་དཔག་ཚད་ལྔ་བརྒྱ། རྒྱར་ནི་དཔག་ཚད་ཕྱེད་ཡོད་པ་ཡང་བརྩིགས། ཞག་བདུན་བར་དུ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་དེར་ཡང་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་ཐེག་པ་གསུམ་ཡང་དག་པར་འཛིན་དུ་བཅུག །ཞག་བདུན་པོ་དེ་འདས་པ་དང་། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་རབ་ཏུ་བྱུང་སྟེ་དེ་བཞིན་གཤེགས་པའི་བསྟན་པ་འབར་བར་བྱས། ལོ་ཁྲིའི་བར་དུ་དམ་པའི་ཆོས་བཟུང་ནས་སེམས་ཅན་དཔག་ཏུ་མེད་པ་ཐེག་པ་གསུམ་འཛིན་ཏུ་བཅུག་ཅིང་སྐྱབས་འགྲོ་དང་། དགེ་བསྙེན་ལ་སོགས་པའི་སྡོམ་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ལ་བཀོད་དེ། བྱང་ཆུབ་སེམས་དཔའ་དེ་འཆི་བའི་དུས་བྱས་པར་གྱུར་པ་ལ། སེམས་ཅན་དེ་དག་གིས་ཀྱང་དགེ་སྦྱོང་ཆེན་པོ་དེའི་རུས་པ་ལ་མཆོད་ཅིང་། ཇི་ལྟར་འཁོར་ལོས་སྒྱུར་བའི་རུས་པ་མཆོད་པ་བཞིན་དུ་མཆོད་དོ། །གང་གི་ཉིན་མོ་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་འཆི་བའི་དུས་བྱས་པ་དེའི་ཉིན་མོ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དམ་པའི་ཆོས་ཀྱང་ནུབ་སྟེ། ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེན་པོ་གཞན་དག་ནི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་སྐྱེ་བ་ཡོངས་སུ་བཟུང་ལ། སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་ནི་འཆི་བའི་དུས་བྱས་ནས་སྨོན་ལམ་གྱི་དབང་གིས་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་ཞིང་ཁྲི་འདས་པ་ན་འཇིག་རྟེན་གྱི་ཁམས་ཡང་དག་འགྲན་ཞེས་པ་དེར་མི་རྣམས་ཚེ་ལོ་བརྒྱད་ཅུ་ཐུབ་ལ། མི་དགེ་བའི་རྩ་བ་དང་ལྡན་པ། གཏུམ་པ། ལག་པ་ཁྲག་གིས་གོས་པ། སྡིག་པར་ཞེན་པ། ཕ་དང་མར་མི་འཛིན་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་མེད་པར་ཞུགས་པ། འཇིག་རྟེན་ཕ་རོལ་ལ་མི་འཇིགས་པར་ལྟ་བ་ཤ་སྟག་གིས་གང་བ་དེར་གདོལ་བའི་རིགས་སུ་སྐྱེས་ཤིང་ལུས་ཤིན་ཏུ་རིང་བ། སྟོབས་ཤུགས་དང་ཤིན་ཏུ་ལྡན་པ། ཤིན་ཏུ་དྲན་པ་དང་སྤོབས་པ་དང་མགྱོགས་པ་དང་ལྡན་པར་གྱུར་ནས། དེའི་སྟོབས་ཀྱིས་ཤུགས་བརྟན་པས་སེམས་ཅན་དག་བཟུང་སྟེ་སྨྲས་པ། ཀྱེ་སེམས་ཅན་དག་གལ་ཏེ་སྲོག་གཅོད་སོགས་ལོག་ལྟའི་བར་དུ་སྤངས་ན་ངས་ཁྱེད་ཅག་གི་སྲོག་སྦྱིན་ལ་འཚོ་བའི་ཡོ་བྱད་ཀྱང་སྦྱིན་པར་བྱའོ། །གལ་ཏེ་མི་སྤོང་ན་ངས་སྲོག་དང་ཕྲལ་ཏེ་འགྲོའོ། །དེ་དག་གིས་ཐལ་མོ་སྦྱར་ཏེ། མགོན་པོ་ཁྱོད་ཀྱི་ཚིག་གིས་བདག་ཅག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སོགས་མི་དགེ་བཅུ་སྤོང་བར་བགྱིད་དོ། །གདོལ་བ་སྟོབས་ཅན་དེ་སོང་ནས་རྒྱལ་པོ་དང་རྒྱལ་པོས་བཀྲབས་པ་དག་ལ་བསྒོ་བ། ཁོ་བོའི་འཚོ་བའི་ཡོ་བྱད་དུ་ཟས་དང་སྐོམ་དང་གོས་དང་མལ་ཆ་དང་། གསེར་དང་ནོར་བུ་དང་མུ་ཏིག་ལ་སོགས་པ་དགོས་ཀྱི་འཚོ་བའི་ཡོ་བྱད་མང་པོ་དག་ཁོ་བོ་ལ་ཕུལ་ཅིག་ཅེས་བྱས་ནས། དེས་ཇི་སྲིད་འཚོ་བའི་བར་དུ་མི་རྣམས་དགེ་བཅུ་ལ་བཀོད་པས་མི་རྣམས་ཚེ་ལོ་ལྔ་བརྒྱ་ཐུབ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གང་ཡིན་པ་དེ་ཚེའི་དུས་བྱས་པ་དང་རྒྱལ་པོའི་བློན་པོ་དག་གིས་གདོལ་པ་སྟོབས་ཅན་དེ་རྒྱལ་པོར་དབང་བསྐུར་ནས་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་ཏོ། །དེས་རིང་པོར་མ་ལོན་པར་ཡུལ་དེར་རྗེས་སུ་བསྟན་ཏེ། བརྩོན་འགྲུས་བརྟན་ཞིང་རྟུལ་བས་ཡུལ་གཉིས་པར་ཡང་རྗེས་སུ་བསྟན་པས། རིང་པོར་མ་ཐོགས་པར་འཛམ་བུའི་གླིང་ཐམས་ཅད་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། སེམས་ཅན་རྣམས་དགེ་བཅུ་ལ་བཀོད་ནས། རང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་ལ་ཡང་བཀོད་ནས་ཕྱོགས་ཀུན་ཏུ་སྦྱིན་པ་བྱེད་པར་སྒྲ་བསྒྲགས་སོ། །དེར་འཛམ་གླིང་སེམས་ཅན་ཐམས་ཅད་ལྷགས་པ་ལ་སྦྱིན་པ་རྣམ་པ་སྣ་ཚོགས་དག་བྱིན་ནོ། །དེ་ནས་འཚོ་བ་པ་རྡུལ་དབྱངས་ཞེས་བྱ་བ་ཞིག་རྒྱལ་པོའི་དྲུང་དུ་སོང་སྟེ། ཁྱོད་བླ་མེད་བྱང་ཆུབ་ཀྱི་ཕྱིར་སྦྱིན་པ་སྦྱིན་ཞིང་བདག་གི་བསམ་པ་རྫོགས་པར་མཛད་ན། ཁྱོད་རྒྱལ་བ་འཇིག་རྟེན་གྱི་སྒྲོན་མར་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཅི་ཞིག་འདོད། འཚོ་བ་བས་བདག་ནི་ལྷ་མིན་གྱི་གཡུལ་ཆེན་པོ་རབ་ཏུ་འཇོམས་པའི་རིག་སྔགས་འཆང་ཉིད་འདོད་ན། ཆོ་ག་ཞིབ་མོ་སྒྲུབ་པའི་སླད་དུ་མི་གསོན་པོའི་པགས་པ་ཡང་འདོད། མིག་ཀྱང་འདོད་པའི་སླད་དུ་ཁྱོད་ལ་གསོལ་བ་གདབ་ལགས་སོ། །དེ་ནས་རྒྱལ་པོས་འདི་སྙམ་ཏེ་བདག་གིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཐོབ་ནས་སེམས་ཅན་བགྲང་བ་ལས་འདས་པ་དགེ་བཅུའི་ལམ་ལ་བཀོད་ཅིང་ཐེག་པ་གསུམ་ལ་ངེས་པར་སྦྱར། སྦྱིན་པ་ཡང་དཔག་ཏུ་མེད་པ་ཞིག་བྱིན་ན། ད་ནི་སྙིང་པོ་མེད་པའི་ལུས་ལ་སྙིང་པོ་ལེན་པའི་སླད་དུ་འདི་ནི་བདག་གི་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་དུ་འདི་སྐད་དུ། ངས་ཁྱོད་ལ་ཤའི་མིག་ཐ་མལ་པ་འདི་སྦྱིན་པར་བྱ་ཡི་དགའ་བར་བྱོས་ཤིག །དེས་ནི་བདག་གིས་བླ་ན་མེད་པའི་ཆོས་ཀྱི་སྤྱན་ཐོབ་པར་གྱུར་ཅིག །ངས་ཁྱོད་ལ་རབ་ཏུ་དང་བའི་སེམས་ཀྱིས་རང་གི་པགས་པ་འདི་ཡང་སྦྱིན་པར་བྱ། དེས་ནི་བདག་གིས་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །དེ་ནས་རྒྱལ་པོ་དེས་ལག་པ་གཡས་པས། རང་གི་མིག་གཉིས་བྱིན་ཏེ་གདོང་ཁྲག་གིས་ཡོག་བཞིན་དུ་སྨྲས་པ། འདི་ན་གང་དག་འདིར་ལྷགས་པ་དང་། ནམ་མཁའ་དང་ས་ལ་གནས་པའི་ལྷ་དང་གནོད་སྦྱིན་སོགས་དང་མི་གང་ཡིན་པ་བདག་ལ་ཉོན་ཅིག །བདག་གིས་སྦྱིན་པ་བྱང་ཆུབ་ཏུ་བསྡོས་པའི་དགེ་བས་ཞི་བའི་གོ་འཕང་ཐོབ་པར་གྱུར་ན། སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་ཞིང་བླ་མེད་ཞི་བའི་མྱ་ངན་འདས་པ་ལ་འགོད་པར་གྱུར་ཅིག །གལ་ཏེ་བདག་བླ་མེད་བྱང་ཆུབ་འཐོབ་པ་ལྟ་ན་འཚོ་བ་པ་འདིས་རིག་སྔགས་དེ་གྲུབ་པར་མ་གྱུར་པ་དེ་སྲིད་དུ་བདག་སྲོག་གི་དབང་པོ་མི་འགག་ལ་དྲན་པ་ཉམས་པར་མ་གྱུར་ཅིང་འགྱོད་པར་ཡང་མ་གྱུར་ཅིག །རྒྱལ་པོའི་པགས་པ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང་། འཚོ་བ་པ་རྡུལ་དབྱངས་དེས་མཚོན་རྣོན་པོས་ལུས་ལས་པགས་པ་བཤུས་ནས་ཁྱེར་ཏེ་རིག་སྔགས་བསྒྲུབས་སོ། །དེ་ལྟར་ཞག་བདུན་དུ་རྒྱལ་པོ་བསོད་ནམས་སྟོབས་སྲོག་གི་དབང་པོ་མ་འགགས། དྲན་པ་མ་ཉམས། སྡུག་བསྔལ་གྱི་ཚོར་བ་ཡང་མ་མྱོང་། སྐད་ཅིག་ཙམ་ཡང་འགྱོད་པ་སྐྱེས་པར་མ་གྱུར་ཏོ། །སྟོན་པ་ཤཱཀྱའི་རྒྱལ་པོས་བཀའ་སྩལ་པ། ང་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཡབ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེར་གྱུར་ཏེ་ངས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པའི་དང་པོ་ནི་དེ་ཡིན་ནོ། །ངས་དང་པོ་སེམས་བསྐྱེད་པས་སེམས་ཅན་བགྲང་བ་ལས་འདས་པ་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་སྟེ་ངས་དཔའ་བའི་དངོས་པོ་དང་དཔའ་བའི་བྱ་བ་དང་པོ་ནི་དེ་ཡིན་ནོ། །ང་སྨོན་ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ཏེ་སངས་རྒྱས་ཀྱི་ཞིང་ཡང་དག་འདྲེན་དུ་གདོལ་པའི་རིགས་སུ་སྐྱེས་པ་དེའི་ཚེ་ན། སེམས་ཅན་རྣམས་དགེ་བ་ལ་སྦྱར་ཞིང་སྟོབས་དང་རྟུལ་བས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཉིད་ཐོབ་སྟེ། འཛམ་བུའི་གླིང་ཐམས་ཅད་དུ་འཐབ་རྩོད་ཀྱི་རྙོགས་པ་རྣམས་རབ་ཏུ་ཞི་བར་བྱས་ཤིང་། ཚེ་ཡང་བསྲིངས་ཏེ་ངས་དང་པོར་ལུས་ཡོངས་སུ་བཏང་བ་དེ་ནི་ངས་དཔའ་བའི་དངོས་པོ་དང་དཔའ་བའི་བྱ་བ་གཉིས་པ་ཡིན་ནོ། །དེ་ལྟར་ངས་མིག་དང་པགས་པ་ཡོངས་སུ་བཏང་ནས་དེ་ནས་ཤི་འཕོས་ཏེ། ཞིང་དེ་ཉིད་དུ་གླིང་གཉིས་པར་གདོལ་བའི་རིགས་སུ་སྐྱེས་ནས་སྔ་མ་བཞིན་དུ་བརྩོན་འགྲུས་བརྟན་ཞིང་རྟུལ་བས་སེམས་ཅན་རྣམས་དགེ་བའི་ལས་ལ་སྦྱར་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཐོབ་སྟེ། གླིང་དེ་དག་ཏུ་འཐབ་རྩོད་འཁོན་འགྱོད་རྣམས་ཞི་བར་བྱས་ཏེ། ཚེ་ཡང་བསྲིངས་ནས་དེར་ཡང་རང་གི་ལུས་ལས་ལྕེ་དང་རྣ་བ་དག་ཡོངས་སུ་བཏང་སྟེ། ཞིང་ཡང་དག་འགྲན་དེའི་སྟོང་ཆེན་པོའི་གླིང་ཐམས་ཅད་ཀྱི་བར་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་བྱས་སོ། །བརྩོན་འགྲུས་བརྟན་ཞིང་སྨོན་ལམ་གྱི་དབང་གིས་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་སེམས་ཅན་རྣམས་དག་པ་ལ་སྦྱར་ཏེ་ཐེག་གསུམ་འཛིན་དུ་བཅུག་པ་དང་། འཐབ་རྩོད་སོགས་ཉོན་མོངས་པ་རྣམས་ཞི་བར་བྱས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །སངས་རྒྱས་གཞན་དག་གི་ཞིང་དག་པ་ནི་རྒྱུ་འདིས་བསྒྲུབས་ཏེ། དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཞན་གྱི་ལྟུང་བ་གླེང་བར་མི་བྱེད་ཅིང་། གཞན་ལ་འཇིགས་པར་སྟོན་པར་མི་བྱེད་ལ། སེམས་ཅན་རྣམས་ལ་ཡང་ཉན་རང་གི་ཐེག་པ་འཛིན་དུ་མ་བཅུག་པས། དེ་དག་དགོངས་པ་ཡོངས་སུ་རྫོགས་ཏེ་སངས་རྒྱས་པའི་ཞིང་ན་ལྟུང་བའི་མིང་ཡང་མེད་ལ། བསླབ་པ་བཟུང་བ་མེད། ཚིག་རྩུབ་པོ་ཡང་མེད། མི་དགེ་བའི་སྒྲ་ཡང་མི་གྲགས་ཏེ་ཡོངས་སུ་དག་ལ། གཞན་དུ་ཆོས་ཀྱི་སྒྲ་དང་། ཡིད་དུ་མི་འོང་བ་མེད་པའི་སྒྲས་ཁྱབ་བོ། །དེ་ན་སེམས་ཅན་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཡིན་ཏེ། དེ་ན་ཉན་རང་གི་ཐེག་པ་པར་གདགས་པ་ཡང་མེད་དོ། །ངས་ནི་གང་གི་ཚེ་བསྐལ་པ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སངས་རྒྱས་བཞུགས་པས་སྟོང་པ། གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཚིག་རྩུབ་པོ་དང་འཇིགས་སུ་རུང་བས་སེམས་ཅན་རྣམས་སྲོག་གཅོད་པ་སྤོང་བ་སོགས་དགེ་བ་བཅུ་དང་ཐེག་པ་གསུམ་པོ་དག་ཀྱང་འཛིན་དུ་བཅུག་སྟེ། རབ་ཏུ་བཀོད་པ་དེའི་ལས་ཀྱི་འཕྲོས། ད་ལྟར་ང་ཉོན་མོངས་པ་དང་ལྡན་ཞིང་མི་དགེ་བའི་སྒྲས་ཀུན་ཏུ་ཁྱབ་ལ། མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བའི་ཞིང་འདི་ལྟ་བུར་ཐེག་པ་གསུམ་གྱི་ཆོས་སྟོན་ཏེ། ང་ནི་སྔོན་སངས་རྒྱས་ཀྱི་ཞིང་དང་འདུལ་བའི་སེམས་ཅན་ཇི་ལྟ་བུ་དག་བཟུང་སྟེ་སྨོན་ལམ་བཏབ་ཅིང་སྟོབས་དང་བརྩོན་འགྲུས་དང་འབད་པས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པས། ས་བོན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་ཞིང་ཐོབ་བོ། །ཇི་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྦྱིན་པ་ཡོངས་སུ་བཏང་བ་དེ་ལྟ་བུ་སྔོན་ཆད་བྱུང་བ་དང་། ཕྱིས་འབྱུང་བའི་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱིས་གཏོང་བར་མ་བྱས་མི་བྱེད་ལ། འོན་ཀྱང་སྐྱེས་བུ་དམ་པ་བརྒྱད་ནི་མ་གཏོགས་ཏེ། གང་ཞེ་ན། སྐྱེས་བུ་དམ་པས་བྱིན་ཞེས་བྱ་བ་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཀུན་དབྱངས་ཞེས་པར། དེ་བཞིན་གཤེགས་པ་འདྲེས་སྤོང་འོད་ཟེར་ཞེས་བྱ་བ་ཚེ་ལོ་བརྒྱ་པ་བ་རྣམས་ལ་ཆོས་སྟོན་ཅིང་ཞག་བདུན་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཡང་དག་སྐུལ་ཞེས་བྱ་བ་དེ་ནི་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མི་འཕམ་ཅན་ཞེས་བྱ་བར་སངས་རྒྱས་ནས་སྐྱེ་དགུ་ཚེ་ལོ་བརྒྱ་པ་རྣམས་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་ཉིད་དུ་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །ད་དུང་དུ་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་སྐུ་གདུང་རྣམས་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ན་སངས་རྒྱས་ཀྱི་མཛད་པ་མཛད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་པོ་མེ་ཏོག་རྒྱས་ཞེས་བྱ་བ་ནི། བརྩོན་འགྲུས་དང་ཡི་དམ་བརྟན་པ་དང་། ཡོངས་སུ་གཏོང་བའི་སྟོབས་ཀྱི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་སྦྱད་པ་སྤྱོད་དེ། དེ་བསྐལ་པ་ཆེན་པོ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པའི་འོག་ཏུ་འདི་ནས་བྱང་ཕྱོགས་སུ་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྒྱུར་བཅས་ཡང་དག་འདྲེན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེར། དེ་བཞིན་གཤེགས་པ་རྒྱུར་བཅས་ནག་པོ་རྣམ་པར་འཇོམས་པའི་རྒྱལ་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཤེས་རབ་འོད་ཟེར་ཀུན་ནས་འཁྲུགས་འཛིན་ཞེས་བྱ་བའི་སྐྱེས་བུ་དམ་པ་དེ་ནི་བསྐལ་པ་ཆེན་པོ་གཅིག་འདས་ནས་ནུབ་ཕྱོགས་སུ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འཇིགས་ལྡན་ཞེས་བྱ་བ་ཞིག་འབྱུང་བ་དང་། སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ནང་དུ། དེ་བཞིན་གཤེགས་པ་ཉི་མའི་སྙིང་པོའི་འོད་ཟེར་དྲི་མ་མེད་པའི་དབང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ལེགས་དགའ་འདི་ཡང་བསྐལ་པ་བགྲང་བ་ལས་ཡང་དག་པར་འདས་པ་སྙེད་རྫོགས་པའི་འོག་ཏུ། སྟེང་གི་ལོགས་སུ་བསྐལ་པ་ཆེན་པོ་རྩོད་རྙོགས་མི་བཟད་ཡང་དག་འཁྲུག་ཅེས་བྱ་བ་ལ། སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འགྱུར་བྱེད་མི་གཙང་བསགས་ཞེས་བྱ་བར། སྐྱེ་དགུ་ཚེ་ལོ་ལྔ་བཅུ་པ་རྣམས་ཀྱི་ནང་དུ། དེ་བཞིན་གཤེགས་པ་བསམ་ཡས་རྣམ་པར་སྣང་མཛད་ཅེས་བྱ་བར་འཚང་རྒྱ་སྟེ། དེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཡོངས་སུ་མྱ་ངན་ལས་འདའ་ཞིང་། དེ་ཉིད་ཀྱི་ཉིན་མོ་སངས་རྒྱས་དེའི་དམ་པའི་ཆོས་ཀྱང་ནུབ་པར་འགྱུར་ཞིང་ལོ་བཅུའི་བར་དུ་སངས་རྒྱས་ཀྱི་ཞིང་དེ་སྟོང་པར་འགྱུར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རབ་ཏུ་ལག་བརྐྱངས་འདི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཞིང་དེར་སྐྱེ་དགུ་ཚེ་ལོ་སུམ་ཅུ་པ་རྣམས་ཀྱི་ནང་དུ། དེ་བཞིན་གཤེགས་པ་ཆོས་རྣམ་པར་སྣང་མཛད་ཅེས་བྱ་བར་འཚང་རྒྱ་སྟེ། ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་དེ། མྱ་ངན་ལས་འདས་ཞིང་ལོ་བདུན་དུ་དམ་པའི་ཆོས་གནས་པར་འགྱུར་རོ། །དེ་ནས་སྐྱེས་བུ་དམ་པ་དེ་གཉིས་ཀྱི་ལུང་བསྟན་པ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། མཆོག་ཏུ་དགའ་བས་སྟེང་གི་བར་སྣང་ལ་ཏཱ་ལ་བདུན་སྲིད་ཙམ་དུ་འཕགས་ཏེ། ཚིགས་སུ་བཅད་དེ་གསོལ་བ། སངས་རྒྱས་ཉི་མ་བཞིན་དུ་ལྷང་ངེ་ཞིང་། འཇིག་རྟེན་འདི་ན་མངོན་འཕགས་ལྷུན་པོ་འདྲ། རྣམ་འདྲེན་རྡུལ་བྲལ་རྣམ་དག་སྤྱན་མངའ་བ། སྣང་འགྱུར་བདེ་གཤེགས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཚིགས་སུ་བཅད་པས་བསྟོད་ཅིང་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་དགའ་དང་། རབ་ཏུ་ལག་བརྐྱངས་ཞེས་བྱ་བ་འདི་གཉིས་དང་། སས་བྱིན་དང་། བརྩོན་འགྲུས་ཡང་དག་སྐུལ་དང་། སྙིང་པོ་མེ་ཏོག་རྒྱས་དང་། ཤེས་རབ་འོད་ཟེར་ཀུན་ནས་འཁྲུགས་འཛིན་ཞེས་བྱ་བ་བཞི་སྟེ། སྐྱེས་བུ་དམ་པ་དྲུག་པོ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས། ངས་དང་པོ་བྱང་ཆུབ་ཡང་དག་པར་འཛིན་ཏུ་བཅུག་པ་དེ་ཉོན་ཅིག །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། སངས་རྒྱས་ཀྱི་ཞིང་འདི་རྡུལ་མེད་ལྷུན་པོ་སྤོས་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་བསྐལ་པ་ཆེན་པོ་བྱུང་བ་ན། སྐྱེ་དགུས་ཚེ་ལོ་བརྒྱ་ཐུབ་ཅིང་དེ་བཞིན་གཤེགས་པ་སྤོས་ཀྱི་པདྨའི་བསྟན་པ་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པ། དེའི་ཚེ་ན་ང་འཛམ་བུའི་གླིང་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ནོར་ངན་ཞེས་བྱ་བར་གྱུར་ཅིང་བུ་ཡང་སྟོང་ཡོད་པར་གྱུར་ནས་ངས་དེ་དག་བླ་མེད་བྱང་ཆུབ་འཛིན་དུ་བཅུག་སྟེ། དུས་གཞན་ན་རབ་ཏུ་བྱུང་ནས་སངས་རྒྱས་སྤོས་ཀྱི་པདྨའི་བསྟན་པ་རྒྱ་ཆེར་འབར་བར་བྱས་སོ། །གང་དག་རབ་ཏུ་མ་བྱུང་ཞིང་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་འདོད་པ་བུ་དྲུག་ཡོད་པ་དེ་ལ། ངས་ཁྱོད་ཅག་ཅིའི་ཕྱིར་རབ་ཏུ་མི་བྱུང་། དེ་དག་གིས་སྨྲས་པ། གང་ཟད་པའི་དུས་དམ་པའི་ཆོས་གཟུགས་བརྙན་དུ་གྱུར་པ་ན། རབ་ཏུ་བྱུང་བ་དེས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་དག་ཀུན་ཏུ་འཛིན་པར་རྡོ་མི་ཐོགས་ལ། དེ་ནོར་བདུན་དང་བྲལ་ཞིང་འཁོར་བའི་འདམ་དུ་བྱིང་ནས། སླར་རེས་འགའ་ཙམ་ལྷ་དང་མིའི་དཔལ་ཐོབ་པར་ཟད་ཀྱི། རྟག་ཏུ་ནི་ངན་སོང་དག་ཏུ་འཁྱམས་པར་འགྱུར་ཞིང་། སངས་རྒྱས་ཀྱི་བསླབ་པ་ཡང་དག་པར་འཛིན་པར་མི་འགྱུར་ཏེ། དེའི་སླད་དུ་བདག་ཅག་རབ་ཏུ་མི་འབྱུང་བ་ལགས་སོ། །ངས་ཡང་དེ་དག་ལ་དྲིས་པ་ཁྱེད་ཅག་ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་སྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། གལ་ཏེ་བདག་ཅག་ལ་འཛམ་བུའི་གླིང་ཐམས་ཅད་སྩལ་ན། བདག་ཅག་གིས་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་དེ། དེ་ལྟ་བུ་ཐོས་ནས་ང་མཆོག་ཏུ་དགའ་བའི་ཡིད་ཀྱིས་འདི་སྙམ་དུ། ངས་འཛམ་གླིང་གི་མི་རྣམས་སྐྱབས་འགྲོ་དང་། གསོ་སྦྱོང་དང་ཐེག་པ་གསུམ་འཛིན་ཏུ་བཅུག་ཟིན་གྱིས། གང་འཛམ་བུའི་གླིང་འདི་ཆ་དྲུག་ཏུ་བགོས་ཏེ། བུ་དྲུག་ལ་བྱིན་ནས་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེད་དུ་གཞུག་ཅིང་། བདག་ཀྱང་རབ་ཏུ་བྱུང་བར་གོར་མ་ཆག་སྙམ་དུ་བསམས་ནས། འཛམ་བུའི་གླིང་ཐམས་ཅད་ཆ་དྲུག་ཏུ་བགོས་ཏེ། བུ་དྲུག་པོ་ལ་བྱིན་ནས་བདག་ཉིད་རབ་ཏུ་བྱུང་བ་དང་། འཛམ་གླིང་གི་རྒྱལ་པོ་དེ་དག་ཕན་ཚུན་མི་མཐུན་པར་འཐབ་པ་དང་། རྩོད་པ་དང་། འགྱེད་ཅིང་འཁྲུགས་པ་དག་ཏུ་བྱུང་བའི་རྐྱེན་གྱིས་འཛམ་བུའི་གླིང་ཐམས་ཅད་དུ་མུ་གེ་བྱུང་སྟེ། ཆར་མི་འབབ། ལོ་ཏོག་དང་རྩི་ཤིང་མེ་འབྲས་མི་སྨིན་པས་བྱ་རྣམས་ཀྱང་བཀྲེས་པ་དང་བསྐོམ་པས་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་ན་ང་འདི་སྙམ་དུ་སེམས་ཏེ། ངས་ད་ལྟར་གྱི་ལུས་འདི་ཡོངས་སུ་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་དག་ཚིམ་པར་བྱའོ་སྙམ་དུ། གནས་སྤངས་ཏེ་ཡུལ་གྱི་དབུས་སུ་སོང་ནས་རི་ཆུ་སྐྱོང་ཞེས་བྱ་བ་ལ་འཛེགས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་རང་གི་ལུས་སྲོག་གཏོང་བ་ནི། །སྙིང་རྗེའི་ཕྱིར་ཏེ་མཐོ་རིས་ཕྱིར་མ་ཡིན། །རི་འདིའི་འཕང་ཙམ་དག་ཏུ་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་དུ་འགྱུར་བར་ཤོག །འདི་ལྟར་གཟུགས་མཛེས་ཕུན་སུམ་གཏོང་བ་ནི། །བདུད་ཕྱིར་མ་ཡིན་བརྒྱ་བྱིན་ཚངས་ཕྱིར་མིན། །བདག་གི་ཤ་ཁྲག་མང་པོར་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་ནི་བྱེད་གྱུར་ཅིག །གང་དག་རི་དང་བྲག་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་ལྷ་མིན་མི་རྣམས་ཉོན། །སེམས་ཅན་ཕྱིར་ནི་བདག་གིས་བརྩེ་བསྐྱེད་དེ། །རང་གི་ཤ་ཁྲག་དག་གིས་ཚིམ་པར་བྱ། །གང་གི་ཚེ་ངའི་སྨོན་ལམ་དེ་ལྟ་བུར་བཏབ་པ་ན་འཇིག་རྟེན་གསུམ་འཁྲུགས་ཤིང་ས་ཡང་གཡོས། ལྷུན་པོ་ཡང་འགུལ། ལྷའི་ཚོགས་ཀྱང་ངུའོ། །དེ་ནས་ངས་རང་གི་ལུས་རི་ཆུ་སྐྱོང་གི་ཁ་ནས་བོར་བ་དང་། སྨོན་ལམ་གྱི་དབང་གིས་ལུས་རི་ཡི་ཚད་ཙམ་དུ་གྱུར་ཅིང་། མགོ་འབུམ་ཕྲག་དུ་མ་ཡོད་པར་གྱུར་ལ། ཁྱོན་དུ་ནི་དཔག་ཚད་བརྒྱ། འཕང་དུ་ཡང་དཔག་ཚད་བརྒྱར་གྱུར་ནས་མི་དང་རི་དྭགས་དང་བྱང་བར་དག་གིས་ཤ་དང་ཁྲག་བཟའ་བར་བརྩམས་སོ། །ངའི་ལུས་ལ་སེམས་ཅན་དེ་དག་གིས་ཟོས་ན་ཉིན་གཅིག་བཞིན་དུ་ཕྱིར་སྐྱེ་ཞིང་ཁྱོན་དུ་དཔག་ཚད་འབུམ། འཕང་དུ་ཡང་འབུམ་ཡོད་པར་གྱུར་ལ། ཐམས་ཅད་ནས་མིའི་མགོ་བོ་སྐྲ་དང་མིག་སོགས་ཚང་བར་གྱུར་པའི་ཁ་འབུམ་ཕྲག་དུ་མ་དག་བྱུང་བ་ནས་མིའི་སྐད་ཀྱིས་སྒྲ་བསྒྲགས་པ། ཀྱེ་སེམས་ཅན་དག་ཅི་འདོད་པ་ལོངས་ཤིག །ཤ་ཟོ་ཞིག །ཁྲག་འཐུངས་ཤིག །མིག་སོགས་གང་དང་ཅི་འདོད་པ་ཁྱེར་ཅིག །ཁྱེད་ཅག་ཚིམ་ཞིང་བསམ་པ་ཡོངས་སུ་རྫོགས་པ་དག་གིས་ཐེག་པ་གསུམ་དུ་སེམས་སྐྱེད་ཅིག །ཁྱེད་ཀྱི་ཡོངས་སུ་སྤྱོད་པ་འདི་ནི་ཟད་པར་མི་འགྱུར་ལ་ཁྱེད་ལ་དད་པས་བྱིན་པར་ཡང་མི་འགྱུར་གྱིས། ཁྱེད་ཅག་མྱུར་བ་ཉིད་དུ་སྲོག་ཟད་པར་ཡང་མ་གྱུར་ཅིག་ཅེས་སྒྲ་སྒྲོགས་པར་བྱེད་དོ། །དེ་ན་སེམས་ཅན་མཁས་པ་རྣམས་སོ་སོའི་འདོད་པ་ཇི་ལྟ་བར་ཐེག་པ་གསུམ་པོ་གང་རུང་དུ་སེམས་བསྐྱེད་ཅིང་། ཁ་ཅིག་ལྷ་དང་མིར་སེམས་བསྐྱེད། ཤ་ཟ་ཞིང་ཁྲག་འཐུངས་ལ་མིག་སོགས་ཇི་འདོད་པ་ཁྱེར་ཀྱང་སྨོན་ལམ་གྱི་དབང་གིས་ཤ་བྲི་བར་མ་གྱུར་ཟད་པར་མ་གྱུར་ཏེ། ཕྱིར་ཞིང་སྐྱེས་ནས་ལོ་ཁྲིའི་བར་དུ་འཛམ་གླིང་གི་མི་ཐམས་ཅད་དང་། གནོད་སྦྱིན་དང་བྱ་དང་རི་དྭགས་རྣམས་ཚིམ་པར་བྱས་ཏེ། ངས་ལོ་ཁྲི་པོ་དེའི་བར་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མིག་དག་ཡོངས་སུ་བཏང་ངོ་། །རྒྱ་མཚོ་བཞིའི་ཆུ་སྙེད་ཀྱི་ཁྲག་དག་ཡོངས་སུ་བཏང་ངོ་། །རི་རབ་སྟོང་སྙེད་ཙམ་གྱི་ཤ་དག་ཡོངས་སུ་བཏང་ངོ་། །རི་ཁོར་ཡུག་ཙམ་གྱི་ལྕེ་དང་། ལྷུན་པོ་གཉའ་ཤིང་འཛིན་ཙམ་གྱི་རྣ་བ་དང་། རི་རབ་ཙམ་གྱི་སྣ་དང་། བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཙམ་གྱི་སོ་དག་ཡོངས་སུ་བཏང་ངོ་། །སངས་རྒྱས་ཀྱི་ཞིང་མི་མཇེད་ཀྱི་ས་གཞི་ཙམ་གྱིས་པགས་པ་ཡང་ཡོངས་སུ་བཏང་ངོ་། །དེ་ལྟར་ལོ་ཁྲིའི་བར་དུ་སྲོག་གཅིག་གི་རང་གི་ལུས་ཡོངས་སུ་བཏབ་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་བཏང་བས་སེམས་ཅན་དཔག་མེད་ཚད་མེད་གྲངས་མེད་ཚིམ་པར་བྱས་ཀྱང་། ངའི་སེམས་སྐད་ཅིག་ཙམ་ཡང་འགྱོད་པར་མ་གྱུར་པ་ལ་ལྟོས། དེར་ངས་སྨོན་ལམ་འདི་ལྟ་བུ་ཡང་བཏབ་སྟེ། གལ་ཏེ་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་ན་བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་བདག་གླིང་གཅིག་དུ་རང་གི་ལུས་ཀྱིས་སེམས་ཅན་ཚིམ་པར་བྱས་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཞིང་རྡུལ་མེད་ལྷུན་པོའི་སྤོས་འདིའི་གླིང་ཐམས་ཅད་དུ་ཡང་ལོ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དེ་ལྟ་བུའི་ལུས་འབྱུང་བར་གྱུར་ཏེ། རང་གི་ཤ་དང་ཁྲག་ལ་སོགས་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཏེ། ཐེག་པ་གསུམ་པོ་ཡང་དག་པར་འཛིན་ཏུ་འཇུག་པར་གྱུར་ཅིག །མི་དང་གནོད་སྦྱིན་དང་སྲིན་པོ་དང་དུད་འགྲོའི་འགྲོ་བ་གང་གིས་ཤ་ཟ་ཞིང་ཁྲག་འཐུང་བ་དེ་དག་ཚིམ་པར་འགྱུར་ཞིང་། ཐ་ན་གཤིན་རྗེའི་འཇིག་རྟེན་གྱི་བར་དུ་ཚིམ་པར་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རང་གི་ལུས་ཀྱིས་སེམས་ཅན་རྣམས་ཚིམ་པར་བྱེད་པར་འགྱུར་བ་དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་རང་གི་ཤ་དང་ཁྲག་ལ་སོགས་པས་བསྐལ་པ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དེ་ལྟ་བུའི་ལུས་ཐོབ་ནས་ལུས་དང་སྲོག་གིས་སེམས་ཅན་རྣམས་ཚིམ་པར་བྱེད་པར་གྱུར་ཅིག །གལ་ཏེ་སེམས་ཅན་རྣམས་ཚིམ་པར་བྱ་བའི་ཕྱིར་རང་གི་ལུས་དེ་ལྟ་བུ་གཏོང་བར་མི་བྱེད་དམ། བདག་རེ་ཞིང་སེམས་པའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་རྫོགས་པར་མ་གྱུར་ན། བདག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་ན་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིང་། བདག་ཀྱང་བླ་མེད་རྫོགས་བྱང་མི་ཐོབ་པ་དང་། འཁོར་བ་ན་འཁོར་བའི་ཚེ། དཀོན་མཆོག་གསུམ་གྱི་སྒྲ་དང་། ཕར་ཕྱིན་སོགས་ཀྱི་སྒྲ་ཡང་མི་ཐོས་པར། རྟག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ན་གནས་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་ཡང་བཏབ་ལ། ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་དུ་ལུས་བཏང་བ་དེ་བཞིན། ཕྱོགས་བཅུ་གཞན་གྱི་སངས་རྒྱས་ཀྱིི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་དེ་ལྟ་བུའི་ལུས་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་སོ། །དེའི་ཚེ་ངས་རྒྱུན་མ་ཆད་པར་མིག་དག་ཡོངས་སུ་བཏང་བ་གང་ཡིན་པ་དེ་དག་གི་ཕུང་པོ་ཡང་འཛམ་བུའི་གླིང་འདི་ན་སུམ་ཅུ་རྩ་གསུམ་པའི་ལྷའི་མཐར་ཐུག་པའི་ཚད་ཙམ་དུ་གྱུར་ཏེ། ལུས་ཡོངས་སུ་བཏང་བའི་སྦྱིན་པའི་ཕར་ཕྱིན་ལ་ལྟོས། འདི་ནི་དེ་བཞིན་གཤེགས་པས་ལུས་ཡོངས་སུ་གཏོང་བའི་སྦྱིན་པ་མདོར་བསྡུས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དེའི་འོག་ཏུ་བསྐལ་པ་ཚད་མེད་འདས་པ་ན། སངས་རྒྱས་ཀྱི་ཞིང་འདི་ཟླ་བ་རྣམ་པར་སྣང་བ་ཞེས་བྱ་བར་གྱུར་ཏེ། དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ཏོ། །ང་ཡང་འཛམ་བུའི་གླིང་དེར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྒྲོན་མ་སྣང་བ་ཞེས་བྱ་བར་གྱུར་ནས། ཇི་སྐད་སྔར་སྨོས་པ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་ལ་ངེས་པར་སྦྱར་རོ། །ཕྱིས་རང་གི་སྐྱེད་མོས་ ཚལ་དུ་ས་རྣམས་ལྟ་བའི་ཕྱིར་བྱུང་བ་དང ་། དེར་འཆིང་བ་དམ་པོས་ཕྱིན་ཅི་ལོག་ཏུ་བཅིངས་པའི་མི་ཞིག་མཐོང་ནས་བློན་པོ་རྣམས་ལ་དྲིས་པ་དང་། ལྷ་ལགས་མི་འདི་ནི་ལོ་གཅིག་ཏུ་མི་རྣམས་ཀྱི་འབྲུ་དང་ལོ་ཏོག་ཅི་འཁྲུངས་པའི་དྲུག་ཆ་ལྷ་ལ་འབུལ་བ་ལགས་ན། ལྷའི་འབངས་ལས་ཀྱི་མཐས་འཚོ་བའི་མི་རྣམས་ཀྱིས་འདུ་བའི་སྒོ་འབུལ་བར་བགྱིད་པ་དེ་ལྟར་མི་འདིས་མི་བགྱིད་པ་ལགས་སོ། །ངས་སྨྲས་པ། མི་འདི་ཐོང་ལ་སུ་ལ་ཡང་མཐུས་ནོར་དང་འབྲུ་དག་མ་སྡུད་ཅིག །དེ་དག་གིས་སྨྲས་པ། ལྷ་འགའ་ཡང་སེམས་ཤིན་ཏུ་དད་པས་འབུལ་བར་མི་བགྱིད་དོ། །གདུགས་གཅིག་བཞིན་དུ་ལྷའི་ཞལ་ཟས་སྐྱེམས་སོགས་དང་། བཙུན་མོའི་འཁོར་དང་། སྲས་དང་སྲས་མོ་རྣམས་ཀྱི་ལོངས་སྤྱོད་པ་གང་ལགས་པ་ཐམས་ཅད་གཞན་དག་ལས་འདུ་བ་ལགས་ན། ཅི་ལྟར་བགྱི། དེ་ནས་ང་ཤིན་ཏུ་ཡིད་མ་བདེ་སྟེ་བསམས་པ། ངས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་བུ་ལ་སྦྱིན་པར་བྱ་སྙམ་དུ། ང་ལ་བུ་ལྔ་བརྒྱ་ཡོད་པ་དེ་དག་ལ་བྱང་ཆུབ་ཡང་དག་པར་འཛིན་ཏུ་བཅུག་ཅིང་། འཛམ་བུའི་གླིང་འདི་ཆ་ལྔ་བརྒྱར་བགོས་ཏེ་བུ་རྣམས་ལ་བྱིན་ནས། ང་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་སྟེ་དྲང་སྲོང་གི་རབ་ཏུ་བྱུང་བའི་ཚངས་པར་སྤྱད་པ་སྤྱོད་ཅིང་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་ཧ་ཅང་ཡང་མི་རིང་བའི་ནགས་ཁྲོད་གཅིག་ན་ནགས་ཀྱི་རྩ་བ་དང་འབྲས་བུ་ཟ་ཞིང་། ཤིང་ཨུ་དུམ་བཱ་རའི་དྲུང་དུ་བསམ་གཏན་བསྒོམ་ཞིང་འདུག་འདུག་ནས་མཐར་གྱིས་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །དེའི་ཚེ་ན་འཛམ་བུའི་གླིང་གི་ཚོང་པ་ལྔ་བརྒྱ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་ཏེ་རིན་པོ་ཆེའི་ཕུང་པོ་མང་དུ་རྙེད་དོ། །དེ་ན་དེད་དཔོ ན་ཟླ་བ་ཞེས་བྱ་བ། སྐྱེས་བུ་སྐལ་ལྡན་མཛངས་པ་ཞིག་ཡོད་པ་དེས་ཀྱང་ཡིད་བཞིན་གྱི་ནོར་བུ་རྙེད་ནས་ཕྱིར་འོངས་པ་དང་། དེ་ནས་རྒྱ་མཚོ་ཡང་འཁྲུགས། ཀླུ་རྣམས་ཀྱང་ཁྲོས། དེ་ན་གནས་པའི་ལྷ་རྣམས་ཀྱང་ངུའོ། །དེ་ན་དྲང་སྲོང་དབུགས་འབྱིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཞིག་སྔོན་གྱི་སྨོན་ལམ་གྱིས་དེར་སྐྱེས་ནས་སེམས་ཅན་ཆེན་པོ་དེས་མགྲོན་པོ་དེ་དག་བདེ་ཞིང་བཀྲ་ཤིས་པར་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །སྲིན་པོ་གདུག་པ་ཕྱིར་རྒོལ་ཞིང་གླགས་ལྟ་ལ་སྐབས་ཚོལ་བ་ཞིག་མགྲོན་པོ་དེ་དག་གི་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་ནས། དེར་ཞག་བདུན་གྱི་བར་དུ་རླུང་དམར་དྲག་པོ་དང་། ཆར་པ་ཆེན་པོ་བབས་ནས། ཚོང་པ་དེ་དག་ལམ་རབ་ཏུ་སྟོར་ཏེ། ཤིན་ཏུ་སྐྲག་ནས་སྒྲ་ཆེན་པོས་ངུ་ཞིང་ཆོ་ངེ་འདེབས་ལ། སྨྲེ་སྔགས་འདོན་ཞིང་ལྷ་དང་། གུ་ལང་དང་། ཆུ་ལྷ་དང་། ལུས་ངན་སོགས་ལ་གསོལ་བ་འདེབས་པ་ནས། ཕ་མ་དང་སྡུག་པའི་བུ་རྣམས་ཀྱི་བར་དུ་ངུ་ཞིང་འབོད་པར་བྱེད་པ་ངའི་རྣ་བས་ཐོས་ནས། ང་ལམ་ཇི་སྲིད་པ་དེར་སོང་སྟེ། ཚོང་བདག་ལ་མ་འཇིགས་ཤིག །ངས་ཁྱེད་ཅག་ལ་ལམ་བསྟན་པར་བྱ་ཞིང་འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པར་བྱའོ་ཞེས་དབུགས་ཕྱུང་ནས། ངས་དེའི་ཚེ་རས་ཏིལ་མར་གྱིས་བསྐུས་ཏེ། རང་གི་ལག་པ་དཀྲིས་ནས་མེ་སྦར་ཏེ་བདེན་པའི་ཚིག་བརྗོད་པ། གལ་ཏེ་བདག་གིས་སེམས་ཅན་རྣམས་ཀྱི་དོན་དང་ཕན་པའི་ཕྱིར་ལོ་ཉི་ཤུ་རྩ་དྲུག་ཏུ་ཚངས་པའི་གནས་པ་བཞི་པོ་དག་གིས་ནགས་ཁྲོད་དུ་གནས་པས། ནགས་ཀྱི་རྩ་བ་དང་འབྲས་བུ་ཟ་ཞིང་། ལྷ་དང་གནོད་སྦྱིན་བརྒྱད་ཁྲི་བཞི་སྟོང་གི་སེམས་ཀྱི་རྒྱུད་སྨིན་པར་བྱས་ཏེ། བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ལ་བཀོད་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེས། བདག་གི་ལག་པ་འབར་བར་འགྱུར་ཞིང་ཚོང་པ་རྣམས་ཀྱིས་ལམ་རྙེད་པར་གྱུར་ཏེ་འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པར་གྱུར་ཅིག་ཅེས་བརྗོད་པས། ཉིན་མཚན་བདུན་གྱི་བར་དུ་ངའི་ལག་པ་དེ་འབར་བར་གྱུར་ནས་ཚོང་པ་དེ་དག་འཛམ་བུའི་གླིང་དུ་བཀོད་དོ། །དེར་ངས་སྨོན་ལམ་བཏབ་པ། གང་གི་ཚེ་འཛམ་བུའི་གླིང་ན་རིན་པོ་ཆེ་མེད་པར་གྱུར་པ་དེའི་ཚེ་བདག་བླ་མེད་རྫོགས་བྱང་དུ་འཚང་རྒྱ་བར་འགྱུར་བ་ལྟ་ན། བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་འཛམ་བུའི་གླིང་དུ་དེད་དཔོན་དུ་གྱུར་ལ། ལན་བདུན་གྱི་བར་དུ་ཡིད་བཞིན་གྱི་ནོར་བུ་བླངས་ཏེ། སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་ཀྱི་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབེབས་པར་གྱུར་ཅིག །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རབ་ཏུ་འབེབས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེ་བཞིན་དུ་ངའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཏེ། བསྐལ་པ་ཆེན་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་བར་དུ་ང་དེད་དཔོན་དུ་གྱུར་ནས། སངས་རྒྱས་ཀྱི་ཞིང་དེ་སྙེད་དུ་རིན་པོའི་ཆར་རབ་ཏུ་ཕབ་སྟེ། གླིང་རེ་རེ་ཡང་ལན་བདུན་བདུན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རབ་ཏུ་ཕབ་བོ། །དེ་ལྟར་སེམས་ཅན་གྲངས་མེད་དཔག་མེད་དག་རིན་པོ་ཆེ་དག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་ཐེག་པ་གསུམ་པོ་ལ་ངེས་པར་སྦྱར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་རིན་པོ་ཆེ་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་ལ་ལྟོས། གཞན་ཡང་བསྐལ་པ་དཔག་ཏུ་མེད་པ་འདས་པའི་འོག་ཏུ་བསྐལ་པ་མགུ་བྱེད་ཅེས་བྱ་བ་ལ་སངས་རྒྱས་ཀྱི་ཞིང་འདི་རབ་རིབ་ཅན་ཞེས་བྱ་བ་སྙིགས་མ་ལྔ་དང་ལྡན་ཅིང་སྐྱེ་དགུ་རྣམས་ཚེ་ལོ་ལྔ་སྟོང་བར་གྱུར་པ་ན། ང་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་འདིར་རིག་བྱེད་འདོན་པའི་བྲམ་ཟེ་ཉི་ཕྲེང་སྤོས་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ན་སེམས་ཅན་ཕལ་ཆེར་རྟག་པར་ལྟ་ཞིང་འཁོན་པ་དང་། འཐབ་པ་ལ་གནས་པ། ཕ་རོལ་གནོན་པ་གནས་པར་གྱུར་ཏོ། །ངས་སེམས་ཅན་དེ་དག་ལ་ཕ་རོལ་གནོན་པའི་སྟོབས་ཆེན་པོའི་ཤུགས་ཀྱིས་ཕུང་པོ་དགྲ་ལྟ་བུ་དང་། སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་བརྟག་པ་དང་། རྐྱེན་གྱི་རྗེས་འབྲེལ་བ། སྐྱེ་འཇིག་དང་བཅས་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་བསྟན་ཏེ། དེ་དག་དགེ་བའི་རྩ་བ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་སེམས་བསྐྱེད་པ་ལ་སྦྱར་ནས། ང་ཉིད་ཀྱང་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏེ། ངས་སེམས་ཅན་དཔག་མེད་གྲངས་མེད་ལ་གདམས་ཤིང་རྗེས་སུ་བསྟན་པས་མངོན་ཤེས་ལྔ་དང་ལྡན་པར་གྱུར། དེ་བཞིན་དུ་སེམས་ཅན་དཔག་མེད་གྲངས་མེད་དག་ཀྱང་འཐབ་རྩོད་དང་འཁོན་འཛིན་སྤངས་ཏེ། ནགས་ཁྲོད་ན་རྩ་བ་དང་འབྲས་བུ་ཟ་ལ། བསམ་གཏན་སྒོམ་ཞིང་ཚངས་པའི་གནས་བཞི་པོ་དག་གིས་ཉིན་མཚན་འདའ་བར་བྱེད་དོ། །དེ་ནས་བསྐལ་པ་དེ་ཟད་དུ་ཉེ་བ་ན་སྦྱིན་གནས་དེ་དག་གིས་འཛམ་བུའི་གླིང་མཐའ་དག་ཁྱབ་པར་གྱུར་ཏེ། འཐབ་རྩོད་འགྱེད་པ་དག་ཀྱང་ཞི། དུས་མིན་གྱི་ཆར་དང་རླུང་དག་ཀྱང་ཞི། ས་ལ་བརྟེན་པའི་ལོ་ཐོག་རྣམས་སྨིན་ཞིང་མདངས་དང་ལྡན་པར་གྱུར་ཀྱང་། དུས་ཀྱི་ཉེན་པས་ནད་སྣ་ཚོགས་ཀྱིས་ཉེན་པ་འབའ་ཞིག་ཏུ་གྱུར་པ་ན། ངས་འདི་སྙམ་དུ། བདག་གིས་སེམས་ཅན་འདི་དག་གི་ནད་ཞི་བར་བྱེད་མ་ནུས་སོ་སྙམ་དུ། བརྒྱ་བྱིན་དང་ཚངས་པ་དང་འཇིག་རྟེན་སྐྱོང་བ་དང་ལྷ་ལ་སོགས་པའི་དྲང་སྲོང་རྣམས་བསགས་ལ། སེམས་ཅན་རྣམས་ཀྱི་དོན་དུ་སྨན་སྦྱར་བའི་བསྟན་བཅོས་དག་བསྟན་པར་བྱའོ་སྙམ་ནས་ང་རྫུ་འཕྲུལ་གྱིས་སོང་སྟེ། བརྒྱ་བྱིན་དང་ཚངས་པ་ནས་མིའི་དྲང་སྲོང་རྣམས་ལ་བསྒོས་ནས་རི་ལན་ཚྭའི་བདག་པོ་ཞེས་བྱ་བའི་ལན་ཚྭ་སྤྱོད་པའི་རྩེ་མོར་ངེས་པའི་གནས་ཞེས་བྱ་བ་དེར་བསྡུས་ནས། འབྱུང་པོ་རྣམས་བཟློག་ཅིང་བསྲུངས་ལ། རླུང་མཁྲིས་བད་ཀན་རབ་ཏུ་ཞི་བར་བྱེད་པའི་བསྟན་བཅོས་བྱས་ནས་རབ་ཏུ་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་དཔག་ཏུ་མེད་པའི་ནད་རྣམས་ཀྱང་ཞི་བར་བྱས་སོ། །དེར་ངས་ཉི་མ་གཅིག་ལ་ཡང་སེམས་ཅན་གྲངས་མེད་དཔག་མེད་དག་ནད་སྣ་ཚོགས་ལས་ཐར་བར་བྱས་ཏེ། དེ་དག་ལ་ཤེས་རབ་སྣང་བར་བྱས་ཤིང་། ཐེག་པ་གསུམ་པོ་ལ་སྦྱར་ནས་ངན་སོང་གི་ལམ་བཅད་ཅིང་མཐོ་རིས་ཀྱི་ལམ་ལ་བཀོད། ཡེ་ཤེས་ཀྱི་སྣང་བ་བྱིན་ཏེ་བདེ་བ་ལ་བཀོད་པའི་དགེ་རྩ་སྨིན་པ་དེས་ངའི་སྨོན་ལམ་གྱི་རེ་བ་ཡོངས་སུ་རྫོགས་ཏེ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་གླིང་ཐམས་ཅད་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་བྱས་པ་དང་། ཞིང་དེ་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་ཏེ། རིག་པའི་གནས་སྣ་ཚོགས་ཀྱང་བཤད་དོ། །ཇི་ལྟར་ཞིང་འདིར་སྨོན་ལམ་བཏབ་པ་དེ་བཞིན་དུ་ཞིང་གངྒཱའི་བྱེ་སྙེད་དུ་ཡང་ངས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ཕན་གདགས་པའི་སྐྱེས་བུའི་རྩལ་དེ་ལྟ་བུ་བྱས་ཏེ། དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཤེས་རབ་ཀྱི་ཁྱད་པར་དང་། ལེགས་སྤྱད་གསུམ་གྱི་དགེ་བའི་ས་བོན་བཞག་པ་དེ་ལ་ལྟོས། དེ་བཞིན་དུ་བསྐལ་པ་གྲངས་མེད་པ་ལས་ཤིན་ཏུ་ལྷག་པ་སྙེད་འདས་པ་ན། དུས་ངན་པའི་ཚེ་བསྐལ་པ་ཆེན་པོ་ལེགས་བཅས་ཞེས་བྱ་བ་བྱུང་བ་ན། སངས་རྒྱས་ཀྱི་ཞིང་འདི་རྣམ་རྒྱལ་སྒྲ་དབྱངས་ཞེས་བྱ་བར་གྱུར་ཏེ་སྙིགས་མ་ལྔ་དང་ལྡན་པར་གྱུར་ནས། ཤར་ཕྱོགས་ལོགས་སུ་གླིང་བཞི་པ་ལྔ་བཅུ་འདས་པ་ན། འཛམ་བུའི་གླིང་དགའ་བ་ཞེས་བྱ་བ་ཞིག་ཏུ་ང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེས་ནས། གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་ཏོ། །དེར་ཡང་སེམས་ཅན་རྣམས་དགེ་བཅུ་དང་ཐེག་གསུམ་འཛིན་དུ་བཅུག་སྟེ། ཐམས་ཅད་སྦྱིན་ཞིང་ཀུན་ལ་སྦྱིན་པར་གྱུར་ཏོ། །དེར་ངའི་གན་དུ་སློང་མོ་བ་དག་འོངས་ནས་གསེར་དང་ཨནྡ་རྙིལ་དང་མཐོན་ཀ་ཆེན་པོ་སོགས་རིན་པོ་ཆེ་སྣ་ཚོགས་སློང་བ་རྣམས་ཀྱིས་རིན་པོ་ཆེ་མང་པོ་དེ་སྙེད་ཐོབ་པར་གྱུར་ཏོ། །དེའི་ཚེ་ངས་བློན་པོ་རྣམས་ལ་དྲིས་པ། རིན་པོ་ཆེ་འདི་དག་གང་ལས་བྱུང་། དེ་དག་གིས་སྨྲས་པ། ཀླུའི་རྒྱལ་པོ་རྣམས་ཀྱིས་གཏེར་དག་བསྟན་ཏེ། འཇིག་རྟེན་དུ་གཏེར་བྱུང་བས་རིན་པོ་ཆེ་རྣམས་བྱུང་བར་གྱུར་ཏེ། ལྷའི་ཞལ་སྔ་ན་སློང་བ་ཇི་ཙམ་མཆིས་པ་དེ་ཙམ་ཉི་ཚེ་ལས་མ་བསྟན་ཏོ། །དེའི་ཚེ་ངས་སྨོན་ལམ་བཏབ་པ། གལ་ཏེ་བདག་སྙིགས་མ་ལྔ་དང་ལྡན་པའི་ཞིང་དུ་འཚང་རྒྱ་བ་ལྟ་ན། བདག་གི་རེ་བ་འདི་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་སངས་རྒྱས་ཀྱི་ཞིང་འདིར་གླིང་རེ་རེར་ཡང་གཏེར་སྟོན་པར་བྱེད་པའི་ཀླུའི་རྒྱལ་པོར་ཡང་སྐྱེ་བ་ལན་བདུན་བདུན་ལེན་པར་གྱུར་ལ། སྐྱེ་བ་རེ་རེར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་སྟོན་ཅིང་གཏོང་བར་གྱུར་ཅིག །གསེར་དང་ཨནྡ་རྙིལ་ལ་སོགས་པ་ཆུ་འདང་གི་བར་དག་གི་གཏེར་རེ་རེ་ཞིང་རྒྱར་དཔག་ཚད་སྟོང་ཡོད་ལ། རིན་པོ་ཆེ་མང་པོས་གང་བ་དག་བྱུང་སྟེ། སེམས་ཅན་རྣམས་ལ་སྟོན་ཅིང་གཏོང་བར་གྱུར་ཅིག །ཇི་ལྟར་ཞིང་འདིར་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔ་དང་ལྡན་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་ཕྱེ་མ་སྙེད་དུ་གླིང་ཐམས་ཅད་ཀྱི་རེ་རེར་ཡང་དེ་ལྟར་སྐྱེ་བ་བདུན་རེ་འཛིན་ཞིང་གཏེར་སྟོན་པར་སྨོན་ལམ་བཏབ་པས་ནམ་མཁའི་ལྷ་རྣམས་ཀྱིས་མེ་ཏོག་གིས་ཆར་ཕབ་ཅིང་ངལ་ལེགས་སོ་ཞེས་བྱིན་ཏེ་ཁྱོད་ཀྱི་སྨོན་ལམ་བཞིན་དུ་རེ་བ་ཡང་འགྲུབ་པར་འགྱུར་རོ། །ཞེས་དང་། ལྷ་རྣམས་ཀྱིས་ནམ་མཁའི་དཀྱིལ་ནས། རྒྱལ་པོ་ནམ་མཁའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་བཏགས་པ་སྐྱེ་བོ་ཕལ་མོ་ཆེ་རྣམས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་བདག་ཅག་གིས་དེ་ལ་གང་ཡོངས་སུ་བཏང་དཀའ་བའི་སྦྱིན་པ་དག་བསླང་བར་བྱ་སྟེ། གལ་ཏེ་ཡོངས་སུ་བཏང་ན་འདིའི་མིང་དེ་བཞིན་དུ་འགྱུར་ལ། མི་གཏོང་ན་མི་འགྱུར་རོ་སྙམ་ནས། རྒྱལ་པོ་ལ་བཙུན་མོ་དང་། བུ་དང་བུ་མོ་དག་ཀྱང་བསླངས་པ་ཐམས་ཅད་སེམས་རབ་ཏུ་དང་བས་བྱིན་ནོ། །བྲམ་ཟེ་སྐར་མ་ལ་དགའ་བ་ཞེས་བྱ་བས་རྒྱལ་སྲིད་བསླངས་པ་ལ། བདག་ཉིད་ཀྱིས་དེ་རྒྱལ་པོར་དབང་བསྐུར་ཏེ། འཛམ་བུའི་གླིང་ཐམས་ཅད་བྱིན་ལ་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་བདག་གིས་ད་ལྟ་རྒྱལ་པོར་བཅུག་པ་འདི་ཡང་འཛམ་གླིང་ཐམས་ཅད་དུ་ཚིག་གིས་དབང་བསྒྱུར་ཞིང་ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཡུན་རིང་དུ་གནས་པ་དང་། བདག་སངས་རྒྱས་པའི་ཚེ་རྒྱལ་ཚབ་ཉིད་དུ་གྱུར་ནས་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བྲམ་ཟེ་འདོད་པ་ཞེས་བྱ་བས་རྐང་པ་གཉིས་བསླངས་བ་ལ། རང་གིས་མཚོན་རྣོན་པོས་བཅད་དེ་སེམས་དང་བས་བྱིན་ནོ། །བྲམ་ཟེ་ལྟ་བསྲུང་ཞེས་བྱ་བས་མིག་གཉིས་དང་། བྲམ་ཟེ་སྒྲ་བཟང་ཞེས་བྱ་བས་རྣ་བ་གཉིས་དང་། འཚོ་བ་པ་ཡང་དག་འཚོ་ཞེས་བྱ་བས་ཕོ་མཚན་དང་། གཞན་དག་གིས་ཤ་དང་ཁྲག་བསླངས་པ་དག་ལ། རང་གིས་བཅད་ནས་བྱིན་ཏེ་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་བོ། །ཀུན་ཏུ་རྒྱུ་འོ་མ་འཛག་ཅེས་བྱ་བས་ལག་པ་གཉིས་བསླངས་པ། རང་ཉིད་ཀྱིས་ལག་པ་གཡས་པས་གཡོན་པ་བཅད་ནས། གཡས་པ་ཡང་གཅོད་དུ་བཅུག་སྟེ་བྱིན་ནས་དད་པའི་ཕྱག་བླ་ན་མེད་པ་ཐོབ་པར་སྨོན་ལམ་བཏབ་བོ། །དེའི་ཚེ་ལུས་ཁྲག་གིས་ཡོག་བཞིན་དུ། གཏོང་བ་འདིས་བདག་བླ་མེད་འཐོབ་པ་ལྟ་ན། བདག་གི་ལུས་འདི་ལེན་པ་ཞིག་ཀྱང་གདོན་མི་ཟ་པར་རྙེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེ་ན་ཁམས་ཀྱི་རྒྱལ་པོ་དང་བློན་པོ་དང་སེམས་ཅན་དེ་དག་སྙིང་རྗེ་མེད་པ་བྱས་པ་མི་གཟོ་བ་བློ་འཆལ་ཞིང་ཤེས་རབ་ཆུང་བ་སྟེ། ཡན་ལག་ཐམས་ཅད་གཏུབས་ཤིང་རྒྱལ་སྲིད་ཀྱི་དབང་ཕྱུག་ལས་ཉམས་པས་ན། ད་ཤ་སྣག་དགུ་འདིས་ཅི་བྱ་ཟེར་ཏེ། དེ་དག་གིས་དེ་ཁྱེར་ཏེ་གྲོང་ཁྱེར་གྱི་ཕྱི་རོལ་དུར་ཁྲོད་ཀྱི་སར་བོར་ཏེ་བཏང་ངོ་། །དེར་ཤ་སྦྲང་དང་སྦྲང་བུ་མཆུ་རིང་དག་གིས་ཁྲག་འཇིབ་པར་བྱེད། ཁྱི་དང་ཝ་དང་། བྱ་རྒོད་དག་ཀྱང་ལྷགས་ནས་ཤ་འཐོག་པར་བྱེད་དོ། །དེར་ངས་སེམས་རབ་ཏུ་དང་བས་སྨོན་ལམ་བཏབ་པ། གང་གི་ཚེ་བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ཡན་ལག་དང་ཉིད་ལག་ཐམས་ཅད་བཏང་བ་ན་སྐད་ཅིག་ཀྱང་འགྱོད་པ་མ་སྐྱེས་པ་ལྟ་ན། དེའི་ཕྱིར་བདག་གི་རེ་བ་འདི་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་གི་ལུས་འདི་ཤའི་རིར་ཀུན་ཏུ་གནས་པར་གྱུར་ལ། སེམས་ཅན་གང་དག་ཤ་ཁྲག་ཟ་བ་རྣམས་ཀྱིས་ཟ་ཞིང་འཐུང་བ་དེ་སྲིད་དུ་བདག་གི་སྨོན་ལམ་གྱི་དབང་གིས་ལུས་མཐར་གྱིས་སླར་སྐྱེ་ཞིང་འཕང་དུ་དཔག་ཚད་འབུམ་དང་། རྒྱར་དཔག་ཚད་ལྔ་སྟོང་ཡོད་པར་གྱུར་ནས་ལོ་སྟོང་གི་བར་དུ་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། དེར་ངས་ལྕེ་ཇི་སྙེད་ཅིག་བཏང་བ་བྱ་རྒོད་ཀྱི་ཕུང་པོའི་རི་འདིའི་ཚད་ཙམ་དུ་གྱུར་ཏེ། ལྗགས་རིང་བའི་མཚན་ཐོབ་པར་སྨོན་ལམ་རྟག་ཏུ་བཏབ་བོ། །དེ་ནས་ང་ཤི་འཕོས་ནས་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་འདིར་ཤིང་བ་ཏ་སྐྱེ་བར་ཀླུའི་རྒྱལ་པོ་གཏེར་སྟོན་ཞེས་བྱ་བར་གྱུར་ཏོ། །གང་དུ་ཀླུར་སྐྱེས་པ་དེ་ཉིད་ཀྱི་ནུབ་མོ་ངས་གཏེར་བྱེ་བ་ཁྲག་ཁྲིག་འབུམ་ཀུན་ཏུ་བསྟན་ནས། ང་ཉིད་ཀྱིས་འདི་སྐད་བསྒྲགས་ཏེ་ཀྱེ་སེམས་ཅན་དག་ཕྱོགས་འདི་ན་ནི་དབྱིག་དང་གསེར་དང་ཆུ་འདང་གི་བར་གྱི་རིན་ཆེན་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་གཏེར་ཡོད་པས། ཁྱེད་ཀྱིས་ལོངས་ལ་དགེ་བཅུའི་ལམ་དང་ཐེག་པ་གསུམ་གྱི་སེམས་སྐྱེད་ཅིག་ཅེས་དེ་ལྟར་ཀླུའི་སྐྱེ་བ་ལན་བདུན་བརྗེས་པ་ན། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་བར་དུ་གཏེར་གྲངས་མེད་པ་བསྟན་ཅིང་བྱིན་ཏེ། སེམས་ཅན་ཚད་མེད་པ་ཐེག་གསུམ་དང་དགེ་བ་ལ་བཀོད་ནས། བླ་ན་མེད་པའི་མཚན་སོ་གཉིས་འཐོབ་པའི་ཕྱིར་སྨོན་ལམ་བཏབ་བོ། །དེ་བཞིན་དུ་གླིང་གཉིས་པ་ནས་འཇིག་རྟེན་གྱི་ཁམས་དེའི་གླིང་ཐམས་ཅད་དུ་སྐྱེས་བུའི་རྩལ་དེ་ལྟ་བུ་བྱས་ཤིང་། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ལྡན་གངྒཱའི་བྱེ་སྙེད་དུ་ཡང་གླིང་རེ་རེར་ཇི་སྐད་སྨོས་པ་བཞིན་དུ་ཀླུའི་སྐྱེ་བ་བདུན་བདུན་བླངས་ཏེ་སྔར་གྱི་ལོ་དེ་སྙེད་དུ་གཏེར་དཔག་མེད་བསྟན་པས་སེམས་ཅན་གྱི་དོན་བྱས་སོ། །དེ་བཞིན་གཤེགས་པས་སྟོབས་དང་བརྩོན་འགྲུས་དྲག་པོས་མཚན་སོ་གཉིས་འཚོལ་བའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་དེ་ལྟ་བུ་སྔར་སྨོས་པའི་སྐྱེས་བུ་དམ་པ་བརྒྱད་པོ་མ་གཏོགས་བྱང་སེམས་གཞན་གྱིས་མ་སྤྱད་པ་དག་སྤྱད་དོ། །ཡང་དེའི་ཚེ་བསྐལ་པ་གྲངས་མེད་པ་འདས་ནས་དུས་ངན་པའི་ཚེ་བསྐལ་པ་ཆེན་པོ་ཨུཏྤལ་ཞེས་བྱ་བ་བྱུང་བ་ན། སངས་རྒྱས་ཀྱི་ཞིང་འདི་བྱེ་རུ་འབྱུང་བ་ཞེས་བྱ་བ་སྙིགས་མ་ལྔ་དང་ལྡན་པར་གྱུར་པའི་ཚེ། གླིང་བཞི་པ་དེར་ང་བརྒྱ་བྱིན་ལེགས་པར་རྣམ་པར་བྱེད་ཅེས་བྱ་བར་གྱུར་ནས། དེའི་ཚེ་འཛམ་གླིང་གི་མི་རྣམས་མི་དགེ་བ་ལ་སྤྱོད་པར་མཐོང་ནས། ང་གནོད་སྦྱིན་གྱི་གཟུགས་ཤིན་ཏུ་འཇིགས་འཇིགས་ལྟ་ཞིག་ཏུ་སྤྲུལ་ཏེ་འཛམ་བུའི་གླིང་དུ་བབ་ནས་མི་རྣམས་ཀྱི་མདུན་དུ་བསྡད་དོ། །དེ་དག་གིས་ང་མཐོང་ནས་སྐྲག་སྟེ་ཁྱོད་ལ་ཅི་དགོས་པ་བདག་ཅག་གིས་དབུལ་ལོ། །ངས་སྨྲས་པ་ཁོ་བོ་ལ་ཁ་ཟས་དགོས་སོ། །དེ་དག་གིས་སྨྲས་པ། ཁ་ཟས་ཅི་ལྟ་བུ་ལགས། ངས་སྨྲས་པ། ཁོ་བོ་ནི་མི་དག་བསད་ཅིང་ཟ་སྟེ། མི་གང་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་བ་སོགས། ལོག་ལྟའི་བར་དུ་སྤོང་པ་དེ་དག་དང་། ཐེག་གསུམ་དུ་སེམས་བསྐྱེད་པ་དེ་དག་ང་མི་ཟའོ། །དེ་ན་ངས་སེམས་ཅན་དག་སྤྲུལ་ཞིང་ཟ་བ་དེ་མཐོང་ན་སེམས་ཅན་དེ་དག་འཇིགས་ནས་ཇི་སྲིད་འཚོའི་བར་དུ་མི་དགེ་བཅུ་སྤངས་སོ། །ཐེག་པ་གསུམ་དུ་སེམས་ཀྱང་བསྐྱེད་དེ། གླིང་བཞི་པའི་སེམས་ཅན་ཐམས་ཅད་དགེ་བཅུའི་ལམ་དང་ཐེག་གསུམ་ལ་བཀོད་ནས། དེར་ངའི་སྨོན་ལམ་བཏབ་པའི་སྟོབས་ཀྱིས་གླིང་བཞི་པ་འདིར་ཇི་ལྟ་བ་བཞིན་དུ་ཞིང་དེའི་གླིང་ཐམས་ཅད་དང་། ཕྱོགས་བཅུའི་ཞིང་གངྒཱའི་བྱེ་སྙེད་དུ་ཡང་གོང་དུ་སྨོས་པ་ཇི་ལྟ་བུའི་གནོད་སྦྱིན་གྱི་གཟུགས་ཀྱིས་དགེ་བ་ལ་བཀོད་དོ། །དེ་ལྟར་ངས་སེམས་ཅན་རྣམས་བསྡིགས་ཤིང་དགེ་བའི་ལས་ལ་བཀོད་པའི་ལས་ཀྱི་འཕྲོ་དེས། ང་བྱང་ཆུབ་ཤིང་དྲུང་དུ་རྡོ་རྗེའི་གདན་ལ་འདུག་པ་ན། བདུད་སྡིག་ཅན་དཔུང་གི་ཚོགས་དང་བཅས་པ་ང་བྱང་ཆུབ་ལས་བཟློག་པར་བྱ་བའི་ཕྱིར་ཉེ་བར་འོངས་སོ། །རིགས་ཀྱི་བུ་ངས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ན་སྤྱིན་པའི་ཕར་ཕྱིན་ཐོབ་པ་མདོར་བསྡུས་པ་ནི་འདི་ལྟ་སྟེ་དེའི་ཚེ་ངས་བཟོད་པ་ཟབ་མོ་དང་གཟུངས་དང་ཏིང་ངེ་འཛིན་དང་འཇིག་རྟེན་པའི་མངོན་ཤེས་ལྔ་ཡང་ཐོབ་སྟེ། སེམས་ཅན་དཔག་ཏུ་མེད་པ་ཐེག་པ་གསུམ་ལ་སྨིན་པར་བྱས་སོ། །སངས་རྒྱས་གྲངས་མེད་པ་མཆོད་ཅིང་སངས་རྒྱས་རེ་རེའི་དྲུང་ནས་རྒྱ་མཚོའི་ཆུའི་ཐིགས་པ་སྙེད་ཀྱི་ཡོན་ཏན་དག་ཀྱང་ཡོངས་སུ་བཟུང་། གཞན་ཉན་རང་དང་ཕ་མ་དང་། མངོན་ཤེས་དང་ལྡན་པའི་དྲང་སྲོང་བགྲང་བ་ལས་འདས་པ་ལ་ཡང་མཆོད་པར་བྱས་སོ། །ངས་སྔོན་རང་གི་ཤ་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། ད་ལྟར་ཡང་ཆོས་རྣམས་ཀྱིས་ཚིམ་པར་བྱས་པ་ཡིན་ནོ། །ཇི་ལྟར་ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཡོངས་སུ་མྱ་ངན་ལས་འདས་པར་གཟིགས་པ་དེ་དག་ཀྱང་དང་པོར་ངས་བླ་མེད་བྱང་ཆུབ་འཛིན་དུ་བཅུག་པ་དང་། ཕར་ཕྱིན་དྲུག་འཛིན་དུ་བཅུག་ཅིང་དེ་དག་ལ་རབ་ཏུ་བཀོད་དོ། །དེ་བཞིན་དུ་ད་ལྟར་ཕྱོགས་བཅུ་རེ་རེར་ཡང་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་འཚོ་ཞིང་གཞེས་ལ་ཆོས་སྟོན་པ་དེ་དག་ཀྱང་ངས་བྱང་ཆུབ་ལ་བཞག་སྟེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་ཏུ་རྒྱས་པ་ན་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་ཞེས་བྱ་བ་དང་། མངོན་པར་དགའ་བ་ན་མི་འཁྲུགས་པ་ཞེས་བྱ་བ་དང་། འཛམ་བུའི་ཆུ་ཀླུང་ན་ཉི་མའི་སྙིང་པོ་ཞེས་བྱ་བ་ལ་སོགས་པའི་དེ་བཞིན་གཤེགས་པ་གྲངས་མེད་དཔག་མེད་འཚོ་ཞིང་གཞེས་ཏེ་ཆོས་སྟོན་པ་དེ་རྣམས་ངས་དང་པོར་བྱང་ཆུབ་འཛིན་དུ་བཅུག་ཅིང་ཕར་ཕྱིན་ལ་བཀོད་ནས་ལུང་བསྟན་པ་ཐོབ་པ་ཡིན་ནོ་ཞེས་སོགས་གསུངས་པ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་ཏུ་རྒྱས་པ་ན་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོའི་གདན་གཡོས་པ་ན། འཁོར་གྱི་བྱང་སེམས་རྣམས་ཀྱིས་དེའི་རྒྱུ་རྐྱེན་ཞུས་པའི་ཚེ། མི་མཇེད་ན་སངས་རྒྱས་ཤཱཀྱ་ཐུབ་པས་སྔོན་གྱི་ཚུལ་ལས་བརྩམས་ཏེ་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་དེས་བདག་སྔོན་ཆད་བྱང་ཆུབ་ལ་བཙུད་ཅིང་དགེ་བའི་བཤེས་གཉེན་མཛད་པས། ཁྱེད་ཅག་ཞིང་དེར་དེང་ལ་དེ་བཞིན་གཤེགས་པ་དེ་ལ་ངའི་ཚིག་གིས་སྙུན་གསོལ་བ་སོགས་ཀྱིས་ཞེས་གསུངས་པ་དང་། དེ་དག་འགྲོ་བར་བརྩམས་པ་ན་མི་མཇེད་ཀྱི་ཞིང་ཕྱོགས་གང་དུ་ཡོད་པ་མ་ཤེས་ནས་དེ་བཞིན་གཤེགས་པ་དེ་ལ་དེ་ལྟར་ཞུས་པ་དང་། སངས་རྒྱས་དེས་ཕྱག་བརྐྱངས་ཏེ་སོར་མོ་ལྔ་ལས་འོད་ཟེར་སྣ་ཚོགས་བཀྱེ་བས་སངས་རྒྱས་ཀྱི་ཞིང་ས་ཡ་ཕྲག་དགུ་དང་ཆིག་འབུམ་དག་སྣང་བར་བྱས་ཏེ་མི་མཇེད་ཀྱི་ཞིང་མཐོང་བ་དང་། དེའི་ཚེ་མི་མཇེད་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་དང་ལྷ་དང་ཀླུ་ལ་སོགས་པས་ས་དང་བར་སྣང་ནམ་མཁའི་གཏོས་ཐམས་ཅད་ཁྱབ་པར་མཐོང་ནས་ཐ་ན་འཁར་བ་གཟུགས་པའི་གཏོས་ཙམ་ཡང་མ་ཁྱབ་པ་མེད་ལ། འཁོར་དེ་དག་གིས་ཀྱང་ཤཱཀྱ་ཐུབ་པ་ནི་བདག་ཅག་ལ་གཟིགས་ཤིང་ཆོས་སྟོན་པར་མཐོང་བའི་ཚུལ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་ཀུན་ཏུ་གཟིགས་པ་ཡིན་ཏེ། མི་མཇེད་ན་གནས་པའི་སེམས་ཅན་ས་དང་བར་སྣང་ན་གནས་པ་ཐམས་ཅད་ཀྱིས་རེ་རེས་ཀྱང་རང་རང་ལ་གཟིགས་ཏེ་ཆོས་སྟོན་པར་མཐོང་ངོ་། །སངས་རྒྱས་དེ་ནི་དབྱིབས་དང་ཁ་དོག་གཅིག་གིས་ཀྱང་དབྱིབས་ཁ་དོག་སྣ་ཚོགས་དང་། ཚངས་པ་དང་བདུད་དང་དབང་ཕྱུག་སོགས་གང་དང་གང་ལ་མོས་པ་ལ་དེ་དང་དེའི་རྣམ་པ་དང་སྐད་ཀྱིས་ཆོས་ཐོས་སོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྣང་བའི་འོད་ཟེར་ལ་སོགས་པ་མི་མཇེད་དུ་འགྲོ་བར་ཆས་པ་ལ་བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་བ། མི་མཇེད་དེ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་དག་གིས་ཁྱབ་པས་ན། བདག་ཅག་གང་དུ་མཆི་བའི་གོ་སྐབས་མ་མཆིས་སོ། །དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོས་བཀའ་སྩལ་པ། རིགས་ཀྱི་བུ་དག་མི་མཇེད་ན་གོ་སྐབས་མེད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དག་གིས་གོ་སྐབས་ཡངས་པ་ཡིན་ཏེ། སྔོན་གྱི་སྨོན་ལམ་གྱི་དབང་གིས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཐེག་གསུམ་ལས་བརྩམ་སྟེ་ཆོས་སྟོན་པ་དང་བསླབ་པ་གསུམ་གྱི་སྡོམ་པ་སྟོན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་སྟོན་པ་དང་། སེམས་ཅན་རྣམས་ངན་སོང་གསུམ་ལས་འདྲེན་པ་དང་། ཞི་བའི་ལམ་གསུམ་ལ་རབ་ཏུ་འགོད་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་དེའི་ཐུགས་རྗེ་དང་བསྟན་པ་ལ་འཇུག་པ་ནི་ཡངས་པ་ཡིན་ནོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་སངས་རྒྱས་ནས་རིང་པོར་མ་ལོན་པའི་དུས་ཤིག་ན་འདུལ་བའི་སེམས་ཅན་གཟིགས་ཤིང་བདག་མི་མཉམ་པའི་དབུས་ན། གནོད་སྦྱིན་དབང་པོ་མིག་ཅེས་བྱ་བ་གནས་ཤིང་སཱ་ལའི་ཕུག་ཏུ་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་ཞིང་སྐྱིལ་མོ་ཀྲུང་གཅིག་གིས་ཞག་བདུན་འདའ་བར་མཛད་ཅིང་བཞུགས་པ་ན། དེ་བཞིན་གཤེགས་པའི་སྐུས་སཱ་ལའི་ཕུག་ཐམས་ཅད་ཁྱབ་པར་གྱུར་ཏེ། དེ་ན་སྐུས་མ་ཁྱབ་པའི་གོ་སྐབས་སོར་བཞི་ཙམ་ཡང་མེད་དོ། །ཞག་བདུན་པོ་དེ་འདས་པ་དང་། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲག་ཁྲིག་ཕྲག་བཅུ་གཉིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར་མི་མཇེད་ཀྱི་རི་གང་ཡིན་པ་དེར་མངོན་དུ་ཕྱོགས་ཏེ་འཁོད་པ་དང་། དེ་བཞིན་གཤེགས་པ་དེས་འཁོར་དེར་རྫུ་འཕྲུལ་མངོན་པར་འདུ་མཛད་པས་བྱང་ཆུབ་སེམས་དཔའ་དེ་དག་གིས་སཱ་ལའི་ཕུག་དེ་གོ་སྐབས་ཡངས་པར་མཐོང་ནས་དེར་ཞུགས་པ་དང་། ཕུག་དེ་ཡང་དེ་ལྟར་ཡངས་ཤིང་རྒྱ་ཆེ་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་དེ་བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས། སོ་སོར་རིན་ཆེན་སྣ་བདུན་གྱི་ཁྲི་སྟན་དག་མངོན་པར་སྤྲུལ་ཞིང་དེ་ལ་འཁོད་ནས་ཆོས་ཉན་པར་བྱས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཕྱིར་དོང་བའི་རིང་པོ་མ་ལོན་པར་སཱ་ལའི་ཕུག་དེ་ཡང་སྔོན་བཞིན་དུ་གྱུར་ཏོ། །གླིང་བཞི་དེ་ན་བརྒྱ་བྱིན་ཀ་ཤི་ཀ་ཞེས་བྱ་བ་ཚེ་ཟད་དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བས་འཇིགས་ནས། དེ་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་སཱ་ལའི་ཕུག་ག་ལ་བ་དེར་དོང་ནས་ཕུག་དེའི་ཁོ་ར་ཁོར་ཡུག་ཏུ་བསྡད་པ་དང་། བཅོམ་ལྡན་འདས་ཀྱི་མཐུས་དེ་འདི་སྙམ་དུ། གང་བདག་གིས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་གསོལ་བ་བཏབ་སྟེ། དེའི་དབྱངས་སྙན་པས་བཅོམ་ལྡན་འདས་ལ་མངོན་སུམ་ཏུ་བསྟོད་ན། དེའི་ཚེ་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་པར་འགྱུར་རོ་སྙམ་ནས། དེ་ལྟར་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་གསོལ་བ་བཏབ་བོ། །དེས་ཀྱང་བཅོམ་ལྡན་འདས་ཀྱི་མཐུས་དྲི་ཟའི་པི་ཝང་བླངས་ཏེ། གླུ་དང་རོལ་མོའི་སྒྲ་ཡིད་དུ་འོང་བས་བཅོམ་ལྡན་འདས་ལ་བསྟོད་པ་ལྔ་བརྒྱས་བསྔགས་པ་མཛད་དོ། །དེས་བསྟོད་པར་བརྩམས་པ་དང་། བཅོམ་ལྡན་འདས་དེ་དབྱངས་སྙན་རྣམ་པར་སྣང་བྱེད་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་འཛིན་དེས་འཇིག་རྟེན་གྱི་ཁམས་མི་མཇེད་ན། གང་དག་རྫུ་འཕྲུལ་ཆེ་བའི་གནོད་སྦྱིན་དང་སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་དྲི་ཟ་རྣམས་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་ཀྱང་དེར་འདུས་པར་གྱུར་ནས། གང་དག་དབྱངས་ལ་དད་པ་དེ་དག་དབྱངས་ཐོས་ནས་རབ་ཏུ་དང་བར་གྱུར་ཏོ། །གང་བསྔགས་པ་དང་སྙན་པ་ལ་དགའ་བ་དེ་དག་ནི་བཅོམ་ལྡན་འདས་ཀྱི་བསྔགས་པ་ཐོས་ནས་ཤིན་ཏུ་རབ་ཏུ་དང་བའི་གུས་པ་སྐྱེས་སོ། །གང་གླིང་བུའི་སྒྲ་ལ་དགའ་བ་དེ་དག་གིས་ནི་གླིང་བུའི་སྒྲ་ཐོས་ནས་རབ་ཏུ་དང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཏིང་འཛིན་དེ་ལས་བཞེངས་ཏེ་སཱ་ལའི་ཕུག་གི་སྒོར་གཟིགས་པ་དང་། བརྒྱ་བྱིན་ཉེ་བར་སོང་སྟེ་ཞུས་པ། བདག་གང་དུ་མཆི་བར་བགྱི། བཀའ་སྩལ་པ། གནོད་སྦྱིན་དག་ཇི་སྙེད་ལྷགས་པ་རྣམས་འཁོད་ཅིག །དེ་ནས་སཱ་ལའི་ཕུག་དེར་གནོད་སྦྱིན་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་དག་འཁོད་པ་དེ་ལྟར་སཱ་ལའི་ཕུག་རྒྱ་ཆེ་བར་གྱུར་ནས། དེ་བཞིན་གཤེགས་པ་དེས་འཁོར་དེ་དག་ལ་ཆོས་བསྟན་ཏེ། འཁོར་དེ་ན་ཉན་ཐོས་ཀྱི་ཐེག་པ་པ་གང་ཡིན་པ་དེ་དག་གིས་ནི་ཉན་ཐོས་ཀྱི་ཐེག་པའི་གཏམ་ཐོས་ཏེ། དེ་དག་ལས་དུང་ཕྱུར་ཕྲག་དགུ་དང་། བྱེ་བ་ཕྲག་དགུས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བོ། །འཁོར་དེ་ན་ཐེག་པ་ཆེན་པོའི་ཐེག་པ་པ་གང་ཡིན་པ་དེས་ནི་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་ཐོས་སོ། །དེར་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སོགས་པ་ཁྲག་ཁྲིག་ཕྲག་བཅོ་བརྒྱད་ནི་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏོ། །གང་དག་ཐེག་པ་གསུམ་དུ་སེམས་མ་བསྐྱེད་པ་དེ་དག་ལས། ཁ་ཅིག་གིས་བླ་མེད་བྱང་ཆུབ་དང་། ཁ་ཅིག་གིས་ཉན་ཐོས་དང་། ཁ་ཅིག་རང་སངས་རྒྱས་ཀྱི་ཐེག་པར་སེམས་བསྐྱེད་དོ། །བརྒྱ་བྱིན་ཀ་ཤི་ཀ་དེ་ཡང་འཇིགས་པ་ལས་ཡོངས་སུ་གྲོལ་ཞིང་ཚེ་ལོ་སྟོང་དུ་ནུར་ནས་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་གནས་པར་གྱུར་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་དེ་ལྟར་གོ་སྐབས་ཡངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དེའི་དབྱངས་ཀྱི་དཀྱིལ་འཁོར་ཀྱང་འདི་ལྟར་རྒྱ་ཆེ་བ་ཡིན་ཏེ། དེའི་དབྱངས་ཀྱི་དཀྱིལ་འཁོར་གྱི་མཐའ་ནི་སུས་ཀྱང་ཚད་གཟུང་བར་མི་ནུས་སོ། །དེ་བཞིན་དུ་དེའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཐབས་ལ་མཁས་པ་ཡང་རྒྱ་ཆེ་སྟེ། དེའི་མཐའ་སུས་ཀྱང་ཚད་གཟུང་བར་མི་ནུས་སོ། །དེ་བཞིན་གཤེགས་པ་དེའི་སྐུ་ཡང་རྒྱ་ཆེ་སྟེ། དེའི་སྤྱི་གཙུག་ལྟ་བའམ་སྐུའི་མཐའ་ནི་སུས་ཀྱང་ཚད་གཟུང་བར་མི་ནུས་སོ། །གལ་ཏེ་སངས་རྒྱས་ཀྱི་ཞིང་མི་མཇེད་དེ་ནི། སེམས་ཅན་ཇི་སྙེད་འདུས་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་ཁོང་དུ་ཞུགས་པར་གྱུར་ཅིང་། དེ་ན་རྒྱ་བར་གྱུར་ཏམ། དེ་བཞིན་གཤེགས་པ་དེའི་བ་སྤུའི་སྒོ་གཅིག་ཏུ་ཞུགས་ཤིང་འབྱུང་བར་གྱུར་ཀྱང་། དེ་དག་གིས་ཆེར་ན་ལྷའི་མིག་གིས་ཀྱང་དེ་བཞིན་གཤེགས་པ་དེའི་བ་སྤུའི་སྒོ་གཅིག་གི་མཐའ་ཡང་འབྲི་བའམ་གང་བར་ཚད་གཟུང་བར་མི་ནུས་ཏེ། དེ་ལྟར་སྐུ་རྒྱ་ཆེའོ། །གཞན་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དང་ལྡན་པ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་ཇི་སྙེད་པ་འདི་ལྟ་སྟེ། དཔེར་ན་ད་ལྟར་དེའི་སངས་རྒྱས་ཀྱི་ཞིང་མི་མཇེད་བཞིན་དུ་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་མི་མཇེད་དུ་ཞུགས་པར་གྱུར་ཀྱང་ཐམས་ཅད་དེ་ན་རྒྱུ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེས་སྔོན་དང་པོར་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་སྨོན་ལམ་དེ་ལྟ་བུ་བཏབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་ཕར་ཞོག །གངྒཱའི་ཀླུང་སྟོང་གི་བྱེ་མ་སྙེད་པོ་དེ་ལྟར་རྒྱ་ཆེ་བ་དག །དཔེར་ན་ད་ལྟར་སངས་རྒྱས་ཀྱི་ཞིང་མི་མཇེད་བཞིན་དུ་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་པའི་སེམས་ཅན་དེ་ཐམས་ཅད་འཇིག་རྟེན་གྱི་ཁམས་མི་མཇེད་དུ་ཞུགས་པ་རྒྱ་ཆེན་པོ་དེ་དག་ཐམས་ཅད་དེ་ན་རྒྱུ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དེས་སྔོན་དང་པོར་སེམས་བསྐྱེད་པ་ན་བླ་ན་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སྨོན་ལམ་དེ་ལྟ་བུ་བཏབ་པས་ན། དེ་བཞིན་གཤེགས་པ་དེ་ནི་དེ་ལྟར་ཞིང་རྒྱ་ཆེན་པོ་དང་ལྡན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་ཇི་སྐད་སྨྲོས་པའི་ཆོས་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །རིགས་ཀྱི་བུ་དག་མེ་ཏོག་ཟླ་བ་མཛེས་པ་འདི་ལོངས་ལ། ནུབ་ཕྱོགས་སུ་དབང་གིས་ཇི་ལྟར་མཐོང་བའི་སངས་རྒྱས་ཀྱི་ཞིང་མི་མཇེད་དེར་དེངས་ཤིག །ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་སྙུན་མི་མངའ་འམ། ཐུགས་བདེའམ་ཞེས་ཀྱང་སྙུན་གསོལ་ཅིག །དེ་ལྟར་དེ་བཞིན་གཤེགས་པ་དྲི་མེད་གཟི་བརྗིད་ཡོན་ཏན་རྒྱལ་པོ་དེས། བྱང་ཆུབ་སེམས་དཔའ་གསང་བསྒྲགས་དང་། བྱང་ཆུབ་སེམས་དཔའ་སྣང་བའི་འོད་ཟེར་ཕོ་ཉར་མངགས་པ་བྱང་ཆུབ་སེམས་དཔའ་ཉི་ཁྲི་དང་ལྷན་ཅིག་དེ་བཞིན་གཤེགས་པ་དེའི་རྫུ་འཕྲུལ་གྱིས་སེམས་ཀྱི་སྐད་ཅིག་གཅིག་ལ། འཇིག་རྟེན་གྱི་ཁམས་མེ་ཏོག་ཀུན་ཏུ་རྒྱས་པ་ནས་འཕགས་ཏེ། མི་མཇེད་འདིར་ཕྱིན་ནས་ཇི་སྐད་བྱུང་བ་རྣམས་གསོལ་ཏོ། །དེ་བཞིན་དུ་མངོན་པར་དགའ་བའི་ཞིང་ནས་སངས་རྒྱས་མི་འཁྲུགས་པའི་གདན་གཡོ་བ་སོགས་སྔར་ཇི་སྐད་སྨྲོས་པ་བཞིན་དུ། ཞིང་དེའི་བྱང་ཆུབ་སེམས་དཔའ་དང་། གཞན་ཤར་ཕྱོགས་ཀྱི་སངས་རྒྱས་རྣམས་ཀྱི་དྲུང་ནས་མངགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ཕོ་ཉར་མངགས་པ་དང་། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་མཚན་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་བསྒྲུབས་པ་མཐར་ཕྱིན་མ་ཐག་ཏུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འདི་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མྱ་ངན་ཐམས་ཅད་དང་བྲལ་བ་ན། དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་དེ་ཡང་ངས་སྔོན་བྱང་ཆུབ་ཀྱི་སེམས་དང་པོར་བསྐྱེད་པ་དང་སྤྱོད་པ་ལ་བཅུག་པ་ཡིན་ནོ་ཞེས་སོགས་སངས་རྒྱས་ཀྱི་མཚན་དང་ཞིང་བསྒྲགས་པ་ན། ལྷོ་ཕྱོགས་ཀྱི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་དག་གི་གདན་གཡོས་ཤིང་བྱང་ཆུབ་སེམས་དཔའ་མང་པོ་ཕོ་ཉར་མངགས་པ་སོགས་གོང་བཞིན་དུ་བྱུང་ངོ་། །དེ་རྫོགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བློ་གྲོས་ཉེར་ཞི་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་ཆེན་རི་བོ་ཞེས་བྱ་བ་བཞུགས་པ་དེ་ལ་སོགས་པ་སངས་རྒྱས་མང་པོའི་མཚན་དང་ཞིང་བསྒྲགས་ཏེ། དེ་ཐམས་ཅད་བདག་གིས་དང་པོར་བྱང་ཆུབ་ལ་བཅུག་ཅིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་བཀོད་དོ་ཞེས་གསུངས་པས་སངས་རྒྱས་དེ་དག་གི་གདན་གཡོས་ནས་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཞིང་འདིར་སངས་རྒྱས་ལ་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་ལྷགས་པ་གོང་བཞིན་ནོ། །དེ་བཞིན་དུ་བྱང་དང་སྟེང་དང་འོག་དང་ཤར་ལྷོ་ལ་སོགས་པ་ནས་བྱང་ཤར་གྱི་བར་གྱི་སངས་རྒྱས་ཀྱི་མཚན་དང་ཞིང་བསྒྲགས་ཏེ། དཔེར་ན། སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ལོགས་ཀྱི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་ཅུ་རྩ་བརྒྱད་འདས་པ་ན། སངས་རྒྱས་ཀྱི་ཞིང་རྣམ་པར་རྒྱལ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་གདུགས་བྲལ་མངོན་པར་འཕགས་པ་རྣམ་ཐོས་ཀྱི་བུ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེ་ཡང་དང་པོར་ངས་བླ་མེད་བྱང་ཆུབ་འཛིན་ཏུ་བཅུག་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ནས་བླ་མེད་རྫོགས་བྱང་དུ་ལུང་བསྟན་ཐོབ་བོ། །ཞེས་པ་ལ་སོགས་པ་སངས་རྒྱས་ཀྱི་མཚན་བསྒྲགས་པ་དེས་དེ་དག་གི་གདན་གཡོས་ནས་བྱང་ཆུབ་སེམས་དཔའ་མངགས་པའི་བར་དུ་གོང་དུ་སྨོས་པ་བཞིན་ཏེ། མདོར་ན་ཕྱོགས་བཅུ་པོ་དག་ནས་སངས་རྒྱས་དཔག་ཏུ་མེད་པ་དག་གི་དྲུང་ནས་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཞིང་འདིར་ལྷགས་ཏེ། ཞིང་དེ་དག་གི་སངས་རྒྱས་རྣམས་ཀྱིས་མེ་ཏོག་བསྐུར་ཞིང་སྙུན་དྲི་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ཏེ། བདག་ཅག་དང་པོར་བྱང་ཆུབ་འཛིན་དུ་བཅུག་ཅིང་ཕར་ཕྱིན་ལ་བཀོད་ནས་ལུང་བསྟན་པ་ཐོབ་སྟེ་ད་ལྟར་སངས་རྒྱས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་ཕྲིན་སྤྲིངས་སོ། །དེ་ལྟར་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཚད་མེད་པ་འདུས་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་རྫུ་འཕྲུལ་གྱིས་མི་མཇེད་དུ་འདུས་པའི་སེམས་ཅན་དེ་ཐམས་ཅད་ཀྱི་རེ་རེའི་ལུས་ཀྱང་དཔག་ཚད་ཀྱི་ཚད་ཙམ་དུ་གྱུར་ནས་ཞིང་འདིའི་ས་དང་བར་སྣང་ཐམས་ཅད་དུ་དེ་ལྟ་བུའི་སེམས་ཅན་དག་གིས་ཁྱབ་པར་མ་གྱུར་པ་ཅུང་ཟད་མེད་ཀྱང་། སེམས་ཅན་དེ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཐོང་བ་མ་གཏོགས་པར་ནམ་མཁའ་སྟོང་པ་མཐོང་བར་ཟད་ཀྱིས་གཅིག་གིས་ནི་གཅིག་མ་མཐོང་ངོ་། །དེ་དག་གི་མིག་ལམ་དུ་རི་རབ་དང་ཁོར་ཡུག་ལ་སོགས་པ་གཞན་གང་ཡང་མ་སྣང་ངོ་། །དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཏིང་ངེ་འཛིན་མཁའ་ཁྱབ་ཆོས་སེལ་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་པ་དེས་མེ་ཏོག་ཟླ་མཛེས་དྲི་མ་མེད་པ་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་སྒོ་ཐམས་ཅད་དུ་ཞུགས་ཏེ། གང་དག་ཞིང་ཁམས་མི་མཇེད་འདིའི་ཁོངས་སུ་ཆུད་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་ཀྱང་མཐོང་ངོ་། །སེམས་ཅན་དེ་དག་གི་སེམས་སེམས་བྱུང་དག་ཀྱང་གཟུགས་ལ་ཀུན་ཏུ་ལྟ་བའི་ཡིད་བྱེད་དང་བྲལ་ནས་དེ་དག་བཅོམ་ལྡན་འདས་ཀྱི་སྤུའི་སྒོ་འབའ་ཞིག་ལ་ངེས་པར་རྟོག་སྟེ། དེར་ཡང་འདི་ལྟ་སྟེ། དཔེར་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་སྐྱེད་མོས་ཚལ་ལྟ་བུར་རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་དང་ལོ་འབྲས་མེ་ཏོག་སྣ་ཚོགས་དང་། རས་བཅོས་བུ་སྣ་ཚོགས་དང་། གོས་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་དཔུང་རྒྱན་དང་མུ་ཏིག་གི་ཆུན་པོ་སྣ་ཚོགས་ཀྱིས་བརྒྱན་པ་དེ་དག་མཐོང་བ་དང་། སེམས་ཅན་དེ་དག་འདི་སྙམ་དུ། བདག་ཅག་སྐྱེད་མོས་ཚལ་དེ་བལྟར་འདོང་ངོ་སྙམ་ནས། གང་དག་མི་མཇེད་ཀྱི་ཁོངས་སུ་ཆུད་པའི་སེམས་ཅན་དེ་ཐམས་ཅད་ལས། སེམས་ཅན་དམྱལ་བ་པ་རྣམས་དང་། གཤིན་རྗེའི་འཇིག་རྟེན་དང་། དུད་འགྲོའི་སྐྱེ་གནས་པ་རྣམས་དང་། གཟུགས་མེད་པ་ན་སྤྱོད་པ་རྣམས་མ་གཏོགས་པར་སེམས་ཅན་ལྷག་མ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་བ་སྤུའི་སྒོ་དག་ནས་སྤུའི་ནང་དུ་ཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་དེ་དག་སླར་བསྡུས་ཏེ་བཞེངས་པ་དང་། དེ་ནས་སེམས་ཅན་གཅིག་གིས་གཅིག་མཐོང་ནས་སྨྲས་པ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བཞུགས། བྱང་ཆུབ་སེམས་དཔའ་བྱམས་པས་སྨྲས་པ། ཀྱེ་སེམས་ཅན་དག་བདག་ཅག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་པར་ཤེས་བཞིན་གྱིས་སོམས་ཤིག །དེ་ནས་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་ཕྱི་ནང་བཅས་པར་མཐོང་ཞིང་ཇི་ལྟར་བདག་ཅག་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་ཏེ་འདུས་པར་གྱུར་པ་རང་རང་གི་མངོན་སུམ་དུ་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གང་ནས་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་ཤིང་སུས་འདིར་བཅུག་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་སྒྲས་མངོན་པར་གོ་བར་བྱས་ཏེ། སྨྲས་པ། ཁྱེད་ཅག་ཉོན་ཅིག །འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཡིན་ཏེ། གང་གི་ཕྱིར་བདག་ཅག་ལ་ཕན་པར་མཛད་པའི་སྟོན་པས། ཆོས་སྟོན་པར་མཛད་ཀྱིས་དེའི་ཕྱིར་ཁྱེད་ཅག་སེམས་ཅན་ཐམས་ཅད་ཀྱིས་སོམས་ཤིག །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཐལ་མོ་སྦྱར་བས་བཏུད་པ་དང་། བཅོམ་ལྡན་འདས་ཀྱིས་བདེ་བ་ལ་སྤྱོད་པའི་ཆོས་ཐམས་ཅད་བསྟན་ཏོ། །དེ་གང་ཞེ་ན། འདི་ལྟ་སྟེ། འཁོར་བའི་འདམ་ལས་བསྒྲལ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གཟུད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་གཟུད་པ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བྱུང་གི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་བསམ་གཏན་ལ་གཟུད་པའི་སེམས་བསྐྱེད་པ་ཡོངས་སུ་བསྔོ་བ་རྣམ་པ་བཅུ་སྟེ་འདི་ལྟ་སྟེ་ཕན་པའི་དངོས་པོ་ཡང་དག་པར་བསྐྱེད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་གནས་པ་དང་ཞེས་སོགས། དེ་དག་ནི་བདེ་བ་སྤྱོད་པའི་ཆོས་ཐམས་ཅད་ལ་གཟུད་པ་རྣམ་པ་བཅུའོ་ཞེས་པའི་བར་དང་། མཚན་ཉིད་མེད་པའི་སྒོ་ཡོངས་སུ་ཤེས་པ་རྟོགས་པའི་སྤྱོད་པ་དང་། ཆོས་ཐམས་ཅད་བདག་མེད་པར་ཡིད་ལ་བྱེད་པ་དང་། སེམས་སྐྱེ་བ་མེད་པ་དང་འགག་པ་མེད་པར་རྟོགས་པ་གང་ཡིན་པ་ནི་ཕྱིར་མི་ལྡོག་པའི་ས་ཡིན་ཏེ་དེ་ལ་ནི་འཇུག་པ་དང་ལྡོག་པ་ཆད་ཅིང་རྟོག་པ་མེད་པ་དང་། གདེག་པ་མེད་པ་དང་། བཞག་པ་མེད་པ་ཡིན་ནོ་ཞེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དེ་བཞིན་གཤེགས་པའི་སྐུའི་ཁོང་པར་ཞུགས་པའི་སེམས་ཅན་གངྒཱའི་ཀླུང་དུང་ཕྱུར་ཕྲག་བརྒྱད་ཀྱིས་བྱེ་མ་སྙེད་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་ཇི་སྙེད་པོ་དེ་དག་གིས་ནི་གཟུངས་དང་བཟོད་པ་སྣ་ཚོགས་ཐོབ་པར་གྱུར་ནས་དེ་ཐམས་ཅད་དེ་བཞིན་གཤེགས་པའི་སྐུའི་སྤུ་སྒོ་དག་ནས་ཕྱིར་ཐོན་པ་དང་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། དེ་བཞིན་གཤེགས་པའི་དབྱངས་ཀྱི་དཀྱིལ་འཁོར་དང་སྐུའི་ཚད་བརྟག་པའི་ཕྱིར་ཕྱོགས་བཅུར་རང་རང་གིས་སངས་རྒྱས་ཀྱི་ཞིང་དག་ཏུ་དོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་ཤར་ཕྱོགས་ལོགས་སུ་དོང་བ་དེ་དག་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དཔག་མེད་གྲངས་མེད་པ་དག་འདས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དབྱངས་ཀྱི་དཀྱིལ་འཁོར་ནི་ཉམས་པ་མེད་ཅིང་དེར་ཡང་ཚིག་དང་དོན་དང་ཡིག་འབྲུ་རྣམ་པ་སྣ་ཚོགས་ཀྱི་སྒྲ་ཡང་དེ་བཞིན་དུ་ཐོས་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་སྤྱན་སྔ་ན་འདུག་པས་ཐོས་པ་བཞིན་ནོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་སྐྱེ་བའམ་བྲི་བར་མི་མངོན་ཞིང་། དེ་བཞིན་གཤེགས་པའི་སྐུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དག་གིས་ཁྱབ་པར་སྣང་སྟེ། སྤུའི་སྒོ་གཅིག་ན་ཡང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་འཇུག་ཅིང་འབྱུང་བར་སྣང་ངོ་། །དེ་བཞིན་དུ་སྤུའི་སྒོ་གཉིས་པ་ནས་སྤུའི་སྒོ་ཐམས་ཅད་ཀྱི་བར་དག་ཏུ་ཡང་དེ་ལྟར་སྣང་སྟེ། ཇི་ལྟར་ཤར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་དེ་བཞིན་དུ་ལྷོ་ལ་སོགས་པའི་ཕྱོགས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་བཞིན་དུ་སྣང་བར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་ཇི་སྙེད་པ་བཅོམ་ལྡན་འདས་ཀྱི་སྐུའི་ཁོང་པར་ཞུགས་པ་དེ་དག་ཀྱང་། སྐུའི་སྤུའི་སྒོ་ལས་ཕྱིར་ཐོན་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། དོན་དང་ཡིག་འབྲུ་སྣ་ཚོགས་ཀྱི་སྒོ་ནས་བསྟོད་ཅིང་སྤྱན་སྔ་ན་འཁོད་དོ། །དེ་ནས་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་སྤོས་དང་མེ་ཏོག་ལ་སོགས་པའི་ཆར་ཕབ་སྟེ་རོལ་མོའི་སྒྲ་དང་གདུགས་དང་བ་དན་ལ་སོགས་པས་མཆོད་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇིགས་མེད་ཡང་དག་འདྲེན་ཞེས་བྱ་བས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་བཏུད་དེ། ལུང་བསྟན་པ་བ་ཆེན་པོའི་མདོ་སྡེ་འདིའི་མིང་ཅི་ལགས། བཀའ་སྩལ་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ལ་འཇུག་པའི་གཟུངས་ཀྱི་སྒོ་ཞེས་བྱ་བ་དང་། སངས་རྒྱས་མང་པོ་པ་ཞེས་བྱ་བ་དང་། མང་པོ་འདུས་པ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ཞེས་བྱ་བ་དང་། མི་འཇིགས་པའི་ལམ་དུ་སྒྲོལ་བ་ཞེས་བྱ་བ་ལ་སོགས་པ་དང་། སྙིང་རྗེ་པདྨ་དཀར་པོ་ཞེས་ཀྱང་བྱའོ། །ཡང་གསོལ་པ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ་བུ་མོ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་འཆང་ཀློག་པ་དང་། གཞན་དག་ལ་ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་རྒྱ་ཆེར་སྟོན་པར་བགྱིད་པ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར་ལགས། བཀའ་སྩལ་པ། ངས་དེའི་བསོད་ནམས་སྔར་ཡང་སྨྲས་ཏེ། ད་ཡང་མདོར་བསྡུས་ནས་བརྗོད་ན། གང་ལ་ལ་ཞིག་ཆོས་འདི་ཉན་འཆང་ཀློག་པ་དང་། གཞན་ལ་ཚིགས་བཅད་གཅིག་ཙམ་རྒྱ་ཆེར་སྟོན་པར་བྱེད་པ་དང་། གང་ཡང་མ་འོངས་པའི་དུས་ལྔ་བརྒྱ་པ་ན་ཐ་ན་བྲིས་ཏེ་འཆང་བར་བྱེད་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བདུད་དང་ཚངས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། གནོད་སྦྱིན་དང་ཀླུ་དང་། དྲི་ཟ་དང་གྲུལ་བུམ་དང་ཡི་དྭགས་དང་ཤ་ཟ་དང་ལྷ་མ་ཡིན་རྣམས་དང་བཅས་པའི་འཇིག་རྟེན་གྱི་སྡང་བའི་སེམས་རབ་ཏུ་དང་བར་བྱ་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། འཐབ་རྩོད་འགྱེད་པ་ཐམས་ཅད་ཞི་བར་བྱ་བ་དང་། དུས་མ་ཡིན་པའི་རླུང་དང་ཆར་དང་འཆི་བ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། མུ་གེ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། བདེ་ཞིང་ལོ་ལེགས་པ་དང་ནད་མེད་པ་ཚོགས་པར་བྱ་བ་དང་། སྐྲག་པ་རྣམས་འཇིགས་པ་མེད་ཅིང་བདེ་བར་བྱ་བ་དང་། ཉོན་མོངས་པ་ཉེ་བར་ཞི་བར་བྱ་བ་དང་། དགེ་རྩ་རྣམས་འཕེལ་བར་བྱ་བ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བ་དང་། ཐེག་པ་གསུམ་གྱི་ལམ་ཡང་དག་པར་བསྟན་པར་བྱ་བ་དང་། གཟུངས་དང་ཏིང་ངེ་འཛིན་དང་བཟོད་པ་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བ་དང་། རྡོ་རྗེའི་གདན་ལ་འདུག་པ་དང་། བདུད་བཞི་གཞོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འཕགས་པའི་ནོར་བདུན་དང་བྲལ་བའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པར་བྱ་བ་དང་། འཁོར་མང་པོར་བྱ་བ་དང་། མི་འཇིགས་པའི་གྲོང་ཁྱེར་གྱི་གནས་སུ་འཇུག་པར་བྱ་བའི་ཕྱིར་ངས་དམ་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཕྱིར་རོ། །ངས་ཆོས་ཀྱི་རྣམ་གྲངས་འདི་སུའི་ལག་ཏུ་གཏད་པར་བྱ། སུ་ཞིག་ལྔ་བརྒྱ་པ་ཐ་མ་ལ་ངའི་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བར་འགྱུར་ཞིང་། ཆོས་མ་ཡིན་པ་ལྷུར་ལེན་པའི་སེམས་ཅན་རྣམས་དང་། ཚུལ་ཁྲིམས་ཉམས་པའི་དགེ་སློང་རྣམས་ཀྱི་རྣ་ལམ་དུ་སྐྲོགས་པར་འགྱུར། ཆོས་མིན་ལ་ཆགས་པར་གྱུར་པ་རྣམས་དང་། འདོད་པ་མི་བཟད་པས་ཟིལ་གྱིས་གནོན་པ་རྣམས་དང་། ཆོས་ལོག་པས་དཀྲིས་པ་རྣམས་དང་། སེམས་ཅན་ཡོངས་སུ་མ་སྨིན་པ་རྣམས་ལ་ཀུན་ཏུ་སྐྱོ་བ་མེད་པར་སྟོན་པར་འགྱུར་ཞིག་གུ་སྙམ་དུ་དགོངས་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་དགོངས་པ་སེམས་ཀྱིས་ཤེས་ནས། འཁོར་དེ་ན་གནོད་སྦྱིན་གྱི་དྲང་སྲོང་བསོད་ནམས་ལྷུན་པོ་ཞེས་བྱ་བ་ཞིག་འདུག་པ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་གནོད་སྦྱིན་གྱི་དྲང་སྲོང་བསོད་ནམས་ལྷུན་པོ་དེ་ཁྲིད་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ། ལྔ་བརྒྱ་པ་ཐ་མ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡུལ་གཞན་དང་གཞན་དུ་སོང་བའི་བར་དག་གི་རྣ་ལམ་དུ་སྒྲོགས་ཤིག །དེ་དག་ཀྱང་ཕྱིར་མི་ལྡོག་པའི་སེམས་སྐྱེད་དུ་ཆུ ག་ཅིག །གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་དུ་བགྱི་སྟེ། བདག་སྨོན་ལམ་གྱིས་བསྐལ་པ་ཆེན་པོ་བརྒྱད་ཅུ་རྩ་བཞི་འདས་པ་ནས། གནོད་སྦྱིན་གྱི་དྲང་སྲོང་གིས་བླ་མེད་རྫོགས་བྱང་གི་སྤྱད་པ་སྤྱོད་པ་ན། བདག་གིས་སེམས་ཅན་བགྲང་བ་ལས་འདས་པ་དག་ཚངས་པའི་གནས་པ་བཞི་པོ་ལ་བཀོད་ཅིང་ཕྱིར་མི་ལྡོག་པའི་ས་ལ་ཡང་རབ་ཏུ་བཀོད་དོ། །བདག་གིས་སེམས་ཅན་གང་དག་ལྔ་བརྒྱ་པ་ཐ་མ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་པ་དང་། གང་དག་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་གྱི་བར་དག་འཛིན་པར་བགྱིད་པ་དེ་དག་ཀྱང་བདག་ཉིད་ཀྱིས་ཡོངས་སུ་སྨིན་པར་བགྱི་ལགས་སོ། །ཞེས་གསོལ་ཏོ། །དེ་ལྟར་འདི་ནི་མདོ་སྡེ་སྙིང་རྗེ་པདྨ་དཀར་པོའི་སྔོན་གྱི་རབས་ལུང་བསྟན་པའི་ཚུལ་རྣམས་བསྡུས་ཏེ་མ་ཚང་བ་མེད་པར་བྱས་པ་འདིའི་ཚུལ་གྱིས་སྟོན་པ་མཆོག་གི་བཀའ་དྲིན་དང་ཡོན་ཏན་ལ་རྒྱུ་མཚན་ཤེས་ནས་དད་པ་བསྐྱེད་པར་བྱའོ། །དེ་ལྟར་བདག་ཅག་གི་སྟོན་པ་འདིས་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ནས་བདག་ཅག་སྙིགས་མ་ལྔའི་སེམས་ཅན་རྣམས་ཀྱི་མགོན་དུ་སངས་རྒྱས་པ་སྟེ། དཀོན་བརྩེགས་བྱམས་པས་ཞུས་པའི་ལེའུ་ལས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། ཕྱིས་བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་ཞིང་རྣམ་པར་སྦྱོང་ངོ་། །ཀུན་དགའ་བོ་དུས་དེ་དང་ཚོད་དེ་འབྱུང་བ་ཡོད་དེ། དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འབྱུང་བར་འགྱུར་ཏེ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྨོན་ལམ་གྱི་དབང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །ཀུན་དགའ་བོ་ངས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གནས་པའི་ཚེ། སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང་། ཞེ་སྡང་གི་ཤས་ཆེ་བ་དང་། གཏི་མུག་གི་ཤས་ཆེ་བ་དང་། འདོད་ཆགས་བདོ་བ་དང་། ཞེ་སྡང་འདོ་བ་དང་། གཏི་མུག་བདོ་བ་དང་། ཆོས་མ་ཡིན་པར་ཆགས་ཤིང་ཞེན་པ་དང་། ཆགས་པ་ཡང་བས་ཟིལ་གྱིས་གནོན་པ་དང་། ཆོས་ལོག་པར་ཡོངས་སུ་འཛིན་པ་དང་། ཕ་ལ་འཁུ་བ་དང་། མ་ལ་འཁུ་བ་དང་། སྤུན་ལ་འཁུ་བ་དང་། མི་སྲིང་ལ་འཁུ་བ་དང་། ཁྱོ་ཤུག་ལ་འཁུ་བ་དང་། ཉེ་དུ་ལ་འཁུ་བ་དང་། འཕགས་པ་ལ་འཁུ་བ་དང་། མཁན་པོ་དང་སློབ་དཔོན་ལ་འཁུ་བ་དང་། བདག་ལ་འཁུ་བ་དང་། མི་གཞན་ལ་འཁུ་བ་དང་། མི་དྲི་མ་ཅན་དང་། མི་དམུ་རྒོད་དང་། མི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་ནང་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་སྨོན་ལམ་ཡོངས་སུ་སྦྱངས་ཏེ། དུས་ཡང་བ་འདི་ལྟ་བུ་ལ་གནས་ནས་ཀུན་དགའ་བོ་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ང་ད་ལྟར་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ཞུགས་ཏེ་ཆོས་སྟོན་པ་ན། ང་ལ་ཁ་ངན་ཟེར་ཞེས་གཤེ་རྒྱ་སྟེ་ཚོགས་པར་མི་དབྱུང་བརྩུབ་པ་བརླང་པོ་སྨྲ་བར་བྱེད་དོ། །ཀུན་དགའ་བོ། །ང་ལ་ཆད་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །འཁོར་འདོད་པ་མང་ངོ་ཞེས་ཀྱང་གླེང་ངོ་། །ཁྱིམ་གྱི་ནང་དུ་ཞུགས་ན་ཡང་ང་ལས་ཀྱང་འཐོར་རོ། །དུག་དང་བསྲེས་པའི་ཟས་ཀྱང་སྦྱིན་ནོ། །མེའི་ཕུང་པོ་ཡང་ཉེ་བར་བསྒྲུབས་སོ། །འདི་ལྟར་སྟེ་སངས་རྒྱས་སུ་གྱུར་ཀྱང་། མཛེས་ལྡན་མ་དང་ཞེས་བྱ་བ་དེ་ལྟ་བུར་འཁྲིག་པའི་ཆོས་དང་ལྡན་པས་ང་ལ་སྐུར་པ་ཡང་བཏབ་བོ། །ཀུན་དགའ་བོ་ང་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ད་ལྟར་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་པར་མཛད་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དུལ་བ་འདུལ་བ་ཁུར་ཆེན་པོ་བསྣམས་པ། དཀའ་བ་མཛད་པ་ལེགས་སོ་ཞེས་གསུངས་པ་ལྟར་རོ། ༈ །གཞན་ཡང་བདག་ཅག་གི་སྟོན་པ་འདིས་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པའི་ཡེ་ཤེས་ཚོལ་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་གྱི་སྔོན་གྱི་ཚེ་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་རྒྱལ་ཕྲན་ལྔ་སྟོང་ལ་དབང་བྱེད་པ་དེའི་སྲས་ཐ་ཆུང་སྙིང་རྗེ་ཆེན་པོ་ཞེས་བྱ་བར་བཅོམ་ལྡན་འདས་འདི་ཉིད་སྐྱེ་བ་བཞེས་ཏེ། དེས་སྟག་མོ་བུ་བྱུང་ནས་ཞག་དུ་མར་བཀྲེས་ཤིང་སྐོམ་པས་ཉེན་པས་རང་གི་བུ་ཡང་ཟབ་ལ་ཐུག་པ་མཐོང་ནས་སྙིང་རྗེའི་སེམས་ཀྱིས་ཤིང་གི་ཚལ་པས་རང་གི་ལུས་ལས་ཁྲག་ཕྱུང་ནས་སྟག་མོ་ལ་ལྡག་ཏུ་བཅུག་ཅིང་རིམ་གྱིས་ཤ་མ་ལུས་པ་ཟ་བར་བྱས་ཏེ་ལུས་བཏང་བ་དང་། དགའ་ལྡན་ལྷའི་གནས་སུ་སྐྱེས་པ་དེས་ཡང་ཡུམ་གྱི་མྱ་ངན་བསང་བར་མཛད་པ་དང་། ༈ །ཡང་སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་འདི་འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོ་ཟླ་འོད་ཞེས་བྱ་བར་གྱུར་ཏེ། ལུས་ལ་འོད་ཡོད་པ་དང་། ལྷ་དང་མཚུངས་པར་མཛེས་པ་དང་། རྒྱལ་པོའི་མངའ་དབང་དང་འབྱོར་བ་ཆེན་པོ་དང་ལྡན་པར་གྱུར་པ་ན། སྔོན་གྱི་ལས་དགེ་བས་འདི་ལྟར་གྱུར་པས། ད་ཡང་དགེ་བ་བྱ་བར་བསམ་ནས་བང་མཛོད་ཅི་ཡོད་པ་སྦྱིན་པར་དྲིལ་བསྒྲགས་ཏེ། ཟས་དང་གོས་དང་རིན་པོ་ཆེ་དང་སྨན་ལ་སོགས་པ་ཅི་དང་ཅི་འདོད་པས་ཐམས་ཅད་ཚིམ་པར་བྱས་ཏེ། ཐམས་ཅད་རྒྱལ་པོ་རང་ཉིད་དང་འདྲ་བར་བྱས་ནས་བདེ་ཞིང་རྩེན་ཏོ། །དེའི་ཚེ་རྒྱལ་པོའི་སྙན་པས་སའི་སྟེང་ཀུན་ཏུ་ཁྱབ་པར་གྱུར་པ་ན། དེར་མཐའ་འཁོབ་ཀྱི་རྒྱལ་པོ་ཆུང་བ་བྱི་མ་སེ་ན་ཞེས་པ་ཕྲག་དོག་ཏུ་གྱུར་ཏེ། རྒྱལ་པོ་ཟླ་འོད་འདི་མེད་པར་མ་བྱས་ན་དེའི་གྲགས་པས་བདག་གི་མིང་དང་ཡོན་ཏན་མི་མངོན་པར་ཟིལ་གྱིས་གནོན་པས་དེ་མེད་པའི་ཐབས་ཇི་ལྟར་བྱ་ཞེས་མཆོད་གནས་ཀུན་ཏུ་རྒྱུ་རྣམས་ལ་དྲིས་པ་དང་། དེ་དག་གིས་རྒྱལ་པོ་ཟླ་འོད་ནི་འགྲོ་བ་ཐམས་ཅད་ལ་ཕ་མ་ལྟར་བྱམས་པས་བདག་ཅག་ནི་དེ་ལ་གནོད་པ་བྱེད་མི་ནུས་སོ་ཞེས་སྨྲས་སོ། །དེར་རྒྱལ་པོ་དེ་མ་དགའ་ནས་གང་སུ་དག་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་དེ་འོངས་ན་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་དང་བུ་མོ་ཡང་ཆུང་མར་སྦྱིན་ཅེས་བཀར་བཏགས་པ་དང་། རི་བྲག་ན་བྲམ་ཟེ་དྲག་པོའི་མིག་ཅེས་བྱ་བས་ཐོས་ཏེ། དེ་ལྟར་བསྒྲུབ་ཅེས་སྨྲས་ནས་ཞག་བདུན་དུ་རང་གི་ལུས་བསྲུང་བའི་སྔགས་བྱས་ནས་རྒྱལ་པོ་ལས་ལམ་རྒྱགས་བླང་ཏེ་ལམ་དུ་ཞུགས་སོ། །དེའི་ཚེ་རྒྱལ་པོ་ཟླ་འོད་ཀྱི་ཡུལ་དུས་ས་གཡོ་བ་དང་། སྐར་མ་ལྷུང་བ་སོགས་ལྟས་ངན་པ་མང་པོ་བྱུང་ངོ་། །བློན་པོ་རྣམས་ཀྱིས་རྨི་ལམ་ངན་པ་རྨིས་སོ། །དེའི་ཚེ་གྲོང་ཁྱེར་གྱི་སྒོ་སྲུང་བའི་ལྷ་མོས་བྲམ་ཟེ་དེ་མྱོས་ཤིང་བསླད་པར་བྱས་ཏེ་ནང་དུ་མ་ཆུད་དོ། །དེ་ནས་གནས་གཙང་མའི་ལྷས་རྒྱལ་པོ་ཟླ་འོད་ལ་སྤྱིན་པའི་ཕར་ཕྱིན་རྫོགས་པའི་ཆེད་དུ་རྨི་ལམ་དུ་དེ་སྦྲན་ནོ། །དེ་ནས་རྒྱལ་པོས་བློན་པོ་ཟླ་བ་ཆེན་པོ་མངགས་ཏེ་གྲོང་ཁྱེར་གྱི་སྒོ་ནས་སུ་འོངས་པ་མ་བགག་པར་ནང་དུ་ཐོངས་ཤིག་ཅེས་བསྒོའོ། །ཟླ་བ་ཆེན་པོ་སྒོར་སོང་བ་དང་སྒོ་སྲུང་བའི་ལྷས་ལུས་བསྟན་ཏེ། ཡུལ་གཞན་ནས་འོངས་པའི་བྲམ་ཟེ་འདིས་སྡིག་པའི་སེམས་ཀྱིས་རྒྱལ་པོའི་མགོ་སློང་དུ་འོངས་པས་ནང་དུ་མ་བཏང་བ་ཡིན་ནོ། །བློན་པོས་སྨྲས་པ། གལ་ཏེ་དེ་ལྟ་བདེན་ན་གནོད་པའི་ལྟས་ཆེན་པོ་ཡིན་ཏེ། འོན་ཀྱང་རྒྱལ་པོའི་བཀའ་བཅག་ཏུ་མི་རུང་ངོ་ཞེས་བསྒོའོ། །དེ་ནས་གྲོང་ཁྱེར་སྲུང་བའི་ལྷས་བྲམ་ཟེ་དེ་ནང་དུ་བཏང་བ་དང་། བློན་པོ་ཟླ་བ་ཆེན་པོས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མགོ་ལྔ་བརྒྱ་བྱིན་ཏེ་རྒྱལ་པོའི་མགོ་བསླུས་ཀྱང་མ་ཕན་པར་རྒྱལ་པོའི་དབུ་བསླངས་སོ། །རྒྱལ་པོ་དགའ་ནས་དེ་བཞིན་དུ་ཞག་བདུན་ན་བགྱི་བར་ཁས་བླངས་སོ། །དེར་བློན་པོ་ཟླ་བ་ཆེན་པོ་དང་ས་འཛིན་ཡང་མྱ་ངན་གྱིས་སྙིང་གས་ཏེ་ཚེ་འཕོས་ནས་ཚངས་པའི་འཇིག་རྟེན་ཏུ་སྐྱེས་སོ། །རྒྱལ་པོ་དེས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་རྒྱལ་པོ་ཟླ་འོད་ཀྱིས་དབུ་སྦྱིན་པ་ལ་ལྟ་བར་འདོད་པ་རྣམས་ཤོག་ཅེས་བསྒོའོ། །དེའི་ཚེ་རྒྱལ་ཕྲན་ཐམས་ཅད་འདུས་ནས་དབུ་མི་སྦྱིན་པར་གསོལ་བ་བཏབ་ཀྱང་ཟློག་ཏུ་མ་བཏུབ་པར་རང་གི་དབུ་ལས་ཅོད་པན་ཕུད་པ་ན་འཛམ་གླིང་གི་མི་རྣམས་ཀྱི་མགོའི་ཅོད་པན་ས་ལ་ལྷུང་ངོ་། །དེ་ནས་གྲོང་ཁྱེར་དེའི་རྒྱབ་ཀྱི་ནོར་བུ་རིན་པོ་ཆེའི་སྙིང་པོ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་དབུ་ཙམ་པ་ཀའི་ཤིང་ལ་བཏགས་ཏེ་མགོ་ཆོད་ལ་ངའི་ལག་ཏུ་བཞག་སྟེ་དེ་ནས་ལོངས་ཤིག །བདག་གི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་འདོད་དོ་ཞེས་སྨྲས་ནས། བྲམ་ཟེ་དེས་རལ་གྲིས་གཅོད་པར་གཟས་པ་དང་། ཤིང་གི་ལྷ་དེས་བྲམ་ཟེ་ལ་ཐལ་མོ་གཅིག་བསྣུན་པས་འགྱེལ་ཏེ། རྒྱལ་པོས་ཤིང་གི་ལྷ་ལ་སྨྲས་པ། སྔོན་འདས་པའི་དུས་ན་ཡང་ངས་ཤིང་འདི་ལས་མགོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་སྙེད་ཀྱི་སྦྱིན་པ་བྱས་ཏེ། དེ་འདིས་མགོ་སྟོང་གི་སྦྱིན་པ་ཚང་བས་ན། ངའི་སྦྱིན་པའི་ཕར་ཕྱིན་དང་བླ་མེད་བྱང་ཆུབ་ཀྱི་བར་ཆད་མ་བྱེད་ཅེས་བསྒོ་བས་ལྷ་དེས་བྲམ་ཟེ་དེ་སླར་སོར་ཆུད་པར་བྱས་ཏེ། རྒྱལ་པོས་སྨོན་ལམ་ཆེན་པོ་བཏབ་ནས་བྲམ་ཟེ་དེས་རྒྱལ་པོའི་དབུ་བཅད་དོ། །དེ་ཚེ་འཕོས་ནས་དགེ་རྒྱས་ཀྱི་ལྷར་སྐྱེས་སོ། །དེའི་ཚེ་ས་རྣམ་པར་དྲུག་ཏུ་གཡོས་ཤིང་མི་དང་ལྷ་རྣམས་ཀྱི་མཆི་མ་ཆར་བཞིན་དུ་བབ་ཅིང་ལྷའི་མེ་ཏོག་ལ་སོགས་པའི་ཆར་ཀྱང་བབས་སོ། །རྒྱལ་པོ་ཟླ་འོད་ཀྱིས་དབུ་བྱིན་པས་སྦྱིན་པའི་ཕར་ཕྱིན་རྫོགས་པར་གྱུར་ཏོ་ཞེས་གྲགས་པ་ཆེན་པོས་ས་སྟེང་ཁྱབ་པ་རྒྱལ་པོ་བྱི་མ་སེ་ནས་ཐོས་ནས་མི་དགའ་བར་སྙིང་གས་ཏེ་ཚེ་འཕོས་སོ། །བྲམ་ཟེས་རྒྱལ་པོའི་དབུ་ཁྱེར་བ་དང་། རྒྱལ་ཕྲན་དང་བློན་པོ་བཙུན་མོ་སོགས་མི་ཐམས་ཅད་ཆོ་ངེས་བཏབ་སྟེ། ཁ་ཅིག་ཚེ་འཕོས། ཁ་ཅིག་མི་དྲན་པར་མྱོས། ཁ་ཅིག་རང་གིས་གདོང་འབྲད་ཅིང་སྐྲ་འབལ་ཞིང་ས་ལ་འགྲེའོ། །བྲམ་ཟེ་དེ་ལམ་དུ་ཞུགས་པ་ན་ཀུན་གྱིས་སྤྱོ་ཞིང་རྒྱལ་པོའི་དབུ་ཡང་མི་སྡུག་ཅིང་མནམ་པར་མཐོང་ནས་ས་ལ་བོར་ཏེ་སོང་བའི་ལམ་དུ། རྒྱལ་པོ་བྱི་མ་སེ་ན་ཡང་ཚེ་འཕོས་པར་ཐོས་ནས་རེ་བ་མ་གྲུབ་པའི་མྱ་ངན་གྱིས་སྙིང་གས་ཏེ་ཁྲག་སྐྱུགས་ནས་ཚེ་འཕོས་སོ། །རྒྱལ་པོ་དང་བྲམ་ཟེ་དེ་གཉིས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །རྒྱལ་པོ་ཟླ་འོད་ཀྱིས་མྱ་ངན་གྱིས་གདུངས་ཏེ་ཚེ་འཕོས་པ་ཐམས་ཅད་མཐོ་རིས་ཀྱི་ལྷར་སྐྱེས་སོ། །རྒྱལ་པོ་བྱེ་མ་སེ་ན་ནི་བདུད་སྡིག་ཅན་དང་། བྲམ་ཟེ་དེ་ནི་ལྷས་བྱིན་དང་། བློན་པོ་ཟླ་བ་ཆེན་པོ་ནི་ཤཱ་རིའི་བུ་དང་། ས་འཛིན་ནི་མ་གལ་གྱི་བུ་ཡིན་པར་གསུངས་སོ། །དྲིན་ལན་བསབས་པའི་མདོ་ལས་རྒྱལ་པོ་འོད་ཟེར་ཆེན་པོས་དབུ་བཏང་བ་ཡང་ཚུལ་འདི་དང་འདྲ་བར་བྱུང་ངོ་། ༈ །ཡང་སྔོན་གྱི་ཚེ་འཛམ་བུའི་གླིང་འདིར་དབང་བྱེད་པའི་རྒྱལ་པོ་ཆེན་པོ་ཞིག་གི་སྟོན་པ་བྲམ་ཟེ་ནྱ་གྲོ་དྷ་ཞེས་པ་རྒྱལ་པོ་དང་འདྲ་བར་ཀུན་གྱིས་བསྐུར་བ་ཕྱུག་ཁྱད་རྣམ་ཐོས་ཀྱི་བུ་དང་འགྲན་པ་དེའི་བུ་སྦྱིན་པ་ཆེན་པོ་ཞེས་བྱ་བར་བཅོམ་ལྡན་འདས་འདི་ཉིད་སྐྱེ་བ་བཞེས་ཏེ་ཁྱེའུ་དེ་ཡང་གཟུགས་བཟང་བ། མཚན་དང་ལྡན་པ་རིག་བྱེད་དང་སྒྱུ་རྩལ་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པར་གྱུར་པ། དེ་འབྱོར་བ་ཆེན་པོས་གྲོང་ཁྱེར་གྱི་ཕྱིར་དོང་བ་ན། དབུལ་པོ་དང་། སྡིག་པས་འཚོ་བའི་མི་སྣ་ཚོགས་མཐོང་ནས་སྙིང་རྗེའི་མཆི་མ་བླགས་ཏེ་ཡབ་ལ་སྦྱིན་པ་གཏོང་བར་ཞུས་པ་དང་གནང་སྟེ། ཡུལ་གྱི་སློང་བ་ཐམས་ཅད་ལ་ཅི་འདོད་པ་བྱིན་པས་རིམ་གྱིས་བང་མཛོད་སུམ་ཆ་གཉིས་ཟད་དེ་གཅིག་ལུས་པ་ན་མཛོད་སྲུང་བར་བྲམ་ཟེ་ལ་དེ་ལྟར་ཞུས་ཀྱང་བུའི་ངོ་མི་ལྡོག་པས་སྨྲ་མི་ཕོད་དོ། །ཁྱེད་ཅག་གིས་མི་ཁོམ་པ་ལྟར་སྙད་ཐོགས་ཤིག་ཅེས་སྨྲས་པ་ལྟར་མཛོད་སྲུང་གནས་གཞན་དུ་སོང་ནས་སྒོ་མི་འབྱེད་པ་དང་འོངས་ན་ཡང་ཡིད་བཞིན་དུ་མི་སྟེར་བས་སློང་མོ་བའི་བསམ་པ་རྫོགས་པར་མ་གྱུར་པ་ན། སྦྱིན་པ་ཆེན་པོ་དེ་འདི་སྙམ་དུ་འདི་ལྟར་མཛོད་སྲུང་གིས་ཐུགས་མི་ཐུབ་པས་ཕ་མའི་བཀའ་ཡོད་ལས་ཆེ་ལ། དེར་མ་ཟད་བུས་ཕ་མའི་བང་མཛོད་སྟོང་པར་བྱ་བ་ཡང་མི་རིགས་པས། བདག་གིས་ཐབས་ཞིག་གིས་རིན་པོ་ཆེ་ཡིད་བཞིན་རྙེད་ནས་ནོར་ཟད་མི་ཤེས་པ་བྱས་ཏེ་སྐྱེ་བོ་མང་པོ་ལ་ཕན་གདགས་པར་བྱའོ་སྙམ་ནས། མི་རྣམས་ལ་ཐབས་དྲིས་པ་དང་། ཞིང་རྨོ་བ་དང་། རྐང་འགྲོས་སྤེལ་བ་དང་ཚོང་བྱས་ན་ཞེས་དང་། ཁ་ཅིག་གིས་རྒྱ་མཚོར་ཞུགས་ཏེ་ནོར་བུ་བླངས་ན་ལེགས་ཞེས་སྨྲས་པ་ན། སྦྱིན་པ་ཆེན་པོ་དེས་ཞིང་རྨོ་བ་སོགས་ངའི་ཆ་མིན་ཏེ། རྒྱ་མཚོར་ཞུགས་ནས་ནོར་བུ་ལེན་པར་བྱའོ་སྙམ་དུ་ཕ་མ་ལ་དེ་ལྟར་བགྱི་བར་ཞུས་པ་དང་། དེ་དག་གིས་རྒྱ་མཚོ་ལ་ཞུགས་པ་བདེ་བར་འཁོར་དཀའ་བར་སྨྲས་ཏེ་མ་གནང་ངོ་། །དེར་བསམ་པ་འདི་མ་གྲུབ་ཀྱི་བར་དུ་ཕ་མའི་མདུན་དུ་ས་ལ་ཁ་སྦུབས་ཏེ་མི་ལྡང་བར་དམ་བཅས་ནས་ཞག་དྲུག་གི་བར་དུ་བསྡད་པ་ལ། ཕ་མས་གཏམ་སྣ་ཚོགས་བྱས་ཏེ་བཟློག་ཀྱང་མ་བཏུབ་ནས། དེ་ནས་ཕ་མས་གནང་སྟེ་ཟས་ཟོས་སོ། །དེ་ནས་མི་ལྔ་བརྒྱ་ཙམ་དང་འགྲོགས་ནས་ལམ་དུ་ཞུགས་ཏེ་སོང་བ་ལས་ཞག་དུ་མ་འདས་པ་ན་མི་རྒོད་ཀྱིས་བཅོམ་སྟེ་ནོར་ཐམས་ཅད་འཕྲོགས་སོ། །དེ་ནས་ཡང་སོང་བ་ལས་གྲོང་ཁྱེར་ད་ཤུ་པར་ཞེས་པར་ཕྱིན་ནས་བྲམ་ཟེ་ཀ་བྱི་ལི་ཞེས་པ་དང་འཕྲད་དེ། དེའི་ཁྱིམ་དུ་སོང་ནས་གསེར་སྲང་སུམ་སྟོང་བསླངས་པ་དང་། དེའི་ཚེ་བྲམ་ཟེ་དེའི་བུ་མོ་གསེར་གྱི་མདོག་ཅན་སྐྲ་མཐོན་ཀར་འདུག་པ་དེ། རྒྱལ་ཕྲན་བཞི་སྟོང་གིས་བསླངས་ཀྱང་མ་སྟེར་བ་དེས་ཁྱིམ་གྱི་ནང་ན་འདུག་བཞིན་སྒོ་ན་གནས་པའི་སྦྱིན་པ་ཆེན་པོའི་སྐད་ཐོས་པ་ཙམ་གྱིས། ཕྱི་སྒོ་ན་སྐད་གྲགས་པ་འདི་ཁོ་བོའི་ཁྱིམ་ཐབ་ཡིན་ནོ་ཞེས་ཕ་མ་ལ་སྨྲས་སོ། །དེ་ནས་བྲམ་ཟེ་དེ་སྒོར་བྱུང་བ་དང་ཁྱེའུ་འདི་ནི་གཞན་ལས་འཕགས་སོ་སྙམ་དུ། གསེར་བསླངས་པ་ལ་ལག་པ་ཡ་གཅིག་གིས་གསེར་དང་། གཅིག་གིས་བུ་མོ་ཁྲིད་དེ་གསེར་དང་བུ་མོ་ཡང་བྱིན་ནོ། །སྦྱིན་པ་ཆེན་པོས་ཀྱང་རྒྱ་མཚོ་ལས་ཕྱིར་འཁོར་ན་དེ་བཞིན་བགྱིའོ་ཞེས་ཁས་བླངས་སོ། །བྲམ་ཟེ་དེས་གསེར་སྲང་སུམ་སྟོང་དང་གཞན་ཡང་ཡོ་བྱད་ཅི་དགོས་པ་སྦྱར་ཏེ་རྒྱ་མཚོའི་ངོགས་སུ་གྲུ་བཅོས་ནས། རྒྱ་མཚོར་འཇུག་པའི་ཁེ་ཉེན་བསྒྲགས་ཏེ། རྒྱ་མཚོར་ཞུགས་སོ། །དེར་ཚོང་པ་དག་རིན་པོ་ཆེའི་གླིང་དུ་སྦྱིན་པ་ཆེན་པོ་རིན་པོ་ཆེ་བརྟགས་པ་ལ་མཁས་པས་རིན་པོ་ཆེ་རྣམས་རིན་ཐང་བཅས་ཚོང་བ་རྣམས་ལ་བསྟན་ནས་གྲུ་བཀང་སྟེ་ཕྱིར་ལོག་གོ། །སྦྱིན་པ་ཆེན་པོ་ནི་ཀླུའི་རྒྱལ་པོའི་ཕོ་བྲང་ནས་ཡིད་བཞིན་གྱི་ནོར་བུ་མ་ཐོབ་ཀྱི་བར་དུ་ཕྱིར་མི་ལྡོག་གོ་ཞེས་སྨྲས་པས་ཚོང་པ་རྣམས་ཡི་མུག་སྟེ་བདག་ཐམས་ཅད་ཕྱིར་མི་འགྲོ་བར་འཁྱམ་མོ་ཞེས་སྨྲས་པ་ན། སྦྱིན་པ་ཆེན་པོས་ཁྱེད་ཅག་ཡུལ་དུ་བདེ་བར་ཕྱིན་པར་ཁོ་བོས་སྨོན་ལམ་གདབ་པར་བྱའོ། །ཞེས་པོག་ཕོར་ལག་ཏུ་བླངས་ཏེ་ཕྱོགས་བཞིར་མཆོད་ནས་བདེན་པའི་ཚིག་བརྗོད་ཅིང་སླར་ལོག་སྟེ་འཛམ་བུའི་གླིང་དུ་ཕྱིན་ནོ། །སྦྱིན་པ་ཆེན་པོ་ནི། ཞག་བདུན་དུ་ཆུ་པུས་མོ་ནུབ་ཙམ་དང་། དེ་ནས་ཞག་བདུན་དུ་བརླ་ནུབ་ཙམ་དང་། དེ་ནས་ཞག་བདུན་སྐེད་པ་ནུབ་ཙམ་དང་། ཡང་ཞག་བདུན་དུ་ཕྲག་པ་ནུབ་ཙམ་དང་། དེ་ནས་ཞག་བདུན་གྱི་བར་དུ་རྐྱལ་བྱས་ཏེ་རི་ཞིག་གི་དྲུང་དུ་ཕྱིན་པ་དང་། ཤིང་ལ་འཇུས་ཏེ་རི་ལ་འཛེགས་ནས་ཞག་བདུན་གྱིས་རི་དེའི་རྩེར་ཕྱིན་ཏོ། །རི་རྩེར་ཞག་བདུན་སོང་ནས་ཡང་ཞག་བདུན་གྱིས་ཤོད་དུ་ཆུ་འགྲམ་དུ་ཕྱིན་ཏོ། །དེར་ཆུའི་ནང་ནས་པདྨ་གསེར་གྱི་མདོག་ཅན་གྱི་རྩ་བ་ལ་སྦྲུལ་གདུག་པས་དཀྲིས་ཤིང་འདུག་པ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་དེ་སྐྱིལ་མོ་ཀྲུང་བཅས་ཏེ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པས་སྦྲུལ་གདུག་པ་དེ་དག་ཞེ་སྡང་ཞི་ཞིང་སྙིང་བརྩེ་བས་གདུག་པ་ཀུན་ཞི་ནས་བྱང་ཆུབ་སེམས་དཔའ་དེ་པདྨའི་སྟེང་ནས་གོམ་པ་བོར་ཏེ་ཞག་བདུན་དུ་སོང་སོང་བ་ལས་སྦྲུལ་གདུག་པ་དེ་དག་ལས་བརྟོལ་ཏོ། །དེ་ནས་ཡང་སོང་བ་ལས་སྲིན་པོ་དང་འཕྲད་ནས་དེ་དག་མིའི་དྲི་ཚོར་ཞིང་རྒྱུག་གོ། །དེར་ཡང་བྱམས་པའི་སེམས་བསྐྱེད་པས་སྲིན་པོ་དེ་དག་འཇམ་པའི་ཚིག་གིས་སྐྱེས་བུ་ཁྱོད་གང་ནས་འོང་། གང་དུ་འགྲོ་ཞེས་དྲིས་སོ། །སྦྱིན་པ་ཆེན་པོས་ཁོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོལ་དུ་འོང་བ་ཡིན་ནོ། །སྲིན་པོ་དེ་དག་དགའ་ནས། འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཞིག་སྟེ། དུ་བ་སའི་ཕོ་བྲང་ཤིན་ཏུ་རིང་བས་ནམ་ཡང་མི་ཕྱིན་པས་ཉོན་མོངས་པར་འགྱུར་བ་འདི་མཐུ་ཞིག་གིས་བསྟངས་ཏེ་བསྐྱལ་ལོ་སྙམ་དུ་ནམ་མཁར་ཁྱེར་ནས་དཔག་ཚད་བཞི་བརྒྱའི་ཕ་རོལ་ན་ཕྱིན་པའི་སར་བཞག་གོ། །དེ་ནས་ཡང་སོང་སོང་བ་ལས་རིང་པོར་མ་ལོན་པར་དངུལ་གྱི་མཁར་ཞིག་མཐོང་ནས་འདི་ནི་ཀླུའི་གནས་ཤིག་ཡིན་ནོ་སྙམ་སྟེ་ཉེ་བར་སོང་ངོ་། །མཁར་དེའི་ཕྱི་རོལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་ནང་ན་སྦྲུལ་གདུག་པས་གང་བར་མཐོང་ངོ་། །དེ་ལ་བྱམས་པའི་སེམས་བསྐྱེད་པས་གདུག་པ་ཞི་ཞིང་དེ་དག་རྐང་པས་བརྫིས་ནས་ཀླུའི་མཁར་དུ་སོང་ངོ་། །མཁར་དེ་ལ་ཀླུ་གཉིས་ཀྱིས་དཀྲིས་ཏེ་མགོ་མཁར་སྒོ་ལ་བརྟེན་ཅིང་། དེ་གཉིས་ཀྱིས་སྦྱིན་པ་ཆེན་པོ་མཐོང་ནས་མགོ་བོ་བཏེག་སྟེེ་འདུག་འབྱིན་པ་ལས་བྱམས་པའི་སེམས་བསྐྱེད་པས་མགོ་སྨད་ནས་ས་ལ་ཉལ་བ་དེའི་མགོ་ལ་བརྫིས་ནས་མཁར་ནང་དུ་སོང་བ་དང་། ཀླུ་ཞིག་རིན་ཆེན་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པ་མཐོང་ངོ་། །ཀླུ་དེས་བྱང་ཆུབ་སེམས་དཔའ་མཐོང་ནས་སྔངས་ཏེ། འོབས་བདུན་གྱིས་བསྐོར་བས་གཞན་སུ་ཡང་འདིར་འོང་མི་ནུས་ན། འདི་ལྟ་བུ་སུ་ཡིན་སྙམ་དུ་ལངས་ནས་བསུས་ཏེ་རིན་པོ་ཆེའི་ཁྲི་ལ་བཞག་ཅིང་ཁ་ཟས་སྣ་ཚོགས་བྱིན་ནོ། །དེ་ནས་ཅི་ལྟར་འོང་བ་དྲིས་པ་དང་། འཛམ་གླིང་གི་མི་རྣམས་དབུལ་ཞིང་ཕོངས་པས་སྡིག་པ་སྣ་ཚོགས་བྱས་ནས་ཚེ་འཕོས་མ་ཐག་ཏུ་ངན་སོང་དུ་ལྷུང་བ་དེ་ལ་བདག་སྙིང་བརྩེ་བས་ལམ་རིང་པོའི་ཉོན་མོངས་པ་དང་བསྔོས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་སློང་དུ་འོངས་སོ། །ནོར་བུ་དེས་སེམས་ཅན་རྣམས་ལ་ཕན་གདགས་པའི་བསོད་ནམས་ཀྱིས་མངོན་པར་སངས་རྒྱས་པ་འཚལ་གྱིས་བདག་གི་ཡིད་དང་མི་འགལ་བར་རིན་པོ་ཆེ་སྩལ་དུ་གསོལ། ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དཀའ་བ་ཡིན་ཏེ། ཁྱོད་འདིའི་ཕྱིར་འོངས་ན་ཟླ་བ་གཅིག་འདུག་སྟེ། བདག་གི་མཆོད་པ་བཞེས་ཤིང་ཆོས་བསྟན་ན་ནོར་བུ་རིན་པོ་ཆེ་སྦྱིན་ནོ། །བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་བྱ་བར་སྨྲས་ནས་ཀླུའི་རྒྱལ་པོས་ཉིན་གཅིིག་བཞིན་ཁ་ཟས་རོ་བརྒྱ་དང་ལྡན་པ་སྣ་ཚོགས་ཕུལ་ཞིང་རོལ་མོས་ཀྱང་མཆོད། བྱང་ཆུབ་སེམས་དཔས་དེ་ལ་དྲན་པ་ཉེ་བར་བཞག་པའི་ཆོས་ཀྱི་རྣམ་གྲངས་ཟླ་བ་གཅིག་ཏུ་བསྟན་ནས་ཕྱིར་འགྲོ་བར་ཆས་པ་ན། ཀླུའི་རྒྱལ་པོ་དགའ་ཞིང་གཙུག་གི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་ཕུལ་ནས། སྐྱེས་བུ་ཆེན་པོ་ཁྱོད་སངས་རྒྱས་པ་ན་ཁྱོད་ཀྱི་ཉེ་གནས་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ནོར་བུ་འདི་ལ་མཐུ་སྟོབས་ཅི་ཡོད་ཅེས་ཀླུའི་རྒྱལ་པོ་ལ་དྲིས་པ་ན། འདིས་དཔག་ཚད་ཉིས་སྟོང་དུ་དགོས་པ་ཐམས་ཅད་ཆར་བཞིན་དུ་འབེབས་སོ་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔས་ནོར་བུ་འདི་མཐུ་ཆེ་མོད་ཀྱི་བདག་གི་བསམ་པའི་དོན་ཆེན་པོ་འགྲུབ་མི་ནུས་སོ་སྙམ་ནས་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་བསྐྱལ་ཏེ་སོང་ངོ་། །དེ་ནས་ཡང་སོང་བ་ལས་བཻཌཱུརྻ་སྔོན་པོའི་མཁར་འོབས་རིམ་པ་བདུན་གྱིས་བསྐོར་བ་དང་། ཀླུ་གཉིས་ཀྱིས་དཀྲིས་པ་ལ་སྔར་བཞིན་བྱམས་པའི་སེམས་ཀྱིས་བརྫིས་ནས་སོང་སྟེ་མཁར་གྱི་ནང་ན་འདུག་པའི་ཀླུའི་རྒྱལ་པོས་གོང་བཞིན་བསུ་ཞིང་བཀུར་སྟིར་བྱས་ནས། ནོར་བུ་བསླངས་པ་ལ་ཟླ་བ་གཉིས་སུ་ཆོས་བསྟན་ན་ཕུལ་བར་སྨྲས་པ་བཞིན་ཟླ་བ་གཉིས་སུ་རྫུ་འཕྲུལ་གྱི་རྐང་པའི་ཆོས་བསྟན་ནས་ཀླུའི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་དཔག་ཚད་བཞི་སྟོང་དུ་ཅི་འདོད་པའི་ཆར་འབེབས་པ་ཕུལ་ཏེ། སངས་རྒྱས་པའི་ཚེ་ཉེ་གནས་སུ་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔས་ནོར་བུ་འདི་ཡང་མཐུ་ཆེ་སྟེ། བདག་གི་བསམ་པའི་ཚོད་ཙམ་དུ་མ་གྱུར་ཏོ་སྙམ་དུ། ཡང་སོང་བ་ལས་གསེར་གྱི་མཁར་འོབས་བདུན་དང་ཀླུ་གཉིས་ཀྱིས་དཀྲིས་པ་ཅན་གྱི་ནང་དུ་སྔར་བཞིན་སོང་སྟེ་བསུ་བ་དང་དྲི་བ་སོགས་སྔ་མ་བཞིན་ལ། དེར་ཟླ་བ་བཞིར་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཕྱེ་ཞིང་བསྟན་པས། ཀླུའི་རྒྱལ་པོའི་གཙུག་ནས་ཡིད་བཞིན་གྱི་ནོར་བུ་བཀྲོལ་ཏེ་ཕུལ་ནས། སངས་རྒྱས་པའི་ཚེ་ཉེ་གནས་སུ་ཡང་སྨོན་ལམ་བཏབ་བོ། །ནོར་བུ་དེའི་མཐུས་དཔག་ཚད་བརྒྱད་སྟོང་གི་ཁོར་ཡུག་ཏུ་རིན་པོ་ཆེའི་ཆར་དང་ཅི་འདོད་པའི་ཆར་འབེབས་པར་སྨྲས་པས། བྱང་ཆུབ་སེམས་དཔའ་གདོད་དགའ་སྟེ། འཛམ་བུའི་གླིང་གི་ཁྱོན་དཔག་ཚད་བདུན་སྟོང་ལས་མེད་ན། ནོར་བུ་རིན་པོ་ཆེ་འདིས་ནི་བདག་རེ་བ་སྐོང་ངོ་སྙམ་ནས། སྔ་ཕྱིར་རྙེད་པའི་ནོར་བུ་རིན་པོ་ཆེ་གསུམ་གོས་ཀྱི་མཐར་བཅིང་སྟེ་སྒོར་ཕྱུང་བ་དང་ཀླུའི་རྒྱལ་པོ་འཁོར་བཅས་ཀྱིས་བསྐྱལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས་ཕ་ཟད་ཅིག་ཏུ་ཕྱིན་ནས་ནོར་བུ་རིན་པོ་ཆེ་རྣམས་ལག་པར་ཐོགས་ཏེ། སྨོན་ལམ་བཏབ་པ། འདི་རྣམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡང་དག་པ་ཡིན་ན། བདག་ནམ་མཁའ་ལ་འཕུར་བ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ་རྒྱ་མཚོའི་གེགས་ལས་ཐར་ནས་ངོགས་སུ་ཕྱིན་ཅིང་། དེ་ན་ཅུང་ཟད་ངལ་བསོ་ཞིང་གཉིད་ལོག་པའི་ཚེ། རྒྱ་མཚོའི་ཀླུ་ཕྲན་རྣམས་བགྲོས་ནས་རྒྱ་མཚོ་འདི་ན་ནོར་བུ་རིན་པོ་ཆེ་འདི་གསུམ་ལས་མེད་དེ་སུམ་ཆར་མི་འདིས་ཁྱེར་ན། འདི་ཕྱིར་བརྐུའོ་ཞེས་བྱས་ནས་ཀླུ་རྣམས་ཀྱིས་བརྐུས་སོ། །བྱང་ཆུབ་སེམས་དཔའ་སད་ནས་བལྟས་པས་ནོར་བུ་མེད་པར་མཐོང་སྟེ། འདི་ནི་གདོན་མི་ཟ་བར་རྒྱ་མཚོའི་ཀླུས་བརྐུས་ཀྱིས། བདག་གི་མཐུ་ཅི་ཡོད་པས་རྒྱ་མཚོའི་ཆུ་བཅུས་ཏེ་བསྐམ་པར་བྱའོ་སྙམ་ནས། ནོར་བུ་ཕྱིར་མ་ཐོབ་ཀྱི་བར་དུ་ལག་པ་སྟོང་པར་ཕྱིར་མི་འགྲོ་བར་ཡི་དམ་བཅས་ཤིང་། རྒྱ་མཚོའི་ངོགས་སུ་སོང་སྟེ་རུས་སྦལ་གྱི་ཁོག་པ་ཞིག་བླངས་ནས་ལག་གཉིས་ཀྱིས་རྒྱ་མཚོའི་ཆུ་བཅུས་སོ། །དེ་ནས་རྒྱ་མཚོའི་ལྷས་དེའི་བསམ་པ་ཤེས་ནས་འདི་སྐད་ཅེས་སོ། །རྒྱ་མཚོ་འདི་ནི་གཏིང་ཟབ་ཅིང་ཡངས་ཏེ། དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་ཡོད་པས། འཛམ་གླིང་གི་མི་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་བསྐམ་མི་ནུས་ན་ཁྱོད་གཅིག་པུས་ལྟ་ཅི་སྨྲོས་ཏེ་དོན་མེད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། མི་གཅིག་གིས་སྙིང་ནས་ལས་བྱས་ན་ཅི་ཡང་མི་འགྲུབ་པ་མེད་དོ། །བདག་གིས་རིན་པོ་ཆེ་རྙེད་པས་འགྲོ་བ་ཐམས་ཅད་ལ་ཕན་བདེ་བྱ་སྙམ་ཞིང་། དེའི་བསོད་ནམས་ཀྱིས་འཚང་རྒྱ་བར་འདོད་དེ། དེ་ལ་སེམས་མ་ཞུམ་ན། ཅིའི་ཕྱིར་རྒྱ་མཚོ་འདི་བསྐམ་པར་མི་ནུས་ཞེས་སྨྲས་སོ། །དེའི་ཚེ་ལྷ་ཁྱབ་འཇུག་ལ་སོགས་པས་རྒྱང་མ་ནས་བྱང་ཆུབ་སེམས་དཔའ་གཅིག་པུས། རྒྱ་མཚོའི་ཆུས་ཅུས་ཏེ་འགྲོ་བ་མང་པོའི་དོན་དུ་དཀའ་བ་བྱེད་པ་མཐོང་ནས། གཅིག་ནས་གཅིག་ཏུ་སྦྲན་པས་ཐམས་ཅད་བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ཏེ། བྱང་ཆུབ་སེམས་དཔས་སྣོད་ཀྱིས་ཆུ་བཅུ་བ་མཐོང་ནས་ལྷ་དེ་དག་སོ་སོས་ལྷའི་གོས་ཕུད་པ་ཆུར་སྨྱུགས་ཏེ། ལན་གཅིག་ཕྱིར་ཕྱུང་བས། རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུར་འགྲིབ་བོ། །ཡང་ལན་གཉིས་སྨྱུགས་པས་དཔག་ཚད་བརྒྱད་ཅུ་འགྲིབ་བོ། །ལན་གསུམ་སྨྱུགས་པས་དཔག་ཚད་བརྒྱ་ཉི་ཤུ་འགྲིབ་པས་ཀླུ་དེ་དག་འཇིགས་སྐྲག་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། ཐོངས་ཤིག་རྒྱ་མཚོའི་ཆུ་སྐམས་པར་མ་བྱེད་ཅིག་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་བརྩོན་པ་དེ་བཏང་ངོ་། །དེ་ནས་ཀླུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱིས་ནོར་བུ་རིན་པོ་ཆེ་འདི་ཅི་ཞིག་ཏུ་དགོས། བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་དགོས་སོ། །ཀླུས་སྨྲས། སེམས་ཅན་ལ་ཕན་པའི་དོན་དུ་དགོས་ན་རྒྱ་མཚོའི་ནང་ན་ཡང་སེམས་ཅན་མང་དུ་ཡོད་ན་ཅིའི་ཕྱིར་བསྐུར། སྨྲས་པ་རྒྱ་མཚོའི་ནང་ན་གནས་པ་ཡང་སེམས་ཅན་ཡིན་མོད་ཀྱི་དེ་ལ་ཕོངས་པའི་སྡུག་བསྔལ་མེད་དེ། འཛམ་གླིང་གི་མི་རྣམས་ནོར་གྱི་ཕྱིར་གཅིག་ལ་གཅིག་འཚེ་བས་མི་དགེ་བ་བཅུ་རྫོགས་པར་བྱས་པས་ཚེ་འཕོས་ནས་དམྱལ་བར་སྐྱེ་སྟེ། དེ་ལ་བདག་སྙིང་བརྩེ་བའི་ཕྱིར་རིན་པོ་ཆེ་འདི་དགོས་སོ། །དེ་ནས་ཀླུ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་ཕྱུངས་ཏེ་སླར་ཕུལ་ལོ། །རྒྱ་མཚོའི་ལྷས་ཀྱང་སངས་རྒྱས་པའི་ཚེ་ཉེ་གནས་ཀྱི་མཆོག་ཏུ་སྨོན་ལམ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་རིན་པོ་ཆེ་ཕྱིར་ཐོབ་ནས་ནམ་མཁའ་ལ་འཕུར་ཏེ་གནས་སུ་འོངས་ནས་སྔར་གྱི་ཚོང་པ་གྲོགས་པོ་རྣམས་དྲིས་པ་དང་། དེ་དག་བདེ་བར་ཕྱིན་ནས་གཅིག་ལ་གཅིག་དྲི་ཞིང་ངོ་མཚར་དུ་བཟུང་ངོ་། །རྒྱལ་བོ་ཀ་བྱི་ལའི་སྒོར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ལས་ཕྱིར་ལོག་གོ་ཞེས་ཐོས་ནས་ཐམས་ཅད་ཀྱིས་སྒོར་བསུས་ཏེ་དགའ་ནས། ཚོང་པ་གྲོགས་པོ་རྣམས་དང་བཅས་པ་ལ་དགའ་སྟོན་ཆེན་པོ་བགྱིས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཐོགས་ནས་ཁྱིམ་དུ་འོངས་བ་དང་། བྲམ་ཟེ་དེའི་བང་མཛོད་ཐམས་ཅད་ཡོངས་སུ་གང་བར་གྱུར་ཏོ། །བྲམ་ཟེ་ཀ་བྱི་ལས་རིན་པོ་ཆེ་སྣ་ཚོགས་ཀྱིས་བུ་མོ་བརྒྱན་ནས། རིན་པོ་ཆེའི་ཆུ་སྣོད་བསྐུར་བས་བྱང་ཆུབ་སེམས་དཔའི་རྐང་པ་བཀྲུས་ཤིང་བུ་མོའི་ལག་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ལ་གཏད་དོ། །བྱང་ཆུབ་སེམས་དཔས་ཀྱང་བཞེས་ནས། བྲམ་ཟེ་རབ་ཏུ་དགའ་སྟེ་གཡོག་བུ་མོ་ལྔ་བརྒྱ་དང་། གླང་པོ་ཆེ་ལྔ་བརྒྱ་ཡང་རིན་པོ་ཆེས་བརྒྱན་ཏེ་རོལ་མོ་བྱས་ནས་བྱང་ཆུབ་སེམས་དཔའ་ལ་བརྫངས་སོ། །དེའི་ཚེ་སྦྱིན་པ་མཆོག་ཆེན་པོའི་ཕ་མ་བུ་དང་བྲལ་བའི་འོག་ཏུ་ངུས་པས་ཕ་མ་གཉིས་ཀའི་མིག་ལོང་བར་གྱུར་པ་བུ་དང་འཕྲད་པ་ན་ཕ་མ་ལ་ཕྱག་འཚལ་ཏེ་དེའི་ལག་པ་ནས་འཛུས་ཤིང་བུ་ཡིན་པར་རྟོགས་སོ། །སྦྱིན་པ་ཆེན་པོ། ཁྱོད་ངེད་བོར་ནས་སོང་བའི་འོག་ཏུ་མིག་ཀྱང་མདོངས་སོ། །ཁྱོད་རྒྱ་མཚོར་སོང་བས་ཅི་རྙེད་ཅེས་དྲིས་པ་ལ། ནོར་བུ་རིན་པོ་ཆེ་ཕའི་ལག་ཏུ་བཞག་སྟེ་བདག་གིས་འདི་རྙེད་དོ་ཞེས་སྨྲས་པ་དང་། ཕ་མས་ལག་ཏུ་བླངས་ཏེ། འདི་ལྟ་བུའི་རྡོ་བ་ནི་ངའི་མཛོད་ན་སྔར་ཡང་མང་དུ་ཡོད་ན། འདི་ལྟར་ཉོན་མོངས་པ་དང་བསྔོ་ཅི་དགོས་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་ཕྱིར་བླངས་ཏེ་ཕ་མའི་མིག་ཕྱིས་པས། རླུང་དྲག་པོས་སྤྲིན་བུས་པ་བཞིན་དུ་ཕ་མ་གཉིས་ཀྱི་མིག་ཀྱང་སྔར་བས་གསལ་བར་གྱུར་ཏོ། །ཕ་མ་གཉིས་དགའ་སྟེ་ནོར་བུ་རིན་པོ་ཆེ་ཡང་དག་པ་ལྟ་སྟེ། ཉོན་མོངས་པའི་ནད་སེལ་བར་གྱུར་ཏོ་ཞེས་སྨྲས་སོ། །དེ་ནས་སྦྱིན་པ་ཆེན་པོས་རིན་པོ་ཆེ་ཐོགས་ཏེ་ཕ་མའི་འོག་ཏུ་རིན་པོ་ཆེའི་གདན་དང་སྟེང་དུ་རིན་པོ་ཆེའི་བླ་རེ་འབྱུང་བར་སྨོན་ལམ་བཏབ་མ་ཐག་ཏུ་དེ་བཞིན་དུ་གྱུར་ཏེ་བང་མཛོད་ཐམས་ཅད་ཀྱང་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་ཕོ་ཉ་གཅིག་དཔག་ཚད་བརྒྱ་སྟོང་དུ་འགྲོ་བའི་གླང་པོ་ཆེ་ལ་བསྐྱོན་ཏེ། འཛམ་གླིང་གི་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོས་རྒྱ་མཚོ་ནས་ཡིད་བཞིན་གྱི་ནོར་བུ་རྙེད་དེ། ད་སྟེ་ཞག་བདུན་ན་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབེབས་ཀྱིས་སོ་སོ་ནས་ཅི་བདེ་བར་ལོངས་ཤིག་ཅེས་བསྒྲགས་སོ། །དེའང་སྦྱིན་པ་ཆེན་པོས་ཁྲུས་བྱས་གོས་གསར་པ་བགོས་ནས། ཐང་ག་ལ་བར་མཉམ་པོར་རྒྱ་མཚན་བཙུགས་པའི་རྩེ་ལ་ཡིད་བཞིན་གྱི་ནོར་བུ་བཏགས་ནས། པོག་ཕོར་ལག་ཏུ་བླངས་ཏེ་སྨོན་ལམ་བཏབ་པ། འཛམ་བུའི་གླིང་གི་མི་འདི་དག་ནི་དབུལ་ཕོངས་ཤ་ལྟག་སྟེ། དེ་ལ་ཕན་གདགས་དགོས་ཀྱི། ཡིད་བཞིན་གྱི་ནོར་བུ་ཡང་དག་མི་བརྫུ ན་པ་ཡིན་ན་སོ་སོ་ནས་ཅི་དང་ཅི་དགོས་པ་ཐམས་ཅད་ཡིད་བཞིན་དུ་ཆར་ཕོབ་ཅིག་ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཞི་ནས་རླུང་གཡོས་པས་མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཕྱགས་ཏེ་ཆར་ཟིམ་བུས་རྡུལ་མི་འཐུལ་བར་བྱས་པའི་འོག་ཏུ། ཐོག་མར་བཟའ་བཏུང་རོ་བརྒྱ་དང་ལྡན་པ་སྣ་ཚོགས་ཆར་བཞིན་དུ་བབས་སོ། །དེ་ནས་འབྲུ་དང་། དེ་ནས་གོས་དང་། དེའི་འོག་ཏུ་རིན་པོ་ཆེ་ཆར་བཞིན་དུ་བབ་སྟེ། འཛམ་བུའི་གླིང་ཐམས་ཅད་ནོར་བུ་རིན་པོ་ཆེའི་ཕུང་པོས་གང་ནས་རིན་པོ་ཆེ་དག་གསེག་མ་དང་གྱོ་མོ་ལྟ་བུར་མང་བར་བྱས་སོ། །དེ་ལྟར་ཀུན་ཚིམ་པར་བྱས་ནས་འཛམ་གླིང་གི་མི་རྣམས་ལངས་ནི་ཁྱེད་རྣམས་ནོར་གྱིས་ཕོངས་ནས་སྡིག་པའི་ལས་བྱས་པས་ངན་སོང་དུ་འགྲོ་བ་ལ་སྙིང་བརྩེ་བས། རྒྱ་མཚོའི་བགེགས་དང་ཉོན་མོངས་པ་མང་པོ་ཁྱད་དུ་བསད་དེ་ནོར་བུ་བླངས་ནས། ད་ཁྱེད་ཀུན་ཅིས་ཀྱང་མི་བྲེལ་བར་བདེ་བར་གྱུར་གྱིས། ཁྱེད་རྣམས་ད་ལུས་དང་ངག་དང་ཡིད་བསྡུས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་པར་གྱིས་ཤིག་ཅེས་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཅིང་བསྐུལ་བས་དགེ་བ་བཅུ་ལ་ནན་ཏན་བྱེད་དུ་བཅུག་པས། འཛམ་གླིང་གི་མི་རྣམས་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེ་དུས་ཀྱི་སྦྱིན་པ་ཆེན་པོའི་ཕ་མ་ནི་ད་ལྟར་ཟས་གཙང་དང་། ཡུམ་ལྷ་མཛེས་དང་། དངུལ་མཁར་ན་འདུག་པའི་ཀླུ་དེ་ནི་ཤཱ་རིའི་བུ་དང་། བཻཌཱུརྻའི་མཁར་ན་འདུག་པའི་ཀླུ་དེ་ནི་མ་གལ་བུ་དང་། གསེར་གྱི་མཁར་ན་འདུག་པའི་ཀླུ་དེ་ནི་ཀུན་དགའ་བོ་ཡིན་ཏེ་དེའི་དུས་ཀྱང་ང་ལ་བསྙེན་བཀུར་བྱས་སོ། །རྒྱ་མཚོའི་ལྷ་དེ་ནི་མ་འགགས་པའོ་ཞེས་གསུངས་སོ། །ཡང་རྒྱལ་བུ་དོན་གྲུབ་ཅེས་པར་གྱུར་པའི་དུས་ན་ཡང་རྒྱ་མཚོ་ལས་ནོར་བུ་བླངས་པའི་ཚུལ་འདི་དང་མཚུངས་པ་ཡོད་དོ། ༈ །ཡང་སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པའི་རྒྱལ་པོ་རིན་པོ་ཆེའི་གོ་ཆ་ཞེས་བྱ་བ། དེ་ལ་བཙུན་མོ་དང་ཕོ་བྲང་གི་སླས་ལྔ་བརྒྱ་ཡོད་ཀྱང་བུ་མེད་ནས་ཉི་ཟླ་ལ་སོགས་པའི་ལྷ་ལ་གསོལ་བ་བཏབ་ཀྱང་བུ་མེད་ནས་ཡིད་མི་དགའ་སྟེ། བདག་ཤི་བའི་རྗེས་སུ་རྒྱལ་ཕྲན་རྣམས་འཁྲུགས་ནས་ཡུལ་མི་བདེ་བར་འགྱུར་རོ་སྙམ་པ་ན། ལྷ་ཞིག་གིས་རྒྱལ་པོ་དེ་ལ་རྨི་ལམ་དུ་ཕོ་བྲང་གི་ཕྱི་རོལ་གྱི་ཚལ་ན་དྲང་སྲོང་གཉིས་ཤིག་ཡོད་དེ། གཅིག་གི་ལུས་ནི་གསེར་གྱི་མདོག་ཏུ་འདུག་པ་དེ་ལ་གསོལ་བ་ཐོབ་ཅིག་དང་དེ་ཁྱོད་ཀྱི་བུར་སྐྱེ་བར་འགྱུར་རོ་ཞེས་བསྒོས་པ་བཞིན། དྲང་སྲོང་དེ་ལ་བུར་སྐྱེ་བར་གསོལ་བ་བཏབ་པ་དང་། དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དྲང་སྲོང་གཅིག་གིས་ཀྱང་བདག་ཁྱོད་ཀྱི་བུར་སྐྱེ་བར་བྱའོ་ཞེས་སྨྲས་པ་དང་རྒྱལ་པོ་དགའ་སྟེ་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་དྲང་སྲོང་གསེར་གྱི་མདོག་ཅན་ཚེ་འཕོས་ནས། བཙུན་མོ་ཆེན་མོའི་མངལ་དུ་སྐྱེས་ཏེ་ཟླ་བ་དགུ་ཚང་ནས་ཁྱེའུ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་དུ་འདུག་པ་མཚན་དང་ལྡན་པ་ཞིག་བཙས་ཏེ། བཙས་སྟོན་བྱས་ནས་མཚན་མཁན་རྣམས་ཀྱིས་བརྟགས་ནས་རྒྱལ་བུའི་མིང་དགེ་དོན་དུ་བཏགས་སོ། །དེ་ནས་བཙུན་མོ་གཅིག་ཀྱང་སེམས་ཅན་དང་ལྡན་པར་གྱུར་ཏེ་དྲང་སྲོང་གཅིག་ཤོས་ཚེ་འཕོས་པ་དེར་སྐྱེས་ཏེ། བཙས་སྟོན་བྱས་ནས་མཚན་མཁན་རྣམས་ཀྱིས་དེའི་མིང་སྡིག་དོན་དུ་བཏགས་སོ། །ཁྱེའུ་དགེ་དོན་ཆེར་སྐྱེས་ནས་རིག་པ་བཅོ་བརྒྱད་སོགས་གཙུག་ལག་ཐམས་ཅད་ལ་མཁས་པར་གྱུར་ཏོ། །ཕྱིས་དགེ་དོན་གྱིས་རྒྱལ་པོ་ལ་གསོལ་ཏེ་ཕྱིར་འཆག་ཅིང་ལྟད་མོ་ལྟ་བར་འབྱོར་པ་ཆེན་པོ་དང་བཅས་ཏེ་དོང་བ་ན། ཡུལ་མི་ཐམས་ཅད་ཀྱིས་ལྟ་ཞིང་འདི་ནི་གཟི་བརྗིད་ཚངས་པ་དང་འདྲའོ་ཞེས་བསྔགས་སོ། །རྒྱལ་བུ་དེ་སོང་སོང་བ་ལས། སྐྱེ་བོ་དབུལ་པོ་གོས་ངན་པ་ཅན་དང་། སྲོག་ཆགས་གསོད་པ། ཞིང་རྨོ་བ་ཉ་བ་རྔོན་པ་སོགས་མཐོང་ནས་དྲིས་པ་ན་དེ་དག་གིས་ཀྱང་བདག་ཅག་དབུལ་ཞིང་ཕོངས་པས་ཁྱིམ་གྱི་མི་རྣམས་འཚོ་མི་ནུས་པ་དང་། རིགས་བརྒྱུད་ཀྱི་ལས་ཀྱི་མཐའ་འདི་ལྟ་བུ་ལ་སྤྱོད་དོ་ཞེས་སྨྲས་པ་ན། རྒྱལ་བུ་དེས་སྙིང་བརྩེ་བའི་མཆི་མ་གཟགས་ཏེ་ཀྱེ་མ་འདི་དག་མུན་པ་ནས་མུན་པར་འགྲོ་བའོ་སྙམ་དུ་བསམས་ནས། ཕྱིར་ཁྱིམ་དུ་འོངས་ཏེ། ཡབ་ལ་སྦྱིན་པ་སྦྱིན་པར་གནང་བ་ཞུས་པ་དང་། ཡབ་ཀྱིས་ཀྱང་གནང་སྟེ་བང་མཛོད་ཐམས་ཅད་བྱིན་ནས་སུམ་ཆ་གཅིག་ལ་བབ་པ་ན། མཛོད་སྲུང་བས་རྒྱལ་པོ་ལ་གསོལ་ཏེ་ཐབས་ཀྱིས་སྙད་བཏགས་ནས། སློང་མོ་བའི་བསམ་པ་རྫོགས་པར་མ་ནུས་པ་དང་། དགེ་དོན་གྱིས་རྒྱ་མཚོ་ལས་ནོར་བུ་ལེན་པའི་བསམ་པ་སྐྱེས་ཏེ། རྒྱས་པར་སྔར་སྦྱིན་པ་ཆེན་པོའི་སྐབས་སུ་སྨྲོས་པ་བཞིན་དུ་ལྟའོ། །དེར་ཚོང་པ་ལྔ་བརྒྱ་དང་འགྲོགས་ཏེ་དེད་དཔོན་རྒན་པ་དང་བཅས་པ་རྒྱ་མཚོར་ཆས་སོ། །རྒྱལ་བུ་སྡིག་དོན་ཡང་བདག་ཕུ་བོའི་གཡོག་ཏུ་འགྲོའོ་ཞེས་གསོལ་ཏོ། །རྒྱལ་པོའི་བསམ་པར་གཞན་སུ་སོང་བ་ལས་ནུ་བོ་སོང་ན་ཕན་སྙམ་སྟེ་གནང་ངོ་། །དེ་ནས་རྒྱལ་བུས་གསེར་སྲང་སུམ་སྟོང་བླངས་ཏེ་སྲང་སྟོང་གྲུ་ཟོང་དུ་བྱས། ཉིས་སྟོང་འཕྲལ་གྱི་དགོས་པའི་ཡོ་བྱད་དུ་བྱས་ཏེ་རྒྱལ་པོ་དང་བཙུན་མོ་སོགས་ཀྱིས་བསྐྱལ་ལ། དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ཏེ། གྲུར་ཞུགས་ཤིང་ཐག་པ་བདུན་གྱིས་བརྟོད་ནས་ཚོང་པ་རྣམས་ལ་སྨྲས་པ། རྒྱ་མཚོའི་ནང་ན་བགེགས་སྣ་ཚོགས་ཡོད་དེ། སྔ་དང་ཕྱིས་འདོང་པ་ནི་རབ་ཏུ་མང་མོད་ཀྱི་ཕྱིར་འཁོར་བ་ནི་ཉུང་རབས་སོ། །དེ་ལ་ཐེ་ཚོམ་ཟ་བ་ཡོད་ན་ཕྱིར་དེངས་ཤིག །གལ་ཏེ་ལུས་སྲོག་དང་ཕ་མ་སོགས་ལ་མི་ལྟ་བར་འདོང་ཞིང་རིན་པོ་ཆེའི་གླིང་དུ་ཕྱིན་ཏེ་ཕྱིར་འཁོར་ན་བུ་ཚ་བདུན་བརྒྱུད་ཚུན་ཆད་དུ་ནོར་གྱིས་མི་བྲེལ་བར་འགྱུར་རོ་ཞེས་བསྒོས་ནས་ཐག་པ་རེ་རེ་བཅད་དོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུ་ལན་རེ་དེ་སྐད་བསྒོས་ནས་རླུང་ཕྱོགས་སུ་བབ་པ་ལ་གཡེར་ཤིང་བསྒྲེངས་ཏེ་མགྱོགས་ཁྱད་མདའ་བཞིན་སོང་ངོ་། །དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྒྱལ་བུ་རིན་པོ་ཆེ་བརྟགས་ལ་མཁས་པ་དེས་རིན་པོ་ཆེའི་བཟང་ངན་དང་མང་ཉུང་གི་ཚད་ཀྱང་བསྟན་ནས་སོ་སོ་ནས་རིན་པོ་ཆེ་ཚོལ་ལོ། །ཚོང་པ་ཕལ་པ་རྣམས་དེར་བཞག་ནས་དེད་དཔོན་དང་རྒྱལ་བུ་དགེ་དོན་གཉིས་གྲུ་ཆུང་ཞིག་གི་ནང་དུ་ཞུགས་ཏེ་སོང་སོང་བ་ལས། དངུལ་དང་བཻཌཱུརྻའི་རི་དང་གསེར་གྱི་རིའི་དྲུང་དུ་སོང་སྟེ་གསེར་གྱི་བྱེ་མའི་སྟེང་དུ་འདུག་ནས་དེད་དཔོན་རྒས་པ་དེ་ན་རེ། བདག་ནི་རྒས་ཞུམ་སྟེ་ད་ནི་འགྲོ་མི་ཕོད་དོ། །ཁོ་བོ་ནི་འདི་ཉིད་དུ་ཚེ་དུས་བྱེད་པར་འགྱུར་གྱི། ཁྱོད་འདི་ནས་སོང་ལ་རིན་ཆེན་སྣ་བདུན་གྱི་མཁར་ཞིག་ཡོད་ཀྱི་དེའི་མཁར་སྒོ་བཅད་ཅིང་འདུག་ན། སྒོ་དྲུང་དུ་རྡོ་རྗེའི་གཏུན་ཞིག་ཡོད་པ་དེས་མཁར་སྒོ་རྡུངས་ཤིག་དང་། ནང་ནས་ལྷ་མོ་ལྔ་བརྒྱ་ཞིག་སོ་སོ་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་དུ་འོང་ངོ་། །དེ་ནས་ལྷ་མོ་གཅིག་གིས་རིན་པོ་ཆེ་སྔོན་པོ་ཞིག་ཐོགས་ཤིང་མདུན་དུ་འོང་གིས་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུངས་ཤིག །བུ་མོ་གཞན་དག་གི་ནོར་བུ་ཡང་ལོངས་ཤིག །དབང་པོ་རབ་ཏུ་སྡོམས་ལ་དེ་དག་ལམ་སྨྲ་ཞིག །བདག་ནི་འདིར་ཚེ་འཕོས་ན་དྲིན་དྲན་པར་གྱིས་ལ་འདི་ཉིད་དུ་རུས་པ་སྦས་ཏེ་སོངས་ཤིག་ཅེས་བསྒོས་མ་ཐག་ཏུ་ཚེ་དུས་བྱས་སོ། །དེ་ནས་དེའི་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས་སོང་བ་དེད་དཔོན་གྱིས་ཇི་ལྟར་བསྒོས་པ་ལྟར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་གྱི་མཁར་སྒོ་རྡོ་རྗེའི་གཏུན་བུས་བརྡུངས་པས་ལྷ་མོ་ལྔ་བརྒྱ་དང་། ནང་གི་ལྷ་མོ་གཅིག་གིས་ནོར་བུ་བྱིན་པ་གོས་ཀྱི་ཐ་མར་ཕུར་ཏེ་དེ་མ་ཐག་ཏུ་ཕྱིར་ལོག་གོ། །དེ་ནས་ཚོང་པ་རྣམས་ལ་སྡིག་དོན་གྱིས་རིན་པོ་ཆེ་མང་དུ་ལོངས་ཤིག་ཅེས་བོས་པ་བཞིན་མང་དུ་བླངས་པས་གྲུ་བར་འགའ་ནི་ཆུར་ནུབ། བར་འགའ་བྱུང་ན་ཡང་དགེ་དོན་འབའ་ཞིག་ནི་ནོར་བུ་རིན་པོ་ཆེ་ཡོད་པས་ཆུར་མ་ནུབ་བོ། །སྡིག་དོན་སྐྲ ག་ནས་དགེ་དོན་ལ་སྐྱོབས་ཤིག་ཅེས་སྨྲས་པ་དང་། སྡིག་དོན་ཁྲིད་དེ་རྒྱ་མཚོར་བརྒལ་ཏོ། །དེ་ནས་སྡིག་དོན་གྱིས་སྨྲས་པ། བདག་ཅག་སྤུན་གཉིས་ཕ་མ་དང་བྲལ་ཏེ། རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་བ་ལས་མ་སྲེས་ཏེ། རིན་པོ་ཆེ་དང་བྲལ་ནས་ལག་སྟོང་པར་ཁྱིམ་དུ་འགྲོ་བ་ནི་ངོ་ཚའོ། །དགེ་དོན་ནི་དྲང་བས་བདག་གིས་རིན་པོ་ཆེ་ཐོབ་ན་ཅིའི་ཕྱིར་ངོ་ཚ་ཞེས་སྨྲས་པ་དང་རིན་པོ་ཆེ་ཇི་ལྟ་བུ་ཞིག་རྙེད་པ་བདག་ལ་བསྟན་དུ་གསོལ། ཕུ་བོས་རིན་པོ་ཆེ་བཀྲོལ་ཏེ་བསྟན་ཏོ། །དེ་མཐོང་ནས་སྡིག་དོན་འདི་སྙམ་དུ་བདག་གི་ཕ་མ་ཡང་ཕུ་བོ་ལ་བྱམས། བདག་ལ་མི་བྱམས་པའི་སྟེང་དུ། ཕུ་བོས་རིན་པོ་ཆེ་རྙེད་ལ་བདག་ཅི་ཡང་མ་རྙེད་པར་སོང་ན་དེ་བས་ཀྱང་མི་བྱམས་པས་ཕུ་བོ་འདི་གཉིད་ལོག་པའི་ཚེ་བསད་ནས་ནོར་བུ་ཁྱེར་ཏེ་སོང་ལ་ཕ་མས་དྲིས་པ་ན། ཕུ་བོ་ནི་རྒྱ་མཚོའི་ནང་དུ་ནུབ་བོ་ཞེས་བྱའོ་སྙམ་ནས་ཕུ་བོ་ལ་སྨྲས་པ། བདག་ཅག་སྤུན་གཉིས་རིན་པོ་ཆེ་ཐོགས་ཏེ་གཉིས་གཅིག་ཆར་ཉལ་བ་མི་རིགས་ཀྱི། རེས་ཀྱིས་ཉལ་ལ་མེལ་ཚེ་བྱའོ་ཞེས་སྨྲས་པ་ལ་ཕུ་བོས་ཀྱང་དེ་བཞིན་དུ་བྱའོ། །ཞེས་བྱས་ཏེ་རེས་ཀྱིས་མེལ་ཚེ་བྱེད་པ་ན། ཕུ་བོས་སྔར་མེལ་ཚེ་བྱས་ཏེ་ཐུན་འཁོར་ཀྱང་རིང་ཞིག་ལངས་སུ་མ་བཏུབ་བོ། །ཕུ་བོས་ཡུན་རིང་མེལ་ཚེ་བྱས་ནས་ནུ་བོ་གདོད་ལངས་ཏེ། ཕུ་བོ་གཉིད་འཐུག་པོས་ལོག་པའི་འོག་ཏུ་ཚལ་གྱི་ནང་ནས་ཚེར་མ་རིང་པོ་གཉིས་བླངས་ནས། ཕུ་བོའི་མིག་ཏུ་ཚེར་མ་རེ་རེ་བཙུགས་ཏེ་རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་སྔངས་ནས་ཆོམ་པོ་བྱུང་ངོ་ཞེས་བོས་ན་ཡང་ཅང་མི་ཟེར་ཏེ། དེ་ནས་ཤིང་གི་ལྷ་མོ་ཞིག་གིས་ཆོམ་པོ་སྡིག་དོན་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དགེ་དོན་མིག་ན་བ་མ་བཟོད་ནས་འབོད་འགྲོགས་ཏེ། གོག་ཅིང་སོང་སོང་བ་ལས་ཡུལ་ལི་ཤི་བ་དེ་དང་ཉེ་བར་ཕྱིན་པ་ལས། བ་ལང་རྫི་བོ་བ་ལང་ལྔ་བརྒྱ་སྐྱོང་བ་དང་འཕྲད་དོ། །བ་ལང་དེའི་ནང་ནས་ཁྱུ་མཆོག་གཅིག་གིས་རྒྱལ་བུའི་མིག་མདོངས་པར་ཤེས་ནས་དེའི་མིག་ལ་ལྕེས་བལྡགས་པས་བ་ལང་ཀུན་ཀྱང་དེར་འདུས་ཤིང་། གནག་རྫི་ཡང་དེར་འོངས་ནས་མི་ཞིག་འགྲོ་བ་མཐོང་ཞིང་དྲུང་དུ་འོངས་ཏེ་བརྟགས་ན་མིག་ཏུ་ཚེར་མ་ཟུག་པ་མཐོང་ནས། ཚེར་མ་གཉིས་དལ་བུས་ཕྱུངས་ཏེ་རང་གི་གནས་སུ་ཁྲིད་དེ། དེ་ནས་འོ་མ་དང་སྣུམ་གྱིས་རྨ་ཁ་བསྐུས་ནས་ཟས་ཀྱི་བསྙོད་དེ་གསོས་སོ། །དེ་ནས་ཕྱི་ཞིག་ན་རྨ་ཡང་བགས་ཀྱིས་སོས་ནས་ད་ནི་འགྲོའོ་ཞེས་བྱས་པ་དང་། བ་ལང་རྫིས་མ་བཏང་ངོ་། །དེ་ནས་ཕྱི་ཞིག་ན་རྨ་ཡང་ལེགས་པར་སོས་ནས། ད་ནི་གྲོང་ཁྱེར་འདིར་འགྲོའོ་ཞེས་བྱས་ནས་མཐར་གྲོང་དང་ཉེ་བར་བསྐྱལ་ཏེ། བདག་ལ་རོལ་མོའི་ཆ་བྱད་ཉི་མ་ཞེས་བྱ་བ་བྱིན་ཅིག་ཅེས་བྱས་པ་དང་། རྫི་བུས་བྱིན་ཏོ། །རྒྱལ་བུས་རོལ་མོ་བྱེད་ཅིང་གླུ་ཚིག་སྙན་པར་བླངས་པས་ཐམས་ཅད་དེ་ལ་ཉན་ཏེ་ཀུན་གྱིས་ཟས་སྐོམ་བསྐྱལ་ཏོ། །དེ་ནས་སྤྲང་པོ་ལྔ་བརྒྱ་རྒྱལ་བུ་ལ་བསྟེན་ཏེ་གསོས་སོ། །ཕྱིས་ཞིག་ན་རྒྱལ་པོ་དེའི་སྐྱེད་ཚལ་སྲུང་བ་ཞིག་དེར་འོངས་པས་རོལ་མོ་སྙན་པ་དེ་ཐོས་ནས་དགའ་སྟེ། ཁྱོད་ངའི་སྐྱེད་ཚལ་དུ་རོལ་མོ་བྱེད་ཅིང་སྐྱེད་ཚལ་ཡང་སྲུང་བར་ནུས་སམ་ཞེས་སྨྲས་པ་ལ་བདག་གི་མིག་ལོང་བས་མི་ནུས་སོ། །དེས་སྨྲས་པ། ཁྱོད་མིག་གིས་མི་མཐོང་ཡང་སླའི། ཤིང་དག་གི་ཁ་ན་ཐེ་གུ་ལ་དྲིལ་བུ་བཏགས་ཏེ་བྱའི་སྐད་གྲག་ན་ཐེ་གུ་དྲངས་པས་ཆོག་གི། ངའི་སྐྱེད་ཚལ་དུ་འདོང་ངོ་ཞེས་སྨྲས་པ་བཞིན་བྱས་སོ། །དེའི་ཚེ་སྡིག་དོན་ཕྱིར་སླེབས་པ་ལ་རྒྱལ་པོས་ཁྱོད་ཀྱི་ཕུ་བོ་ག་རེ་ཞེས་དྲིས་པ་ན། ཕུ་བོ་དང་ཚོང་པ་རྣམས་རིན་པོ་ཆེ་མང་པོ་དང་བཅས་པ་ཆུར་ནུབ་བོ། །བདག་ནི་རྐྱལ་བས་ཐར་རོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡབ་ཡུམ་ས་ལ་འགྱེལ་ནས་བརྒྱལ་ལོ། །ཡུལ་མི་ཐམས་ཅད་ཀྱང་མྱ་ངན་གྱིས་བརྣངས་སོ། །སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་ལྷན་ཅིག་འགྲོ་ན་ཅི་ཉེས་ཞེས་བྱས་སོ། །རྒྱལ་བུ་དགེ་དོན་འདུག་པའི་ཚེ་བྱ་ངང་པ་ཞིག་གསོས་པ་དེ་ལ་རྒྱལ་པོས་མགུལ་དུ་ཡི་གེ་བཏགས་ཏེ་དགེ་དོན་ཚོལ་དུ་བཏང་བ་ དང་། ངང་པ་དེ་འཕུར་ཞིང་ཀུན་ཏུ་བཙལ་བ་དང་སྐྱེད་མོས་ཚལ ་ན་རྒྱལ་བུའི་སྐད་གྲག་པ་ཐོས་ནས་དེར་བབ་སྟེ་རྒྱལ་བུ་དང་འཕྲད་དོ། །རྒྱལ་བུས་ཀྱང་ངང་པའི་སྐད་ཤེས་པས་མགུལ་ནས་ཡི་གེ་བཀྲོལ་ཞིང་ཀློག་ཏུ་བཅུག་སྟེ། སྡིག་དོན་གྱིས་མིག་ཏུ་ཚེར་མ་བཅུག་ནས་བྲོས་པ་སོགས་ལོ་རྒྱུས་ཞིབ་ཏུ་སྤྲིང་ངོ་། །དེའི་ཚེ་རྒྱལ་པོ་ལི་ཤི་བར་དེ་ལ་བུ་མོ་འཇིག་རྟེན་ན་དཀོན་པ་ཞིག་ཡོད་པ་དེ་སྐྱེད་མོས་ ཚལ་དེར་སོང་བ་དང ་། དགེ་དོན་སྐྲ་འཛིངས་ཤིང་གདོང་མཆི་མས་གང་བ་དང་གོས་ངན་པ་གྱོན་ཏེ་ཤིང་དྲུང་ན་འདུག་པ་དེ་མཐོང་ནས། བུ་མོ་དེ་ལ་ཆགས་ཏེ་གར་ཡང་མ་སོང་བར་དེའི་དྲུང་ན་འདུག་ཅིང་གཏམ་བྱས་སོ། །དྲོ་ལ་བབ་སྟེ་རྒྱལ་པོས་བུ་མོ་བོས་པ་ན། བདག་གི་འཚལ་མ་འདིར་སྐྱོལ་ཅིག །ཕར་མི་འོང་ཞེས་སྨྲས་ཏེ་ཟན་དེར་བསྐྱལ་བ་དང་། བུ་མོས་རྒྱལ་བུ་ལ་བདག་ཅག་གཉིས་ལྷན་ཅིག་ཟན་ཟའོ་ཞེས་བྱས་པ་དང་། རྒྱལ་བུས་བདག་ལོང་བ་སྤྲང་པོ་ལགས་པས་རྒྱལ་པོའི་སྲས་མོ་དང་ལྷན་ཅིག་ཟས་ཟ་མི་རུང་ངོ་། །གལ་ཏེ་རྒྱལ་པོས་གསན་ན་བདག་ལ་གྱོད་མཆིའི་ཞེས་སྨྲས་སོ། །བུ་མོས་སྨྲས་པ། ཁྱོད་བདག་དང་ལྷན་ཅིག་མི་ཟ་ན་བདག་ཀྱང་མི་ཟའོ་ཞེས་ལན་དུ་མར་སྨྲས་པ་དང་། དེ་ནས་ལྷན་ཅིག་ཟོས་ཏེ། གཏམ་ལེགས་པར་བྱས་ནས་བུ་མོ་དེ་ལ་ཆགས་ཏེ་གཞན་དུ་འགྲོར་མ་བཏུབ་བོ། །དེ་ནས་ཉི་མ་ནུབ་པ་ལ་རྒྱལ་པོས་བུ་མོ་ཕྱིར་ཤོག་ཅིག་སྦྲན་པ་དང་། བུ་མོས་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སྐྱེད་ཚལ་སྲུང་བ་འདིའི་ཆུང་མར་དགའ་བས་གཞན་སུ་ཡང་མི་འཚལ་ཏོ། །ཡབ་རྒྱལ་པོ་བདག་གི་བསམ་པ་འདི་ལས་མི་བསྒྱུར་དུ་གསོལ་ཞེས་སྤྲིངས་པ་དང་། རྒྱལ་པོས་ཐོས་ནས་བུ་མོའི་ངོ་མ་བཟློག་སྟེ། འདི་ནི་ངོ་མཚར་ལས་ངོ་མཚར་ཆེའོ། །བུ་མོ་འདི་རྒྱལ་པོ་རིན་པོ་ཆེའི་གོ་ཆའི་མནའ་མར་བསླངས་ཏེ། རྒྱལ་བུ་རྒྱ་མཚོ་ནས་མ་འཁོར་བར་སྤྲང་པོ་འདི་ལྟ་བུའི་ཆུང་མར་དགའ་བ་འདི་ནི་ངའི་རིགས་སུན་ཏེ། ངའི་མགོ་ཡང་འདེག་ཏུ་མེད་པ་འདི་ངོ་མཚར་ཆེ་ནས་ཡང་ཡང་འབོད་དུ་བཏང་བ་ལས་བུ་མོ་ཚིག་སྔ་མ་ལས་མ་འགྱུར་ཏེ་འགྲོར་མ་བཏུབ་བོ། །དེ་ནས་རྒྱལ་པོ་བུ་མོ་ལ་བྱམས་པས་ངོ་མ་བཟློག་པར། གཉིས་ཀ་བསུས་ཏེ་ནང་དུ་བསྡུས་ནས་ཁྱོ་ཤུག་ཏུ་བསྡུས་སོ། །དེ་ནས་དུས་གཞན་ཞིག་ན་བུ་མོ་དེ་ཉིན་པར་རྟག་ཏུ་སོང་ཞིང་ནུབ་མོ་ཕྱིར་འོང་བས། རྒྱལ་བུ་དོགས་པ་སྐྱེས་ཏེ་ཆུང་མ་ལ་སྨྲས་པ། ཁྱོད་བདག་གི་ཆུང་མ་བྱ་ཞེས་ཁྱོ་ཤུག་ཏུ་འདུས་ན། ཉིན་པར་རྟག་ཏུ་འགྲོ་ཞིང་མཚན་མོ་འབའ་ཞིག་ཕྱིར་འོང་བས་འདིར་མི་རྟོག་པ་ལ་བལྟས་ནས། ཁྱོད་གཞན་དུ་སེམས་པ་ཡོད་པར་ངེས་སོ། །བུ་མོས་དམ་བཅས་པ། བདག་ནི་ཁྱོད་འབའ་ཞིག་སེམས་ཏེ། བསམ་པ་གཞན་པ་སྤུ་ཙམ་ཡང་མེད་དོ། །བདེན་པར་སྨྲས་པ་འདིས་ཁྱོད་ཀྱི་མིག་ཡ་གཅིག་མཐོང་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་མཐོང་བར་གྱུར་ཏོ། །རྒྱལ་བུས་སྔར་ནི་དགེ་དོན་ཡིན་པའི་ཚུལ་སུ་ལའང་མ་སྨྲས་ལ་གང་གི་གཏམ་དེ་དག་གླིང་ནས་རྒྱལ་བུ་ལ་ཁྱོད་ཀྱི་ཕ་མ་དང་ཡུལ་གང་ན་འདུག་ཅེས་དྲིས་པ་དང་། སྨྲས་པ་ཁྱོད་ཀྱིས་རྒྱལ་པོ་རིན་པོ་ཆེའི་གོ་ཆ་ཞེས་པ་ཐོས་སམ། ཆུང་མས་ཐོས་སོ་ཞེས་སྨྲས་སོ། །དེ་ནི་ངའི་ཕ་ཡིན་ཏེ། ཁྱོད་ཀྱིས་རྒྱལ་བུ་དགེ་དོན་ཐོས་སམ། ཆུང་མས་སྨྲས་པ་ཐོས་སོ། །འོ་ན་རྒྱལ་བུ་དགེ་དོན་ཞེས་བྱ་བ་ནི་བདག་ཡིན་ནོ་ཞེས་སྨྲས་པ་དང་། ཆུང་མ་སྡངས་ནས་འོ་ན་ཅིའི་ཕྱིར་འདི་ལྟར་ཉོན་མོངས་པར་གྱུར་ཅེས་དྲིས་པ་ལ་རྒྱལ་བུས་ཇི་ལྟར་གྱུར་པ་ཞིབ་ཏུ་གཏམ་བྱས་པས། ཆུང་མས་སྨྲས་པ་རྒྱལ་བུ་སྡིག་དོན་གྱིས་ཁྱེད་ཀྱི་མིག་ཕྱུང་བ་འདི་ནི་འཇིག་རྟེན་གང་ན་ཡང་མི་སྲིད་པ་ཡིན་ན། ཁྱོད་དེ་དང་འཕྲད་ན་ཇི་ལྟར་བྱ་སྙམ། རྒྱལ་བུས་སྨྲས་པ། སྡིག་དོན་གྱིས་ངའི་མིག་ཕྱུང་བ་ཉེས་མོད་ཀྱི། བདག་དེ་ལ་ཅུང་ཟད་ཀྱང་མི་དགའ་བའམ་མཁོན་དུ་འཛིན་པ་མེད་དོ། །ཆུང་མས་སྨྲས་པ་གནོད་པ་འདི་ལྟ་བུ་བྱས་པ་ལ་མི་དགའ་བ་མེད་ཅེས་སྨྲས་པ་ལ་བདག་ཡིད་ཤིན་ཏུ་ཆེས་པར་དཀའ་འོ། །རྒྱལ་བུས་སྨྲས་པ། བདག་སྡིག་དོན་ལ་ཅུང་ཟད་མི་དགའ་བ་བ་སྦུའི་ཉག་མ་ཙམ་མེད་ན་བདེན་པའི་ཚིག་དེས་བདག་གི་མིག་ཡ་གཅིག་འདི་མཐོང་བར་གྱུར་ཅིག །ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །དེ་ལྟར་རྒྱལ་བུའི་མིག་གཉིས་ཀྱང་མཐོང་ནས་མཚན་དབྱིབས་ཀྱང་ལྷག་པར་ཆེ་བས་བུ་མོ་དགའ་སྟེ། རྒྱལ་པོ་ལ་འདི་སྐད་དུ་ཡབ་རྒྱལ་པོ་རིན་ཆེན་གོ་ཆའི་སྲས་དགེ་དོན་མཁྱེན་ཏམ། རྒྱལ་པོས་ངས་ཤེས་སོ། །འོ་ན་རྒྱལ་པོས་གཟིགས་བཞེད་དམ། རྒྱལ་བུ་དེ་ག་རེ་བལྟའོ། །བུ་མོས་སྨྲས་པ། ད་ལྟར་བདག་གི་ཁྱིམ་ཐབ་བགྱིད་པ་འདི་ལགས་སོ། །རྒྱལ་པོས་བུ་མོ་ལ་བགད་དེ། བུ་མོ་འདི་མྱོས་སམ། འོན་ཏེ་མི་དྲན་ནམ་ཅི་ཉེས། རྒྱལ་བུ་དེ་ནི་རྒྱ་མཚོ་ནས་ཕྱིར་མ་འཁོར་ན། སྤྲང་པོ་ལ་རྒྱལ་བུ་དགེ་དོན་ཞེས་སྨྲས། བུ་མོས་ཡང་གསོལ་བ། ཐུགས་མི་ཆེས་ན་བརྟག་ཏུ་གསོལ། རྒྱལ་པོ་བལྟར་ཕྱིན་པ་དང་། རྒྱལ་བུ་དངོས་ཡིན་ཏེ། ལྟོ་བ་ས་ལ་ཕབ་ནས་བདག་གིས་ངོ་མ་ཤེས་པས་ནོངས་ཀྱིས་འགྱོད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་གསང་ཏེ་རྒྱལ་བུ་དགེ་དོན་ལམ་སྲང་ཞིག་ཏུ་བསྐྱལ་ནས། དགེ་དོན་རྒྱ་མཚོ་ནས་གདོད་འཁོར་བསྐད་བསྒྲགས་ཏེ། བློན་པོ་རྣམས་དང་བཅས་པས་རྒྱལ་བུ་དགེ་དོན་བསུས་ནས་ཕོ་བྲང་དུ་འོང་བ་དང་། གདོད་བུ་མོ་ཡང་ཆུང་མར་བྱིན་པ་སྐད་དུ་བསྒྲགས་སོ། །དེའི་ཚེ་བྱ་ངང་པ་ཡང་ཕྱིར་ཡུལ་དུ་ཕྱིན་ཏེ། ཡི་གེ་བཀླགས་པས་དགེ་དོན་ཡོད་པར་ཤེས་ནས་སྡིག་དོན་བཙོན་དུ་བཟུང་། རྒྱལ་པོ་ལི་ཤི་བར་གྱི་སྟེང་དུ་ཕོ་ཉ་བཏང་ནས་ངའི་བུ་དགེ་དོན་ཁྱོད་ཀྱི་ཡུལ་ན་འོངས་ཏེ་ཉོན་མོངས་ཤིང་འདུག་པ་ཐོས་ཀྱི་སྔར་མ་སྦྲན་པ་ཡང་ཉེས་སོ། །ད་ཡང་གླང་ཆེན་དང་རྟའི་ཚོགས་མང་པོས་སྐྱོལ་ཅིག །མ་བསྐྱལ་ན་ང་ཉིད་ཀྱང་འོང་ངོ་ཞེས་སྤྲིངས་སོ། །དེའི་ཚེ་དགེ་དོན་གྱིས་ཕྱུགས་རྫིའི་དྲིན་དྲན་ནས་རྒྱལ་པོ་ལི་ཤི་བར་ལ་གསོལ་ཏེ། རྟ་དང་གླང་པོ་གོས་དང་ཁང་ཁྱིམ། ཞིང་དང་འབྲོག་དང་། གསེར་དངུལ་རིན་པོ་ཆེ་དང་བྲན་ཕོ་བྲན་མོ་ལས་བྱེད་པའི་མི་སོགས་བྱ་དགའ་མང་དུ་བྱིན་ནས་ཚེ་གཅིག་ཏུ་བདེ་ཞིང་སྐྱིད་པར་བྱས་སོ། །དེ་ནས་རྒྱལ་པོ་རིན་ཆེན་གོ་ཆའི་ཕོ་ཉ་ཡང་དེར་ཕྱིན་ཅིང་། རྒྱལ་པོ་ལི་ཤི་བར་གྱིས་གླང་པོ་ཆེ་ལྔ་བརྒྱ་རིན་པོ་ཆེས་བརྒྱན་ཏེ་གཡོག་ལྔ་བརྒྱ་དང་། བུ་མོའི་གཡོག་གཞོན་ནུ་མ་ལྔ་བརྒྱ་དང་། ཤིང་རྟ་ལྔ་བརྒྱ་སྙེད་ཀྱང་བརྫངས། རྒྱལ་པོ་ཉིད་བློན་པོ་དང་བཅས་ཏེ་འཁོར་བརྒྱ་སྟོང་དུ་མས་རོལ་མོ་སྣ་ཚོགས་བྱས་ཏེ་བུ་མོ་བསྐྱལ་ལོ། །ཕོ་ཉ་སྔར་ཕྱིན་ནས་རྒྱལ་པོ་རིན་པོ་ཆེའི་གོ་ཆ་བཙུན་མོ་འཁོར་དང་བཅས་ཏེ་རྒྱལ་བུ་བསུའོ། །རྒྱལ་བུ་དང་འཕྲད་པའི་ཚེ་ཞོན་པ་ལ་བབ་ནས་ཕ་མ་ལ་ཕྱག་འཚལ་ཞིང་ལག་པར་འཇུས་ཏེ་སྙུན་གསོལ་ནས་རོལ་མོ་བྱས་ཤིང་ཕོ་བྲང་དུ་དོང་ངོ་། །དེ་ནས་རྒྱལ་བུས་སྡིག་དོན་ག་རེ་ཞེས་སྨྲས་པ་དང་། ད་ལྟ་བརྩོན་དུ་བཟུང་ངོ་ཞེས་སྨྲས་སོ། །དེ་ཐོངས་ཤིག་ཅེས་སྨྲས་པ་དང་། ཉེས་པ་ཆེན་པོ་དེ་བཏང་དུ་མི་རུང་ངོ་། །དེ་ནས་རྒྱལ་བུས་སྡིག་དོན་མ་བཏང་ན་བདག་ཀྱང་ཕོ་བྲང་དུ་མི་མཆིའོ་ཞེས་གསོལ་བས་སྡིག་དོན་ཡང་བཏང་ངོ་། །དེར་སྡིག་དོན་ཡང་རྒྱལ་བུ་བསུར་འོང་བ། སྤུན་གཉིས་གཅིག་ལ་གཅིག་འཇུས་ཏེ་ནུ་བོ་ལ་སྔར་བས་ཀྱང་ལྷག་པར་བྱམས་པར་གྱུར་པས་ཐམས་ཅད་ངོ་མཚར་དུ་འཛིན་ཏོ། །དེ་ནས་ཕོ་བྲང་གི་ནང་དུ་འོངས་ནས་རིན་པོ་ཆེ་ག་རེ་ཞེས་བགས་ཀྱིས་སྨྲས་པ་ན། འོང་བའི་ལམ་དུ་ས་བརྐོས་པའི་ནང་དུ་སྦས་སོ། །དེ་ནས་ལེན་དུ་བཏང་བས་མ་རྙེད་པ་ལ། དགེ་དོན་དང་འགྲོགས་ནས་གནས་དེར་ཕྱིན་མ་ཐག་ཏུ་དགེ་དོན་གྱིས་མཐོང་ནས་རྙེད་དོ། །དེ་ནས་ཕོ་བྲང་དུ་འོངས་ནས་རྒྱལ་ཕྲན་ལྔ་བརྒྱ་ཀུན་ལ་ནོར་བུ་རེ་རེ་བྱིན་ཞིང་། གཅིག་པུ་ཞིག་བཞག་པ་ལག་ཏུ་ཐོགས་ཏེ་སྨོན་ལམ་བཏབ་པ་བཞིན་ཕ་མ་གཉིས་འདུག་པའི་རིན་པོ་ཆེའི་ཁྲི་དང་། རིན་པོ་ཆེའི་གདུགས་བྱུང་བར་གྱུར་ཏོ། །དེ་ནས་བདག་གིས་སྔོན་རྒྱལ་པོ་དང་བློན་པོའི་བང་མཛོད་ལས་གང་བྱིན་ཏེ་གོད་པའི་རྣམ་པ་ཐམས་ཅད་ཕྱིར་གང་བར་ཤོག་ཅིག་ཅེས་བྱས་ནས། རིན་པོ་ཆེ་དེ་ཕྱོགས་སུ་བསྟན་པ་ཙམ་གྱིས་བང་མཛོད་ཐམས་ཅད་རིན་པོ་ཆེས་གང་བར་གྱུར་ཏོ། །དེ་ནས་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་ཞག་བདུན་ན་རྒྱལ་བུ་དགེ་དོན་གྱིས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཀྱིས་ཐམས་ཅད་འདུས་ཤིག་ཅེས་བསྒོ་ནས། ནོར་བུ་རྒྱལ་མཚན་གྱི་རྩེར་བཏགས་ཏེ། ཕྱོགས་བཞིར་ཕྱག་འཚལ་ཞིང་ལག་པར་སྤོས་ཕོར་ཐོགས་ཏེ། ནོར་བུ་འདི་ཡིད་བཞིན་རིན་པོ་ཆེ་ཡང་དག་ཡིན་ན། ཐམས་ཅད་ཅི་འདོད་པའི་ཆར་ཡིད་བཞིན་དུ་ཕོབ་ཅིག་ཅེས་སྨྲས་མ་ཐག་ཏུ། རླུང་ལངས་པས་མི་གཙང་བ་ཕྱགས་ཏེ། ཆར་ཟིམ་བུས་རྡུལ་མི་ལྡང་བར་བྱས་ནས། ཟས་དང་གོས་དང་རིན་པོ་ཆེའི་ཆར་བབས་པས། ཡུལ་ཐམས་ཅད་གང་སྟེ་ཐམས་ཅད་ཚིམ་པར་བྱས་སོ། །རྒྱལ་བུས་ཡུལ་ཐམས་ཅད་ལ་སྨྲས་པ། ད་ནི་ཕོངས་པའི་སེམས་མེད་པས་ཐམས་ཅད་སྒོ་གསུམ་དགེ་བཅུ་ལ་བརྩོན་པར་གྱིས་ཞེས་བསྐུལ་བས་ཐམས་ཅད་དགེ་བཅུ་ལ་ནན་ཏན་བྱས་ཏེ། ཚེ་འཕོས་པའི་དུས་སུ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེ་ལྟར་བཅོམ་ལྡན་འདས་ཉིད་སྔོན་རྒྱལ་བུ་དགེ་དོན་དུ་གྱུར་པས་དེ་ལྟ་བུའི་སྦྱིན་པ་དང་བཟོད་པ་དང་བཙོན་པ་ཆེན་པོ་མཛད་དོ། །དེའི་ཚེ་ཕ་མ་ནི་ད་ལྟའི་རྒྱལ་པོ་ཟས་གཙང་དང་། ཡུམ་ལྷ་མཛེས་ཡིན་ལ། རྒྱལ་པོ་ལི་ཤི་བར་ནི་འོད་སྲུང་དང་། དེའི་ཚེ་རྒྱལ་བུའི་ཆུང་མར་གྱུར་པ་དེ་ད་ལྟར་གྱི་སྐྱེ་དགུའི་བདག་མོ་དང་། སྡིག་དོན་ནི་ལྷས་བྱིན་ནོ་ཞེས་གསུངས་སོ། ༈ །ཡང་འདུལ་བ་གཞི་ལས་གསུངས་པའི་རྒྱལ་བུ་དགེ་བྱེད་དང་སྡིག་བྱེད་ཀྱང་འདི་དང་ཁོག་འདྲ་ལ་ཅུང་ཟད་མི་འདྲ་བའི་ཁྱད་ཡོད་པས། དྲིན་ལན་བསབས་པའི་མདོ་ལས་གསུངས་པ་བཙུན་མོ་ཆེ་འབྲིང་གི་སྲས་དགེ་དོན་དང་ངན་དོན་ཞེས་བྱ་བ་ཡང་འདི་དང་ཁོག་འདྲ་བར་སྣང་ངོ་། ༈ །ཡང་བཅོམ་ལྡན་འདས་འདི་ཉིད་འཛམ་བུའི་གླིང་འདིར་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པར་གྱུར་པ་ན། དེ་བྱམས་པ་དང་སྙིང་རྗེ་དང་ལྡན་ཏེ་ཚད་མེད་བཞི་སྤྱོད་ཅིང་དགེ་བཅུའི་སྲིད་འཛིན་ཏོ། །དེའི་ཡུལ་དེར་དགྲ་དང་རིམས་གཏོང་བའི་ཡི་དྭགས་དང་། མིའི་ཤ་ཁྲག་ཟ་བའི་འབྱུང་པོ་མ་རུང་པ་གང་གིས་ཀྱང་ཡུལ་དེར་བཟའ་བ་མ་རྙེད་ནས་ལྟོགས་ཏེ་མཐུ་མེད་པར་གྱུར་ཏེ། དེར་གནོད་སྦྱིན་ལྔ་ཞིག་ཡུལ་དེར་ལྷགས་པས་སུ་ལའང་གནོད་མ་ནུས་ནས། དབེན་པར་བ་ལང་རྫི་ཞིག་བག་བརྐྱངས་ཏེ་གནས་པ་ལ་གཏམ་བྱས་པས་རྒྱལ་པོའི་ཡོན་ཏན་བཤད་དོ། །དེར་གནོད་སྦྱིན་ལྔ་པོ་རྒྱལ་པོའི་གན་དུ་དོང་སྟེ། བདག་ཅག་གི་ཟས་ནི་མིའི་མདངས་དང་ཤ་ཁྲག་ལ་ལྟོས་ཏེ་ལུས་འཚོ་བ་ལས། ཡུལ་འདི་རྒྱལ་པོས་བཀའ་ལ་བཏགས་པས་ཐམས་ཅད་དགེ་བཅུ་ལ་གནས་པས་བདག་ཅག་ཟས་སྐོམ་མ་རྙེད་པར་ཉམ་ཐག་པས་རྒྱལ་པོ་བདག་ཅག་ལ་ཐུགས་མི་བརྩེའམ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་དེ་དག་ལ་སྙིང་བརྩེ་བས་རང་གི་ལུས་ཀྱི་ཡན་ལག་ལྔ་ལས་རྩ་བཅད་ཅིང་གནོད་སྦྱིན་ལྔས་སོ་སོས་སྣོད་བཟེད་དེ། དེ་རྣམས་ལ་ཁྲག་ངོམས་པར་འཐུང་ངུ་བཅུག་གོ། །དེ་ནས་རལ་གྲི་རྣོན་པོས་རང་གི་ཤ་བཅད་དེ་དག་ངོམས་པར་བྱས་སོ་དེ་དག་ཤ་ཁྲག་གིས་ངོམས་ནས་དགའ་མགུ་རང་ཏེ་སེམས་གདུག་པ་ཞི་བར་གྱུར་པ་ལ། དགེ་བ་ཅི་ནུས་པར་སྤྱོད་ཅིག་ཅེས་གདམས་ཤིང་དེ་དག་གིས་ཀྱང་རྒྱལ་པོ་ལ་བཟོད་པར་གསོལ་ཏོ། །རྒྱལ་པོས་སྨོན་ལམ་བཏབ་པ། ད་ལྟ་ངའི་ལུས་ཀྱི་ཤ་ཁྲག་གིས་ཁྱེད་ངོམས་པར་བྱས་པ་དེ་བཞིན་དུ་ཕྱིས་སངས་རྒྱས་པའི་ཚེ་ན་ཡང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱིས་ཁྱོད་ཀྱི་དུག་གསུམ་བསལ་ཏེ་ཤིན་ཏུ་བདེ་བའི་མྱང་འདས་ལ་འགོད་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཕྱིས་བཅོམ་ལྡན་འདས་ཉིད་སངས་རྒྱས་པའི་ཚེ་གནོད་སྦྱིན་ལྔ་པོ་ནི་ཀཎྜི་ཎྱ་ལ་སོགས་པའི་དགེ་སློང་ལྔ་ཡིན་ཏེ། གང་དང་གང་དུ་སྐྱེས་པར་དེ་དག་ཐོག་མར་བསྒྲལ་བར་སྨོན་ལམ་བཏབ་པས། ཐོག་མར་ཆོས་བསྟན་མ་ཐག་ཏུ་འདི་དག་རྣམ་པར་གྲོལ་བར་གྱུར་ཏོ་ཞེས་གསུངས་སོ། །རྒྱལ་པོ་བྱམས་པའི་སྟོབས་དེའི་ལུས་ཀྱི་རྨ་རྣམས་ཀྱང་བརྒྱ་བྱིན་གྱི་སྨན་གྱིས་གསོས་པས་སྔར་བཞིན་དུ་གྱུར་ཏེ། འཛམ་བུའི་གླིང་བདེ་བར་བསྐྱངས་སོ། ༈ །ཡང་རྒྱལ་པོ་རྡོ་རྗེའི་དཔུང་པ་ཞེས་བྱ་བར་གྱུར་པས་སྦྱིན་གཏོང་གི་ཁང་པ་བརྩིགས་ཏེ་སྐྱེ་དགུ་རྣམས་ལ་ཅི་འདོད་པ་གཏོང་བ་དང་། གནོད་སྦྱིན་ལྔ་རང་གི་ཁྲག་གིས་ཚིམ་པར་བྱས་པ་ཇི་ལྟར་བྱམས་པའི་སྟོབས་ཀྱི་སྐྱེས་རབས་བཞིན་དུ་གསུངས་སོ། ༈ །ཡང་བཅོམ་ལྡན་འདས་འདི་སྔོན་ཡུལ་ཡ་བ་ཞེས་བྱ་བར་རྒྱལ་པོ་དགེ་བ་ཞེས་བྱ་བ་དྲང་པོའི་ཆོས་ཀྱིས་ཡུལ་སྲིད་སྐྱོང་པ། རྒྱལ་ཕྲན་དྲུག་ཅུ་ལ་དབང་པ། གྲོང་ཁྱེར་ཆེན་པོ་བརྒྱད་བརྒྱ་དང་། བ་གླང་ལྔ་བརྒྱ་ཡོད་པ། བློན་པོ་བཞི་སྟོང་མངའ་བ། བཙུན་མོ་ཉི་ཁྲི་ཡོད་ཀྱང་སྲས་མེད་པ་ལ། ཕྱིས་ཞིག་ན་བཙུན་མོ་དམ་པའི་མངལ་དུ་སྲས་ཆགས་པ་དེ་བཙས་ནས་བཙུན་མོ་ཉི་ཁྲི་པོ་ཐམས་ཅད་ལས་ནུ་ཞོ་རང་བྱུང་ཞིང་ཐམས་ཅད་དགའ་བས་དོན་གྲུབ་ཏུ་མིང་བཏགས་སོ། །དེ་ལོ་བཅུ་དྲུག་ལོན་པ་དང་ཡིག་རྩིས་འཕོང་དཔྱད་བཟོ་གནས་རོལ་མོ་སོགས་གང་ཡང་མི་ཤེས་པ་མེད་པར་ལོབས་སོ། །དེ་རྒྱལ་པོ་ཡབ་ཡུམ་ལ་ཡང་རིམ་གྲོ་ཆེ་ཞིང་། རྒྱལ་བུའི་ཕོ་བྲང་ལོགས་ཤིག་ཏུ་བརྩིགས་སོ། །དེ་ཆུང་ནས་སྦྱིན་པ་ལ་དགའ་བས་མི་ལ་སོགས་ཏེ་རི་དྭགས་དང་འདབ་ཆགས་ཀྱི་བར་དུ་སེམས་ཅན་ཐམས་ཅད་བདེ་སྐྱིད་པར་དགའ་ཞིང་སྦྱིན་པའི་བསྔགས་པ་ཡང་ཚིག་ཏུ་རྗོད་པར་བྱེད་དོ། །རྒྱལ་བུ་ཆེར་སྐྱེས་ནས་རྒྱལ་པོ་ཞིག་གི་བུ་མོ་མན་ཏེ་ཞེས་བྱ་བ་གཟུགས་བཟང་བ་བཙུན་མོར་བླངས་ནས་བུ་ཚ་མིང་སྲིང་གཉིས་ཡོད་པར་གྱུར་ཏོ། །རྒྱལ་བུ་དེ་ལྟད་མོར་ཕྱིན་པ་ན། བརྒྱ་བྱིན་དབུལ་པོར་བརྫུས་པ་དེ་མཐོང་ནས་སྦྱིན་པ་བྱེད་པར་བསམས་ཏེ། རྒྱལ་པོ་ལ་མངའ་བའི་བང་མཛོད་ན་ཅི་མཆིས་པ་ཐམས་ཅད་སྦྱིན་པར་འདོད་ཅེས་ཞུས་པ་དང་། རྒྱལ་པོས་ཀྱང་ཅི་དགའ་བར་གནང་ནས་ཅི་དང་ཅི་འདོད་པ་བྱིན་ནོ། །དེའི་ཚེ་དགྲ་ཟླར་གྱུར་པའི་རྒྱལ་ཕྲན་ཞིག་གིས་བལ་གྱི་གླང་པོ་ཆེ་པདྨོའི་སྟེང་ནས་འགྲོ་བ་སུ་ད་ཡ་ཞེས་པ་སྟོབས་ཆེ་བས་དགྲ་ཟླ་གཞན་ལས་རྟག་ཏུ་རྒྱལ་བ་དེ་སློང་བའི་བྲམ་ཟེ་བརྒྱད་མངགས་པ་ལ་རྒྱལ་བུས་བལ་གླང་གི་ལྷས་ནས་བལ་གླང་གཞན་ཞིག་བྱིན་ཀྱང་མ་བླངས་པར་བལ་གླང་སུ་ད་ཡ་བསླངས་སོ། །རྒྱལ་བུས་སྨྲས་པ། འདི་ནི་ཡབ་རྒྱལ་པོ་ཤིན་ཏུ་གཅེས་ཏེ་བདག་དང་འདྲ་བས་བྱིན་ན་བདག་ཡུལ་ནས་བསྐྲད་པར་འགྱུར་རོ། །ཡང་བསམས་པ་སྔོན་བདག་གིས་ཅི་སློང་ཡང་དེའི་ཡིད་དང་འགལ་བར་མི་བྱ་བར་དམ་བཅས་ན་ད་བླ་མེད་བྱང་ཆུབ་ཀྱི་ཕྱིར་མི་གཏོང་བ་ཅི་ཡོད་སྙམ་དུ་གླང་པོ་དེ་བྱིན་ནས་མྱུར་དུ་སོངས་ཤིག་ཡབ་རྒྱལ་པོས་ཐོས་ན་འཕྲོག་ཏུ་འོང་ངོ་ཞེས་བསྒོས་ནས་སོང་ངོ་། །དེ་ཐོས་པས་བློན་པོ་དང་ཡུལ་གྱི་མི་ཐམས་ཅད་སྐྲག་ནས་བལ་གླང་འདི་ཡོད་པས་ཆབ་སྲིད་ཆེ་བ་ཡིན་ཏེ། བལ་གླང་དྲུག་ཅུའི་སྟོབས་དང་ལྡན་པ་དགྲ་ཟླ་ལ་སྩལ་ན་ཆབ་སྲིད་ཀྱང་སྟོང་པར་འཚལ་ན་ཇི་ལྟར་བགྱི། འདི་ལྟར་བྱིན་ན་བང་མཛོད་ཀྱང་སྟོང་ཞིང་བཙུན་མོ་དང་སྲས་ཀྱི་བར་དུ་སྦྱིན་པ་བགྱིད་པར་དོགས་སོ་ཞེས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་ལྷག་པར་མི་དགའ་ཞིང་བློན་པོ་གཞན་ལ་དྲིས་པས་བདེན་ནོ་ཞེས་གསོལ་བས་རྒྱལ་པོ་ཁྲི་ལས་ལྷུངས་ཏེ་བརྒྱལ་ལོ། །བཙུན་མོ་རྣམས་ཀྱང་སྡུག་བསྔལ་བྱེད་དོ། །དེ་ནས་རྒྱལ་བློན་བགྲོས་པ་ན། རྒྱལ་བུ་དེ་བལ་གླང་གི་ལྷས་སུ་སོང་བས་རྐང་པ་བཅག་པར་བྱ། བལ་གླང་བཟུང་བས་ལག་པ་གཅད་པ་ནས་མགོ་གཅོད་པའི་བར་དུ་བགྱིད་པར་རིགས་ཞེས་གསོལ་བ་དང་། རྒྱལ་པོ་མི་དགའ་ཞིང་ངའི་བུ་ལེགས་པའི་དོན་ལ་མོས་ཏེ་སྦྱིན་པ་ལ་དགའ་བ་ལ་ཇི་ལྟར་ཐོ་འཚམ་པར་བྱེད། བློན་པོ་གཅིག་གིས་དེ་ལྟར་བཟུང་བརྡེག་མི་འོང་ཀྱི། ལོ་བཅུ་གཉིས་ཀྱི་བར་དུ་དགོན་པར་སྤངས་ན་སྨ་བབ་ཅིང་ངོ་ཚ་བར་འགྱུར་རོ་ཞེས་སྨྲས་པ་ལ་རྒྱལ་པོས་ཀྱང་མཉན་ནས། རྒྱལ་བུ་རྒྱལ་ཚབ་བཀུག་སྟེ་ཁྱོད་ངའི་བལ་གླང་བྱིན་པ་བདེན་ནམ། དེ་ནི་མེད་ལགས་སོ། །རྒྱལ་བུ་ཁྱོད་ཅིའི་ཕྱིར་ང་ལ་མ་ཞུས་པར་དགྲ་ཟླ་ལ་བྱིན། རྒྱལ་བུས་གསོལ་བཔ། སྔར་སྦྱིན་པ་ཅི་བྱིན་ཡང་མི་འགལ་བར་མཛད་དོ་ཞེས་དམ་བཅས་པ་ལགས་པས་ཉིད་ལ་མ་ཞུས་པ་ལགས་སོ། །རྒྱལ་པོས་སྨྲས་པ། དམ་བཅས་པ་ནི་ནོར་དབྱིག་སོགས་ལ་ཡིན་ན་བལ་གླང་ཅི་གཏོགས། རྒྱལ་བུས་ཐམས་ཅད་རྒྱལ་པོ་ལ་མངའ་བའི་དཀོར་ལགས་ན་ཅིའི་ཕྱིར་བལ་གླང་མི་གཏོགས། རྒྱལ་པོས་སྨྲས་པ་ཁྱོད་ནི་རི་དན་ཏིག་ཏུ་ལོ་བཅུ་གཉིས་ཀྱི་བར་དུ་སྤངས་ཀྱིས་མྱུར་དུ་སོངས་ཤིག །རྒྱལ་བུས་སྨྲས་པ། རྒྱལ་པོའི་བཀའ་མི་གཅོག་ན། ད་དུང་ཞག་བདུན་སྦྱིན་པ་བྱས་ཏེ་བདག་གི་བསམ་པ་རྫོགས་ནས་མཆི་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། དེ་མི་གནང་གི་སོངས་ཤིག །རྒྱལ་བུས་བཀའ་མི་གཅོག་གོ་ཞེས་ཞུས་སོ། །དེ་ནས་བཙུན་མོ་ཉི་ཁྲི་སྙེད་ཀྱིས་རྒྱལ་བུ་རྒྱལ་ཚབ་ལ་ཞག་བདུན་སྦྱིན་པ་བྱེད་དུ་འཇུག་པར་རྒྱལ་པོ་ལ་གསོལ་བས་གནང་ནས། རྒྱལ་བུས་ཕྱོགས་སུ་གཡོག་མངགས་ཏེ་སློང་བ་བསྡུས་ནས་སྦྱིན་པ་རྒྱ་ཆེར་སྩལ་ཏོ། །དེ་ནས་རྒྱལ་བུས་ཆུང་མ་ལ་བདག་ནི་རྒྱལ་པོས་ལོ་བཅུ་གཉིས་སུ་རི་དན་ཏིག་ཞེས་བྱ་བར་སྤངས་ཚུལ་སྨྲས་པ་དང་། དེས་སྨྲས་པ་རྒྱལ་པོའི་ཡུལ་དུ་བདེ་ཞིང་ལེགས་པའི་སྨོན་ལམ་འདེབས་ལ་བདག་ཅག་རི་ལ་སྒོམ་དུ་འདེང་ངོ་། །རྒྱལ་བུས་སྨྲས་པ། རི་དེ་ནི་འཇིགས་པའི་གནས་ཏེ་བྱ་དཀའ་ཞིང་གཅན་གཟན་མ་རུངས་པས་འཇིགས་ན། ཁྱོད་ལོངས་སྤྱོད་མྱོང་མྱོང་བས་དེ་ལྟ་བུ་བཟོད་ནུས་སམ་ཁྱོད་ཕོ་བྲང་གི་ནང་དུ་ནི་ཡོ་བྱད་ཅི་བདེ་བས་འབྱོར་ཞིང་ཟས་གོས་ཕུན་སུམ་ཚོགས་ན། རི་ལ་རྩྭ་འདིང་ཞིང་འབྲས་བུ་ཟ་བ་ལ་མོས་པ་ཅི་ཡོད། གཞན་ཡང་རླུང་དང་སེར་བ། ཚ་གྲང་དང་། རྡོ་དང་གསེག་མ་དང་། སྦྲུལ་སོགས་ཡོད་ན་ཁྱོད་དེ་ལྟ་བུ་བཟོད་དམ། མན་ཏས་སྨྲས་པ། བདག་ལ་མཉེན་ཅིང་འཇམ་པའི་གོས་དང་མངར་བའི་ཟས་སོགས་ཀྱིས་ཅི་ཞིག་བགྱི། ཁྱོད་དང་སོ་སོར་འབྲལ་བ་མི་བཟོད་པས། ལྷན་ཅིག་འགྲོགས་པར་དགའོ། །བདག་ནི་རྒྱལ་བུ་ལ་ཡིད་བརྟེན་ཏེ་གྲོགས་བགྱིའོ། །རྒྱལ་བུས་སྨྲས་པ། བདག་ནི་སྦྱིན་ལ་དགའ་བས། སློང་བའི་སེམས་མི་བཟློག་སྟེ། བུའམ་ཁྱོད་ཉིད་སློང་ན་ཡང་མི་གཏོང་མི་ནུས་པས་བདག་གི་དགེ་བའི་བར་ཆད་བྱེད་ན་འགྲོར་མི་རིགས་སོ། །མན་ཏེས་སྨྲས་པ། རྒྱལ་བུས་སྦྱིན་པ་མཛད་ན་བདག་ཀྱང་ཡི་རངས་ཤིང་སྲོག་ལ་བབ་ཀྱང་ཕྱིར་མི་འགྱུར་བས་ཐེ་ཚོམ་མི་མཛད་དུ་གསོལ། རྒྱལ་བུས་ཀྱང་ཁྱོད་དེ་ལྟར་ནུས་ན་ལེགས་སོ་ཞེས་བཙུན་མོ་དང་སྲས་སྲས་མོ་གཉིས་དང་བཅས་ཏེ། ཡུམ་ལ་མཆི་ཕྱག་བྱས་ནས་ཡུམ་གྱིས་སྐབས་སུ་རྒྱལ་པོ་ལ། དཀར་པོའི་ཆོས་ཀྱིས་ཡུལ་སྲིད་བདེ་བའི་གཏམ་གྱིས་གྲོས་གདབ་ཏུ་གསོལ། ཡུམ་མྱ་ངན་གྱིས་གདུངས་ནས་བདག་ནི་བུ་གཅིག་པུ་སྡུག་པ་འདི་དང་འབྲལ་ན་བདག་གི་སྙིང་རྡོ་རྗེ་ལྟར་མིགས་པ་ནི་ཅི་ཞིག་སྟེ། གལ་ཏེ་ལྷ་རྣམས་ཀྱིས་བདག་གི་སྨོན་ལམ་བཞིན་འགལ་བར་མི་མཛད་ན། བདག་གི་བུ་ཕྱིར་ཡུལ་དུ་འཁོར་བར་ཤོག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེ་བཙུན་མོ་ཉི་ཁྲིས་མུ་ཏིག་གི་དོ་ཤལ་རེ་དང་། བློན་པོ་བཞི་སྟོང་གིས་རིན་ཆེན་སྣ་བདུན་ལས་བྱས་པའི་པདྨ་རེ་རེ་རྒྱལ་བུ་ལ་རྫོང་བ་བྱས་སོ། །རྒྱལ་བུ་ཕོ་བྲང་ནས་ཕྱུང་སྟེ་གྲོང་ཁྱེར་གྱི་བྱང་སྒོར་ཕྱིན་ནས་མེ་ཏོག་དང་དོ་ཤལ་ཐམས་ཅད་འདུས་པ་ཐམས་ཅད་ལ་བྱིན་ནོ། །ཡུལ་དེའི་མི་ཁྲི་ཕྲག་དུ་མས་རྒྱལ་བུ་བསྐྱལ་ཏེ། འདི་ནི་ཤིན་ཏུ་དགེ་བ་ཡུལ་གྱི་ལྷ་གཉེན་ལྟ་བུ་ཡིན་ན་ཅི་ཕྱིར་སྤངས་ཞེས་ཐམས་ཅད་ཕོངས་སེམས་སྐྱེས་སོ། །སྐྱེལ་མི་རྣམས་ལ་རྒྱལ་བུས་སྤྲོ་བ་བསྲིངས་ནས་ཕྱིར་དོང་ངོ་། །དེ་ནས་ཤིང་རྟ་ལ་ཞོན་ནས་རྒྱལ་བུ་ཉིད་ཀྱི་ཁ་ལོ་བ་བྱས་ཏེ་སོང་བས་རྒྱང་ཆད་པར་ཕྱིན་ནས། སྐྱེ་ཤིང་གི་དྲུང་ན་ངལ་བསོ་བ་ལ་བྲམ་ཟེ་ཞིག་གིས་ཤིང་རྟ་འཁྲིད་པའི་རྟ་བསླངས་པ་ལ་བྱིན་ནོ། །དེ་ནས་རྒྱལ་བུས་ཤིང་རྟ་དྲངས། བཙུན་མོས་ཤིང་རྟའི་ཕྱི་ནས་ཕུལ་ཏེ་སོང་བ་ལས་བྲམ་ཟེ་ཞིག་གིས་ཤིང་རྟ་བསླངས་པ་ཡང་བྱིན་ནས་རྐང་པས་དོང་ངོ་། །དེ་ནས་བྲམ་ཟེ་ཞིག་གིས་བསླངས་བ་ལ་ནོར་ཅི་ཡང་མེད་ནས་ལུས་ཀྱི་གོས་རིན་པོ་ཆེ་བྱིན་ཏེ་གོས་རྙིང་པ་ཞིག་གྱོན་ནས་དོང་ངོ་། །ཡང་བྲམ་ཟེ་ཞིག་བྱུང་བ་ལ་བཙུན་མོའི་གོས་བྱིན་ནོ། །དེ་ནས་ཡང་བྲམ་ཟེ་ཞིག་ལ་རྒྱལ་བུ་གཉིས་ཀྱི་གོས་བྱིན་ནོ། །དེ་ལྟར་ཐམས་ཅད་བྱིན་ཀྱང་འགྱོད་པ་མེད་པར། རྒྱལ་བུས་བུ་ཁུར། བཙུན་མོས་བུ་མོ་ཁུར་ཏེ་དགའ་བཞིན་དུ་དོང་དོང་བ་ལས་ད་དུང་རི་དན་ཏིག་ཅེས་བྱ་བར་ལམ་རིང་བས་དཔག་ཚད་སྟོང་ཡོད་པ་ལ། འབྲོག་དགོན་པར་ཕྱིན་ནས་བཀྲེས་ཤིང་སྐོམ་པ་ན། ལྷའི་དབང་པོས་དགོན་པ་དེར་གྲོང་ཁྱེར་བཟང་པོ་ཞིག་ཏུ་སྤྲུལ་ནས་མི་རྣམས་ཀྱིས་རྒྱལ་བུ་བསུས་ཏེ་ཟས་སྐོམ་དང་བདེ་བའི་ཡོ་བྱད་ཀྱིས་བསྟབས་པ་དང་། བཙུན་མོས་རྒྱལ་བུ་ལ་ལམ་རིང་པོ་བགྲོད་པས་རབ་ཏུ་ངལ་ན་ད་འདིར་འདུག་ན་མི་རུང་ངམ། རྒྱལ་བུས་ཡབ་རྒྱལ་པོས་རི་དན་ཏིག་སོང་ཞེས་བཀའ་སྩལ་པས། འདིར་འདུག་ན་རྒྱལ་པོའི་བཀའ་དང་འགལ་ཏེ། བུ་སྲི་ཞུ་ཅན་མ་ཡིན་ནོ་ཞེས་སྨྲས་ཏེ་དེ་ནས་སོང་ངོ་། །དེ་ལྟར་སོང་ནས་རི་དན་ཏིག་གི་དྲུང་དུ་ཕྱིན་པ་དང་། དེ་ན་ཆུ་ཆེན་པོ་བརྒལ་དཀའ་བའི་ཟབ་པ་ཞིག་དང་འཕྲད་དོ། །བཙུན་མོས་ཆུ་བྲི་བའི་བར་དུ་འདིར་བསྡད་དོ་ཞེས་སྨྲས་པ་ལ། རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོས་རི་དན་ཏིག་ཏུ་སོང་ཞེས་གསུངས་པས་འདིར་འདུག་མི་རུང་ཞེས་བྱམས་པའི་ཏིང་འཛིན་ལ་ཞུགས་པའི་མོད་ལ་ཆུའི་ནང་ནས་རི་ཆེན་པོ་ཞིག་བྱུང་ནས་ཆུའི་རྒྱུན་བཅད་དེ། དེར་རྒྱལ་བུ་དང་བཙུན་མོ་གོས་བརྫེས་ནས་ཆུ་བརྒལ་མ་ཐག་ཏུ་རྒྱལ་བུ་འདི་སྙམ་དུ། ཐལ་བྱུང་སོང་ན་ཆུ་འཁྱིལ་བ་འདིས་སེམས་ཅན་མང་དུ་འཆི་སྟེ་འཁྱེར་རོ་སྙམ་ནས། ཆུ་ལ་ཕྱིར་བལྟས་ཏེ་ཆུ་ཁྱོད་སྔ་མ་ཁོ་ན་བཞིན་དུ་རྒྱུན་དུ་འབབ་ཅིང་བདག་འདོད་པ་ཞིག་འོང་ན་ཡང་ཐར་བར་བྱོས་ཤིག་སྨྲས་མ་ཐག་ཏུ་ཆུ་ཡང་སྔ་མ་བཞིན་བབས་སོ། །དེ་ནས་སོང་བས་རི་དན་ཏིག་དེ་རད་རོད་དང་ཟད་ཟེད་དུ་འདུག་པ། ཤིང་མང་པོ་རྒྱས་ཤིང་བྱ་སྣ་ཚོགས་སྙན་པའི་སྐད་འབྱིན་པ། འབབ་ཆུ་སོགས་ཞིམ་ལ། འབྲས་བུ་ནི་མངར་བ་སོགས་མཐོང་ནས། རྒྱལ་བུས་སྨྲས་པ། རི་འདི་ལ་བལྟས་ན། ཤིང་ དང་ནགས་ཚལ ་གནམ་ལ་རེག་པ་སྐྱེས་ཀྱང་བརྔས་པའམ་བཅད་པ་མེད་པས། ཆུ་མིག་ཞིམ་པོ་ལ་འཐུང་ཞིང་འབྲས་བུ་མངར་བ་ཟ་བ་རི་འདི་ལ་སྒོམ་པ་དག་ཡོད་པས་འདིར་གནས་པར་བྱའོ། །རྒྱལ་བུ་དེར་ཕྱིན་པ་ན། རི་དེར་གནས་པའི་བྱ་དང་གཅན་གཟན་རི་དྭགས་ཐམས་ཅད་དགའ་ནས་རྒྱལ་བུ་བསུའོ། །དེའི་ཚེ་རི་དེ་ལ་སྒོམ་པའི་དགེ་སློང་ཨ་ཚུ་ཏ་ཞེས་པ་ལོ་ལྔ་བརྒྱ་ལོན་པ་ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་པ་དེའི་དྲུང་དུ་རྒྱལ་བུ་སོང་སྟེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །རི་འདིར་ཕྱོགས་གང་ན་ཆུ་མིག་དང་འབྲས་བུ་བཟང་པོར་ལྡན་པ་གནས་སུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཨ་ཚུ་ཏས་སྨྲས་པ། རི་འདི་གནས་ཐམས་ཅད་དུ་བསོད་ནམས་དང་ལྡན་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང་སྟེ། དབེན་པའི་གནས་གཙང་མ་ཡིན་པས། ཅི་རྒྱལ་བུ་ཁྱོད་བུ་སྨད་དང་བཅས་ཏེ་ཆོས་སློབ་ཏུ་འོངས་སམ། དེ་ལ་རྒྱལ་བུས་སྨྲ་མ་ཁོམས་པར་བཙུན་མོ་མན་ཏེ་སྨྲས་པ། བཙུན་པ་རི་འདི་ལ་ལམ་བསྒོམས་ནས་ཇི་སྲིད་ཅིག་ལོན། དགེ་སློང་གིས་སྨྲས་པ། རི་འདིར་ཕྱིན་ནས་ལོ་བཞི་བརྒྱའམ་ལྔ་བརྒྱ་ཙམ་ལོན། བཙུན་མོས་སྨྲས་པ། ད་དུང་བདག་དང་བདག་གི་བར་འཛིན་ན་ནམ་ཞིག་ལམ་འཐོབ། དེ་སྲིད་དུ་རི་ལ་གནས་ཀྱང་རྡོ་ཤིང་དང་ཐ་མི་དད་དུ་བདག་དང་བདག་གིར་མི་འཛིན་ན་ད་གདོད་ལམ་ཐོབ་པར་འགྱུར་རོ་ཞེའོ། །དགེ་སློང་ན་རེ་བདག་གིས་ཡང་དག་པའི་དོན་དེ་ལྟ་བུ་མི་ཤེས་སོ། །རྒྱལ་བུས་དགེ་སློང་ལ་སྨྲས་པ། བཙུན་པ་ཡུལ་ཡ་བའི་རྒྱལ་བུ་རྒྱལ་ཚབ་དོན་གྲུབ་ཅེས་བྱ་བ་ཐོས་སམ། དེས་སྨྲས་པ་བདག་གིས་རྒྱུན་ཏུ་ཐོས་ཀྱི་མཐོང་བ་ནི་མ་ཡིན་ནོ། །རྒྱལ་བུས་སྨྲས་པ་བདག་ནི་དེ་ཡིན་ནོ། །དགེ་སློང་གིས་ཁྱོད་གར་འགྲོ། རྒྱལ་བུས་བདག་ནི་ཐེག་པ་ཆེན་པོའི་ལམ་འདོད་དོ། །དགེ་སློང་གིས་ཁྱོད་ནི་རིང་པོར་མི་ཐོགས་པར་ཐེག་པ་ཆེན་པོའི་ལམ་འཐོབ་པར་འགྱུར་ཏེ། དེའི་ཚེ་བདག་ཉེ་གནས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་ཅིག་ཅེས་སྨྲས་ནས། རྒྱལ་བུ་ཁྲིད་དེ་འདུག་པའི་གནས་བསྟན་ཏོ། །དེ་ནས་དགེ་སློང་གིས་ཆོས་བཞིན་དུ་རྒྱལ་བུའི་སྐྲ་སླས་ནས་མདུད་པ་བོར་ཏེ་ཟས་སུ་ཤིང་འབྲས་དང་ཤིང་ཐོག་ཟ། སྐོམ་དུ་ཆུ་མིག་འཐུང་ངོ་། །རྒྱལ་བུས་ཤིང་དང་རྩྭ་བསྡུས་ཏེ། བདག་ཉིད་འདུག་པའི་རྩྭའི་སྤྱིལ་པོ་ཆུང་ངུ་ཞིག་དང་། མན་ཏེ་མ་སྨད་འདུག་པའི་སྤྱིལ་པོ་རེ་རེ་ཡང་བྱས་སོ། །དེའི་ཚེ་ཁྱེའུའི་མིང་ནི་ཡ་རི་ཞེས་བྱ་སྟེ་ལོ་བདུན་ལོན་པ་གོས་རང་གྱོན་ནུས་ཏེ་ཕའི་ཕྱི་བཞིན་དུ་འགྲོའོ། །བུ་མོའི་མིང་ནི་གེ་ནོ་ཡན་ཞེས་བྱ་སྟེ་ལོ་དྲུག་ལོན་པ། རི་དྭགས་ཀྱི་པགས་པ་གྱོན་ཞིང་མའི་ཕྱི་བཞིན་འགྲོའོ། །རི་དེ་ན་གནས་པའི་གཅན་གཟན་དང་། རི་དྭགས་འདབ་ཆགས་ཐམས་ཅད་ཀྱང་རབ་ཏུ་དགའ་ནས་རྒྱལ་བུ་ལ་བརྟེན་ཅིང་གནས་སོ། །རྒྱལ་བུ་རི་དེར་ཕྱིན་ནས་ཞག་གཅིག་ལོན་པ་དང་། སྔོན་སྐམ་པའི་ཆུ་མིག་དང་རྫིང་ཡང་ཆུས་གང་། སྐྱེ་ཤིང་སྐམ་པ་ཐམས་ཅད་ཀྱང་མེ་ཏོག་དང་འདབ་མ་སྐྱེས། སྲིན་བུ་གདུག་པ་རྣམས་ཀྱང་མེད་པར། གཅན་གཟན་གཅིག་ལ་གཅིག་ཟ་བ་ཡང་སོ་སོ་ནས་རྩྭ་ལ་ཟ་བ་དང་། འབྲས་བུའི་ཤིང་རྣམས་ཀྱང་རྒྱས་ཤིང་བཟང་པོར་གྱུར། བྱ་སྣ་ཚོགས་སྙིང་རྗེའི་སྐད་འབྱིན་པར་གྱུར་ཏོ། །བཙུན་མོ་མན་ཏེས་ཤིང་ཐོག་དང་ཤིང་འབྲས་བརྔས་ཏེ་རྒྱལ་བུ་ལ་ཕུལ་ཞིང་། སྲས་མིང་སྲིང་གཉིས་ལའང་བསྙོད་དོ། །སྲས་མིང་སྲིང་གཉིས་ནི་སྐབས་སྐབས་སུ་ཕ་མ་གཉིས་དང་བྲལ་ཏེ། ཧ་ཅང་ཡང་མི་རིང་བའི་ཆུ་མིག་གི་འགྲམ་དག་ཏུ་གཅན་གཟན་དང་རི་དྭགས་དང་ལྷན་ཅིག་རྩེ་སྟེ། བར་འགའ་ཞག་ལོན་པར་ཡང་རྩེའོ། །དུས་ཞིག་ན་སྲས་ཁྱེའུ་སེང་གེ་ལ་ཞོན་པ་ལས། སེང་གེ་མཆོངས་པས་རྡབ་གཅིག་ཕོག་གདོང་ཅུང་ཟད་སྨྲས་ཏེ་ཁྲག་ཕྱུང་བ་ལ་སྤྲེའུ་ཞིག་གིས་ཤིང་གི་ལོ་མས་ཁྲག་ཕྱིས་ཏེ་ཆུ་འགྲམ་དུ་ཁྲིད་ནས་བཀྲུས་པ་ཡང་རྒྱལ་བུས་རྒྱང་མ་ནས་མཐོང་ངོ་། །དེའི་ཚེ་ཡུལ་ཀཻ་ལཻ་ཞེས་བྱ་བར་བྲམ་ཟེ་དབུལ་པོ་ཞིག་ལོ་བཞི་བཅུ་ལོན་ནས་ཆུང་མ་བླངས་སོ། །ཆུང་མ་ནི་རབ་ཏུ་བཟང་ཞིང་སྡུག་ལ། བྲམ་ཟེ་ནི་རབ་ཏུ་མི་སྡུག་པའི་མཚན་མ་བཅུ་གཉིས་ཡོད་དེ། མདོག་སོལ་བ་ལྟར་གནག་ལ། གདོང་ལ་འབུར་པོ་གསུམ་ཡོད་པ། སྣ་འཁྱོལ་ཞིང་མིག་གཉིས་ཤེལ་ལྟར་གཡོ་བ་གདོང་གཉེར་མ་ཅན་ལ་མཆུ་འཕྱང་བ། སྒྲ་མི་སྙན་པ། གསུས་པ་ཆེ་བ། རྐུབ་འབུར་བ། རྐང་པ་གཉིས་གྱོལ་བ། མགོ་ཤུ་བ་ཅན་སྐྲ་མེད་པ། འདྲེ་ལྟར་མི་སྡུག་པ་ཞིག་སྟེ། ཆུང་མས་ཀྱང་མཐོང་མི་འདོད་པ་ཙམ་དུ་ཤི་ཡང་སླ་ཞེས་རྒྱུན་དུ་དམོད་མོ་བྱེད་པ་ཞིག་ཡོད་དོ། །དུས་གཞན་ན་ཆུང་མ་དེ་ཆུ་འཆུར་སོང་བ་ལས། ལམ་དུ་ཁྱོ་ག་གཞོན་ནུ་དུམ་གཅིག་དང་འཕྲད་ནས་ཁྱོ་ག་རྣམས་ཀྱིས་ཁྱིམ་ཐབ་ཀྱི་གཟུགས་འདི་འདྲའོ་ཞེས་ཅོ་འདྲི་ཞིང་བགད་ནས། ཁྱོད་ནི་དཔེ་མེད་པར་བཟང་ཞིང་སྡུག་ན། ཇི་ལྟར་འདི་འདྲ་བའི་ཆུང་མ་བྱེད་ནུས་ཞེས་སྨྲས་པ་དང་། ཆུང་མས་ཁྱོ་ག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །རྒན་པོའི་མགོ་ནི་ཤིང་ལ་བ་མོ་ཆགས་པ་ལྟར་སྐྱ་བ་དེ་ནང་ནུབ་ཏུ་ཤི་བར་དགའ་ན་ཤིར་མི་བཏུབ་ཇི་ལྟར་བྱ། དེ་ནས་ཆུ་སྣོད་ཐོགས་ནས་ཕྱིར་ཁྱིམ་དུ་སོང་སྟེ། ཁྱིམ་ཐབ་ལ་སྨྲས་པ། བདག་ཆུ་འཆུར་སོང་བ་ལས་ལམ་དུ་ཁྱོ་ག་གཞོན་ནུ་དག་དང་འཕྲད་ནས། དེས་བདག་ལ་ཅོ་འདྲི་ཞིང་བགད་དེ་འཕྱའོ། །ད་ཁྱོད་ཀྱིས་བཀོལ་བའི་བྲན་ཁོལ་ཡོད་ནང་ཆུ་བཅུ་ཡང་མི་དགོས་ལ་གཞན་གྱིས་འཕྱ་བར་ཡང་མི་འགྱུར་རོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བདག་ཅག་ནི་ཤིན་ཏུ་དབུལ་ཞིང་ཕོངས་ན་བྲན་ཁོལ་ག་ལས་རྙེད། ཆུང་མས་སྨྲས་པ། གལ་ཏེ་བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན། བདག་འགྲོ་སྟེ་ཁྱོད་དང་ལྷན་ཅིག་མི་གནས་སོ་ཞེས་དང་། ཡང་ཆུང་མས་སྨྲས་པ། ཁོ་མོས་ཐོས་ནས། རྒྱལ་བུ་དོན་གྲུབ་སྦྱིན་པ་ལ་མོས་པས་ཡབ་རྒྱལ་པོས་རི་དན་ཏིག་ཅེས་བྱ་བར་སྤངས་སོ། །དེ་ལ་ཁྱེའུ་དང་བུ་མོ་གཅིག་ཡོད་ཅེས་གྲག་གིས་དེ་སློང་དུ་སོངས་ཤིག །ཁྱིམ་ཐབ་ཀྱིས་སྨྲས་པ། རི་དན་ཏིག་ཅེས་པའི་འདི་ནས་དཔག་ཚད་དྲུག་སྟོང་ལྷག་ཙམ་གྱི་ལམ་ཡོད་ལ། སྔོན་ལ་བགྲོད་ཀྱང་མ་མྱོང་ན་ད་ཅི་ལྟར་བགྲོད་པར་བྱ། ཆུང་མས་སྨྲས་པ། བདག་གི་ཕྱིར་བྲན་ཁོལ་མ་བཙལ་ན་བདག་འགེགས་ཏེ་འཆིའོ་ཞེས་སྨྲས་པ་དང་། ཁྱིམ་ཐབ་ཀྱིས་སྨྲས་པ། ཉེས་ན་ཁོ་བོ་གཅིག་གིས་བསད་ཀྱང་སླ་ཁྱོད་ཤི་བར་མི་འདོད་དོ་ཞེས་སྨྲས་ནས་ཁྱོད་ཀྱིས་བདག་སློང་དུ་འགྲོ་བའི་རྒྱགས་དང་དགོས་པ་སྦྱོར་ཅིག །ཆུང་མས་སྨྲས་པ། ད་སོངས་ཤིག་རྒྱགས་དང་དགོས་པ་ཡང་ཅི་ཡང་མེད་དོ། །བྲམ་ཟེ་རྒྱགས་རང་གིས་སྦྱར་ཏེ་རྐང་པས་ལམ་དུ་ཞུགས་ཞིང་སོང་ནས། ཡུལ་ཡ་བ་ཞེས་བྱ་བར་སོང་སྟེ། རྒྱལ་པོའི་ཕོ་བྲང་གི་སྒོ་སྲུང་བ་ལ་རྒྱལ་བུ་དོན་གྲུབ་ད་ལྟ་ག་ལ་འདུག་ཅེས་དྲིས་པ་དང་། སྒོ་སྲུང་དེ་ནང་དུ་སོང་ནས་རྒྱལ་པོ་ལ་དེ་ལྟར་བསྙད་དོ། །ཚིག་དེ་ཐོས་པ་ཙམ་གྱིས་མེ་ལ་ཤིང་བསྣན་པ་ལྟར་ཁྲོ་ཞིང་འཁྲུགས་ཏེ། འདི་འདྲ་བ་ཤ་སྟག་གི་ཕྱིར་ངའི་སྲས་སྤངས་ན་ད་ཡང་སློང་དུ་འོངས་སྙམ་ནས་མ་དགའོ། །བྲམ་ཟེས་གསོལ་པ། རྒྱལ་ཚབ་དོན་གྲུབ་སྦྱིན་པའི་གྲགས་པ་གནམ་དང་ཆུའི་གཏིང་དུ་ཐུག་པར་གྲགས་ན་བདག་ལམ་རིང་པོ་ནས་རེ་བ་ཡོད་པས་འོངས་སོ། །རྒྱལ་པོས་སྨྲས་པ། རྒྱལ་བུ་དོན་གྲུབ་ནི་ད་ལྟར་རི་དབེན་པ་ན་གནས་ཏེ་རབ་ཏུ་དབུལ་ཞིང་ཅི་ཡང་མེད་ན་ཁྱོད་ལ་ཅི་ཞིག་སྦྱིན། བྲམ་ཟེས་སྨྲས་པ། རྒྱལ་བུ་ལ་ཅི་ཡང་མེད་ཀྱང་བདག་འཕྲད་པར་དགའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་གཞན་ཞིག་ལ་ལམ་སྟོན་ཅིག་ཅེས་བསྒོས་ནས་བྲམ་ཟེ་དེ་སོང་སོང་བ་ལས་རི་དན་ཏིག་གི་དྲུང་གི་ཆུ་ཆེན་པོ་ཡོད་པར་ཕྱིན་ནས། རྒྱལ་བུ་འབའ་ཞིག་ཡིད་ལ་བསམས་པས་ཆུའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་རི་དེ་ལས་ཐོག་མར་རྔོན་པ་ཞིག་དང་འཕྲད་པ་ན། རི་འདི་ལ་རྒྱལ་བུ་དོན་གྲུབ་ཅེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང་། རྔོན་པ་དེས་རྒྱལ་བུ་སྦྱིན་པ་ལ་དགའ་བས་བྲམ་ཟེ་འདི་ལྟ་བུ་དག་གི་ཕྱིར་རི་ལ་སྤངས་པར་ཤེས་ནས་རྔོན་པ་དེས་བྲམ་ཟེ་དེ་བཟུང་ནས་ཤིང་ལ་བཅིངས་ཏེ་བརྡེགས་པས་ལུས་ལ་རྨ་ཡང་བྱུང་ངོ་། །རྔོན་པས་ཡང་སྨྲས་པ། ཁྱོད་རྒྱལ་བུ་དྲིས་ཏེ་ཅི་བྱ་མདའ་འཕང་ངོ་ཞེས་བྱས་པ་དང་། བྲམ་ཟེ་དེས་ད་ནི་འདིས་བདག་གསོད་པར་ངེས་ན་རྫུན་ཞིག་བྱའོ་བསམས་ནས་ཁྱོད་བདག་ལ་འདྲི་ན་ཅི་ཉེས་ཞེས་སྨྲས་པ་དང་། རྔོན་པས་ཅི་ཞིག་སྨྲ་སྙམ་དུ་སེམས་ནས་དྲིས་པ་ལ། བྲམ་ཟེ་ན་རེ་ཡབ་རྒྱལ་པོ་རྒྱལ་བུ་མཐོང་བར་དགའ་བས་བདག་འདིར་རྒྱལ་བུ་ཕྱིར་འགུགས་སུ་འོངས་སོ་ཞེས་སྨྲས་མ་ཐག་ཏུ་རྔོན་པས་ཀྱང་བཀྲོལ་ཏེ་བཏང་ནས་སྔར་མ་རྟོགས་ཤིང་རྒྱུས་མ་ཤེས་སོ་ཞེས་བཟོད་པ་གསོལ་ནས་རྒྱལ་བུ་གང་ན་འདུག་པའི་གནས་བསྟན་ཏོ། །དེ་ནས་བྲམ་ཟེ་རྒྱལ་བུའི་ཐད་དུ་ཕྱིན་པ་དང་། རྒྱང་མ་ནས་རྒྱལ་བུས་བསུས་ཏེ་དགའ་བའི་སེམས་ཀྱིས་གུས་པར་བྱས་ཤིང་། ཁྱོད་ག་ལས་འོངས་ལམ་དུ་ཉོན་མོངས་པ་དང་ངལ་བར་མ་གྱུར་ཏ མ་ཅི་འདོད་ཅེས་སྤྲོ་བའི་གཏམ་བྱས་སོ། །བྲམ་ཟེས་སྨྲས་པ། བདག་ལམ་རིང་པོ་ནས་འོངས་ཏེ། ལུས་ཐམས་ཅད་རྩེ་ཞིང་ངལ་ཏེ་བཀྲེས་སྐོམ་མོ་ཞེས་སྨྲས་པ་དང་། སྤྱིལ་པོའི་ནང་དུ་ཁྲིད་ནས་སྟན་ལ་འདུག་ཏུ་བཅུག་སྟེ། ཤིང་ཐོག་དང་ཤིང་འབྲས་དང་བཏུང་བའི་སྐོམ་མདུན་དུ་ཕབ་པ་བྲམ་ཟེས་ཀྱང་ཟོས་ཤིང་འཐུངས་ནས་ཐལ་བྱུང་དུ་འདི་སྐད་ཅེས་སྨྲས་ཏེ། བདག་ནི་ཡུལ་ཀོ་ལེ་ཞེས་བྱ་བའི་མི་ཡིན་ཏེ། སྔ་ཞིག་ནས་རྒྱལ་བུ་སྦྱིན་པ་ལ་དགའ་ཞེས་ཕྱོགས་བཅུར་གྲགས་པ་ཐོས་པས། བདག་ནི་དབུལ་ཞིང་ཕོངས་ཏེ། རྒྱལ་བུ་ལ་སློང་དུ་འོངས་སོ། །རྒྱལ་བུས་སྨྲས་པ། བདག་ལ་ཡོད་པ་ཁྱོད་ལ་མ་བྱིན་ན། ཆགས་ཤིང་སེར་སྣར་འགྱུར་ན་བདག་ལ་ཅི་ཡོད་སྔར་བཏང་བས་ད་ནི་ཅི་ཡང་སྦྱིན་དུ་མེད་དོ། །བྲམ་ཟེས་སྨྲས་པ། དེ་ལྟར་ནོར་རྫས་སྦྱིན་དུ་མེད་ན་ཁྱོད་ཀྱི་བུ་མིང་སྲིང་གཉིས་བདག་རྒད་པོའི་བྲན་ཁོལ་དུ་བྱིན་ཅིག །དེས་དེ་བཞིན་ལན་གསུམ་གྱི་བར་དུ་སྨྲས་པ་ལ། རྒྱལ་བུས་ཀྱང་ཁྱོད་ལམ་རིང་པོ་ནས་འོངས་པས་བདག་གི་བུ་འདི་གཉིས་འདོད་པ་ལེགས་ཀྱིས་སྦྱིན་ནོ་ཞེས་སྨྲས་སོ། །དེའི་ཚེ་བུ་མིང་སྲིང་གཉིས་རྩེར་སོང་བ་ལས། རྒྱལ་བུས་བོས་ནས་བུ་ལ་འདི་སྐད་ཅེས་བསྒོའོ། །བྲམ་ཟེ་འདི་ལམ་རིང་པོ་ནས་བུ་ཁྱེད་གཉིས་སློང་དུ་འོངས་པ་ལ། ཁོ་བོས་ཀྱང་ཁྱེད་གཉིས་སྦྱིན་པར་བྱས་ཀྱི་ཁྱེད་གཉིས་འདིའི་ཕྱི་བཞིན་སོངས་ཤིག །དེ་ཐོས་པས་བུ་གཉིས་རྒྱལ་བུའི་མཆན་དུ་བྲོས་ནས་ངུ་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་གིས་བྲམ་ཟེ་དུ་མ་མཐོང་ན་འདི་འདྲ་བ་གཞན་མ་མཐོང་སྟེ། འདི་ནི་བྲམ་ཟེ་མ་ལགས་ཀྱི་ཡི་དྭགས་ཤ་ཟ་ལགས་པས་བདག་ཅག་གི་མ་ཤིང་ཐོག་ཚོལ་དུ་མཆི་བ་ལས་སླར་མ་འཁོར་བར་བདག་ཅག་གཉིས་ཡི་དྭགས་འདིའི་ཟས་སུ་སྩལ་ན་གདོན་མི་ཟ་བར་འགུམ་མོ། །བདག་ཅག་གི་མ་སླར་མཆིས་ཏེ་བུ་དང་མ་འཕྲད་ན། ཇི་ལྟར་བེའུ་བྲལ་བའི་བ་ལྟར་དུ་ཞིང་ཆོ་ངེས་འདེབས་ཏེ་མྱ་ངན་གྱིས་གདུང་བར་འགྱུར་རོ། །རྒྱལ་བུས་བུ་ལ་བསྒོ་བ། ཁོ་བོས་སྦྱིན་པར་གནང་བས་བསྡད་དུ་མི་རུང་སྟེ། འདི་བྲམ་ཟེ་ཡིན་གྱི་ཡི་དྭགས་མ་ཡིན་པས་མི་བཟའ་ཡི་ཁྱེད་གཉིས་འདིའི་ཕྱི་བཞིན་དུ་སོངས་ཤིག །བྲམ་ཟེས་སྨྲས་པ། ད་བདག་ཆས་ཏེ་འགྲོ་ཡི། བུའི་མ་འོངས་ནས་བུ་མ་བཏང་ན། རྒྱལ་བུས་བདག་ལ་བྱིན་པའི་དགེ་སེམས་ཀྱང་བུའི་མས་བཟློག་སྟེ་ཉམས་པར་བྱེད་དུ་དོགས་སོ། །རྒྱལ་བུས་སྨྲས་པ། བདག་གིས་སྦྱིན་པ་ཅི་བྱིན་ཀྱང་ཐོག་མ་ནས་འགྱོད་པའི་སེམས་བྱུང་མ་མྱོང་ངོ་། །དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ་བྲམ་ཟེའི་ལག་པར་ཆུ་བླུགས་ནས་བུ་མིང་སྲིང་གཉིས་ཀྱི་ལག་པ་ནས་བཟུང་སྟེ་བྲམ་ཟེ་ལ་ཕུལ་བ་ན་ས་ཡང་གཡོས་སོ། །བུ་གཉིས་པོ་བྲམ་ཟེའི་ཕྱི་བཞིན་འགྲོ་མ་བཏུབ་ནས་ཕྱིར་ཡབ་རྒྱལ་བུའི་དྲུང་དུ་འོངས་ཏེ་པུས་མོ་ས་ལ་བཙུགས་ནས་འདི་སྐད་དུ། བདག་ཅག་གཉིས་ཀྱི་ཚེ་སྔ་མ་ལ་སྡིག་པ་ཅི་བགྱིས་ནས་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར། བདག་ཅག་ནི་རྒྱལ་པོའི་རིགས་སུ་སྐྱེས་ན་ཅིའི་སླད་དུ་ཕ་རོལ་གྱི་བྲན་ཁོལ་དུ་གྱུར་ཅེས་རྒྱལ་བུ་ལ་སྡིག་པ་བཤགས་ནས། འདིའི་རྒྱུ་རྐྱེན་གྱིས་སྡིག་པ་བྱང་ཞིང་བསོད་ནམས་སྐྱེས་ཏེ། གང་ནས་གང་དུ་སྐྱེས་ཀྱང་འདི་ལྟ་བུའི་སྡུག་བསྔལ་དང་ཕྲད་པར་མ་གྱུར་ཅིག །ཅེས་སྨྲས་སོ། །རྒྱལ་བུས་བུ་མིང་སྲིང་ལ་སྨྲས་པ་འཇིག་རྟེན་ན་མཛའ་ཞིང་སྡུག་གོ་ཅོག་མཐར་བྱེ་ཞིང་འབྲལ་བར་འགྱུར་ཏེ། ཐམས་ཅད་མི་རྟག་པས་ཡིད་བརྟན་དུ་མི་རུང་ངོ་། །ཁོ་བོ་ནམ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ན་ཁྱོད་ཐར་པའི་དོན་བྱའོ་ཞེས་བསྒོའོ། །བུ་གཉིས་ཀྱིས་ཡབ་རྒྱལ་བུ་ལ་ཞུས་པ། བུས་ནི་མ་ལ་མཆི་ཕྱག་བྱ་བ་ལགས་ན། ད་གཞར་ཡང་མི་འཕྲད་དེ་མའི་ངོ་མ་མཐོང་བ་ཡང་བདག་ཅག་གི་སྔོན་གྱི་སྡིག་པར་ཟད་ན། བདག་ཅག་གི་མ་ཅིའི་ཕྱིར་མྱ་ངན་གྱིས་གདུངས་ཤིང་སྡུག་བསྔལ་བར་མི་འགྱུར་ཞེས་སྨྲེ་སྔགས་འདོན་ཏོ། །བྲམ་ཟེས་སྨྲས་པ། བདག་རྒས་ལ་ཉམ་ཆུང་བས་བུས་པ་འདི་གཉིས་ཀྱིིས་བདག་བོར་ཏེ་མའི་ཐད་དུ་བྲོས་ན་བདག་གིས་བྱར་མེད་པས་ཁྱོད་ཀྱིས་ཆིངས་ལ་དཀྲིས་ཤིག་ཅེས་སྨྲས་པ་དང་། རྒྱལ་བུས་ཀྱང་བུ་གཉིས་ཀྱི་ལག་པ་ཕྱིན་ཀ་ལོག་ཏུ་བཟུང་སྟེ་བྲམ་ཟེ་ལ་འཆིང་དུ་བཅུག་ནས་ཐག་པ་དེ་བྲམ་ཟེའི་ལག་པར་བྱིན་ཏེ་སྦྲེལ་ནས་ཁྲིད་དོ། །བུ་གཉིས་ནི་འགྲོར་མ་འདོད་དེ་འཐེན་པ་དང་བྲམ་ཟེས་ལྕག་ཐོགས་ཏེ་དེད་ནས་ལམ་དུ་ཁྲག་བྱུང་བ་ས་ལ་ལྷགས་སོ། །རྒྱལ་བུས་དེ་ལྟར་མཐོང་ནས་མཆི་མ་ཕྱུངས་ཏེ་མཆི་མ་ས་ལ་བོ་བས་ས་ཡང་ཁོལ་བར་གྱུར་ཏོ། །རྒྱལ་བུ་དང་གཅན་གཟན་རི་དྭགས་ཐམས་ཅད་ཀྱིས་བུ་གཉིས་བསྐྱལ་ཏེ་མི་སྣང་བར་གྱུར་པ་དང་གཟོད་ཕྱིར་ལོག་གོ། །རི་དྭགས་དང་གཅན་གཟན་རྣམས་ཀྱིས་རྒྱལ་བུ་བསྐྱལ་ཏེ། ཕྱིར་རྒྱལ་བུ་དང་རྩེ་བའི་གནས་སུ་ཕྱིན་ནས་སྙིང་རྗེ་བའི་སྐད་ཕྱུངས་ཏེ་ལུས་ས་ལ་རྡེབས་ཤིང་འགྲེའོ། །བྲམ་ཟེ་དེ་ལམ་དུ་ཞུགས་ཞུགས་ཏེ་སོང་སོང་བ་ལས། ལམ་ཁར་སྐྱེ་ཤིང་ཞིག་ཡོད་པ་ལ་བུ་གཉིས་བཏགས་ཏེ་འདུག་གོ། །དེ་ནས་ཆས་པ་དང་བུ་གཉིས་མ་དང་འཕྲད་དུ་རེ་བས་ཤིང་གི་ཕག་ཏུ་འཁྲི་ཞིང་འགྲོར་མ་བཏུབ་ནས་བྲམ་ཟེས་ཡང་གཞུས་པ་དང་། བུ་གཉིས་ཀྱིས་བདག་ཅག་ལ་མ་རྡེག་ཅིག །བདག་ཅག་རང་འགྲོའོ་ཞེས་གནམ་ལ་ཡར་བལྟས་ཏེ་རི་གཉེན་གྱི་ལྷ་ དང་ནགས་ཚལ་དང ་ཤིང་གི་ལྷ་རྣམས་བདག་ཅག་ལ་ཅུང་ཟད་ཐུགས་མི་བརྩེའམ། དགོངས་པ་མི་མངའམ། བདག་ཅག་ནི་ལམ་རིང་པོར་བྲན་ཁོལ་བྱེད་དུ་འགྲོ་སྟེ། མ་དང་བྲལ་བར་གྱུར་ན་བདག་ཅག་གི་མ་རི་ལ་ཤིང་ཐོག་འཚོལ་ཞིང་བརྔར་བཏང་བ་ལ་མྱུར་དུ་བདག་ཅག་དང་ངོ་འཕྲད་པར་ཤོག་ཅིག །ཅེས་མི་སྣུན་ནམ་ཞེས་སྨྲས་པ་དང་། བུའི་མ་རི་ལ་འདུག་པའི་རྐང་པ་གཡོན་པའི་མཐིལ་གཡའ་ཞིང་གཡོ་བ་དང་། མིག་གཡོན་གཡས་པ་ཡིན་ནམ་སྙམ། པ་ཡང་འགུལ། ནུ་མ་གཉིས་ནས་ནུ་ཞོ་ཡང་རང་ཟག་པ་ན་དེ་འདི་སྙམ་དུ་འདི་འདྲ་བའི་ལྟས་ངན་པ་སྔོན་བྱུང་མ་མྱོང་ན་བདག་གི་བུ་གཉིས་ལ་ཡེ་འདྲོག་མ་བྱུང་ངམ་སྙམ་ནས་ཤིང་ཐོག་བརྡབ་བཏང་ནས་མྱུར་བར་ཕྱིར་འགྲོ་བར་ཆེས་པ་དང་། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་བུས་ཁྱེའུ་གཉིས་བྱིན་པ་ལ། བཙུན་མོས་དགེ་བའི་བར་ཆད་བྱེད་དུ་དོགས་པས་སེང་གེ་མོ་ཞིག་ཏུ་སྤྲུལ་ནས་ལམ་སྲང་དུ་བསྡད་དོ། །བཙུན་མོས་སྨྲས་པ། ཁྱོད་ནི་གཅན་གཟན་གྱི་རྒྱལ་མོ། ཁོ་མོ་ནི་མིའི་རྒྱལ་མོ་ཡིན་ཏེ། རི་ལ་འཁོད་པར་འདྲ་ན་ཅུང་ཟད་ལམ་ལས་བྱོལ་ཏེ་བདག་ཐོངས་ཤིག །བདག་ལ་བུ་ཆུང་ངུ་ཤེད་མ་བྱེ་བ་གཉིས་ཤིག་ཡོད་དེ། ད་ཙམ་གྱི་བར་དུ་ཅི་ཡང་མ་ཟོས་པས་བདག་འོང་དུ་རེ་སྟེ་སྡོད་དོ། །སེང་གེས་ཀྱང་བྲམ་ཟེ་དེ་རྒྱ་རིང་དུ་ཐལ་བར་ཤེས་ནས་ལམ་ལས་བྱོལ་ཏེ་བཙུན་མོ་བཏང་ངོ་། །བཙུན་མོ་ཕྱིར་གནས་སུ་འོངས་པ་ན་རྒྱལ་བུ་འབའ་ཞིག་ལས་བུ་གཉིས་མ་མཐོང་ནས། བདག་ཉིད་ཀྱི་སྤྱིལ་བུ་དང་། བུ་གཉིས་འདུག་པའི་སྤྱིལ་པོར་བལྟས་ཀྱང་མ་མཐོང་། བུ་རྩེ་བའི་གནས་དང་ཆུ་འགྲམ་དུ་བཙལ་ཀྱང་མ་མཐོང་ལ། སྔོན་བུ་དང་རྩེ་བའི་རི་དྭགས་ཤ་བ་དང་། ཁ་ཤ་དང་། གཅན་གཟན་སེང་གེ་དང་སྤྲེའུ་སོགས་མདུན་ནས་ལུས་ས་ལ་རྡེབས་ཤིང་སྒྲ་འབྱིན་ལ། སྔོན་བརྩེ་བའི་རྫིང་བུའི་ཆུ་ཡང་སྐམ་པར་མཐོང་ནས། ཕྱིར་རྒྱལ་བུ་ག་ལ་བ་དེར་སོངས་ཏེ་བུ་གཉིས་ག་རེ་ཞེས་དྲིས་པ། རྒྱལ་བུ་ཅང་མི་སྨྲའོ། །བཙུན་མོས་སྨྲས་པ། བདག་ནམ་ཤིང་ཐོག་ཁྱེར་ཏེ་གནས་སུ་འཁོར་བ་ན། བདག་གི་བུ་གཉིས་རྒྱང་མ་ནས་རྒྱུག་ཅིང་མདུན་བསུ་ནས། རྡེག་འཆོས་ན་ཡང་ཕྱིར་ལངས་ཏེ་དཀྱུ་མཆོང་ཞིང་ཨ་མ་འོངས་ཨ་མ་འོངས་ཞེས་འབོད་དེ། བདག་འདུག་པའི་ཚེ་གཉིས་ཀ་གཡས་གཡོན་ན་འདུག་ཅིང་ཕྲག་པའམ་ལུས་ལ་རྡུལ་གོས་ན་ཡང་འཕྱི་ཞིང་སྤྲུག །ད་བདག་གི་བུ་ག་རེ་མ་མཐོང་ན་གཞན་ལ་མ་བྱིན་ནམ། འདི་ལྟར་དེ་གཉིས་མ་མཐོང་བས་བདག་གི་སྙིང་འགས་བར་འགྱུར་གྱི། བདག་གི་བུ་ག་ལ་འདུག་མྱུར་དུ་སྨྲོས་ཤིག །བདག་མྱོས་པར་འགྱུར་རོ། །དེ་ལྟར་ལན་གསུམ་གྱི་བར་དུ་དྲིས་ཀྱང་ལན་མ་བཏབ་སོ། །བཙུན་མོས་ཡང་སྨྲས་པ། བུ་གཉིས་མ་མཐོང་བས་ལྷག་པར་གདུངས་པའི་སྟེང་དུ་རྒྱལ་བུས་ལན་མ་སྟེར་བས་ལྷག་པར་མྱོས་ཤིང་འཁྲུགས་པར་གྱུར་ཏོ། །རྒྱལ་བུས་སྨྲས་པ། ཡུལ་ཀཻ་ལཻ་ཞེས་བྱ་བའི་བྲམ་ཟེ་ཞིག་འོངས་ཏེ་བུ་གཉིས་སློང་བ་ལ་བདག་གི་བྱིན་ཏོ། །དེ་ཐོས་མ་ཐག་ཏུ་བཙུན་མོ་ས་ལ་འགྱེལ་ཏེ་ཆོ་ངེ་བཏབ་བོ། །རྒྱལ་བུས་སྨྲས་པ་རེ་ཞིག་སྡོད་ཅིག །ཁྱོད་སྔོན་འདས་པའི་དུས་ན་སངས་རྒྱས་མར་མེ་མཛད་ཀྱི་ཚེ་དམ་ཇི་ལྟར་བཅས་པ་མི་དྲན་ནམ། དེའི་ཚེ་དེའི་དུས་ན་བདག་ནི་བྲམ་ཟེའི་བུ་གཞོན་ནུ་ཞེས་བྱ། ཁྱོད་ནི་བྲམ་ཟེའི་བུ་མོ་སུན་ད་རི་ཀ་ཞེས་བྱ་སྟེ། ཁྱོད་ཀྱིས་མེ་ཏོག་པདྨོ་བདུན་ཞིག་ཐོགས་བདག་ལ་དངུལ་གྱི་དོང་རྩེ་ལྔ་ཞིག་ཡོད་ཅིང་ཁྱོད་ལས་ངས་པདྨོ་ལྔ་ཞིག་ཉོས་ཏེ་སངས་རྒྱས་ལ་ཕུལ་བར་བྱས་པ་ལས། ཁྱོད་ཀྱིས་ང་ལ་པདྨོ་ལྷག་མ་གཉིས་པོ་ཡང་བྱིན་ནས་སངས་རྒྱས་ལ་འབུལ་གྱིས་སྨོན་ལམ་དུ་ཡང་བདག་སྐྱེ་བ་ཕ་རོལ་ཏུ་རྟག་པར་ཁྱོད་ཀྱི་ཆུང་མར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པ་ལས། དེའི་ཚེ་བདག་གིས་ཁྱོད་ངའི་ཆུང་མར་དགའ་ན་བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག །བདག་སྦྱིན་པ་ཞིག་ཡིན་ན་ཕ་མ་གཉིས་མ་གཏོགས་པར་གཞན་སྦྱིན་ཡང་བདག་གི་ཡིད་བཞིན་དུ་སྦྱིན་པ་བྱེད་པ་ལ་འགལ་བར་མི་བྱེད་པར་དམ་བཅས་ན་དེ་ལྟར་བྱའོ་ཞེས་སྨྲས་པ་ན། དེའི་ཚེ་ཁྱོད་ཀྱིས་དེ་བཞིན་དུ་བྱའོ་ཞེས་དམ་བཅས་སམ། ད་ཁྱོད་ཀྱིས་བུ་གཉིས་གཞན་ལ་བྱིན་པ་ལ། བདག་གི་དགེ་བའི་སེམས་དཀྲུག་ཏུ་ཡང་ཅི་ཡོད་ཅེས་སྨྲས་མ་ཐག་ཏུ། དེ་ཐོས་པ་ཙམ་གྱིས་སེམས་དྭང་བས་སྔོན་གྱི་གནས་དྲན་པར་གྱུར་ཏོ། །རྒྱལ་བུའི་བསམ་པ་མྱུར་དུ་རྫོགས་པར་འདོད་པས་ཡིད་བཞིན་དུ་སྦྱིན་པ་ལ་རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བྲམ་ཟེ་མི་སྡུག་པའི་མཚན་མ་བཅུ་གཉིས་དང་ལྡན་པར་སྤྲུལ་ནས། རྒྱལ་བུའི་བཙུན་མོ་བསླངས་པ་དང་། རྒྱལ་བུས་ཀྱང་དེ་བཞིན་དུ་སྦྱིན་པར་བྱས་སོ། །བཙུན་མོས་སྨྲས་པ། བདག་གཞན་ལ་བྱིན་ན་རྒྱལ་བུའི་གཡོག་སུས་བྱ། རྒྱལ་བུས་སྨྲས་པ། ད་ཁྱོད་ཀྱང་མ་བྱིན་ན་ཇི་ལྟར་བླ་མེད་བྱང་ཆུབ་འཐོབ། དེ་ནས་རྒྱལ་བུས་ཆུ་སྣོད་ཐོགས་ཏེ་བྲམ་ཟེའི་ལག་པར་ཀྲུ་བའི་ཕྱིར་བླུགས་ནས་བཙུན་མོ་ཡང་ཕུལ་ལོ། །དེ་ལྟར་རྒྱལ་བུ་འགྱོད་པ་མེད་པར་བརྒྱ་བྱིན་གྱིས་རིགས་ནས་ལྷ་རྣམས་ཀྱིས་བསྟོད་ཅིང་བསྔགས་ལ་གནམ་དང་ས་ཡང་ཆེར་གཡོས་སོ། །དེ་ནས་བྲམ་ཟེ་དེས་བཙུན་མོ་ཁྲིད་དེ་གོམ་པ་བདུན་ཙམ་དུ་ཕྱིན་པ་དང་། ཕྱིར་ལོག་ནས་བཙུན་མོ་འདི་རྒྱལ་བུ་ལ་ཕྱིར་གཏམས་ཀྱིས་སུ་ལའང་མ་བྱིན་ཅིག་ཅེས་སྨྲས་སོ། །རྒྱལ་བུས་སྨྲས་པ། ཅིའི་ཕྱིར་མི་འཁྲིད། ཅི་མིར་སྐྱེས་པའི་ཆུང་མའི་ནང་ན་ཆུང་མ་འདི་ནི་ཤིན་ཏུ་ཡང་བཟང་ཞིང་མཛེས་ཏེ། རྒྱལ་པོ་གཅིག་ལ་བུ་མོ་འདི་གཅིག་པུ་ལས་མེད་དེ་ཆུང་མ་འདི་བདག་ལ་ཆུ་གང་ཆེ་བས་ལ་ཟས་བཙོ་སྲེག་སོགས་ལག་དར་དེ་རྟག་ཏུ་འགྲུབ་ཆེ་ལ་བྱང་བཞིན་ཡང་བཟང་བས་ཁྱོད་ཁྱེར་ན་དགའོ། །བྲམ་ཟེས་སྨྲས་པ། བདག་ནི་བྲམ་ཟེ་མ་ཡིན་ཏེ་བརྒྱ་བྱིན་ལགས་སོ། །ཆེད་དུ་ཚོད་བགམ་པའི་ཕྱིར་འོང་བ་ཡིན་ནོ་ཞེས་བརྒྱ་བྱིན་རང་གི་ལུས་སུ་བསྒྱུར་ནས་ཁྱེད་ཅིར་སྨོན་ཞེས་སྨྲས་སོ། །དེ་ནས་བཙུན་མོ་མ་གུས་པར་ཕྱག་འཚལ་ཏེ་སྨོན་ལམ་གསུམ་གསོལ་ཏོ། ། དེ་གང་ཞེ་ན། གཅིག་ཏུ་བདག་གི་བུ་ཁྲིད་པའི་བྲམ་ཟེ་ཕྱིར་ཡང་བདག་གི་ཡུལ་དུ་སོང་བར་གྱུར་ཅིག །གཉིས་སུ་ན་བདག་གི་བུ་གཉིས་བཀྲེས་པ་དང་སྐོམ་པས་སྡུག་བསྔལ་བར་མ་གྱུར་ཅིག །གསུམ་དུ་ན་རྒྱལ་བུ་དང་བདག་ཅག་གཉིས་ཀྱང་ཕྱིར་བདག་གི་ཡུལ་དུ་མྱུར་བར་འཁོར་བར་གྱུར་ཅིག་ཅེས་སྨྲས་པ་ལ་བརྒྱ་བྱིན་ལྷའི་དབང་པོས་ཀྱང་སྨོན་ལམ་དེ་བཞིན་འགྲུབ་པར་གྱུར་ཅིག་ཅེས་སྨྲས་སོ། །རྒྱལ་བུས་སྨྲས་པ། བདག་གིས་ནི་སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། བརྒྱ་བྱིན་གྱིས་སྨྲས་པ། སྨོན་ལམ་འདི་ནི་རྒྱ་ཆེ་སྟེ་བླ་ན་མེད་པ་ཡིན་ནོ། །གལ་ཏེ་མཐོ་རིས་སུ་སྐྱེ་ཞིང་ཉི་ཟླ་ལ་དབང་བའི་བདག་པོ་འདོད་དམ། འཇིག་རྟེན་གྱི་རྒྱལ་པོར་འདོད་དམ། ཚེ་རིང་ཞིང་ཡུན་དུ་གནས་པར་འདོད་ན་དེ་བདག་གིས་སྦྱིན་ནུས་ཀྱི། ཁྱོད་ཀྱིས་སྨྲས་པའི་སྨོན་ལམ་ཁམས་གསུམ་ལས་མཆོག་ཏུ་འདས་པ་ཡིན་པས། དེ་ལྟ་བུ་བདག་གིས་ནུས་པ་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། དེ་ལྟ་ན་རེ་ཞིག་ཕྱུག་པོར་གྱུར་ཏེ་སྔོན་བས་ཀྱང་ལྷག་པར་རྟག་ཏུ་སྦྱིན་པ་བྱིན་ཞིང་། ཡབ་རྒྱལ་པོ་དང་བློན་པོ་རྣམས་དང་བདག་ཅག་འཕྲད་པར་ཤོག་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨོན་པ་དེ་བཞིན་དུ་ངེས་པར་འགྲུབ་པར་གྱུར་ཅིག །ཅེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །ཡུལ་ཀཻ་ལཻའི་བྲམ་ཟེ་དེས་བྱིས་པ་གཉིས་ཁྲིད་དེ་ཁྱིམ་དུ་འོངས་བ་ན། ཆུང་མས་འདི་སྐད་དུ་ཁྱོད་ངོ་སོ་འདི་ལྟ་བུས་འཁོར་ཏེ་འོངས་པ་ངོ་མི་ཚའམ། བུས་པ་འདི་གཉིས་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ན་སྙིང་རྗེའི་སེམས་ཀྱང་མེད་དེ། འདི་ལྟར་འཚེག་བརྡེགས་ཤིང་ལུས་ལ་རྨ་དང་རྣག་ཁྲག་གིས་རྩོག་པོར་བྱས་པ་བཟོད་དམ་ཞེས་བྱས་ནས། བུས་པ་འདི་གཉིས་ཚོང་ལ་བཀོལ་དུ་རུང་བ་གཞན་ཁྲིད་ལ་ཤོག་ཅེས་བསྒོ་བ་བཞིན་དུ་བྲམ་ཟེ་དེས་བུས་པ་གཉིས་ཁྲིད་དེ་ཚོང་འདུས་སུ་སོང་བ་ལས། བརྒྱ་བྱིན་གྱི་སྤྲུལ་པས་བྲམ་ཟེ་དེ་ལ་བུས་པ་འདི་གཉིས་ཤིན་ཏུ་རིན་ཆེ་བས་སུས་ཀྱང་ཉོ་མི་ནུས་སོ་ཞེས་སྨྲས་ཤིང་། བུས་པ་དེ་གཉིས་བཀྲེས་ཤིང་སྐོམ་པ་ལས། བརྒྱ་བྱིན་གྱིས་ལྷའི་རྫུ་འཕྲུལ་གྱིས་ལྷའི་དྲི་བསུང་སྤྲུལ་ཏེ། བུས་པ་གཉིས་ཀྱི་བ་སྤུའི་ཁུང་བུ་ནས་ལྟོ་འགྲངས་བར་བྱས་ཤིང་བརྒྱ་བྱིན་གྱིས་བྲམ་ཟེའི་སེམས་བསྒྱུར་ཏེ་ཡུལ་ཡ་བར་ཕྱིན་པར་བྱས་སོ། །ཡུལ་དེའི་བློན་པོ་དང་ཡུལ་མི་ཐམས་ཅད་རྒྱལ་བུའི་སྲས་རྒྱལ་པོ་ཆེན་པོའི་ཚ་བོ་ཡིན་པར་ཤེས་ནས་ཐམས་ཅད་མྱ་ངན་གྱིས་གདུངས་ཏེ། བུ་གཉིས་ག་ལས་འོངས་ཞེས་དྲིས་པ་དང་། བྲམ་ཟེ་ན་རེ། བདག་གིས་བསླངས་ཏེ་འོངས་སོ་དྲིར་ཅི་ཡོད་ཅེས་སྨྲས་སོ། །བློན་པོ་རྣམས་ན་རེ། བདག་ཅག་གི་ཡུལ་དུ་འོངས་ན་འདྲི་བར་རིགས་ཀྱི་མི་འདྲི་བ་མ་ཡིན་ནོ་ཞེས་སྨྲས་ཏེ། བློན་པོ་དང་ཡུལ་མི་རྣམས་པ་གྲོས་ནས་བྲམ་ཟེ་ལས་བུ་གཉིས་འཕྲོག་པར་བརྩམ་པ་ལས། དེའི་ནང་ནས་ཁྱིམ་བདག་གཅིག་གིས་རྒྱལ་བུས་སྦྱིན་པར་བྱས་པ་འཕྲོག་ན་རྒྱལ་བུའི་ཡིད་དང་འགལ་བས་འཕྲོག་མི་རིགས་ཀྱིས། གལ་ཏེ་རྒྱལ་པོ་ཆེན་པོ་ལ་གསོལ་ན་རིན་གྱིས་བསླུ་བར་འགྱུར་རོ་ཞེས་གྲོས་བཏབ་པ་ལྟར་བྱས་ཏེ། རྒྱལ་པོ་ལ་གསོལ་པ་དང་། བྲམ་ཟེ་དང་བུ་གཉིས་པོ་ནང་དུ་ཁྲིད་ལ་ཤོག་ཅེས་བྱས་ཏེ། དེ་གཉིས་མཐོང་བས་རྒྱལ་པོ་དང་བཙུན་མོ་བློན་པོ་སོགས་ཐམས་ཅད་དུ་ཞིང་བལྟས་སོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་བུ་འདི་གཉིས་ལ་རིན་ཇི་ལྟར་ཐོབ་ཅེས་སྨྲས་པ་དང་། བྲམ་ཟེས་སྨྲ་མ་ཁོམ་པར་ཁྱེའུ་དེ་ཡིས་འདི་སྐད་ཅེས་གསོལ་ཏོ། །བདག་བུ་ཕོ་ནི་དངུལ་གྱི་དང་རྩེ་སྟོང་དང་བ་ལང་བརྒྱ་ཞིག་རིའོ། །བུ་མོ་ནི་གསེར་གྱི་དང་རྩེ་སྟོང་དང་བ་བཞོན་ཉིས་བརྒྱ་རིའོ་ཞེས་གསོལ་བ་དང་། རྒྱལ་པོས་ཁྱེའུ་ལ་སྨྲས་པ། འཇིག་རྟེན་པའི་ཆོས་ལུགས་ཀྱིས་མིའི་ནང་ན་ཕོ་ནི་རིན་པོ་ཆེ་ལྟར་ཆེ་བ་ཡིན་ན། ཅིའི་ཕྱིར་ཕོ་རིན་ཆུང་ལ། བུ་མོ་རིན་ཆེ་བར་འདེབ། བུ་ཁྱེའུས་གསོལ་བ། ཕོ་བྲང་གི་སླས་ལྟ་བུ་རྒྱལ་པོ་དང་ཉེ་བ་མ་ལགས་ལ། མ་རབས་བྲན་ལས་སླས་སུ་བཞེས་ཏེ་དེ་ལ་ཐུགས་དགྱེས་པས་བཀུར་ཞིང་བཙུན་པར་མཛད་དེ་རིན་པོ་ཆེའི་གོས་བསྐོན་ཞིང་བཟའ་བཏུང་རོ་བརྒྱ་དང་ལྡན་པས་བསྟབས་ནས། སྲས་གཅིག་པུ་ཞིག་མངའ་བ་རི་ལ་སྤངས་ཏེ་ཡ་མཚན་ཕོ་བྲང་གི་སླས་དང་རོལ་ཞིང་རོལ་མོ་མཛད་ཀྱང་སྲས་ལ་ཅུང་ཟད་ཙམ་ཡང་དགོངས་པའི་ཐུགས་ཀྱང་མི་མངའ་བས་ན། དེའི་ཕྱིར་བུ་ཕོ་ནི་རིན་ཆུང་ལ་བུ་མོ་ནི་རིན་ཆེ་བ་མངོན་ནོ། །དེ་སྐད་སྨྲས་པ་རྒྱལ་པོས་ཐོས་ནས་ལྷག་པར་མི་དགའ་བའི་མྱ་ངན་སྐྱེས་ཏེ་མཆི་མ་བླགས་ནས་འདི་སྐད་དུ། བདག་ནི་རབ་ཏུ་གནོད་ན་ཅིའི་ཕྱིར་ཁོ་བོའི་པང་དུ་མི་འོངས། ཁྱེད་ང་ལ་མི་དགའ་འམ་འོན་ཏེ་བྲམ་ཟེ་འདིས་འཇིགས་ཞེས་དྲིས་པ་ན། བྱིས་པ་ན་རེ། བདག་ཅག་ནི་རྒྱལ་པོ་ཆེན་པོ་ལ་མི་དགའ་བའམ་བྲམ་ཟེ་ལ་སྐྲག་པ་ཡང་མ་ཡིན་ཏེ། བདག་ཅག་ཐོས་པ་རྒྱལ་པོ་ཆེན་པོའི་ཚ་བོ་ལས་ད་ལྟ་མིའི་བྲན་ཁོལ་དུ་གྱུར་པས། གང་ན་ཡང་མིའི་བྲན་ཁོལ་རྒྱལ་པོའི་པང་དུ་འདུག་པའི་ཆོས་མེད་པས་མི་སྤོབས་སོ། །རྒྱལ་པོས་དེ་སྐད་ཐོས་པས་ལྷག་པར་གདུངས་ནས། བུས་གསོལ་པ་བཞིན་དུ་བྲམ་ཟེ་ལ་རིན་བྱིན་ཏེ། བུ་གཉིས་རྒྱལ་པོའི་པང་དུ་བླངས་སོ། །རྒྱལ་པོས་དེ་གཉིས་ལ་ཕྱག་གིས་བྱུགས་ཏེ། ཁྱེད་རི་ལ་གནས་པ་ན་ཟས་སུ་ཅི་ཟ། གོས་སུ་ཅི་གྱོན་ཞེས་དྲིས་པ་དང་། བུ་གཉིས་ན་རེ། ཟས་སུ་ནི་ཤིང་འབྲས་དང་ཤིང་ཐོག་ཟའོ། །གོས་སུ་ནི་པགས་པ་དང་སྣམ་བུ་གྱོན་ཏེ། བྱ་མང་པོ་དང་རྩེ་དགའ་བས་མྱ་ངན་གྱི་སེམས་མེད་དོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་དེ་ལ་ཕྱི་རོལ་དུ་སོངས་ཤིག་ཅེས་སྨྲས་པ་དང་། བུ་གཉིས་ཀྱིས་རྒྱལ་པོ་ལ་གསོལ་པ། བྲམ་ཟེ་འདི་རབ་ཏུ་བཀྲེས་སྐོམ་གྱིས་ཉེན་ན། དེ་ལ་ཁ་ཟས་ཀྱིས་ཚིམ་པར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་ལ་མི་དགའ་བའམ་འཁོན་དུ་འཛིན་པ་མེད་པར་ཕྱིར་ཁ་ཟས་སྦྱིན་པར་སེམས། བུས་སྨྲས་པ། བདག་གི་ཕ་བྱང་ཆུབ་ཀྱི་ལམ་ལ་དགའ་བས་ནོར་རྫས་ཀྱི་སྦྱིན་པ་སྦྱིན་དུ་མེད་ནས། བདག་གི་ལས་ཀྱིས་སློང་བ་ལ་བྱིན་པ་ཡང་བདག་ཅག་ལ་དབང་བའི་བདག་པོ་ལགས་ཏེ། འདིས་བདག་ཅག་ལ་བཀོལ་བའི་ལས་ཙམ་བྱེད་དུ་བཅུག་པ་ཡང་ཐོག་མ་ནས་ཕའི་བསམ་པ་ལྟར་མ་གྱུར་ཏེ། དེ་ལ་སྙིང་རྗེའི་སེམས་ཙམ་ཡང་མ་མཆིས་ཏེ་ལྟོགས་ཤིང་སྐོམ་བཞིན་དུ་འདུག་པ་འདི་མིག་གིས་ཀྱང་སུ་ཞིག་གིས་བཟོད། བདག་གིས་ཕས་ནི་བུ་ཡང་མི་ཕོངས་པར་གཞན་ལ་སྦྱིན་ན། རྒྱལ་པོ་ཆེན་པོས་མི་གཅིག་གི་ཁ་ཟས་ཙམ་ལ་སེར་སྣ་མཛད་དམ་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་བྲམ་ཟེ་དེ་ལ་ཟས་ཚིམ་པར་བྱིན་ནས་བྲམ་ཟེ་ཡང་དགའ་སྟེ་ཕྱིར་བདག་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོས་རྒྱལ་བུ་འགུགས་པའི་ཕོ་ཉ་བཏང་ནས་རྒྱལ་བུའི་སར་ཆས་སོ། །དེར་ཆུ་ལས་མཐར་ནས་རྒྱལ་བུ་ཡིད་ལ་བྱས་པས་ཐར་ཞིང་རྒྱལ་བུའི་དྲུང་དུ་སོང་སྟེ་རྒྱལ་པོའི་བཀས། རྒྱལ་བུ་སླར་རང་ཡུལ་དུ་གཤེགས་སུ་གསོལ་ཞེས་བྱས་སོ། །རྒྱལ་བུས་སྨྲས་པ་ཐོག་མར་རྒྱལ་པོས་ལོ་བཅུ་གཉིས་ཀྱི་བར་དུ་རི་ལ་སོང་ཞེས་བསྒོས་ན། ད་དུང་ལོ་གཅིག་མ་ཚང་བས་ད་གདོད་ལོ་ཚང་ནས་བདག་འགྲོའོ་ཞེས་སྨྲས་པས། ཕོ་ཉ་ཕྱིར་ལོག་སྟེ་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་ཉིད་ཀྱིས་རང་ལག་གིས་ཡི་གེ་བྲིས་པ་ཕོ་ཉ་ལ་བསྐུར་ཏེ་འདི་སྐད་བསྒོའོ། །ཁྱོད་ནི་མིའི་ནང་ན་མཁས་པ་ཤེས་རབ་ཅན་ཡིན་པས་འགྲོ་བའང་བཟོད་ཅིང་འོང་བའང་བཟོད་པ་ཡིན་ན། ཅིའི་ཕྱིར་ཁྱོད་ཁྲོས་ཏེ་འོང་དུ་མི་བཏུབ། ཁྱོད་དང་ལྷན་ཅིག་བཟའ་བ་དང་བཏུང་བ་དག་དགོས་ཀྱི་མྱུར་དུ་ཤོག་ཅིག་ཅེས་ཕོ་ཉ་འགུགས་སུ་བཏང་ངོ་། །རྒྱལ་བུས་ཕོ་ཉའི་ཡི་གེ་བླངས་ནས་མགོ་ལ་གཏུགས་ཤིང་ཕྱག་འཚལ་ཏེ། ལན་བདུན་སྐོར་བ་བྱས་ནས་མོད་ལ་ཕྱིར་ཡུལ་དུ་འགྲོ་བར་ཆས་སོ། །དེར་རི་དེ་ནས་ཆས་པ་དང་རི་དེ་ལ་གནས་པའི་རི་དྭགས་དང་གཅན་གཟན་ལ་སོགས་པས་རྒྱལ་བུ་འགྲོའོ་ཞེས་ཐོས་པས་ཐམས་ཅད་ལུས་ས་ལ་བརྡབས་ནས་ས་ལ་འགྲེ་ཞིང་ངུ་བའི་སྐད་ཕྱུང་ངོ་། །ཆུ་མིག་རྣམས་ཀྱང་སྐམ་སྟེ་གཅན་གཟན་དང་རི་དྭགས་ཀྱི་ཕྲུ་གུ་ཡང་མི་ནུ། འདབ་ཆགས་མང་པོ་ཡང་སྙིང་རྗེའི་སྐད་ཀྱིས་སྒྲ་ཕྱུང་ངོ་། །དེ་ནས་རྒྱལ་བུ་གོས་གྱོན་ནས་བཙུན་མོ་དང་འགྲོགས་ཏེ་ཕྱིར་ཡུལ་དུ་དོང་བ་ལས། དགྲ་ཟླའི་ཡུལ་གྱི་རྒྱལ་པོས། རྒྱལ་བུ་ཕྱིར་འོང་ངོ་ཞེས་ཐོས་ནས་བལ་གྱི་གླང་པོ་ཆེ་དཀར་པོ་ལ་གསེར་གྱི་སྒ་བལྟད་དེ། གསེར་གྱི་སྣོད་དུ་དངུལ་གྱི་ཉེའུས་བཀང་། དངུལ་གྱི་སྣོད་དུ་གསེར་གྱི་ཉེའུས་བཀང་བ་བཤམས་ནས་རྒྱལ་བུ་བསུ་བའི་ཕྱིར་བཞག་གོ། །རྒྱལ་བུ་བསུས་ནས་རྒྱལ་པོས་ཕྲིན་འདི་སྐད་གསོལ་ཏོ། །བདག་མི་ཤེས་པའི་དབང་དུ་གྱུར་ཏེ། རྒྱལ་བུ་ལ་བལ་གྱི་གླང་པོ་ཆེ་བསླངས་པའི་རྐྱེན་གྱིས་རྒྱལ་བུ་སྤངས་པར་གྱུར་པ་ལ་ད་འགྱོད་པས་མཐོལ་ཚངས་སུ་གསོལ་ལོ། །ད་རྒྱལ་བུ་སླར་གཤེགས་ཞེས་ཐོས་ནས་དགའ་སྟེ་བལ་གླང་འདི་ཉིད་ཀྱང་སླར་ཕུལ་ཞིང་གསེར་དངུལ་གྱི་ཉེའུ་རྣམས་ཀྱང་ཕུལ་ན། འདི་དག་བཞེས་ཏེ། ནོངས་པའི་སྐྱོན་རྣམས་ཀྱང་སྦྱང་བར་གསོལ་ཏོ། །རྒྱལ་བུས་སྨྲས་པ། དཔེར་ན་མི་ཞིག་གིས་ཁ་ཟས་རོ་བརྒྱ་དང་ལྡན་པ་གཞན་ལ་བྱིན་པ་ན། མི་དེས་ཟོས་ནས་སླར་ས་ལ་སྐྱུགས་ན། ཕྱིར་སྐྱུགས་པའི་ཟས་དྲི་བསུང་དང་ལྡན་པ་དེ་བཟང་རུང་ངམ། དེ་བཞིན་དུ་བདག་གིས་སྦྱིན་པར་བྱས་པ་ཡང་ཕྱིར་མི་འདོད་དོ། །ཕོ་ཉ་ཁྱོད་བལ་གྱི་གླང་པོ་འདི་ཞོན་ལ་རང་གི་ཡུལ་དུ་སོངས་ཤིག །ཁྱོད་ཀྱིས་རྒྱལ་པོ་ལ་འདི་ལྟར་བདག་བསུ་ཞིང་སྤྲོ་བའི་ཚིག་གིས་སྙན་པར་སྨྲས་པ་རབ་ཏུ་དགའོ་ཞེས་གསོལ་ཅིག་ཅེས་བསྒོ་བ་དང་། དེས་ཀྱང་དེ་བཞིན་བྱས་པས། བལ་གླང་དེའི་རྐྱེན་གྱིས་འཐབ་པའི་དགྲ་ཟླ་དེ་དག་གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་སུ་གྱུར་ཏེ་རྒྱལ་པོ་དང་ཡུལ་མི་ཐམས་ཅད་མགོ་སྙོམས་པའི་སེམས་སུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཡབ་ཀྱིས་བལ་གྱི་གླང་པོ་ཆེ་ལ་བཅིབས་ཏེ་རྒྱལ་བུ་བསུས་སོ། །རྒྱལ་བུས་མགོ་བོས་ཕྱག་འཚལ་ནས་རྒྱལ་པོའི་ཕྱི་བཞིན་ཡུལ་དུ་སོང་ཞིང་། ཡུལ་མི་ཐམས་ཅད་ཀྱང་རབ་ཏུ་དགའ་བས་མེ་ཏོག་སོགས་ཀྱིས་མཆོད་པ་བཤམས་ཏེ་ས་གཞི་ཆག་ཆག་བཏབ་བོ། །རྒྱལ་བུ་ཕོ་བྲང་གི་ནང་དུ་འོངས་ནས་ཡུམ་གྱི་དྲུང་དུ་ཕྱིན་ཏེ་མགོ་བོས་ཕྱག་འཚལ་ནས་སྤྲོ་བའི་ཚིག་གིས་སྙུན་གསོལ་ཏོ ། །དེ་ནས་རྒྱལ་པོས་རིན་པོ་ཆེའི་བང་མཛོད་ཐམས་ཅད་ཀྱང་རྒྱལ་བུ་ལ་གཏད་དེ་ཡིད་བཞིན་དུ་སྦྱིན་པ་བྱེད་དུ་བཅུག་ནས། སྦྱིན་པ་སྔ་མ་བས་ལྷག་པར་རྒྱུན་མ་ཆད་པར་སྦྱིན་པ་བྱེད་དུ་བཅུག་གོ། །དེ་ལྟར་བཅོམ་ལྡན་འདས་རྒྱལ་བུ་དོན་གྲུབ་ཅེས་བྱ་བར་གྱུར་པའི་ཡབ་དང་ཡུམ་ནི་ད་ལྟའི་རྒྱལ་པོ་ཟས་གཙང་མ་དང་ཡུམ་ལྷ་མཛེས་དང་། དེའི་དུས་ཀྱི་བཙུན་མོ་ནི་གྲགས་འཛིན་དང་། དགེ་སློང་ཨ་ཚུ་ཏ་ཞེས་པ་མོ་དགལ་གྱི་བུ་དང་། དེའི་ཚེ་བརྒྱ་བྱིན་ནི་ད་ལྟ་ཤ་རིའི་བུ་དང་། རི་དེའི་རྔོན་པ་དེ་ནི་ཀུན་དགའ་བོ་དང་། ཁྱེའུ་ཡ་རི་ནི་སྲས་སྒྲ་གཅན་འཛིན་དང་། བུ་མོར་གྱུར་པ་ནི་སྲུ་གོ་ཏ་མཱི་དང་། བྲམ་ཟེ་སློང་མོ་བ་ནི་ལྷ་སྦྱིན་ཉིད་དང་། དེ་དུས་ཀྱི་བྲམ་ཟེའི་ཆུང་མ་ནི་ད་ལྟར་བྲམ་ཟེ་མོ་ཙམ་ཙ་ཡན་ཡིན་ནོ་ཞེས་གསུངས་སོ། ༈ །ཚུལ་འདི་དང་ཁོག་འདྲ་བར་བཅོམ་ལྡན་འདས་ཉིད་ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོ་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་སྲས་རྒྱལ་ཚབ་ཐམས་ཅད་སྒྲོལ་ཞེས་བྱ་བར་གྱུར་པ་ན་སློང་བ་ལ་ཅི་འདོད་པ་བསྩལ་ཞིང་། སྤོས་ཀྱི་གླང་པོ་ཆེའི་མཆོག་གངས་ཀྱི་རི་ལྟ་བུ་ཞིག་ཡོད་པ། ཉི་འོག་གི་རྒྱལ་པོ་ཞིག་གིས་མངགས་པའི་བྲམ་ཟེས་སློང་པ་ལ་བྱིན་པའི་རྐྱེན་གྱིས་ཡུལ་མི་ཐམས་ཅད་མི་དགའ་སྟེ། རྒྱལ་པོ་ལ་ཞུས་པས། རྒྱལ་པོས་གཞན་ངོ་ཙམ་དུ་ནགས་སུ་སྤང་བར་ཆད་བྱས་པ་ལ་བཙུན་མོ་མ་དྲི་དང་། བུ་གཞོན་ནུ་དྲ་བ་ཅན་དང་། བུ་མོ་ཀྲིརྞ་འཛིན་དང་བཅས་པར་ཤིང་རྟ་ལ་ཞུགས་ཏེ་སོང་བ་ལ། ལམ་དུ་ཤིང་རྟ་འདྲེན་པའི་རྟ་བཞི་སློང་མོའི་བྲམ་ཟེ་ལ་བྱིན། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཤིང་རྟ་འདྲེན་པ་ལ། གནོད་སྦྱིན་གཞོན་ནུ་བཞིས་རི་དྭགས་དམར་པོའི་གཟུགས་སུ་བསྒྱུར་བས་ཤིང་རྟ་དྲངས་པས་བཙུན་མོ་དགའོ། །དེ་ནས་ལམ་དུ་དོང་བ་ལས་བྲམ་ཟེ་ཞིག་གིས་ཤིང་རྟ་བསླང་བ་བྱིན་ནས་གཞོན་ནུ་དེ་ཕས་ཐོགས། བུ་མོ་དེ་མས་ཐོགས་ཏེ་རྐང་པས་ཕྱིན་ནོ། །གནོད་སྦྱིན་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ངལ་བ་སེལ་ཕྱིར་ལམ་བསྟུངས་ཏེ། རི་འཕང་ཀ་མཐོང་སར་ཕྱིན་ནས། དེར་བརྒྱ་བྱིན་གྱི་བཀས། ལས་སྣ་ཚོགས་པའི་བཟོ་བོས་ཤིང་ལོའི་ཁང་པ་མཐོང་ན་ཡིད་དུ་འོང་བ་བྱས་ནས་དེར་འདུག་སྟེ་ཆུང་མས་གཡོག་བྱེད་ཅིང་ལོ་ཕྱེད་ཙམ་དུ་དཀའ་ཐུབ་སྤྱོད་ཅིང་གནས་པར་གྱུར་ཏོ། །དེར་ལམ་རིང་པོ་ནས་བྲམ་ཟེ་ཞིག་རང་གི་ཆུང་མས་གཡོག་ཚོལ་བུ་བཏང་བས། སྲས་གཉིས་བསླངས་པ་སྦྱིན་པར་ཁས་བླངས་སོ། །དེ་ཐོས་པས་སྲས་གཉིས་སྐྲག་ནས་མིག་རིག་རིག་པོར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་བྱམས་པའི་ཤུགས་ཀྱི་སྙིང་གདུངས་བར་གྱུར་ཏེ། བུ་ཁྱེད་གཉིས་ལ་ང་སྙིང་མི་བརྩེ་བ་ནི་མ་ཡིན་གྱི་བླ་མེད་བྱང་ཆུབ་ཀྱི་ཕྱིར་ངས་ཁྱེད་གཉིས་བྱིན་པ་ལ་མི་དགའ་བར་མ་བྱེད་ཅིག་ཅེས་སྨྲས་ཤིང་། བྲམ་ཟེ་དེ་ལ་སྨྲས་པ་ངས་ཁྱོད་ལ་འདི་གཉིས་བྱིན་མོད་ཀྱི། འདི་གཉིས་ཀྱི་མ་ནགས་སུ་རྩ་བ་དང་འབྲས་བུ་ཚོལ་དུ་སོང་བས་དེ་དང་འཕྲད་པར་བྱ་བའི་ཕྱིར། དེ་རིང་སྡོད་ལ་སང་རྒྱན་གྱི་ཕྲེང་བ་དང་བཅས་པའི་བུ་གཉིས་ཁྲིད་ཅིག །བྲམ་ཟེ་དེས་བུད་མེད་ནི་གཡོན་ཅན་ཡིན་པས་སྦྱིན་པ་ལ་གེགས་བྱེད་པས་བདག་མི་འདུག་གོ། །བྱང་ཆུབ་སེམས་དཔས་དེ་ངའི་ཆོས་སྤྱོད་པའི་གྲོགས་ཡིན་པས་སྦྱིན་པའི་བར་ཆད་བྱེད་པའི་དོགས་པ་མེད་ཀྱང་ཁྱོད་ཅི་དགར་ཟད་མོད། གཞན་ཡང་བྱིས་པ་འདི་གཉིས་གཡོག་གི་བྱ་བ་ལ་མི་མཁས་པས་ཁྱོད་ཀྱི་བྲན་བྱས་ཀྱང་ཅི་ལྟར་མགུ །ངའི་ཡབ་རྒྱལ་པོ་མཐོང་ནས་བསླུ་བར་འགྱུར་རོ། །བྲམ་ཟེས་སྨྲས་པ། རྒྱལ་པོ་རྣམས་སྦྲུལ་གདུག་པ་དང་འདྲ་སྟེ། དེའི་དྲུང་དུ་མཆི་བར་རྔོ་མི་ཐོགས་ཤིང་། ཉེས་ན་རྒྱལ་པོས་འདི་གཉིས་འཕྲོག་པའམ། ཆད་པ་གཅོད་ཀྱང་སྲིད་པས་འདི་གཉིས་ངའི་ཆུང་མའི་གཡོག་ཏུ་འཁྲིད་དོ། །དེ་ནས་བྱང་ཆུབ་སེམས་དཔས་བུ་གཉིས་ལ་སྙིང་བརྩེ་ཞིང་ཆགས་བཞིན་དུ་གཡོག་ལེགས་པར་བྱོས་ཞེས་གདམས་སོ། །དེ་ནས་བྲམ་ཟེ་དེས་བུ་གཉིས་ལ་ད་ཕྱིར་ཕྱུང་ཞེས་ཚིག་རྩུབ་མོས་བསྡིགས་ཤིང་ཁྲིད་པ་ལ། དེ་གཉིས་ཕ་མ་དང་བྲལ་བས་མིག་མཆི་མས་གང་བཞིན། མ་ཕྱིར་མ་བྱུང་བར་དུ་ཞོག་ཅེས་ཡབ་ལ་ཞུས་སོ། །བྲམ་ཟེ་དེས་འདི་གཉིས་ཀྱི་མ་འོངས་ན་བུ་ལ་བྱམས་པས་འགྱོད་དེ་མི་སྦྱིན་སྲིད་སྙམ་དུ། དེ་གཉིས་ཀྱི་ལག་པ་ལྕུགས་མས་བཅིངས་ཏེ་ཁྲིད་པས་དེ་གཉིས་གཅིག་ལ་གཅིག་འཁྲི་ཞིང་ཕ་ལ་ལྟ་བཞིན་དུ་བྲམ་ཟེ་དེས་བསྡིགས་ཏེ་ཁྲིད་པ་ལ། བུ་མོ་དེ་སྐད་ཕྱུང་ཞིང་དུས་ནས་ཡབ་ཅིག་འདི་ལྟར་བརྩེ་མེད་དུ་བརྡེག་པ་འདི་བྲམ་ཟེ་མིན་གྱི་ཤ་ཟ་བྲམ་ཟེ་ལྟར་བཅོས་པ་བདག་ཅག་ཟ་བ་འདི་ལ་ཡབ་ཀྱིས་ཇི་ལྟར་གཏད། གཞོན་ནུ་དྲ་བ་ཅན་གྱིས་སྨྲས་པ། བྲམ་ཟེས་བརྡེག་པ་དེ་ཙམ་སྡུག་བསྔལ་མི་ཆེ་ཡི། བདག་ཅག་གི་མ་ཤིང་ཐོག་རྣམས་བསྣམས་ཏེ་འོངས་ན། གནས་སྟོང་པ་མཐོང་ནས་ཡུམ་དེ་ཇི་ལྟར་འགྱུར། ཡབ་གཅིག་ཡུམ་དེ་ཐུགས་ངལ་ཆུང་བའི་ཐབས་དང་། བདག་ཅག་གི་འཕྲིན་གྱིས་ཡུམ་ལ་ཕྱག་འཚལ་ཞིང་ཐུགས་ངལ་མཛད་པ་ལས་བཟློག་ཏུ་གསོལ། སླན་ཆད་ཡབ་ཡུམ་གྱི་ཞལ་ཀྱང་མཐོང་དཀའ་འོ། །བུ་མོ་ཀྲིཥྞ་ཚུར་ཤོག་ཡབ་ཀྱིས་བདག་ཅག་བྲན་དུ་གནང་ཟིན་པས་ད་ནི་འདོད་དོ། །བདག་ཅག་བྱིས་པར་གྱུར་པས་བླ་མ་ཁྱོད་ལ་མཉེས་པར་མ་བགྱིས་པའི་ཚིག་སྨྲས་པ་དེ་དག་བྱིས་པའི་ནོངས་པས་བཟོད་པར་མཛད་དུ་གསོལ་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཡང་བུ་ལ་སྙིང་རྗེ་བས་བློ་བློང་བློང་པོར་གྱུར་ཏེ། ངའི་བུ་སྙིང་ལྟར་གཅེས་པ་ལ་ལྷྭམ་ཡང་མེད་པར་བྲམ་ཟེ་ངན་པ་ངོ་ཚ་མེད་པས་བརྡེག་བཞིན་སོང་བ་ཤིན་ཏུ་གཞོན་པ་དེ་དག་གིས་བྲན་གྱི་ལས་ཇི་ལྟར་བཟོད། བཀྲེས་སྐོམ་གྱིས་ཉེན་ན་བསླང་བའི་གནས་ཀྱང་ཅི་ཞིག་ཡོད། བདག་ནི་བརྟན་པར་ཆོས་དྲན་ཀྱང་། བུ་གཉིས་འདི་ལྟར་སྡུག་བསྔལ་བའོ་སྙམ་དུ་དགོངས་སོ། །བཙུན་མོ་མ་དྲིས་ཀྱང་མི་དགེ་བའི་ལྟས་མཐོང་ནས་རྩ་བ་དང་འབྲས་བུ་ཁྱེར་ཏེ་མྱུར་དུ་འོང་སྙམ་ཡང་གཅན་གཟན་ཁྲོ་བོ་རྣམས་ཀྱིས་ལམ་ཆོད་པས་རིང་ཞིག་ལོན་ནས་རང་གནས་སུ་ཕྱིན་པ་དང་། བསུར་འོང་རན་པའི་ས་དང་རྩེད་མོ་རྩེ་བའི་ས་སོགས་ན་བུ་གཉིས་མ་མཐོང་བས་སྙིང་མི་དགའ་ཞིང་། ཀྱེ་མ་བྱིས་པ་དེ་གཉིས་རྩེ་རྩེ་ནས་གཉིད་ལོག་གམ། ནགས་ཚལ་འཐུག་པོར་བརླག་གམ། བདག་འོང་འཕྱིས་པས་མ་མགུ་བའམ། བྱིས་པར་གྱུར་པས་གབ་ཅིང་འཁོད་དམ། གལ་ཏེ་ཆུས་ཁྱེར་རམ། འོན་ཏེ་བསད་ན་ནི་བྱ་རྣམས་ཀྱང་སྒྲ་འབྱིན་རིགས། འོན་ཀྱང་བདག་སེམས་མི་དགའ་ཞིང་ལྷུ་ཚིགས་བྲལ་སྙམ་བྱེད་པ་ དང་། ཕྱོགས་འཁྲུགས་པ་སྙམ་བྱེད་པ་དང་། ནགས་ཚལ ་འདི་ཡང་དཔལ་ཉམས་ཤིང་གཡོ་བ་སྙམ་བྱེད་པ་སོགས་ཀྱི་ལྟས་ངན་པ་བདག་གི་ལུས་ལ་སྨིན་ནས། རྒྱལ་བུ་ཡབ་སྲས་བདེ་ལེགས་སུ་གྱུར་ཅིག་སྙམ་མོ། །དེ་ནས་རྩ་བ་དང་འབྲས་བུ་རྣམས་ཕྱོགས་གཅིག་བཞག་སྟེ། ཁྱིམ་ཐབ་ལ་བྱིས་པ་གཉིས་གར་སོང་ཞེས་དྲིས་སོ། །མ་ནི་བུ་ལ་བྱམས་པས་ཕྲལ་དུ་མི་དགའ་བའི་ཚིག་བརྗོད་དཀའ་སྟེ་ཅུང་ཟད་སྨྲ་མ་ནུས་སོ། །མ་དྲིས་འདི་འདི་ལྟར་གདུངས་ཤིང་མི་སྨྲ་པས་བདག་གི་བུ་གཉིས་མ་རུངས་པར་གྱུར་ཏོ་སྙམ་དུ་ནགས་དེ་ཀུན་ཏུ་སེམས་ཀྱིས་བརྟགས་ཀྱང་མི་སྣང་བས་མཆི་མས་བརྣང་བཞིན། བྱིས་པ་གཉིས་པོ་མི་སྣང་ཞིང་། ཁྱོད་ཀྱིས་ཀྱང་མི་གསུང་བས་ཀྱི་ཧུད་དག་ནི་བསད་ཀྱིས་མེད་དོ་ཞེས་སྨྲས་ནས་ས་ལ་འགྱེལ་ཏེ་བརྒྱལ་ལོ། །དེ་བྱང་ཆུབ་སེམས་དཔས་རྩའི་སྟན་ལ་བཞག་སྟེ་ཆུ་གྲང་མོ་གཏོར་བས་སོས་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། ངས་ཁྱོད་མི་བཟོད་པས་དོགས་པར་མྱུར་དུ་མ་སྨྲས་ཀྱི། བྲམ་ཟེ་རྒས་ཤིང་དབུལ་བ་ཞིག་ལ་བྱིན་གྱིས་མྱ་ངན་མ་བྱེད་ཅིང་། བུ་ལ་མ་སེམས་པར་ང་ལ་ལྟོས། བསླངས་ན་སྲོག་ཀྱང་མི་སྦྱིན་པར་ག་ལ་ནུས། དེས་ན་ངའི་སྦྱིན་པ་ལ་རྗེས་སུ་ཡི་རངས་པར་གྱིས་ཤིག །དེ་ནས་མ་དྲིས་བུ་གཉིས་ཤི་བར་དོགས་པ་ལ་གསོན་པའི་གཏམ་ཐོས་པས་ཅུང་ཞིག་མྱ་ངན་ཆུང་བར་གྱུར་ཀྱང་སྔོན་བུ་གཉིས་ཀྱིས་བསྐྱེད་པའི་ཤིང་ཕུང་ལ་འཁྱུད་དེ་དུ་བ་དང་། བྱིས་པ་དེ་དག་དང་རྩེ་བའི་རི་དྭགས་ཀྱི་ཕྲུ་གུ་མཐོང་ནས་དུ་ཞིང་མྱ་ངན་གྱི་ཚིག་བརྗོད་པ་དང་། ལམ་གྱི་རྗེས་ལ་བལྟས་ན་འཐེན་ཅིང་མྱུར་དུ་སོང་བ་ལས་བརྡེགས་ཏེ་ཁྲིད་དོ་སྙམ་དུ་མྱ་ངན་གྱི་ཚིག་བརྗོད་པར་གྱུར་ཏོ། །དེར་རྒྱལ་བུས་བདག་གི་བུ་གཉིས་ནི་གྲགས་པ་དང་འཁོར་བའི་བདེ་བའི་ཕྱིར་བྱིན་པ་མ་ཡིན་གྱི་བླ་མེད་བྱང་ཆུབ་ཀྱི་ཕྱིར་བཏང་བ་ཡིན་པའི་ཚུལ་གསུངས་པས་བཙུན་མོ་ཡང་སེམས་བརྟན་པར་གྱུར་ཏེ་ཁྱིམ་ཐབ་མྱ་ངན་བསང་བའི་ཕྱིར་མཆི་མ་ཕྱིས་ཏེ་ངོ་མཚར་ཆེ་སྟེ་ཐུག་དན་མ་མཛད་པར་སླན་ཆད་ཀྱང་སྦྱིན་པར་མཛོད། བདག་བྱིན་ན་ཡང་བར་ཆད་མི་བགྱིད་དོ་ཞེས་སྨྲས་སོ། །དེའི་ཚེ་ས་གཡོས་ཤིང་རི་འགུལ་བ་ན། དེའི་རྒྱུ་བརྟགས་པས་ཐམས་ཅད་སྒྲོལ་གྱི་མཐུ་ཡིན་པར་ཤེས་ནས་དེའི་ཕྱི་ཉིན་བརྒྱ་བྱིན་བྲམ་ཟེའི་གཟུགས་ཀྱིས་ཆུང་མ་བསླང་པ་དང་བྱིན་ནོ། །དེས་རང་གི་གཟུགས་ཀྱིས་སླར་ཕུལ་ཏེ་ཁྱོད་ཀྱི་བུ་གཉིས་ནི་ཡབ་ཀྱིས་ཁྲིད་ནས་བདེའོ་ཞེས་སྨྲས་སོ། །བྲམ་ཟེ་དེས་བྱིས་པ་གཉིས་ཤི་བི་བའི་ཡུལ་དུ་ཁྲིད་པ་ན་ཡུལ་དེའི་མི་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་བྱ་དཀའ་བ་ལ་སྙིང་དད་པར་གྱུར་ཅིང་སྲས་གཉིས་རྒྱལ་པོས་བསླུས་ཏེ། ཐམས་ཅད་སྒྲོལ་སླར་བཀུག་ནས་རྒྱལ་སྲིད་བྱེད་དུ་བཅུག་པས་གཏོང་བ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱས་པས་རྒྱལ་པོ་ཐམས་ཅད་གཏོང་དུ་ཡང་གྲགས་སོ། །དེའི་ཚེ་བྲམ་ཟེ་ལ་སྲས་གནང་བའི་རྐྱེན་དེས་འབྱོར་བ་ཆེན་པོ་དང་ལྡན་པར་གྱུར་པ་ལ། དེའི་མཛའ་བཤེས་རྣམས་ཀྱིས་བྲམ་ཟེ་ཁྱོད་འདི་ལྟར་སྐལ་པ་བཟང་པོར་གྱུར་པ་ཐམས་ཅད་སྒྲོལ་ལ་བརྟེན་པའོ། །དེས་སྨྲས་པ། ཐམས་ཅད་སྒྲོལ་གྱིས་ཁོ་བོ་ལ་ཅི་ཞིག་བྱས། ཁོ་བོ་རིགས་མཆོག་ཏུ་གྱུར་པ་ཡོན་གནས་སུ་གྱུར་པས་ཡིན་ནོ་ཞེས་བྱས་པ་མི་བཟོ་བ་དེ་ནི་ལྷས་སྦྱིན་ཡིན་པར་གསུངས་སོ། ༈ །ཡང་སྔོན་རྒྱལ་པོ་གསལ་སྟོབས་ཞེས་བྱ་བའི་བཙུན་མོ་རྣམ་པར་སྦ་བ་ལ། སྲས་གཟུགས་བཟང་པོ་ལྟ་ན་སྡུག་པ་ཞིག་བཙས་པ་ལ་གཟུགས་སྟོབས་ཞེས་མིང་བཏགས་སོ། །དེའི་འོག་ཏུ་བུ་བརྩོན་འགྲུས་ལྡན་དང་། བཟོ་ལྡན་དང་། ཤེས་རབ་ལྡན་པ་ཞེས་བྱ་བའི་བུ་གསུམ་བྱུང་ངོ་། །ཡང་བཙུན་མོ་དེའི་མངལ་དུ་བུ་ཆགས་པ་ན་གང་གི་ཉིན་པར་གློ་བུར་ཕོ་བྲང་གི་འཁོར་དུ་གསེར་སྣ་ཚོགས་ཀྱི་ཆར་དང་། བཙུན་མོ་དེའི་སྟེང་དུ་ལྷའི་བླ་བྲེ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བྱུང་བས་ཡ་མཚན་ཏེ། རྒྱལ་པོས་ལྟས་མཁན་རྣམས་ལ་འདི་ཅི་ཞིག །དེ་རྣམས་ཀྱིས་ལྷ་འདི་ནི་བཙུན་མོའི་ལྷུམས་སུ་སྲས་ཞུགས་པ་འདིའི་མཐུ་སྟེ། དེ་ནི་བསོད་ནམས་ཀྱི་དབང་ཆེ་བར་གྲགས་པ་ཞིག་གོ། །དེ་ནས་བཙུན་མོ་དེ་བདག་སེང་གེའི་ཁྲིར་འདུག་སྟེ་གདུགས་དཀར་པོ་ཐོགས་ལ་རྔ་ཡབ་ནོར་བུའི་ཡུ་བ་ཅན་ཐོགས་ན་ཅི་མ་རུང་སྙམ་པ་རྒྱལ་པོ་ལ་གསོལ་པ་དང་། དེ་བཞིན་དུ་བྱས་པས་འདོད་པ་དེ་ཞིའོ། །དེ་བཞིན་དུ་གསེར་དངུལ་གྱི་ཕུང་པོའི་སྟེང་དུ་འདུག་ལ། རང་ལག་གིས་སྦྱིན་པ་བྱིན་ནས་ནོར་མེད་པ་རྣམས་ནོར་དང་ལྡན་པར་བྱའོ་སྙམ་པ་དང་། བཙོན་ཐམས་ཅད་བཏང་ན་སྙམ་པ་ དང་། སྐྱེད་མོས་ཚལ་མཐོང་ན་སྙམ་པ་དང ་། བདེན་པ་བརྗོད་པས་ལྷའི་སེང་གེའི་ཁྲི་ལ་འདུག་ནས་སྐྱེ་བོ་མང་པོ་ལ་ཆོས་སྟོན་པའི་རྗེས་ལ་ཡ་མཚན་འགའ་འབྱུང་བ་དེ་ལྟ་བུ་ལྷ་རྣམས་ཀྱིས་བདག་ལ་ཕུལ་ན་སྙམ་པ་ཐམས་ཅད་དེ་བཞིན་དུ་བྱས་ཏེ། བཙུན་མོ་དེ་སེང་གེའི་ཁྲི་ལ་འདུག་ནས་ཁྲི་དེ་ཡང་མི་འགྲེང་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ས་ཡང་གཡོས། ལྷའི་བླ་བྲེ་རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པ་ཞིག་ཀྱང་བྱུང་། སྐྱེ་བོ་ཕལ་མོ་ཆེ་བསོད་ནམས་ཀྱི་མཐུ་མཐོང་བས་སྤོས་སོགས་ཀྱིས་བཙུན་མོ་ལ་མཆོད་ནས་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་གོ། །དེ་ནས་བཙུན་མོ་དེས་སྔོན་མ་བྱུང་བའི་ཚིགས་བཅད་འདི་སྨྲས་སོ། །བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མིས་ནི་བསོད་ནམས་བྱ། །དེ་བས་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །འདི་སྨྲས་མ་ཐག་ཏུ་བར་སྣང་ལས་ལེགས་པར་སྨྲས་སོ་མཆོག་ཏུ་ལེགས་པར་སྨྲས་སོ་ཞེས་པའི་སྒྲ་བྱུང་ངོ་། །ལྷའི་རོལ་མོའི་སྒྲ་སྒྲོགས་ཤིང་། ལྷའི་གོས་ཀྱི་ཆར་ཆེན་པོ་བབས་སོ། །རྒྱལ་པོ་གསལ་སྟོབས་སོགས་སྐྱེ་བོ་དེ་ཐམས་ཅད་དགའ་ཞིང་། ནམ་མཁའི་ལྷ་རྣམས་ཀྱིས་རང་གི་ལུས་ཀྱི་གོས་དང་རྒྱན་ཐམས་ཅད་ཕུད་ནས་ཆོས་ཀྱི་ཁྲི་དགབ་པའི་ཕྱིར་ཕུལ་ལོ། །དེ་ལྟ་བུའི་བསོད་ནམས་ཀྱི་མཐུ་མཐོང་ནས་ཆེད་དུ་བརྗོད་དོ། །ཕྱིས་ཟླ་བ་དགུ་ཚང་ནས་ཉི་མ་ཤར་བའི་དུས་སུ་ཁྱེའུ་གཟུགས་བཟང་ལ་ལྟ་ན་སྡུག་པ་ཞིག་བཙས་སོ། །དེའི་ཆོས་རྣམ་པ་དྲུག་ཏུ་གཡོས་ཤིང་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་གྱི་ཆར་བཙུན་མོའི་འཁོར་དུ་བབས་སོ། །རྒྱལ་པོའི་ཕོ་བྲང་དང་འཁོར་ཐམས་ཅད་དུ་གོས་སྣ་ཚོགས་ཀྱི་ཆར་དང་། རྒྱལ་པོ་དེའི་ཡུལ་ཐམས་ཅད་ལྷའི་མེ་ཏོག་ཡིད་དུ་འོང་བའི་ཆར་བབས་སོ། །མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་ཐམས་ཅད་ལས་ཀྱང་མེ་ཏོག་དང་འབྲས་བུ་འཐོན་ཏོ། །ཆར་ཟིམ་བུ་དང་བསེར་བུ་བསིལ་བའི་ཡིད་དུ་འོང་བ་དག་ལྡང་བར་གྱུར་ཏོ། །གཞོན་ནུ་དེ་བཙས་མ་ཐག་ཏུ་རྒྱལ་པོ་ཆེན་པོ་བཞིས་ལྷའི་སེང་གེའི་ཁྲི་རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པས་བརྟོལ་ཏེ་གློ་བུར་དུ་ཕུལ་ལོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་བདག་ཉིད་ལག་དར་ཏེ་གཞོན་ནུའི་སྟེང་དུ་ལྷའི་གདུགས་རྩིབས་བརྒྱ་པ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་འཛིན་ཏོ། །དེའི་སྟེང་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་གོས་ཀྱི་བླ་བྲེ་བྲེས་སོ། །ལ་ལས་རིན་པོ་ཆེ་འཐོར། དེ་བཞིན་དུ་སོ་སོ་ནས་གོས་དང་མེ་ཏོག་དང་རྒྱན་དང་ཕྱེ་མ་སྤོས་དང་ཕྲེང་བ་བྱུག་པ་རྣམས་འཐོར་བ་དང་། ལྷའི་རོལ་མོའི་སྒྲ་སྣ་ཚོགས་བྱེད་དོ། །ལས་སྣ་ཚོགས་པས་གྲོང་ཁྱེར་ཀུན་ཏུ་རྡོ་དང་གསེག་མ་མེད་པར་བྱས་ཏེ། དར་གྱི་ལྡ་ལྡི་དང་། རྒྱལ་མཚན་དང་བ་དན་ནི་བསྒྲེངས། ཙན་དན་གྱི་ཆུས་ཆག་ཆག་བཏབ། བདུག་པའི་སྣོད་མང་པོ་ནི་བཏགས་ཏེ། མེ་ཏོག་སྣ་ཚོགས་གཏོར་བས་ལྷ་རྣམས་ཀྱི་སྐྱེད་ཚལ་འདྲ་བར་བྱེད་དོ། །གླང་པོའི་མཆོག་བརྒྱ་ནི་ནགས་ཁུང་ནས་རང་འོངས་ཏེ་གླང་པོའི་བྲེས་ན་གནས་པར་གྱུར་ཏོ། །རྒོད་མ་བརྒྱ་ཡང་རྟེའུ་འབྲངས། འབྲུ་ཐམས་ཅད་ཀྱང་མ་རྨོས་མ་བཏབ་པར་མཐུ་དང་ལྡན་པར་སྨིན། སེང་ཁྲིའི་འོག་ནས་གཏེར་ཆེན་པོ་ལྔ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་རྣམས་ཀྱིས་ཁ་བསྟན་ཏེ་བླངས་ཀྱང་ཟད་པར་མ་གྱུར་ཏོ། །སེམས་ཅན་ཕན་ཚུན་འཁོད་པ་རྣམས་ཀྱང་ཡུད་ཙམ་ལ་བྱམས་པའི་སེམས་སུ་གྱུར་ཏོ། །གཞོན་ནུ་མཐུ་དང་རྫུ་འཕྲུལ་ཆེ་བ་དེ་བཙས་མ་ཐག་ཏུ་ཚེ་རབས་དྲན་ཏེ། ཕྱོགས་བཞིར་བལྟས་ནས་ཚིགས་སུ་བཅད་པ། བསོད་ནམས་བསགས་ན་བདེ་བར་འགྱུར་སོགས་སྔར་བཞིན་སྨྲས་སོ། །ནམ་མཁའི་ལྷ་རྣམས་ཀྱིས་དེའི་བསོད་ནམས་ཀྱི་ཆེ་བ་བསྟན་པའི་ཚིགས་སུ་བཅད་པ་ཡང་བརྗོད་དོ། །རྒྱལ་པོའི་ཡུལ་དེའི་མི་ཐམས་ཅད་ཀྱིས་གཞོན་ནུའི་བསོད་ནམས་ཀྱི་སྟོབས་འདི་ལྟར་ཆེ་བ་ཡ་མཚན་ནོ་ཞེས་ཆེད་དུ་བརྗོད་དོ། །རྒྱལ་པོ་གསལ་སྟོབས་དགའ་ནས་སྦྱིན་པ་ཆེན་པོ་བྱིན་ནོ། །རེ་ཞིག་ན་འབྱོར་པ་ཆེར་རྒྱས་པས་དེའི་བཙས་སྟོན་བྱས་ནས་དེའི་མིང་ཅིར་གདགས་ཞེས་བགྲོས་ཏེ་བསོད་ནམས་སྟོབས་ཞེས་བྱ་བར་བཏགས་སོ། །གཞོན་ནུ་བསོད་ནམས་སྟོབས་མ་མ་བརྒྱད་ལ་གཏད་ནས་འཚོ་བའི་ཡོ་བྱད་བཟང་པོས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་སྐྱེ་དྲག་པར་གྱུར་ནས་ཆེར་སྐྱེས་པ་ན་ཡི་གེ་སློབ་ཏུ་བཅུག་ཏེ་མཐར་ཕྱིན་ནས། རྒྱལ་རིགས་དག་གི་གནས་ལྔ་ལ་བྱང་བར་གྱུར་ཏོ། །གཞོན་ནུ་དེ་ཡང་དད་པ་དང་ལྡན་ལ་དགེ་ཞིང་བསམ་པ་བཟང་བ་བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེ་བ། ཆོས་འདོད་པ། སྐྱེ་དགུ་ལ་བྱམས་པ། གཏོང་དང་སྦྱིན་པ་ལ་དགའ་བ། རབ་ཏུ་སྦྱིན་ཅིང་ཐམས་ཅད་གཏོང་བ། ཆགས་པ་མེད་པར་གཏོང་བ་ཆེན་པོ་ལ་གནས་པ་ཞིག་སྟེ། འདི་ལྟར་དགེ་སྦྱོང་དང་བྲམ་ཟེ་དང་། བཀྲེན་ཅིང་སྡུག་ཕོངས་རྣམས་ལ་ཐ་ན་རང་གི་ཤའི་བར་དུ་དེས་མ་བྱིན་པ་དང་ཡོངས་སུ་མ་བཏང་བ་གང་ཡང་མེད་དོ། །དེར་སློང་བ་དག་འོངས་ན་དེ་ལ་བྱམས་པའི་སེམས་བཞག་སྟེ་ནམ་མཁའ་ལ་བལྟས་ནས་ཅི་སློང་བ་དེ་ནམ་མཁའ་ལས་འོང་ན་སྙམ་པའི་སེམས་བསྐྱེད་པའི་མོད་ལ་དེ་བཞིན་འོང་བར་འགྱུར་ཏེ། དོན་དེ་སུས་ཀྱང་མི་ཤེས་སོ། །དེ་ལྟར་ཡོ་བྱད་དག་གིས་སློང་བ་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་རྫོགས་པར་བྱས་ནས་ཕྱིར་འདོང་ངོ་། །དེའི་གྲགས་པས་འཛམ་གླིང་དང་། འོག་ཏུ་ཀླུའི་འཇིག་རྟེན་ནས་སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་ཁྱབ་ཅིང་སྙན་པའི་སྒྲ་གྲགས་སོ། །དེ་ནས་ཕྱིས་གཞོན་ནུ་བསོད་ནམས་སྟོབས་ཕུ་བོ་བཞི་ དང་ལྷན་ཅིག་སྐྱེད་མོས་ཚལ་དུ་སོང་བ་དང ་། དེའི་ལམ་དུ་ཡི་དྭགས་མཆུ་ཁབ་ཙམ་ལ་ལྟོ་བ་རི་རབ་ཙམ་པ། ཀེང་རུས་བསྒྲེང་བ་འདྲ་ཞིང་ལུས་ཤིན་ཏུ་འབར་བ་ཐལ་མོ་སྦྱར་བ་སྟོང་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་བ་མཐོང་སྟེ། བསོད་ནམས་སྟོབས་མ་གཏོགས་པ་གཞན་སུས་ཀྱང་དེ་མ་མཐོང་ལ། ཡི་དྭགས་དེ་དག་གིས་སྨྲས་པ། གཞོན་ནུ་ཁྱོད་བསོད་ནམས་ཀྱི་སྟོབས་ཀྱིས་ཆེ་བར་གྲགས་པ་སྙིང་རྗེ་ཆེན་པོ་ཡིན་ན། བདག་ཅག་བཀྲེས་སྐོམ་གྱིས་ཉམ་ཐག་པ་ལ་ཟས་སྐོམ་སྩོལ་ཅིག །བདག་ཅག་སེར་སྣའི་དབང་དུ་གྱུར་པས་ཡི་དྭགས་སུ་སྐྱེས་པས་ལོ་བརྒྱ་ཕྲག་དུ་མར་ཆུ་ཡང་མི་རྙེད་ན་ཁ་ཟས་ལྟ་ཅི་སྨོས། དེ་སྐད་ཅེས་སྨྲས་པ་དང་། གཞོན་ནུས་དེ་དག་ལ་སྙིང་རྗེས་ནམ་མཁའ་ལ་བལྟས་ཏེ་ལྷའི་བཟའ་བཏུང་དག་འོངས་པ་ན། ཡི་དྭགས་དེ་དག་གི་སྔོན་ལས་ཀྱི་ཉེས་པས་མ་མཐོང་ནས་བདག་ཅག་ཚིམ་པར་ཅིས་མི་བྱེད་ཅེས་ཟེར་ཏོ། །གཞོན་ནུས་སྨྲས་པ། ལྷའི་བཟའ་བཏུང་འདི་དག་བྱིན་ན་ཅི་ཉེས་ཏེ་མི་ཟ། ཡི་དགས་རྣམས་ཀྱིས་སྨྲས་པ། བདག་ཅག་སྔོན་གྱི་ཉེས་པས་ལྷའི་བཟའ་བཏུང་དེ་དག་མི་མཐོང་ངོ་། །དེ་ནས་གཞོན་ནུས། ཀྱེ་མ་སེར་སྣའི་རྣམ་པར་གཡོ་བ་སྙམ་དུ་བསམས་ཏེ་དེ་དག་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ནས། ཇི་སྟེ་བདག་ལ་བསོད་ནམས་ཀྱི་མཐུ་ཡོད་ན་བདེན་པ་དང་བདེན་པའི་ཚིག་དེས་ཡི་དྭགས་འདི་དག་གིས་ལྷའི་བཟའ་བཏུང་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཟ་བའི་མཐུ་ཡོད་པར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་ཟས་དེ་དག་མཐོང་ཞིང་ཁ་ཡང་ཐ་མལ་དུ་གྱུར་ནས་དེ་དག་ཚིམ་པར་བྱས་སོ། །དེ་དག་མང་དུ་ཟོས་པས་གསུས་པ་བརྡོལ་ཞིང་བསོད་ནམས་སྟོབས་ལ་དགའ་བཞིན་ཤི་སྟེ་དགའ་ལྡན་གྱི་ལྷའི་རིགས་སུ་སྐྱེས་ནས་བསོད་ནམས་སྟོབས་ལ་གཞོན་ནུ་ཁྱོད་ཀྱིས་བདག་ཅག་ལྷའི་རིས་སུ་བཀོད་ཀྱིས་མཆོག་ཏུ་དགའ་བ་སྐྱེད་ཅིག །ད་ནི་ཁྱོད་ཉིད་ལ་བརྟེན་ཏེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱའོ་ཞེས་སྨྲས་སོ། །དེ་ལ་གཞོན་ནུ་མཆོག་ཏུ་དགའ་སྟེ་ལེགས་སོ་ཞེས་སྨྲས་ཏེ་སྐྱེད་མོས་ཚལ་དུ་སོང་ངོ་། །སྐྱེད་ཚལ་དེར་འདུག་ནས་མི་རྣམས་ཀྱི་ཉམས་སུ་དབེན་པ་གང་ཡིན་ཞེས་གཏམ་འདི་ལྟ་བུ་གླེང་ཞིང་ངེས་པར་བྱེད་དོ། །དེ་ནས་གཟུགས་དང་ལྡན་པ་ན་རེ། འདི་ལ་བརྟག་ཏུ་ཅི་ཡོད་འདི་ནི་འཇིག་རྟེན་ན་རྟོགས་པ་ཁོ་ན་སྟེ། འདི་ལྟར་བྱད་གཟུགས་བཟང་བ་ནི་མི་རྣམས་ཀྱི་ཉམས་སུ་དབེན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱད་གཟུགས་དང་ལྡན་པ་མཐོང་ན་སྔོན་མ་མཐོང་བའི་སྐྱེ་བོ་མང་པོ་ཡང་མཆོག་ཏུ་དགའ་ཞིང་མི་དགའ་བ་རྣམས་ཀྱང་སླར་དགའ་བར་འགྱུར་རོ། །སྔོན་གྱི་དྲང་སྲོང་དག་གིས་ཀྱང་བྱད་གཟུགས་བཟང་པོ་འདི་ནི་རྙེད་པ་རྣམས་ཀྱི་ཕྱེད་དོ་ཞེས་སྨྲས་པ་ཡིན་ནོ། །གཞན་ཡང་ཁྱོད་ལྟོས་དང་། ཡིད་དུ་འོང་བའི་གཟུགས་དང་ལྡན་པ་ནི་མཐོང་བའི་མོད་ལ་མི་རྣམས་དགའ་སྟེ་དམ་ཆོས་བཞིན་དུ་སྙིང་ནས་བཀུར་བར་བྱེད་དོ། །དེ་ནས་དེ་ཐོས་ནས་བརྩོན་འགྲུས་ཅན་གྱིས་སྨྲས་པ། གཟུགས་དག་གིས་ཅི་བྱར་ཡོད་དེ། བརྩོན་འགྲུས་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དབེན་པ་ཡིན་ནོ། །དེ་ཅིའི་ཕྱིར་ན། བྱད་གཟུགས་དང་ལྡན་ཡང་བརྩོན་འགྲུས་མེད་པ་ནི་ཚེ་འདིའམ་ཕྱི་མར་འདོད་པའི་འབྲས་བུ་ཅི་ཡང་མི་སྣང་སྟེ། བྱད་གཟུགས་མི་རྣམས་ཀྱི་ཉམས་སུ་དབེན་ཞེས་པ་འདི་ནི་བྱིས་པའི་སྐྱེ་བོ་རྨོངས་པར་བྱེད་པར་ཟད་དོ། །བརྩོན་འགྲུས་ཀྱིས་ཚེ་འདིར་ཡང་ཞིང་ལས་དང་། ཚོང་པའི་ཁེ་དང་། ཞབས་འབྲིང་བྱེད་པ་རྣམས་ཀྱིས་འཚོ་བ་དང་། མི་གོང་མ་དག་གིས་བསྟན་བཅོས་ཤེས་པ་དང་། བསམ་གཏན་པ་རྣམས་ཀྱིས་བསམ་གཏན་གྱི་འབྲས་བུ་ཐོབ་པ་སོགས་ཚེ་འདིའི་འདོད་པའི་འབྲས་བུ་དང་། ཚེ་ཕྱི་མར་བདེ་འགྲོ་དང་། ལོངས་སྤྱོད་ཆེན་པོ་དང་ཐར་པ་ཐོབ་པ་སོགས་ཕྱི་མའི་འབྲས་བུ་དང་། གཞན་ཡང་བརྩོན་འགྲུས་ནི། ཡོན་ཏན་ཐམས་ཅད་ཀྱི་གཞི་དང་། གནོད་པ་རྣམས་བཟློག་པ་དང་། བརྩོན་འགྲུས་ཅན་ལ་ནི་སྒྲུབ་དཀའ་བ་ཅི་ཡང་མེད་དོ་ཞེས་སྨྲས་པ་ལ། བཟོ་དང་ལྡན་པས་བགད་དེ་སྨྲས་པ། ཁྱོད་ཀྱིས་བདེན་ཞིང་མང་བ་སྣ་ཚོགས་སྨྲ་མོད་ཀྱི་ངའི་སེམས་ནི་མ་མགུའོ། །དེ་ཅིའི་ཕྱིར་ཞེ་ན། བཟོ་དང་བྲལ་བའི་བརྩོན་འགྲུས་ཀྱིས་ནི་འབྲས་བུ་ཅི་ཡང་འགྲུབ་པར་མ་མཐོང་གི། བཟོ་དང་ལྡན་ན་འབྲས་བུ་ཡོད་པར་མཐོང་བའི་ཕྱིར་རོ། །དེ་བས་བཟོ་དང་ལྡན་པ་མི་རྣམས་ཀྱི་ཉམས་སུ་དབེན་པ་ཡིན་ཏེ། བཟོ་བོ་ནི་རིགས་དམའ་བར་གྱུར་ཀྱང་རྒྱལ་པོ་སོགས་ཀྱིས་བཀུར་རོ། །སྣ་ཚོགས་པའི་ལས་ཀྱི་བཟོ་ཅན་ལྷ་དང་མི་རྣམས་ཀྱིས་ལེགས་པར་བཀུར་རོ་ཞེས་སྨྲས་པ་ལ། ཤེས་རབ་ཅན་གྱིས་ཡུད་ཙམ་བགད་དེ་སྨྲས་པ། ཤེས་རབ་ཙམ་དུ་མི་རྣམས་ཀྱི་བྱད་གཟུགས་དང་། བརྩོན་འགྲུས་དང་། བཟོ་ཡང་ཉམས་སུ་དབེན་པ་མ་ཡིན་ནོ། །གཞན་ཡང་། ཤེས་རབ་ཀྱིས་ནི་གཟུགས་དང་བཟོ། །བརྩོན་འགྲུས་ནོར་ཡང་འཐོབ་པར་འགྱུར། །མི་རྣམས་ལེགས་དང་བདེ་བའི་ཆ། །ཤེས་རབ་ཀྱིས་ནི་ཐམས་ཅད་ཐོབ། །ཅེས་སྨྲས་པ་ལ། གཞོན་ནུ་བསོད་ནམས་སྟོབས་བཞིན་འཛུམ་དམུལ་ནས་སྨྲས་པ། ཇི་ལྟར་ཤེས་རབ་དང་བྲལ་བའི་གཟུགས་དང་བཟོ་དང་བརྩོན་འགྲུས་ཐམས་ཅད་ནི་ཉམས་སུ་དབེན་པ་མ་ཡིན་ལ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་ནི་འབྲས་བུ་དང་བཅས་ཤིང་ཉམས་སུ་དབེན་པ་ནི་བདེན་མོད་ཀྱི། ཤེས་རབ་དེ་ཡང་བསོད་ནམས་མེད་པར་འཐོབ་མི་ནུས་ཏེ། དེ་བས་ན་བསོད་ནམས་འབའ་ཞིག་མི་རྣམས་ཀྱི་ཉམས་སུ་དབེན་པ་ཡིན་ནོ། །བསོད་ནམས་ཞེས་བྱ་བ་ནི། གཅིག་ཏུ་སྡུག་པའི་འབྲས་བུ་དང་། ཕོངས་པ་དང་དགའ་བ་དང་ཡིད་དུ་འོང་ཞིང་འཐད་པའི་འབྲས་བུ་རྣམས་ཀྱི་གཙོ་བོ་ཡིན་ཏེ། ཡོན་ཏན་མ་ལུས་པ་བརྗོད་མི་ནུས་ཀྱི། ཁྱོད་ཁོང་དུ་ཆུད་པའི་ཕྱིར་ཕྱོགས་ཙམ་བརྗོད་པར་བྱས་ན། བསོད་ནམས་དག་གིས་བྱད་གཟུགས་ཐོབ། །བསོད་ནམས་ཀྱིས་ནི་ཚུལ་ཁྲིམས་ལྡན། །བསོད་ནམས་དག་གིས་དཔལ་ཐོབ་ཅིང་། །དེ་བཞིན་ལོངས་སྤྱོད་ཅན་དུ་འགྱུར། །བསོད་ནམས་དག་གིས་ཤེས་རབ་འཐོབ། །ཅེས་སོགས་ཀྱི་བསྔགས་པ་བརྗོད་དོ། །འོན་ཀྱང་རང་རང་གི་ཕྱོགས་བཟུང་སྟེ་གཞན་ཁས་མི་ལེན་ཏོ། །དེ་ནས་བསོད་ནམས་སྟོབས་ཀྱིས། ཀྱེ་བདག་ཅག་མྱུར་བར་གཞན་གྱི་ཡུལ་དུ་དོང་སྟེ། ཆ་ལུགས་མི་མངོན་པར་འཁོད་ན། ཅི་གཟུགས་སམ། བརྩོན་འགྲུས་དང་། བཟོ་དང་། ཤེས་རབ་དང་། བསོད་ནམས་སུ་གང་དབེན་པ་ཤེས་པར་འགྱུར་རོ། །དེ་ནས་གཞོན་ནུ་དེ་དག་གིས་དེ་ལྟར་བྱའོ་ཞེས་ཡབ་ལ་མ་གསོལ་བར་ཚམ་ཚོམ་མེད་པར་ཤིན་ཏུ་རིང་བའི་རྒྱལ་ཁམས་གཞན་དང་ཡུལ་གཞན་དུ་དོད་ནས་རྒྱལ་པོའི་ཕོ་བྲང་དང་འཁོར་གཞན་དུ་ཞུགས་ཏེ་ཆ་ལུགས་མི་མངོན་པར་འཁོད་པ་ན། གཟུགས་དང་ལྡན་པ་ནི་མཐོང་ན་ཡིད་དུ་འོང་བས་བསྡུས་པའི་སྐྱེ་བོ་དག་གིས་བཤུགས་པའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བརྩོན་འགྲུས་ཅན་གྱིས་ཆུ་ཀླུང་ཤུགས་དྲག་མགྱོགས་ཤིང་ཟབ་པ་མཐོང་ན་འཇིགས་པས་ཙན་དན་གྱི་ཤིང་ཆེན་པོ་ཁྱེར་བ་གཞན་གྱིས་བླང་མི་ནུས་པ་དེ་བརྩོན་འགྲུས་ཀྱི་ཤུགས་ཆེན་པོས་དྲངས་ནས་དེ་བཙོངས་པའི་ཡོ་བྱད་ཀྱི་འཚོའོ། །བཟོ་དང་ལྡན་པ་ཡང་བཟོ་བྱས་པ་ལས་བྱུང་བའི་ཡོ་བྱད་ཀྱིས་འཚོའོ། །ཤེས་རབ་ཅན་གྱིས་ཚོང་དཔོན་གཉིས་འཁོན་བྱུང་ནས་ཡུན་རིང་སོང་བ་ཤེས་རབ་ཀྱིས་བསྡུམས་ཏེ་དེ་གཉིས་མགུ་བས་ནོར་བྱིན་པ་ཙམ་གྱིས་འཚོའོ། །གཞོན་ནུ་བསོད་ནམས་སྟོབས་ནི་རང་གི་བསོད་ནམས་བྱས་པའི་ཆེ་བ་བསྒྲགས་པའི་ཕྱིར་མི་ཤིན་ཏུ་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་ནས། དེ་གང་ཉིན་པར་ཁྱིམ་དེར་ཞུགས་པ་ན། དེའི་བསོད་ནམས་ཀྱི་མཐུས་ཁྱིམ་དེར་འབྱོར་པ་ཆེན་པོ་བྱུང་ནས་ནོར་དང་འབྲུ་དང་གསེར་དངུལ་མང་པོས་གང་ངོ་། །མི་དབུལ་པོ་དེ་མཆོག་ཏུ་དགའ་ནས་སྔོན་མ་བྱུང་བའི་འབྱོར་པ་འདི་ནི་མི་འདི་བདག་གི་ཁྱིམ་དུ་ཞུགས་པའི་མཐུའོ་སྙམ་དུ་སེམས་སོ། །ལོངས་སྤྱོད་དེ་དག་དབུལ་པོ་དེར་ཅི་བདེ་བར་སྤྱོད་དུ་བཅུག་སྟེ་ཕྱུག་པོར་གྱུར་ཏོ། །དབུལ་པོ་དེས་ཀྱང་གཞོན་ནུ་དེ་ལ་བསོད་ནམས་ཀྱིས་ཆེ་བར་གྲགས་པ་འདི་ལ་བཀུར་སྟི་བྱ་བར་རིགས་སོ་སྙམ་དུ་རྒྱུན་མི་འཆད་པར་བཀུར་སྟི་བྱས་སོ། །དེ་ནས་དབུལ་པོ་དེའི་ཁྱིམ་དུ་སྔར་མེད་པའི་གཞོན་ནུ་ཞིག་འོངས་བས་ཁྱིམ་དེར་དཔལ་བྱུང་ངོ་ཞེས་གྲགས་པས་སྐྱེ་བོ་མང་པོ་དག་བསོད་ནམས་སྟོབས་ལ་དགའ་ཞིང་བསོད་ནམས་ཀྱི་མཐུ་ལ་ཆེད་དུ་བརྗོད་པ་བརྗོད་དོ། །ལྗོངས་དེར་ཡང་གཞོན་ནུའི་མཐུས་མེ་འབྲས་ཀྱི་ཤིང་རྒྱས་ཤིང་དུས་སུ་ཆར་འབེབས་པས་འབྲུ་རྣམས་ཕུན་སུམ་ཚོགས་པར་གྱུར་རོ། །སྐྱེ་བོ་མང་པོ་དག་དགའ་ཞིང་ལྟད་མོ་ལྟ་བར་གྱུར་པ་ན་གཞོན་ནུ་དེས་བདག་ལ་ཁྱིམ་རིན་པོ་ཆེ་ཐམས་ཅད་ཀྱིས་གང་ཞིང་འཚོག་ཆས་སྣ་ཚོགས་དང་ལྡན་ལ་བྲན་དང་ལས་བྱེད་ཡིད་དུ་འོང་བ་ཞིག་བྱུང་ན་སྙམ་པའི་མོད་ལ་དེ་བཞིན་དུ་གློ་བུར་དུ་གྱུར་ཏོ། །དེ་མཐོང་ནས་སྐྱེ་བོ་མང་པོ་དག་མཆོག་ཏུ་ངོ་མཚར་ཞིང་བསོད་ནམས་ལ་གཅེས་སུ་འཛིན་པ་དང་། བསོད་ནམས་སྟོབས་ལ་བཀུར་སྟི་ཆེན་པོ་བྱས་སོ། །བསོད་ནམས་སྟོབས་ཀྱིས་ཀྱང་དེ་དག་དགའ་བར་ཤེས་ནས་བསྡུ་བའི་དངོས་པོ་བཞི་དག་གིས་ཅི་རིགས་པར་བསྡུས་སོ། །དུས་ཞིག་ན། རྒྱལ་པོ་གཞན་ཞིག་ལ། སྨན་ཆོས་གསོལ་བའི། གནོད་པ་བྱས་པའི་མི་ཞིག་གཤེད་མ་དག་གིས་ཡན་ལག་བཅད་དེ། ལུས་ལ་ཤ་ཁྲག་ཟག་པ་དང་ཁ་སྐམ་པ་དེས་གཞོན་ནུ་ཇོ་ཇོ་བདག་ལ་སྐྱོབས་ཤིག་ཟེར་བ་ལ། སྙིང་རྗེའི་སེམས་བསྐྱེད་དེ། རང་གི་ལུས་ལས་ཁྲག་གཏར་བ་དེ་ལ་བླུད་ནས་ཁ་སྐམ་པ་ཞི་བར་བྱས། རང་གི་རྐང་ལག་བཅད་དེ་མི་དེའི་རྐང་ལག་གི་གནས་སུ་སྦྱར་ཞིང་། ནམ་མཁའ་ལ་བལྟས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པས་སེམས་བསྐྱེད་ནས་བདེན་པའི་ཚིག་གང་གིས་བདག་སྐྱེས་ཚུན་ཆད་མི་དགེ་བའི་ལས་ཅི་ཡང་བྱས་པ་མི་དྲན་པའི་བདེན་པ་དང་བདེན་པའི་ཚིག་དེས་མི་འདི་ལ་བདག་གི་རྐང་ལག་འདི་གནས་སུ་འབྱོར་བར་གྱུར་ཅིག །སྔོན་གྱིས་ལུས་ཅི་ལྟ་བ་དེ་བཞིན་དུ་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་རླབས་བྱས་པའི་མོད་ལ། མི་དེ་སྔོན་བཞིན་དུ་གྱུར་པས་གཞོན་ནུ་དགའ་སྟེ་ད གེ་བ་དེས་བྱང་ཆུབ་ཐོབ་པའི་སྨོན་ལམ་ཀྱང་བཏབ་བོ། །དེའི་ཚེ་ས་གཡོས་པ་དེས་བརྒྱ་བྱིན་གྱི་ཕོ་བྲང་འགུལ་བ་ན། དེའི་རྒྱུ་བརྟགས་ཏེ་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་ཀྱིས་བསོད་ནམས་སྟོབས་ཀྱི་ཐད་དུ་འོངས་ནས། བསོད་ནམས་སྟོབས་ཁྱོད་ཀྱིས་བདག་ཉིད་ཀྱི་རྐང་ལག་མེད་པར་བྱས་ཏེ་གཞག་པ་འདི་ཅིའི་ཕྱིར་ཞེས་སྨྲས་སོ། །གཞོན་ནུས་དེ་ངོ་མ་ཤེས་ཏེ་ཅི་ལྟར་གྱུར་པར་རྒྱས་པར་བསྙད་ནས། གྲོགས་པོ་བདག་ནི་གཞན་དག་གི་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །བདག་ནི་གཞན་བདེ་བས་བདེ་སྟེ། དེ་ཕྱིར་མི་དེ་སྡུག་བསྔལ་མི་བཟད་པས་ཉམ་ཐག་པ་མཐོང་ནས་སྡུག་བསྔལ་དེ་རང་གི་ཉམས་སུ་ཕབ་པར་བསམ་པས། རང་གི་རྐང་ལག་བཏང་ཞིང་བདེན་པ་བསྐུལ་བས་མི་དེ་སྔོན་བཞིན་དུ་བཞག་གོ། །དེ་ནས་བརྒྱ་བྱིན་མཆོག་ཏུ་ཡ་མཚན་པར་གྱུར་ནས་རང་གི་ལུས་སུ་བསྟན་ཏེ་ཁྱོད་ཡན་ལག་དང་ཉིད་ལག་གཏོང་བ་ན་སེམས་འགྱོད་པར་མ་གྱུར་གྲང་། གཞོན་ནུས་སྨྲས་པ། ཀ་ཤི་ཀ་བདག་ནི་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་ཅིས་མ་འོང་། གཞོན་ནུས་སྨྲས་པ། ཀ་ཤི་ཀ་འོ་ན་བདེན་པའི་བྱིན་རླབས་བྱའོ་ཞེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བཞག་སྟེ། རང་གི་ཡན་ལག་དང་ཉིད་ལག་གཅོད་པ་ན། ཅི་སྟེ་བདག་འགྱོད་པར་མ་གྱུར་ན་བདེན་པ་དེས་བདག་གི་ལུས་སྔ་མ་ཁོ་བཞིན་དུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་བདག་ཉིད་ཆེན་པོ་དེའི་ལུས་སྔོན་བཞིན་གྱུར་ཏེ། ནམ་མཁའ་ལས་མེ་ཏོག་གི་ཆར་བབ་ཅིང་ལྷའི་རོལ་མོ་བསྒྲགས་སོ། །བརྒྱ་བྱིན་དད་ནས་ཁྱོད་འབད་པ་འདིས་ཅི་ཞིག་བསྒྲུབ་ཅེས་སྨྲས་པ་དང་། གཞོན་ནུས་བདག་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་བླ་མེད་རྫོགས་པའི་བྱང་ཆུབ་འདོད་དོ་ཞེས་སྨྲས་པ་ལ། བརྒྱ་བྱིན་གྱིས་ལེགས་སོ་ཞེས་བསྔགས་ནས་སོང་ངོ་། །དེ་ནས་གཞོན་ནུ་རང་གི་གནས་སུ་སོང་ངོ་། །ཕྱིས་ཡུལ་དེའི་རྒྱལ་པོ་བུ་མེད་པར་ཚེ་དུས་བྱས་པ་ན། བཙུན་མོའི་འཁོར་དང་བློན་པོ་དང་གྲོང་ཁྱེར་གྱི་མི་རྣམས་འདུས་ནས་བདག་ཅག་གི་རྒྱལ་པོར་སུ་ཞིག་དབང་བསྐུར་བྱ་བར་བྱ་ཞེས་བགྲོས་པ་ན། ཁ་ཅིག་ན་རེ། སུ་བསོད་ནམས་ཀྱིས་དབང་ཆེ་བར་གྲགས་པ་དེ་རྒྱལ་པོར་དབང་བསྐུར་བར་བྱའོ་ཞེས་ཟེར་བ་ལྟར་ཐམས་ཅད་གྲོས་མཐུན་པས། དེ་ལྟར་རྒྱལ་པོར་འོས་པའི་སེམས་ཅན་ཚོལ་བ་ན། རྒྱལ་བུ་བསོད་ནམས་སྟོབས་ཀྱང་རྒྱལ་པོར་འགྱུར་བའི་སྔོན་གྱི་ལས་ཀྱིས་བསྐུལ་ནས། དེའི་ཚེ་སྟོན་གྲོགས་དག་ དང་ལྷན་ཅིག་ཕྱི་རོལ་གྱི་སྐྱེད་མོས་ཚལ ་དུ་སོང་ངོ་། །སོང་ནས་ཀྱང་དེ་ལ་བཀྲ་ཤིས་པའི་ལྟས་རྣམས་བྱུང་སྟེ། ནམ་མཁའ་ལས་ཆུའི་རྒྱུན་མགོར་བབས་པ་དང་། བྱ་ཁ་དོག་སྣ་ཚོགས་གཡས་ཕྱོགས་ནས་བསྐོར་བ་བྱེད་པ་དང་། ཁྱེའུ་དང་བུ་མོ་དག་རྒྱལ་པོའི་སྒྲ་སྒྲོགས་པར་བྱེད་པ་དང་། སེམས་སྤྲོ་བ་དང་ཡིད་བདེ་བས་གནས་པ་དང་། དེའི་བ་སྤུའི་ཁུང་བུ་ཐམས་ཅད་ཟིང་ཞེས་བྱེད་ཅིང་། ས་གཞི་ཡང་རྡོ་དང་གསེག་མ་གྱོ་མོ་མེད་པར་གྱུར་པ་དང་། དེའི་ལུས་ཤིན་ཏུ་ཡང་བ་དང་དགའ་ཞིང་ཡིད་དང་འཐད་པའི་སྒྲ་ཡང་ཐོས་པས། དེ་ལྟས་ཀྱི་དཔྱད་ལ་མཁས་པས་འདི་ལྟར་ལྟས་རྣམས་བྱུང་བས་དེང་བདག་གདོན་མི་ཟ་བར་རྒྱལ་པོ་ཆེན་པོར་དབང་བསྐུར་བར་འགྱུར་རོ་སྙམ་དུ་བསམས་སོ། །དེ་ནས་དེ་མཐར་གྱིས་སྐྱེད་མོས་ཚལ་གྱི་ནང་དུ་སོང་སྟེ་བདེ་བ་ཉམས་སུ་མྱོང་ནས་ཤིང་མྱ་ངན་འཚང་མེ་ཏོག་ཤིན་ཏུ་རྒྱས་པ་ཞིག་གི་དྲུང་དུ་ཉལ་ཏེ་གཉིད་ཀྱིས་ལོག་གོ། །དེའི་གྲོགས་པོ་དག་མེ་ཏོག་ དང་འབྲས་བུ་ལ་སེམས་གཡེངས་ནས་སྐྱེད་ཚལ ་དེ་ཕན་ཚུན་ཀུན་ཏུ་འཁྱམས་པ་ལ་ཞུགས་སོ། །དེའི་སྐབས་སུ་གཞོན་ནུ་བསོད་ནམས་སྟོབས་ཀྱི་བསོད་ནམས་ཀྱི་མཐུས་ཀླུ་རྣམས་ཀྱིས་ལྷའི་པདྨ་ཆེན་པོ་མཆོག་ཏུ་ཡིད་དུ་འོང་ཞིང་ཁ་དོག་དང་དྲི་དང་ལྡན་པ་འདབ་མ་སྟོང་པ་ཤིན་ཏུ་དགའ་བར་བྱེད་པ་ཞིག་ས་བརྟོལ་ཏེ་འཐོན་པར་བྱས་ནས། པདྨ་དེ་ལ་གཞོན་ནུ་དེ་མཐར་གྱིས་དལ་བུས་བཏེགས་ཏེ་བཞག་ནས་ཅི་ནས་མི་སད་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་ཉི་མ་གུང་ཡོལ་ནས་ཟན་ཟ་བའི་དུས་ལས་འདས་ཏེ་ཤིང་གཞན་དག་གི་གྲིབ་མ་ཤར་ཕྱོགས་སུ་གཞོལ་ཞིང་འབབ་པ་ན། ཤིང་མྱ་ངན་འཚང་དེའི་གྲིབ་མས་ནི་གཞོན་ནུ་བསོད་ནམས་སྟོབས་དེའི་ལུས་མི་གཏོང་ངོ་། །སྐྱེད་ ཚལ་དེའི་མེ་ཏོག་དང ་འབྲས་བུའི་ཤིང་ཐམས་ཅད་ཀྱང་ཤིང་མྱ་ངན་འཚང་དེ་ཕྱོགས་སུ་འདུད་པར་གྱུར། རི་དྭགས་དང་བྱ་མཐོང་ན་ཡིད་དུ་འོང་ཞིང་བཀྲ་ཤིས་པར་བྱེད་པ་རྣམས་ཀྱང་སྤྱོད་ལམ་ཞི་བའི་ཚུལ་གྱིས་ཀུན་ནས་བསྐོར་ཏེ་འཁོད་དོ། །གཞོན་ནུ་བསོད་ནམས་སྟོབས་གཉིད་ལོག་པའི་རྨི་ལམ་དུ། བདག་ཉིད་མི་གཙང་བའི་ཕུང་པོའི་སྟེང་ན་འདུག་པ་དང་བདག་མི་གཙང་བས་ཡོག་པ་དང་། བདག་གིས་ནམ་མཁའ་ལ་ལྕེས་བལྡག་པ་དང་། པདྨའི་སྟེང་ན་འདུག་པ་དང་། རིའི་རྩེ་མོར་འཛེགས་པ་དང་སྐྱེ་བོ་ཕལ་མོ་ཆེས་བདག་ལ་ཕྱག་འཚལ་བ་ཡང་རྨིས་སོ། །དེའི་སྐབས་སུ་གྲོང་ཁྱེར་གྱི་མི་དང་བློན་པོ་ཡུལ་མི་དེ་དག་གིས་ཆོལ་བའི་མི་བཀྱེ་བ་དེ་རྣམས་གནས་གཞན་དང་གཞན་དག་ཀུན་ཏུ་འཁོར་འཁོར་ཏེ་ཕྱོགས་དེར་ཕྱིན་ཏོ། །དེར་གཞོན་ནུ་བསོད་ནམས་སྟོབས་ཀྱི་ལྷའི་འབྱོར་པ་དེ་ལྟ་བུ་མཐོང་ནས་མཆོག་ཏུ་ཡ་མཚན་སྐྱེས་ཏེ། འདི་ནི་བསོད་ནམས་ཀྱི་ཆེ་བར་གྲགས་པ་ཞིག་གོ་སྙམ་དུ་རིགས་ནས་རིངས་པར་དེ་དག་རྒྱལ་པོ་འཚོལ་བའི་མི་དེ་ཐམས་ཅད་ལ་རྒྱས་པར་བསྙད་དོ། །དེར་གཞོན་ནུ་བསོད་ནམས་སྟོབས་སད་ནས་དེ་རྨི་ལྟས་ཀྱི་དཔྱད་པ་ལ་མཁས་པས་རྨི་ལམ་དེ་དག་དཔྱད་པ་ན། མི་གཙང་བའི་སྟེང་ན་འདུག་པ་བདག་རྒྱལ་སྲིད་ཆེན་པོའི་བདག་པོ་ལ་གནས་པའི་སྔ་ལྟས་དང་། མི་གཙང་བས་བདག་ཉིད་ཡོག་པར་རྨིས་པ་ནི་རྒྱལ་སྲིད་ཀྱི་འབྱོར་པ་ཆེན་པོ་ཐོབ་པའི་སྔ་ལྟས་སོ། །ནམ་མཁའ་ལྕེས་བལྡག་པ་དང་པདྨའི་སྟེང་ན་འདུག་པ་ནི། རྒྱལ་པོའི་མངལ་དབང་ཆེན་པོས་སེང་གེའི་ཁྲི་ལ་འདུག་པའི་སྔ་ལྟས་སོ། །རིའི་རྩེ་མོར་འཛེགས་པ་ནི་ཐམས་ཅད་ཀྱི་སྟེང་ན་འདུག་པའི་སྔ་ལྟས་སོ། །སྐྱེ་བོ་མང་པོས་ཕྱག་འཚལ་བ་ནི་སྐྱེ་བོ་ཕལ་པོ་ཆེས་བདག་ལ་བཀུར་སྟི་བྱེད་པ་དེའི་སྔ་ལྟས་ཡིན་ཏེ་འདི་ལྟར་རྨི་ལམ་རྨིས་པ་དང་། ལྟས་མཐོང་བ་ལ་དཔག་ན་ངེས་པར་དེ་ཉིད་དུ་རྒྱལ་པོར་འགྱུར་རོ་སྙམ་མོ། །དེ་ནས་རྒྱལ་པོ་འཚོལ་བ་ལ་འོངས་པའི་མི་རྣམས་ཀྱིས་ཡུལ་གྱི་མི་རྣམས་ལ་སྦྲན་ནས་ཐམས་ཅད་འདུས་པས། རྒྱལ་སྲིད་ཀྱི་དབང་བསྐུར་བའི་ཡོ་བྱད་དེ་ཁྱེར་ཏེ་སྐྱེད་མོས་ཚལ་དེར་ལྷགས་པ་ན་ལྷའི་འབྱོར་པ་དེ་དག་མཐོང་ནས་ཡ་མཚན་དུ་གྱུར་ཏོ། །གཞོན་ནུ་བསོད་ནམས་སྟོབས་ཀྱང་དེ་དག་མཐོང་ནས་ལྷའི་པདྨ་ཆེན་པོ་དེ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །དེ་ནས་དེའི་བསོད་ནམས་ཀྱིས་བསྐུལ་ནས་རྒྱལ་པོ་བཞིས་ཆེན་པོ་ལ་འོས་པ་སེང་གེའི་ཁྲི་ཕུལ་ལོ། །བརྒྱ་བྱིན་གྱིས་གདུགས་དཀར་པོ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་འབུལ་ལོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་བླ་རེ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འགྲེམས་སོ། །རླུང་གཏོང་བ་དང་བར་སྣང་ལ་གནས་པའི་ལྷ་རྣམས་ནི་ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ལྷའི་རིན་པོ་ཆེའི་ཆར་འབེབས་ཤིང་ལྷའི་རོལ་མོའི་སྒྲ་རྣམས་ཀྱང་སྒྲོགས་སོ། །གོས་ཀྱང་འཐོར་རོ། །རྒྱལ་པོའི་ཕོ་བྲང་འཁོར་ དང་། སྐྱེད་ཚལ་དང ་ནགས་ ཚལ་དུ་བཅས་པ་དེ་དག་ཐམས་ཅད་ཀྱང་རྡོོ་དང ་གསེག་མ་དང་གྱོ་མོ་མེད་པར་བྱས་ཏེ་བཞག་གོ་རྒྱལ་མཚན་དང་བ་དན་ནི་བསྒྲེངས། དར་གྱི་ལྔ་ལྡིའི་ཆུན་པོ་ནི་ཀུན་ཏུ་བྲིས། དྲི་ཞིམ་པོའི་བདུག་པའི་སྣོད་ནི་བཏགས། མེ་ཏོག་སྣ་ཚོགས་ནི་གཏོར་ཏེ་ལྷའི་གནས་འདྲ་ཞིང་། ལྷའི་བུ་ལས་སྣ་ཚོགས་ཅན་གྱིས་གཞོན་ནུ་བསོད་ནམས་སྟོབས་ལ་ལོངས་སྤྱོད་པའི་ཕྱིར། བརྒྱ་བྱིན་གྱི་བཀས་སྐྱེད་མོས་ཚལ་དེར་ལྷའི་ཁང་བརྩེགས་རིན་པོ་ཆེ་སྣ་བཞི་ལས་བྱས་པ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་སྤྲུལ་ལོ། །དེ་ནས་མི་དེ་རྣམས་ངོ་མཚར་དུ་གྱུར་ནས་གུས་པར་བསྒྲིམས་པས་ཚམ་ཚོམ་མེད་པར་གཞོན་ནུ་བསོད་ནམས་སྟོབས་ལྷའི་སེང་གེའི་ཁྲི་ལ་བཞུགས་སུ་གསོལ་ནས་བཀུར་སྟི་ཆེན་པོས་རྒྱལ་སྲིད་ཀྱི་འབྱོར་པས་དབང་བསྐུར་རོ། །དབང་བསྐུར་མ་ཐག་ཏུ་གཞོན་ནུ་དེའི་ལུས་ལས་སྣང་བ་གང་གིས་ཉི་མའི་དཀྱིལ་འཁོར་གྱི་འོད་མེད་པར་བྱས་ཏེ་ཐད་དཀར་དཔག་ཚད་གཅིག་ཁོར་ཡུག་ཏུ་ཁྱབ་པ་དེ་ལྟ་བུའི་འོད་བྱུང་བར་གྱུར་པས་དེ་མིང་སྔར་ལས་འགྱུར་ཏེ། རྒྱལ་པོ་སྣང་བྱེད་ཅེས་བྱ་བར་གྱུར་ཏོ། །དེར་ལ་ལས་ནི་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་ཤེས་སོ། །ལ་ལས་ནི་རྒྱལ་པོ་སྣང་བྱེད་ཅེས་བྱ་བར་ཤེས་སོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ལྷ་དང་མིའི་འབྱོར་བ་དེ་དག་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་འཁོར་དེར་སོང་ངོ་། །བརྒྱ་བྱིན་སོགས་ལྷ་རྣམས་ཀྱིས་ཀྱང་རྒྱལ་པོ་དེ་ལ་ཡང་དག་པར་རིམ་གྲོ་བྱས་ནས་དོང་ངོ་། །རྒྱལ་པོ་བསོད་ནམས་སྟོབས་ཀྱང་རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་སྲིད་བྱེད་དེ། ཡུལ་དེ་ཐམས་ཅད་དུ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་འཐབ་པ་ཞི་བ་དང་། འཁྲུག་པ་ནང་འཁྲུག་པ་དང་། ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་བུ་རམ་ཤིང་དང་། བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། ཡུལ་ཐམས་ཅད་ལ་བུ་གཅིག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་རྒྱལ་སྲིད་བསྐྱངས་སོ། །དེའི་ཚེ་མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི་རྒྱས་ཤིང་ལྷ་ཡང་དུས་སུ་ཆར་འབེབས་བས་འབྲུ་རྣམས་ཤིན་ཏུ་ལེགས་པར་གྱུར་ཏོ། །དེ་ནས་རེ་ཞིག་ན་གཏམ་དེ་ཕུ་བོ་རྣམས་ཀྱི་ཐོས་པས་ཡ་མཚན་དུ་གྱུར་ཏེ། གཅིག་ལ་གཅིག་སྨྲས་པ། བསོད་ནམས་སྟོབས་ཀྱིས་ནི་འདི་ལྟར་དམ་བཅས་པ་དང་དབང་ཕྱུག་ཐོབ་པའི་རྒྱུ་དེ་གཉིས་ཀྱིས་བདག་ཅག་ཕམ་པར་བྱས་ཏེ། དེ་བསོད་ནམས་ཆེན་པོས་རྒྱལ་སྲིད་ཀྱི་དབང་ཕྱུག་གྲུབ་པའི་ཕྱིར་རོ། །བདག་ཅག་དེས་མ་རྨས་པའི་སྔ་རོལ་དུ་བདག་ཅག་ཐམས་ཅད་དོང་སྟེ་ཡང་དག་པར་མཉེས་པར་བྱའོ་ཞེས་བྱས་ཏེ་དེར་སོང་ནས། རྒྱལ་པོ་ལ་རྒྱལ་བར་གྱུར་ཅིག །སྐུ་ཚེ་རིང་བར་ཤོག་ཅིག་ཅེས་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ལྷ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དམ་བཅས་པ་ནི་བརྟན་ལགས་སོ། །འདི་ལྟར་ཁྱོད་ཀྱིས་དམ་བཅས་པ་དང་དབང་ཕྱུག་གིས་བདག་ཅག་ཕམ་པར་བྱས་ཏེ། བསོད་ནམས་དག་གིས་ཁྱོད་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདག་པོར་བཅུག་པའི་ཕྱིར་རོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་གུས་པ་དང་བཅས་པས་ལ་གོར་དུ་སེང་གེའི་ཁྲི་ལས་ལངས་ཏེ། ཕུ་བོ་དེ་དག་ལ་བསྟི་སྟང་ལེགས་པར་བྱས་ནས་ཆེ་བ་ལ་འོས་པའི་ཁྲི་ལ་འདུག་ཏུ་བཅུག་ཅིང་དེ་དག་གིས་ཀྱང་དད་པ་ཕུལ་ཏེ་ཕྱིར་སེང་གེའི་ཁྲི་ལ་འདུག་གོ། །འདུག་ནས་ཕུ་བོ་དེ་དག་ལ་སྔོན་བྱུང་བའི་གཏམ་གྱིས་ཡང་དག་པར་གློད་པ་ངེས་པར་བྱེད་པའི་ཕྱིར་མགུ་བར་བྱས་ཏེ། བཀུར་སྟི་ཆེན་པོས་བཀུར་སྟི་བྱས་ནས་ལོངས་སྤྱོད་ཆེན་པོ་དག་གི་བགོ་སྐལ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་ཕུ་བོ་དེ་དག་དང་། སྐྱེ་བོ་མང་པོ་དག་བསོད་ནམས་ལ་གཟུད་པར་འདོད་ནས་འཁོར་འདུས་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བསོད་ནམས་མིན་པས་མི་བཟད་པའི། །སྡུག་བསྔལ་ཀུན་རྒྱས་དམྱལ་བར་འགྲོ། །བསོད་ནམས་མིན་པས་བརླག་པ་ཡི། །དུད་འགྲོའི་སྐྱེ་གནས་མི་བཟད་འགྲོ། །བསོད་ནམས་མིན་པས་བཀྲེས་སྐོམ་གྱིས། །ཤིན་ཏུ་གཟིར་བའི་ཡི་དྭགས་འགྲོ །བསོད་ནམས་མིན་པས་རྟག་ཏུ་ནི། །ཤིན་ཏུ་སྡུག་བསྔལ་བྲན་དུ་འགྱུར། །ཞེས་སོགས་ཚིགས་སུ་བཅད་པའི་སྒོ་ནས། །བསོད་ནམས་མ་ཡིན་པས་འོན་ལོང་ལྐུགས་པ། །བྱད་ངན་པ། ལུས་རྩུབ་ཅིང་གས་པ། མདངས་དང་གཟི་བྱིན་མེད་པ། མིག་སོགས་དབང་པོ་མེད་པ། ནད་མང་བ། གསོ་དཀའ་བ། གཟུགས་མི་སྡུག་པ། ལག་སོར་རྔུམ་པ། གདངས་མི་སྙན་པ། གླེན་པ། ཤེས་རབ་འཆལ་བ། ཡིད་མི་བདེ་བ། ལོག་པར་ཤེས་པ། སེམས་འཁྲུལ་པ་སྨྱོ་བ། དབུལ་བ། མི་སྙན་པ་བརྗོད་པ། སྐུར་པ་འདེབས་པ། ཀུན་གྱིས་སྨད་པ། བརྙས་པ། རིགས་དམའ་བ། ཐམས་ཅད་སྡང་བ། དགྲ་མང་བ། སེམས་མེད་པ་ཡང་དགྲ་རུ་འགྱུར་བ། ཡི་དྭགས་ལྟོ་འཕྱི་སྲིན་པོ་སོགས་ཀྱིས་གནོད་པ། ཕན་པའི་སྨན་ཀྱང་གནོད་པར་འགྱུར་བ། འཁོར་དང་བྱེ་བ། སྡུག་བསྔལ་དང་འགྲོགས་པ། ཚིག་མི་བཙན་པ། ལོངས་སྤྱོད་དག་རྒྱལ་པོ་དང་། མེ་དང་ཆོམ་རྐུན་སོགས་ཀྱིས་རྟག་ཏུ་ཆུད་ཟ་བ། ལོངས་སྤྱོད་ཀྱི་ཕྱིར་གླའམ་ཡང་ན་འཚོང་བྱེད་ཀྱང་ལོངས་སྤྱོད་ཆུད་ཟ་ལ་ནོར་མི་འབྱུང་བ། དོན་ཅི་བརྩམས་ཀྱང་ཆུད་ཟ་ཞིང་མི་འགྲུབ་པ། རྟག་ཏུ་འཇིགས་པ་དང་བཅས་ཤིང་ས་ཡང་སྡོང་དུམ་དང་ཚེར་མས་གང་བར་འགྱུར་བ་དང་། གང་དག་ཅི་ཡང་འཇིག་རྟེན་ན། །མི་དགའ་མི་སྡུག་མི་ཕན་གང་། །དེ་བཞིན་ལོག་པར་ལྷུང་བ་ཀུན། །འདི་ཀུན་བསོད་ནམས་མིན་ལས་བྱུང་། །བསོད་ནམས་ཀྱིས་ནི་བསྲུང་བར་འགྱུར། །བསོད་ནམས་དག་གིས་བརྩོན་པར་འགྱུར། །བསོད་ནམས་ཀྱིས་ནི་ཚ་གྲང་སྐྱོབ། །ལོག་འབབ་ཆར་བཟློག་བསོད་ནམས་ཀྱིས། །བསོད་ནམས་འདོད་འཇོའི་བ་གཞོན་ཡིན། །ཡིད་བཞིན་ནོར་བཟང་བསོད་ནམས་ཀྱིས། །བསོད་ནམས་དག་གིས་དཔག་བསམ་ཤིང་། །ཡིད་འོང་འདོད་ཀུན་འབྲས་བུར་སྨིན། །བསོད་ནམས་དག་གིས་བསོད་ཕ་ཐོབ། །བསོད་ནམས་ཀྱིས་ནི་ཡིད་འོང་དཔལ། །བསོད་ནམས་དག་གིས་ཡིད་བརྟན་འགྱུར། །བསོད་ནམས་ཅན་ནི་རིགས་མཐོར་སྐྱེ། །བསོད་ནམས་དག་གིས་གྲགས་པ་འཐོབ། །བསོད་ནམས་ཀྱིས་ནི་མང་ཐོས་འགྱུར། །རྒྱ་ཆེ་ཡིད་འོང་བསོད་ནམས་ཀྱིས། །བསོད་ནམས་དག་གིས་ཐོས་པ་འཛིན། །ནད་མེད་འགྱུར་བ་བསོད་ནམས་ཀྱིས། །བསོད་ནམས་ཀྱིས་ནི་འཆི་བདག་བཅོམ། །འཆི་བདག་མཆོག་ཏུ་འཇིགས་པ་ཡང་། །བསོད་ནམས་དག་གིས་འཇིགས་མི་འགྱུར། །གཞལ་མེད་ཁང་གནས་ལྷ་རྣམས་ཀྱང་། །ལྷ་ཡི་བདེ་སྟེར་བསོད་ནམས་ཀྱིས། །སུམ་ཅུ་གསུམ་པ་བསོད་ནམས་ཀྱིས། །དེ་བཞིན་བསོད་ནམས་འཐབ་བྲལ་ལྷ། །དགའ་ལྡན་ལྷ་རབ་བསོད་ནམས་ཀྱིས། །འཕྲུལ་དགའ་དག་ཀྱང་དེ་བཞིན་ཏེ། །འདོད་པའི་དབང་ཕྱུག་བསོད་ནམས་ཀྱིས། །དབང་བྱེད་ལྷ་ཡང་དེ་བཞིན་འགྱུར། །བསོད་ནམས་དེ་བཞིན་ཚངས་པ་ཆེ། །ལྷ་རྣམས་བྱེ་བ་དག་གིས་རྗེར། །ཚངས་པའི་འཇིག་རྟེན་སྟོང་དག་གི། །དབང་བྱེད་པ་ཡི་མངའ་བདག་འགྱུར། །བསོད་ནམས་དག་གིས་འདོད་དགུ་ཡི། །ཕུན་སུམ་ཚོགས་དགུ་རྟག་ཏུ་གནས། །སེམས་མེད་པ་ཡི་དངོས་པོ་ཡང་། །བསོད་ནམས་དག་གིས་དབང་དུ་འགྱུར། །དེ་ལྟར་ཚེ་འདི་དང་ཕྱི་མ་ཡང་དག་པར་སྟོན་པ་ཡིད་འཕྲོག་པའི་ཚིག་དེ་སྐད་བརྗོད་པ་ན་སྐྱེ་བོ་ཕལ་པོ་ཆེ་དེ་དག་བསོད་ནམས་ལ་བརྟེན་པར་བྱེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་སེམས་ཅན་དེ་དག་པས་བསོད་ནམས་ལ་གཅེས་སུ་འཛིན་པ་བསྐྱེད་པའི་ཕྱིར། ནམ་མཁའ་ལ་བལྟས་ཏེ་སེམས་བསྐྱེད་ནས་ཚིག་ཏུ་སྨྲས་པ། བདག་གི་རྒྱལ་པོའི་ཕོ་བྲང་འཁོར་འདིའི་ཕྱི་ནང་ཀུན་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང་གོས་ཀྱི་ཆར་བབས་ན་ཅི་མ་རུང་ཞེས་སྨྲས་མ་ཐག་ཏུ་ལྷའི་གོས་ཆེ་བ་ལ་འོས་པ་སྣ་ཚོགས་དང་། ལྷའི་མེ་ཏོག་ཡིད་དུ་འོང་བའི་ཆར་བབས་པའི་རྗེས་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས་པས་ཐམས་ཅད་དུ་ཁེབས་ནས་ལྷང་ངེར་འདུག་གོ། །དེ་མཐོང་ནས་སྐྱེ་བོ་མང་པོ་དེ་དག་བསོད་ནམས་ལ་གཅེས་སུ་འཛིན་ཅིང་ཡ་མཚན་པས་ཆེད་དུ་བརྗོད་པར་བྱས་སོ། །གཏམ་དེ་དག་ཉི་འོག་གི་རྒྱལ་པོ་དག་གིས་ཐོས་ཏེ་བསྙེན་བཀུར་བྱ་བའི་ཕྱིར་ཐམས་ཅད་འདུས་ཏེ་དཔུང་གི་ཚོགས་བཞི་དང་བཅས་པས་འོངས་ནས་ཁྱོད་ནི་བསོད་ནམས་ཀྱི་དབང་ཆེ་བ་སྟེ་ཁྱོད་རྒྱལ་པོ་མཛོད་ལ་བདག་ཅག་ཞབས་འབྲིང་འཚལ་ལོ། །རྒྱལ་པོས་ཀྱང་དེ་རྣམས་ལ་ཆེན་པོ་ལ་འོས་པའི་རིན་པོ་ཆེ་ཅི་འདོད་པས་འཚིངས་པར་བྱས་ནས་འཁོར་དང་བཅས་པ་དགེ་བ་བཅུའི་ལམ་ལ་བཀོད་དེ་རང་གི་ཡུལ་དུ་བཀྱེའོ། །དེ་ནས་གཏམ་དེ་རིམ་གྱིས་རྒྱལ་པོ་གསལ་སྟོབས་ཀྱིས་ཐོས་ནས་ཐོག་མར་ཕོ་ཉ་བཏང་ཞིང་མྱུར་བར་དཔུང་ཆེན་པོ་དང་བཅས་ནས་བསོད་ནམས་སྟོབས་ཀྱི་དྲུང་དུ་འོངས་ཤིང་སྙིང་བུ་ལ་གདུངས་པས་བརྒྱལ་ཏེ་མཆི་མས་གང་བཞིན་གླང་པོ་ཆེའི་རྒྱབ་ནས་བབ་སྟེ་བུའི་མགུལ་དུ་འཁྱུད་ནས་ཡུན་རིང་བརྟགས་ཏེ་སྨྲས་པ། བུ་གཞོན་ནུ་ད་ཅི་ཟེར་བ་ཤེས་པར་གྱིས་ཤིག་ང་རྒས་ཤིང་འཁོགས་པས་རྒྱལ་སྲིད་ཀྱི་འཁུར་འཁྱེར་མི་ནུས་ཀྱི། ཁྱོད་རྒྱལ་སྲིད་ཀྱི་ཁུར་ལོངས་ཤིག་ཅེས་སྨྲས་ནས། རང་གི་མགོ་ལས་དར་ཐོད་དང་ཅོད་པན་དཔུང་བརྒྱན་ཕུད་དེ་བྱིན་ནོ། །དེ་ནས་རིམ་གྱིས་རྒྱལ་པོ་བསོད་ནམས་སྟོབས་འཛམ་བུའི་གླིང་ཐམས་ཅད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏེ། དེས་འཛམ་གླིང་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཅི་འདོད་པར་གསེར་དངུལ་གྱིས་འཚེངས་བར་བྱས་ནས་དགེ་བ་བཅུ་ལ་བཀོད་དོ། །དེའི་ཚེ་འཛམ་བུའི་གླིང་འདི་ན་སུ་ཡང་དབུལ་པོའམ་ནད་པ་མེད་དོ། །འཛམ་གླིང་གི་མི་ཐམས་ཅད་བདེ་ཞིང་ནད་མེད་ལ་སྟོབས་དང་ལྡན་པ་དང་། དབང་པོ་རྣམས་རྒྱས་ཤིང་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། གསེར་དངུལ་དང་བང་མཛོད་འཚོག་ཆས་བདོགས་པ་མང་ཞིང་འབྱོར་པ་རྒྱས་པ་ལོ་ལེགས་པ། འཁྲུག་རྩོད་མེད་པ། ཆོམས་རྐུན་དང་མུ་གེ་མེད་པ། རྡོོ་དང་གསེག་མ་སོགས་མེད་ཅིང་། མེ་ཏོག་དང་འབྲས་བུའི་ཤིང་རྒྱས་པ་ཆར་དུས་སུ་འབེབ་ཅིང་ཟས་དང་བ་ལང་དང་མ་ཧེ་དང་ལྡན་པ། ཐམས་ཅད་བདེ་བ་རྒྱས་ཤིང་བསོད་ནམས་ལ་བརྟེན་པ་དང་། རྟག་ཏུ་སྦྱིན་པ་བྱེད་པ་དང་། བསྙེན་གནས་ལ་གནས་ཤིང་ཚུལ་ཁྲིམས་བླངས་ཏེ་གནས་སོ། །དེའི་ཚེ་འཛམ་བུའི་གླིང་དུ་མིར་གྱུར་པ་ལས་འཆི་བ་གང་ཡང་རུང་བ་དེ་དག་ལུས་དང་བྲལ་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་གྱུར་ཏེ། ཕལ་ཆེ་བ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ཀྱང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཚེ་འདི་དང་ཕྱི་མའི་དོན་ལ་བཀོད་ནས་ཤི་འཕོས་ཏེ་འཁོར་སེམས་ཅན་སྟོང་ཕྲག་དུ་མ་དང་ལྷན་ཅིག་དགའ་ལྡན་ལྷའི་རིས་སུ་སྐྱེས་སོ། །དེ་ལྟར་བདག་ཅག་གི་སྟོན་པ་འདི་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་པ་དང་། དེ་དུས་ཀྱི་ཡབ་ཡུམ་ཡང་ད་ལྟའི་ཟས་གཙང་དང་སྒྱུ་མ་ཆེན་མོ་དང་། གཞོན་ནུ་གཟུགས་ལྡན་ནི་སྲུའི་བུ་དགེ་སློང་དགའ་བོ་དང་། བརྩོན་འགྲུས་ལྡན་ནི་དགེ་སློང་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་དང་། བཟོ་དང་ལྡན་པ་ནི་དགེ་སློང་མ་འགགས་པ་དང་། ཤེས་རབ་དང་ལྡན་པ་ནི་དགེ་སློང་ཤཱ་རིའི་བུ་དང་། དེ་དུས་ཀྱི་ལྷའི་དབང་པོ་བརྒྱ་བྱིན་ནི་མོའུ་འགལ་གྱི་བུ་ཡིན་ནོ། །བསོད་ནམས་སྟོབས་གང་གི་རྒྱལ་སར་ཞུགས་པའི་རྒྱལ་པོ་ཤི་འཕོས་པ་དེ་ནི་བདུད་སྡིག་ཅན་དང་། སྔོན་གྱི་དབུལ་པོ་བསོད་ནམས་སྟོབས་གང་གི་ཁྱིམ་དུ་ཞུགས་པའི་མི་དེ་ནི་དགེ་སློང་སྒྲ་གཅན་ཟིན་དང་། མི་རྐང་ལག་མེད་པ་བསོད་ནམས་སྟོབས་ཀྱིས་སྔར་བཞིན་བཞག་པ་རྒྱལ་པོ་ལ་སྨན་ཆོས་གསོལ་བའི་མི་དེ་ནི་ཀཎྜི་ནྱ་འདི་ཡིན་ནོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་བསོད་ནམས་འདིས་ནི་ཕན་པར་བྱེད་པས་བསོད་ནམས་དང་མཚུངས་པར་ཉམས་སུ་དབེན་པ་གཞན་མ་མཐོང་ངོ་ཞེས་གསུངས་སོ། །དེར་ཡང་དགེ་སློང་རྣམས་ཀྱིས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ལས་ཅི་བགྱིས་ན་དེ་ལྟར་རྒྱལ་པོར་གྱུར་པ་སོགས་བསམ་པ་ཐམས་ཅད་རྫོགས་པར་གྱུར་ཅེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པས་སངས་རྒྱས་ཀྱི་ཕྲིན་ལས་མཛད་དེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་རྒྱལ་པོ་ཞིག་བརྩིགས་ནས། མཆོད་རྟེན་དེའི་དུས་སྟོན་ལ་ཚོགས་པའི་འཁོར་འབུམ་ཕྲག་དུ་མ་འདུས་པའི་ནང་ན། དགེ་སློང་ཞིག་གིས་ཕྱེད་ཡོལ་ཙམ་ན་ཆོས་སྟོན་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་དེ་ན་རྒྱན་པོ་བརྒྱལ་བ་པོ་ཞེས་བྱ་བ་རྒྱན་པོ་ལ་ཤིན་ཏུ་ཞེན་པ་དེ་ལ་ཆུང་མ་རྣམ་པར་རྒྱལ་མ་ཞེས་བྱ་བ་དང་བུ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཞིག་ཡོད་དོ། །དེ་ནས་རྒྱན་པོ་པ་དེས་རས་ཟུང་གཅིག་གྱོན་པ་དང་། གདུགས་དང་། མཆིལ་ལྷྭམ་ཟུང་གཅིག་དང་། པཎ་ལྔའི་མགྲོན་བུ་རྣམས་མ་གཏོགས་པ། ཁྱིམ་དང་ཕྱི་རོལ་ན་ཅི་བདོག་པ་ཐམས་ཅད་རྒྱན་སྐུགས་སུ་ཡལ་ནས་ཤིན་ཏུ་དབུལ་བས་སྡུག་བསྔལ་མི་བཟད་པས་གདུངས་ཏེ། ཀྱེ་ཧུད་བསོད་ནམས་མ་བྱས་པས་དབུལ་བ་ནི་ཐ་ཆད་མི་བཟད་པའོ་ཞེས་སྨྲས་ནས་ཤུགས་རིང་འབྱིན་ཅིང་། ད་ལྷྭམ་གཉིས་ནི་བགོས། པཎ་ལྔ་དང་གདུགས་ཀྱང་ཁྱེར་ནས། རྒྱན་པོའི་ས་ནས་སོངས་ཏེ། མཐར་གྱིས་ཆོས་ཉན་པའི་སར་སོང་ནས་དགའ་ཞིང་། རེ་ཞིག་ཇི་ལྟ་བུ་འཆད་པ་ཉན་ཞེས་བསམས་ནས། གདུགས་དང་མཆིལ་ལྷྭམ་བཞག་སྟེ་གུས་པར་ཉན་པ་དང་། རེ་ཞིག་ན་ཆོས་སྨྲ་བ་དེས་ཚིགས་སུ་བཅད་པ་འདི་བརྗོད་དེ། བསོད་ནམས་བསགས་ན་བདེ་བར་འགྱུར། །དེ་ཕྱིར་མི་ནི་བསོད་ནམས་བྱ། །དེ་ཡང་ཡང་དང་ཡང་དུ་བྱ། །དེ་ཉིད་ལ་ནི་འདུན་པར་བྱ། །ཞེས་པའི་ཚིགས་བཅད་འདི་ཐོས་ནས། །བསོད་ནམས་བསགས་པས་བདེ་བ་དེ་ནི་དེ་བཞིན་ཏེ། བདག་ནི་འདི་ལྟར་ཤིན་ཏུ་ཉམ་ཐག་པ་ཡང་བསོད་ནམས་མ་བྱས་པས་ཡིན་ན་བདག་བསོད་ནམས་ཅུང་ཞིག་བྱའོ་སྙམ་ནས། བདག་ལ་ཅི་བདོག་པ་ལ་བསམས་ན་རས་ཟུང་དང་། གདུགས་དང་མཆིལ་ལྷྭམ། པཎ་ལྔའི་འགྲོན་བུ་ལུས་པ་ལས་གཞན་ཐམས་ཅད་རྒྱན་སྐུགས་སུ་ལས་པར་མཐོང་ནས། ཅི་སྟེ་པཎ་ལྔ་དང་བླ་གོས་བྱིན་ན་ནི་ལྟོགས་ཏེ་འཆིལ། མ་བྱིན་ན་ནི་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་དུ་འགྲོ་ཞིང་དེར་ཡང་དབུལ་བའི་སྡུག་བསྔལ་ཐོབ་པར་འགྱུར་ན། གང་ལྟོགས་ཏེ་མི་འཆི་ཞིང་བསོད་ནམས་མེད་པར་ཡང་མི་འགྱུར་བའི་ཐབས་ཅི་ཡོད་སྙམ་མོ། །ཡང་བསམས་པ་ལྟོགས་ཏེ་ཤི་ཡང་སླའི་བསོད་ནམས་མེད་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ནི་དེ་ལྟ་མ་ཡིན་ནོ་བསམས་ནས། པཎ་ལྔ་དང་བླ་གོས་འདི་ངེས་པར་སྦྱིན་ནོ་བསམ་མོ། །དེ་སྙམ་པའི་སྐབས་སུ་ཆོས་སྨྲ་བས་ཡང་ཚིགས་བཅད་འདི་བརྗོད་དོ། །བསོད་ནམས་དལ་ནས་བྱེད་པ་ནི། སྡིག་ལ་མངོན་པར་དགའ་བར་འགྱུར། དེ་ཕྱིར་དགེ་བ་མྱུར་ཏེ་བྱ། སྡིག་པ་ལས་ནི་སེམས་ཀྱང་བཟློག །ཅེས་སྨྲས་སོ། །དེ་ཐོས་པས་བསོད་ནམས་མྱུར་ཏེ་བྱའོ་ཞེས་བཤད་པས་ལ་གོར་དུ་སྦྱིན་པ་བྱའོ་སྙམ་ནས། སེང་གེའི་ཁྲི་ལ་ཆོས་སྨྲ་བ་འདུག་པའི་སྟེང་དུ་གདུགས་བཟུང་ཞིང་མཆིལ་ལྷྭམ་གཉིས་རྐང་པའི་དྲུང་དུ་བཞག །པཎ་ལྔའི་མགྲོན་བུ་དེ་དག་གིས་རྐང་པ་ལ་གཏོར་ནས། བླ་གོས་ཕུད་དེ་ཆོས་སྨྲ་བའི་རྐང་པ་ལ་བཀབ་ནས། དད་ཅིང་སྤུ་ཟིང་ཞེས་བྱས་ཏེ། རྐང་པ་ལ་བཏུད་ཅིང་དད་པ་དྲག་པོས་སྨོན་ལམ་བཏབ་པ། དགེ་རྩ་དང་སེམས་བསྐྱེད་པ་དང་ཆོས་ཀྱི་ཕྱིར་བཏང་བ་འདིས་བདག་ཚེ་འདི་ཕན་ཆད་དབུལ་པོར་མ་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་བསོད་ནམས་ཀྱིས་ཆེ་བར་གྲགས་ཤིང་ལྷ་མི་རྣམས་ཀྱིས་བདག་རྒྱལ་པོར་བཅུག་པར་གྱུར་ཅིག་ཅི་བསམ་ཅི་འདོད་ཐམས་ཅད་ནམ་མཁའ་ལས་འགྲུབ་པ་དང་། བདག་བཙའ་བ་ན་ཡང་ངོ་མཚར་རྨད་དུ་བྱུང་བ་ཡང་གོ་འཕྱུར་བ་དང་། མི་ཟད་པའི་གཏེར་རིན་པོ་ཆེ་མང་པོ་ཅན་དང་། རིན་ཆེན་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་དག་ཀྱང་འབྱུང་བར་གྱུར་ཅིག་ཅེས་བྱས་པ་ལ། ཆོས་སྨྲ་བས་ཀྱང་ཁ་ཏོན་དུ་ཡོངས་སུ་བསྔོ་བ་བྱས་ཏེ་འཁོར་ཐམས་ཅད་དོང་ངོ་། །རྒྱན་པོ་བ་དེར་ས་གཅིག་པུ་གྱོན་བཞིན་ཆོས་ཀྱི་སྦྱིན་པ་དེ་ལ་སེམས་ཤིང་རང་གི་ཁྱིམ་དུ་འོངས་པ་ཆུང་མ་དང་བུས་མཐོང་ནས། འདིས་བླ་གོས་དང་རྒྱན་ག་ཤེད་ཅིག་ཏུ་རྒྱན་སྐུགས་སུ་ཡལ་བར་བྱས་སོ་སྙམ་དུ་བདག་ཅག་གཉིས་ཀྱང་ཡལ་བར་བྱེད་པས་འདོང་ངོ་ཞེས་སྨྲས་སོ། །དེ་ངོ་ཚ་ནས་དབུལ་བའི་ཉེས་པས་འདི་ལྟར་སྨ་བབ་བོ་བསམས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་སྡུག་བསྔལ་དབུལ་བ་སྡུག་བསྔལ་ཡིན། །ཅི་ཞིག་ཤིན་ཏུ་སྡུག་བསྔལ་དབུལ་དེ་ཉིད། །དབུལ་པ་དག་ནི་ཤི་བ་དང་ཡང་མཚུངས། །བདག་ནི་ཤི་བ་འདམ་གྱི་དབུལ་མ་ཡིན། །ཞེས་སྨྲས་ཏེ་ཤུགས་རིང་འབྱིན་ཅིང་ཅང་མི་ཟེར་བར་འདུག་གོ། །དེ་ནས་ཁྱིམ་དེའི་ར་བར་ཁྲོན་པ་ཞིག་ཡོད་པ་དེར་ཆུང་མས་ཆུ་བཅུ་པའི་ཕྱིར་བུམ་པ་ཐག་པས་བཏགས་ནས་བཏང་སྟེ་ཆུ་ཡར་དབྱུང་སྙམ་པ་དང་། གྱེན་དུ་དབྱུང་མ་ནུས་ནས། རྒྱལ་བ་པོ་ལ་ཇོ་བོ་བུམ་པ་འདེགས་པར་བྱེད་དུ་ཚུར་བྱོན་ཞེས་བོས་སོ། །དེ་གཉིས་ཀས་ཀྱང་མ་ནུས་ནས་བུ་ལ་བོས་ཏེ་གསུམ་ཆར་གྱིས་ཤ་དང་པགས་པ་རལ་བ་ཙམ་གྱི་འབད་པ་ཆེན་པོས་དེའུ་མ་ཕྱིན་ཏེ་མཐར་གྱེན་དུ་ཕྱུང་ངོ་། །དེར་བལྟས་པ་ན་བུམ་པ་དེའི་འོག་ན་ཟངས་ཟུང་ལྔ་གསེར་དངུལ་གྱིས་ཡོངས་སུ་གང་བ་ཐོགས་ཤིང་འདུག་པ་མཐོང་སྟེ། རྒྱན་པོ་པས་ཚེ་འདིར་སྦྱིན་པའི་འབྲས་བུ་མཐོང་ནས་དགའ་བ་རྒྱས་ཏེ་ཚིགས་བཅད་སྨྲས་པ། ཀྱེ་མ་ཉེས་པ་ཀུན་སྤངས་པ། །ཡོན་ཏན་ངོ་བོ་ཉིད་ཀྱི་ཞིང་། །ད་ལྟ་བདག་གིས་ས་བོན་བཏབ། །ད་ལྟ་ཉིད་དུ་འབྲས་བུ་སྨིན། །ཞེས་སྨྲས་པ་ལ། ཆུང་མས་ཇོ་བོ་འདི་ཅི་ལ་དགོངས་ཏེ་གསུང་། དེས་སྐབས་འདི་རྒྱས་པར་པར་བསྙད་དོ། །དེས་ཚེ་འདིར་བསོད་ནམས་ཀྱི་འབྲས་བུ་ཡིད་དུ་འོང་བ་སྨིན་པའི་རྨད་དུ་བྱུང་བ་མཐོང་ནས་ཡ་མཚན་དུ་གྱུར་ཏོ། །གཏམ་དེ་ཡང་གཅིག་ནས་གཅིག་ཏུ་བརྒྱུད་པས་རྒྱལ་པོའི་ཕོ་བྲང་དང་འཁོར་ཀུན་ཏུ་གྲགས་སོ། །སྐྱེ་བོ་མང་པོ་ངོ་མཚར་དུ་གྱུར་ཏོ། །དེ་ནས་རྒྱན་པོ་བ་གློ་བུར་དུ་ཕྱུག་ཅིང་ནོར་མང་བའི་བསོད་ནམས་ཀྱི་འབྲས་བུ་མཐོང་ནས། དཀོན་མཆོག་གསུམ་ལ་དང་བ་དྲག་པོས་བཀུར་སྟི་བྱས་སོ། །དེ་ཉིན་གཅིག་བཞིན་དུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་རྒྱ་ཆེན་པོ་བྱེད་ཅིང་ཆོས་ཀྱང་ཉན། དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཀྱང་ཉིན་གཅིག་བཞིན་དུ་ཁ་ཟས་བཟང་པོས་ཚིམ་པར་བྱེད། དགེ་སྦྱོང་དང་བྲམ་ཟེ། བཀྲེན་པ། ནད་པ། སློང་བ་གཞན་དག་ཀྱང་ནོར་གྱིས་ཅི་འདོད་པར་འཚེངས་བར་བྱེད་དོ། །གཙུག་ལག་ཁང་ཆེན་པོ་ཡོ་བྱད་ཐམས་ཅད་ཀྱིས་གང་བ་བྱེད་དུ་བཅུག་སྟེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བས་དེའི་གྲགས་པ་ཀུན་ཏུ་རྒྱས་ནས་ཕྱིས་རྒྱལ་པོ་དེ་བུ་མེད་པར་དུས་ལས་འདས་པ་ན། བློན་པོ་དང་གྲོང་གི་མི་རྣམས་ཀྱིས་རྒྱན་པོ་པ་བསོད་ནམས་ཀྱི་དབང་ཆེ་བར་ཤེས་ནས་རྒྱལ་པོར་བཅུག་གོ། །དེ་ཕན་ཆད་རྒྱན་པོའི་མིང་མེད་པར་གྱུར་ནས་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་རྒྱལ་བ་པོ་བསོད་ནམས་ལ་ཡིད་ཆེས་པས་རྟག་ཏུ་རྒྱུན་མི་བཅད་པར་སྦྱིན་པ་སྦྱིན་ཞིང་བསོད་ནམས་བརྟེན་པར་བྱེད། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས། བཙུན་མོ་དང་བློན་པོ་གྲོང་ཁྱེར་དང་ཡུལ་མི་ཐམས་ཅད་ཀྱང་བསོད་ནམས་ལ་ཡང་དག་པར་བཙུད་དོ། །ཕྱིས་རྒྱལ་པོ་འཆི་བའི་ཆོས་སུ་གྱུར་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་དབང་བྱེད་ཀྱི་བུར་སྐྱེས་པའི་མོད་ལ། ནམ་མཁའ་ལས་ལྷའི་རིན་པོ་ཆེ་དང་གོས་ཀྱི་ཆར་བབ་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ཏོ། །དེ་ལྟར་རྒྱན་པོ་པ་རྒྱལ་བ་པོ་ཞེས་བྱ་བས་གདུགས་སོགས་ཆོས་སྨྲ་བ་ལ་ཕུལ་བ་དེའི་བསོད་ནམས་ཀྱིས་ཚེ་དེ་ཉིད་ལ། གཏེར་ལྔ་ཡང་བྱུང་། རྒྱལ་སྲིད་ཀྱི་དབང་ཕྱུག་ཀྱང་ཐོབ་བོ། །ལས་དེའི་རྣམ་པར་སྨིན་པས་ལན་སུམ་ཅུ་རྩ་དྲུག་གི་བར་དུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་པ་དང་། དེ་བཞིན་དུ་ལན་སོ་དྲུག་གི་བར་དུ་འཕྲུལ་དགའ་བའི་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ལན་སོ་དྲུག་གི་བར་དུ་དགའ་ལྡན་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ལན་སོ་དྲུག་གི་བར་དུ་འཐབ་བྲལ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ལན་སོ་དྲུག་གི་བར་དུ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ལན་སུམ་ཅུ་རྩ་དྲུག་གི་བར་དུ་རྒྱལ་ཆེན་རིས་བཞི་པ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་གྱུར་ཏོ། །ལན་བརྒྱ་ཕྲག་དུ་མར་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྒྱལ་བ་ཆོས་དང་ལྡན་པ་འཁོར་ལོ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་དང་ལྡན་པ། དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་ཞིང་ཕ་རོལ་གནོན་པའི་བུ་སྟོང་དང་ལྡན་པ་ཡོད་པ་དེ་ལྟ་བུར་གྱུར་ནས། རྒྱལ་པོ་དེས་ས་ཆེན་པོ་རྒྱ་མཚོའི་མཐའ་གཏུགས་པ་འདི་ཉིད་མ་ལུས་པར་གནོད་པར་སྔོ་བ་མེད་ཅིང་འཚེ་བ་དང་། ཆད་པ་དང་། མཚོན་གྱིས་བདའ་བ་མེད་པར་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་གིས་བདག་ཉིད་ཆེན་པོ་ཡི། །བདག་པོར་འགྱུར་བའི་རྒྱུ་འདི་ཡིན། །སངས་རྒྱས་ཕན་འདོགས་དེ་དག་གིས། །འཇིག་རྟེན་དུ་ནི་འདི་གསུངས་སོ། །རྫུ་འཕྲུལ་རྒྱ་ཆེ་འདི་དག་དང་། །ངོ་མཚར་འདི་དག་ཐོས་གྱུར་ན། །མཁས་དང་བདག་པོའི་རིགས་སྐྱེས་པའང་། །སུ་ཞིག་དད་པར་བྱེད་མི་འགྱུར། །དེ་ཕྱིར་བདག་ལ་ལེགས་འདོད་ཅིང་། །བདག་ཉིད་ཆེན་པོ་འདོད་པས་འདིར། །སངས་རྒྱས་བསྟན་པ་དྲན་བྱས་ལ། །དམ་པའི་ཆོས་ནི་བླ་མར་བྱ། །ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་འཛམ་བུའི་གླིང་འདིར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ་གཟུགས་མཆོག་ཏུ་བཟང་ཞིང་སྐྱེ་བ་དྲན་པ་ཆོས་དང་ལྡན་པའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །དེའི་མཐུས་ཤིང་དང་ལོ་ཐོག་རྣམས་ཀྱང་སྨིན་ལ་ཆར་ལེགས་པར་འབབས་པར་གྱུར་ཏོ། །རྒྱལ་པོ་དེའི་བཙུན་མོ་དམ་པ་རྒྱལ་བའི་འོད་ཅེས་བྱ་བ་མཛེས་ཤིང་ལྟ་ན་སྡུག་པ་རྒྱལ་པོའི་ཡིད་དུ་བཏག་པ་ཞིག་ཡོད་དོ། །རྒྱལ་པོ་དེས་འཛམ་གླིང་ཐམས་ཅད་དུ་དཔྱ་ཁྲལ་དང་ཤོ་གམ་གྲུ་བཙས་མེད་པར་བདེ་བར་བསྐྱངས་ཤིང་རྒྱལ་པོ་དེས་རང་གི་ཤའི་བར་དུ་གང་ཅི་སློང་བ་ཐམས་ཅད་ལ་བཟའ་བཏུང་དང་། རིན་པོ་ཆེ་དང་གནས་མལ་དང་། གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སོགས་གང་འདོད་པའི་སྦྱིན་པ་རྒྱ་ཆེན་པོ་བྱིན་ཏེ། གླིང་འདིར་གནས་པའི་མི་ཐམས་ཅད་ཕྱུག་ཅིང་ལོངས་སྤྱོད་ཆེ་བར་གྱུར་པ་དེ་ཙམ་དུ་སྦྱིན་པ་བྱིན་ནོ། །དེ་ལ་བློན་པོ་སྟོང་ཕྲག་བཅུ་གཉིས་ཡོད་པའི་མཆོག་ནི་བློ་གྲོས་ཆེན་པོ་ཞེས་བྱ་བ་མཁས་པ་རྒྱལ་པོ་ལ་ཕོངས་པར་བྱེད་པ་ཡོད་དོ། །དེའི་ཚེ་མི་ཐམས་ཅད་རྒྱལ་པོ་དཔལ་གྱི་སྡེ་ལ་དགའ་ཞིང་ལྟ་བས་ངོམས་པ་མེད་པར་གྱུར་ཏོ། །རྒྱལ་པོ་དེས་ཀྱང་ཐམས་ཅད་དགེ་བ་བཅུ་ལ་བཀོད་པས་ལུས་ཞིག་པ་ཐམས་ཅད་ལྷའི་རིས་དྲུག་ཏུ་སྐྱེས་ནས་ལྷའི་གནས་ཡོངས་སུ་གང་བ་ན། དེ་རྒྱལ་པོ་དེའི་མཐུར་ཤེས་ནས་ལྷའི་དབང་པོ་རབ་ཏུ་དགའ་སྟེ་བསྔགས་པ་བརྗོད་པ་ལྷ་རྣམས་ཀྱིས་ཐོས་ནས་དད་དོ། །དེའི་ཚེ་བཙུན་མོ་རྒྱལ་བའི་འོད་རང་གི་མིག་ཕྱུང་ནས་སླར་སྐྱེས་པ་སོགས་རྨིས་པས་མི་དགའ་ཞིང་རྒྱལ་པོ་ལ་ཞུས་པ་ན། བཙུན་མོ་འདི་སློང་བ་ཞིག་འབྱུང་ངོ་སྙམ་ཡང་། སྒྱུ་མ་རྨི་ལམ་ལ་སེམས་པས་ཅི་བྱ་ཞེས་སོགས་སྨྲས་སོ། །མཚན་མོ་གཉིས་པ་ལ་བློོན་པོ་བློོ་གྲོས་ཆེན་པོས། རྒྱལ་པོའི་ཁང་བཟང་ཞིག་ནས་ཕན་ཚུན་ཁྱེར་བ་དང་། སླར་ཡང་སོ་སོར་སྦྱར་བ་རྨིས་ནས་སད་དོ། །རྒྱལ་པོའི་སྐུ་ལུས་སློང་བར་མི་འགྱུར་རམ་སྙམ་དུ། མཚན་མཁན་ལ་དྲིས་པས་ཀྱང་དེ་བཞིན་ནོ་ཞེས་སྨྲས་པས་སེམས་ཁོང་དུ་ཆུད་དོ། །ནུབ་གསུམ་པར་བློན་པོ་སྟོང་ཕྲག་བཅུ་གཉིས་ཀྱིས། ཁྲ་ཡིས་རྒྱལ་པོའི་ཅོད་པན་ཕྲོགས་ཏེ་སླར་བྱིན་པ་དང་། འཛམ་གླིང་གི་མི་ཐམས་ཅད་ཀྱི་མིག་ཕྱུང་སྟེ་སླར་སྐྱེས་པ་སོགས་རྨི་ལམ་ལྔ་རྨིས་པས་སྐྲག་ནས་རྒྱལ་པོ་ལ་འཚེ་བ་མི་འབྱུང་ངམ་སྙམ་དུ་མཚན་མཁན་ལ་དྲིས་པ་དེ་བཞིན་ཡིན་ནོ་ཞེས་སྨྲས་སོ། །ཚུལ་དེས་ཐམས་ཅད་སྨྲེ་སྔགས་བཏོན་པ་རྒྱལ་པོས་ཐོས་པས། ངའི་ལུས་སློང་བ་འོང་བར་འགྱུར་སྙམ་དུ་དགའ་བར་གྱུར་ཏོ། །དེའི་བྱང་ཕྱོགས་ན་དྲང་སྲོང་ལྔ་བརྒྱ་གནས་པའི་གཅིག་ཅིག་རྒྱལ་པོའི་ཕོ་བྲང་དུ་འོངས་པས་རྒྱལ་པོ་ དང་བཙུན་མོ་སྐྱེད་ཚལ ་དུ་འཇུག་པ་མཐོང་སྟེ། དྲང་སྲོང་དེས་བཙུན་མོ་རྒྱལ་བའི་འོད་དེ་མཐོང་པ་དང་ཚེ་སྔ་མར་ཆུང་མར་ཡང་གྱུར་པས་ལས་ཀྱི་འབྲེལ་བའི་དབང་གིས་དེ་ལ་ཆགས་སོ། །དེའི་རང་གི་སློབ་མ་བྲམ་ཟེའི་ཁྱེའུ་གཅིག་རིག་བྱེད་འདོན་པ་རྫོགས་པའི་ཡོན་ཅི་ཙམ་དབུལ་འདོད་པ་ན། དྲང་སྲོང་དེས་དེ་ལ་རྒྱལ་པོ་དཔལ་གྱི་སྡེའི་བཙུན་མོ་རྒྱལ་བའི་འོད་བསླངས་ཏེ་ང་ལ་བྱིན་ཅིག །བྲམ་ཟེའི་ཁྱེའུ་དེས་དེ་ལྟར་བསླང་དཀའ་བས་སེམས་ཞུམ་པ་ན། དྲང་སྲོང་དེས་རྒྱལ་པོ་དེ་ནི་ཐམས་ཅད་གཏོང་བ་ཡིན་པས་དཀའ་བ་མེད་དོ་ཞེས་སྨྲས་པ་ལ། ཁྱེའུ་དེས་གལ་ཏེ་མ་སོང་ན་དམོད་པས་དོགས་ཏེ། སོང་ནས་རྒྱལ་པོའི་མདུན་དུ་སྨྲ་མི་ཕོད་པར་འདུག་པ་དང་། རྒྱལ་པོས་སྨྲས་པ། བྲམ་ཟེ་ཁྱོད་ལ་ཅི་དགོས་པ་སྨྲོས་དང་། ངས་ཁྱོད་ཀྱི་རེ་བ་རྫོགས་པར་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུས་ཇི་ལྟ་བར་གྱུར་བར་བསྙད་དེ་བཙུན་མོ་བསླངས་སོ། །རྒྱལ་པོ་དེ་ཡང་བཙུན་མོ་ལ་བརྩེ་བས་ཡིད་མི་དགའ་ཞིང་། བཙུན་མོ་འདི་རང་དང་བྲལ་ན་སྲོག་ཇི་ལྟར་འཚོ། འཁོར་ཐམས་ཅད་ཀྱང་སྡུག་བསྔལ་དྲག་པོས་གདུང་བར་འགྱུར་སྙམ་དུ་རེ་ཞིག་མི་སྨྲ་བར་བསམ་སྟེ། བུ་དང་ཆུང་མ་སྦྱིན་མི་ནུས་པར་བླ་མེད་རྫོགས་བྱང་མི་ཐོབ་པོ་སྙམ་དུ་སྡུག་པ་དང་བྲལ་བས་ཞུམ་པའི་སེམས་སྤངས་ཏེ། སེང་གེའི་ཁྲི་ལས་བབ་ནས། ལྷ་མོ་ལྟར་མཛེས་ཤིང་། ཁྱོ་དང་བྲལ་བས་མཆི་མས་གང་བཞིན་མུན་པ་ཆེན་པོར་ལྟུང་བ་ལྟ་བུའི་སྡུག་བསྔལ་བས་གདོང་ས་ལ་ཕབ་པ་དེ་ལག་པ་གཡོན་པས་བཟུང་ནས། ལག་གཡས་གསེར་གྱི་བུམ་པ་ཐོགས་ཏེ་བྲམ་ཟེའི་ཁྱེའུ་དེའི་ལག་པར་ཆུའི་རྒྱུན་བླུགས་ཤིང་བཙུན་མོ་བྱིན་ནས་བླ་མེད་བྱང་ཆུབ་ཐོབ་པའི་སྨོན་ལམ་བཏབ་བོ། །དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པ་སོགས་ངོ་མཚར་གྱི་ལྟས་བྱུང་ངོ་། །དེ་ནས་བཙུན་མོ་དེ་ཁྲིད་ནས་མཁན་པོ་དྲང་སྲོང་ལ་བྱིན་པ་དང་། བཙུན་མོ་དེ་ཉ་ཆུ་ལས་བཏོན་པ་བཞིན་དུ་ཉམ་ཐག་ཅིང་བྱང་ཆུབ་སེམས་དཔའ་དྲན་ནས་ཟས་བཅད་པ་ལ་ཞུགས་སོ། །ས་གཡོས་པ་དེ་རྒྱལ་བོ་དེའི་མཐུར་ཤེས་ནས་ལྷ་རྣམས་ཀྱིས་བསྔགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་བཞི་དང་ཐབས་གཅིག་གྲོང་ཁྱེར་དེར་ལྷགས་ཏེ། ཧ་ཅང་མི་རིང་བའི་ནགས་སུ་བྲམ་ཟེ་རྒན་པོའི་ཆ་བྱད་ལྟེ་བ་མན་ཆད་སོག་ལེས་བཅད་པ་བཞིན་དུ་ཁྲག་འཛག་པ་ཞིག །ལྷའི་བུ་བཞི་བྲམ་ཟེ་དེའི་བུའི་ཚུལ་གྱིས་ཁྲི་ལས་བཏེག་སྟེ། ང་རོས་འབོད་ཅིང་ཁྲག་གི་དྲིས་ཁྭ་དང་བྱ་རྒོད་སོགས་རྗེས་སུ་འབྲང་བཞིན་དུ་གྲོང་ཁྱེར་གྱི་སྒོར་སོང་བ་དང་། དེ་མཐོང་བས་ཐམས་ཅད་ཀྱིས་བྲམ་ཟེ་འདི་སྐེད་པ་ཆད་ན་འདིའི་དབང་པོ་མ་འཁྲུགས་པར་ཇི་ལྟར་འཚོ། འདི་ནི་ཤ་ཟ་མིའི་ཆ་བྱད་ཅན་ནོ་ཞེས་ཁ་ཅིག་འབྲོས་པར་བརྩམས་སོ། །དཔའ་བོ་ཁ་ཅིག་འདི་ཤ་ཟ་མིའི་ཆ་བྱད་ཅན་ཞིག་སྟེ། འདི་ལ་ཚིག་དྲིས་པས་ཐོན་ན་ཡ་མཚན་ནོ་སྙམ་དུ། ཁྱོད་མིའམ་ཤ་ཟ་ཅི་ཡིན་ལུས་འདི་སུས་བཅད། ག་ལས་འོང་ཞེས་དྲིས་པ་དང་། །ཚོར་བ་དྲག་པོས་ཉེན་བཞིན་དུ། །ཤི་བི་པ་ཁྱེད་མ་འཇིགས་ཤིག །བྲམ་ཟེ་ང་ཡིན་སྲིན་པོ་མིན། །སྔོན་གྱི་ལས་ཀྱི་ཉེས་པ་ཡིས། །གནས་སྐབས་འདི་འདྲ་ཐོབ་པར་གྱུར། །ཅེས་སོགས་ཚིགས་བཅད་སྨྲས་ཏེ། རིམ་གྱིས་རྒྱལ་པོའི་ཕོ་བྲང་སྒོར་སོང་བ་དང་ཕ་རོལ་མང་པོ་དག་ཀྱང་མཚར་ནས་དེའི་རྗེས་སུ་འབྲངས་སོ། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ཚོགས་ཀྱིས་རྒྱལ་པོ་དཔལ་གྱི་སྡེ་ཉམ་ང་བར་འགྱུར་རོ་སྙམ་ནས་ཆོ་ངེ་འདེབས་སོ། །དེའི་ཚེ་འཛམ་བུའི་གླིང་ཐམས་ཅད་འཁྲུགས་ཤིང་དུ་བས་མུན་པར་གྱུར་ལ་སྐར་མདའ་ལྟུང་བ་སོགས་སུ་གྱུར་ཏོ། །དེའི་ཚེ་བཙུན་མོ་རྒྱལ་བའི་འོད་ཁྱོ་དང་བྲལ་བས་གདུངས་ཤིང་ཟས་མི་ཟ་བ་ལ་དྲང་སྲོང་དེས་སྙིང་རྗེ་ཞིང་སླར་རྒྱལ་པོ་དཔལ་གྱི་སྡེ་ལ་དབུལ་བར་བྱའོ་སྙམ་དུ་བཙུན་མོ་དེ་དབུགས་ཕྱུང་ཞིང་། འཛམ་བུའི་གླིང་འདི་ལྟར་འཁྲུགས་ཤིང་མུན་པས་ཁེབས་པ་འདིས་ན། རིང་མི་ཐོགས་པར་སྐྱེས་བུ་ཆེན་པོ་འགའ་ཞིག་འགག་པར་འགྱུར་རོ་ཞེས་ཀྱང་སྨྲས་སོ། །དེ་ནས་བྲམ་ཟེ་ལུས་ཕྱེད་པ་དེ་རྒྱལ་པོས་ཕོ་བྲང་གི་སྟེང་ནས་མཐོང་བ་དང་། བྲམ་ཟེ་དེས་རྒྱལ་པོ་ལ་ལུས་ཕྱེད་བསླང་ངོ་། །བློན་པོ་བློ་གྲོས་ཆེན་པོས་རྒྱལ་པོ་ལ་འདི་ནི་མི་མིན་ཞིང་ཤ་ཟ་ཡིན་ཏེ། ལུས་ཕྱེད་བཅད་པ་ཇི་ལྟར་འཚོ་ཞིང་ཚིག་སྨྲ། བྲམ་ཟེས་སྨྲས་པ། ང་ཤ་ཟ་མ་ཡིན་གྱི་བྲམ་ཟེ་ཡིན་ཏེ། དབུལ་བས་བུ་དང་ཆུང་མ་བཞག་ནས་རྒྱལ་པོ་དཔལ་གྱི་སྡེ་ལ་ནོར་སློང་བའི་བསམ་པས་འོང་ནས་ཉི་མ་ནུབ་སྟེ་གྲོང་ཁྱེར་གྱི་སྒོ་བཅད་པས་སླར་བསོད་ནམས་བྱེད་པའི་ཁང་པར་སོང་སྟེ་གཉིད་ལོག་པ་ན། སྟག་འོང་ནས་སོག་ལེ་ལྟ་བུའི་སོས་ལུས་ཕྱེེད་བཅད་དོ། །དེར་བདག་ཚོར་བ་དྲག་པོས་ཉེན་ཀྱང་མི་དགེ་བའི་ལས་ཀྱིས་བཟུང་ནས་འཆི་བར་མ་ནུས་པ་ཤིན་ཏུ་སྡུག་བསྔལ་བ་ན། ནམ་མཁའི་ལྷ་མོ་ཞིག་གིས་རྒྱལ་པོ་དཔལ་གྱི་སྡེའི་ལུས་ཕྱེད་བསླངས་ན་ངེས་པར་སྟེར་ཞེས་ཐོས་པས་དེར་བདག་འཚོ་བར་རེ་བ་སྐྱེས་ཏེ་འཚོ་བ་བྱུང་ངོ་། །དེར་བདག་རོ་སྨད་མེད་པས་འགྲོ་ག་ལ་ནུས་སོ་སྙམ་དུ་ཡི་མུག་པ་དང་སྟེས་དབང་གིས་ཉི་མ་ཤར་བ་ན་གཉེན་འདི་བཞི་འོངས་ཏེ། བདག་ཉམ་ང་བར་མཐོང་ནས་ངུའོ། །བདག་གིས་འདི་རྣམས་དབུགས་དབྱུང་བའི་ཕྱིར་ལྷ་མོའི་ཚིག་རྒྱས་པར་སྨྲས་པ་དང་། འདི་རྣམས་ཀྱིས་བདག་ཁྲི་ལ་བསྐྱོན་ཏེ་འདིར་ཁྱེར་རོ། །ཞེས་སོགས་གདོང་མཆི་མས་གང་བཞིན་ཚིགས་བཅད་ཀྱང་སྨྲས་སོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་མི་འཇིགས་པར་དབུགས་དབྱུང་སྟེེ་ལུས་སྦྱིན་པར་ཁས་བླངས་ནས་སྐྱེས་བུ་ཞིག་སོག་ལེ་རྣོན་པོ་ལེན་དུ་མངགས་པ་དང་། དེ་བརྒྱ་བྱིན་གྱི་མཐུས་རྨོངས་པར་བྱས་ཏེ་མྱུར་དུ་ཁྱེར་ནས་འོང་ངོ་། །རྒྱལ་པོས་བློན་པོ་རྣམས་བྲམ་ཟེ་འདི་མ་ཤི་བར་མྱུར་དུ་ངའི་རོ་སྨད་ཆོད་ལ་བྱིན་ཅིག །དེ་ཐོས་པས་ཐམས་ཅད་སྐྲག་ཅིང་དུས་སོ། །བློན་པོ་བློ་གྲོས་ཆེན་པོས་ངུ་བཞིན་བཀག་པ་ན། བླ་མེད་བྱང་ཆུབ་ཀྱི་བར་ཆད་མ་བྱེད་ཅིག་ཅེས་ཟློག་ཏུ་མ་བཏུབ་པས་བློ་གྲོས་ཆེན་པོ་བརྒྱལ་ཞིང་ས་ལ་འགྱེལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཤིང་མཁན་གཉིས་ལ་བཞིན་བཟང་དག་ངའི་སྦྱིན་པའི་ཕར་ཕྱིན་རྫོགས་པའི་གྲོགས་བྱ་བའི་ཕྱིར་སོག་ལེ་འདིས་ངའི་ལུས་ཆོད་ལ་བྲམ་ཟེའི་རེ་བ་རྫོགས་པར་གྱིས་ཤིག །དེ་གཉིས་ངུ་ཞིང་འཇུག་ཏུ་མ་འདོད་པ་ལ། བརྒྱ་བྱིན་གྱིས་དེ་ལྟར་འཇུག་པར་བྱིན་གྱིས་བརླབས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ལུས་ཡོངས་སུ་བཏོང་བར་དགའ་བས་སེང་གེའི་ཁྲི་ལས་བབ་མ་ཐག་ཏུ་འཛམ་བུའི་གླིང་ཐམས་ཅད་ཀྱི་གདུགས་དང་རྒྱལ་མཚན་བ་དན་ཐམས་ཅད་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་འདུད་པར་གྱུར་པ་སོགས་ལྟས་དང་དུད་མོའི་སྒྲ་སོགས་བྱུང་ངོ་། །དེ་ནས་རྒྱལ་པོ་དེས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། སྐྱེས་བུ་གཅིག་གིས་རྒྱབ་ནས་བརྟེན། རྐང་པ་གཉིས་བརྐྱངས་ཏེ་གན་རྐྱལ་དུ་བཞུགས་པ་དེའི་ཚེ་ས་ཆེན་པོ་གཡོས་ཤིང་། བཙུན་མོ་བུད་མེད་རྣམས་ཀྱིས་ཐོས་ནས་ངུ་ཞིང་བྲང་བརྡུངས་ཏེ། རྒྱལ་པོ་ལ་གསོལ་བ་བཏབ་ཀྱང་། དེ་དག་ལ་སྡུག་པ་ཐམས་ཅད་འབྲལ་བས་ན། དགེ་ཆོས་ལ་བག་ཡོད་པར་བྱོས་ཞེས་གདམས་ནས་ཤིང་མཁན་དེ་གཉིས་ལ་མྱུར་དུ་ཆོད་ཅེས་སྨྲས་པ་བཞིན་བཅད་དོ། །བློ་གྲོས་ཆེན་པོས་བཟློག་སྟེ་འདི་ལྟར་བྱམས་པའི་བདག་ཉིད་ཆེན་པོ་འདི་གསོད་ན་ཁྱེད་ཅག་གཉིས་ལྷ་དང་ཀླུ་ལ་སོགས་པས་ས་འདིར་ཇི་ལྟར་བཞག །མི་གཏི་མུག་ཅན་ཁྱེད་གཉིས་བདག་ཉིད་ཆེན་པོ་འདིས་བུ་བཞིན་མ་བསྐྱངས་སམ། ཞེས་ཀྱི་ཧུད་ལྷ་ཞེས་ཟེར་ཞིང་སོག་ལེ་བཟུང་ནས་བཟློག་པ་དང་། བྱང་ཆུབ་སེམས་དཔས་དེ་ལ་སྨྲས་པ་བུ་ཞོག་མྱ་ངན་མ་བྱེད། སྡུག་པ་ཐམས་ཅད་འབྲལ་བ་ཡིན་པས་ངའི་ལུས་སློང་པ་ལ་བར་ཆད་མ་བྱེད་ཅིག །སྔོན་གྱི་ཚེ་ངའི་ལུས་སློང་བ་ལ། ལྷ་མོ་རྣམས་ཀྱིས་བར་ཆད་བྱས་པས། ངའི་བླ་མེད་བྱང་ཆུབ་ཐོབ་པའི་གེགས་དང་། དེ་དག་གི་བསོད་ནམས་མ་ཡིན་པ་མང་པོ་སྐྱེས་སོ། །ལྷ་མོ་རྣམས་ཀྱིས་དེར་བར་ཆད་མ་བྱས་ན་ཡུན་རིང་པོ་མི་ཐོགས་པར་བླ་མེད་བྱང་ཆུབ་འཐོབ་པར་འགྱུར་རོ། །ས་ཕྱོགས་འདིར་སྟག་མོ་བཀྲེས་པས་ཉེན་པ་ལ་ལུས་བཏང་བས་བྱང་ཆུབ་སེམས་དཔའ་བྱམས་པ་བསྐལ་པ་བཞི་བཅུར་ཞུགས་པ་ཕྱིར་ལུས་པར་བྱས་སོ། །གཞན་ཡང་ང་ཤི་བི་བའི་རྒྱལ་པོར་གྱུར་ཏེ་བྲམ་ཟེ་རྒན་པོ་སློང་བ་ཞིག་ལ་རང་གི་མིག་གཉིས་ཨུཏྤལ་སྔོན་པོ་ལྟ་བུ་མཛེས་ཤིང་དྲི་མ་མེད་པ་འཕྲལ་དུ་སྦྱིན་ནོ། །རྒྱལ་པོ་ཟླ་འོད་དུ་གྱུར་པ་ན་བྲམ་ཟེ་དྲག་པོའི་མིག་ལ་མགོ་བྱིན་པ་དང་། ཤི་བའི་རྒྱལ་པོར་གྱུར་པ་ན་ཕུག་རོན་སྐྱབས་མེད་པ་ཁྲས་དེད་པ་དེ་བསྲུང་བའི་ཕྱིར་རང་གི་ཤ་བཅད་ཅིང་བྱིན་ནོ། །གཞན་ཡང་ངས་བླ་མེད་རྫོགས་བྱང་འདོད་པས་ས་ཕྱོགས་འདི་ཉིད་དུ་རྐང་པ་དང་ལག་པ་དག་བུ་དང་ཆུང་མ་སྟོང་ཕྲག་ཡོངས་སུ་བཏང་བ་བྱས་ན་སུས་ཀྱང་བར་ཆད་མ་བྱས་སོ། །དེའི་ཕྱིར་ཁྱོད་བར་ཆད་མ་བྱེད་ཅིག །དེ་ནས་བློ་གྲོས་ཆེན་པོས་བྱང་ཆུབ་སེམས་དཔའི་ཚུལ་ལ་དད་པ་སྐྱེས་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོས་བོར་བར་འགྱུར་རོ་སྙམ་དུ་ཚིག་སྣ་ཚོགས་བརྗོད་དོ། །དེ་གཉིས་བརྒྱ་བྱིན་གྱིས་རྨོངས་པར་བྱས་པས་དེ་བཞིན་ཤིང་མཁན་དེ་གཉིས་ཀྱིས་སོག་ལེས་བཏབ་སྟེ། ལྟེ་བ་བཅད་པ་ལས་ཁྲག་ཆེན་པོ་འབབ་པ་མཐོང་ནས་བློ་གྲོས་ཆེན་པོ་ས་ལ་འགྱེལ་ཏོ། །ནམ་མཁའི་ལྷ་རྣམས་ཀྱང་ངུ་ཞིང་མཆི་མ་བླགས་སོ། །དེ་མཐོང་ནས་མི་རྣམས་ཀྱང་ཤས་ཆེར་སྡུག་བསྔལ་ཞིང་རྨོངས་པར་གྱུར་ཏོ། །བརྒྱ་བྱིན་གྱིས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་ལ་འདི་ལྟར་བྱང་ཆུབ་སེམས་དཔའ་མྱ་ངན་གྱིས་གདུངས་པ་མཐོང་ནས་འདི་ལྟ་བུའི་བདག་ཉིད་ཆེན་པོའི་ལུས་ལ་ཚོར་བ་དྲག་པོའི་ལས་ཀུན་ཏུ་སྦྱོར་བ་བཟང་པོ་མ་ཡིན་ནོ། །ད་ནི་ཇི་ལྟར་སྲོག་མི་འཇིགས་པ་དེ་ལྟར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཤིང་མཁན་གཉིས་ཀྱིས་སོག་ལེ་རྣོན་པོས་བཅད་པའི་ཚོར་བ་དྲག་པོས་གདུངས་པ་དང་། བརྟན་པའི་སྟོབས་ཀྱིས་སློང་བ་ལ་བྱམས་པའི་སེམས་སྐྱེས་ནས་བསམ་པ། ངས་འཁོར་བའི་སྐྱོན་གྱི་རང་བཞིན་ཤེས་ནས་བརྩོན་འགྲུས་བརྟན་པས་ལུས་ཕྱོགས་གཅིག་བཅད་པས་སྡུག་བསྔལ་འདི་ལྟར་སྐྱེ་ན། སེམས་ཅན་ཕལ་ཆེར་དམྱལ་བར་སྐྱེས་ནས་ཤིན་ཏུ་སྡུག་བསྔལ་བ་རྣམས་ལྟ་ཅི་སྨོས་སྙམ་དུ། རང་གི་སེམས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོ་བའི་དམ་བཅའ་དྲག་པོས་སེམས་ཅན་ཀུན་གྱི་སྡུག་བསྔལ་སེལ་བའི་སྨོན་ལམ་བཏབ་མ་ཐག་ཏུ། བྱང་ཆུབ་སེམས་དཔའི་ལུས་བཅད་པའི་ཚོར་བ་ཐམས་ཅད་འཕྲལ་དུ་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཅིའི་ཕྱིར་ངའི་ལུས་བཅད་པའི་ཚོར་བ་འགག་པར་འགྱུར། སོག་ལེ་བཏོན་པར་མ་གྱུར་ཏམ་སྙམ་ནས་སོག་ལེ་དེ་ལ་བལྟས་སོ། །བལྟས་ནས་ཀྱང་མཆོག་ཏུ་ཡིད་མི་བདེ་བས་འདར་བར་གྱུར་ཏོ། །བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས་སྨྲས་པ། ཉམ་ཆུང་གི་ནད་པ་བཞིན་དུ་རྒྱལ་པོ་ཅིའི་ཕྱིར་འདར། ཁྱོད་ནི་ཐམས་ཅད་སྟེར་བར་ས་སྟེང་ཀུན་ཏུ་གྲགས་ན་འགྱོད་པར་མི་རིགས་ཏེ་ཁྱོད་རྫུན་དུ་མ་གྱུར་ཏམ། བྱང་ཆུབ་སེམས་དཔས་སྨྲས་པ། བྲམ་ཟེ་དེའི་ཕྱིར་ལུས་འདར་བ་དང་འགྱོད་པ་མ་ཡིན་ཏེ། སོག་ལེ་འདི་ངའི་ལུས་ཕྱེད་སྨད་ལ་ཚབས་ཆེར་ཞུགས་ཀྱང་མ་ཆོད་པ་དང་། དེ་ལ་ངས་སྦྱིན་པ་མི་རྫོགས་པ་དང་། སློང་བའི་རེ་བ་ཡོངས་སུ་མི་རྫོགས་པར་མི་འགྱུར་རམ་སྙམ་དུ་ལུས་འདར་གྱིས་སོག་ལེས་དྲག་ཏུ་གཅོད་པར་མི་འདོད་པ་ནི་མ་ཡིན་ནོ། །དེ་ཐོས་པས་བརྒྱ་བྱིན་མཆོག་ཏུ་ངོ་མཚར་ཏེ་ཅང་མི་སྨྲའོ། །བརྒྱ་བྱིན་གྱིས་རྨོངས་པར་བྱས་པའི་མི་གཉིས་ཀྱིས་སོག་ལེ་རྣོན་པོས་བྱང་ཆུབ་སེམས་དཔའི་ལུས་ཀྱི་རོ་སྨད་ཆོད་མ་ཐག་ཏུ་སའི་སྟེང་དུ་བཞག་པ་དང་འགུལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔས་རང་གི་ལུས་བཅད་པའི་སྡུག་བསྔལ་ལ་མི་སེམས་པར། རིངས་པར་སྐྱེས་བུ་དེ་གཉིས་ལ་འདི་སྐད་ཅེས་ངའི་ལུས་དེ་བྲམ་ཟེའི་ལུས་ལ་སྦྱོར་ཅིག །དེ་གཉིས་ཀྱང་དེ་བཞིན་དུ་བྱས་སོ། །སྦྱར་བ་ཙམ་གྱིས་འབྱོར་ཏེ་རྨ་མེད་ཅིང་མདོག་འདྲ་བར་སྣང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དགའ་བའི་ཕྱིར་ཁྲི་ལས་ལངས་ནས་འཆག་ཅིང་འདུག་ལ་ལངས་པར་བྱེད་དོ། །དེ་ལྟར་སློང་བ་པོའི་བསམ་པ་རྫོགས་པར་མཐོང་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་དགའ་བའི་ཡིད་ཀྱིས་ངལ་བ་འབྲས་བུ་དང་བཅས་ཏེ་ཡིད་ལ་རེ་བ་ཡོངས་སུ་རྫོགས་སོ་སྙམ་དུ་ཇི་ལྟར་ངས་བྲམ་ཟེ་འདི་ལ་ལུས་བྱིན་ཅིང་སྡུག་པའི་སྲོག་གི་འཇིགས་པ་ལས་ཡོངས་སུ་བསྐྱབས་པའི་དགེ་བའི་རྩ་བ་འདིས་བདག་བླ་མེད་བྱང་ཆུབ་ཐོབ་ནས། བྲམ་ཟེ་འདི་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ། ཤིན་ཏུ་བདེ་བའི་མྱང་འདས་ལ་འགོད་པར་གྱུར་ཅིག་ཅེས་སྨྲས་ནས། ཚོར་བ་དྲག་པོས་གདུངས་པ་དང་ཡིད་ཀྱིས་བྱང་ཆུབ་ཏུ་སྨོན་པ་བྱས་ནས་མིག་བཙུམས་ཏེ་བརྒྱལ་བས་གནས་པར་གྱུར་ཏེ། དེ་ནས་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ལ་འཕྲལ་དུ་སྟོབས་སྐྱེད་པ་དང་འཚོ་བའི་སྨན་གྱིས་གསོས་སོ། །དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་ལན་རྣམ་པ་དྲུག་ཏུ་གཡོས་ཤིང་སྒྲ་ཤིན་ཏུ་སྒྲོགས་སོ། །འཇིགས་སུ་རུང་བའི་སྤྲིན་དང་སྐར་མདའ་དང་ཕྱོགས་སྟེམ་པ་དང་། ལྷའི་རྔ་བརྡུངས་བར་གྱུར་ཏེ། འཇིག་རྟེན་ཐམས་ཅད་མུན་པ་མུན་ནག་ཏུ་འགྱུར་ཏོ། །ནམ་མཁའི་ལྷ་རྣམས་ཀྱི་ཅ་ཅོའི་སྒྲ་དང་མེ་ཏོག་དང་གོས་འཐོར་ལ་ལྷའི་རོལ་མོ་རྡུང་ངོ་། །འཛམ་གླིང་གི་མི་ཐམས་ཅད་དེར་ཡུད་ཙམ་ཞིག་རྨོངས་པར་གྱུར་ཏོ། །གྲོང་ཁྱེར་དེའི་སྲོག་ཆགས་བརྒྱ་སྟོང་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ལུས་ཕྱེད་པ་མཐོང་ནས། ཀྱི་ཧུད་ལྷ་བསད་པ་ནི་སྡུག་བསྔལ་ལོ། །ཞེས་སྒྲ་བསྒྲགས་སོ། །ལ་ལ་ནི་འདྲེ་ཞིང་ལྡོག །ལ་ལ་ནི་ཆོ་ངེས་འདེབས་པ་སོགས་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་བཞི་དང་བཅས་པས་བྲམ་ཟེའི་ཆ་བྱད་དེ་མི་སྣང་བར་བྱས་ནས། རང་གི་གཟུགས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ཏེ་བྲམ་ཟེ་མ་ལགས། རྒྱལ་པོ་ཆེན་པོ་ལེགས་སོ། །ཁྱོད་ནི་བརྩོན་འགྲུས་བརྩམ་པ། རང་གི་ལུས་ལ་མ་ཆགས་པ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་སྦྱིན་ལ་དགའ་བ་ལེགས་སོ། །དེ་ལྟར་སྡུག་བསྔལ་དྲག་པོས་བཅོམ་ཡང་སྙིང་རྗེས་རང་ལུས་སྦྱིན་པ་ལས་མི་ལྡོག་པ་དེ་ནི་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ལ་དྲི་ཡིས། ཁྱོད་ཤིན་ཏུ་དཀའ་བའི་བརྩོན་པ་འདིས་ཅི་ཞིག་དོན་དུ་གཉེར། བྱང་ཆུབ་སེམས་དཔས་སྨྲས་པ། ཀ་ཤི་ཀ་བདག་ནི་སྦྱིན་པ་འདིས་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བར་བྱའོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་རང་ལུས་ཡོངས་སུ་བཏང་བས་སེམས་རྣམ་པ་གཞན་དུ་གྱུར་ཏེ་འགྱོད་པར་མ་གྱུར་གྲང་། བྱང་ཆུབ་སེམས་དཔས་སྨྲས་པ་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། ཇི་ལྟར་ཤེས་པར་བྱ། བྱང་ཆུབ་སེམས་དཔས་སྨྲས་པ། ཇི་ལྟར་ངའི་ལུས་ཕྱེད་བཅད་པ་འདི་གནས་ཇི་ལྟ་བར་ཞོག་ཅིག །དེ་ནས་བརྒྱ་བྱིན་གྱིས་ལུས་ཕྱེད་དེ་གནས་ཇི་ལྟ་བར་བཞག་པ་དང་། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བཞག་ནས་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་བྱང་ཆུབ་འདོད་གྱུར་ན། །སྙིང་རྗེས་ལུས་ནི་བཏང་བས་ན། །སེར་སྣ་མེད་ཅིང་ཞུམ་མེད་དེ། །དེང་ནི་འགྱོད་པར་གྱུར་པ་མེད། །འགྱོད་པའི་སེམས་ཀྱང་མེད་གྱུར་ན། །བདེན་ཚིག་འདི་དང་ལེགས་བྱས་པས། །བརྒྱ་བྱིན་དེང་ནི་ང་ཡི་ལུས། །འདི་ནི་སྔོན་གྱི་ཇི་བཞིན་དུ། །དབང་པོ་མ་ལུས་རྫོགས་གྱུར་ཅིག །ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ཏོ། །ནམ་མཁའི་ལྷ་རྣམས་དང་སྐྱེ་བོའི་ཚོགས་ཆེན་པོ་དག་གིས་དེ་མཐོང་ནས་ཅ་ཅོ་སྒྲོགས་ཤིང་ངོ་མཚར་བ་དང་བཅས་ཏེ་དགའ་བའི་སྒྲས་ཁྱབ་པར་གྱུར་ཏོ། །བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་བསྔགས་ཤིང་མཆི་མ་ཆར་བཞིན་དུ་བབ་སྟེ་བདག་གིས་ཉམས་བསྐྱེད་པའི་བསམ་པས་ཚོར་བ་དྲག་པོའི་ལས་ཀུན་ཏུ་སྦྱོར་བར་མཛད་པ་ལ་བཟོད་པར་དགོངས་ཤིང་ནམ་ཁྱོད་སངས་རྒྱས་པའི་ཚེ་བདག་ལ་ཡང་དགོངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ཀ་ཤི་ཀ་བཟོད་ཀྱིས་དེ་བཞིན་དུ་བྱས་ཏེ་ངས་ཀྱང་དྲན་པར་བྱའོ། །བར་དེར་བྱང་ཆུབ་སེམས་དཔའི་མཐུས་འཛམ་བུའི་གླིང་ཀུན་ཏུ་ནམ་མཁའི་ལས་ལྷའི་རིན་པོ་ཆེའི་ཆར་བབ་ཅིང་རྒྱན་སྣ་ཚོགས་ཀྱིས་གང་བ་དང་། ལྷའི་སྣང་བས་ཀྱང་གསལ་བར་གྱུར་ཏོ། །དེ་ནས་རི་ལ་གནས་པའི་དྲང་སྲོང་དེས་ངོ་མཚར་དེ་མཐོང་ནས་འདི་ཅིའི་ཡིན་སྙམ་མོ། །དྲང་སྲོང་དེ་ལ་བསྟི་གནས་ན་གནས་པའི་ལྷ་གཞན་གྱིས་གཏམ་འདི་རྒྱས་པར་བསྟན་ནས། དྲང་སྲོང་དེ་དག་བྱང་ཆུབ་སེམས་དཔའི་དཀའ་བ་དེ་ལྟ་བུ་ལ་བ་སྤུ་ལྡང་ཞིང་བཀུར་བར་འོས་པའི་སེམས་ཅན་ཆེན་པོའོ་སྙམ་དུ། དྲང་སྲོང་དེ་འཁོར་ལྔ་བརྒྱ་དང་བཅས་པས་བཙུན་མོ་རྒྱལ་བའི་འོད་ཁྲིད་དེ་རིངས་པར་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་ནས། རྒྱལ་བ་དང་ཚེ་སྤེལ་བར་བྱས་ཏེ། བརྒྱ་བྱིན་དང་ལྷན་ཅིག་ཚིགས་སུ་བཅད་པ་སྨྲས་ནས་བཙུན་མོ་སླར་ཕུལ་ཞིང་། ནམ་དུའང་གཞན་ལ་མ་སྩལ་ཅིག་ཅེས་གསོལ་བ་བཏབ་བོ། །དྲང་སྲོང་དེ་དང་ལྷའི་དབང་པོས་གསོལ་བ་བཏབ་པ་ལ་རྒྱལ་པོས་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ནས་ལྷའི་དབང་པོས་ལས་སྣ་ཚོགས་པ་ལ་སེང་གེའི་ཁྲི་ཤོམས་དང་བདག་ཉིད་ཀྱིས་རྒྱལ་པོ་དཔལ་གྱི་སྡེ་དབང་བསྐུར་བར་བྱའོ་ཞེས་སྨྲས་པ་བཞིན་ལྷའི་སེང་གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀྱིས་མཛེས་པ་མངོན་པར་སྤྲུལ་ཏོ། །བརྒྱ་བྱིན་རང་ཉིད་ཀྱི་ལག་པ་གཉིས་ཀྱིས་བཟུང་ནས་སེང་གེའི་ཁྲི་ལ་བཞག་སྟེ། ལྷ་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ལྷའི་རོལ་མོ་རྣམས་བརྡུང་བཞིན་བསྙེན་བཀུར་ཆེན་པོས་རྒྱལ་པོར་དབང་བསྐུར་ཏོ། །སྐབས་དེར་ས་གཡོ་བ་དང་མེ་ཏོག་གི་ཆར་འབབས་སོ། །དེ་ནས་ལྷའི་དབང་པོ་ལྷ་བརྒྱ་སྟོང་དུ་མ་དང་བཅས་པ་རང་གི་གནས་སུ་དོང་ཞིང་། དྲང་སྲོང་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་བསྟོད་ནས་རང་གི་གནས་སུ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོ་དཔལ་གྱི་སྡེ་སྐྱེ་བོའི་ཚོགས་ཆེན་པོས་མངོན་པར་བཏུད་ཅིང་། ཡུན་རིང་པོར་ཆོས་ཀྱི་རྒྱལ་པོ་བྱེད་པར་གྱུར་ཏེ། འཛམ་གླིང་གི་དམན་པ་དང་ཕོངས་པ་ཐམས་ཅད་ནོར་གྱིས་ཚིམ་པར་བྱས་ཤིང་དགེ་བཅུའི་ལམ་ལ་བཞག་ཏེ་འདོད་པའི་ལྷའི་གནས་རིས་དྲུག་ཏུ་བཀྱེ་ནས། དུས་གཞན་ཞིག་ན་སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་དང་དེ་ལྷན་ཅིག་ཏུ་དུས་བྱས་ཏེ་དགའ་ལྡན་ལྷའི་རིས་སུ་སྐྱེས་སོ། །དེ་ལྟར་སྟོན་པ་འདི་རྒྱལ་པོ་དཔལ་གྱི་སྡེར་གྱུར་པའི་ཚེ་ན། བཙུན་མོ་རྒྱལ་བའི་འོད་ནི་གྲགས་འཛིན་མ་དང་། བློན་པོའི་མཆོག་བློ་གྲོས་ཆེན་པོ་ནི་དགེ་སློང་ཤཱ་རིའི་བུ་དང་། དེའི་ཚེ་བརྒྱ་བྱིན་དེ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་གང་ཡིན་པ་རྣམས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ཏུ་བདེན་པ་མཐོང་བའི་ལྷ་བརྒྱ་ཁྲི་པོ་དེ་དག་དང་། དེ་དུས་ཀྱི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷན་ཅིག་ངའི་ཐད་དུ་འོངས་པའི་མ་ག་དྷའི་བྲམ་ཟེ་དང་ཁྱིམ་བདག་འདི་རྣམས་ཡིན་ནོ། །རི་ལ་གནས་པའི་དྲང་སྲོང་ནི་མོ་འགལ་བུ་དང་། བཙུན་མོ་སླང་བའི་བྲམ་ཟེའི་ཁྱེའུ་དེ་ནི་ཤཱཀྱའི་བུ་མོ་ས་འཚོ་མ་དང་། ཤིང་མཁན་གཉིས་པོ་ནི་ལྷས་བྱིན་དང་ཀོ་ཀ་ལི་ཀ་འདི་གཉིས་ཏེ། སྨོན་ལམ་དེའི་དབང་གིས་འདིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་རྣམ་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ་ཞེས་གསུངས་སོ། ༈ །གཞན་ཡང་སྔོན་གྱི་དུས་སུ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ན་བཅོམ་ལྡན་འདས་ཉིད་རྒྱལ་པོ་གསེར་མདོག་ཅེས་བྱ་བ་གཟུགས་དང་མངའ་ཐང་དང་ལོངས་སྤྱོད་རྒྱ་ཆེན་པོར་གྱུར་པས་ཐམས་ཅད་ལ་ཅི་འདོད་པ་སྦྱིན་ཞིང་ཤོ་གམ་སོགས་མི་ལེན་ཏོ། །དེའི་ཚེ་དུས་གཞན་ཞིག་ན་བྲམ་ཟེ་ལྟས་ཤེས་པ་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པས་མུ་གེ་འབྱུང་བར་སྨྲས་པ་དང་། རྒྱལ་པོ་དེ་མི་དགའ་ཞིང་བསམས་པ། དེ་ལྟ་ན་ཕྱུག་པོ་རྣམས་འཚོ་ཡི། དབུལ་པོ་རྣམས་ཀྱི་དེ་ག་བྱེད་སྙམ་དུ། འཛམ་གླིང་གི་ཟས་ཐམས་ཅད་བསྡུས་ཏེ་པང་བར་བརྩིགས་ནས། རྩིས་པ་རྣམས་ལ་འཛམ་གླིང་གི་མི་ཐམས་ཅད་བརྩིས་ལ་བཟའ་བ་མཉམ་བར་འགེད་དོ། །དེར་ལོ་བཅུ་གཅིག་གི་བར་དུ་སུ་ཡང་མ་ཤི་ལ། ལོ་བཅུ་གཉིས་པ་བྱུང་བའི་ཚེ་ཟླ་བ་བཅུ་གཅིག་ཙམ་ལྷག་པ་ནས་གཅིག་ལྷག་པའི་བར་དུ་མི་མང་པོ་ལྟོ་བཀྲེས་པས་ཤིའོ། །དེའི་ཚེ་འཛམ་གླིང་གི་ཟས་ཐམས་ཅད་ཟད་དོ། །རྒྱལ་པོ་གསེར་མདོག་ལ་ཟས་ཀྱི་ལྷག་མ་བྲེ་ཆུང་གང་ཁོ་ན་ལུས་སོ། །དེའི་ཚེ་བསྐལ་པ་བཞི་བཅུར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཞིག་མི་མཇེད་ཀྱི་འཇིག་རྟེན་འདིར་ཕྱིན་པར་གྱུར་ཏོ། །བྱང་སེམས་དེས་ནགས་ཁྲོད་ཞིག་ན་མ་དང་བུ་གཉིས་ཉལ་པོ་བྱེད་པ་མཐོང་ནས། ཨེ་མ་ཉོན་མོངས་པ་ཟླ་བ་དགུར་དེའི་ལྟོར་གནས་ཤིང་ནུ་མ་འཐུངས་ནས་དེ་ཉིད་དུ་དེ་ལྟར་བྱེད། འདི་འདྲའི་ཆོས་མིན་ལ་ཆགས་པ་སོགས་ཀྱི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་མི་སྤྲོ་ཡི། བདག་ཉིད་གཅིག་པུའི་དོན་བསྒྲུབ་པོ་སྙམ་ནས་ཤིང་དྲུང་ཞིག་ཏུ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་སྐྱེ་འཇིག་རྗེས་སུ་ལྟ་བས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་སོ། །དེ་འདི་སྙམ་སྟེ་བདག་གིས་སེམས་ཅན་རྣམས་ཀྱི་ཕྱིར་དཀའ་བ་མང་ཞིག་སྤྱད་ན་སུ་ལ་ཕན་པ་མ་བྱས་ཏེ། བདག་དེང་སུ་ལ་སྙིང་བརྩེ་ཞིང་སུ་ལ་བསོད་སྙོམས་བླངས་ཏེ་ཟའོ་སྙམ་མོ། །དེའི་ལྷའི་མིག་གིས་འཛམ་གླིང་འདིར་བལྟས་པས་ཟས་ཐམས་ཅད་ཟད་པར་མཐོང་སྟེ། རྒྱལ་པོ་གསེར་མདོག་ལ་ཟས་ལྷག་བྲེ་ཆུང་གང་ཡོད་པར་མཐོང་ངོ་། །དེ་ནས་བདག་གིས་དེ་ལ་སྙིང་བརྩེ་བས་བླངས་ཏེ་ཟའོ་སྙམ་ནས། ནམ་མཁའ་ལ་ངང་པའི་རྒྱལ་པོ་བཞིན་དུ་འཕུར་ཏེ། རྒྱལ་པོའི་ཕོ་བྲང་གསེར་ཅན་དུ་རྒྱལ་པོ་གསེར་མདོག་བློན་པོ་ལྔ་སྟོང་དང་ལྷན་ཅིག་ཁང་བཟང་གི་སྟེང་ན་འཁོད་པ་དེར་བབ་ནས་གཏམ་བྱས་ཏེ་ཟས་ཀྱི་ཕྱིར་འོང་བར་སྨྲས་པ་དང་། རྒྱལ་པོ་མཆི་མ་ཕྱུངས་ཏེ་བདག་འདི་ལྟར་འཛམ་གླིང་ལ་དབང་བྱས་ཀྱང་དྲང་སྲོང་གཅིག་ལ་བསོད་སྙོམས་དབུལ་བར་མི་ནུས་སོ་སྙམ་མོ། །མཛོད་པ་ལ་ཁྱིམ་ན་བཟའ་བཏུང་ཅུང་ཟད་ཡོད་ན་དྲང་སྲོང་འདི་ལ་འབུལ་ལོ། །དེས་སྨྲས་པ་ལྷ་ཉིད་མཁྱེན་ཏེ། ཟས་ཐམས་ཅད་ཟད་ནས་ལྷ་ཉིད་ཀྱི་བཤོས་ལྷག་མ་བྲེ་གང་མཆིས་སོ། །རྒྱལ་པོ་འདི་སྙམ་དུ་ཟོས་ན་འཚོ་སྟེ་མ་ཟོས་ན་ངེས་པར་འཆིའོ་སྙམ་མོ། །ཡང་བསམས་པ། ཟོས་ཀྱང་ངེས་པར་འཆི་ན་འཚོ་བས་ཆོག་གི། འདི་འདྲའི་ཡོན་གནས་ལ་ཕུལ་ལོ་སྙམ་ནས་འཁོར་རྣམས་བསྡུས་ཏེ། ཀྱི་ཧུད་འདི་ནི་རྒྱལ་པོ་གསེར་མདོག་གི་སྦྱིན་པ་གཏོང་བ་ཐ་མ་སྟེ། རྗེས་སུ་ཡི་རངས་པར་གྱིས་ཤིག །དགེ་བའི་རྩ་བ་འདིས་འཛམ་གླིང་གི་མི་ཐམས་ཅད་དབུལ་བ་ཡང་དག་པར་གཅོད་པར་གྱུར་ཅིག་ཅེས། བྲེ་ཆུང་གང་དེ་རང་སངས་རྒྱས་ཀྱི་ལྷུང་བཟེད་དུ་བླུགས་ནས་དེའི་ལག་གཡས་སུ་ལྷུང་བཟེད་བྱིན་ནོ། །དེས་དེ་བླངས་ནས་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོས་ཇི་སྲིད་མཐོང་གི་བར་ཐལ་མོ་སྦྱར་ཏེ་བལྟས་སོ། །དེ་ནས་རྒྱལ་པོས་འཁོར་རྣམས་ལ་རང་རང་གི་གནས་སུ་དེངས་ཤིག །འདིར་བཀྲེས་སྐོམ་གྱིས་འཆི་བའི་དུས་མ་བྱེད་ཅིག །དེ་དག་གིས་སྨྲས་པ། བདག་ཅག་ལྷ་དཔལ་དང་སྐུ་སྐལ་ལྡན་པའི་ཚེ་ཞབས་འབྲིང་ན་རྩེ་ཞིང་དགའ་ལ། དུས་དང་ཚོད་འདི་ལྟ་བུ་ལ་ཡོངས་སུ་གཏོང་བ་ག་ལ་བཟོད། རྒྱལ་པོ་གསེར་མདོག་ངུས་ཏེ་མཆི་མ་ཕྱུང་ནས་མི་ཐམས་ཅད་ལ་ཡང་འདེང་བར་བསྐུལ་བ་དང་། དེ་དག་གིས་རྒྱལ་པོའི་རྐང་པར་ཕྱག་འཚལ་ཏེ། བདག་གིས་ལྷའི་ཞལ་བལྟ་བའི་ཐ་མ་ལགས་ཏེ། གང་ཅུང་ཟད་ལྷའི་བཀའ་ལ་འགལ་བ་ཡོད་ན་བཟོད་པར་གསོལ་ལོ། །དེ་ནས་རང་སངས་རྒྱས་དེས་བསོད་སྙོམས་དེ་ཡོངས་སུ་ཟོས་སོ། །དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཞི་ནས་སྤྲིན་སྟུག་པོ་བཞི་བྱུང་ཞིང་རླུང་གྲང་བ་ཡང་ལངས་པས། གླིང་ཐམས་ཅད་ཕྱག་བདར་བྱས་ཤིང་བཟའ་བཅའ་སྣ་ཚོགས་ཆར་བབ་སྟེ། འདི་ལྟར་འབྲས་ཆན་དང་ཕྱེ་དང་ཟན་དྲོན་དང་། ཤ་དང་ལ་ཕུག་དང་ལོ་མ་དང་། ཏིལ་དང་བུ་རམ་སོགས་ཀྱི་ཆར་བབ་པ་ན། རྒྱལ་པོ་གསེར་མདོག་དགའ་ཞིང་མགུ་སྟེ། འཁོར་རྣམས་བོས་ནས། ཀྱེ་མ་བསོད་སྙོམས་གཅིག་ཕུལ་བའི་མྱུ་གུ་དེང་བྱུང་སྟེ། འབྲས་བུ་ལོ་མ་དང་མེ་ཏོག་ནི་ཕྱིས་འབྱུང་བར་འགྱུར་རོ། །དེ་ནས་ཉི་མ་གཉིས་པ་ལ་ཞག་བདུན་དུ་ནོར་དང་འབྲུའི་ཆར་ཕབ་སྟེ། འདི་ལྟར་ཏིལ་དང་འབྲས་ཐུག་པོ་ཆེ་ལ་སོགས་པ་འབྲུའི་རིགས་ཐམས་ཅད་ཀྱི་ཆར་བབས་སོ། །དེ་ནས་ཞག་བདུན་དུ་མར་སར་གྱི་ཆར་དང་། ཞག་བདུན་དུ་ཏིལ་མར་གྱི་ཆར་དང་། ཞག་བདུན་དུ་བེའུ་རས་ཀྱི་ཆར་དང་། ཞག་བདུན་དུ་ཟས་རྣམ་པ་སྣ་ཚོགས་ཀྱི་ཆར་དང་། ཞག་བདུན་དུ་གསེར་དང་དངུལ་དང་ཤེལ་དང་བཻཌཱུརྻ་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། སྦུག་རྣམས་ཏེ་རིན་པོ་ཆེ་སྣ་བདུན་པོ་འདི་དག་གི་ཆར་བབས་ནས་རྒྱལ་པོ་གསེར་མདོག་གི་མཐུས་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱི་དབུལ་བ་རྒྱུན་བཅད་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་འཛམ་བུའི་གླིང་འདིར་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ཐུབ་པའི་དུས་ན། རྒྱལ་པོ་གུས་པ་ཅན་ནམ་གསོ་སྦྱོང་འཕགས་ཞེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ། བཙུན་མོ་དང་སླས་བརྒྱད་ཁྲི་དང་། བློན་པོ་ཁྲི་ཕྲག་དུ་མ་ཡོད་པར་གྱུར་ཏོ། །དེའི་ཚེ་དུས་ཞིག་ན་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལ་སྒོ་ང་འདྲ་བའི་ཤ་རྨེན་ཞིག་བྱུང་སྟེ། དེ་ཡང་གསལ་བ་ན་ཚ་མེད་པ། འཇམ་ཞིང་ཡང་བ་དེ་བགས་ཀྱིས་ཆེར་སྐྱེས་ཏེ་ཀུ་བ་ཙམ་དུ་གྱུར་པ་ན། དེ་གས་པའི་ནང་ནས་གཞོན་ནུ་ལྟ་ན་སྡུག་པ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་ཅན་བྱུང་བ་ལ། མཚན་མཁན་གྱིས་བུ་འདི་ནི་ངོ་མཚར་ཆེ་བའི་ཡོན་ཏན་གྱི་མཚན་དང་ལྡན་ཏེ། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་། ཁྱེའུའི་མིང་ཡང་སྤྱི་བོ་སྐྱེས་ཞེས་བཏགས་སོ། །དེ་སྐྱེས་པའི་ཚེ་བཙུན་མོ་ཐམས་ཅད་ཀྱི་ནུ་མ་ནས་འོ་མ་རང་བྱུང་སྟེ། སོ་སོ་ནས་ང་ལས་ནུས་ཞེས་བྱ་བས་དེའི་མིང་དུ་ང་ལས་ནུ་ཡང་ཟེར་རོ། །དེ་རྒྱལ་སྲིད་ཀྱི་འབྱོར་བ་ཆེན་པོས་དགའ་ཞིང་རྩེད་མོ་རྩེ་བའི་ཡུན་དུ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་ཆེར་སྐྱེས་པ་ན་ཡོན་ཏན་དང་ལྡན་པར་རིགས་སྟེ། ཡབ་རྒྱལ་པོས་ཡུལ་གཅིག་གི་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེ་རྒྱལ་ཚབ་བྱེད་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེར་དུས་གཅིག་ན་ཡབ་རྒྱལ་པོ་ཚེ་དུས་བྱས་པ་དང་། དེས་གཞོན་ནུ་སྤྱི་བོ་སྐྱེས་རྒྱལ་པོར་དབང་སྐུར་ཅིག་ཅེས་བྱས་སོ། །རྒྱལ་ཕྲན་རྣམས་ཀྱིས་སྤྱི་བོ་སྐྱེས་ལ་རྒྱལ་པོ་བྱེད་པར་གསོལ་བ་དང་། དེས་སྨྲས་པ། ཡབ་རྒྱལ་པོ་འདས་ཟིན་ན་དེར་སོང་ཡང་ཅི་ཕན། བདག་རྒྱལ་པོ་ལ་གྱུར་པའི་བསོད་ནམས་དང་དབང་ཐང་ཡོད་ན། རྒྱལ་ཆེན་དང་བརྒྱ་བྱིན་ལ་སོགས་པས་ང་ལ་གསོལ་བ་བཏབ་སྟེ། རྒྱལ་པོར་དབང་བསྐུར་བར་ཤོག་ཅེས་སྨྲས་མ་ཐག་ཏུ། རྒྱལ་ཆེན་བཞིའི་རིས་ཀྱི་རྒྱལ་པོ་རྣམས་བབ་ནས་རིན་པོ་ཆེའི་བུམ་པ་སྤོས་ཆུས་གང་བ་ཐོགས་ཏེ་སྤྱི་བོར་བླུགས་པས་དབང་བསྐུར་ཏོ། །ལྷའི་དབང་པོས་ཀྱང་རིན་པོ་ཆེའི་ཅོད་པན་མགོ་ལ་བཅིངས་ཏེ་ཡོན་ཏན་གྱི་བསྔགས་པ་བརྗོད་པར་བྱས་སོ། །མི་རྣམས་ཀྱིས་ཁྲི་དང་ཅོད་པན་སོགས་མ་བཅིངས་པའི་སྔོན་དུ་ལྷ་རྣམས་ཀྱིས་དེ་ལྟར་བྱས་སོ། །དེ་ནས་རྒྱལ་ཕྲན་རྣམས་ཀྱིས་ཡུལ་དབུས་སུ་བྱོན་པར་གསོལ་བ་ན། དེས་སྨྲས་པ། བདག་རྒྱལ་པོར་འགྱུར་བའི་དབང་ཐང་ཡོད་ན། ཡུལ་རང་ཉིད་ངའི་དྲུང་དུ་འོད་རིགས་ཀྱི། ང་ཡུལ་སྙེགས་སུ་མི་འགྲོའོ་ཞེས་སྨྲས་མ་ཐག་ཏུ། ཡུལ་ཆེན་པོ་རྒྱལ་པོའི་ཕོ་བྲང་ དང་སྐྱེད་ཚལ་དང ་ཁྲུས་རྫིང་ལ་སོགས་པ་དགོས་པ་ཐམས་ཅད་དེར་བྱུང་བར་གྱུར་ནས་ཡུལ་དེ་ལ་གནས་བཅས་སུ་གྲགས་སོ། །གསེར་གྱི་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ཀྱང་དེར་བྱུང་སྟེ། གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་གྱུར་ཏེ། བུ་དཔའ་ཞིང་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་སྟོང་ཡང་ཚང་བར་བྱུང་ཞིང་ཆོས་བཞིན་དུ་རྒྱལ་སྲིད་བསྐྱངས་སོ། །དེའི་ཚེ་ཡུལ་ཡངས་པ་ཅན་དེའི་ཉེ་སྐོར་གྱི་ནགས་ ཚལ་ཞིག་ན་དྲང་སྲོང་མངོན་ཤེས་ལྔ་དང ་ལྡན་པ་ལྔ་བརྒྱ་བསམ་གཏན་བྱེད་པ་དང་། དེར་བྱ་གར་རབ་ཏུ་མང་པོ་སྒྲ་འབྱིན་པར་བསམ་གཏན་གྱི་ཚེར་མ་བྱས་པ་ལ། དེའི་ནང་ན་དྲང་སྲོང་རང་བཞིན་ངན་ཞེས་བྱ་བས་བྱ་གར་རྣམས་འདབ་གཤོག་ལྷུང་བར་འགྱུར་བའི་དམོད་པ་བོར་བས་དེ་བཞིན་དུ་གྱུར་ཏེ། བྱ་དེ་རྣམས་འདབ་གཤོག་མེད་པར་རྐང་པས་འགྲོ་བ་རྒྱལ་པོ་ལྗོངས་རྒྱུར་སོང་ཚེ་མཐོང་ནས་དེ་ཅི་ལྟར་གྱུར་པ་དྲིས་པ་དང་། དྲང་སྲོང་གིས་དམོད་པས་དེ་ལྟར་བྱས་སོ་ཞེས་ཞུས་པ་ལ། རྒྱལ་པོ་ན་རེ། སེམས་ཅན་ལ་སྙིང་བརྩེ་བ་མེད་པའི་དྲང་སྲོང་འདི་ལྟ་བུ་རྣམས་ངའི་ཡུལ་དུ་མ་འདུག་ཅེས་བསྒོས་པ་ལྟར་དྲང་སྲོང་རྣམས་ལ་བྱས་པ་དང་། དེ་དག་གིས་འདི་ནི་གླིང་བཞི་ལ་དབང་བའི་རྒྱལ་པོ་ཡིན་པས་བདག་ཅག་རི་རབ་ཀྱི་བང་རིམ་དུ་འགྲོའོ་སྙམ་ནས་དེར་དོང་སྟེ་གནས་པར་བྱས་སོ། །དེ་ནས་རྒྱལ་པོ་ང་ལས་ནུ་དེས་མི་རྣམས་ལ་སེམས་ཤིང་འཇལ་ལ་ཉེ་བར་རྟོགས་པར་བྱེད་དོ། །བཟོ་དང་ལས་ཀྱི་གནས་རྣམས་ལ་འཇལ་ཞིང་རྟོགས་པར་བྱེད་པའི་ཕྱིར་དེའི་མིང་དུ་ཤེད་ལས་སྐྱེས་ཞེས་གྲགས་སོ། །དེ་ནས་རྒྱལ་པོ་དེ་ཕྱི་རོལ་ཏུ་འཆག་ཏུ་སོང་བ་ལས་མི་མང་པོ་དག་ས་བརྐོ་ཞིང་། ཞིང་རྨོ་བ་མཐོང་ནས་རྒྱལ་པོས་བློན་པོ་རྣམས་ལ་མི་འདི་དག་ཅི་བྱེད་ཅེས་དྲིས་པ་དང་། ལྷ་འདི་ནི་སྲོག་ཆགས་ཐམས་ཅད་ཟས་ཀྱིས་འཚོ་བས་ན་འདི་དག་གིས་ཞིང་རྨོས་ནས་འཚོ་བར་བྱེད་དོ། །རྒྱལ་པོས་སྨྲས་པ། ང་ལ་རྒྱལ་པོར་འགྱུར་བའི་བསོད་ནམས་ཡོད་ན། མི་འདི་རྣམས་ལས་བྱ་མི་དགོས་པར་རོ་བརྒྱ་དང་ལྡན་པའི་ཁ་ཟས་རང་ཡོད་པར་གྱུར་ཏེ། ཐམས་ཅད་ཚིམ་ཞིང་འགྲངས་ནས་བཀྲེས་སྐོམ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་བཟའ་བཏུང་ཐམས་ཅད་རང་ཡོད་པར་གྱུར་ཏོ། །རྒྱལ་པོས་སྨྲས་པ། འདི་སུའི་བསོད་ནམས་ཡིན་དེ་དག་གིས་སྨྲས་པ། འདི་ནི་རྒྱལ་པོའི་བསོད་ནམས་དང་སེམས་ཅན་རྣམས་ཀྱི་ཡང་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ཡང་འཆག་ཏུ་སོང་བ་ལས་ཐག་པ་དག་པ་ལ་འཁལ་ཞིང་འཐག་པ་མཐོང་ནས། འདི་ཅི་བྱེད་དྲིས་པས་ཟས་ཡོད་ཀྱང་གོས་མེད་པས་དེ་ལྟར་བྱེད་དོ། །རྒྱལ་པོས་གོས་ཐམས་ཅད་རང་ཡོད་པའི་སྨོན་ལམ་བཏབ་པ་བཞིན་ཤིང་ཐམས་ཅད་ལས་གྱོན་པའི་གོས་སྣ་ཚོགས་རང་སྐྱེས་ཏེ། མི་ཐམས་ཅད་ལ་གོས་ཟད་མི་ཤེས་པར་གྱུར་ཏོ། །འདི་སུའི་བསོད་ནམས་ཞེས་དྲིས་པ་དང་ལན་སྔར་བཞིན་ནོ། །དེ་ནས་ཡང་རོལ་མོའི་ཆ་བྱད་ཐོགས་པ་མཐོང་ནས་འདི་ཅི་ཡིན་དྲིས་པ་དང་། ཟས་གོས་ཆོག་པར་ཡོད་ཀྱང་འདི་དག་དགའ་ཞིང་བརྩེ་བའི་ཕྱིར་རོལ་མོ་བྱེད་དོ། །རྒྱལ་པོས་རོལ་མོའི་ཆ་བྱད་རང་ཡོད་པར་སྨོན་མ་ཐག་ཏུ་ཤིང་ཐམས་ཅད་ལས་རོལ་མོའི་ཆ་བྱད་ཐམས་ཅད་བྱུང་སྟེ། རང་འཁྲོལ་ཞིང་ཐོས་པ་ཙམ་གྱིས་དགའ་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་བསོད་ནམས་ཀྱིས་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་ཆར་བཞིན་བབས་བས་ཡུལ་གང་བར་བྱས་ནས་རྒྱལ་པོས་བློན་པོ་རྣམས་ལ་འདི་ལྟ་བུ་སུའི་ཡོན་ཏན་ཡིན་ཞེས་དྲིས་པ་ལ། དེ་དག་གིས་འདི་ནི་རྒྱལ་པོའི་ཡོན་ཏན་དང་སེམས་ཅན་རྣམས་ཀྱི་བསོད་ནམས་ལགས་སོ། །རྒྱལ་པོས་སྨྲས་པ་གལ་ཏེ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་མཐུས་ཡིན་ན། རིན་པོ་ཆེའི་ཆར་འདི་གནས་ཀུན་ཏུ་འབབ་པར་གྱུར་ལ། གལ་ཏེ་ང་འབའ་ཞིག་གི་ཡིན་ན་རྒྱལ་པོའི་ཕོ་བྲང་འབའ་ཞིག་ཏུ་བབ་སྟེ། ཕྱི་རོལ་དུ་ཀཪྵ་བ་ཎི་གཅིག་ཀྱང་མི་འབབ་པར་གྱུར་ཅིག་སྙམ་པ་དང་། དེ་ལྟར་གྱུར་པ་ལས། འདི་སུའི་བསོད་ནམས་ལས་བྱུང་། དེ་དག་གིས་ལྷའི་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱེད་ཅག་ཉེས་ཏེ། དང་པོ་ནས་ལྷའི་བསོད་ནམས་ཀྱིས་ཡིན་པར་ཤེས་ན་ངས་འཛམ་བུའི་གླིང་ཐམས་ཅད་དུ་རིན་པོ་ཆེའི་ཆར་འབེབས་པ་ཞིག་ན། འོན་ཀྱང་ཁྱེད་རིན་པོ་ཆེ་འདོད་པ་ཐམས་ཅད་འདི་ལས་ལོངས་ཤིག་ཅེས་བསྒོའོ། །དེར་འཛམ་བུའི་གླིང་ཐམས་ཅད་དུ་དབང་བྱེད་ཅིང་འདོད་པ་ཐམས་ཅད་ཀྱིས་དགའ་བ་ཉམས་སུ་མྱོང་ལ་ལོ་ཁྲི་ཕྲག་མང་པོར་སེམས་ཅན་རྣམས་ལ་ཕན་པ་རྗེས་སུ་བསྟན་ནས་བརྒྱ་བྱིན་དྲུག་འཕོ་བའི་ཡུན་དུ་གནས་སོ། །དུས་གཞན་ཞིག་ན་རྒྱལ་པོའི་མདུན་ནས་འགྲོ་བ་གནོད་སྦྱིན་ལྷ་གནས་ཞེས་པ་ལ་རྒྱལ་པོས་སྨྲས་པ། གང་ངའི་བཀའ་འོག་ཏུ་མཆོད་པའི་གླིང་གཞན་ཡོད་དམ། དེས་སྨྲས་པ། ལྷ་ཤར་གྱི་ལུས་འཕགས་གླིང་ཞེས་བགྱི་པ་འབྱོར་ཞིང་རྒྱས་པ་མི་མང་པོས་གང་བ་དེར་གཤེགས་སུ་གསོལ་ཞེས་སྨྲས་པས། རྒྱལ་པོ་ཡང་དེར་འགྲོ་འདོད་པས་གསེར་གྱི་འཁོར་ལོ་རིན་པོ་ཆེ་ནམ་མཁར་འཕགས་པའི་རྗེས་སུ་རིན་པོ་ཆེ་གཞན་དང་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་། བུ་སྟོང་དང་བཅས་པ་ནམ་མཁའ་ལ་འཕགས་པས་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ནས་མི་ཐམས་ཅད་ཀྱིས་བསུ་ཞིང་རྒྱལ་པོ་བྱས་ཏེ་མི་རྣམས་ལ་རྗེས་སུ་སྟོན་ཅིང་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་གནོད་སྦྱིན་གྱིས་བསྐུལ་བ་བཞིན་ནུབ་བ་ལང་སྤྱོད་དུ་སོང་སྟེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་གནོད་སྦྱིན་གྱིས་སྨྲས་པ་ལྟར་བྱང་སྒྲ་མི་སྙན་དུ་སོང་ནས་དང་པོར་མ་རྨོས་པའི་འབྲས་སཱ་ལུའི་འབྲས་བུ་དཀར་པོ་དང་། དཔག་བསམ་གྱི་ཤིང་རྣམས་ཀྱང་མཐོང་ནས་གནོད་སྦྱིན་ལྷ་གནས་ལ་དྲིས་ཤིང་རྒྱལ་པོས་འཁོར་རྣམས་ལ་དེ་ལྟར་རྗེས་སུ་བསྟན་ཏོ། །དེ་ནས་གླིང་དེར་རྒྱལ་པོ་བྱས་ཏེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་གནོད་སྦྱིན་གྱིས་བསྐུལ་བ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཆས་སོ། །དེར་རི་རབ་ནི་གསེར་གྱི་རི་བདུན་གྱིས་བསྐོར་བ་ཡིན་པས་གསེར་གྱི་རི་དང་པོ་མུ་ཁྱུད་འཛིན་གྱི་རིའི་རྩེ་མོར་དཔུང་གི་ཚོགས་ལ་རྗེས་སུ་སྟོན་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ལ་ལོངས་སྤྱོད་དེ་གནས་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་བཞིན་དུ་རྣམ་འདུད་དང་། རྟ་རྣ་དང་། ལྟ་ན་སྡུག་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། གཉའ་ཤིང་འཛིན་དྲུག་པོ་རེ་རེའི་རྩེ་མོར་ཡང་དཔུང་གི་ཚོགས་ལ་རྗེས་སུ་སྟོན་ཅིང་བདེ་བར་གནས་པ་རེ་རེའི་ཡུན་དུ་བརྒྱ་བྱིན་དྲུག་རེ་དྲུག་རེ་ཚེ་འཕོ་བའི་ཡུན་དུ་བསྡད་དོ། །དེ་ནས་གཉའ་ཤིང་འཛིན་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་ཆས་པ་ན། རྒྱལ་པོའི་རྟ་དང་གླང་པོའི་གཅིན་རྟུག་ལྷུང་བས་སྔར་གྱི་དྲང་སྲོང་ལྔ་བརྒྱ་པོ་ཡོད་པའི་ལུས་ལ་རེག་པ་དང་། འདི་ཅིས་ཞེས་ཕན་ཚུན་གླེང་བ་ན་ང་ལས་ནུ་ཡིན་པར་ཤེས་ཏེ། རྒྱལ་པོ་འཐབ་ཀྲོལ་ཅན་དེ་འདིར་ཡང་འོངས་སོ་ཞེས་སྨྲས་སོ། །དེར་དྲང་སྲོང་བཞིན་ངན་ཞེས་བྱ་བ་ཁྲོས་ཏེ་སྔགས་དང་ཕྱག་རྒྱ་བཅིངས་ནས་ཁྱོར་བར་ཆུ་བླུགས་པ་གཏོར་བས་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་འགྲོར་མ་བཏུབ་པར་ཐོགས་པར་གྱུར་པ་དང་། རྒྱལ་པོའི་མདུན་ན་བློན་པོ་རིན་པོ་ཆེ་འགྲོ་བས་དྲང་སྲོང་དེ་རྣམས་ལ་སྨྲས་པ། བྲམ་ཟེ་ཁྲོ་བོ་དོར་བར་གྱིས། །འདི་ནི་ཀུན་ལ་འགྲུབ་པ་མིན། །འདི་ནི་མི་དབང་ང་ལས་ནུ། །བྱ་གར་དེ་དག་མ་ཡིན་ནོ། །ཅི་ཙམ་ན་རྒྱལ་པོ་ང་ལས་ནུས་ཕྱོགས་དེར་ཕྱིན་ནས་སྨྲས་པ། དཔུང་འདི་སུ་ཞིག་གིས་བཀག་བློན་པོ་རིན་པོ་ཆེས་སྨྲས་པ་དྲང་སྲོང་རྣམས་ཀྱིས་སོ། །རྒྱལ་པོས་སྨྲས་པ། དྲང་སྲོང་འདི་རྣམས་ཡོ་བྱད་རྣམས་ཀྱི་ནང་ན་ཅི་ཞིག་ལ་དགའ། དེས་སྨྲས་པ། ལྷ་རལ་པ་ལ་དགའ་བ་ལགས་སོ། །རྒྱལ་པོས་སྨྲས་པ། འདི་རྣམས་རལ་པ་བྱི་ཞིང་། བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་སྨྲས་མ་ཐག་ཏུ་དེ་དག་རྣམས་རལ་པ་བྱི་ནས་ལག་ན་མདའ་གཞུ་ཐོགས་ཏེ་རྫུ་འཕྲུལ་ལས་ཉམས་ཤིང་མདུན་དུ་བརྒྱུག་པར་བརྩམས་པ་དང་། བུད་མེད་རིན་པོ་ཆེས་སྨྲས་པ། ལྷ་དྲང་སྲོང་འདི་དག་ནི་དཀའ་ཐུབ་ཅན་ལགས་ན། འདི་དག་གིས་ཅི་བགྱི་ཐོང་ལགས། རྒྱལ་པོས་བཏང་བ་དང་དེ་རྣམས་ཀྱིས་སླར་ཡང་བརྩོན་འགྲུས་བརྩམས་པས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་ནམ་མཁའ་ལ་འཕགས་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ཆས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་དང་པོ་ཆུ་ལ་གནས་པའི་ཀླུ་རྣམས་ཀྱིས་དཔུང་གི་ཚོགས་བཀག་པར་བརྩམས་པ་དང་། རྒྱལ་པོས་དཔུང་འདི་སུས་བཀག་ཞེས་དྲིས་པ་ན། ཆུ་ལ་གནས་པའི་ཀླུ་རྣམས་ཀྱིས་སོ། །རྒྱལ་པོས་བདག་དུད་འགྲོ་དང་གཡུལ་འགྱེད་དམ། ཀླུ་འདི་རྣམས་བདག་གི་མདུན་ནས་བྲན་བཞིན་འགྲོ་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ཀླུ་རྣམས་མདུན་ནས་འགྲོ་ཞིང་ལྷ་ལག་ན་ཡོལ་གོ་ཐོགས་པའི་དྲུང་དུ་སོང་ངོ་། །དེ་དག་གིས་ཅི་སྟེ་རྒྱུག་ཅེས་དྲིས་པ་ན། འདིར་མིའི་རྒྱལ་པོ་འོངས་སོ། །དེར་ཀླུ་དང་ལག་ན་ཡོལ་གོ་ཐོགས་པའི་ལྷ་རྣམས་ལྷགས་ནས་དཔུང་གི་ཚོགས་ཐོགས་པར་བྱས་པ་དང་། སྔར་བཞིན་སྨོན་ལམ་བཏབ་པས་ལྷ་ཕྲེང་ཐོགས་དང་། རྟག་མྱོས་ཀྱི་བར་དུ་དེ་བཞིན་སྔ་མ་ལྟར་སོང་ངོ་། །དེ་ནས་རྟག་མྱོས་ཀྱི་ལྷ་རྣམས་ཀྱིས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ལ་འདིར་མིའི་རྒྱལ་པོ་འོངས་སོ་ཞེས་སྨྲས་པ་དང་། དེ་དག་གིས་འདི་ནི་བསོད་ནམས་ཆེ་བས་དགག་མི་ནུས་སོ་སྙམ་དུ་མ་བཀག་པར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་མིའི་རྒྱལ་པོ་འོངས་སོ་ཞེས་སྦྲན་ནོ། །རྒྱལ་པོ་ང་ལས་ནུས་རི་རབ་ཀྱི་རྩེན་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་ལྟ་བུ་མཐོང་ནས་འདི་ཅི་ཡིན་ཞེས་གནོད་སྦྱིན་ལྷ་གནས་ལ་དྲིས་པས། ཤིང་ཡོངས་འདུས་བརྟོལ་ཞེས་ལྷ་རྣམས་དབྱར་ཟླ་བཞིར་འདོད་པ་ལྔ་དང་ལྡན་པས་དེར་རྩེ་ཞིང་དགའ་བར་བྱེད་པ་ཡིན་པས་ལྷ་ཡང་དེར་དགྱེས་ཤིང་རྩེ་བར་མཛད་དུ་གསོལ། རྒྱལ་པོས་ཀྱང་ཚལ་སྔོ་བ་འདི་ཡོངས་འདུ་ས་བརྟོལ་ཡིན་པས་ཁྱེད་ཅག་ཀྱང་དེར་ཕྱིན་ནས་འདོད་ཡོན་ལྔ་དང་ལྡན་པས་རྩེ་བར་གྱིས་ཞེས་སྨྲས་སོ། །ཡང་རི་རབ་ཀྱི་རྩེ་ན། སྤྲིན་དཀར་པོ་སྤུངས་པ་ལྟ་བུ་མཐོང་ནས་དྲིས་པ་དང་། ལྷ་རྣམས་ཀྱི་མདུན་ས་ཆོས་བཟང་ལྷ་རྣམས་དོན་སེམས་ཤིང་འགྲོ་བའི་གནས་སུ་གྱུར་པ་སྟེ་ལྷ་ཡང་དེར་བྱོན་པར་འགྱུར་རོ། །རྒྱལ་པོས་ཀྱང་འཁོར་རྣམས་ལ་དེ་རྗེས་སུ་བསྟན་ཏོ། །རི་རབ་དེའི་སྟེང་ན་ལྷའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ། ཆུ་ཞིང་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་དང་། འཁོར་ཡུག་ཏུ་དཔག་ཚད་ཁྲི་ཡོད་པ། གསེར་གྱི་ར་བ་རིམ་པ་བདུན་གྱིས་བསྐོར་བ་སོགས་ལྷའི་གནས་ཀྱི་བཀོད་པ་བཟང་པོ་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་པ་ཡིད་དུ་འོང་བ་དག་དང་ལྡན་པ་དེར་ལྷའི་བུ་དང་བུ་མོས་གང་ཞིང་འདོད་པའི་ཡོན་ཏན་ལྔ་ཇི་ལྟར་བསམ་པ་བཞིན་འབྱོར་པས་ཤིན་ཏུ་ཉམས་དགའ་བ་དེར་ཕྱིན་ནོ། །དེར་དང་པོར་ལྷ་རྣམས་སྐྲག་ནས་སྒོ་ཐམས་ཅད་བསྡམས་ཏེ་ལྕགས་ཀྱི་གཏན་པ་བཅུག་པ་དང་། རྒྱལ་པོ་འཁོར་བཅས་དེར་ཕྱིན་ནས་གཞུ་རྒྱུད་སྤྲིང་ཞིང་དུང་བུས་པ་ཙམ་གྱིས་ལྷའི་ཕོ་བྲང་གི་སྒོ་བཅུ་ཕྲག་ཕྱེད་དང་བཅུ་གཉིས་པོ་དུས་གཅིག་ཏུ་བྱེ་བ་དང་། འདི་ལྟར་མིའི་རྒྱལ་པོ་ང་ལས་ནུ་འདི་ནི་བསོད་ནམས་དབང་ཐང་ཤིན་ཏུ་ཆེ་བ་སྟེ་འདི་སུས་ཀྱང་དགག་པར་མི་ནུས་པས་མཆོད་ཡོན་ཐོགས་ཏེ་བསུ་བར་བྱའོ་སྙམ་དུ་བརྒྱ་བྱིན་འཁོར་བཅས་ཕྱིར་བསུ་བྱུང་སྟེ་བསུས་ནས་རྒྱལ་པོ་འབའ་ཞིག་བརྒྱ་བྱིན་གྱི་ཕོ་བྲང་གི་ནང་དུ་ཁྲིད་ཅིང་འཁོར་གཞན་རྣམས་ཕྱི་རོལ་ན་འཁོད་དོ། །དེར་དབང་པོ་དང་ཉེ་དབང་རྣམས་ཀྱི་སྟན་བཤམས་པའི་ཐ་མར་ང་ལ་ནུའི་བསྟན་བཤམས་པ་ལ། རྒྱལ་པོ་ང་ལས་ནུའི་བསམས་པ་ལ་སྟན་བཤམས་པ་འདི་རྣམས་ཀྱི་ཐ་མ་གང་ཡིན་པ་འདི་ནི་གདོན་མི་ཟ་བར་བདག་གི་ཡིན་ནོ་སྙམ་ནས། ཀྱེ་མ་བདག་ལ་བརྒྱ་བྱིན་གྱི་སྟན་ཕྱེད་བསྟབས་ན་ཅི་མ་རུང་སྙམ་པ་དང་། བརྒྱ་བྱིན་གྱིས་རྒྱལ་པོ་ང་ལས་ནུལ་སྟན་ཕྱེད་བསྟབས་ཤིང་། བརྒྱ་བྱིན་དང་སྟན་གཅིག་ལ་འདུག་ནས་མངའ་དབང་མཉམ་པར་གྱུར་ཏེ་གནས་སོ། །དེའི་ཚེ་ན་ལྷ་དང་མིའི་རྒྱལ་པོ་དེ་གཉིས་གཟུགས་བྱད་ཆེ་ཆུང་དང་བཟང་ངན་སོགས་དང་སྨྲ་བ་དང་ཡོན་ཏན་གྱི་ཁྱད་པར་མཐོང་བ་ཅི་ཡང་མེད་དེ་མཉམ་པ་ལ། ལྷའི་དབང་པོ་ནི་མིག་མི་འཛུམ་པ་དང་འགྲོ་ན་ལྷའི་མགྱོགས་བུལ་ཙམ་གྱི་ཁྱད་ཡོད་དོ། །དེར་བརྒྱ་བྱིན་དང་སྐལ་བ་མཉམ་པས་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་དེ་བརྒྱ་བྱིན་སུམ་ཅུ་རྩ་དྲུག་གི་ཚེའི་ཡུན་དུ་གནས་པར་བྱས་སོ། །དེ་ལྟར་བརྒྱ་བྱིན་སུམ་ཅུ་རྩ་དྲུག་བརྗེས་པའི་ཐ་མ་དེའི་རིང་ལ། ལྷ་མ་ཡིན་རྣམས་ལྷ་ལ་དམག་དྲངས་ཏེ། གཅན་སྲུང་མ་ལྔ་དྲལ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ལྷགས་པ་དང་། གནོད་སྦྱིན་རྣམས་ཀྱིས་ལྷའི་དབང་པོ་ལ་སྦྲན་པས། བརྒྱ་བྱིན་དཔུང་གི་ཚོགས་དང་བཅས་ཏེ་ཕྱིར་བྱུང་ནས་གཡུལ་འགྱེད་པ་ལས། བརྒྱ་བྱིན་གྱིས་མ་ཐུབ་ནས་ཕྱིར་རང་གི་ཕོ་བྲང་དུ་བྲོས་ཏེ་ལྷའི་གྲོང་ཁྱེར་གྱི་སྒོ་བཅད་པ་ན། རྒྱལ་པོ་སྤྱི་བོ་སྐྱེས་ཀྱིས་བརྒྱ་བྱིན་བཞུགས་ཤིག་དང་བདག་མཆིའོ་ཞེས་སྨྲས་ནས། ང་ལས་ནུ་དཔུང་གི་ཚོགས་བརྒྱད་འབུམ་དང་ཐབས་ཅིག་སྟེང་གི་ནམ་མཁར་འཕགས་ནས་དུང་བུས་ཤིང་གཞུ་རྒྱུད་སྤྲེངས་པ་ན། དེའི་སྒྲ་ཆེན་པོ་ལྷ་མིན་རྣམས་ཀྱིས་ཐོས་ནས་འདི་སུའི་གཞུ་རྒྱུད་ཀྱི་སྒྲ་ཡིན། དེ་རྣམས་ཀྱིས་འདི་ནི་མིའི་རྒྱལ་པོ་ང་ལས་ནུའི་འོ་ཞེས་ཐོས་ནས་ངོ་མཚར་ཞིང་སྐྲག་གོ། །ཇི་ཙམ་ན་དེ་དག་ཕན་ཚུན་གཡུལ་འགྱེད་པར་བརྩམས་པ་དང་། ཆོས་ཉིད་ཀྱིས་ལྷ་དང་ལྷ་མིན་དེ་དག་ཐད་ཀར་འདུག་སྟེ་འགྱེད་ན། ང་ལས་ནུའི་དཔུང་ནི་ལྷ་མིན་ལས་ཆེས་སྟེང་དུ་འཕགས་ཏེ་འདུག་པར་གྱུར་པ་ན་བདག་ཅག་གི་སྟེང་གི་ནམ་མཁར་སྤགས་པ་འདི་སུ་ཞིག །དེ་རྣམས་ཀྱིས་མིའི་རྒྱལ་པོ་ང་ལས་ནུའོ་ཞེས་བོས་སོ། །དེ་ཐོས་ནས་གང་གི་ཤིང་རྟ་བདག་ཅག་གི་སྟེང་གི་ནམ་མཁར་སྤགས་པའི་སེམས་ཅན་འདི་ནི་བསོད་ནམས་ཀྱི་དབང་ཆེ་བར་གྲགས་པ་ཡིན་པས་འཐབ་མི་ནུས་སོ་སྙམ་པས་ལྷ་མ་ཡིན་རྣམས་འཇིགས་སྐྲག་ནས་གཡུལ་ཕམ་སྟེ་རང་གི་གནས་སུ་བྲོས་སོ། །རྒྱལ་པོས་སྨྲས་པ་གང་རྒྱལ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་ལགས་སོ། །རྒྱལ་པོ་ང་ལས་ནུས་བསམས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་བདག་ལྷག་གོ་སྙམ་མོ། །དེ་ནས་རྒྱལ་པོ་ང་ལས་ནུས་བསམས་པ། བདག་གླིང་བཞིར་དབང་བའི་འཁོར་ལོས་སྒྱུར་བར་གྱུར་ཅིང་བརྒྱ་བྱིན་གྱི་སྟན་ཕྱེད་ཀྱང་བསྟབས་ཏེ། བདག་གི་མཐུ་སྟོབས་ནི་གང་དང་ཡང་མི་མཉམ་ན། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་ག་ལ་རུང་། ད་ནི་བདག་གིས་ལྷའི་དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ་བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ་སྙམ་པ་དང་། སེམས་དེ་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་ང་ལས་ནུ་འབྱོར་བ་དེ་ལས་ཡོངས་སུ་ཉམས་ཏེ་འཛམ་བུའི་གླིང་དུ་ཕྱིར་ལྷུང་ཞིང་སྔོན་གྱི་ཕོ་བྲང་རྙིང་པའི་སྒོར་ལྷགས་ནས་ནད་ཚབས་ཆེན་པོས་ཐེབས་ཏེ། འཆི་བ་ལ་ཐུག་པའི་སྡུག་བསྔལ་མྱོང་བ་ན་རྒྱལ་པོ་དེའི་བློན་པོ་དང་བཅས་པ་དང་། སྣ་ཆེན་པོ་ལ་གཏོགས་པ་དང་། གསང་སྔགས་ཀྱི་ལྷན་ཅིག་འཚོ་བར་བྱེད་པ་རྣམས་རྒྱལ་པོ་ང་ལས་ནུ་གང་ན་བ་དེར་ཕྱིན་ནས། འདི་སྐད་ཅེས་ལྷ་འདས་ན་ཡུལ་འཁོར་གྱི་མི་སླད་མ་རྣམས་ཀྱིས་རྒྱལ་པོ་ང་ལས་ནུ་ནོངས་པའི་ཚེ་ཅི་ཞིག་གསུང་ཞེས་འདྲི་ན། བདག་ཅག་གིས་ཇི་སྐད་ལན་གདབ་པར་བྱ། རྒྱལ་པོས་སྨྲས་པ། དེ་སྐད་འདྲི་བ་དེ་ལ་འདི་སྐད་སྨྲོས་ཤིག །རྒྱལ་པོ་ང་ལས་ནུ་ནི་རིན་པོ་ཆེ་སྣ་བདུན་དང་ཡང་ལྡན། མིའི་འབྱོར་པ་རྣམས་ཀྱིས་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་ནས་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་མ་ངོམས་བཞིན་དུ་ནོངས་སོ་ཞེས་གྱིས་ཤིག །ཀཪྵ་པ་ཎའི་ཆར་བབས་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །མཁས་པས་འདོད་པ་མནོག་ཆུང་ཞིང་། །སྡུག་བསྔལ་མང་པོར་ཤེས་ནས་ནི། །ལྷ་ཡི་འདོད་པ་རྣམས་ལ་ཡང་། །དགའ་བར་འགྱུར་བ་མེད་པ་ཉིད། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཉན་ཐོས་སྲེད་པ་ཟད་ལ་དགའ། །གངས་ཀྱི་རི་དང་མཉམ་པ་ཡི། །གསེར་གྱི་རི་བོར་གྱུར་ཀྱང་ནི། །གཅིག་གི་ནོར་བུའང་དེས་མི་ཆོག །མཁས་པས་དེ་ལྟར་ཤེས་པར་བྱ། །གང་ཞིག་གཞི་འདིས་སྡུག་བསྔལ་རྟོགས་པ་དེ། །འདོད་པ་དག་ལ་གཞར་ཡང་ཇི་ལྟར་དགའ། །འཇིག་རྟེན་ནོར་དག་ཟུག་རྔུར་རྟོགས་ནས་ནི། །བརྟེན་པས་དེ་ཉིད་གདུལ་ཕྱིར་བསླབ་པར་བྱ། །ཞེས་ཚིགས་སུ་བཅད་བདག་ཀྱང་སྨྲས་སོ། །དེ་ནས་རྒྱལ་པོ་ང་ལས་ནུས་གཏན་པ་མེད་པའི་མཆོད་སྦྱིན་བཏང་ནས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་ཕ་རོལ་ཡ་ང་ཞིང་། །ཚེ་ཐུང་བར་ནི་ཤེས་བྱས་ནས། །བསོད་ནམས་དག་ནི་བྱ་བ་སྟེ། །བསོད་ནམས་མ་བྱས་སྡུག་བསྔལ་འགྱུར། །དེ་བས་བསོད་ནམས་འདོད་པ་ཡིས། །སྦྱིན་པ་ཚུལ་བཞིན་བཏང་བྱས་ན། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །སྦྱིན་པ་བྱེད་པ་དགའ་བར་འགྱུར། །ཅི་ཙམ་ན་གྲོང་གི་མི་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོ་ང་ལས་ནུ་ན་ཞིང་ཤི་ལ་ཐུག་སྟེ་འདུག་གོ་ཞེས་ཐོས་ནས་ཀྱང་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་བལྟ་བའི་ཕྱིར་འོངས་པ་དང་། རྒྱལ་པོ་དེས་སྐྱེ་བོའི་ཚོགས་དེ་རྣམས་ལ་འདོད་པའི་ཉེས་དམིགས་དང་། ཁྱིམ་ན་གནས་པའི་ཉེས་དམིགས་དང་། འདོད་པ་ལ་སྨད་པ་ཡང་བཤད་པས་སྲོག་ཆགས་བརྒྱ་སྟོང་མང་པོ་ཁྱིམ་སྤངས་ནས་ནགས་སུ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། ཚངས་གནས་བཞི་བསྒོམས་པས་འདོད་པ་ལ་ཆགས་པ་དང་བྲལ་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་རྒྱལ་པོ་ང་ལས་ནུ་དེ་ཇི་སྲིད་གཞོན་ནུའི་ས་ན་རྩེ་བ་ནས་སུམ་ཅུ་རྩ་གསུམ་དུ་གནས་པ་དེ་སྲིད་ཀྱི་ཡུན་ལ་བརྒྱ་བྱིན་བརྒྱ་དང་བཅུ་བཞི་ཤི་འཕོས་པ་ཡིན་ནོ། །བརྒྱ་ཕྱིན་རེ་རེའི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་ཞག་གཅིག་ཡིན་ནོ། །ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷ་རྣམས་ཀྱི་ལོ་སྟོང་ཐུབ་པ་ཡིན་ནོ། །དེ་མིའི་ལོས་བགྲངས་ན་ལོ་བྱེ་བ་ཕྲག་གསུམ་དང་ས་ཡ་དྲུག་ཡོད་དེ། བརྒྱ་བྱིན་གཅིག་གི་ཚེ་ཚད་དོ། །བརྒྱ་བྱིན་བརྒྱ་དང་བཅུ་བཞི་པོའི་ཚེ་ཚད་མིའི་ལོར་བརྩིས་ནས་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་དང་ས་ཡ་བཞི་ཡོད་དེ། དེ་ཙམ་དུ་རྒྱལ་པོ་ང་ལས་ནུ་ལྷ་དང་མིའི་འདོད་ཡོན་ལ་ལོངས་སྤྱོད་པའི་ཡུན་རགས་པ་ཡིན་ནོ། །འདུལ་བའི་དཔེ་འགར་བརྒྱ་བྱིན་བརྒྱད་ཅུ་རྩ་བཞི་སོགས་ཡིག་སྐྱོན་རེ་ཟུང་ཞུགས་པ་འདུག་གོ། །དེ་བཞིན་སྐྱེས་རབས་ཀྱི་སྐབས་འདིར་ཅུང་ཟད་རེའི་འདྲ་མིན་ཡོད་པ་རྣམས་མདོ་སྡེ་རྒྱས་བསྡུས་བསྡུར་ནས་བྲིས་པ་ཡིན་པར་ཤེས་པར་བྱའོ། །བརྒྱ་བྱིན་སོ་དྲུག་པོའི་ནང་གི་དང་པོ་ང་ལས་ནུ་ལ་སྟན་ཕྱེད་སྟོབ་པ་དེ་ནི་དགེ་སློང་འོད་སྲུང་འདི་ཡིན་ལ། གང་གི་ཚེ་རྒྱལ་པོ་ང་ལས་ནུས་བརྒྱ་བྱིན་འདི་གནས་འདི་ནས་བྱུང་ལ་བདག་གིས་རྒྱལ་སྲིད་བྱའོ་སྙམ་པའི་བརྒྱ་བྱིན་དེ་ནི་སངས་རྒྱས་འོད་སྲུང་ཡིན་ཏེ། སེམས་ཅན་ཤིན་ཏུ་དབང་ཆེ་བར་གྲགས་པ་ལ་ངན་སེམས་བསྐྱེད་པ་དེས་ནི་འབྱོར་བ་ལས་ཉམས་ནས་འཛམ་གླིང་དུ་འོངས་ཤིང་ནད་ཚབས་ཆེན་པོས་ཐེབས་ཏེ་འཆི་བ་ལ་ཐུག་པའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །དེའི་ཚེ་ང་ལས་ནུ་དེ་ནི་བཅོམ་ལྡན་འདས་ཉིད་དོ། །ང་ལས་ནུ་དེས་གླིང་བཞི་དང་ལྷའི་གནས་སུ་རྒྱལ་སྲིད་ཐོབ་པར་གྱུར་པའི་རྒྱུ་ནི་སྔོན་དེ་བཞིན་གཤེགས་པ་རྣམ་གཟིགས་འཇིག་རྟེན་དུ་བྱོན་པ། རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བསོད་སྙོམས་ལ་ཞུགས་པ་ན། འབྲུ་ཚོང་པའི་ཚོང་པ་ཞིག་གིས་སངས་རྒྱས་དེ་ལྟ་བས་ཆོག་མི་ཤེས་པར་མཐོང་ནས། སྲན་མ་མུ་དག་ལ་སྤར་བས་བཅུས་ཏེ་གཏོར་བ་དང་། འབྲུམ་བུ་བཞི་ལྷུང་བཟེད་ཀྱི་ནང་དུ་སོང་། གཅིག་ལྷུང་བཟེད་ཀྱི་ཁ་ཁྱེར་ལ་ཕོག །གཅིག་དབུའི་རྩེ་མོར་ཆགས་པས་གླིང་བཞི་དང་ལྷའི་རིས་སུ་ལོངས་སྤྱོད་ཀྱི་དགའ་བ་ཡུན་རིང་མྱོང་བ་ཐོབ་བོ། །དེའི་ཕོ་བྲང་དུ་ཞག་བདུན་དུ་གསེར་སོགས་ཀྱི་ཆར་བབས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གནོན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། ཚོང་དཔོན་གྱི་བུ་ཁྱིམ་ཕུག་ནས་རིང་པོ་མ་ལོན་པ་ཞིག་གནས་སོ། །ཡུལ་དེའི་ཆོས་ལུགས་ཀྱིས་བག་མ་བཏང་ནས་རིང་པོ་མ་ལོན་པར་བག་རྫོངས་བཏབ་སྟེ་ཁྱིམ་ཐབ་ལ་གཏོང་བའི་བག་མ་གང་ཡིན་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་གིས་བརྒྱན་ནས་ཁྱིམ་ཐབ་ལ་གཏོང་ལ། དེས་ཀྱང་ཁྲིད་ནས་རང་གི་ཁྱིམ་དུ་འགྲོ་བས། ཚོང་དཔོན་གྱི་བུ་དེས་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་ཐོགས་ནས་བཞོན་པ་ལ་ཞོན་ཏེ། རང་གི་ཁྱིམ་དུ་ཆས་པའི་ལམ་དུ་སངས་རྒྱས་དེ་ཉིད་ཚུར་ལྗོངས་རྒྱུ་ཞིང་གཤེགས་པ་མཐོང་ནས། དེས་སྐྱེས་བུ་ཆེན་པོའི་མཚན་ལྟ་བས་ཆོག་མི་ཤེས་པ་མཐོང་བས། དད་པས་བརླན་པའི་སེམས་ཀྱིས་གཞོན་པ་ལས་བབས་ནས་རིན་པོ་ཆེའི་མེ་ཏོག་དེ་རྣམས་ཀྱིས་སངས་རྒྱས་དེ་ལ་གཏོར་རོ། །སངས་རྒྱས་དེའི་རྫུ་འཕྲུལ་གྱིས་མེ་ཏོག་དེ་དག་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་ཏུ་གྱུར་ནས་གཤེགས་ན་ཕྱི་བཞིན་འོང་ཞིང་བཞུགས་ན་འདུག་པ་དེ་ལྟར་བྱིན་གྱིས་བརླབས་པས། དེ་དད་པ་སྐྱེས་ནས། སྦྱིན་པ་རྒྱ་ཆེན་སོགས་ཀྱི་ཚིགས་བཅད་ཀྱང་བརྗོད་དོ། །དེའི་རྣམ་སྨིན་གྱིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་དུས་སུ་ཡང་དེའི་ཕོ་བྲང་ཡང་གསེར་ལས་བྱས་པ་དགའ་དགའ་ལྟར་འདུག་པར་གྱུར་ཅིང་། ང་ལས་ནུའི་ཕོ་བྲང་དུ་ཞག་བདུན་དུ་གསེར་གྱི་ཆར་ཀྱང་བབས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བས་ན་ཁྱོད་ཀྱིས་འདི་ལྟར་མིའི་འཇིག་རྟེན་ན་འདོད་པའི་ཡོན་ཏན་ལྔས་ཆོག་ཤེས་ཏེ་འཆི་བར་འགྱུར་བའི་མི་གང་དག་ཡོད་པ་ནི་ཉུང་ལ་ཆོག་མི་ཤེས་པར་འཆི་བར་འགྱུར་བ་ནི་ཆེས་མང་བར་རིགས་པར་བྱའོ་ཞེས་བཀའ་སྩལ་པ་བཞིན་དུ། བྱང་ཆུབ་སེམས་དཔའི་སྔོན་གྱི་ཇི་ལྟར་བྱུང་བའི་གཏམ་བརྗོད་པ་འདི་དག་གིས་ཀྱང་། བསོད་ནམས་ཀྱི་མཐུ་དང་། ལས་ཀྱི་རྣམ་པར་སྨིན་པ་དང་། འདོད་པའི་ཡོན་ཏན་གྱིས་ངོམས་པ་མེད་པའི་ཚུལ་རབ་ཏུ་བསྟན་པའི་ཐབས་ལ་མཁས་པ་ཡང་ཤེས་པར་བྱས་ནས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་མི་དགེ་བ་སྤངས་ཤིང་དགེ་བ་ཅི་ནུས་སུ་བསྒྲུབ་པར་བྱ་བ་དང་། འདོད་པའི་ཡོན་ཏན་ལ་མ་ཆགས་པའི་བློ་བསྐྱེད་པར་བྱའོ། །ཡབ་སྲས་མཇལ་པའི་མདོ་ན་མི་བདག་གྲགས་པ་མཐའ་ཡས་ཀྱི་སྐྱེས་རབས་གསུངས་པ་ཡང་འདི་དང་ཚུལ་ཕྱོགས་མཐུན་ནོ། །ཡང་མདོ་དེ་ལས་གསུངས་པའི་རྒྱལ་པོའི་ལྷ་ཞེས་པའང་དེ་དང་འདྲའོ། །གཞན་ཡང་བཅོམ་ལྡན་འདས་འདི། རྒྱལ་པོ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བར་འགྱུར་པ་དང་། གཞོན་ནུ་ནོར་བཟང་དང་། བྲམ་ཟེ་དུས་དཔོགས་དང་། རྒྱལ་བུ་ཀུ་ཤ་ཞེས་བྱ་བ་དང་། གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་དང་། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་དང་། རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ལ་སོགས་པར་གྱུར་པའི་ཚེ་མངའ་དབང་ཆེན་པོ་དང་གཏོང་བ་སོགས་ཀྱིས་སེམས་ཅན་ལ་པན་བཏགས་པ་རྣམས་འདུལ་བ་ལུང་གཞི་བམ་པོ་ཞེ་གསུམ་པའི་སྐོར་དུ་ཤེས་པར་བྱའོ། ༈ །ཡང་བཅོམ་ལྡན་འདས་ཉིད་སྔོན་འཛམ་བུའི་གླིང་འདིར་དབང་བྱེད་པའི་རྒྱལ་པོ་ཤི་བི་ཞེས་བྱ་བར་གྱུར་པ་ན། བརྒྱ་བྱིན་ལྷའི་དབང་པོ་ཚེ་འཕོ་བའི་ལྟས་བྱུང་ཞིང་། འཇིག་རྟེན་འདིར་སངས་རྒྱས་ཀྱི་ཆོས་ནི་ནུབ་སྟེ་བྱང་ཆུབ་སེམས་དཔའ་ཡང་མི་བཞུགས་ན་ཁོ་བོ་གང་ལ་སྐྱབས་སུ་འགྲོ་བ་མི་ཤེས་ནས་མྱ་ངན་བྱེད་པ་ན། བི་ཤཱ་ཀརྨས་སྨྲས་བ། ལྷའི་དབང་པོ་འཛམ་བུའི་གླིང་ན་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཤི་བི་ཞེས་བྱ་བ་བཞུགས་པ་ཡི་དམ་བརྟན་ཞིང་བརྩོན་པས་བྱང་ཆུབ་ཏུ་འཚང་རྒྱ་བར་ནུས་པ་དེ་ལ་སྐྱབས་སུ་སོང་ན་བགེགས་ལས་རྣམ་པར་ཐར་བར་བྱེད་དོ་ཞེས་སྨྲས་པ་དང་། དེར་བརྒྱ་བྱིན་གྱིས་བྱང་སེམས་ཡིན་མིན་དང་པོར་བགམ་པའི་སླད་དུ་ཁྱོད་ཕུག་རོན་ཞིག་ཏུ་སྤྲུལ་ལ། ང་ཁྲར་སྤྲུལ་ཏེ་དེད་ནས་རྒྱལ་པོ་དེའི་གམ་དུ་སྐྱབས་བཙལ་ནས་འདུག་སྟེ། དེ་དུས་སྒྱུ་ཡོད་དམ་བདེན་པ་རྟོགས་པར་འགྱུར་རོ་ཞེས་སྨྲས་པའི་ཚེ། བི་ཤྭ་ཀརྨས་སྨྲས་པ། ལྷའི་དབང་པོ་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་འཚེ་བ་མི་བྱའི་མཆོད་པར་རིགས་ཀྱི། ཤིན་ཏུ་དཀའ་བའི་དངོས་པོ་འདི་ལྟ་བུས་གཙོ་བར་མི་རིགས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་ནི་དེ་ལ་ངན་སེམས་མིན། །གསེར་ལྟར་སད་ནས་མངོན་པར་འགྱུར། །བདེན་པ་རྟོགས་པར་འདོད་པ་ན། །བྱང་ཆུབ་སེམས་དཔའ་སད་པར་བྱ། །ཞེས་སྨྲས་ནས་ཁྲ་དང་ཕུག་རོན་དུ་སྤྲུལ་ཏེ། དེས་དེ་བཟུང་ལ་ཁད་དུ་རྒྱལ་པོའི་མཆན་ཁུང་དུ་ཕུག་རོན་དེ་ཞུགས་ཏེ་སྲོག་གི་སྐྱབས་གསོལ་ཏོ། །ཁྲ་ཡང་མོད་ལ་ཕྱིན་ཏེ། རྒྱལ་པོ་ལ་གསོལ་པ། ཕུག་རོན་འདི་ནི་བདག་གི་ཟས་ལགས་ཏེ། མྱུར་དུ་བདག་ལ་སྩོལ་ཅིག །བདག་ནི་བཀྲེས་པས་ཉན་ཏོ། །རྒྱལ་པོས་སྨྲས་པ། བདག་ལ་གང་སྐྱབས་སུ་འོངས་པ་ཐམས་ཅད་ཕྱིར་མི་གཏོང་བར་དམ་བཅས་པས་འདི་ཡང་མི་སྦྱིན་ནོ། །ཁྲས་སྨྲས་པ། ཁྱེད་ཐམས་ཅད་ཀྱི་སྐྱབས་མཛད་ན། བདག་ལ་ཡང་ཟས་མི་སྩོལ་ན། བདག་ཐམས་ཅད་ཀྱི་ནང་དུ་མ་གཏོགས་སམ། རྒྱལ་པོས་སྨྲས་པ། ཁྱོད་ལ་ཤ་གཞན་སྦྱིན་ན་ཟའམ། ཁྲས་སྨྲས་པ། བདག་ནི་གསར་དུ་བཀུམ་པའི་ཤ་རློན་པ་འཚལ་ལོ། །རྒྱལ་པོས་བསམས་པ། བདག་གིས་གསར་དུ་བསད་པའི་ཤ་རློན་པ་ཞིག་སྤྱར་ན་ནི་གཅིག་བསད་དེ་གཅིག་གསོ་བར་མི་རིགས་པས། བདག་འབའ་ཞིག་གི་ལུས་མ་གཏོགས་བར་གཞན་སྲོག་དང་བཅས་པ་ཐམས་ཅད་རང་གི་སྲོག་ཕོངས་སོ་སྙམ་དུ་གྲི་རྣོན་པོས་རང་གི་བརླའི་ཤ་བཅད་པ་ཁྲ་ལ་བྱིན་ཏེ་ཕུག་རོན་གྱི་སྲོག་བསླུས་སོ། །ཁྲས་དེ་ལྟར་ཕུག་རོན་གྱི་སྲོག་བསླུ་ན་སྲང་གིས་གཞལ་ཏེ་མཉམ་པ་ཞིག་སྩལ་དུ་གསོལ། རྒྱལ་པོས་སྲང་བླངས་ཏེ། ཕུག་རོན་དང་བརླའི་ཤ་ལྕིད་གཞལ་བ་ན། བརླ་དང་རྩིབ་ལོགས་སོགས་ལུས་ཀྱི་ཤ་ཟད་པར་བཅད་ཀྱང་ཕུག་རོན་དང་མཉམ་པར་མ་གྱུར་ནས་རྒྱལ་པོ་ཉིད་བཞེངས་ཏེ་སྲང་གི་ནང་དུ་འགྲོ་བར་གཟས་ཀྱང་ཉམས་ཀྱིས་མ་ནུས་ཏེ་ས་ལ་འགྱེལ་ནས་བརྒྱལ་ལོ། །རིང་ཞིག་ནས་དྲན་པ་རྙེད་པར་གྱུར་པ་དང་། རང་གི་སེམས་ལ་འདི་ལྟར་སྨད་དེ་ཁྱོད་ཐོག་མ་མེད་པའི་དུས་ནས་མ་ནུས་པས་ཁམས་གསུམ་འཁོར་བར་སྡུག་བསྔལ་མྱོང་ཞིང་བསོད་ནམས་ཀྱི་ཚོགས་སུ་མ་གྱུར་ཏོ། །ད་ནི་བརྩོན་འགྲུས་བརྩམས་པའི་དུས་ལ་བབ་སྟེ། ལེ་ལོ་བྱ་བའི་དུས་མིན་ནོ་ཞེས་སྤྱོས་ཤིང་། འབད་པ་བསྐྱེད་ནས་སྲང་གི་གཞིའི་ནང་དུ་ཕྱིན་པ་དང་། ད་ནི་ལེགས་སོ་ཞེས་རབ་ཏུ་དགའ་བའི་སེམས་སྐྱེས་སོ། །དེའི་ཚེ་གནམ་ས་རྣམ་པ་དྲུག་ཏུ་གཡོས་ནས་གཟུགས་ཁམས་ཀྱི་ལྷ་མན་ཆད་སྟེང་གི་བར་སྣང་ལ་ལྷགས་ནས་བྱང་ཆུབ་སེམས་དཔའ་ཆོས་ཕྱིར་ལུས་སྲོག་ལ་མི་ལྟ་བའི་དཀའ་བ་སྤྱད་པ་དེ་མཐོང་ནས་འཆི་མ་ཆར་བཞིན་ཟག་ཅིང་། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་བརྒྱ་བྱིན་རང་གི་ལུས་སུ་བསྒྱུར་ཏེ། འདི་ལྟ་བུའི་དངོས་པོ་གང་གི་ཆེད་དུ་བགྱིད་པ་དང་། འགྱོད་པ་མེད་དམ་ཞེས་དྲི་བ་སྔ་མ་རྣམས་བཞིན་དུ་དྲིས་ཏེ། དེ་ལ་རྒྱལ་པོས་འགྱོད་པ་མེད་པའི་བདེན་ཚིག་གིས་ལུས་སྔར་བས་ཀྱང་ལྷག་པར་བཟང་པོར་གྱུར་ཏོ། ༈ །ཡང་སྔོན་རྒྱལ་པོ་ཤི་བི་ཞེས་བྱ་བར་གྱུར་པ་ན་སེམས་ཅན་རྣམས་ལ་ཅི་འདོད་པ་གཏོང་ཞིང་ལྷག་པར་ནད་པ་རྣམས་ལ་བྱམས་པར་བྱེད་དོ། །དེའི་ཚེ་ནད་པ་ཉམ་ཐག་པ་སྨན་པ་ཀུན་གྱིས་བོར་བ་ཞིག་རྒྱལ་པོ་དེའི་དྲུང་དུ་སོང་སྟེེ་ལྷ་བདག་ལ་དཔྱད་མཛོད་ཅིག །རྒྱལ་པོས་སྨན་པ་རྣམས་བོས་ནས་ནད་པ་དེ་གསོར་གཞུག་པ་དང་། དེ་དག་གིས་འདིའི་སྨན་ནི་ཤིན་ཏུ་རྙེད་དཀའ་སྟེ། བཙས་ནས་ཁྲོ་མ་མྱོང་བ་ཞིག་གི་ཁྲག་ལས་ནས་ཐུགས་བགྱིས་ཏེ་ཟླ་བ་དྲུག་ཏུ་བླུད་ན་འཚོ་བ་ལགས་སོ། །དེ་ནས་རྒྱལ་པོས་སྨན་དེ་ནི་དཀོན་ཏེ་དེ་འདྲ་བ་བདག་ཡིན་ནམ་སྙམ་དུ་བརྟགས་ནས། མ་མ་ལ་སྨྲས་པ། བདག་སྔར་སུ་ལ་ཡང་ཁྲོ་བ་ཡོད་དམ། དེས་སྨྲས་པ། གཞོན་ནུ་ཁྱོད་བདག་གི་པང་དུ་བྱོན་པ་དེ་ནས་བདག་ཀྱང་སུ་ལའང་ལན་གཅིག་ཀྱང་ཁྲོ་མ་མྱོང་ན་ཁྱོད་ལྟ་ཅི་སྨྲོས། དེ་ནས་མའི་དྲུང་དུ་སོང་སྟེ་དེ་ལྟར་དྲིས་པ་དང་། ཁྱོད་བདག་གི་རུམ་དུ་ཞུགས་ནས་བདག་ཀྱང་ཁྲོ་མ་མྱོང་ན་ཁྱོད་ལྟ་ཅི་སྨྲོས། དེ་ནས་སྨན་རྙེད་དོ་སྙམ་དུ་བསམས་ཏེ་སྨན་པ་རྣམས་ལ་ངའི་ལུས་ལས་ཁྲག་གཏར་ནས་ནད་པ་གསོས་ཤིག །དེ་དག་གིས་མ་ནུས་པ་དང་རྒྱལ་པོ་རང་གིས་རྩ་གཏར་བའི་ཁྲག་དེས་རྫིའུ་བཀང་ནས་ཟླ་བ་དྲུག་ཏུ་ཉི་མ་རེ་རེ་བཞིན་ནས་ཐུག་དང་སྦྱར་ཏེ་བླུད་པས་རྒྱལ་པོ་དེ་ལ་བྱམས་པའི་འཁོར་ཐམས་ཅད་ངུ་ཞིང་ཡུལ་སྣ་ཚོགས་ནས་ལྷགས་པ་རྣམས་ཀྱིས་ཀྱང་མི་གཅིག་གི་ཕྱིར་འདི་རྙེད་ཀྱི་སེམས་ཅན་འདོར་བ་ཞེས་འཕྱ་ཞིང་གླེང་ངོ་། །དེས་ནད་པ་དེ་སོས་པར་གྱུར་ཏོ། །དེར་རྒྱལ་པོ་དེའི་ལུས་ཁྲོལ་ཚགས་ལྟར་གྱུར་ནས་གཟི་བྱིན་ཉམས་ཀྱང་ལྷ་རྣམས་ཀྱིས་གཟི་བྱིན་བཅུག་སྟེ་འཚོ་བར་གྱུར་ཏོ། །མི་དེ་ནད་ཞི་བ་ན་རྒྱལ་པོས་གྲོང་རྡལ་མཆོག་ལྔ་བྱིན་ནས་ཡུལ་གྱི་གཙོ་བོར་བཀུར་བར་བྱས་སོ། །དེ་ལ་ཡ་མཚན་དུ་སྐྱེས་པའི་མི་རྣམས་ཀྱིས་མི་དེ་ལ་རྒྱལ་པོ་ཤི་བི་པས་ཁྱོད་ལ་རིམ་གྲོ་བྱས་ཞེས་གྲགས་པ་བདེན་ནམ། མི་དེས་བདག་ལ་ཅི་ཞིག་བྱས། ངན་ཁྲག་ས་ལ་ཕོའམ་གཞན་ལ་བྱིན་ཡང་རུང་སྟེ་ངོ་མཚར་ཅི་ཞིག་ཆེ་ཞེས་སྨྲས་མ་ཐག་ཏུ་དེའི་ཁྱིམ་ལ་མེ་ཤོར་ནས་ཐམས་ཅད་ཚིག་པར་གྱུར་ཏོ། ༈ །ཡང་ཤི་བིའི་རྒྱལ་པོའི་བུ་གཞོན་ནུ་ཞིག་ཏུ་གྱུར་པ་དེ་གཞོགས་ཕྱེད་སྐམ་པར་གྱུར་པ་ལ། གཞོན་ནུའི་ཡབ་རྒྱལ་པོ་དེ་ལ་སྨན་པ་རྣམས་ཀྱིས་ཤང་ཤང་ཏེའུའི་ཤ་བཅུད་ཐམས་ཅད་དང་མར་དུ་བསྙལ་ཏེ་བྱིན་ན་འཚོའོ་ཞེས་སྨྲས་ཏེ། བཅུད་ཐམས་ཅད་བསགས་ཀྱང་ཤང་ཤང་ཏེའུའི་ཤ་ལོ་བཅུ་གཉིས་སུ་མ་རྙེད་པ་དང་། སྨན་པ་རྣམས་ཀྱིས་བྱ་བ་དག་ལ་བསྒོ་བ། མེ་ལོང་དང་བྱ་གང་ཞིག་ཁྱེར་ནས་རྒྱ་མཚོའི་འགྲམ་དུ་དེད་ལ། དེར་སྙི་བཙུགས་ཏེ་བྱ་གག་གི་མདུན་དུ་མེ་ལོང་བཞག་ན། བྱ་གག་གིས་རང་གི་གཟུགས་བརྙན་མཐོང་ནས་འདི་བྱ་གག་ཡིན་ནོ་སྙམ་དུ་སྐད་འབྱིན་པར་འགྱུར་ལ། ཤང་ཤང་ཏེའུས་བྱ་གག་གི་སྐད་ཐོས་ནས་དེའི་དྲུང་དུ་འོང་བར་འགྱུར་ཏེ་དེ་གཟུང་བའི་ཐབས་ནི་དེ་ཡིན་ནོ་ཞེས་སྨྲས་པ་ལྟར་བྱས་ཏེ་ཤང་ཤང་ཏེའུ་ཞིག་ཟིན་ཏོ། །འཇིག་རྟེན་ཆགས་ནས་རིང་པོ་མ་ལོན་པའི་དུས་ན་ཆོས་ཉིད་ཀྱིས་དུད་འགྲོ་རྣམས་ཀྱང་མི་སྐད་སྨྲ་ཤེས་པས་ཤང་ཤང་ཏེའུ་དེས་སྨྲས་པ་བདག་གར་བཀྲི །དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་པ་དང་། དེས་སྨྲས་པ་ཐོངས་ཤིག་ཐོངས་ཤིག །ཤའི་མཐུ་ཡོད་པར་བྱེད་པའི་སྨན་དང་རིན་པོ་ཆེ་རྣམས་སྨྲའོ། །དེ་རྣམས་ཀྱིས་སྨྲས་པ། རེ་ཞིག་ཁྱོད་ཀྱི་སྨན་དེ་དག་ཇི་འདྲ་བ་ལྟ་ཡིས་སྟོན་ཅིག །དེས་སྨྲས་པ་བདག་ཁྲུས་བྱས་པའི་ཆུ་ལ་ཤའི་མཐུ་ཡོད་པས་དེ་ཁྱེར་ལ་དེངས་ཤིག །རིན་པོ་ཆེ་འདི་རྣམས་ཡིན་ནོ་ཞེས་བསྟན་ཀྱང་། རྒྱལ་པོས་འཇིགས་པས་རིན་པོ་ཆེ་རྣམས་བོར་ཞིང་ཤང་ཤང་ཏེའུ་དེ་ཁྱེར་ནས་རྒྱལ་པོ་ལ་ཕུལ་ཏེ་ཇི་སྐད་གྱུར་པ་རྣམས་ཀྱང་དེ་བཞིན་དུ་སྨྲས་སོ། །རྒྱལ་པོས་ཤང་ཤང་ཏེའུ་དེ་ལ་དྲིས་པ་དང་། ལྷ་བདག་གི་ཁྲུས་བྱས་པའི་ཆབ་ནི་ཤ་སྟོབས་ཅན་དུ་བགྱིས་པ་ལགས་སོ། །དེ་ནས་རྒྱལ་པོས་ཆུ་སྣོད་བདུན་ཆུ་བཟང་པོས་བཀང་བར་བཞག་པ་དེ་སྲིད་དུ་བྱ་དེ་ཁྲུས་བྱས་ནས་ངལ་སོས་པ་དང་མོད་ལ་ཁང་པའི་སྟེང་དུ་འཕུར་ནས་འཇིགས་པ་དང་བྲལ་ཏེ་སྨྲས་པ། རེ་ཞིག་ཐོག་མར་བདག་བླུན་ཏེ། ཕྱི་ནས་བྱ་བ་འདི་དག་གོ། །དེ་ནས་རྒྱལ་པོ་བླུན་པ་སྟེ། བླུན་པོའི་དཀྱིལ་འཁོར་ལེགས་པར་རྫོགས། ཞེས་སྨྲས་ནས་སོང་ངོ་། །ཇི་ཙམ་ན་གངས་རིའི་སུལ་ན་རང་སངས་རྒྱས་ལྔ་བརྒྱ་གནས་པ་ལས་དེ་ན་གཅིག་གཞོགས་ཕྱེད་སྐམ་པར་གྱུར་ལ་རང་སངས་རྒྱས་དེ་དག་གིས་ཚེ་དང་ལྡན་པ་ལྗོངས་སུ་སོང་ལ་སྨན་པ་བསྟེན་དང་སོས་པར་འགྱུར་རོ། །དེས་སྨྲས་པ། སྐྱེ་བོ་མང་པོས་མི་འདོད་པ་དང་། ཡིད་དུ་མི་འོང་བའི་ཆོས་དང་། སེམས་ཅན་ཐམས་ཅད་ལ་ཐུན་མོང་གི་ཆོས་ནི་འདི་ལྟ་སྟེ་འཆི་བ་ཞེས་བྱ་བ་དེ་འོངས་ནས་བདག་ནད་དང་བཅས་ཏེ་འཁྱེར་བ་འགྱུར་ན་བདག་ཅིའི་ཕྱིར་གྲོང་དུ་འགྲོ །དེ་རྣམས་ཀྱིས་སྨྲས་པ། དེ་ལྟ་མོད་ཀྱི་འོན་ཀྱང་གང་ཟག་སྐྱེས་བུ་ཚུལ་ཁྲིམས་དང་ལྡན་པ་ཇི་ཙམ་དུ་འཚོ་བ་དེ་ཙམ་དུ་བསོད་ནམས་བསོགས་ལ། ཇི་ཙམ་བསོད་ནམས་བསགས་པ་དེ་ཙམ་དུ་མཐོ་རིས་སུ་དགའ་བར་འགྱུར་རོ་ཞེས་སྐུལ་མ་བཏབ་ནས་ལྗོངས་སུ་བབ་སྟེ་རིམ་གྱིས་ཡུལ་ཤི་བིའི་དབྱངས་ཀྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་སྨན་པ་ལ་ནད་འདི་ལ་ཕན་པའི་སྨན་སྟོན་ཅིག །སྨན་པས་སྨྲས་པ་འཕགས་པ་ཁྱེད་ཀྱི་ནད་འདི་ཇི་ལྟ་བར་རྒྱལ་པོའི་སྲས་ཀྱི་ནད་ཀྱང་དེ་འདྲ་སྟེ། ལོ་བཅུ་གཉིས་ཀྱི་བཅུད་ཐམས་ཅད་མར་དང་བཙོས་པ་མཆིས་ཀྱིས་བཞུད་ལ་སློངས་ཤིག །གལ་ཏེ་ཐོབ་ན་དེས་འཚོ་བར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་དེའི་སྒོར་སློང་བའི་སྐྱེ་བོ་དག་བྱུང་ན་སྦྲོན་པའི་སླད་དུ་དྲིལ་བུ་འདོགས་སོ། །རང་སངས་རྒྱས་དེ་ཕོ་བྲང་གི་སྒོར་སོང་ཏེ་དྲིལ་བུ་དེ་དཀྲོལ་ལོ། །དེ་ནས་རྒྱལ་བུས་ཕ་མ་ལ་སྨྲས་པ། ཡབ་ཡུམ་སློང་བ་ཞིག་མཆིས་ཀྱིས་ཅི་སློང་སྨྲོས་ཤིག །དེ་གཉིས་ཀྱིས་སྨྲས་པ། བུ་བདག་ཅག་གིས་ལོ་བཅུ་གཉིས་སུ་རྫས་རྣམས་བསགས་ཏེ་བཙོས་ནས་བྱས་པའི་བཅུད་འདི་འཐུངས་དང་། ཕྱི་ནས་སློང་བ་པོ་ནང་དུ་བཀུག་ལ་ཅི་སློང་བ་དྲིའོ། །དེ་ངོ་མཚར་དང་བཀྲ་ཤིས་བདེ་ལེགས་སུ་བྱས་ནས་མར་འཐུང་བར་འདོད་ན། སློང་བ་པོའི་སྐྱེ་བོའི་རེ་བ་ཡིད་ལ་བཅགས་པས་གནད་དུ་ཕོག་ནས་མ་འཐུངས་པར་སྨྲས་པ། ཡབ་ཡུམ་རེ་ཞིག་སློང་བ་པོ་ནང་དུ་མ་བཀུག་གི་བར་དུ་མི་འཚལ་ལོ། །རྒྱལ་པོས་སྒོ་བ་ལ་བསྒོས་ཏེ་སློང་བ་པོ་ནང་དུ་བཏང་བ་དང་། རྒྱལ་བུས་འཕགས་པ་ཅི་ཞིག་བཞེད། དེས་རྒྱས་པར་སྨྲས་པ་དང་། རྒྱལ་བུ་ན་རེ། འཕགས་པ་བཅུད་ནི་ཁྱོད་ཁོ་ན་ལ་འོས་ཀྱི་བདག་ལ་མ་ལགས་པས་དབུལ་གྱིས་བཞེས་ཤིག །དེས་ལྷུང་བཟེད་ཟེད་པ་དང་དགའ་བའི་བསམ་པ་དྲག་པོས་བཅུད་དེར་བླུགས་སོ། །བདག་ཉིད་ཆེན་པོ་དེས་ཀྱང་རྒྱལ་བུས་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པ་དང་། འཕགས་པ་དེ་ཡང་ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་འགྲུབ་པར་འགྱུར་བ་ཡིན་པའི་ཕྱིར་སྨོན་ལམ་བཏབ་སྟེ་རྒྱལ་བུ་དང་རང་སངས་རྒྱས་གཉིས་ཀ་ནད་ལས་ཐར་བར་གྱུར་ཏོ། །རྒྱལ་པོ་སེང་གེའི་སྲས་ཕན་འདོད་ཅེས་བྱ་བའི་རབས་ཀྱང་འདི་དང་ཚུལ་འདྲ་ལ་ཅུང་ཟད་མི་འདྲ་བའི་ཁྱད་པར་ཡོད་པ་ཞིག་ཀྱང་ཡོད་དོ། ༈ །སྔོན་བཱ་ར་ཎཱ་སིར་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བར་གྱུར་པ་སྙིང་བརྩེ་ཅན་དེས་རང་གི་བློན་པོ་ལྔ་བརྒྱ་སོ་སོ་རྒྱལ་པོ་ལ་ཁ་ཟེར་བའི་གླེང་བ་ཐོས་ནས་རྒྱལ་པོས་འདི་རྣམས་བསད་དེ་ཅི་རུང་སྙམ་དུ་སྙིང་རྗེའི་སེམས་ཀྱིས་མ་བསད་པར་ཡུལ་ནས་བཏོན་ལ་བྱེ་གླིང་ཞིག་ཏུ་ཕྱིན་ཏེ། དེ་རྣམས་སྐོམས་པས་ཉེན་ཀྱང་ཆུ་མ་མཐོང་ནས་སྐད་ཕྱུང་བ་དང་། ཕྱོགས་དེར་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་མཆོག་ཅིག་ཏུ་གྱུར་པས་མཐོང་བས་སྣ་ཆུས་བཀང་སྟེ་བརྒྱུགས་ནས་བློན་པོ་དེ་རྣམས་ཀྱི་ཁ་བཤལ་ཏེ་རང་གི་རྒྱབ་ཏུ་ཞོན་བཅུག་ནས་རི་སུལ་དུ་བསྐྱལ་ཞིང་འབབ་ཆུ་དང་འབྲས་བུ་དང་རྩ་བས་ཚིམ་པར་བྱས་ནས་སྨྲས་པ། རི་འདིའི་ཕ་རོལ་ན་གླང་པོ་ཆེའི་གཙོ་བོ་ཞིག་གི་རོ་ཡོད་ཀྱི། དེའི་རྒྱུ་ལྟོ་བཀྲུས་ལ་ཆུས་བཀང་སྟེ་རྩ་བ་དང་འབྲས་བུ་བསྡུས་ལ་དེངས་ཤིག་དང་དེ་ལྟར་ན་འབྲོག་འདི་བརྒལ་བར་འགྱུར་རོ་ཞེས་བསྟན་ནས། གླང་པོ་ཆེ་དེ་རི་དེ་ལ་འཛེགས་ནས་ཇི་ལྟར་བདག་གིས་ཉམ་ཐག་འདི་དག་བསྐྱབས་པའི་ཐབས་བསྟན་ཅིང་རང་གི་སྲོག་བཏང་བ་བཞིན་དུ་བདག་སངས་རྒྱས་ནས་འདི་དག་བདག་གིས་འཁོར་བའི་འབྲོག་དགོན་པ་ལས་བསྒྲལ་བར་གྱུར་ཅིག་ཅེས་སྨྲས་ཏེ། རི་དེའི་ཁ་ནས་མཆོངས་པས་ཤི་བར་གྱུར་ཏོ། །བློན་པོ་རྣམས་ཀྱིས་བཙལ་བ་ན་དེ་མཐོང་སྟེ། བདག་ཅག་ལ་སྲོག་སྦྱིན་པའི་གླང་པོ་ཁར་སང་གི་དེ་འདི་ཡིན་ན་འདིའི་སྟེང་དུ་ལག་པ་བཞག་ན་བདག་ཅག་གི་ལག་པ་ས་ལ་ཅི་སྟེ་མི་ལྷུང་ཞེས་གླེང་ངོ་། །དེའི་ཚེ་གནས་གཙང་མའི་ལྷས་བདག་ཉིད་ཆེན་པོ་འདིས་གང་གི་དོན་སྲོག་གཏང་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱིས་ཞེས་སྨྲས་སོ། །དེ་ནས་དེ་རྣམས་ཀྱིས་གླང་པོ་དེའི་རྒྱུ་ལྟོ་བཀྲུས་ཏེ་ཆུས་བཀང་ནས་རྩ་བ་དང་འབྲས་བུ་རྣམས་ཁྱེར། གླང་པོ་དེའི་རོལ་མཆོད་པ་བྱས་ཏེ་འབྲོག་བརྟོལ་ནས་བདག་ཉིད་ཆེན་པོ་འདི་སངས་རྒྱས་པའི་ཚེ་ན་བདག་ཅག་འཁོར་བ་ལས་བསྒྲལ་བར་སྨོན་ལམ་བཏབ་བོ། ༈ །སྔོན་འདས་པའི་དུས་ན་གྲོང་ཁྱེར་བཱ་ཱརཱ་ཎ་སིར་བཅོམ་ལྡན་འདས་འདི་ཉིད་རྒྱལ་པོ་པདྨ་ཞེས་བྱ་བར་སྐྱེ་བ་བཞེས་ནས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བྱམས་པས་བསྐྱངས་ཞིང་གཏོང་བ་དང་གཏོང་བ་ཆེན་པོར་ཞུགས་པར་བྱས་སོ། །དེའི་ཚེ་དུས་ཚིགས་མ་སྙོམས་པས་མི་ནད་ཆེན་པོ་བྱུང་སྟེ། སེམས་ཅན་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པ་ལ། རྒྱལ་པོ་དེས་སྙིང་རྗེ་བསྐྱེད་ནས་སྨན་པ་ཐམས་ཅད་བསྡུས་ཤིང་སྨན་གྱིས་གསོ་བར་བྱས་ཀྱང་ཡུན་རིང་པོར་སེམས་ཅན་དེ་དག་གསོ་མ་ནུས་ནས། སྨན་པ་རྣམས་ཀྱིས་སྨྲས་པ། སྨན་སྣ་གཅིག་མཆིས་པ་ནི་ཉ་རོ་ཧི་ཏ་ཞེས་པ་དེ་རྙེད་ན་གསོ་ནུས་ཀྱི་གཞན་གང་གིས་གསོ་མི་ནུས་སོ་ཞེས་སྨྲས་པ་བཞིན། རྒྱལ་པོས་ཉ་རོ་ཧི་ཏ་ཀུན་ཏུ་བཙལ་ཀྱང་མ་རྙེད་དོ། །ཕྱིས་ཞིག་ན་རྒྱལ་པོ་འཆག་ཏུ་གཤེགས་པ་ན། ནད་པ་དེ་དག་འདུས་ཏེ་རྒྱལ་པོ་ལ་བདག་ཅག་ནད་འདི་ལས་བསྐྱབ་ཅིང་སྲོག་སྩལ་དུ་གསོལ་ཞེས་ཞུས་སོ། །རྒྱལ་པོ་དེས་དེ་རྣམས་ལ་སྙིང་རྗེ་བསྐྱེད་ཅིང་མཆི་མ་འཛག་བཞིན་དུ། བདག་གིས་གཞན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཞི་བར་བྱེད་མ་ནུས་ན། འཚོ་བ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་འདིས་ཅི་དགོས་སྙམ་དུ། ནོར་ཕལ་པོ་ཆེ་ཡོངས་སུ་གཏོང་བར་བྱས། བུ་ཐུ་བོ་རྒྱལ་པོར་བཅུག་ཅིང་ཉེ་དུ་དང་སྐྱེ་བོ་རྣམས་ལ་ཉེས་པ་བཤགས། ཕོ་བྲང་གི་མི་དང་བློན་པོ་རྣམས་སྤྲོ་བ་སྲིང་བས་བསྟོད། ནད་པ་སྡུག་པ་རྣམས་དབུགས་དབྱུང་། བརྟུལ་ཞུགས་ཡན་ལག་བརྒྱད་པ་ལ་གནས་ནས་ཁང་བཟང་གི་སྟེང་དུ་སོང་སྟེ་མེ་ཏོག་དང་བདུག་པ་སོགས་གཏོར་ནས་ཤར་དུ་ཁ་བལྟས་ཏེ་སྨོན་ལམ་བཏབ་ལ། བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་ཤིན་ཏུ་ཕོངས་པ་རྣམས་ནད་ཀྱིས་གཟིར་བ་མཐོང་ནས་རང་གི་སྲོག་ཕོངས་པ་བཏང་བ་འདིས་བདག་ཆུ་ཀླུང་ཟློག་བྱེད་འདིའི་ནང་དུ་ཉ་རོ་ཧི་ཏར་སྐྱེ་བར་ཤོག་ཅེས་སྨྲས་ཏེ་ཁང་བཟང་གི་སྟེང་ནས་བདག་ཉིད་མཆོངས་སོ། །དེར་ལྷུང་བའི་མོད་ལ་ཤི་ནས་ཆུ་ཀླུང་ཟློག་བྱེད་ཀྱི་ནང་དུ་ཉ་རོ་ཧི་ཏར་སྐྱེས་སོ། །དེར་ལྷ་རྣམས་ཀྱིས་ཡུལ་ཀུན་ཏུ་ཉ་རོ་ཧི་ཏ་ཆུ་ཀླུང་ཟློག་བྱེད་དུ་སྐྱེས་པ་དེས་ནད་ཚབས་བོ་ཆེས་ཡུན་རིང་གཟིར་བ་རྣམས་ཀྱི་བདུད་རྩི་དང་འདྲའོ་ཞེས་བསྒྲགས་པས། དེ་ཐོས་མ་ཐག་ཏུ་སྐྱེ་བོ་རྣམས་མཚོན་དང་རྐོན་པ་ཐོགས་ཏེ་ཉ་གསོན་པོ་དེའི་ཤ་གཅོད་པ་ལ་ཞུགས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་གཅོད་པ་ན་སེམས་ཅན་དེ་དག་ལ་བྱམས་པས་ཁྱབ་པར་བྱས་ནས་གདོང་མཆི་མ་དྲོན་མོ་འཛག་ཅིང་། བདག་གིས་ཤ་ཁྲག་གིས་སེམས་ཅན་འདི་དག་བདེ་བར་འགྱུར་བ་ནི་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་དེ་ལྟར་ལོ་བཅུ་གཉིས་ཀྱི་བར་དུ་རང་གི་ཤ་ཁྲག་གིས་སེམས་ཅན་དེ་དག་ཚིམ་པར་བྱས་ཏེ་བླ་མེད་རྫོགས་པའི་བྱང་ཆུབ་ལས་སེམས་མ་ལོག་གོ། །གང་གི་ཚེ་སེམས་ཅན་དེ་ཐམས་ཅད་ནད་ཞི་བར་གྱུར་པ་དེའི་ཚེ་ཉ་རོ་ཧི་ཏ་དེས་བསྒྲགས་པ། ཀྱེ་སེམས་ཅན་དག་ཁྱོད་ཉོན་ཅིག །ང་ནི་རྒྱལ་པོ་པདྨ་ཞེས་བྱ་བ་དེ་ཡིན་ཏེ། ངས་ཁྱོད་ཀྱི་དོན་དུ་རང་གི་སྲོག་ཡོངས་སུ་བཏང་ནས་ལུས་འདི་ལྟ་བུ་བླངས་པ་ཡིན་གྱིས། ང་ལ་སེམས་དགའ་བར་གྱིས་ཤིག་དང་། གང་གི་ཚེ་ང་བླ་མེད་རྫོགས་པའི་བྱང་ཆུབ་འཐོབ་པའི་ཚེ་ཡང་ཁྱེད་ནད་ལས་གཏན་དུ་ཐར་བར་བྱ་སྟེ། མྱ་ངན་ལས་འདས་པ་གཞན་གང་གི་མཐར་ཐུག་པ་གྲུབ་པ་དང་བདེ་བ་ལ་འགོད་པར་བྱའོ། །ཞེས་སྨྲས་སོ། །དེ་སྐད་ཐོས་ནས་སྐྱེ་བོའི་ཚོགས་དེ་དག་དང་། རྒྱལ་བློན་འཁོར་གྱི་མི་རྣམས་ཀྱིས་མེ་ཏོག་སོགས་ཀྱིས་མཆོད་ནས་སྨོན་ལམ་བཏབ་པ། ཤིན་ཏུ་དཀའ་བ་བྱེད་པ་ཁྱོད་འཚང་རྒྱ་བའི་ཚེ་ན་བདག་ཅག་ཁྱོད་ཀྱི་ཉན་ཐོས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། ༈ །ཡང་སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་ཉིད་གྲོང་ཁྱེར་བཱ་ཱརཱ་ཱཎ་སིར་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་པ་འབྱོར་ཞིང་བདེ་བ། ནད་དང་མུ་གེ་ནང་འཁྲུགས་སོགས་མེད་པ། རྒྱལ་པོ་དེ་ཡང་ཆོས་འདོད་ཅིང་སྙིང་རྗེ་ཆེ་བ་གཏོང་བ་ལ་གནས་པ་ཞིག་གོ། །དེར་དུས་ཕྱི་ཞིག་ན་བར་གྱི་བསྐལ་པ་དང་འདྲ་བར་མུ་གེ་ཆེན་པོ་བྱུང་ནས་མི་རྣམས་ཡི་དྭགས་དང་འདྲ་བར་གྱུར་ནས་རྒྱལ་པོ་ལ་སྐྱབས་སུ་དོང་ངོ་། །རྒྱལ་པོས་མཛོད་ན་ཅི་ཡོད་པའི་ཟས་སྐོམ་ལ་གཞལ་ཏེ་རྩིས་པ་མཁས་པས་རྩིས་ནས། མི་ཐམས་ཅད་ཉིན་རེ་བཞིན་ཁམ་རེ་རེ་དང་རྒྱལ་པོ་ལ་ཁམས་གཉིས་རེ་གསོལ་བར་བྱས་སོ། །དེར་རྩིས་ལ་མ་གཏོགས་པའི་བྲམ་ཟེ་གཅིག་ལྷགས་པ་ལ། རྒྱལ་པོའི་ཁམ་གཉིས་ལས་གཅིག་བྱིན་པས་རྒྱལ་པོ་དང་ཡུལ་མི་ཐམས་ཅད་ཉིན་རེ་ཁམ་རེ་ཟ་བར་བྱས་སོ། །དེའི་ཚེ་ལྷའི་དབང་པོས་རྒྱལ་པོ་འདི་ལྟར་དཀའ་བ་བྱེད་པ་དེ་བགམ་པར་བྱའོ་སྙམ་དུ་བྲམ་ཟེའི་ཆ་ལུགས་སུ་བྱས་ནས། གོ་ལ་བབ་པའི་ཚེ་རྒྱལ་པོ་ལ་ཉིད་ཀྱི་ཁམ་གཅིག་པོ་དེ་བདག་ལ་སྩོལ་ཞེས་ཞུས་པས། རྒྱལ་པོས་རང་གི་སྲོག་ཡོངས་སུ་བཏང་སྟེ་ཁམ་གཅིག་པོ་བྲམ་ཟེ་ལ་བྱིན་ནོ་དེ་ལྟར་ཉིན་གཅིག་ནས་ཞག་དྲུག་གི་ཟན་བཅད་ཀྱང་སྐྱེ་བོ་གཞན་ཟན་ཟ་བར་མཐོང་ནས་དགའ་བར་གྱུར་ཏོ། །ལྷའི་དབང་པོས་རྒྱལ་པོ་དེ་ལྟར་ཤིན་ཏུ་དཀའ་བ་བྱེད་པ་མཐོང་ནས། རང་གི་གཟུགས་བསྟན་ཏེ། སྐྱེ་དགུ་སྐྱོང་བ་འདི་ལྟ་བུ་ཡོད་པས་སྐྱེ་བོ་མགོན་དང་བཅས་པ་སྟེ་ལེགས་སོ། །ཁྱོད་ཀྱི་དཀའ་བ་འདིས་བདག་མཉེས་སོ། །ད་ས་བོན་ཐམས་ཅད་ཐོབ་ཅེས་ཡུལ་ཐམས་ཅད་དུ་བསྒོ་བར་གྱིས་དང་། བདག་གིས་ཞག་བདུན་ན་འབྲུ་རྣམས་རྒྱས་པར་འགྱུར་བ་དེ་ལྟ་བུའི་དབང་ཆེན་གྱི་ཆར་པ་དབབ་པར་བྱའོ་ཞེས་སྨྲས་པ་བཞིན་ཆར་བབ་སྟེ་མུ་གེ་མེད་པར་ལོ་ལེགས་ཤིང་བདེ་བར་གྱུར་ཏོ། ༈ །ཡང་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཞི་ལྡན་ཞེས་བྱ་བར་གྱུར་ནས་སྙིང་རྗེ་ཆེན་པོས་ཐམས་ཅད་གཏོང་བ་ལ་ཞུགས་ཏེ། མཆོད་སྦྱིན་གྱི་འདུན་ཁང་དུ་ཟས་སྐོམ་དང་གོས་དང་རིན་པོ་ཆེ་སོགས་ཅི་འདོད་པ་སྟེར་བ་དང་། བཙུན་མོའི་འཁོར་དང་། བུ་རྣམས་དང་། བློན་པོ་དང་ཡུལ་གྱི་མི་རྣམས་ལ་ཡང་ཅི་འདོད་པར་བྱིན་ཡང་བསོད་ནམས་ཀྱིས་ཆོག་མ་ཤེས་པར་བདག་གིས་མི་རྣམས་ཚིམ་པར་བྱས་ཀྱང་། སྲོག་ཆགས་ཕྲ་མོ་རྣམས་ལུས་པ་དེ་རྣམས་ཅི་ཞིག་གིས་ཚིམ་པར་བྱ་སྙམ་དུ། རང་ལ་བདོག་པ་ཐམས་ཅད་བཏང་བས་གོས་ཡ་གཅིག་ལས་མེད་པར་རང་ལུས་སྦྱིན་པར་བསམས་ནས་ལུས་པོ་བཞོགས་ཤིང་ཤ་སྦྲང་སོགས་ཡོད་སར་ལུས་བོར་ཏེ་འདུག་ནས་ཁྲག་གིས་ཚིམ་པར་བྱས་སོ། །དེ་བགམ་པའི་ཕྱིར་བརྒྱ་བྱིན་བྱ་རྒོད་ནག་པོར་སྤྲུལ་ཏེ། མིག་བྲུ་བར་གཟས་པ་ན། རྒྱལ་པོ་མི་སྐྲག་པར་ངའི་ལུས་ལས་ཅི་འདོད་པ་ལོངས་ཞེས་སྨྲས་སོ། །དེ་ནས་བརྒྱ་བྱིན་བྲམ་ཟེའི་གཟུགས་ཀྱིས་མིག་བསླངས་པ་ལ། ངེས་སྨྲས་པ་ངའི་ལུས་འདི་ལ་འགོག་པ་སུ་ཡང་མེད་ཀྱིས་ཁྱེེར་ཅིག་ཅེས་བྱས་པས་བརྒྱ་བྱིན་རང་གི་གཟུགས་བསྟན་ཏེ་བསྟོད་ཅིང་བསྔགས་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོའི་ཕོ་བྲང་ཨུཏྤལ་དང་ལྡན་པ་ཞེས་བྱ་བའི་ཕྱོགས་སུ། གྲོང་ཁྱེར་གྱི་གཙོ་བོའི་བུད་མེད་ལྷ་མོ་དང་འདྲ་བའི་གཟུགས་ལྡན་མ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་ན་གཞན་ཕན་ལ་བརྩོན་པར་གྱུར་ཏོ། །དུས་ཞིག་ན་ཡུལ་དེར་ཆར་མེད་ཅིང་ས་སྐམ་པོར་གྱུར་པས་མུ་གེའི་ཉེན་པ་ཆེན་པོ་བྱུང་སྟེ་སེམས་ཅན་རྣམས་ཤིན་ཏུ་ཉམ་ཐག་པའི་ཚེ་ན། དེར་བུད་མེད་དབུལ་མོ་བུ་བྱུང་བ་ཤིན་ཏུ་རིད་པ་བཀྲེས་པ་དྲག་པོས་རང་གི་བུ་བཟའ་བར་འདོད་པ་ཞིག་མཐོང་ངོ་། །དེས་དེ་ལ་སྲིང་མོ་ཤིན་ཏུ་མི་བཟད་པའི་ལས་བྱེད་དམ་ཞེས་སྨྲས་པ་ལ། བུད་མེད་དེས་འདི་ནི་སྦྱིན་པའི་ངང་ཚུལ་ཅན་ནོ་སྙམ་དུ་རང་གི་གནས་སྐབས་ཇི་ལྟར་བར་སྨྲས་ཏེ་བུ་བཟའ་བར་འདོད་དོ་ཞེས་བྱས་པ་ལ། དེས་ཤིན་ཏུ་སྙིང་རྗེ་ཞིང་མཆི་མ་ཀླག་སྟེ་བུ་བཟར་མི་འོས་པའི་གཏམ་སྨྲས་ཀྱང་དེ་བཀྲེས་པས་མི་བཟར་མི་བཟོད་དོ་ཞེས་སྨྲས་པ་ལ། གཟུགས་ལྡན་མས་བསམས་པ། གལ་ཏེ་ཁྱིམ་དུ་སོང་སྟེ་བཟའ་བར་བླངས་ན་འདི་བཀྲེས་པས་དེའི་བར་དུ་བུ་ཟ་བར་འགྱུར་ལ། བུ་འདི་བདག་གིས་ཁྱེར་ཏེ་སོང་ན་འདི་བཀྲེས་པས་ཤི་ཡང་སྲིད་དོ་སྙམ་དུ་བསམས་ནས་རང་གི་ལུས་ལས་སྙིང་རྗེ་ལེན་པའི་ཕྱིར་འདི་ལ་ཤ་ཁྲག་སྦྱིན་ནོ་སྙམ་མོ། །དེར་བུད་མེད་དེས་གཟུགས་ལྡན་མ་ལ་ཁྱོད་འདིར་འདུག་བཞིན་བདག་གིས་བྱིས་པ་བཟར་མི་སྤོབས་པས་སོངས་ཤིག་ཅེས་བྱས་སོ། །གཟུགས་ལྡན་མས་ཁྱོད་ལ་མཚོན་ཅུང་ཟད་ཡོད་ན་ལོངས་ཤིག །དེས་མཚོན་བྱིན་པ་དང་། རང་གི་ནུ་མ་གསེར་གྱི་བུམ་པ་ལྟ་བུ་གཉིས་བཅད་ནས་དེ་ལ་བྱིན་ནས་རང་གི་ཁྱིམ་དུ་སོང་ངོ་། །དེའི་ལུས་དང་མུ་ཏིག་གི་དོ་ཤལ་སོགས་ཁྲག་གིས་གོས་པར་མཐོང་ནས། རང་གི་ཁྱིམ་ཐབ་སྟན་ལས་ལངས་ཏེ། ཅིའི་ཕྱིར་ནུ་མ་བཅད་ཅེས་དྲིས་པ་ལ། དེས་ཀྱང་ཇི་ལྟར་གྱུར་པ་བཤད་དེ། བཀྲེས་པས་ཉེན་པའི་བུད་མེད་དེ་ལ་བཟའ་བཏུང་སྦྱིན་པར་འོས་ཞེས་སྨྲས་པ། དེས་ཀྱང་དེ་ལྟར་བྱས་སོ། །དེ་ལྟར་གཟུགས་ལྡན་མའི་ངོ་མཚར་བ་སྐྱེ་བོའི་ཚོགས་ཀྱིས་གླེང་བར་གྱུར་ཏོ། །ཁྱིམ་ཐབ་དེས་འདི་སྙམ་དུ་ཇི་ལྟར་སྐྱེས་པ་གཞན་གྱིས་ཀྱང་སྦྱིན་པ་འདི་འདྲ་མི་ནུས་པས་ན་བདེན་པ་དེས་འདིའི་ནུ་མ་སྔར་ལྟར་ཤོག་ཅེས་བརྗོད་པའི་མོད་ལ་སྔར་ལྟར་གྱུར་ཏོ། །དེ་ནས་ལྷའི་བདག་པོས་འཇིག་རྟེན་ཐམས་ཅད་ཀྱི་གཏོང་བ་ལས་ལྷག་པར་གྱུར་པའི་གཟུགས་ལྡན་མ་འདི་ལྷའི་གྲོང་ཁྱེར་དུ་ཁྲིད་དེ་རང་ཉིད་ཀྱིས་བདག་ཏུ་བྱེད་འདོད་པས་མངོན་པར་འདོད་པའི་བྲམ་ཟེའི་གཟུགས་སུ་སྤྲུལ་ཏེ། སློང་མོའི་ཟོལ་གྱིས་གཟུགས་ལྡན་མའི་ཁྱིམ་དུ་སོང་ངོ་། །དེས་བཟའ་བཏུང་བཟང་པོ་ཁྱེར་བ་དང་། དེས་སྨྲས་པ། ཁྱོད་ཀྱི་ནུ་མ་བཏང་བའི་སྙན་གྲགས་འཇིག་རྟེན་དུ་ཁྱབ་པར་གྱུར་ན། དཀའ་བ་འདིས་ལྷའི་དབང་པོའི་གནས་སོགས་ཅི་ཞིག་དོན་དུ་གཉེར། དེས་སྨྲས་པ། བདག་ནི་བླ་མེད་བྱང་ཆུབ་འདོད་པ་ཡིན་ཏེ། བདེན་པའི་ཚིག་དེས་བདག་སྐྱེས་པ་ཉིད་དུ་གྱུར་ཅིག་ཅེས་བརྗོད་པའི་མོད་ལ་སྐྱེས་པའི་དངོས་པོར་གྱུར་ཏེ། བརྒྱ་བྱིན་རང་གི་གནས་སུ་སོང་ངོ་། །དེར་བྱང་ཆུབ་སེམས་དཔའ་གཟུགས་ལྡན་ཞེས་མིང་གྲགས་སོ། །ཡུལ་དེའི་རྒྱལ་པོ་སྲས་མེད་པར་གྲོང་པའི་ཚེ་བློན་པོ་སོགས་ཀྱིས་གྲོས་བྱས་ཏེ། གཞོན་ནུ་གཟུགས་ལྡན་འདི་ལ་རྒྱལ་པོའི་མཚན་ཐམས་ཅད་ཚང་པས་འདི་རྒྱལ་པོར་དབང་བསྐུར་བར་བྱའོ་ཞེས་བྱས་ཏེ་རྒྱལ་པོར་བྱས་སོ། །དེས་ཆོས་བཞིན་ཁྲིམས་ཀྱིས་ས་ཐམས་ཅད་བསྐྱངས་ཞིང་སྐྱེ་དགུ་རྣམས་བདེ་ཞིང་ཆར་འབེབས་པ་སོགས་དུས་ཚིགས་ལེགས་པར་རྒྱུ་བས་ཐམས་ཅད་དར་བར་གྱུར་པའི་ཚེ། ས་སྐྱོང་དེ་སེང་གེའི་ཁྲི་ལ་འདུག་ནས་སྐྱེ་བོ་ཐམས་ཅད་ལ་བདག་གིས་སྦྱིན་པ་བྱས་པའི་རྣམ་སྨིན་གྱིས་ཚེ་འདིར་སྐྱེས་པའི་དངོས་པོ་ཐོབ་པ་སོགས་ནི་མེ་ཏོག་ཙམ་ཞིག་སྟེ། ཕ་རོལ་དུ་ནི་འབྲས་བུ་རྒྱ་ཆེན་པོ་སངས་རྒྱས་འབྱུང་བས་ན་སུ་ཞིག་ཚུལ་ཁྲིམས་དང་སྦྱིན་པའི་བསོད་ནམས་ལ་གུས་པར་མི་བྱེད་ཅེས་ཆོས་བསྟན་པས་སྐྱེ་དགུ་རྣམས་དགེ་བའི་ལམ་ལ་བཀོད་པར་མཛད་དོ། ༈ །ཡང་སྔོན་གྱི་ཚེ་རྣམ་ཐོས་བུ་དང་འདྲ་བའི་ཚོང་དཔོན་གྱི་རིགས་ཆེན་པོ་ཟླ་འོད་ཅེས་བྱ་བ་ཞིག་ཏུ་གྱུར་པའི་ཚེ་སྦྱིན་གཏོང་རྒྱ་ཆེན་པོ་བྱས་ཤིང་། ཡོན་ཏན་ཅན་གྱི་བླ་མ་རྣམས་ལས། བསྟན་བཅོས་དང་སྙན་ངག་ཐམས་ཅད་ལ་བསླབས་པས་མཁས་པའི་གྲགས་པའི་འོད་ཟེར་ཀུན་ཏུ་ཁྱབ་པར་གྱུར་པ་དེ་ལ། རང་གི་བླ་མའི་འཁོར་ལྔ་བརྒྱས་ཁྱོད་བརྩེ་བ་ཆེ་བས་གལ་ཏེ་སྲོག་སློང་བ་བྱུང་ནའང་སྟེར་རོ་སྙམ་མོ་ཞེས་སྨྲས་པ་ལ། དེ་ན་རེ། སློང་བ་པོ་ནི་སྦྱིན་པ་པོ་ལ་ཕན་ཁྱད་པར་དུ་གདགས་པ་ཡིན་པས་དེ་ལ་ཅིའི་ཕྱིར་མི་བརྩེ་སྟེ་བརྩེའོ་ཞེས་སྨྲས་སོ། །དེ་དག་གིས་སྨྲས་པ། ཁྱོད་དེ་ལྟར་སྦྱིན་ན་དབང་པོ་དང་འཁོར་སྒྱུར་སོགས་ཅི་ཞིག་འདོད། དེས་སྨྲས་པ་བདག་ནི་འཁོར་བའི་བདེ་བ་མི་བརྟན་པ་མི་འདོད་དེ། སེམས་ཅན་ཐམས་ཅད་སྒྲོལ་བའི་ཆེད་དུ་བླ་མེད་བྱང་ཆུབ་འདོད་དོ་ཞེས་སྨྲས་པ་ལ་དེ་དག་དགའ་བཞིན་སོང་ངོ་། །དུས་ཞིག་ན་བདག་ཉིད་ཆེན་པོ་དེས་བདག་གིས་སློང་མོ་བའི་སྐྱེ་བོའི་དོན་བྱས་ཏེ། ད་ནི་རང་གི་ཤ་ཁྲག་གིས་དུད་འགྲོ་རྣམས་ཚིམས་པར་བྱའོ་ཞེས་མཚོན་ཆ་དང་སྦྲང་རྩི་དང་མར་བླངས་ཏེ། གཉེན་འདུན་རྣམས་ལ་མ་སྨྲས་པར་མཚན་མོའི་དུས་སུ་དུར་ཁྲོད་དུ་སོང་ནས་རོའི་ཚོགས་ལ་བརྟགས་ཏེ་ཆགས་པ་དང་བྲལ་བར་བྱས་ཤིང་མཚོན་ཆ་རྣོན་པོས་རང་གི་ཡན་ལག་ཀུན་གཞོགས་ཏེ་སྦྲང་རྩི་དང་མར་གྱིས་བྱུགས་པས་འཛག་པར་བྱས་ནས་གྲོག་སྤུར་རྣམས་ལ་ཟར་བཅུག་གོ། །དེར་འདབ་ཆགས་དྲག་པོས་དེའི་མིག་བྲུས་ནས་དེ་ལ་སླར་སྨྲས་པ། མིག་བཏོན་པས་སྡུག་བསྔལ་ཆེན་པོ་མྱོང་ངམ་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔའ་ན་རེ། གལ་ཏེ་སུ་ལ་མི་མཁོ་བར་བདག་གི་ལུས་བོར་ན་སྡུག་བསྔལ་གྱིས། གང་མཁོ་བར་གྱུར་པས་ཁྱེར་བ་ལ་ནི་བདག་ཅི་སྟེ་སྡུག་བསྔལ་ཏེ་ཤིན་ཏུ་དགའ་བ་མྱོང་ངོ་། །དེ་ནས་བྱ་རྣམས་ཀྱིས་ཟོས་ནས་ཤ་ཟད་དེ་རུས་པར་བྱས་སོ། །དེའི་ནང་པར་གཉེན་གྱི་སྐྱེ་བོའི་ཚོགས་ཀྱིས་ཚོལ་ཞིང་འོངས་པས་ཕ་དེས་དེ་མཐོང་ནས་དེ་ལ་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་བཤད་པས་དེ་མྱ་ངན་གྱིས་འགྱེལ་ཏོ། །དེར་དེས་སྨྲེ་སྔགས་སྣ་ཚོགས་འདོན་ཞིང་བྱང་ཆུབ་སེམས་དཔའི་རུས་པ་བསྲེགས་ཏེ་རང་གི་ཁྱིམ་དུ་སོང་ངོ་། །དེར་ལྷའི་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་བབས་སོ། ༈ །ཡང་བཅོམ་ལྡན་འདས་འདི་བྲམ་ཟེ་གཞོན་ནུ་སྤྲིན་ལུང་བསྟན་པའི་མདོ་ལ་ཆོས་ཀྱི་ལུང་ཐོབ་པར་གྱུར་ནས། དེའི་འོག་ཏུ་བརྒྱ་བྱིན་མིག་མཛེས་ཞེས་བྱ་བར་གྱུར་པ་ན། འཛམ་བུའི་གླིང་འདིར་ནད་ཆེན་པོའི་བསྐལ་པ་བར་མ་བྱུང་ནས་ལུས་ལ་རྨ་སོགས་གསོར་མི་རུང་བའི་ནད་སྣ་ཚོགས་བྱུང་བ་ན་མགོན་དང་སྐྱབས་མེད་ནས་སྒྲ་ཆེན་པོ་བྱུང་སྟེ་ལྷ་ཀླུ་སོགས་ལ་གསོལ་བ་བཏབ་པ་བརྒྱ་བྱིན་དེས་སྙིང་རྗེའི་སེམས་ཀྱིས་ངེས་པ་ཞེས་བྱ་བའི་སྲོག་ཆགས་སུ་སྤྲུལ་ནས། དེ་དག་གིས་ཤ་བླངས་ཏེ་ཟོས་ན་ནད་ལས་ཐར་བར་འགྱུར་བས་འཇིགས་པ་མེད་པར་ལོངས་ཤིག་ཅེས་སྒྲ་བྱུང་བས། མི་ཐམས་ཅད་ཀྱིས་སྲོག་ཆགས་དེས་བ་དེ་ལས་ཤ་བཅད་ཅིང་བླངས་ན་ཡང་དེའི་ལུས་ལ་བྲི་གང་མི་མངོན་པར་གྱུར་ཅིང་འཛམ་གླིང་གི་མི་ཐམས་ཅད་ནད་སྣ་ཚོགས་བྱང་ནས་བདེ་བ་ལ་འགོད་པ་ན། མི་ཐམས་ཅད་ཀྱིས་སྲོག་ཆགས་ངེས་པའི་དྲུང་དུ་འཚོགས་ནས་ཁྱོད་ཀྱིས་བདག་ཅག་ནད་ལས་ཐར་བར་མཛད་ན། བདག་ཅག་རྣམས་ཀྱིས་ཁྱོད་ལ་མཆོད་པ་ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་ཅེས་སྨྲས་སོ། །སྲོག་ཆགས་དེས་རང་གི་ལུས་མི་སྣང་བར་བརྒྱ་བྱིན་གྱི་གཟུགས་དངོས་སུ་བསྟན་ཏེ། ང་ལ་ནི་གྲོང་དང་གྲོང་ཁྱེར་སོགས་མི་དགོས་ཀྱི། ཁྱེད་ཅག་སྲོག་གཅོད་པ་སོགས་མི་དགེ་བ་སྤོང་བར་གྱིས་ཤིག་དང་། དེས་ང་ལ་མཆོད་པར་འགྱུར་རོ་ཞེས་བྱས་པ་ན། ཐམས་ཅད་ཀྱིས་ཀྱང་དེ་བཞིན་དུ་དགེ་བ་བཟུང་ངོ་། །སྲོག་ཆགས་དེས་གསོས་པའི་སེམས་ཅན་གཅིག་ཀྱང་ངན་སོང་དུ་མ་ལྷུང་བར་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །སེམས་ཅན་དེ་དག་ཐེག་པ་གསུམ་ལ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ཐོབ་ནས་འདུལ་བ་ཐ་དད་པའི་ཚུལ་མིག་འཕྲུལ་ལྟ་བུའི་རྣམ་པར་རོལ་པ་སྟོན་ཀྱང་། དེ་ལ་སེམས་པ་དང་རྣམ་པར་རྟོག་པ་མེད་པ་ལ། དེར་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་ལ་ཡང་འཕོ་འགྱུར་དང་སྐྱེ་འགག་མེད་པར་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་སྐྱེས་བུ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྱུར་པ་འཕོང་སོགས་བསླབ་པ་ཐམས་ཅད་མཐར་འབྱིན་པ་དེས་ཡབ་འདས་པའི་རྗེས་སུ་རྒྱལ་པོ་བྱས་ཏེ། ཐམས་ཅད་ལ་ཅི་འདོད་པ་སྦྱིན་ཞིང་དགེ་བཅུའི་ལམ་ལ་བཀོད་པས་ལྷའི་གནས་འཕེལ་བ་དེའི་མཐུ་ཡིན་པར་རྟོགས་ཏེ། བརྒྱ་བྱིན་གྱིས་དེ་སང་པའི་ཕྱིར་སྤྲུལ་པས་ཤ་དང་ཁྲག་བསླངས་པ་ལ་རང་གི་ཤ་ཁྲག་བྱིན་ཅིང་མཐར་བརྒྱ་བྱིན་དེས་སྨན་རྣམས་བསྡུས་ནས་ལུས་སྔར་བཞིན་དུ་གྱུར་ཏོ། ༈ །ཡང་སྔོན་ཚོང་དཔོན་དུ་གྱུར་པ་ན་སྦྱིན་པའི་གྲགས་པ་ཕྱོགས་སུ་ཁྱབ་ཅིང་དེར་རང་སངས་རྒྱས་གཅིག་དེའི་ཁྱིམ་དུ་བསོད་སྙོམས་བསླངས་པ་དང་། དེར་བདུད་སྡིག་ཅན་གྱིས་དེའི་བར་དུ་སེམས་ཅན་དམྱལ་བ་ཆེན་པོའི་མེ་འབར་བ་ཟབས་སུ་མི་འགྲེང་བདུན་ཡོད་པ་འཇིགས་སུ་རུང་བར་སྤྲུལ་པས། ཆུང་མ་ཞལ་ཟས་འབུལ་དུ་མངགས་པ་ཕྱིར་ལོག་སྟེ་སྐྲག་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་འཕགས་པ་འདི་བསོད་སྙོམས་མ་བཞེས་པར་སླར་བཞུད་པར་མི་རུང་སྙམ་དུ་རང་གི་ལག་གིས་བཟའ་བཅའ་བཟང་པོ་ཁྱེར་ཏེ་སོང་བ་དང་། བདུད་ལྷའི་ཆ་བྱད་ཀྱིས་སྦྱིན་པ་བྱིན་པ་ནོར་ཆུད་གསན་པས་ལོ་དུ་མར་དམྱལ་བའི་མེ་འདིར་གནས་སོ་ཞེས་སྦྱིན་པ་ལས་བཟློག་པར་བྱས་ཀྱང་། དེ་ལ་ཁྱོད་ཀྱིས་ཁོ་བོ་ལ་ཕན་པའི་ཕྱིར་ལེགས་པར་སྨྲས་མོད་ཀྱི་བདག་གི་ཡིད་མི་ལྡོག་གོ་ཞེས་སྨྲས་ཏེ་ཐེ་ཚོམ་མེད་པར་མེའི་འོབས་བརྒལ་ནས་ཕྱིན་པས་མེ་ཏོག་གི་ ཚལ་དུ་གྱུར་ཏོ། །བདུད་སྐྱེངས་པར་གྱུར་པ་དང ་། ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བར་གྱུར་པའི་ཚེ་མཆོད་སྦྱིན་ཆེན་པོ་བཤམས་ནས་ཟས་དང་གོས་དང་རིན་པོ་ཆེ་སོགས་ནོར་ཐམས་ཅད་དང་། བུ་དང་བུ་མོ་རྒྱན་གྱིས་བརྒྱན་པ་སོགས་སོ་སོ་རང་རང་ཅི་འདོད་པས་སྦྱིན་པ་རྒྱ་ཆེར་བཏང་བ་ལ། དེའི་ཚེ་ལྷས་བྱིན་ལྷའི་དབང་པོར་གྱུར་པ་དེས་མཆོད་སྦྱིན་ལ་བར་ཆད་བྱ་བའི་ཕྱིར་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་རྒྱལ་པོ་དེའི་ཡན་ལག་བསླངས་པ་ལ་བཅད་ནས་བྱིན་ཀྱང་། བསམ་པ་དག་པའི་སྟོབས་ཀྱིས་ལུས་སྔ་མ་ལྟར་སོས་སོ། །ལྷའི་དབང་པོ་དེ་མཆོད་སྦྱིན་གཞིག་པའི་བསམ་ངན་དེས་བསོད་ནམས་ཟད་ནས་དམྱལ་བ་མནར་མེད་དུ་སྐྱེས་སོ། ༈ །ཡང་སྔོན་ཚོང་དཔོན་ཟིལ་གྱིས་མི་ནོན་པར་གྱུར་པ་ཞེས་ཕོངས་པ་རྣམས་ཀྱི་གཉེན་དུ་གྱུར་པ་དེས་ཅི་འདོད་པ་བྱིན་ཡང་ཟད་དུ་དོགས་པའི་སེམས་མ་སྐྱེས་པ་ལ་བརྒྱ་བྱིན་གྱིས་བགམ་པའི་ཕྱིར་དེའི་ནོར་ཐམས་ཅད་མི་སྣང་བར་བྱས་ཏེ་ཐག་པ་དང་ཟོར་བ་ཞིག་བཞག་གོ། །དེས་དེ་ལྟར་མཐོང་བ་དང་ལོངས་སྤྱོད་གཞན་མེད་ཀྱང་དེས་ཐག་པ་དང་ཟོར་བ་དེས་ཉིན་བཞིན་རྩྭ་བཙོངས་པའི་རིན་གྱིས་ཕོངས་པ་རྣམས་མགུ་བར་བྱས་སོ། །དེ་ནས་བརྒྱ་བྱིན་གྱིས་དེ་རབ་ཏུ་དབུལ་བར་གྱུར་ཀྱང་ཞུམ་པ་མེད་པར་སྦྱིན་པ་ལ་དགའ་བ་མཐོང་ནས་རང་གི་ལུས་ཡང་མངོན་དུ་བསྟན་ནས། འདི་སྐད་དུ་ཁྱིམ་བདག་ཁྱོད་སྦྱིན་ལ་དཔའ་ཆེས་ཏེ། འདི་ཙམ་སྦྱིན་པ་ལ་མ་ཆགས་པར་གྱིས་དང་འབྱོར་པ་ཐོབ་པར་འགྱུར་རོ། །དེས་སྨྲས་པ་བདག་རབ་ཏུ་ཕོངས་ཀྱང་མ་རབས་ཀྱི་ཆོས་བྱ་མི་ནུས་ཏེ་སེར་སྣའི་སེམས་བྱུང་ན་ནོར་དེ་བདག་ལ་མེད་ཀྱང་སླའི་སློང་བ་པའི་སྡུག་བསྔལ་མཐོང་ནས་མེད་ཅེས་སྨྲར་མི་ནུས་སོ་ཞེས་སྨྲས་པས། བརྒྱ་བྱིན་གྱིས་སྨྲས་པ། ཁྱིམ་བདག་ཁྱོད་འབྱོར་ཞིང་ཕུན་སུམ་ཚོགས་པའི་རང་དོན་མ་གྲུབ་པར་གཞན་ལ་སྦྱིན་པ་འདོད་པར་ནོངས་ཏེ་རེ་ཞིག་སྦྱིན་པ་ཐོང་ལ་ནོར་སོག་ཅིག །འབྱོར་པ་མེད་པར་སྦྱིན་པ་ནི་མི་རིགས་སོ། །དེས་སྨྲས་པ། བདག་རང་དོན་འདོད་ན་འབྱོར་བ་སྤངས་ནས་སྦྱིན་དགོས་ལ། འབྱོར་པས་མཐོ་རིས་སོགས་མི་འགྲུབ་ཀྱི་སྦྱིན་པས་འགྲུབ་བོ། །གཞན་གྱི་སྡུག་བསྔལ་ལ་ཅི་མི་སྙམ་དུ་བདག་གི་བདེ་བ་མི་མྱོང་ངོ་ཞེས་སོགས་སྨྲས་ཏེ། ཡིད་ཕྱིར་མི་ཟློག་པ་མཐོང་བས། བརྒྱ་བྱིན་དགའ་ནས་ཁྱོད་ཀྱི་ནོར་རྣམས་བདག་གིས་སྦས་ཏེ། ངས་རྗེས་སུ་བཟུང་བས་ཁྱོད་ཀྱི་ནོར་ཟད་པར་ཡང་མི་འགྱུར་ལ་སྦྱིན་པ་བྱོས་སོ་ཞེས་བཟོད་པར་གསོལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་ན་རྒྱལ་པོའི་བུ་མོ་ཐུབ་པ་ཞེས་བྱ་བར་གྱུར་པས་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི་དུས་སུ་མར་མེའི་ཡོ་བྱད་སྦྱར་བས་སངས་རྒྱས་སུ་ལུང་བསྟན་ཅིང་། སངས་རྒྱས་པའི་ཚེ་ནའང་མར་མེ་མང་པོས་མཆོད་པ་བྱུང་ངོ་ཞེས་གསུངས་པ་སོགས་ཀྱིས་མཚོན་ནས་སངས་རྒྱས་དུ་མ་ལ་བསྙེན་བཀུར་བྱས་པའི་ཚུལ་མདོ་སྡེ་རྟོགས་བརྗོད་བརྒྱ་པ་སོགས་ལས་འབྱུང་བ་བཞིན་དང་། གཞན་ཡང་སངས་རྒྱས་ཚད་མེད་གྲངས་མེད་ལ་བདེ་བའི་ཡོ་བྱད་ཚད་མེད་པ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པའི་ཚུལ་རྒྱ་ཆེར་མདོ་ལས་གསུངས་པ་བཞིན་ནོ། ༈ །ཡང་ཁྱིམ་བདག་སྡུམས་བྱེད་དུ་སྐྱེས་ནས། དྲང་སྲོང་ཉིས་སྟོང་ལ་མུ་གེ་བྱུང་བའི་ཚེ་ལོ་བཅུ་གཉིས་ཀྱི་བར་དུ་ཟས་སྐོམ་སྦྱར་བ་དང་། ༈ ཁྱིམ་བདག་གཟུངས་བྱེད་ཅེས་བྱ་བར་གྱུར་པའི་ཚེ། རང་སངས་རྒྱས་སྟོང་ལ་མུ་གེའི་ཚེ་ལོ་བཅུ་གཉིས་ཀྱི་འཚོ་བ་སྦྱར་བ་དང་། ༈ །རྒྱལ་པོ་ཕུར་བུའི་ལྷས་བྲམ་ཟེ་ཁྲི་ཕྲག་བརྒྱད་ཅུ་ལ་ལོ་ཁྲིའི་བར་དུ་གསེར་གྱི་སྟན་བཏིང་ཞིང་གསེར་གྱི་སྣོད་ནས་ནད་སོ་སོ་ཞི་བའི་ཁ་ཟས་ཡིད་དང་མཐུན་པས་མཆོད་སྦྱིན་ཆེན་པོ་བྱས་པ་དང་། ཡང་ཀོ་ས་ལིའི་མི་བདག་ཏུ་གྱུར་པའི་ཚེ་སྔོན་གླ་མིར་གྱུར་པས་ཟན་དྲོན་གཅིག་དགེ་སློང་བཞི་སྡེ་ལ་ཕུལ་བས་ད་ལྟ་རྒྱལ་པོའི་འབྱོར་བ་ཆེན་པོ་ཐོབ་པའི་ཚུལ་དྲན་ནས་འདི་ནི་སྔོན་གྱི་སྦྱིན་པ་དེའི་མྱུ་གུ་ཙམ་ཞིག་ཡིན་ཚུལ་གྱི་ཚིགས་བཅད་སྨྲས་ཤིང་སྦྱིན་སོགས་བསོད་ནམས་ཆེན་པོ་བྱས་པའི་ཚུལ་སྐྱེས་རབས་སོ་བཞི་པར་གསུངས་སོ། ༈ །གཞོན་ནུ་ནོར་བཟང་དུ་གྱུར་པའིི་ཚེ་ན་མིའམ་ཅིའི་བུ་མོ་ཡིད་འཕྲོག་མའི་ཆེད་དུ་བརྩོན་འགྲུས་ཆེན་པོས་མིའམ་ཅིའི་རྒྱལ་པོའི་གནས་སུ་སོང་སྟེ་ཡིག་འཕྲོག་མ་ཕྱིར་བཀུག་ནས་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་པ་སོགས་བྱང་ཆུབ་སེམས་དཔའི་སྦྱིན་པའི་རབས་རྣམས་ཚད་མེད་པ་ལས་ཅུང་ཟད་ཅིག་མདོ་སྡེ་ལས་བསྟན་པ་དག་ལས་འདིར་ནི་ཆ་ཤས་ཙམ་བརྗོད་པའོ། །དེ་ཡང་མདོ་ལས། ད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རང་གི་ལུས་ལ་མངོན་པར་ཞེན་པ་ཡང་མེད་ན་ནོར་ལ་ལྟ་ཅི་སྨོས། ལོངས་སྤྱོད་ཀྱི་དངོས་པོ་ལ་འདི་ནི་བདག་གི་བའི་འདུ་ཤེས་མེད་ཅིང་། དངོས་པོ་འདི་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་སྟེ། བདག་འདི་ལ་སྐལ་བ་ཡོད་པ་ཇི་ལྟ་བར་སེམས་ཅན་ཐམས་ཅད་ལ་ཡང་སྐལ་བ་ཡོད་དོ་སྙམ་པ་དང་། སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་ཀྱང་བདག་ལ་སྐལ་བ་ཡོད་དོ་མི་སེམས་པར། ལོངས་སྤྱོད་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཡིན་པས་བདག་ལ་སྐལ་བ་ཅི་ཡང་མེད་དོ་སྙམ་དུ་སེམས་པ་ཁོ་ནར་ཟད་དེ། སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་པ་ཐོབ་ཀྱང་དེ་ལ་མངོན་པར་ཞེན་པའང་མེད། ཡོངས་སུ་སྡུད་ཅིང་ལེན་པར་མི་བྱེད་པས་དང་དུ་ལེན་པ་མེད་པ་དང་། སྟོང་པའི་ཆོས་དང་ཉེ་བར་ཞི་བའི་ཆོས་ལ་མོས་པར་བྱེད་ཀྱི། དང་དུ་ལེན་པ་དང་། དངོས་པོའི་ཆོས་དང་གཟོད་ནས་ཡོད་པ་ཉིད་དུ་མོས་པར་མི་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་རྒྱལ་པོ་ཤུད་དོ་ལག་གར་ནི་ཞེས་པ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བར་གྱུར་པའི་ཚེ། འཛམ་བུའི་གླིང་འདིར་ཆར་མི་འབབ་པས་ལོ་བཅུ་གཉིས་ཀྱི་བར་དུ་མུ་གེ་བྱུང་ནས་ཕལ་ཆེར་ཚེ་འཕོས་པ་ན། རྒྱལ་པོ་དེས་སྨོན་ལམ་བཏབ་སྟེ་གཡང་ཁ་ནས་ལུས་བོར་བས། བརྫུས་ཏེ་སྐྱེས་པའི་ཉ་ཆེན་པོ་ལུས་དཔག་ཚད་ལྔ་བརྒྱ་པ་ཞིག་ཏུ་གྱུར་ཏེ། ཉ་དེས་མི་སྐད་དུ་ཁྱེད་ཅག་བཀྲེས་ན་ངའི་ཤ་ལོངས་ཤིག་ཅེས་བསྒོ་བས་མི་ཐམས་ཅད་ཀྱིས་ཤ་བཅད་དེ་ཟོས་པ་སླར་སྐྱེས་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་མ་ཟད་པར་ཐམས་ཅད་ཚིམས་པར་བྱས་ལ། ཤ་ཟོས་པ་ཐམས་ཅད་མཐོ་རིས་སུ་སྐྱེས་སོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་མིག་འབྱེད་ཅེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པས། རང་གི་མཛོད་ཐམས་ཅད་སྦྱིན་པར་བཏང་ཞིང་། རྒྱལ་ཕྲན་རྣམས་ལ་བསྒོས་ཏེ་སྦྱིན་དུ་བཅུག་ཅིང་། དེའི་ཚེ་བཀའ་མི་ཉན་པའི་མཐའ་འཁོབ་ཀྱི་རྒྱལ་ཕྲན་ཞིག་བཀའ་འོག་ཏུ་གཞུག་པའི་ཕྱིར་བློན་པོ་ལོ་དར་ཞེས་བྱ་བས་དམག་བྱེད་པར་བརྩམས་པ་དང་། རྒྱལ་ཕྲན་དེ་སྐྲག་ནས་མངའ་འོག་གི་ལོང་བ་ཞིག་ལ་མིག་ཡ་གཅིག་སློང་དུ་བཏང་བ་ལ་སྤྱན་བྱིན་ནས་བྲམ་ཟེ་ལོང་བ་དེའི་མིག་ཏུ་བཅུག་སྟེ་བདེན་ཚིག་གི་སྨོན་ལམ་བརྗོད་པའི་མོད་ལ་མཐོང་བར་གྱུར་ཏོ། །བྲམ་ཟེ་དགའ་ནས་མིག་འདིས་ཆོག་གི་ཡ་གཅིག་མི་དགོས་སོ། །རྒྱལ་པོས་སྨྲས་པ། ཁོ་བོས་མིག་གཉིས་ཀ་ཁྱོད་ལ་སྦྱིན་ནོ་ཞེས་སྨྲས་པས་གཅིག་པོ་ཡང་བྱིན་ཏེ། སྨོན་ལམ་བཏབ་པས་བྲམ་ཟེའི་མིག་གཉིས་ཀས་མཐོང་ངོ་། །བརྒྱ་བྱིན་གྱིས་དྲིས་ཤིང་བགམ་པ་ལ་བདེན་སྟོབས་བརྗོད་པས་རྒྱལ་པོའི་སྤྱན་གཉིས་ཀྱང་སྔར་བཞིན་དུ་གྱུར་ཅིང་བྲམ་ཟེ་དེ་ལ་རིན་པོ་ཆེ་དག་ཀྱང་བསྩལ་ཏེ་ཕྱིར་དོང་ངོ་། །དེར་རྒྱལ་ཕྲན་དེས་དྲིས་པ་ན་དེ་ལྟར་གྱུར་པ་བརྗོད་པས་རྒྱལ་ཕྲན་པས་ལ་དབར་ཞེས་པ་དེ་སྙིང་གས་ནས་ཚེ་འཕོས་པར་གྱུར་བ་དང་། ༈ ཡང་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་པའི་ཚེ་རྒྱལ་པོ་རང་ཉིད་ཀྱིས་ནད་པ་ཐམས་ཅད་ལ་རིམ་གྲོ་དང་སྨན་དཔྱད་བྱས་ཏེ་ནད་ཐམས་ཅད་ལས་ཐར་བར་བྱས་ཤིང་ལྷའི་དབང་པོ་ལོང་བའི་གཟུགས་ཀྱི་སྤྱན་ཡ་གཅིག་བསླངས་པ་ལ་མིག་གཉིས་ཀ་བྱིན་ནས་སླར་ཡང་བདེན་པའི་སྟོབས་ཀྱིས་སྔར་བཞིན་སོས་སོ། ༈ །ཡང་སྔོན་དགོན་པའི་གནས་ཞིག་ཏུ་རི་བོང་དུ་གྱུར་པའི་ཚེ་ན་སྲམ་དང་ཅེ་སྤྱང་དང་སྤྲེའུ་ལ་སོགས་པའི་སྲོག་ཆགས་མང་པོ་རྣམས་ཀྱི་སློབ་མ་དང་བཅས་ཏེ་ཕན་ཚུན་བྱམས་པས་གནས་པ་དེའི་གྲགས་པ་ལྷ་ཡུལ་དུ་ཡང་གྲགས་སོ། །ཚེས་བཅོ་ལྔར་དེ་འཁོར་དང་བཅས་པ་གསོ་སྦྱོང་ལ་གནས་ཤིང་རིགས་པར་རྙེད་པའི་ཟས་ཀྱིས་གློ་བུར་བའི་མགྲོན་བྱུང་ན་སྲོག་གཟུང་བར་རིགས་སོ་ཞེས་སྨྲས་པ་བཞིན་དུ་ཀུན་གྱིས་ཉན་ཏོ། །དེ་ནས་རི་བོང་དེས་བསམས་པས་གློ་བུར་བའི་མགྲོན་བྱུང་ན་དེ་དག་གིས་ཅིར་ཡང་རུང་བས་མགྲོན་བྱར་ཡོད་ལ་བདག་གིས་ཅིར་ཡང་བྱར་མེད་དེ། སོས་བཅད་པའི་རྩ་ཡི་མྱུ་གུ་ནི་སྦྱིན་དུ་མི་རུང་ངོ་། །དེ་བས་ན་མགྲོན་གཅིག་བྱུང་ན་རང་གི་ལུས་འདིས་མགྲོན་བྱ་སྙམ་མོ། །དེའི་ངོ་མཚར་ལྷ་རྣམས་ཀྱིས་བསྒྲགས་པ་བརྒྱ་བྱིན་གྱིས་ཐོས་ནས་བྲམ་ཟེ་ལྟོག་པ་ཞིག་ཏུ་སྤྲུལ་ཏེ་ལ མ་ནོར་ཞིང་ཉི་མ་ཚ་བས་ཉན་པ་ཉམ་ཐག་པ་སྐད་བྱས་ཏེ་དུས་པ་ལ། རི་བོང་དེས་དབུགས་ད བྱུང་སྟེ། སློབ་མའི་ནང་ནས་ཞག་དང་པོར་སྲམ་གྱིས་ཉ་རོ་བདུན་རྙེད་པས་མགྲོན་བྱས་སོ། །ཕྱི་ཉིན་ཅེ་སྤྱང་གིས་སྦྱིན་གོར་གཅིག་དང་ཞོ་རྫུའུ་གཅིག་གཞན་གྱིས་བོར་བ་རྙེད་པས་གསོས་སོ། །དེ་ནས་སྤྲེའུས་ཤིང་ཐོག་ཨ་མྲའི་འབྲས་བུ་སྨིན་པ་སོ་སོར་དག་བྱིན་ནོ། །དེ་ནས་རི་བོང་གིས་རང་གིས་ལུས་སྦྱིན་པར་བརྩམས་པ་ལ། བརྒྱ་བྱིན་གྱིས་མེའི་ཕུང་པོ་སྤྲུལ་པས་མེ་དེ་མཐོང་ནས་དགའ་སྟེ། པདྨའི་མཚོ་ལ་ངང་པ་བཞིན་དུ་མེ་དེའི་ནང་དུ་མཆོངས་སོ། །བརྒྱ་བྱིན་རང་གི་གཟུགས་སུ་བྱས་ཏེ་བསྟོད་ཅིང་རང་གི་ལག་པས་བླངས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་བསྟན་ཏེ་བསྔགས་པ་བརྗོད། ཁང་བཟང་རྣམ་པར་རྒྱལ་བ་དང་། འདུན་ས་ཚེས་བཟང་གི་ཁང་བརྩེགས་དང་། ཟླ་བའི་དཀྱིལ་འཁོར་ལ་རི་བོང་གི་གཟུགས་བྲིས་པ་དེང་སང་གི་བར་དུའང་གསལ་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་གཅན་གཟན་ཀུན་ཏར་སྐྱེས་པའི་ཚེ་ན་དེའི་པགས་པ་གསེར་གྱི་མདོག་ཅན་འདོད་པའི་ཕྱིར་ཚོལ་དུ་བཏང་བའི་རྔོན་པ་བཀྲེས་པས་ཉམ་ཐག་པ་ཞིག་སྲོག་ཆགས་དེས་བསྐྱབས་ཏེ་ཤིང་ཐོག་དང་ཆུས་འཚོ་བར་བྱས་ནས་རྔོན་པ་དེ་མི་དགའ་བར་མཐོང་བ་ལ་དེའི་རྒྱུ་དྲིས་པ་དང་། དེས་ཁྱོད་ཀྱི་པགས་པའི་ཆེད་དུ་འོངས་སོ་ཞེས་སྨྲས་པ་ལ། སྲོག་ཆགས་དེ་དགའ་བའི་ཡིིད་ཀྱིས་བདག་གི་པགས་པ་བཤུས་ཏེ་ཁྱེར་ཅིག་ཅེས་བྱས་ནས་པགས་པ་ཁྱེར་བ་དང་། དེའི་ཤ་ཟོས་པའི་སྦྲང་མ་སོགས་སྲོག་ཆགས་རྣམས་མཐོ་རིས་ཀྱི་ལྷར་སྐྱེས་སོ། ༈ །ཡང་རུས་སྦལ་དུ་གྱུར་པའི་ཚེ་ན། རྒྱ་མཚོར་གྲུ་ཞིག་པའི་ཚོང་པ་ལྔ་བརྒྱ་རང་གི་རྒྱབ་ཏུ་བཞག་སྟེ་རྒྱ་མཚོ་ལས་བདེ་བར་བརྒལ་བར་བྱས་ནས་རུས་སྦལ་དེ་གཉིད་ལོག་པ་ལ་སྲིན་བུ་ཀི་ཏ་ཀ་བརྒྱད་ཁྲི་འོངས་ཏེ་དེའི་ལུས་ཟོས་པས་སད་པར་གྱུར་ཀྱང་སྲོག་ཆགས་དེ་དག་ལ་གནོད་པར་དོགས་པས་མ་འགུལ་བར་ཟར་བཅུག་སྟེ་བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་སྟེ་ཚེ་འཕོས་སོ། ༈ །ཡང་སྔོན་ཁུང་ཞིག་ན་སྲོག་ཆགས་སྐྱིན་གོར་བྱམས་པའི་བདག་ཉིད་ཅན་དུ་གྱུར་པ་ན། རྔོན་པ་ཞིག་གིས་དེའི་པགས་པ་བཤུས་ཏེ་བཏང་བ་དང་། དེ་ན་ཚ་ཆེ་བས་ཆུ་འགྲམ་བསིལ་བ་ཞིག་ཏུ་ཉལ་བ་ལ་གྲོག་ཚང་ཞིག་གི་གྲོག་མ་བརྒྱད་ཁྲིས་ཟོས་པ་དང་། དེས་ཐར་བར་ནུས་མོད་ཀྱི་སེམས་ཅན་འདི་སྙེད་མ་རུངས་པར་འགྱུར་རོ་སྙམ་དུ་བརྟགས་ནས་མ་འགུལ་བར་ཤ་ཐམས་ཅད་ཟར་བཅུག་སྟེ་བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་བོ། ༈ །ཡང་ཀླུ་གཞོན་ནུ་ཙམ་པ་ཀ་ཞེས་བྱ་བ་དད་པ་བཟང་ཞིང་དགེ་སེམས་ཅན་དུ་གྱུར་པ་དེས་ཚེས་བརྒྱད་དང་བཅུར་བཞིར་གསོ་སྦྱོང་བླངས་ནས་གནས་གཞན་དུ་ལུས་ཆེན་པོར་བྱས་ཏེ་ལུས་ལ་མི་བལྟ་བར་ལུས་བཏང་ནས་གནས་སོ། །དེར་ལོ་ཉེས་བྱུང་ནས་གནག་རྫི་སོགས་མི་མང་པོས་ཀླུའི་ཤ་བཅད་དེ་ཟོས་ཤིང་དེ་ལྟར་མང་པོ་རང་གི་ཤས་ཚིམ་པར་བྱས་སོ། ༈ །ཡང་རྒྱལ་བུ་དགེ་དོན་ཞེས་བྱ་བར་གྱུར་པའི་ཚེ་བློན་པོ་སྒྲ་གཅན་འཁུས་པའི་དམག་གིས་འཇིགས་ནས་ལམ་རིང་པོར་བྲོས་པས་རྒྱགས་ཆད་པར་གྱུར་པས་རང་གི་ཕ་མ་ལ་ལུས་བྱིན་ནས་དགོན་པ་ལས་ཐར་པའི་ཚུལ་དྲིན་ལས་བསབས་པའི་མདོ་ལས་བྱུང་བ་བཞིན་ནོ། ༈ །ཡང་རྒྱལ་བུ་མེ་ཏོག་ཅེས་བྱ་བ་མཛེས་ཤིང་རྒྱལ་པོའི་འབྱོར་པ་ཆེན་པོ་དང་ལྡན་པ་རྐྱ་རྦབ་ཀྱི་ནད་ཀྱིས་ཟིན་པ་ལ་རང་གི་རྐང་བྲུས་ཏེ་ལུས་ལ་བྱུགས་པས་ནད་དེ་སོས་པར་གྱུར་པ་སོགས་བཅོམ་ལྡན་འདས་འདིས་སྔོན་མིག་དང་ཁྲག་དང་རྐང་ལག་ལ་སོགས་པ་བླ་མེད་བྱང་ཆུབ་ཐོབ་པའི་ཕྱིར་དུ་བྱིན་པ་ནི་གྲངས་དང་ཚད་བཟུང་མི་ནུས་ཏེ། རྒྱ་མཚོ་ཆེན་པོ་ཆུས་ཡོངས་སུ་གང་བ་དང་། རིའི་རྒྱལ་པོ་རི་རབ་ཀྱི་རྡུལ་ནི་ཚད་བཟུང་ནུས་ཀྱི། བྱང་ཆུབ་སེམས་དཔས་མིག་ལ་སོགས་པ་བྱིན་པའི་གྲངས་ནི་ཚད་བཟུང་མི་ནུས་སོ་ཞེས་མདོ་ལས་གསུངས་སོ། ༈ །ཡང་གང་པོས་ཞུས་པ་ལས། སྔོན་གྱི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་དེ་གཅིག་པུ་གྲོགས་མེད་པར་སོང་བ་གཅན་གཟན་གྱིས་བསད་པའི་ཚེ། དེས་འཆི་ཁར་གཅན་གཟན་དེ་དག་སེམས་ཅན་མང་དུ་བསད་དེ་ཟོས་ཀྱང་མི་འགྲང་བར་ཤེས་ནས་བདག་དུད་འགྲོ་ལུས་པོ་ཆེ་ཞིག་ཏུ་སྐྱེས་ཏེ་གཅན་གཟན་མ་རུངས་པ་བདག་གི་སྲོག་བཅད་པ་དེ་དག་ཚིམ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེ་བཞིན་དུ་དུད་འགྲོ་ལུས་པོ་ཆེར་སྐྱེས་ནས་གཅན་གཟན་ཐམས་ཅད་ཚིམ་པར་བྱས་སོ། །དེ་བཞིན་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དུ་ལུས་བླངས་ནས་སེམས་ཅན་རྣམས་ལ་ཕན་པར་བྱས་ཏེ། བསྐལ་པའམ་བསྐལ་པ་ལས་ལྷག་པར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་བཀྲེས་ཤིང་སྐོམ་པ་ལ་རང་གི་ཤ་ཁྲག་གིས་ཚིམ་པར་བྱས་པ་དག་བརྗོད་ན་ཟད་པར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་ན་བྱང་ཆུབ་སེམས་དཔས་སྦྱིན་པ་བཏང་བའི་སྤྱོད་པའི་ཕྱོགས་ཉུང་ཤས་ཞིག་མདོ་རྣམས་ལས་གསུངས་ལ། དེ་ལས་ཅི་རིགས་རགས་བསྡུས་ཙམ་འདིར་བསྟན་གྱི་མཐའ་དག་མ་ཡིན་ནོ། ༈ །ཡང་སྔོན་འདས་པའི་དུས་ཀྱི་རྒྱལ་པོ་དབང་ཕྱུག་སྡེ་ཞེས་བྱ་བ་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་ཡོད་པ་དེའི་དུས་སུ་འཛམ་གླིང་དུ་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བར་གྱུར་པ་ན། རྒྱལ་པོ་དེའི་བཙུན་མོའི་མངལ་དུ་སྲས་ཞུགས་པ་དང་བཙུན་མོ་དེའི་ལུས་ཀྱི་ཡན་ལག་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་པར་གྱུར་ལ། ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་པ་དེ་བཙས་མ་ཐག་ཏུ་བདག་གིས་ནད་པ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་ཤིང་། དེའི་ཚེ་འཛམ་གླིང་གི་ལྷ་ཀླུ་རྣམས་ཀྱིས་ཚིག་མཐུན་པར་འདི་ནི་མིའི་སྨན་ཡིན་ནོ་ཞེས་སྨྲས་པའི་སྒྲ་ཀུན་ཏུ་གྲགས་པའི་ཕྱིར་དེའི་མིང་ཡང་མིའི་སྨན་ཞེས་གྲགས་སོ། །དེའི་ཚེ་ནད་པ་ཐམས་ཅད་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང་། རྒྱལ་བུའི་ལུས་སམ་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་ནས་བདེ་བར་གྱུར་ཏོ། །དེ་བཞིན་དུ་འཛམ་བུའི་གླིང་ན་གནས་པའི་ནད་པ་ཐམས་ཅད་གསོས་ཏེ་ལོ་སྟོང་གི་བར་དུ་གནས་ནས་རྒྱལ་བུ་དེ་ཚེ་འཕོས་པ་དང་། ནད་པ་རྣམས་ཀྱིས་བདག་ཅག་སུས་སྡུག་བསྔལ་ལས་ཐར་བར་བྱེད་ཅེས་སྨྲེ་སྔགས་བཏོན་ནས། རྒྱལ་བུ་དེ་བསྲེགས་པའི་གནས་དེར་རུས་པ་བླངས་ཏེ་ལུས་ལ་བསྐུས་པ་ཐམས་ཅད་ཀྱང་སོས་སོ། །ད་དུང་ཡང་མིའི་སྨན་གྱིས་ན་བ་རྣམས་གསོ་ནུས་སོ་ཞེས་གྲགས་སོ། །རུས་པ་རྣམས་ཟད་པའི་འོག་ཏུ་བསྲེགས་པའི་གནས་དེའི་ས་དང་ཐལ་བ་དང་སོལ་བས་བསྐུས་པ་རྣམས་ཀྱང་ནད་ལས་ཐར་བར་གྱུར་ཏེ་དེ་ལྟར་མིའི་སྨན་ནི་བཅོམ་ལྡན་འདས་ཉིད་དོ། །སྐྱེས་རབས་གཞན་ན་སེམས་ཅན་སྨན་ཞེས་པ་འདི་དང་འདྲ་ལ། དེའི་ལུས་རྫིང་བུ་དགའ་བར་མ་རྙིངས་པར་གནས་པ་ལ་རེག་པ་དང་། དེའི་རླུང་ཕོག་པ་དང་། ཕྱོགས་དེའི་ཆུ་འཐུངས་པས་ཐམས་ཅད་ནད་ལས་ཐར་ཞིང་། དེ་ལྟ་ཡང་དེའི་མིང་ཐོས་པས་ནད་བྱང་བར་བྱེད་དོ་ཞེས་གསུངས་སོ། ༈ །ཡང་སྔོན་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བར་གྱུར་ཏེ་རྒྱ་མཚོར་ཞུགས་པས་རིན་པོ་ཆེ་རྙེད་ནས་སླར་ལོག་པ་ལ་ཁྱིམ་དུ་མ་ཕྱིན་པའི་བར་དུ་སླང་མོ་བ་དག་གིས་ནོར་བུ་རིན་པོ་ཆེ་རྣམས་སློང་བ་ན་ནོར་བུ་རེ་རེ་ཡང་གསེར་སྲང་བརྒྱ་སྟོང་དུ་མ་རི་བ་བྱེ་བ་ཕྲག་བརྒྱད་ཅུ་སྙེད་ཀྱི་རིན་པོ་ཆེ་སོགས་མང་པོ་དེ་སྙེད་བཏང་ནས། སླར་ཁྱིམ་དུ་མ་ཕྱིན་པར་ཡང་རྒྱ་མཚོར་ཞུགས་ཏེ་སྔ་མ་ལས་ཕྱེད་འགྱུར་གྱིས་བཟང་བའི་རིན་པོ་ཆེ་ཐོབ་ཅིང་ལོ་བརྒྱད་ཅུ་འདས་ནས་རང་གི་གྲོང་དུ་འཇུག་པ་དེའི་ཚེ་གཤེད་མས་བཟུང་བའི་མི་གཅིག་མཐོང་ནས་དེ་བསྐྱབ་པའི་ཕྱིར། གཤེད་མའི་མི་དེ་དག་རེ་རེ་ལ་ཡང་ནོར་བུ་རིན་པོ་ཆེ་གསེར་སྲང་བྱེ་བ་རི་བ་རེ་རེ་བྱིན་ཏེ། ཁྱེད་ཅག་གིས་བདག་རྒྱལ་པོའི་དྲུང་ནས་སླར་མ་འོངས་བར་དུ་མི་འདི་མ་བསད་པར་སྡོད་ཅེས་བྱས་ནས་རྒྱལ་པོའི་དྲུང་དུ་མྱུར་བར་སོང་སྟེ། རྒྱལ་པོ་ལ་བདག་གིས་རིན་པོ་ཆེ་བཟང་པོ་དག་གིས་མི་འདིའི་སྲོག་འཇལ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། མི་འདི་ནི་ཉེས་པ་ཆེ་བས་བཏང་དུ་མི་རུང་བཙོང་དུ་མི་རུང་ངོ་། །གལ་ཏེ་སྙིང་ཐག་པ་ནས་ཉོ་འདོད་ན་ཁྱོད་ལ་ནོར་ཅི་བདོག་པ་ང་ལ་བྱིན་ནས་བདག་ཉིད་ཀྱང་འཆི་བར་ཁས་ལེན་ན་གདོད་བཏང་ངོ་ཞེས་སྨྲས་པ་ཐོས་ནས་ཚོང་དཔོན་དེ་དགའ་ཞིང་མི་འདིའི་སྐྱབས་བྱས་ནས་བདག་གི་སྨོན་པ་ཡོངས་སུ་རྫོགས་སོ་སྙམ་དུ། ཁྱིམ་ན་ནོར་ཅི་ཡོད་པ་དང་། རྒྱ་མཚོ་ནས་ཐོབ་པའི་ནོར་བུ་རིན་པོ་ཆེ་བྱེ་བ་སྟོང་ཕྲག་ཚད་མེད་པ་རྣམས་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་མི་འདི་གཏང་དུ་གསོལ། བདག་ལ་ནོར་ཅི་མཆིས་པ་འདིར་མཆིས་སོ། །རྒྱལ་པོས་ནོར་རྣམས་བླངས་ནས་གཤེད་མ་ལ་བསྒོ་བ། ལེགས་པར་སྙེད་པ་འདི་ཁྲིད་ལ་སོད་ཅིག་ཅེས་སྨྲས་པ་ལྟར་ཁྲིད་དེ། མཚོན་གདབ་པར་བརྩམས་པ་ལས་དེ་དག་གི་ལག་པ་རེངས་ནས་གདབ་ཏུ་མ་བཏུབ་པ་ན་ངོ་མཚར་བས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོ་དེས་བདག་ཉིད་ཀྱིས་མཚོན་ཐོགས་ནས་བཏེག་སྟེ་གདབ་པར་གཟས་པ་ལས། དེའི་ཚེ་རྒྱལ་པོའི་ལག་གཉིས་ས་ལ་ལྷུང་སྟེ་སྡུག་བསྔལ་དྲག་པོས་འཆི་བའི་དུས་བྱས་སོ། །དེའི་དུས་ཀྱི་རྒྱལ་པོ་བླུན་པོ་དེ་ནི་ལྷས་བྱིན་ཉིད་དོ། ༈ །ཡང་སྔོན་མུ་སྟེགས་ཅན་གྱི་དྲང་སྲོང་མངོན་ཤེས་ཅན་དུ་གྱུར་པ་ན། མཚན་མོ་མུན་ནག་ཏུ་ལམ་སྟོར་ཞིང་གོལ་བ་མགོན་མེད་པ་སྨྲེ་སྔགས་འདོན་པའི་ཚོང་པ་ལྔ་བརྒྱ་ལ་ལམ་བསྟན་པའི་ཕྱིར་རང་གི་ལག་པ་གཉིས་སྣུམ་རས་ཀྱིས་དཀྲིས་ཏེ་མེ་སྦར་ནས་མཚན་དེར་འབར་བས་ལམ་བསྟན་པར་བྱས་ཀྱང་། དེ་བསམ་པ་དག་པས་བྱང་ཆུབ་ཚོལ་བའི་དགེ་བའི་ལས་ཀྱིས་ནམ་ལངས་པ་དང་ལག་པ་སོས་ཏེ་སྔ་མ་ལྟར་གྱུར་པ་ལ། ཚོང་པ་རྣམས་ངོ་མཚར་ཞིང་དད་པར་གྱུར་ཏེ་དྲིན་གསོ་བའི་ཕྱིར་དགེ་བ་ལ་སེམས་པར་གྱུར་པ་དང་། ༈ །ཡང་སྔོན་བཅོམ་ལྡན་འདས་འདི་རི་དྭགས་ཀྱི་ཁྱུ་དཔོན་དུ་གྱུར་པ་ན། རྒྱལ་པོའི་དཔུང་གི་ཚོགས་ཀྱིས་རི་དྭགས་རྣམས་བསྐོར་བར་གྱུར་པ་དང་། དེར་ཆུ་དྲག་པོ་བརྒལ་བར་དཀའ་བ་དེའི་དབུས་སུ་ཞུགས་ནས་རི་དྭགས་རྣམས་ལ་ངའི་རྒྱབ་ཏུ་རྐང་པ་ཞོག་ལ་འགྲམ་དུ་བརྒལ་བར་གྱིས་ཞེས་སྨྲས་པས། དེའི་རྒྱབ་ཏུ་རི་དྭགས་རྣམས་ཀྱི་རྨིག་པས་བརྫིས་པས་རུས་པའི་བར་དུ་གནད་ཆད་པར་གྱུར་ཀྱང་བརྩོན་པ་མ་བཏང་ལ་ཐམས་ཅད་བརྒལ་བའི་རྗེས་སུ་གང་མ་བརྒལ་བ་ཡོད་སྙམ་དུ་རྒྱབ་ཏུ་བལྟས་པ་དང་། རི་དྭགས་ཀྱི་ཕྲུ་གུ་གཅིག་མ་བརྒལ་བར་མཐོང་ནས། གནད་རྣམས་ཆད་ཅིང་ཚིགས་རྣམས་བྱེ་བའི་ཚོར་བ་ཉམས་སུ་མྱོང་བཞིན་རི་དྭགས་ཀྱི་ཕྲུ་གུ་དེ་རྒྱབ་ཏུ་བཀོལ་ནས་ཆུ་བོ་ལས་བརྒལ་ཏེ་བླ་མེད་བྱང་ཆུབ་ཐོབ་ནས་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བའི་སྨོན་ལམ་བཏབ་སྟེ་ཚེའི་དུས་བྱས་སོ། །དེའི་དུས་ཀྱི་རི་དྭགས་རྣམས་གྲོང་ཁྱེར་རྩྭ་ཅན་གྱི་གྱད་རྣམས་དང་། རི་དྭགས་ཕྲུ་གུ་དེ་ནི་ཀུན་ཏུ་རྒྱུ་རབ་བཟང་ཡིན་པར་གསུངས་སོ། ༈ །ཡང་སྔོན་ཝཱ་ཱརཱ་ཎ་སིར་རྒྱལ་པོ་ཚངས་སྦྱིན་ཞེས་པས་ཆོས་བཞིན་རྒྱལ་སྲིད་བྱེད་པ་ན། དེའི་རྟ་ཅང་ཤེས་ཤི་བ་དང་། ཁམས་ཀྱི་རྒྱལ་ཕྲན་ཞིག་གིས་རྟ་ཅང་ཤེས་ཤི་བ་ཐོས་ནས་ཕོ་ཉ་བཏང་སྟེ། ཡང་ན་དཔྱ་བྱིན་ཅིག །ཡང་ན་གྲོང་གི་སྒོར་མ་ཕྱུངས་ཤིག །གཞན་དུ་ན་ངེས་པར་སྐེ་ནས་བཏགས་ལ་འདིར་འཁྲིད་དོ་ཞེས་སྤྲིངས་སོ། །དེས་དཔྱ་ཡང་མ་སྩལ། གྲོང་ཁྱེར་གྱི་སྒོར་ཕྱུང་བཞིན་དུ་རྟ་ཅང་ཤེས་བཙལ་བས་རྙེད་ནས་དཔྱིད་ཀྱི་དུས་མེ་ཏོག་རྒྱས་པ་ན། ནགས་སུ་སོང་སྟེ་སླར་གྲོང་ཁྱེར་དུ་མ་ཕྱིན་པའི་བར་དེར་ཁམས་ཀྱི་རྒྱལ་ཕྲན་དེས་ཐོས་ནས། དཔུང་བཞིའི་དམག་འོངས་པ་དང་། རྒྱལ་པོ་ཚངས་བྱིན་རྟ་ཅང་ཤེས་ལ་ཞོན་ཏེ་དཔུང་བཞི་དང་ལྡན་པས་གཡུལ་བཀྱེ་བ་དང་། རྒྱལ་ཕྲན་གཞན་ཞིག་གིས་རྟ་ཅང་ཤེས་ཀྱི་གློར་མདུང་བསྣུན་ཏེ་རྒྱུ་མ་ལུག་ཅིང་གནད་ཆད་པའི་ཚོར་བ་མྱོང་བཞིན་བསྲན་བཙུགས་ནས་རྒྱལ་པོ་ཉམ་ང་བར་མདོར་བར་གྲོང་ཁྱེར་དུ་བསྐྱལ་ལོ་སྙམ་དུ་བརྟགས་ནས། རྫིང་བུ་ཚངས་ལྡན་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དེའི་མེ་ཏོག་རྣམས་ཀྱི་སྟེང་དུ་རྐང་པ་བཞག་ནས་བརྒལ་ཏེ་རྒྱལ་པོ་རང་ཡུལ་དུ་ཐར་བར་བྱས་ཤིང་རྟ་དེ་ཚེའི་དུས་བྱས་སོ། །རྒྱལ་པོས་ངའི་སྲོག་འབྱིན་པ་ནི་རྟ་ཅང་ཤེས་ཡིན་ན། དེ་ལ་རྒྱལ་སྲིད་ཀྱི་བྱེད་སྩལ་དགོས་ཀྱང་དུས་ལས་འདས་ཏེ། མ་འདས་ཀྱང་བྱིན་ཡང་ཅི་བྱར་ཡོད་སྙམ་ནས་དེའི་ཆེད་དུ་སྦྱིན་གཏོང་བྱས་སོ། །རྟ་ཅང་ཤེས་ནི་བཅོམ་ལྡན་འདས་སོ། ༈ །ཡང་སྔོན་གྱི་ཚེ་གངས་རིའི་རྒྱལ་པོའི་དྲུང་ན་གླང་པོ་ཆེ་ལྔ་བརྒྱ་གནས་པའི་རྒྱལ་པོར་གྱུར་པའི་གླང་པོ་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཏུ་གྱུར་པ་ན། གླང་པོ་དེ་རྣམས་ལམ་ཉམ་ང་བ་དོག་པ་ལམ་གཅིག་ལས་མེད་པ་ཞིག་ཏུ་མཚན་མོ་གནས་པར་གྱུར་པ་རྔོན་པ་ལྔས་མཐོང་ནས་མཚན་ཐོག་ཐག་ཏུ་ལམ་ཉམ་ང་བ་དེར་རླུབས་ཆེན་པོ་བརྐོས་ནས། གླང་པོ་འདི་ཐམས་ཅད་ཕྱིར་ལྷུང་བར་བྱས་ལ་བདག་ཅག་གིས་ཅི་དགར་བླང་བར་བྱའོ་སྙམ་ནས་གླང་པོ་ཆེ་རྣམས་དེར་འདས་པ་དང་། རླུབས་ཡོད་པའི་སྟེང་དུ་བཏང་བ་ན་དེར་རླུབས་ཡོད་པར་ཤེས་ནས་བརྒལ་མ་ནུས་པས། གླང་པོའི་རྒྱལ་པོ་དེས་བདག་ཉིད་ཀྱི་ལུས་རླུབས་ཀྱི་སྟེང་དུ་འཕྲེད་དུ་ཉལ་ཏེ་ཟམ་པ་བྱས་ནས་གླང་པོ་ཆེ་ལྔ་བརྒྱས་རྒྱབ་ཀྱི་སྟེང་དུ་བརྫིས་ཤིང་བརྒལ་ཏེ་སོང་བའི་རྗེས་སུ་བདག་ཉིད་མཆོངས་ནས་རླབས་དེ་ལས་བརྒལ་བ་དང་། ལྷ་རྣམས་ཀྱིས་སྨྲས་པ། སྡིག་ཅན་རླུབས་ཟབ་བརྐོས་གྱུར་ཀྱང་། དེ་ན་གླང་བདག་བློ་ལྡན་གྱིས། བདག་དང་གཞན་གཉིས་བཟླས་པ་ན། དོན་མེད་རླུབས་ཟབ་བརྐོས་པར་ཟད། ཅེས་སྨྲས་སོ། ༈ །ཡང་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དུ་གྱུར་པས་ཚོང་པ་སྲིན་མོའི་གླིང་དུ་ཚུད་པ་རྣམས་སླར་འཛམ་བུའི་གླིང་དུ་བདེ་བར་བརྒལ་བ་དང་། ༈ །ཡང་སེང་གེ་རལ་པ་ཅན་དུ་གྱུར་པའི་ཚེ་ན་དོན་མཐུན་ལྔ་བརྒྱ་སྤྲུལ་གདུག་པས་ཀུན་ནས་བསྐོར་བ་ལ། རང་གི་ལུས་དང་སྲོག་ལ་མི་ལྟ་བར་དེ་རྣམས་ཐར་བར་བྱས་པ་དང་། ༈ །ཡང་དེད་དཔོན་ནོར་གྱི་ཤིང་རྟ་ཞེས་བྱ་བར་གྱུར་པའི་ཚེ་ན་ཚོང་པ་ལྔ་ལ་སྙིང་བརྩེ་བས་དེ་དག་གི་དོན་དུ་དེ་རྣམས་དང་ལྷན་ཅིག་གྲུར་ཞུགས་པ་རླུང་དྲག་པོས་གྲུ་བཤིག་དུ་ཆ་བ་དང་། དེད་དཔོན་དེས་གཞན་ལ་མ་སྐྲག་ཅིག །གྲུ་ཞིག་ན་ཁྱེད་རྣམས་ང་ལ་འཇུས་དང་ངས་བརྒལ་བར་བྱའོ་ཞེས་སྨྲས་ནས། རིན་པོ་ཆེ་ཆེན་པོ་རྣམས་རང་གི་མཆན་དུ་བཏགས་ཏེ་གྲུ་ཞིག་པའི་ཚེ་དེ་རྣམས་དེད་དཔོན་དེ་ལ་འཇུས་པ་དང་། དེས་བརྩོན་པས་བརྒལ་བས་ངལ་ཞིང་དུབ་པས་སྲོག་གི་ལྷག་མ་ཅུང་ཟད་ལུས་པ་ཙམ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། དེད་དཔོན་དེ་དབུགས་ཆད་དེ་ཤིའོ། །དེ་རྣམས་ཀྱིས་རོ་དེ་སྐམ་ལ་ཕྱུངས་ཤིང་། མཆན་ཁུང་ན་རིན་པོ་ཆེའི་ཚོགས་མཐོང་ནས་ཁྱེར་ཏེ་ཡུལ་དུ་དོང་ཞིང་དབུལ་བ་མེད་པར་གྱུར་ཏོ། ༈ །ཡང་དེད་དཔོན་ཐམས་ཅད་སྐྱོབས་སུ་གྱུར་པ་ན་འབྲོག་དགོན་པར་ཆུ་མེད་པས་ངལ་བའི་ཚོང་པ་ལྔ་བརྒྱ་དང་། དེར་ལྷག་པར་ཉམ་ཐག་པའི་ཚོང་པ་མི་ལྔ་ཞིག་བསྐྱབ་པའི་ཕྱིར་བདེན་པའི་ཚིག་གིས་ལྷ་རྣམས་བསྐུལ་བས། དབང་ཕྱུག་ཆེན་པོས་ཆར་ཕབ་སྟེ། དེ་རྣམས་འབྲོག་དགོན་ལས་བདེ་བླག་ཏུ་ཐར་པར་བྱས་པ་སོགས། སྔོན་བྱང་ཆུབ་སེམས་དཔའི་དུས་ན་སེམས་ཅན་ཕོངས་པ་སྣ་ཚོགས་ཀྱིས་འཇིགས་པ་དག་དབུགས་ཕྱིན་ཅིང་འཇིགས་པ་མེད་པར་བྱས་པ་ཚད་དང་གྲངས་ཀྱིས་བགྲང་བར་མི་ནུས་པ་མཛད་པ་ལས། འདིར་མདོ་ལས་བྱུང་བའི་ཕྱོགས་འགའ་ཞིག་བཤད་པ་ཡིན་ནོ། །སྦྱིན་པའི་རབས་ཀྱི་སྐབས་སོ། ༈ །སྔོན་བསྐལ་པ་ཚད་མེད་པ་འདས་པའི་སྔ་རོལ་ན་བསྐལ་པ་མངོན་པར་དགའ་བ་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བར་བཅོམ་ལྡན་འདས་རི་རབ་ལྟ་བུ་ཞེས་བྱ་བ་བྱོན་པ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བ་བུ་སྟོང་ཚང་བ་བྱུང་ངོ་། །དེའི་ཚེ་སེམས་ཅན་རྣམས་ཀྱི་ཚེ་ཚད་ནི་ལོ་དུང་ཕྱུར་ཕྲག་བདུན་ཐུབ་པར་གྱུར་ཏོ། །རྒྱལ་པོ་དེ་བུ་སྟོང་དང་བཙུན་མོར་བཅས་པས་སངས་རྒྱས་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་དེ་ཆོས་ཉན་པར་བྱེད་ཅིང་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པ་ལ། ཆོས་སྨྲ་བ་ཆོས་ཀྱི་རྒྱལ་མཚན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རབ་ཏུ་བྱུང་བའི་བསྔགས་པ་བརྗོད་པས། རྒྱལ་པོ་དགེ་བའི་བཀོད་པ་དེ་འདོད་པའི་དགའ་བ་དང་རྒྱལ་སྲིད་ལ་མི་དགའ་བར་རབ་ཏུ་བྱུང་བར་འདོད་པ་བཞིན་དེ་བཞིན་གཤེགས་པས་ཀྱང་གནང་ངོ་། །རྒྱལ་པོ་དེས་བུ་སྟོང་པོ་ལ་ཁྱེད་ཅག་སུས་རྒྱལ་སྲིད་བསྒྲུབ་པ་དང་སེམས་ཅན་རྣམས་ལ་ཆོས་འཛིན་ཏུ་འཇུག་པར་སྤྲོ་བ་སུ་ཡོད། དེ་ཐམས་ཅད་ཀྱིས་བདག་ཅག་ཀྱང་དད་པས་ཁྱིམ་མ་མཆིས་པར་རབ་ཏུ་བྱུང་བས་བདག་ཅག་མདོར་ཅིག་ཅེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཁྱེད་ཐམས་ཅད་རབ་ཏུ་བྱུང་ན་གླིང་བཞི་པའི་འཇིག་རྟེན་ཁམས་ཀྱི་སྐྱེ་བོ་ཐམས་ཅད་ཆུད་ཟོས་པར་འགྱུར་གྱིས། ཁྱེད་རྣམས་ལས་བདག་དོན་ལ་མི་ལྟ་བར་སེམས་ཅན་རྣམས་ལ་བརྟན་པའི་སྙིང་རྗེ་ཆེན་པོ་འཇུག་པར་འགྱུར་བ་དེས། རྒྱལ་སྲིད་བསྒྲུབས་ལ་སེམས་ཅན་རྣམས་ལ་ཡང་དག་པར་འཛིན་དུ་ཆུག་ཅིག་ཅེས་སྨྲས་པ་ན། གཞོན་ནུ་དེ་དག་གི་ནང་ནས། རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བ་དེས། རང་གི་ཕ་དང་རྒན་རབས་རྣམས་ལ་སྨྲས་པ། རབ་བྱུང་ཡོན་ཏན་དུ་མ་བསགས་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་མོད་ཀྱི། །དེ་ལྟ་ལགས་ཀྱང་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་རྒྱལ་སྲིད་བདག་གིས་བསྒྲུབ། །ཇི་སྲིད་འཚོ་བར་བདག་ནི་ཚངས་སྤྱོད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བགྱི། །ཞེས་སོགས་ཚིགས་སུ་བཅད་པ་སྨྲས་པ་ན། །ཐམས་ཅད་ཀྱིས་ལེགས་སོ་བྱིན་ཞིང་བསྔགས་ཏེ་རྒྱལ་སྲིད་ལ་བཞག་ནས། རྒྱལ་པོ་དང་བུ་སྟོང་དུ་གཅིག་གིས་མ་ཚང་བ་རྣམས་རབ་ཏུ་བྱུང་སྟེ་མངོན་ཤེས་ལྔ་དང་གཟུངས་དང་ཆོས་ཀྱི་ཤེས་པ་ཡང་སྐྱེས་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཀྱིས་ཀྱང་ཟླ་བ་ཉའོ་ཅོག་ཏུ་གླིང་ཆེན་པོ་བཞི་པོ་དེ་དག་ཏུ་ཆོས་བསྟན་པ་རྗེས་སུ་སྟོན་པར་བྱས་པས་སེམས་ཅན་དུང་ཕྱུར་ཕྲག་དགུ་དང་བྱེ་བ་ཕྲག་གཉིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་སོ། །དེ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེ་ལས་རབ་ཏུ་བྱུང་སྟེ། ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་དུས་ཀྱི་རྒྱལ་པོ་དགེ་བའི་བཀོད་པ་ནི་ལྷའི་བུ་དེད་དཔོན་དང་། ཆོས་སྨྲ་བ་ཆོས་ཀྱི་རྒྱལ་མཚན་ནི་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བུ་སྟོང་པོ་ནི་བསྐལ་བ་འདིའི་སངས་རྒྱས་སྟོང་པོ་དག་ལ། དེའི་ནང་གི་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེར་སེམས་ནི་བཅོམ་ལྡན་འདས་འདི་ཉིད་དོ། ༈ །ཡང་སྔོན་གྱི་ཚེ་བསྐལ་པ་ཆེས་གྲངས་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པ་དོན་གྲུབ་བློ་ཞེས་པ་འཇིག་རྟེན་དུ་བྱོན་པའི་ཚེ། སེམས་ཅན་རྣམས་ཀྱི་ཚེ་ལོ་བྱེ་བ་ཕྲག་བཅུ་ཐུབ་པའི་དུས་དེར། རྒྱལ་པོ་འོད་ཟེར་ལྡན་ཞེས་བྱ་བ་འཛམ་བུའི་གླིང་དཔག་ཚད་ཁྲི་དྲུག་སྟོང་ལ་རྒྱལ་སྲིད་བྱེད་པ་ཕོ་བྲང་རིན་པོ་ཆེ་སྣང་བ་ཞེས་བྱ་བ་རིན་ཆེན་སྣ་བདུན་གྱི་རང་བཞིན་ཅན་འབྱོར་པ་ཤིན་ཏུ་རྒྱ་ཆེ་བ་དེའི་སྲས། རྒྱལ་བུ་བསོད་ནམས་འོད་ཟེར་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་དེ་བཙས་མ་ཐག་ཏུ་རིན་ཆེན་སྣ་བདུན་གྱི་གཏེར་སྟོང་བྱུང་ཞིང་། རྒྱལ་པོའི་ཁང་བཟང་གི་ནང་དུ་རིན་ཆེན་སྣ་བདུན་གྱི་གཏེར་མི་བཅུའི་ཚད་ཙམ་བྱུང་བར་གྱུར་ཏོ། །དེ་བཙས་མ་ཐག་ཏུ་འཛམ་གླིང་གི་མི་ཐམས་ཅད་ཡི་རངས་པ་དང་། བཙོན་པ་རྣམས་བཙོན་ལས་ཐར་རོ། །རྒྱལ་བུ་དེ་འཇིག་རྟེན་པའི་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་ཏོ། །དེ་ལ་གནས་གཙང་མའི་ལྷ་རྣམས་ཀྱིས་ནམ་གྱི་གུང་ཐུན་ལ་བག་ཡོད་པའི་གཏམ་དང་མི་རྟག་པ་དང་། འདོད་པའི་ཉེས་དམིགས་དང་། བྱང་ཆུབ་དམ་པ་འཚོལ་བའི་ཚིགས་བཅད་བརྗོད་པས་དེ་ཡིད་ལ་བཟུང་ནས་ལོ་བཅུའི་བར་དུ་གཉིད་དང་རྨུག་པ་དང་རྒོད་ཅིང་རྩེ་བ་དང་དགའ་བའི་ཡོ་བྱད་ཐམས་ཅད་ལ་མ་བལྟས་པར་གཅིག་པུར་སེམས་ཤིང་གནས་པར་གྱུར་ཅིང་། སྙིང་རྗེ་མེད་པའི་འཁོར་བའི་སྐྱོན་བསམས་ནས་གཅིག་པུར་མི་སྨྲ་བར་གནས་པར་གྱུར་པ་ལ། ཡབ་རྒྱལ་པོ་དེས་གཞོན་ནུའི་ལོངས་སྤྱོད་པའི་ཕྱིར་ས་ཕྱོགས་ཞིག་ཏུ་གྲོང་ཁྱེར་དགའ་མཆོག་ཅེས་བྱ་བ། ལྷོ་བྱང་གི་ངོས་སུ་ལམ་སྲང་བདུན་བརྒྱ་ཡོད་པ། རིན་ཆེན་སྣ་བདུན་གྱི་དྲིལ་བུ་གསེར་གྱི་དྲྭ་བ་དང་མུ་ཏིག་དང་རིན་པོ་ཆེའི་བླ་རེ་དང་དྲྭ་བ་སོགས་རྒྱན་གྱི་ཁྱད་པར་དང་། རིན་པོ་ཆེའི་ཤིང་སྟོང་བཙུགས་པ་རིན་པོ་ཆེའི་སྐུད་པ་དྲུག་གིས་སྦྲེལ་བ་ཤིང་ཏ་ལའི་ཕྲེང་བ་བྱེ་བས་སྦྲེལ་བ། དེར་གླུ་གར་དང་རོལ་མོའི་ཆ་བྱད་བྱེད་པའི་བུ་མོ་ལྔ་བརྒྱ་ལྔ་བརྒྱ་བཀོད་ནས་གཞོན་ནུའི་དགའ་བསྐྱེད་ཅིག་ཅེས་བྱས་ཤིང་། ལམ་སྲང་ཐམས་ཅད་དུ་བཞོན་པ་དང་གོས་དང་ཟས་སོགས་ཇི་ལྟར་འདོད་པའི་ཡོ་བྱད་རྒྱ་ཆེ་དགུ་བཤམས་ཏེ་བཞག་གོ། །རིན་པོ་ཆེའི་ཁང་བཟང་དཔག་ཚད་ཙམ་ཡོད་པ། རྟ་བབས་བརྒྱས་བརྒྱན་པ་དེའི་ནང་དུ་གཞོན་ནུའི་མལ་བྱེ་བ་ཕྲག་བཞི་བཤམས་ཤིང་། དབུས་སུ་སྐྱེད་མོས་ ཚལ་མེ་འབྲས་ཀྱི་ཤིང་དང ་རིན་པོ་ཆེའི་ལྗོན་ཤིང་དང་ཐེམ་སྐས་སོགས་བཀྲམ་པ། གང་ནས་སྤོས་ཆུ་འབབ་པའི་སེང་གེའི་ཁ་བརྒྱ་རྩ་བརྒྱད་ནས་ཆུ་འབབ་ཅིང་། མེ་ཏོག་སྣ་ཚོགས་རྟག་ཏུ་རྒྱས་པ། ཤིང་ལྗོན་པ་བརྒྱད་བརྒྱ་རིན་པོ་ཆེའི་སྐུད་པས་སྦྲེལ་བ། དེ་དག་རླུང་གིས་བསྐྱོད་པས་སིལ་སྙན་ལྟ་བུའི་སྒྲ་ཡིད་དུ་འོང་བ་སྒྲོགས་པ། གཞོན་ནུའི་ལུས་ལ་རྡུལ་གྱིས་རེག་ཏུ་འོང་ཞེས་རྫིང་དེ་རིན་པོ་ཆེའི་དྲྭ་བས་བཀབ་བོ། །ཁང་བཟང་དེར་རིན་པོ་ཆེའི་ཁྲི་བྱེ་བ་ཕྲག་བཞི་བཤམས་ཏེ། དེའི་སྟེངས་སུ་རས་བཅོས་བུ་ལྔ་བརྒྱ་བཏིང་ངོ་། །རྒྱལ་བུ་དེ་འདུག་པའི་ཁྲི་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཕང་དུ་མི་འགྲེང་བདུན་ཙམ་ཡོད་པ་དེར་རས་བཅོས་བུ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བདུན་བཏིང་ནས། ཁྲི་ཐམས་ཅད་ཀྱི་དྲུང་དུ་ཨ་ག་རུས་བདུག་ཅིང་ཉིན་ལན་གསུམ་མཚན་ལན་གསུམ་དུ་མེ་ཏོག་འགྲེམས་པ་དང་། གསེར་གྱི་ལྡ་ལྡི་དང་མུ་ཏིག་དང་ནོར་བུའི་དྲྭ་བ་རིན་པོ་ཆེའི་འོད་ཀྱིས་གསལ་ཞིང་། རིན་པོ་ཆེའི་ཤིང་ལས་བ་དན་བརྒྱ་བརྒྱ་བཤམས་སོ། །སྐྱེད་ཚལ་ཀུན་ཏུ་ཡང་ནོར་བུ་རིན་པོ་ཆེ་འོད་དཔག་ཚད་ཙམ་ཡོད་པ་འབུམ་ཕྲག་དགུ་བཅུ་རྩ་དགུ་བཞག་པས་འཇིག་རྟེན་ཐམས་ཅད་སྣང་བར་གྱུར་ཏོ། །སྐྱེད་ ཚལ་དེ་ནི་རེ་སྐེག་དང ་། ནེ་ཚོ་དང་ཁྲུང་ཁྲུང་དང་རྨ་བྱ་དང་ངང་ཀུན་ལ་དང་། ཀ་ལ་པིང་ཀ་ཤང་ཤང་ཏེའུ་རྣམས་མི་སྐད་དུ་སྨྲ་ཞིང་སྐད་བསྒྲགས་པས་ལྷའི་དགའ་ ཚལ་དང ་མཚུངས་པར་བྱས་སོ། །རོ་ལྔ་བརྒྱ་པའི་ཁ་ཟས་རྣམས་ཀྱང་རྒྱུན་དུ་བཤམས་ཏེ། དེའི་ཚེ་གཞོན་ནུ་ལོ་བཅུ་དྲུག་ནས་ཉི་ཤུ་ལོན་པ་ཐམས་ཅད་བསྡུས་ནས་ཕོ་བྲང་དེར་བཙུད་དེ། བཟོ་དང་ལས་ཀྱི་གནས་དང་འཇིག་རྟེན་པའི་དགའ་བ་དང་བྱ་བ་ཤེས་པ་བྱེ་བ་ཕྲག་བརྒྱད་ཅུ་དེར་བཙུད་དོ། །རྒྱལ་བུ་དེ་ལ་ཕ་མ་གཉིས་ཀྱི་བུ་མོ་བྱེ་བ་དང་། ཉེ་དུས་ཚོགས་ཀྱིས་བྱེ་བ་དང་། གྲོང་རྡལ་བའི་མིས་བྱེ་བ་དང་། རྒྱལ་པོ་གཞན་ཐམས་ཅད་ཀྱིས་ཀྱང་བུ་མོ་བྱེ་བ་བྱིན་ཏེ། དེ་ཐམས་ཅད་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་ཤ་སྟག་གོ། །དེ་ཐམས་ཅད་ལོ་བཅུ་དྲུག་ལོན་པ། གླུ་དང་རོལ་མོ་དང་སྐྱེས་པའི་གན་དུ་འགྲོ་མཁས་པ། བཞིན་འཛུམ་པ། ཚུལ་མཁས་པ་སྒྱུ་རྩལ་ཐམས་ཅད་ཀྱི་ཕ་རོལ་དུ་སོན་པ་སོགས་ཡོན་ཏན་ཐམས་ཅད་དང་ལྡན་པ། མེ་ཏོག་ཨུད་པ་ལའི་དྲི་འབྱུང་བ། ལྷའི་བུ་མོ་ལྟར་གསལ་བ། དེ་དག་གི་ནང་ན། རྒྱལ་བུ་བསོད་ནམས་འོད་ཟེར་གནས་ཀྱང་། དེས་སྤྱོད་ཡུལ་དེ་དག་དང་གླུ་གར་དེ་ལ། བདག་གི་མི་མཛའ་བའི་ཚོགས་ཆེན་པོ་དགེ་ཆོས་ཡོངས་སུ་ཉམས་པར་བྱེད་པ་ལྟུང་བ་འདི་ལ་ལྟ་བར་མི་བྱ་སྙམ་དུ། དཔེར་ན་གསད་པར་བྱ་བའི་མིས་གཤེད་མ་མཐོང་ནས་ངོ་མཚར་བའི་སེམས་མི་སྐྱེད་པ་བཞིན་དུ་བུད་མེད་སོགས་འདོད་ཡོན་དེ་དག་མཐོང་ན་ཡ་མཚན་དུ་མི་འཛིན་ཏེ། ལོ་བཅུ་པོ་དེར་བདག་མི་མཛའ་བའི་ཚོགས་འདི་ལས་ནམ་ཞིག་ཐར་ནས་བག་ཡོད་པའི་སྤྱད་པ་སྤྱོད་སྙམ་དུ་བསམ་པ་མ་གཏོགས་པར་གཟུགས་སྒྲ་སོགས་ཀྱི་མཚན་མ་བཟུང་བར་ཡང་མ་གྱུར་ཏོ། །དེ་ནས་བུ་མོ་དེ་དག་གིས་རྒྱལ་པོ་འོད་ཟེར་ལྡན་ལ། ལྷ་གཞོན་ནུ་ནི་མི་རོལ་ཏོ། །དགྱེས་པར་མི་མཛད་དོ་ཞེས་སྨྲས་པས། རྒྱལ་པོ་འོད་ཟེར་ལྡན་རྒྱལ་པོ་བརྒྱད་ཁྲི་དང་ལྷན་ཅིག་རྒྱལ་བུ་བསོད་ནམས་འོད་ཟེར་ག་ལ་བར་ཕྱིན་ནས་གདོང་མཆི་མ་ཟག་ཅིང་དུས་ཏེ་ས་ལ་འགྱེལ་ནས་ཡང་ལངས་ཏེ། བུ་ཁྱོད་ཀྱི་ཕྱིར་ང་ནི་མྱ་ངན་བྱེད་ན་ཁྱོད་ཅི་ཕྱིར་མི་དགའ། དེ་སྨྲོས་དང་ངས་དེ་ལ་ཆད་པ་ཆེན་པོས་གཅད་པར་བྱའོ། །ཁྱེད་ཀྱི་ཆེད་དུ་ངས་ལྷའི་ཁྱིམ་ལྟར་ཉམས་དགའ་བའི་ཕོ་བྲང་འདིར་མ་ཚང་བ་ཅི་ཡོད་སྨྲོས་དང་། བརྒྱ་བྱིན་ལྟ་བུའི་འབྱོར་པ་དང་། ལྷའི་བུ་མོ་ལྟ་བུའི་ཚོགས་ལ་ལྟོས་ལ་མྱ་ངན་མ་ཕྱེད་པར་དེ་རྣམས་དང་རྩེས་ཤིག་ཅེས་སོགས་ཀྱི་དོན་ཚིགས་སུ་བཅད་པས་སྨྲས་པ་ལ། སྲིད་པའི་སྐྱོན་མཐོང་ནས་འདོད་པ་ལ་ཡིད་བྱུང་བ་དེས་སྨྲས་པ། འཁོར་བའི་དྲྭ་བར་ཆུད་པའི་འགྲོ་བ་འདིར་བལྟས་ནས། ཐར་བ་དོན་གཉེར་བ་ལ་སྨྲས་པ་ཡབ་གསོན་ཅིག །ལྷ་གཅིག་སུས་ཀྱང་བདག་ལ་མི་དགའ་བགྱིས་མ་མཆིས། བདག་ནི་འདི་ལྟར་འདོད་པའི་ཡོན་ཏན་མོས་མ་ལགས། ཞེས་སོགས་བུད་མེད་སོགས་འདོད་པའི་ཡོན་ཏན་གྱི་ཉེས་དམིགས་དང་ལྷ་རྣམས་ཀྱིས་བསྐུལ་ཚུལ་དང་། བདག་དབེན་པར་དགའ་བའི་ཚུལ་རྣམས་ཚིགས་སུ་བཅད་དེ་སྨྲས་སོ། །དེ་ནས་རྒྱལ་བུ་དེ་ཁང་བཟང་གི་ནང་ན་འདུག་བཞིན་ཡིད་བྱུང་བ་དང་ལྡན་པའི་སེམས་ཀྱིས་བུད་མེད་དེ་དག་དང་ལྷན་ཅིག་འགྲེང་བ་དང་འགྲོ་བ་དང་འདུག་པའི་སྤྱོད་ལམ་གསུམ་གྱིས་གནས་ཤིང་རྨུགས་པ་དང་གཉིད་སྤངས་སོ། །ཁང་པའི་སྟེང་དུ་སོང་སྟེ་ས་རྐྱང་པ་ལ་གནས་ནས་འདུག་པ་ནམ་གྱི་གུང་ལ་བབ་པའི་ཚེ་གནས་གཙང་མའི་ལྷ་རྣམས་པར་སྣང་ལ་འགྲོ་ཞིང་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་པ་ཐོས་སོ། །ཐོས་ནས་ལུས་སྤུ་ཟིང་ཞེས་བྱེད་ཅིང་མཆི་མ་གླགས་ཏེ་ཐལ་མོ་སྦྱར་ནས་ལྷ་རྣམས་ལ་སུའི་ཡོན་ཏན་བརྗོད་ཅིང་བར་སྣང་ལ་འགྲོ། དེ་ཐོས་པས་བདག་ཡིད་བདེའོ་ཞེས་ཚིགས་བཅད་དུ་སྨྲས་པ་དང་། ལྷ་རྣམས་ཀྱིས་ཚིགས་སུ་བཅད་པས་སངས་རྒྱས་དོན་གྲུབ་བློ་འཁོར་བསམ་གཏན་བྱེད་པའི་དགེ་སློང་རྣམས་དང་ལྷན་ཅིག་བཞུགས་སོ་ཞེས་སྨྲས་པ་དང་། རྒྱལ་བུས་སངས་རྒྱས་དེ་ཡི་གཟུགས་ཅི་འདྲ་བ་དང་། ཇི་ལྟར་སྤྱད་ན་སངས་རྒྱས་སུ་འགྱུར་པའི་བྱང་ཆུབ་སྤྱོད་པ་ཅི་འདྲ་ཞེས་ཚིགས་སུ་བཅད་པས་དྲིས་པ་ལ། ལྷ་རྣམས་ཀྱིས་སངས་རྒྱས་དེའི་མཚན་བཟང་དང་། ཡོན་ཏན་གྱི་ཁྱད་པར་ཚིགས་སུ་བཅད་པས་སྨྲས་སོ། །དེ་ནས་རྒྱལ་བུས་སངས་རྒྱས་ཀྱི་བསྔགས་པ་དང་། ཆོས་དང་དགེ་འདུན་གྱི་བསྔགས་པ་ཐོས་ནས་ཡིད་རབ་ཏུ་དགའ་སྟེ། སངས་རྒྱས་ཀྱི་ཚུལ་དང་འཁོར་དང་ཆོས་རྣམས་ལ་སེམས། འདོད་པའི་ཉེས་དམིགས་རྣམས་ཀྱང་བསམ། འདོད་པའི་ཁོལ་པོ་ཉོན་མོངས་པས་བག་མེད་པའི་སྐྱེ་བོའི་ནང་ན་འདུག་པ་ནི་བདེ་འགྲོའི་ལམ་ཡང་སྦྱངས་མི་ནུས་ན། བླ་མེད་རྫོགས་བྱང་ལྟ་ག་ལ་འཐོབ། དེའི་ཕྱིར་བདག་སྒོ་ནས་ཕྱུང་ན་ཉེ་དུའི་ཚོགས་ཀྱིས་བར་ཆད་བྱེད་ཀྱིས། བདག་ཁང་སྟེང་འདི་ནས་མཆོང་བར་བྱ་སྙམ་དུ། དེ་བཞིན་གཤེགས་པ་དོན་གྲུབ་བློ་ལོགས་སུ་ཁང་བཟང་གི་སྟེང་ནས་མཆོངས་ཏེ། དེ་བཞིན་གཤེགས་པ་དེ་ཐམས་ཅད་མཁྱེན་ཅིང་གཟིགས་ཤེ་ན། དེ་བཞིན་གཤེགས་པ་དེས་དགོངས་སུ་གསོལ་ཞེས་ཀྱང་སྨྲས་པས། དེ་བཞིན་གཤེགས་པ་དོན་གྲུབ་བློའི་ཕྱག་གཡས་པ་བརྐྱངས་ཏེ་འོད་བྱུང་ནས་རྒྱལ་བུ་ལ་རེག་གོ། །འོད་དེ་ལས་པདྨ་འདབ་མ་བརྒྱ་སྟོང་ཡོད་པ་ཤིང་རྟའི་འཕང་ལོ་ཙམ་བྱུང་ཞིང་། པདྨ་དེ་དག་ལས་ཀྱང་འོད་ཟེར་གྱི་སྣང་བ་ཆེན་པོས་རྒྱལ་བུ་ཁྱབ་པར་བྱས་ཤིང་པདྨ་དེ་ལ་འདུག་སྟེ་སངས་རྒྱས་དེའི་ལོགས་སུ་ཐལ་མོ་སྦྱར་བས། ཕྱག་འཚལ་ལོ་ཞེས་ལན་གསུམ་ཆེད་དུ་བརྗོད་དོ། །དེ་ནས་འོད་དེ་བརྟུལ་བ་དང་གཞོན་ནུ་དེ་དེ་བཞིན་གཤེགས་པའི་དྲུང་དུ་བབས་སོ། །དེས་དེ་བཞིན་གཤེགས་པ་ལ་ཕྱག་བརྒྱ་སྟོང་དུ་འཚལ་ཏེ། ཚིགས་སུ་བཅད་པས་གསོལ་བ་བཏབ་པ་བཞིན། དེ་བཞིན་གཤེགས་པ་དེས་རྒྱལ་བུའི་ལྷག་པའི་བསམ་པ་མཁྱེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེར་ཡང་དག་པར་བསྟན་པས་རྣམ་པར་ཐར་པ་ཞེས་བྱ་བའི་གཟུངས་དང་། མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ། ནམ་མཁའ་ལ་གནས་ནས་མེ་ཏོག་རྣམས་མངོན་པར་སྤྲུལ་པས། དེ་བཞིན་གཤེགས་པ་དེ་ལ་གཏོར་ནས་སླར་བབ་སྟེ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་དོ། །དེར་མཚན་མོ་འདས་ནས་ནམ་ལངས་པ་དང་། རྒྱལ་པོ་འོད་ཟེར་ལྡན་དེས་གཞོན་ནུའི་འཁོར་གྱི་བུད་མེད་ངུ་བའི་སྒྲ་ཐོས་ནས་མྱུར་བར་སོང་སྟེ་དྲིས་པ་དང་། རྒྱལ་བུ་མི་གདའོ་ཞེས་སྨྲས་པས། རྒྱལ་པོ་ངུ་ཞིང་འགྱེལ་ལོ། །ཡང་ལངས་ནས་གྲོང་ཁྱེར་ཀུན་ཏུ་ལན་བརྒྱ་སྟོང་དུ་བཙལ་བ་ན་གྲོང་ཁྱེར་གྱི་ལྷ་དེས་རྒྱལ་པོ་ལ་གཞོན་ནུ་ནི་སངས་རྒྱས་དོན་གྲུབ་བློ་ལ་བལྟ་ཞིང་མཆོད་པའི་ཕྱིར་ཤར་ཕྱོགས་སུ་སོང་ངོ་ཞེས་སྨྲས་པས། རྒྱལ་པོ་དེ་བཙུན་མོའི་འཁོར་དང་གཞན་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་སྟེ་ཕྱག་འཚལ་ནས་ཚིགས་སུ་བཅད་པས་བསྟོད་པ་དང་། བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་པ་ལ། དེ་བཞིན་གཤེགས་པ་དེས་རྒྱལ་པོའི་ལྷག་པའི་བསམ་པ་མཁྱེན་ནས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་ཆོས་དེ་ལྟར་བསྟན་ཏོ། །དེ་ནས་རྒྱལ་བུ་བསོད་ནམས་འོད་ཟེར་གྱིས་བཅོམ་ལྡན་འདས་ལ་བདག་གི་གྲོང་ཁྱེར་དུ་གདུགས་ཚོད་གསོལ་བར་ཞུས་པ་བཞིན་ཅང་མི་གསུང་བས་གནང་སྟེ། རྒྱལ་བུས་ཕ་མ་དང་ལྷན་ཅིག་ཏུ་འགྲོགས་པ་དང་། བུད་མེད་དེ་དག་ལ་སྨྲས་པ། ཁྱེད་ཅག་ཡི་རངས་པར་གྱིས་ཤིག །ཅི་ནས་གྲོང་ཁྱེར་དགའ་མཆོག་བརྒྱན་ཏེ་དེ་བཞིན་གཤེགས་པ་ལ་དབུལ་དུ་རུང་བར་གྱིས་ཤིག །དེ་དག་གིས་རྗེས་སུ་ཡི་རངས་བར་སྨྲས་སོ། །རྒྱལ་བུས་གྲོང་ཁྱེར་དགའ་མཆོག་བརྒྱན་ཏེ་དེ་བཞིན་གཤེགས་པ་ལ་ཕུལ་ཞིང་། རོ་བྲོའི་ཞལ་ཟས་ལྔ་བརྒྱ་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་གསོལ་ཏོ། །དགེ་སློང་དེ་དག་ཐམས་ཅད་ཀྱི་ཕྱིར་རིན་ཆེན་སྣ་བདུན་གྱིས་གཙུག་ལག་ཁང་ནོར་བུའི་འཆགས་བཤམས་པ། སྟེང་དུ་རིན་པོ་ཆེའི་དྲྭ་བའི་བླ་རེ་ཕྲེས་པ། གཡས་གཡོན་དུ་མེ་ཏོག་གི་ཤིང་ལྗོན་པས་བརྒྱན་པ། པདྨ་དཀར་པོའི་རྫིང་གིས་མཛེས་པར་བྱས་པ། རས་བཅོས་བུ་བརྒྱ་སྟོང་དྲི་མ་མེད་པའི་མལ་བཤམས་པ། དགེ་སློང་རེ་རེ་ལ་གོས་ཁ་ན་མ་ཐོ་བ་མེད་པ་གང་བྱིན་པ་ཕྱི་དེ་ཉིན་མི་བྱིན་གྱི། ཉིན་གཅིག་བཞིན་གོས་གཞན་དང་གཞན་སྦྱིན་པར་བྱས་ནས། ལོ་བྱེ་བ་ཕྲག་གསུམ་གྱི་བར་དུ་རྨུགས་པ་དང་གཉིད་སྤངས་ནས། སངས་རྒྱས་མཆོད་པ་ལས་ཡིད་བྱེད་གཞན་སྤངས་ཏེ། སྐབས་དེར་འདོད་པ་དང་གནོད་སེམས་དང་འཚེ་བའི་རྣམ་རྟོག་མ་བྱུང་། རྒྱལ་སྲིད་ལ་དགའ་བ་མེད་ཅིང་ལུས་སྲོག་ལ་ཡང་མི་ལྟ་ན་དངོས་པོ་གཞན་ལ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཚུལ་གྱིས་བསྙེན་བཀུར་བྱས་ཤིང་། སྐབས་དེ་དག་ཏུ་བཅོམ་ལྡན་འདས་ཀྱིས་ཅི་གསུངས་པ་ཐམས་ཅད་ལན་གཅིག་གིས་བཟུང་སྟེ་ལན་གཉིས་མ་ཞུས་སོ། །བར་དེར་ཁྲུས་དང་ལུས་བཀྲུ་བ་མ་བྱས་ངལ་བའི་འདུ་ཤེས་མ་བསྐྱེད། ཟས་ཟ་བ་དང་བཤང་གཅི་བྱེད་པ་མ་གཏོགས་ནམ་ཡང་འདུག་པར་མ་གྱུར་ཏོ། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་སྐུ་གདུང་ཙན་དན་དམར་པོའི་ཞུགས་ལ་བཞུས་ནས་ཕྱོགས་དེར་ལོ་བརྒྱ་སྟོང་དུ་རིང་བསྲེལ་ལ་འཛམ་བུའི་གླིང་གི་མེ་ཏོག་དང་སྤོས་དང་ཕྲེང་བ་དང་རོལ་མོའི་མཆོད་པ་ཐམས་ཅད་པ་བྱས་ནས། ཕྱིས་མཆོད་རྟེན་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱས་ཏེ། དེ་དག་རིན་ཆེན་སྣ་བདུན་གྱི་དྲྭ་བས་གཡོགས་ཤིང་མུ་ཏིག་གི་བླ་རེ་བྲེས་སོ། །མཆོད་རྟེན་རེ་རེ་ལ་ཡང་རིན་ཆེན་སྣ་བདུན་གྱི་གདུགས་ལྔ་བརྒྱ་རེ་ཕུལ་ལོ། །སིལ་སྙན་བརྒྱ་སྟོང་དང་མར་མེའི་རྫ་བོ་བརྒྱ་སྟོང་དང་། སྤོས་ཀྱི་འབྲུ་མར་དྲུག་ཅུ་རྩ་བཞི་པ་སྟོང་གི་མར་མེ་དང་། སྤོས་དང་ཕྲེང་བ་བྱུག་པ་ཐམས་ཅད་ཀྱིས་མཆོད་པ་དང་། ཕྱོགས་ཀྱི་ཁོར་ཡུག་ཏུ་མེ་ཏོག་གི་ཤིང་ལྗོན་པ་བསྐྲུན་པ་སོགས་ཀྱི་མཆོད་པ་ལོ་བྱེ་བའི་བར་དུ་བྱས་ཤིང་། དེ་ནས་རབ་ཏུ་བྱུང་སྟེ་ཆོས་གོས་གསུམ་པར་གྱུར་ཅིང་རྟག་ཏུ་བསོད་སྙོམས་སྤྱོད་པ་དང་། རྟག་ཏུ་ཙོག་པུ་པ་སྟེ་ནམ་ཡང་གོ་མ་ཕབ་ལ། རྨུགས་གཉིད་ཀྱིས་ནམ་ཡང་ནོན་པར་མ་གྱུར་ཏོ། །དེ་ནས་ཟང་ཟིང་མེད་པའི་སེམས་ཀྱིས་ལོ་བྱེ་བ་ཕྲག་བཞིའི་བར་དུ་ཆོས་ཀྱི་སྦྱིན་པ་བྱིན་ཏེ། དེས་གཞན་ལས་ལེགས་སོ་ཞེས་པའི་ཚིགས་ཙམ་ལའང་རེ་བ་མེད་ན་རྙེད་བཀུར་ལ་ལྟ་ཅི་སྨོས། དེས་ཆོས་འཆད་པའམ་ཉན་པས་ངལ་བར་མ་གྱུར་ཏེ། དེ་ལ་ལྷ་རྣམས་ཀྱང་བསྙེན་བཀུར་བྱེད་དོ། །ཡུལ་མི་དང་བཙུན་མོའི་འཁོར་ཐམས་ཅད་དང་གྲོགས་པོ་ཐམས་ཅད་ཀྱང་དེའི་རྗེས་སུ་རབ་ཏུ་བྱུང་ངོ་། །དེར་བསོད་ནམས་འོད་ཟེར་གྱི་རྗེས་སུ་རབ་ཏུ་བྱུང་བ་རྣམས་ལ་གནས་གཙང་མའི་ལྷ་རྣམས་ཀྱིས་འདི་རྣམས་ལ་བདག་ཅག་གིས་བསྙེན་བཀུར་བྱས་ན་དཀོན་མཆོག་གསུམ་ལ་རིམ་གྲོས་བྱས་པར་འགྱུར་རོ་སྙམ་དུ་རིམ་གྲོ་བྱས་སོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞིའི་བར་དུ་དགེ་སློང་བསོད་ནམས་འོད་ཟེར་དེས་དམ་པའི་ཆོས་ཡོངས་སུ་བཟུང་ངོ་། །ཚུལ་འདི་ལྟ་བུས་སངས་རྒྱས་བྱེ་བ་ཕྲག་ཁྲིག་སྟོང་ཕྲག་དགུ་བཅུ་རྩ་བཞི་ལ་རྣམ་པ་དེ་ལྟ་བུའི་མཆོད་པ་བྱས་སོ། །དེ་ལྟར་རྒྱལ་བུ་བསོད་ནམས་འོད་ཟེར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཡིན་ལ། རྒྱལ་པོ་འོད་ཟེར་ལྡན་ནི་སངས་རྒྱས་འོད་དཔག་མེད་དང་། གྲོང་ཁྱེར་གྱི་ལྷ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པའོ། །ཞེས་གསུངས་སོ། །རྒྱལ་བུ་བསོད་ནམས་འོད་ཟེར་དེ་ལྟར་བྱང་ཆུབ་སེམས་དཔས་བླ་མེད་རྫོགས་བྱང་འདོད་པས་ལྷག་པའི་བསམ་པས་སྡུག་པ་དང་མི་སྡུག་པ་ཡོངས་སུ་སྤངས་ཏེ་བག་ཡོད་པར་བྱའོ་ཞེས་གསུངས་སོ། ༈ །ཡང་སྔོན་ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན། གོང་མ་སྲེག་དང་། རི་བོང་དང་། སྤྲེའུ་དང་། གླང་པོ་ཆེ་བཞི་གནས་པ་དེ་དག་ཕན་ཚུན་ཡིད་གཅུགས་པས་མཐུན་ལ་རྩོད་པ་མེད་པར་དགའ་བས་དུས་འདའ་ཞིང་གནས་སོ། །དུས་ཞིག་ན་དེ་དག་བགྲོས་ཏེ་གང་ལ་བསྙེན་བཀུར་བྱ་བའི་རྒན་པ་ཤེས་པར་འདོད་ནས་དྲིས་པ་དང་དེར་ཤིང་ནྱ་གྲོ་དྷ་ཞིག་ཡོད་པ་དེ་བསྟན་ནས། གོང་མ་སྲེག་གིས་སྨྲས་པ། ཤེས་ལྡན་དག་ཤིང་འདིའི་ཚད་སྔོན་ཅི་ཙམ་མཐོང་། གླང་པོ་ཆེས་སྨྲས་པ། བདག་ཅག་ལམ་འདིར་འགྲོ་བ་ན་ཁོ་བོའི་ལུས་དང་མཉམ་པ་ཙམ་སྐྱེས་པ་དེ་དུས་ནས་མཐོང་ངོ་། །སྤྲེའུས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་འགྲོ་ཚེ་འདི་ཁོ་བོའི་ལུས་དང་མཉམ་པ་ཙམ་སྐྱེ་བའི་སྐབས་སོ། །དེ་དག་གིས་གླང་པོ་བས་ཁྱོད་རྒན་ནོ་ཞེས་སྨྲས་སོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན་དེར་ཆགས་པའི་ཟིལ་པ་ལྕེས་བལྡགས་སོ། །དེ་དག་གིས་འདི་བས་ཀྱང་ཁྱོན་རྒན་ནོ། །གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གིས་ཤིང་ཆེན་པོའི་རྣམ་པར་མཐོང་གིས། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་ཤིང་འདི་སྐྱེས་པ་ཡིན་ནོ། །དེ་དག་གིས་སྨྲས་པ་བདག་ཅག་ཐམས་ཅད་ལས་ཁྱོད་རྒན་པས་གསུམ་པོས་དེ་ལ་བསྙེན་བཀུར་བྱ་བ་དང་། སྤྲེའུས་རི་བོང་དང་། གོང་མ་སྲེག་ལའོ། །རི་བོང་གིས་ནི་གོང་མ་སྲེག་ཁོ་ན་དང་། གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱ་བར་དམ་བཅས་ཏེ། དེ་ལྟར་རྒན་རིམ་བཞིན་བསྙེན་བཀུར་བྱེད་ཅིང་། ཕན་ཚུན་རྒྱུ་ཞིང་གང་གི་ཚེ་གཟར་པོའི་ཕྱོགས་སུ་འགྲོ་བ་ན། གླང་པོ་ལ་སྤྲེའུ། སྤྲེའུ་ལ་རི་བོང་། རི་བོང་ལ་གོང་མ་སྲེག་ཞོན་ཏེ་འགྲོའོ། །དེ་དག་དེ་ལྟར་སྡུག་པ་འཕེལ་ཞིང་ཞེས་བཅས་པ་ཡོད་ཀྱིས་རེ་ཞིག་བདག་ཅག་དགེ་བ་གཞན་ཅུང་ཟད་བླངས་ཏེ་འཇུག་པར་བྱའོ། །ཅི་ལྟར་བྱ། གོང་མ་སྲེག་གིས་སྨྲས་པ། སྲོག་གཅོད་པ་སྤང་བར་བྱའོ། །དེ་དག་གིས་དེ་ཅི་ཞིག །གོང་མ་སྲེག་གིས་སྨྲས་པ། ལོ་འབྲས་མེ་ཏོག་རྣམས་སྲོག་ཆགས་དང་བཅས་པའམ་སྲོག་ཆགས་མེད་པ་ཡང་ཡོད་པས་བདག་ཅག་གིས་དེང་ཕྱིན་ཆད་སྲོག་ཆགས་མེད་པ་ལ་ལོངས་སྤྱོད་པར་བྱའོ། །དེའི་རྗེས་སུ། ལོ་འབྲས་སོགས་འཛིན་པ་མེད་པ་ལེན་པས་མ་བྱིན་ལེན་པ་སྤང་བ་དང་བསྒྲོད་བྱ་མིན་པར་བསྒྲོད་པའི་ལོག་གཡེམ་སྤོང་པ་དང་། བརྟགས་ཤིང་དུས་སུ་བདེན་པར་སྨྲ་བས་རྫུན་སྤོང་བ་དང་། མྱོས་འགྱུར་གྱི་ཆང་སྤོང་བ་ལ་ཡང་། མྱོས་པར་འགྱུར་བའི་འབྲས་བུ་དང་། མྱོས་པར་མི་འགྱུར་པ་ཡང་ཡོད་པས་དེང་སླན་ཆད་མྱོས་པར་འགྱུར་བའི་འབྲས་བུ་སྤང་པར་བྱའོ་ཞེས་པ་ལྟར་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་གནས་པ་ན། གོང་མ་སྲེག་གིས་སྨྲས་པ། བདག་ཅག་གཞི་ལྔ་ལ་གནས་ན་གཞན་དག་ཀྱང་དེར་དགོད་པར་བྱའོ་ཞེས་སྨྲས་པས། རི་བོང་གིས་རི་བོང་ཐམས་ཅད་དང་། སྤྲེའུས་སྤྲེའུ་ཐམས་ཅད་དང་། གླང་པོ་ཆེས་གླང་ཆེན་དང་། སྟག་སེང་གུང་ཐམས་ཅད་རབ་ཏུ་དགོད་པར་བྱའོ་ཞེས་སྨྲས་སོ། །གོང་མ་སྲེག་གིས། ཁྱེད་ཀྱིས་འདུལ་བ་མ་ཡིན་པ། རྐང་པ་མེད་པ་དང་། རྐང་བཞི་པ་དང་། འདབ་ཆགས་གང་ཡིན་ཐམས་ཅད་ཁོ་བོས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་དགོད་པར་བྱའོ་ཞེས་དུད་འགྲོའི་སྐྱེ་གནས་པའི་སྲོག་ཆགས་ཇི་སྙེད་པ་ཐམས་ཅད་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་བཀོད་དེ། གཅིག་ལ་གཅིག་གནོད་མི་བྱེད་པར་ནགས་སྟུག་པོ་དེར་ཤེས་བཞིན་གྱིས་གནས་པའི་མཐུས་ལྷས་དུས་སུ་ཆར་ཕབ་པས་ལོ་འབྲས་དང་མེ་ཏོག་རྒྱས་པར་གྱུར་ཏོ། །མི་རྣམས་ཀྱིས་ཚུལ་དེ་ལྟ་བུ་མཐོང་ནས། དེའི་ཡུལ་དེའི་རྒྱལ་པོས་ངས་ཆོས་བཞིན་གྱི་རྒྱལ་སྲིད་བྱས་པའི་མཐུ་ཡིན་ནོ་ཞེས་ཟེར་རོ། །བཙུན་མོ་དང་གཞོན་ནུ་དང་། བློན་པོ་དང་གྲོང་མི་སོགས་ཀྱིས་རང་རང་གི་མཐུར་བསམ་མོ། །རྒྱལ་པོས་བསམ་པ་འདི་དག་ཐམས་ཅད་ཀྱིས་སོ་སོའི་མཐུར་འཛིན་ན། འདི་སུའི་མཐུ་ཞེས་ལྟས་མཁན་པ་རྣམས་ལ་དྲིས་ཀྱང་མ་ཤེས་ནས། བཱ་རཱ་ཎ་སི་ དང་ཧ་ཅང་མི་རིང་བའི་སྐྱེད་ཚལ་ཞིག་ན་དྲང་སྲོང་མངོན་ཤེས་ལྔ་དང ་ལྡན་པ་ཀུན་གྱིས་མཆོད་པ་ཞིག་ཡོད་དོ། །རྒྱལ་པོ་དེའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་བདག་གི་ཡུལ་ན་སྲོག་ཆགས་ཇི་སྙེད་པ་ཐམས་ཅད་གཅིག་ལ་གཅིག་འཚེ་བ་མེད་པར་ཤེས་བཞིན་དུ་གནས་པ་དང་། ལྷས་དུས་སུ་ཆར་ཕབ་པས་རྩི་ཤིང་དང་ལོ་འབྲས་རྣམས་རྒྱས་པར་གྱུར་པ་ན། བདག་གིས་ནི་ཆོས་བཞིན་རྒྱལ་སྲིད་བསྐྱངས་པའི་མཐུ་ཡིན་ནོ་སྙམ་ལ། བཙུན་མོ་སོགས་གྲོང་གི་མི་རྣམས་ཀྱི་བར་གྱིས་རང་རང་གི་མཐུར་བསམ་ན་འདི་སུའི་མཐུ་ལགས། དྲང་སྲོང་གིས་སྨྲས་པ། འདི་ནི་རྒྱལ་པོ་ཁྱོད་ཀྱི་མཐུ་མ་ཡིན་ལ། བཙུན་མོ་དང་གཞོན་ནུ་སོགས་གང་གི་མཐུ་མ་ཡིན་ཏེ། འོན་ཀྱང་ཁྱོད་ཀྱི་ཡུལ་ན་སྲོག་ཆགས་བཞི་ཡོད་པ་དེ་དག་གི་མཐུའོ། །རྒྱལ་པོས་སྨྲས་པ། དེ་བལྟར་འཚལ་ལོ། །དྲང་སྲོང་གིས་སྨྲས་པ། དེ་རྣམས་ལྟ་ཅི་འཚལ། དེ་དག་གིས་ཡང་དག་པར་བླངས་ཏེ་སྤྱད་པ་དེ་སྤྱོད་མཛོད་ཅིག །དེ་གང་ལགས། བརྟུལ་ཞུགས་ཀྱི་གཞི་ལྔའོ། །དེའང་གང་ལགས། སྲོག་གཅོད་པ་སྤོང་པ་སོགས་ལྔ་པོ་བསྟན་ཏོ། །དེ་ནས་རྒྱལ་པོས་བདག་གིས་བརྟུལ་ཞུགས་ཀྱི་གཞི་ལྔ་བླང་བར་བྱའོ་ཞེས་དེ་ལྟར་སྤྱད་པ་དང་། བཙུན་མོ་དང་གཞོན་ནུ་རྣམས་ནས། ཡུལ་མི་རྣམས་ཀྱི་བར་གྱི་ཐམས་ཅད་ཀྱིས་བརྟུལ་ཞུགས་ཀྱི་གཞི་ལྔ་བླངས་སོ། །རྒྱལ་པོ་ཚངས་བྱིན་འཁོར་དང་བཅས་པས་བརྟུལ་ཞུགས་ཀྱི་གཞི་ལྔ་བླངས་པར་ཐོས་པས་ཁམས་ཀྱི་རྒྱལ་ཕྲན་ཐམས་ཅད་ཀྱིས་དེ་བཞིན་དུ་བྱས་ཏེ། འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ཕལ་ཆེར་བརྟུལ་ཞུགས་ཀྱི་གཞི་ལྔ་བླངས་པས། དེར་འཛམ་བུའི་གླིང་པ་རྣམས་འཆི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རྣམས་ལ་སྨྲས་པ། གུས་བཅས་ཞེ་སར་བཅས་པ་དག །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གིས་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཞེས་སོ། །བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ན། དེའི་ཚེ་གོང་མ་སྲེག་ཏུ་གྱུར་ཏོ། །རི་བོང་ནི་དགེ་སློང་ཤཱ་རིའི་བུ་དང་། སྤྲེའུ་ནི་མོའུ་འགལ་གྱི་བུ་དང་། གླང་པོ་ཆེ་ནི་ཀུན་དགའ་བོ་ཡིན་ནོ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ན་ཡང་རང་དང་གཞན་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པར་བྱེད་ན་ལྷ་དང་མིར་གྱུར་པ་ན་ལྟ་ཅི་སྨོས་སོ། ༈ །ཡང་སྔོན་ལྷའི་དབང་པོ་བརྒྱ་བྱིན་དུ་སྐྱེས་པའི་ཚེ་ན། ལྷ་མ་ཡིན་གྱི་དཔུང་ཆེན་པོ་ལྷགས་ནས་ལྷ་རྣམས་དེ་དང་གཡུལ་འགྱེད་པའི་ཚེ་ལྷ་རྣམས་ཕམ་པར་གྱུར་ཏེ་ཕྱིར་ལོག་པའི་ལམ་དུ་ཤིང་ཤལ་མ་ལི་ལ་མཁའ་ལྡིང་གི་ཚང་བཅས་པ་ཤིང་རྟའི་གཉའ་ཤིང་གི་རྩེ་མོས་ཕོག་པས་བྱ་ཕྲུག་རྣམས་ལྷུང་དུ་ཉེ་བ་ན། བརྒྱ་བྱིན་གྱིས་ཁ་ལོ་བ་མ་ཏ་ལི་ལ་སྨྲས་པ། བྱེའུ་ཕྲུག་མ་ཚར་བ་འདི་དག་ལ་མ་ཕོག་པར་ཤིང་རྟ་དྲོངས་ཤིག །ཁ་ལོ་པས་སྨྲས་པ། ལྷ་མ་ཡིན་གྱི་དམག་ཕྱིར་འབྲངས་ནས་འོང་བས་ཅི་བགྱིར་མ་མཆིས་སོ། །བརྒྱ་བྱིན་གྱིས་སྨྲས་པ། རང་ཉིད་ཤི་ཡང་སླའི། བྱ་ཕྲུག་འཇིགས་པས་ཉེན་པ་འདི་དག་བསད་མི་རུང་བས་ཤིང་རྟ་སླར་ཟློག་ཅིག །དེས་ཤིང་རྟ་སླར་བཟློག་པའི་མོད་ལ་ལྷ་མ་ཡིན་རྣམས་སྐྲག་ནས་བྱེར་བར་གྱུར་ཏོ། ༈ །ཡང་སྔོན་གྱི་དུས་སུ་བཅོམ་ལྡན་འདས་འདི་བྲམ་ཟེའི་རིགས་ཆེན་པོ་ཞིག་གི་བུར་སྐྱེས་ནས། བློན་པོ་ཐོས་པ་ཆེ་ཞིང་ཡོན་ཏན་ལྡན་པ་ཞིག་ལས། རིག་བྱེད་བསླབས་པས་མཁས་ཤིང་གསལ་ལ་གུས་པ་སོགས་ཀྱི་ཡོན་ཏན་ལྷག་པར་གྱུར་པས། དེ་ལ་བླ་མ་ལྷག་པར་བྱམས་པར་གྱུར་ཏོ། །དེར་མཁན་པོ་དེས་སློབ་མ་རྣམས་ཀྱི་ངང་ཚུལ་བརྟག་པའི་ཕྱིར་བསང་བ་བྱེད་པའི་དུས་བདག་དབུལ་བའི་སྡུག་བསྔལ་གྱི་གཏམ་རྟག་ཏུ་བྱས་པས། སློབ་མ་རྣམས་མཁན་པོ་དེ་ལ་བྱམས་པས་བསོད་སྙོམས་མང་པོ་བསྒྲུབས་ནས་ཕུལ་བ་ལ། མཁན་པོ་ན་རེ། ཁྱེད་ཅག་བསོད་སྙོམས་བསྒྲུབས་པས་ངལ་བ་འདིས་ཅི་བྱ། ང་བསྐྱབ་པར་འདོད་ན་ནོར་བསྒྲུབ་པར་གྱིས་ཤིག །དེ་རྣམས་ཀྱིས་སྨྲས་པ། བདག་ཅག་སྐལ་བ་ཆུང་བས་འདི་ཙམ་ལས་རྡོ་མི་ཐོགས་ན་ཇི་ལྟར་བགྱི། སྦྱིན་པའི་སྐྱེ་བོ་ཉུང་ལ། བྲམ་ཟེ་རྣམས་ལ་ནོར་སྒྲུབ་པའི་ཐབས་ཀྱང་ཆུང་ངོ་། །མཁན་པོས་སྨྲས་པ། བྲམ་ཟེ་རྣམས་ལ་ནོར་སྒྲུབ་པའི་ཐབས་གཙུག་ལག་ལས་བྱུང་བ་ཡོད་ཀྱང་། ང་ནི་རྒས་པས་མཐུ་མེད་དེ་མི་ནུས་སོ། །སློབ་མ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་བདག་ཅག་གིས་བསྒྲུབ་རུང་ན་གསུང་དང་བདག་ཅག་གིས་ཆོས་ཀྱི་དྲིན་ལན་གླན་པར་བྱའོ། །མཁན་པོས་སྨྲས་པ། གཞན་ཡང་སྙིང་ལ་རྩོལ་མི་ཕོད་པ་རྣམས་ཀྱིས་སྒྲུབ་པར་དཀའ་མོད་ཀྱི་ནན་གྱིས་འདོད་ན་ནོར་སྒྲུབ་པའི་རིག་པ་དེ་འདི་ཡིན་ཏེ། བྲམ་ཟེ་རྒུད་ཚེ་རྐུ་བ་ཆོས་སུ་བཤད། འཇིག་རྟེན་ན་ཡང་ནོར་མེད་རྒུད་པའི་མཆོག །དེ་བས་གཞན་ནོར་མ་མཐོང་བླང་བར་གྱིས། འདི་དག་ཀུན་ཀྱང་བྲམ་ཟེའི་ནོར་ཡིན་ནོ། །མངོན་སུམ་དུ་ནི་ནོར་འཕྲོག་ནུས་གྱུར་ཀྱང་། བདག་གི་གྲགས་པ་བསྲུང་བར་བྱ་དགོས་སོ། །ཞེས་བཤད་པས་སློབ་མ་དེ་དག་གིས་མ་བརྟགས་པར་དེ་ལྟར་བགྱིའོ་ཞེས་མཉན་ཏོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དགེ་བ་ཡིན་པས་ཚིག་དེ་མི་རིགས་པར་མཐོང་ནས་ངོ་ཚ་བས་མགོ་སྨད་དེ་ཅང་མི་སྨྲའོ། །མཁན་པོས་དེ་མཐོང་ནས་འདི་ལ་ཡོན་ཏན་ཞིག་ཡོད་པར་འདུག་སྙམ་དུ་བསམ་ཞིང་། ཡང་འདི་རྩོལ་མི་ཕོད་པའམ་ངལ་མི་བྱམས་པའམ། འོན་ཏེ་ཆོས་ཀྱི་འདུ་ཤེས་ཀྱིས་རྐུན་པོ་མི་བྱེད་པ་གང་ཡིན་བརྟག་གོ་སྙམ་དུ། དེ་ལ་སྨྲས་པ། བྲམ་ཟེ་འདི་རྣམས་ཀྱིས་ང་རྒུད་པ་མི་བཟོད་པས་སེམས་སྟོབས་བསྐྱེད་པར་གྱུར་ན། ཅི་ཁྱོད་ང་ལ་མི་བྱམས་པའམ། རྩོལ་མི་ཕོད་པའམ་ཅི་ལྟར་མི་སྨྲ་བར་གནས། བྱང་ཆུབ་སེམས་དཔས་གསོལ་བ། བདག་ནི་མཁན་པོ་ལ་མི་བྱམས་ཤིང་སྙིང་སྲ་ནས་བླ་མའི་སྡུག་བསྔལ་གྱིས་མ་གདུངས་པ་ཡང་མ་ལགས་ཏེ། མཁན་པོས་བསྟན་པའི་རིག་པ་འདི་མི་སྲིད་པའི་ཕྱིར་འདི་ལ་སྤྲོ་བ་མ་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སུས་ཀྱང་མ་མཐོང་བར་སྡིག་པ་སྤྱད་དུ་རུང་བའི་དབེན་པ་དེ་ལྟ་བུ་མི་སྲིད་པའི་སླད་དུ་སྟེ། འབྱུང་པོ་རྣམས་དང་ལྷ་དང་ཐུབ་པ་དག་གིས་མི་མཐོང་བར་གྱུར་པ་ནི་གང་ན་ཡང་མེད་ཅིང་། བདག་གིས་བྱས་པ་གཞན་གྱིས་མ་ཤེས་སོ་སྙམ་དུ་སྡིག་པ་བྱེད་པའི་བྱིས་པ་རྣམས་ནི་རྨོངས་པ་སྟེ། ཉེས་པར་བྱས་པ་བདག་རང་ཉིད་ཀྱིས་མཐོང་བཞིན་དུ་བྱས་ན་སུས་ཀྱང་མི་མཐོང་བ་མ་ཡིན་ཏེ། རང་གིས་མངོན་སུམ་མཐོང་བའི་ཕྱིར། དེ་ལ་སྡིག་པ་མེད་པ་མི་སྲིད་པས། དེའི་སླད་དུ་བདག་དེ་ལྟར་དེ་ལ་སྤྲོ་བ་མེད་པར་གྱུར་ཏོ། །དེ་ལ་མཁན་པོ་དེ་རབ་ཏུ་དགའ་ནས་སྨྲས་པ། ཁྱོད་ནི་ངས་སྨྲས་པ་ལ་ཡང་སྐྱོན་ཡོན་ཤེས་པའི་བློས་ནོར་གྱི་ཕྱིར་ཡོན་ཏན་ཆུད་མི་གསོན་པ་ལེགས་སོ། །ངོ་ཚ་བོར་ནས་ཆོས་དང་འགལ་བས་ལྷའི་དབང་པོ་ཐོབ་པ་ལས། གྱོ་མོའི་སྣོད་ཐོགས་ཏེ་དགྲའི་སྒོར་སློང་མོ་བྱེད་པ་བཟང་ངོ་། །བུ་བྲམ་ཟེ་ཆེན་པོ་ལེགས་སོ་ཞེས་བསྟོད་པར་བྱས་སོ། ༈ །ཡང་ཡུལ་ཤི་བི་བ་རྣམས་ཀྱི་རྒྱལ་པོར་གྱུར་པའི་ཚེ་ན། སྐྱེ་དགུ་རྣམས་ལ་ཕ་དང་འདྲ་བར་ཕན་འདོགས་པར་བྱེད་དོ། །དེའི་བློན་པོ་ཆེན་པོའི་བུ་མོ་ལྷའི་བུ་མོ་དང་འདྲ་བ་ཆགས་བཅས་སུས་མཐོང་ཡང་ཡིད་དྲངས་པར་བྱེད་པ་མྱོས་བྱེད་མ་ཞེས་བྱ་བ་ཡོད་པས། དེའི་ཕས་རྒྱལ་པོ་ལ་ཁྱོད་ཀྱི་ཡུལ་དུ་བུད་མེད་རིན་པོ་ཆེ་བྱུང་ན། ཕྱག་ཏུ་བཞེས་སམ་མི་བཞེས་ཉིད་མཁྱེན་ནོ་ཞེས་བྱས་པ་ལ། རྒྱལ་པོ་དེས་དེ་འོས་པ་ཡིན་མིན་བྲམ་ཟེ་རྣམས་རྟོག་ཏུ་བཏང་ངོ་། །བྲམ་ཟེ་རྣམས་ལ་བུ་མོ་དེས་ཁ་ཟས་དྲང་བའི་ཚེ་བུ་མོ་དེ་འབའ་ཞིག་ལ་ལྟ་ཞིང་ཟས་ཟར་མ་ནུས་པས་དེའི་ཕས་བུ་མོ་མི་སྣང་བར་བྱས་ཏེ་ཟས་བྱིན་ནས་སླར་གྱེས་སོ། །བྲམ་ཟེ་དེ་རྣམས་ཀྱིས་འདི་ནི་མིག་འཕྲུལ་ལྟ་བུ་བཅོས་པའི་གཟུགས་ཅན་དེ། འདི་བྱད་བཞིན་བཟང་ཆེས་པས་དྲང་སྲོང་རྣམས་ཀྱང་བསླུ་ནུས་པས་འདི་དང་འཕྲད་ན་ངེས་པར་རྒྱལ་པོ་མྱོས་ནས་ཆོས་དང་སྲིད་ཀྱི་དོན་བསྒྲུབ་པ་ལས་གཡེལ་བར་འགྱུར་རོ་སྙམ་དུ། རྒྱལ་པོ་ལ་དེ་ནི་བྱད་བཞིན་བཟང་ཡང་མཚན་ངན་པས་རྒྱལ་པོས་གཟིགས་སུ་མི་རུང་ན་ཁབ་ཏུ་བགྱིད་པ་ལྟ་ཅི་སྨོས་ཞེས་བྱས་སོ། །དེ་ཐོས་པས་རྒྱལ་པོ་ཆགས་པ་མེད་པར་གྱུར་པས། རྒྱལ་པོས་མི་བཞེད་པར་ཤེས་ནས་བློན་པོ་གཅིག་ལ་བྱིན་ནོ། །རྒྱལ་པོ་དེ་མེ་ཏོག་ཀུ་མུ་ཏའི་དགའ་སྟོན་ལ་སོང་བའི་ཚེ། མྱོས་བྱེད་མས་རྒྱལ་པོ་འདིས་བདག་མཚན་ངན་ཞེས་བོར་རོ་སྙམ་དུ་བྱད་བཞིན་མཛེས་པར་བྱས་ཏེ་ཁང་སྟེང་ནས་བལྟས་པ། རྒྱལ་པོས་མཐོང་ནས་ཡ་མཚན་པའི་མིག་གིས་རིང་ཞིག་བལྟས་ཏེ། འདི་ནི་ལྷའམ་ལྷ་མིན་སོགས་ཅི་ཡིན་སྙམ་དུ་བལྟས་པས་ཚིམ་པར་མ་གྱུར་བཞིན་ཤིང་རྟ་གཞན་དུ་ཐལ་བས་ཡིད་མི་དགའ་ཞིང་དེ་འབའ་ཞིག་སེམས་པས་རང་གི་གནས་སུ་ཕྱིན་པའི་ཚེ། ཁ་ལོ་སྒྱུར་བ་ལ་བུད་མེད་དེ་སུ་ཞིག་ཡིན་ཞེས་དྲིས་པ་ལ། དེ་ནི་བློན་པོ་ཨ་བྷི་པ། ར་ཀ་ཞེས་པའི་ཆུང་མ་མྱོས་བྱེད་མ་ཞེས་བྱའོ་ཞེས་སྨྲས་པས། བུ་མོ་དེ་གཞན་གྱི་ཆུང་མར་གྱུར་པས་རེ་ཐག་ཆད་བཞིན་དེ་ནི་མྱོས་བྱེད་མ་ཞེས་པ་མིང་དོན་དང་མཐུན་པར་གྱུར་ཏོ་སྙམ་དུ་འདོད་པས་མྱོས་པའི་མཐུས་བརྟན་པ་དང་བྲལ་ཏེ་ཡིད་མི་བདེ་བས། བཞིན་དང་མིག་མདངས་དང་ཤ་བྲི་ནས་སྲབ་མོར་གྱུར་པ། མྱོས་བྱེད་མའི་བདག་པོ་བློན་པོ་དེ་བརྡ་དང་མཚན་མ་ལ་མཁས་པས་རྒྱལ་པོ་དེ་འདོད་ཆགས་ཀྱི་མཐུས་དེ་ལྟར་མ་རུངས་པར་ཤེས་ནས། རྒྱལ་པོ་ལ་སྙིང་ཉེ་བས་དབེན་པར་གསང་སྟེ་གསོལ་བ། བདག་ད་ནང་ལྷ་མཆོད་པའི་ཚེ་གནོད་སྦྱིན་ཞིག་གིས་མྱོས་བྱེད་མ་ལ་རྒྱལ་པོ་ཐུགས་ཆགས་པ་མི་ཤེས་སམ་ཞེས་བགྱིས་ནས་མི་སྣང་བར་གྱུར་པ། དེ་ལྟར་མོད་ན་ལྷ་གཅིག་བདག་ལ་ཅིའི་ཕྱིར་བཀའ་མི་སྩལ། མྱོས་བྱེད་མ་འདི་བདག་ལ་བརྩེ་བའི་སླད་དུ་བཞེས་ཤིག །དེ་ཐོས་པས་རྒྱལ་པོ་ངོ་ཚ་སྟེ་མགོ་སྨད་ནས་འདོད་ཆགས་ཀྱི་དབང་དུ་གྱུར་ཀྱང་། ཆོས་ལ་སེམས་པ་གོམས་པའི་ཕྱིར་བརྟན་པར་ཉམས་པར་མི་འདོད་པས་སྨྲས་པ། དེ་ནི་མི་རིགས་ཏེ་བསོད་ནམས་ཉམས་པར་འགྱུར་ལ། བདག་ཀྱང་འཆི་དགོས་ཤིང་། ཁྱོད་ཀྱང་དེ་དང་བྲལ་བས་མྱ་ངན་སྐྱེ་བའི་ཕྱིར་ན་འདི་དང་ཕ་རོལ་གཉིས་སུ་བདག་ཅག་གཉིས་ལ་གནོད་པར་འགྱུར་བས། མི་མཁས་བྱིས་པ་རྣམས་ཀྱིས་བསྟེན་པའི་ཆོས་དེ། མཁས་པ་རྣམས་ཀྱིས་བསྟེན་པར་མི་བྱེད་དོ། །བློན་པོས་སྨྲས་པ། ཆོས་དང་འགལ་བའི་དོགས་པ་མི་མཛད་དུ་གསོལ། བདག་གི་སྦྱིན་པའི་གྲོགས་བྱས་པས་ཁྱོད་ལ་བསོད་ནམས་སུ་འགྱུར་ལ། མ་བཞེས་ན་བདག་གི་སྦྱིན་པའི་གེགས་བྱས་པས་བསོད་ནམས་མིན་པར་འགྱུར་རོ། །གླེང་པ་ངན་པའི་སྐབས་ཀྱང་མེད་དོ། །འོ་སྐོལ་གཉིས་མིན་པ་འདི་སུས་ཤེས། དེས་མིས་ཁྲེལ་འབྱུང་དོན་མེད་དོ། །རྒྱལ་པོས་སྨྲས་པ། ང་ལ་རབ་ཏུ་བྱམས་ཀྱང་དེ་ལྟ་བུའི་སྦྱིན་པ་མི་རིགས་སོ། །སུས་མ་མཐོང་བར་སྡིག་པ་བྱས་ཀྱང་། དུག་ཟོས་བཞིན་དུ་མི་བདེ་སྟེ། ལྷ་དང་རྣལ་འབྱོར་ཅན་གྱིས་མི་མཐོང་བ་མི་སྲིད་དོ། །གཞན་ཡང་འདི་བཏང་ན་ཁྱོད་ལ་སྡུག་བསྔལ་འབྱུང་ངོ་། །བློན་པོས་སྨྲས་པ། ཁྱོད་ནི་རྗེ། བདག་ནི་འབངས་ཡིན་ན། བྲན་མོ་འདི་ལ་ཁྱོད་དབང་བས་ཆོས་དང་ཅི་ཞིག་འགལ། འདི་བདག་ལ་ཕོངས་ནས་ཕོངས་སུ་ཟད་དེ། ཕོངས་པ་བྱིན་ན་ཕྱི་མར་རབ་ཏུ་དགའ་ཞིང་ཕོངས་པ་ཐོས་པས་ལྷ་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ་དེ་སྐད་མ་ཟེར་ཞིག །ཆོས་སྤྱོད་པ་དག་པས་དཔལ་ཐོབ་ཀྱང་། སྦྱིན་པ་པོ་དེ་ལ་གནོད་པ་བྱེད་པ་ལས། མཚོན་གྱིས་འདེབས་པ་དང་། མེ་ནང་དུ་ཞུགས་ཀྱང་སླའོ། །བློན་པོ་ན་རེ། འདི་ལྷས་མི་བཞེས་ན། ཐམས་ཅད་ཀྱིས་སྤྱད་དུ་རུང་བའི་སྨད་འཚོང་མའི་ཚུལ་དུ་བྱའོ། །དེ་བས་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་མྱོས་སམ་ཅི། སྐྱོན་མེད་པའི་ཆུང་མ་ལ། ང་ཡི་ཆད་པས་ཇི་ལྟར་གཅད། དེ་ལྟ་ན་སྨད་པའི་གནས་སུ་ཁྱོད་འགྱུར་ཏེ་འདི་དང་གཞན་དུ་བསྲེག་པར་འགྱུར་པས། དེས་ན་བྱར་མི་རུང་བ་ལ་ཡུས་མ་ཆེ་བར་རིགས་པ་ལ་དགའ་བར་གྱིས་ཤིག །བློན་པོ་དེས་སྨྲས་པ། གལ་ཏེ་ཁྱོད་བདེ་ན་བདག་ཡིད་བདེ་སྟེ། །ཆོས་དང་འགལ་ལམ་སྐྱེ་བོས་སྨད་ཀྱང་བཟོད་དོ། །ཁྱོད་ལས་ལྷག་པའི་མགོན་མེད་པས་བདག་གི་བསོད་ནམས་འཕེལ་ཕྱིར་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། ང་ལ་བྱམས་པས་བདག་གི་དོན་ལ་ཡང་མི་ལྟ་བ་ཁྱོད་ལ། དེའི་ཕྱིར་ཡང་ངས་ལྷག་པར་ཡལ་བར་འདོར་མི་རུང་བས། འཇིག་རྟེན་གྱིས་སྨད་པ་ལ་མི་འཛེམ་པ་དང་། འདི་དང་ཕྱི་མའི་འབྲས་བུ་ལ་མི་ལྟ་བ་ནི་ལྷ་དང་དཔལ་གྱིས་སྤོང་བས་ན་སྲོག་གི་ཕྱིར་ཡང་ཆོས་མིན་ལ་མི་དགའ་སྟེ། ཉེས་པ་ཆེན་པོ་འབྱུང་ལ། ལེགས་པ་ཆུང་ཞིང་དོགས་པ་དང་བཅས་པའི་ཕྱིར་རོ། །གཞན་ཡང་དམ་པ་རྣམས་ནི་ཕ་རོལ་སྨོད་པ་སོགས་སྡུག་བསྔལ་བྱས་ན་བདག་ཉིད་བདེ་བ་མི་འགྲུབ་པས་དེའི་ཕྱིར་ད་ནི་སུ་ལ་ཡང་མི་གནོད་པར་ཆོས་ལ་གནས་ནས་རང་གི་དོན་སྒྲུབ་བོ། །བློན་པོས་སྨྲས་པ། རྗེའི་དོན་དུ་གུས་པའི་འབངས་ཀྱིས་སྤྱད་པ་འདི་ལྟར་ཕུལ་བ་ལ་ཆོས་མིན་གྱི་ནོངས་པ་ཅི་མཆིས། དེ་ལ་ཡུལ་འདིའི་མི་རྣམས་ཀྱིས་ཀྱང་ཆོས་མིན་གྱི་ཐ་སྙད་གདགས་སུ་ཅི་ཡོད། དེ་བས་ན་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་ནི་དོན་ལ་གཞོལ་མོད་ཀྱི། འོ་ཅག་གཉིས་དང་ཡུལ་ཤི་བ་པའི་ལྗོངས་ཀྱི་མི་དང་བཅས་པའི་ནང་ན་སུ་ཆོས་ཤེས་པའི་མཆོག་ཡིན་པ་དེ་གང་ཡིན་དཔྱད་དགོས་སོ། །བློན་པོ་ན་རེ། རྒན་པ་བསྙེན་བཀུར་བྱས་པ་དང་། ཐོས་མང་བློ་རྣོ་བ་དང་། དོན་གྱི་མཆོག་རིག་པ་ལྷ་གཅིག་ཁྱེད་ལས་ཆེ་བ་མེད་དོ། །རྒྱལ་པོ་ན་རེ། དེ་ལྟ་ན་ང་འདི་ལ་བསླུ་བར་མི་རིགས་ཏེ། དེ་ཅིའི་ཕྱིར་ན། འཇིག་རྟེན་ན་ཕན་པ་དང་གནོད་པ་ནི། རྒྱལ་པོ་རྣམས་ཀྱི་སྤྱོད་པ་ལ་རག་ལུས་པས། འབངས་རྣམས་ལ་སྙིང་ཉེ་བར་བསམས་ནས། གཏམ་སྙན་འབྱུང་བའི་ལམ་ལ་བལྟ་ཞིང་། ཁྱུ་མཆོག་གང་དུ་སོང་བའི་རྗེས་སུ་འགྲོ་བ་རྣམས་དོགས་པ་མེད་པ་འབྲངས་པ་ལྟར། འབངས་རྣམས་ཀྱང་རྒྱལ་པོའི་རྗེས་སུ་འབྲངས་པར་བྱེད་དོ། །གཞན་ཡང་ཁྱོད་ཉོན་ཅིག །དེས་རང་ཉིད་སྲུང་མ་ནུས་ན་འབངས་ཇི་ལྟར་སྲུང་། བདག་ནི་འབངས་ལ་ལྟ་བ་དང་། ཆོས་དང་གྲགས་པ་དྲི་མ་མེད་པར་ལྟ་བའི་སེམས་ཀྱིས། འདོད་པའི་སེམས་ཀྱི་དབང་དུ་མི་འགྲོའོ། །དེ་ནས་བློན་པོ་དེས་རྒྱལ་པོ་བསྲན་ཚུགས་པར་རིགས་ནས་ཕྱག་བྱས་ཏེ། རྒྱལ་པོ་ཁྱོད་ལྟ་བུ་བཞུགས་པའི་འབངས་རྣམས་ནི་སྐལ་བ་བཟང་ངོ་། །ཆོས་ལ་གནས་ཤིང་བདེ་བ་ལ་མ་ཆགས་པ་ཁྱོད་ལྟ་བུ་དཀའ་ཐུབ་ཀྱི་ནགས་ནའང་དཀོན་ནོ། །རྒྱལ་པོ་ཆེན་པོ་ཞེས་པའི་སྒྲ་ཡང་ཡོན་ཏན་ལྡན་པ་ཁྱོད་ལ་འོས་སོ་ཞེས་བསྔགས་སོ། །དེ་ལྟར་བདག་ཉིད་ཆེན་པོ་རྣམས་ནི་སྡུག་བསྔལ་བར་གྱུར་ཀྱང་། ངན་པའི་ལམ་དུ་མི་འཇུག་པའི་ཚུལ་ཁྲིམས་ལ་གནས་པ་ཉིད་དོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པའི་ཚེ་ན། ལྷའི་བདེ་བ་ཕུན་སུམ་ཚོགས་ཀྱང་སྙིང་རྗེའི་དབང་གིས་འཇིག་རྟེན་གྱི་དོན་ལ་བྱ་བ་ལ་ལྷོད་པར་མ་གྱུར་ཏེ། མིའི་འཇིག་རྟེན་དུ་ཉུལ་ཞིང་ལྷའི་མིག་གིས་མཐོང་བ་ལས། མཛའ་བོ་ཞེས་བྱ་བའི་རྒྱལ་པོ་ཞིག །མི་དགེ་བའི་བཤེས་གཉེན་ལ་བསྟེན་པའི་སྐྱོན་གྱིས་བློན་པོ་དང་འབངས་སུ་བཅས་པ་ཆང་འཐུང་བ་ལ་དགའ་ཞིང་སྐྱོན་དུ་མི་ལྟ་བ་ལ། བདག་ཉིད་ཆེན་པོ་དེས་ཆང་འཐུང་བ་སྐྱོན་དུ་ཆེ་བར་མཐོང་ནས་དེ་ལ་ཐབས་ཇི་ལྟར་བྱ་སྙམ་པ་དང་། ཐོག་མར་རྒྱལ་པོ་ཉིད་བཅོས་ན་དེའི་རྗེས་སུ་འཁོར་རྣམས་འཇུག་པས། བྱང་ཆུབ་སེམས་དཔའ་བརྒྱ་བྱིན་དེ་གསེར་གཙོ་མའི་མདོག་ལྟར་ཡིད་དུ་འོང་བ། སྐྲའི་ཐོར་ཚུགས་ཅུང་ཟད་རྩུབ་པ་གཡས་སུ་འཁྱིལ་བ་ཅན། ཤིང་ཤུན་དང་རི་དྭགས་ཨ་ཛི་ནའི་ལྤགས་པ་བྱོན་པ། ཚངས་པ་ལྟ་བུར་ལུས་གཟི་བྱིན་ལྡན་པ་གཅིག་ཏུ་སྤྲུལ་ཞིང་། ཆང་གིས་གང་བའི་བུམ་པ་ཧ་ཅང་མི་ཆེ་བ་ཞིག་ལག་གཡོན་དུ་ཐོགས་ནས། རྒྱལ་པོ་འཛའ་བོ་འཁོར་གྱི་ནང་དུ་འདུག་སྟེ། འབྲུའི་ཆང་དང་། སྦྲང་ཆང་དང་། བུར་ཆང་དང་། ཆང་བཅོས་མ་དང་། རྒུན་ཆང་གི་གཏམ་གླེང་བའི་སྐབས་སུ་དེ་དག་གི་མདུན་གྱི་མཁའ་ལས་བྱུང་སྟེ་འདུག་པ་དང་། སྐྱེ་བོ་དེ་དག་ངོ་མཚར་ཞིང་གུས་པས་ལངས་ནས་ཐལ་མོ་སྦྱར་ཏེ་འཁོད་པ་ལ། དེས་འབྲུག་གི་སྒྲ་ལྟ་བུར་གསང་བསྟོད་དེ་སྨྲས་པ། མེ་ཏོག་གི་མགུལ་ཆིངས་ཅན་གྱི་བུམ་པ་འདི་སུས་ཉོ་འདོད། དེ་ལ་རྒྱལ་པོ་ཡ་མཚན་པས་གུས་པས་ཐལ་མོ་སྦྱར་ཏེ། འཇིག་རྟེན་ན་ཉི་ཟླ་ལྟར་མཛེས་པའི་སྐུ་ཅན་ཁྱོད་སུ་ཞིག །འཇིག་རྟེན་ཀུན་གྱིས་ངོ་ཤེས་པར་བྱ་བའི་སླད་དུ་གསུངས་ཤིག །ཁྱོད་ལ་ཡོན་ཏན་ཡ་མཚན་ཅན་ཡོད་པར་བདག་ཅག་སེམས་སོ། །བརྒྱ་བྱིན་གྱིས་སྨྲས་པ། ང་སུ་ཡིན་ཕྱིས་ཤེས་པར་འགྱུར་གྱིས། ཁྱེད་ཅག་འཇིག་རྟེན་གཞན་དང་ཚེ་འདིར་བརླག་པ་ལ་མི་འཇིགས་ན་བུམ་པ་འདི་ང་ལས་ཉོ་བར་གྱིས་ཤིག །རྒྱལ་པོས་སྨྲས་པ། ཨེ་མ་ཁྱོད་ཀྱིས་ཚོང་ཟོང་བཙོང་བ་འདི་ནི་སྔོན་མ་བྱུང་བ་ཞིག་སྟེ། འཇིག་རྟེན་ན་ཟོང་རྣམས་ཡོན་ཏན་བརྗོད་ཅིང་ཉེས་པའི་སྐྱོན་བཅབ་ན། རྫུན་དུ་མི་སྨྲ་བ་ཁྱོད་ལྟ་བུའི་ཚུལ་འཛིན་ཅིང་དགེ་བ་རྣམས་ནི་བདེན་པ་དག་ཕོངས་པར་གྱུར་ཀྱང་མི་གཏོང་བ་ལགས་ན། བུམ་པ་འདི་ཅི་ཞིག་གིས་བཀང་། ཁེ་སྤོག་ཆེན་པོ་ཅི་ཡོད་ནས་ཁྱོད་ཀྱིས་བདག་ལ་བཙོང་བའི་དོན་བདག་ཉིད་ཆེན་པོ་ཁྱོད་སྨོས་ཤིག །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གསོན་ཅིག །འདི་ནི་ཆུ་དང་ཞོ་དང་དར་བ་དང་། མུ་ཏིག་གི་ཆུ་དང་། གེ་སར་དྲི་ཞིམ་པའི་ཁུ་བའི་ཆུ་དང་། མར་དང་འོ་མས་གང་བ་མིན་ཏེ། སྡིག་པའི་རང་བཞིན་ཅན་གྱིས་གང་བའི་བུམ་པ་འདིའི་ཡོན་ཏན་ཉོན་ཅིག །གང་ཞིག་འཐུང་ན་ར་རོར་སོང་ནས་གོམ་པ་དབང་མེད་འདོར་ཞིང་འགྲོ། །ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམས་ཤིང་རྡེག་འཆོས་དྲན་པ་ཉམས་པར་འགྱུར། བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དག་བཟར་གྱུར་པ། དེ་དང་དེ་ཡིས་གང་བའི་བུམ་པ་ཐ་ཤལ་འདི་ཉོས་ཤིག །ཅེས་སོགས་ཚིགས་སུ་བཅད་པའི་སྒོ་ནས། རང་གི་སེམས་ལ་དབང་མེད་པས་ཕྱུགས་བཞིན། དགྲས་ཀྱང་འཕྱ་བ། དེའི་མདུན་སར་གར་བྱེད་ཅིང་བྲང་བརྡུང་བ། གང་འཐུང་བས་ངོ་ཚ་སྤངས་ནས་གཅེར་བུར་བྱེད་ཅིང་གྲོང་ཁྱེར་དུ་རྒྱུ་བ། སྐྱུགས་ཤིང་ཁྱི་ཡིས་ཁ་བལྡག་པ་ལ་དོགས་པ་མི་ཤེས་པ། དྲན་པ་མེད་པར་ལམ་པོ་ཆེར་ཉལ་བ། མྱོས་ནས་ཕ་མ་དང་ནོར་གྱི་བདག་པོ་དག་ཀྱང་ཁྱད་དུ་གསོད་པ། ཕན་ཚུན་འཐབ་པ་སོགས་ཀྱི་སྐྱོན་ཅན་བཙོངས་ན་འགྲིམས་པ་དེ་བུམ་པ་འདིར་བླུགས་སོ། །གང་ལ་ཆགས་ན་དཔལ་གྱི་གཞིར་གྱུར་རིགས། ཇེ་མཐོ་ཇེ་མཐོར་འགྱུར་བའང་བརླག་པར་འགྱུར། ནོར་གྱི་དབྱིག་ལྡན་རིགས་ཀྱང་ཕུང་བར་འགྱུར། བཙོང་རྒྱུ་དེ་ནི་བུམ་པ་འདི་ན་འདུག །གློ་བུར་ངུ་ཞིང་དགོད་ལ་མ་ངེས་སྨྲ། །གདོན་ཟིན་བཞིན་དུ་མིག་ནི་མཆི་མས་གང་། །སྨད་ཅིང་བརྙས་པའི་གནས་སུ་ངེས་འགྱུར་བ། །བློ་ཉམས་འགྱུར་དེ་བུམ་པ་འདི་ན་ཡོད། །ཅེས་སོགས་དང་། མྱོས་འགྱུར་རིག་སྔགས་སྡུག་བསྔལ་རྒྱུར་གྱུར་པ། །སྡིག་པའི་མ་མོ་བྱུང་ངན་མངོན་སུམ་བཞིན། །རྩོད་པའི་ལམ་དང་ཐ་དད་མ་ཡིན་པས། །སྙིང་གི་མུན་པ་མི་བཟད་དེ་ཉོས་ཤིག །ཅེས་སོགས་དང་། མི་ཡི་བདག་པོ་ཆང་ནི་འདི་འདྲ་ཡང་། །འཇིག་རྟེན་ན་ནི་ལྷ་ཞེས་རབ་ཏུ་གྲགས། །ཡོན་ཏན་ལ་ནི་ཡང་དག་མི་དགའ་བ། །དེ་དག་ཆང་འདི་ཉོ་ལ་འབད་པར་གྱིས། །གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པས་སེམས་ཅན་དམྱལ་བར་ལྷུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་གྱུར་པ། །མཐོང་བར་འདོད་པ་དེ་ནི་སུ་ཞིག་ཡོད། །ཅེས་སོགས་དང་། ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་སུམ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུངས་ན་ཡོན་ཏན་དེ་དང་དེ་ཉམས་པ། །དེ་བས་རྒྱལ་པོ་ཁྱོད་ཀྱིས་ཆང་འཐུང་ག་ལ་རིགས། །ཞེས་སྨྲས་པ་རྒྱལ་པོ་དེའི་སྙིང་ལ་འབབ་པའི་ཚིག་རྣམས་ཀྱིས་ཆང་འཐུང་བའི་ཉེས་པ་ཤེས་ཏེ་ཆང་འཐུང་བ་ལ་ཆགས་ཤིང་ཞེན་པ་མེད་པར་གྱུར་ནས་བརྒྱ་བྱིན་ལ་སྨྲས་པ། ཁྱོད་ནི་བྱམས་པའི་ཕ་མ་དང་འདུལ་བས་མཉེས་པར་བྱས་པའི་བླ་མ་དང་། ཚུལ་དང་ཚུལ་མིན་མཁས་པའི་ཐུབ་པ་བཞིན་ཏེ། ཁྱོད་ཀྱིས་བདག་ལ་ཕན་ཕྱིར་ལེགས་པར་གདམས་པ་དེ་ཉམས་སུ་བླངས་ལ་ཚུལ་བཞིན་མཉེས་པར་བགྱིའོ། །ལེགས་པར་སྨྲས་པའི་ལན་དུ་ཡུལ་གྲུ་བཟང་པོ་ལྔ་ཡང་ཁྱོད་ལ་འབུལ་ན་བདག་ལས་བཞེས་པར་རིགས་སོ། །བྲན་བརྒྱ་དང་བཞོན་པ་ལྔ་བརྒྱ་དང་། རྟ་མཆོག་དང་སྦྱར་བའི་ཤིང་རྟ་བཅུ་པོ་འབུལ་ན། བདག་གི་བླ་མ་ཕན་པ་སྟོན་པ་ཁྱོད། གཞན་ཡང་བདག་གིས་གང་དང་གང་བགྱི་བ་འདིར་སྤྲིང་ཞིང་སླན་ཆད་ཀྱང་བདག་ལ་སྤྱན་རས་ཀྱིས་སྩོལ་བར་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཡུལ་གྲུ་མཆོག་ལྔ་སོགས་ང་མི་འདོད་དེ། ང་ནི་ལྷའི་དབང་པོ་ཡིན་པར་རྒྱལ་པོས་ཤེས་པར་གྱིས། ཕན་པར་སྨྲ་བ་ལ་མཆོད་པར་བྱེད་པ་ནི། བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན་ལ། ཚེ་འདིར་དཔལ་དང་གྲགས་པའི་གཞི་དང་། སྐྱེ་བ་སླད་མར་བདེ་བ་འཐོབ་པའི་ཕྱིར། ཆང་ལ་ཆགས་པ་སྤོངས་ལ་ཆོས་བཞིན་གྱིས་ཤིག །ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ཕྱིན་ཆད་རྒྱལ་བློན་འབངས་སུ་བཅས་པས་ཆང་མི་འཐུང་བར་གྱུར་ཏོ། ༈ །ཡང་སྔོན་གྱིས་དུས་ན་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་བསམ་གཏན་ལ་གོམས་པར་བྱས་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་བསམ་གཏན་གྱི་བདེ་བ་ཆེན་པོ་ཐོབ་ཀྱང་སྙིང་རྗེ་ལ་གོམས་པའི་དབང་གིས་གཞན་ལ་ཕན་པར་བཞེད་པས་འདོད་པའི་ཁམས་སྡུག་བསྔལ་དང་ཡིད་མི་བདེ་བས་གང་བ་ལ་བལྟས་ནས། ཡུལ་ལུས་འཕགས་པོའི་རྒྱལ་པོ་ཡན་ལག་སྦྱིན་ཞེས་བྱ་བ་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པས་འཇིག་རྟེན་ཕ་རོལ་དང་ལས་ཀྱི་རྣམ་སྨིན་མེད་པའི་ལྟ་བ་བཟུང་ནས་ཆོས་སྤྱོད་པ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་བདག་ཉིད་ཆེན་པོ་ལྷའི་དྲང་སྲོང་དེས་ངན་སོང་ལ་གཞོལ་བའི་སེམས་ཅན་དེ་ལ་སྙིང་བརྩེ་བས། དེ་གཞལ་མེད་ཁང་ཞིག་ན་འདུག་པའི་མདུན་དུ་ཚངས་པའི་འཇིག་རྟེན་ནས་བབ་སྟེ། ཉི་མ་ལྟར་འབར་བའི་འོད་དང་ལྡན་པར་མཐོང་ནས། རྒྱལ་པོ་དེས། དེ་ལ་ལྟ་ཞིང་ལངས་ཏེ་གུས་པར་སྨྲས་པ། ཉི་མ་ལྟར་མཛེས་ཤིང་གསལ་བའི་གཟུགས་ཅན་ཁྱོད་སུ་ཞིག །དེས་སྨྲས་པ། བདག་ནི་ཚངས་པའི་འཇིག་རྟེན་གྱི་ལྷའི་དྲང་སྲོང་ལགས་སོ། །རྒྱལ་པོ་དེས་ལེགས་སོ་ཞེས་སྨྲས་ཏེ། མཆོད་ཡོན་ཕུལ་བ་དང་། རྐང་པ་བཀྲུས་པས་བཀུར་སྟི་བྱས་ནས་འཕགས་པ་ཁྱོད་ཀྱི་རྫུ་འཕྲུལ་ནི་མཐུ་ཆེ་སྟེ་འདི་ཅེས་ཐོབ་པར་སྨྲོས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། བསམ་གཏན་ཚུལ་ཁྲིམས་དྲི་མེད་དང་། །དབང་པོ་རྣམས་ནི་རབ་བསྡམས་ཤིང་། །སྲིད་པ་གཞན་ལའང་གོམས་བྱས་པ། །དེ་འབྲས་གྲུབ་པ་ཡིན་འདྲའོ། །རྒྱལ་པོས་སྨྲས་པ། འཇིག་རྟེན་ཕ་རོལ་ཡོད་ཅེས་ཟེར་བ་ནི་བདེན་ནམ། ཚངས་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདེན་ཏེ་འཇིག་རྟེན་ཕ་རོལ་མཆིས་སོ། །རྒྱལ་པོས་སྨྲས་པ། འཕགས་པ་འདི་བདག་གིས་ཇི་ལྟར་ཡིད་ཆེས་པར་བགྱི། བྱང་ཆུབ་སེམས་དཔའ་ཚངས་པས་སྨྲས་པ། རྒྱལ་པོ་འདི་རབ་ཏུ་གསལ་ཏེ། མངོན་སུམ་ལ་སོགས་པའི་རིགས་པ་ཚད་མ་དང་། ཡིད་གཅུགས་པའི་ཚིག་གིས་བསྟན་པ་དང་། བརྟག་པའི་རིམ་པས་ཀྱང་ཡིད་ཆེས་པར་བྱར་རུང་ངོ་སྙམ་ནས། ཉི་ཟླ་སྐར་མས་བརྒྱན་པའི་ནམ་མཁའ་དང་། །དུད་འགྲོ་བརྟགས་པའི་རྣམ་པ་མང་པོ་འདིས། །འཇིག་རྟེན་ཕ་རོལ་མངོན་སུམ་བཞིན་དུ་སྣང་། །འདི་ལ་ཐེ་ཚོམ་བློ་ངན་ཁྱོད་མ་བསྐྱེད། །གཞན་ཡང་བསམ་གཏན་ཅན་གྱིས་སྔོན་གྱི་ཚེ་རབས་དྲན་པ་ཡོད་པས་འཇིག་རྟེན་ཕ་རོལ་རྗེས་སུ་དཔག་གོ། །རང་གི་བློ་ལ་བརྟགས་ན་ཡང་། སྔ་མའི་བློ་ལ་ཕྱི་མའི་བློ་འགྲུབ་པས་འཇིག་རྟེན་ཕ་རོལ་ཡོད་པར་མངོན་ནོ། །མངལ་ན་འདུག་པའི་སྔ་རོལ་གྱི་བློ་དེ་ནི་དེ་མ་ཐག་ཚེ་སྔོན་མའི་བློའོ། །ཤེས་བྱ་རྟོགས་པར་བྱེད་པ་ལ་བློ་ཞེས་བརྗོད་དེ། དེ་བས་སྐྱེ་བ་དང་འགག་པ་དང་བཅས་པའི་བློ་ལས་ཡུལ་ཡོད་ཅིང་། མིག་སོགས་ཙམ་ཞིག་བློ་མ་ཡིན་པས་དེ་ནི་ཚེ་འདི་ཁོ་ནར་བྱུང་བ་ཙམ་མིན་ཏེ། དེ་ལྟ་བུའི་བློ་ནི་འཇིག་རྟེན་ཕ་རོལ་དུ་ཡང་ཡོད་དོ། །སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་དང་དད་པ་ལ་སོགས་པའི་བྱེ་བྲག་ནི། ཕ་མའི་ཚུལ་དང་མི་མཐུན་པར་སྣང་བ་དེ་དག་ཚེ་རབས་སྔ་མ་རྣམས་སུ་གོམས་པའི་ཤུགས་ཆེ་ཆུང་ཡིན་གྱི་བློ་བུར་དུ་བྱུང་བ་མིན་ནོ། །བློ་མཐུ་མི་གསལ་ཞིང་དབང་པོ་བླུན་པ་རྣམས་ཀྱང་བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར་ནུ་ཞོ་འཐུང་བ་དང་། ཁ་ཟས་ལ་རྩོལ་བ་དེ་དག་ཀྱང་སྲིད་པ་གཞན་ལ་གོམས་པར་བྱས་པར་མངོན་ནོ། །གང་དང་ཅིའི་ལས་ལ་གོམས་པར་བྱས་པས་མཁས་པར་གྱུར་པ་ཡོད་པས། སྔར་གོམས་པའི་སྟོབས་ཀྱིས་ཕྱིས་སུ་གསལ་པོར་འགྲུབ་པ་བཞིན་ནོ། །འཇིག་རྟེན་ཕ་རོལ་ཡོད་པར་ཡིད་མི་ཆེས་པ་དག་གིས། ཇི་ལྟར་པདྨ་རྣམས་འབྱེད་པ་དང་འཛུམ་པ་དག་ཚེ་རབས་སྔ་མའི་གོམས་པ་ལས་གྱུར་པ་མི་འདོད་པ་དེ་ལྟར། ནུ་ཞོ་འཐུང་བ་དག་ཀྱང་ཚེ་རབས་སྔ་མའི་གོམས་པ་ལས་ཅིའི་ཕྱིར་འདོད་སྙམ་ན། དུས་ངེས་པ་དང་མ་ངེས་པའི་ཁྱད་ཡོད་པ་དང་། འབད་པ་རིགས་པ་དང་མི་རིགས་པའི་ཁྱད་ཡོད་པས་པདྨ་དང་མི་མཚུངས་ཏེ། པདྨ་འབྱེད་འཛུམ་ཉི་མ་ཤར་བའི་རྒྱུ་ལ་ལྟོས་པའི་དུས་ངེས་པ་ཡོད་ལ། ནུ་ཞོ་འཐུང་བར་རྩོལ་བ་ནི་བློའི་འདུན་པ་ལ་ལྟོས་པས་ཕྱིའི་དུས་ལ་ངེས་པ་མེད་པ་དང་། པདྨ་ལ་ནི་འབད་པའི་རྩོལ་བ་མེད་དེ་སེམས་མེད་པའི་ཕྱིར་དང་། ནུ་ཞོ་འཐུང་བ་ནི་སེམས་ཀྱིས་རྩོལ་བའི་ཕྱིར། དེ་གཉིས་རྣམ་པ་ཀུན་ཏུ་མཚུངས་པར་བསྒྲུབ་དུ་རིགས་པ་མ་ཡིན་ནོ། །དེ་བས་རྒྱལ་པོ་ལེགས་པར་བརྟགས་ན་འཇིག་རྟེན་ཕ་རོལ་ཡོད་པར་རུང་ངོ་། །དེ་ནས་རྒྱལ་པོ་ལོག་ལྟ་ལ་བློ་ཞེན་ཆེ་ཞིང་སྡིག་ཆེ་བས་འཇིག་རྟེན་ཕ་རོལ་ཡོད་པའི་གཏམ་དེས་ཉམས་མི་བདེ་ནས་སྨྲས་པ། ཀྱེ་དྲང་སྲོང་ཆེན་པོ་འཇིག་རྟེན་ཕ་རོལ་ཞེས་པ་གལ་ཏེ་བྱིས་པ་བསྡིགས་ཚུལ་འདྲ་བ་མ་ཡིན་པར། འདི་ནི་བདག་གི་ཡིད་ཆེས་པར་བྱ་བར་ཁྱོད་སེམས་ན། འོ་ན་དེ་རིང་གསེར་སྲང་ལྔ་བརྒྱ་ང་ལ་བྱིན་དང་། དེའི་སྐྱིན་པོ་གསེར་སྲང་སྟོང་སྲིད་པ་གཞན་དུ་སྦྱིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། རེ་ཞིག་ནོར་འབྱོར་བར་འདོད་པས་བུ་ལོན་གཏོང་བ་དེ་ནི་བདག་ཉིད་ངན་ཞིང་བརྐམས་པ་མི་མཁས་པ་ལེ་ལོ་ཅན་ལ་ནོར་མི་གཏོང་སྟེ་བཏང་ན་ཟད་པར་འགྱུར་རོ། །གང་ངོ་ཚ་ཤེས་ཤིང་རིགས་བཙུན་པ་ནོར་སྤེལ་བ་ལ་མཁས་པ། རབ་ཏུ་དབུལ་ཡང་བུ་ལོན་འཇལ་བར་བྱེད་པ་ལ་བཏང་ན་ནོར་འཕེལ་བར་འགྱུར་རོ། །འཇིག་རྟེན་གཞན་ལ་བུ་ལོན་མཇལ་བའི་ཚིག་གིས། ལྟ་བ་ངན་པ་ཅན་ཁྱོད་ལ་ནོར་བཏང་ཡང་དོན་མེད་དེ། ལྟ་བ་ངན་པའི་རང་གི་ལས་ཀྱིས་དམྱལ་བར་ལྷུང་ནས་སྡུག་བསྔལ་བའི་ཚེ་གསེར་སྲང་སྟོང་སུ་ཞིག་སྙེགས་ཞེས་དང་། དམྱལ་བར་སྐྱེས་པའི་སྡུག་བསྔལ་རྣམས་ཀྱང་ཞིབ་ཏུ་བརྗོད་པས། རྒྱལ་པོ་དེས་སེམས་ཅན་དམྱལ་བའི་གཏམ་འཇིགས་སུ་རུང་བ་ཐོས་པས་ལོག་པའི་ལྟ་བ་ལ་ཆགས་པ་དེ་བཏང་ནས། འཇིག་རྟེན་ཕ་རོལ་ཡོད་པར་ཡིད་ཆེས་པར་གྱུར་ཏེ། དྲང་སྲོང་ཆེན་པོ་དེ་ལ་ཕྱག་འཚལ་ནས་སྨྲས་པ་བདག་ནི་ལྟ་ངན་གྱི་ལམ་དུ་སོང་བས་དམྱལ་བའི་སྡུག་བསྔལ་ཐོས་པས་སྐྲག་སྟེ་བདག་གིས་དེ་ལྟ་བུ་ནམ་མྱོང་སྙམ་དུ་སེམས་སོ། །གང་གིས་ངན་འགྲོར་མི་ལྟུང་བའི་ལམ་བཤད་དུ་གསོལ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ནི་ཡང་དག་པའི་ལྟ་བ་ལ་གནས་ནས། གཞན་ཡང་དེ་ལ་བསྐུལ་ཏེ། སྙིང་རྗེ་དང་ལྡན་པས་སེར་སྣ་དང་ཚུལ་འཆལ་སོགས་ཆོས་མིན་སྤོངས་ལ། སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་པས་དབང་པོ་བསྡམས་པར་གྱིས་དང་། བསོད་ནམས་བསགས་པའི་མཐུས་ངན་སོང་དུ་མི་འགྲོ་བར་མཐོ་རིས་ཀྱི་བདེ་བ་མང་པོ་མྱོང་བར་འགྱུར་རོ་ཞེས་གདམས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །རྒྱལ་པོ་འཁོར་དང་བཅས་པ་ཡང་དག་པའི་ལྟ་བ་ལ་ཞུགས་ནས། སྦྱིན་པ་དང་སྡོམས་པ་སོགས་བསོད་ནམས་ལ་རབ་ཏུ་གཞོལ་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཚངས་པས་བྱིན་གྱིས་སྲས་ཀ་ཤི་མཛེས་པ་ཞེས་བྱ་བར་གྱུར་པའི་ཚེ། དེ་སྐྱེ་བ་གཞན་དུ་གོམས་པའི་ཤེས་རབ་ཀྱི་མཐུས། ལང་ཚོ་དང་པོའི་དུས་སུ་ཡང་བུད་མེད་ཀྱི་དངོས་པོ་སོགས་འདོད་པའི་སྤྱོད་ཡུལ་ལ་སེམས་མི་འཕྲོ་ཞིང་རྒྱལ་སྲིད་ལ་ཉེས་དམིགས་སུ་བལྟས་ནས་རྒྱལ་ཚབ་ཀྱི་བྱ་བ་དོར་ཏེ་ནགས་སུ་གནས་པར་གྱུར་ཅིང་བསམ་གཏན་བྱེད་དོ། །དེ་དུས་གཅིག་ན་བསམ་གཏན་ལས་ལངས་ཏེ་ནགས་ཀྱི་ཚལ་དུ་རྒྱུ་བ་ན། གཟུགས་ཀྱི་ཡོན་ཏན་མཆོག་ཏུ་མངའ་བའི་མིའམ་ཅི་མོ་ཞིག་མཐོང་བར་གྱུར་ཏོ། །མིའམ་ཅི་མོ་དེས་ཀྱང་དེ་མཐོང་བས་གཟུགས་བཟང་པོས་ཡིད་འཕྲོགས་ནས་དེའི་མདུན་དུ་ཕེབ་པར་སྨྲ་ཞིང་། བདག་གི་གྲོགས་མོ་མིའམ་ཅི་མོ་ཞིག་གཟུགས་དང་ལང་ཚོའི་ཡོན་ཏན་གྱི་ཆེ་བས་ལྷ་རྣམས་ཀྱང་སྐྱེངས་པར་བྱེད་པ་དེས་ཁྱོད་མཐོང་ནས་རྟག་ཏུ་ཆགས་པའི་གདུང་བ་ཁོ་ནར་གྱུར་པ་དེས་བདག་ཁྱོད་ཀྱི་དྲུང་དུ་མངགས་པ་སྟེ། ཁྱོད་ཀྱིས་དེ་དགའ་བར་བྱ་འོས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཅི་མིའམ་ཅི་མོ་དེ་ཁྱོད་བས་ན་ཚོད་ལྷག་གམ་དེས་ལྷག་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔས་གསུངས་པ། འདི་ལྟར་ན་ཚོད་ནི་ཡུད་ཀྱིས་འགྱུར་བ་སྟེ་ཁྱོད་ཀྱང་ན་ཚོད་འདའ་ཞིང་འཇུག་སྟེ། མིའམ་ཅི་མོ་དེ་ཡང་ལྟ་ཅི་སྨོས། ཁྱོད་ཉོན་ཅིག །ལུས་ནི་མི་གཙང་བའི་འཁྲུལ་འཁོར་ཏེ། དེ་ལ་ཆགས་པས་སྡུག་བསྔལ་རྣམ་པ་མང་པོ་བྱེད་པ་སོགས་ཀྱི་ཚུལ་བསྟན་པས། དེའི་འདོད་པའི་མེ་ཞི་ནས་བསམ་གཏན་བྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རང་གི་སྤྱིལ་བུར་ཞུགས་པར་གྱུར་ཅིང་། དེ་ལྟར་མིའམ་ཅི་མོ་མཆོག་ཏུ་མཛེས་མས་ཀྱང་དཀའ་ཐུབ་ཤིགས་པར་མ་གྱུར་པ། ཕྱིས་སུ་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་ན། གར་མཁན་གྱི་བུ་མོ་ཨུཏྤལ་ཞེས་བྱ་བས་བཅོམ་ལྡན་འདས་ཀྱི་མདུན་དུ་གར་དང་གླུ་རྣམས་བྱས་པ་ལ་སྟོན་པས་ཆོས་བསྟན་པས་ལང་ཚོའི་རྒྱགས་པ་བསལ་བར་བྱས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་མཛད་དོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་རིགས་སུ་འཁྲུངས་ཤིང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ། སྦྱིན་སྲེག་སོགས་ཀྱི་ལས་ལ་བརྩོན་པ་ཐམས་ཅད་ཀྱིས་བཀུར་བ་ཞིག་ཏུ་གྱུར་པ་ན་དེས་ཁྱིམ་གྱི་ཉེས་པ་མཐོང་ནས་དཀའ་ཐུབ་ཀྱི་ནགས་སུ་སོང་བར་གྱུར་ཏོ། །དེ་བྱམས་པའི་སྟོབས་ཀྱིས་སྦྲུལ་དང་། ཕུག་རོན་དང་། ཁྭ་དང་རི་དྭགས་ཏེ་གྲོགས་པོ་བཞི་དེའི་མདུན་དུ་འདུས་ཤིང་སློབ་མ་ལྟར་འདུག་གོ། །དེར་རི་དྭགས་དེས་སྨྲས་པ། དྲང་སྲོང་ཆེན་པོ་འཇིགས་པ་ལས་སྡུག་བསྔལ་ཆེ་བ་གཞན་ནི་མ་མཐོང་ངོ་། །ཁས་སྨྲས་པ། བཀྲེས་པ་ལས་ཆེ་བའི་སྡུག་བསྔལ་གཞན་མ་མཐོང་བས་འདི་ལས་སྐྱོབ་པའི་ཐབས་གསུངས་ཤིག །སྦྲུལ་ནག་པོས་སྨྲས་པ། ཁྲོ་བའི་མེ་འདིས་རང་གཞན་གཉིས་ཀ་སྲེག་པས་འདི་ཞི་བའི་ཐབས་ཅི་ཞེས་སྨྲས་སོ། །ཕུག་རོན་ན་རེ། འདོད་ཆགས་ཀྱི་མེས་གདུང་བ་ལ་ནི་ཟླ་བ་དང་ཆུ་བསིལ་སོགས་ཅིས་ཀྱང་ཞི་བར་མི་ནུས་པའི་སྡུག་བསྔལ་ཆེ་ལ། འདིས་ཟིལ་གྱིས་མི་གནོན་པའི་ཐབས་གསུངས་ཤིག །དེ་ལ་བྱང་ཆུབ་སེམས་དཔས་སྨྲས་པ། སྡུག་བསྔལ་འདི་བཞི་པོའི་རྩ་བ་ནི་མ་རིག་པ་སྟེ། མ་རིག་པ་འགགས་ན་འདུ་བྱེད་སོགས་ནས་སྡུག་བསྔལ་གྱི་ཕུང་པོ་མཐའ་དག་འགག་པར་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། སྡུག་བསྔལ་གྱི་རྩ་བ་ཅན་སྐྱེ་བ་འདི་ལ་ཇི་ལྟར་ཆད་པར་འགྱུར། དེས་སྨྲས་པ། གལ་ཏེ་ཞི་བར་འདོད་ན་སྲོག་གཅོད་རྐུ་དང་མི་ཚངས་སྤྱོད་དང་རྫུན་སོགས་སྤངས་ཏེ་དབང་པོ་ཐུལ་བར་བྱས་ན་སྐྱེ་བའི་ལྗོན་ཤིང་རྩད་ནས་འདོན་ནུས་པར་འགྱུར་རོ། །དེ་ལ་ཐམས་ཅད་ཀྱིས་ལེགས་སོ་ཞེས་གསོལ་ཏེ་སོ་སོའི་གནས་སུ་དྲང་སྲོང་ཐུབ་པའི་གདམས་ངག་བཞིན་དུ་སྲོག་ཆགས་ལ་མི་འཚེ་བ་སོགས་ཀྱི་བརྟུལ་ཞུགས་དང་ལྡན་པས་གནས་སོ། །དེདག་ཚེ་འཕོས་པའི་རྗེས་སུ་མིར་སྐྱེ་བ་ཐོབ་ནས་ཞི་བའི་གོ་འཕང་ཐོབ་པར་གྱུར་ཏོ། ༈ །ཚུལ་ཁྲིམས་དང་ལྡན་པ་ཆོས་ལ་གནས་པ་དག་གི་བདེན་པའི་ཚིག་གྲུབ་པ་ཡིན་ཏེ། སྔོན་བཅོམ་ལྡན་འདས་འདི་ཉིད་སྐར་མ་རྒྱུ་བ་དང་ཕྱོགས་ཀྱི་དཔྱད་དང་། གློ་བུར་བའི་ལྟས་དང་མཚན་མ་དང་། དུས་དང་དུས་མིན་གྱི་བྱེ་བྲག་དང་། ཉ་དང་ཆུའི་ཁ་དོག་སོགས་རྒྱ་མཚོའི་དཔྱད་དང་། ས་ཡི་བྱེ་བྲག་དང་། བྱ་དང་རི་དྭགས་སོགས་ཀྱི་མཚན་མས་ཀྱང་རྒྱ་མཚོའི་ཕྱོགས་ཀྱི་དཔྱད་ལ་མཁས་པ། ལེ་ལོ་དང་གཉིད་ཆུང་ཞིང་དྲན་ཤེས་དང་ལྡན་པ། ཚ་གྲང་སོགས་ཀྱི་སྡུག་བསྔལ་བཟོད་པ། བག་ཆེ་ལ་བརྟན་པ། གྲུ་དྲོངས་པ་དང་བཟློག་པའི་ཐབས་ལ་མཁས་པས་རྒྱ་མཚོའི་ཚོང་པ་རྣམས་འདོད་པའི་ཡུལ་དུ་ཕྱིན་པར་བྱེད་པ་དེའི་མིང་ལེགས་པར་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱ་བར་སྐྱེ་བ་བཞེས་པ་ན་དེ་བཀྲ་ཤིས་ཤིང་དོན་འགྲུབ་པ་ཕུན་སུམ་ཚོགས་པའི་ཕྱིར་ཚོད་པ་རྣམས་ཀྱིས་བཀུར་སྟི་ཆེར་བྱེད་ཅིང་གསོལ་བ་བཏབ་ནས་རྒྱ་མཚོར་འཇུག་པར་བྱེད་དོ། །དུས་ཤིག་ན་ཡུལ་བྷ་ཏུ་ཀཙྪ་ནས་ཚོང་པ་གསེར་གྱི་གླིང་དུ་འདོང་ཞིང་དོན་གྲུབ་པར་འདོད་པ་ཞིག་གིས་དེ་ལ་དེད་དཔོན་བྱེད་པར་གསོལ་བ་བཏབ་པ་དང་། དེས་སྨྲས་པ། བདག་རྒས་པས་བགྲོད་མི་ནུས་ཞེས་སྨྲས་པ་ལ། དེ་དག་གིས་ཁྱོད་ལ་བགྱི་བ་གཞན་མེད་མོད། ཁྱེད་གྲུར་ཞུགས་ན་བཀྲ་ཤིས་ཤིང་དོན་གྲུབ་པའི་སླད་དུ་གསོལ་བ་འདེབས་སོ། །དེས་དེ་དག་ལ་སྙིང་བརྩེ་བས་རྒྱ་མཚོ་ཆེན་པོར་གྲུར་ཞུགས་པས་ཚོང་པ་དེ་དག་གིས་གདོན་མི་ཟ་བར་དོན་གྲུབ་བོ་སྙམ་མོ། །དེ་ནས་མཐར་གྱིས་རྒྱ་མཚོ་ཆེན་པོར་ཉའི་རིགས་སྣ་ཚོགས་རྣམ་པར་རྒྱུ་བ། རླུང་གིས་བསྐྱོད་ཅིང་ཆུ་རླབས་སྒྲ་དང་བཅས་པ་མང་པོ་འབྱུང་བ། རིན་པོ་ཆེ་དང་སའི་ཁ་དོག་གི་ཁྱད་པར་མང་པོས་མདོག་མི་འདྲ་བར་གྱུར་པ། དབུ་བའི་ཕྲེང་བས་མཛེས་པ། ལྷ་མིན་དང་ཀླུ་མཆོག་རྣམས་ཀྱི་གནས་གཏིང་དཔག་མེད་པའི་རྒྱ་མཚོ་དེའི་ནང་དུ་ཞུགས་པ་ལས། རེ་ཞིག་ན་ཕྱི་དྲོའི་དུས་སུ་རླུང་ཆེན་པོ་ལངས་པས་སྤྲིན་བསྡུས་ཏེ། ཉི་མའི་འོད་ཟེར་མེད་པར་བྱས་ཤིང་། རྒྱ་མཚོ་ལ་ཡང་རླབས་འཁྲུགས་པས་སྒྲ་ཆེན་པོ་བྱུང་། སྤྲིན་ནག་པོ་ལས་གློག་འབྱིན་ཞིང་འབྲུག་གི་སྒྲ་གྲགས་ཏེ། རིམ་གྱིས་ཉི་མ་ནུབ་ཏུ་ཉེ་པའི་ཚེ། ཆར་དྲག་པོ་དང་རྒྱ་མཚོའི་རླབས་འདྲེས་པས་འཇིགས་པ་ཆེན་པོ་བྱུང་ནས་ཚོང་པ་དེ་དག་སྐྲག་སྟེ། ལྷ་སོགས་ལ་གསོལ་བ་འདེབས་པར་བྱེད་དོ། །དེར་རླུང་དང་ཆུའི་ཤུགས་ཀྱིས་བདས་པས་ཉིན་ཞག་དུ་མར་ཆུའི་འགྲམ་མི་མཐོང་ཞིང་། རྒྱ་མཚོའི་མཚན་མ་ཇི་འདོད་པ་མ་མཐོང་བར་སྔར་མ་མཐོང་བ་ཤ་སྟག་མཐོང་བས་སེམས་འཇིགས་ཤིང་ཅི་བྱ་གཏོལ་མེད་དུ་གྱུར་པ་ལ། དེད་དཔོན་དེས་ཁྱེད་ཅག་ཞུམ་ཞིང་མྱ་ངན་བྱས་པས་མི་ཕན་གྱིས། ཐབས་མཁས་པ་ལ་བསྟེན་ན་རབ་ཏུ་དཀའ་ཡང་ཚེགས་ཆུང་དུས་ཐལ་བར་འགྱུར་བས་སེམས་རབ་ཏུ་བརྟན་པར་གྱིས་ཤེས་སྤྲོ་བསྲིངས་ནས། རྒྱ་མཚོའི་འགྲམ་མཐོང་དུ་རེ་བས་བལྟས་པས། མིའི་གཟུགས་འདྲ་བ་དངུལ་གྱི་ཡ་ལད་གྱོན་པ་ཆུའི་ནང་དུ་བྱིང་ནས་ཕང་སྟེང་དུ་འཇུག་པ་མཐོང་ངོ་། །དེ་ཅི་ཞེས་དེད་དཔོན་ལ་དྲིས་པ་དང་། འདི་ནི་མི་མ་ཡིན་གྱི་ཉ་མི་དང་འདྲ་བ་ཡིན་གྱིས། འདི་དག་གིས་མ་འཇིགས་ཤིག །འོན་ཀྱང་བདག་ཅག་རྣམས་ཕར་ཚུར་གྱི་ཡུལ་གཉིས་ཀ་ལས་རིང་དུ་ཐལ་ནས། རྒྱ་མཚོ་སྤུ་གྲིའི་ཕྲེང་བར་སོན་པས་འདི་ལས་བཟློག་པར་འབོད་ཅིག །དེ་དག་གིས་འབད་ཀྱང་། ཆུ་རྟག་ཏུ་འབབ་པ་དང་རླུང་རྟོག་ནུབ་ནས་ལངས་པས་གྲུ་མགྱོགས་པར་སོང་སྟེ་བཟློག་མ་ནུས་སོ། །དེར་མཐར་གྱིས་ཁྱེར་བས་དངུལ་གྱི་མདོག་ལྟ་བུའི་ཆུ་དཀར་པོ་དབུ་ཕྲེང་ཅན་གྱི་རྒྱ་མཚོ་དེ་མཐོང་ནས། དེད་དཔོན་ལ་དྲིས་པ་དང་། འདི་ནི་འོ་མའི་རྒྱ་མཚོའི་ཞོ་ཕྲེང་གི་རྒྱ་མཚོ་ཞེས་བྱ་སྟེ། བདག་ཅག་རིང་དུ་ཆུས་ཁྱེར་བས་ཤིན་ཏུ་དཀའ་སྟེ། འདི་ལས་ཐལ་ཏེ་འགྲོ་མི་རུང་ངོ་། །ཚོང་པ་རྣམས་ན་རེ། གྲུ་བོ་ཆེ་རབ་ཏུ་མགྱོགས་པ་དང་། རླུང་ཡང་དྲག་པས་གྲུ་དལ་བུས་བཏང་ཡང་མི་ནུས་ན་སླར་ལོག་པར་ག་ལ་ནུས་ཞེས་སྨྲས་སོ། །དེ་ནས་རྒྱ་མཚོ་དེ་འདས་ཏེ། རྒྱ་མཚོའི་ཆུ་གཞན་རླབས་ཀྱི་ཕྲེང་བ་འཁྲུགས་པ་གསེར་གྱི་མདོག་ལྟ་བུ་དང་། ཆུའི་མདོག་མེ་འབར་བ་འདྲ་བ་མཐོང་ནས། དེད་དཔོན་ལ་དྲིས་པ་དང་། འདི་ནི་རྒྱ་མཚོ་མེ་ཡི་ཕྲེང་བ་ཞེས་བྱ་སྟེ། འདི་ལས་བཟློག་ནུས་ན་ལེགས་ཞེས་དེའི་མིང་ཙམ་བསྟན་ནས་ཆུའི་ཁ་དོག་དེ་ལྟར་གྱུར་པའི་གཏན་ཚིགས་ནི་མ་བསྟན་ཏེ། དེ་ལས་ཀྱང་ཐལ་ནས། རྒྱ་མཚོ་གཞན་རིན་པོ་ཆེ་སྦུར་མེད་དང་། ཨནྡ་རྙིལ་གྱི་མདོག་ཀྱང་འདྲ་ལ། རྩ་ཀུ་ཤ་སྨིན་པའི་མདོག་འདྲ་བ་མཐོང་ནས་དྲིས་པ་ལ། འདི་ནི་རྒྱ་མཚོ་ཀུ་ཤའི་ཕྲེང་བ་ཅན་ཏེ། ལྕགས་ཀྱུ་མེད་པའི་གླང་པོ་ཆེ་དང་འདྲ་བ་བཟོད་པར་དཀའ་བའི་ཆུ་འབབ་པ་འདིས་བདག་ཅག་གི་དགའ་བ་ཉམས་པར་བྱེད་པས་སླར་བཟློག་པ་ལ་འབད་པར་གྱིས་ཤིག །ཚོང་པ་དེ་དག་འབད་ཀྱང་གྲུ་བཟློག་ཏུ་མ་བཏུབ་པར། རྒྱ་མཚོ་དེ་ལས་ཀྱང་ཐལ་ནས། ཆུའི་མདོག་བཻཌཱུརྱ་ལྟ་བུ་སྔོན་པོའི་མདོག་ཅན་གྱི་རྒྱ་མཚོ་མཐོང་ནས་དྲིས་པ་ལ། དེད་དཔོན་དེས་ཚོང་པ་དེ་དག་སྡུག་བསྔལ་བར་ཤེས་ནས་མི་དགའ་བའི་ཤུགས་རིང་ཕྱུངས་ཏེ་དལ་བུས་སྨྲས་པ། འདི་ནི་རྒྱ་མཚོ་འདམ་བུའི་ཕྲེང་བ་ཞེས་བྱ་སྟེ། ད་ནི་འདིར་ཐལ་བས་ཕྱིར་བཟློག་པར་དཀའ་ལ་ཕྱིར་མ་ལོག་ན་འཇིག་རྟེན་ཐ་མར་བྱེད་པའོ། །ཞེས་སྨྲས་པས། ཚོང་པ་དེ་དག་སེམས་ཞུམ་ལུས་ཀྱི་ཚིགས་ཤིག་ཤིག་པོར་གྱུར། ཤུགས་ནར་འབྱིན་ཅིང་འཁོད་དོ། །རྒྱ་མཚོ་དེ་ལས་ཀྱང་ཐལ་ནས་ཉི་མའི་འོད་ཀྱང་ཇེ་ཆུང་དུ་ནུབ་ལ་ཉེ་ཞིང་། རྒྱ་མཚོ་ནི་བླ་འོག་བསྒྱུར་བ་ལྟར་གྱུར་ཏེ་ཆུ་ཐམས་ཅད་མཐུར་དུ་གཅོང་རོང་ཆེན་པོའི་ནང་དུ་འབབ་པ་ལྟར་གྱུར་ལ། རྒྱ་མཚོའི་ཆུ་སྒྲ་ཡང་། སེར་བ་དྲག་པོ་བབ་པ་ དང་། སྨྱིག་ཚལ ་མེས་བསྲེགས་པས་ཏོག་ཡར་གྱི་སྒྲ་ལྟ་བུར་སྒྲ་ཆེ་ཞིང་རབ་ཏུ་འཇིགས་པར་བྱེད་པ་ཐོས་སོ། །དེར་ཚོང་པ་དག་འུར་ལངས་ཤིང་ཕྱོགས་ཀུན་ཏུ་བལྟས་ནས་བློ་རབ་ཏུ་བློང་བློང་པོར་གྱུར་ཏེ། དེད་དཔོན་གྱི་དྲུང་དུ་འདུས་ཤིང་སྨྲས་པ། བདག་ཅག་ནི་རྣ་བ་གས་ཤིང་སྙིང་ཡང་འཇིགས་པས་དཀྲུགས་པའི་ཆུང་བདག་པོ་ཁྲོས་པ་ལྟ་བུའི་གད་རྒྱད་ནི་སྒྲོགས། ཆུ་ཐམས་ཅད་གཅོང་རོང་འཇིགས་པའི་ནང་དུ་འབབ་པ་འདྲ་ན་རྒྱ་མཚོ་འདི་འདྲ་ཅི་ལགས། འདི་ལ་ཅི་བགྱིད་དགོངས ། དེ་ནས་བདག་ཉིད་ཆེན་པོ་དེ་ཡང་རྟབ་པའི་ཚུལ་གྱིས། ཨེ་མ་ཧོ་མཚར་བྱས་ཞེས་སྨྲས་ཏེ། གད་དུ་ཕྱིན་ན་སླར་མི་ལྡོག་པའི་འཆི་བདག་གི་ཁ་ལྟ་བུ་རྒྱ་མཚོའི་ཀློང་ཞེས་བྱ་བ་དེ་ནི་འདི་ཡིན་ནོ། །དེ་ཐོས་པས་ཚོང་པ་རྣམས་རྒྱ་མཚོའི་ཀློང་གི་ཁར་ཆུད་དོ་སྙམ་ཞིང་གསོན་དུ་རེ་བ་མེད་པས་འཆི་བས་འཇིགས་པས་སེམས་བློང་བློང་པོར་གྱུར་ཏེ། ཁ་ཅིག་དུས། ཁ་ཅིག་སྨྲེ་སྔགས་འདོན། ཁ་ཅིག་འཁུམ་སྟེ་ཅི་ཡང་བྱེད་མི་ནུས། ཁ་ཅིག་སེམས་སྟོར་ནས་ཕོངས་པའི་ཡིད་ཀྱིས་ལྷའི་དབང་པོ་ལ་ཕྱག་འཚལ། དེ་བཞིན་དུ་ཁ་ཅིག་གིས། ཉི་མ་དང་། རྟོག་དང་། ཐ་སྐར་དང་། ནོར་ལྷ་དང་། རྒྱ་མཚོའི་ལྷ་རྣམས་ལ་སྐྱབས་སུ་དོང་། ཁ་ཅིག་གིས་སྔགས་བཟླ། གཞན་དག་ལྷ་མོ་ལ་ཕྱག་འཚལ། ཁ་ཅིག་ལེགས་པར་ཕ་རོལ་དུ་ཕྱིན་པའི་དྲུང་དུ་འོངས་ནས་སྨྲེ་སྔགས་འདོན་ཏེ། ཕོངས་པ་ལས་ཐར་བར་བགྱིད་པའི་མཐུ་ཆེན་པོ་ཅན་ཁྱོད། བདག་ཅག་ཀློང་གི་ཁར་ཆུད་པའི་མགོན་མེད་པ་རྣམས་ལ་ཐུགས་བརྟན་པར་དགོངས་ལ་སྐྱབས་མཛད་ཅིང་ཁྱོད་ཀྱི་མཐུ་ཆེན་པོ་སྟོན་ཅིག །རྒྱ་མཚོ་འདིས་ཀྱང་ཁྱོད་ཀྱི་བཀའ་མི་གཅོག་སྙམ་དུ་སེམས་ཏེ། དེ་བས་འཁྲུགས་པ་འདི་ལས་བཟློག་ཅིག་ཅེས་གསོལ་བ་བཏབ་བོ། །དེའི་ཚེ་བདག་ཉིད་ཆེན་པོ་དེས་སྙིང་རྗེའི་སེམས་ཀྱིས་ཚོང་པ་དེ་དག་སྤྲོ་བ་སྲིང་བའི་ཕྱིར་སྨྲས་པ། བདག་གིས་འདི་ལ་ཡང་བཅོས་སུ་ཡོད་པའི་ཐབས་འགའ་ཞིག་མཐོང་སྟེ། རེ་ཞིག་སྙིང་རྗེས་སྦྱར་བར་བྱ་ན། ཁྱེད་ཅག་སྤྲོ་སྲིངས་ཤིག །དེ་ཐོས་པས་འདི་ལའང་བཅོས་སུ་ཡོད་དོ་ཟེར་རོ་སྙམ་དུ་རེ་ཐག་མ་ཆད་དེ་ཡིད་རྟོན་ཅིང་སྡོད་པ་ན། བྱང་ཆུབ་སེམས་དཔའ་ལེགས་པར་ཕ་རོལ་དུ་ཕྱིན་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་གྲུ་བོ་ཆེ་ལ་བཙུགས་ཏེ། ལུས་ཐམས་ཅད་ཀྱིས་བཏུད་ཅིང་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། ཚོང་པ་ཁྱེད་རྣམས་དང་རྒྱ་མཚོ་དང་ནམ་མཁའ་ལ་གནས་པའི་ལྷ་ཁྱད་པར་ཅན་རྣམས་གསོན་ཅིག །བདག་ནི་ཤེད་བྱེད་ཚུན་ཆད་དུ། །ནམ་ཡང་ཆེད་དུ་བསམས་ནས་སུ། །སྲོག་ཆགས་རྣམས་ནི་ནམ་དུ་ཡང་། །བསད་པར་བདག་གིས་ཡོད་མི་དྲན། །བདེན་པའི་ཚིག་ནི་འདི་དག་དང་། །བདག་གི་བསོད་ནམས་མཐུ་དག་གིས། །རྒྱ་མཚོའི་ཀློང་དུ་མ་སོང་བར། །གྲུ་འདི་བདེ་བར་སླར་ལོ་གཅིག །དེ་སྐད་སྨྲས་པའི་མོད་ལ་རླུང་དེ་ཆུའི་ཤུགས་དང་བཅས་པ་སླར་ལོག་པས་གྲུ་དེ་ཡང་སླར་ལོག་པ་དང་། དེ་མཐོང་ནས་ཚོང་པ་དེ་དག་རབ་ཏུ་ཡ་མཚན་ཞིང་དགའ་བར་གྱུར་པས་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་ཞེས་བསྐྱེད་དེ་གྲུ་སླར་ལོག་གོ་ཞེས་སྨྲས་སོ། །དེ་ནས་བདག་ཉིད་ཆེན་པོ་དེས་མྱུར་དུ་བ་དན་ཚུགས་ཤིག་ཅེས་བསྒོས་པས། ལས་སུ་བསྐོས་པ་དེ་དག་གིས་དགའ་ཞིང་སྤྲོ་བ་བསྐྱེད་དེ་བསྒོ་བ་བཞིན་བྱས་སོ། །དེ་ནས་ཆུ་དང་རླུང་མཐུན་པར་བབ་ཅིང་ལངས་པས་སྐྱེ་བོ་རྣམས་དགའ་བའི་སྒྲ་འབྱིན་པས་བསྟེན་པའི་གྲུ་དེ་གཞལ་མེད་ཁང་གི་ཚུལ་དུ་ཅི་བདེར་འགྲོ་ཞིང་ནམ་སྟོད་དུ་ཉི་བའི་ཚེ་ཁད་ཀྱིས་མུན་པས་ཁེབ་ཅིང་སྐར་མ་རྣམས་བཀྲ་བར་སྣང་བ་ནམ་སྟོད་ལ་བབ་པའི་ཚེ་དེད་དཔོན་གྱིས་འདམ་བུའི་ཕྲེང་བ་ཚུན་ཆད་ཀྱི་རྒྱ་མཚོ་ལས་བྱེ་མ་དང་རྡོ་བ་ཅི་མཐོང་བ་རྣམས་ལོངས་ལ་གྲུས་ཅི་ཐེག་པ་གྲུ་ནང་དུ་ཞོག་དང་དེ་ལྟར་བྱས་ན་གྲུ་འདི་ལྕིད་ཀྱིས་ནོན་པས་ལྡོག་པར་ཡང་མི་འགྱུར་ལ། བྱེ་མ་དང་རྡོ་བ་འདི་དག་བཀྲ་ཤིས་པར་བཀུར་བ་ཤ་སྟག་ཡིན་པས་ཁྱོད་ཅག་གདོན་མི་ཟ་བར་རྙེད་པ་གྲུབ་པར་འགྱུར་རོ་ཞེས་བྱས་པས། དེ་དག་གིས་ལེགས་པར་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་དགའ་ཞིང་གུས་པས་ལྷ་རྣམས་ཀྱི་བསྟན་པའི་གླིང་དེ་དང་དེ་དག་གི་བྱེ་མ་དང་རྡོ་བ་ཡིན་སྙམ་པའི་བློས། བཻཌཱུརྻ་ལ་སོགས་པའི་རིན་པོ་ཆེ་རྣམས་བླངས་ཏེ་གྲུ་བོ་ཆེའི་ནང་དུ་བརྫངས་སོ། །དེ་ཉིད་ཀྱི་མཚན་མོ་གྲུ་དེ་ཡུལ་བྷ་ཏུ་྅྅྅་ཕྱིན་ཏོ། །དེའི་ནངས་པར་དངུལ་དང་། ཨནྡྷ་རྙིལ་དང་། བཻཌཱུརྻ་དང་གསེར་གྱིས་གྲུ་བཀང་སྟེ། དེ་དག་རུ་འགྲམ་དུ་ཕྱིན་པར་གྱུར་ནས། རབ་ཏུ་དགའ་བའི་ཡིད་ཀྱིས་དེད་དཔོན་བདག་ཉིད་ཆེན་པོ་དེ་ལ་མཆོད་ཅིང་རྗོད་པར་བྱས་སོ། ༈ །གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་དག་གི་ཚེ་འདིར་ཡང་དགེ་བའི་བསམ་པ་འགྲུབ་ན་ཚེ་རབས་གཞན་དུ་ལྟ་ཅི་སྨྲོས་ཏེ། འདི་ལྟར་བཅོམ་ལྡན་འདས་ཉིད་མཚོ་ཧ་ཅང་མི་ཆེ་བ་མེ་ཏོག་ག་ལ་ཧ་ར་དང་། པདྨ་དཀར་པོ་དང་དམར་པོ་དང་ཨུཏྤལ་རྣམས་ཀྱིས་བརྒྱན་པ། ངང་དུར་སོགས་ཀྱིས་མཛེས་པར་བྱས་པ། མཚོ་འགྲམ་ན་ཤིང་ལྗོན་པ་དང་མེ་ཏོག་མང་པོ་ཡོད་པ་གཅིག་ན་ཉའི་རྒྱལ་པོ་ཞིག་ཏུ་གྱུར་པ་དེ་ཚེ་རབས་མང་པོར་གཞན་དོན་ལ་སྤྱད་པས་དེ་ན་གནས་པའི་ཚེ་ཡང་གཞན་ལ་ཕན་བདེ་བྱེད་པ་འབའ་ཞིག་ཏུ་གྱུར་ཏེ། ཉ་གཞན་རྣམས་ལ་བུ་ལྟར་བྱམས་ཤིང་ཕན་འདོགས་པ་དང་ཕན་ཚུན་གནོད་པ་ལས་བཟློག་ཅིང་གཅིག་ལ་གཅིག་བྱམས་པ་བསྐྱེད་ནས། ཐབས་མཁས་ཤིང་རིགས་པས་ཉའི་ཆོས་ལུགས་རབ་ཏུ་བརྗོད་པར་བྱས་ཏེ་བསྐྱངས་པས་ཉ་དེ་རྣམས་རབ་ཏུ་དར་བར་གྱུར་པ། ཇི་ལྟར་མི་ཡི་རྒྱལ་པོ་ཆོས་བཞིན་སྤྱོད་པས་འབངས་རྣམས་བསྐྱངས་པ་བཞིན་ནོ། །དེ་ནས་རེ་ཞིག་ཅིག་ན་སེམས་ཅན་དེ་དག་སྐལ་པ་ཆུང་བ་དང་། ལྷའི་བུ་ཆར་འབེབས་པ་རྣམས་བག་མེད་པས་ཆར་མ་འབབ་པས་མཚོ་དེ་སྔོན་བཞིན་གང་བར་མ་གྱུར་ལ། རིམ་གྱིས་དཔྱིད་དུས་ཉི་མའི་འོད་ཚ་ཞིང་རྣོ་བས་གདུངས་པ་དང་འབྲེལ་བའི་རླུང་གིས་བསྐམས་ནས་ཉིན་རེ་བཞིན་བྲི་སྟེ་ལྡིང་ཀ་ལྟ་བུར་གྱུར་པའི་ཚེ། ཉ་དེ་རྣམས་ལ་ཁྲ་དེ་རྣམས་ཀྱིས་ཀྱང་གླགས་ལྟ་ན་བྱ་གཞན་ལྟ་ཅི་སྨྲོས་ཏེ། དེ་ལྟར་ཉ་རྣམས་བསྐུམ་ཞིང་མི་དགའ་ལ་ཅུང་ཟད་མགུལ་མི་ནུས་པ་རྣམས་ལ། ཉའི་རྒྱལ་པོ་དེས་བལྟས་ནས་སྙིང་རྗེ་བཞིན་དུ། ཀྱེ་ཧུད་ཉ་འདི་རྣམས་མ་རུངས་པར་འགྱུར་རོ་སྙམ་ནས་སྨྲས་པ། ཆུ་ཡང་ཉིན་རེ་བྲི་བར་གྱུར། །ཚེ་ཟད་པ་དང་འགྲན་པ་བཞིན། །ཆར་སྤྲིན་འདུ་བར་གྱུར་པ་ཡང་། །ད་དུང་རབ་ཏུ་དཀའ་བ་འདྲ། །བྲོས་ཏེ་འགྲོ་བའི་ལམ་ཡང་མེད། །གཞན་དུ་ཁྱེར་བའང་སུ་ཡང་མེད། །བདག་ཅག་བརླག་པར་དགའ་བ་ཡི། །ངེད་ཀྱི་དགྲ་ཡང་དེ་རིང་བྱུང་། །ཆུ་ཡི་ལྷག་མ་འདི་སྐམ་ན། །བདག་གིས་མངོན་སུམ་མཐོང་བཞིན་དུ། །དགྲ་རྣམས་ཀྱིས་ནི་ཟོས་ཡང་དག །འདི་ལ་ཅི་ལྟར་བྱས་ན་རུང་། །ཞེས་བསམས་ཚེ། བདེན་པའི་བྱིན་རླབས་འབའ་ཞིག་གིས་ཕོངས་པ་ལ་ཕན་འདོགས་པར་མཐོང་ནས། བྱང་ཆུབ་སེམས་དཔའ་ཉའི་རྒྱལ་པོ་དེས་སྙིང་རྗེའི་གདུང་བས་ཤུགས་ནར་ཕྱུངས་ཤིང་གནམ་དུ་བལྟས་ནས་སྨྲས་པ། རབ་ཏུ་ཕོངས་པར་གྱུར་ནས་བདག་ཅག་གིས། །བསམ་བཞིན་སྲོག་ཆགས་བསད་པ་མི་དྲན་ཏེ། །བདེན་པ་འདི་ཡིས་ལྷ་ཡི་རྒྱལ་པོ་རྣམས། །ཆར་པ་འབེབ་ཅིང་མཚོ་འདི་གང་བར་ཤོག །ཅེས་སྨྲས་པའི་མོད་ལ། དེའི་བསོད་ནམས་དང་། བདེན་པའི་བྱིན་རླབས་དང་། དེ་ལ་དགའ་བའི་ལྷ་ཀླུ་གནོད་སྦྱིན་རྣམས་ཀྱི་མཐུས་དུས་མ་ཡིན་པའི་སྤྲིན་ཆེན་པོ་ཆུས་གང་བ། སྒྲ་སྙན་ཞིང་ཟབ་པ་སྒྲོགས་བཞིན་གློག་གི་ཕྲེང་བས་བརྒྱན་པ་དག་ཕན་ཚུན་འདུས་ཏེ་ཆར་གྱི་རྒྱུན་མུ་ཏིག་གི་སིལ་མ་ཆུ་གཏོར་བ་ལྟ་བུས་ས་གཞི་ཐམས་ཅད་དུ་གང་ཞིང་། མཚོ་དེ་གང་བར་གྱུར་ནས། ཉ་རྣམས་གསོན་དུ་རེ་ལ། དེ་དག་ཟ་འདོད་པའི་བྱ་རྣམས་ནི་བྱེར་བར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སྙིང་རབ་ཏུ་དགའ་བར་གྱུར་ཀྱང་ཆར་ཆད་དུ་དོགས་པས་ཆར་སྤྲིན་ཆེན་པོ་ཁྱོད་འབྲུག་དང་གློག་གི་ཚུལ་དང་བཅས་ཏེ་ཆར་པའི་རྒྱུན་ཡུན་རིང་དུ་ཕོབ་ཅེས་སྨྲས་པ་བཞིན་གྱུར་པ་ལ། བརྒྱ་བྱིན་རབ་ཏུ་དགའ་ནས་ཆར་ཆེན་པོ་བབས་པ་འདི་ནི་ཉའི་རྒྱལ་པོ་ཁྱོད་ཀྱི་བདེན་པའི་མཐུ་སྟེ། འཇིག་རྟེན་ཕན་བྱེད་ཀྱི་སྐྱེས་བུ་ཁྱོད་ལྟ་བུའི་སྤྱོད་པ་ལ་བརྙས་པར་བལྟས་པ་ཐམས་ཅད་ནོངས་ཀྱི། དེང་ཕན་ཆད་ཁྱོད་ཀྱི་གྲོགས་བགྱིད་ཅིང་། ཡུལ་ཕྱོགས་འདི་ཡང་ཁྱོད་ཀྱི་ཡོན་ཏན་གྱིས་སླན་ཆད་ཕོངས་པར་མི་འགྱུར་རོ་ཞེས་བསྔགས་ནས་མི་སྣང་བར་གྱུར་ཏོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་ནགས་ཆེན་པོ་ཞིག་ཏུ་སྲེག་པའི་ཕྲུག་གུར་གྱུར་པ་ན། ཤིང་གཉིས་དྲུད་པའི་མེས་ནགས་དེ་ཚིགས་པ་དང་། སྙིང་བརྩེ་བ་བསྐྱེད་དེ། རང་གི་འདབ་མ་ཆུས་གཤེར་བར་བྱས་ནས། མེ་ཆེན་པོ་དེའི་སྟེང་དུ་འདུག་སྟེ་འདབ་མ་སྤྲུགས་བཞིན། འདི་ན་བྱ་གང་དག་འཕུར་མི་ནུས་པ་ཡོད་པས་མེ་ཁྱོད་མ་གཡོ་བར་འདུག་ཅིག །བྱམས་པ་བསྒོམས་པའི་བདེན་ཚིག་གིས་མེ་སྡོད་ཅིག་ཅེས་སྨྲས་པས། བརྒྱ་བྱིན་གྱིས་དེའི་གྲོགས་བྱས་ནས་ཆར་ཆེན་པོ་ཕབ་པས་མེ་རབ་ཏུ་ཞི་བར་གྱུར་ཏོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད། རིགས་ཆེ་ཞིང་བཙུན་ལ་ཁོང་གཟོ་ཞིང་མཁས་པ་ནོར་གྱིས་ཕྱུགས་པའི་ཁྱིམ་བདག་རིན་པོ་ཆེ་ལྟར་རྒྱལ་པོས་བཀུར་བའི་ཚོང་དཔོན་ཆེན་པོ་ཞིག་ཏུ་སྐྱེས་པའི་ཚེ། སེམས་དཔའ་ཆེན་པོ་དེ་རྒྱལ་པོའི་ཕོ་བྲང་དུ་སོང་བའི་འོག་ཏུ་མག་པ་དེའི་སྒྱུག་མོ་ཆུང་མའི་མ་དེ་རང་གི་བུ་མོ་དང་ཕྲད་པའི་ཕྱིར་ཚོང་དཔོན་དེའི་ཁྱིམ་དུ་འོང་བ་ལ་བཀུར་སྟི་བྱས་ནས་གཏམ་གླེང་བའི་སྐབས་སུ། མ་ན་ཏོ་བུ་མོ་ཁྱོད་ཀྱི་ཁྱིམ་ཐབ་དེ་ཁྱོད་ལ་བྱམས་སམ་མི་བྱམས། ཁྱོད་ཀྱིས་བཀུར་སྟི་བྱས་པ་ལ་དེས་དྲིན་གཟོའམ་མི་གཟོ། མི་བདེ་བ་ལྟ་མེད་དམ་ཞེས་བྱས་པ་ལ། བུ་མོ་དེ་ངོ་ཚ་བས་བཅོམ་བསྐྱུང་བཞིན་སྨྲས་པ། དེ་ལྟ་བུའི་ཚུལ་ཁྲིམས་དང་ཡོན་ཏན་དང་སྤྱོད་ཡུལ་ནི་རབ་ཏུ་བྱུང་བ་ལ་ཡང་མེད་དོ་ཞེས་བྱས་པ་དང་། མ་དེ་ཉིད་རྒས་ནས་རྣ་བ་མི་གསང་ཞིང་བུ་མོ་དེ་སྐད་ཆུང་བས་ལེགས་པར་མ་ཐོས་ལ། རབ་ཏུ་བྱུང་ཞེས་པའི་སྒྲ་གཅིག་ཐོས་པས་བདག་གི་བུ་མོའི་མག་པ་ངེས་པར་རབ་ཏུ་བྱུང་བ་ལྟ་ཞིག་སྙམ་དུ། བུ་མོ་དེའི་ཕྱིར་མྱ་ངན་གྱིས་སྐད་ཕྱུངས་ཏེ་དུས་སོ། །འདི་ལྟར་བདག་གི་བུ་མོ་སྙིང་ཉེ་བ་ཡང་བོར་བ་དེའི་རབ་བྱུང་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་དང་སྤྱོད་ཚུལ་ཀྱང་ཅི་འདྲ་བ་ཞིག་སྟེ་གཞོན་ཅིང་རྒྱལ་པོའི་གནད་ཆེན་དུ་གྱུར་པ། ནང་མི་དང་འཁོན་མེད་ལ་ནད་མེད་པར་སྙིང་རྗེ་མེད་པ་དེས། འདི་ལྟར་ནོར་དང་ནང་གི་སྐྱེ་བོའི་ཚོགས་སྤངས་ཏེ། དགོན་པར་རབ་ཏུ་བྱུང་བའི་བློ་ཇི་ལྟར་སྐྱེས་ཞེས་སྨྲེ་སྔགས་བཏོན་པས། བུ་མོ་དེ་ཡང་བུད་མེད་ཀྱི་རང་བཞིན་དུ་གྱུར་པས་མི་བརྟན་པར་གྱུར་ནས། བདག་གི་ཁྱིམ་ཐབ་རབ་ཏུ་བྱུང་བས་མ་འདི་ལྟར་མི་དགའ་བར་བྱེད་སྙམ་དུ་སེམས་འཁྲུགས་པས་གཏམ་གླེང་བའི་འཕྲོ་ཡང་བརྗེད་ནས། ཁྱིམ་ཐབ་རབ་ཏུ་བྱུང་བའི་སྒྲ་ཐོས་ཏེ་བདག་གི་མ་མྱ་ངན་བསངས་པའི་ཕྱིར་འོངས་སོ་སྙམ་དུ་ངུ་ཞིང་བརྒྱལ་བར་གྱུར་ཏོ། །དེར་ཁྱིམ་གྱི་མི་ཐམས་ཅད་དེ་ཐོས་ནས་ངུ་བ་ལས། ཁྱིམ་མཚེས་དང་མཛའ་བཤེས་ཀྱི་སྐྱེ་བོ་བྲམ་ཟེ་དང་ཁྱིམ་བདག་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱང་ཕལ་ཆེར་ཁྱིམ་བདག་དེ་ལ་རྗེས་སུ་ཆགས་པས་ཁྱིམ་དེར་འདུས་སོ། །དེ་ཐམས་ཅད་མཚུངས་པར་སྡུག་བསྔལ་པར་གྱུར་པའི་སྐབས་དེར། བྱང་ཆུབ་སེམས་དཔའ་ཁྱིམ་དེའི་ཉེ་སར་ཕྱིན་པས་སྨྲེ་སྔགས་ཀྱི་སྒྲ་ཐོས་ཤིང་མི་མང་པོ་འདུས་པ་མཐོང་ནས་འདི་ལྟར་བུ་གྱུར་པ་ཅི་ཉེས་རྟོག་ལ་ཤོག་ཅེས་གཡོག་པོ་མངགས་པ་ལས། དེས་ཇི་ལྟར་གྱུར་པ་བསྙད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་བསམ་པ་དག་པའི་སྟེང་དུ་ཚིག་དེས་བསྐུལ་མ་བཏབ་པ་ལྟར་ངོ་ཚ་ཞིང་མི་དགའ་བར་གྱུར་ནས། ཨེ་མ་ཧོ། སྐྱེ་བོ་རྣམས་དེ་ལྟར་རེ་བ་ལེགས་སོ་སྙམ་ནས། སྐྱེ་བོ་རྣམས་ཀྱིས་བདག་ལ་ཡོན་ཏན་ཏུ་བརྗོད་ཅིང་བསྔགས་པ་ཐོས་པས། གལ་ཏེ་བདག་ཁྱིམ་ལ་ཕྱོགས་ན་མིར་ཡང་མི་རུང་ངོ་། །བདག་ད་དུང་ཡོན་ཏན་ཁྱད་དུ་བསད་ནས་སྐྱོན་ལ་དད་ནས། དགེ་བ་སྤངས་པས་བདག་གསོན་ཀྱང་ཅི་ཞིག་བྱ། དེས་ན་སྐྱེ་བོ་རྣམས་ཀྱིས་རེ་བ་འདི་ལྟར། ཁྱིམ་གྱི་གནས་སྤངས་ནས་དཀའ་ཐུབ་ཀྱི་གནས་སུ་ཡོན་ཏན་ཉམས་སུ་བླང་བར་བྱའོ་སྙམ་དུ། དེ་སླར་ལོག་སྟེ་རྒྱལ་པོའི་གསོལ་ཁ་པ་ལ་ཞུས་ནས་རྒྱལ་པོའི་དྲུང་དུ་སོང་བ་ན། རྒྱལ་པོས་ཅིའི་ཕྱིར་འོང་ཞེས་དྲིས་པ་ལ། ལྷ་བདག་ནི་རབ་ཏུ་བྱུང་བར་འཚལ་ན་གནང་བར་རིགས་སོ། །རྒྱལ་པོ་དེས་བྱམས་པའི་ཚིག་གིས་ང་ལྟ་བུའི་གཉེན་དང་མཛའ་བའི་མཆོག་ཡོད་བཞིན་དུ་ཁྱོད་ཅིའི་ཕྱིར་བས་མཐར་འགྲོ །གལ་ཏེ་ནོར་འདོད་ན་ང་ལས་ལོངས་ཤིག །གནོད་པ་ཡོད་ན་ངས་བཟློག་པར་བྱ་ཡིས། ང་དང་གཉེན་རྣམས་ཀྱིས་གསོལ་བ་འདེབས་པ་ཅི་ཞིག་གི་མི་འདོད་ནས་འགྲོ །དེས་སྨྲས་པ། ཁྱོད་ལ་བརྟེན་པས་གནོད་པ་ཡང་ག་ལ་ཡོད། ནོར་གྱིས་ཀྱང་ཕོངས་པ་མེད་མོད། ཕོངས་ནས་བས་མཐར་འགྲོ་བ་མིན་ཀྱང་། སྐྱེ་བོའི་ཚོགས་མྱ་ངན་གྱིས་གདུངས་བས་ངུ་ཞིང་བདག་རབ་ཏུ་བྱུང་ཞེས་བསྒྲགས་པ་དེས་ན། བདག་ནི་ཡོན་ཏན་ཅན་དུ་སེམས་པའི་སྐབས་སུ་གྱུར་པ་དེའི་ཕྱིར་བདག་དགོན་པར་མཆིའོ། །རྒྱལ་པོས་སྨྲས་པ། ཁྱོད་སྐྱེ་བོའི་ཚིག་ཙམ་གྱིས་ངེད་འདོར་བར་མི་རིགས་ལ། ཁྱོད་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ནི་སྐྱེ་བོའི་ཚིག་བསྲུང་བ་ཙམ་གྱིས་ཆོག་པ་མིན་ལ། དེ་མ་བྱས་ན་མི་རུང་བ་གང་ཡང་མེད་དོ། །འཇིག་རྟེན་མུ་ཅོར་སྨྲ་བའི་གཏམ་ནི་རང་གར་རྟོག་པ་རྣམས་ལ་འཕྲོ་བ་དེ་དག་སྙིང་ལ་བཞག་ནས་འཕྱ་བཞད་དུ་འགྱུར་ན། དེ་བྱེད་པ་རྣམས་སྨྲོས་ཅི་དགོས། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་སྐད་དུ་བཀའ་མི་སྩལ་དུ་གསོལ། སྐྱེ་བོའི་གཏམ་དགེ་བར་གྲགས་པ་རྣམས་ལའང་དེ་ལྟར་མི་བགྱིད་པ་མ་ལགས་ཏེ། ལྷ་མིའི་རྒྱལ་པོ་ཆོས་དང་ལྡན་ཞེས་དགེ་བར་གྲགས་པ་ལས་ཉམས་པར་མི་བགྱིད་ཅིང་ངོ་ཚ་བའི་ཕྱིར་དེ་བཞིན་རབ་ཏུ་འབད་པར་རིགས་ན། ཡོན་ཏན་ཡོད་ཅེས་གྲགས་ཤིང་དེ་ལྟར་རེ་བ་བྱས་པ་ཡང་ཇི་ལྟར་གྱུར་ཀྱང་རུང་སྟེ། ཁྱོད་ཀྱིས་གནང་ན་གྲགས་པ་བཞིན་དུ་གཏམ་སྙན་འཕེལ་ལ། གཞན་དུ་གྱུར་ན་གྲགས་པ་དོན་མེད་པར་ཁྲོན་པ་སྐམ་པོ་བཞིན་དུ་ཡོན་ཏན་གྱི་གྲགས་པ་མི་འཕེལ་ལོ། །མི་རྣམས་གྲགས་པ་ཉམས་པ་དག །སླར་ཡང་གྲགས་པ་ཐོབ་པར་དཀའ་ལ། དུག་སྦྲུལ་གྱི་ཚང་ལྟ་བུ་རྩོད་པའི་རྒྱུར་གྱུར་པའི་ཁྱིམ་གྱི་གནས་སྤང་རིགས་པ་དེ་ནི་སྤང་བར་བགྱིད་པ་ལ། ལྷ་གཅིག་གིས་བདག་བཟློག་པར་མི་རིགས་སོ། །གུས་པའི་འབངས་ལ་བྱམས་པ་ཁྱོད་ཀྱིས་དེ་ལྟར་གསུང་པ་རིགས་མོད་ཀྱིས། བདག་སེམས་ཀྱིས་རབ་ཏུ་བྱུང་ལགས་ན་འདུ་འཛིས་ཅི་ཞིག་བགྱི་ཞེས་སྨྲས་པས་རྒྱལ་པོས་གནང་སྟེ་དཀའ་ཐུབ་ཀྱི་ནགས་སུ་འགྲོ་བར་ཆས་སོ། །དེ་ནས་དེའི་མཛའ་བོ་དང་ཉེ་དུ་དང་། དེ་ལ་བསྟེན་པའི་ཚོགས་རྣམས་ལྷགས་ནས་ངུ་ཞིང་རྐང་པ་ལ་འཇུས་ཏེ་འགྲོ་བར་མི་སྟེར་ཞིང་། ཚིག་འཇམ་རྩུབ་སྣ་ཚོགས་དང་། ད་དུང་བྱ་བ་མ་ཟིན་པ་ཡོད་པ་སྐད་དང་། ནང་མི་རྣམས་སྙིང་མི་རྗེའམ་ཞེས་སོགས་བརྗོད་པ་དུ་མ་སྨྲ་ཞིང་ལམ་བཀག་སྟེ། དེ་སླར་ལྡོག་ཏུ་འབད་པ་ལ། དེས་སྨྲས་པ། མཛའ་བོ་དག་བདག་བག་མེད་ཅིང་བྱ་བ་ངན་པར་ཞུགས་པ་ལྟ་ན་ཁྱེད་ཅག་ཐབས་སྣ་ཚོགས་བྱར་རིགས་ཀྱི། ང་གསོན་བཞིན་ནགས་ན་གནས་པར་འདོད་པ་ལ་འགོགས་ཤིང་ཅི་སྟེ་དུ། གལ་ཏེ་ང་དང་བྲལ་བས་མི་དགའ་ན། ང་དང་ལྷན་ཅིག་ནགས་སུ་ཅི་སྟེ་མི་འགྲོ །དཀའ་ཐུབ་བྱེད་དུ་འགྲོར་མི་སྟེར་ན། དགྲ་དང་དམག་སོགས་འགྱེད་དུ་འགྲོ་བ་ལ་དེ་ལྟར་ཅིས་མི་བྱེད། ཁྱིམ་གྱི་ཡོན་ཏན་དང་དཀའ་ཐུབ་དང་ནགས་ཀྱི་ཉེས་པ་མཐོང་བ་ནི་བློ་མིག་ཕྱིན་ཅི་ལོག་ཡིན་ཞིང་། ང་ཡོན་ཏན་ཆེ་བས་ཡིན་ན་ཁྱེད་ཅག་ངའི་རྗེས་སུ་རབ་ཏུ་བྱུང་ཞིག །འཇིག་རྟེན་མཛའ་བ་རྣམས་ནི་ཕལ་ཆེར་མི་བརྟན་པ་གར་མཁན་གྱི་སྤྱོད་པ་དང་འདྲ་བས་ངེས་པ་མེད་ལ། ཅིས་ཀྱང་བརྟན་པའི་སེམས་ཀྱིས་འབྲལ་མི་ཕོད་ན། རིགས་པའི་ལས་དཀའ་ཐུབ་ཀྱི་ནགས་སུ་འདོད་རིགས་ཀྱི་བཟློག་མི་རིགས་པའི་ཚུལ་གྱིས་རབ་ཏུ་འཇམ་པའི་ཚིག་གིས་བྲིད་དེ་རང་ཉིད་དཀའ་ཐུབ་ཀྱི་ནགས་སུ་སོང་ནས་དགེ་བ་ལ་བག་ཡོད་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་རྫོགས་པར་བྱས་ཏེ་བསམ་གཏན་ལ་སྦྱོར་བར་བྱས་སོ། །དེ་ལྟར་ན་ཡོན་ཏན་མེད་པ་ལ་ཡོན་ཏན་ཅན་དུ་བསྒྲགས་པའི་སྐྱེ་བོའི་ཚིག་ཙམ་ལའང་། ཡོན་ཏན་ཤེས་པ་དག་གིས་ཡལ་བར་མི་འདོར་ན། ཡོན་ཏན་གང་ཡང་རུང་བ་ཐོབ་ནས་དེ་ལས་ཉམས་པར་མི་བྱེད་པ་ལྟ་ཅི་སྨོས། དེ་ལྟ་བུར་དགེ་སློང་དང་དགེ་བསྙེན་དང་། ཆོས་བྱེད་པ་དང་། རྟོགས་ལྡན་ལ་སོགས་པའི་མིང་གིས་ཡོན་ཏན་ཡོད་པར་བསྒྲགས་ན། རང་གིས་རང་ལ་བརྟགས་ཏེ་སྐྱེ་བོ་རྣམས་ཀྱིས་བདག་ལ་འདི་ལྟར་རེ་བ་བྱེད་པ་བདག་གིས་སླུར་མི་རུང་ངོ་སྙམ་དུ། ངེས་པར་རང་ཉིད་ཡོན་ཏན་དེ་དང་དེ་དག་གིས་བརྒྱན་པར་མ་བྱས་ཀྱི་བར་དུ་ངོ་ཚ་བ་ནི་བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན་པར་ཤེས་པར་བྱའོ། ༈ །ཡང་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སེར་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཕྱུག་ཅིང་ནོར་ཆེ་བ་ཞིག་ལ། བཙུན་མོ་དཔེ་མེད་མ་ཞེས་བྱ་བ་གཟུགས་མཛེས་པ་རྒྱལ་པོ་ལ་སྡུག་པར་གྱུར་པ་ཞིག་ཡོད་དོ། །དེའི་ཚེ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ། བཅོམ་ལྡན་འདས་ཉིད་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་ཏེ། གཟུགས་དང་ཡན་ལག་བཀྲ་བ་རིན་པོ་ཆེའི་མཆུ་ཅན་དེ་ལ་འཁོར་ལྔ་བརྒྱ་དེའི་སླད་བཞིན་འབྲང་བ་ཡོད་དོ། །དུས་ཞིག་ན་རྨ་བྱའི་རྒྱལ་པོ་དེས་ནམ་ཕྱེད་ཀྱི་ཐུན་ལ་བཱ་རཱ་ཎ་སིའི་གྲོང་ཁྱེར་དེའི་སྟེང་དུ་སྐད་བསྒྲགས་པ་ཁང་སྟེང་ན་འདུག་པའི་བཙུན་མོ་དཔེ་མེད་མས་ཐོས་ནས། རྒྱལ་པོ་ལ་སྨྲས་པ། འདི་ལྟར་ཤིན་ཏུ་དགའ་ཞིང་ཆགས་པར་བྱེད་པའི་སྒྲ་འདི་སུའི་ལགས། རྒྱལ་པོས་སྨྲས་པ། ལྷ་མོ་ངས་ཀྱང་མ་མཐོང་སྟེ། གངས་ཀྱི་རིའི་ལྷོ་ཕྱོགས་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་ཡོད་པར་ཐོས་པ་དེའི་སྒྲ་སྙན་ཅིང་ཡིད་དུ་འོང་ཞེས་ཐོས་སོ་ཞེས་སྨྲས་པ་ལ། བཙུན་མོ་ན་རེ། ལྷ་རྨ་བྱའི་རྒྱལ་པོ་དེ་འདིར་བླང་དུ་གསོལ། རྒྱལ་པོས་སྨྲས་པ། ནམ་མཁའ་ལ་རྒྱུ་བ་དེ་མཐོང་བར་ག་ལ་ནུས་བཙུན་མོས་སྨྲས་པ། གལ་ཏེ་རྨ་བྱའི་རྒྱལ་པོ་དེ་མ་མཐོང་ན་བདག་འགུམ་པར་འགྱུར་རོ། །རྒྱལ་པོས་བཙུན་མོ་དཔེ་མེད་མ་ལ་སེམས་ཆགས་པས་ངས་རྔོན་པ་དང་བྱ་བ་དག་དགྱེ་ཡི་རེ་ཞིག་སྡོད་ཅེས་སྨྲས་ཏེ། རྔོན་པ་དང་བྱ་བའི་མི་རྣམས་ལ་རྨ་བྱའི་རྒྱལ་པོ་དེ་རྙིས་ཟུངས་ལ་འདིར་ཐོན་ཅིག །དེ་བླང་ནུས་ན་ལེགས་ཀྱིས་མ་ནུས་ན་ཁྱེད་ཐམས་ཅད་ཀྱི་སྲོག་ཡལ་ལོ་ཞེས་བྱས་སོ། །དེ་ནས་རྔོན་པ་དང་བྱ་བ་དེ་རྣམས་སྲོག་གི་འཇིགས་པས་བྱ་རྒྱ་དང་རྙི་རྣམས་ཐོགས་ནས་གངས་རིའི་ལྷོ་ཕྱོགས་དེར་ཕྱིན་ནས་རྨ་བྱའི་རྒྱལ་པོ་གནས་པའི་ཕྱོགས་དེར་རྒྱ་བྲེས་ཤིང་རྙི་བཙུགས་ཀྱང་རྨ་བྱའི་རྒྱལ་པོ་དེས་གང་དུ་བལྟས་པ་དེ་དག་ཏུ་རྒྱ་རལ་ཞིང་རྙི་ཆད་དེ་ཞག་བདུན་གྱི་བར་དུ་ཤ་ཐང་ཡང་རྨ་བྱའི་རྒྱལ་པོ་དེ་བཟུང་མ་ནུས་སོ། །དེ་ནས་རྨ་བྱའི་རྒྱལ་པོ་དེས་དེ་དག་ལ་སྙིང་རྗེ་སྟེ་སྨྲས་པ། ཞོ་ཤས་འཚོ་བ་ཁྱེད་རྣམས་ཅིའི་ཕྱིར་ཕྱོགས་འདི་ན་ཤ་ཐང་ཞིང་འཁོད། དེ་དག་གིས་རྨ་བྱའི་རྒྱལ་པོ་ཤེས་པར་གྱིས་ཤིག །རྒྱལ་པོ་ཚངས་པས་བྱིན་གྱིས་འདི་ལྟར་བགོས་ཏེ་བཏང་གིས་བདག་ཅག་སྲོག་གི་འཇིགས་པས་འདི་ལྟར་འབད་པར་བྱེད་དོ། །རྨ་བྱས་སྨྲས་པ་ང་རྙི་དང་རྒྱས་བཟུང་མི་ནུས་ཀྱིས། རྒྱལ་པོ་ཚངས་པས་བྱིན་ང་ལྟ་བར་འདོད་ན་གྲོང་ཁྱེར་གཙང་ཞིང་བཀོད་པས་བརྒྱན་པར་བྱོས་ལ། ཞག་བདུན་གྱི་ཉིན་པར་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པར་འདིར་ཤོག་དང་ང་ནི་དེར་འགྲོ་བར་བྱའོ་ཞེས་སྨྲས་པ་ལྟར་དེ་དག་གིས་མཉན་ཏེ་རྒྱལ་པོ་ཚངས་པས་བྱིན་ལ་གསོལ་བ་བཞིན་དུ་རྒྱལ་པོས་གྲོང་ཐམས་ཅད་བརྒྱན་ཞིང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་སྦྱར་ཏེ་དཔུང་གི་ཚོགས་དང་བཅས་པ་གངས་ཀྱི་རིའི་ལྷོ་ཕྱོགས་ཀྱི་ངོས་དེར་ཕྱིན་པ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དེ་རིན་པོ་ཆེའི་ཤིང་རྟ་ལ་བཞག་ནས། དེའི་སྐད་བྱུང་བས་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་མཆོག་ཏུ་དགའ་བས་བཀུར་སྟི་ཆེན་པོ་བྱས་ཏེ་གྲོང་ཁྱེར་བཱ་རཱ་ཎ་སཱིར་ཕྱིན་པ་ན། གྲོང་ཁྱེར་དེའི་སྒོར་རྨ་བྱའི་སྐད་བྱུང་བས་གྲོང་དེ་ཐམས་ཅད་དུ་ཁྱབ་ཅིང་། ཡུལ་དེར་གནས་པ་ཐམས་ཅད་དགའ་ཞིང་ལྟ་བའི་ཕྱིར་ལྷགས་སོ། །དེར་བཙུན་མོ་དཔེ་མེད་མ་ལ་རྨ་བྱ་འདི་ནི་ཁྱོད་ཀྱི་གན་དུ་རང་འོང་ངོ་ཞེས་སྨྲས་ཏེ་དགའ་ཞིང་གུས་པར་གྱུར་ཏོ། །རྒྱལ་པོ་དེས་རྨ་བྱའི་རྒྱལ་པོ་དེ་ལ་མེ་ཏོག་དང་འབྲས་བུ་རྣམས་ཀྱིས་རིམ་གྲོ་བྱས་སོ། །དུས་གཞན་ན་རྒྱལ་པོ་དེ་བྲེལ་བ་ཞིག་བྱུང་ནས་སུས་རྨ་བྱའི་རྒྱལ་པོ་ལ་རིམ་གྲོ་བྱེད་ནུས་སྙམ་དུ་བསམ་ཞིང་། བཙུན་མོ་དཔེ་མེད་མ་ནི་མཁས་ཤིང་ཤེས་རབ་ཆེ་བས་དེས་ནུས་སོ་སྙམ་དུ་ལྷ་མོ་ཁྱོད་ཀྱིས་ངས་ཇི་ལྟར་བྱས་པ་བཞིན་དུ་རྨ་བྱའི་རྒྱལ་པོ་འདི་ལ་རིམ་གྲོ་གྱིས་ཤིག་ཅེས་སྨྲས་པ་བཞིན་དེས་ཀྱང་མེ་ཏོག་དང་འབྲས་བུས་རིམ་གྲོ་བྱས་སོ། །དེ་ནས་དུས་ཞིག་ན་བཙུན་མོ་དཔེ་མེད་མ་སྐྱེས་པ་གཞན་ལ་ཆགས་པར་གྱུར་ཏེ། དུས་བཏབ་པ་རྨ་བྱ་གནས་པའི་སྐྱེད་ཚལ་དུ་བྱུང་བ་ལ་རྨ་བྱས་ཆོས་བསྟན་པས་མི་དེས་འདོད་པས་ལོག་པར་གཡེམ་པ་སྤངས་ཏེ་ཕྱིར་སོང་ངོ་། །བཙུན་མོ་དེས་བདག་གི་བྱ་བ་འདི་ནི་རྨ་བྱས་ཤེས་ཀྱི། རྨ་བྱའི་རྒྱལ་པོ་འདི་ནི་མི་སྐད་སྨྲ་བས་རྒྱལ་པོ་ཚངས་བྱིན་ལ་སྨྲས་ན་བདག་བསད་པར་མི་འགྱུར་གྲང་སྙམ་དུ་བསམས་ནས་ཟས་སྐོམ་དུག་ཅན་བྱིན་པས་རྨ་བྱའི་རྒྱལ་པོ་དེ་ལྟ་དེ་ལྟར་གཟུགས་མཛེས་ཤིང་ལྟ་ན་སྡུག་པར་གྱུར་པ་ལ། བཙུན་མོ་ཐེ་ཚོམ་སྐྱེས་པའི་ཚེ། རྨ་བྱའི་རྒྱལ་པོས་ཁྱོད་སྐྱེས་པ་གཞན་ལ་ཆགས་པ་ངས་ཤེས་སྙམ་དུ་དུག་ཅན་གྱི་ཟས་བྱིན་ཀྱང་ང་གསད་པར་མི་ནུས་སོ་ཞེས་སྨྲས་པས་བཙུན་མོ་དཔེ་མེད་མ་ཁྲག་སྐྱུགས་ཤིང་ནད་ཚབས་ཆེན་པོས་བཏབ་སྟེ་ཤི་ནས་དམྱལ་བ་ངུ་འབོད་དུ་སྐྱེས་སོ། །རྨ་བྱའི་རྒྱལ་པོ་ནི་བདེ་བར་ཐར་ཏེ་སླར་རང་གི་གནས་སུ་སོང་ནས་སྲོག་ཆགས་རྣམས་ལ་ཆོས་བསྟན་པར་མཛད་དོ། །དེའི་དུས་ཀྱི་རྒྱལ་པོ་ཚངས་པས་བྱིན་ནི་དགེ་སློང་ཤཱ་རིའི་བུ་དང་། དེའི་དུས་ཀྱི་བཙུན་མོ་དཔེ་མེད་མ་ནི་ད་ལྟར་བྲམ་ཟེའི་བུ་མོ་གཡོ་མ་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་པ་འདས་པའི་ཕ་རོལ་ན། རྒྱལ་པོ་ཤིང་རྟ་ནི་མོ་ཞེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་དེ་ལ་ཕྱིས་སུ་སྲས་འཁྲུངས་པ་ཤེས་རབ་འོད་ཅེས་བྱ་བ་དེར་བཅོམ་ལྡན་འདས་འདི་གྱུར་པའི་ཚེ་ན། མཁས་པའི་བློ་དང་ལྡན་ཏེ། གཞན་ལས་འཕགས་པས་རྒྱལ་ཚབ་ཏུ་བྱས་སོ། །དེར་ཡབ་རྒྱལ་པོ་ཚེ་འཕོས་ནས་སྲས་དེ་རྒྱལ་པོར་དབང་བསྐུར་བར་བརྩམས་པའི་ཚེ། བློན་པོ་རྣམས་ལ་རྒྱལ་བུས་བདག་གིས་རྒྱལ་པོ་མི་ནུས་ཏེ། སེམས་ཅན་འདི་དག་མི་རིགས་པ་བྱེད་པ་ལ་བདག་གིས་བསད་པ་སོགས་ཆད་པ་བཅད་ན་བདག་ལ་ཁ་ན་མ་ཐོ་བའི་ལས་འབྱུང་བས་གལ་ཏེ་ཡུལ་མི་རྣམས་དགེ་བཅུའི་ལས་བྱེད་ནུས་ན་ཁོ་བོས་རྒྱལ་པོ་བྱའོ་ཞེས་སྨྲས་པས། ཀུན་གྱིས་དེ་ལེགས་ཏེ་ཁྱོད་ཀྱིས་དཔང་མཛོད་ཅེས་བྱས་ནས་རྒྱལ་པོར་དབང་བསྐུར་རོ། །དེས་དགེ་བཅུའི་ལས་སྤྱོད་པར་བཀའ་ལ་བཏགས་པ་ལ། བདུད་ཀྱི་རྒྱལ་པོས་ཕྲག་དོག་བྱས་ཏེ། སྔར་དགེ་བ་བྱས་ཀྱང་མངོན་རྟགས་མེད་པས་ད་ཕྱིན་ཆད་མི་དགེ་བཅུ་ལ་སྤྱོད་ཅིག་ཅེས་སྐུར་ཡིག་བྲིས་པ་རྒྱལ་ཕྲན་ཐམས་ཅད་ལ་སྤྲིངས་སོ། །དེར་ཐམས་ཅད་ཡིད་མ་ཆེས་ནས་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོ་ངོ་མཚར་ནས་ངས་ནི་འདི་སྐད་བྲིས་པ་མེད་ན་ཅིའི་ཕྱིར་འདི་ལྟར་གྱུར་ཅེས་སྔངས་ཏེ། རྒྱལ་པོ་རང་ཉིད་མི་རྣམས་སྔར་ལས་འགྱུར་ཡོད་མེད་བརྟག་པ་ལ་དོང་བ་དང་། ལམ་དུ་བདུད་ཀྱི་རྒྱལ་པོས་མེ་འབར་བའི་ནང་དུ་སྡུག་བསྔལ་གྱིས་ཉམ་ཐག་པའི་མི་ཞིག་གི་སྒྲ་ཐོས་པར་བྱས་ནས། རྒྱལ་པོས་དེ་ལ་ཁྱོད་ཅི་ཉེས་ཞེས་དྲིས་པ་ལ་དེ་ན་རེ། བདག་གིས་སྔོན་མི་འདི་དག་དགེ་བཅུ་ལ་བཀོད་པས་ད་འདི་ལྟར་བདག་ཤིན་ཏུ་སྡུག་བསྔལ་ལོ་ཞེས་ཟེར་བ་ལ། རྒྱལ་པོས་དགེ་བ་བྱེད་པར་བསྐུལ་ན་སྡུག་བསྔལ་འདི་འདྲ་མྱོང་བ་མི་སྲིད་དེ། ཁྱོད་ཀྱིས་བསྐུལ་བའི་དགེ་བྱེད་དེ་དག་གིས་བདེ་བའི་འབྲས་བུ་ཐོབ་བམ། དེས་སྨྲས་པ། དེ་དག་གིས་ནི་ཐོབ་སྟེ། དགེ་བ་བྱེད་པར་སྐུལ་བ་པོ་འབའ་ཞིག་འདི་ལྟར་གྱུར་ཏོ། །རྒྱལ་པོ་དེ་ཐོས་ནས་ཤིན་ཏུ་དགའ་སྟེ་སྨྲས་པ། ཕ་རོལ་པོས་དགེ་འབྲས་ཐོབ་ན་ནི། བདག་སྡུག་བསྔལ་མྱོང་ཡང་འགྱོད་པ་མེད་དོ་ཞེས་སྨྲས་པ་དང་། བདུད་དེ་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །རྒྱལ་པོ་དེས་ཡུལ་ཐམས་ཅད་དུ་གཤེགས་ནས་འབངས་ཐམས་ཅད་ལ་དགེ་བཅུ་བསྒྲགས་ཤིང་བསྔགས་པ་བརྗོད་པས་ཐམས་ཅད་སྒོ་གསུམ་དགེ་བ་ལ་འདུན་པར་གྱུར་ཅིང་། དེའི་ཚེ་གསེར་གྱི་འཁོར་ལོ་སོགས་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བར་གྱུར་ཞིང་། གླིང་བཞི་པོ་ཀུན་དགེ་བ་ལ་བཀོད་པར་གྱུར་ཏོ། །དེ་ལྟར་རང་ཉིད་དགེ་བཅུ་ལ་གནས་ཤིང་གཞན་དགེ་བཅུ་ལ་བཀོད་པས། ད་ལྟ་སངས་རྒྱས་པའི་ཚེ་ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་གི་མཚན་དང་ལྡན་པར་གྱུར་ཏོ། །ཞེས་གསུངས་སོ། ༈ །ཡང་སྔོན་དེད་དཔོན་ཐམས་ཅད་སྐྱོབ་དང་ལེགས་གྲུབ་ཞེས་བྱ་བ་རེ་རེ་ལ་ཚོང་བའི་འཁོར་བཞི་ཁྲི་ཡོད་པར་གྱུར་པ་ན། ལེགས་གྲུབ་ངེས་པར་འབྱུང་བ་ལ་དགའ་བས་དྲང་སྲོང་གི་དྲུང་དུ་རབ་ཏུ་བྱུང་ནས་བས་མཐར་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱས་སོ། །ཚོང་པ་དེ་དག་གིས་ལེགས་གྲུབ་མ་མཐོང་ནས་བཙལ་བར་གྱུར་ཀྱང་མ་རྙེད་པར། དེད་དཔོན་ཐམས་ཅད་སྐྱོབ་ལ་དེ་ལྟར་སྨྲས་པ་དང་། དེས་བཙལ་བར་བྱའོ་ཞེས་ཚོང་པ་བརྒྱད་ཁྲིས་བསྐོར་ནས་གནས་ཀུན་ཏུ་བཙལ་བ་ན། རང་སངས་རྒྱས་དེ་མཐོང་ནས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་ཚོང་པ་རྣམས་སྤངས་ནས་རབ་ཏུ་བྱུང་ཞེས་དྲིས་པ་དང་། བདག་ཉིད་ཆེན་པོ་ལུས་ཀྱིས་ཆོས་སྟོན་གྱིས་ངག་གིས་མ་ཡིན་པས། དེས་འབར་བ་དང་གློག་འབྱིན་པ་སོགས་ཀྱི་ཆོ་འཕྲུལ་བསྟན་པས་དད་པར་བྱས་སོ། །དེ་ནས་ཚོང་དཔོན་ཐམས་ཅད་སྐྱོབ་ཀྱིས་ཚོང་པ་བརྒྱད་ཁྲི་པོ་ཟང་ཟིང་གི་བསྡུ་བས་མགུ་བར་བྱས་ནས། འདི་ལ་བྱ་བ་བྱོས་དང་འབྲས་བུ་སྨིན་པར་འགྱུར་རོ་ཞེས་བྱས་པས། དེ་རྣམས་ཀྱིས་དེ་ལ་བྱ་བ་རྣམ་པ་དུ་མ་བྱས་ཤིང་། ཚོང་པ་དེ་རྣམས་ཚོང་དཔོན་དེས་བསླབ་པའི་གཞི་ལྔ་ལ་ཡང་བཀོད་དོ། །དེ་ལྟར་དེད་དཔོན་ཐམས་ཅད་སྐྱོབ་ནི་བཅོམ་ལྡན་འདས་ཉིད་དོ། ༈ །ཡང་སྔོན་འདས་པའི་དུས་ན། འཛམ་གླིང་འདིར་ཡུལ་བཱ་རཱ་ཎ་སཱིར་བྲམ་ཟེ་ཧ་ལི་ཞེས་པའི་བུ་ལེགས་ཚོལ་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ། དེའི་སྤུན་དུ་གྱུར་པ་ཉེས་ཚོལ་ཞེས་པར་ལྷས་བྱིན་གྱུར་ཏོ། །དེ་སྤུན་གཉིས་རྒྱ་མཚོར་རིན་པོ་ཆེ་ལེན་པར་སོ་སོ་ནས་འཁོར་ལྔ་བརྒྱ་རེ་དང་བཅས་པར་ལམ་དུ་ཞུགས་སོ། །ལམ་རིང་བས་ཞག་བདུན་གྱི་གནས་སུ་མ་ཕྱིན་པ་ཙམ་ན་རྒྱགས་ཆད་དེ་སྲོག་བྲལ་དུ་ཉེ་བ་ན། ལེགས་ཚོལ་སོགས་ཐམས་ཅད་ཉམ་ཐག་སྟེ་ལྷ་སོགས་ལ་མཆོད་པར་བྱེད་དོ། །དེར་རྒྱང་མ་ནས་སྐྱེད་ཤིང་བཟང་པོ་ཞིག་མཐོང་ནས་དེར་སོང་བ་དང་ཆུ་མིག་ལེགས་པ་གཅིག་ཀྱང་ཡོད་པས། ཐམས་ཅད་དེར་འཐུང་། བདག་ཅག་གིས་ལྷ་མཆོད་པའི་རྟགས་འདི་ཡིན་ནོ་ཞེས་སྨྲས་སོ། །དེར་ལྷས་མངོན་སུམ་དུ་སྐྱེད་ཤིང་གི་ཡལ་ག་ཆོད་ཅིག་དང་འདོད་པ་ཐམས་ཅད་འབྱུང་ངོ་སྨྲས་པས། ཡལ་ག་གཅིག་བཅད་པ་དང་བཏུང་བ་ཞིམ་པོ་བྱུང་ངོ་། །ཡང་གཅིག་བཅད་པ་དང་ཁ་ཟས་རོ་བརྒྱ་དང་ལྡན་པ་ཐམས་ཅད་བྱུང་ནས་ཐམས་ཅད་ཀྱིས་ཚིམ་པར་ཟོས་སོ། །ཡང་ཡལ་ག་གཅིག་བཅད་པས་གོས་སྣ་ཚོགས་དང་། ཡང་གཅིག་བཅད་པས་ནོར་བུ་རིན་པོ་ཆེ་སྣ་ཚོགས་བྱུང་སྟེ་ཁལ་ཐམས་ཅད་ལོངས་པར་གྱུར་ཏོ། །དེ་ནས་ཉེས་ཚོལ་ལ་སོགས་པ་ཐམས་ཅད་ཀྱང་དེར་ལྷགས་ཏེ་སྔ་མའི་ཡལ་ག་ཅད་པ་ལས་རིན་ཆེན་སྣ་ཚོགས་འོང་བ་མཐོང་བས། ཤིང་འདིའི་རྩ་བ་བཅད་ན་ནོར་བུ་རིན་ཆེན་མང་དུ་ཡོད་སྙམ་ནས་ཤིང་གི་རྩ་བ་བསྐོ་བར་གཟས་པ་དང་། ལེགས་ཚོལ་མ་དགའ་སྟེ། བདག་ཅག་ཕོངས་ཤིང་སྲོག་དང་བྲལ་བ་ལས་ཤིང་འདིས་བསྐྱབས་ན། ཤིང་འདི་མ་གཅོད་ཅེས་སྨྲས་ཀྱང་མ་ཉན་པས། ལེགས་ཚོལ་དེ་མཐོང་མི་འདོད་པས་སྔོན་དུ་སོང་བའི་རྗེས་སུ། ཉེས་ཚོལ་སོགས་ཀྱིས་ཤིང་དེའི་རྩ་བ་བཅད་པ་ན། དེ་ནས་སྲིན་པོ་ལྔ་བརྒྱ་བྱུང་སྟེ་ཉེས་ཚོལ་སོགས་ཚོང་པ་དེ་ཐམས་ཅད་ཟོས་སོ། ༈ །བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཡོངས་སུ་བཏང་ནས་ཀྱང་སེམས་ཅན་རྣམས་ལ་ཇི་སྐད་སྨྲས་པའི་ཚིག་བསླུ་བར་མི་འགྱུར་བ་རྟག་ཏུ་སྲུང་བ་ཡིན་ཏེ། སྔོན་བསྐལ་པ་ཆེས་གྲངས་མེད་པ་འདས་པའི་དུས་ན། བཅོམ་ལྡན་འདས་འདི་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བ་ཞིག་ཏུ་གྱུར་པ་དེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་རྗེས་སུ་ཞུགས་ཤིང་རྩ་བ་དང་ལོ་འབྲས་མེ་ཏོག་ཟ་བ། རིའི་ཕུག་བགྲོད་དཀའ་བ་ན་གནས་སོ། །དེར་སྤྲེའུ་གཉིས་ཞིག་གནས་པ་ལ་དུས་ཞིག་ན་བུ་གཉིས་བྱུང་བ་སེང་གེ་ལ་བཅོལ་ནས། སྤྲེའུ་ཕོ་མོ་གཉིས་སྤྱོད་ཡུལ་དུ་དོང་ངོ་། །དེར་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་ཞེས་བྱ་བས་སྤྲེའུའི་ཕྲུག་གུ་དེ་གཉིས་བླངས་ནས་སྟེང་གི་བར་སྣང་ལ་འདུག་པ་སེང་གེས་མཐོང་སྟེ་ཚིགས་སུ་བཅད་པས་བདག་ལ་སྐྱབས་སུ་འོང་བའི་ཕྲུག་གུ་དེ་གཉིས་ཐོང་ཞེས་སྨྲས་སོ། །བྱ་རྒོད་དེས་རི་དྭགས་རྒྱལ་པོ་ཁྱོད་བདག་འདོར་ན་བཏང་གི། གཞན་ཁྱོད་ཁྲོས་ཀྱང་ངས་འདི་གཉིས་ཟོས་ཏེ་ནམ་མཁར་སོང་ན་ཅི་ཞིག་བྱ། རི་དྭགས་ཀྱི་རྒྱལ་པོས་སྨྲས་པ། བདག་ནི་བཏང་གིས་ཟ་བར་གྱིས་ལ་སྤྲེའུའི་ཕྲུག་གུ་གཉིས་གཏོང་བར་གསོལ། བྱང་ཆུབ་ཏུ་ཞུགས་པ་དམ་བཅས་པ་སྲུང་ཞིང་རྫུན་དུ་སྨྲ་བ་མེད་ན་སེམས་ཅན་རྣམས་ཀྱི་ཆེད་དུ་ལུས་འདོར་རོ། །བྱ་རྒོད་ཀྱིས་དེ་ལྟ་བུའི་ངོ་མཚར་མཐོང་ནས། སྤྲེའུའི་ཕྲུག་གུ་དེ་གཉིས་བཏང་ཞིང་རི་དྭགས་ཀྱི་རྒྱལ་པོ་ཁྱོད་ཀྱི་ལུས་ཀྱང་མ་འདོར་ཞིག་ཅེས་སྨྲས་ནས་སོང་ངོ་། །དེའི་ཚེ་སྤྲེའུ་ཕོ་མོ་ནི་འོད་སྲུང་དང་སེར་སྐྱ་བཟང་མོ་དང་། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་སྤྲེལ་ཕྲུག་དང་། དགེ་སློང་ཕྲེང་བ་བཟང་པོ་དེའི་ཚེ་བྱ་རྒོད་ཀྱི་རྒྱལ་པོ་སྤུ་གྲི་བར་གྱུར་ཏོ་ཞེས་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་འདི་ཉིད་དང་། སངས་རྒྱས་མར་མེ་མཛད་འཛམ་གླིང་འདིར་ཁྱེའུ་ཆོས་སྨྲ་བའི་མཆོག་གཉིས་སུ་གྱུར་པའི་ཚེ། རབ་ཏུ་བྱུང་ནས་གཅིག་པུར་ནགས་སུ་གནས་པ། སྙན་ངག་དང་བསྟན་བཅོས་ཐམས་ཅད་ལ་མཁས་ཤིང་བསམ་གཏན་དང་རྫུ་འཕྲུལ་ཐོབ་པ་ན། རི་དྭགས་བཤོར་པའི་རྒྱལ་པོ་གླང་པོ་ཞེས་པ་འཁོར་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དང་བཅས་པ་ལ་ཆོས་བསྟན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་དུས་སུ་དགེ་སློང་བརྐམ་ཆགས་ཅན་མང་པོ་དག་གིས་ཆོས་སྨྲ་དེ་གཉིས་ལ། འདི་ནི་མུ་སྟེགས་ཆད་པར་སྨྲ་བ་ཡིན་ཏེ། ཕུང་པོ་གདོད་ནས་མེད་ཅེས་ལས་དང་རྣམ་སྨིན་འཇིག་པའི་ཆོས་སྟོན་པ་ཡིན་པས། འདི་སོད་ཅེས་རྒྱལ་པོ་དེ་ལ་བསྐུལ་བས། རྒྱལ་པོ་ཡང་ཅུང་ཟད་ཐེ་ཚོམ་དུ་གྱུར་པའི་ཚེ་ན། རྒྱལ་པོ་དེ་དང་སྔོན་ལྷན་ཅིག་སྤྱད་པ་སྤྱད་པའི་ལྷ་མོ་ཕྱིར་འབྲང་བ་ཞིག་གིས། རྒྱལ་པོ་ལ་སྡིག་པའི་གྲོགས་པོའི་ཚིག་དག་གིས་འདི་ལྟ་བུའི་སེམས་མ་སྐྱེད་ཅིག །འདི་གཉིས་ནི་ཡང་དག་པའི་ཆོས་སྨྲ་བ་དེ། སྔར་ཆོས་བསྟན་པ་དྲན་པར་གྱིས་ལ་འདི་གཉིས་མ་སྤོངས་ཤིག །ཅེས་སྨྲས་པས། རྒྱལ་པོ་དེས་དེའི་རྗེས་སུ་བསམ་ཞིང་རྒྱལ་བའི་བསྟན་པ་མ་བཏང་ངོ་། །རྒྱལ་པོ་དེའི་ནུ་བོ་མ་རུངས་པ་ཉན་གོར་རྒྱལ་པོ་བྱེད་པ་ལ། རིགས་སྔགས་ཀྱིས་མཁའ་ལ་འགྲོ་བའི་དགེ་སློང་འདི་གཉིས་སོད་ཅེས་སྡིག་གྲོགས་དེ་དག་གིས་བསྐུལ་བས། དེས་དམག་གི་དཔུང་གོ་བགོས་ཏེ་གསོད་དུ་འོང་བ་ཀླུ་དང་གནོད་སྦྱིན་ནགས་ན་གནས་པས་རྡོ་དང་སོ་ཕག་གི་ཆར་གྱིས་ཕྱིར་བསྐྲད་དེ་ཁ་བཏགས་པར་བྱས་ནས། རྒྱལ་པོ་མ་རུངས་པ་འཆི་བའི་དུས་བྱས་ཏེ། ཆོས་སྨྲ་ལ་ཁྲོས་པའི་ཉེས་པས་ཚེ་རབས་དྲུག་ཅུར་མནར་མེད་པར་སྐྱེས་སོ། །རྒྱལ་པོ་དེ་རྦད་ཅིང་གཏོང་བའི་དགེ་སློང་དམིགས་པའི་ལྟ་བ་ཅན་མང་པོ་དེ་དག་ཚེ་རབས་བྱེ་བ་བརྒྱ་ཕྲག་བསམ་ཡས་པར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་གྱུར་ཏོ། །ལྷ་མོ་གང་གིས་རྒྱལ་པོ་ལ་བསྐུལ་ཞིང་ཆོས་སྨྲ་བ་སྲུང་བ་དེ་སངས་རྒྱས་གངྒཱའི་བྱེ་སྙེད་མཐོང་ཞིང་མཆོད་ལ་སྤྱད་པ་སྤྱོད་ཅིང་། རྒྱལ་པོ་དང་ལྷན་ཅིག་ཆོས་ཐོས་ཤིང་སེམས་བསྐྱེད་པའི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་དྲུག་ཅུ་པོ་དག་ནི་ཞིང་གཞན་དང་གཞན་དུ་སངས་རྒྱས་པར་གྱུར་ཏོ། །ཆོས་ཐོས་པའི་རྒྱལ་པོ་དེ་བྱམས་པ་དང་། ལྷ་མོ་ཕན་འདོད་དེ་ནི་ཟླ་འོད་གཞོན་ནུར་གྱུར་པ་དང་། རྒྱལ་པོའི་ནུ་བོ་མ་རུངས་པ་ནི་ལྷས་བྱིན་ཡིན་ནོ། །ཞེས་གསུངས་སོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་བདེ་བའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། འཛམ་བུའི་གླིང་འདི་ཡངས་པ་དཔག་ཚད་འབུམ་ཕྲག་དགུ་བཅུ་ཡོད་པར་གྱུར་ལ། གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་རིན་ཆེན་སྣ་བདུན་གྱིས་བྱས་པ། ལྷའི་ཡུལ་ལྟར་འབྱོར་པ་རྨད་དུ་བྱུང་བ་དེར། བཅོམ་ལྡན་འདས་ཉིད་རྒྱལ་པོ་དཔས་བྱིན་ཞེས་བྱ་བ་ཆོས་དང་ལྡན་པའི་རྒྱལ་པོ་ཆེན་པོར་གྱུར་ཏེ། གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དུ་རྒྱལ་པོ་དེའི་ཁྱིམ་བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཁྱིམ་རེ་རེར་ཡང་བཙུན་མོའི་འཁོར་གྱི་བུད་མེད་བརྒྱད་ཁྲི་བཞི་སྟོང་ཡོད་པ། རྒྱལ་པོ་དེའི་ཕོ་བྲང་རིན་པོ་ཆེ་སྣ་བདུན་ལས་བྱས་པས་བདེ་བའི་ཡོ་བྱད་ཐམས་ཅད་ལྡན་པ་བརྒྱ་བྱིན་ལྷའི་དབང་པོའི་ཁང་བཟང་ལྟ་བུ་ཡོད་པ་སོགས་འབྱོར་བའི་མཐུ་རྨད་དུ་བྱུང་བ་དང་ལྡན་པའི་རྒྱལ་པོ་དེ། རང་གི་སྲས་བསོད་ནམས་ཀྱི་མངའ་བདག་ཆེན་པོ་བྱང་ཆུབ་སེམས་དཔར་གྱུར་པ་བསོད་ནམས་མཆོག་ཅེས་བྱ་བ་དེ་ཉིད། ཁྱིམ་གྱི་ལོངས་སྤྱོད་ལ་མ་ཆགས་པར་རབ་ཏུ་བྱུང་བའི་རྗེས་སུ། རྒྱལ་པོ་དཔས་བྱིན་ཉིད་ཀྱིས་ཀྱང་སངས་རྒྱས་ལ་རྒྱལ་སྲིད་ཕུལ་ཞིང་རབ་ཏུ་བྱུང་སྟེ་ཆོས་སྤྱོད་ཅིང་བཟོད་པ་ཡང་བསྐྱེད་པར་གྱུར་ཏོ། །དེའི་རྗེས་སུ་ཞིང་དང་དུས་དེར་བདེ་བར་གཤེགས་པ་བྱེ་བ་ཕྲག་ཉི་ཤུ་བྱུང་བ་ཐམས་ཅད་མཉེས་པར་བྱས་ཤིང་། དེ་དག་གི་བསྟན་པ་ལ་ཆོས་སྤྱོད་པ་དང་བརྩོན་འགྲུས་བརྩམས་པར་བྱས་ཤིང་ཤེས་རབ་ཀྱི་སྟོབས་དང་ལྡན་པས་མི་འཇིགས་པ་བརྙེས་ཏེ་སྲོག་ཆགས་བྱེ་བ་མང་པོ་དགྲོལ་བར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཕྱོགས་རབ་སྒྲོགས་ཞེས་བྱ་བའི་སྲས་སུ་བཅོམ་ལྡན་འདས་ཉིད་འཁྲུངས་པའི་ཚེ་ལྷ་རྣམས་ཀྱིས་བཙས་མ་ཐག་ཏུ་འཇིག་རྟེན་ན་ཆོས་ལ་སྤྱོད་པ་ཞིག་བྱུང་ངོ་ཞེས་སྒྲ་བསྒྲགས་སོ། །གཞོན་ནུ་དེ་ལོ་བདུན་ལོན་པའི་ཚེ་ཡབ་རྒྱལ་པོ་ལ་ཆོས་དང་ཆོས་མིན་དྲིས་ནས་བདག་ཉིད་རབ་ཏུ་བྱུང་བར་ཞུས་ཤིང་། ཡང་སྡིག་པའི་ལས་བྱས་པའི་རྣམ་སྨིན་སོགས་ཆོས་བཤད་པས་ཡབ་རྒྱལ་པོ་དང་ཡུམ་དང་བཅས་པ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ལ་གནས་ཤིང་མངོན་པར་ཤེས་པ་ལྔ་ཐོབ་ནས་སེམས་ཅན་མང་པོ་བླ་མེད་བྱང་ཆུབ་ཏུ་ངེས་པར་བྱས་སོ། ༈ །ཡང་དྲང་སྲོང་དབང་པོ་བསྡམས་པ་ཞེས་བྱ་བར་གྱུར་པའི་ཚེ། འདོད་ཆགས་དང་མ་བྲལ་བ་སོ་སོར་བརྟགས་པས་དབང་པོའི་སྒོ་བསྡམས་པ་ལས་བསྒོམས་པའི་སྟོབས་ཀྱིས་མ་ཡིན་པ་དེས། དབང་པོ་ཡུལ་རྣམས་ལ་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་དགོན་པ་ དང་ཚལ ་རྣམས་སུ་འགྲོ་བའི་ཚེ་ཡུན་རིང་ཞིག་ན་བུད་མེད་གཅིག་མཐོང་ནས་ཆགས་པ་སྐྱེས་པར་གྱུར་པ་ལ་དྲན་པ་རྙེད་དེ། བདག་གིས་སོ་སོར་བརྟགས་པ་འདིས་དབང་པོ་བཟུང་གིས། ཤེས་རབ་ཀྱི་སོ་སོར་བརྟག་པས་ནི་མ་ཡིན་པས། ད་ཤེས་པ་གང་གིས་ཉོན་མོངས་པར་མི་འགྱུར་བའི་འཕགས་པའི་ཡེ་ཤེས་བཙལ་བར་བྱའོ་སྙམ་དུ་སོ་སོར་རྟོག་པ་ན་བདག་ཉིད་ཀྱི་ཤེས་པ་སྐྱེས་ཏེ། འདི་ལྟར་ཉོན་མོངས་པ་དང་བུད་མེད་ཀྱི་རང་བཞིན་ལ་བརྟགས་པས་ཀུན་ནས་ཉོན་མོངས་པའི་ཆོས་མི་དམིགས་པར་རྟོགས་ཤིང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་སྟེ། གང་ཡང་ཉོན་མོངས་པ་མེད་པའི་འཕགས་པའི་ཡེ་ཤེས་ཀྱིས་ཐེ་ཚོམ་མེད་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་དེ་བཞིན་གཤེགས་པ་ཡེ་ཤེས་སྣང་བ་ཞེས་བྱ་བ་སྐུ་ཚེ་ལོ་བྱེ་བ་ཕྲག་བཅུར་བཞུགས་པ་དེས། བཅོམ་ལྡན་འདས་འདི་རྒྱལ་པོ་ཁྱད་པར་སེམས་ཞེས་བྱ་བར་གྱུར་པ་དང་ལྷན་ཅིག་པའི་སྐྱེ་བོ་མང་པོ་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཆོས་ཀྱི་རྣམ་གྲངས་ལས། ལུས་ཀྱི་སྡོམ་པའི་སྒོར་འཇུག་པའི་ཚིགས་སུ་བཅད་པ་ལེགས་པར་བསྟན་པས། རྒྱལ་པོ་དེ་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་ནས། ལོ་བྱེ་བ་ཕྲག་བཅུར་ཚངས་པར་སྤྱོད་པ་དྲི་མ་མེད་པ་སྤྱོད་ཅིང་ཚངས་པའི་གནས་བཞི་ཡང་བསྒོམས་པས་སངས་རྒྱས་བྱེ་བ་བརྒྱད་ཅུ་མཐོང་བར་གྱུར་ལ། དེའི་རྗེས་སུ་རིམ་བཞིན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་རབ་ཏུ་བྱུང་ནས་ཚངས་པར་སྤྱོད་པ་མཆོག་འདི་སྤྱད་ཅིང་མང་ཐོས་སྤོབས་པར་ལྡན་པའི་དགེ་སློང་ཆོས་སྨྲ་བའི་མཆོག་ཏུ་གྱུར་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་བདག་ཉིད་ལ་གནས་པར་བྱས་སོ་ཞེས་གསུངས་པ་ལ་སོགས་པས་མཚོན་ནས་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་པར་ཡང་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་ལྡན་པ་ཡིན་པར་རིགས་པར་བྱས་སོ། །ཚུལ་ཁྲིམས་ཀྱི་སྐབས་སོ། ༈ །སྔོན་བསྐལ་པ་ཚད་མེད་འདས་པའི་ཕ་རོལ་ན། ཝཱ་རཱ་ཎ་སཱིར་ཡུལ་ཀ་ཤིའི་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་ཅིང་ཡུལ་དེ་འབྱོར་ཞིང་རྒྱས་པར་གནས་སོ། །དེའི་ཚེ་རྒྱལ་པོ་དེ་བཙུན་མོ་དང་འདུས་པ་ལས་ཁྱེའུ་མཆོག་ཏུ་གཟུགས་བཟང་བ་ཞིག་བཙས་པ་ལ་མིང་ཀ་ཤི་མཛེས་དགའ་ཞེས་བཏགས་སོ། །ཡང་རྒྱལ་པོ་དེའི་བཙུན་མོ་ལས་བུ་བཙས་པ་ན་ཡུལ་དེར་འཐབ་མོ་བྱུང་བས་ཁྱེའུ་དེའི་མིང་འཐབ་མོ་སྐྱེས་སུ་བཏགས་སོ། །རྒྱལ་པོ་ཚངས་སྦྱིན་ནི། ཆོས་དང་ཆོས་མིན་གྱིས་ཀྱང་རྒྱལ་སྲིད་བྱེད་དུ་འཇུག་པས་གཞོན་ནུ་ཀ་ཤི་མཛེས་དགས་དེ་མཐོང་ནས་བདག་ཀྱང་ཡབ་འདས་ན་རྒྱལ་པོར་འགྱུར་ཞིང་བདག་གིས་ཀྱང་ཆོས་དང་ཆོས་མིན་པས་རྒྱལ་སྲིད་བྱེད་དུ་བཅུག་ན་དམྱལ་བར་གཞོལ་བར་འགྱུར་གྱིས་བདག་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་ནས་ཕ་ཡི་དྲུང་དུ་སོང་སྟེ་རྐང་པ་ལ་གཏུགས་ནས་སྨྲས་པ་ཡབ་བདག་རབ་ཏུ་བྱུང་བར་གནང་བར་མཛད་དུ་གསོལ། དེས་སྨྲས་པ། བུ་གང་གི་དོན་དུ། མཆོད་སྦྱིན་དང་དཀའ་ཐུབ་བྱེད་པའི་རྒྱལ་སྲིད་དེ་ཁྱོད་ཀྱི་ལག་ཏུ་འོང་ན་ཅིའི་ཕྱིར་རབ་ཏུ་བྱུང་། མཛེས་དགས་སྨྲས་པ། ནགས་ན་ཤིང་ཤུན་རྩྭ་གྱོན་ཞིང་། །རྩ་བ་འབྲས་བུ་འཆའ་བ་དང་། །རི་དྭགས་གདུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིག་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་བཅིངས་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཤེས་པར་གྱིས་ཤིག །ཁྱོད་ནི་ངའི་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་མི་མཐུན་པ་མེད་པ་ཡིན་ཏེ། ང་ཤི་བར་གྱུར་ན་ནི་མི་འདོད་བཞིན་དུ་ཁྱོད་དང་འབྲལ་གྲང་། གསོན་བཞིན་དུ་ལྟ་ག་ལ་བཏང་། གཞོན་ནུས་སྨྲས་པ། ཡབ་གལ་ཏེ་གནང་ན་ནི་དེ་ལྟ་ལགས། གལ་ཏེ་མི་གནང་ན་ཟན་ཀྱང་མི་ཟ་ཕྱག་ཀྱང་མི་འཚལ་ལོ། །དེ་ནས་གཞོན་ནུ་ཀ་ཤི་མཛེས་དགའ་ཉི་མ་གཅིག་ལ་ཟན་བཅད་པར་བྱས་པ་ནས། གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་གི་བར་དུ་ཟན་བཅད་པར་བྱས་སོ། །དེར་རྒྱལ་པོས་གཞོན་ནུ་ལ། ཚངས་པར་སྤྱོད་པ་སྤྱད་དཀའ་ཞིང་གཅིག་བུར་དབེན་པར་རི་དྭགས་རྣམས་དང་ལྷན་ཅིག་གནས་ཤིང་གཞན་གྱིས་བྱིན་པས་འཚོལ། ཇི་སྲིད་འཚོའི་བར་དུ་མིའི་རྩེད་མོ་དང་དགའ་བ་ཐམས་ཅད་སྤང་དགོས་པས་བུ་གཞོན་ནུ་རྒྱལ་ཚབ་གྱིས་ལ་འདོད་པ་ལ་སྤྱོད་ཅིང་སྦྱིན་པ་དང་བསོད་ནམས་དག་བྱོས་ཤིག་ཅེས་སྨྲས་ཀྱང་གཞོན་ནུ་དེ་ཅང་མི་སྨྲའོ། །དེ་ནས་རྒྱལ་པོ་དེས་བཙུན་མོ་དང་བློན་པོ་མདུན་ན་འདོན་རྣམས་ལ་གཞོན་ནུ་སློངས་ཤིག་ཅེས་བཀའ་སྩལ་པ་བཞིན། དེ་དག་གིས་ཀྱང་གཞོན་ནུ་ཁྱོད་ཤིན་ཏུ་གཞོན་པས་བདེ་བ་བཞེད་ཀྱང་སྡུག་བསྔལ་མི་མཁྱེན་པ་སྟེ་དབེན་པར་ནི་གནས་དཀའོ་ཞེས་སྔར་བཞིན་དུ་སྨྲས་ཀྱང་ཅང་མི་སྨྲའོ། །དེ་ནས་རྒྱལ་པོས་བསྐུལ་ཏེ་གཞོན་ནུ་དེ་དང་ལྷན་ཅིག་ཏུ་རྩེ་རྩེ་བའི་བློན་པོའི་བུ་དང་མདུན་ན་འདོན་གྱི་བུ་རྣམས་དང་། གཞན་ཡང་གཞོན་ནུ་རྣམས་ཀྱིས་དེ་ལ་སྔར་བཞིན་སྨྲས་ཀྱང་དེ་ཅང་མི་སྨྲའོ། །དེ་ནས་གཞོན་ནུ་དེ་རྣམས་ཀྱིས་རྒྱལ་པོ་ཚངས་བྱིན་ལ་གསོལ་བ། ལྷ་མཁྱེན་པར་མཛོད་ཅིག །གཞོན་ནུ་ཀ་ཤི་མཛེས་དགའ་ནི་འགུམ་ན་ཅི་རུང་། འདི་ལྟར་རབ་ཏུ་བྱུང་བ་ནི། མཁས་པ་རྣམས་ཀྱིས་བསྔགས་པ་ལགས་ཏེ། གལ་ཏེ་དེ་ལ་དགའ་ན་གསོན་པར་འགྱུར་བས། དེ་ལ་གཟིགས་པར་འགྱུར་ལ། གལ་ཏེ་དེར་མ་དགའ་ནས་དྲང་སྲོང་ལས་སླར་ལོག་ན་བུའི་གནས་ནི་ཕ་མ་ལགས་པས་དེ་གཞན་གང་དུ་འགྲོ །རྒྱལ་པོས་སྨྲས་པ། གཞོན་ནུ་དག་གལ་ཏེ་དེ་ལྟ་ན་གནང་བར་བྱའོ། །དེ་ནས་གཞོན་ནུ་དེ་རྣམས་ཀྱིས་ཀ་ཤི་མཛེས་དགའ་ལ་དེ་ལྟར་གནད་བར་སྨྲས་པ་དང་། དེ་ནས་གཞོན་ནུ་ཀ་ཤི་མཛེས་དགའ་བཅུད་ཀྱི་ཁུ་བས་རིམ་གྱིས་ལུས་བརྟས་ནས་ཝཱ་རཱ་ཎ་སཱི་ནས་ཕྱུང་སྟེ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་ངོ་། །དེ་འབད་ཅིང་བརྩོན་པས་འདོད་པ་ལས་ཆགས་པ་དང་བྲལ་ཏེ། བྱམས་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ནས་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པར་གྱུར་པའི་བྱམས་པ་དེའི་སྟོབས་ཀྱིས་རི་དྭགས་གདུག་པ་རྣམས་ཀྱང་བསྟི་གནས་སུ་འདྲིས་པར་གྱུར་ཏེ་གནོད་པ་མི་བྱེད་པས་དེའི་མིང་བཟོད་པར་སྨྲ་བ་ཞེས་བྱ་བར་གྱུར་ཏེ་འཁོར་དྲང་སྲོང་ལྔ་བརྒྱ་དང་ལྷན་ཅིག་གནས་སོ། །ནམ་ཞིག་ན་རྒྱལ་པོ་ཚངས་བྱིན་ཤི་ནས་འཐབ་མོ་སྐྱེས་རྒྱལ་སྲིད་ལ་བཞག་སྟེ། དེས་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་གོ། །དྲང་སྲོང་བཟོད་པར་སྨྲ་བས་སྨྲས་པ། མཁན་པོ་བདག་གི་ལུས་ནི་ཁ་ཟས་དང་བཏུང་བས་བསྐྱེད་པས་དགོན་པའི་སྨན་གྱིས་འཚོ་བར་རྔོ་མི་ཐོགས་ཀྱིས་གྲོང་མཐར་གནས་སུ་མཆི་ལགས་སོ། །དེས་སྨྲས་པ། བུ་གྲོང་ངམ་དགོན་པར་གནས་ཀྱང་རུང་སྟེ། དྲང་སྲོང་རྣམས་ནི་དབང་པོ་རྣམས་སྲུང་བར་བྱེད་ཀྱི་སོང་ལ་བཱ་རཱ་ཎ་སཱིའི་ཉེ་འཁོར་དུ་ལོ་མའི་སྤྱིལ་བུ་བྱོས་ལ་གནས་པར་གྱིས་ཤིག་ཅེས། དེ་ལྟར་མཁན་པོ་ལས་ལུང་ཐོབ་ནས་རིམ་གྱིས་གནས་བཙལ་ཞིང་རྒྱུ་སྟེ་ཕའི་སྐྱེད་མོས་ཚལ་གྱི་ཞི་བའི་ཕྱོགས་ཤིག་ཏུ་གནས་པར་བྱས་སོ། །དུས་གཞན་ཞིག་ན་སོ་གའི་དུས་སུ་མེ་ཏོག་གི་ཤིང་རྣམས་རྒྱས་ཤིང་། ངང་པ་དང་ཁུ་བྱུག་ཤང་ཤང་ཏེའུ་སོགས་བྱ་རྣམས་ཀྱི་སྐད་འབྱིན་པའི་སྐྱེད་མོས་ཚལ་དེར། རྒྱལ་པོ་འཐབ་མོ་སྐྱེས་བཙུན་མོའི་ཚོགས་ དང་བཅས་ཏེ་དོང་བ་ལས། སྐྱེད་ཚལ ་དེར་རྒྱལ་པོ་འཐབ་མོ་སྐྱེས་གཉིད་ལོག་པའི་ཚེ། མེ་ཏོག་དང་འབྲས་བུ་ལ་དགའ་བའི་བུད་མེད་རྣམས་ཕན་ཚུན་དུ་རྒྱུ་བར་བརྩམས་པ་ལས། ཅི་ཙམ་ན་དྲང་སྲོང་བཟོད་པར་སྨྲ་བ་སྤྱོད་ལམ་ཞིབས་པས་མཐའ་ན་གནས་པ་དེ་མཐོང་ནས་དད་པའི་སེམས་ཀྱིས་ཕྱག་བྱས་ཏེ། དེ་ལ་བསྐོར་ནས་འཁོད་དོ། །དྲང་སྲོང་དེས་ཀྱང་དེ་རྣམས་ལ་ཆོས་བཤད་པར་བྱས་སོ། །ཅི་ཙམ་ན་རྒྱལ་པོ་གཉིད་ལས་སད་དེ། བཙུན་མོའི་འཁོར་མ་མཐོང་ནས་དེ་ཁྲོས་པས་རལ་གྲི་བླངས་ཏེ། འཁོར་རྣམས་བཙལ་བ་དང་། དྲང་སྲོང་གི་དྲུང་ན་འཁོད་པ་མཐོང་ངོ་། །རྒྱལ་པོ་དེ་ཁྲོས་པ་ཤེས་ནས་བཙུན་མོའི་འཁོར་སྐྲག་སྟེ་བྱེར་རོ། །འཐབ་མོ་སྐྱེས་ཀྱིས་དྲང་སྲོང་ལ་སྨྲས་པ། ཀྱེ་ནད་རྫེ་ཁྱོད་སུ་ཞིག་ཡིན། བདག་ནི་བཟོད་པར་སྨྲ་བའོ། །རྒྱལ་པོས་སྨྲས་པ། ཁྱོད་གཟུགས་མེད་བཞིའི་ཏིང་འཛིན་དང་བསམ་གཏན་བཞི་སོགས་ཐོབ་བམ། དེས་སྨྲས་པ། མ་ཐོབ་བོ། །རྒྱལ་པོས་སྨྲས་པ། ཁྱོད་ཡོན་ཏན་དེ་དག་མ་ཐོབ་ན་ཁྱོད་ཐ་མལ་པ་ཡིན་ཏེ། བུད་མེད་རྣམས་དང་དབེན་པ་སྐྱབས་ཡོད་ཀྱི་གནས་ན་འདུག་པ་ཇི་ལྟར་ཡིད་ཆེས་སུ་རུང་། རྟག་ཏུ་འདི་ན་གནས་པ་ཁྱོད་ལས་ཅི་བྱེད། དྲང་སྲོང་གིས་སྨྲས་པ། བདག་ནི་བཟོད་བསྒོམ་མོ། །རྒྱལ་པོ་འཐབ་མོ་སྐྱེས་ཀྱིས་རལ་གྲི་ཕྱུངས་ཏེ། ཁྱོད་བཟོད་པ་བསྒོམ་ཞེ་ན། ཁོ་བོ་འཁྲུགས་པ་ལ་བཟོད་མི་བཟོད་སད་དོ་ཞེས་དྲང་སྲོང་གི་ལག་པ་གཉིས་བཅད་དེ། ཁྱོད་སུ་ཡིན་ཞེས་དྲིས་པ་ན། བདག་ནི་བཟོད་པ་ཅན་བཟོད་པར་སྨྲ་བའོ་ཞེས་སྨྲས་སོ། །ཡང་རྐང་པ་བཅད་དེ་དྲིས་པ་ལ་ཡང་བདག་ནི་བཟོད་པར་སྨྲ་བའོ། །ཞེས་སྨྲས་སོ། །དེའི་ཡན་ལག་དང་ཉིང་ལག་རྣམས་ཀྱང་བཅད་པ་དང་། དྲང་སྲོང་དེས་སྨྲས་པ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུབས་པ་ཡིས། །ལུས་ནི་བྱེ་བ་བརྒྱར་གཏུབས་ཀྱང་། །ས་ལ་གཏོར་ཀྱང་བཟོད་མི་སྤོང་། །གང་ཕྱིར་བདག་ནི་བྱམས་དགེ་བའི། །སེམས་ནི་རྟག་ཏུ་གོམས་བྱས་པས། །བུ་སྡུག་ལྟ་བུའི་སྐྱེ་བོ་ལ། །བཟོད་པ་དེ་གཏོང་སྤྲོ་བ་མེད། །ཅེས་སྨྲས་ནས། རྒྱལ་པོ་འདི་བུད་མེད་ཀྱི་ཕྱིར་མཚོན་ཐོགས་ནས་ཉོན་མོངས་པའི་སེམས་ཀྱིས་བདག་ལ་ཡང་ནས་ཡང་དུ་ཡན་ལག་དང་ཉིང་ལག་རྣམས་གཏུབས་པ་དེ་བཞིན་དུ། བདག་བཟོད་ཅིང་ངེས་པར་གྱུར་པའི་དགེ་རྩ་འདིས། བདག་ཉིད་ཀྱི་ཉོན་མོངས་པ་རྣམས་བཅོམ་ནས་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་པ་ན་འདི་ལ་ཤེས་རབ་ཀྱི་རལ་གྲིས་ཡང་ནས་ཡང་དུ་རྨེད་ཅིང་ཐོག་མར་དེའི་ཉོན་མོངས་པ་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེས་རྣམ་པ་དྲུག་ཏུ་གཡོས་ཤིང་ཉེ་གནས་ལྔ་བརྒྱ་པོ་ནམ་མཁར་འཕུར་ཏེ་དེའི་དྲུང་དུ་ལྷགས་ནས་སློབ་དཔོན་དེ་ལྟར་སྡུག་བསྔལ་བར་མཐོང་ནས་བཟོད་པའི་སེམས་ཉམས་པར་མ་གྱུར་རམ་ཞེས་སྨྲས་པ་ན། བཟོད་པར་སྨྲ་བས་སེམས་གཞན་དུ་མ་གྱུར་པའི་ཚུལ་སྨྲས་སོ། །དེ་ནས་བཟོད་པར་སྨྲ་བ་ལ་མངོན་པར་དགའ་བའི་ལྷ་དེས། རྒྱལ་པོ་ངན་པ་འདིས་དྲང་སྲོང་ཉེས་པ་མེད་པར་གནོད་པ་འདི་ལྟ་བུ་བྱེད་ན་གནམ་ལྕགས་ཕབ་སྟེ་རྒྱལ་པོ་འདི་འཁོར་དང་བཅས་པ་དེང་ཉིད་དུ་བསད་པར་བྱའོ་ཞེས་སྨྲས་པ་ན། དྲང་སྲོང་གིས་སྨྲས་པ། གང་གིས་བདག་ལུས་རྐང་པ་ལག་པ་དང་། སྣ་དང་ཕྲལ་ནས་མ་རུངས་བྱས་གྱུར་ཀྱང་། དེ་ལའང་སྡིག་པ་ཅུང་ཟད་མི་འདོད་ན། ཉེས་མེད་འགྲོ་བ་རྣམས་ལ་སྨོས་ཅི་དགོས། ཞེས་སྨྲས་ཏེ་གསད་དུ་མ་བཅུག་གོ། །དེ་ནས་ཝཱ་རཱ་ཎ་སཱིའི་ལྷ་གང་ཡིན་པ་དེས་ཡམས་ནད་དང་། བྱི་བ་དང་ནེ་ཙོ་རྣམས་བཏང་བས་ཡུལ་དེ་མ་རུངས་པར་གྱུར་ཅིང་ལྷས་ཀྱང་ཆར་མ་ཕབས་པས་སྐྱེ་བོ་ཕལ་ཆེར་ཤི་བར་གྱུར་པ་ན། རྒྱལ་པོས་ལྟས་མཁན་རྣམས་ལ་དྲིས་པ་ལས། དྲང་སྲོང་ལ་གནོད་པ་བྱས་པས། ལྷ་རྣམས་མ་དགའ་སྟེ་དེ་ལྟར་གྱུར་ཏོ་ཞེས་སྨྲས་སོ། །དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེས་དྲིས་པ་ལ། ལྷ་རྣམས་ལ་གཏོར་མ་སོགས་ཀྱིས་མཆོད་ཅིང་དྲང་སྲོང་དང་ལྷ་རྣམས་ལ་བཟོད་པར་གསོལ་ན་དེས་ཕན་ནོ་ཞེས་སྨྲས་པ་བཞིན་རྒྱལ་པོས་གྲོང་ཁྱེར་ཐམས་ཅད་དུ་དེ་ལྟར་བསྒྲགས་ཏེ་ལྷ་རྣམས་མཆོད་ཅིང་ཕོངས་པ་རྣམས་ལ་སྦྱིན་པ་བྱིན་ནས། དྲང་སྲོང་བཟོད་པར་སྨྲ་བའི་དྲུང་དུ་སོང་སྟེ་རྐང་པ་ལ་གཏུག་ནས་བཟོད་པར་གསོལ་ཏེ། དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བཟོད་དོ། །དེ་ཅི་ལྟར་ཡིད་ཆེས་པར་བྱ། དྲང་སྲོང་གིས་སྨྲས་པ། བདག་རྫུན་མེད་ན་ལུས་ལས་ཁྲག་འཛག་པ་འདིའོ་མ་ལྟར་གྱུར་ཅིག་ཅེས་སྨྲས་པའི་མོད་ལ་དེ་བཞིན་དུ་གྱུར་ཅིང་། ཡིད་མ་ཆེས་ནས། དྲང་སྲོང་གིས་སྨྲས་པ། ཁྱོད་བདག་གི་ལུས་གཏུབས་ཀྱང་བདག་ལ་ཤིན་ཏུ་ཕྲ་བའི་ཞེ་སྡང་ཀྱང་ཡོད་པ་མིན་ན་བདག་གི་ལུས་སྔ་མ་ལྟར་ཤོག་ཅིག་ཅེས་སྨྲས་པ་ན། སྔོན་གྱི་ལུས་ཇི་ལྟ་བར་གྱུར་པ་ན། རྒྱལ་པོ་འཁོར་དང་བཅས་པས་ཡ་མཚན་པའི་མིག་གིས་ལྟ་ཞིང་རྐང་པ་ལ་ཕྱག་བྱས་ཏེ་དོང་ངོ་། །རྒྱལ་པོ་དེས་ཀྱང་དྲང་སྲོང་དེ་ལ་རྟག་ཏུ་མཆོད་པ་བྱེད་དོ། །དེར་སློབ་དཔོན་གཞན་ལ་ཞུགས་པའི་ཀུན་ཏུ་རྒྱུ་སྟོང་ཙམ་ཞིག་གིས་རྒྱལ་པོའི་མཆོད་གནས་སུ་གྱུར་པའི་དྲང་སྲོང་དེ་ལ། ཕྲག་དོག་གིས་མི་གཙང་བའི་ས་རྡུལ་གྱིས་འཐོར་བ་ལ། དྲང་སྲོང་དེས་བདག་གིས་བཟོད་པ་བསྒོམ་པ་འདིས་ནམ་སངས་རྒྱས་པ་ན་བདུད་རྩིའི་ཆུས་ཁྱེད་ཀྱི་རྡུལ་དང་དྲི་མ་ཐམས་ཅད་བཀྲུས་ཏེ། འདོད་པའི་བཙོག་པ་ཡོངས་སུ་དག་པར་ཤོག་ཅེས་སྨོན་ལམ་བཏབ་བོ། །དེ་ལྟར་དྲང་སྲོང་བཟོད་པར་སྨྲ་བ་ནི་བཅོམ་ལྡན་འདས་ཉིད་དང་། རྒྱལ་པོ་འཐབ་མོ་སྐྱེས་ནི་ཀུན་ཤེས་ཀ་ཎྜི་ནྱ་དང་། དེའི་བློན་པོ་བཞི་ནི་ལྔ་སྡེ་གཞན་དང་། ཀུན་ཏུ་རྒྱུ་སྟོང་པོ་ནི་ཆུ་བོ་འོད་སྲུང་སོགས་དགེ་སློང་སྟོང་པོ་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་དུས་སུ་བཅོམ་ལྡན་འདས་འདི་གྲོང་ཁྱེར་བཱ་རཱ་ཎ་སཱིའི་རྒྱལ་པོ་དབང་ཆེན་སྡེ་ཞེས་པར་གྱུར་པའི་ཚེ་ཡུལ་དེ་འབྱོར་ཞིང་རྒྱས་ལ་ལོ་ལེགས་པར་གྱུར་ཅིང་། དེས་ཆོས་བཞིན་རྒྱལ་སྲིད་བྱས་ནས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་སྦྱིན་པར་བྱེད་ཅིང་དགེ་བ་བཅུ་ལ་བཀོད་པས་མི་མ་ཡིན་པ་རྣམས་ཀྱང་སྲུང་ཞིང་རྒྱལ་ཁམས་དེ་ཤིན་ཏུ་བདེ་བར་གྱུར་ཏོ། །དེའི་ཚེ་ཉི་འོག་གི་རྒྱལ་པོ་ནི་ཆོས་མིན་གྱི་རྒྱལ་སྲིད་བྱེད་པས་སེམས་ཅན་མང་པོ་ལ་འཚེ་བར་བྱས་པས་དེའི་མི་རྣམས་དཔྱ་ཁྲལ་དང་ཆད་པ་ཆེན་པོས་འཇིགས་ཏེ་རྒྱལ་པོ་དབང་ཆེན་སྡེའི་ཡུལ་དུ་དོང་བ་དང་། ཉི་འོག་གི་རྒྱལ་པོ་དེས་རང་གི་ཡུལ་པ་རྣམས་དེར་དོང་བར་མཐོང་ནས་དཔུང་བཞི་དང་ལྡན་པའི་དམག་བཤམས་ཏེ་རྒྱལ་པོ་དབང་ཆེན་སྡེའི་ཡུལ་དུ་འོང་ངོ་། །དེ་རྒྱལ་པོ་དབང་ཆེན་སྡེས་ཐོས་ནས། རང་གི་བློན་པོ་རྣམས་ལ་སྨྲས་པ། ཚེ་གཅིག་གི་འཚོ་བ་ཙམ་གྱི་ཕྱིར་ང་ནི་སྡིག་པ་བྱེད་མི་ཕོད་དོ། །ཁྱེད་ཅག་ཡུལ་ཕུང་བར་འགྱུར་བ་མི་འདོད་ན་ཉི་འོག་གི་རྒྱལ་པོ་དེ་ལ་ཕྱག་འཚོལ་ཅིག །ངས་ནི་དེ་ལ་གནོད་པ་མི་བྱེད་དོ། །ནགས་ནང་ཤིང་ཤུན་ཤར་བུའི་གོས་གྱོན་ཅིང་། །འབྲས་བུ་ཟ་ལ་གཅན་གཟན་འགྲོགས་པ་བླའི། །འཇིག་རྟེན་ཕ་རོལ་འཛེམ་པའི་མི་རྣམས་ཀྱིས། །རྒྱལ་སྲིད་ཕྱིར་ནི་གསོད་དང་བཅིངས་མི་བྱ། །ཞེས་སྨྲས་པས། བློན་པོ་རྣམས་ཀྱིས་རྒྱལ་པོ་འདིས་ནི་སུ་ལ་ཡང་གསོད་མི་ཕོད་པས། བདག་ཅག་ཀུན་མེད་པར་བྱས་ན་མ་རུང་གིས་འདི་གཅིག་པུ་བོར་ཡང་བླའོ་སྙམ་ནས། ཉི་འོག་གི་རྒྱལ་པོ་ལ་བཏུད་དོ། །དེ་རྒྱལ་པོ་དབང་ཆེན་སྡེས་ཚོར་ནས་བློན་པོ་འདི་རྣམས་ཀྱིས་བདག་བོར་རོ་སྙམ་དུ་ནགས་ཀྱི་གནས་སུ་སོང་ནས་གནས་པར་གྱུར་ཏོ། །ཉི་འོག་གི་རྒྱལ་པོས་ཡུལ་མི་རྣམས་རང་གི་ཞབས་སུ་ཕབ་སྟེ། རྒྱལ་པོ་གར་སོང་ཞེས་དྲིས་པ་ལ། དེ་རྣམས་ཀྱི་བྲོས་སོ་ཞེས་སྨྲས་སོ། །དེར་ཉི་འོག་གི་རྒྱལ་པོས་ཡུལ་དེར་མངའ་དབང་བྱས་སོ། །དེའི་ཚེ་ན་རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་དབུལ་ཞིང་འཚོ་བས་ཕོངས་པ་ཞིག་ལ་བུ་དང་བུ་མོ་མང་པོ་བཙས་ཏེ། ཡུལ་དེར་མུ་གེ་བྱུང་བ་ན་གསོ་མ་ནུས་ནས། རྒྱལ་པོ་དབང་ཆེན་སྡེ་ཞེས་པ་བྱམས་པའི་བདག་ཉིད་ཅན་དེ་ལ་ནོར་སློང་ངོ་སྙམ་དུ་བཱ་རཱ་ཎ་སཱིར་སོང་བ་དང་། རྒྱལ་པོ་དབང་ཆེན་སྡེ་ནགས་སུ་སོང་བ་ཐོས་ནས་དེ་སྡུག་བསྔལ་ཞིང་ནགས་སུ་དེའི་དྲུང་དུ་སོང་ན་ནོར་སྦྱིན་པར་ཡང་སྲིད་སྙམ་དུ་ནགས་གང་དུ་བྱང་ཆུབ་སེམས་དཔའ་གནས་པ་དེར་སོང་སྟེ་ལོ་རྒྱུས་ཞིབ་ཏུ་གསོལ་བ་ན། བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནགས་ཀྱི་གནས་སུ་གནས་བཅས་པ་ཁྱོད་ཀྱིས་མ་ཐོས་སམ། ད་ནོར་ག་ལ་ཡོད། བྲམ་ཟེ་དེ་རེ་ཐག་ཆད་ནས་ས་ལ་འགྱེལ་བ་ལ། བྱང་ཆུབ་སེམས་དཔས་གདོང་དུ་ཆུ་གཏོར་ཏེ་བསླངས་སོ། །བྲམ་ཟེ་དེས་ནག་སྟུག་པོའི་ནང་དུ་ཞུགས་ནས་ཤིང་ཁར་ཐག་པ་བཏགས་ཏེ་འགགས་ཅིང་འཆི་བར་བརྩམས་པ། བྱང་ཆུབ་སེམས་དཔས་མཐོང་ནས་སྙིང་རྗེ་སྟེ། གལ་ཏེ་འདིས་བདག་ཁྲིད་དེ་དགྲའི་དྲུང་དུ་སོང་ན་དེས་འདི་ལ་ནོར་གྱི་ཕུང་པོ་སྦྱིན་པར་འགྱུར་རོ་སྙམ་ནས། བྲམ་ཟེ་ལ་སྨྲས་པ། ཁྱོད་གཟུ་ལུམ་མ་བྱེད་ཅིག་དང་། ངས་ཁྱོད་ཀྱི་དབུལ་བ་བསལ་བར་བྱའོ། །བྲམ་ཟེ་ཚུར་ཤོག་ཁྱོད་ཀྱིས་ང་ཕྱིན་ཀ་ལོག་ཏུ་དམ་པོར་ཆིངས་ལ། ཉི་འོག་གི་རྒྱལ་པོ་ཆེ་གེ་མོའི་ཐད་དུ་ཁྲིད་དེ་སོང་དང་། དེས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ། །བྲམ་ཟེས་སྨྲས་པ། བདག་ནི་ཁྱོད་ལྟ་བུ་འཆིངས་མི་ཕོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཐེ་ཚོམ་མ་བྱེད་པར་ཆིངས་ཏེ་ཁྲིད་ཅིག །དེ་ལས་ཐབས་གུད་ན་མ་མཐོང་ངོ་། །དེ་ནས་བྲམ་ཟེ་དེས་དེ་ལྟར་བགྱིས་ཏེ་བཱ་རཱ་ཎ་སཱིར་རྒྱལ་པོ་དེའི་ཐད་དུ་དོང་བ་དང་། སྐྱེ་བོ་མང་པོ་དག་གིས་དེ་མཐོང་ནས་ངོ་ཤེས་ཏེ་རྒྱལ་པོ་ལ་གསོལ་ཏེ། དེ་ལ་རྒྱལ་པོ་ཡིད་མ་ཆེས་ནས་ཆེད་གཏད་དུ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་བས། བྲམ་ཟེ་དེས་དེ་ལྟར་ཁྲིད་པ་མཐོང་ནས་ཁྱོད་འདི་ག་ལས་ཁྲིད། བྲམ་ཟེས་སྨྲས་པ། འདི་ནི་ལྷའི་དགྲ་སྟེ། བདག་གིས་དཀའ་ཐུབ་ཀྱི་ནགས་ན་གནས་པ་མཐུས་བཟུང་ནས་ཁྲིད་དེ་མཆིས་སོ། །རྒྱལ་པོས་བསམ་པ། འདི་ནི་ལུས་སྟོབས་ཆེ་ལ། བྲམ་ཟེ་ལུས་ཞན་པས་འདིས་འདི་བཟུང་མི་ནུས་ཀྱི། འདི་ནི་སྙིང་རྗེ་ཆེ་བས་བདག་བཅིང་དུ་བཅུག་ནས་འདི་ལ་བྱིན་པར་གོར་མ་ཆག་སྙམ་དུ། བྲམ་ཟེ་དེ་ལ་ཁྱོད་ཀྱིས་ཇི་ལྟར་གཟུང་བ་དྲང་པོར་སྨྲོས་ཞེས་བྱས་པས། བྲམ་ཟེ་དེས་ཇི་ལྟར་གྱུར་པ་རྒྱལ་པོ་ལ་བསྙད་པར་བྱས་སོ། །དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དད་པར་གྱུར་ཏེ་སེམས་ཅན་འདི་ལྟ་བུ་ལ་བདག་གིས་གནོད་པར་བྱས་སོ་སྙམ་ནས། བཅིང་བ་རང་ཉིད་ཀྱིས་བཀྲོལ་ཏེ། རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ཤིང་ཡན་ལག་ཐམས་ཅད་ཀྱིས་འཁྱུད་ནས་སེང་གེའི་ཁྲི་ལ་བཞག་པ་ལ། རང་གི་ཅོད་པན་གྱི་ཐོད་ཕུད་དེ་བྱང་ཆུབ་སེམས་དཔའི་དབུ་ལ་བཏགས་ནས་སྨྲས་པ། ཁྱོད་ནི་རྒྱལ་པོའི་འོས་ལགས་ཀྱི། བདག་ནི་འོས་མ་ལགས་སོ་ཞེས་བྱས་ནས། དེས་དེ་ལ་དཔུང་གི་ཚོགས་དང་དཀོར་མཛོད་རྣམས་ཕུལ་ནས་བཟོད་པར་གསོལ་ཏེ་རང་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས་དགེ་བཅུའི་ལམ་ལ་གནས་པར་བྱས་སོ། །ཕྱིས་བཅོམ་ལྡན་འདས་སངས་རྒྱས་ནས། གཉན་ཡོད་དུ་བཞུགས་པ་ན། བྲམ་ཟེའི་བུ་བྲམ་ཟེའི་བསླབ་པ་ཐམས་ཅད་ལ་མཁས་པར་གྱུར་པ་ཞིག་བྲམ་ཟེའི་ལུགས་ཀྱིས་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱད་ནས། དེའི་འོག་ཏུ་ཆུང་མ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་བླང་བ་དང་། ཆུང་མ་དེ་གཡེམ་ཞིང་སྐྱེས་པ་གཞན་འདོད་པས་བྲམ་ཟེ་རྒན་པོ་དང་ལྷན་ཅིག་འདུག་པས་སྙིང་མ་ཚིམ་པར་སྐྱེས་པ་གཞན་དང་ཉལ་བར་འདོད་ནས་དེ་གཞན་དུ་འགྲོ་བའི་ཐབས་སུ་ནོར་བཙལ་བར་བསྐུལ་བ་ལྟར་དེ་ཡུལ་གཞན་དུ་སོང་སྟེ། ཀཪྵ་པ་ཎ་མང་པོ་ཞིག་རྙེད་ནས་ཕྱིར་འོང་བའི་ལམ་དུ་མི་རྒོད་ཀྱིས་བཅོམ་པས་ཤིན་ཏུ་སྡུག་བསྔལ་ཞིང་ད་ཁྱིམ་དུ་སོང་ན་ཡང་བྲམ་ཟེ་མོ་དང་འཐབ་མོ་ཆེན་མོ་འབྱུང་བས་ནགས་ཁུང་ཐིབ་པོར་ཤིང་ལ་བཏགས་ཏེ་འགགས་ནས་འཆི་བར་བྱའོ་སྙམ་དུ་དེ་ལྟར་བརྩམས་པ་ན། སངས་རྒྱས་བཅོམ་ལྡན་འདས་དེས་དགོངས་ཤིང་གཉན་ཡོད་ནས་ནགས་ཁུང་དེར་གཤེགས་ཏེ། བྲམ་ཟེ་གཟུ་ལུམ་མ་བྱེད་ཅིག །ངས་ཁྱོད་ལ་ནོར་སྦྱིན་ནོ་ཞེས་གསུངས་ཞིང་གཏེར་བསྟན་ཏེ་འདི་ཁྱོད་ཀྱི་ནོར་ཡིན་གྱི་སྲོག་ཕངས་པ་མ་དོར་ཅིག་ཅེས་གསུངས་ནས་སླར་གཤེགས་སོ། །བྲམ་ཟེ་དེས་ནོར་ཁྱེར་ཞིང་རང་ཁྱིམ་དུ་སོང་ནས་འབྱོར་བ་རྒྱས་པར་བྱས་ཏེ་སྦྱིན་པའི་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེའི་ཕྱི་ཞིག་ན། དགེ་སྦྱོང་ག་ཏ་མ་ནི་བདག་ལ་ཕན་པ་བྱེད་པ་ཡིན་གྱི། བདག་ཁྱིམ་སྤངས་ནས་དེའི་ཐད་དུ་རབ་ཏུ་བྱུང་བར་བྱའོ་སྙམ་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཆོས་ཉན་པས་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་སུམ་བྱས་ནས་རབ་ཏུ་བྱུང་ཞིང་བརྩོན་པས་དགྲ་བཅོམ་པ་ཐོབ་པར་གྱུར་པ་ནི་སྔོན་གྱི་བྲམ་ཟེ་དེ་ཡིན་པར་གསུངས་སོ། ༈ །མི་བདག་བསོད་ནམས་མི་དམན་པར་གྱུར་པའི་ཚེ་དགྲ་ཟླ་ལ་མ་འཐབས་པར་ནགས་སུ་སོང་བའི་ཚེ། བྲམ་ཟེ་ཞིག་གི་གཉེན་རྣམས་བཙོན་དུ་བཟུང་བ་ཐར་བའི་ཕྱིར་དེས་ནོར་བསླངས་པ་ལ་ནོར་སྦྱིན་རྒྱུ་མེད་ནས་ང་རང་གི་མགོ་བོ་འདི་ཆོད་ལ་དགྲ་ཟླའི་རྒྱལ་པོ་ལ་བྱིན་ཅེས་སྨྲས་ཀྱང་། དེས་མ་བྲངས་ཞིང་། དེས་དེ་བཅིངས་ནས་དགྲ་ཟླར་ཕུལ་བས་བཙོན་བཏང་ཞིང་རང་ཉིད་རྒྱལ་སྲིད་ཐོབ་པ་གོང་དང་ཆ་འདྲ་བ་ཡོད་དོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་འདས་པའི་དུས་ན། འཛམ་བུའི་གླིང་འདིར་ཡུལ་བཱ་རཱ་ཎ་སཱིར། རྒྱལ་པོ་བ་ལ་མ་དར་ཞེས་པ་དཔུང་བཞི་ དང་བཅས་ཏེ། ཚལ ་གྱི་ནང་དུ་རྩེར་སོང་བ་ལས། རི་དྭགས་དང་འཕྲད་དེ་དེའི་ཕྱི་བཞིན་རྒྱུག་པས། རྒྱལ་པོ་གཅིག་པུ་ནགས་ཚལ་འཐུག་པོར་ཕྱིན་ནས་རྟ་ལས་བབ་སྟེ་འདུག་པ་དང་། སེང་གེ་མོ་ཞིག་འདོད་ཆགས་ཀྱིས་ཉན་ནས་འོང་བ་རྒྱལ་པོ་དང་འཕྲད་དེ་མཇུག་མ་བཏེག་ཅིང་བསྙེགས་སོ། །རྒྱལ་པོས་ཀྱང་འདོད་ཆགས་སྐྱེས་པར་རིགས་ནས་འདི་གཅན་གཟན་ཁྲོ་བོ་གསད་པའི་མཐུ་ཡོད་པས། གལ་ཏེ་ཡིད་བཞིན་མ་བྱས་ན་སྲོག་ལ་བབ་བོ་སྙམ་དུ། སྐྲག་བཞིན་སེང་གེ་མོ་ལ་འཁྲིག་པ་སྤྱད་དོ། །སེང་གེ་མོ་སོང་བའི་འོག་ཏུ་གཡོག་རྣམས་ལྷགས་པས། རྒྱལ་པོ་བསུས་ནས་ཕོ་བྲང་དུ་ཁྲིད་དོ། །སེང་གེ་མོ་དེ་སྦྲུམ་པ་ཟླ་བ་ཚང་ནས། ལུས་ཐམས་ཅད་མི་དང་འདྲ་ལ། རྐང་པ་འབའ་ཤིག་ཁྲ་བོར་འདུག་པ་བཙས་པ་སེང་གེ་མོས་རྒྱལ་པོའི་བུ་ཡིན་པར་དྲན་ནས། རང་གི་རྒྱབ་ཏུ་བཀལ་ཏེ་རྒྱལ་པོའི་ཐད་དུ་བསྐྱལ་ལོ། །རྒྱལ་པོས་ཀྱང་བདག་གི་བུ་ཡིན་པར་ཤེས་ནས་གསོས་བསྐྱེད་དེ་མིང་རྐང་བཀྲར་བཏགས་པ་དཔའ་ཞིང་རྟུལ་ཕོད་པར་གྱུར་ཏོ། །རྒྱལ་པོ་དེ་ཚེ་འཕོས་པའི་རྗེས་སུ་རྐང་བཀྲས་རྒྱལ་པོའི་སྲིད་ཐོབ་སྟེ་རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་བཙུན་མོ་གཉིས་བླངས་སོ། །དེར་རྒྱལ་པོ་སྐྱེད་ཚལ་དུ་འཆག་ཏུ་སོང་བའི་ཚེ། བཙུན་མོ་གཉིས་ལ་འདི་སྐད་ཅེས། གང་ཁྱེད་གཉིས་ངའི་ཕྱི་བཞིན་མགྱོགས་པར་འོང་སྟེ། ང་དང་གང་སྔར་འཕྲད་པ་དེ་ལ་ཉིན་གཅིག་བཞིན་རྩེ་དགའ་སྤྱད་ལ། གང་ཕྱིས་འོང་བ་དེ་འཕྲད་དུ་མི་བཏུབ་བོ་ཞེས་བྱས་ནས་སོང་ངོ་། །བཙུན་མོ་དེ་གཉིས་ཀྱང་རྒྱན་གྱིས་བརྒྱན་ཅིང་། གཞོན་པ་ལ་ཞོན་ནས་དུས་གཅིག་ཆས་སོ། །ལམ་དུ་ལྷ་རྟེན་ཞིག་ཡོད་པ་དེར་བཙུན་མོ་བྲམ་ཟེའི་རིགས་ཅན་བཞོན་པ་ལས་བབ་ཅིང་ཕྱག་བྱས་ཏེ་མྱུར་དུ་སོང་བས་ཕྱིས་ནས། རྒྱལ་པོས་ཀྱང་འཕྲད་དུ་མ་སྟེར་རོ། །བཙུན་མོ་དེས་ལྷ་ལ་ཁྲོས་ཏེ། བདག་ནི་ཁྱོད་ལ་ཕྱག་འཚལ་བས་ཕྱིས་ནས་རྒྱལ་པོས་མ་འདོད་དོ། །གལ་ཏེ་ལྷ་ཁྱོད་ལ་མཐུ་ཞིག་ཡོད་ན་ཅིའི་ཕྱིར་ངའི་མགོན་སྐྱབས་མི་བྱེད་ཅེས་སྨྲས་ཏེ། ཡིད་ལ་རྒྱལ་པོ་ལ་གནོད་པ་བྱའོ་སྙམ་དུ། ཕྱིར་ཕོ་བྲང་དུ་སོང་ནས། རྒྱལ་པོ་ལ་བཙུན་མོ་དེས་བདག་ཉི་མ་གཅིག་ཅིག་དགའ་བར་བགྱིད་དུ་གནང་བར་དབང་སྐུར་ཅིག་ཅེས་བྱས་པ་ལྟར་རྒྱལ་པོས་ཀྱང་གནང་ངོ་། །དེར་མི་མང་པོ་མངགས་ནས་ལྷའི་རྟེན་བཅོམ་སྟེ་ས་ཡང་བསྙམ་མོ། །རྟེན་དེ་སྲུང་བའི་ལྷ་ཤིན་ཏུ་མ་དགའ་ནས། རྒྱལ་པོ་ལ་གནོད་པ་བྱ་བར་བསམས་ཏེ་སོང་བ་ཕོ་བྲང་སྲུང་བའི་ལྷས་ནང་དུ་མ་བཏང་ངོ་། །དེའི་ཚེ་དྲང་སྲོང་གཅིག་རི་ལ་གནས་པ་དེ་ལ་རྒྱལ་པོ་རྐང་བཀྲས་མཆོད་པ་བྱས་པས་ཉིན་གཅིག་བཞིན་དུ་འཕུར་ཞིང་ཕོ་བྲང་དུ་འོངས་ནས་ཟས་བཟང་པོ་མི་འདོད་ཀྱི་ཐ་མལ་པ་ཙམ་ཟོས་ནས་ཕྱིར་འགྲོའོ། །ཉི་མ་གཅིག་དྲང་སྲོང་དེ་མི་འོང་བར་ཤེས་ནས་ལྷ་དེས་དྲང་སྲོང་གི་གཟུགས་སུ་སྤྲུལ་ཏེ་ཕོ་བྲང་དུ་འོངས་པ་ཕོ་བྲང་སྲུང་བའི་ལྷས་བཀག་པ་དང་། སྒོ་ནས་བོས་ཏེ། ནང་དུ་འོང་མི་སྟེར་རོ་ཞེས་པ་རྒྱལ་པོས་ཐོས་ནས་ནང་དུ་ཐོང་ཞེས་བཀའ་སྩལ་བས་ནང་དུ་བཏང་ངོ་། །དེའི་རྒྱུན་དུ་ཟ་བའི་ཟས་མ་ཟོས་ནས་ཁ་ཟས་འདི་ཆེས་ངན་གྱི་ཤ་དང་ཉ་བཟའོ་ཞེས་སྨྲས་པ་ལ། རྒྱལ་པོས་དྲང་སྲོང་ཆེན་པོ་སྔོན་ཆད་ཁྱོད་ཟས་ཐ་མལ་པ་ཟ་བས་ན། ཤ་དང་ཉ་མ་སྦྱར་བ་ཡིན་ནོ། །དེས་སྨྲས་པ། ད་ཕན་ཆད་ཁ་ཟས་ངན་པ་འདི་མི་འདོད་ཀྱིས། ཤ་དང་ཉ་སྦྱོར་ཅིག་ཅེས་སྨྲས་ནས་སོང་ངོ་། །ཕྱི་དེ་ཉིད་དྲང་སྲོང་དེ་འོངས་པ་ལ་ཤ་དང་ཉ་སྦྱར་བའི་ཟས་ཕུལ་བས། དྲང་སྲོང་དེ་ཁྲོས་པ་ལ། རྒྱལ་པོས་དྲང་སྲོང་ཆེན་པོ་ཁར་སང་འོང་བའི་ཚེ་ཁ་ཟས་འདི་ལྟ་བུ་སྦྱོར་ཞེས་མ་བསྒོས་སམ་དྲང་སྲོང་གིས་སྨྲས་པ། ཁར་སང་ཉིན་གཅིག་ཟན་བཅད་དེ་མ་འོངས་པ་ཡིན། དེ་སྐད་སུས་བསྒོས་ཁྱོད་ཀྱིས་ང་ལ་བརྙས་པ་འདི་ལྟ་བུ་བྱས་པས། ཁྱོད་ལོ་བཅུ་གཉིས་ཀྱི་བར་དུ་མི་ཤ་འབའ་ཞིག་ཟ་བར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ནས་ཉིན་གཅིག་རྒྱལ་པོའི་གཡོས་མཁན་གྱིས་ཤ་མ་འབྱོར་ནས་འཕྲལ་དུ་བྱིས་པའི་རོ་ཞིག་དང་འཕྲད་པ། དེའི་ནང་ལག་བཅད་དེ་གཡོས་སུ་བྱས་པ་སྤོད་སྣ་ཚོགས་བཏབ་ནས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ཀྱང་དེ་ཟོས་པས་སྔོན་གྱི་ཤ་བས་ལྷག་པར་ཞིམ་པར་མཐོང་ནས་འདི་ཅིའི་ཤ་ཞེས་དྲིས་སོ། །གཡོས་མཁན་སྐྲག་ནས་གདོང་སྨད་དེ། ཁྱོད་གྱོད་མི་རྨོ་ན་དྲང་པོར་གསོལ་ཞེས་སྨྲས་པས། རྒྱལ་པོས་དྲང་པོར་སྨོས་དང་གྱོད་མི་རྨོའོ་ཞེས་སྨྲས་སོ། །གཡོས་མཁན་ན་རེ། བདག་གིས་འཕྲལ་དུ་ཤ་གཞན་མ་རྙེད་ནས་བྱིས་པ་ཆུང་ངུ་འགུམ་པའི་རོ་ཞིག་རྙེད་པ་གཡོས་སུ་བྱས་ཏེ་ཕུལ་བ་རྒྱལ་པོས་མཁྱེན་པ་ལགས་སོ། །རྒྱལ་པོས་སྨྲས་པ། ཤ་འདི་ལྷག་པར་ཞིམ་པས་ད་ཕྱིན་ཆད་ཤ་འདི་ལྟ་བུ་རྟག་ཏུ་སྦྱོར་ཅིག །གཡོས་མཁན་ན་རེ། སླན་ཆད་འདི་འདྲ་མི་རྙེད་དོ། །རྒྱལ་པོས་སྨྲས་པ། ཕྱིན་ཆད་ཀྱང་ཁྱོད་ཀྱིས་གསང་ཐུབ་པར་གྱིས་ལ། གཞན་གྱིས་མ་ཚོར་བར་ལོངས་དང་ང་ལ་དབང་ཡོད་དོ། །གཡོས་མཁན་གྱིས་བྱིས་པ་རྣམས་མཚན་མོ་གསང་སྟེ་བརྐུས་ནས་བསད་ཅིང་དྲངས་སོ། །དེའི་ཚེ་གྲོང་ཁྱེར་དེའི་མི་ཕལ་ཆེར་བུ་སྟོར་རོ་ཞེས་ངུ་ཞིང་བསྒྲགས་ཏེ། འདི་ལྟར་ཅིས་འགྱུར་ཞེས་བློན་པོ་རྣམས་འདུས་ཤིང་། བགྲོས་ནས་མཚན་མོ་སྲང་མདོར་མེལ་ཙེ་བྱས་པས་རྒྱལ་པོའི་གཡོས་མཁན་གྱིས་བུ་ཆུང་རྣམས་བརྐུ་བ་ཟིན་ཏེ། རྒྱལ་པོ་ལ་ཕུལ་ནས་སྔ་ཕྱིར་བུ་འདི་སྙེད་ཅིག་སྟོར་རོ་ཞེས་གསོལ་བ་དང་། རྒྱལ་པོ་ཅང་མི་ཟེར་རོ། །དེ་ལྟར་ལན་གསུམ་གསོལ་ཀྱང་མི་ཟེར་བ་ལ། ད་བདག་ཅག་གིས་ཉེས་པ་བྱེད་པ་བཟུང་བ་འདི་ལ་ཉེས་པར་མངོན་ན་ཞལ་ལྕེ་བཅད་རིགས་ཀྱི། མི་སྨྲ་བར་མི་རིགས་སོ་ཞེས་གསོལ་བ་ལ། རྒྱལ་པོས་ངས་བསྒོ་བ་ཡིན་ནོ་ཞེས་སྨྲས་སོ། །དེར་བློན་པོ་རྣམས་མི་དགའ་སྟེ། ཁོན་དུ་བཟུང་ནས་སོ་སོར་སོང་ཞིང་གཅིག་ལ་གཅིག་བདག་ཅག་ལ་སོགས་པའི་བུ་ཀུན་ཟ་བའི་དགྲར་གྱུར་པའི་རྒྱལ་པོ་མི་ཤ་ཟ་བ་འདི་དང་ལྷན་ཅིག་སྲིད་གཅིག་ཏུ་བྱར་མི་རུང་གིས། འདི་བསད་པར་རིགས་ཞེས་གྲོས་བྱས་སོ། །གྲོང་དེའི་ཕྱི་རོལ་སྐྱེད་ཚལ་དུ་རྫིང་བུ་ཡོད་པར་རྒྱལ་པོ་ཉིན་གཅིག་བཞིན་དུ་ཁྲུས་བྱེད་དུ་འགྲོ་བ་ལ། བློན་པོ་རྣམས་སྐྱེད་ཚལ་དུ་དཔུང་གི་ཚོགས་སྦས་ནས། རྒྱལ་པོ་ཁྲུས་བྱེད་དུ་འགྲོ་བའི་ཚེ་བཟུང་སྟེ་གསད་པར་བརྩམས་པ་ལ། རྒྱལ་པོ་སྐྲག་ནས་ཅིའི་ཕྱིར་ཁྱེད་རྣམས་ང་འཛིན་དུ་འོང་། བློན་པོ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཞེས་བྱ་བ་འབངས་མང་པོ་གསོ་བ་ཡིན་ན། འབངས་ཀྱི་བུ་ཀུན་རྒྱལ་པོས་ཟོས་པས་འབངས་ཐམས་ཅད་མེད་པར་འགྱུར་པ་མི་བཟོད་པས་ཁྱོད་གསད་དོ། །རྒྱལ་པོས་སྨྲས་པ། འདི་ལྟར་བྱས་པ་ངས་ཉེས་མོད་ཀྱི་ད་ཕྱིན་ཆད་དེ་ལྟར་མི་བྱ་བས་འདིའི་ཚེ་བཏང་དུ་མི་རུང་ངམ་ཞེས་བྱས་པ་དང་། བློན་པོ་རྣམས་ཀྱིས། གལ་ཏེ་གནམ་ལ་ཁ་བ་ནག་པོ་བབ་པའམ་ཁྱོད་ཀྱི་མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་བཏང་བ་མེད་ཀྱིས་ད་མ་སྨྲ་ཞིག །རྒྱལ་པོ་རྐང་བཀྲས་ཚིག་དེ་ཐོས་ནས་ད་ནི་ངེས་པར་སྲོག་དང་འབྲལ་ལོ་སྙམ་སྟེ་སྨྲས་པ། ད་ཁྱོད་ཀྱིས་གསད་པར་ཆད་ན་སྐད་ཅིག་ཙམ་ཞིག་ཁོ་བོ་བདེ་བར་བསམ་དུ་ཆུག་ལ་གདོད་སོང་ཅིག་བློན་པོ་དེ་རྣམས་ཅུང་བསྡད་དེ་སེམས་སུ་བཅུག་པ་དང་། རྒྱལ་པོ་དེའི་ཡིད་ལ་ཡིད་དམ་བཅས་ཏེ། བདག་གིས་སྔོན་ཆད་དགེ་བ་ཅི་བྱས་པ་དང་། རྒྱལ་སྲིད་ཆོས་བཞིན་བྱས་པ་དང་། དྲང་སྲོང་ལ་སྦྱིན་པ་བྱས་པའི་བསོད་ནམས་ཅི་ཡོད་པ་ཐམས་ཅད་ཀྱི་མཐུས། བདག་ནམ་མཁར་འཕུར་བའི་སྲིན་པོར་གྱུར་ཅིག་ཅེས་བསྔོས་ཤིང་སྨྲས་མ་ཐག་ཏུ། སྟེང་གི་ནམ་མཁར་འཕགས་ནས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་ཀྱི་མཐུས་ང་གསད་པར་བརྩམས་ཀྱང་ངའི་བསོད་ནམས་ཀྱིས་རང་སོས་པར་གྱུར་ཏེ། ད་ཕན་ཆད་ཁྱོད་བཟོད་པར་བྱོས་ཤིག །ཁྱོད་ཀྱི་ཆུང་མ་དང་བུ་སྡུག་པ་ཅི་ཡོད་པ་ཐམས་ཅད་བཟའ་བར་བྱའོ་ཞེས་སྨྲས་ཤིང་འཕུར་ཏེ་རི་ལ་བབ་ནས། དེ་ཕྱིན་ཆད་མིའི་ནང་དུ་མི་ཟ་བར་གྱུར་ཏོ། །མི་མང་པོ་ཡང་དེ་ལ་འཇིགས་སྐྲག་ནས་རྟག་ཏུ་བྲོས་ཤིང་གབ་པར་བྱེད་ལ། སྲིན་པོ་མི་ཤ་ཟ་བ་དེ་སྲིན་པོ་མང་པོ་དང་བསྡོངས་ཏེ་འཁོར་གཡོག་ཀྱང་མང་པར་གྱུར་ནས། སྲིན་པོའི་འཁོར་རྣམས་ཀྱིས་སྲིན་པོ་རྐང་བཀྲལ་བདག་ཅག་ཁྱོད་ཀྱི་འཁོར་དང་གཡོག་ཏུ་གྱུར་ན། བདག་ཅག་ལ་སྟོན་མོ་ཆེན་པོ་བྱིན་ཅིག་ཅེས་གསོལ་བ་དང་། དེས་ཀྱང་དེ་བཞིན་གནང་སྟེ། རྒྱལ་བུ་ལྔ་བརྒྱ་བསད་པས་སྟོན་མོ་བྱེད་དོ་ཞེས་བགྲོས་ནས་སོང་སོང་སྟེ་རྒྱལ་པོ་རྣམས་བླངས་པ་བྲག་ཕུག་ཏུ་བཅུག་གོ། །བཞི་བརྒྱ་དང་དགུ་བཅུ་རྩ་དགུ་རྙེད་དེ་གཅིག་མ་རྙེད་པ་ལ། བྲག་ཕུག་ན་གནས་པའི་རྒྱལ་བུ་དེ་དག་གཅིག་ལ་གཅིག་སྨྲས་པ། བདག་ཅག་ཕོངས་ཏེ་སྐྱབས་མེད་པ་ལ། གལ་ཏེ་རྒྱལ་བུ་ཟླ་བ་སྟོབས་དང་ལྡན་པ་དེ་འདིར་འོངས་ན་བདག་ཅག་ཐར་སྲིད་ཅེས་སྨྲས་ནས། རྒྱལ་བུ་ཟླ་བ་འོང་བར་སྲིན་པོ་ལ་གསོལ་བར་བྱའོ་ཞེས་བགྲོས་ཏེ། སྲིན་པོའི་རྒྱལ་པོ་ཁྱོད་ཀྱིས་སྟོན་མོ་བྱེད་ན་བདག་ཅག་མིའི་རྒྱལ་པོ་འབའ་ཞིག་གི་སྟོན་མོ་བྱས་པས་སྟོན་མོ་བཟང་པོ་མི་འགྱུར་གྱིས། རྒྱལ་བུ་ཟླ་བ་ཞེས་པ་ཡོན་ཏན་ཆེན་པོ་ཅན་དེ་རྙེད་ན་གདོད་སྟོན་མོ་ཆེན་པོར་འགྱུར་རོ་ཞེས་སྨྲས་པ་ལ། སྲིན་པོས་འདི་ནི་ཅི་དཀའ་ཞེས་སྨྲས་ཏེ། ནམ་མཁའ་ལ་འཕུར་ནས། སུ་ཏ་སོ་མ་ལེན་དུ་སོང་ངོ་། །དེའི་ཚེ་རྒྱལ་བུ་ཟླ་བ་དེ་རྒྱལ་ཚབ་བྱེད་ཅིང་རྒྱལ་པོའི་འབྱོར་བ་ཆེན་པོ་ དང་བཅས་ནས་སྐྱེད་མོས་ཚལ ་དུ་སོང་བ་དེར། བྲམ་ཟེ་ལེགས་པར་སྨྲ་བ་ཞིག་འོངས་ནས་རྒྱལ་བུ་ཟླ་བ་ལ། ལེགས་བཤད་ཀྱི་སྐྱེས་སྦྱིན་ཅིང་ནོར་ཐོབ་པའི་རེ་བས་དེར་འོང་སྟེ། རྒྱལ་བུའི་གཟུགས་བཟང་པོ་ལ་ལྟ་ཞིང་སེམས་ཆགས་བཞིན་འདུག་གོ། །བྲམ་ཟེ་དེ་དང་ཆོས་ཀྱི་གཏམ་བྱ་བའི་ལོངས་མེད་པར་སྐྱེ་བོའི་ཚོགས་ཀུན་ཅ་ཅོའི་སྒྲ་ཆེན་པོ་སྒྲོགས་པ་ལ་འདི་ཅི་ཡིན་ལྟོས་ཞེས་རྒྱལ་བུས་མངགས་པ་དང་། དེ་དག་སྐྲག་ནས་རྟབ་བཞིན་དུ་ལྷ་སུ་ད་ཡའི་བུ་རྐང་བཀྲ་ཞེས་པ་སྲིན་པོ་མི་ཟན་དེ་སླེབས་སོ། །དེ་ལ་སྐྲག་ནས་དཔུང་རྣམས་ཀྱང་བྱེར་ན་དེ་ལ་ཅི་ཞིག་བགྱིད། དེ་ནས་བྱང་ཆུབ་སེམས་དཔས་རྐང་བཀྲའི་ངང་ཚུལ་ཤེས་ནས། དེ་ལ་ཕན་པས་གསོ་བར་བསམས་ཏེ། དེ་འདིར་འོངས་ན་བདག་གིས་མགྲོན་བྱའོ་ཞེས་སྨྲས་པ་ལ། བཙུན་མོའི་འཁོར་ཐམས་ཅད་དུ་བཞིན་སླར་བཏང་སྟེ། རྒྱལ་བུ་ཟླ་བ་རང་ཉིད་ཅ་ཅོ་ཆེན་པོ་སྒྲོགས་པ་དེར་སོང་བ་དང་། སྲིན་པོ་རྐང་བཀྲ་འཇིགས་ཤིང་མི་སྡུག་པ་ཕུབ་དང་རལ་གྲི་ཕྱར་བས་དཔུང་གི་ཕྱི་བཞིན་བསྙེགས་པར་མཐོང་ནས། བྱང་ཆུབ་སེམས་དཔས་བོས་ཏེ་སྨྲས་པ། ཀ་ཡེ་ཟླ་བ་ནི་ང་ཡིན་ཏེ། ཁྱོད་མི་ཤ་ཟ་བ་ལ་ཞུགས་པས་བཀྲེན་ཆོས་ངན་པ་དེས་ཅི་བྱ་སླར་ལོག་སྟེ་ཚུར་ཤོག་ཅེས་སྨྲས་པས། དེ་ཚུར་ལོག་ནས། བྱང་ཆུབ་སེམས་དཔའ་དེ་གཅིག་པུ་རང་བཞིན་ཞི་བར་མཐོང་ནས། ང་ཡང་ཁྱོད་ཚོལ་དུ་འོང་ཞེས་སྨྲས་ཏེ་འཛེམ་དོགས་མེད་པར་ཕྲག་པར་ཐོགས་ནས་བྲོས་སོ། །བྱང་ཆུབ་སེམས་དཔས་ཀྱང་འདི་རེ་ཞིག་བཅོས་པའི་དུས་མ་ཡིན་ནོ་སྙམ་ནས་བཏང་སྙོམས་སུ་བསྡད་དོ། །དེར་དེའི་གནས་མི་སྡུག་པ་མི་བསད་པའི་ཀེང་རུས་མང་པོས་གང་ཞིང་ཁྲག་གིས་གོས་པའི་གནས་སུ་བཞག་སྟེ། རྒྱལ་བུ་ཟླ་བ་དེའི་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་ལ་མིག་བགྲད་དེ་ལྟ་ཞིང་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔས་བྲམ་ཟེ་ལེགས་པར་སྨྲ་བའི་སྐྱེས་ཁྱེར་ཏེ་འོངས་པ་དེས་བདག་འཁྲིད་པ་ཤེས་ནས་རེ་ཐག་ཆད་པར་གྱུར་པས་བདག་གིས་དེའི་རེ་བ་རྫོགས་པར་མ་བྱས་སྙམ་དུ་སེམས་ལ་དྲན་པས་སྙིང་རྗེས་གདུང་བའི་མཆི་མ་ཕྱུང་ངོ་། །དེ་ལ་བལྟས་ནས་སྲིན་པོ་བགད་དེ། ཁྱོད་ནི་ཡོན་ཏན་མང་པོས་བརྟན་ཞེས་གྲགས་ན། འོན་ཀྱང་ང་ཡི་དབང་དུ་གྱུར་བའི་ཚེ། འདི་ལྟར་མཆི་མ་འབྱིན་པ་འདི། ཁྱོད་སྲོག་གམ་སྡུག་པ་གཞན་ཅི་དྲན་ནས་དུ། རྒྱལ་བུ་ཟླ་བས་སྨྲས་པ། བདག་ནི་སྲོག་དང་། སྡུག་པ་གཞན་དག་དྲན་ནས་མི་དགའ་བ་མིན་གྱིས། ད་ཅིའི་སྐྱེད་མོས་ཚལ་དུ་བྲམ་ཟེ་ཞིག་ལེགས་བཤད་ཀྱི་སྐྱེས་ཁྱེར་ནས་བདག་ལས་ནོར་ཐོབ་པའི་རེ་བ་བྱེད་པ་ལ། བདག་ཁྲིད་པས་བྲམ་ཟེ་དེ་རེ་ཐག་ཆད་པར་འགྱུར་སྙམ་དུ་དྲན་ནས་མཆི་མ་འབྱིན་ནོ། །གལ་ཏེ་ཁྱོད་བདག་ལ་ཐུགས་བརྩེ་ན་སླར་བཏང་བར་གྱིས་དང་། བདག་བྲམ་ཟེ་དེ་ལས་ལེགས་བཤད་ཀྱང་ཉན། སྦྱིན་པ་ཡང་བྱིན་ནས། སླར་འདིར་མཆིའོ། །སྲིན་པོ་ན་རེ། ཁྱོད་བཏང་ན་ཕྱིར་འོང་དུ་བཏུབ་བམ། རྒྱལ་པོས་སྨྲས་པ། བདག་སྐྱེས་ནས་རྫུན་དུ་སྨྲ་མ་མྱོང་བས་དམ་བཅས་པ་འདོར་བ་མི་སྲིད་མོད། འོན་ཀྱང་ཡིད་མི་ཆེས་ན་ང་མ་འོངས་ཀྱང་ཁྱོད་ལ་བླང་བའི་མཐུ་ཡོད་པ་ཡིན་ནོ། །སྔོན་དུ་ཡང་ང་ཁྱོད་ཀྱི་དྲུང་དུ་བསྙེགས་པ་ཡིན་ནམ། ཞེས་སྨྲས་པས་བཏང་ངོ་། །རྒྱལ་བུ་དེ་ཕྱིར་འོངས་བས་གཤིན་རྗེའི་ཁ་ལས་ཐར་བ་ལྟར་རང་གི་མི་རྣམས་དགའ་ཞིང་། བྲམ་ཟེ་དེ་བོས་ནས། དེ་ལས་ཚིགས་བཅད་བཞི་མནོས་སོ། །དེར་ཚིགས་བཅད་གཅིག་ལ་གསེར་སྲང་སྟོང་གི་རིན་ཐང་དུ་ཡང་བརྩིས་ཏེ། གསེར་སྲང་བཞི་སྟོང་དང་། གཞན་ཡང་ཅི་འདོད་པས་མཆོད་པར་བྱས་ཤིང་། དེ་ནས་རྒྱལ་བུའི་ཕས་ཅུང་ཟད་ཙམ་ཞིག་གི་ཆེད་དུ་ནོར་དེ་ཙམ་གོད་ཚབས་ཆེ་བར་མཐོང་ནས་ཚིག་འཇམ་པོས། བུ་ལེགས་པར་སྨྲས་པ་ལས་ཅི་ཙམ་རན་པར་སྦྱིན་པ་ལེགས་ཀྱིས་ཧ་ཅང་ཆེས་ན་ནོར་གྱི་དབང་ཕྱུག་ཡིན་ཡང་འཛད་དེ། ཁྱོད་ཀྱི་ཁྱིམ་དང་འབངས་ཀྱི་བྱ་བ་ནོར་ལ་ལྟོས་པས་ཚོད་དང་འཚམས་པར་གྱིས་ལ་རྒྱལ་སྲིད་སྐྱོངས་ཤིག་ཅེས་སྨྲས་པ་ལ། རྒྱལ་བུ་ན་རེ། ལྷ་གལ་ཏེ་ལེགས་པར་སྨྲ་བ་ལ་རིན་ཐང་བཅད་རུང་ན་རྒྱལ་སྲིད་ཀྱང་སྦྱིན་འོས་ཏེ། གང་ཞིག་ཐོས་ན་ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་བྱེད་པའི་ཐོས་པ་དང་འདྲ་བའི་ཡོན་ཏན་ལྡན་པ་གཞན་མེད་པས། དེ་ཐོས་པའི་དུས་སུ་ཅི་སྟེ་མི་མཆོད། ཉེས་པ་ཆེན་པོའི་འབྱུང་གནས་རྒྱལ་སྲིད་ཀྱང་བདག་ལ་མི་དགོས་ཀྱི། བདག་ནི་སྲིན་པོའི་དྲུང་དུ་སྔར་ཁས་བླངས་པ་བཞིན་སླར་འགྲོའོ་ཞེས་སྨྲས་པ་ལ་ཕ་དེ་ཤིན་ཏུ་རྟབ་རྟབ་པོར་གྱུར་ནས། བུ་ཁྱོད་ཉིད་ལ་ཕན་པའི་ཕྱིར་དེ་སྐད་སྨྲས་ཀྱིས་མི་དགའ་བར་མ་བྱེད་ཅིག །བུ་སུ་ཞིག་བསམ་བཞིན་དགྲའི་དྲུང་དུ་འགྲོ་སྟེ། ཁྱོད་ཀྱིས་ཁས་བླངས་ཀྱང་ངས་མི་གནང་ཞིང་། རང་གི་སྲོག་བསྲུང་བ་དང་བླ་མའི་དོན་དུ་རྫུན་བྱས་ཀྱང་སྡིག་པ་མེད་པར་རིག་བྱེད་མཁས་པ་དག་གིས་བཤད་པའི་ཕྱིར་རོ། །དེས་ན་ངེད་ཅག་དང་། རང་གི་དོན་ལ་མི་ལྟ་བའི་ངན་དུས་དེ་ཐོངས་ཤིག །གལ་ཏེ་ཁྱོད་རང་གི་དམ་བཅས་པ་དང་འགལ་སྙམ་ན་ཡང་། ངས་ཁྱོད་ཐར་པའི་ཕྱིར་དཔུང་བཞི་བཤམས་ཟིན་གྱིས་དེས་བསྐོར་ཏེ་སོང་ལ་དགྲ་དེའི་དབང་དུ་མི་འགྱུར་བར་གྱིས་དང་། ཁས་བླངས་པ་ལ་ཡང་ཁྲེལ་བདའ་རྒྱུ་མེད་ལ། རང་ཡང་སྲུང་པར་འགྱུར་རོ། །རྒྱལ་བུ་ན་རེ། ལྷ་ཁས་བླངས་པ་ལས་གཞན་དུ་བགྱིད་པར་མི་ནུས་ཏེ། ལམ་ངན་པར་ཞུགས་པ། དམྱལ་བ་ལ་ཕྱོགས་པ། མགོན་མ་མཆིས་པ་དེ་ལྟ་བུ་ལ་སྙིང་རྗེ་ཅན་སུ་ཞིག་གིས་བརྒལ། མི་ཤ་ཟ་བའི་སྲིན་པོ་དེས་ཀྱང་བདག་ལ་ཡང་བར་བགྱིས་ནས་ཕྱིར་བཏང་ན། དེས་བདག་གི་ཚིག་ལ་ཡིད་ཆེས་བཞིན་བཏང་བའི་དྲིན་ལས་བདག་གིས་ལེགས་བཤད་འདི་ཡང་ཐོས་པས། ད་ནི་བདག་གིས་དེ་རྗེས་སུ་བཟུང་བའི་དུས་ཡིན་པས་བདག་འགུམ་པར་མི་བྱེད་དོ། །ཞེས་སྨྲས་ཏེ། དཔུང་གཞན་ཕྱིར་བཀྱེ་ནས་རང་ཉིད་གཅིག་པུ་སྲིན་པོའི་དྲུང་དུ་སོང་ངོ་། །སྲིན་པོས་ཀྱང་དེ་རྒྱང་མ་ནས་འོང་བ་མཐོང་སྟེ། ཡུན་རིང་པོར་རྩུབ་མོའི་སེམས་ཀྱིས་བགོས་པའི་དྲི་མ་ཤས་ཆེ་བ་ཡང་དད་པའི་སེམས་སུ་གྱུར་ཏེ། ཨ་ལ་ལ་ངོ་མཚར་ཆེ། འདི་ལྟར་འཆི་བ་ལ་མི་འཛེམ་པར་བདེན་པ་རྗེས་སུ་སྲུང་བའོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་རྒྱལ་བུས། བདག་ནི་ལེགས་པར་སྨྲ་བ་རྙེད་ཅིང་མཆོད་པ་ཡང་བྱས་པས་སེམས་དགའ་སྟེ་ཁྱོད་ཀྱི་དྲིན་དྲན་ནོ། །ད་ནི་བདག་འདིར་འོང་བས་ཅི་འདོད་པར་ཟོ་ཞིག །སྲིན་པོ་ན་རེ། ང་ཡིས་ཁྱོད་བཟའ་བའི་དུས་ད་དུང་སྣང་གི་རེ་ཞིག་ལེགས་པར་བཤད་པ་དེ་སྟོན་དང་ཉན་འདོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ནི་འདི་ལྟར་མ་རུངས་པར་གྱུར་ཅིང་སྙིང་རྗེ་མེད་པ་ལྟོ་ཙམ་གྱི་ཕྱིར་གནས་སྐབས་འདི་ལྟར་གྱུར་པ་ཡིན་ན། ཚིགས་བཅད་འདི་རྣམས་ཀྱིས་ཆོས་འབའ་ཞིག་སྟོན་ཅིང་། ཆོས་དང་ཆོས་མིན་མི་མཐུན་པས། སྲིན་པོ་བས་ཀྱང་ཚུལ་ངན་པ་དག་ལ་འཕགས་པའི་ལམ་བསྟན་པས་ཅི་ཞིག་བྱ། སྲིན་པོས་འཕྱས་པ་དེ་ལ་ལན་དུ། རྒྱལ་པོ་རྣམས་ཀྱིས་རྩེད་མོའི་ཕྱིར་དུ་རི་དྭགས་ཕྲུག་གུ་སྡུག་པའང་གསོད་པ་དེ་བཞིན་འཚོ་བའི་ཕྱིར་མི་བསད་ན་ཆོས་དང་འགལ་གྱི་རི་དྭགས་གསོད་པ་མི་འགལ་ལམ། བྱང་ཆུབ་སེམས་དཔས་སྨྲས་པ། གང་དག་རི་དྭགས་གསོད་པ་དེ་ཡང་ཆོས་ལ་གནས་པ་མ་ཡིན་མོད་ཀྱི། མི་ཤ་ཟ་བ་ནི་དེ་ལས་ཀྱང་སྨད་དེ་རིགས་མཐོ་བའི་མི་རྣམས་ཀྱིས་མི་ཤ་བཟར་མི་རུང་ངོ་ཞེས་ཚིག་རྩུབ་མོས་འཕྱས་ཀྱང་། བྱང་ཆུབ་སེམས་དཔས་བྱམས་པའི་ཡོན་ཏན་གྱི་མཐུས་ཁྲོ་བ་ཟིལ་གྱིས་མནན་ནས་དེའི་ཚིག་རྣ་བར་འོང་བ་བཞིན་དུ་འཛུམ་དམུལ་ཏེ་སྨྲས་པ། ང་ཡིས་ཁྱོད་བཏང་ནས་ཁྱིམ་དུ་རྒྱལ་པོའི་ལོངས་སྤྱོད་དགའ་བ་ཐམས་ཅད་མྱོང་ནས་སླར་ཡང་ངའི་དྲུང་དུ་འོང་བ་ཁྱོད་གཞུང་ལུགས་ཀྱི་ཚུལ་ལ་མི་མཁས་པ་མིན་ནམ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་འཕྲལ་གྱི་བདེ་བ་ལ་མ་ཆགས་ཤིང་རང་ཉིད་སྲུང་བའི་ལམ་འབའ་ཞིག་ལ་ལྟ་བའི་གཞུང་ལུགས་ངན་པའི་ཚུལ་སྤངས་ནས་བདེན་པ་སྲུང་བའི་ཕྱིར་འདིར་འོང་བ་དེ་ཉིད་གཞུང་ལུགས་ཀྱི་ཚུལ་ལ་མཁས་པ་སྟེ། གཞུང་ལུགས་འདི་ནི་གྲགས་པ་དང་བདེན་པའི་དོན་དང་མི་འགལ་ལ། གཞུང་ལུགས་ངན་པ་རྣམས་ནི་འགལ་ཞིང་དེ་ལ་གནས་པ་རྣམས་ཤི་ནས་ངན་སོང་དུ་འགྲོའོ། །སྲིན་པོས་སྨྲས་པ། ཕོངས་པའི་སྲོག་དང་ནང་མི་མཆི་མས་གང་བ་དང་། རྒྱལ་སྲིད་ཀྱི་བདེ་བ་བོར་ནས་བདེན་པའི་ཚིག་ལ་དོན་ཅི་ཞིག་མཐོང་ནས་འདིར་འོང་། བྱང་ཆུབ་སེམས་དཔས་སྨྲས་པ། བདེན་པ་ལ་ཡོན་ཏན་ཁྱད་པར་ཅན་མང་དུ་མཆིས་ཏེ་མདོ་ཙམ་བཤད་ན། རྒྱན་ཀུན་ལས་ཁྱད་པར་བདེན་པ་འཕགས་ལ། རོ་ཀུན་ལས་ཁྱད་པར་དུ་བདེན་ཚིག་ཞིམ་མོ། །དཀའ་ཐུབ་སོགས་ཉོན་མོངས་མ་བྱས་ཀྱང་བསོད་ནམས་སྒྲུབ་པ་དང་། འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདའ་བའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫིང་ལས་ཐར་བའི་ཟམ་པའང་ཡིན། །ཞེས་སྨྲས་པས། སྲིན་པོས་དེ་ལ་ལེགས་སོ་ཞེས་བསྟོད་ནས། མི་གཞན་ང་ཡི་དབང་དུ་གྱུར་པའི་ཚེ་བརྟན་པ་ཉམས་ཤིང་སྐྲག་ནས། ཁྱོད་ནི་དཔའ་མི་འགོང་པས་འཆི་བའི་འཇིགས་པ་མེད་པ་འདྲ་སྙམ་མོ། །རྒྱལ་བུས་སྨྲས་པ། རབ་ཏུ་བསྒྲིམས་ནས་འབད་ཀྱང་བཅོས་སུ་མི་རུང་བའི་འཆི་བ་ལ་འཇིགས་པས་ཅི་ཞིག་ཕན། གཞན་ཡང་དགེ་བ་མ་བྱས་ཤིང་སྡིག་པ་བགྱིས་པ་རྣམས་འཆི་བའི་ཚེ་རྒྱུ་དེ་ལས་འཇིགས་པ་སྐྱེ་ལ། བདག་ནི་ཡིད་འགྱོད་པར་བྱེད་པའི་སྡིག་པ་བྱས་པ་མི་དྲན་ལ་ཆོས་ལ་གནས་ནས་སྦྱིན་སོགས་བགྱིས་པས་བསམ་པ་བདེ་བས་འཆི་བས་མི་འཇིགས་སོ། །དེའི་ཕྱིར་ཁྱོད་ཀྱིས་བདག་མཆོད་སྦྱིན་བྱའམ་ཟ་བ་གང་འདོད་གྱིས་ཤིག་ཅེས་སྨྲས་པ་ལ། སྲིན་པོ་དེ་དད་པ་སྐྱེས་ཏེ་མིག་མཆི་མས་གང་ཞིང་སྡིག་པའི་སེམས་བརྗེད་པར་གྱུར་ནས་རྒྱལ་བུ་ལ་བལྟ་བཞིན། རྒྱལ་མཆོག་ཁྱོད་ལྟ་བུ་ལ་ཤེས་བཞིན་དུ་སུ་ཞིག་གནོད་པར་བྱེད། ལེགས་པར་སྨྲས་པ་དེ་དག་ཀྱང་བདག་ལ་སྟོན་ཅིག་དང་ཉན་པར་འདོད་དོ། །ཁྱེད་ཀྱིས་ལེགས་པར་བཤད་པའི་མཐུས་རང་གི་སྤྱོད་པ་ངན་པ་ལའང་ཡིད་གདུང་བར་གྱུར་ཏོ། །ཞེས་སྨྲས་པ་ལ། རྒྱལ་བུ་བྱང་ཆུབ་སེམས་དཔས་སྲིན་པོ་དེ་ལ་སྔར་དྲང་སྲོང་གི་དམོད་པའི་ལོ་ཡང་ཚང་ཞིང་ཆོས་ལ་གཞུགས་པའི་དུས་སུ་བབ་པས་ཆོས་ལ་འདུན་པར་རིགས་ནས་སྨྲས་པ། འོ་ན་ཆོས་འདོད་པ་ལ་དེ་དང་རྗེས་སུ་མཐུན་པའི་སྤྱོད་ལམ་དགོས་པས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་པ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དད་པ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །དེ་ནས་སྲིན་པོ་རྐང་བཀྲ་དེས་རྡོ་ལེབ་མཐོན་པོ་གཅིག་གི་སྟེང་དུ་རང་གི་སྟོད་གཡོགས་བཏིང་སྟེ་དེ་ལ་བྱང་ཆུབ་སེམས་དཔའ་བཞག་ནས། དེའི་གདོང་དུ་བལྟ་བཞིན་སེམས་དཔའ་ཆེན་པོ་གསུངས་ཤིག་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔས་གདང་གསལ་བས་སྔར་ཐོས་པའི་ཚིགས་བཅད་དེ་སྨྲས་པ། དམ་པ་བདག་ལ་ལན་གཅིག་ཙམ། །ཇི་ལྟར་འདོད་པར་འཕྲད་ཀྱང་རུང་། །འདྲིས་པར་བྱ་བ་མི་དགོས་པར། །རབ་ཏུ་བརྟན་པ་ཉིད་དུ་འགྱུར། །རྐང་བཀྲས་དེ་ཐོས་ནས་ལེགས་སོ་ཞེས་སྨྲས་ཏེ། མགོ་བསྒྱུར་སེ་གོལ་གཏོགས་ནས་མགུ་བར་བྱས་ཏེ། །བྱང་ཆུབ་སེམས་དཔའ་ལ་ཡང་གསུངས་ཤིག་ཅེས་སྨྲས་པ་ལ། བྱང་ཆུབ་སེམས་དཔས་ཚིགས་བཅད་གཉིས་པ་སྨྲས་པ། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་ངོ་། །ངུར་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་གྱུར། །རྐང་བཀྲས་སྨྲས་པ། དགེ་བ་རྣམས་ཀྱིས་ལེགས་སྨྲས་པ། །ཁྱོད་ཀྱིས་རྣམ་པ་ཀུན་གྱིས་མཆོད། །ནོར་ཡང་གནས་སུ་ཕྱིན་པར་བཏང་། །འབད་དེ་དོན་གྲུབ་ཐོག་ཏུ་བབ། །དེ་ནས་ཡང་གསུངས་ཤིག །བྱང་ཆུབ་སེམས་དཔས། རྒྱལ་པོའི་ཤིང་རྟ་རིན་ཆེན་གསེར་བརྒྱན་དང་། ལུས་ཀྱང་རྒས་པས་མི་སྡུག་པར་ཡང་འགྱུར། །དམ་པ་རྣམས་ཀྱི་ཆོས་ནི་རྒས་མི་འགྱུར། །དགེ་བ་རྣམས་ནི་ཡོན་ཏན་རྗེས་ཆགས་བརྟན། །རྐང་བཀྲས་སེ་གོལ་གཏོགས་ཤིང་བདག་ནི་བདུད་རྩིའི་ཆར་པས་ངོམས་པར་བགྱིས་སོ། །དེ་ནས་ཡང་གསུངས་ཤིག །བྱང་ཆུབ་སེམས་དཔས་ཚིགས་བཅད་བཞི་པ་སྨྲས་པ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང་། །ཤར་དང་ནུབ་ཀྱི་རི་ཡི་བར་ཡང་རིང་། །ཕལ་པ་དག་དང་དམ་ཆོས་དེ་བས་རིང་། །དེ་ནས་རྐང་བཀྲ་དེ་རབ་ཏུ་དགའ་ཞིང་གུས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ཀྱི་ཚིགས་སུ་བཅད་པ་ཚིག་དོན་གསལ་བ་བཞི་པོ་དེ་དག་ཐོས་པའི་ཡོན་དུ་མཆོད་པའི་ཕྱིར། དམ་པ་བཞི་འབུལ་བར་འཚལ་ན། ཅི་བཞེད་པ་བསླང་དུ་གསོལ། རྒྱལ་བུས་སྨྲས་པ། ཁྱོད་ནི་བདག་ལ་རང་དབང་མེད་པར་མི་རིགས་པར་བྱེད་པ་ལ་བརྩོན་ན་དགེ་བ་སྤྱོད་པ་ཕྱིན་ཅི་ལོག་ཏུ་གྱུར་པས། ཁྱོད་ཀྱིས་གཞན་ལ་དམ་པ་ཇི་ལྟར་སྦྱིན། བདག་གིས་དམ་པ་སྦྱིན་ཞེས་གནང་བ་བྱིན་ཀྱང་ཁྱོད་ཀྱི་ཡིད་སྦྱིན་པ་ལ་སྤྲོ་བར་མི་འགྱུར་བས་དེ་སྐད་མ་སྨྲ་ཞིག །དེ་ནས་རྐང་བཀྲ་ཅུང་ཟད་ངོ་ཚ་ཞིང་མགོ་སྨད་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་དེ་ལྟར་དོགས་པ་མ་སྐྱེད་ཅིག །བདག་གིས་སྲོག་ཀྱང་བཏང་ནས་དམ་པ་དེ་དག་འབུལ་གྱིས་བཞེས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། བདེན་པའི་བརྟུལ་ཞུགས་ལོངས་ལ་སེམས་ཅན་གསོད་པ་སྤོངས། སྐྱེ་བོ་བརྩོན་དུ་བཟུང་བ་འདི་རྣམས་མ་ལུས་ཐོངས། དཔའ་བོ་ཁྱོད་ཀྱིས་མི་ཤ་ཟ་བ་རབ་ཏུ་སྤོངས། དམ་པའི་ནང་ནས་མཆོག་གྱུར་འདི་བཞི་སྦྱིན་པར་གྱིས། རྐང་བཀྲས་སྨྲས་པ། དམ་པ་སྔ་མ་གསུམ་ནི་ཁྱོད་ལ་འབུལ། །དམ་པ་བཞི་པ་གཞན་ཞིག་བསླང་དུ་གསོལ། །བདག་ནི་མི་ཤ་མི་ཟ་མི་ནུས་པས། །སྔ་ནས་ཁྱོད་ཉིད་མཁྱེན་པར་མ་གྱུར་ཏམ། །རྒྱལ་བུས་སྨྲས་པ། ཁྱོད་ཀྱིས་དམ་པ་སྦྱིན་པར་ག་ལ་ནུས་ཞེས་ངས་མ་སྨྲས་སམ། ཁྱོད་མི་ཤ་ཟ་བ་ལ་མ་སྤངས་ན། ཇི་ལྟར་བདེན་པར་སྨྲ་ཞིང་སྲོག་ཆགས་མི་གསོད་པར་བྱེད། དེ་ལྟར་ན་དམ་པ་སྔ་མ་གསུམ་ཡང་ཇི་ལྟར་སྦྱིན་ཏེ། ཁྱོད་ཀྱིས་སྲོག་བཏང་ནས་དམ་པ་བཞི་སྦྱིན་ཞེས་པ་དེ་ལྟར་གྱུར་ཏོ། །སྲིན་པོས་སྨྲས་པ། གང་གི་ཕྱིར་ན་རྒྱལ་སྲིད་ཉམས། །ནགས་ཚལ་སྡུག་བསྔལ་བདག་གིས་མྱོང་། །ཆོས་ལས་ཉམས་ཤིང་གཏམ་ངན་ཐོབ། །བདག་གིས་དེ་ནི་ཇི་ལྟར་བཏང་། །རྒྱལ་བུས་སྨྲས་པ། གང་ཕྱིར་ཁྱོད་ནི་ཆོས་དང་སྲིད། །བདེ་དང་གྲགས་པ་ཉམས་པར་འགྱུར། །ཕོངས་པར་བྱེད་པའི་འབྱུང་གནས་དེ། །ཇི་ལྟར་བཏང་བ་མི་རིགས་ཀྱི། །ཞེས་སོགས་དང་། ཁྱོད་སྔོན་རྒྱལ་སྲིད་ལ་གནས་པ་ལས་འདིར་མི་ཤ་ཟ་བའི་སྲིན་པོར་བྱེད་པའི་སེམས་ཀྱི་དབང་དུ་མི་འགྲོ་བར་ཆོས་དང་སྲིད་ལ་མི་གནོད་པའི་ལམ་དུ་འཇུག་པར་རིགས་ཞེས་གདམས་པས་རྒྱལ་བུ་རྐང་བཀྲ་དེས་ཕྱག་བྱས་ཤིང་སླན་ཆད་མི་ཤ་མི་ཟ་བར་ཁས་བླངས་ནས་བཙོན་རྣམས་ཀྱང་འབུལ་ལོ། །དེར་རྒྱལ་བུ་ཟླ་བ་དེ་རྒྱལ་རིགས་ཀྱི་བུ་བཙོན་པ་རྣམས་ཀྱི་དྲུང་དུ་སོང་བས་དེ་རྣམས་དགའ་ཞིང་བདག་ཅག་ཐར་རོ་སྙམ་དུ་དགའ་བ་ལ་དབུགས་བྱིན་ནས། དེ་དག་ལ་ཕྱིན་ཆད་རྐང་བཀྲ་ལ་གནོད་མི་བྱེད་པའི་མནའ་བགགས་ཤིང་། བཙོན་ནས་ཕྱུངས་ཏེ། རྒྱལ་བུ་རྐང་བཀྲ་ཡང་རྒྱལ་བུ་ལྔ་བརྒྱ་པོ་དེ་དག་གིས་བསྐྱལ་ཏེ། རྒྱལ་སྲིད་ལ་བཞག་ནས་ཆོས་དང་ལྡན་པར་རྒྱལ་སྲིད་བྱེད་ཅིང་རྒྱལ་བུ་དེ་དག་གིས་ཀྱང་རིམ་གྲོ་བྱེད་ལ། རྒྱལ་བུ་གཞན་རྣམས་ཀྱང་སོ་སོའི་རྒྱལ་སྲིད་ལ་བཀོད་དོ། །དེ་ཡང་རྒྱལ་བུ་ཟླ་བ་ནི་བཅོམ་ལྡན་འདས་ཉིད་ཡིན་ལ། སྲིན་པོ་རྐང་བཀྲ་ནི་ཕྱིས་དགེ་སློང་སོར་མོའི་ཕྲེང་བ་ཅན་ནོ། །དེ་ལྟར་སྐྱེས་བུ་དམ་པ་རྣམས་དང་འཕྲད་ན་ལེགས་པ་ཆེན་པོ་འབྱུང་བ་དང་། དམ་པ་རྣམས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། ཐབས་ལ་མཁས་པས་རང་གཞན་གྱི་དོན་བསྒྲུབ་པ་དང་། དཀའ་བའི་གནས་ཆེན་པོ་ཡང་བཟོད་ཅིང་ཉམས་ང་བར་གྱུར་ཀྱང་ཆོས་ལམ་ལས་མི་ལྡོག་པ་དང་། ཆོས་ལ་བརྟེན་ནས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པའིི་ཚུལ་རྣམས་ལ་བསམས་ཏེ་ཆོས་ཀྱི་ཡོན་ཏན་ལ་གུས་པར་བྱའོ། ༈ །ཡང་སྔོན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བས་རྒྱལ་སྲིད་བྱེད་ཅིང་ཡུལ་ཐམས་ཅད་འབྱོར་ཞིང་བདེ་བར་གནས་སོ། །དེའི་ཚེ་མདུན་ན་འདོན་བྲམ་ཟེ་དེའི་བུ་ལྗང་གུ་ཞེས་བྱ་བའི་རིགས་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ། དད་པ་དང་དགེ་བའི་བསམ་པ་ཅན། བདག་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་ཕ་མ་ལ་སྲི་ཞུ་བྱེད་པ་ཞིག་ཏུ་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔའི་ཚེ་གྱུར་ཏོ། །བྲམ་ཟེ་ལྗང་གུའི་ཕ་མ་རྒས་ནས་མིག་ཉམས་ཏེ་མདོངས་ལ་ཐུག་པ་ན། ཕ་མ་དེ་གཉིས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལ་གཞོན་ནུ་ལྗང་གུ་འདི་མདུན་ན་འདོན་དུ་དབང་བསྐུར་དུ་གསོལ། བདག་ཅག་དཀའ་ཐུབ་ཀྱི་ནགས་སུ་མཆི་ལགས་སོ། །རྒྱལ་པོས་ལྗང་གུ་ལ་མདུན་ན་འདོན་གྱིས་ཤིག་ཅེས་སྨྲས་ཀྱང་། ལྗང་གུ་ན་རེ་བདག་ནི་མདུན་ན་འདོན་མི་འཚལ་གྱིས། རྒས་ཤིང་ཉམ་ཆུང་བ་དབང་པོ་ཉམས་པ་རྣམས་ཀྱི་རིམ་གྲོ་འཚལ་བ་ལགས་སོ་ཞེས་ཞུས་ཏེ། མདུན་ན་འདོན་དང་ཁྱིམ་གྱི་གནས་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ཤིང་ཕ་མའི་གྲོགས་སུ་ནགས་ན་གནས་སོ། །དེ་ནངས་པར་ལངས་ནས་ཕ་མ་ལ་སོ་ཤིང་དང་ཆུ་གཙང་མས་བསྙེན་བཀུར་བྱེད་དེ། དེའི་རྗེས་སུ་མེའི་སྦྱིན་སྲེག་གི་མཆོད་སྦྱིན་བྱས་ནས་ཕྱིས་འབྲས་བུ་དང་རྩ་བའི་ཕྱིར་ནགས་ཁྲོད་དུ་ཞུགས་ཏེ། འབྲས་བུ་དང་རྩ་བ་དང་ཆུ་བསིལ་བ་ཁྱེར་ནས་འོང་བ། ཕ་མ་ལ་བྱིན་ནས་དེའི་འོག་ཏུ་ཕྱོགས་གཅིག་ཏུ་བསམ་གཏན་ལ་བརྩོན་པར་བྱེད་པ་དེ་ལྟ་བུས་དུས་འདའ་བར་བྱེད་དོ། །དེ་ཉི་མ་གཞན་ཞིག་ལ་ནངས་པར་ལངས་ཏེ། ཕ་མའི་རྐང་པ་ལ་ཕྱག་བྱས་ནས་རྨི་ལམ་དུ་མཐོང་བ་སྨྲས་པ། བདག་གི་གཡར་ལམ་ན་སྦྲུལ་ནག་པོས་རང་གི་ལུས་ཟོས་པ་དང་། ཞགས་པ་ནག་པོས་བཅིངས་ནས་ལྷོ་ཕྱོགས་སུ་འཁྲིད་པ་རྨིས་ཏེ། གཡར་ལམ་འཇིགས་བྱེད་མཐོང་བ་དག་གིས་སྙིང་ལ་དོགས་པ་སྐྱེས་ཏེ། བདག་བླ་མ་དང་བྲལ་བ་མི་བཟད་པར་འབྱུང་བར་འགྱུར་སྙམ་བགྱིད་ཅེས་སྨྲས་པ་དང་། ཇི་ཙམ་ན་ཕ་མ་དེ་གཉིས་ཀྱིས་དབུགས་དབྱུང་ཞིང་། ཉི་མ་ལ་ཁ་བལྟས་ཏེ་འདུག་ནས་བདེན་པས་གསོལ་བ་བཏབ་ལ་རིལ་བ་ཁྱེར་ནས་ཆུ་ལེན་དུ་སོང་ངོ་། །དེར་རྒྱལ་པོ་ཚངས་སྦྱིན་རི་དྭགས་གཤོར་དུ་ཆས་ཏེ་དཀའ་ཐུབ་ཀྱི་ནགས་དེར་ཞུགས་པ་དང་། རྒྱལ་པོ་དེ་སྒྲ་གྲག་སར་འཕོག་པ་ཞིག་ཡིན་པས། དེས་གཟུགས་མ་མཐོང་ཡང་རི་དྭགས་ཀྱི་སྒྲ་ལྟ་བུ་ཞིག་ཐོས་པས་གཞུ་རྣ་དྲུང་དུ་བཀང་སྟེ་འཕངས་པས་ལྗང་གུའི་སྙིང་གར་ཕོག་པར་གྱུར་ཏོ། །དེ་མདས་གནད་དུ་ཕོག་པས་ས་ལ་འགྱེལ་ཀྱང་དེར་བདག་གི་སྡུག་བསྔལ་ཁྱད་དུ་བསད་དེ་ཕ་མ་ཁོ་ནའི་ཕྱིར་སེམས་བཞིན་མྱ་ངན་བྱེད་ཅིང་སྨྲས་པ། མདའ་གཅིག་བསྣུན་པས་བདག་དང་ནི། །དབང་པོ་ཉམས་པར་གྱུར་པ་ཡི། །ཕ་དང་དེ་བཞིན་མ་དག་དང་། །བདག་ཅག་སྐྱེ་བོ་གསུམ་བསད་དོ། །དེ་རྒྱལ་པོས་ཐོས་ནས་དྲིས་པ། །ཇི་ལྟར་མདའ་གཅིག་གིས་སྐྱེ་བོ་གསུམ་བསད། དེ་ནས་ལྗང་གུ་སྙིང་རྗེ་རྗེ་སྐད་དུ་ངུས་ནས་སྨྲས་པ། བདག་བས་ཆེས་ནི་ཉམ་ཐག་པའི། །ཕ་མ་ཡང་ནི་ལྡོང་བར་གྱུར། །བདག་ཀྱང་མདའ་ཡིས་བསྣུན་པས་ན། །སྐྱེ་བོ་གསུམ་ནི་འཆི་བར་འགྱུར། །དེ་ནས་རྒྱལ་པོ་དེ་འཇིགས་ཤིང་སྐྲག་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་ངས་ཉེས་པ་བྱས་ཏེ། མ་ཤེས་ནས་མདའ་འཕངས་ཀྱིས། ང་ལ་དམོད་པ་འདོར་དུ་མ་གཞུག་པར་ཕ་མ་ལ་གསོལ་བ་བྱ་བར་རིགས་སོ། །དེ་ནས་ལྗང་གུས་གུས་པ་དང་བཅས་པས་རྒྱལ་པོ་དབུགས་འབྱིན་པར་བྱེད་དོ། །རྒྱལ་པོ་ཆེན་པོ་བདག་དང་ཉེ་བར་མཆིས་པ་རྣམས་ལ་དབང་ཞིག་མཆིས་ན་སྙིང་རྗེ་ཅན་དང་། སྐྱེ་བོ་ལ་བྱམས་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་ལགས་པས་དམོད་པས་མ་བསྙེངས་ཤིག །ཡང་སྨྲས་པ། བདག་གི་ཕ་བླ་མ་གང་ན་བར་རིལ་བ་འདི་སྣོམས་མཛོད་ཅིག །དེ་དག་གི་ནི་རྐང་པ་བཀྲུ་བ་ཐ་མ་འདི་ལགས་སོ། །བདག་གི་ཚིག་གིས་དེའི་རྐང་པ་ལ་ཕྱག་མཛོད་ལ། འདི་སྐད་རིང་པོར་མི་ཐོགས་པར་འབྲལ་བར་འགྱུར་རོ་ཞེས་ཀྱང་གསུངས་ཤིག །དེ་ནས་རྒྱལ་པོ་རང་ཁོ་ནས་རིལ་བ་དེ་ཁྱེར་ཏེ་ནགས་ཁྲོད་དུ་ཆས་པ་དང་། དེའི་ཚེ་ཕྱོགས་བཞིར་མི་མ་ཡིན་པ་ཆེ་ཐང་དུ་འཁྲུགས་པར་གྱུར་ཏོ། །དེ་ནས་ལོང་བ་དེ་གཉིས་གཅིག་ལ་གཅིག་སྨྲས་པ། ལྗང་གུ་འདི་ནི་མཚོའི་འགྲམ་དུ་རིང་མོ་ཞིག་ལོན་ནོ། །དེའི་མས་སྨྲས་པ། ད་ལྟ་ཁོ་བོའི་ལྗང་གུ་དེ། །པདྨ་ཨུཏྤལ་གང་བའི་མཚོ། །ངང་པ་སྒྲ་སྐད་འབྱིན་པ་ན། །རི་དྭགས་ལྷན་ཅིག་རྩེ་བར་བྱེད། །དེ་ནས་རྒྱལ་པོ་དྲུང་དུ་ཕྱིན་པ་དང་། །དེའི་རྡོག་སྒྲ་ལས་དྲང་སྲོང་དེ་དག་གིས་སྨྲས་པ། སྙིང་དུ་སྡུག་ཅིང་མཐོང་དགའ་བ། ལྗང་ཀུ་ཅི་སྟེ་ནང་དུ་འཇུག །ཕ་མ་ཉམ་ཆུང་བཀྲེས་པ་ཡིས། །ཉམ་ཐག་པ་ལ་ཅི་ཞིག་གཙོ་རྒྱལ་པོ་དེ་ཡིད་མི་དགའ་ནས་སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ཁོ་བོ་ནི་ལྗང་གུ་མ་ཡིན་གྱི་རྒྱལ་པོ་ཚངས་སྦྱིན་ནོ། །ཕ་མས་སྨྲས་པ། བྱོན་པ་ལེགས་ཚུར། ཁྱེད་བདེའམ། འདིར་བཞུགས་ཤིག་དང་། ལྗང་ཀུ་ཆབ་དང་འབྲས་བུ་ཐོགས་ནས་དེའུ་དེ་མཆིའོ། །མི་དབང་ལྗང་ཀུ་ཞེས་བྱ་བ། །ཡོན་ཏན་རྣམ་ལྡན་རང་བཞིན་བྱམས། །དེ་ཡི་བྱམས་པའི་སྟོབས་ཀྱིས་འདིར། །རི་དྭགས་དང་ནི་བྱ་རྣམས་གནས། །དེ་ནས་རྒྱལ་པོས་དྲང་སྲོང་གི་རྐང་པ་གཉིས་ལ་གཏུགས་ནས་མཆི་མ་ཟག་ཅིང་སྐད་འདར་པོས་སྨྲས་པ། ལྗང་ཀུ་ནི་ནགས་ཚལ་འདིའི་ནང་དུ་སྙིང་ལ་མདའ་ཕོག་ཏེ་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཤིང་འདུག་གོ། །རིལ་བ་ཆུས་བཀང་བ་འདི་དེས་བསྐུར་ཏེ། འདིས་ཁྱེད་གཉིས་ཀྱི་རྐང་པའི་ཁྲུས་ཐ་མ་མཛོད་ཅིག །དེ་གཉིས་ཀྱིས་ཐོས་ནས་ས་ལ་འགྱེལ་ཏེ་བརྒྱལ་ལོ། །རྒྱལ་པོས་ཆུས་གཏོར་ནས་བསླངས་པ་དང་། དེ་གཉིས་ངུ་ཞིང་སྨྲེ་སྔགས་འདོན་པ། རྒྱལ་པོ་ཆེན་པོ་དེ་གུམ་པས་བདག་ཅག་ཀྱང་འགུམ་དུ་ཟད་དོ། །དེ་ལྟ་མོད་ཀྱི་ཕྱོགས་གང་ན་མཆིས་པར་དེར་བདག་ཅག་ཁྲིད་ཅིག་དང་། བུ་དེ་མ་གུམ་པ་ལ་ལག་པས་རེག་པར་བགྱིའོ། །དེ་ནས་རྒྱལ་པོས་ཁྱོ་ཤུག་གཉིས་ཁྲིད་ནས་ཕྱོགས་དེར་ཕྱིན་པ་དང་། དེ་ཡང་སྲོག་གི་ལྷག་མ་ཅུང་ཞིག་ལུས། དེའི་ཕ་མས་ལྗང་གུའི་ལུས་ལ་བྱུགས་ནས་སྨྲས་པ། སྡུག་པ་འདི་ནི་སུ་ཡིས་བསྒྱེལ། །ལྗོན་ཤིང་དམ་པ་སུ་ཡིས་བཅད། །དེ་ནས་རྒྱལ་པོས་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཁོ་བོ་སྡིག་པའི་ལས་ཀྱིས་སུ། །ནགས་ཚལ་ནང་ནས་རྒྱུ་བ་ན། །ཁྱེད་ཅག་གི་ནི་བུ་གཅིག་པ། །འདི་ནི་མདའ་ཡིས་བསྣུན་པར་གྱུར། །དེ་ནས་ཕ་མ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་བདེན་པས་གསོལ་བར་བྱས་པ། བུ་ཁྱོད་ཀྱིས་ནི་ཕ་མ་ལ། བསྙེན་བཀུར་ལྷ་ལ་མེ་ཡི་ནི། སྦྱིན་སྲེག་བྱས་པའི་བདེན་པ་གང་། །དེས་ནི་དུག་ཀྱང་ཞི་བར་ཤོག །དེ་ནས་བརྒྱ་བྱིན་ལྷའི་དབང་པོའི་གནས་གཡོས་པར་གྱུར་ནས་འདི་རྒྱུ་ཅི་ལས་གྱུར་ཅེས་བརྟགས་པ་ན། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་གནད་དུ་མདའ་ཕོག་སྟེ་དུག་གིས་རླངས་པས་སྡུག་བསྔལ་བར་གྱུར་པ་མཐོང་བས། རང་གི་གནས་ནས་བབ་སྟེ་བདུད་རྩི་བཏབ་བོ། །ཕ་མའི་བདེན་ཚིག་དང་ལྷའི་དབང་པོའི་མཐུས་ཟུག་རྔུ་རྣམས་ཕྱུང་བར་གྱུར་པས། རྨ་ཡང་སོས་དུག་གི་ཤུགས་དེ་ཡང་ཞི་ནས་ལྗང་གུ་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་ཏེ་ཡུན་རིང་པོར་ཕ་མ་གཉིས་ལ་བསྙེན་བཀུར་བྱས་སོ། །དེ་ལྟར་སྡུག་བསྔལ་མི་བཟད་པར་གྱུར་ཀྱང་ཕ་རོལ་ལ་ཁྲོ་བ་མེད་པའི་བྱམས་པའི་སེམས་བརྟན་པ་ཉིད་དུ་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བྱང་ཆུབ་སེམས་དཔའ་དོམ་ཞིག་ཏུ་སྐྱེ་བ་བཞེས་ནས་རིའི་ཕུག་ཏུ་གནས་པ་ན། ཡུལ་དེའི་མི་དབུལ་པོ་ཞིག་ཤིང་ཁུར་ལེན་པའི་ཕྱིར་ནགས་སུ་ཞུགས་པ་དང་། དུས་མིན་པའི་ཆར་རླུང་དྲག་པོས་གཙེས་ཏེ། ས་ཐམས་ཅད་གཤེར་བར་གྱུར་པའི་རི་ཕུག་ཏུ་ཞུགས་པས་དོམ་མཐོང་སྟེ་འབྲོས་པར་བརྩམས་པ་དང་། དོམ་དེས་དབུགས་ཕྱུངས་ནས་དྲོད་ལ་བཅར་ཞིང་རྩ་བ་དང་འབྲས་བུས་ཚིམ་པར་བྱས། ཡུལ་ངན་ཡང་ཞག་བདུན་གྱི་བར་དུ་བྱུང་བ་ལས་བསྐྱབས་ནས་ཞག་བརྒྱད་པར་ཆར་ཆད་པ་དང་རྩ་འབྲས་ཚིམ་པར་བསྟབས་ཏེ་སླར་བཏང་ངོ་། །མི་དེས་ཁོ་བོས་ཁྱོད་ལ་ལན་ཅི་ཞིག་གླན། དོམ་གྱིས་སྨྲས་པ། ཁོ་བོ་སུ་ལ་ཡང་མ་བསྟན་ན་དེ་ཉིད་ལན་གླན་པ་ཡིན་ནོ། །དེས་ཀྱང་དེ་བཞིན་བྱ་ཞེས་སྨྲས་ཏེ་ཕྱག་བྱས་ནས་སོང་ངོ་། །དེའི་ཁྱིམ་མི་སོགས་ཀྱིས་དུས་མིན་གྱི་ཆར་དྲག་པོ་དེས་བྱ་དང་རི་དྭགས་སོགས་ཀྱང་དུ་མ་ཤི་ན་མི་དེ་ཤིའམ་སྙམ་ཡང་ཇི་ལྟར་མ་ཤི་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་བཤད་དོ། །མི་དེ་དག་གིས་དོམ་དེ་གང་ན་ཡོད་པའི་ཕུག་སྟོན་ཅིག་ཅེས་པ་ལ། མི་དེས་སྨྲས་པ། སླར་ནགས་ཁྲོད་དུ་མི་འགྲོའོ། །དེ་རྣམས་ཀྱིས་དེ་ལ་དོམ་བསད་པའི་ཤའི་སྐལ་བ་སུམ་གཉིས་སྦྱིན་པར་ཆད་བྱས་པས། མི་དེས་དོམ་གནས་པའི་ཕུག་བསྟན་ཏེ། ཕུག་དེར་མེ་བཏང་བས་དོམ་དེ་འཚུབས་ཅིང་སྡུག་བསྔལ་བཞིན་འགྱོད་པ་དང་ཁྲོ་བ་མེད་པར་ལས་ཀྱི་མཐུ་རྗེས་སུ་བསམ་བཞིན་ཤིའོ། །དེའི་ཤའི་སྐལ་བ་སུམ་གཉིས་མི་བྱས་པ་མི་བཟོ་བ་དེ་ལ་བྱིན་པ་དང་། བླང་བར་གཟས་པའི་མོད་ལ་ལག་པ་གཉིས་ས་ལ་ལྷུང་ངོ་། །དེ་ནས་རྔོན་པ་གཞན་དག་ཀྱང་རང་གི་སྐལ་བ་བོར་ནས་དོང་བས། དེར་ཡ་མཚན་པའི་མི་དང་། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཡང་དེར་སོང་སྟེ། དོམ་གྱི་པགས་པ་བླངས་ནས་གཙུག་ལག་ཁང་ཞིག་ཡོད་པའི་དགེ་འདུན་རྣམས་ལ་སྨྲས་སོ། །དེ་ན་གནས་བརྟན་དགྲ་བཅོམ་པ་ཞིག་ཡོད་པས་འདི་ནི་དོམ་མ་ཡིན་ཏེ་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་པས་མཆོད་པར་འོས་སོ་ཞེས་སྨྲས་པས། རྒྱལ་པོ་འཁོར་དང་བཅས་པས་དྲིའི་ཤིང་སྤུངས་ཏེ་དོམ་དེའི་ཕུང་པོ་བསྲེགས་ནས་ཕྱོགས་དེ་ཉིད་དུ་མཆོད་རྟེན་བྱས་པ་གདུགས་སོགས་ཀྱིས་བརྒྱན་ཅིང་དུས་མཆོད་བྱས་པས། དེ་ལ་བྱ་བ་བྱས་པ་ཐམས་ཅད་མཐོ་རིས་སུ་གཞོལ་བར་གྱུར་ཏོ། ༈ །ཡང་མི་དབུལ་པོ་ཤིང་འཚོང་ཞིག་ནགས་སུ་ཤིང་ཐུར་ཕྱིན་པ་ དང་། ནགས་ཚལ ་ཆེན་པོ་དེ་ན་བྱང་ཆུབ་སེམས་དཔའ་དོམ་དུ་སྐྱེ་བ་བཞེས་པ་ཉིད་གནས་སོ། །མི་དེ་སྟག་གིས་གཙེས་ནས་སྟེས་དབང་གིས་ངོམ་གནས་པའི་ཤིང་དེ་ལ་འཛེགས་པ་ན་ངོམ་མཐོང་ནས་ལྷག་པར་སྐྲག་ཀྱང་དོམ་དེས་མི་དེ་པང་དུ་བླངས་ནས་བྱམས་པར་བྱས་སོ། །སྟག་དེ་ཁ་ཟས་ལ་ཆགས་ནས་དོམ་ལ་སྨྲས་པ། ཀྱེ་བདག་ཉིད་ཆེན་པོ་མི་མགོ་ནག་འདི་རྣམས་ནི་བྱས་པ་མི་གཟོ་བས་འདིར་བོར་ཅིག་དང་། དེ་ཟོས་ཏེ་འགྲོའོ། །མི་གཞན་ཕལ་ཆེ་བ་དག་ཀྱང་སྐྱབས་སུ་འོངས་པ་ལ་བྱམས་ན་བྱང་ཆུབ་སེམས་དཔའ་རྣམས་སྨོས་ཀྱང་ཅི་དགོས་པས་དོམ་དེས་སྨྲས་པ། འདི་བདག་ལ་སྐྱབས་སུ་འོངས་པས་བདག་གིས་མི་འདོར་རོ། །སྟག་དེ་ཤ་ཁྲག་ལ་ཆགས་པས་དེ་ཉིད་དུ་འདུག་གིས་ཡུན་རིང་དུ་མ་སོང་ངོ་། །དོམ་གྱིས་སྨྲས་པ། ཁོ་བོ་ངལ་གྱི་རེ་ཞིག་ཁྱོད་མེལ་ཙེ་ལ་འདུག་ཤིག་དང་། ཁོ་བོ་ངལ་གསོ་བར་བྱའོ་ཞེས་ངལ་ཞིང་དུབ་པས་གཉིད་ལོག་གོ། །སྟག་གིས་མི་དེ་ལ་སྨྲས་པ། མི་ཁྱོད་ཇི་སྲིད་ཅིག་ཏུ་འདིར་འདུག །འོ་ན་དོམ་མར་བོར་ཅིག་དང་ཟོས་ལ་འགྲོའོ། །དེ་ནས་ཁྱོད་ཅི་བདེར་སོངས་ཤིག །སྙིང་རྗེ་མེད་པ་དེས་བསམས་པ། བདག་ཇི་སྲིད་འདིར་འདུག་པ་ལས་འདི་དོར་བ་ལེགས་སྙམ་དུ་དོམ་དེ་ཤིང་ཁ་ནས་བོར་བ་དང་། དོམ་དེས་སྨྲས་པ། ཀྱེ་མིན་ཚིག་དེས་ཀྱཻ་ཅི་སེམས་ངན་བསྟེན་གྲོགས་ཞེས་སྨྲས་བཞིན་ལྟུང་ནས་སྟག་གིས་བསད་དོ། །མི་དེས་དེ་ཐོས་ནས་འདིས་བདག་ལ་ཅི་ཞིག་བགོ་བཤའ་འདོད་དེ་འདི་སྐད་སྨྲས་སོ་སྙམ་ངུ་དེ་ཆགས་པས་བླ་བར་གྱུར་ཏེ། སེམས་འཁྲུགས་ཤིང་སྨྱོས་ནས་ཐམས་ཅད་དུ་འཁྱམས་བཞིན་ཀྱེ་མིན་སོགས་གོང་ལྟར་ཁ་ནས་འདོན་ཏོ། །དེ་གཉེན་རྣམས་ཀྱིས་ཁྲིད་ན་ཡང་དེ་བཞིན་དུ་སྨྲ་ཞིང་། དེ་རྣམས་ཀྱིས་འབྱུང་པོའི་དཔྱད་བྱ་བའི་སྔགས་འཛིན་པ་དང་། དགེ་སློང་དང་བྲམ་ཟེ་དང་མཛའ་བཤེས་རྣམས་ལ་དྲིས་ན། དེ་རྣམས་རྣམ་པ་སྣ་ཚོགས་སུ་སྨྲ་ཞིང་དཔྱད་བྱར་མ་ཤེས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་དང་ཧ་ཅང་མི་རིང་བའི་ནགས་ཞིག་ན། དྲང་སྲོང་མངོན་ཤེས་ལྔ་ལྡན་ཞིག་གནས་པའི་དྲུང་དུ་མི་དེ་གཉེན་རྣམས་ཀྱིས་ཁྲིད་དེ་སོང་ནས་ཇི་ལྟར་གྱུར་པ་སྨྲས་པ་དང་། དྲང་སྲོང་དེས་སྨྲས་པ། སེམས་ཅན་འདི་ནི་སྡིག་པ་བྱེད་པ་སྟེ་རང་བཞིན་ངན་པ་འདིས་བྱང་ཆུབ་སེམས་དཔའ་ཕན་འདོགས་པ་སྟག་གི་མདུན་དུ་བོར་ཏེ་བདག་ཉིད་ཆེན་པོ་དེས་ནི་འདི་ལ་ཆོས་བཤད་པར་བྱའོ་སྙམ་དུ་བསམས་ན། འདིས་དེ་སྟག་ལ་བོར་བ་ན་མྱ་མྱོ་ཁྱེར་ཏེ་ཚིགས་སུ་བཅད་པ་བཅུ་ལས་ཡི་གེ་རེ་རེ་དྲན་པ་ནི། ཀྱེ་མིན་སོགས་གོང་ལྟར་དེ་ཡིན་ནོ་ཞེས་སྨྲས་སོ། །དྲང་སྲོང་དེའི་སློབ་མ་ཞིག་གིས་མཁན་པོ་ཚིགས་སུ་བཅད་པ་དེ་རྣམས་ཇི་ལྟ་བུ་ལགས་པ་གསུངས་ཤིག །དྲང་སྲོང་གིས་སྨྲས་པ། ཀྱེ་མ་ཀྱེ་ཧུད་འཇིག་རྟེན་འདིར། །ཆོས་མ་མིན་པ་མི་བཟོད་དོ། །ཚོགས་པར་མི་དབྱུང་མི་རྣམས་ལ། །གྲོགས་པོ་གསོད་པར་བྱེད་པ་ཡོད། །གྲོགས་གསོད་གནས་སྐབས་གང་དུ་ཡང་། །བདེ་བར་འགྱུར་བ་མ་ཡིན་ཏེ། །སྟན་ལ་མ་ཡིན་ལམ་དུ་མིན། །འདུག་མིན་འཆག་པ་ལ་ཡང་མིན། །དེ་ལྟར་སྙིང་ནི་རྗེ་རྗེ་སྐད། །འདི་ལ་ཚིག་ཏུ་སྨྲས་པ་གང་། །དེས་ནི་སེམས་ཅན་བློ་ངན་པོ། །ཇི་ལྟར་ཁན་ད་འབར་བཞིན་བསྲེག །ཤིན་ཏུ་མི་བཟད་ལས་བྱས་པ། །དེས་ཁྱོད་འཇིག་རྟེན་ཕ་རོལ་དུ། །སྡུག་བསྔལ་རེག་པའི་ཚོར་བ་ནི། །སིམ་པ་མ་ཡིན་མྱོང་བར་འགྱུར། །ཐ་ཤལ་བས་ཀྱང་ཐ་ཤལ་ཁྱོད། །ངུ་འབོད་ཤིན་ཏུ་མི་བཟད་པར། །ཀྱི་ཧུད་ཀྱི་ཧུད་ཅེས་སྒྲོགས་པའི། །སྡུག་བསྔལ་ངན་པ་ཆེན་པོ་འཐོབ། །མི་དགེའི་ལས་ཅན་གཏུམ་དེ་ལ། །དེ་ཡིས་ཅི་ཞིག་བྱས་གྱུར་ན། །ཚོགས་པར་མི་དབྱུང་མི་རྣམས་ལས། །གྲོགས་པོ་གསོད་པར་བྱེད་པ་ཡོད། །ཆོས་འཇིག་བྱེད་པ་མི་བཟོད་པའི། །སེམས་ནི་སྡིག་པ་ཡིན་པར་ཤེས། །ཁྱོད་ཀྱིས་དོམ་ལ་སྡིག་པ་དང་། །སྟག་ལ་གང་བྱས་དྲན་པར་གྱིས། །བློ་ངན་ཁྱོད་ཀྱིས་ཇི་ལྟ་བུར། །གྲོགས་ལ་བྱ་བ་མི་ཤེས་ཏེ། །གསོད་པར་བྱེད་པས་གསོད་འཐོབ་ལ། །ཤ་འཁོན་ཅན་གྱིས་འཁོན་རྣམས་མཐོང་། །སྟག་གི་འཇིགས་ཆེན་བྱུང་བ་ན། །ཁྱོད་ནི་ཡུན་རིང་བསྟེན་བྱས་ཤིང་། །ཉལ་བ་ན་ཡང་ཁྱོད་བསྲུངས་ན། །ཁྱོད་ཀྱིས་དེ་ནི་མ་བསྲུངས་སོ། །གྲོགས་མཁུ་ཁ་ན་མ་ཐོ་ཆེར། །ཆོས་སྨྲ་བ་རྣམས་རྗོད་བྱེད་དོ། །བློ་ངན་ལུས་ནི་ཞིག་གྱུར་ནས། །དམྱལ་བ་རྣམས་སུ་སྐྱེ་བར་འགྱུར། །ཞེས་སྨྲས་སོ། །དོམ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་དང་། མི་དེ་ནི་ལྷས་བྱིན་ཉིད་ཡིན་ནོ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་དུད་འགྲོར་སྐྱེས་པ་འཆི་བའི་ཉམ་ང་བ་ཐོབ་པའི་སྐབས་ན་ཡང་ཆོས་བསྟན་པའི་རྣམ་འཕྲུལ་འདི་ལྟ་བུ་སེམས་ཅན་རྣམས་ལ་ལམ་དང་ལམ་མིན་གསལ་བྱེད་དུ་འགྱུར་བ་ཡིན་ན། སངས་རྒྱས་ནས་ཆོས་སྟོན་པ་ནི་ལྟ་ཅི་སྨྲོས་ཏེ། དེ་ལྟར་ཡོན་ཏན་ཤེས་ནས་གུས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཚངས་སྦྱིན་གྱི་རིང་ལ། མི་ཞིག་ནགས་སུ་ཤིང་ཐུར་སོང་བ་སེང་གེས་བདས་ནས་སུལ་ཁུང་དུ་ལྷུང་ལ། སེང་གེས་ཀྱང་དེ་བསྙེགས་པས་ཁུང་དེར་ལྷུང་ཞིང་། ཡང་སྦྲུལ་གྱིས་སྐྲག་ནས་བྱི་བ་ཞིག་བྲོས་པ་དེ་བཟའ་བའི་ཕྱིར་ཁྲས་དེད་པ་དེ་ཐམས་ཅད་ལས་ཀྱི་དབང་གིས་ཁུང་དེར་མཉམ་དུ་ལྷུང་བ་ན། དེ་དག་གཅིག་གིས་གཅིག་ལ་གནོད་སེམས་ཀྱིས་བསད་པར་འདོད་པའི་ཚེ། སེང་གེ་ན་རེ། ཁྱོད་ཐམས་ཅད་ཁོ་བོས་ཐུབ་པ་ཡིན་མོད ། བདག་ཅག་སྡུག་བསྔལ་མི་བཟད་པ་ཐོས་པས་འདི་ནི་གཅིག་ལ་གཅིག་གནོད་པའི་དུས་མ་ཡིན་པས་འཁོད་ཅིག །དེར་སྟེས་དབང་གིས་རྔོན་པར་གྱུར་པ་ཞིག་གིས་ཕྱོགས་དེ་དག་ཏུ་ཕྱིན་ཏེ། སུལ་ཁུང་དེར་བལྟས་པ་ལ། དེ་རྣམས་ཀྱིས་རྟབ་པའི་ཚིག་གིས་སྐྱབས་མཛོད་ཅེས་སྨྲས་པ་དང་། རྔོན་པ་དེས་ཐོག་མར་སེང་གེ་བཏོན་པས་རྔོན་པ་དེའི་རྐང་པ་ལ་གཏུགས་ནས་སྨྲས་པ། བདག་ནི་ཁྱོད་ཀྱི་དྲིན་གཟོ་བར་བྱ་སྟེ། འོན་ཀྱང་འདི་ན་མི་མགོ་ནག་པོ་གནས་པ་འདི་ནི་བྱས་པ་ཆུད་གསོན་པ་ཡིན་པས་མ་དབྱུངས་ཤིག་ཅེས་སྨྲས་ནས་སོང་ངོ་། །ཇི་ཙམ་ན་རྔོན་པ་དེས་དེ་ཐམས་ཅད་རིམ་གྱིས་ཕྱུང་ངོ་། །དུས་གཞན་སེང་གེས་རི་དྭགས་བསད་པ་དང་རྔོན་པ་དེ་ངོ་ཤེས་ནས་རི་དྭགས་ཀྱི་རོ་དེ་བྱིན་ནོ། །རྒྱལ་པོ་ཚངས་སྦྱིན་བཙུན་མོ་ དང་ལྷན་ཅིག་སྐྱེད་ཚལ ་དུ་སོང་ནས་རྒྱལ་པོ་གཉིད་ཀྱིས་ལོག་པ་དང་། བཙུན་མོ་རྣམས་རྒྱན་བཀྲོལ་ཏེ་བག་ཡངས་སུ་གནས་པ་ལས། ཁྲས་རྒྱན་རྣམས་བླངས་ནས་ཁྱེར་ཏེ་དྲིན་གཟོ་བའི་ཕྱིར་རྔོན་པ་ལ་བྱིན་ནོ། །བཙུན་མོ་རྣམས་རྒྱན་སྟོར་ནས་རྒྱལ་པོ་ལ་གསོལ་པས། དེས་བློན་པོ་རྣམས་ལ་རྒྱན་སུས་ཁྱེར་རྩད་ཆོད་ཅེས་བྱས་པ་ལྟར་དྲི་ཞིང་རྨེད་པས། སྔར་གྱི་མི་དེ་རྔོན་པ་དེའི་རྩར་ངོ་ཤེས་ཤིང་རྒྱུ་བས་དེར་ཡོད་པར་ཤེས་ནས་རྒྱལ་པོ་ལ་བསྙད་དོ། །རྒྱལ་པོས་རྔོན་པ་བཀུག་སྟེ་རྒྱན་རྣམས་བརྐུས་སོ་ཞེས་བྱས་བ་ལ་རྔོན་པ་དེས་ཇི་ལྟར་གྱུར་པ་སྨྲས་ནས་རྒྱན་རྒྱལ་པོ་ལ་ཕུལ་ཀྱང་མི་དེ་བཅིངས་ནས་བཙོན་རར་བཞག་གོ། །བྱི་བས་དེ་མཐོང་ནས་སྦྲུལ་ལ་སྨྲས་པ། མགོ་ནག་སྡིག་བྱེད་དེས་བདག་ཅག་ལ་ཕན་པའི་གྲོགས་པོ་བཅིངས་ནས་བཙོན་དུ་བཞག་གོ་ཞེས་སྨྲས་སོ། །སྦྲུལ་དེས་རྔོན་པ་ལ། ཀྱེ་དེ་རིང་བདག་གིས་རྒྱལ་པོ་འཛིན་པར་བྱ་ཡི། ཁྱོད་ཀྱིས་སྔགས་ཀྱི་ཚིགས་འདི་དང་སྨན་འདི་དག་གིས་གསོས་ཤིག་ཅེས་བྱས་ནས་རྒྱལ་པོ་བཟུང་ངོ་། །རྔོན་པ་དེས་སྔགས་དང་སྨན་གྱིས་གསོས་པས་རྒྱལ་པོ་མགུ་ཞིང་བཙོན་ནས་བཏང་སྟེ་ལོངས་སྤྱོད་དག་གི་བགོ་བཤའ་ཡང་བྱས་སོ། །དེ་ལྟར་དུད་འགྲོར་སྐྱེས་པ་རྣམས་ལ་ཡང་བྱས་པ་གཟོ་བ་ཡོད་ན། མི་ཕལ་ཆེར་བྱས་པ་མི་གཟོ་བ་ནི་ཤིན་ཏུ་སྨད་པ་ཡིན་པར་ཤེས་པར་བྱ་སྟེ། སྔོན་བཅོམ་ལྡན་འདས་རྔོན་པར་གྱུར་པ་དེའི་ཚེ་བྱས་པ་མི་གཟོ་བའི་མི་དེ་ནི་ལྷས་བྱིན་ཡིན་ཅིང་། ད་ལྟར་སངས་རྒྱས་པའི་ཚེ་ཡང་བྱས་པ་མི་གཟོ་ཞིང་གནོད་པར་བྱེད་མོད་ཀྱིས། བཅོམ་ལྡན་འདས་ཀྱིས་ནི་སྲས་སྒྲ་གཅན་ཟིན་དང་ཀུན་ཏུ་མཚུངས་པའི་ཐུགས་བྱམས་པར་གནས་པ་ཉིད་དོ། །ཡང་བྱི་བ་གང་གཱའི་བྱིན་ཞེས་པ་དང་སྦྲུལ་དང་ནིའུ་ལེའི་ལོ་རྒྱུས་ཀྱང་འདུལ་བ་ལས་འབྱུང་ངོ་། ༈ །ཡང་སྔོན་གྱི་ཚེ་མེ་ཏོག་མཁན་ཞིག་གིས་མེ་ཏོག་གི་ར་བ་ཆུའི་ཕ་རོལ་ན་ཡོད་པས་ཉིན་བཞིན་ཆུ་བརྒལ་ཏེ་མེ་ཏོག་འཐུ་བའི་ཚེ། དུས་ཞིག་ན་ཨ་མྲའི་འབྲས་བུ་ཆུས་ཁྱེར་བ་ཞིག་རྙེད་པ་སྒོ་བ་ལ་བྱིན་པ་དང་། དེས་རྒྱལ་པོ་ལ་ཕུལ། རྒྱལ་པོས་བཙུན་མོ་ལ་བྱིན་ནོ། །བཙུན་མོས་ཀྱང་མྱངས་པས་དེའི་རོ་ལ་ཞེན་ནས། རྒྱལ་པོ་ལ་འདི་འདྲ་བ་གཞན་ཡང་སྩལ་བར་རིགས་ཞེས་གསོལ་བ་བྱས་སོ། །རྒྱལ་པོས་གསོལ་ཀ་པ་ལ་འབྲས་བུ་དེ་གང་ལས་འོང་། ཞེས་སོགས་རིམ་པས་རྩད་བཅད་དེ། མེ་ཏོག་མཁན་དེ་ལ་རྒྱལ་པོས་དྲིས་པ་དང་། ཇི་ལྟར་གྱུར་པ་གསོལ་བས་སོང་ལ་འདི་འདྲ་བ་གཞན་ཡང་ཁྱེར་ཤོག་ཅེས་བསྒོས་པས། རྒྱལ་པོའི་བཀའ་ལྕི་བ་ལྡོག་ཏུ་མེད་པས། དེས་དེ་བཙལ་བར་བརྩམ་སྟེ་རྒྱགས་ཁྱེར་ནས་སོང་བས་རིའི་ཕྱོགས་གཅིག་ན་ཨ་མྲའི་ཤིང་སྤྲེའུ་ལས་མི་ཐར་བ་ཞིག་མཐོང་ནས། དེར་ཨ་མྲའི་འབྲས་བུ་འདོད་ནས་ཞག་མང་དུ་ལོན་ཏེ་རྒྱགས་ཟད་པ་དང་། དེས་བདག་འདི་བཞིན་བསྡད་ན་འཆིར་ཆ་བས་ཅི་བྱུང་ཡང་རྡོ་རྣམས་ལ་འཇུས་ཏེ་འཛེགས་པར་བྱའོ་སྙམ་དུ་དེ་ལྟར་བྱས་པ་དང་། ཨ་མྲའི་འབྲས་བུ་མ་ཐོབ་པར་གཡང་དུ་ལྷུང་ངོ་། །རི་དེ་ལ་བཅོམ་ལྡན་འདས་ཉིད་སྤྲེའུའི་དཔོན་པོ་བྱང་ཆུབ་སེམས་དཔར་གྱུར་པ་ཕྱོགས་དེར་ཕྱིན་པ་དེས་མཐོང་ནས་མི་དེ་དབྱུང་བའི་ཕྱིར་དང་པོར་རྡོ་ལ་ཤེད་གོམས་པར་བྱས་ཏེ། མི་དེ་དང་མཉམ་པ་འདེགས་ནུས་པ་ན་བདག་གིས་མི་འདི་དབྱུང་ནུས་སོ་སྙམ་དུ་བསམས་ནས་མི་དེ་གཡང་ལས་ཕྱུངས་པས་ཤིན་ཏུ་དུབ་པར་གྱུར་ཀྱང་། དེས་མིའི་སྐད་དུ་མི་དེ་ལ་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་སྨྲས་པས་སྤྲེའུའི་རྒྱལ་པོ་དེས་མི་འདི་ཨ་མྲའི་འབྲས་བུའི་ཕྱིར་ཉམ་ང་བ་ཐོབ་པས་ན། བདག་གིས་འདི་ལ་འབྲས་བུ་དེ་སྦྱིན་པར་བྱའོ་སྙམ་དུ། ལུས་དུབ་བཞིན་ཤིང་དེ་ལས་ཨ་མྲའི་འབྲས་བུ་ཀླག་ནས། མི་དེ་ལ་ཅི་འདོད་ཟ་བཅུག་ཅིང་ཐུ་བ་གང་བཀང་ངོ་། །བྱང་ཆུབ་སེམས་དཔའ་ནི་ལུས་ཅན་ཐམས་ཅད་ལ་བག་ཕབ་པར་གནས་པ་ཡིན་པས། མི་དེའི་དྲུང་དུ་བབ་སྟེ་ཁོ་བོ་དུབ་པས་ཡུད་ཙམ་ཞིག་ཉལ་གྱིས་རེ་ཞིག་ཕྱོགས་སུ་བྱར་གྱིས་ཞེས་སྨྲས་ནས་གཉིད་ལོག་པ་དང་། མི་དེས་བསམས་པ་བདག་རྒྱགས་དང་བྲལ་བས་ཨ་མྲ་རྣམས་ཟོས་ན་རྒྱལ་པོ་ལ་ཅི་ཞིག་དབུལ། དེ་བས་སྤྲེའུ་འདི་བསད་ལ་ཤ་སྐམ་དུ་བྱས་ཏེ་ལམ་དུ་འཇུག་གོ་སྙམ་དུ། སྙིང་རྗེ་མེད་པ་འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་དེས་རྡོ་བ་ཆེན་པོས་བསད་པ་ན། ལྷ་རྣམས་ཀྱིས། ཕན་འདོགས་པ་ཡི་མཚན་ཉིད་དང་། །དེ་བཞིན་དྲིན་གཟོ་གྲོགས་པོར་བརྗོད། །མི་རྣམས་ལ་ཡང་ཁ་ཅིག་ནི། །ཕན་པ་བྱས་པ་མི་ཤེས་སོ། །ཞེས་སྨྲས་སོ། །དེ་ལྟར་ལྷས་བྱིན་ཉིད་སྔོན་གྱི་ཚེ་མེ་ཏོག་མཁན་དུ་སྐྱེས་པས་སྤྲེའུ་རྒྱལ་པོ་ལ་བྱས་པ་མི་གཟོ་བ་བྱས་པ་དང་། སངས་རྒྱས་པའི་དུས་སུ་ཡང་བྱས་པ་མི་གཟོ་ཞིང་བྱས་པ་མི་ཚོར་བ་ཡིན་ཀྱང་བཅོམ་ལྡན་འདས་ཉིད་ནི་སྔོན་གྱི་དུས་སུ་ཡང་དེ་ལ་བུ་གཅིག་པ་ལྟར་བྱམས་པར་མཛད་ན་ད་ལྟ་སངས་རྒྱས་པའི་དུས་སུ་སྨོས་ཅི་དགོས་ཞེས་གསུངས་སོ། ༈ །ཡང་སྔོན་ནགས་ཚལ་ཆེན་པོ་གཡང་ས་ཅན་ཞིག་ཏུ་སྤྲེའུར་གྱུར་པའི་ཚེ་ན། མི་ཞིག་བསྟོར་ནས་ཕྱོགས་དེར་དོང་བ་ཤིང་ཏིན་དུའི་འབྲས་བུ་བཟའ་བའི་ཕྱིར་ཤིང་ལ་འཛེགས་པ་ཤིན་ཏུ་ཐར་བར་དཀའ་བའི་གཅོང་རོང་ཆེན་པོར་ལྷུང་ནས་ཐར་དུ་མེད་པའི་མྱ་ངན་གྱིས་ནོན་པའི་ཚེ་སྤྲེའུ་དེས་ཤིང་ཐོག་བསྐྱལ་ཞིང་རྡོ་ལ་ཤེད་གོམས་པར་བྱས་ཏེ་མི་དེ་གཡང་ས་དེ་ལས་བཏོན་ནས་ངལ་བས་རྡོ་ལེབ་ཞིག་གི་སྟེང་དུ་གཉིད་ལོག་པའི་ཚེ། མི་བླུན་པོ་དེས་མེལ་རྩེ་བྱེད་པར་ཁས་བླངས་ནས་གནས་པའི་ཚེ་བདག་དགོན་པ་ལས་ཐར་བའི་ལམ་རྒྱགས་སུ་སྤྲེའུ་འདི་སྟོབས་ཆེ་བས་གལ་ཏེ་སད་ན་མི་སོད་ཀྱི་གཉིད་མ་སད་པའི་བར་དུ་གསོད་སྙམ་དུ་རྡོ་ཆེན་པོ་ཞིག་སྤྲེའུའི་མགོ་ལ་འཕངས་པ་དང་། རྡོའི་ཟུར་མགོ་ལ་ཕོག་པ་ཙམ་ལས་ཐམས་ཅད་དུ་མ་ཕོག་ནས་མགོ་ལ་རྨ་བྱུང་བཞིན་མཆོངས་ཏེ་བལྟས་པ་ན། མི་དེ་ནོངས་བཞིན་སྐྲག་ནས་འདུག་པ་ལས་གཞན་མ་མཐོང་བས། འདི་ཉིད་ཀྱིས་བྱས་སོ་སྙམ་དུ་བདག་སྣད་པའི་སྡུག་བསྔལ་ལ་མི་སེམས་པར། འདི་ལྟར་ཕན་པ་ལ་མི་ལྟ་བར་མི་བཟད་པའི་ལས་བྱེད་པའོ་སྙམ་དུ་དེ་ལ་སྙིང་རྗེ་ཆེན་པོས་མིག་མཆི་མས་གང་བཞིན། ཁྱོད་མིར་གྱུར་བ་འདི་འདྲའི་ལས་བྱེད་པ་ཀྱེ་མ། བདག་ལ་གནོད་བྱེད་གཞན་ཡོད་ན་ཁྱོད་ཀྱིས་བཟློག་རིགས་མོད། འདི་ལྟར་ཚེ་འདི་དང་ཕྱི་མ་བརླག་པར་བྱེད་པས་དོན་ཅི་ཞིག་གྲུབ། ད་ཁྱོད་ནགས་འདི་ལས་གྲོང་འདབ་དུ་མ་ཕྱིན་པར་ཆུད་ཟ་བས་ངས་ཁྱོད་བསྐྱལ་བར་བྱ་ཞེས་བྱས་ནས་གྲོང་འདབ་ཏུ་བསྐྱལ་ཞིང་ལམ་བསྟན་ཏེ་སྡིག་པའི་ལས་སྤོང་བར་གྱིས་ཞེས་གདམས་ནས་སོང་ངོ་། །མི་དེ་ལས་མི་བཟད་པའི་རྣམ་པར་སྨིན་པས་མཛེས་ཟིན་ནས། གཟུགས་ཤ་ཟ་ལྟར་གྱུར་པས་གང་དུ་སོང་ཡང་བསྐྲང་པས་ནགས་འདབ་ཞིག་ཏུ་གནས་པ། རྒྱལ་པོ་རི་དྭགས་གཤོར་བ་ཞིག་གིས་མཐོང་ནས་དྲིས་པ་ལ། བྱམས་པ་ལ་སྙིང་རིང་བྱས་པའི་ལས་ཀྱི་ཚུལ་ལས་གྱུར་པ་བརྗོད་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་བྱང་ཆུབ་སེམས་དཔའ་བྱ་ཤིང་རྟ་མོ་ཞིག་ཏུ་གྱུར་པ་ན། ཕྱོགས་དེར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཞིག་ཤ་ཟོས་པའི་རུས་པ་ཁའི་ནང་དུ་ཟུག་པས་སྡུག་བསྔལ་མྱོང་བ་ལ། བྱ་ཤིང་རྟ་མོ་དེས་དྲིས་ནས། དེའི་ཁའི་རུས་པ་མཐོང་བས་སེང་གེ་དེ་གཉིད་ལོག་པ་དང་། དེའི་ཁར་ཞུགས་ཏེ་རུས་པ་ཕྱུངས་ནས་སྨྲས་པ། ཁྱོད་ནི་རི་དྭགས་ཀྱི་རྒྱལ་པོ་སྟེ། ཕན་གདགས་པར་ནུས་པས་བདག་ལ་དུས་སུ་ཕན་པར་བྱོས་ཤིག །དེས་ཀྱང་དེ་བཞིན་བྱའོ་ཞེས་སྨྲས་སོ། །ཇི་ཞིག་ན་བྱ་ཤིང་རྟ་མོ་དེ་བྱ་ཁྲ་ཞིག་གིས་ཟིན་ཏེ་དེའུ་ཤི་བ་ལས་ཐར་ཏེ་བཀྲེས་པ་དང་། སེང་གེ་དེ་ཤ་ཟ་བའི་དྲུང་དུ་བདག་བཀྲེས་ཀྱི་ཤ་ཅུང་ཟད་བྱིན་ཅིག །དེས་སྨྲས་པ། ཁོ་བོ་གཏུམ་པོའི་མཆེ་བའི་བར་དུ་ཁྱོད་འོང་བ་གསོན་པ་དྲིན་མི་ཆེའམ། བྱ་ཤིང་རྟ་མོས་སྨྲས་པ། རྒྱ་མཚོར་ལྷུང་བ་ཕྱུང་བ་སྟེ། །རྨི་ལམ་བསམ་པ་དོན་མེད་ཡིན། །ཕོང་ན་བསྟེན་པ་གང་ཡིན་དང་། །བྱས་མི་གཟོ་ལ་བྱས་དོན་མེད། །ཅེས་སྨྲས་ནས་འཕུར་ཏེ། ཁྲོ་བ་དང་འཁྲུགས་པ་མེད་པར་གནས་པར་གྱུར་ཏོ། །སེང་གེ་ནི་ལྷས་བྱིན་ནོ། ༈ །ཡང་སྔོན་གྱི་དུས་སུ་རྒྱལ་བུ་བཞི་རང་རང་གི་བཙུན་མོ་བླངས་ཏེ་གནས་པ་དེ་དག་གིས་རྒྱལ་པོ་ལ་བརྙས་ཐབས་བྱས་པས་དེ་བཞི་ཀ་རྒྱལ་པོས་སྤྱུགས་ཏེ་རང་རང་གི་ཆུང་མ་ཁྲིད་ནས་སོང་བ་ལས། ཇི་ཙམ་ན་དགོན་པའི་ལམ་དུ་ཕྱིན་ཏེ། རྒྱགས་ཆད་པ་ན་དེ་རྣམས་ནང་ཁྲིམས་བཅས་ཏེ་ཆུང་མ་རེ་རེ་བསད་ལ་དེའི་ཤ་ཁྲག་གིས་དགོན་པའི་ལམ་ནས་བརྒལ་བར་བྱ་ཞེས་སྨྲས་སོ། །དེའི་ནང་གི་རྒྱལ་བུས་ག་ཞེས་བྱ་བས་གཞན་གྱི་སྲོག་གཅོད་པ་ལས་རང་གི་སྲོག་ཆུད་ཟོས་པ་བླའི། ཆུང་མ་ཁྲིད་དེ་འབྲོས་པར་བྱའོ་སྙམ་དུ་བྲོས་ཏེ་སོང་བ་དང་ལམ་དུ་བཟའ་བཏུང་དང་བྲལ་བས་ཆུང་མ་དེས་བདག་ཤིའོ་ཞེས་སྨྲས་པ་དང་། རྒྱལ་བུས་བསམས་པ་བདག་གིས་འདི་སྲོག་བསྐྱབས་ནས་ཤི་བར་མི་བྱའོ་སྙམ་དུ་རང་གི་བརླའི་ཤ་བཅད་དེ་ཟར་བཅུག་ཅིང་། ལག་པའི་རྩ་བཅད་པའི་ཁྲག་འཐུང་དུ་བཅུག་སྟེ་རིམ་གྱིས་རེ་ཞིག་གི་དྲུང་དུ་ཕྱིན་ནས་དེར་རྩ་བ་དང་འབྲས་བུ་འཚོའོ། །རི་དེའི་དྲུང་ན་འབབ་ཆུ་ཞིག་ཡོད་པ་དེར་མི་ཞིག་དགྲས་རྐང་ལག་གཏུབས་ཏེ་ཆུར་བོར་བ་དེས་ཉམ་ཐག་པའི་ང་རོའི་སྐད་འབྱིན་པ་རྒྱལ་བུས་ཐོས་ནས་སྙིང་རྗེས་བལྟས་པས་མི་དེ་མཐོང་ནས་ཆུ་ལས་བསྒྲལ་ཏེ་གཏམ་དྲིས་པ་ན། དེས་ཇི་ལྟར་གྱུར་པ་བསྙད་དོ། །མི་དེ་རྩ་བ་དང་འབྲས་བུས་ཚིམས་པར་བྱས་ནས་ཆུང་མ་ལ་གཏད་ཅིང་དེའི་རིམ་གྲོ་བྱས་པས་མི་དེ་སོས་པར་གྱུར་ཏོ། །དེ་དེ་དང་ཤིན་ཏུ་གཅུགས་པས་གཏམ་སྣ་ཚོགས་སྨྲ་ཞིང་འདུག་གོ། །བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་འདོད་པས་གདུང་བར་མི་བྱེད་པར་རེས་འགའ་ཙམ་ལས་འཁྲིག་པ་རྒྱུན་དུ་མི་བསྟེན་ཅིང་། བྱང་ཆུབ་སེམས་དཔའི་མཐུས་ཕྱོགས་དེའི་རྩ་འབྲས་རྣམས་རྒྱས་ཤིང་བཅུད་དང་ལྡན་པས་དེ་དག་ལུས་བརྟས་ནས་འདོད་ཆགས་བདོ་བ་ན། ཆུང་མ་དེས་མི་རྐང་ལག་རྡུམ་པ་དེ་བསྒུགས་པ་དང་། དེས་སྨྲས་པ། ཁྱོད་ཀྱི་ཁྱོ་བོས་ཁོ་བོ་ཤི་བ་ལྟ་བུ་ལས་གསོས་པས། ད་འདི་འདྲ་བྱས་པ་ཚོར་ན་སྲོག་དང་བྲལ་བའི་ཉེན་ཡོད་དོ། །ཞེས་སྨྲས་ནས་ཉན་དུ་མ་གཏུབས་ཀྱང་། དེས་དེ་ཡང་ནས་ཡང་དུ་བསྒུགས་པ་ཉོན་མོངས་པ་ཐུལ་དཀའ་ནས་དེ་དང་ལྷན་ཅིག་ཉལ་ལོ། །དེ་ནས་ཆེས་ཆགས་པར་གྱུར་ནས་མངགས་ཀྱང་རང་གི་ཁྱོའི་དྲུང་དུ་མི་འགྲོ་བ་ན། མི་དེས་བསམས་པ། ཤ་འཁོན་རྣམས་ཀྱི་ནང་ན་ཐ་ཆད་ནི་བུད་མེད་ཀྱི་ཤ་འཁོན་ཡིན་པས། འདི་འདི་ལྟར་ཆགས་ཤིང་བདག་དང་ལྷན་ཅིག་ཉལ་བར་ཤེས་ན་གདོན་མི་འཚལ་བར་གནོད་པར་འགྱུར་རོ། །ཞེས་སྨྲས་པ་དང་། ཆུང་མ་དེས་སྨྲས་པ་འདི་བདེན་གྱིས་ཐབས་ཤིག་བྱའོ་སྙམ་སྟེ། མགོ་གོས་ཀྱིས་དཀྲིས་ནས་རི་བྲག་ཞིག་ན་ཉལ་བ་དང་། ས་གས་རྩྭ་འབྲས་ཁྱེར་ནས་འོངས་ཏེ་དྲིས་པ་ན། བདག་བྲོ་འཚལ་ལོ། །དེས་ཅི་ཕན་ཞེས་དྲིས་པ་དང་། རིའི་བྱ་སྐྱིབས་ན་རྡོ་དྲེག་ཞིག་འདུག་པ་མཐོང་ནས་སྨྲས་པ། སྔར་ཀླད་པ་ན་བའི་ཚེ་སྨན་པས་རྡོ་དྲེག་བསྟན་ཏེ་སོས་སོ་ཞེས་སྨྲས་པ་ལ། ས་གས་རྡོ་དྲེག་བཙལ་ལོ་ཞེས་སྨྲས་ཏེ། བུད་མེད་དེས་གཡོ་ཐབས་ཀྱིས་དཔྱང་ཐག་བཟུང་ནས་ས་ག་རྡོ་དྲེག་གི་སྟེང་དུ་བཏང་བའི་རྗེས་སུ་དཔྱང་ཐག་བཏང་སྟེ་ཆུ་ལ་བོར་བར་བྱས་སོ། །དེ་ཆུས་ཁྱེར་ནས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་ཕྱིན་པ་ན། ཡུལ་དེའི་རྒྱལ་པོ་བུ་མེད་པར་ཤི་ནས། བསོད་ནམས་ཀྱི་སྐལ་པ་དང་ལྡན་པ་ཞིག་རྒྱལ་སྲིད་ལ་བཞག་གོ་ཞེས་ཡུལ་དེའི་བློན་པོ་སོགས་མི་རྣམས་ཀྱིས་བྲམ་ཟེ་མཚན་མཁན་ལ་འཚོལ་དུ་བཅུག་པ་དང་། ས་ག་དེ་ཕྱོགས་ཞིག་ན་འདུག་པ་དེར་རྒྱན་གྱིས་བརྒྱན་པ་བཞིན་དུ་མཐོང་ནས། མཚན་མཁན་རྣམས་ཀྱིས། དེ་སྐལ་བ་དང་ལྡན་པ་མཐོང་སྟེ་བློན་པོ་རྣམས་ལ་སྨྲས་པས་རྒྱལ་སྲིད་ལ་བཞག་གོ། །དེའི་ཚེ་དེ་ལ་བཙུན་མོ་བླང་བའི་ཕྱིར་ཡུལ་དེའི་བློན་པོ་རྣམས་དང་ཡུལ་གཞན་གྱི་རྒྱལ་པོ་དང་ནོར་ཅན་རྣམས་ཀྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་ནས་ཁྲིད་དེ་རྒྱལ་པོས་ཁབ་ཏུ་བཞེས་པར་ཞུས་ཀྱང་། རྒྱལ་པོ་དེ་བུད་མེད་ཀྱིས་སུན་ཕྱུང་བ་ཡིན་པས་ཁས་མ་བླངས་ཤིང་བུད་མེད་ལ་སྨོད་དོ། །གང་གི་ཚེ་བུད་མེད་བྱས་པ་ཆུད་གཟོན་པ་དེས་ཁྱིམ་ཐབ་རི་ལ་བོར་བ་དེ་ཚེ་རྩ་བ་དང་འབྲས་བུ་རྣམས་སྲབ་པར་གྱུར་ཅིང་མཐུ་མེད་པར་གྱུར་ནས་མུ་གེས་ཉེན་པས་མི་རྐང་ལག་མ་ཚང་བ་དེ་ཉིད་ཁུར་དུ་ཐོགས་ཏེ་ལམ་སྲང་ཐམས་ཅད་དུ་རྒྱུ་ཞིང་། གང་གིས་དྲིས་པ་ལ། བདག་ཁྱིམ་ཐབ་ལས་མི་འཕྱོ་བའོ་ཞེས་སྨྲས་པས། གང་དུ་ཞུགས་པ་དེར་སློང་མོ་འཐོབ་པ་དེ་རིམ་གྱིས་རྒྱལ་པོ་དེའི་ཕོ་བྲང་དུ་ཕྱིན་ནས། ཁ་ཅིག་ངོ་མཚར་སྐྱེ་ཞིང་ལྟ་བར་བྱེད་ལ། བདག་ཅག་གི་རྒྱལ་པོ་འདིས་བུད་མེད་ཐམས་ཅད་ལ་སྨོད་པར་བྱེད་ཀྱང་ཁྱིམ་ཐབས་ལས་མི་འཕྱོ་བའི་བུད་མེད་འདི་འདྲ་ཡོད་པ་མ་མཐོང་བ་ལྟ་ཞེས་སྨྲས་པའི་གཏམ་དེ་རིམ་གྱིས་རྒྱལ་པོས་ཐོས་ནས་བུད་མེད་དེ་བལྟ་ཡིས་ཁུག་ཅིག །དེར་འོངས་པ་དང་རྒྱལ་པོ་འཛུམ་དམུལ་ཏེ། ང་ཡི་བརླ་ཡི་ཤ་དག་དང་། །ཁྲག་ཀྱང་ཟོས་ཤིང་འཐུང་ནས་ནི། །རྔུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་ལས་དང་མི་འཕྱོའམ། །རྡོ་དྲེག་དག་གི་ཆེད་དུ་ནི། །ང་ནི་གཡང་སར་བོར་ནས་སུ། །རྔུམ་པོ་ཁུར་དུ་ཐོགས་པ་ཁྱོད། །ཁྱིམ་ཐབ་ལས་ནི་མི་འཕྱོའམ། །ཞེས་གསུངས་པས་བུད་མེད་དེ་ངོ་ཚ་བས་གདོང་སྨད་དེ་འདུག་གོ། །བློན་པོ་རྣམས་ཀྱིས་དེ་རྒྱལ་པོ་ལ་དྲིས་པ་དང་། ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པས། བུད་མེད་དེ་ལ་རླངས་པའི་ཚིག་གིས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བསྐྲད་དོ། །དེ་སྐབས་ཀྱི་རྒྱལ་བུ་གཞོན་ནུས་ག་ནི་བཅོམ་ལྡན་འདས་ཉིད་ཡིན་ལ། བུད་མེད་དེ་ནི་ལྷས་སྦྱིན་ཡིན་པར་གསུངས་སོ། ༈ །ཡང་སྔོན་རྒྱ་མཚོའི་འགྲམ་ན་ཤང་ཤང་ཏེའུ་གཉིས་ལུས་གཅིག་ཏུ་གྱུར་པ་ཞིག་གནས་ཏེ་གཅིག་གི་མིང་ནི་ཆོས་ཅན་དང་། གཅིག་ཆོས་མིན་ཞེས་བྱའོ། །ཇི་ཙམ་ན་ཆོས་མིན་གཉིད་ལོག་པ། ཆོས་ཅན་མེལ་ཙེ་བྱེད་པས་བདུད་རྩིའི་འབྲས་བུ་ཞིག་རྙེད་པ་ན་དེ་བླངས་ཏེ་བསམ་པ། རེ་ཞིག་འདི་བསླང་ངམ་འོན་ཏེ་ཟ། ཡང་བསམ་པ། ཟོས་ཀྱང་ལུས་པོ་གཅིག་ཁོ་ན་གསོ་བར་ཟད་དོ་སྙམས་པས། དེ་གཉིད་ལས་མ་བསླངས་པར་ཟོས་སོ། །ཆོས་མིན་སད་པས་ཆོས་ཅན་བདུད་རྩིས་འབྲས་བུའི་སྒྲེག་པ་བྱུང་བ་ཚོར་ནས་འདི་ཅི་ཞིག་གིས་སྒྲེག་པ་ཡིན། ཆོས་ཅན་གྱིས་བདུད་རྩིས་འབྲས་བུ་ཡིན་ནོ། །དེ་གང་ནས་རྙེད། དེས་ཇི་ལྟར་གྱུར་པ་བསྙད་པས། ཆོས་མིན་ན་རེ། ཁྱོད་ཀྱིས་མི་ལེགས་པ་བྱས་ཏེ་ངས་ཀྱང་དུས་ཤེས་པར་བྱའོ་ཞེས་ཇི་ཞིག་ན། ཆོས་ཅན་གཉིད་དུ་སོང་བའི་ཚེ། ཆོས་མིན་མེལ་ཚེ་བྱེད་པས་དུག་གི་འབྲས་བུ་ཆུས་ཁྱེར་བ་མཐོང་ནས་དེ་ཟོས་པ་དང་བརྒྱལ་བར་གྱུར་ཏོ། །ཆོས་མིན་དུག་གིས་འཁྲུགས་ནས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་ཁྱོད་གསོད་པ་དང་ཕྱིར་རྒོལ་བ་དང་དགྲ་བོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཆོས་ཅན་གྱིས་བདག་གང་དུ་སྐྱེས་པའི་ཚེ་རབས་དེ་དག་ཏུ་ཁྱོད་ལ་བྱམས་པ་བསྒྲུབ་པར་གྱུར་ཅིག་ཅེས་བྱས་སོ། །དེ་ལྟར་ཆོས་ཅན་ནི་བཅོམ་ལྡན་འདས་དང་། ཆོས་མིན་ནི་ལྷས་སྦྱིན་ནོ། །ངང་པ་མགོ་གཉིས་ཀྱང་དེ་དང་འདྲའོ། ༈ །གཞན་ཡང་ཉ་བའི་ཁྱེའུ་སྙན་ངག་མཁན་དང་། རྒྱལ་པོ་ཉི་མའི་མུ་ཁྱུད་དུ་གྱུར་པའི་དུས་དང་། ནོར་བུ་མཁན་ནོར་བུའི་རིན་ཐང་ཆེ་ཆུང་དུ་བརྩོད་པ་གཉིས་དང་། ཁྱིམ་བདག་ཞིག་གི་བུ་གཉིས་དང་། བྲམ་ཟེའི་ཁྱེའུ་གཉིས་སུ་གྱུར་པའི་དུས་སུ་ཡང་སྔོན་ལྷས་སྦྱིན་དང་མི་མཐུན་པར་གྱུར་པའི་ཚུལ་ནི་འདུལ་བ་གཞི་བམ་པོ་བརྒྱ་དང་གསུམ་པར་བལྟ་བར་བྱའོ། ༈ །ཡང་སྔོན་བཅོམ་ལྡན་འདས་འདི་ལུས་འཕགས་ཀྱི་རྒྱལ་པོར་གྱུར་པ་ན། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་པོ་སྔ་མ་ལས་སྟོབས་ཆུང་བས་རྟག་ཏུ་ཅིག་ཤོས་ཀྱི་དཔལ་ལ་འཁུ་ཞིང་དགྲ་ཟླར་བྱས་ཀྱང་ལུས་འཕགས་ཀྱི་རྒྱལ་པོས་རྟག་ཏུ་བྱམས་པའི་སེམས་སུ་བྱེད་དོ། །ནམ་ཞིག་ཚངས་སྦྱིན་དེས་དཔུང་གི་ཚོགས་བཞི་བཤམས་ཏེ་ལུས་འཕགས་ཀྱི་རྒྱལ་པོ་དང་གཡུལ་སྤྲད་པའི་ཕྱིར་ལྷགས་པ་ན་ལུས་འཕགས་ཀྱི་རྒྱལ་པོ་དེ་བས་ཆེས་སྟོབས་དཔུང་ཆེ་ཡང་དེ་ལ་དགྲར་མ་བཟུང་བར། དཔག་ཚད་ཕྱེད་དང་གསུམ་གྱི་ལམ་བསྟར་ཏེ། རྒྱན་གྱི་བཀོད་པས་བརྒྱན་ནས། བསོད་པའི་བཟའ་བཏུང་སྟ་གོན་བྱས་ཏེ། བློན་པོ་དང་གྲོང་མི་རྣམས་བསྲིངས་ནས་བསུས་པ་དང་། རྒྱལ་པོ་ཚངས་སྦྱིན་ཡང་ཁྲོ་བའི་ཀུན་དཀྲིས་དང་བྲལ་ནས་ལུས་འཕགས་ཀྱི་རྒྱལ་པོ་དགའ་བར་འགྱུར་བར་བྱས་ཏེ། སླར་ལྡོག་གོ་བསམས་ནས་ལུས་འཕགས་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། དེ་བཀུར་སྟི་ཆེན་པོས་ནང་དུ་ཁྲིད་དེ། ཁ་ཟས་བསོད་པས་ཚིམ་པར་བྱས་ནས། རྒྱལ་དབང་བདག་ལ་བཟོད་པར་མཛོད། །ཁྱོད་ལ་བདག་ནི་རྟག་ཏུ་འདུད། །བདག་ནི་གྲོགས་པོར་གྱུར་ལགས་ན། །ཁྱོད་ཀྱིས་བདག་ལ་བརྩེ་བར་མཛོད། །ཅེས་བྱས་པ་ན། དེས་ཀྱང་སྨྲས་པ། བཟོད་པ་ཡི་ནི་གཞུ་བདུངས་ནས། །ཁྲོ་དང་ང་རྒྱལ་འཇོམས་པ་ཡི། །ཡོན་ཏན་ལྡན་པའི་མདའ་གཅིག་གིས། །ཁྱོད་ཀྱིས་བདག་ཅག་རིལ་བཅོམ་མོ། །དེ་ནས་དེ་གཉིས་ཕན་ཚུན་ཡིད་གཅུགས་པར་གྱུར་ནས་ཚངས་བྱིན་རང་གི་ཡུལ་དུ་དོང་ངོ་། ༈ །ཡང་བཅོམ་ལྡན་འདས་འདི་ཉིད་སྔོན་རྒྱལ་པོ་གཉེན་ལྡན་ཞེས་བྱ་བར་གྱུར་པ་ན། འགྲན་ཟླ་རྒྱལ་པོ་དྲག་པོའི་ལྷ་ཞེས་བྱ་བས་དཔུང་གི་ཚོགས་བཤམས་ནས་གཉེན་ལྡན་གྱི་རྒྱལ་སྲིད་ལེན་དུ་འོངས་བ་ན། གཉེན་ལྡན་གྱིས་བློན་པོ་རྣམས་ལ་དེ་ལ་ཅི་ལྟར་བྱེད་ཅེས་དྲིས་པ་དང་། ཁ་ཅིག་གིས་སྙིང་སྟོབས་བསྐྱེད་པར་བྱ་དང་སླར་ལྡོག་གོ་ཞེས་དང་། དེ་བཞིན་དུ་ནོར་སྦྱིན་པ་དང་། བློན་པོའི་ཚོགས་ཀྱིས་ཇི་ལྟར་བསྒྲུབ་པ་དང་། དམག་གིས་བརྒལ་བར་བྱའོ་ཞེས་དང་། གྲོང་ཁྱེར་གྱི་གཙོ་བོ་ཆུ་ལྷ་ཞེས་པ་ཕྱུག་ཅིང་ནོར་མང་བ་ཡིད་གཞུངས་ཤིང་སྙིང་རྗེ་ཡོད་པ་དེས་བདག་གིས་ནོར་ཇི་སྙེད་པ་སྩལ་ལ་སྔགས་ཀྱིས་བཟློག་པར་བྱའོ་ཞེས་གླེང་བ་བཞིན། དགྲ་ཟླའི་རྒྱལ་པོ་དེ་ལ་ཕོ་ཉ་བཏང་ནས་ནོར་བྱིན་ཀྱང་ཟློག་པར་མ་བཏུབ་ལ་དམག་འོངས་སོ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་ཕན་ཚུན་རང་རང་གི་རྒྱལ་སྲིད་འདིས་ཆོག་པར་བྱས་ནས་ལྷ་ཅིག་དགའ་བར་མཛད་འཚལ་ལོ། །འཚོ་བ་ཡུན་ཐུང་ལ། ཕ་རོལ་དུ་འགྲོ་བར་འགྱུར་བས། ཁ་ཟས་གཅིག་དང་། གོས་ཟུང་གཅིག་དང་། མལ་ཆ་གཅིག་དང་། ཆུང་མ་གཅིག་ཙམ་གྱིས་ཆོག་པ་དེ་ལྟར་ཤེས་པར་གྱིས་ཤིག །མཁས་པ་ནི་ཕ་རོལ་དང་རྩོད་པར་མི་བྱེད་དེ། སེམས་ཅན་གཅིག་ལ་གསེར་གྱི་རི་ཞིག་ཡོད་ཀྱང་དེས་ཆོག་མི་ཤེས་པར་རྙེད་པ་ལ་ཆགས་པ་འཕེལ་བར་བྱེད་དོ། །གྲོགས་པོ་དག་རེ་ཞིག་དགོངས་ལ་རྒོལ་བ་དེ་གཏང་བར་མཛོད་ཅིག །མཁས་པས་ནི་ཆོག་ཤེས་པར་བསྐྱེད་པར་བྱའོ་ཞེས་རྗེས་སུ་མཐུན་པར་བྱས་ཀྱང་ཆགས་པས་ཟིལ་གྱིས་མནན་པ་དེ་མི་ལྡོག་སྟེ་འོངས་ནས་ཁྱོད་བསད་ན་ནི་ངའི་རྒྱལ་སྲིད་དང་། བདག་བསད་ན་ཁྱོད་ཀྱི་རྒྱལ་སྲིད་དུ་འགྱུར་ཞེས་པའི་སྤྲིང་ཡིག་སྟོན་ཏོ། །དེར་རྒྱལ་པོ་གཉེན་ལྡན་དེས་འཇིག་རྟེན་གྱི་ཁམས་གང་དང་གང་ལ་ཆགས་པ་དེ་ལས་སྡུག་བསྔལ་མྱོང་བར་འགྱུར་བས། ཁམས་ཡོད་ན་སེམས་ཅན་གྱི་ཡོ་བྱད་དགོས་ལ། ཁམས་མེད་ན་མི་དགོས་སོ་སྙམ་དུ་རྒྱལ་སྲིད་བཏང་སྟེ་རབ་ཏུ་བྱུང་ནས་ཚངས་པའི་གནས་པ་བཞི་བསྐྱེད་ཅིང་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ༈ །ཡང་སྔོན་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་ནས་དེའི་བསྟན་པའི་གཟུགས་བརྙན་གྱིས་དུས་ན། ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོ་ཆེན་པོ་མཁས་ཤིང་དྲང་བ་མཆོག་དང་ལྡན་པ། རྒྱལ་ཕྲན་དྲུག་ཅུ་ལ་དབང་བསྒྱུར་བའི་སྲས་སུ་བཅོམ་ལྡན་འདས་ཉིད་རྒྱལ་བུ་བཟོད་པ་ཞེས་བྱ་བར་གྱུར་པ་སྦྱིན་ལ་དཔའ་ཞིང་སྙིང་རྗེ་ཆེན་པོར་གྱུར་ཏོ། །དེར་བློན་པོ་ཁྲོ་ཞིང་གཡོ་སྒྱུ་ཅན་ཉེས་པ་མེད་པར་སྟབས་ལས་གཅོད་པ་དྲུག་ཡོད་པ་དེ་དག་རང་གི་སྐྱོན་གྱིས་རྒྱལ་བུ་དེ་ལ་རྟག་ཏུ་ཕྲག་དོག་བྱེད་དོ། །དེའི་ཚེ་རྒྱལ་པོ་ནད་ཚབས་ཆེན་པོས་བཏབ་པ་ན། རྒྱལ་བུས་ཡབ་རྒྱལ་པོའི་སྐུ་ཚབས་ཇི་འདྲ་ཞེས་བློན་པོ་རྣམས་ལ་དྲིས་པ་དང་། དེ་དག་གིས་རྒྱལ་པོ་ནི་རིང་པོར་མི་ཐོགས་པར་འདའོ། །དེ་ཅིའི་ཕྱིར་ན་སྨན་བཟང་པོ་མི་རྙེད་པའི་ཕྱིར་རོ་ཞེས་སྨྲས་པ་ལ། རྒྱལ་བུ་དེ་ཤིན་ཏུ་མི་དགའ་ནས་ས་ལ་འགྱེལ་བ་དང་། བློན་པོ་དྲུག་པོ་དབེན་པར་བགྲོས་ཏེ། རྒྱལ་བུ་བཟོད་པ་འདི་མེད་པར་མ་བྱས་ན། བདག་ཅག་ནམ་ཡང་མི་བདེའོ་ཞེས་སོ། །དེར་གཅིག་གིས་འདི་ལ་ཉེས་པ་མེད་ན་ཇི་ལྟར་མེད་པར་བྱ། གཅིག་གིས་སྨྲས་པ། ཐབས་ཡོད་དོ་ཟེར་ནས། རྒྱལ་བུ་ག་ལ་བར་སོང་ནས་བདག་ཅག་གིས་མཐའ་རྒྱལ་ཕྲན་དྲུག་ཅུའི་ཡུལ་དང་། གྲོང་ཁྱེར་བརྒྱད་བརྒྱའི་ནང་དུ་རྒྱལ་པོ་འཚོ་བའི་སྨན་བཙལ་ཀྱང་མ་རྙེད་དོ་ཞེས་སྨྲས་སོ། །རྒྱལ་བུས་རྒྱལ་པོ་ལ་སྨན་ཅི་དགོས་ནས་མ་རྙེད། བློན་པོ་ན་རེ། སྨན་ནི་ཐོག་མར་བཙས་ནས་ཁྲོ་མི་ཤེས་པ་ཞིག་གི་མིག་འབྲས་དང་རྐང་དགོས་པས་དེ་མ་རྙེད་ན་རྒྱལ་པོ་མི་འཚོའོ། །དེ་ཐོས་པས་རྒྱལ་བུ་མི་དགའ་ཞིང་ཡང་བསམས་ཏེ། བདག་དེ་དང་ལྡན་ནོ་ཞེས་སྨྲས་སོ། །བློན་པོ་རྣམས་ཀྱིས་དེ་ལྟར་ཡང་བྱ་དཀའོ། །རྒྱལ་བུས་སྨྲས་པ། ཡབ་རྒྱལ་པོ་བསྙུན་ལས་ཐར་ན་བདག་གི་ལུས་བརྒྱ་སྟོང་བཏང་ཡང་དཀའ་བ་མེད་དོ། །དེ་ནས་རྒྱལ་བུས་ཡུམ་ལ་ཕྱག་བྱས་ཏེ། བདག་གི་ལུས་འདི་རྒྱལ་པོའི་སྨན་དུ་གསོལ་གྱི་གལ་ཏེ་སྲོག་མི་འཚོར་དོགས་པས་ཡུམ་ལ་མཆི་ཕྱག་འཚལ་གྱིས་ཡུམ་མི་དགྱེས་པར་མ་མཛད་ཅིག །དེ་ཐོས་པས་ཡུམ་བརྒྱལ་ཏེ་ས་ལ་འགྱེལ་ལོ། །དེ་ཆུ་གྲང་མོས་གཏོར་ནས་ཡང་སྨྲས་པ། ཡབ་རྒྱལ་པོ་སྐུ་ཚེ་རིང་པོར་མི་ཐོགས་པས་དོན་སྐུ་ཚེ་འཚོ་བར་བགྱིའོ། །རྒྱལ་བུ་དེས་བློན་པོ་རྣམས་དང་། རྒྱལ་ཕྲན་རྣམས་དང་། འཁོར་མང་པོ་རྣམས་ལའང་མཆི་ཕྱག་བྱས་ཤིང་། བློན་པོས་རིགས་ངན་པའི་ཤན་པ་ཞིག་བོས་ནས་རྒྱལ་བུའི་རྐང་རུས་བཅག་སྟེ་རྐང་ནི་ཕྱུངས། མིག་འབྲས་གཉིས་ཕྱུངས་པ་སྨན་དང་བརྡུངས་ནས་རྒྱལ་པོ་ལ་ཕུལ་བས་ནད་སོས་པར་གྱུར་ཏོ། །རྒྱལ་པོ་ནད་སོས་ནས་བློན་པོ་རྣམས་ལ་འདི་ལྟ་བུའི་སྨན་བཟང་པོ་སྲོག་ཐར་བར་བྱེད་པ་ག་ལས་རྙེད། གསོལ་པ་སྨན་འདི་ནི་རྒྱལ་བུ་བཟོད་པས་སྦྱར་བ་ལགས་སོ། །དེ་སྐད་ཐོས་པས་རྒྱལ་པོ་བརྒྱལ་ཏེ་ས་ལ་འགྱེལ་ནས། རྒྱལ་བུ་བཟོད་པ་ད་ལྟ་ག་རེ་ཞེས་དལ་གྱིས་དྲིས་པ་ལ། ད་ལྟ་ཕྱི་རོལ་ན་ལུས་ཀྱི་སྨན་གསོ་ཞིང་སྲོག་མི་འཚོར་དོགས་སོ། །དེ་སྐད་ཐོས་པས་རྒྱལ་པོ་སྐད་ཕྱུངས་ཤིང་ལུས་ས་ལ་བརྡབས་ནས་ཁོ་བོ་ཁྲེལ་མེད་ཡིན་ཏེ་ཅིའི་ཕྱིར་བུའི་ཤ་སྨན་དུ་ཟོས་ཞེས་བུ་ག་ལ་བར་སོང་བ་དང་། རྒྱལ་པོ་མ་སླེབས་པར་རྒྱལ་བུ་ཡང་ཚེ་འདས་སོ། །རྒྱལ་བློན་བཙུན་མོ་འཁོར་དང་བཅས་པས་བསྐོར་ཞིང་ཡུམ་ཡང་རྒྱལ་བུའི་རོའི་སྟེང་དུ་ལུས་བརྡབ་ཅིང་སྨྲེ་སྔགས་འདོན། དེར་རྒྱལ་པོ་དང་རྒྱལ་ཕྲན་རྣམས་ཀྱིས་ཙན་དན་གྱི་ཤིང་ལས་བསྲེགས་ཏེ་རུས་པ་རིན་ཆེན་སྣ་བདུན་གྱི་མཆོད་རྟེན་བྱས་སོ། །དེ་དུས་ཀྱི་རྒྱལ་པོ་ཡབ་ཡུམ་ནི་ད་ལྟའི་ཟས་གཙང་དང་ལྷ་མཛེས་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་སེང་གེ་ཡི་དམ་བརྟན་པ་ཞེས་བྱ་བ་ལུས་གསེར་གྱི་མདོག་ལྟར་འཚེར་བར་གྱུར་པ་ཞིག་ཏུ་གྱུར་པ་དེས་ཟས་སུ་འབྲས་བུ་དང་རྩ་བ་ཟ་ཞིང་སེམས་ཅན་སུ་ལའང་མི་གནོད་ཅིང་རབ་ཏུ་བྱུང་བ་ལ་གུས་པར་བྱེད་པས་གནས་སོ། །དེར་རྔོན་པ་ཞིག་གིས་སེང་གེ་འདི་བསད་ནས། ལྤགས་པ་རྒྱལ་པོ་ལ་ཕུལ་ན་བདག་དབུལ་བ་བོར་བར་འགྱུར་རོ་སྙམ་དུ། གོས་ངུར་སྨྲིག་གྱོན་ཏེ་རབ་ཏུ་བྱུང་པ་ལྟར་བཅོས་ནས་མདའ་གཞུ་ཐོགས་ཤིང་སེང་གེ་གཉིད་ལོག་པ་ལ་དུག་མདས་བསྣུན་ནོ། །སེང་གེ་སད་ནས་རྔོན་པའི་རྩར་བསྙེགས་པ་དང་། ཆོས་གོས་གྱོན་པ་མཐོང་ནས། དུས་གསུམ་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཆོས་གོས་འདི་འཆང་བ་ལ་བདག་གིས་གནོད་པ་བྱས་ན་དུས་གསུམ་གྱི་འཕགས་པ་རྣམས་ལ་ངན་སེམས་བསྐྱེད་པ་ཡིན་ནོ་སྙམ་དུ་གསོད་སེམས་བཏང་བ་དང་། དུག་མདས་ཕོག་པས་སྲོག་བྲལ་བ་ལ་ཐུག་པ་ན་འདི་སྐད་ཅེས། ཡ་ལ་ལ་བ་ཤ་ས་སཱ་ཧཱ། ཞེས་སྨྲས་པའི་ཚིག་གིས་གནམ་ས་ཀུན་གཡོས་ཤིང་སྤྲིན་མེད་པར་ཆར་བབ་སྟེ། ལྷ་རྣམས་ཀྱི་མིག་གིས་བྱང་ཆུབ་སེམས་དཔའ་སེང་གེའི་ཚུལ་དུ་ཞུགས་པ་རྔོན་པས་བསད་པར་མཐོང་ནས། ལྷའི་མེ་ཏོག་གི་ཆར་གྱིས་སེང་གེའི་ལུས་ལ་མཆོད་པར་བྱས་སོ། །རྔོན་པས་པགས་པ་ཁྱེར་ཏེ། རྒྱལ་པོ་དེ་བྱི་ལ་ཕུལ་ནས་བྱ་དགའ་ཞུས་པ་དང་། གཙུག་ལག་ལས་དུད་འགྲོ་གང་གི་སྤུ་གསེར་ལྟར་འདུག་ན་ངེས་པར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ཡིན་ནོ་ཞེས་འབྱུང་བས་ན་ཅིའི་ཕྱིར་རྔོན་པ་འདི་ལ་བྱ་དགའ་སྦྱིན། གལ་ཏེ་བྱིན་ན་བདག་གིས་གསོད་པ་དང་འདྲ་བར་སྡིག་པར་འགྱུར་རོ་སྙམ་དུ་བསམས་པ་དང་། རྔོན་པས་ཡང་བསྐུལ་བས་ཅུང་ཟད་ཅིག་བྱིན་ནས་རྔོན་པ་ལ་འདི་སྐད་དུ། སེང་གེ་འདི་བསད་པའི་ཚེ་ངོ་མཚར་རམ་ལྟས་ཅི་བྱུང་ཞེས་དྲིས་པ་ན་དེའི་ཁ་ནས་སྔར་གྱི་ཡི་གེ་འབྲུ་བརྒྱད་པོ་འདི་སྨྲས། གནམ་ས་ཡང་གཡོས། སྤྲིན་མེད་པ་ལས་ཆར་བབ་སྟེ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་བོ་ཞེས་སྨྲས་སོ། །དེ་ཐོས་ནས་རྒྱལ་པོ་ཤིན་ཏུ་མི་དགའ་སྟེ་དད་པའི་སེམས་བསྐྱེད་ནས། བློ་ལྡན་ཀུན་བཀུག་སྟེ་སེང་གེས་སྨྲས་པའི་ཚིག་དཔྱད་པ་ན་གཅིག་གིས་ཀྱང་མ་གོ་མ་ཤེས་སོ། །གནས་དབེན་པར་དྲང་སྲོང་ཤ་མ་ཞེས་པའི་མཁས་པ་ཞིག་ལ་དྲིས་པ་དང་། དེས་ཡ་ལ་ལ་ཞེས་པའི་དོན་ནི། སྐྲ་བྲེག་ལ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་འབའ་ཞིག་སྐྱེ་ཤི་ལས་མྱུར་དུ་ཐར་རོ་ཞེས་ཟེར་རོ། །བ་ཤ་ས་ཟེར་བ་ནི། སྐྲ་བྲེག་སྟེ་ཆོས་གོས་མདོག་བསྒྱུར་བ་གྱོན་པ་ཐམས་ཅད་འཕགས་པའི་མཚན་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་ཉེའོ་ཞེས་ཟེར་རོ། །སཱ་ཧཱ་ཞེས་པའི་དོན་ནི། སྐྲ་བྲེག་སྟེ་ཆོས་གོས་མདོག་བསྒྱུར་བ་གྱོན་ན་ལྷ་དང་མི་དང་འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་བཀུར་སྟི་བྱེད་དོ་ཞེས་པའི་དོན་ཡིན་ནོ་ཞེས་བསྟན་པ་དང་། རྒྱལ་པོ་དགའ་ནས། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་བསྡུས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟའི་སྟེང་དུ་སེང་གེའི་པགས་པ་བཞག་པ་ཀུན་གྱིས་མཐོང་བར་བྱས། སྤོས་དང་མེ་ཏོག་གིས་མཆོད་ཅིང་ཕྱག་འཚལ་དུ་བཅུག་གོ། །དེ་ནས་གསེར་སྒྲོམ་དུ་པགས་པ་དེ་བཅུག་སྟེ་མཆོད་རྟེན་བྱས་སོ། །དེར་མི་མང་པོ་དག་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེ་ལྟར་སྟོན་པ་བཅོམ་ལྡན་འདས་ཉིད་སེང་གེར་གྱུར་པ་གོས་ངུར་སྨྲིག་གྱོན་པ་ལ་དགེ་སེམས་བསྐྱེད་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་བསྒྱུར་བར་གྱུར་ཏེ་སེམས་ཅན་ཀུན་ལ་བདེ་བ་བྱིན་ཅིང་། བསོད་ནམས་ཀྱི་ལས་རྒྱས་པར་བྱས་ནས་མ་ངོམས་པར་བྱས་སོ། །རྒྱལ་པོ་དེ་བྱིས་སེང་གེའི་པགས་པ་ལ་མཆོད་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་ལྷ་མིའི་མཆོག་ཏུ་གྱུར་ནས་དགེ་བ་ཀུན་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པའོ། །དྲང་སྲོང་དེ་ནི་ཤཱ་རིའི་བུ། རྔོན་པ་དེ་ནི་ད་ལྟར་ལྷས་སྦྱིན་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་ན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་བྱམས་ཞིང་སྙིང་རྗེར་ལྡན་པ་གཏོང་བ་ཆེན་པོ་དང་ལྡན་པ་དེ་ལ། བཙུན་མོ་གཏུམ་ཞིང་ཁྲོ་ལ་གཟུ་ལུམ་ཆེ་བ་དེའི་སྲས་ཆོས་སྐྱོང་ཞེས་བྱ་བ་གཅིག་པུ་ཞིག་བཙས་སོ། །ཁྱེའུ་དེ་ཡང་བསམ་པ་བཟང་ལ་དད་པ་དང་ལྡན་ཞིང་རང་གཞན་ལ་ཕན་པར་ཞུགས་པ་སྙིང་རྗེ་ཆེ་བ་ཞིག་སྟེ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་གྱུར་པ་དེ། མཁན་པོའི་ཐད་དུ་བྱིས་པ་རྣམས་དང་ལྷན་ཅིག་ཡི་གེ་སློབ་པའི་ཚེ། དཔྱིད་ཀྱི་དུས་སུ་རྒྱལ་པོ་དང་བཙུན་མོ་རྣམས་ དང་ལྷན་ཅིག་སྐྱེད་ཚལ་ན་རྩེ་བ་ན། བཙུན་མོ་བློ་ངན་མ་ཕྲག་དོག་དང ་ཁྲོ་བས་ནོན་ཏེ་འཁྲུགས་སོ། །དེ་ལ་རྒྱལ་པོས་སྐོམ་འཐུངས་པའི་ཕྱེད་བསྐུར་བ་དང་། དེ་འཁྲུགས་པས་རྒྱལ་པོ་ལ་ཕྲིན་སྤྲིངས་པ། གལ་ཏེ་བདག་ཁྱོད་ཀྱིས་འཐུངས་པའི་ཕྱེད་འཐུངས་ན་བདག་བུའི་ཁྲག་འཐུང་བར་གྱུར་ཅིག་ཅེས་བྱས་སོ། །འདོད་པ་བསྟེན་པས་སྡིག་པའི་ལས་མི་བྱ་བ་ཅི་ཡང་མེད་པས། རྒྱལ་པོ་ཚངས་བྱིན་ཆོས་དང་ལྡན་པ་ཡིན་མོད་ཀྱིས་འདོད་པས་ཀུན་ནས་དཀྲིས་པ་དང་མ་བྲལ་ཏེ། བཙུན་མོའི་འཁོར་གྱིས་ཕེའུ་བཏབ་ཀྱང་ཁྲོ་བའི་མེ་འབར་ཏེ་ཇེ་ཐུར་ཁྲོས་ནས། ཁྱེད་དེང་ལ་ཁྱེའུ་ཆོས་སྐྱོང་གི་མགུལ་པ་ཆོད་ལ་བློ་ངན་མ་དེ་ལ་ཁྲག་ལུད་ཅིག་ཅེས་བསྒོའོ། །དེ་ཁྱེའུ་ཆོས་སྐྱོང་བྱིས་པའི་གྲ་ཁང་ན་འདུག་པས་ཐོས་ནས་ངུས་ཤིང་། འཁོར་བ་ན་སེམས་ཅན་མི་མཐུན་པ་ནི་ཐ་ཆད་ཡིན་ཏེ། འདི་ལྟར་ཁྲོ་བའི་དབང་གིས་རང་གི་ལུས་ལས་བྱུང་བའི་བུ་ཡང་གསོད་པར་བྱེད་དོ་ཞེས་སྨྲས་ནས། ཁྱེའུ་དེ་རྒྱན་གྱིས་བརྒྱན་བཞིན་ཡབ་ལ་ཕྱག་འཚལ་ཏེ། ཡབ་གཅིག་ཕའོ་ཅོག་ལ་བུ་སྡུག་ན་བདག་གིས་ནོངས་པ་མ་བགྱིས་པས་བདག་མི་དགུམ་དུ་གསོལ། རྒྱལ་པོས་སྨྲས་པ། བུ་སྡུག་གལ་ཏེ་ཁྱོད་ཀྱིས་མས་བཟོད་ན་ངས་ཀྱང་བཟོད་པར་བྱའོ། །དེ་ནས་ཁྱེའུ་ཆོས་སྐྱོང་མའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ། ཡུམ་བཟོད་པར་མཛད་ཅིང་བདག་གསོད་དུ་མ་བཅུག་ཅིག །ཅེས་སྙིང་རྗེ་རྗེ་སྐད་ངུ་སྡུག་ལ་གཏི་ཞིང་སྨྲ་བའི་ཚིག་ཐོས་ཀྱང་མ་ངེས་བཟོད་པ་མ་བྱས་པར་གཤེད་མའི་མི་རྣམས་ཀྱིས་མཚོན་རྣོན་པོས་ཁྱེའུའི་མགུལ་པ་བཅད་དེ་བློ་ངན་མ་ལ་ཁྲག་བླུད་ཀྱང་འགྱོད་པ་མ་སྐྱེས་སོ། །ཁྱེའུ་ཆོས་སྐྱོང་ནི་ཕ་མ་དང་གཤེད་མ་དག་ལ་དགའ་ཞིང་བྱམས་པའི་སེམས་སྐྱེས་ནས་ཤིའོ། །དེ་ལྟར་ཁྱེའུ་ཆོས་སྐྱོང་ནི་བཅོམ་ལྡན་འདས་དང་། བཙུན་མོ་བློ་ངན་མ་ནི་ལྷས་སྦྱིན་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་རི་རབ་ཞེས་བྱ་བ་དེ་ཤིང་རྟ་ལ་ཞོན་ནས་དཔུང་གི་ཚོགས་དང་བཅས་པ་རི་དྭགས་གཤོར་བར་ནགས་སུ་སོང་བ་དང་རྒྱལ་པོ་དེ་ཤིང་གྲིབ་ཞིག་ན་ངལ་གསོ་བ་ལ། བྱང་ཕྱོགས་ནས་འོངས་པའི་ཚོང་པ་དག་གིས་སྐྱེས་ཕུལ་ཞིང་རང་གི་ཕྱོགས་ཀྱི་རྒྱལ་པོ་རྡོ་རྗེའི་དབྱུག་པ་ཅན་ཞེས་པའི་ཆེ་བ་བརྗོད་པར་བྱས་སོ། །དེས་རྒྱལ་པོ་རི་རབ་ཕྲག་དོག་གིས་སེམས་དཀྲུགས་ནས། རང་གི་ཕོ་བྲང་དུ་སོང་ཞིང་རྒྱལ་པོ་རྡོ་རྗེའི་དབྱུག་པ་ཅན་ལ་ཁྱོད་འདིར་མྱུར་དུ་ཕྱག་བྱེད་པར་མ་འོངས་ན་ནན་ཏན་བྱེད་པར་ཚར་གཅོད་དོ་ཞེས་ཕོ་ཉ་མངགས་སོ། །དེ་ཐོས་པས་རྒྱལ་པོ་གཏུམ་པོ་རྡོ་རྗེའི་དབྱུག་པ་ཅན་ཁྲོས་པས་དཔུང་བཞི་བཤམས་ནས་རྒྱལ་པོ་རི་རབ་ཀྱི་ཡུལ་དུ་ཆས་ཏེ་ཕན་ཚུན་གཡུལ་དྲག་པོ་བཀྱེས་པས་མང་པོ་འཆི་ཞིང་རྨས་པར་གྱུར་ཏོ། །དེའི་ཚེ་བློན་པོ་དག་གིས་རྒྱལ་པོ་རི་རབ་ལ་སྨྲས་པ། ཁྱེད་གཉིས་ཕན་ཚུན་རྒྱལ་པོ་སྟོབས་མཉམ་པ་ཡིན་པས་འཁྲུགས་པ་འདི་དོར་ནས་མཐུན་པར་བྱས་ན་ལེགས་ཚུལ་སྨྲས་པས་རྒྱལ་པོ་རི་རབ་ཀྱིས་དེ་ལྟར་མཉན་ནོ། །རྡོ་རྗེའི་དབྱུག་པས་ཀྱང་རང་གི་དམག་ཚོགས་འགྲིབ་པར་མཐོང་ཞིང་སྐྱོ་སྟེ་མཐུན་པར་འདོད་དོ། །དེ་ནས་རྒྱལ་པོ་རི་རབ་ཀྱིས་རྡོ་རྗེའི་དབྱུག་པ་ཅན་ལ་གུས་པ་དང་བཅས་པས་ནོར་བྱིན་ཅིང་ཉིན་ཞག་འགའ་སོང་བའི་རྗེས་སུ་རང་གི་བུ་མོ་ལྷ་མོ་ལྟར་མཆོག་ཏུ་འཕགས་པ་སྦྱིན་པར་བྱས་པས་རྒྱལ་པོ་དེ་མཆོག་ཏུ་མགུ་ནས་རང་གི་གྲོང་ཁྱེར་དུ་སོང་ངོ་། །དེར་དུས་ཅིག་གི་ཚེ་རྒྱལ་པོ་རི་རབ་ཀྱི་བུ་མོ་སྣར་མ་ཞེས་པ་དེ་ལ་བཅོམ་ལྡན་འདས་ཉིད་མངལ་དུ་ཆགས་པར་གྱུར་པའི་ཚེ། བཙུན་མོ་དེའི་མངལ་ན་གནས་པའི་མཐུས་ཡིད་ལ་རྟོག་པ་བྱུང་བ་ལྟར་རྒྱལ་པོས་དེའི་སྟེང་དུ་གདུགས་བཟུང་ཞིང་བཙོན་རྣམས་ཀྱང་བཏང་ངོ་། །དེར་སྲས་ཉི་མ་ལྟར་གསལ་བའི་གཟུགས་ཀྱི་ཡོན་ཏན་ཅན་ནོར་བུའི་གདུགས་བཀྲ་བ་ཞིག་བཙས་ཏེ། རིམ་གྱིས་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། ཤིན་ཏུ་བཟོད་པ་དང་ལྡན་པ་འཇིག་རྟེན་གྱི་གཉེན་ལྟར་གྱུར་ཏོ། །དེ་ནས་རྒྱལ་པོ་བགྲེས་ནས་སྲས་རྒྱལ་སྲིད་ལ་བཞག་སྟེ་ཡབ་འདས་སོ། །དེའི་ཚེ་དེས་ཆོས་ཀྱི་རྒྱལ་སྲིད་བསྐྱངས་ནས་བདག་གི་ཕོ་བྲང་འདིར་ལྷའི་ཁ་ཟས་དང་གོས་དང་རྒྱན་ཆ་སོགས་འབྱུང་བར་གྱུར་ཅིག་སྙམ་པའི་མོད་ལ་དེ་ལྟར་བྱུང་བར་གྱུར་ཏོ། །མཛའ་བོ་རྣམས་ལའང་གུས་པས་དགའ་བར་བྱས་པས་དེའི་མིང་དུའང་དགའ་བའི་གོང་བུ་ཞེས་བྱ་བར་གྲགས་སོ། །རྒྱལ་པོ་ངའི་མཐུས་རྔ་སྒྲའི་བརྒྱུད་པ་དེའི་ཡུལ་ན་གནས་པའི་ཁྱིམ་ཐམས་ཅད་དུ་ལྷའི་ལོངས་སྤྱོད་བྱུང་བར་གྱུར་ཏོ། །དེར་བློན་པོ་བློ་གྲོས་ངན་པ་ཞེས་བྱ་བ་ཡིད་རྩུབ་པ་ཞིག་གིས་དགའ་བའི་གོང་བུ་འདི་བསད་པར་བྱས་ན་སྐྱེ་བོའི་ཚོགས་འདི་དབང་དུ་འགྱུར་རོ་སྙམ་དུ། རྒྱལ་པོ་རི་རབ་ལ་འཕྲིན་ཡིག་བཏང་སྟེ། དགའ་བའི་གོང་བུ་འདི་ནི་ཁྱོད་ཀྱི་དགྲའི་བུ་སྟེ། དེ་བས་འདི་བསད་ན་ཁྱོད་འཛམ་བུའི་གླིང་ཐམས་ཅད་ཀྱི་བདག་པོར་འགྱུར་ཞིང་བདག་ཀྱང་ལྷའི་ཞབས་འབྲིངས་སུ་འགྱུར་རོ་ཞེས་སྨྲས་པ་མཉན་ནས། རྒྱལ་པོ་རི་རབ་ཀྱིས་དེ་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱིས་ཕས་བདག་གི་ནོར་འཕྲོག་པས་སྡུག་བསྔལ་བར་བྱས་ན། ད་ནི་བདག་གིས་ཀྱང་སྟོབས་ཆེན་པོས་ཁྱོད་ལ་དེ་ལྟར་གནོད་པར་བྱའོ་ཞེས་བྱས་སོ། །དགའ་བའི་གོང་བུས་བསམས་པ། རྒྱལ་པོ་རི་རབ་འདིར་འོངས་ན་བདག་གི་སྐྱེ་བོ་རྣམས་སྡུག་བསྔལ་བར་འགྱུར་རོ་སྙམ་ནས་ཕོ་ཉ་ལ་སྨྲས་པ་བྱིས་པ་བདག་གི་བླ་མ་དེ་རྣམས་མཇལ་བར་བྱ་བ་སྟེ། བདག་ཉིད་དེར་འོང་ཞེས་ཞུ་བར་མཛོད་ཅིག་ཅེས་བྱས་ནས་རྒྱལ་པོའི་འབྱོར་བ་ཆེན་པོས་དཔུང་གི་ཚོགས་དང་བཅས་ཏེ་ཆས་ཤིང་རྒྱལ་པོའི་ཡུལ་དང་ཉེ་བ་གངྒཱའི་འགྲམ་དུ་སོང་ནས་བློན་པོ་བློ་ངན་ལ་བདག་གི་མེས་པོ་ལ་བླ་མ་པས་ཀྱང་ཤིན་ཏུ་བླ་མ་ཁྱོད་ལ་བདག་ཅིས་མི་འདུད་ཅེས་ཞུས་ཤིག་ཅེས་མངགས་པ་ལ། དེས་དགའ་བའི་གོང་བུས་རྒྱལ་པོ་རི་རབ་ཁྱོད་འདིར་གུས་པར་ཤོག་ཅེས་འཇིགས་པ་མི་ཤེས་པ་དེས་ལྷ་ལ་སྨྲའོ་ཞེས་དབྱེན་སྦྱར་བས། རྒྱལ་པོ་རི་རབ་ཤིན་ཏུ་ཁྲོས་སོ། །དེ་ལ་བློ་ངན་གྱིས་དགའ་བའི་གོང་བུ་ནི་ཤིན་ཏུ་སྟོབས་ཆུང་བ་བླུན་པ་ཡིན་པས་ལྷ་ཁྱེད་ལ་ཅུང་ཟད་གནོད་མི་ནུས་སོ་ཞེས་ཀྱང་བྱས་སོ། །དེར་རྒྱལ་པོ་རི་རབ་དཔུང་གི་ཚོགས་བཞི་དང་བཅས་ཏེ་འཐབ་མོ་འདོད་པས་དགའ་བའི་གོང་བུ་ཅན་གྱི་དམག་གི་སར་སོང་ངོ་། །དེར་དགའ་བའི་གོང་བུ་ཡང་ལྷའི་གཞལ་མེད་ཁང་ཆེན་པོ་དང་འདྲ་བའི་གྲུ་ཆེན་པོ་ལ་ཞུགས་ཤིང་གླུ་ལེན་པའི་སྐྱེ་བོའི་ཚོགས་ཀྱིས་བསྐོར་ཏེ་གངྒཱའི་ཆུ་ལ་རྩེ་བ་མྱོང་ཞིང་ཁྲུས་བྱས་ནས། རྗེས་སུ་བྱུག་པ་དང་བཟའ་བའི་དུས་སུ་རྔ་ཡི་སྒྲ་བྱས་པའི་སྒྲ་དེ་དག་འབྲུག་གི་སྒྲ་དང་འདྲ་བར་རི་འགུལ་བ་ལྟར་གྱུར་པ་ལ། རྒྱལ་པོ་རི་རབ་འཁྲུགས་ནས་འདིས་ཅི་བྱེད་ཅེས་བློ་ངན་ལ་དྲིས་སོ། །དེས་སྨྲས་པ། རྔ་ཡི་སྒྲ་འདིས་དགའ་བའི་གོང་བུས་ལྷའི་བཟའ་བ་དང་བཏུང་བ་དག་བསྐྱེད་ནས་ནང་མི་རྣམས་དང་ལྷན་ཅིག་བཟའ་བར་འདོད་དོ་ཞེས་སྨྲས་སོ། །རི་རབ་ན་རེ། གང་གི་བསོད་ནམས་ཀྱི་མཐུ་འདི་ལྟ་བུ་ན། བདག་ཉིད་འཁོར་དང་བཅས་པའི་སྟེང་དུ་འབར་བའི་ཐོག་ལྷུང་བར་བྱེད་པར་མི་འགྱུར་རམ། ངེས་པར་བདག་ཅག་གི་ཚའུ་འདི་བཟོད་པ་དང་ལྡན་པའོ་སྙམ་མོ། །དེར་རྒྱལ་པོ་རི་རབ་དོགས་པ་དང་བཅས་པར་ཤེས་ནས་དགའ་བའི་གོང་བུ་ཅན་གྱིས་ཐབས་ཀྱིས་འདི་རྗེས་སུ་གཟུང་བར་བྱའོ་སྙམ་དུ། སྐྱེ་བོ་རྣམས་ཀྱིས་འདྭི་ལྟར་ཁྱོད་བདག་དང་མི་མཐུན་པར་བྱེད་དོ་ཞེས་སྒྲོགས་མོད་ཀྱི། གལ་ཏེ་ཁྱོད་བདག་དང་མཐུན་པར་མི་བྱེད་ན། བདག་གིས་བཟོད་པ་སྤངས་ཏེ། འབར་བའི་ཐོག་གིས་ཁྱོད་བསད་པར་བྱའོ་ཞེས་སྨྲས་པས། རྒྱལ་པོ་རི་རབ་སྐྲག་ནས་མཐུན་པར་གྱུར་ཏེ། དགའ་བའི་གོང་བུ་དེ་རྒྱལ་པོ་རི་རབ་རང་གི་གནས་སུ་བོས་པ་ལ། ཆོ་ག་བཞིན་ཏུ་བཀུར་སྟི་བྱས་ཤིང་རྣམ་པ་དུ་མས་བསྔགས་པ་བྱས་སོ། །དགའ་བའི་གོང་བུས་ཀྱང་ཆོས་ཀྱི་གཏམ་གྱིས་དེ་ཆོས་ལམ་ལ་གནས་པར་བྱས་ནས་རང་གི་གྲོང་ཁྱེར་དུ་སོང་ངོ་། །དགའ་བའི་གོང་བུ་དེའི་ལྷའི་དཔལ་འབྱོར་ཐོབ་པའི་རྒྱུ་ནི་སྔོན་བཱ་རཱ་ཎ་སཱིར་བྲམ་ཟེ་རྩ་བ་ཅན་ཞེས་པར་གྱུར་པས། ནད་ཀྱིས་གཟིར་བའི་རང་སངས་རྒྱས་ལ་སྨན་དང་བསྲེས་པའི་ཐུག་པ་གསོལ་ཞིང་བསིལ་གྲིབ་ཀྱི་སླད་དུ་གདུགས་བཟུང་བའི་རྣམ་སྨིན་ཡིན་ལ། བློན་པོ་བློ་ངན་ནི་ལྷས་བྱིན་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་ཤིང་སྣ་ཚོགས་དང་བྱ་དང་རི་དྭགས་ཀྱི་ཚོགས་ཀྱིས་མཛེས་པའི་ནགས་སུ་བཅོམ་ལྡན་འདས་ཉིད་གླང་པོའི་རྒྱལ་པོ་མཆེ་བ་དྲུག་དང་ལྡན་པ་ཁྱུའི་ཚོགས་ཀྱི་བདག་པོ་སྤྲིན་དཀར་པོ་ལྟ་བུ་རྨད་དུ་བྱུང་བ་ཞིག་ཏུ་གྱུར་པའི་ཚེ་ན། གླང་པོའི་ཁྱུ་རྣམས་ལེགས་པར་སྐྱོང་བར་བྱས་ཤིང་། དེ་ལ་བཟང་མོ་དང་ཤིན་ཏུ་བཟང་མོ་ཞེས་བྱ་བའི་གླང་མོ་གཉིས་ཡོད་དོ། །དུས་གཅིག་ན་ནམ་མཁར་ཆུ་འཛིན་འབྲུག་གི་སྒྲ་དང་ལྡན་པའི་ནམ་མཁའ་ལ། ཡིད་དུ་འོང་བའི་ན་ཆུང་མ་དང་འཁོར་གྱིས་ཀུན་ནས་བསྐོར་བའི་རིག་པ་འཛིན་པ་དག་འགྲོ་བའི་ལག་པ་ལས། མཚོ་མ་དྲོས་པ་ལས་བྱུང་བའི་གསེར་གྱི་རང་བཞིན་གྱི་པདྨ་ཤིང་རྟའི་འཕང་ལོའི་ཚད་ཙམ་པ་དྲིས་ཁྱབ་པ་ཞིག་ནགས་ཀྱི་རི་དེ་ལ་གཅིག་པུར་གནས་པའི་གླང་པོའི་བདག་པོ་དེའི་མདུན་དུ་ལྟུང་བར་གྱུར་ཏོ། །དེས་དེ་བླངས་ནས་གླང་མོ་གཉིས་ལས་དང་པོར་སུ་འོང་བ་དེ་ལ་སྦྱིན་ནོ་སྙམ་དུ་ཤིན་ཏུ་བཟང་མོ་དང་པོར་འོངས་པ་བྱིན་ནོ། །དེས་གུས་པ་དང་བཅས་པས་མགོ་ལ་བཏགས་ཏེ་འདུག་གོ། །ཕྱིས་བཟང་མོ་འོངས་པས་དེའི་དཔྲལ་བའི་པདྨ་དེ་མཐོང་ནས་ཚོགས་ཀྱི་བདག་པོས་ཆུང་མ་འདི་ལ་བྱིན་ཏེ་བདག་ལ་མ་བྱིན་ནོ་སྙམ་དུ་ཕྲག་དོག་སྐྱེས་པས་གླང་པོའི་བདག་པོ་དེ་སྤངས་ནས་གཞན་དུ་སོང་སྟེ། རྩྭ་མི་ཟ་ཞིང་ཆུ་མ་འཐུང་ལ་སེམས་འཁྲུགས་པར་གྱུར་ཏོ། །དེས་རི་འབིགས་བྱེད་ཀྱི་བྲག་གི་དབུས་ན་བསམ་གཏན་བྱེད་པའི་རང་སངས་རྒྱས་ཆོས་གོས་དམར་པོ་ཅན་མཐོང་ནས། རྒྱ་མཚོ་ལས་ཀུ་མུ་ཏ་བླངས་པས་མཆོད་པར་བྱས་སོ། །དེ་ནས་གླང་མོ་དེ་ནི་འབིགས་བྱེད་ཀྱི་འགྲམ་དུ་གནས་ཏེ། བདག་གིས་རང་སངས་རྒྱས་མཆོད་པའི་དགེ་རྩ་འདིས་སྤོས་ཀྱི་གླང་པོ་འདི་གསོད་པའི་ཕྱིར་རྒྱལ་པོའི་བཙུན་མོར་གྱུར་ཅིག་སྙམ་དུ་སྨོན་ནས། བདག་ཉིད་ལྕེབས་ཏེ་ཤི་བ་རྒྱལ་པོ་ཞིག་གི་བུ་མོ་སྐྱེ་བ་དྲན་པ་ཞིག་ཏུ་སྐྱེས་སོ། །དེ་ཤིན་ཏུ་མཛེས་པའི་གཟུགས་དང་ལྡན་པས་རྒྱལ་པོ་གཞན་ཞིག་གི་བཙུན་མོར་བྱས་སོ། །ནམ་ཞིག་དེ་ཚ་བའི་རིམས་དྲག་པོས་གཟིར་པའི་ཚུལ་དུ་བྱས་ནས། བདག་པོ་ཤིན་ཏུ་མི་དགའ་བའི་ཚེ། དེས་སྨྲས་པ། བདག་གི་རིམས་འདི་ཙན་དན་ས་མཆོག་སོགས་ཀྱིས་ཀྱང་མི་སེལ་ཏེ། རི་འབིགས་བྱེད་ལ་གླང་པོའི་བདག་པོ་ཆེན་པོའི་མཆེ་བ་ལོན་ན། དེའི་བ་སོས་མལ་ཆ་བྱེད་ཅིང་མཆེ་བ་ལ་ཡོད་པའི་མུ་ཏིག་རྣམས་ཀྱིས་ལུས་བརྒྱན་ན་ནད་འདི་ཞི་ཡིས་གཞན་ཅིས་ཀྱང་མི་ཕན་ནོ་ཞེས་སྨྲས་པ་ལ། བདག་པོ་རྒྱལ་པོ་དེས་བཙུན་མོ་འདིས་སྐྱེ་བ་གཞན་ལ་དེ་མཐོང་ངམ་ཐོས་པར་ངེས་ཀྱི་དེ་ལྟར་བྱའོ་བསམས་ནས་རྔོན་པ་བོས་ཏེ་གླང་པོ་དེའི་མཆེ་བ་ལོངས་དང་ནོར་ཆེན་པོ་སྦྱིན་ནོ་ཞེས་བྱས་སོ། །རྔོན་པ་ན་རེ། དེ་ལྟར་ནུས་ན་བྱའོ་ཞེས་ཟེར་རོ། །བཙུན་མོས་སྨྲས་པ། གླང་པོ་ཆེ་དེ་དགའ་བའི་ཐབས་བདག་གིས་ཤེས་ཏེ། རབ་ཏུ་བྱུང་བའི་ཆ་བྱད་ཀྱིས་དུག་མདས་གནད་དུ་བསྣུན་པར་བྱའོ་ཞེས་བསྒོས་པ་ལྟར་སོང་བ་རེ་ཞིག་ནགས་དེར་འཆག་པ་གླང་པོའི་ཚོགས་ཀྱིས་མཐོང་ནས་དོགས་པ་སྐྱེས་ཏེ་གླང་པོའི་བདག་པོ་ལ་དེ་ལྟར་སྨྲས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། འདི་དོགས་པར་བྱ་བ་མིན་ཏེ། ཁྲེལ་ཡོད་ཞི་བའི་ལམ་མཚོན་པའི་ཐུབ་པ་རྣམས་ཀྱི་རྒྱལ་མཚན་འཛིན་པ་ཡིན་པས་ལྟ་བར་འོས་སོ་ཞེས་བྱས་སོ། །དེར་རྔོན་པས་ཤིང་ཞིག་གི་རྒྱུད་དུ་སྦས་པའི་ཚུལ་གྱིས་གདུངས་ཏེ་དུག་མདས་གླང་པོའི་བདག་པོ་ལ་བསྣུན་པར་གྱུར་ཏོ། །དེ་ཁྲག་གིས་གོས་པའི་ལུས་སུ་མཐོང་བས་གླང་པོའི་ཚོགས་དང་། གླང་མོ་ཤིན་ཏུ་བཟང་མོ་འཁྲུགས་ཅིང་མྱ་ངན་དུ་གྱུར་ཏེ་མདའ་ཕྱུངས་པར་བྱས་སོ། །གླང་པོ་ལ་བདག་པོ་དེས་གལ་ཏེ་བདག་འཆི་བའི་དུས་བྱེད་པར་གྱུར་ན་གླང་པོའི་ཚོགས་འདི་མགོན་མེད་པར་འགྱུར་རོ་སྙམ་ནས། གལ་ཏེ་བདག་རྔོན་པ་འདི་ལའང་ཁྲོ་བ་མེད་ཅིང་མཉེས་གཤིན་པར་གྱུར་ན་བདེན་པ་དེས་བདག་གི་དུག་ཟད་པར་གྱུར་ཅིག་ཅེས་བརྗོད་པའི་མོད་ལ་བསྣུན་པའི་གནོད་པ་ལས་ཡོངས་སུ་གྲོལ་བར་གྱུར་ཏོ། །དེ་དེ་ལྟར་གསོན་པར་གྱུར་པ་མཐོན་ནས་རྔོན་པ་དེས་བཏུད་དེ། རྒྱལ་པོའི་བཙུན་མོའི་གཏམ་དེ་བརྗོད་པར་བྱས་པ་དང་། དེས་སྙིང་རྗེའི་སེམས་ཀྱིས་མཆེ་བ་གཉིས་ཕུད་ནས་བྱིན་ཅིང་བདེན་པའི་སྟོབས་ཀྱིས་སླར་ཡང་མཆེ་བ་གཉིས་སྐྱེས་སོ། །རྔོན་པ་དེས་མཆེ་བ་གཉིས་ཁྱེར་ཏེ། རྒྱལ་པོའི་ཕོ་བྲང་དུ་སོང་བས་རྒྱལ་པོ་དེས་རྔོན་པ་ལ་ནོར་གྱི་བྱ་དགའ་བྱིན་ཅིང་། མཆེ་བ་མཐོང་ནས་འགྱོད་པ་སྐྱེས་སོ། །བཙུན་མོ་དེས་ཀྱང་སྐྱེ་བ་སྔ་མར་ཕྲག་དོག་གིས་ཉམས་སུ་མྱོང་བའི་ཚུལ་ཇི་ལྟར་དུ་གྱུར་པ་རང་གི་བདག་པོ་ལ་བདེན་པར་སྨྲས་ནས། ཀྱེ་ཧུད་ནགས་ཀྱི་གླང་པོའི་བདག་པོ་དཀའ་ཐུབ་དང་ཞི་བའི་ཡིད་ཅན་དེ་ཕྲག་དོག་ངན་པའི་སེམས་ཀྱིས་བདག་གིས་བཅོམ་མོ་ཞེས་སྨྲེ་སྔགས་སྣ་ཚོགས་འདོན་པ་ལ། རྔོན་པས་བཙུན་མོ་མྱ་ངན་མ་བྱེད་ཅིག །བདག་ཉིད་ཆེན་པོ་དེའི་བདེན་པའི་བྱིན་རླབས་ཀྱིས་སྲོག་འཚོ་ཞིང་མཆེ་བ་སླར་སྐྱེས་ཏེ་ཁྱུའི་ཚོགས་སྐྱོང་བར་བྱེད་དོ་ཞེས་སྨྲས་པ་ལ་དགའ་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་ཆུ་བོ་བཱ་རཱ་ཎ་སཱིར་ཞེས་བྱ་བའི་ངོགས་ཀྱི་རིའི་དགོན་པའི་གནས་སུ་བཅོམ་ལྡན་འདས་ཉིད་རི་དྭགས་ཀྱི་བདག་པོ་ལྟོ་བ་དཀར་ལ་རྒྱབ་གནག་པའི་གཟུགས་སྡུག་པ་ཞིག་ཏུ་གྱུར་པས་རི་དྭགས་ཀྱི་ཚོགས་བདེ་བར་སྐྱོང་ཞིང་གནས་སོ། །དེ་དང་བྱད་གཟུགས་སོགས་ཆ་འདྲ་བའི་རི་དྭགས་ཀྱི་ཁྱུ་གཉིས་པའི་གཙོ་བོ་གཞན་ལྷས་བྱིན་ཞེས་བྱ་བ་ཞིག་དང་གཉིས་ཡོད་དོ། །ནམ་ཞིག་རྒྱལ་པོ་ཚངས་པས་བྱིན་ཞེས་པ་དཔུང་གི་ཚོགས་དང་བཅས་པས་ནགས་དེར་རི་དྭགས་གཤོར་དུ་བྱུང་ཞིང་མཚོན་ཕྱུངས་ཏེ་རི་དྭགས་རྣམས་ཀྱི་མཐའ་བསྐོར་བར་བྱས་སོ། །དེའི་ཚེ་རྒྱལ་པོ་མདའ་གཞུ་གཟུང་བའི་སྔོན་དུ་རི་དྭགས་ཀྱི་དཔོན་པོ་དེ་སོང་ནས་མི་བདག་རི་དྭགས་འདི་ཐམས་ཅད་ཅིག་ཅར་བསད་པས་ཅི་བྱ། ཉིན་རེ་ཉིན་རེར་རི་དྭགས་རེ་རེ་ཁྱོད་ལ་བདག་གིས་གཏོང་བར་བྱའོ་ཞེས་བྱས་པ་ལ། རྒྱལ་པོས་ཀྱང་དེ་བཞིན་བདེན་ན་རུང་སྟེ། གཞན་དུ་རི་དྭགས་རྣམས་གཞོམ་པར་བྱ་ཞེས་ཆད་བྱས་ནས་རྒྱལ་པོ་སོང་ངོ་། །དེར་རི་དྭགས་རྣམས་བསྡུས་ཏེ་ཚོགས་ཀྱི་དཔོན་པོས་སྨྲས་པ། ཐམས་ཅད་ཅིག་ཅར་མི་གསོད་པའི་སླད་དུ་ཉིན་རེ་བཞིན་རྒྱལ་པོའི་ཚང་མང་དུ་རི་དྭགས་རེ་རེ་འགྲོ་བར་ཆད་བྱས་སོ་ཞེས་རི་དྭགས་ཀྱི་དཔོན་པོ་གཉིས་ཀྱི་བཀས་ཉིན་ཞག་ཁ་ཅིག་ཏུ་རི་དྭགས་རེ་རེ་མངགས་སོ། །དེའི་རྗེས་སུ་འགྲོ་བའི་རེས་རི་དྭགས་མོ་སྦྲུམ་མ་གཅིག་ལ་བབ་པ་དེས་རི་དྭགས་ཀྱི་ཚོགས་དཔོན་ལྷས་བྱིན་ལ་སྨྲས་པ། ངེས་པར་སང་གི་ནངས་པར་བདག་ལ་ཕྲུ་གུ་སྐྱེ་བར་འགྱུར་ཏེ། འདི་བཙས་ནས་བདག་འཆི་བར་འགྲོ་ཡི། འདི་དང་བཅས་ནས་མ་ཡིན་ནོ་ཞེས་སྨྲས་པ་ལ། དེ་ན་རེ་ཁྱོད་ཀྱི་རེས་ལ་བབ་ན་གཞན་སུ་ཞིག་འགྲོ་འོས་ཏེ་བདག་གི་བཀའ་གཅོག་མི་རིགས་ཞེས་བསྐྲད་དོ། །རི་དྭགས་མོ་དེས་རི་དྭགས་ཀྱི་ཚོགས་དཔོན་ཅིག་ཤོས་སྙིང་རྗེ་ཅན་དེའི་མདུན་དུ་ཕྱིན་ཏེ་སྨྲས་པ། བདག་འགྲོ་བའི་རེས་ལ་བབ་པས་སང་ཕྲུ་གུ་བཙས་པའི་ཚེ་དེ་ལྕེས་ལྡག་ཅིང་ནུ་མ་འཐུང་དུ་བཅུག་ནས་རང་གི་ནུ་མོ་ལ་གཏད་དེ། དེ་ནས་བདག་འཆི་རུ་འགྲོ་བས་ཕྲུ་གུ་འདི་སྲུང་བའི་ཕྱིར་གནང་བ་སྩལ་དུ་གསོལ་ཞེས་བྱས་པ་དང་། ཚོགས་ཀྱི་དཔོན་པོ་དེས་དེ་ལྟར་ཕྲུ་གུ་ལ་ཆགས་པ་ལ་སྙིང་རྗེ་དྲག་པོ་སྐྱེས་ནས་སྨྲས་པ། བཟང་མོ་ཁྱོད་ཕྲུ་གུ་ལ་ལྟ་ཞིང་བདེ་བར་ཡུན་རིང་དུ་སྡོད་ཅིག །བདག་ནི་ཁྱོད་ཀྱི་ཚབ་ཏུ་འགྲོ་བར་བྱའོ་ཞེས་དབུགས་དབྱུང་བར་བྱས་ཏེ། བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་ནས་རང་གི་ཁྱུའི་ཚོགས་ཀྱིས་གདུང་བཞིན་བསྐྱལ་ཏེ། དེ་རྣམས་ལ་སླར་ལོག་ཅེས་བྱས་ནས་སྐྱོ་བའི་ཆོས་བསྟན་ཅིང་རང་ཉིད་གཅིག་པུར་སོང་བ་དེ་ལ་རི་དྭགས་རྣམས་ཀྱིས་མི་མཐོང་བའི་བར་དུ་ལྟ་ཞིང་ཕ་དང་བྲལ་བ་ལྟར་མྱ་ངན་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་ཁྲག་དང་རུས་པས་གང་བའི་ཤན་པ་དེ་དག་གི་གནས་སུ་སོང་ངོ་། །དེ་རྣམས་ཀྱིས་མ་བསད་པར་རྒྱལ་པོ་ལ་བསྟན་པས། རྒྱལ་པོས་རི་དྭགས་མང་དུ་ཡོད་ན་ཚོགས་ཀྱི་བདག་པོ་ཁྱོད་ཅི་ལ་འོངས་ཞེས་དྲིས་པ་ལ་ཇི་ལྟར་གྱུར་པ་བཤད་པས་རྒྱལ་པོ་མགུ་ནས་ཁྱོད་ནི་གཞན་དོན་བྱེད་པའི་སྐྱེས་བུ་ཆེན་པོ་སྟེ། བདག་ཅག་ནི་དུད་འགྲོ་ལྟ་བུའོ་ཞེས་བསྔགས་ནས་ཁྲི་ལ་བཞག་ཅིང་། དེས་ཀྱང་དེ་ལ་ཆོས་བསྟན་པས་རྒྱལ་པོ་མགུ་སྟེ་ཕྱིན་ཆད་རི་དྭགས་རྣམས་ལ་མི་འཇིགས་པ་སྦྱིན་པར་བྱས་ཤིང་ཚོགས་ཀྱི་བདག་པོ་ལ་བསྔགས་སོ། །ཚོགས་ཀྱི་དཔོན་པོ་དེས་ཀྱང་བདག་པོ་མེད་པའི་རི་དྭགས་རྣམས་མྱ་ངན་བྱེད་པས་ན་སླར་འགྲོའོ་ཞེས་བྱས་ཏེ། རྒྱལ་པོས་ཀྱང་གནང་ནས་སླར་ནགས་སུ་སོང་ངོ་། །རི་དྭགས་རྣམས་ཀྱིས་དེ་མཐོང་ནས་བསུ་ཞིང་དགའ་ལ། སྔར་གྱི་རི་དྭགས་མོ་ལའང་ཕྲུ་གུ་བདེ་བར་བཙས་ཏེ་དགའ་བའི་གཏམ་བྱས་ནས་རི་དྭགས་ཀྱི་ཁྱུ་གཉིས་ཀ་བདེ་བར་བསྐྱང་བར་བྱས་སོ། །དེ་ལྟར་བྱང་ཆུབ་སེམས་དཔས་སྙིང་རྗེ་ཆེན་པོས་གཞན་གྱི་སྡུག་བསྔལ་བདག་གི་ཁུར་དུ་ལེན་པའི་བཟོད་པའི་སྟོབས་ལ་གུས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་ཕ་རོལ་རྣམ་པར་གནོན་པའི་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་པ་ཀ་ལིང་ཀའི་རྒྱལ་པོ་ལ་སྲས་མེད་པས་ལྷ་རྣམས་ལ་གསོལ་བ་འདེབས་པར་བྱེད་ཅིང་། ཆགས་པའི་རྒྱུན་ཞེས་བྱ་བའི་བྲམ་ཟེའི་བློན་པོ་དེས་རྒྱལ་པོ་ཉིད་སྲས་འབྱུང་བའི་དོན་དུ་བཙུན་མོའི་འཁོར་གྱི་ནང་དུ་ཞུགས་དང་བདག་གིས་ལྷ་མཆོད་ཅིང་རྒྱལ་སྲིད་བསྐྱངས་ཞེས་བྱས་པ་བཞིན་བྱས་པས་ཇི་ཞིག་ན་བཙུན་མོ་ཞིག་ལ་སྲས་ཆགས་པར་གྱུར་ཏེ་མཚན་དང་ལྡན་པ་ཟླ་བའི་འོད་ལ་འགྲན་པ་ཞིག་བཙས་པ་ལ་མིང་ཟླ་བ་ཞེས་བཏགས་པ་ནི་བཅོམ་ལྡན་འདས་ཉིད་དོ། །བཙུན་མོ་གཞན་སུམ་ཅུ་རྩ་བཞི་རྣམས་ལའང་སྲས་རེ་བཙས་སོ། །ནམ་ཞིག་རྒྱལ་བུ་ཟླ་བ་ལོ་བརྒྱད་ལོན་པ་དེ་རྒྱལ་པོའི་བླ་མ་དག་གི་དྲུང་དུ་བསྟེན་པར་བྱས་ཤིང་། རི་དྭགས་གཤོར་བ་སོགས་ཀྱི་ཚེ་རྒྱལ་བུ་ཟླ་བ་ནི་གཟི་བརྗིད་དང་དཔུང་པའི་སྟོབས་སྲས་གཞན་ལས་ལྷག་པར་གྱུར་ཏོ། །དེ་རྒྱལ་ཚབ་ཏུ་དབང་བསྐུར་ནས་གཞོན་ནུ་གཞན་རྣམས་ལའང་ཡུལ་འགའ་ཞིག་བྱིན་ནོ། །དེ་རྒྱལ་བུ་གཞན་རྣམས་དང་ལྷན་ཅིག་རང་གི་ཡུལ་ཀུན་ཏུ་སོང་བ་ལས་བྲམ་ཟེ་དུམ་བུ་འཛིན་ཞེས་པའི་འབྱོར་པ་ཆེན་པོ་མཐོང་ནས། དེའི་མིང་གིས་མཚན་པའི་ཡོ་བྱད་ཐམས་ཅད་མཐོང་བས། རྒྱལ་བུ་ཟླ་བས་བདག་གི་ཕ་ནི་རྒྱལ་པོའི་མིང་ཙམ་ཞིག་སྟེ། འདི་ནི་རྒྱལ་པོ་ཡང་དག་གོ་སྙམ་མོ། །དེར་གཞོན་ནུ་རྣམས་ཀྱིས་འོ་ན་དུམ་བུ་འཛིན་པའི་མིང་འདི་ཕྱིས་ནས་རྒྱལ་བུ་ཟླ་བའི་མིང་བྲི་བར་བྱའོ་ཞེས་དེ་ལྟར་ཞུགས་པ་དང་། བྲམ་ཟེ་དུམ་བུ་འཛིན་ཁྲོས་ཏེ་བྲམ་ཟེ་རྣམས་བསྡུས་ནས། རྒྱལ་བུ་འདིས་བདག་གི་དབང་ཐང་འཕྲོག་པས་འདི་བསད་པར་ཁྱེད་རྣམས་ཀྱིས་ཤེས་པར་གྱིས་ཤིག །དེ་རྣམས་ཀྱི་ཁྱོད་ཉིད་ཀྱིས་ཐབས་རྟོགས་ཤིག་ཟེར་བ་ལ་དུམ་བུ་འཛིན་ན་རེ། གལ་ཏེ་རྒྱལ་པོ་འདིས་རྨི་ལམ་རྨིས་པ་ཁྱེད་རྣམས་ཀྱི་མདུན་དུ་སྨྲ་ན་དེའི་ཚེ་བྲམ་ཟེ་དུམ་བུ་འཛིན་རྨི་ལམ་གྱི་དོན་ཤེས་པ་ལ་དྲིས་ཤིག་ཅེས་བརྗོད་པར་བྱོས་ཞེས་སྨྲས་སོ། །ནམ་ཞིག་རྒྱལ་པོས་རྨི་ལམ་དུ་གཞན་གྱི་ལུས་བཅིངས་ཏེ་ཤིང་ཁང་གི་གནས་སུ་བོར་བ་རྨིས་ནས་བྲམ་ཟེ་རྣམས་ལ་རྨི་ལམ་དེ་ཅི་ཞེས་དྲིས་པ་ན། དེ་དག་གིས་དུམ་བུ་འཛིན་པ་རྨི་ལམ་གྱི་འབྲས་བུ་ཤེས་པ་ལ་དྲིས་ཞེས་སྨྲས་པ་ལྟར་བྱས་པ་དང་། དུམ་བུ་འཛིན་ན་རེ། རྨི་ལམ་འདི་ནི་མི་བཟང་སྟེ། ཟླ་བ་གཉིས་ཀྱིས་རྒྱལ་སྲིད་ལས་ཉམས་པའམ་འཆི་བར་འགྱུར་ཞེས་སྨྲས་པས་ས་སྐྱོང་དེ་མི་དགའ་བས་གདུངས་ནས་དེ་ལ་ཐབས་ཅི་ཡོད་ཅེས་དྲིས་པ་ལ། དེས་ལྷ་ལགས། རྒྱལ་བུ་ཟླ་བ་དང་སྲས་གཞན་དག་ཀྱང་ལྷན་ཅིག་མཆོད་སྦྱིན་གྱི་ལས་ལ་བསད་ནས། དེ་དག་གི་ཁྲག་གི་རྫིང་བུ་རྒྱ་ཆེ་བ་བྱས་ཏེ། དེར་རྒྱལ་པོ་ཞུགས་ན་གནོད་པ་དེ་ལས་ཐར་བར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་པོ་དེས་བདག་འཚོ་ན་སླར་ཡང་སྲས་ཡོན་ཏན་ཅན་འབྱུང་ངོ་སྙམ་དུ། གཞོན་ནུ་ཕལ་པ་རྣམས་ལྕགས་སྒྲོག་གིས་བཅིངས་ཏེ་དུམ་བུ་འཛིན་པ་ལ་མཆོད་སྦྱིན་གྱི་དོན་དུ་བྱིན་ནོ། །དེར་དུམ་བུ་འཛིན་པས་སྲས་ཟླ་བ་མེད་ན་མཆོད་སྦྱིན་མི་རྫོགས་པས་དེ་བོས་ཞེས་བྱས་པ་ལ། རྒྱལ་པོས་ཕོ་ཉ་བཏང་སྟེ། སྲས་ཟླ་བ་ནི་བླ་མ་ལ་གུས་པ་ཡིན་པས་ཇི་ལྟར་བསྒོ་བ་ལས་མི་འདའ་བས་འདིར་ཤོག་ཅིག་ཅེས་སྨྲས་སོ། །ཕོ་ཉ་དེས་མཆི་མ་དང་བཅས་ཏེ། རྒྱལ་བུ་ཟླ་བ་དེ་དཔྱིད་དུས་སྐྱེད་ཚལ་ན་གནས་པ་ལ་ཇི་ལྟར་གྱུར་པ་བསྙད་པས། འཁོར་རྣམས་ཀྱིས་ཟླ་བ་ལ་སྨྲས་པ། འདི་ཐམས་ཅད་དུམ་བུ་འཛིན་པའི་ངན་སེམས་ཀྱི་གཡོས་བྱས་པ་སྟེ། དེ་བསད་པར་བྱ་ཞེས་སྨྲས་པ་ལ། རྒྱལ་བུས་བདེན་མོད་བདག་གིས་དུམ་བུ་འཛིན་པ་ལ་མི་རིགས་པ་ཤེས་ཀྱང་། དེ་ལ་ཁྲོ་བ་ཞི་བར་བྱས་ནས་ཡབ་ཡུན་རིང་གསོན་པར་འགྱུར་ན་བདག་གི་སྲོག་བཏང་བ་དོན་ཡོད་པས་བདག་ནི་འགྲོ་བར་བྱ་སྟེ། ཁྱེད་ཅག་ཀྱང་དུམ་བུ་འཛིན་པ་ལ་ཁྲོ་བར་མི་བྱའོ་ཞེས་རྒྱལ་པོའི་དྲུང་བུ་སོང་ངོ་། །དེར་ཟླ་བས་བདག་ཡབ་ཀྱིས་བཏང་ན་མཆོད་སྦྱིན་དུ་འགྲོ་བར་སྤྲོའོ་ཞེས་བྱས་པས་རྒྱལ་པོས་མཆི་མ་གཟག་གོ། །དེར་དུམ་བུ་འཛིན་པས་མཆོད་སྦྱིན་གྱི་མཁན་པོ་རྣམས་ལ། སྲེག་བླུགས་དང་པོར་རྒྱལ་བུ་ཟླ་བ་བསད་དེ། ཕྱིས་གཞོན་ནུ་གཞན་རྣམས་དེ་ལྟར་གྱིས་ཞེས་སྨྲས་པ་ལ། གཞོན་ནུ་གཞན་དེ་དག་སྐྲག་ཅིང་བདག་ཅག་ཕྱུགས་བཞིན་དུམ་བུ་འཛིན་པ་སྙིང་རྗེ་མེད་པས་གསོད་པ་ལ་སྤུན་ཟླ་བདག་ཉིད་ཆེན་པོ་ཁྱོད་ཀྱིས་སྙིང་མི་རྗེའམ་ཞེས་ཟླ་བ་ལ་སྨྲས་སོ། །ཟླ་བ་ཉིད་དེ་དག་ལ་སྙིང་རྗེ་ཞིང་བྱམས་པའི་སེམས་ལ་མཉམ་པར་བཞག་པས། རྒྱལ་བུ་དེ་རྣམས་ཀྱི་ལྕགས་སྒྲོག་རང་གྲོལ་བར་གྱུར་པ་ལ་འདི་ཅི་ཞེས་རྟོག་པའི་མོད་ལ་མི་རུང་བའི་ལས་དེའི་ཆད་པ་གཅོད་པའི་བྱེད་པོར་ལྷ་སོགས་འཁྲུགས་པའི་སྟོབས་ཀྱིས་ནམ་མཁར་ལས་ཆུ་འཛིན་ཤིན་ཏུ་སྟུག་པོས་ཉི་མའི་སྣང་བ་བསྒྲིབས་ནས་སྤྲིན་གྱི་སྒྲ་དང་ཐོག་གིས་རི་རྩེ་འཇིག་ཅིང་། རྡོ་བའི་ཆར་གྱིས་རིལ་བ་སོགས་བཅོམ་ལ། ཆུའི་རྒྱུན་དྲག་པོས་མཆོད་སྦྱིན་གྱི་མེ་བསད་ནས་བྲམ་ཟེ་རྣམས་ཀྱི་སྐྲ་མེད་པར་བྱས་ཤིང་། རྡོ་བའི་ཆར་གྱིས་རྒྱལ་པོ་དང་དུམ་བུ་འཛིན་བསད་པར་གྱུར་པ་ཐོས་ནས་བཙུན་མོ་ཡང་མྱ་ངན་གྱིས་སྲོག་བཏང་བར་བྱས་སོ། །ཕོ་བྲང་དག་ཀྱང་རྡོའི་ཆར་གྱིས་ཕལ་ཆེར་བཅོམ་པར་བྱས་ཤིང་ཡུལ་དེའི་སྲོག་ཆགས་ཕལ་ཆེར་བརླག་པར་བྱས་སོ། །དེའི་ཐོ་རངས་ཀྱི་དུས་སུ་བྱང་ཆུབ་སེམས་དཔས་ཕ་མའི་ལུས་མེས་བསྲེག་པར་བྱས་ཤིང་། ཀྱེ་མའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་ཅིང་མི་རྟག་པ་ཞེས་གསུངས་པ་ནི་ལེགས་པར་གསུངས་པའོ་སྙམ་དུ་སྤུན་ཟླ་རྣམས་ལ་སྐྱོ་བའི་ཚིག་སྨྲས་ནས་དཀའ་ཐུབ་ཀྱི་ནགས་སུ་སོང་བར་གྱུར་ཏོ། ༈ །ཡང་སྔོན་གྲོང་ཁྱེར་ཤ་ཀ་པ་ཞེས་བྱ་བར། ཆོས་དང་ལྡན་པའི་རྒྱལ་པོ་གསེར་གྱི་གཙུག་ཕུད་ཅེས་བྱ་བའི་བཙུན་མོ་དམ་པའི་མངལ་དུ་བཅོམ་ལྡན་འདས་འདི་ཉིད་འཁྲུངས་པའི་ཚེ། དེ་མངལ་ན་གནས་པའི་མཐུས་མའི་བསམ་པ་བཞིན་དུ་སློང་བ་ལ་ནོར་བྱིན་ཅིང་། མ་དེས་དམ་པའི་ཆོས་ཀྱང་བཤད། རྒྱལ་པོས་སྡུག་བསྔལ་ཅན་རྣམ་པ་སྣ་ཚོགས་དབུགས་འབྱིན་པ་སོགས་དགེ་བའི་ལས་སྣ་ཚོགས་བགྱིས་སོ། །དེར་དུས་སུ་ཁྱེའུ་ལྷའི་གཟུགས་དང་ལྡན་པ། གཙུག་ན་ནོར་བུ་རིན་པོ་ཆེ་མཚན་མོར་ཡང་ཉིན་མོ་ལྟར་གསལ་བ་རང་ཆས་སུ་ཡོད་པ་བཙས་སོ། །དེའི་ཚེ་ལྷའི་མེ་ཏོག་གི་ཆར་སོགས་དག་པའི་ལྟས་མང་དུ་བྱུང་ངོ་། །དེའི་གཙུག་གི་ནོར་བུ་ལ་རེག་པ་ཙམ་གྱིས་ལྕགས་རྣམས་གསེར་དུ་བགྱིད་པས་སློང་བ་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་ཅིང་། དེའི་མིང་ཡང་གཙུག་ན་ནོར་བུ་ཞེས་བཏགས་སོ། །དེ་ནས་དུས་གཞན་ཞིག་ན་ཡབ་རྒྱལ་པོ་འདས་པས་གཞོན་ནུ་རྒྱལ་པོར་གྱུར་ཏེ། སློང་བ་རྣམས་ཀྱི་དཔག་བསམ་གྱི་ཤིང་ལྟར་གྱུར་ནས་སུ་ཡང་ཕོངས་པ་མེད་པར་བྱས་སོ། །རྒྱལ་པོ་དེ་ལས་སྲུང་གི་བུ་ལྟ་བུའི་གླང་པོ་ཆེ་བཟང་པོའི་རི་ཞེས་བྱ་བ་དང་། ལྷའི་གཞོན་པ་འདྲ་བའི་རྟ་གསེར་གྱི་ཕྲེང་ལྡན་ལ་སོགས་པ་ལྷའི་འབྱོར་པ་དང་མཚུངས་པའི་ཡོ་བྱད་དག་ཀྱང་ཡོད་པར་གྱུར་ཏོ། །དེ་ལ་བཙུན་མོས་གཞི་འཛིན་ཞེས་པ་མཆོག་ཏུ་མཛེས་པ་ཡོད་དོ། །ནམ་ཞིག་ན་བྷྲི་གུའི་རིགས་ལས་འཁྲུངས་པའི་ཐུབ་པ་སྲིད་འབྱོར་ཞེས་བྱ་བས་པདྨ་བ་ཏི་ཞེས་བྱ་བའི་བུད་མེད་ལྷའི་བུ་མོ་འདྲ་བ་དེ་ཁྲིད་ནས། རྒྱལ་པོ་ལ་བསྔགས་པ་བརྗོད་ཅིང་། མཛེས་མ་འདི་མེ་ཏོག་པདྨའི་སྦུབས་ནས་བྱུང་བ་བདག་གིས་སྦྱིན་སྲེག་གི་ལྷག་མས་གསོས་པ་ཡིན་ཏེ། ཁྱོད་ཀྱི་ཆུན་མར་བཞེས་ཞེས་ཕུལ་ལོ། །དེ་ལ་བུ་པདྨོའི་གཙུག་ཅེས་བྱ་བ་ཡིད་དུ་འོང་བ་སྙིང་སྟོབས་སོགས་ཡོན་ཏན་རྒྱ་ཆེ་བ་བཙས་སོ། །དེར་མཆོད་སྦྱིན་ཆེན་པོ་བགྱིད་པའི་ཚེ་བྷྲི་གུའི་བུ་སོགས་ཐུབ་པ་རྣམས་དང་། ཀུ་རུའི་མི་བདག་རབ་ཏུ་བཟོད་དཀའ་སོགས་འོང་ཞིང་། མེའི་སྦྱིན་སྲེག་བྱས་པའི་མེའི་དབུས་ནས་ལྷའི་དབང་པོས་སྲིན་པོའི་གཟུགས་སུ་བྱས་ཏེ། ཟས་བསླངས་པ་ལ་བཟའ་བ་སྣ་ཚོགས་བྱིན་ཀྱང་མ་འདོད་པར་བདག་ནི་ཤས་འཚོའོ་ཞེས་སྨྲས་སོ། །དེ་མི་བདག་གཙུག་ན་ནོར་བུས་གཞན་གྱི་ཤ་སྦྱིན་པར་མི་འོས་སྙམ་དུ་རང་གི་ལུས་ཀྱི་ཤ་ཁྲག་སྦྱིན་པར་ཁས་བླང་བ་ལ། ནང་མི་རྣམས་ཀྱིས་བཟློག་ཀྱང་མ་བཏུབ་པར་ལུས་ཀྱི་ཤ་དང་ཁྲག་རྣམས་བྱིན་པས། བཙུན་མོ་པདྨ་ལྡན་སྨྲེ་སྔགས་འདོན་ཞིང་འགྱེལ་ཏོ། །དེར་རྒྱལ་པོའི་སྙིང་སྟོབས་མཐོང་ནས་ལྷ་དབང་རང་གི་ལུས་སུ་བསྟན་ཏེ། བསྔགས་ཤིང་ལྷའི་སྨན་གྱིས་ལུས་རྣལ་དུ་གནས་པར་བྱས་སོ། །དེ་ནས་མཆོད་སྦྱིན་ལེགས་པར་རྫོགས་ཏེ། རྒྱལ་བ་དང་ཐུབ་པའི་མཆོག་རྣམས་མཆོད་པར་བྱས་ཤིང་། དེའི་མཇུག་ཏུ་མཛེས་མ་དང་། གྲོང་དང་གྲོང་ཁྱེར་དང་། རིན་པོ་ཆེའི་ཚོགས་དང་། ལྷའི་གཞོན་པ་ལྟ་བུ་རྟ་གསེར་གྱི་ཕྲེང་ལྡན་དང་བཅས་པ་བྱིན་ནོ། །ཉི་མ་གཅིག་ལ་དཔག་ཚད་བརྒྱར་ཡང་བགྲོད་ནུས་པའི་གླང་ཆེན་བཟང་པོའི་རི་ཞེས་པ་མདུན་ན་འདོན་ཚངས་པའི་ཤིང་རྟ་ཞེས་པ་ལ་བྱིན་པའི་ཚེ། རྒྱལ་པོ་བཟོད་དཀའ་ཡང་གླང་པོ་དེ་ལ་ཆགས་པའི་ཡིད་དུ་གྱུར་ཏོ། །དེང་མཆོད་སྦྱིན་གྱི་མཇུག་བསྡུས་ནས་བྷྲི་གུའི་བུ་ལ་གཏད་པའི་ཚེ། མ་རི་ཙེ་ཞེས་པའི་སློབ་མ་བྲམ་ཟེ་བཱ་ཧི་ཀ་ཞེས་པས་བླ་མའི་ཡོན་དུ་གཡོག་གི་ཆེད་དུ་བཙུན་མོ་པདྨ་ཅན་བུ་དང་བཅས་པ་བསླངས་བ་དེ་ལ་བྱིན་པ་ཁྲིད་ནས་བླ་མ་ལ་ཕུལ་ལོ། །སྐབས་འདིར་ཀུ་རུའི་རྒྱལ་པོ་བཟོད་དཀས་གླང་ཆེན་བཟང་པོའི་རི་སློང་བའི་ཕོ་ཉ་བཏང་ཡང་སྔར་མདུན་ན་འདོན་ལ་བྱིན་ཟིན་པས། དེ་ལ་མ་བྱིན་པས་ཁྲོས་ནས་དཔུང་གི་ཚོགས་བཤམས་ཏེ་གཡུལ་འགྱེད་དུ་འོངས་སོ། །དེར་རྒྱལ་པོ་གཙུག་ན་ནོར་བུ་སྙིང་སྟོབས་ཅན་གྱིས་གཡུལ་འགྱེད་པས་ཕ་རོལ་ཕམ་པར་ནུས་ཀྱང་སྙིང་རྗེའི་བསམ་པས། ཀྱེ་མ་རྒྱལ་པོ་བཟོད་དཀའ་འདི་བདག་གི་གྲོགས་ཡིན་ཀྱང་གླང་པོ་ཆེ་ལ་ཆགས་པས་འཕྲལ་དུ་དགྲ་ཉིད་དུ་གྱུར་པས་བླུན་པོ་འདི་ལ་སྙིང་རྗེར་འོས་སོ་ཞེས་བསམས་ཏེ། བདག་ཉིད་ནགས་སུ་འགྲོ་བར་འདོད་པ་དང་། རང་སངས་རྒྱས་བཞི་ནམ་མཁའ་ལས་རང་འོངས་ནས་རྒྱལ་པོ་ལ་ཕེབས་པར་སྨྲས་ཤིང་ནགས་སུ་འགྲོ་བར་བསྐུལ་བས། དེ་རྣམས་དང་ལྷན་ཅིག་གཤེགས་ཏེ་རང་སངས་རྒྱས་རྣམས་རང་གནས་སུ་བྱོན། རྒྱལ་པོ་དེ་རི་གངས་ཅན་གྱི་ནགས་སུ་གནས་པར་བྱས་སོ། །དེ་ནས་ཐུབ་པ་མ་རི་ཙེ་ལ། གཙུག་ནོར་གྱི་བློན་པོ་དག་གིས་རྒྱལ་པོའི་སྲས་སླར་བསླངས་པ་དེས་བྱིན་ནོ། །བློན་པོ་དེས་རྒྱལ་བུ་དེ་རང་གི་གྲོང་ཁྱེར་དུ་ཁྲིད་ནས་དམག་གི་ཚོགས་དང་བཅས་པས། ཀུ་རུའི་རྒྱལ་པོ་བཟོད་དཀའི་དཔུང་ཕམ་པར་བྱས་ཏེ་སླར་སོང་ངོ་། །དེར་རྒྱལ་པོ་བཟོད་དཀའི་གྲོང་དུ་མུ་གེ་དང་ཡམས་ཀྱི་འཚེ་བ་ཆེན་པོ་བྱུང་བས་ཉམ་ཐག་པའི་ཚེ། དེ་ལ་ཐབས་ཅི་ཞེས་སྨྲས་པ་ལ། བློན་པོ་རྣམས་ན་རེ། གལ་ཏེ་རྒྱལ་པོ་གཙུག་ན་རིན་ཆེན་གྱི་གཙུག་གི་ནོར་བུ་བདུད་རྩིའི་རླན་དང་ལྡན་པ་དེ་རྙེད་ན་རྒུད་པ་འདི་ལས་ཐར་རོ། །རྒྱལ་པོ་དེ་རི་གངས་ཅན་གྱི་ངོས་ན་བཞུགས་པ་དེ་ལ་བསླངས་ན་མི་གཏོང་བ་ཅི་ཡང་མེད་ཅེས་ཐོས་སོ་ཞེས་སྨྲས་པ་ལ། རྒྱལ་པོས་བྲམ་ཟེ་ལྔ་ནོར་བུ་སློང་དུ་མངགས་སོ། །སྐབས་འདིར་རྒྱལ་པོ་གཙུག་ན་ནོར་བུ་ཐུབ་པ་མ་ལ་ཡའི་རིའི་རྩེར་གནས་པའི་ཉེ་འཁོར་དུ་ཕྱིན་པར་གྱུར་ཏོ། །དེར་ལྷ་མོ་པདྨ་ཅན་རྩ་བ་དང་འབྲས་བུའི་ཟས་ཟ་ཞིང་མི་མེད་པའི་ནགས་སུ་འོང་བ་དེ་རྔོན་པས་འཛིན་པར་འདོད་པ་ལ་འདར་ཞིང་སྨྲེ་སྔགས་འདོན་བཞིན་ཀྱེ་མི་བདག་གཙུག་ན་ནོར་བུ་ཞེས་འབོད་པ་ཐོས་ནས། རྒྱལ་པོ་གཙུག་ན་ནོར་བུ་བརྒྱུགས་ཏེ་བལྟས་པས་པདྨ་ཅན་ལུས་ཉམས་ཤིང་སྡུག་བསྔལ་བར་མཐོང་ཞིང་རྔོན་པ་དེ་བྲོས་སོ། །པདྨ་ཅན་གྱིས་ཀྱང་རྒྱལ་པོ་ནགས་སུ་འཁྱམས་པ་མཐོང་ནས་སྡུག་བསྔལ་དང་། དེ་མཐོང་བས་དགའ་བ་ལྷན་ཅིག་བྱུང་ངོ་། །དེར་བདུད་སྡིག་ཅན་སྐྱེས་བུའི་གཟུགས་ཀྱིས་འོངས་ནས། རྒྱལ་པོ་ལ་དགའ་མ་འདི་ནགས་སུ་བཏང་བ་དང་། ཁྱོད་ཀྱང་རྒྱལ་སྲིད་སྤང་བ་མི་འོས་ཞེས་སྨྲས་པ་ལ་བདུད་དུ་ཤེས་ནས་འཛུམ་སྟེ་སྨྲས་པ། དུལ་བ་ཞི་བ་རྣམས་ནི་འདོད་པས་རྨོངས་པར་བྱ་མི་ནུས་པའི་ཚུལ་སྨྲས་པས་བདུད་མི་སྣང་བར་གྱུར་ཏོ། །པདྨ་ཅན་གྱིས་ཡིད་འབྱུང་བའི་གཏམ་གྱིས་སྨྲེ་སྔགས་བཏོན་པ་ལ། རྒྱལ་པོས་ལྷ་མོ་ཆོས་བྱ་བར་རིགས་ཀྱི། མྱ་ངན་བྱ་མི་འོས་ཞེས་མི་རྟག་པ་དང་ཆོས་ཀྱི་གཏམ་བརྗོད་ནས་པདྨ་ཅན་སླར་སོང་ངོ་། །དེར་རྒྱལ་པོ་བཟོད་དཀས་མངགས་པའི་བྲམ་ཟེ་ལྔས་ཡུལ་དུ་ཉེར་འཚེ་ཞི་བའི་ཆེད་དུ་གཙུག་གི་ནོར་བུ་བསླངས་པ་ལ། དེས་མགོ་ལ་སྐྱེས་པའི་ནོར་བུ་འདི་ཆོད་ལ་ཁྱེར་ཅེས་སྨྲས་པའི་མོད་ལ་ས་ཆེན་པོ་ཡང་གཡོས་སོ། །དེ་དག་གིས་མཚོན་རྣོན་པོས་སྤྱི་བོ་བཀམ་པར་བྱས་ཏེ། ནོར་བུ་འོད་དང་ལྡན་པ་བླངས་སོ། །དེའི་ཚེ་ལྷ་རྣམས་མཁའ་ལ་ལྟ་བའི་ཕྱིར་ལྷགས་སོ། །རྒྱལ་པོའི་ལུས་ཁྲག་གིས་གོས་བཞིན་འཁོར་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། རང་གི་སྡུག་བསྔལ་ཟིལ་གྱིས་གནོན་པར་གྱུར་ཅིང་ནོར་བུ་བྱིན་པའི་བསོད་ནམས་ཀྱིས་སེམས་ཅན་སྡུག་བསྔལ་ཅན་རྣམས་སྒྲོལ་བའི་སྨོན་ལམ་བཏབ་བོ། །དེར་ནོར་བུ་དེ་རང་གིས་བླངས་ནས་བྲམ་ཟེ་རྣམས་ལ་བྱིན་པ་རྒྱལ་པོ་བཟོད་དཀའི་གྲོང་དུ་ཁྱེར་བས་ཉེར་འཚེ་ཐམས་ཅད་ཞི་བར་གྱུར་ཏོ། །དེར་བྷྲི་གུའི་བུ་དང་གོ་ཏམ་དང་། མ་རི་ཙེ་སོགས་ཀྱི་ཐུབ་པ་རྣམས་ཀྱིས་དེ་ལྟར་རིན་པོ་ཆེ་བྱིན་པ་ཐོས་པས་ནགས་ནས་དེར་འོངས་སོ། །ལྷ་མོ་པདྨ་ཅན་ཡང་མ་རི་ཙེ་ཉིད་ཀྱི་རྗེས་བཞིན་དུ་སོང་བས་རྒྱལ་པོ་དེ་ལྟར་གྱུར་པ་མཐོང་ནས་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་ནམ་མཁའི་ལྷ་རྣམས་ཀྱིས་རྒྱལ་པོའི་གྲགས་པ་བརྗོད་པས་ཕྱོགས་སུ་ཁྱབ་པར་བྱས་སོ། །དེའི་ཚེ་རྒྱལ་པོའི་སྲས་དེ་བློན་པོའི་ཚོགས་དང་བཅས་པ་རྒྱལ་པོ་དེའི་དྲུང་དུ་འོང་བ་ན། རྒྱལ་པོའི་ལུས་ཁྲག་གིས་གོས་བཞིན་ས་ལ་འགྱེལ་བ་མཐོང་ནས་སྨྲེ་སྔགས་འདོན་ཅིང་ཀྱེ་མ་གཞན་གྱི་དོན་དུ་རང་གི་སྲོག་གཏོང་བ་ཞེས་བརྗོད་དོ། །མ་རི་ཙེའི་ཐུབ་པས་ཀྱང་མཆི་མ་དང་བཅས་པའི་མིག་གིས་ས་སྐྱོང་དེ་ལ་བལྟས་ནས་ཀྱེ་མ་ཁྱོད་རང་གི་སྲོག་ལ་མི་ལྟ་བར་འདི་ལྟར་ལུས་ཡལ་བར་བོར་བ་འདིས་འབྲས་བུ་ཅི་ཞིག་བཞེད། སྐྱོ་བའི་རྣམ་འགྱུར་མི་མངའ་བ་ཅི་ཞེས་དྲིས་པ་ལ། རྒྱལ་པོ་དེས་དུབ་པ་བཟོད་པར་བྱས་ནས་གདོང་གི་ཁྲག་ཕྱིས་ཏེ་སྨྲས་པ། ཐུབ་པ་བདག་ལ་འདོད་པ་གཞན་མེད་དེ། འཁོར་བའི་སེམས་ཅན་སྒྲོལ་བར་འདོད་དོ། །སློང་བར་ལུས་བཏང་བ་ལ་མི་དགའ་བ་གང་ཡང་མེད་དེ། ངས་བརྗོད་པ་འདི་བདེན་ན་ང་ཡི་ལུས་འདི་རྣལ་དུ་གནས་པར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་གཙུག་གི་ནོར་བུ་དང་བཅས་པའི་ལུས་སྔར་བཞིན་གནས་པར་གྱུར་ཏོ། །དེ་ལ་ཚངས་དང་བརྒྱ་བྱིན་སོགས་ལྷ་རྣམས་དང་། ཐུབ་པའི་དྲང་སྲོང་ཐམས་ཅད་ཀྱིས་རྒྱལ་པོ་བྱེད་པར་གསོལ་བ་བཏབ་ཀྱང་མངོན་པར་བཞེད་པར་མ་གྱུར་ལ། སླར་ཡང་པདྨ་ལྡན་དང་ཐུབ་པས་བསྐུལ་ནས་རྒྱལ་པོའི་སྲས་དང་བཅས་པས་རྒྱལ་པོའི་ཁྲི་ལ་བཞུགས་པར་གསོལ་བ་བཏབ་པ་དང་། དེར་སྔར་གྱི་རང་སངས་རྒྱས་རྣམས་ཀྱང་ནམ་མཁའ་ལས་འོད་ཟེར་གྱིས་ཕྱོགས་ཀྱི་ཆ་ཀུན་ནས་འགེངས་བཞིན་བྱོན་ནས་གཞན་དོན་དུ་ལུས་གཏོང་བ་སོགས་དཀའ་བ་བྱས་ཀྱིས། ད་ནི་རང་གི་སྐྱེ་བོའི་ཚོགས་ཡུན་རིང་བྲལ་བའི་སྡུག་བསྔལ་གྱིས་ནོན་པ་རྣམས་ལ་བཏང་སྙོམས་བྱ་མི་འོས་ཞེས་བརྗོད་པས་མི་ཡི་དབང་པོས་ཀྱང་དེ་ལྟར་ངེས་སོ་སྙམ་ནས། ནམ་མཁའི་ལམ་ནས་རང་གི་ཕོ་བྲང་དུ་ཕྱིན་ཏེ། སྲས་དང་བཙུན་མོར་བཅས་པ་སྔར་ལྟར་ལྷན་ཅིག་དགའ་བས་འཁོད་ནས་ཡུན་རིང་དུ་རྒྱལ་སྲིད་བསྐྱངས་ཞིང་ཆོས་དང་ལྡན་པའི་མཛད་པ་རྒྱ་ཆེར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་ན་ཚོགས་ཀྱི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་ཀྱི་བསྟན་པ་ལ་བཅོམ་ལྡན་འདས་འདི་དགེ་སློང་སྙན་པའི་འོད་ཅེས་བྱ་བར་གྱུར་ཏེ། ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་སྨྲ་བར་གྱུར་པ་གཟུགས་དང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཡེ་ཤེས་སོགས་ཀྱིས་ཁྱད་པར་དུ་འཕགས་པ་རྒྱལ་པོའི་བུ་སོགས་ཐམས་ཅད་ཀྱིས་བཀུར་བར་གྱུར་པ་ལ། གཞན་དགེ་སློང་སྟོང་དག་གིས་ཕྲག་དོག་བྱས་ཏེ་ཡིད་འཁྲུགས་པ་རིགས་ནས། རྒྱལ་པོའི་བུ་དེས་སྲོག་ཆགས་སྟོང་ཕྲག་ལྔ་གོ་བགོས་པས་སྲུང་ཞིང་ཆོས་ཟབ་མོ་སྟོང་པ་ཉིད་དམིགས་པ་མེད་པ་འཆད་དོ། །དེའི་ཚེ་དམིགས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་ཆོས་མིན་སྨྲ་བའི་དགེ་སློང་འདི་བསད་ན་བསོད་ནམས་སུ་འགྱུར་ཞེས་མཚོན་ཆ་ཐོགས་ཏེ་འོངས་པ་ན། དགེ་སློང་སྙན་པའི་འོད་ཀྱིས། རྒྱལ་བ་རྣམས་ལ་ཕྱག་འཚལ་ནས་ཆོས་འདི་རྣམས་སྟོང་པ་ཉིད་ཡིན་ན་བདེན་པའི་སྟོབས་དེས་མཚོན་ཆ་འདི་རྣམས་མེ་ཏོག་མན་དཱ་ཱར་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ། མཚོན་ཆ་རྣམས་མེ་ཏོག་མན་དཱ་ར་བར་གྱུར་ཅིང་ས་ཆེན་པོ་ཡང་གཡོས་པས། དགེ་སློང་མཚོན་ཐོགས་པ་རྣམས་སྐྲག་ཅིང་ངོ་མཚར་དུ་གྱུར་ཏེ་ཚུར་ཉེ་མ་ནུས་ཤིང་། རས་བཅོས་བུ་བརྒྱ་ཡིས་མཆོད་ཅིང་ཆོས་ཉན་པ་ལ་སྟོང་པ་ཉིད་ཀྱི་ཆོས་བསྟན་ཏོ། །ཡང་དགེ་སློང་ཕྱིར་རྒོལ་བ་སྟོད་དག་གིས་ཆོས་སྨྲ་བ་སྙན་པའི་འོད་དེ་ལ་རྟག་ཏུ་བརྙས་ཤིང་མི་སྙན་པའི་ཚིག་བརྗོད་ཀྱང་བཟོད་པའི་སྟོབས་ལས་ནམ་ཡང་ཉམས་པར་མ་གྱུར་ཏེ་སེམས་ཅན་མང་པོར་ཡུན་རིང་དུ་ཆོས་བསྟན་ནོ། ༈ །ཡང་བཅོམ་ལྡན་འདས་འདི་ཀླུ་ཡི་རྒྱལ་པོ་རྡ་ཞེས་པར་གྱུར་པ་ལ་ཀུན་དགའ་བོ་ནུ་བོ་ཉེ་རྡ་ཞེས་བྱ་བར་གྱུར་པ་སྤུན་གཉིས་སོ། །ཡུལ་གཞན་ན་ཀླུ་རྔ་སྒྲ་ཞེས་པ་གནས་པའི་དྲུང་དུ་ཕྱིན་པ་ན་དེ་ཁྲོས་ནས་དུ་བ་ཅན་གྱི་དབུགས་བཏང་སྟེ་གཡོན་ཅན་ཚུལ་ཆོས་ཅན་ཞེས་སོགས་ཚིག་རྩུབ་པོས་སྤྱོས་ཤིང་ཡང་ནས་ཡང་དུ་བསྐྲད་པ་དང་། ཉེ་རྔ་ཁྲོས་ཏེ། ཀླུ་དེའི་གྲོང་ཐམས་ཅད་བརླགས་པར་བརྩམས་པ་ན། ཀླུ་ཆེན་པོ་རྔ་ཡིས་ལེགས་པར་བཤད་པའི་ཚིག་གིས་ཁྲོ་བ་བཟློག་སྟེ་ཉེ་རྔ་སེམས་དད་པར་བྱས་ཏེ་ལེགས་བཤད་ཀྱི་ཚིག་དེས་ཀྱང་ད་དུང་གི་བར་དུ་འགྲོ་བ་མང་པོའི་དོན་བྱས་སོ། །ཚིགས་བཅད་དེ་དག་ནི་ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ན་གསལ་ལོ། །སྐྱེས་རབས་གཞན་ན་ཀླུ་ངར་ངར་དང་ཉེ་བའི་ངར་ངར་ཞེས་པ་འདི་དང་ཚུལ་འདྲ་བ་ཡོད་དོ། །ཡང་གླང་པོ་ཆེ་ས་སྲུང་མཆེ་བ་དྲུག་ལྡན་དུ་གྱུར་པ་ན། ངུར་སྨྲིག་བགོས་པའི་རྔོན་པས་དུག་མདས་བསྣུན་པའི་ཚེ། གླང་མོས་རྔོན་པ་བརྫིས་ཏེ་བསད་པར་འདོད་པ་བཟློག་ཅིང་གུས་པའི་སེམས་ཀྱིས་རང་གི་མཆེ་བ་སྦྱིན་པར་བྱས་སོ། ༈ །ཡང་སྔོན་གྱི་དུས་སུ་ནགས་ཚལ་དགོན་པ་ཞིག་ན་མ་ཧེ་རྒོད་པོ་རྣམས་ཀྱི་ཁྱུ་མཆོག་སྟོབས་དང་ལྡན་པ་ཞིག་ཏུ་གྱུར་པའི་ཚེ། སྤྲེའུ་མི་སྲུན་པ་ཞིག་གིས་མ་ཧེའི་ཁྱུ་མཆོག་དེ་སྙིང་རྗེ་ཆེ་ཞིང་ཁྲོ་བ་མེད་པ་ངེས་ཤིང་མངོན་པར་གསལ་བའི་ཏིང་འཛིན་ཤེས་ནས་འཇིགས་པ་མེད་པར་གྱུར་ཏེ། སེམས་དཔའ་ཆེན་པོ་དེ་ལ་རྣམ་པ་ཀུན་ཏུ་འཚེ་བའི་རྣམ་པ་སྣ་ཚོགས་ཀྱིས་གནོད་པ་བྱེད་པར་ཞུགས་སོ། །མ་ཧེ་དེ་བདེ་བར་གཉིད་ལོག་པའི་སྐབས་སུ་སྤྲེའུ་དེ་གློ་བུར་སྟེང་དུ་མཆོང་པ་དང་། བར་བར་དེ་ལ་ཞོན་ནས་རྒྱུག་པ་དང་། བར་བར་བཀྲེས་ཏེ་ཟས་ཟ་བའི་ལམ་བཀག་པ་དང་། བར་བར་ཤིང་གིས་དེའི་རྣ་བ་དཀྲུགས་པ་དང་། བར་བར་དེ་ཆུ་ནང་དུ་རྐྱལ་དུ་འགྲོ་བའི་ཚེ་མགོའི་སྟེང་དུ་ཞོན་ནས་ལག་པ་གཉིས་ཀྱིས་དེའི་མིག་བཀབ་པ་དང་། བར་འགར་དེ་ལ་ཞོན་ནས་དབྱུག་པ་ཕྱར་ཏེ་བརྒྱུགས་པས་གཤིན་རྗེའི་ཚུལ་དུ་འཆོས་པར་བྱས་ཀྱང་། བྱང་ཆུབ་སེམས་དཔས་མ་རུངས་པའི་ཀྱལ་ཀ་བྱས་པ་དེ་ཐམས་ཅད་ལ་ཁྲོ་བ་དང་མི་དགའ་བ་མེད་པར་ཕན་བཏགས་པ་བཞིན་དུ་བཟོད་པར་གྱུར་ཏོ། །གནོད་སྦྱིན་ཞིག་གིས་དེས་དེ་གཙེས་པ་མ་བཟོད་ནས་བརྟག་པའི་ཕྱིར། ཁྱུ་མཆོག་དེ་ལ་སྤྲེའུ་ཞོན་ཏེ་སོང་བའི་ལན་དུ་བསྒུགས་ནས་ཀྱེ་ཁྱོད་ཅུང་ཟད་སྡོད་ཅིག །ཁྱོད་སྤྲེའུ་མི་སྲུན་པ་འདིས་ཉོས་སམ་ཅི། འོན་ཏེ་རྒྱན་པོས་ཕམ། འོན་ཏེ་འཇིགས་པ་ཅུང་ཟད་ཅིག་ཡོད་དམ་ཅི་སྟེ་བདག་ལ་མཐུ་མེད་པར་ཤེས་སམ། ཅི་སྟེ་འདི་དེ་ལྟར་བརྙས་ཤིང་ཞོན། ཀྱེ་མའོ། །ཁྱོད་ཀྱི་རྭས་རྡོའི་རི་ཡང་འཇོམས་ནུས་ལ། ཁྲོས་ཏེ་རྐང་ལག་འཕྲད་པས་བྲག་གི་རྩེ་མོ་ཡང་བཤིག་ཅིང་། ཁྱོད་ལུས་མཁྲེགས་ཤིང་བརྟན་པ་མཐུ་སྟོབས་ཕུན་སུམ་ཚོགས་པས་སེང་གེ་ཡང་དཔའ་བཀོང་ནུས་ན། སྤྲེའུ་རང་བཞིན་ངན་པ་བཅོས་སུ་མི་རུང་བ་འདི་ལ་བྱམས་ན་སླར་ཡང་ཇེ་ཐུར་འགྱུར་བས་རྨིག་པའམ་རྭ་ཡིས་འདི་རབ་ཏུ་ཆོམས་ཤིག་ཅེས་སྨྲས་པ་ལ། བྱང་ཆུབ་སེམས་དཔས་ཚིག་འཇམ་པོས་སྨྲས་པ། སྤྲེའུ་འདི་མཐུ་སྟོབས་ཆུང་ཞིང་རྟག་ཏུ་མ་དྲང་བར་སྤྱོད་པ་ཤེས་ནས་དེ་ལ་བདག་གིས་འདི་ལ་བཟོད་པར་རིགས་ཏེ། མཐུ་ཆུང་འཁྲུལ་པ་དག་ལ་བཟོད་ན་བཟོད་པ་ལགས་སོ། །དེའི་ཕྱིར་མཐུ་སྟོབས་ཆུང་བ་འདིས་བརྙས་ཐབས་བྱས་པ་ལ་ནུས་བཞིན་དང་དུ་ལེན་ཏེ། བཟོད་པའི་ཆོས་ལས་ཉམས་པར་མི་བྱེད་དོ། །གནོད་སྦྱིན་གྱིས་སྨྲོས་པ། དེ་ལྟ་ན་ཁྱོད་ནི་འདིས་གནོད་པ་བྱེ ད་པ་ལས་ནམ་ཡང་ཐར་བར་མི་འགྱུར་ཏེ་མི་སྲུན་པ་ལ་བཟོད་པ་བསྒོམས་ཀྱང་གནོད་པ་ཕྱིར་ཡང་མི་གཏོང་བར་དམ་དུ་འཛིན་ཏོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་བཟོད་པ་ལ་གནས་ནས་ཕ་རོལ་ལ་གནོད་པ་མི་བྱེད་མོད་གལ་ཏེ་འདི་ལ་ཐབས་ཀྱིས་བསྒོ་ཡང་གལ་ཏེ་མ་གོ་ན་བཟོད་པ་ཆུང་བ་གཞན་ཡོད་པས་འདི་ལོག་པའི་ལམ་ལས་བཟློག་ཀྱང་སྲིད་དེ་སྐྱེ་བོ་དེ་ལྟ་བུས་བརྙས་པ་བྱས་ན་བདག་ཏུ་ལྟ་བ་ཅན་འདི་ཡང་དེ་ལྟར་ཉེས་དམིགས་མཐོང་ནས་ཕྱིས་མི་བྱེད་ལ། འོན་ཀྱང་བདག་ཉིད་དེ་ལས་ཐར་བར་འགྱུར་རོ། །ཞེས་སྨྲས་པས། གནོད་སྦྱིན་དེ་རབ་ཏུ་དགའ་ཞིང་སེ་གོལ་བརྡབས་ལ་ལེགས་སོ། །དུད་འགྲོ་རྣམས་ལ་འདི་འདྲའི་ཡོན་ཏན་དང་ལྡན་པ་ཞེས་བསྔགས་ནས། སྤྲེའུ་མི་སྲུན་པ་དེ་དེའི་རྒྱབ་ནས་ཕབ་སྟེ་དེ་བསྲུང་བར་བསྐོས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་འབྲོག་དགོན་པའི་ཕྱོགས་ཀྱི་གནས་རི་དྭགས་མང་པོ་གནས་པ་ཞིག་ཏུ། རི་དྭགས་ཤ་ར་བྷ་སྟོབས་རྩལ་དང་མགྱོགས་པ་དང་། སེམས་སྟོབས་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་པ་སྟེ། སྙིང་རྗེའི་སེམས་ཀྱི་གཞན་ལ་མི་གནོད་པར་རྩྭ་དང་ལོ་མ་ཆུ་ཙམ་གྱིས་འཚོ་ཞིང་གནས་སོ། །དེར་རྒྱལ་པོ་ཞིག་དཔུང་གི་ཚོགས་འཕོང་སྐྱེན་པ་རྣམས་དང་ལྷན་ཅིག་དཔུང་བཞི་དང་ལྡན་པར་འོངས་ནས་རྒྱལ་པོ་དེ་མདའ་གཞུ་ཐོགས་ཤིང་འཕོང་སྐྱེན་པ་སྟོན་པའི་ཕྱིར་རི་དྭགས་དེའི་ཕྱི་བཞིན་བསྙེགས་ནས། རྟ་མགྱོགས་པ་ལ་ཞོན་ཏེ་བརྒྱུགས་པ་དང་། རི་དྭགས་ཀྱི་རྒྱལ་པོ་དེས་དེ་མཐོང་ནས་སླར་རྒོལ་ནུས་སུ་ཟིན་ཀྱང་མ་བརྒལ་བར་མགྱོགས་པར་སོང་བ་དང་། ལམ་དེར་གྲོག་རོང་ཆེན་པོ་ཞིག་ཡོད་པར་རི་དྭགས་རྒྱལ་པོ་དེ་མཆོངས་ནས་བྲོས་ཏེ་སོང་ངོ་། །དེར་རྒྱལ་པོ་སླེབས་ནས་རྟ་དེ་མཆོང་མ་ནུས་པར་འཐེན་པས་རྒྱལ་པོ་རྟ་ཐོག་ནས་གྲོག་རོང་དེར་ལྷུང་ངོ་། །དེ་ནས་རྟའི་རྨིག་སྒྲ་མི་གྲགས་པས་བྱང་ཆུབ་སེམས་དཔས་ཕྱིར་བལྟས་པ་དང་། རྟ་ཞོན་པའི་མི་མེད་པར་རྟ་དེ་གྲོག་རོང་གི་ཁ་ན་འདུག་པར་མཐོང་ནས་རྒྱལ་པོ་དེ་གྲོག་རོང་དུ་ལྷུང་བར་གོར་མ་ཆག་གོ་སྙམ་དུ། དེ་གསོད་དུ་འོང་བ་ཡིན་ཀྱང་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། འདི་རྒྱལ་རིགས་ཀྱི་འབྱོར་པ་ཆེན་པོས་དགའ་བར་བྱས་པ་ཡིན་ན། དེ་རིང་གཡང་ས་ཆེན་པོར་ལྷུང་བས་སྡུག་བསྔལ་མི་བཟད་པ་མྱོང་བར་གྱུར་ཏོ་སྙམ་དུ། དེ་སྲོག་གི་ལྷག་མ་ཙམ་ཞིག་ལུས་སྲིད་ན། འདི་ཡལ་བར་འདོར་མི་རིགས་སོ་སྙམ་དུ་གཡང་སའི་འགྲམ་ནས་བལྟས་པ་དང་། དེ་ཐོད་ཞིག་ཅིང་རྡུལ་གྱིས་ཡོག་ལ་འགྲེ་ཞིང་འདུག་པ་མཐོང་ནས་མིག་མཆི་མས་གང་ཞིང་རྒྱལ་པོ་ཆེན་པོ་སྣད་བར་མ་གྱུར་ཏམ། བདག་ནི་ཁྱོད་ཀྱི་ཡུལ་ན་གནས་པའི་རི་དྭགས་ཏེ། ཁྱོད་ཀྱི་རྩ་དང་ཆུས་བདག་བསྐྱེད་ན་བདག་ལ་བག་ཕོབ་ཅིག་བདག་གིས་ཁྱོད་དབྱུང་བར་ནུས་ན་བཀའ་མཆིད་སྩོལ་ཅིག་ཅེས་སྨྲས་པས། རྒྱལ་པོ་དེ་ལ་ཡ་མཚན་ཞིང་མགུ་སྟེ་ངོ་ཚ་ནས་འདི་བདེན་ནམ་རྫུན་སྙམ་དུ། བདག་གིས་དགྲ་བྱས་པ་ལ་ཁྱོད་ཇི་ལྟར་སྙིང་རྗེ་བྱེད། ཕྱུགས་དང་རི་དྭགས་ནི་བདག་གི་ཡིན་པ་འདྲ་སྟེ། བདག་བེར་འཐུག་པོ་བགོས་པས་ན་ལུས་ཆེར་མ་སྣང་ལ། ཅུང་ཟད་སྣང་བ་བདག་གིས་བཟོད་ཀྱིས། ཁྱོད་ལྟ་བུ་དགེ་བར་སེམས་པ་ལ། ནོངས་པར་བགྱིས་པའི་སྡུག་བསྔལ་ཙམ་གཡང་སར་ལྷུང་བ་ལ་སྡུག་བསྔལ་མེད་དོ། །བདག་གིས་ཉེས་པ་ཐུགས་ལ་ཆོངས་ཤིག་ཅེས་སྨྲས་སོ། །དེ་ནས་རི་དྭགས་ཤར་བྷ་དེས་རྡོ་བ་མིའི་ཚད་ཙམ་ལ་བདག་གི་ཤེད་ཀྱི་ཉམས་དྲོད་དཔགས་ནས། གྲོག་རོང་དེའི་ནང་དུ་ཞུགས་ཤིང་བདག་གི་རྒྱབ་ལ་བཅིབས་ཏེ་ལེགས་པར་འཇུས་ཞེས་གུས་པར་གསོལ་ནས་ཤུགས་ཀྱི་གྱེན་དུ་མཆོངས་པས་སྟེང་དུ་ཕྱུངས་ནས་ལམ་བསྟན་ཏེ་ནགས་སུ་ཆས་པ་ལ། རྒྱལ་པོས་དེ་ལ་འཁྱུད ་ནས་སྨྲས་པ། ནགས་ཚལ་ཚ་གྲང་ཅན་འདིར་བདག་གི་སྲོག་སྦྱིན་པ་ཁྱོད་བོར་ནས་བདག་ཁྱིམ་དུ་འགྲོ་མི་རིགས་པས། འོ་སྐོལ་ལྷན་ཅིག་འགྲོགས་ཏེ་བཞུད་ཅེས་སྨྲས་པ་ལ། ཤ་ར་བྷས་འཇམ་པར་སྨྲས་པ། མི་མཆོག་ཁྱོད་ནི་ཡོན་ཏན་ལ་དགའ་བ་རིགས་པའོ། །ཁྱོད་ཀྱིས་ཕན་བཏགས་བཞེད་ན་དེ་ཁྱོད་དུད་འགྲོའི་རང་བཞིན་གླེན་པའི་རི་དྭགས་ཉོན་མོངས་པའི་ཚོགས་ལ་སྙིང་རྗེར་མཛད་ནས་ཕྱིན་ཆད་རྔོན་པའི་ལས་མ་མཛད་ཅིག །བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་སེམས་ཅན་ཐམས་ཅད་མཚུངས་པས་བདག་མི་འདོད་པ་དེ་ནི་གཞན་ལའང་བགྱི་བར་མི་རིགས་སོ། །གྲགས་པ་ཉམས་ཤིང་དམ་པས་སྨད་པའི་སྡིག་པའི་ལས་རྣམས་སྤོངས་ལ། དཔལ་གྱི་གཞིར་གྱུར་པའི་རྒྱལ་སྲིད་ཐོབ་པའི་བསོད་ནམས་དེ་ཉིད་སླར་སྤེལ་བར་མཛོད་ཅིག །བདག་ཅག་ནི་ཁྱིམ་ལ་མི་གནས་ཤིང་ནགས་ན་གོམས་པས་རི་དྭགས་དང་མི་རྣམས་ཀྱི་བདེ་བའི་སྤྱོད་ཡུལ་ཐ་དད་པ་ལགས་པས་ཁྱིམ་དུ་མི་འགྲོའོ། །ཁྱོད་ནི་ཁྱིམ་དུ་བཞུད་ལ་བདག་དང་གཞན་ལ་ཕན་པ་བསྒྲུབ་པའི་བློས་སྦྱིན་པ་དང་ཚུལ་ཁྲིམས་ལ་གནས་ནས་བདེ་བ་སྒྲུབ་པ་དང་གྲགས་པ་དང་བསོད་ནམས་བསོགས་པར་གྱིས་ཞེས་གདམས་པས། རྒྱལ་པོས་ཀྱང་དེ་བཞིན་དུ་ཉན་ཏེ་གུས་པས་ཕྱིར་ལྟ་བཞིན་དུ་ཚལ་དེ་ནས་སོང་ངོ་། ༈ །ཡང་དགོན་པའི་ནགས་ ཚལ་ཆེན་པོ་རི་དྭགས་དང ་གཅན་གཟན་སྣ་ཚོགས་གནས་པའི་ཕྱོགས་སུ། རི་དྭགས་རུ་རུ་གསེར་གྱི་མདོག་ཅན་ཤིན་ཏུ་མཛེས་པའི་གཟུགས་ཅན་ཞིག་ཏུ་གྱུར་པའི་ཚེ། དེ་བློ་རྣོ་བས་རྔོན་པས་རྒྱ་སོགས་བཙུགས་པའི་ཕྱོགས་སྤངས་ནས་རང་གི་རྗེས་སུ་འབྲངས་པའི་རི་དྭགས་མང་པོ་རྣམས་ལ་ཕ་མ་བཞིན་དུ་སློབ་ཅིང་གནས་སོ། །དེས་ཆུ་དྲག་པོ་ཞིག་གིས་མི་གཅིག་ཁྱེར་བས་སྨྲེ་སྡགས་འདོན་པ་མཐོང་ནས་དེ་ཆུ་ལས་བསྒྲལ་ཏོ། །མི་དེས་དེ་ལ་བདག་གི་སྲོག་ཁྱོད་ཀྱིས་བཏོན་པས་ཁྱོད་ལ་བདག་གིས་དྲིན་གཟོ་ཅི་ཞིག་བགྱི་བཀའ་སྩོལ་ཅིག་བྱས་པ་ལ། ཁོ་བོ་སུ་ལ་མ་སྨྲས་ན། དེ་ཉིད་དྲིན་གཟོ་ཡིན་ཏེ། ང་ཡི་ཤ་ཡང་ཟར་རུང་ལ། གཟུགས་འདི་ལ་ཡང་ཆགས་པ་གཞན་ཡོད་པས། དེས་ན་ཁྱོད་བདག་གི་ཡོན་ཏན་དང་ཡང་སྲུང་བར་རིགས་ཏེ་མཛའ་བོ་ལ་སྙིང་རིང་བ་ལ་བདེ་བ་ནམ་ཡང་མེད་དོ་ཞེས་བྱས་པ་ལ། དེས་ཀྱང་དེ་བཞིན་བགྱིའོ་ཞེས་ཕྱག་འཚལ་ནས་སོང་ངོ་། །ཡུལ་དེའི་རྒྱལ་པོའི་བཙུན་མོ་ཞིག་གིས་རྨི་ལམ་ཅི་རྨིས་པ་ཐིག་པས་རེ་ཞིག་རི་དྭགས་རུ་རུ་དཔལ་འབར་བ་ཞིག་ཁྲི་ལ་འདུག་ནས་རྒྱལ་པོ་འཁོར་བཅས་ལ་ཆོས་འཆད་པར་རྨིས་པ་རྒྱལ་པོ་ལ་གསོལ་ཞིང་། དེ་བཙལ་བའི་ཕྱིར་རྔོན་པ་རྣམས་ལ་སུས་ཐོས་པ་དེ་ལ་ཡུལ་གྲུ་བཞི་བཅུ་དང་བུད་མེད་རབ་ཏུ་སྡུག་པ་སྦྱིན་ནོ་ཞེས་བྱས་པས་སྔར་གྱི་མི་དེ་འདོད་པ་ལ་ཆགས་པས་རྒྱལ་པོ་ལ་ངས་མཐོང་ཞེས་བྱས་པས། མི་དེས་ལམ་པ་བྱས་ཏེ། རྒྱལ་པོ་དམག་གི་དཔུང་དང་བཅས་པ་ཕྱོགས་དེར་སོང་བས། ནགས་ཀྱི་མཐའ་ཀུན་ཏུ་དམག་གིས་བསྐོར་ནས། མི་དེ་ དང་རྒྱལ་པོ་ལམ་སྲང་ནས་ནགས་ཚལ ་དེར་ཞུགས་ཏེ་རྒྱལ་པོ་ལ་རི་དྭགས་དེ་བསྟན་པས་དེའི་འཁྲིག་མ་ཆད་ནས་ས་ལ་ལྷུང་ངོ་། །དེར་རྒྱལ་པོས་རི་དྭགས་དེ་གཟུང་འདོད་པས་མདའ་བཀང་སྟེ་སོང་ཡང་། རི་དྭགས་དེས་ནགས་ཀྱི་མཐར་ཀུ་ཅོར་འདོན་པ་དང་སྦྱར་ན་མཐའ་ཀུན་བསྐོར་ཟིན་པས་བྲོས་ཀྱང་མི་ཕན་ནོ་སྙམ་དུ་མིའི་སྐད་དུ་སྨྲས་པ། མི་མཆོག་རེ་ཞིག་ཐེ་ཚོམ་འདི་སོལ་ཅིག །བདག་ནགས་ཐིབས་པོ་འདི་ན་གནས་ཞེས་སུས་གསོལ། རྒྱལ་པོ་ངོ་མཚར་ནས་མདའི་རྩེ་མོས་མི་དེ་བསྟན་པ། བྱང་ཆུབ་སེམས་དཔས་ངོ་ཤེས་ནས་འདི་ལྟར་མི་འོས་པའི་སྔར་གྱི་ཚུལ་ཞིབ་ཏུ་སྨྲས་པ་དང་། མི་དེ་ལ་རྒྱལ་པོས་དེ་ལྟར་གྱུར་པ་བདེན་ནམ་ཞེས་དྲིས་པས་ངོ་ཚ་ཞིང་བདེན་ཞེས་སྨྲས་སོ། །དེ་ལ་རྒྱལ་པོ་ཁྲོས་ནས་སྨད་ཅིང་མདའ་བརྒྱབ་པར་གཟས་པ་ལ་བྱང་ཆུབ་སེམས་དཔའ་དེའི་བར་དུ་བསྡད་དེ། རྒྱལ་པོ་ཆེན་པོ་འདི་དགུམ་པས་ཅི་ཞིག་བྱ་འདོད་པ་ཆེན་པོའི་དགྲས་བསྐུལ་ཏེ་འོངས་པ་འདི་གྲགས་པ་ངན་པས་འགུམ་ཟིན་ཏོ། །བསོད་ནམས་མིན་པས་སླད་མའི་ཚེ་ཡང་འགུམ་མོ། །སྙིང་རྗེ་མཛོད་ལམ་བཀྱོན་ཅིག་དང་། ཁྱོད་ཀྱིས་བཀའ་སྩལ་པ་བདག་གི་སྤྱི་བོས་ནོད་ཅེས་བྱས་སོ། །རྒྱལ་པོས་རི་དྭགས་དེ་ལ་གུས་པའི་ཚིག་གིས་བསྟོད་ཅིང་ཕོ་བྲང་དུ་སྤྱན་དྲངས་ནས། ཆོས་བསྟན་པས། རྒྱལ་བློན་བཙུན་མོ་དང་བཅས་གྲོང་གི་མི་ཐམས་ཅད་རྣམས་དད་ཅིག་ཉམས་སུ་ལེན་ལ། རི་དྭགས་དང་བྱ་ཐམས་ཅད་ལ་ཡང་མི་འཇིགས་པ་བྱིན་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་སྤྱོད་པའི་སྤྱོད་ཡུལ་ཞེས་བྱ་བའི་དྲང་སྲོང་དུ་གྱུར་པ་ན། བདུད་སྡིག་ཅན་གྱིས་སྐྱེས་བུ་ལྔ་བརྒྱ་གཤེ་བ་ལ་དཔའ་བར་སྤྲུལ་ནས་ལོ་ལྔ་བརྒྱའི་བར་དུ་རྟག་ཏུ་རྒྱུན་མི་འཆད་པར་དྲང་སྲོང་དེའི་ཕྱི་བཞིན་འབྲང་ཞིང་ཉིན་ཡང་གཤེ་མཚན་ཡང་གཤེ །འགྲོ་བ་དང་འདུག་པ་ཉལ་བ་སོགས་སྤྱོད་ལམ་ཐམས་ཅད་ཀྱི་ཚེ་ན་མི་སྙན་པ་ཟེར་ཏེ། ཚིག་རྩུབ་པོ་ངན་པ་སྨྲ་བར་བྱས་ཀྱང་། དྲང་སྲོང་དེས་དེ་རྣམས་ལ་བྱམས་པའི་སྦྱོར་བས་ལྟ་བ་ལས། ཉེས་པའི་སེམས་གཅིག་ཙམ་ཡང་མ་བསྐྱེད་པར་དེ་དག་ལ་ཡོན་ཏན་དུ་ལྟ་ཞིང་། བདག་ནི་འདུལ་དཀའ་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་སྒྲུབ་པ་ཡིན་པས། བདག་གིས་འདི་དང་ཐོག་མར་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་བྱམས་པའི་སེམས་ཀྱིས་གནས་པར་གྱུར་ཏོ། ༈ །ཡང་སྔོན་མུ་སྟེགས་ཅན་གྱི་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བར་གྱུར་ནས། དེས་བདག་གིས་སེམས་ཅན་ལ་ཞེ་སྔང་མི་སྐྱེད་དོ་སྙམ་པའི་ཆོས་ཡང་དག་པར་བླངས་བ་ལ། དེའི་ཚེ་སྡིག་པའི་ཡིད་ཅེས་བྱ་བའི་བདུད་ཞིག་གིས་དྲང་སྲོང་དེའི་བཟོད་པའི་ཆོས་བཤིག་ཅིང་བཟློག་པར་བསམས་ནས་སྤྱོ་བ་ལ་མཁས་པའི་མི་སྟོང་བཀྱེ་སྟེ་ཚིག་རྩུབ་པོ་དང་། མི་བདེན་པར་སྐྱོན་ནས་སྨོས་པ་དང་། དབྱུང་བར་མི་འོས་པའི་ཚིག་ངན་པ་སྣ་ཚོགས་ཀྱིས། འགྲོ་འདུག་ཉལ་ལངས་ཟས་ཟ་བ་སོགས་གནས་སྐབས་ཐམས་ཅད་དུ་རྟག་པར་སྤྱོས་ཏེ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྤྱོས་ཤིང་། དྲང་སྲོང་དེ་གྲོང་དུ་འཇུག་པའི་ཚེ་གཅིན་གྱིས་དེའི་མགོ་དང་ལྷུང་བཟེད་དུ་བླུགས། ལུས་དང་གོས་ལ་གཏོར། ཕྱག་དར་གྱིས་མགོ་ལ་གཏོར་བར་བྱས་ཀྱང་དེའི་སེམས་ལ་ཞེ་སྡང་དང་འཁོན་འཛིན་མེད་ལ། ཉེས་པ་ཅི་བྱས་པ་ཡང་མི་གླེང་། སྡང་མིག་གིས་བལྟས་ཏེ་བདག་ལ་ཉེས་པ་ཅི་ཡོད་ཅེས་པའི་ཚིག་ཙམ་ཡང་མ་སྨྲས་པར་བྱམས་པའི་སེམས་བསྐྱེད་པ་ལ། དྲང་སྲོང་དེའི་སྟོབས་གཞིག་ཏུ་མི་ནུས་པར་མཐོང་ནས། ཤིན་ཏུ་དང་བའི་བསམ་པ་བསྐྱེད་དེ་ཁ་ན་མ་ཐོ་བ་རྣམས་ཀྱང་བཤགས་ནས་མཆོད་ཅིང་རིམ་གྲོར་བྱས་སོ། །དེའི་ཚེ་ནའང་དེ་དག་ལ་ཆགས་པ་མེད་དོ། །དེ་ལྟར་གྱུར་པ་ལ་དད་ནས་ཉེས་པ་བཤགས་ཏེ་དྲང་སྲོང་བཟོད་པའི་སྟོབས་ཀྱི་རྗེས་སུ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཞག་པ་དེ་ཐམས་ཅད་སྔར་སངས་རྒྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་སྤྱོ་བ་ལ་དཔའ་བའི་སྐྱེས་བུ་སྟོང་བཀྱེ་བའི་བདུད་དེ་ནི་ལྷས་བྱིན་ཡིན་ནོ། །གཞན་ཡང་དེ་འདྲ་བའི་གནོད་པ་དཔག་ཏུ་མེད་པ་ལ་ཅི་མི་སྙམ་དུ་བཟོད་པ་དང་། ཆོས་ཕྱིར་དཀའ་བ་སྤྱོད་པ་ཆོས་ཚོལ་གྱི་སྐབས་ནས་འབྱུང་བ་དང་། ཟབ་མོའི་དོན་ལ་བློས་བཟོད་པ་ཤེས་རབ་ཀྱི་སྐབས་ནས་འབྱུང་བ་རྣམས་ཀྱིས་མཚོན་ཏེ་བཟོད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ཏུ་ཕྱིན་པར་རིགས་པར་བྱའོ། །བཟོད་པའི་སྐབས་སོ། ༈ །ཡང་སྔོན་བྱུང་བ་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། བསྐལ་པ་དགའ་བྱེད་ལ། འཇིག་རྟེན་གྱི་ཁམས་ཞི་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་བྱོན་པའི་ཚེ་ཞིང་དེ་བདེ་བའི་འབྱོར་པ་ཚད་མེད་པ་དང་ལྡན་ལ་དེ་དུས་ཀྱི་མི་རྣམས་ཀྱི་ཚེ་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་བོ། །དེར་རྒྱལ་བུ་ནོར་དཔལ་ཞེས་བྱ་བ། གཟུགས་མཆོག་དང་ལྡན་པ་ལོངས་སྤྱོད་ཀྱི་སྐྱིད་པས་དྲེགས་ནས། སངས་རྒྱས་དེའི་གན་དུ་མི་འགྲོ་ཞིང་རིམ་གྲོ་མི་བྱེད་དོ། །དེ་བཞིན་གཤེགས་པ་དེས་རྒྱལ་བུ་ནོར་དཔལ་འདི་ནི་དགེ་བའི་རྩ་བ་སྨིན་ཏེ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་སྐལ་པ་ཡོད་ན། འདི་ལོངས་སྤྱོད་དང་སྐྱིད་དཔལ་ལ་ཆགས་ཏེ་ང་རྒྱལ་གྱིས་དེ་བཞིན་གཤེགས་པའི་དྲུང་དུ་མི་འོང་ན། གལ་ཏེ་དེ་རྒྱུན་མི་འཆད་པར་བསྐུལ་ན། དེ་བཞིན་གཤེགས་པའི་དྲུང་དུ་འོང་ཡང་སྲིད་སྙམ་དུ་དགོངས་པ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ལས། རིགས་ཀྱི་བུ་ཁྱེད་ཀྱི་ནང་ནས། ཡོངས་སུ་མི་སྐྱོ་བར་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གཞོན་ནུ་ནོར་དཔལ་གྱི་ཁྱིམ་གྱི་སྒོར་འགྲོ་ཞིང་། བདེ་བ་ཐམས་ཅད་ནི་སྤངས། སྡུག་བསྔལ་ཐམས་ཅད་ནི་དང་དུ་བླངས་ཏེ། དེ་ལས་ཐ་ན་ཀུན་ཏུ་སྨྲ་བའམ། ཡང་དག་པར་སྨྲ་བའམ། སྟན་ཙམ་ཡང་མི་རྙེད་ཀྱི་སྟེང་དུ་གཤེ་རྒྱ་ཞིང་ཚིག་ངན་པ་རྩུབ་མོ་མི་སྙན་པ་ཟེར་ཡང་སྤྲོ་བར་འགྱུར་བ་སུ་ཡོད་ཅེས་ཚུལ་ཤིང་བྲིམས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་པོ་དེ་ལས་འགའ་ཙམ་ཡང་སྤྲོ་བར་མ་གྱུར་ཏོ། །བཅོམ་ལྡན་འདས་དེས་ཚུལ་ཤིང་ཐོགས་ཏེ་ལན་གཉིས་ལན་གསུམ་དུ་བྲིམས་ཀྱང་སུས་མ་བླངས་པ་དང་། དེའི་ཚེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འདི་ཉིད་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་ཞེས་བྱ་བར་གྱུར་པ་དེ་འཁོར་དེར་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པར་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པར་སྣང་བ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ་གསོལ་པ། བཅོམ་ལྡན་འདས་བདག་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཡོངས་སུ་མི་སྐྱོ་བར། བདེ་བ་ཐམས་ཅད་སྤངས་སྡུག་བསྔལ་ཐམས་ཅད་ལ་ཅི་མི་སྙམ་པར་བགྱིད་དེ། རྒྱལ་བུ་ནོར་དཔལ་གྱི་ཁྱིམ་དུ་མཆིའོ་ཞེས་སྨྲས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་པ་དྲུག་ཏུ་གཡོས་ཤིང་། སྟེང་གི་བར་སྣང་ལས་ལྷའི་བུ་བརྒྱ་སྟོང་དག་གིས་ཀྱང་། ཀྱེ་མ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་གྱིས་བརྩོན་འགྲུས་ཆེན་པོའི་གོ་ཆ་བགོས་པ་འདི་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་རྒྱལ་བུ་ནོར་དཔལ་གྱི་ཁྱིམ་དུ་སོང་སྟེ། ཁྱིམ་གྱི་སྒོ་དྲུང་ན་འདུག་པ་དང་། དེ་སྐྱེ་བོའི་ཚོགས་ཆེན་པོ་དེས་མཐོང་ནས་གཤེ་རྒྱ་ཞིང་ཚིག་ངན་པ་རྩུབ་མོ་སྣ་ཚོགས་སྨྲས་ཏེ། དེ་ལ་ས་དང་རྡུལ་ཀྱང་གཏོར། ལག་པ་དང་དབྱུག་པ་དང་བོང་བས་ཀྱང་བརྡེགས་སོ། །དེ་དག་མཐོང་ཞིང་ཐོས་ཏེ་ལུས་ལ་རེག་ཅིང་ཚོར་བར་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་འཁྲུགས་པའམ་གཤེ་བའམ་ཁོང་ཁྲོ་བའམ། ཕྱི་ལོག་པར་མ་གྱུར་གྱི་སྟེང་དུ་བརྩོན་འགྲུས་བརྟན་པའི་སྟོབས་རབ་ཏུ་བསྐྱེད་པས་སྟོབས་དང་རབ་ཏུ་ལྡན་པ་དང་། སྙིང་རྗེ་ཆེན་པོ་ཡང་བསྐྱེད་དེ་དེ་ལོ་སྟོང་ལོན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་གཅིག་ཏུ་ཞུགས་ཏེ། སྨད་པ་དང་། སྡིགས་པ་དང་། རྡེག་པ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་མི་སྐྱོ་བར་དེ་ལོ་ཁྲི་ལོན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་གཉིས་ཀྱི་ནང་དུ་ཞུགས་སོ། །དེ་ལོ་ཉི་ཁྲི་ལོན་པ་དང་། སྒོ་གསུམ་པར་ཞུགས་པ་ནས་ལོ་བདུན་ཁྲི་ལོན་པ་དང་། སྒོ་ཁང་དྲུག་པའི་ནང་དུ་ཞུགས་སོ། །ལོ་བརྒྱད་ཁྲི་བཞི་སྟོང་ལོན་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་ཁང་བདུན་པའི་ནང་དུ་ཞུགས་པ་དང་། དེ་ནས་གདོད་རྒྱལ་བུ་ནོར་དཔལ་དེས་ཚིག་སྟེར་ཏེ། དགེ་སློང་ཁྱེད་ཅི་འདོད། ཅི་ཞིག་ཚོལ། ཁྱོད་ལ་ཅི་དགོས་སྨྲོས་དང་ཅི་ནུས་ཀྱིས་རབ་ཏུ་སྦྱིན་པར་བྱའོ། །རྒྱལ་བུ་དེས་དགེ་སློང་དེ་ལ་ངོ་མཚར་གྱི་འདུ་ཤེས་སྐྱེས་ཏེ། ཇི་ཙམ་དུ་ཡོངས་སུ་མི་སྐྱོ་བར་བརྣགས་ནུས་པ་ངོ་མཚར་ཏོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་འབར་དེས་རྒྱལ་བུ་ནོར་དཔལ་དེ་རབ་ཏུ་དྭང་བར་ཤེས་ནས། ཟས་དང་སྐོམ་དང་གོས་དང་བཟའ་བ་རྣམས། །གཞོན་ནུ་བདག་ལ་དགོས་པ་ཅི་ཡང་མེད། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་ནས། །བདག་ནི་ཆོས་ཀྱི་ཕོ་ཉར་འདིར་འོངས་སོ། །འཇིག་རྟེན་དོན་མཛད་དྲང་སྲོང་ཆེར་བྱུང་བ། །མི་མཆོག་དྲི་མ་མེད་པར་སྣང་ཞེས་བྱ། །དེ་ནི་སྡུག་བསྔལ་མཐར་ཕྱིན་ཆོས་སྟོན་ཏོ། །སེམས་ཅན་གང་གིས་ཐོས་པས་མི་འཆི་ཐོབ། །བསྐལ་པ་སྟོང་ཕྲག་བྱེ་བ་གྲངས་མེད་ན། །སངས་རྒྱས་རྣམས་ནི་བརྒྱ་ལམ་འབྱུང་བར་འགྱུར། །ད་ལྟར་འཇིག་རྟེན་མུན་ནག་སྒྲོན་གྱུར་པ། །ཡོན་ཏན་དམ་པ་མངའ་བ་དེ་སྐྱེས་ན། །ཁྱོད་ནི་འདི་ན་འདོད་པའི་ཡོན་ཏན་ཆགས། །གཟུགས་དང་ལོངས་སྤྱོད་རྣམས་ལ་རྟག་ཏུ་མྱོས། །སྐྱིད་མྱོས་དེ་བཞིན་རྒྱལ་སྲིད་མྱོས་པ་ན། །ཆོས་ཀྱི་རྒྱལ་པོ་བལྟ་བར་ཡོང་མི་འགྲོ། །ལོངས་སྤྱོད་མི་རྟག་དེ་བཞིན་རྒྱལ་སྲིད་སྲོག །རྩྭ་རྩེའི་ཟིལ་ཐིགས་འདྲ་ཞེས་རྒྱལ་བས་གསུངས། །གང་ཕྱིར་སངས་རྒྱས་ཐོས་ཀྱང་མྱོས་འགྱུར་བ། །དེ་ནི་རྒྱལ་བུ་ཁྱོད་ཀྱི་ཆ་མ་ཡིན། །ཁྱོད་ནི་འདི་ན་བྱང་ཆུབ་མཆོག་ཞུགས་ལ། །སེམས་ཅན་དག་ཀྱང་གཉེར་ཏེ་གྲོལ་བར་གྱིས། །ཁྱོད་བདག་ད་ལྟར་འདོད་པའི་བྲན་གྱུར་ན། །ཇི་ལྟར་མྱོས་པས་སྐྱེ་བོ་འདུལ་བར་འགྱུར། །ང་རྒྱལ་སྤོངས་ཏེ་ཉོན་མོངས་རྣམ་སེལ་ལ། །ད་ནི་རྒྱལ་བའི་དྲུང་དུ་འགྲོ་བར་གྱིས། །བརྩོན་འགྲུས་བསྐྱེད་དེ་འཇིག་རྟེན་སྙིང་བརྩེ་གྱིས། །ཕྱི་མའི་དུས་ན་གདུང་བར་འགྱུར་ཏ་རེ། །དེ་ནས་རྒྱལ་བུས་ཚིགས་བཅད་དེ་ཐོས་ནས་ང་རྒྱལ་སྤངས་ཤིང་གུས་པ་རབ་ཏུ་བསྐྱེད་ནས་བརྩོན་འགྲུས་འབར་གྱི་རྐང་པ་ལ་ཕྱག་བྱས་ཏེ་འདི་སྐད་དུ། གང་སྔོན་ཆད་བདག་གིས་གནོད་པ་བགྱིས་པ་བཟོད་པར་གསོལ། བདག་ནི་རྒྱལ་སྲིད་དང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྤངས་ཏེ། ང་རྒྱལ་བྲལ་བའི་སེམས་ཀྱིས་མྱུར་དུ་བདེ་བར་གཤེགས་པའི་དྲུང་དུ་འགྲོའོ་ཞེས་བྱས་ནས། སྲོག་ཆགས་བྱེ་བ་བརྒྱད་ཅུས་བསྐོར་ཏེ། མེ་ཏོག་དང་སྤོས་དང་ན་བཟའ་ཐོགས་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བའི་དྲུང་དུ་སོང་སྟེ་ཕྱག་འཚལ་ཞིང་མཆོད་པ་བྱས་ལ་སྤྱན་སྔར་འདུག་ནས་གསོལ་པ། གང་ཕྱིར་སྐྱེ་མེད་སེམས་ཀྱིས་བསྐུལ་བས་ན། །བརྩོན་འགྲུས་འབར་བ་བདག་གི་སྟོན་པ་མགོན། །ཇི་ལྟར་དེ་ནི་མཆོད་པའི་འོས་ལགས་ན། །དེ་ལ་ལན་དུ་ཕན་པ་བགྱིད་མི་ནུས། །བདག་ནི་འཇིག་རྟེན་མགོན་ལ་བཟོད་པར་གསོལ། །ཆོས་ཀྱི་རྒྱལ་ལ་གུས་པ་གང་མ་བགྱིས། །དེ་དག་ཐམས་ཅད་དེ་རིང་སོ་སོར་བཤགས། །བདག་ནི་ནོངས་པ་འཇིག་རྟེན་མགོན་མཁྱེན་མཛོད། །སེམས་ཅན་དོན་དུ་སྙིང་རྗེ་བསྐྱེད་ནས་སུ། །བདག་ནི་བྱང་ཆུབ་མཆོག་ལ་རབ་ཞུགས་ཏེ། །བྱང་ཆུབ་དམ་མཆོག་མ་ཐོབ་བར་དུ་ནི། །སླན་ཆད་བག་མེད་སྤྱོད་པ་མི་བགྱིའོ། །ཞེས་ཞུས་ནས། རྒྱལ་བུ་དེས་རྒྱལ་སྲིད་སྤངས་ཏེ་སྲོག་ཆགས་བྱེ་བ་བརྒྱད་ཅུ་རྣམས་ཀྱིས་བསྐོར་ནས་བྱང་ཆུབ་དམ་པ་ཚོལ་ཞིང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་ཀྱང་དེ་དག་གི་བསམ་པ་མཁྱེན་ནས་བྱང་ཆུབ་མཆོག་གི་ལམ་བསྟན་པས་ཐམས་ཅད་ཀྱིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །རྒྱལ་བུ་ནོར་དཔལ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ནོ། །ཞེས་གསུངས་སོ། ༈ །ཡང་སྔོན་བྱུང་བ་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུ་ན། རྒྱལ་པོ་སེང་གེ་རལ་པ་ཅན་ཞེས་བྱ་བ་འབྱོར་པ་རྒྱས་ཤིང་ཆོས་བཞིན་རྒྱལ་སྲིད་བྱེད་པའི་ཕོ་བྲང་དེ་ན། དེད་དཔོན་སེང་གེ་ཞེས་བྱ་བ་རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་པ་དེའི་སྲས་སུ་བཅོམ་ལྡན་འདས་འདི་ཁྱེའུ་སིང་ག་ལ་ཞེས་པ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཏེ། དེ་ཆེན་པོར་གྱུར་པ་ན། ཡི་གེ་བསླབ་ཅིང་བརྟག་པ་བརྒྱད་ལ་སོགས་པར་མཁས་པར་གྱུར་ཏེ། དེས་པས་དགུན་དང་དཔྱིད་དང་དབྱར་གྱི་ཁང་པ་སོ་སོའི་བྱེད་དུ་བཅུག་ཅིང་། ཆུང་མའི་མཁར་རབ་འབྲིང་ཐ་མ་གསུམ་ཀྱང་བཞག་གོ། །དེར་སྟེང་གི་ཁང་བཟང་དུ་སྐྱེས་པ་མེད་པར་སིལ་སྙན་གྱིས་བརྩེ་བ་ལས། དུས་གཞན་ཞིག་ན་ཕ་ལ་བདག་རྒྱ་མཚོ་ཆེན་པོར་འཇུག་པར་གནང་ཞེས་སྨྲས་པ་ལ། ཕ་ན་རེ། བུ་རེ་ཞིག་ཁོ་བོ་ལ་ནོར་གྱི་རྣམ་པ་མང་དུ་ཡོད་པས། ཏིལ་དང་འབྲས་ལ་སོགས་པ་བཞིན་དུ་སྤྱད་ཀྱང་ཁོ་བོའི་ལོངས་སྤྱོད་སྲབ་ཅིང་ཟད་པར་མི་འགྱུར་བས། ཇི་སྲིད་ཁོ་བོ་གསོན་པ་དེ་སྲིད་དུ་ཁྱོད་རྩེ་ཞིང་དགའ་བར་གྱིས་ལ། ཁོ་བོ་འདས་པ་དང་ནོར་སྒྲུབ་པར་གྱིས་ཤིག་ཅེས་སྨྲས་སོ། །དེས་ཡང་ནས་ཡང་དུ་རྒྱ་མཚོར་འཇུག་པར་གནང་བ་ཞུས་པས། གདོན་མི་ཟ་བར་དུས་ཀྱིས་འཆུ་བར་ཤེས་ནས་བུ་དེ་ལྟར་གྱིས་ཤིག །ཁྱོད་ཀྱིས་འཇིགས་པ་དག་བཟོད་པར་གྱིས་ཤིག་ཅེས་སྨྲས་སོ། །དེར་དྲིལ་བསྒྲགས་པས་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་རྒྱ་མཚོར་ཆས་སོ། །དེར་སྟོབ་པར་བྱེད་པ་དང་། རྐྱལ་ཆེན་པ་དང་། རླུང་གཡོར་ཐོགས་པ་སོགས་ཞོ་ཤས་འཚོ་བ་ལྔ་པོ་དག་ཀྱང་ཁྲིད་དེ་རྒྱ་མཚོ་ཆེན་པོར་འཇུག་པར་བརྩམས་སོ། །རྒྱ་མཚོ་ཆེན་པོ་བདེ་བླག་ཏུ་བརྒལ་ལམ་མི་བརྒལ་མི་ཤེས་པས་གྲུ་ཞིག་ན་རྐྱལ་བྱེད་པའི་ཆས། ཤལ་མ་ལིའི་སྤང་ལེབ་དང་། སྔས་ཤིང་བལ་ཅན་དང་། གྲུ་པའི་གཟིངས་དང་རྐྱལ་པ་སོགས་ཁྱེར་ཏེ་གྲུར་ཞུགས་པ་དང་། ཆུ་སྲིན་ཉའི་རིགས་ཀྱིས་གྲུ་བཅག་པར་གྱུར་པ་ན། སོ་སོ་ནས་སྤང་ལེབ་དང་། རྐྱལ་པ་སོགས་ལ་ཞོན་ནས་དེ་དག་གི་ལས་ཀྱིས་བྱང་ནས་རླུང་ལངས་པས་ལྷོ་ཕྱོགས་ཀྱི་འགྲམ་དུ་བདས་པ་དང་། ཟངས་གླིང་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་པ་ཚོང་པ་གྲུ་བཤིག་པ་རྣམས་དགའ་བའི་ཚུལ་གྱིས་སྲུང་བར་བྱེད་པའི་གླིང་ཡོད་པ་དེ་ལ། རྒྱལ་མཚན་དགའ་བའི་གནས་དང་མཐུན་པ་དང་། ཕོངས་པའི་གནས་དང་མཐུན་པ་ཞེས་བྱ་བ་གཉིས་ཡོད་པས། ཇི་ཙམ་ན་དགའ་བའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པ་དང་། སྲིན་མོ་དེ་དག་གིས་ལྟས་འདི་ལས་འཛམ་བུའི་གླིང་གི་ཚོང་པ་དག་གྲུ་བཤིག་པར་གོར་མ་ཆག་གིས་བཅབ་པར་བྱའོ་ཞེས་སྨྲས་ཏེ། རྒྱ་མཚོའི་འགྲམ་དུ་སོང་པ་དང་། ཚོང་པ་རྣམས་རྐྱལ་ཞིང་འོང་བ་མཐོང་ནས། བདག་ཉིད་གཟུགས་བཟང་མོར་མངོན་པར་སྤྲུལ་པ་གོས་རྒྱན་སྣ་ཚོགས་ཀྱིས་ཀླུབས་ནས། ཇོ་ཇོ་བཞིན་བཟང་དག་ཚུར་བྱོན། བདག་ཅག་ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་དང་མགོན་མཛོད་ཅིག །འདི་དག་ཁྱེད་ཀྱི་ཟས་སྐོམ་དང་གོས་དང་གནས་མལ་དང་ཀུན་དགའ་ར་བ་སོགས་དང་། འཛམ་བུའི་གླིང་གི་རིན་པོ་ཆེ་ནོར་བུ་དང་མུ་ཏིག་དང་བཻཌཱུརྻ་ལ་སོགས་པ་དུང་གཡས་སུ་འཁྱིལ་པའི་བར་དག་ལགས་ཀྱིས། བདག་ཅག་དང་ལྷན་ཅིག་རྩེ་དགའ་དང་དགའ་མགུར་སྤྱད་པར་མཛོད་ཅིག །ཁྱེད་ཅག་འགའ་ཡང་ཤིན་ཏུ་མྱོས་པར་གྱུར་ཀྱང་ལྷོའི་ལམ་དུ་འགྲོ་བར་མི་བྱའོ་ཞེས་སྨྲས་པས། སྐྱེས་པ་ལ་བུད་མེད་ཀྱི་གཟུགས་དང་འདྲ་བ་ཆགས་ཤིང་མྱོས་པ་དང་། སྡུག་ཅིང་འཆིང་བ་གཞན་མེད་པས། སྲིན་མོ་དེ་དག་གིས་བརྗོད་དེ་རྒྱ་མཚོ་ལས་བརྒལ་ནས་དེ་དག་དང་ལྷན་ཅིག་རྩེ་ཞིང་དགའ་མགུར་སྤྱད་ནས་བུ་དང་བུ་མོ་དག་ཀྱང་བྱུང་ངོ་། །དེའི་ཚེ་དེད་དཔོན་སིང་ག་ལ་དེས་ཅིའི་ཕྱིར་ན་བུད་མེད་འདི་དག་ལྷོ་ལམ་ཤིན་ཏུ་སྲུང་བར་སེམས་སྙམ་དུ་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ལོག་པ་དང་དལ་བུས་མལ་ཆེན་པོ་ལས་བབ་སྟེ། རལ་གྲི་རྣོན་པོ་མཆན་དུ་བཅུག་ནས་ལྷོ་ལམ་དུ་ཕྱིན་པ་དང་། དེར་སྐྱེ་བོ་ཕལ་པོ་ཆེས་སྨྲེ་སྔགས་ཀྱི་སྒྲ་འདོན་པ། ཀྱེ་ཧུད་ཕ་མ་དང་བུ་དང་འཛམ་བུའི་གླིང་དགའ་བར་འགྱུར་བ་དེས་བདག་ཅག་སྤོང་ངོ་ཞེས་ཟེར་བ་ཐོས་ནས་ཡུད་ཙམ་སྐྲག་སྟེ་མི་སྨྲ་བར་བསྡད་ནས། ཡང་འཇིགས་པ་སྤངས་ཏེ་ལམ་དེ་ཉིད་དུ་སོང་བ་དང་། བར་ལྕགས་ཀྱི་གྲོང་ཁྱེར་ཆེན་པོ་དཔངས་མཐོ་ཞིང་ཐ་གྲུ་ཆེ་བ་ཞིག་འདུག་པ་དེར་སྒེའུ་ཆུང་འགའ་ཞིག་ཡོད་དམ་སྙམ་དུ་ཁོར་ཡུག་ཏུ་བཙལ་ཀྱང་བྱི་ལ་འཇུག་པ་ཙམ་གྱི་བུག་པ་ཡང་མི་སྣང་ངོ་། །དེའི་བྱང་ཕྱོགས་ན་ཤིང་ལྗོན་པ་ཤི་རི་ཤ་ཆེན་པོ་དཔངས་མཐོ་ཞིང་ཐ་གྲུ་ཆེ་བ་ཞིག་ཡོད་པ་དེ་ལ་འཛེགས་ནས་བལྟས་ཏེ། ལྕགས་ཀྱི་ཁང་པ་དེའི་ནང་གི་སྐྱེ་བོའི་ཚོགས་ལ། ཁྱེད་རྣམས་འདི་ལྟར་སྨྲེ་སྔགས་ཅིའི་ཕྱིར་འདོན་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ་ཁོ་བོ་ཅག་ནི་འཛམ་གླིང་གི་ཚོང་པ་རྒྱ་མཚོར་གྲུར་བྱས་ཏེ་ཞུགས་པ་དག་ཆུ་སྲིན་ཉའི་རིགས་ཀྱིས་གྲུ་བཤིག་པའི་ཚེ་ཤིང་ལེབ་དང་རྐྱལ་པ་སོགས་བཟུང་སྟེ་བརྒལ་བ་ལ། ཟངས་གླིང་འདིར་འཁོད་པའི་སྲིན་མོའི་ཚོགས་ཀྱིས་གཟུགས་བཟང་བ་བསྟན་ཏེ་དགའ་བའི་ཚིག་གིས་བསླུས་ཤིང་ཁྱིམ་ཐབ་ཏུ་བྱས་ནས་བུ་དང་བུ་མོ་ཡང་བྱུང་ངོ་། །ཇི་སྲིད་འཛམ་གླིང་གི་ཚོང་པ་གཞན་གྲུ་ཞིག་སྟེ་འོངས་པ་སྲིན་མོ་དེ་དག་གིས་རྙེད་པའི་ཚེ། བདག་ཅག་རྣམས་ལས་ཅི་རིགས་པ་ཟོས་ཤིང་དེའི་སྐྲ་དང་སྤུ་དང་སེན་མོ་སོགས་ལྷག་མ་ཅུང་ཟད་ཀྱང་མེད་པར་བཟའ་ཞིང་ཐ་ན་ཁྲག་ཐིགས་པ་ཙམ་ཟག་པའི་ས་དེ་ཡང་སོར་མོས་བླངས་ནས་ཟའོ། །དེ་དག་གི་ལྷག་མ་ཁོ་བོ་ཅག་ཡིན་ཏེ་ལྕགས་མཁར་འདིར་བཙུད་དོ་ཞེས་སྨྲས་པས། དེད་དཔོན་དེས་སྨྲས་པ། ཤེས་ལྡན་ཁྱེད་ཅག་གིས་ཁྱེད་དང་བདག་ཅག་བདེ་བར་འཛམ་གླིང་དུ་ཐར་པའི་ཐབས་འགའ་ཡོད་པ་མི་ཤེས་སམ། དེ་དག་གིས་སྨྲས་པ། ཤེས་ལྡན་དག་ཁོ་བོ་ཅག་ལ་ནི་ཐབས་མེད་དེ། གལ་ཏེ་འདོང་སྙམ་པ་ན་ལྕགས་ཀྱི་གྲོང་ཁྱེར་འདིའི་སྟེང་འོག་གང་ནས་བྲོས་སྙམ་ཡང་དེ་ཉིས་འགྱུར་སུམ་འགྱུར་དུ་སྐྱེ་བའི་ཕྱིར་རོ། །ཁྱེད་ཅག་ནི་ཐར་བའི་ཐབས་ཡོད་དེ། འདིར་སྟེང་ན་ལྷ་རྣམས་རྒྱུ་བས་འདི་སྐད་དུ། ཀྱེ་འཛམ་གླིང་གི་ཚོང་པ་བྱིས་པ་རྣམས་འདི་ཉིད་ཀྱི་གསོ་སྦྱོང་བཅོ་ལྔ་པ་ལ་བྱང་ལམ་དུ་སོང་དང་། དེ་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཟོས་ནས། ནད་མེད་ཅིང་བདེ་ལ་སྟོབས་དང་ལྡན་ཞིང་དབང་པོ་ཚིམས་པས་རོ་སྟོད་བསྲངས་ནས། ཕ་རོལ་ཏུ་སུ་འགྲོ་ཕ་རོལ་ཏུ་སུ་ཞིག་བཀུར་བར་བྱ། སུ་ཞིག་བདེ་ཞིང་ལེགས་པར་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་ལན་གསུམ་བརྗོད་ཀྱིས། ཁྱེད་ཅག་དེའི་གན་དུ་སོང་ལ། ཕ་རོལ་ཏུ་བདག་ཅག་འགྲོའོ། །བདག་ཅག་འཛམ་བུའི་གླིང་དུ་བདེ་བར་ཕྱིན་པར་གྱིས་ཞེས་བརྗོད་ན། དེས་ཕ་རོལ་ཏུ་ཕྱིན་པར་བྱེད་དོ་ཞེས་ཐོས་སོ་ཞེས་སྨྲས་པ་དེ་རྣམས་དེད་དཔོན་གྱིས་ཡིད་ལ་བཟུང་སྟེ། དལ་བུས་ཕྱིར་རང་གི་མལ་དུ་འཁོད་ནས་བུད་མེད་དེ་གཉིད་ལོག་པའི་སར་དལ་བུས་ཉལ་ལ། དེད་དཔོན་སིང་ག་ལ་ནངས་པར་སྔ་བར་ལངས་ཏེ། ཚོང་པ་མང་པོ་དེ་དག་གི་སར་སོང་ནས། ཤེས་ལྡན་དག་སྐྱེད་ ཚལ་དབེན་པ་ཞིག་ཡོད་པ་དེར་ཤོག་དང ་ཁོ་བོ་ལ་གསང་བར་སྨྲ་བ་ཅུང་ཟད་ཅིག་ཡོད་པས་ཁྱེད་ཅག་མ་གཏོགས་ཤིན་ཏུ་མྱོས་པར་གྱུར་ཀྱང་ཁྱེའུ་དང་བུ་མོ་དག་ཁྲིད་དེ་མ་འོངས་ཤིག་ཅེས་བྱས་པ་ལྟར། ཚོང་པ་དེ་དག་དབེན་པར་འདུས་པ་དང་། དེད་དཔོན་གྱིས་ཇི་ལྟར་གྱུར་པ་ཞིབ་ཏུ་བགྲོས་ནས། སྲིན་མོ་འདི་དག་ལས་ཐར་བའི་ཕྱིར། ཚེས་བཅོ་ལྔ་ལ་བྱང་ལམ་དུ་འཇུག་པར་ཆད་བྱས་སོ། །དེར་ཚེས་བཅོ་ལྔ་ལ་དེ་ཐམས་ཅད་བྱང་ལམ་དུ་ཞུགས་ཏེ་སོང་བས་རྟའི་རྒྱལ་པོ་དེ་མ་རྨོས་པའི་འབྲས་བུ་ཟ་བ་མཐོང་ངོ་། །དེ་མཐོང་བས་ཚོང་པ་དག་གིས་དེ་ལ་གསོལ་བ་གདབ་པར་བརྩམས་པ་དང་། དེད་དཔོན་སིང་ག་ལ་ན་རེ། ཁོ་བོས་སྐྱེ་བོའི་ཚོགས་ཀྱིས་སྨྲས་པ་དེའི་དོན་ཤེས་པ་ལྟར་ན་ད་དུང་དུས་ལ་མ་བབ་སྟེ། རྟའི་རྒྱལ་པོ་དེས་འབྲུ་ཟོས་ནས་བདེ་ཞིང་ཉམས་སྟོབས་དང་ལྡན་པས་ཕ་རོལ་ཏུ་སུ་འགྲོ་ཞེས་སོགས་ཆེད་དུ་རྗོད་པར་བྱེད་པ་དེའི་ཚེ་བདག་ཅག་གིས་གསོལ་བ་གདབ་རིགས་སོ་ཞེས་སྨྲས་སོ། །དེ་ནས་རྟའི་རྒྱལ་པོ་དེས་སཱ་ལུའི་འབྲས་བུ་ཟོས་ཤིང་རོ་སྟོད་བསྲང་ནས་ཕ་རོལ་ཏུ་སུ་འགྲོ་ཞེས་བསྒྲགས་པ་ན། ཚོང་པ་དེ་ཐམས་ཅད་རྟའི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐལ་མོ་སྦྱར་བས་བཏུད་ནས། བདག་ཅག་ཕ་རོལ་ཏུ་འགྲོའོ། །བདག་ཅག་ཕ་རོལ་ཏུ་ཁྱེར་ཅིག །བདག་ཅག་བདེ་ལེགས་དང་བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་གྱིས་ཤིག་ཅེས་བྱས་སོ། །དེའི་ཚེ་རྟའི་རྒྱལ་པོ་དེས་སྨྲས་པ། ཤེས་ལྡན་དག་བུད་མེད་དེ་དག་གཟུགས་བཟང་ཞིང་ལྟ་ན་སྡུག་པར་བསྒྱུར་ནས་རང་གི་ཁྱེའུ་དང་བུ་མོ་དག་ཐོགས་ཏེ་འདི་སྐད་ཅེས། ཇོ་བོ་བཞིན་བཟང་དག་ཚུར་བྱོན། བདག་ཅག་གི་ཁྱིམ་ཐབས་དང་མགོན་མཛོད་ཅིག །འདི་དག་ཁྱེད་ཀྱི་ཟས་སྐོམ་གྱི་གནས་དང་། གོས་ཀྱི་གནས་དང་། གནས་མལ་དང་། ཀུན་དགའ་ར་བ་ དང་། ནགས་ཚལ་དང ་། རྫིང་བུ་དགའ་བར་གྱུར་པ་དག་དང་། འཛམ་གླིང་གི་རིན་པོ་ཆེ་འདི་ལྟ་སྟེ་ནོར་བུ་དང་། མུ་ཏིག་དང་། བཻཌཱུརྻ་དང་། མན་ཤེལ་དཀར་པོ་དང་། བྱེ་རུ་དང་། གསེར་དང་དངུལ་དང་། རྡོའི་སྙིང་པོ་དང་། སྤུག་དང་། དམར་པོ་དང་། དུང་གཡས་སུ་འཁྱིལ་བ་དག་ལགས་ཀྱིས་ཚུར་བྱོན། བདག་ཅག་དང་ལྷན་ཅིག་རྩེ་ཞིང་དགའ་བ་དང་དགའ་མགུར་སྤྱད་པར་གྱིས་ཤིག །གལ་ཏེ་བདག་ཅག་དོན་དུ་མི་གཉེར་ན། རེ་ཞིག་རང་རང་གི་བུ་དང་བུ་མོ་འདི་དག་བསྣམས་ཏེ་བཞུད་ཅིག་ཅེས་ཟེར་བར་འགྱུར་གྱིས། དེ་དག་ལ་ཁྱེད་ཅག་འདི་སྙམ་དུ། བདག་གི་ཆུང་མའམ། བུའམ་བུ་མོའམ། ཟས་ཀྱི་གནས་སོགས་ནས་དུང་གཡས་སུ་འཁྱིལ་པའི་བར་དུ་བདག་གིའོ་སྙམ་དུ་སེམས་པ་དེ་དག་ནི་ངའི་རྒྱབ་ཏུ་ཞོན་པར་གྱུར་དུ་ཟིན་ཀྱང་ཤིང་ཐོག་སྨིན་པ་ཤིང་གི་རྩེ་ལས་བྲུལ་བ་ལྟར་ལྷུང་བར་འགྱུར་ཞིང་བུད་མེད་དེ་དག་འོངས་པས་ཟ་བར་འགྱུར་ཏེ། སྐྲ་ལ་སོགས་པ་ལྷག་མ་མེད་པར་ཟ་ཞིང་ཐ་ན་ཁྲག་ཐིགས་པའི་ས་ཡང་སོར་མོས་བླངས་ནས་ས་དང་བཅས་ཏེ་ཁར་འཇུག་པར་བྱེད་པར་འགྱུར་རོ། །ཁྱེད་ཅག་ལས་ཆུང་མ་ནས་དུང་གཡས་སུ་འཁྱིལ་པའི་བར་དག་ལ་བདག་གི་བར་མི་སེམས་པ་དེ་དག་ནི་ངའི་སྤུ་དག་ལ་འཇུས་པར་མ་གྱུར་དུ་ཟིན་ཀྱང་དེ་དག་བདེ་ཞིང་ལེགས་པར་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ་ཞེས་ཡང་དག་པར་བསྒོས་ནས། རྒྱབ་བཟེད་པ་དང་། ཚོང་པ་དེ་དག་ཁ་ཅིག་རྒྱབ་ཏུ་ཞོན། ཁ་ཅིག་གཤུལ་དུ་ཞོན། ཁ་ཅིག་སྤུ་དག་ལ་འཇུས་སོ། །དེའི་ཚེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དེས་མཐར་གྱིས་ལུས་མཐུ་དང་སྟོབས་བསྐྱེད་ནས་སྟེང་གི་ནམ་མཁར་སོང་བ་དང་། སྲིན་མོ་དེ་དག་གི་གནས་ནས་མི་མཐུན་པའི་རྒྱལ་མཚན་གཡོས་པ་ལས། སྲིན་མོ་དེ་དག་གིས་འཛམ་གླིང་གི་ཚོང་པ་རྣམས་བྱེར་བར་གྱུར་ཏོ་སྙམ་དུ། གཟུགས་བཟང་ལ་རྒྱན་གྱིས་མཛེས་པར་བྱས་ནས་ཁྱེའུ་དང་བུ་མོ་ཐོགས་ཏེ། ཇོ་བོ་དག་ཚུར་བྱོན། བཞིན་བཟང་དག་ཚུར་བྱོན། བདག་ཅག་ཁྱིམ་ཐབས་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་དང་། བདག་པོ་དང་མགོན་དང་གནས་དང་གླིང་དང་སྐྱབས་དང་དཔུང་གཉེན་མཛོད་ཅིག །འདི་དག་ནི་ཁྱེད་ཀྱི་ཟས་ཀྱི་གནས་སོགས་སྔར་སྨོས་པ་བཞིན་དུ་བརྗོད་པ་ན། ཚོང་པ་དེ་དག་གིས་བདག་གི་ཆུང་མ་དང་། བུ་དང་བུ་མོ་དང་ཟས་དང་གོས་སོགས་གང་རུང་ཡིད་ལ་བྱས་ནས་ཆགས་པར་གྱུར་པ་དེ་ཐམས་ཅད་རྟའི་རྒྱལ་པོའི་རྒྱབ་ལས་ལྷུངས་ནས་སྲིན་མོ་དེ་དག་གིས་ཟོས་ཤིང་ཐ་ན་ཁྲག་ཐིགས་པ་ཟག་པའི་ས་ཡང་ཁར་བཅུག་གོ། །དེད་དཔོན་སིང་ག་ལ་འབའ་ཞིག་བདེ་བར་འཛམ་བུའི་གླིང་དུ་ཕྱིན་ཏོ། །དེར་བཅོམ་ལྡན་འདས་ཀྱིས་དཔེ་དེ་ལས་བརྩམས་ཏེ་བཀའ་སྩལ་པ། དགེ་སློང་དག་རྟའི་རྒྱལ་པོ་ལ་ཞོན་པའི་མི་དེ་དག་བདག་གི་ཆུང་མ་དང་བུ་དང་བུ་མོ་དང་། ཟས་སྐོམ་ཡོ་བྱད་གང་རུང་ལ་བདག་གི་བར་ཞེན་པ་དེ་དག་ལྷུངས་ནས་སྲིན་མོས་ཟོས་ལ། མ་ཆགས་པ་དེ་དག་བདེ་བར་འཛམ་བུའི་གླིང་དུ་ཐར་བ་དེ་བཞིན་དུ། དགེ་སློང་དག་ཁྱེད་ཅག་ལས་གང་དག་བདག་ཏུ་ཞེན་པ་དང་། བདག་གི་མིག་གོ་ཞེས་སོགས་མིག་ནས་ཡིད་ཀྱི་བར་དང་། གཟུགས་ནས་ཆོས་ཀྱི་བར་དང་། ས་སོགས་ལྔ་དང་། རྣམ་པར་ཤེས་བའི་ཁམས་དྲུག་དང་། གཟུགས་སོགས་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པ་དེ་དག་ནི་ཚོང་པ་སྡུག་བསྔལ་བ་བཞིན་དུ་འཁོར་བར་ལྷུང་བའོ། །དེ་དག་ལ་བདག་དང་བདག་གིར་མི་འཛིན་པ་དེ་དག་ནི་ཚོང་པ་འཛམ་བུའི་གླིང་དུ་ཐར་བ་ལྟར་འཁོར་བ་ལས་ཐར་བར་འགྱུར་རོ། །མི་གང་ཤེས་རབ་ལྡན་པ་དག །སངས་རྒྱས་བསྟན་ལ་དད་བྱེད་པ། །སྤྲིན་ཤུགས་ཅན་གྱིས་ཚོང་པ་དག །བདེ་ལེགས་ཕ་རོལ་འགྲོ་བ་བཞིན། །མི་གང་བྱིས་པ་འདྲ་བ་དག །སངས་རྒྱས་བསྟན་ལ་མ་དད་པ། །སྲིན་མོ་རྣམས་ཀྱིས་ཚོང་པ་དག །སྡུག་བསྔལ་འགྱུར་བ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་དེད་དཔོན་སིང་ག་ལ། འབའ་ཞིག་ཐར་པའི་རྗེས་སུ་དེའི་ཆུང་མ་སྲིན་མོ་དེ་ལ། སྲིན་མོ་གཞན་དག་གིས་སྨྲས་པ། ཁོ་བོ་ཅག་གིས་རང་གི་ཁྱིམ་ཐབ་དག་ཟོས་ན་ཁྱོད་ཀྱིས་རང་གི་ཁྱིམ་ཐབ་བཏང་གིས་གལ་ཏེ་དེ་ཁྲིད་དེ་འོངས་ན་ལེགས། གལ་ཏེ་མི་འོངས་ན་ཁྱོད་ཉིད་བཟའ་བར་བྱའོ་ཞེས་སྨྲས་པས། དེ་སྐྲག་སྟེ་སྨྲས་པ་གལ་ཏེ་ཁྱེད་ཅག་དེ་ལྟར་འདོད་ན་དུས་བྱོལ་དང་མི་རིང་བར་ཁྲིད་དེ་འོང་ཞེས་བྱས་པས། དེ་དག་གིས་ཀྱང་དེ་བཞིན་གྱིས་ཞེས་སྨྲས་སོ། །སྲིན་མོ་དེ་མཆོག་ཏུ་འཇིགས་སུ་རུང་བའི་གཟུགས་སུ་སྤྲུལ་ནས་དེད་དཔོན་སིང་ག་ལའི་མདུན་དུ་བསྡད་པ་དང་། དེད་དཔོན་དེས་རལ་གྲི་ཕྱུངས་ཏེ་བསྡིགས་པས་སྐྲག་ནས་བྲོས་སོ། །ཇི་ཙམ་ན་ཡུལ་དབུས་ནས་ཚོང་པ་འོང་བའི་ཚེ་དེད་དཔོན་ཞིག་ལ་སྲིན་མོ་དེས་ཕྱག་བྱས་ནས་སྨྲས་པ། བདག་ནི་ཟངས་གླིང་གི་རྒྱལ་པོའི་བུ་མོ་ཡིན་ལ། དེད་དཔོན་སིང་ག་ལའི་ཆུང་མར་བསྩལ་བ་ལགས་ཏེ། རྒྱ་མཚོ་ཆེན་པོར་ཞུགས་པའི་གྲུ་ཆུ་སྲིན་ཉའི་རིགས་ཀྱིས་བཅག་པའི་ཚེ་དེས་བདག་ལ་བཀྲ་མི་ཤིས་སོ་ཞེས་བོར་ན། དེའི་སླད་དུ་ཁྱོད་བདག་ལ་ཐུགས་བརྩེ་བས་སིང་ག་ལ་ལ་བཟོད་པ་བགྱིད་དུ་སྩལ་བར་ཅི་གནང་། དེད་དཔོན་དེས་དེ་བཞིན་བྱེད་པར་ཁས་བླངས་ནས། དེད་དཔོན་སིང་ག་ལའི་དྲུང་དུ་སོང་སྟེ་བག་ཕབ་པའི་གཏམ་བྱས་པའི་རྗེས་སུ། ཤེད་མཐུན་ཁྱོད་ཀྱིས་ཟངས་གླིང་གི་རྒྱལ་པོའི་བུ་མོ་བླངས་པ་གནས་མ་ཡིན་པ་དོར་བ་བཟོད་པར་གྱིས་ཤིག །སིང་ག་ལས་སྨྲས་པ། ཤེད་མཐུན་དེ་ནི་རྒྱལ་པོའི་བུ་མོ་མ་ཡིན་ཏེ། ཟངས་གླིང་ནས་འོངས་པའི་སྲིན་མོ་ཡིན་ནོ། །འོ་ན་འདིར་ཇི་ལྟར་འོང་། དེས་ཇི་ལྟར་གྱུར་པ་བརྗོད་པས་དེ་ཅང་མི་སྨྲ་བར་འདུག་གོ། །དེད་དཔོན་སིང་ག་ལ་མཐར་གྱིས་རང་གི་ཁྱིམ་དུ་འོངས་པ་དང་། སྲིན་མོ་དེ་ཡང་བུ་ཐོགས་ཏེ་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུར་ཕྱིན་ནས་དེད་དཔོན་སིང་ག་ལའི་སྒོ་དྲུང་ན་སྡོད་པ་ལ། སྐྱེ་བོའི་ཚོགས་ཀྱིས་ཁྱེའུ་དེའི་གཟུགས་ལས་དེད་དཔོན་སིང་ག་ལའི་བུ་ཡིན་པར་ཤེས་ནས་དེའི་བུ་ཡིན་ནོ། །ཞེས་སྨྲས་པ་ལ། སྲིན་མོ་ན་རེ། ཁྱོད་ཀྱིས་ཤེས་ཏེ་འདི་ནི་དེད་དཔོན་དེའི་བུ་ཡིན་ནོ། །དེ་དག་གིས་ཁྱོད་ག་ལས་འོང་། སུ་ཡིན་ཞེས་དྲིས་པ་ལ། བདག་ནི་ཟངས་གླིང་གི་རྒྱལ་པོའི་བུ་མོ་དེད་དཔོན་སིང་ག་ལའི་ཆུང་མར་བྱིན་ཏེ། དེ་རྒྱ་མཚོར་གྲུ་ཞིག་པས་བདག་བཀྲ་མི་ཤིས་པར་བལྟས་ནས་བོར་བས་འདིར་ཕྱིན་པ་ལགས་སོ། །བདག་དང་བུ་ཆུང་འདི་ལ་དེད་དཔོན་སིང་ག་ལ་ལ་བཟོད་པར་བགྱིད་དུ་སྩལ་བར་རིགས་སོ་ཞེས་སྨྲས་པས། དེ་དག་གིས་སིང་ག་ལའི་ཕ་མ་ལ་སྨྲས་སོ། །ཕ་མ་གཉིས་ཀྱིས་སིང་ག་ལ་ལ། རྒྱལ་པོའི་བུ་མོ་དེ་མདོར་བར་བུ་ཆུང་ངུ་དང་བཅས་པའི་ཉོན་མོངས་པ་འདི་ལ་བཟོད་པར་གྱིས་ཤིག་ཅེས་སྨྲས་སོ། །སིང་ག་ལས། ཡབ་ཡུམ་འདི་ནི་རྒྱལ་པོའི་བུ་མོ་མ་ལགས་ཏེ། ཟངས་གླིང་ནས་མཆིས་པའི་སྲིན་མོ་ལགས་སོ། །ཕ་མ་དེ་གཉིས་ཀྱིས་སྨྲས་པ། བུད་མེད་ལྟ་ཞིག་ཐམས་ཅད་ཀྱང་སྲིན་མོ་ཡིན་གྱིས་བཟོད་པར་གྱིས་ཤིག །བུས་སྨྲས་པ། ཡབ་ཡུམ་གཉིས་འདི་ལ་དགྱེས་ན་ཁྱིམ་དུ་སྲིལ་ཅིག །བདག་ནི་གཞན་དུ་མཆིའོ། །ཕ་མ་གཉིས་ན་རེ། བུ་ངེད་ཀྱིས་ཁྱེད་ཀྱི་དོན་དུ་འདི་སྲེལ་བར་སེམས་ན་ཁྱོད་འདི་མི་འདོད་ན། ངེད་ཀྱིས་ཅིའི་ཕྱིར་མི་བསྐྲད་ཅེས་དེ་གཉིས་ཀྱིས་སྲིན་མོ་དེ་བསྐྲད་དོ། །དེ་ནས་སྲིན་མོ་དེ་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་དྲུང་དུ་སོང་བ་དང་། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་བུད་མེད་གཟུགས་འདི་ལྟ་བུ་ལང་ཚོ་དར་ལ་བབ་པ་ཞིག་རྒྱལ་པོའི་ཆབ་སྒོ་ན་སྡོད་དོ་ཞེས་ཞུས་སོ། །རྒྱལ་པོ་དེ་ལྟའི་འཇུག་ཏུ་ཆུག་ཅིག་ཅེས་སྨྲས་པས་ནང་དུ་འཇུག་བཅུག་པ་དང་། བུད་མེད་ཀྱི་གཟུགས་ནི་དབང་པོ་རྣམས་འཕྲོག་པ་ཡིན་པས། རྒྱལ་པོས་དེ་མཐོང་བ་ཙམ་ནས་འདོད་ཆགས་ཀྱིས་གཟིར་བས་འོངས་པ་ལེགས་སོ་ཞེས་བྱ་བས་ཀུན་སྤྱོད་བྱས་ཏེ། བཟང་མོ་ཁྱོད་ག་ལས་འདིར་འོང་ཞེས་དྲིས་པ་ལ། ལྷ་བདག་ནི་ཟངས་གླིང་གི་རྒྱལ་པོའི་བུ་མོ་སིང་ག་ལའི་ཆུང་མ་ཡིན་ཏེ། དེ་གྲུ་ཞིག་པས་བདག་བཀྲ་མི་ཤིས་སོ་ཞེས་གནས་མ་ལགས་པར་བོར་ཏེ་འདིར་མཆིས་ན། ལྷ་དེད་དཔོན་སིང་ག་ལ་ལ་བདག་དང་བུ་ཆུང་ངུ་ལ་བཟོད་པར་བགྱིད་དུ་སྩལ་བར་ཅི་གནང་། རྒྱལ་པོས་བློན་པོ་རྣམས་ལ་དེད་དཔོན་སིང་ག་ལ་འདིར་བོས་ཞེས་བསྒོས་ནས་དེ་འོངས་པ་དང་། རྒྱལ་པོས་བུ་མོ་འདི་མ་དོར་བར་བུ་ཆུང་ངུ་དང་འདི་ལ་བཟོད་པར་གྱིས་ཤིག །དེས་སྨྲས་པ། ལྷ་འདི་ནི་རྒྱལ་པོའི་བུ་མོ་མིན་ཏེ་ཟངས་གླིང་གི་སྲིན་མོའོ། །རྒྱལ་པོས་སྨྲས་པ། དེད་དཔོན་བུད་མེད་ཐམས་ཅད་ཀྱང་སྲིན་མོ་ཡིན་གྱིས་འདི་ལ་བཟོད་པར་གྱིས་ཤིག །འོན་ཏེ་ཁྱོད་མི་འདོད་ན་ང་ལ་བྱིན་ཅིག །དེད་དཔོན་དེས་སྨྲས་པ། ལྷ་འདི་ནི་སྲིན་མོ་ལགས་པས་བདག་མི་དབུལ་མི་ཟློག་གོ། །དེར་རྒྱལ་པོས་མ་ཉན་པར་བཙུན་མོའི་འཁོར་གྱི་ནང་དུ་བཅུག་ནས་དེས་རྒྱལ་པོ་དབང་དུ་བྱས་སོ། །ཇི་ཙམ་དུས་གཞན་ཞིག་ན་སྲིན་མོ་དེས་རྒྱལ་པོ་དེ་བཙུན་མོའི་འཁོར་དང་བཅས་པ་གཉིད་ལོག་པར་བྱས་ནས་ཟངས་གླིང་དུ་སྲིན་མོ་དག་གི་ནང་དུ་སོང་སྟེ་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ལ་དེད་དཔོན་སིང་ག་ལས་ཅི་བྱ། ཁོ་མོས་རྒྱལ་པོ་སེང་གེ་རལ་པ་ཅན་བཙུན་མོའི་འཁོར་དང་བཅས་པ་གཉིད་ལོག་པར་བྱས་ཀྱི། ཚུར་ཤོག་དེ་བཟའ་བར་བྱའོ། །དེ་དག་གིས་རྐང་ལག་དང་མིག་བསྒྱུར་ཏེ། བདག་ཉིད་འཇིགས་པ་དང་འཇིགས་སུ་རུངས་པ་ཆེན་མོར་སྤྲུལ་ནས་མཚན་མོ་དེར་རྒྱལ་པོའི་ཕོ་བྲང་སེང་གེ་ལྟ་བུར་ལྷགས་ཏེ། རྒྱལ་པོ་སེང་གེ་རལ་པ་ཅན་འཁོར་དང་བཅས་པ་ཟོས་སོ། །ནམ་ལངས་པའི་ཚེ་རྒྱལ་པོའི་ཕོ་བྲང་སྒོ་འབྱེད་པ་མེད་པས་མ་ཕྱེ་པ་ན། ཕོ་བྲང་གི་སྟེང་དུ་མི་རོ་ཟ་བའི་བྱ་མང་པོ་དག་རྒྱུ་བར་བརྩམས་སོ། །བློན་པོ་དང་ཁྲོམ་གྱི་རུ་སྣ་དང་། གྲོང་རྡལ་གྱི་མི་དང་ཡུལ་མི་དག་ཀྱང་རྒྱལ་པོའི་ཕོ་བྲང་གི་སྒོ་ནས་སྡོད་དོ། །གཏམ་དེ་ལྟ་བུ་ཀུན་ཏུ་བསྒྲགས་པ། དེད་དཔོན་སིང་ག་ལས་ཐོས་ནས་མྱུར་བ་ཁོ་ན་རལ་གྲི་མཆན་དུ་བཅུག་སྟེ་སོང་ནས་སྨྲས་པ། ཤེས་ལྡན་དག །རྒྱལ་པོ་སྲིན་མོ་དེས་ཟོས་ཀྱིས་ཐབས་སོམས་ཤིག །བློན་པོ་རྣམས་ཀྱིས་སྨྲས་པ། འདི་ལ་ཇི་ལྟར་བསྒྲུབ་པར་བྱ། །དེས་སྨྲས་པ། ཡ་གད་འོན་ཅིག་དང་འཛེགས་ཏེ་བལྟ་བར་བྱའོ། །དེ་དག་གིས་ཁྱེར་ཏེ་འོངས་པས་དེད་དཔོན་སིང་ག་ལ་དེར་འཛེགས་ནས་རལ་གྲི་ཐོགས་ཏེ་བསྡིགས་པ་དང་སྲིན་མོ་དེ་དག་ཁ་ཅིག་མིའི་རྐང་ལག་ཐོགས་ཏེ་བྱེར། ཁ་ཅིག་གིས་མགོ་ཐོགས་ཏེ་བྱེར་རོ། །དེ་ནས་དེད་དཔོན་སིང་ག་ལས་ཕོ་བྲང་གི་སྒོ་ཕྱེས་ནས་ཐམས་ཅད་ནང་དུ་ཞུགས་ཏེ། བློན་པོ་རྣམས་ཀྱིས་རྒྱལ་པོའི་ཕོ་བྲང་བྱི་དོར་བྱས་ནས། ཕོ་བྲང་གི་འཁོར་གྱི་མི་དང་བློན་པོ་དང་ཡུལ་མི་རྣམས་བསྡུས་ཏེ་སྨྲས་པ། ཤེས་ལྡན་དག །རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་སྲིན་མོས་ཟོས་ཏེ། གཞོན་ནུ་ཡང་མེད་ན་སུ་ཞིག་རྒྱལ་པོར་དབང་བསྐུར་བར་བྱ། དེ་ལ་ཁ་ཅིག་གིས་སྨྲས་པ། གང་སྙིང་སྟོབས་ཅན་ཤེས་རབ་ལྡན་པའོ། །ཁ་ཅིག་གིས་སྨྲས་པ། དེད་དཔོན་སིང་ག་ལ་འདི་ལས་གཞན་ཤེས་རབ་དང་སྙིང་སྟོབས་ཅན་སུ་ཞིག་ཡོད། འདི་རྒྱལ་པོར་དབང་བསྐུར་བར་བྱའོ། །ཐམས་ཅད་ཀྱིས་དེ་ལྟར་བྱའོ་ཞེས་དེད་དཔོན་སིང་ག་ལ་ལ་དེད་དཔོན་རྒྱལ་སྲིད་ལོངས་ཤིག །དེས་སྨྲས་པ། ཁོ་བོ་ནི་ཚོང་པའི་ཐ་སྙད་ཀྱིས་འཚོ་བ་ཡིན་པས་ཁོ་བོ་ལ་རྒྱལ་སྲིད་ཀྱིས་ཅི་ཞིག་བྱ། དེ་དག་གིས་སྨྲས་པ། དེད་དཔོན་གཞན་གྱིས་རྒྱལ་སྲིད་བྱེད་མི་ནུས་ཀྱིས་ལོངས་ཤིག །དེས་སྨྲས་པ་དམ་ཚིག་གིས་བླང་བར་བྱ་སྟེ། གལ་ཏེ་ཁྱེད་ཅག་ཁོ་བོའི་ཚིག་བཞིན་བྱེད་ནའོ། །དེ་དག་གིས་སྨྲས་པ། དེ་ལྟར་བྱེད་ཀྱིས་ལོངས་ཤིག་མཉེས་སོ། །དེ་དག་གིས་གྲོང་ཁྱེར་མཛེས་པར་བྱས་ནས་དེད་དཔོན་སིང་ག་ལ་བཀུར་སྟི་ཆེན་པོས་རྒྱལ་སྲིད་ལ་དབང་བསྐུར་ཏེ། རྒྱལ་པོ་སིང་ག་ལས་ཡུལ་ཐ་དད་པར་གནས་པའི་རིག་སྔགས་སྨྲ་བ་དག་བོས་ཏེ་རིག་སྔགས་རྒྱ་ཆེར་སློབ་ཏུ་བཅུག་གོ། །དེ་བཞིན་དུ་ཡུལ་ཐ་དད་པའི་འཕོང་གི་སློབ་དཔོན་ཀྱང་བོས་ནས་འཕོང་རྒྱ་ཆེར་སློབ་ཏུ་བཅུག་ནས་སློབ་དཔོན་རྣམས་ལ་བསྒོ་བ། ཤེས་ལྡན་དག་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཅིག་ཟངས་གླིང་གི་སྲིན་མོ་དེ་དག་སྐྲོད་དུ་འདོང་ངོ་ཞེས་བྱས་པ་བཞིན། དཔུང་བཞི་བཤམས་ཏེ་གྲུར་བཅུག་ནས་ཟངས་གླིང་དུ་འཕགས་སོ། །མཐར་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། སྲིན་མོ་དེ་དག་གི་ཕོངས་པའི་གནས་དང་མཐུན་པའི་རྒྱལ་མཚན་གཡོ་བར་བརྩམས་པས་དེ་དག་གྲོས་བྱས་པ། ལྟས་འདི་ལས་འཛམ་བུའི་གླིང་གི་མི་དག་གཡུལ་འགྱེད་པར་ལྷགས་པར་གོར་མ་ཆག་གིས་བལྟ་བར་བྱའོ་ཞེས་དེ་དག་རྒྱ་མཚོའི་འགྲམ་དུ་དོང་བ་དང་། ཇི་ཙམ་ན་གྲུ་པོ་ཆེ་དུ་མ་རྒྱ་མཚོའི་འགྲམ་དུ་ཕྱིན་པར་མཐོང་ནས། སྲིན་མོ་དེ་དག་གིས་ཀྱང་གཡུལ་བཤམས་པ་ལ། རིག་སྔགས་སྨྲ་བ་དག་གིས་རིག་སྔགས་ཀྱིས་ཕབ་ཅིང་འཕོང་གི་སློབ་དཔོན་དག་གིས་ཕལ་ཆེར་བསད་དོ། །ལྷག་མ་རྣམས་ཀྱིས་རྒྱལ་པོ་སིང་ག་ལའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བཟོད་པར་གསོལ། རྒྱལ་པོ་སིང་ག་ལས་སྨྲས་པ། དམ་ཚིག་གིས་བཟོད་པར་བྱ་སྟེ། གལ་ཏེ་ཁྱེད་ཅག་གྲོང་ཁྱེར་འདི་ནས་ཕྱུངས་ལ་གཞན་དུ་འདོང་ཞིང་ངའི་ཡུལ་དུ་གནོད་པ་འགའ་ཡང་མི་བྱེད་ན་བཟོད་དོ། །སྲིན་མོ་དེ་དག་གིས་སྨྲས་པ། དེ་ལྟར་བགྱིའོ། །མཉེས་སོ། །དེ་དག་གྲོང་ཁྱེར་དེ་ནས་ཕྱུངས་ཏེ་གཞན་དུ་དེང་ནས་འཁོད་དོ། །རྒྱལ་པོ་སིང་ག་ལས་དེར་གྲོང་ཁྱེར་བརྩིགས་ནས་གནས་བཅས་པས་དེ་ཕྱིན་ཆད་སིང་ག་ལའི་གླིང་ཞེས་པའི་མིང་ཆགས་སོ། །དེའི་དུས་ཀྱི་སྲིན་མོ་དེ་ནི་ད་ལྟར་ཤཱཀྱའི་རྒྱལ་པོ་སངས་རྒྱས་པའི་ཚེ་ན་མ་དུའི་བུ་མོ་དཔེ་མེད་མ་ཡིན་ལ། དེ་ཡང་དཔེ་མེད་མ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་རུས་པ་ཕྲ་བས་འཇིག་རྟེན་ན་དཔེ་མེད་པས་མིང་དེ་ལྟར་བཏགས་པ་དེས། ཕའི་བསམ་པར་བུ་མོ་འདི་རིགས་དང་ནོར་དང་ཐོས་པ་སོགས་ཀྱི་ཕྱིར་མི་སྦྱིན་གྱིས། འདི་དང་འདྲ་བར་གཟུགས་བཟང་བ་ལ་སྟེར་རོ་སྙམ་པ་དང་། ཕ་ཀུན་ཏུ་རྒྱུ་མ་དུ་ཞེས་བྱ་བ་དེས་ཤིང་ལྗོན་པ་ཞིག་གི་དྲུང་ན་བཅོམ་ལྡན་འདས་བཞུགས་པ་མཐོང་ནས་ཤིན་ཏུ་མཛེས་ཤིང་མཐོང་ན་དགའ་བ་འདི་ནི་འཛམ་བུའི་གླིང་གི་བདག་པོར་འོས་ན་བདག་གི་བུ་མོས་ལྟ་ཅི་སྨོས། འདི་བདག་གི་བུ་མོའི་མག་པར་བྱའོ་སྙམ་ནས། རང་གི་ཆུང་མ་ལ་བདག་གི་བུ་མོའི་མག་པ་རྙེད་དོ་ཞེས་སྨྲས་ཤིང་། བུ་མོ་རྒྱན་གྱིས་བརྒྱན་ཏེ་བདག་ཉིད་ཆུང་མ་དང་བཅས་པས་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་སུ་སོང་བའི་ལམ་དུ། ཆུང་མ་བུར་མ་ཞེས་བྱ་བས་སྨྲས་པ། བྲམ་ཟེ་བདག་གིས་དྲང་སྲོང་ཆེན་པོ་དེ། །སྣ་ཚོགས་གདུལ་དུ་བསོད་སྙོམས་ཞུགས་མཐོང་ནས། །དེས་མནན་ས་ཕྱོགས་མཐོན་པོ་དམར་འགྱུར་ཞིང་། །བཏེག་ན་དམའ་བའང་མཐོན་པོ་ཉིད་དུ་འགྱུར། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་བསྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོར། །ཞེས་བྱས་པ་ལ། མ་དུ་ན་རེ། ཀྱེ་མ་བུར་མ་བཀྲ་མི་ཤིས་པ་ཁྱོད། །བཀྲ་ཤིས་དུས་སུ་བཀྲ་ཤིས་མ་ཡིན་སྨྲ། །གལ་ཏེ་བརྟུལ་ཞུགས་ཐབས་ཀྱིས་བླང་གྱུར་ན། །དེ་ནི་ཕྱིར་ཞིང་འདོད་ཡོན་བསྟེན་པར་འགྱུར། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ནགས་ཁྲོད་དེ་ནས་ནགས་གཞན་དུ་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་བཞུགས་ཏེ་རྩྭ་བཏིང་བ་མཐོང་ནས། མ་དུས་ཆུང་མ་ལ་སྨྲས་པ། བཟང་མོ་འདི་ནི་བུ་མོའི་མག་པའི་རྩྭ་བཏིང་བ་ཡིན་ནོ། །ཆུང་མས་སྨྲས་པ། ཆགས་པར་གྱུར་པའི་མལ་དུ་འཁྲུགས་པར་འགྱུར། །སྡང་བའི་མལ་ནི་གྱ་ཚོམ་ཕུར་མར་འགྱུར། །རྨོངས་པའི་མལ་ནི་རྐང་པའི་མཐར་འགྲོ་འགྱུར། །འདི་ནི་ཤིན་ཏུ་ཆགས་བྲལ་གནས་ཡིན་ཏེ། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་བསྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །སྨྲས་བསམ་དུས་ཚིགས་བཅད་སྔར་བཞིན་སྨྲས་སོ། །མ་དུས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྗེས་མཐོང་ནས། རང་གི་ཆུང་མ་ལ་བཟང་མོ་འདི་ནི་བུ་མོའི་མག་པའི་རྗེས་སོ། །ཆུང་མས་སྨྲས་པ། སྐྱེས་བུ་ཆགས་པའི་རྗེས་ནི་གསལ་མི་འགྱུར། །ཞེ་སྡང་ལྡན་པའི་རྗེས་ནི་ཟབ་པ་ཡིན། །རྨོངས་པར་གྱུར་པའི་རྗེས་ནི་ནོགས་པར་འགྱུར། །ཤིན་ཏུ་ཆགས་བྲལ་རྗེས་ནི་འདི་འདྲ་སྟེ། །ཁྱིམ་ཐབ་དེ་ནི་སོགས་རྐང་པ་གཉིས་གོང་བཞིན་དུ་སྨྲས་པ་ལ། མ་དུས་སྔར་གྱི་ཚིགས་བཅད་བརྗོད་དོ། །དེར་བཅོམ་ལྡན་འདས་ཀྱིས་གསུང་གསལ་བའི་སྒྲ་མཛད་པ་ལ་མ་དུས། བཟང་མོ་འདི་ནི་བུ་མོའི་མག་པའི་སྐད་གསལ་བའི་སྒྲའོ། །ཆུང་མ་ན་རེ། ཆགས་པའི་མི་ཡི་སྐད་ནི་ངར་ངར་པོ། །སྡང་བའི་མི་ཡི་སྐད་ནི་རྩུབ་པ་ཡིན། །རྨོངས་པའི་མི་ཡི་སྐད་ནི་འཁྲུགས་པར་འགྱུར། །ཚངས་པའི་རྔ་སྒྲ་འདི་ནི་སངས་རྒྱས་ཏེ། །ཁྱིམ་ཐབ་དེ་ནི་སོགས་གོང་བཞིན་སྨྲས་པ་ལ། །མ་དུས་སྔར་གྱི་ཚིགས་བཅད་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཐག་རིང་པོ་ནས་ཀུན་ཏུ་རྒྱུ་མ་དུ་ལ་གཟིགས་པ་དང་། དེས་ཆུང་མ་ལ་འདི་ནི་བུ་མོའི་མག་པས་ལྟ་བ་ཡིན་ནོ། །ཆུང་མས་སྨྲས་པ། ཆགས་པའི་མིས་ནི་རིག་རིག་ལྟ་བར་བྱེད། །སྡང་བའི་མིས་ནི་དུག་དྲག་སྦྲུལ་བཞིན་ལྟ། །རྨོངས་པའི་མིས་ནི་མུན་ཁྲོད་རྟོག་བཞིན་ལྟ། །ཤིན་ཏུ་ཆགས་བྲལ་གཉའ་ཤིང་ཙམ་དུ་བལྟ། །ཁྱིམ་ཐབ་དེ་ནི་སོགས་གོང་བཞིན་སྨྲས་པ་ལ། །མ་དུས་གོང་བཞིན་ཚིགས་བཅད་བརྗོད་དོ། །བཅོམ་ལྡན་འདས་འཆགས་པར་མཛད་པ་མཐོང་ནས། །བཟང་མོ་འདི་ནི་བུ་མོའི་མག་པ་འཆག་པ་ཡིན་ནོ། །ཆུང་མས་སྨྲས་པ། ཇི་ལྟར་འདི་སྤྱན་ཇི་ལྟར་གཟིགས་པ་དང་། །ཇི་ལྟར་འདི་སྐུ་བརྟན་པར་གཤེགས་པ་དང་། །ཇི་ལྟར་འདི་ཡི་སྒྲོས་དང་ཞལ་དག་ནི། །རྡུལ་དང་བྲལ་བ་ཉིད་དུ་སྣང་བ་ལས། །ཁྱིམ་ཐབ་དེ་ནི་གཞོན་ནུ་མི་སྟེན་གྱིས། །ཕྱིར་ལོག་རང་གི་སྡུམ་པ་ཉིད་དུ་འདོང་། །དེས་ཀྱང་སྔར་གྱི་ཚིགས་བཅད་སྨྲོས་པའི་རྗེས་སུ། །གནས་འཇོག་གསེར་མདོག་ཨོ་ཏ་ལ་དག་ཀྱང་། །བུ་ཡི་དོན་དུ་འདོད་པས་རྨོངས་གྱུར་ཏེ། །འདི་ནི་ཆོས་བཞིན་ཕུལ་བས་ཐུབ་རྣམས་ཀྱིས། །རྟག་པར་རྒྱུན་དུ་བུ་དག་བསྐྱེད་པར་འགྱུར། །དེ་ནས་ཀུན་ཏུ་རྒྱུ་མ་དུས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། འདི་སྐད་གསོལ་ཏོ། །བདག་གི་བུ་མོ་དམ་པ་གཟུགས་ལྡན་ཞིང་། །དར་བ་བརྒྱན་པ་འདོད་པ་དོན་གཉེར་བ། །ཁྱོད་ལ་འབུལ་བ་འདི་ལ་ཁྱོད་གཟིགས་ཤིང་། །མཁའ་ལ་དགུང་ཟླ་སྨིན་དྲུག་མཇལ་བ་ལྟར། །འདི་དང་ལྷན་ཅིག་ལེགས་པར་ཁྱེད་དགྱེས་མཛོད། །དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། །གལ་ཏེ་ངས་དཔེ་མེད་མ་ལ་རྗེས་སུ་ཆགས་པའི་ཚིག་བརྗོད་ན། དེ་འདོད་ཆགས་ཀྱིས་གདུངས་ཏེ་དུས་བྱེད་པར་འགྱུར་བ་གང་ཡིན་པའི་གནས་ཡོད་པས་བདག་གིས་འདི་ལ་ཁོང་ཁྲོ་བའི་ཚིག་བརྗོད་པར་བྱའོ་སྙམ་དུ་བཀའ་སྩལ་པ། བྲམ་ཟེ་ང་ཡིས་བདུད་ཀྱི་བུ་མོ་ནི། །སྲེད་མ་དགའ་བྱེད་དེ་བཞིན་དགའ་མོ་དག །ཕམ་བྱས་འདོད་པ་དག་ལ་ལན་འགའ་ཡང་། །ང་ཡིས་འདུན་པའི་སེམས་བསྐྱེད་མ་གྱུར་པས། །གཤང་དང་གཅི་བས་གང་བ་འདི་ལ་ནི། །རྐང་པས་རེག་པར་སྤྲོ་བའང་མི་སྐྱེད་དོ། །མ་དུས་གསོལ་པ། བདག་གི་བུ་མོ་ཡན་ལག་ཉམས་གྱུར་ཅིང་། །འདོད་ལྡན་ཡོན་ཏན་བྲལ་བར་གཟིགས་སམ་ཅི། །ཇི་སླད་འདོད་སྤྱོད་ཡིད་འོང་གཟུགས་དག་ལ། །འདུན་དྲག་བགྱིད་ལྟར་འདི་ལ་ཁྱོད་མི་མཛད། །བཀའ་སྩལ་པ། བྲམ་ཟེ་རྨོངས་པ་གང་ཞིག་ཡུལ་འདོད་པ། །དེ་ནི་ཁྱོད་ཀྱི་བུ་མོ་འདི་སྒྲུབ་ཅིང་། །ཡུལ་ལ་ཆགས་ཤིང་ཁྲོ་བར་ཞུགས་གྱུར་པ། །འདི་ལ་རབ་རྨོངས་སྐྱེ་བོ་ཆགས་བྲལ་མིན། །ང་ནི་སངས་རྒྱས་ཐུབ་གཙོ་མངའ་བདག་སྟེ། །ང་ཡིས་བྱང་ཆུབ་བླ་མེད་ཞི་བ་བརྙེས། །ཇི་ལྟར་པདྨ་ཆུས་མི་ཆགས་པ་ལྟར། །ཆགས་པ་མེད་པ་ཉིད་དུ་འཇིག་རྟེན་རྒྱུ། །ཨུཏྤལ་སྔོན་པོ་རྫབ་དང་ཆུ་ནང་ན། །རྫབ་དང་ཆུ་ཡིས་གོས་པ་མེད་པ་ལྟར། །བྲམ་ཟེ་དེ་བཞིན་ང་ཡིས་འཇིག་རྟེན་ན། །འདོད་པ་རྣམས་ལ་རྣམ་གྲོལ་སེམས་ཀྱིས་སྤྱོད། །ཅེས་གསུངས་པས། དེ་ལྟར་དཔེ་མེད་མ་ལ་གཤང་བ་དང་གཅི་བ་ཞེས་པའི་ཚིག་གིས་སྤྱོས་པས་དེ་དགའ་བ་དང་བྲལ་ཏེ། འདོད་ཆགས་ཀྱིས་དཀྲིས་པ་མེད་པར་གྱུར་ཅིང་ཞེ་སྡང་སྐྱེས་པས་རུས་པ་སྤོམ་པོར་གྱུར་ཅིང་མིག་གཉིས་ཀྱང་འཆིང་བུ་ལྟར་གྱུར་ཏོ། །དེའི་ཚེ་རྒན་ཞུགས་ཞིག་དེ་ན་འདུག་པས་བཅོམ་ལྡན་འདས་ལ་གསོལ་པ། ཀུན་ཏུ་གཟིགས་པ་བུད་མེད་བླང་མཛད་དེ། །བཅོམ་ལྡན་དེ་ནི་བདག་ལ་མྱུར་དུ་སྩོལ། །དཔའ་བོ་བདག་གིས་དྲེགས་པས་བརྒྱན་པ་འདི། །ཅི་ནས་རྗེས་སུ་མཐུན་པར་སྤྱད་པར་བགྱི། །ཞེས་ཞུས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མི་གཏི་མུག་ཅན་ངའི་མདུན་ན་མ་འདུག་པར་ཕར་སོང་ཤིག །དེ་ཁྲོས་ཏེ་སྨྲས་པ། ཁྱོད་ཀྱི་ལྷུང་བཟེད་འདི་དང་ཆོས་གོས་འདི། །ཁར་བ་རིལ་བ་འདི་ཡང་ཟད་གྱུར་ཅིག །བསླབ་པ་འདི་དག་ཇི་ལྟར་མ་མ་ཡིན། །ཕང་པར་གཞོན་ནུ་འཛིན་ལྟར་རིང་སྲེལ་ཅིག །ཅེས་སྨྲས་ནས་བསླབ་པ་ཕུལ་ཏེ་ཉམས་པའི་ཕྱིར་ཞུགས་ནས་ཀུན་ཏུ་རྒྱུ་མ་དུ་ལ། དཔེ་མེད་མ་འདི་ཁོ་བོ་ལ་བྱིན་ཅིག །མ་དུས་ཁྲོས་ཏེ་སྨྲས་པ། རྒན་ཞུགས་ཁྱོད་ལ་བལྟ་བ་ཡང་མི་སྦྱིན་ན་རེག་པ་ལྟ་ཅི་སྨྲོས་ཞེས་བྱས་པ་ལ། དེ་ཁྲོ་བ་སྐྱེས་ཏེ་ཁྲག་ཚན་སྐྱུགས་ནས་ཤི་བ་སེམས་ཅན་དམྱལ་བར་སྐྱེས་སོ། །དེའི་ཚེ་དགེ་སློང་རྣམས་ཀྱིས་ཞུས་པ་ལ། སྔོན་ལྕགས་མགར་གྱི་བུ་མོ་མ་བླངས་པའི་རབས་དང་། དགེ་སློང་རྒན་ཞུགས་འདི་སྔོན་ཡང་དཔེ་མེད་མ་ལ་བསྟེན་ཏེ་བཙུན་མོའི་འཁོར་དང་བཅས་པ་ཚུལ་མིན་གྱི་སྡུག་བསྔལ་མྱོང་བར་གྱུར་ཚུལ་དེད་དཔོན་སིང་ག་ལའི་རབས་གསུངས་ནས། དེ་དུས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་དེ་རྒན་ཞུགས་འདི་ཡིན་པར་གསུངས་སོ། །དེར་ཀུན་ཏུ་རྒྱུ་མ་དུས་དཔེ་མེད་མ་ཁྲིད་དེ་ཀ་ཤཱམྤཱིར་སོང་ནས་འདུག་པ་ཐོས་ཏེ་རྒྱལ་པོ་ཤར་པས་བལྟས་པ་ཙམ་གྱིས་ཆགས་ནས་བཙུན་མོར་བླངས་ཏེ་ཁང་བཟང་མེ་ཏོག་གི་སོའི་ཕྱེད་ཀྱང་བྱིན། བསྙེན་བཀུར་བ་ལྔ་བརྒྱ་ཡང་བྱིན། ཉིན་རེ་བཞིན་དྲི་དང་ཕྲེང་བའི་རྒྱུ་ཀཱཪྵ་པ་ཎ་ལྔ་བརྒྱ་ཡང་བྱིན་ནས་མ་དུ་ཡང་བློན་པོ་མཆོག་ཏུ་བཅུག་གོ། །དེར་དཔེ་མེད་མས་བཙུན་མོ་སྔོ་བསང་ཅན་འཁོར་བཅས་ཀྱི་ཁང་པར་མེ་བཏང་བ་སོགས་ཀྱིས་བློ་ངན་བྱས་ཀྱང་བཙུན་མོའི་གནས་ལས་མ་ལྷུང་ངོ་། །དེར་སྔོ་བསང་ཅན་གྱི་ནུ་མོ་དཔལ་ལྡན་མ་ཞེས་བྱ་བ་རྒྱལ་པོ་ཤར་པའི་བཙུན་མོར་གྱུར་པ་ལ་དགེ་སློང་ཤཱ་རིའི་བུས་ཆོས་བསྟན་པས་བདེན་པ་མཐོང་བའི་ཚེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུན་པོ་འདི་དག་གི་ཚིག་ནི་མི་བཅག་པ་ཡིན་ཏེ། དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། དགྲ་བཅོམ་པ་ཟག་པ་ཟད་པ་དང་། དགེ་འདུན་གྱི་གནས་བརྟན་དང་། དགེ་བསྒོས་ཀྱི་ཚིག་དང་། མཁན་པོ་དང་སློབ་དཔོན་གྱི་ཚིག་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་གོ་ཞེས་གསུངས་སོ། ༈ །གཞན་ཡང་བཅོམ་ལྡན་འདས་ཉིད་སྔོན་དེད་དཔོན་ཞིག་ཏུ་གྱུར་པའི་ཚེ་སྲིན་མོའི་གླིང་དུ་སོན་པ། སྤྱན་རས་གཟིགས་རྟའི་རྒྱལ་པོ་བ་ལ་ཧར་གྱུར་པས་འཛམ་བུའི་གླིང་དུ་ཐར་བར་བྱས་པའི་ལོ་རྒྱུས་མདོ་སྡེ་ཟ་མ་ཏོག་ལས་འབྱུང་ངོ་།།