Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་བཞི་པ།

14 occurrences of གཡོན་དུ་
[Clear Hits]


  
  
14   
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ།


14 occurrences of གཡོན་དུ་
[Clear Hits]

 
previousཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ།no next

ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ།

ཨ དྷི ཥྛི ཏ ནི དྷི ཀོ ཥ སྱ མུ ནི བི དྷི པ དྨ ག ར པ ཪྵ྄ིཎ དྷཱ རྨྨ བི ཧ ར ཏི སྨ། །
ཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ་ཞེས་བྱ་བ་བཞུགས་སོ། །
སྨད་ཆ།
༈ ཡང་སྔོན་བསྐལ་པ་ཚད་མེད་འདས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་པའི་མཇུག་ཆོས་ལྟར་བཅོས་པར་གྱུར་པའི་ཚེ་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ་ཆོས་བཞིན་རྒྱལ་སྲིད་སྐྱོང་བ་དེའི་ཡུལ་དུ་ཚོང་དཔོན་རལ་པ་འཛིན་ཞེས་བྱ་བའི་སྨན་པ་ཁམས་ལ་མཁས་པ་ཚེའི་རིག་བྱེད་ལ་མཁས་པ་དེའི་བུ་ཁྱེའུ་ཆུ་འབེབས་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་སྐྱེ་བ་བཞེས་སོ། །ཁྱེའུ་དེ་ཉིད་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཡི་གེ་དང་གྲངས་དང་ལག་རྩིས་སོགས་བསྟན་བཅོས་ཐམས་ཅད་ལ་མཁས་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་མང་པོ་ནད་སྣ་ཚོགས་ཀྱིས་བཏབ་པས་སྡུག་བསྔལ་བར་རིགས་ནས། བདག་གི་ཕ་སྨན་གྱི་རིག་བྱེད་ལ་མཁས་པ་འདི་རྒས་འཁོགས་གཏུགས་པས་གྲོང་ཁྱེར་སོགས་སུ་འགྲོ་མི་ནུས་པས། བདག་གིས་ནད་པ་དེ་དག་གསོ་བའི་ཕྱིར་ཕ་ལས་བསླབས་ཏེ་སྨན་བྱའོ་སྙམ་དུ། རང་གི་ཕ་ལ་གུས་པས་བཏུད་ནས། ཁམས་ལ་མཁས་པ་དྲིས་ཤིང་ཚེའི་རིག་བྱེད་ཡན་ལག་བརྒྱད་པོ་ཐམས་ཅད་ཁོང་དུ་ཆུད་པར་བྱས་ཏེ་རྒྱལ་པོ་དབང་ཕྱུག་འོད་ཀྱི་ཡུལ་ན་གནས་པའི་གྲོང་ཐམས་ཅད་དུ་སོང་ནས་ནད་ཀྱིས་བཏབ་པའི་སེམས་ཅན་ཐམས་ཅད་ལ་བདག་ཉིད་སྨན་པར་ཁས་འཆེས་ཏེ། ནད་སྣ་ཚོགས་ལས་ཐར་བར་བྱས་པས་དེ་དག་སྔ་མ་ཁོ་ན་བཞིན་སྟོབས་དང་བརྩོན་འགྲུས་སུ་ལྡན་པར་གྱུར་ནས་ཐམས་ཅད་དགའ་ཞིང་རྩེ་ལ་བསོད་ནམས་དག་ཀྱང་བྱེད་ཅིང་། ཐམས་ཅད་ཀྱིས་ཆུ་འབེབས་ལ་སྨན་པའི་རྒྱལ་པོ་ཞེས་བསྔགས་ཤིང་བཀུར་སྟི་བྱེད་དོ། །ཆུ་འབེབས་དེས་རྫིང་ཞིག་ན་ཉ་ཁྲི་ཞིག་ཆུ་དང་བྲལ་བར་མཐོང་ནས་སྙིང་རྗེ་སྐྱེས་པ་དང་། ཤིང་གི་ལྷ་མོ་ཞིག་གིས་སྲོག་ཆགས་འདི་དག་ལ་ཆུ་བྱིན་དང་ཁྱོད་རང་གི་མིང་དང་མཐུན་པར་བྱ་བ་བྱས་པར་འགྱུར་རོ། །ཆུ་འབེབས་དེས་ཕྱོགས་སུ་ཆུ་བཙལ་ཀྱང་མ་རྙེད་ནས། ཤིང་ཆེན་པོ་ཞིག་གི་ཡལ་ག་བཅད་པས་བསིལ་གྲིབ་བྱས་ཏེ་བཞག་ནས་ཆུ་བཙལ་ཀྱང་ཆུ་འབབས་པའི་ཀླུང་གི་རྒྱུན་དེ་སྡིག་ཅན་ཞིག་གིས་ཉ་ཁྲི་པོ་དེ་དག་ཆུ་དང་བྲལ་བའི་ཕྱིར་གཡང་ས་ཆེན་པོ་གཞན་དུ་ཀླུང་བསྒྱུར་བར་མཐོང་ནས་ཀླུང་འདི་ནི་སྐྱེ་བོ་སྟོང་གིས་ཀྱང་སྔར་སྲོལ་དུ་དབབ་མི་ནུས་ན་བདག་གིས་ལྟ་ཅི་སྙམ་དུ་ཕྱིར་ལོག་ནས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ལ་ཕྱག་བྱས་ཏེ། བདག་གིས་ཡུལ་འདི་ཡི་ནད་པ་རྣམས་ཀྱི་ནད་ཞི་བར་བྱས་མོད། དགོན་པའི་གནས་ཞིག་ན་ཉ་ཁྲི་ཞིག་གནས་པ་ཆབ་དང་བྲལ་ཞིང་ཉི་མས་གདུངས་ལགས་ན། དེར་ཆུ་སྐྱེལ་བའི་ཆེད་དུ་ལྷས་གླང་པོ་ཆེ་ཉི་ཤུ་ཞིག་སྩལ་དུ་གསོལ་ཞེས་ཞུས་པ་བཞིན་གླང་པོ་ཆེ་ཉི་ཤུ་སྩལ་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་རང་ཉིད་དང་རང་གི་བུ་ཆུའི་གོས་དང་། ཆུའི་སྙིང་པོ་གཉིས་དང་ལྷན་ཅིག་གླང་པོ་ཆེ་ཉི་ཤུ་ཁྲིད་ནས། གླང་པོ་ཆེའི་རྫི་བོ་ལ་བ་ལང་གི་རྐྱལ་བ་བརྒྱ་བླངས་ཏེ། ཆུ་འབབ་ཅེས་བྱ་བའི་ཀླུང་ཆེན་པོའི་ཆུ་བླངས་པས་བཀང་སྟེ་གླང་པོ་ལ་བཀལ་ཞིང་མྱུར་བར་དགོན་པའི་རྫིང་དེར་ཕྱིན་ནས་ཆུས་བཀང་བ་དང་། ཆུ་འབེབས་གང་དུ་འགྲོ་བ་དེར་ཉ་ཁྲི་པོ་རྒྱུག་ཅིང་ལྟ་བར་བྱེད་དོ། །དེས་ཉ་འདི་དག་བཀྲེས་པས་བཟའ་བཏུང་སློང་ངོ་སྙམ་དུ་རང་གི་བུ་ཆུའི་གོས་ལ་གླང་པོ་ཆེ་མགྱོགས་པའི་མཆོག་ཞིག་ལ་ཞོན་ནས་བདག་གི་ཁྱིམ་གྱི་མི་རྣམས་ལ་ཁྱིམ་དེར་ཟས་སྦྱར་བ་ཅི་མཆིས་པ་མྱུར་དུ་སྐུར་ཞེས་བྱས་པ་བཞིན་ཟས་ཁྱེར་ཏེ་འོངས་པ། ཆུ་འབེབས་ཀྱིས་བྲུལ་ནས་རྫིང་དེར་གཏོར་བས་ཉ་ཁྲི་བོ་ཚིམ་པར་བྱས་ཤིང་། བདག་གིས་སྔར་དགེ་སློང་ཐེག་པ་ཆེན་པོ་ཀློག་པ་ཞིག་ལས། སུ་འཆི་བའི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཐོས་པ་དེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ་ཞེས་ཐོས་ཀྱིས། བདག་གིས་ཉ་དེ་དག་ལ་རྟེན་ཅིང་འབྲེལ་བའི་ཆོས་ཟབ་མོ་ཡང་བཤད་ལ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་བསྟན་པར་བྱའོ་སྙམ་མོ། །དེའི་ཚེ་འཛམ་གླིང་གི་སེམས་ཅན་རྣམས་ཁ་ཅིག་ཐེག་ཆེན་ལ་དད་ཅིང་ཁ་ཅིག་སྨོད་པར་བྱེད་དོ། །དེར་ཆུ་འབེབས་དེས་རྫིང་དེར་པུས་མོ་ནུབ་ཙམ་དུ་འབོག་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ་ཞེས་དེ་སྐད་ཆེད་དུ་བརྗོད་དོ། །དེ་ནས་འདི་ཡོད་པས་འདི་འབྱུང་ཞིང་འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོགས་དང་། འདི་ལྟ་སྟེ་མ་རིག་པ་འགགས་པས་འདུ་བྱེད་འགག་སོགས་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འགགས་པར་འགྱུར་བའི་བར་དུ་བརྗོད་ནས་རང་གི་ཁྱིམ་དུ་སླར་སོང་ངོ་། །དེ་ནས་དུས་གཞན་ཞིག་ན་ཁྱེའུ་ཆུ་འབེབས་དུས་སྟོན་ཆེན་པོ་ཟོས་ནས་ཆང་གིས་ར་རོ་སྟེ་མལ་ན་ཉལ་བ་དང་། དེའི་དུས་ན་ལྟས་ཆེན་པོ་བྱུང་བར་གྱུར་ཅིང་མཚན་མོ་དེ་འདས་པ། དེའི་དུས་སུ་ཉ་ཁྲི་པོ་འཆི་བའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །སྐྱེས་མ་ཐག་ཏུ་བདག་ཅག་རྒྱུ་གང་གིས་འདིར་སྐྱེས་ཞེས་བསམས་པ་ན་འཛམ་གླིང་དུ་ཉར་གྱུར་པའི་ཚེ། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཆུ་དང་ཟས་ཀྱིས་ཚིམ་པར་བྱས། རྟེན་འབྲེལ་གྱི་ཆོས་ཀྱང་བསྟན། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཡང་བསྒྲགས་པའི་རྒྱུ་དང་རྐྱེན་དེས་འདིར་སྐྱེས་སོ་སྙམ་དུ། ཚོང་དཔོན་གྱི་བུ་ཆུ་འབེབས་ལ་མཆོད་པའི་ཕྱིར་ལྷའི་བུ་ཁྲི་བོ་དེ་དག་ལྷའི་གནས་ནས་ཚོང་དཔོན་གྱི་ཁྱིམ་དུ་ལྷགས་ཏེ། དེ་མལ་ན་ཉལ་བ་དེར་མུ་ཏིག་གི་སེ་མོ་དེ་ཁྲི་ནི་མགོ་ཐད་ཀར་བཞག །ཁྲི་ནི་རྐང་པའི་དྲུང་ དུ་བཞག །ཁྲི་ནི་གཡས་ཕྱོགས་དང་། ཁྲི་ནི་གཡོན next hit་ཕྱོགས་སུ་བཞག་སྟེ། མེ་ཏོག་མནྡཱ་ར་བའི་ཆར་པུས་མོ་ནུབ་ཙམ་དུ་ཕབ། ལྷའི་སིལ་སྙན་རྣམས་ཀྱང་དཀྲོལ་བས་འཛམ་གླིང་གི་མི་ཐམས་ཅད་ཀྱང་སད་ཅིང་། ཁྱེའུ་ཆུ་འབེབས་ཀྱང་སད་དོ། །དེ་ནས་ལྷའི་བུ་ཁྲི་པོ་དེ་དག་ནམ་མཁའ་ལ་དོང་ནས། རྒྱལ་པོ་ལྷའི་དབང་ཕྱུག་གི་གནས་གཞན་དུ་ཡང་མེ་ཏོག་གི་ཆར་འབེབས་ཤིང་། དགོན་པའི་རྫིང་དེར་ཡང་མེ་ཏོག་མནྡཱ་ར་བའི་ཆར་ཕབ་ཅིང་མི་སྣང་བར་གྱུར་ཏེ་ལྷའི་གནས་སུ་སོང་ནས་འདོད་པ་ལྔའི་དགའ་བའི་དཔལ་དང་སྐལ་བ་བཟང་པོ་མྱོང་བར་བྱེད་དོ། །འཛམ་བུའི་གླིང་དུ་ནམ་ལངས་པ་དང་། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་ལྟས་ཆེན་པོ་དེ་གང་ལས་བྱུང་ཞེས་སྐར་མཁན་དང་བློན་པོ་རྣམས་ལ་དྲིས་པས། ལྷ་མཁྱེན་པར་མཛད་དུ་གསོལ། །ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ཁྱིམ་དུ་མུ་ཏིག་གི་སེ་མོ་དོ་བཞི་ཁྲི་དང་མན་དཱ་ར་བའི་ཆར་ཡང་བབས་སོ་ཞེས་བྱས་པས། རྒྱལ་པོ་དེས་བློན་པོ་རྣམས་ལ་ཁྱེད་དེང་ལ་ཆུ་འབེབས་ཏེ་སྙན་པའི་ཚིག་གིས་བོས་ཤིག་ཅེས་བྱས་པ་ལྟར་དེ་འོངས་པ་དང་། བུ་ཆུ་འབེབས་མདང་སུམ་གྱི་ལྟས་དེ་ཅིའི་ལྟས་ཡིན། དེས་སྨྲས་པ། ལྷ་བདག་གིས་འཚལ་ཏེ། ཉ་ཁྲི་པོ་དེ་དག་ཚེ་དུས་བྱས་པར་ངེས་སོ། །རྒྱལ་པོས་སྨྲས་པ་ཇི་ལྟར་ཤེས། ཆུ་འབེབས་ན་རེ། ཆུའི་གོས་རྫིང་དེར་བལྟར་འདོད་དུ་སྩོལ་ཅིག །རྒྱལ་པོས་དེ་ལྟར་མངགས་པས། ཉ་ཁྲི་པོ་ཤི་ནས་རྫིང་དེར་མེ་ཏོག་མན་དཱ་ར་བའི་ཆར་བབས་པ་མཐོང་བས་སླར་ལོག་སྟེ་དེ་ལྟར་གྱུར་པ་སྨྲས་པ་དང་། ཆུ་འབེབས་ཀྱིས་རྒྱལ་པོ་ལ་དེའི་ལོ་རྒྱུས་ཞིབ་པར་གསོལ་བས་རྒྱལ་པོ་དགའ་ཞིང་ཡི་རངས་སོ། །དེའི་ཚེ་ཚོང་དཔོན་རལ་པ་འཛིན་ནི་རྒྱལ་པོ་ཟས་གཙང་དང་། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་པ་ཤཱཀྱ་ལག་ན་བེ་ཅོན་དང་། ཆུ་འབེབས་ཀྱི་ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་པ་ཤཱཀྱའི་བུ་མོ་ས་འཚོ་མ་དང་། ཁྱེའུ་ཆུའི་གོས་ཞེས་བྱ་བ་སྒྲ་གཅན་ཟིན་དང་། ཁྱེའུ་ཆུའི་སྙིང་པོ་ཞེས་བྱ་བ་ཀུན་དགའ་བོ་དང་། ཉ་ཁྲི་པོ་ནི་ད་ལྟར་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་བོ་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པ་འདི་དག་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་སངས་རྒྱས་འཇིགས་པ་མེད་པའི་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ལ་བྲམ་ཟེའི་བུ་ཤེས་རབ་རྣོ་བ་གཏན་ཁྲིམས་ལྔ་སྲུང་བ་ཆོས་འཛིན་པ་ཞིག་ཏུ་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ། འཇིགས་པའི་ཕྱོགས་ཞིག་ཏུ་ལམ་གྲོགས་ལྔ་བརྒྱ་དང་འགྲོགས་ཏེ་སོང་བ་ལས་ཕྱོགས་དེར་མགྲོན་པོ་རྣམས་འཛོམས་པའི་མི་རྒོད་ལྔ་བརྒྱ་ཡང་གནས་སོ། །མི་རྒོད་དེའི་ནང་གི་མི་གཅིག་བྲམ་ཟེ་དེ་དང་སྔོན་མཛའ་ཞིང་བཤེས་པས་དེས་དོ་ནུབ་ནམ་གྱི་ཆ་སྟོད་ལ་དགྲ་འོང་གིས་ཁྱོད་ཉིད་མ་སྨྲས་པར་ཐར་པའི་ཐབས་སོམས་ཤིག་ཅེས་སྨྲས་པ་དེ། བྲམ་ཟེ་དེས་གཏམ་དེ་གྲོགས་པོ་རྣམས་ལ་བྱས་ན་མི་འདི་བསད་པར་འགྱུར་ལ་དེ་རྣམས་ངན་སོང་དུ་འགྲོ་བར་འགྱུར་རོ། །མ་སྨྲས་ན་ནི་མི་རྒོད་རྣམས་ཀྱིས་འདི་རྣམས་བསད་ན་དེ་དག་ངན་སོང་དུ་འགྲོ་བས་ཅི་བྱ་མེད་པར་ཤིན་ཏུ་ཉམ་ཐག་པ་དང་། ཡང་བསམས་ཏེ་བདག་ཉིད་ངན་སོང་དུ་སོང་ཡང་སླ་སྙམ་དུ་རལ་གྲི་ཕྱུངས་ནས་སྦྲེན་པའི་མི་དེ་བསད་པས་གྲོགས་པོ་རྣམས་བདེ་བར་བྱས་སོ། །གྲོགས་པོ་རྣམས་ཀྱིས་བྲམ་ཟེའི་བུ་ལ་ཁྱོད་ནི་མིའི་ནང་ན་དགེ་ཞིང་མཆོག་ཏུ་གྱུར་པ་ཡིན་ན། ཅིའི་ཕྱིར་འདི་ལྟར་སྡིག་པ་བྱེད་ཅེས་སྨྲས་པ་ལ། བྲམ་ཟེ་དེས་བདག་ནི་དེང་སྡིག་པ་ཆེན་པོ་བྱས་ལ། དེ་ཡང་སེམས་ཅན་རྣམས་ལ་ཕན་པ་དང་གྲོགས་པོ་རྣམས་བདེ་བར་བྱ་བའི་ཕྱིར་ཡིན་ཅིང་། བདག་གིས་བསད་པ་འདི་ཁྱེད་རྣམས་ཀྱི་དགྲ་ཡིན་ཏེ། བདག་དམྱལ་བར་ལྷུང་ཡང་སླའོ་ཞེས་སྨྲས་པས། གྲོགས་པོ་ལྔ་བརྒྱ་པོས་བདག་ཅག་གི་སྲོག་ཐོབ་པའི་ཕྱིར་ཁྱོད་ཀྱིས་ངན་སོང་གསུམ་གྱི་སྡུག་བསྔལ་ཁྱད་དུ་བསད་པའི་དྲིན་ལྕི་བ་དྲན་པར་བྱ་ཞེས་སྨྲས་པ་དེ་ལ་སེམས་སྐྱེད་པར་བསྐུལ་བས་ཐམས་ཅད་ཀྱིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མི་རྒོད་ལྔ་བརྒྱས་ཀྱང་བྲམ་ཟེ་ལ་སྔར་ལྟར་སྨྲས་པ་ལ། བདག་གིས་ཁྱེད་ཅག་འདི་ན་འདུག་པར་སྔ་ནས་ཤེས་ཀྱང་སུ་ལ་མ་སྨྲས། རྒྱལ་པོ་ལ་མ་སྦྲན། གྲོགས་པོ་རྣམས་ལ་ཡང་མ་སྨྲས་པས། ཁྱེད་ཀྱི་ལུས་དང་སྲོག་བདེ་བར་གྱུར་པ་ཡིན་ནོ། །མི་རྒོད་རྣམས་དེ་ཐོས་ནས་དད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྲམ་ཟེའི་བུ་དེ་རྒྱུ་དེས་བསྐལ་པ་དགུ་བཅུ་སྙེད་ཀྱི་འཁོར་བ་ལས་འདས་ནས་རིམ་གྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པའི་སྐབས་ཤིག་ན། དགེ་སློང་ཞིག་འབྲུམ་བུའི་ནད་ཀྱིས་ལུས་ལ་རྣག་ཁྲག་ཟག་པས་ཐམས་ཅད་ཀྱིས་མི་འདོད་པར་གཙུག་ལག་ཁང་གི་ཕྱིར་རོལ་གནས་ཁང་ཞིག་པ་ཞིག་གི་ནང་དུ་འདུག་པ། དེའི་ཚེ་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་སུས་ཀྱང་མི་ཤེས་པར་བདག་ཉིད་གཅིག་པུ་ནད་པ་དེའི་དྲུང་དུ་གཤེགས་ཏེ་སངས་རྒྱས་ཀྱི་མཐུས་བརྒྱ་བྱིན་ལྷའི་དབང་པོས་བསོད་ནམས་ལས་གྲུབ་པའི་བུམ་པ་དམ་པའི་ནང་ཆུ་གཙང་མས་གང་བ་ཐོགས་ཏེ་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས་སོ། །བཅོམ་ལྡན་འདས་ཀྱི་བསོད་ནམས་བརྒྱ་ལས་གྲུབ་པའི་ཕྱག་བརྐྱངས་པའི་ཕྱག་སོར་ལྔ་ལས་འོད་ཟེར་གྱི་སྣང་བ་ཆེན་པོ་བཀྱེས་ནས་ལྷ་དང་འཁོར་མང་པོ་རྣམས་སྣང་བར་བྱས་ཤིང་། དེ་བཞིན་གཤེགས་པ་ཉིད་དགེ་སློང་ནད་པའི་དྲུང་དུ་དབུའི་གཙུག་ནས་འོད་ཟེར་བཀྱེ་བས་ནད་པ་དེ་སྣང་བར་བྱས་ཤིང་འོད་དེས་རེག་མ་ཐག་ཏུ་ནད་པའི་སྡུག་བསྔལ་བྱང་བར་གྱུར། རྣག་ཁྲག་དང་བཅས་པའི་ལུས་ཅན་དགེ་སློང་དེས་སྐྱབས་སུ་གསོལ་ཏེ། ཕྱག་འཚལ་མ་ནུས་པ་ལ་དེ་བཞིན་གཤེགས་པའི་ཕྱག་གཡས་པས་བརྒྱ་བྱིན་ལས་བུམ་པ་བླངས་ཤིང་དགེ་སློང་ནད་པ་དེའི་གཙུག་ཏུ་བླུགས། གཡོན་པའི་ཕྱག་གིས་རྨ་ཐམས་ཅད་བཀྲུས་པས་ནད་ཀུན་སོས་ནས་དགེ་སློང་དེ་དགའ་ཞིང་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། ཐུགས་རྗེ་ཆེན་པོའི་ཡབ་བླ་ན་མེད་པ་སྨན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་སྨྲས་ནས། བདག་ལུས་ཀྱི་ནད་དེང་སོས་ན་སེམས་ཀྱི་ནད་གསོ་བའི་སླད་དུ་ཆོས་བསྟན་དུ་གསོལ་ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཅིང་། དེའང་ངས་ཁྱོད་ཀྱི་དྲིན་ཤིན་ཏུ་ལྕི་བར་དགོངས་ནས་ལན་བསབ་བོ་ཞེས་གསུངས་ཤིང་སྤྲོ་བར་བྱས་པས་དགེ་སློང་དེ་དགའ་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལྷའི་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ཉིད་ཀྱིས་ཕྱག་དར་ཏེ་འདི་ལ་ཁྲུས་མཛད་ནས་དྲིན་ལྕི་བ་ཡོད་དོ་ཞེས་གསུངས་པ་ཇི་ལྟ་བུ་ལགས་ཞེས་ཞུས་པ་ལ། བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་ཚད་མེད་པའི་ཕ་རོལ་ན། རྒྱལ་པོ་སྡིག་ཅན་ཆོས་མིན་བྱེད་པ་ཞིག་གིས་བློན་པོ་ལྔ་བརྒྱ་ལ་བགྲོས་ནས། གང་སུ་ཞིག་ཁྲིམས་དང་འགལ་བ་ལ་ཁྱེད་ཆད་པ་གཅོད་པར་དབང་བསྐུར་གྱིས་ནོར་ཅི་ཐོབ་པ་བདག་ཅག་ཐུན་མོང་བྱའོ་ཞེས་སྨྲས་པས། དེའི་ཚེ་ལྔ་བརྒྱ་པོས་རྟག་ཏུ་གཞུ་ཞིང་བརྡེགས་པས་ནོར་མང་དུ་ཐོབ་པ་རྣམས་དེ་བཞིན་དུ་བཏང་། ནོར་མེད་པ་རྣམས་ལ་སྲོག་ལ་བབ་ཀྱི་བར་དུ་གནོད་པར་བྱེད་དོ། །དེའི་ཚེ་དགེ་བསྙེན་གཅིག་ཁྲིམས་ལས་ཅུང་ཟད་འགལ་བ་དེ་ལྔ་བརྒྱ་པའི་དྲུང་དུ་ཁྲིད་དེ་གཞུ་ཞིང་བརྡེག་པ་ལ། བློན་པོ་དེ་དག་གིས་དགེ་བསྙེན་འདི་ནི་ཤིན་ཏུ་དགེ་བ་ཡིན་ནོ་ཞེས་ཐོས་པས་གནོད་མ་བྱས་པར་བཏང་བ་དེའི་ནང་གི་གཅིག་དགེ་སློང་འདི་ཡིན་ཏེ། དགེ་བསྙེན་དེ་ནི་བཅོམ་ལྡན་འདས་ཉིད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པའི་སྔོན་རོལ་གྱི་དྲིན་ཡང་བ་ཡང་ལྕི་བས་གླན་པ་ཡིན་ཏེ། མངོན་པར་སངས་རྒྱས་ཀྱི་བར་དུ་ཡང་རྟག་ཏུ་མི་བརྗེད་དོ་ཞེས་གསུངས་སོ། ༈ །ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ན་བཅོམ་ལྡན་འདས་ཉིད་དེད་དཔོན་སློང་ལྡན་ཞེས་བྱ་བར་གྱུར་པ་ན། དེ་སྟེན་གྲོགས་ཤེད་མཉམ་དང་སྐྱེས་པ་རྣམས་དང་ལྷན་ཅིག་ཏུ་ཡི་གེ་དང་། བཟོ་དང་། བགྲང་བ་དང་། ཚོང་པའི་ཐ་སྙད་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་མཁས་པར་བྱས་སོ། །དེར་སྟེན་གྲོགས་གཅིག་གིས་གཞོན་ནུ་གཞན་དུ་འགྲོ་བའི་སྐྱོན་དང་། སྐྱེ་བོ་གཞན་གྱིས་རྒོལ་བ་དང་། འབྲོག་གི་སྐྱོན་དང་། ཆུའི་དགོན་པའི་སྐྱོན་དང་། བཟའ་བཏུང་དཀོན་པའི་སྐྱོན་དང་། མི་མཛའ་བའི་དགོན་པར་གཅན་གཟན་ཁྲོ་བོ་དང་། རྐུན་པོའི་སྐྱོན་དང་། རྒྱ་མཚོར་སོང་བའི་གྲུ་བོ་ཆེ་འཇིལ་བའི་སྐྱོན་དང་། སྲིན་མོས་འཇིགས་པ་དང་། གནོད་པ་ཐམས་ཅད་ཡོངས་སུ་གྲོལ་བ་མི་ཤེས་སམ། གཞོན་ནུ་ཁྱོད་གཞན་ཕ་མའི་རྫས་ཀྱིས་ལོངས་སུ་སྤྱོད་དམ། བདག་གི་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མི་ཤེས་ཏེ་ཆོས་མ་ཡིན་པས་བསླུས་སོ། །གཞན་དག་གིས་གོང་དུ་བཤད་པ་ལྟ་བུའི་ཚེགས་ཆེན་པོས་བསྒྲུབས་པའི་རྫས་ཡང་བ་འདི་དག་མི་དགོངས་སམ་ཞེས་བསྐུལ་བའི་ཚིག་དེ་ཐོས་ནས་དེ་ལ་སེམས་ཤིང་སྟེན་གྲོགས་ལ་དེ་ལྟར་བསྐུལ་བ་ལགས་སོ། །ད་ལྟར་གྱི་ནོར་བསགས་པ་ནི་དེ་ལྟར་སྡུག་བསྔལ་བ་ཡིན་ཏེ། དེ་བས་བདག་ཉིད་ཀྱིས་ནོར་རྫས་ཡང་དག་པར་བསྡུ་བར་བྱའོ་ཞེས་སྨྲས་ནས། རང་གི་ཕ་མ་ལ། ཡབ་ཡུམ་བདག་ཚོང་ལ་མཆི་ཞིང་དེད་དཔོན་གྱི་བྱ་བ་ནུས་པར་བགྱིའོ། །བུ་གཞན་དུ་འགྲོ་བ་ལ་སྐྱོན་དཔག་མེད་ཡོད་བསམ་འགྲོ་ཞིག །བདུན་བརྒྱུད་ཚུན་ཆད་ཀྱི་ཕུག་ནོར་མང་པོ་ཡོད་པས་འཁྲུལ་པ་མེད་པར་འདུག་གི། དེ་དག་ལ་ལོངས་སྤྱོད་ལ་གཞན་དུ་འགྲོ་བའི་བློ་དོར་ཅིག་ཅེས་སྨྲས་པ་ལ། ཡབ་དེ་ལྟར་མ་ལགས་ཏེ་བདུན་བརྒྱུད་ཀྱི་ཟོང་གིས་བསྒྲུབས་པ་རྣམས་མ་སྤྱད་པར་ཡོད་ན། དེ་དག་གིས་བཞག་པ་བདག་གིས་སྤྱད་པར་མི་སྤྲོ་བས་བདག་འདོང་བར་གནང་ཞེས་སྨྲས་པས། ཕ་མས་ནན་གྱིས་མ་བཀག་པར་རྒྱ་མཚོར་ཞུགས་པ་རིན་པོ་ཆེའི་གླིང་དུ་རླུང་གིས་ཕྱིན་ནས་ནོར་བུ་རིན་ཐང་མེད་པས་གྲུ་བཀང་ཞིང་ཕྱིར་ལོག་སྟེ་རྒྱ་མཚོ་ལས་བརྒལ་ནས་རྒྱ་མཚོར་ཁྲུས་བྱས་པའི་ཚེ་ནོར་བུ་རིན་པོ་ཆེ་ལག་པ་ལ་བཏགས་པ་རྒྱ་མཚོ་ཆེན་པོར་ལྷུང་ངོ་། །དེས་དེ་མ་ཐག་ཏུ་ཆུ་ཕྱགས་ཐོགས་ཏེ་སྙིང་སྟོབས་ཆེན་པོས་ནོར་བུ་རིན་པོ་ཆེའི་ཕྱིར་རྒྱ་མཚོ་བསྐམ་པར་བྱའོ་སྙམ་དུ་བསམས་མ་ཐག་ཏུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོས་གྲོགས་བྱེད་ཅིང་། རླུང་དང་མེ་ཡང་གྲོགས་བྱས་པས་ཆུ་ཕྱགས་པར་བྱས་པ་ལ། རྒྱ་མཚོའི་ལྷས་སྨྲས་པ། རྒྱ་མཚོའི་འདི་ནི་མཐའ་ཡས་མི་ཟད་དེ། །ཅུང་ཟད་འགྱུར་གྱི་རྒྱ་མཚོ་དེ་ལྟར་མིན། །གྲོགས་པོ་མཁའ་ལ་ལམ་གྱི་ཚད་འདོད་ལྟར། །རྒྱ་མཚོ་བསྐམ་པ་དག་ཏུ་ཇི་ལྟར་ནུས། །དེས་ལྷ་དེ་དག་ལ་སླར་སྨྲས་པ། ལྷ་དག་རྒྱ་མཚོ་མཐའ་ཡས་མ་ཡིན་ཏེ། །རྒྱ་མཚོ་དཔག་ཚད་མཐའ་ཡང་དཔག་ཏུ་རྙེད། །བདག་གི་བརྩོན་འགྲུས་མཐའ་ཡས་དཔག་མེད་དེ། །རྒྱ་མཚོ་ཆེན་པོ་བདག་གིས་བསྐམ་པར་ནུས། །རྒྱ་མཚོའི་ལྷ་དག་བདག་གི་སྟོབས་ལ་ལྟོས། །མཁའ་ལ་ལྷ་ཡིས་རབ་ཏུ་གང་ལ་ལྟོས། །དཔག་མེད་ལྷ་དག་བདག་གི་གྲོགས་ཡིན་ཏེ། །འབར་དང་སྲེག་དང་དེ་བཞིན་རླུང་དུ་བྱེད། །བདག་གིས་ནམ་མཁར་ཆུ་གཏོར་བ་ལ་ལྟོས། །ནམ་མཁའ་དེར་ནི་འགྲོ་བ་མེད་ལ་ལྟོས། །ལྷ་ཚོགས་དག་ནི་བདག་གི་གྲོགས་འགྱུར་ཏེ། །བར་སྣང་ཆུ་ནི་སྲེག་ཅིང་སྐེམ་པར་བྱེད། །བར་སྣང་རླུང་ནི་བདག་གི་གྲོགས་ཡིན་ཏེ། །རྒྱ་མཚོ་བསྐམ་པ་དག་ལ་ཞུམ་པ་མེད། །རྒྱ་མཚོས་བདག་གི་ནོར་བུ་མ་བཏང་ན། །བདག་ལ་ཡོན་གནས་སྟོབས་དང་ལྡན་པ་སྟེ། །བདག་གི་ཡོན་གནས་སངས་རྒྱས་དཀོན་མཆོག་དང་། །དེ་བཞིན་སྤྲོས་མེད་ངེས་པར་འབྱུང་བའི་ཆོས། །འདྲེན་པའི་སྲས་ཏེ་དགེ་འདུན་རིན་ཆེན་ཡོད། །དེ་དག་བདག་གིར་འགྱུར་ཏེ་མཚོ་ལྷའི་མིན། །ཞེས་སྨྲས་པ་ལ། རྒྱ་མཚོའི་ལྷས་སྐྱེས་བུ་ཁྱོད་ཀྱི་ཚིག་ནི་ངེས་པ་སྟེ། །དེ་བཞིན་ཁྱོད་ནི་བརྩོན་སྟོབས་ལྡན་པ་ལགས། །ནོར་བུ་དང་ནི་ལྡན་པར་འགྱུར་ཏེ་སྦྱིན། །དེ་ཁྱོད་དཀོན་མཆོག་གསུམ་ལ་འབུལ་བར་གྱིས། །ཞེས་སྨྲས་ནས་བྱིན་པར་གྱུར་ཏོ། ༈ །ཡང་སྔོན་ཡུལ་བཱ་རཱ་ཎ་སཱིར་ཤཱ་རིའི་བུ་ཁྱིམ་བདག་སོ་ཚིས་ལ་མཁས་པ་ཞིག་ཏུ་གྱུར་པས་ནོར་ཅི་ཡོད་གསེར་དུ་བསྒྱུར་ཏེ་བུམ་པ་བདུན་བྱས་པས་འོག་ཏུ་སྦས་ནས་ཁྱིམ་བདག་དེ་ཚེའི་དུས་བྱས་པ་ན། གསེར་གྱི་བུམ་པ་ལ་ཆགས་པས་སྦྲུལ་གདུག་པ་ཆེན་པོ་ཞིག་ཏུ་སྐྱེས་ཏེ་གསེར་བསྲུངས་སོ། །ཕྱིས་ཡུན་རིང་པོ་ཞིག་ན་གྲོང་དེ་ཡང་ཞིག་སྟེ་སྟོང་། སྦྲུལ་དེ་ཡང་ཡང་ནས་ཡང་དུ་སྦྲུལ་དུ་དེར་སྐྱེས་ནས་གསེར་གྱི་བུམ་པ་ལ་ཁྲི་ཞིང་ཉལ་ལོ། །དེར་ལོ་ཁྲི་ཕྲག་དུ་མ་ལོན་པ་དང་། སྦྲུལ་གྱི་སྐྱེ་བ་ཐ་མ་དེ་ཡང་འདི་སྙམ་སྟེ། བདག་ནི་གསེར་འདི་ལ་ཆགས་པས་འདི་འདྲ་བ་མི་སྡུག་པར་གྱུར་པས་ད་བསོད་ནམས་ཀྱི་ཞིང་ལ་ཕུལ་ལོ་སྙམ་དུ་ལམ་དང་ཉེ་བར་སོང་ནས་མི་དག་ལ་འབོད་དོ་བསམ་མོ། །དེར་མི་གཅིག་ལམ་ན་འོངས་པ་ལ་སྦྲུལ་གྱིས་བོས་པས། སྒྲ་ཐོས་ཀྱང་མི་སྣང་བས་ལམ་དུ་སོང་བ་དང་། ཡང་སྦྲུལ་གྱིས་བོས་ཏེ་ཁྱོད་ཁོ་བོའི་དྲུང་དུ་ཤོག་ཅིག །མི་དེས་ཁྱོད་ཤིན་ཏུ་གདུག་པ་ཅན་ཡིན་པས་ཁོ་བོ་བསད་དུ་འོང་ངོ་། །སྦྲུལ་གྱིས་སྨྲས་པ་ཁོ་བོས་གནོད་པ་བྱ་ན་ཁྱོད་ངའི་དྲུང་དུ་མ་འོངས་ཀྱང་གནོད་ནུས་སོ་ཞེས་སྨྲས་པས་མི་དེ་སྐྲག་ནས་སྦྲུལ་གྱི་དྲུང་དུ་སོང་ངོ་། །སྦྲུལ་དེ་ན་རེ། ཁོ་བོ་ལ་འདི་ན་གསེར་གྱི་བུམ་པ་ཞིག་ཡོད་ཀྱི། ཁྱོད་ལ་བསོད་ནམས་ཞིག་བྱ་བར་བཅོལ་ན་ནུས་སམ། ཅི་སྟེ་མ་བྱས་ན་ཁྱོད་ལ་གནོད་པར་བྱའོ། །མི་དེས་ནུས་སོ་ཞེས་སྨྲས་སོ། །སྦྲུལ་དེས་གསེར་བུམ་གཅིག་བསྟན་ཏེ་འདིས་དགེ་འདུན་ལ་མཆོད་སྟོན་གསོལ་ཅིག །དེའི་ཉིན་པར་ཁོ་བོའང་འོང་གིས་བསུས་ཤིག་ཅེས་སྨྲས་པ་ལྟར་མི་དེས་དགེ་འདུན་ལ་ཇི་ལྟར་གྱུར་པ་གསོལ་ནས་ཕུལ། གཟེ་བ་ཞིག་ཐོགས་ཏེ་མཆོད་སྟོན་གྱི་ཉིན་པར་སྦྲུལ་གྱི་སར་སོང་ངོ་། །སྦྲུལ་དེ་ཡང་དགའ་ནས་གཟེབ་ཀྱི་ནང་དུ་བཅུག །དེ་མི་དེས་ཁུར་ནས་སོང་བས་ལམ་དུ་མི་གཅིག་དང་འཕྲད་དེ། དེས་གང་ནས་འོངས་ཞེས་ལན་གསུམ་དྲིས་ཀྱང་སྦྲུལ་ཐོགས་པ་དེས་ཅང་མ་སྨྲས། ལན་གསུམ་དྲིས་ཀྱང་མི་འདི་ལན་མི་སྟེར་སྙམ་དུ་སྦྲུལ་དེ་ཁྲོས་ནས་གདུག་པ་ཕྱུང་བ་ལ་ཡང་བསམས་ཏེ། མི་འདི་བདག་གི་བསོད་ནམས་བྱེད་ཅིང་ཕན་པར་བྱས་པས་ན་བྱས་པ་བཟོ་བའི་ཕྱིར་གདུག་པ་དབྱུང་མི་རིགས་ཏེ་ཉེས་པ་བྱས་པ་ཡང་བཟོད་པར་བྱའོ་སྙམ་ནས། དབེན་པར་རེ་ཞིག་ས་ལ་ཞོག་ཅེས་སྨྲས་ཤིང་སྦྲུལ་དེས་སེམས་སྨད་དེ་བདག་གི་ཉེས་པ་འགྱོད་ཅིང་བཤགས་སོ་ཞེས་བྱས་ནས་ཡང་ཁུར་ཏེ། དགེ་འདུན་གྱི་གནས་སུ་ཕྱིན་པ་ན། དགེ་འདུན་རྣམས་གདུགས་ཚོད་ལ་བབ་པས་མི་དེས་མེ་ཏོག་བྲིམ་ཞིང་སྤྲུལ་དེ་དད་པའི་སེམས་ཀྱིས་དེ་ལ་ལྟའོ། །དགེ་འདུན་རྣམས་ཟས་ཀྱི་བྱ་བ་བྱས་ནས་སྦྲུལ་དེ་ལ་ཆོས་བཤད་པས་དགའ་ཞིང་གསེར་གྱི་བུམ་པ་དྲུག་ཀྱང་ཕུལ། དེ་ཚེ་དུས་བྱས་ནས་བསོད་ནམས་དེས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །དེའི་ཚེ་སྦྲུལ་གདུག་པ་ཐོགས་པའི་མི་དེ་ནི་བཅོམ་ལྡན་འདས་ཉིད་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་དུས་སུ་གངས་རི་དཔལ་དང་ལྡན་པའི་ཁྲོད་ན་སྨན་དང་ལྡན་པའི་ནགས་ཚལ་ཕུན་སུམ་ཚོགས་པ་ཞིག་ཏུ་སྤྲེའུའི་རྒྱལ་པོ་ཞིག་ཏུ་གྱུར་པ་དེ་ཤིང་ནྱ་གྲོ་དྷ་ཆེན་པོ་སྤྲིན་སྟུག་པོ་ལྟ་བུ་འབྲས་བུ་མཆོག་ཏུ་མངའ་ཞིང་དྲི་ཞིམ་པ་གཅིག་གི་དྲུང་དུ་གནས་ཤིང་། ཤིང་དེའི་ཡལ་ག་གཅིག་དྲུང་ནས་འབབ་པའི་ཆུ་ལ་གཞོལ་བ་ཡོད་པས་སྤྲེའུ་མང་པོ་དང་བཅས་ཏེ་ཤིང་དེའི་འབྲས་བུ་ལ་ཟ་བའི་ཚེ་སྤྲེའུའི་རྒྱལ་པོ་དེས་ཕྱི་རྗེས་ལ་ལྟ་བས་སྤྲེའུའི་ཚོགས་ལ་ཤིང་འདིའི་ཡལ་ག་འདིའི་འབྲས་བུ་རྣམས་མ་ཟད་པར་དུ་ཡལ་ག་གཞན་གྱི་འབྲས་བུ་མ་བཏོག་ཅིག་ཅེས་བསྒོ་བ་ལ་དེ་དག་ཀྱང་དེ་བཞིན་དུ་བྱས་སོ། །རེ་ཞིག་ན་ཡལ་ག་དེའི་འབྲས་བུ་མ་སྨིན་པ་ཧ་ཅང་མི་ཆེ་བ་གཅིག་གྲོགས་མ་རྣམས་ཀྱིས་ཤིང་གི་ལོ་མ་བསྡུས་པས་གཡོག་པ་སྤྲེའུ་རྣམས་ཀྱིས་མ་མཐོང་ནས་དེ་མཐར་གྱིས་སྐྱེས་པ་ཁ་དོག་དང་དྲི་རོ་ཕུན་སུམ་ཚོགས་པར་གྱུར་པ་སྨིན་པའི་དབང་གིས་རྩ་བ་གོག་ནས་འབབ་ཆུར་ལྷུང་བ་དེ་རི མ་གྱིས་རྒྱལ་པོ་ཞིག་བཙུན་མོའི་འཁོར་དང་བཅས་ཏེ་ཆུ་ལ་རྩེ་བའི་མཐའ་རྒྱ་མོས་བསྐོར་བའི་ངོས་གཅིག་ལ་ཆགས་པའི་དྲིས། བཙུན་མོའི་འཁོར་གྱི་ཁྲུས་རྩིས་བགོས་པའི་དྲི་ཐམས་ཅད་ཟིལ་གྱིས་མནན་པས་དེ་ལ་སྣོམ་ཞིང་ཀུན་ཏུ་ལྟ་བས་ཤིང་འབྲས་དེ་མཐོང་ནས་ཐམས་ཅད་དེར་འདུས་ཤིང་འདི་ཅི་ཡིན་ཅེས་དཔྱད་ཅིང་རྒྱལ་པོས་དེའི་རོ་མྱངས་བས་ཤིན་ཏུ་ཞིམ་པས་ཆགས་པར་གྱུར་ཅིང་། འདི་འདྲ་བ་ཟ་བ་དེ་རྒྱལ་སྲིད་མ་བསྒྲུབས་ཀྱང་རྒྱལ་པོ་ཡིན་ནོ་སྙམ་ནས། ཆུ་འདིའི་ཕུ་ཧ་ཅང་མི་རིང་བ་ཞིག་ན་ཤིང་བཟང་པོ་ཡོད་པར་འདུག་སྟེ། ཤིང་འབྲས་འདི་མ་སྣད་ཅིང་ཡུན་རིང་པོ་མ་ལོན་པའི་ཁ་དོག་དང་དྲི་རོ་གདའོ་སྙམ་ནས་དམག་གི་དཔུང་དང་བཅས་ཏེ། ཆུ་དེའི་འགྲམ་བརྒྱུད་དེ་ནགས་ཐིབ་པོ་དེར་ཞུགས་པས། ཤིང་གི་རྒྱལ་པོ་དེ་མཐོང་ནས་དེར་སོང་བ་དང་། སྤྲེའུ་བརྒྱ་ཕྲག་དུ་མ་ཤིང་དེའི་འབྲས་བུ་ལ་ཟ་བ་མཐོང་ནས་ཁྲོས་ཏེ་འདི་རྣམས་ཁ་ཐོགས་ཤིག་ཅེས་སྨྲས་པས་མི་རྣམས་ཀྱིས་མཚོན་དང་རྡོ་སོགས་ཀྱིས་གཟས་ཏེ་སྒྲ་དྲག་པོ་བྱུང་བས་སྤྲེའུ་རྣམས་འཇིགས་ཤིང་སྡུག་བར་མཐོང་ནས། བྱང་ཆུབ་སེམས་དཔས་དེ་རྣམས་ལ་སྙིང་རྗེ་བས། ཤིང་ཆེན་པོ་དེའི་རྩེ་མོ་ནས་རི་ཞིག་གི་ཁར་བྱ་འཕུར་བ་བཞིན་དུ་མཆོངས་ནས་དེར་སྐྱེས་པའི་སྦ་ཐག་ཤིན་ཏུ་རིང་པོ་ལམ་གྱི་ཁྱོན་ལས་ཀྱང་རིང་བ་ཙམ་རྩ་བ་བརྟན་པ་ཞིག་རང་གི་རྐང་པ་ལ་བཅིངས་ནས་སླར་ཡང་ཤིང་དེའི་རྩེར་མཆོངས་པས་རྐང་པ་གཉིས་བཅིངས་པའི་ཕྱིར་སླེབ་ཙམ་དུ་འབད་པས་ཕྱིན་ནས་ཤིང་དེའི་ཡལ་ག་ལག་པས་ཟིན་ནས་སྦ་ཐག་བརྐྱངས་པའི་སྟེང་དུ་སྤྲེའུ་རྣམས་འགྲོ་བཅུག་པས། སྤྲེའུ་རྣམས་སྐྲག་ཤིང་དེའི་ལུས་བརྫིས་པས་ལུས་སྣད་ཀྱང་སེམས་བརྟན་པ་མ་བྲལ་བར་གནས་པས་སྤྲེའུ་ཐམས་ཅད་འཇིགས་པ་ལས་བསྒྲལ་ཏོ། །དེ་མཐོང་བས་རྒྱལ་པོ་འཁོར་བཅས་ངོ་མཚར་ཞིང་འདི་ནི་དཔའ་ཞིང་བློ་ཕུན་སུམ་ཚོགས་པ་རང་དོན་ལ་མི་ལྟ་བར་གཞན་ལ་སྙིང་བརྩེ་བ་ཞིག་གོ་སྙམ་དུ། རྒྱལ་པོས་མི་དེ་དག་ལ་བསྒོ་བ། སྤྲེའུའི་བདག་པོ་འདི་སྤྲེའུ་རྣམས་བྲོས་པས་ལུས་བརྫིས་ཤིང་ཡུན་རིང་ཟམ་པ་བྱས་ཏེ་དུབ་པས་རང་ལྡང་མི་ནུས་པས། འདིའི་འོག་ཏུ་ངས་བརྒྱང་བཟེད་ལ། སྦ་ཐག་དང་ནྱ་གྲོ་དྷའི་ཡལ་ག་དུས་གཅིག་མདའ་གཉིས་ཀྱིས་ཆོད་ཅེས་བསྒོས་པ་དེ་བཞིན་དུ་བྱས་ཏེ་རྒྱལ་པོས་བརྒྱང་པ་བཟེད་པ་ལ་ཕབ་ནས། ལུས་ལ་རྨ་བྱུང་བས་བརྒྱལ་བར་གྱུར་བ་དེ་མལ་སྟན་འཇམ་པོ་ལ་བཞག་སྟེ་སྨན་གྱིས་དེའི་རྨ་བཀྲུས་ནས་ཅུང་ཟད་ལོན་པའི་རྗེས་སུ་རྒྱལ་པོས་དེ་ལ་སྨྲས་པ། བདག་གི་སྲོག་བོར་ནས་སྙིང་རྗེས་གཞན་ཟམ་པ་ལས་བསྒྲལ་བ་འདི་རྣམས་ཁྱོད་ཀྱི་ཅིར་འོང་། སྤྲེའུ་དེ་རྣམས་ཁྱོད་ཀྱི་ཅི་ཡིན། བྱང་ཆུབ་སེམས་དཔའ་སྤྲེའུའི་རྒྱལ་པོས་སྨྲས་པ། བདག་གི་ངག་མཉན་གུས་པ་འདི་དག་གིས། །བདག་ལ་རྒྱལ་པོའི་ཁུར་ནི་བསྐུར་བར་གྱུར། །དེ་བས་འདི་དག་བུ་དང་འདྲ་བར་གྱུར། །ཁུར་དེ་བསྐུར་བའི་ཕྱིར་ནི་འདི་ལྟར་བགྱིས། །ཡུན་རིང་དུས་ནས་འདི་ལྟར་འབྲེལ་བར་གྱུར། །རིགས་གཅིག་སྐྱེས་པས་འདི་ལྟར་མཛའ་གྱུར་ཞིང་། །ལྷན་ཅིག་གནས་པས་གཉེན་དང་འདྲ་བར་གྱུར། །དེ་ལ་རྒྱལ་པོ་ཡ་མཚན་ཏེ་ཡང་སྨྲས་པ། བློན་པོ་ལ་སོགས་རྒྱལ་པོའི་ཆེད། །དེ་དག་ཆེད་དུ་རྒྱལ་པོ་མིན། །དེ་བས་བདག་གི་བྲན་གྱི་ཕྱིར། །ཅིའི་ཕྱིར་ཁྱོད་ཀྱིས་བདག་ལུས་བོར། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་དེ་ལྟར་བགྱིད་པ་བདེན་མོད་ཀྱི། །རྒྱལ་པོའི་གཞུང་ལུགས་དེ་ལྟ་བུ། །གཞུང་ལུགས་ངན་པར་བདག་གིས་མཐོང་། །མ་འདྲིས་པ་ཡི་སྡུག་བསྔལ་ཀྱང་། །ཡལ་བར་འདོར་བ་མི་བཟོད་ན། །སེམས་ནི་གུས་པའི་སྐྱེ་བོ་རྣམས། །གཉེན་དང་མཛའ་གྱུར་སྨོས་ཅི་དགོས། །ཞེས་སོགས་རང་གིས་འཁོར་རྣམས་ལ་བརྩེ་བས་སྦ་ཐག་དྲངས་པའི་ཚུལ་བརྗོད་པས་རྒྱལ་པོ་ཤིན་ཏུ་དད་ཅིང་དགའ་ནས། དེ་ལྟར་བདག་གི་བདེ་བ་བཏང་ནས་གཞན་དང་དུ་བླངས་པས་ཁྱོད་ཀྱིས་ཡོན་ཏན་ཅི་ཞིག་ཐོབ། སྤྲེའུའི་རྒྱལ་པོས་སྨྲས་པ། བདག་གི་ལུས་བཅད་པར་གྱུར་ཀྱང་རིགས་མཐུན་རྣམས་ཀྱིས་བཀུར་སྟི་བྱས་པའི་ལན་གློན་པས་བདག་ལ་མི་དགའ་བ་མེད། བདག་གུམས་ཀྱང་དགའ་བ་ཐོབ་ལ། གྲགས་པ་དྲི་མ་མེད་པ་དང་། རྒྱལ་པོས་མཆོད་པ་དང་། ཤི་ཡང་འཇིགས་པ་མེད་པར་འགྱུར་བའི་ཡོན་ཏན་འདི་དག་ཐོབ་སྟེ། བདག་པོ་སྙིང་རྗེ་མེད་པ་ལ་བརྟེན་པ་རྣམས་ནི་དེ་དང་འགལ་བའི་ཉེས་པ་རྣམས་ཐོབ་ལ། དམྱལ་བའི་མེ་འབར་བར་མཆི་བ་ལས་གཞན་མེད་དོ། །དེ་ནས་རྒྱལ་པོ་ཁྱོད་ལ་བདག་གིས་བསྟན་པ་འདི་བཞིན་དུ་ཁྱོད་ཀྱང་ཆོས་དང་ལྡན་པས་རྒྱལ་སྲིད་སྐྱོངས་ལ་འཁོར་གྱི་སྐྱེ་བོ་དང་མགོན་མེད་པའི་ཚོགས་ལ་ཕ་བཞིན་དུ་ཐམས་ཅད་ཕན་བདེར་མཛད་ནས་ཆོས་སྲིད་དང་གྲགས་པ་བསོད་ནམས་འཕེལ་ནས་འདི་དང་ཕ་རོལ་ཏུ་བདེ་བར་འགྱུར་རོ། །ཞེས་གདམས་པས་རྒྱལ་པོ་དེ་ཡང་དད་པར་གྱུར་ཅིང་། སྤྲེའུའི་རྒྱལ་པོ་དེ་ཡང་ལུས་བོར་ནས་མཐོ་རིས་སུ་སོང་བར་གྱུར་ཏོ། ༈ །ཡང་སྔོན་འདས་པའི་དུས་ན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་འབྱོར་པ་རྒྱས་ཤིང་ཆོས་བཞིན་རྒྱལ་སྲིད་བྱེད་པ་དེའི་ཡུལ་ན་དེད་དཔོན་དབྱིག་ཅེས་བྱ་བ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གི་བུ་གཟུགས་བཟང་ཞིང་མཛེས་པ་དབྱིག་དགའ་ཞེས་བྱ་བར་བཅོམ་ལྡན་འདས་འདི་ཉིད་གྱུར་པའི་ཚེ་ན། ཡི་གེ་དང་བརྟག་པ་ཐམས་ཅད་ལ་མཁས་པའི་བློ་གསལ་བར་གྱུར་ཅིང་། དེ་སྙིང་རྗེ་དང་ལྡན་པས་སྦྱིན་པ་ལ་དགའ་བར་གྱུར་ཏེ། ཕའི་ལོངས་སྤྱོད་དག་ལས་ཅི་འདོད་པ་ཕོངས་པ་རྣམས་ལ་གཏོང་བར་བྱས་སོ། །དུས་གཞན་ན་དེའི་ཕ་གུམས་ནས་ཁྱེའུ་དབྱིག་དགའ་དེ་རྒྱལ་པོས་དེད་དཔོན་ཆེན་པོར་དབང་བསྐུར་ནས་ནོར་གྱི་ཉོ་ཚོང་བྱེད་ཅིང་། སྦྱིན་པ་ཆེན་པོ་སྩལ་ཏོ། །དུས་ཞིག་ན་ངེས་བསམས་པ། བདག་གི་ཕའི་ནོར་འདི་དག་ནི་བདག་གི་ཕའི་ཡིན་ན་འདི་བྱིན་པ་ལ་ངོ་མཚར་ཅི་ཡོད་དེ་བདག་རང་གི་ཞོ་ཤས་ནོར་བསྒྲུབས་ནས་སྦྱིན་པར་བྱའོ་སྙམ་དུ་བདག་དང་ལྷན་ཅིག་རྒྱ་མཚོར་འགྲོ་འདོད་ན་ཤོ་གམ་དང་ལག་ཅན་དང་གྲུ་བཙས་དང་བསེལ་རྔན་མེད་པར་སུ་འགྲོ་འདོད་ན་ཟོང་སྟ་གོན་གྱིས་ཞེས་སྨྲས་པས། ཚོང་པ་ལྔ་བརྒྱ་ནས་འགྲོ་བར་སྨྲས་ནས། རྒྱ་མཚོའི་ངོགས་སུ་ཕྱིན་ཏེ། དེར་ཟས་སྐོམ་གྱི་འཚོ་བ་སྦྱོར་བ་དང་། རྩོད་པ་བྱུང་ན་ནན་ཏུར་བྱས་ཏེ་ཞི་བར་བྱེད་པ་དང་། གང་དུ་ནོར་རྫས་ཀྱི་ཞལ་ཏ་བྱེད་པ་དང་། ཆུ་འཕྱགས་པ་དང་། ཕྱོགས་ལྟ་ཞིང་རྒྱུ་སྐར་ལ་ལྟ་བ་བྲོད་པ་ཞེས་པ་ཞེས་བྱ་བ་རྣམས་ཀྱང་ཁྲིད་དེ། བྲོད་པ་ལ་རྒྱ་མཚོའི་ནང་ན་ནོར་བུ་སྣ་ཚོགས་ཡོད་པའི་བསྔགས་པ་བརྗོད་དུ་བཅུག་པས་འབྱོར་བ་འདོད་པས་མི་མང་པོ་གྲུར་ཞུགས་ནས་མི་ཐེག་པ་ཙམ་དུ་གྱུར་པ་ལ། དེད་དཔོན་དེས་རྒྱ་མཚོའི་བསྔགས་པ་མ་ཡིན་པ་བརྗོད་དུ་བཅུག་སྟེ། རྒྱ་མཚོའི་ནང་ན་ཉ་མིད་དང་། རླབས་དང་། ཀློང་དང་། ཆུ་སྲིན་དང་། ཆུ་ནང་གི་རིལ་ཐུག་པ་དང་། རླུང་ནག་པོ་དང་། ཆོམ་རྐུན་དང་། བགེགས་སྣ་ཚོགས་ཡོད་པས་སུ་དག་སྲོག་ཕོངས་པ་དང་ཕ་མ་སོགས་ལ་མི་ལྟ་བ་དེ་དག་འགྲོ་བར་གྱིས་ཤིག་ཅེས་སྨྲས་པས། དཔའ་བོ་ཉུང་ལ་སྡར་མ་མང་བས་ཕལ་ཆེ་བ་ཕྱིར་འཐོན་ཏོ། །དེ་ལྟར་ལན་གསུམ་བསྒྲགས་ཏེ་ཉག་ཐག་གསུམ་བར་དུ་བཀོལ་ནས་གྲུ་དེ་རླུང་ཆེན་པོ་དྲང་པོས་བསྐྱོད་པས་རིན་པོ་ཆེའི་གླིང་དུ་ཕྱིན་ནས་བྲོད་པས་སྨྲས་པ། རིན་པོ་ཆེའི་གླིང་འདི་ན་ནོར་བུ་རིན་པོ་ཆེ་དང་འདྲ་བའི་མཆིང་བུ་དག་ཀྱང་ཡོད་པས་བརྟགས་ཏེ་བླང་བར་གྱིས་ཤིག །སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བས་སྐྱེས་པ་ཁྲིད་ཅིང་མ་རུངས་པར་བྱེད་དོ། །མྱོས་པར་བྱེད་པའི་ཤིང་ཐོག་སུས་ཟོས་པ་ཞག་བདུན་དུ་བརྒྱལ་ཏེ་འདུག་པ་ཡོད་པས་དེ་རྣམས་ལ་བག་བྱོས་ཤིག །རིན་པོ་ཆེའི་གླིང་འདིར་མི་མ་ཡིན་པ་དག་གིས་ཞག་བདུན་དུ་འདུག་པ་བཟོད་ཀྱི། དེ་ལས་འདས་ནས་དོན་གང་བསྒྲུབ་པ་དེ་མ་ཟིན་པར་གྲུ་འཁྱེར་བར་བྱེད་པའི་རླུང་གཏོང་བར་བྱེད་དོ་ཞེས་བསྒོ་བ་ལྟར་དེ་དག་བག་དང་ལྡན་པར་བསྒྲིམས་ཏེ་རིན་པོ་ཆེ་བཟང་པོས་གྲུ་ཡོངས་སུ་བཀང་ཞིང་སླར་འཛམ་བུའི་གླིང་དུ་བདེ་བར་ཕྱིན་ནས་སྦྱིན་པ་ཆེན་པོ་བྱས་སོ། །དེ་ལྟ་བུར་ལན་དྲུག་གི་བར་དུ་བསྒྲུབས་ཏེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དེར་སྦྱིན་པ་ཆེན་པོ་བྱས་སོ། །དེའི་ཚེ་ཡུལ་གཞན་ན་དེད་དཔོན་ལྔ་ཞིག་རྒྱ་མཚོར་སོང་བ་གྲུ་མ་རུངས་པར་གྱུར་ནས་དོན་མ་གྲུབ་པ་དེ་དག་གིས་བསམས་པ། དེད་དཔོན་ཆེན་པོ་དབྱིག་དགའ་དེ་བསོད་ནམས་ཀྱིས་དབང་ཆེ་བར་གྲགས་པས་དེའི་མཐུས་བདག་ཅག་ནོར་འགྲུབ་པར་འགྱུར་རོ་སྙམ་སྟེ། དབྱིག་དགའ་ལ་གསོལ་བ་བཏབ་པ་དང་། དེ་ན་རེ། ཀྱེ་རྒྱ་མཚོ་ཆེན་པོ་ནི་ཆོས་ཉིད་ཀྱིས་གྲུ་བདུན་པ་མ་རུངས་པར་འགྱུར་བས་སླན་ཆད་རྒྱ་མཚོར་གྲུའི་དོན་ལན་བདུན་གྲུབ་པ་སུ་ཡང་མེད་མོད་ཀྱི་འོན་ཀྱང་ཁྱོད་ཅག་ཁོ་ན་ལ་སྙིང་བརྩེ་བས་བསམ་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་དེད་དཔོན་ལྔ་པོ་ཁྲིད་དེ་རྒྱ་མཚོར་ཞུགས་པ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རིན་ཆེན་མང་དུ་བླངས་ཏེ་སླར་གྲུ་ལ་ཞུགས་ཤིང་ཕྱིར་ལོག་པ་དེའི་ཚེ་རྒྱ་མཚོའི་ནང་ན་འདུག་བཞིན་དུ་བསམས་པ། བདག་ཅག་རྒྱ་མཚོའི་ནང་ནས་ཕ་རོལ་ཏུ་བདེ་བླག་སོན་པའི་ངེས་པ་མེད་སྙམ་དུ། རིན་པོ་ཆེ་རིན་ཐང་ཆེ་བ་རྣམས་ཀྱིས་སྒྱེའུ་བཀང་སྟེ། རང་གི་སྐེད་པ་ལ་བཅིངས་ནས་ཚོང་པ་དེ་དག་ལ་སྨྲས་པ། གལ་ཏེ་བརྒྱ་ལ་གྲུ་མ་རུངས་པར་གྱུར་ན། ཁྱེད་ཅག་ངའི་ལུས་ལ་འཇུས་ཤིག་ཅེས་བྱས་སོ། །དེར་ཕྱི་ཞིག་ན་ཆུ་ནང་གི་རིས་དེ་དག་གི་གྲུ་བཤིགས་པར་གྱུར་པའི་ཚེ་དེད་དཔོན་ལྔ་དབྱིག་དགའི་ལུས་ལ་འཇུས་སོ། །དེར་དབྱིག་དགས་བདག་གསོན་པོར་འདུག་བཞིན་འདི་རྣམས་རྒྱ་མཚོ་ལས་བསྒྲལ་མི་ནུས་ཀྱི། རྒྱ་མཚོ་ནི་ཀླུ་གཙང་སྦྲ་ཅན་གནས་པས་ཤི་བའི་རོ་དང་ལྷན་ཅིག་ཞག་ཏུ་གནས་པ་མི་སྲིད་པས་བདག་ཤི་ན་འདི་དག་རྒྱ་མཚོ་ལས་བརྒལ་བར་འགྱུར་རོ་སྙམ་དུ། དེ་རྣམས་ལ་སྨྲས་པ། ཁྱེད་རྣམས་བརྟན་ཞིང་སྤྲོ་བ་ཆེར་སྐྱེད་དང་ངས་ཁྱེད་ཅག་ཉེ་ཞོ་མེད་པར་རྒྱ་མཚོ་ལས་ཐར་བར་བྱའོ། །བརྒལ་ནས་ཀྱང་ངའི་ལུས་ལ་བཅིངས་པའི་རིན་ཆེན་འདི་རྣམས་ཁྱེད་ཀྱིས་བགོ་བཤའ་གྱིས་ལ་ཁྱེར་ཅིག་དང་ཁྱེད་ཀྱི་གཉིས་ཀའི་ཕྱོགས་ཀྱི་བདུན་བརྒྱུད་འཚོ་བར་འགྱུར་རོ་ཞེས་སྨྲས་ཏེ། བླ་མེད་རྫོགས་བྱང་གི་ཕྱིར་སྨོན་ལམ་བཏབ་ནས་མཚོན་རྣོན་པོས་རང་གི་མགུལ་པ་བཅད་དོ། །དེར་ཀླུ་གཙང་སྦྲ་ལ་དགའ་བ་རྣམས་ཀྱིས་རྒྱ་མཚོའི་འགྲམ་དུ་ཕུལ་ནས་ཐང་ལ་བོར་བ་དང་། དེ་དག་གིས་དེའི་རོ་ལས་རིན་པོ་ཆེ་བཀྲོལ་ཏེ་བགོ་བཤའ་བྱས་ནས་དེའི་རུས་བུ་ལ་མཆོད་པ་བྱས་སོ། །དེར་དེད་དཔོན་ལྔ་པོ་ནི་ཕྱིས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་ན་དགེ་སློང་ལྔ་སྡེ་ཡིན་ཏེ་དེ་རྣམས་ཐོག་མར་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་བགོ་སྐལ་བྱིན་ཏེ་གཡུ་དྲུང་གི་མཐར་ཐུག་པའི་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །ཞེས་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་འདི་དེད་དཔོན་དཔའ་ཆེན་ཞེས་བྱ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་ཞིག་ཏུ་གྱུར་པའི་ཚེ་ན་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་དགོན་པའི་ལམ་དུ་ཞུགས་པ་དང་། སྲིན་པོ་སྤུ་རལ་ཅན་ཞེས་བྱ་བས་བྲམ་ཟེའི་ཆ་ལུགས་སུ་བྱས་ཏེ། ལམ་འདི་སྲིན་པོ་སྤུ་རལ་ཅན་གྱིས་བསྡིགས་ནས་བཀག་པས་ཁོ་བོའང་ཚེགས་ཆེན་པོ་འོངས་ཀྱིས་ཁྱེད་ཅག་ཀྱང་གཞན་དུ་དེངས་ཤིག །དེད་དཔོན་གྱིས་སྨྲས་པ། བྲམ་ཟེ་ཁྱོད་སྙིང་ལས་ཆུང་ངུར་གྱིས་ཤིག །དེས་ཁོ་བོ་ལ་བྱར་ཅི་ཡོད་འགྲོའོ་ཞེས་སྨྲས་པ་དང་། སྲིན་པོ་འཁྲུགས་ནས་བཞིན་བསྒྱུར་ཏེ། ལག་པ་གཉིས་བརྐྱངས་ཤིང་རལ་པ་ས་ལ་བླགས་ཏེ་མིག་དམར་བགྲད་ནས་སྨྲས་པ། དེད་དཔོན་ཇི་ཁོ་བོ་ལ་རྒོལ་ལ་ཕྱིས་སོངས་ཤིག །དེ་ནས་དེད་དཔོན་དཔའ་ཆེན་གྱིས་འཇིགས་སུ་རུང་བའི་གཟུགས་དེ་མཐོང་ནས་གཞུ་རྣ་དྲུང་དུ་བཀང་སྟེ་མདའ་འཕངས་པ་དང་དེ་ཐམས་ཅད་རལ་པ་ལ་ཐོགས་པ་དང་། དེ་བཞིན་དུ་གཞུ་འཕངས་པ་དང་། ཤིང་དང་བོང་བ་སོགས་གང་འཕངས་པ་ཐམས་ཅད་རལ་པ་ལ་ཐོགས་སོ། །དེར་ཚམ་ཚོམ་མེད་པར་མཐུས་བརྒལ་བ་དང་ལུས་ཐམས་ཅད་རལ་པ་ལ་ཐོགས་པ་དེ་ལ། སྲིན་པོས་ཚིགས་བཅད་སྨྲས་པ། ཁྱོད་ཀྱི་ལག་གཉིས་རྐང་གཉིས་དང་། །ལྔ་པ་མགོ་ཡང་ཐོགས་གྱུར་ཅིང་། །ལུས་ཀྱང་ང་ཡི་ལུས་ལ་ཐོགས། །ཕྱི་ན་མ་ཐོགས་ཅི་ཞིག་ཡོད། །དེད་དཔོན་གྱིས་སྨྲས་པ། ང་ཡི་ལག་གཉིས་རྐང་གཉིས་དང་། །ལྔ་པ་མགོ་ཡང་ཐོགས་གྱུར་ཅིང་། །ལུས་ཀྱང་ཁྱོད་ཀྱི་ལུས་ལ་ཐོགས། །ཕྱི་ན་མ་ཐོགས་སེམས་ཡོད་དོ། །གསང་བ་ཇི་སྲིད་ཁོ་བོ་ཡི། །སེམས་དང་བརྩོན་འགྲུས་མ་ཉམས་པ། །དེ་སྲིད་ཁྱོད་དང་འགྱེད་བྱ་སྟེ། །བརྟན་བྱོས་པ་ལ་མི་གནོད་དོ། །སྲིན་པོས་སྨྲས་པ། གང་གི་བརྩོན་འགྲུས་འདི་འདྲ་བ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་བརྩོན་འགྲུས་འདི་འདྲ་བས། །སྡུག་བསྔལ་ཀུན་ལས་འགྲོལ་བར་ནུས། །ཞེས་སོགས་ཚིགས་བཅད་སྨྲས་ཏེ་ཚོང་པ་རྣམས་བདེ་བླག་ཏུ་བཏང་ཞིང་སྲིན་པོ་དེ་དྲི་མ་དང་བྲལ་ནས་བརྟུལ་ཞུགས་ལྔ་པོ་ལ་གཞག་པ་དེ་ལྟ་བུའི་ཆོས་བསྟན་པར་བྱས་སོ། །དེ་དུས་ཀྱི་སྲིན་པོ་སྤུ་རལ་ཅན་ནི་གནོད་སྦྱིན་འབྲོག་གནས་ཡིན་ཏེ། དེར་ཡང་བཅོམ་ལྡན་འདས་ཀྱིས་བཏུལ་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་བཞག་པར་བྱས་སོ་ཞེས་གསུངས་སོ། ༈ །ཡང་སྔོན་ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་ཡུལ་དུ་དེད་དཔོན་དགའ་བའི་སྡེ་ཞེས་པའི་བུ་ཤིན་ཏུ་དགའ་ཞེས་པར་བཅོམ་ལྡན་འདས་འདི་ཉིད་གྱུར་པའི་ཚེ། དེའི་ཕ་འདས་པའི་རྗེས་སུ་སློང་བ་མང་པོའི་བསམ་པ་ཡོངས་སུ་རྫོགས་པའི་ཕྱིར་རྒྱ་མཚོར་རིན་པོ་ཆེ་སྣ་ཚོགས་ལེན་དུ་སོང་བ་བདེ་བར་ཕྱིར་འཁོར་བའི་རྫས་ཀྱིས་དོན་མཐུན་རྣམས་ཆོམ་རྐུན་ལས་བསྐྱབས་པར་བྱས་ཤིང་དེ་ལྟར་ལན་དྲུག་གི་བར་དུ་རྒྱ་མཚོ་ལས་འཁོར་ཞིང་སློང་མོ་བ་ཐམས་ཅད་དང་། དོན་མཐུན་རྣམས་བསྐྱབས་པའི་ཕྱིར་ཆོམ་རྐུན་པ་ལ་ནོང་བྱིན་ཀྱང་། ཆོམ་རྐུན་པ་དག་གིས་ད་དུང་དོན་མཐུན་བཅོམ་པ་ལ་བརྐམ་པ་མཐོང་ནས་དེ་འདི་སྙམ་དུ། ཀྱེ་མ་ཆོམ་རྐུན་པ་འདི་དག་ཉེས་པ་འདི་ལས་བཟློག་པར་མི་ནུས་སོ་སྙམ་དུ་མྱ་ངན་བྱེད་ཅིང་མཚན་མོ་འདས་པ་ན། དེ་ལ་རྨི་ལམ་དུ་རྨད་དུ་བྱུང་བའི་གཟུགས་དང་ལྡན་པའི་ལྷ་མོ་ཞིག་གིས་ལུང་བསྟན་པ ། ཀྱེ་བློ་བཟང་མྱ་ངན་མ་བྱེད་ཅིག །བློ་ལྡན་བརྩོན་འགྲུས་ཅན་དག་གིས་མི་འགྲུབ་པ་གང་ཡང་མེད་པས། འདི་ལྟར་ཁྱོད་བཱ་དར་སྟེ་རྒྱ་ཤུག་གི་གླིང་ཞེས་བྱ་བ་ལྷ་རྣམས་ཀྱིས་བསྟེན་པའི་གནས་སུ་སོང་ན། དེ་ན་ཡོད་པའི་རིན་པོ་ཆེ་གཅིག་གི་མཐུས་ཀྱང་འཇིག་རྟེན་གསུམ་ནོར་གྱིས་འགེངས་ནུས་ཏེ། དེ་ནི་མི་ཡིས་ལས་འདས་པ་བསོད་ནམས་ཆེན་པོའི་གནས་ཡིན་ལ། དེར་བསོད་ནམས་དང་ལྡན་པ་དང་སྙིང་སྟོབས་ཅན་མིན་པས་བགྲོད་མི་ནུས་མོད། ཁྱོད་དེར་འགྲོ་བའི་བརྩོན་པ་གྱིས་ཤིག །དེ་ལ་ཇི་ལྟར་འགྲོ་བའི་ལམ་ནི་གླིང་དེ་འདི་ནས་ནུབ་ཀྱི་ཕྱོགས་ན་ཡོད་ཅིང་རི་བོ་མ་ལ་ཡ་ལ་ཡོད་པའི་སྨན་འཇོག་བྱེད་བདུད་རྩི་ཞེས་པ་བརྩོན་པས་བླངས་ནས་ཟོས་ན་བཀྲེས་སྐོམ་དང་ངལ་བ་མེད་པར་བྱེད་དོ། །འདི་ནས་གླིང་ཆེན་པོ་བདུན་བརྒྱ་འདས་པའི་རྗེས་སུ། རི་ཆེན་པོ་བདུན་དང་། ཆུ་ཀླུང་བདུན་འདས་པའི་རྗེས་སུ་རྗེས་འགྲོ་དང་ལྡོག་འགྲོ་ཞེས་པའི་རྒྱ་མཚོ་ལ་གཟིངས་བཅས་ཏེ་རྗེས་སུ་མཐུན་པའི་རླུང་གིས་སོང་ནས་དེ་དག་གི་ཕ་རོལ་ཏུ་སོན་པར་འགྱུར་རོ། །ཡང་རྒྱ་མཚོ་དེ་དག་གི་མིང་དང་མཚུངས་པའི་རི་བོ་ལ་རླུང་གིས་མིག་རབ་རིབ་དང་རྨོངས་པར་བྱེད་པ་ཡོད་པ་ལ་སྨན་ཆེན་པོ་དོན་ཡོད་ཅེས་བྱ་བས་མིག་རྣལ་དུ་གནས་པར་བྱེད་དོ། །དེ་ནས་ཀུན་འཁོར་ཞེས་པའི་ཆུ་གཏེར་ལས་རླུང་བེ་རམ་བྷ་ཞེས་པ་འབྱུང་ཞིང་འབྱུང་བའི་ཀུན་འཁོར་བདུན་ལས་སྒྲོལ་བར་བྱེད་དོ། །དེ་ནས་ཀུན་འཁོར་ཞེས་པའི་རི་ལ་འབྱུང་བོ་དུང་གི་ལྟེ་བ་ཞེས་པ་འཇིགས་སུ་རུང་བ་ཡོད་ཅིང་། དེ་ལ་སྨན་དུང་གི་ལྟེ་བ་ཞེས་པ་སྦྲུལ་ནག་པོས་དཀྲིས་པ་ཡོད་དེ། སྨན་དེ་མགོ་ལ་བཞག་ན་ཡོངས་སུ་སྐྱོབ་པར་བྱེད་དོ། །དེ་ནས་ཆུ་སྔོན་ཞེས་པའི་མཚོ་ལ་སྲིན་པོ་མིག་དམར་ཞེས་བྱ་བ་ཡོད་དེ། དེ་ལ་མ་ཀིར་ཞེས་པའི་སྨན་འཛིན་ཅིང་སངས་རྒྱས་ཀྱི་མདོ་སྡེ་བཀླགས་ཤིང་འགྲོ་བར་བྱའོ། །དེ་ནས་ཆུ་སྔོན་ཞེས་པའི་རི་ལ་མཚན་མོར་རྒྱུ་བ་མགྲིན་པ་སྔོ་ཞིང་མིག་རབ་ཏུ་འབར་བའི་སྲིན་པོ་ལྔ་བརྒྱ་གནས་སོ། །དེ་ན་སྨན་དོན་ཡོད་ཅེས་པ་མཐོང་རེག་སོགས་སྦྲུལ་གྱི་དུག་ཐམས་ཅད་སྲུང་ནུས་པ་ཡོད་དོ། །གསོ་སྦྱོང་གི་བརྟུལ་ཞུགས་དང་། བྱམས་པ་དང་སྙིང་རྗེས་སྦྲུལ་ནག་པོ་རྣམས་བསྐྲད་ནས་སྨན་དེ་ཐོབ་པར་འགྱུར་རོ། །དེ་ཡི་མིག་སྨན་དང་ཟུར་ཕུད་བྱས་ན་སྲིན་པོ་ཤིང་རྟ་རི་ཞེས་པ་བགྲོད་དཀའ་བ་བུག་པ་ཕྲ་མོ་ཅན་དེ་ལས་བསོད་ནམས་ལྡན་པ་སྒྲོལ་བར་འགྱུར་རོ། །དེ་ནས་རི་བོ་ར་བ་བྷ་ཞེས་པའི་རི་དང་དེའི་རྗེས་སུ་འཇིགས་རུང་ཟངས་ཀྱི་ནགས་ཞེས་པ་སཱ་ལ་ཆེན་པོའི་ནགས་ཀྱི་ནང་ན། སྦྲུལ་སྦྲམ་ཆེན་ཟངས་མིག་ཅེས་པ་བཟོད་དཀའ་བ། དྲི་དྲག་པོའི་རླུང་ཕོག་པས་འཆི་བར་བྱེད་པ། ཟླ་བ་དྲུག་ཏུ་ཉལ་བའི་ཁ་ཆུས་དཔག་ཚད་གཅིག་ཁྱབ་པ། ལྟོགས་པས་གདུངས་ནས་ཟླ་བ་དྲུག་ཏུ་གཉིད་དང་བྲལ་བས་ཆུབ་པར་འགྱུར་རོ། །དེ་ཡང་འོད་མའི་རྩ་བ་རྡོས་བསྡམ་པའི་ཕུག་རབ་ཏུ་ཕྱེས་ཏེ། དྲི་དང་ལྡན་ཞིང་ཉིན་དང་མཚན་དུ་འོད་འབར་བའི་མིག་སྨན་བླངས་ནས་སྔར་མེད་ཅེས་པ་སངས་རྒྱས་ཀྱི་རིག་པ་བཀླགས་པས་སྦྲུལ་ཆེན་དང་། གཞན་གྱིས་ཀྱང་མི་གནོད་པར་འགྱུར་རོ། །དེ་ནས་རི་ཆེན་པོ་བདུན་འོད་མའི་ཚེར་མས་གཏམས་པ་ལ་ཟངས་ཀྱི་གླེགས་མའི་རྡོག་ཞབས་གྱོན་ནས་བགྲོད་པར་བྱའོ། །དེ་རྗེས་ཤལ་མ་ལིའི་ནགས་དང་། འགྱུར་བྱེད་ཀྱི་ཆུ་ཀླུང་བདུན་དག་བརྒལ་ནས། རྩེ་གསུམ་ཞེས་པའི་རི་རབ་ཏུ་མཐོ་བ། རྩེ་གསུམ་པའི་ཚེར་མ་རྡོ་རྗེའི་འབེགས་བྱེད་ལ་ཟངས་ཀྱི་གླེགས་བུ་སྦྱར་བའི་རྐང་པས་བགྲོད་པར་བྱའོ། །དེ་ནས་ཆུ་ཀླུང་རྩེ་གསུམ་ཞེས་བྱ་བ་དང་། དེ་ནས་ལྕགས་ཀྱི་རྩེ་ཡི་རི་ཞེས་པ་དང་། དེའི་ཆུ་ཀླུང་གི་ངོས་དང་། ལྕགས་ཕུར་གྱི་རི་བོ་དང་། དེའི་ཀླུང་དང་། དེ་ནས་བཅོ་བརྒྱད་འཁྱོགས་ཞེས་པའི་རི་བོ་བགྲོད་དཀའ་བ་དང་། དེ་དང་མིང་འདྲ་བའི་ཀླུང་དང་། དེ་རྗེས་ཕྲ་མོ་སྐྱེས་པའི་རི་དང་། དེ་ནས་དུ་བའི་མིག་ཅེས་པའི་རི་ཕྱོགས་ངོས་ཀུན་ཏུ་དུ་བས་ཚིག་པར་གྱུར་པའི་སྦྲུལ་མ་རུངས་པ་མཐོང་བའི་དུག་ཅན་གྱིས་ཁྱབ་པ། དེའི་རྩེ་ན་རྫིང་བུའི་མཐའ་རྡོ་བས་བསྐོར་བའི་ཕུག་ཆེན་པོ་གང་ན་ནོར་བུ་འོད་ཀྱི་ཁུང་བུ་དང་། སྨན་ཆེན་པོ་འཚོ་བྱེད་ཅེས་པ་དེའི་བྱེ་མ་མགོ་རྐང་ལག་ལྟོ་བ་རྣམས་ལ་བྱུག་ཅིང་གསང་སྔགས་ཀྱི་སྟོབས་དང་བཅས་ཏེ་སོང་ན་སྦྲུལ་མ་རུངས་པས་གནོད་པར་མི་འགྱུར་རོ། །དེ་ནས་སྦྲུལ་གདུག་པའི་རི་བོ་བདུན་སེམས་ཅན་མ་རུངས་པས་གང་བ་དང་། དེ་འདྲ་བའི་ཆུ་ཀླུང་བདུན་ཀྱང་བརྒལ་ནས། རི་དཀར་པོ་རྩེ་མོ་མཁའ་ལ་སླེབ་པ་ལ་འཛེགས་ན། དེའི་ངོས་ཞིག་ན་རི་ཧི་ཏི་ཀི་ཞེས་བྱ་བའི་གྲོང་ཁྱེར་དཔག་བསམ་གྱི་ཤིང་གིས་མཛེས་པ་ལྷའི་གནས་དང་མཚུངས་པ་དེ་ན། དེད་དཔོན་སྙིང་སྟོབས་ཆེན་པོ་མ་གྷ་ཞེས་པ་སེམས་ཅན་ཀུན་ལ་ཕན་པར་བྱེད་པ་བརྒྱ་བྱིན་བཞིན་དུ་གྲགས་པ་དེ་ཡིས་བ་ད་རའི་གླིང་དུ་འགྲོ་བའི་ལམ་གྱི་གདམས་ངག་ཀུན་སྟོན་པར་འགྱུར་རོ་ཞེས་སྨྲས་ནས་ལུང་སྟོན་པའི་ལྷ་མོ་དེ་མི་སྣང་བར་གྱུར་ཏོ། །དེ་སྤྲོ་བ་སྐྱེས་ནས་ལྷས་ཇི་སྐད་བསྟན་པ་ལྟར་དཀའ་བ་ཆེན་པོས་ལམ་དེ་ཐམས་ཅད་བགྲོད་དེ་ལོ་བཅུ་གཉིས་ཀྱིས་རི་ཧི་ཏི་ཀའི་གྲོང་ཁྱེར་དུ་སླེབས་སོ། །དེར་དེད་དཔོན་མ་གྷ་ནད་ཀྱིས་མནར་བའི་སྐབས་སུ་ཁེལ་ནས་ནང་དུ་མཚུང་པར་སྒོ་ན་གནས་ཤིང་། དེས་སྨན་པའི་ཚུལ་གྱིས་ནང་དུ་འཇུག་པ་ཐོབ་སྟེ་ཕན་ཚུན་གཏམ་བྱས་ཤིང་། དེ་ཚེའི་རིག་བྱེད་ལ་མཁས་པས་དེས་དེད་དཔོན་དེའི་ཚེ་ཟླ་བ་དྲུག་ཡིན་པར་ཤེས་ནས་སེམས་མ་དགའ་ཡང་སྨན་དང་རིམ་གྲོ་ལེགས་པར་བྱས་པས་དུས་ཐུང་དུས་ཤིན་ཏུ་མཛའ་བར་གྱུར་ཅིང་ནད་རིམ་གྱིས་ཞི་བར་གྱུར་ཏོ། །དེས་རང་གི་ཚུལ་གྱི་གཏམ་སྨྲས་པ་ལ། མ་གྷས་བསྔགས་ཤིང་དེའི་གྲོགས་བྱེད་པ་ལ་སྤྲོ་བར་བྱས་ཏེ། བ་ད་རིའི་གླིང་བདག་གིས་མཐོང་མ་མྱོང་ཡང་རྒྱ་མཚོའི་ཕྱོགས་ཀྱི་མཚན་མ་ལས་བརྟགས་ནས་དོང་ངོ་ཞེས་གྲུ་གཟིངས་བྱས་ཏེ། མ་གྷ་དང་ལྷན་ཅིག་གྲུར་ཞུགས་ནས་མཐུན་པའི་རླུང་གིས་དཔག་ཚད་བརྒྱར་ཡང་འགྲོ་བར་བྱེད་དོ། །དེར་ཆུའི་ཁ་དོག་རྣམ་པ་སྣ་ཚོགས་པ་མཐོང་ནས་མ་གྷ་ལ་དྲིས་པ་དང་། རྒྱ་མཚོ་འདིར་ལྕགས་ཀྱི་རི་བོ་ལྔ་དང་། གཞན་ཡང་ཟངས་དང་དངུལ་ལ་སོགས་པའི་བྱེ་བྲག་གིས་རྒྱ་མཚོའི་མདོག་བསྒྱུར་བའོ་ཞེས་སྨྲས་སོ། །དེར་མ་གྷ་ནད་ཀྱིས་བཏབ་སྟེ་དུས་ལས་འདས་ཀྱང་དེད་དཔོན་ཤིན་ཏུ་དགའ་སྙིང་སྟོབས་བརྟན་པོས་རྒྱ་མཚོའི་ངོགས་སུ་ཕྱིན་ནས། གྲོགས་པོའི་ལུས་ལ་ལེགས་པར་བྱ་བ་བསྒྲུབས་ཏེ། ཡང་གཟིངས་ལ་ཞོན་ནས་ཆུ་བོའི་གཏེར་ལས་བརྒལ་ཏེ། རིན་པོ་ཆེའི་རི་བོའི་ངོགས་སུ་ནགས་ཚལ་སྟུག་པོར་ཞུགས་པ་ན། གནམ་དུ་སླེབས་པའི་རི་འཕང་མ་ཐོབ་ཕྱོགས་གང་ནས་ཀྱང་བགྲོད་དཀའ་བ་མཐོང་བས་ཐབས་བྲལ་ཏེ། རི་དེའི་འདབས་སུ་ཡལ་འདབས་ཀྱི་མལ་སྟན་ལ་ཉལ་ཞིང་བདག་འོངས་ནས་འདི་སྙེད་དུ་འདས་ཀྱང་ད་དུང་བ་དར་ཡི་གླིང་མིང་ཡང་མ་ཐོས་ལ། གྲོགས་མཆོག་དེ་ཡང་གུམ་མོ། །འོན་ཀྱང་འགྲོ་བའི་དོན་དུ་བསམ་པ་འདི་གྲུབ་བམ་མ་གྲུབ་པར་ཤི་ཡང་འགྱོད་པ་མེད་དོ་སྙམ་དུ་བསམས་པ་ལ། རི་དེ་ལ་གནས་པ་མཆོད་སྦྱིན་སྔོན་པོ་ཞེས་པ་འོངས་ནས་སྨྲས་པ། འདི་ནས་ཤར་དུ་དཔག་ཚད་ཙམ་དུ་ཕྱིན་པ་ན། རི་རྩེ་མོ་གསུམ་པ་ལ། ས་ལས་བྱས་པའི་ཐེམ་སྐས་ལ་འཛེགས་ནས་སོང་ཞེས་སྨྲས་པ་བཞིན་སོང་བས། རི་དེའི་རྩེར་ཤེལ་གྱི་རི་བོ་འཇམ་ཞིང་མཐོ་ལ་བྱ་རྣམས་ཀྱང་མི་ཐར་བ་ཞིག་མཐོང་ནས་རེ་ཞིག་ཅི་བྱ་མེད་པར་དེར་བསྡད་པ་ན། བྲག་གི་ཕུག་ན་གནས་པའི་གནོད་སྦྱིན་ཟླ་འོད་ཅེས་བྱ་བས་ལུས་མངོན་དུ་བསྟན་ཏེ། འདི་ནས་ཤར་དུ་རྒྱང་གྲགས་ཙམ་སོང་དང་ཙན་དན་ནགས་ཀྱི་ནང་ནས། རབ་གསལ་བྱེད་ཅེས་པའི་ཕུག་ན་ཡོད་པའི་སྨན་ཆེན་པོ་བཏུས་ཏེ་ཐོབ་ན། དེའི་འོད་ཀྱིས་སྣང་བར་བྱས་པའི་སྐབས་ལས་ཤེལ་གྱི་རི་ལ་འཛེགས་པ་ན་འདོད་པ་ཐོབ་བོ་ཞེས་བསྟན་པ་བཞིན་བྱས་ཏེ། རི་དེའི་རྩེར་ཕྱིན་པས། གསེར་གྱི་ཁང་པ་ཅན་གྱི་གྲོང་ཁྱེར་གྱི་སྒོ་གསེར་གྱི་སྒོ་གླེགས་ཆེན་པོས་བཅད་པར་མཐོང་ངོ་། །དེར་ནགས་ཀྱི་མཐར་སླེབས་པ་དང་མཚན་མོར་བྱུང་སྟེ་ཟླ་བ་ཤར་ཞིང་དེར་གཉིད་དུ་སོང་ངོ་། །དེ་ལ་མངོན་དུ་ཕྱོགས་པའི་ལྷ་མཐུ་བོ་ཆེས་རྨི་ལམ་དུ་ལུང་བསྟན་པ། ཀྱེ་སྙིང་སྟོབས་ཅན་གཞན་དོན་དུ་དཀའ་བ་བྱེད་པ་ཁྱོད་དཀའ་བའི་ལྷག་མ་ཆུང་དུ་འདིར་ཡིད་འབྱུང་མི་དགོས་སོ། །གསེར་གྱི་གྲོང་ཁྱེར་འདི་དང་གཞན་གསུམ་ཕ་རོལ་ན་ཡོད་པ་དེ་དག་གོང་ནས་གོང་དུ་རྣམ་པར་བཀྲ་བ་ཡོད་ལ་མདོ་འདོན་ཅིང་དེ་དག་གི་སྒོ་བརྡུངས་པ་ན། རིམ་པ་བཞིན་གྲོང་ཁྱེར་དེ་དག་གི་མིའམ་ཅི་མོ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རྣམས་ཕྱིར་ཕྱུངས་ནས་འོང་གིས་ཁྱོད་དབང་པོ་ཐུལ་བས་དེ་དག་ལ་སྲིང་མོའི་འདུ་ཤེས་ཞོག་ལ། དེ་དག་གི་བག་མེད་བསྡོམས་ལ་སོང་དང་མྱུར་དུ་འདོད་པ་ཐོབ་ཅིང་དེར་རྟའི་རྒྱལ་པོ་བྱུང་ནས་ཕྱིར་རང་ཡུལ་དུ་བདེ་བར་ཕྱིན་པར་བྱེད་དོ་ཞེས་ལྷ་མོས་ལུང་བསྟན་པ་ལྟར་དགའ་བའི་ཡིད་ཀྱིས་ནམ་ལངས་པ་དང་། ཇི་སྐད་བཤད་པ་ལྟར་བྱས་ཏེ། གྲོང་ཁྱེར་དང་པོའི་སྒོ་ལ་ལག་པས་ལན་གསུམ་བརྡུངས་པ་ན། མིའམ་ཅི་མོ་བཞི་འོང་སྟེ་སྙན་པར་བརྗོད་ཅིང་མིའམ་ཅིའི་གྲོང་ཁྱེར་འདི་སྐྱེས་བུ་དགེ་བ་ཁྱོད་ཀྱི་དབང་ངོ་ཞེས་སྨྲས་པ་ལ། ལན་དུ་སྙན་པར་སྨྲས་ཤིང་། བདག་ནི་ཡོ་བྱད་བླང་གིས་བུད་མེད་རྣམས་ནི་གཞན་དབང་བ་ཡིན་པས་བདག་གིས་མི་བླངས་ཏེ། ཁྱེད་རྣམས་ནི་མ་དང་སྲིང་མོ་ཡིན་ལ། བདག་ནི་བརྣབ་སེམས་སོགས་མི་དགེ་བཅུའི་ལམ་ལས་ཕྱིར་ཕྱོགས་པ་ཡིན་པས་ཆོས་ཀྱི་གཏམ་བརྗོད་པས་དགའ་ཞིང་། རྒྱལ་མཚན་གྱི་རྩེར་བཞག་ནས་གསོལ་བ་བཏབ་ན་དཔག་ཚད་སྟོང་དུ་སློང་བ་རྣམས་ལ་ཅི་འདོད་པའི་ཆར་འབེབས་པའི་ནོར་བུ་རིན་པོ་ཆེ་བྱིན་པ་བླངས་ཏེ། སླར་ཡང་དངུལ་གྱི་གྲོང་ཁྱེར་གཉིས་པར་ཕྱིན་པའི་ཚེ། སྔ་མའི་ཉིས་འགྱུར་གྱི་མིའམ་ཅི་མོས་མཆོད་ཅིང་ནོར་བུ་སྔ་མ་ལས་ཉིས་འགྱུར་གྱི་མཐུ་དང་ལྡན་པའི་ནོར་བུ་བྱིན་པ་བླངས་སོ། །དེ་ནས་གྲོང་ཁྱེར་གསུམ་པ་བཻཌཱུརྻའི་རང་བཞིན་ཅན་ནས་མིའམ་ཅི་མོ་བཅུ་དྲུག་གིས་མཆོད་ཅིང་སྔ་མ་གྲོང་གཉིས་པའི་ནོར་བུ་ལས་ཉིས་འགྱུར་གྱི་མཐུ་ཆེ་བའི་ནོར་བུ་བྱིན་ཏོ། །དེ་ནས་གྲོང་ཁྱེར་བཞི་པ་རིན་ཆེན་བཞིའི་རང་བཞིན་ཅན་གྱི་སྒོ་ནས་མིའམ་ཅི་མོ་སོ་གཉིས་ཀྱིས་གྲོང་གསུམ་པ་ནས་ཐོབ་པའི་ནོར་བུ་ལས་ཡོན་ཏན་ཉིས་འགྱུར་གྱི་ཆེ་བའི་ནོར་བུ་བྱིན་ནས། ཕན་ཚུན་གཏམ་གྱི་ཞོར་ལ་ཆོས་དང་ལྡན་པའི་སྨྲ་བས་མགུ་བར་བྱས་སོ། །དེར་བུ་མོ་དེ་དག་གིས་དགའ་བའི་ཟུར་མིག་གིས་ལྟ་བཞིན་དུ། རིན་པོ་ཆེའི་འབྱུང་གནས་ཟླ་བ་བ་དར་ཞེས་པ་ངེད་ཅག་གི་མིང་པོ་མིའམ་ཅིའི་རྒྱལ་རིགས་ཀྱི་བཞུགས་གནས་ནི་འདི་ཡིན་ལ། ནོར་བུ་འདིས་འཛམ་བུའི་གླིང་ཐམས་ཅད་དུ་ཅི་འདོད་པ་ཆར་དུ་འབེབས་པས་བསྣམས་པར་མཛོད་ཅེས་སྨྲས་སོ། །དེས་ནོར་བུ་རྣམས་བླངས་ཏེ་དེར་དེའི་བསོད་ནམས་ཀྱིས་རྟ་སྤྲིན་གྱི་ཤུགས་ཅན་ཞེས་པ་མ་རྨོས་པའི་འབྲས་བུ་སྤུན་པ་མེད་པ་ཟོས་ནས་རྒྱབ་བཟེད་དེ། དེ་ལ་ཞོན་ནས་ངང་གི་གྲོང་ཁྱེར་དུ་བདེ་བར་ཕྱིན་ཅིང་། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་དུས་ལས་འདས་ཏེ་མཐོ་རིས་སུ་སོང་བ་ལ་ཤིན་ཏུ་དགའ་རྒྱལ་པོར་དབང་བསྐུར་བར་བྱས་སོ། །དེའི་ཚེས་བཅོ་ལྔ་ལ་གསོ་སྦྱོང་ལ་གནས་པས་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ལ་བཏགས་ནས། འཛམ་བུའི་གླིང་ཀུན་ཏུ་ཅི་འདོད་པ་ཆར་དུ་བབས་པས་ཚིམས་པར་བྱས་ཤིང་ལོ་བརྒྱར་རྒྱལ་སྲིད་བྱས་ནས། རང་གི་སྲས་རྒྱལ་སྲིད་ལ་བཞག་སྟེ་ཚངས་པའི་གནས་སུ་གཤེགས་པར་གྱུར་ཏོ། །ཕྱིས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་ནའང་ཆོམ་རྐུན་པས་འཇིགས་པའི་དོན་མཐུན་རྣམས་བསྐྱབ་པའི་ཕྱིར། གཏེར་ལས་དོན་མཐུན་རྣམས་དང་མཉམ་པའི་ནོར་རྫས་བྱིན་ནས་དོན་མཐུན་བསྐྱབས་པ་དེ་ལྟར་ལན་དྲུག་གི་བར་དུ་མཛད་པའི་ཚེ་ན། དགེ་སློང་རྣམས་ཀྱིས་དེའི་ཚུལ་བརྗོད་པ་ལ། འདི་ནི་ད་ལྟ་འབའ་ཞིག་ཏུ་མ་ཟད་དེ་སྔོན་གྱི་ཚེ་ནའང་དོན་མཐུན་རྣམས་བསྐྱབས་པའི་རབས་འདི་གསུངས་པར་མཛད་དོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་བྲམ་ཟེ་བརྩེ་བ་ཅན་ཞེས་པར་གྱུར་པའི་ཚེ། བདག་ཉིད་ཆེན་པོ་དེས་སེམས་ཅན་རྣམས་ཀྱི་ནད་ཞི་བའི་ཕྱིར། ཁ་བ་ཅན་དང་། མནྡཱ་ར་དང་། འབིགས་བྱེད་སོགས་སུ་སྨན་འཚོལ་དུ་རྒྱུ་ཞིང་། ནགས་རྣམས་སུ་སོང་ནས་སྨན་བླངས་ཏེ་སླར་འོངས་ཤིང་སྐྱེ་བོ་རྣམས་ཀྱི་ནད་ཞི་བར་བྱེད་དོ། །དེས་དུས་ཞིག་ན་རི་མ་ལ་ཡར་རང་སངས་རྒྱས་རིད་ཅིང་ན་བ་ཞིག་མཐོང་བས་སྨན་གྱི་ཁུར་བཞག་སྟེ་ཕྱག་འཚལ་ནས་གཏམ་བྱས་ཤིང་རང་སངས་རྒྱས་དེས་ཀྱང་ལུས་ན་བ་ལས་བརྩམས་ཏེ། ལས་ཉོན་གྱིས་འཕངས་ནས་སྲིད་པར་སྡུག་བསྔལ་བའི་སེམས་ཀྱི་ཉོན་མོངས་པ་གཞོམ་པའི་བརྩོན་འགྲུས་བརྩམ་པར་གྱིས་ཤིག་ཅེས་ལེགས་པར་བཤད་པ་ཐོས་པས་ཤིན་ཏུ་མགུ་ནས་བརྩོན་འགྲུས་ཀྱི་སྟོབས་ལྷག་པར་འཕེལ་བར་གྱུར་ལ། འཕགས་པ་བདག་གིས་ཉིད་ཀྱི་ནད་འདི་སོས་ཀྱི་བར་དུ་བསྙེན་བཀུར་བྱ་ཞེས་སྨྲས་ནས། མ་ལ་ཡའི་ཁྱིམ་བདག་རྣམས་ལས་བླངས་པའི་བསོད་སྙོམས་བཟང་པོ་ཉིན་བཞིན་བསྐྱལ་ཏེ་དགའ་བ་མེད་པར་བརྩོན་འགྲུས་བརྩམས་ནས་ངལ་བ་ཡིད་ལ་མ་བྱས་སོ། །དེ་ལྷག་པར་དད་པའི་ཕྱིར་རང་སངས་རྒྱས་དེས་ནམ་མཁའི་དཀྱིལ་དུ་འབར་བ་དང་སྣང་བ་ལ་སོགས་པའི་རྫུ་འཕྲུལ་སྣ་ཚོགས་མངོན་དུ་འདུ་བྱས་པ་ལ། དེས་ཐལ་མོ་སྦྱར་ཏེ་ཚིག་གི་བསྟོད་པ་སྣ་ཚོགས་བྱས་ཤིང་བདག་སངས་རྒྱས་སུ་འགྱུར་བར་སྨོན་ལམ་བཏབ་པ་ལ་རང་སངས་རྒྱས་དེ་དགའ་བཞིན་དེ་ཉིད་དུ་མི་སྣང་བར་གྱུར་ཅིང་། བྲམ་ཟེ་བརྩེ་བ་ཅན་གྱིས་ཀྱང་དེ་ལ་གུས་པ་ཆེན་པོ་བཞག་ཅིང་། སྨན་རྣམས་བླངས་པས་ནད་པ་ཐམས་ཅད་གསོ་བར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་གྲོང་ཁྱེར་གསེར་ཅན་ཞེས་པར་རྒྱལ་པོ་གསེར་ཞེས་བྱ་བའི་སྲས་སུ་བཅོམ་ལྡན་འདས་འདི་ཉིད་འཁྲུངས་པའི་ཚེ་གསེར་གྱི་གོ་ཆ་ཞེས་བྱའོ། །དེའི་སྲིང་མོ་གསེར་འོད་ཅེས་བྱ་བ་དེ་བློན་པོའི་བུ་འདོད་པའི་སྙིང་པོ་ཞེས་པ་དང་རྩེ་དགའ་སྤྱོད་པས་བུ་མོ་སྤྱོད་ཚུལ་ཉམས་པར་རིགས་ནས་རྒྱལ་པོས་བུ་མོ་དང་བློན་པོའི་བུ་དེ་གཉིས་གསོད་པར་བཏང་བ་དེ་དག་གིས་གསེར་གྱི་གོ་ཆ་མཐོང་བ་དང་། སྲིང་མོ་ནི་མིག་མཆི་མས་གང་བཞིན་ཅི་ཡང་སྨྲ་མ་ནུས་སོ། །བློན་པོའི་བུས་སྨྲས་པ། ཉེས་པ་བྱས་པ་དག་གིས་ཆད་པ་འབེབས་པས་བདག་ནི་གསོད་ཀྱང་སླའི། བུད་མེད་ནི་ནམ་ཡང་སུས་ཀྱང་གསོད་པར་མི་འདོད་པས་ཁྱེད་ཀྱིས་སྲིང་མོ་འདི་སྐྱོབས་ཤིག་ཅེས་བྱས་པ་ལ། གསེར་གྱི་གོ་ཆས་སྙིང་རྗེ་ནས་དེ་དག་གི་ཤིང་རྟ་བཟུང་སྟེ་མ་བཏང་བ་ལ། དེའི་གྲོགས་དག་གིས་ས་སྐྱོང་རྣམས་ཀྱི་བཀའ་སུས་ཀྱང་འགོམ་མི་རུང་བས་རང་གི་སྲོག་ལ་འོངས་བས་འདི་ཐོངས་ཞེས་བྱས་ཀྱང་། བྱང་ཆུབ་སེམས་དཔས་སྨྲས་པ། རེ་ཞིག་རྒུད་པ་གཞན་དག་རང་གི་ནུས་པ་ཅི་ཡོད་པས་བསྐྱབ་འོས་ན་གཉེན་གྱི་སྐྱེ་བོ་ལྟ་ཅི་སྨོས་ཞེས་སྨྲས་ཏེ། ཤིང་རྟའི་ཁ་ལོ་པ་ལ་མྱུར་དུ་དེངས་ཞེས་རང་ཉིད་ཀྱིས་གཞུ་བརྡུངས་ཤིང་དེད་པ་དང་ལྷན་ཅིག་གྲོང་དེ་ནས་བྲོས་ཏེ་ནགས་སུ་སོང་བའི་རྗེས་སུ་ཡང་རྒྱལ་པོ་དེས་སྲས་ཀྱིས་དེ་གཉིས་ཁྲིད་ནས་བྲོས་པ་ཐོས་ཏེ་ཁྲོས་པས་དམག་གི་དཔུང་དེའི་སྟེང་དུ་བཏང་བ་ལ། གྲོགས་རྣམས་ཀྱིས་མི་རིགས་པ་འདི་གཉིས་སླར་ཐོངས་ཞེས་སྨྲས་ཀྱང་། གསེར་གྱི་གོ་ཆས་ཤིང་རྟ་སླར་བསྒྱུར་ཏེ་མདའ་གཞུ་གཟུང་ནས། དམག་གི་ཚོགས་ལ་ཁྱེད་ཅག་དོན་མེད་པར་མ་བྱེད་ཅིག །བདག་གི་སྲོག་དོར་ཀྱང་སྐྱབས་སུ་འོང་བ་འདི་མི་གཏོང་ངོ་ཞེས་སྨྲས་པ་ལ། དམག་རྣམས་ཀྱིས་དེའི་ཕ་རོལ་གནོན་པའི་སྟོབས་ཤེས་ཤིང་། ཉིས་ན་སྲས་འདི་མེད་པར་བྱས་ན་རྒྱལ་པོས་ཀྱང་འགྱོད་སྲིད་དོ་སྙམ་དུ་སླར་ལོག་པར་གྱུར་ཏོ། །དེ་གྲོང་སྟོང་པ་ཞིག་ཏུ་སླེབས་ནས་དེར་གཞོན་ནུ་མཛེས་མ་མེ་ཏོག་ཐུ་བ་ཞིག་ལ་གཏམ་དྲིས་པ་ན། དེས་བདག་ནི་རྒྱལ་པོའི་བུ་མོ་ཡིན་ཏེ་གྲོང་འདིར་གནོད་སྦྱིན་དྲུག་ཅུ་ཙམ་གྱིས་མི་ཕྱུགས་ཐམས་ཅད་མེད་པར་བྱས་ནས་སྐལ་བ་དམན་པ་བདག་གཅིག་པུ་དེ་རྣམས་ཀྱི་བསྙེན་བཀུར་གྱི་ཕྱིར་བཞག་པ་ཡིན་པས་ཁྱེད་ཅག་གིས་གནོད་སྦྱིན་དེ་འོངས་པ་ལ་བག་དང་ལྡན་པར་དགོས་སོ་ཞེས་སྨྲས་སོ། །རྒྱལ་བུས་ཀྱང་རང་གི་སྤྱོད་ཚུལ་དེ་ལ་སྨྲས་པས། བུ་མོ་དེ་རྒྱལ་བུ་ལ་ཤིན་ཏུ་ཆགས་ནས་བདག་ཆུན་མར་བླངས་བར་འདོད་ཅེས་སྨྲས་པ་བཞིན་དེས་ཀྱང་བླང་བར་བྱས་སོ། །དེ་ནས་གནོད་སྦྱིན་རྣམས་འོངས་པའི་ཚེ། རྒྱལ་བུས་གོ་ཆ་བགོས་ཤིང་མདའ་གཞུ་བླངས་ནས་སྙིང་རྗེའི་སེམས་དང་མ་བྲལ་བར་གནོད་སྦྱིན་རྣམས་དང་འཐབ་མོ་བཀྱེ་བའི་ཚེ། དེའི་བསོད་ནམས་ཀྱི་མཐུས་གནོད་སྦྱིན་རྣམས་ཀྱི་སྟོབས་ཤིན་ཏུ་ཆེན་པོས་འཕངས་པའི་མདའ་རྣམས་ཀྱང་དེ་ལ་གནོད་པར་མ་གྱུར་ལ། དེས་འཕངས་པའི་མདའ་རྣམས་ཀྱིས་གནོད་སྦྱིན་རྣམས་ཀྱི་ལུས་ཕུག་ཅིང་ཁྲག་བྱུང་སྟེ། ཡུན་རིང་པོར་འཐབ་པར་བྱས་ཀྱང་དེའི་མདའ་མ་ཟད་དོ། །དེར་གནོད་སྦྱིན་ཕལ་ཆེར་བསད་པའི་ལྷག་མ་དག་གིས། རྒྱལ་བུ་ལ་གུས་པ་ཕུལ་ཏེ་གཞུ་ཕོབ་དང་བདག་ཅག་གིས་གཏེར་རྣམས་བསྟན་པར་བགྱིའོ་ཞེས་ཞུས་ནས་གཏེར་མང་པོ་ཕུལ་ལོ། །དེར་དེའི་གྲགས་པ་རྒྱས་ཤིང་ཡུལ་དེར་འབྱོར་པ་དང་ལྡན་པར་གྱུར་པ་ན། ཕྱོགས་ཀྱི་སྐྱེ་བོ་གཞན་ཀྱང་ཡུལ་དེར་འོངས་པར་གྱུར་ཏོ། །རྒྱལ་བུའི་གྲགས་པ་རྒྱ་ཆེར་འཕེལ་བ་ཐོས་ནས་རྒྱལ་པོ་གསེར་གྱིས་དེ་ལ་གུས་པའི་ཕྱིར་ཕོ་ཉ་བཏང་སྟེ། དེས་ཀྱང་ཁྱོད་ཀྱིས་སྟོབས་ཆེན་པོས་གནོད་སྦྱིན་ཀྱང་བཏུལ་ཞིང་རྒྱལ་སྲིད་བྱས་པ་ཨེ་མ་ཞེས་བསྔགས་པ་ལ། རྒྱལ་བུས། འཇིག་རྟེན་གྱི་གནོད་སྦྱིན་བཏུལ་བ་ངོ་མཚར་མི་ཆེ་སྟེ། བདག་གིས་ནི་རྒྱལ་དཀའ་བའི་ཉོན་མོངས་པའི་གནོད་སྦྱིན་བཏུལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་རྒྱལ་བ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་འདོད་པའི་ཚུལ་གསུངས་པ་ལ། ཕོ་ཉ་པ་དེ་སོགས་ཀྱིས་ཀྱང་མངོན་པར་བསྔགས་པར་བྱས་སོ། །དེ་ནས་གྲོང་ཁྱེར་དེའི་རྒྱལ་པོར་བློན་པོའི་བུ་བཅུག་ཅིང་། རང་ཉིད་ཡབ་ཀྱིས་སླར་བོས་པ་ལྟར་རྒྱལ་པོ་བྱས་ཤིང་གླིང་བཞི་ལ་དབང་བའི་ཆོས་ཀྱི་རྒྱལ་སྲིད་ལེགས་པར་བྱས་སོ། ༈ །ཡང་སྔོན་བདེ་གཤེགས་དགེ་མཛད་བྱོན་པའི་དུས་སུ་བཅོམ་ལྡན་འདས་ཉིད་དེད་དཔོན་ཆེན་པོ་ཁྱིམ་བདག་ཆོས་ཀྱི་ངང་ཚུལ་ཞེས་བྱ་བར་གྱུར་པས། དེ་བཞིན་གཤེགས་པའི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་བརྩམས་པའི་ཚེ། བསྟན་པ་ལ་སྡང་བའི་བྲམ་ཟེ་རྣམས་ཀྱིས་བཟློག་པ་ལ། སྟོང་ཐུབ་ཅེས་པའི་དཔའ་བོ་རྒྱལ་པོས་མངགས་ཏེ་དེས་བྲམ་ཟེ་རྣམས་ལ་བསྡིགས་ནས་ཁྱིམ་བདག་གི་མཆོད་རྟེན་ལེགས་པར་བསྒྲུབས་ཏེ་སངས་རྒྱས་སུ་སྨོན་ལམ་བཏབ་ཅིང་། སྟོང་ཐུབ་ཀྱིས་དེའི་ཉན་ཐོས་སུ་སྨོན་ལམ་བཏབ་པ་དེ་ནི་དགེ་སློང་ཆོས་སྲིད་ཡིན་ལ། ཡང་བྲམ་ཟེ་བློ་གྲོས་བཟང་པོའི་དུས་སུ་ཆོས་སྲིད་ནི་བྲམ་ཟེ་བློ་གྲོས་སུ་གྱུར་ལ། སངས་རྒྱས་འཁོར་བ་འཇིག་གི་དུས་སུ་འཕགས་རྒྱལ་དུ་ཙན་དན་བྱིན་ཅེས་པའི་ཚོང་པའི་བུ་རྟས་བྱིན་ཞེས་པ་དེའི་ཕ་རྒྱ་མཚོར་སོང་རྗེས་རྟས་བྱིན་དེ་མ་མའི་ངག་གིས་བསླུས་ནས་མ་དང་འཁྲིག་པ་སྤྱད་པའི་ཐབས་བྱས་པས་མ་དང་ཁྱོ་ཤུག་ཏུ་གྱུར་ཏོ། །དེ་ནས་ཕ་འོངས་པ་ཡང་བུ་དེས་བསད་དོ། །སླར་ཡུལ་གཞན་དུ་སོང་སྟེ་ཁྱོ་ཤུག་གི་ཚུལ་དུ་གནས་པ་དེ་ལ། རང་ཡུལ་གྱི་དགེ་སློང་དགྲ་བཅོམ་པ་ཞིག་གིས་ཁྱོད་ཀྱི་མ་དགེའམ་ཞེས་དྲིས་པས། དེས་ཤེས་སུ་དོགས་ནས་དེ་ཡང་བསད་དོ། །ནམ་ཞིག་མ་དེ་ཚོང་པའི་བུ་མཛེས་པ་དང་འདོད་པ་བསྟེན་པར་མཐོང་ནས། རྟས་བྱིན་གྱིས་མ་ཉིད་རལ་གྲིས་བསད་དེ་མཚམས་མེད་གསུམ་བྱས་པས་སྐྱེ་བོ་རྣམས་ལྷས་བསྐུལ་ནས་དེ་གྲོང་ལས་བསྐྲད་དོ། །དེས་འགྱོད་ཅིང་དགེ་སློང་གི་ཚོགས་མང་པོ་ལ་རབ་ཏུ་བྱུང་བར་ཞུས་པ་མ་གནང་བས་ཁྲོས་ཏེ་མཚན་མོ་མེ་བཏང་ནས་དགེ་སློང་རྣམས་བསྲེགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཞིག་གིས་ཁྱོད་བསླབ་པའི་གནས་འཛིན་པར་མི་འོས་ཀྱི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པ་འདི་རྟག་ཏུ་རྗོད་ཅེས་བསླབ་པ་བྱས་ཏེ། སངས་རྒྱས་ཀྱི་མཚན་ཐོས་པས་དུས་ཀྱི་མཐར་ཁྱོད་གྲོལ་བར་འགྱུར་ཞེས་བྱས་སོ། །དེ་ནས་རྟས་བྱིན་ཤི་ནས་དམྱལ་བར་ཡུན་ཆེས་རིང་པོར་བསྲེགས་སོ། །དེ་ནས་མཐར་རིང་པོ་ཞིག་ན་རྒྱ་མཚོའི་ཆུ་སྲིན་ཉ་མིད་ཆེན་པོ་རི་རབ་ལྷུན་པོ་ལྟ་བུའི་ལུས་ཆེ་བར་གྱུར་པ་དེའི་ཁ་ནང་དུ་ཚོང་པ་རྒྱ་མཚོར་སོང་བ་ཐམས་ཅད་ཞུགས་སུ་ཉེ་བའི་ཚེ་ཐབས་དང་བྲལ་བ་ལ། ཚོང་དཔོན་རྣ་བ་འཛིན་གྱིས་སངས་རྒྱས་ལ་ཕྱག་འཚོལ་ཞེས་སྨྲས་པ་བཞིན་བྱས་པས། སྒྲ་དེ་བཅོམ་ལྡན་འདས་རྒྱལ་བྱེད་ཚལ་ན་བཞུགས་པའི་ལྷའི་རྣ་བས་གསན་ནས་དགོངས་པར་མཛད་ཅིང་སངས་རྒྱས་ཀྱི་སྒྲ་ཐོས་པས་ཉ་མིད་ཆེན་པོ་དེ་ཁ་ཟུམ་སྟེ། ཚོང་པ་རྣམས་བདེ་བར་ཐར་ཞིང་སངས་རྒྱས་ལ་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །ཉ་མིད་ཆེན་པོ་དེ་ཚེ་འཕོས་ནས་དེའི་རོ་ཀླུ་རྣམས་ཀྱིས་རྒྱ་མཚོའི་ཕ་རོལ་ཏུ་འཕངས་ལ། དེ་ཉིད་མཉན་ཡོད་དུ་བྲམ་ཟེ་སུ་མན་ཏུ་ཞེས་པའི་བུར་གྱུར་པ་ཟས་ཅི་ཙམ་ཟོས་ཀྱང་འགྲང་དཀའ་བར་གྱུར་པ་ཕྱིས་རབ་ཏུ་བྱུང་བ་དེ་བཅོམ་ལྡན་འདས་ཀྱིས་ཁྲིད་ནས་སྔར་གྱི་ཉ་མིད་ཀྱི་རུས་པ་མཐོང་བས་སྐྱོ་ཞིང་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་ཆོས་སྲིད་ཅེས་བྱ་བའོ། ༈ །ཡང་སྔོན་གྱི་གྲོང་ཁྱེར་གསེར་ཞེས་བྱ་བར་རྒྱལ་པོ་སྤྲིན་གྱི་ཏོག་གི་སྲས་སུ་བཅོམ་ལྡན་འདས་ཉིད་འཁྲུངས་པའི་ཚེ་ན་གཟུགས་བཟང་བ་དང་ཡོན་ཏན་གྱི་ཁྱད་པར་རྨད་དུ་བྱུང་བའི་རིག་པ་འཛིན་པའི་དབང་པོ་སྤྲིན་གྱི་བཞོན་པ་ཞེས་བྱ་བར་མཚན་གྲགས་པར་གྱུར་ཏོ། །ཡབ་རྒྱལ་པོ་དེས་སྲས་ལ་རྒྱལ་སྲིད་གཏད་དེ་རང་ཉིད་བཙུན་མོ་དང་ལྷན་ཅིག་མ་ལ་ཡའི་ནགས་སུ་སོང་ངོ་། །དེའི་ཚེ་སྤྲིན་གྱི་བཞོན་པས་ཡབ་བླ་མ་དང་བྲལ་བས་རྒྱལ་སྲིད་འབྱོར་པ་ཆེན་པོ་འདིས་ཅི་བྱ་སྙམ་དུ། རྒྱལ་སྲིད་བོར་ནས་ཡབ་ཀྱི་བསྟི་གནས་སུ་སོང་ཞིང་དེར་གནས་པར་བྱས་སོ། །ནམ་ཞིག་རྒྱལ་བུ་དེ་རི་བོ་དཔལ་གྱི་དུམ་བུས་བརྒྱན་པར་དཔྱིད་ཀྱི་དུས་ཉམས་དགའ་བ་དང་ལྡན་པའི་ཚེ་ལྟད་མོར་སོང་བ་ན། དེར་གསེར་གྱི་ཁང་བཟང་གི་ནང་དུ་ལྷ་མོ་ག་རི་མའི་གཟུགས་རིན་པོ་ཆེ་ལས་གྲུབ་པ་ལ་མཆོད་པ་བྱེད་ཅིང་རྒྱུད་མོངས་དང་བཅས་ཏེ་གླུ་ལེན་པའི་བུ་མོ་ཤིན་ཏུ་ཡིད་འོང་བ་ཞིག་མཐོང་ནས། ཡུད་ཙན་སྤྲིན་གྱི་བཞོན་པའང་དེ་ལ་ངོ་མཚར་དུ་གྱུར་ཅིང་། བུ་མོ་དེས་ཀྱང་སྤྲིན་གྱི་བཞོན་པ་མཐོང་ནས་སྐྱེ་བ་ལྔ་མར་གོམས་པའི་ལས་དང་རྒྱལ་བུའི་གཟུགས་ཀྱི་ཡ་མཚན་ལ་དགའ་བས་ཡང་ཡང་ཕན་ཚུན་ལྟ་ཞིང་འཁོད་པར་གྱུར་ཏོ། །དེར་སྤྲིན་བཞོན་གྱིས་དེ་ལ་དགའ་བའི་སྙིང་པོ་ཅན་གྱི་ཚིག་ཕེབས་པར་སྨྲ་བས་རིགས་དང་ཡུལ་གང་ཡིན་སོགས་དྲིས་པ་ལ། བུ་མོ་དེ་ངོ་ཚས་ཅང་མི་སྨྲ་བ་ལ་དེའི་གྲོགས་མོ་མ་ཏ་ལི་ཀ་ཞེས་པས། རིག་འཛིན་རྒྱལ་པོའི་སྲས་ཁྱོད་ཀྱི་གྲགས་པ་འདིའི་མིང་པོ་ནོར་གྱི་བཤེས་གཉེན་ཞེས་བྱ་བས་ཐོས་པས་བུ་མོ་འདིས་རྣ་བའི་རྒྱན་དུ་བྱས་ཏེ་ཁྱོད་ཐོབ་པར་རེ་ཡང་ད་ལྟ་དུལ་བའི་ཚུལ་གྱིས་མི་སྨྲའོ། །འདི་ནི་གྲུབ་པའི་རིགས་ཅན་སྣ་ཚོགས་ནོར་གྱི་སྡེ་ཞེས་པའི་བུ་མོ་མ་ལ་ཡ་ཅན་ཞེས་བྱ་སྟེ། ལྷ་དང་ལྷ་མིན་སོགས་ཀྱིས་མངོན་པར་འདོད་པའོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་པོས་ཉུག་རུམ་རྒན་པོ་མངགས་ཏེ་བུ་མོ་དེ་ལ་རྒྱལ་པོ་སྤྲིན་གྱི་ཏོག་དང་བགྲོས་ནས་ཁྱོད་ཀྱི་ཡབ་རྒྱལ་པོ་མིང་པོ་དང་བཅས་པས་ཁྱོད་བག་མ་ལ་གཏོང་བའི་གྲབ་བྱེད་པས་མྱུར་དུ་ཤོག་ཅེས་འབོད་དུ་འོང་བས་དེའི་སེམས་སྤྲིན་གྱི་བཞོན་པ་ལ་ཆགས་བཞིན་དུ་སོང་ངོ་། །དེར་སྤྲིན་གྱི་བཞོན་པས་ཀྱང་མཛེས་མ་དེ་བདག་ལ་ཆགས་བཞིན་དུ་སོང་ཞེས་དེའི་གཟུགས་ཀྱི་རྣམ་འགྱུར་ཡང་ཡང་ཡིད་ལ་བཀོད་བཞིན་དུ་གདུང་བ་ལ། གྲོགས་པོ་དག་གིས་དེའི་ཚུལ་དྲིས་པ་དང་། དེས་བུ་མོ་མ་ལ་ཡ་ཅན་གསར་དུ་མཐོང་བ་ལས་སྐྱེས་པའི་ཆགས་པས་བརྟན་པ་ཕྲོག་པའི་ཚུལ་སྨྲས་པ་ལ། དྲི་ཟའི་གཞོན་ནུ་ཡིད་བཅུགས་དག་གིས་བུ་མོ་དེ་ནི་ཁྱོད་ཀྱི་ལག་པའི་ནང་དུ་མཆིས་ཏེ། ཁྱེད་ཀྱི་ཡབ་ཀྱིས་དེ་བསླངས་ནས་ཁྱོད་ལ་བག་མར་གཏོང་བའི་གྲབ་བྱེད་པ་དེས་ན་སང་ཉིད་ཁྱོད་ཀྱི་འདོད་པ་དེ་ཐོབ་བོ་ཞེས་དབུགས་ཕྱུང་བས་དགའ་བཞིན་མཚན་མོ་འཆར་དུ་ཉེ་བར་རང་གི་གནས་སུ་སོང་ངོ་། །དེར་བུ་མོ་མ་ལ་ཡ་ཅན་ནི་མཚན་མོ་ཟླ་བའི་འོད་དང་བཅས་པའི་ཀུ་མུད་རྒྱས་ཤིང་བསིལ་བས་རེག་པའི་ཁང་བཟང་དུ་གནས་ཀྱང་ཡིད་ལ་སྤྲིན་གྱི་བཞོན་པ་དྲན་པས་གཉིད་ཡལ་ཏེ། མཚན་མོ་དེ་ཡང་ལོ་བརྒྱ་ལྟར་རིང་པོར་སྣང་བར་གྱུར་ཏོ། །མཚན་དེ་འདས་ནས་ཉི་མའི་འོད་སྣང་བའི་ཚེ་ན་བུ་མོ་དེ་ཡང་བག་མར་དགའ་སྟོན་བྱེད་པར་ཆས་ཏེ་རྒྱན་གྱིས་བརྒྱན་ཅིང་། དེར་འཇིག་རྟེན་ཀུན་གྱིས་མཆོད་པ་ཐོབ་པའི་སྤྲིན་ལ་བཞོན་པ་རིག་འཛིན་བརྒྱ་ཕྲག་དུ་མའི་འཁོར་དང་བཅས་ཏེ་བཀྲ་ཤིས་པའི་ས་གཞི་དེར་ཕྱིན་པ་ལ། བུ་མོ་དེ་རྔ་ཡབ་དང་ལྡན་པའི་འཁོར་གྱི་ཚོགས་དང་བཅས་ཏེ། ཆོ་ག་བཞིན་དུ་བག་མའི་དགའ་སྟོན་བྱས་ནས་ཕན་ཚུན་ལག་བཟུང་གི་དགའ་བ་མྱོང་བར་བྱས་སོ། །དེར་གླུ་གར་དང་མཆོད་སྦྱིན་སོགས་དགའ་སྟོན་ཆེན་པོའི་རྣམ་པ་བྱས་ཤིང་། དེ་ལྟར་ཉི་མ་དྲུག་ཏུ་དགའ་སྟོན་བྱས་ནས། བདུན་པའི་ཚེ་རིག་འཛིན་སྤྲིན་གྱིས་བཞོན་པ་ཉིད་རི་ངོགས་སུ་རྒྱུ་བ་ལ། བུ་དང་བཅས་པའི་ཀླུ་མོ་ཞིག་གིས་སྨྲེ་སྔགས་འདོན་པ་མཐོང་ནས། དེའི་རྒྱུ་མཚན་དྲིས་པས། ཀླུ་མོ་དེ་ན་རེ། ཀླུ་དུང་སྐྱོང་གི་རིགས་བདག་གི་བུ་གཞོན་ནུ་དུང་གི་གཙུག་ཕུད་ཅེས་པ་འདི། ཀླུ་རྣམས་ཀྱིས་ནམ་མཁའ་ལྡིང་ལ་ཀླུ་ཐམས་ཅད་མི་ཟ་བའི་སླད་དུ་རེ་རེ་བཞིན་རེས་ཀྱིས་གཏོང་བར་ཆད་བྱས་པའི་རེས་འདི་ལ་བབ་བོ། །འདིར་མཁའ་ལྡིང་གི་ཀླུ་ཟོས་པའི་རུས་པ་རི་བོ་ལྟར་སྤུངས་པ་སྟེ། ཀླུ་གང་དག་ཟ་རེས་ལ་བབ་པ་དེས་གོས་དམར་པོ་གྱོན་ནས་གཏོང་བས། ད་བདག་གི་བུ་འདི་ཟོས་ནས་རིགས་རྒྱུད་འཆད་ཅེས་བུ་ལ་འཁྱུད་དེ་ངུའོ། །དེ་ལ་སྤྲིན་གྱི་བཞོན་པས་སྙིང་རྗེ་མི་བཟོད་པ་སྐྱེས་ཏེ། ཀྱེ་མ་བུ་འདི་མཁའ་ལྡིང་གིས་ཟོས་ན་འདིའི་མ་ཡང་ཅི་ལྟར་འཚོ། བུ་གཞོན་ནུ་འདི་རང་གི་སྲོག་གིས་བསྲུང་བར་བྱའོ་སྙམ་དུ་དེ་ལ་སྨྲས་པ། མ་ཁྱོད་བུ་དང་བཅས་པ་རང་གནས་སུ་སོངས་ཤིག །འདིའི་ཚབ་ཏུ་བདག་མཆི་བས་གོས་དམར་པོའི་མཚན་མ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་པ་ལ། ཀླུ་མོ་དེ་ན་རེ། འདི་ནི་མི་འོས་ཏེ། ཁྱོད་ནི་བདག་གི་བུ་བས་ཀྱང་ལྷག་པའི་བརྩེ་ལྡན་ཡོན་ཏན་ཆེན་པོའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ལགས་ཏེ། བདག་གི་བུ་ཁྱོད་དགེ་ལེགས་སུ་གྱུར་ཅིག །བདག་ཅག་ལ་སྔོན་ལས་ཀྱིས་བྱུང་བའི་སྡུག་བསྔལ་ཁྱོད་ལ་འབབ་པར་བྱེད་མི་རིགས་སོ་ཞེས་སྨྲས་ཀྱང་དེ་སྙིང་སྟོབས་བརྟན་པས་བཟློག་མ་ནུས་སོ། །དེར་བུ་དུང་གཙུག་གིས་ཀྱང་སྨྲས་པ་མཁའ་ལྡིང་གི་ཟས་སུ་བདག་བབ་ཀྱི། རྒྱུ་མེད་པའི་མཉེས་གཤིན་ཁྱོད་གནས་མིན་དུ་ཅི་སྟེ་སྦྱར་འོས། ཁྱོད་ཀྱི་ལུས་ཡོན་ཏན་གྱི་རྒྱན་དང་ལྡན་པ་སྲིད་པ་གསུམ་གྱི་འཚོ་བ་ལས་ཀྱང་བ སྲུང་བར་འོས་པ་དེ། རྩྭ་དང་མཚུངས་པ་བདག་གི་དོན་དུ་ཇི་ལྟར་གཏོང་། བདག་ལུས་རྩྭ་དང་འདྲ་བ་འདིའི་ཆེད་དུ་ཁྱོད་གཏོང་བའི་དཀའ་བ་འདིས་བདག་གི་ཡིད་དང་འགལ་བར་མ་བྱེད་ཅིག །མ་ཁྱོད་མྱུར་དུ་ཕྱིར་ལོག་ཅིག །བདག་ནི་ཆུ་གཏེར་གྱི་ངོས་སུ་ག་ཀརྞར་ཕྱག་འཚལ་ནས་མྱུར་དུ་མཁའ་ལྡིང་གི་དྲུང་དུ་འགྲོའོ་ཞེས་བྱས་ཏེ། མཁའ་ལྡིང་གནས་པའི་རིའི་ཕྱོགས་སུ་སྐྱོ་བ་མེད་པར་སོང་ངོ་། །དེར་སྤྲིན་བཞོན་ཀྱང་དེའི་སྲོག་བསྲུང་བའི་སླད་དུ་སོང་ནས་གོས་དམར་བསླངས་ཀྱང་ཀླུའི་བུས་མ་བྱིན་ནོ། །དེར་ཐབས་ཅི་བྱ་སྙམ་པ་དང་། ཉུག་རུམ་པ་དག་གི་ལག་ན་གོས་ཟུང་དམར་པོ་ཐོགས་པ་འོངས་པས་ཕྱག་འཚལ་ཏེ་གོས་སོ་དེ་ཕུལ་ནས། དགའ་སྟོན་ཞག་བདུན་པའི་ཁྲས་ཀྱིས་སླད་དུ་ཆོ་ག་བསྟར་བས་རྒྱལ་བུ་བྱོན་ཅེས་སྨྲས་པ་ལ། དེས་ཁྱོད་སྔོན་ལ་སོང་དང་ང་མྱུར་དུ་ཕྱི་ནས་འོང་ཞེས་སྨྲས་ཏེ། བདག་གིས་ཐབས་འབད་མེད་དུ་རྙེད་དོ་སྙམ་དུ་དགའ་བཞིན་ལག་འགྲོའི་ཁྲག་གིས་དམར་བའི་རྡོའི་སྟེང་དུ་བསྡད་དེ་གོས་དམར་པོ་བགོས་ཤིང་མཁའ་ལྡིང་འོང་བར་འདོད་པས་བལྟས་པ་ན། ནམ་མཁའ་ལས་ཤིན་ཏུ་འཇིགས་པའི་ཁྱུང་ཆེན་པོ་རིང་ནས་འོངས་པ་མཐོང་ངོ་། །དེར་དེས་སྡེར་མོ་རྡོ་རྗེའི་ལྕགས་ཀྱུ་ལྟ་བུ་དྲག་པོས་བཏབ་སྟེ་རྨས་ཀྱང་སྙིང་རྗེའི་བསམ་པས་སྙིང་སྟོབས་གཡོ་བ་མེད་པར་གནས་སོ། །དེ་ལ་མཁའ་ལྡིང་ཡ་མཚན་པས་འདི་འདྲའི་ལག་འགྲོ་འདི་སུ་ཞེས་བསམ་བཞིན་མཆུ་ཡིས་དེའི་སྤྱི་བོའི་ནོར་བུ་བཀོག་སྟེ། ཁྲག་གི་རྒྱན་གྱིས་ལུས་གོས་པར་བྱས་སོ། །སྐབས་དེར་རྒྱལ་པོ་སྤྲིན་གྱི་ཏོག་ཆུང་མ་དང་བཅས་པ་ཙན་དན་གྱི་ཚལ་དུ་གནས་པ་དག་གིས་སྙིང་ལ་དོགས་པ་དང་བཅས་ཏེ་བུ་དྲན་ཅིང་། དེ་ནི་རི་ལ་ལྟར་སོང་བ་ད་དུང་ཚུར་མ་འོངས་ཞེས་དང་། ནམ་མཁའ་ལྡིང་འཇིགས་སུ་རུང་བས་ལག་འགྲོ་ཟ་བའི་སྒྲ་འཇིགས་སུ་རུང་བའང་མཐོང་ངོ་ཞེས་གླེང་པའི་ཚེ། གཙུག་གི་ནོར་བུ་ཁྲག་གིས་གོས་པ་ནམ་མཁའ་ལས་དེའི་མདུན་དུ་ལྷུང་བར་གྱུར་ཅིང་ཤ་དང་སྐྲ་སོགས་ཀྱིས་གོས་པ་དེ་མཐོང་ནས་འདི་ནི་སྙིང་རྗེ་ཅན་སྤྲིན་གྱི་བཞོན་པའི་ནོར་བུ་ཡིན་པ་ལྟ་སྙམ་ནས་བརྒྱལ་བར་གྱུར་ཏོ། །དེར་མལ་ཡ་ཅན་ཡང་དེ་མཐོང་བས་ལྷན་ཅིག་ས་ལ་འགྱེལ་ཏོ། །རིག་འཛིན་གྱི་བདག་པོ་ཡབ་རྒྱལ་པོ་དེ་བཙུན་མོ་དང་མནའ་མ་དབུགས་དབྱུང་ཞིང་ཀླུ་རྣམས་ཟོས་པའི་གཅུག་གི་ནོར་བུ་འདི་ལྟར་ལྷུང་བས་སྤྲིན་གྱི་བཞོན་པ་དེ་མཁའ་ལྡིང་གིས་ཟོས་པའི་གཙུག་གི་ནོར་བུ་འདི་ལྟར་ལྷུང་བ་ཡིན་མིན་ད་དུང་མ་འཚལ་ཞེས་སྨྲས་ནས། རྒྱལ་པོ་དེ་དང་ཆུང་མ་དང་མནའ་མ་རྗེས་སུ་འབྲང་བ་དང་བཅས་པ་ཀླུ་མཁའ་ལྡིང་གིས་ཟ་བའི་རྡོ་བ་ཡོད་པའི་གནས་སུ་སོང་ངོ་། །དེར་ཀླུ་དུང་གཙུག་གོས་དམར་ཅན་རྒྱ་མཚོའི་ངོགས་སུ་ག་ཀརྞར་ཕྱག་འཚལ་ནས་མྱུར་དུ་འོངས་པ་དང་། དེས་སྤྲིན་གྱི་བཞོན་པ་མཁའ་ལྡིང་གིས་རྨས་པ་མཐོང་བས་སྨྲེ་སྔགས་འདོན་ཅིང་ས་ལ་འགྱེལ་ནས་ཡང་འདི་ཅི་ཞིག་བདག་སྡིག་པ་ཅན་ངན་པའི་ཆེད་དུ་འགྲོ་བའི་མཆོད་སྡོང་ཁྱོད་བརླག་ཅེས་གདུང་བ་ཆེན་པོས་སྨྲེ་སྔགས་བྱེད་དོ། །དུང་གཙུག་དེས་སྤྲིན་གྱི་ཏོག་ལ་སོགས་པ་ལའང་དེ་ལྟར་བཤད་ནས་མཁའ་ལྡིང་ལ་སྨྲས་པ། མཁའ་ལྡིང་མ་བརྟགས་པའི་བབ་ཅོལ་ཅན་ཁྱོད་ཟ་བར་འོས་པའི་ཀླུའི་རྟགས་ལ་ཅུང་ཟད་ཀྱང་མི་རྟོག་པར་རིག་འཛིན་འདི་ཅི་སྡེ་བཅོམ། མ་བརྟགས་པར་སྡིག་པ་འདི་ལྟ་བུ་སྤྱོད་པ་མཚར་བྱས་ཞེས་སྨྲས་སོ། །དེ་སྐད་ཐོས་ཤིང་སྤྲིན་གྱི་བཞོན་པ་ཉམས་པ་དེ་མཐོང་ནས་རྒྱལ་པོ་ཆུང་མ་དང་བཅས་པ་བརྒྱལ་བར་གྱུར་ཏོ། །དེ་ནས་མ་ལ་ཡ་ཅན་གྱིས་རང་གི་བདག་པོ་དེ་ལྟར་གྱུར་པ་ལ་འཁྱུད་ཅིང་ཡུད་ཙམ་དྲན་མེད་དུ་སོང་ངོ་། །སླར་གདུང་བའི་ཚིག་སྨྲ་བ་ཐམས་ཅད་ཐོས་ནས་མཁའ་ལྡིང་དེ་ཆགས་པ་དང་བྲལ་ཞིང་སྐྱེངས་པ་དང་བཅས་ཏེ་མྱ་ངན་བྱེད་པར་གྱུར་ཏོ། །དེར་བུ་མི་འཚོ་བར་བསམས་ནས་ཕ་མ་དག་གིས་སྤྲིན་བཞོན་ལ་སྨྲས་པ། ངེད་ཅག་གི་སྲོག་འཕྲོག་པར་བྱེད་པའི་ངང་ཚུལ་ཅན་གཞན་ལ་སྙིང་རྗེའི་སེམས་ཀྱིས་ལས་རྩུབ་པོ་དག་གིས་འགྲོ་བའི་རྒུད་པ་སེལ་བའི་རང་ལུས་རིན་པོ་ཆེ་མ་བསྲུངས་པ་ཁྱོད་ཀྱིས་ལེགས་བྱས་ཅི་ཞིག་བྱས་ཞེས་དྲིས་སོ། །དེས་ཕ་མ་ལ་བཏུད་དེ་སྨྲས་པ། ཡབ་གཅིག་ཁྱོད་ཀྱི་བཀའ་མེད་མོད་མི་བརྟན་པའི་ལུས་འདི་གཞན་དོན་དུ་བཏང་བས་བརྟན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། ཁྱོད་ལ་སེམས་དད་པས་ཕྱག་བགྱིའོ་ཞེས་སྨྲས་པའི་ཚེ་མཁའ་ལྡིང་དེས་འགྱོད་པ་ཆེན་པོས་རང་གི་ཉེས་པར་སྨོད་པ་ལ། སྤྲིན་བཞོན་གྱིས་ཕྱིན་ཆད་ཀླུ་མི་ཟ་བའི་དམ་བཅའ་བྱེད་དུ་བཅུག་གོ། །དེར་རྒྱལ་བུ་དེ་རྨས་པ་ཚབས་ཆེན་པོས་དབུགས་བརྩེགས་ཤིང་ཡུད་ཙམ་མི་སྨྲ་བར་གྱུར་ཏོ། །དེ་ཚེ་འཕོས་པར་ངེས་ནས་རྒྱལ་པོ་དང་དུང་གཙུག་ལ་སོགས་པས་བསྲེག་ཁང་དག་བསྒྲུབ་པར་བྱས་པ་དེའི་མེ་ལ་མངོན་དུ་ཕྱོགས་ཏེ། དེར་སྲེག་ཁང་དུ་འཇུག་པར་འདོད་པ་མ་ལ་ཡ་ཅན་དེས་སྨྲས་པ། ལྷ་མོ་གོ་རཱི་ཁྱོད་ཀྱིས་བདག་ལ་རིག་འཛིན་ཀུན་གྱི་ཁ་ལོ་བསྒྱུར་བ་སྤྲིན་གྱི་བཞོན་པ་བདག་པོར་ཐོབ་བའི་མཆོག་བྱིན་ན། ད་བདག་ཞག་བདུན་གྱིས་ཡུག་ས་མོར་གྱུར་པས། ཅི་སླད་ཁྱོད་ཀྱི་ཚིག་དག་པ་བདེན་པ་ཡིན་པར་གྱུར། བདག་ནི་སྐྱེ་བ་གཞན་དུ་ཡང་འདི་ཉིད་བདག་པོར་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་མནྡཱ་ར་བའི་མེ་ཏོག་སྙིམ་པ་གང་མེ་དེ་ལ་གཏོར་རོ། །དེ་ནས་དེར་ལྷ་མོ་རི་སྐྱེས་མ་བདུད་རྩིའི་བུམ་པ་བསྣམས་པ་རང་ཉིད་མངོན་དུ་བྱོན་ནས་བུ་མོ་ཁྱོད་ཀྱི་བདག་པོ་འཚོ་བར་འགྱུར་ཏེ་བདག་བདེན་ནམ་མི་བདེན་ལྟོས་ཞེས་གསུངས་ཏེ། ཞལ་གྱི་འོད་ཀྱིས་ཕྱོགས་རྣམས་གསལ་བར་བྱས་ཤིང་བདུད་རྩིའི་ཆར་རྒྱུན་སྤྲོས་པས་སྤྲིན་གྱི་བཞོན་པ་སྔ་མ་ལྟར་ལུས་རྣལ་དུ་སོས་པར་གྱུར་ནས་རི་སྲས་མི་སྣང་བར་གྱུར་ཏོ། །དེ་སོས་ནས་སྔར་བསད་པའི་ཀླུ་རྣམས་གསོ་བར་ནམ་མཁའ་ལྡིང་ལ་ཞུས་པས། དེས་བདུད་རྩིའི་ཆད་ཕབ་པ་སྔར་བསད་པའི་ཀླུ་རྣམས་ཀྱི་རུས་པ་ལ་བྲན་པར་ཐམས་ཅད་སྔར་གྱི་ལུས་ཇི་ལྟ་བ་བཞིན་ཏུ་སོས་ཏེ་གདེངས་ཀ་ནོར་བུའི་འོད་དང་ལྡན་པས་རང་གནས་སུ་སོང་བར་གྱུར་ཏོ། །མཁའ་ལྡིང་དེས་ཀྱང་སྤྲིན་གྱི་བཞོན་པ་མཆོད་དེ་རང་གནས་སུ་སོང་ངོ་། །ཀླུའི་བུ་དུང་གི་གཙུག་ཕུད་ནི་སྤྲིན་གྱི་བཞོན་པ་ལ་ལྟ་བས་ངོམས་པ་མེད་བཞིན་དུ་འདུག་གོ། །དེ་ནས་ལྷའི་དབང་པོས་བྱང་ཆུབ་སེམས་དཔའི་སྤྱི་བོར་མེ་ཏོག་གི་ཆར་འབེབ་ཅིང་། སྤྲིན་གྱི་བཞོན་པ་ཕ་མ་དང་བཅས་པའི་ཞབས་ལ་ཕྱག་འཚལ་ཏེ་ཕ་མ་དེ་དག་གིས་ཀྱང་དགའ་བའི་དགའ་སྟོན་ཆེན་པོ་བསྒྲུབས་ཤིང་། སྐད་ཅིག་དེ་ཉིད་བསོད་ནམས་ཀྱི་མཐུ་ཆེན་པོས་སྤྲིན་གྱི་བཞོན་པ་འཁོར་ལོས་སྒྱུར་བ་ཆེན་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏོ། །ལྷ་དང་རིག་པ་འཛིན་པའི་ཚོགས་ཀྱིས་རྒྱལ་པོར་དབང་བསྐུར་ནས་ཤིན་ཏུ་ཡུན་རིང་པོར་ཆོས་ཀྱི་རྒྱལ་སྲིད་བསྐྱངས་ཏེ་བདེ་བའི་དཔལ་རྗེས་སུ་མྱོང་བར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་དུ་སྙིང་སྟོབས་ཆེན་པོས་གཞན་གྱི་སྡུག་བསྔལ་ཁུང་དུ་འཁྱེར་བར་བཟོད་པའི་བརྩོན་འགྲུས་རླབས་པོ་ཆེས་གཞན་ལ་ཕན་པ་རྨད་དུ་བྱུང་བ་མཛད་པའི་རྣམ་ཐར་ལ་གུས་པ་བསྐྱེད་པར་བྱའོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ་དེའི་ཞིང་དེར་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་པ་ཚོགས་ཀྱི་གཙོ་བོར་བྱེད་པར་གྱུར་པ་ན། བདུད་ཤུགས་འཆང་ཞེས་བྱ་བས་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བརྗོད་པ་ལ་བརྫུས་ཏེ། འདོད་པའི་ཡོན་ཏན་ལྔའི་བསྔགས་པ་བརྗོད་ཅིང་བྱང་ཆུབ་སེམས་དཔའ་དེ་དག་ལ་གཟུགས་མང་པོ་དང་། བཟའ་བཅའ་དང་། ཡོ་བྱད་དང་། མེ་ཏོག་དང་རོལ་མོ་དང་། གར་དང་གླུ་དབྱངས་ཀྱི་ཡོ་བྱད་འབུལ་བར་བྱེད་པ་ལ། བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་དེས་རྫུ་འཕྲུལ་གྱིས་བདུད་དེའི་མགུལ་དུ་ཁྱི་རོ་ཞིག་བཏགས་ནས། བདུད་དེའི་གཟུགས་ཀྱིས་བདུད་ཀྱི་གནས་སུ་སོང་སྟེ་ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་རྩ་དགུ་ལ་བྱང་ཆུབ་ཆེན་པོ་འཛིན་དུ་བཅུག་ཅིང་ཡང་དག་པའི་གཏམ་བྱས་པས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཀོད་ནས་བདུན་ཀྱི་གནས་དེ་ཉིད་དུ་འདོད་པའི་ཡོན་ཏན་ལྔས་རྩེ་བར་སྤྲུལ་ཏོ། །བདུད་ཤུགས་འཆང་ཁྱི་རོ་བཏགས་པ་དེ་རང་གནས་སུ་འོངས་པ་དང་། ལྷའི་བུ་མོ་དེ་དག་ལྷའི་བུ་དང་རྩེ་བར་མཐོང་ནས་མི་དགའོ། །ལྷའི་བུ་མོ་ཁྲི་ཕྲག་དགུ་བཅུ་རྩ་དགུ་པོས་འདུད་ཤུགས་འཆང་མི་དགའ་བར་རིགས་ནས་སྙིང་རྗེ་བསྐྱེད་དེ། འདི་ནི་སྲོག་ཆགས་རྣམས་ཀྱི་ཕྱིར་སྡིག་པའི་རོས་བློང་བློང་པོར་གྱུར་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་ལ་ལྟོས། ཨེ་མ་སློབ་དཔོན་དཔའ་བའི་སྟོབས་བདུད་ཤུགས་འཆང་འདི་བདག་ཅག་གི་གནས་ལ་དབང་ཕྱུག་གི་དབང་གིས་བགེགས་བགྱིད་པར་འགྱུར་ན། བདག་ཅག་ལ་འཚེ་བར་མི་འགྱུར་བར་མཛད་དུ་གསོལ། དེ་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་རྫུ་འཕྲུལ་གྱིས་བདུད་ཀྱི་གནས་དེའི་གོང་དུ་དེ་བས་རྫུ་འཕྲུལ་དང་གཟི་བརྗིད་ཆེས་ཆེ་བའི་བདུད་ཀྱི་གནས་ཤིག་སྤྲུལ་ཏོ། །འཇིག་རྟེན་གྱི་ཁམས་གཞན་ཞིག་ཀྱང་སྤྲུལ་ཏེ། དེར་བདུད་དེ་དབང་ཕྱུག་ལ་དབང་བྱེད་དེ། དེས་གནས་དེ་དང་བདུད་དེ་ཐལ་བར་བརླག་པར་བྱས་སོ། །དེ་མཐོང་བས་བདུད་ཤུགས་འཆང་གིས་བདག་ཀྱང་ཡུན་མི་རིང་པར་འཆི་བར་འགྱུར་ལ་བདུད་ཀྱི་གནས་འདིའི་ཡོངས་སུ་འཛིན་པ་ཐམས་ཅད་དང་བདག་ཐ་དད་པར་འགྱུར་རོ་སྙམ་དུ་གནས་དེ་དག་གིས་སྐྱོ་ཞིང་མི་དགའ་ལ་འཇིགས་སྐྲག་སྟེ་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ལ་སྨྲས་པ། སྐྱབས་མཛོད་ཅིག་བདག་གིས་ནོངས་པ་བཤགས་སོ་ཞེས་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་གྲོགས་པོ་རྒྱལ་བའི་སྲས་ལ་བགེགས་མ་བྱེད་པར་ང་རྒྱལ་སྤོངས་ཤིག་ཅེས་སོགས་ཚིགས་སུ་བཅད་པ་དག་གིས་ཆོས་བསྟན་པས་བདུད་དེ་དགའ་ཞིང་སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྤྱོད་པའང་སྒྲུབ་པར་གྱུར་ཏོ། ༈ །ཡང་སྔོན་བསྐལ་པ་ཆེན་པོ་དཔག་མེད་འདས་པའི་སྔ་རོལ་ན། སྣང་བ་འཆང་བ་ཞེས་བྱ་བའི་བསྐལ་པ་ལ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཚེ་ལོ་དྲུག་ཁྲི་བརྒྱད་སྟོང་ཐུབ་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ཞེས་བྱ་བ་བྱོན་ཏེ། སྙིགས་མ་ལྔར་གྱུར་པ་ན་འཁོར་བཞི་ལ་ཐེག་པ་གསུམ་གྱི་ཆོས་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་འདི་ཉིད་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཨུད་པ་ལའི་གདོང་ཞེས་བྱ་བར་གྱུར་པ་དེ་བཙུན་མོའི་ཚོགས་དང་གཡོག་དང་དཔུང་གི་ཚོགས་སུ་བཅས་པ་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་གྱི་དྲུང་དུ་སོང་སྟེ་མཆོད་ཅིང་བསྟོད་ནས་ཆོས་ཉན་ནོ། །རྒྱལ་པོ་དེའི་བཙུན་མོ་དམ་པ་ལྷ་མཛེས་ཞེས་བྱ་བས་དེ་བཞིན་གཤེགས་པ་དེ་ལ་བུད་མེད་རྣམས་སྐྱེས་པར་འགྱུར་བའི་ཚུལ་ཅི་ཞེས་ཞུས་པ་ལ། རིན་པོ་ཆེའི་ཏོག་ཅེས་བྱ་བའི་གཟུངས་ཕན་ཡོན་ཆེན་པོ་དང་ལྡན་པ་བཀའ་སྩལ་པས། དེ་ཐོས་པའི་བུད་མེད་ཐམས་ཅད་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཨུད་པ་ལའི་གདོང་གིས་བུ་ཐུ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་བསྐུར་ཏེ། བདག་ཉིད་དང་བུ་སྟོང་དུ་གཅིག་གིས་མ་ཚང་བ་དང་། བཙུན་མོ་ལྷ་མཛེས་སོགས་སྐྱེས་བུར་གྱུར་པ་བརྒྱད་ཁྲི་བཞི་སྟོང་དང་། གཞན་ཡང་སྲོག་ཆགས་དགུ་ཁྲི་ཉིས་སྟོང་དང་བཅས་པ་ཁྱིམ་ནས་བྱུང་སྟེ་དེ་བཞིན་གཤེགས་པ་དེའི་ཐད་དུ་རབ་ཏུ་བྱུང་ནས་ཚུལ་བཞིན་ཡིད་ལ་བྱེད་པར་གྱུར་ཏོ། །དེར་སྲོག་ཆགས་བྱེ་བ་མང་པོས་ཅི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རབ་ཏུ་བྱུང་སྙམ་ནས་ཕན་ཚུན་དུ་སྨྲས་པ། དགེ་སྦྱོང་འདི་ནི་བདུད་ཀྱི་ལས་ལ་བརྩོན་པ་སྟེ། གཡོ་ཅན་སྒྱུ་མ་བདུད་ཀྱི་ལས་དང་ལྡན་པའི་ཆོས་བསྟན་ནས་ལ་ལ་ཕོ་མཚན་མེད་པར་བྱས། ལ་ལ་མོ་མཚན་མེད་པར་བྱས། ལ་ལ་སྐྲ་དང་ཁ་སྤུ་བྲེགས། ལ་ལ་ནི་གོས་ཚོན་ཅན་བསྐོན་པ་སོགས་དང་། དེ་བཞིན་དུ་ལྷ་དང་མི་དང་ངན་སོང་གསུམ་དུ་སྐྱེ་བ་དང་། ལ་ལར་འཆི་འཕོ་བ་དང་སྐྱེ་བ་མེད་པར་ཡང་ཆོས་སྟོན་ཏེ། བུད་མེད་སྒྱུར་བའི་སྒྱུ་དང་ལྡན་པའི་དགེ་སྦྱོང་གི་གཟུགས་ཀྱིས་བསླུ་བའི་འདིའི་རྟགས་ཙམ་ཡང་མི་མཐོང་ལ། དེའི་ཚིགས་ཀྱང་མི་ཐོས་པར་འདེང་པར་བྱའོ་ཞེས་སྨྲས་ཤིང་། དེ་ན་ཤོར་བ་གཞོན་ནུའི་ཚུལ་ཞེས་བྱ་བ་ཞིག་ཡོད་པས་དེས་ཀྱང་ཁོ་བོའི་ཆུང་མ་དང་གཡོག་མོ་དང་བུ་མོ་རྣམས་ཀྱང་དགེ་སྦྱོང་མ་རུངས་པ་འདིས་སྐྱེས་པའི་དབང་པོར་བསྒྱུར་ཞིང་སྐྲ་བྲེགས་ཏེ་གོས་ཚོན་ཅན་བསྐོན་ནས་བདག་གཅིག་པུར་མྱ་ངན་གྱིས་ནོན་པས་བདག་ཅག་འདེང་ལ་དགེ་སྦྱོང་དེའི་སྒྲ་ཙམ་ཡང་མི་ཐོས་པའི་རི་བྲག་ཉམས་དགའ་བར་འདོང་ངོ་ཞེས་སྨྲས་པ་ལྟར། སྲོག་ཆགས་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་ལྷན་ཅིག་དོང་ནས་མཐའ་འཁོབ་ཀྱི་རི་ཁྲོད་ཉམས་དགའ་བར་དྲང་སྲོང་གི་ཆ་བྱད་ཀྱིས་འཁོར་དེ་གང་ཐར་པ་དང་ལས་ཀྱི་རྣམ་སྨིན་མེད་པ་ཆད་པར་སྨྲ་བའི་དགེ་སྦྱོང་བདུད་ཀྱི་ལས་ལ་བརྩོན་པ་ཞིག་བྱུང་གིས། དེ་བལྟ་བ་དང་དེའི་ཆོས་ཉན་པ་ནི་སེམས་གཡེངས་པ་ཡིན་ཏེ། དེ་དག་མགོ་བྲེགས་ལ་རབ་ཏུ་བྱུང་ནས་སློང་མོའི་ཟས་ཟ་ཞིང་ཡིད་འབྱུང་བར་བྱེད་ཅིང་དབེན་པར་དགའ་བ་དང་། འདོད་པའི་དགའ་བ་སྤོང་བའི་ཟོལ་གྱིས་ཆད་པར་སྨྲ་བའི་དགེ་སྦྱོང་སེམས་ཅན་རྣམས་ཀྱི་དགྲར་གྱུར་པ་དེའི་་བྱེད་པ་ནི་སྔོན་མ་ཐོས་མ་མཐོང་བ་ཡིན་པར་ཁོ་བོས་ཤེས་སོ། །ཞེས་སྲོག་ཆགས་མང་པོ་ལ་དེ་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བ་འཛིན་དུ་བཅུག་གོ། །དེ་དགེ་སྦྱོང་ཆེན་པོ་ཨུད་པ་ལའི་གདོང་གིས་ཐོས་ནས། བདག་གིས་སེམས་ཅན་འདི་དག་སྡིག་པའི་ལྟ་བར་སོང་བ་ལས་ཡོངས་སུ་ཐར་ཞིང་ཡང་དག་པའི་ལྟ་བ་ལམ་བཀོད་ན་བདག་དགེ་སྦྱོང་དུ་གྱུར་པ་དོན་མེད་དོ། །མ་འོངས་པའི་དུས་ན་བདག་སངས་རྒྱས་ནས་ཉམ་ཐག་པའི་སེམས་ཅན་རྣམས་ཇི་ལྟར་དགྲོལ་བར་ནུས་སྙམ་དུ་རྟུལ་བ་བརྟན་ཞིང་སྙིང་རྗེའི་ཤུགས་ཀྱིས་དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔའ་ལ་ཞུས་ནས་སྲོག་ཆགས་བརྒྱ་སྟོང་དུ་མས་བསྐོར་ཏེ། མཐའ་འཁོབ་ཀྱི་གྲོང་རྣམས་དང་རི་བྲག་པའི་གནས་དེར་རྒྱུ་ཞིང་སེམས་ཅན་རྣམས་སྡིག་ལྟ་ལས་བཟློག་ནས་ཐེག་པ་གསུམ་དུ་བཀོད་ཅིང་བུད་མེད་རྣམས་རིན་པོ་ཆེའི་ཏོག་གི་གཟུངས་བསྟན་པས་སྐྱེས་པར་བྱས་སོ། །དེ་ཐམས་ཅད་སངས་རྒྱས་དེ་ལ་ཕུལ་ཏེ་རབ་ཏུ་བྱུང་ངོ་། །ཤོར་བ་གཞོན་ནུ་དེས་བདག་གི་འཁོར་རྣམས་ཨུད་པ་ལའི་གདོང་གིས་ཁྲིད་ཀྱིས། བདག་གིས་འདི་སངས་རྒྱས་པའི་ཞིང་དེར་བདུང་བྱས་ཏེ། མངལ་ན་འདུག་པ་ཚུན་ཆད་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བགེགས་བྱས་ཏེ་སྐྲག་པར་བྱ་ཞིང་། བྱང་ཆུབ་ཐོབ་ནས་ཀྱང་དེའི་བསྟན་པ་གཞིལ་བར་བྱའོ་ཞེས་སྨོན་ལམ་བཏབ་པ་ལ། དགེ་སྦྱོང་ཨུད་པ་ལའི་གདོང་གིས། དེས་དེ་ལྟར་སྨོན་ལམ་རྟུལ་ཏེ་བཏབ་པ་ལ། མཐུ་ཆེན་པོས་འབད་དེ་དད་པར་བྱས་ནས། སྡིག་ལྟ་བཏང་ཞིང་ཉེས་པ་འཆགས་སུ་བཅུག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་པས་ཤོར་བ་བཞོན་ནུའི་ཚུལ་དུལ་ཞིང་དད་པ་སྐྱེས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་གང་གི་ཚེ་སངས་རྒྱས་པ་ན་བདག་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ་ཞེས་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས་ལས་གསུངས་སོ། །དེ་དུས་ཀྱི་བཙུན་མོ་ལྷ་མཛེས་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ཅིང་། ཤོར་བ་གཞོན་ནུའི་ཚུལ་ཞེས་པ་བདུད་སྡིག་ཅན་འདི་ཡིན་ལ། ཕྱིས་བྱང་ཆུབ་ཏུ་ལུང་སྟོན་པར་སྨོན་ལམ་བཏབ་པ་བཞིན་ལུང་བསྟན་པར་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་འཛམ་གླིང་འདིར་རྒྱལ་པོ་དྲང་སྲོང་ཞེས་བྱ་བར་གྱུར་པ་ན། ཐེག་ཆེན་གྱི་མདོ་སྡེ་ལ་དད་ཅིང་སེར་སྣ་དང་ཕྲག་དོག་མེད་པར་ཆོས་སྟོན་པ་དང་དབུལ་ཕོངས་དང་མགོན་མེད་ལ་དཔུང་མཉེན་བྱེད་དོ། །དེའི་ཚེ་འཇིག་རྟེན་ན་སངས་རྒྱས་དང་ཉན་རང་མི་བཞུགས་པས་རྒྱལ་པོ་དེས་ལོ་བཅུ་གཉིས་ཀྱི་བར་དུ་བྲམ་ཟེ་རྣམས་ཀྱི་གཡོག་བྱས་ཏེ་ཡོ་བྱད་ཅི་འདོད་སྦྱར་ནས། རྒྱལ་པོས་སྨྲས་པ། ཀྱེ་སྟོན་པ་ཁྱེད་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །དེས་སྨྲས་པ་རྒྱལ་པོ་བྱང་ཆུབ་ཀྱི་མཚན་ཉིད་ནི་མེད་པ་སྟེ། ཐེག་ཆེན་གྱི་མདོ་སྡེ་ཡང་དེ་དང་འདྲ་ཞེས་སྨོད་པས། རྒྱལ་པོ་དེ་ཐེག་ཆེན་ལ་མོས་པས། ཐེག་པ་ཆེན་པོའི་མདོ་སྡེ་ལ་སྐུར་བའི་བྲམ་ཟེ་དེ་བསད་པར་གྱུར་ན་ཡང་། དེའི་རྐྱེན་གྱིས་དེ་ཚུན་ཆད་དམྱལ་བར་མ་སྐྱེས་ཏེ་ཐེག་ཆེན་གྱི་མདོ་སྡེ་སྲུང་བའི་མཐུ་སྟོབས་ནི་དེ་ལྟར་ཚད་མེད་དོ། །ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་སངས་རྒྱས་དབྱངས་བྱིན་གྱི་བསྟན་པ་ལ་རྒྱལ་པོ་དཔལ་དབྱངས་ཞེས་བྱ་བས་སངས་རྒྱས་དེའི་མཆོད་རྟེན་མང་པོ་བྱས་ནས་མཆོད་པར་བྱེད་ཅིང་། དེའི་ཚེ་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་པ་ཞེས་བྱ་བར་གྱུར་པས། ལག་པ་གཡས་པ་རས་ཀྱིས་དཀྲིས་ཏེ་འབྲུ་མར་གྱི་ནང་དུ་བཅུག་ནས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་མེ་སྦར་བས་མར་མེ་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་འོད་ཟིལ་གྱིས་མནན་ནས་གངྒཱའི་བྱེ་མ་སྙེད་ཀྱི་ཕྱོགས་ཐམས་ཅད་དུ་སྣང་བ་ཆེན་པོས་ཁྱབ་ཅིང་ས་ཡང་གཡོས་པར་གྱུར་ལ་སངས་རྒྱས་ཀྱི་ཞིང་རྣམས་སུ་མཆོད་པའི་ཆར་ཀྱང་བབས་སོ། །བྱང་ཆུབ་སེམས་དཔའ་དེ་ཡང་བཞིན་གྱི་མདོག་འགྱུར་བ་མེད་པས་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་དབྱངས་སྙན་པས་འཁོར་དེ་དག་ལ་རྒྱ་ཆེར་གོ་བར་བྱས་སོ། །དེར་ལྷ་རྣམས་ཀྱིས་མཆོད་པ་འབུལ་ཞིང་། རྒྱལ་པོ་དཔལ་དབྱངས་ཀྱིས་དེ་མཐོང་ནས་བཙུན་མོའི་འཁོར་བརྒྱད་ཅུ་དང་ལྷན་ཅིག་ཁྲུ་སྟོང་ཕྲག་བརྒྱ་པའི་ཁང་པའི་སྟེང་ནས་མཆོངས་ཏེ། བྱང་ཆུབ་སེམས་དཔའ་ལྟ་བའི་ཕྱིར་སོང་བ་དེ་ལུས་ལ་གནོད་པ་མེད་པར་གྱུར་ཅིང་བྱང་ཆུབ་སེམས་དཔའི་ལག་པ་འབར་བར་མཐོང་ནས་སྐད་ཆེན་པོས་ངུ་ཞིང་ཚིགས་བཅད་སྨྲས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་བདེ་བས་བྱིན་གྱིས་སྨྲས་པ། གང་ལ་ལག་པ་མེད་ན་ཡང་། །དེ་ནི་ཡན་ལག་མ་ཚང་མིན། །སུ་ལ་ཚུལ་ཁྲིམས་མེད་པ་དག །དེ་ནི་ཡན་ལག་མ་ཚང་ཡིན། །རུལ་བ་ཡི་ནི་ལུས་འདི་ཡིས། །བསམ་གྱིས་མི་ཁྱབ་སྦྱིན་པའི་གནས། །འཇིག་རྟེན་ཀུན་གྱིས་མཆོད་པའི་རྟེན། །དེ་བཞིན་གཤེགས་པ་བདག་གིས་མཆོད། །ཅེས་སོགས་ཚིགས་སུ་བཅད་པ་སྨྲས་ནས། བདེན་པའི་ཚིག་བརྗོད་པས་ས་གཡོ་བ་སོགས་དང་ལག་པ་སྔོན་བཞིན་དུ་གྱུར་ཏོ། །དགེ་སློང་བདེ་བས་བྱིན་པ་དེ་བུད་མེད་གང་གིས་མཐོང་མ་ཐག་ཏུ་བུད་མེད་ཀྱི་དངོས་པོ་ལས་ལོག་ནས་ཕྱིར་མི་ལྡོག་པར་ལུང་བསྟན་ཐོབ་བོ། །ལྷ་སོགས་སེམས་ཅན་ཚད་མེད་པ་བྱང་ཆུབ་མཆོག་ལ་ཞུགས་པར་ཡང་གྱུར་ཏོ། ༈ །ཡང་སྔོན་བྱུང་བ་བསྐལ་པ་ཆེས་ཚད་མེད་གྲངས་མེད་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཆར་འབྱུང་བ་ཞེས་པར་དེ་བཞིན་གཤེགས་པ་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་བྱོན་པས་ཉན་ཐོས་དང་བྱང་སེམས་རྣམས་ལ་ཆོས་བསྟན་ཅིང་། དེའི་སྐུ་ཚེའི་ཚད་ནི་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་དུ་གྱུར་ཏོ། །དེ་འདས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་དམ་པའི་ཆོས་གནས་ཤིང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གླིང་བཞིའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དུ་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཏོ། །དེའི་ཆོས་གཟུགས་བརྙན་དེ་ཡང་མེད་པར་གྱུར་ནས་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་གཞན་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་ཞེས་པ་མཚན་མཐུན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བྱུང་ངོ་། །དེ་ལ་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་ཀུན་གྱི་ཐོག་མར་བྱུང་བ་དེའི་དམ་པའི་ཆོས་ནུབ་ནས། དམ་པའི་ཆོས་ཀྱི་གཟུགས་བརྙན་ཡང་ནུབ་དུ་ཉེ་བའི་ཚེ། དེའི་བསྟན་པ་ལ་ང་རྒྱལ་ཅན་གྱི་དགེ་སློང་གིས་ནོན་པར་གྱུར་པ་དེ་ནི། བྱང་ཆུབ་སེམས་དཔའ་རྟག་ཏུ་བརྙས་པ་ཞེས་བྱ་བའི་དགེ་སློང་ཞིག་བྱུང་ངོ་། །ཅིའི་ཕྱིར་རྟག་ཏུ་བརྙས་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་དེས། དགེ་སློང་སོགས་འཁོར་བཞི་སུ་མཐོང་ཡང་དེའི་དྲུང་དུ་སོང་སྟེ། ཁོ་བོ་ནི་ཚེ་དང་ལྡན་པ་ཁྱེད་ལ་བརྙས་པར་མི་བྱེད་དེ་ཁྱེད་ནི་མ་བརྙས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིག་དང་། ཁྱེད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་སྨྲའོ། །དེ་ལྟར་སེམས་ཅན་སུ་མཐོང་ཡང་དེ་སྐད་སྒྲོགས་པ་མ་གཏོགས་ལུང་ཡང་མི་ནོད་ཁ་ཏོན་ཀྱང་མི་བྱེད་དོ། །དེ་ལྟར་དགེ་སློང་སོགས་སུ་ལ་དེ་སྐད་བསྒྲགས་པ། དེ་དག་ལས་ཕལ་ཆེར་དེ་ལ་ཁྲོ་ཞིང་མ་དད་པ་བསྐྱེད་ནས་གཤེ་ཞིང་སྤྱོས་ཏེ། ཅིའི་ཕྱིར་དགེ་སློང་འདི་མ་དྲིས་པར་བརྙས་པའི་སེམས་མེད་དོ་ཞེས་བདག་ཅག་ལ་བདག་ཉིད་བརྙས་པར་བྱེད་ཅིང་འདི་ལྟར་མ་བསམས་མི་འདོད་པར་བླ་མེད་རྫོགས་བྱང་དུ་ལུང་སྟོན་ཅེས་སྨྲ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་དེ་ལྟར་གཤེ་ཞིང་སྤྱོས་པས་ལོ་མང་པོ་འདས་ན་ཡང་སུ་ལ་ཁྲོ་ཞིང་གནོད་སེམས་མི་སྐྱེད་ཅིང་། དེས་སྨྲས་པ་ལ་བོང་བ་དང་དབྱུག་པ་འཕེན་ཀྱང་། དེས་དེ་དག་ལ་ཐག་རིང་པོ་ནས་ཁོ་བོ་ཁྱེད་ལ་བརྙས་པར་མི་བྱེད་དོ་ཞེས་ཡང་དག་པར་སྒྲོག་གོ། །དེས་ང་རྒྱལ་ཅན་གྱི་འཁོར་དེ་དག་གིས་རྟག་ཏུ་དེས་དེ་ལྟར་བསྐྲགས་པས་དེ་ལ་མིང་བརྙས་པ་ཞེས་བཏགས་སོ། །རྟག་ཏུ་བརྙས་པ་དེ་འཆི་བའི་དུས་བྱེད་པ་ཉེ་བར་གནས་པའི་ཚེ་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཐོས་པར་གྱུར་ཏེ། དེ་བཞིན་གཤེགས་པ་འཇིགས་བསྒྲགས་དབྱངས་ཀྱི་རྒྱལ་པོ་དེས་ཆོས་ཀྱི་རྣམ་གྲངས་འདི་ཚིགས་སུ་བཅད་པ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཉི་ཤུ་བཤད་པ་དེ་ཡང་སུས་ཀྱང་མ་སྨྲས་པར་བར་སྣང་གི་སྒྲ་ལས་ཐོས་ཏེ་བཟུང་བས། མིག་ནས་ཡིད་ཀྱི་བར་རྣམ་པར་དག་པ་དེ་ལྟ་བུ་ཐོབ་ནས། ཕྱིར་ཡང་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཉི་ཤུར་བདག་གི་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བསྒྲགས་པས། དགེ་སློང་སོགས་འཁོར་བཞི་པོ་ང་རྒྱལ་ཅན་སྔོན་རྟག་ཏུ་བརྙས་པར་བཏགས་པ་དེ་རྣམས་ཀྱིས་དེའི་རྫུ་འཕྲུལ་གྱི་སྟོབས་དང་། དམ་བཅས་པའི་མཐུ་དང་། སྤོབས་པ་དང་ཤེས་རབ་ཀྱི་མཐུ་རྒྱ་ཆེན་པོ་མཐོང་ནས་ཐམས་ཅད་དེ་ལ་ཆོས་ཉན་ཅིག་འཁོད་དོ། །གཞན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཐམས་ཅད་ཀྱང་བླ་མེད་རྫོགས་བྱང་ལ་ཡང་དག་པར་བཙུད་དོ། །བྱང་ཆུབ་སེམས་དཔའ་དེ་དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་ཟླ་བའི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་མཚན་མཐུན་པ་བྱེ་བ་བརྒྱ་ཕྲག་ཉི་ཤུ་མཉེས་པར་བྱས་ཏེ་ཐམས་ཅད་དུ་ཡང་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུངས་ནས་བསྟན་ནོ། །དེ་སྔོན་གྱི་དགེ་རྩ་དེས་དེ་བཞིན་གཤེགས་པར་སྒྲའི་རྒྱལ་པོ་མཚན་མཐུན་པ་བྱ་བ་བརྒྱ་ཕྲག་ཉི་ཤུ་མཐར་གྱིས་མཉེས་པར་བྱས་ཏེ། དེ་ཐམས་ཅད་དུ་ཡང་དམ་པའི་ཆོས་པདྨ་དཀར་པོ་བཟུང་སྟེ་འཁོར་བཞི་ལ་ཡང་དག་པར་བཤད་དོ། །ཡང་སངས་རྒྱས་སྤྲིན་སྒྲ་རྒྱལ་པོ་མཚན་མཐུན་པ་བྱེེ་བ་བརྒྱ་ཕྲག་ཉི་ཤུ་མཉེས་པར་བྱས་ཏེ་དེ་ཐམས་ཅད་ལས་ཀྱང་ཆོས་འདི་བཟུང་ནས་གཞན་ལ་ཡང་དག་པར་བཤད་དོ། །དེ་ཐམས་ཅད་ཀྱི་ཚེ་ན་མིག་སོགས་ཡོངས་སུ་དག་པ་དང་ལྡན་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་རྙེད་ལ་བསྟི་སྟང་བྱས་མཆོད་པ་དང་དབུལ་བ་བྱས་ཤིང་། གཞན་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་མཆོད་ཅིང་བསྙེན་བཀུར་བྱས་ནས་དེ་ཐམས་ཅད་དུ་དམ་པའི་ཆོས་པདྨ་དཀར་པོ་འདི་ཉིད་བཟུང་སྟེ་བསྟན་པས་དགེ་བའི་རྩ་བ་དེས་སངས་རྒྱས་པ་ནི་བཅོམ་ལྡན་འདས་ཉིད་དེ། སྔོན་གྱི་ཚེ་རྟག་ཏུ་མརྙས་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་དེར་གྱུར་ཏོ། །དེའི་ཚེ་དམ་པའི་ཆོས་པདྨ་དཀར་པོ་ཉིད་མ་བཟུང་ན་མྱུར་དུ་འཚང་མི་རྒྱ་ལ། དེ་བཟུང་བས་མྱུར་དུ་སངས་རྒྱས་སོ། །རྟག་ཏུ་བརྙས་པ་ཞེས་སུ་གྱུར་པའི་ཚེ་ན་འཁོར་མང་པོས་བརྙས་ཤིང་གནོད་སེམས་བསྐྱེད་པ་དེ་དག་བསྐལ་པ་བྱེ་བ་བརྒྱ་ཕྲག་ཉི་ཤུར་དཀོན་མཆོག་གསུམ་གྱི་སྒྲ་མ་ཐོས་ལ། བསྐལ་པ་སྟོང་ཕྲག་བཅུར་མནར་མེད་པར་སྡུག་བསྔལ་མྱོང་བར་གྱུར་ནས་ལས་ཀྱི་སྒྲིབ་པ་དེ་ལས་ཐར་བ་དང་། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱིས་བླ་མེད་རྫོགས་བྱང་དུ་སྨིན་པར་བྱས་ཏེ། འཁོར་འདིའི་ནང་ན་བཟང་སྐྱོང་སོགས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། གཞན་དགེ་སློང་མ་ལྔ་བརྒྱ་དང་། དགེ་བསྙེན་མ་ལྔ་བརྒྱ་སྟེ་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། །དེ་ལྟར་ཆོས་འདི་འཛིན་པ་དོན་ཆེ་བས། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་ཡང་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་ཞིང་ལྡན་པར་བྱ་སྟེ། དེས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། ༈ །ཡང་སྔོན་འདས་པའི་དུས་ན་བསྐལ་པ་མེ་ཏོག་འབྱུང་གནས་ལ་ཤིན་ཏུ་རྣམ་པར་བལྟ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་ཞེས་བྱ་བ་བྱོན་ཏེ། དེའི་ཚེ་ན་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་དག་ཅིང་བཀོད་པ་རྨད་དུ་བྱུང་བས་བརྒྱན་ལ་བུད་མེད་ཟེར་ཅིང་ཐམས་ཅད་པདྨོ་ལས་བརྫུས་ཏེ་སྐྱེ་བའོ། །དེ་བཞིན་གཤེགས་པ་དེས་འཁོར་རྣམས་ལ་བརྩོན་འགྲུས་དང་ལྡན་པའི་གཏམ་ཉིད་བསྟན་པར་མཛད་པ་ན། བཅོམ་ལྡན་འདས་འདི་ཉིད་བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བ་ཞེས་བྱ་བར་གྱུར་པས། བརྩོན་འགྲུས་ཇི་ལྟར་བརྩོམ་པའི་ཚུལ་ཞུས་པ་ལ། རྩོམ་པ་དང་། རྟུལ་བ་པ་དང་། སོ་སོར་རྟོག་པ་དང་། སྒྲུབ་པའི་རྣམ་གྲངས་བཞི་ལས་བརྩམས་ཏེ། བརྩོན་འགྲུས་ཀྱི་གཏམ་རྒྱ་ཆེར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བས་བརྩོན་འགྲུས་བརྩམས་ཏེ་ལོ་བྱེ་བ་འདས་པ་ན་རྗེས་སུ་མཐུན་པའི་བཟོད་པ་རབ་ཏུ་ཐོབ་སྟེ་བརྩོན་བཞིན་དུ་ཚེ་དུས་བྱས་ནས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་སྐྱེས་པས་ཆོས་ཐོས་ཤིང་བརྩོན་པར་བྱས་ནས་ཡང་འཆི་བའི་དུས་བྱས་ཏེ། སངས་རྒྱས་བརྒྱད་ཁྲི་བཞི་སྟོང་མཉེས་པར་བྱེད་ཅིང་གང་དག་བསྐལ་པ་མེ་ཏོག་གི་འབྱུང་གནས་དེ་ལ་བྱུང་བའི་སངས་རྒྱས་རྣམས་ལས་བརྩོན་འགྲུས་བརྩོམས་ཏེ། དགེ་བའི་ཆོས་ཡོངས་སུ་བཙལ་བ་བརྒྱུད་མར་བྱས་སོ། །བརྩོན་འགྲུས་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་ཕྱིར་བསྙིལ་ཏེ། མཐར་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་སོ་ཞེས་བློ་གྲོས་རྒྱ་མཚོའི་མདོ་ལས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་མར་མེ་མཛད་ཀྱི་ཡང་ཆེས་སྔ་རོལ་ན་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ཞེས་བྱ་བ་བྱོན་པའི་ཚེ་འཇིག་རྟེན་དེ་ན་ལྷ་དང་མི་རྣམས་པདྨོ་ལས་བརྫུས་ཏེ་སྐྱེ་ཞིང་བུད་མེད་དང་འཁྲིག་པའི་མིང་ཡང་མེད། ཉན་རང་ཡང་མེད་ལ་ཐམས་ཅད་བྱང་ཆུབ་སེམས་དཔའ་ཆོས་ལ་མོས་པ་དབང་པོ་རྣོ་བ་ཤ་སྟག་སྟེ། ཟས་གོས་སོགས་བསམས་པ་ཙམ་གྱིས་འབྱུང་བ་དགའ་ལྡན་གྱི་ལྷ་དང་འདྲའོ། །འཆི་འཕོ་བའི་ཚེ་ན་ཡང་ཏ་ལ་བདུན་སྲིད་དུ་འཕགས་ནས་སྐྱེ་འཆི་མེད་པའི་ཆོས་བསྟན་ཏེ། སངས་རྒྱས་བཞུགས་པའི་ཞིང་དུ་བསམ་བཞིན་སྐྱེ་བར་བྱེད་དོ། །སངས་རྒྱས་དེ་དང་འཁོར་རྣམས་གོས་ངུར་སྨྲིག་མི་གྱོན་གྱི་ཐམས་ཅད་ལྷའི་གོས་གཙང་མ་གྱོན་ཏོ། །དེ་ན་བསླབ་པ་བཅའ་བ་ཡང་མེད་དེ་ཐམས་ཅད་སྐྱེ་མེད་ལ་བཟོད་པའི་སྟོབས་ཅན་ནོ། །དེར་དེ་བཞིན་གཤེགས་པས་ཆོས་བཤད་པ་ཐམས་ཅད་ཀྱིས་ཤེས་ཤིང་བཟོད་པ་དང་གཟུངས་སོགས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་དེ་མ་གཏོགས་པར་རྒྱལ་པོ་གཞན་མེད་དོ། །དེར་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ལུང་བསྟན་པའི་ཚེ་ན། བཅོམ་ལྡན་འདས་འདི་ཉིད་འཁོར་དེར་བྱང་ཆུབ་སེམས་དཔའ་དྲི་མེད་རྣམ་དག་འོད་ཅེས་བྱ་བར་གྱུར་པས། ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་འདི་དག་བདག་ལས་དྲན་པ་དང་བློ་གྲོས་ནན་ཏན་སོགས་ཀྱིས་ལྷག་པ་ནི་མེད་ན་བདག་ཅིའི་ཕྱིར་ལུང་མ་བསྟན་སྙམ་པ་དང་། དེ་བཞིན་གཤེགས་པ་དེས་བསམ་པ་མཁྱེན་ནས་རིགས་ཀྱི་བུ་ཁྱོད་མ་འོངས་པ་ན་སངས་རྒྱས་མར་མེ་མཛད་ཀྱིས་ལུང་སྟོན་པར་འགྱུར་རོ་ཞེས་གསུངས་པས་བྱང་སེམས་དེ་དགའ་ཞིང་ནམ་མཁའ་ལ་འཕགས་ནས། སངས་རྒྱས་མར་མེ་མཛད་དེ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ན་འབྱུང་དུ་ཟིན་ཀྱང་། བདག་གིས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ནི་ངེས་ཏེ། སངས་རྒྱས་རྣམས་ཡང་དག་པར་གསུངས་པའོ། །ཞེས་སྨྲས་ཤིང་། དེའི་འོག་ཏུ་དེ་བཞིན་གཤེགས་པ་རབ་གསལ་ཞེས་བྱ་བ་ལ་སོགས་པ་མཉེས་པར་བྱས་ཏེ། སངས་རྒྱས་ཐམས་ཅད་ལས་ཀྱང་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་ཆོས་ཀྱི་རྣམ་གྲངས། ཚུལ་ཁྲིམས་དང་། མངོན་ཤེས་དང་། ཤེས་པ་དང་། ཤེས་རབ་ཀྱི་རྣམ་འཕྲུལ་བཞི་པོ་དེ་ཐོས་ནས་མངོན་སུམ་དུ་བྱས་ཏེ་མར་མེ་མཛད་ལས་ལུང་བསྟན་པ་ཐོབ་བོ་ཞེས་གསུངས་སོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་པའི་སྔ་རོལ་ན། བསྐལ་པ་རྣམ་པར་སྦྱོང་བ་ལ། འཇིག་རྟེན་གྱི་ཁམས་ཆེར་བཀོད་པར་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ཞེས་བྱ་བ་སྐུ་ཚེའི་ཚད་བར་གྱི་བསྐལ་པ་ཉི་ཤུར་བཞུགས་པ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་ཆེན་གདུགས་ཞེས་བྱ་བ། གླིང་བཞི་ལ་དབང་བ་བུ་སྟོང་ཡོད་པར་གྱུར་པ་དེས་བར་གྱི་བསྐལ་བ་ལྔའི་བར་དུ་བཅོམ་ལྡན་འདས་དེ་ཉིད་འཁོར་དང་བཅས་པ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རི་མོར་བྱས་ནས། བུ་སྟོང་པོ་དེ་དག་གིས་ཀྱང་བསྐལ་པ་ལྔའི་བར་དུ་རིམ་གྲོར་བྱས་སོ། །བུ་སྟོང་པོ་དེའི་ནང་ནས་བཅོམ་ལྡན་འདས་འདི་ཉིད་རྒྱལ་བུ་ཟླ་གདུགས་ཞེས་བྱ་བར་གྱུར་པ་དེ་དབེན་པར་སོང་ནས་མཆོད་པ་དེ་དག་ལས་ཆེས་ལྷག་པ་ཡོད་དམ་སྙམ་དུ་རྟོག་པ་དང་། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བར་སྣང་ལས་ལྷ་དག་གིས། ཆོས་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་གོ་ཞེས་ཟེར་བ་ཐོས་ནས། ཆོས་ཀྱི་མཆོད་པ་དེ་གང་ཡིན་ཞེས་དྲིས་པ་ལ། ལྷ་དག་གིས་དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོ་ལ་ཞུས་ཤིག་ཅེས་སྨྲས་པ་ལྟར། སངས་རྒྱས་དེ་ལ་ཞུས་པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་མཆོད་པ་ནི་གང་དེ་བཞིན་གཤེགས་པའི་མདོ་སྡེ་ཟབ་མོ། །འཇིག་རྟེན་ཐམས་ཅད་དང་མི་མཐུན་པ། རྟོགས་པར་དཀའ་བ། མི་དམིགས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད། གཟུངས་དང་ཕར་ཕྱིན་སོགས་ལ་འཇུག་པ། ཕྱིར་མི་ལྡོག་པའི་འཁོར་ལོ་སྟོན་པ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པ་དེ་ལྟ་བུ་ཡང་དག་པར་འཛིན་པ་དང་འཆང་བ་དང་རྟོག་པ་དང་ཀུན་སྡུད་པ་ནི་ཆོས་ཀྱི་མཆོད་པའོ་ཞེས་སོགས་གསུངས་པས་རྒྱལ་བུ་ཟླ་གདུགས་དེ་ཆོས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་ནས་གོས་དང་རྒྱན་ཅི་ཐོགས་པས་བཅོམ་ལྡན་འདས་དེ་མཆོད་ཅིང་། བདག་དམ་པའི་ཆོས་གཟུང་བར་སྤྲོ་བས་དེ་ལྟར་བྱིན་གྱིས་བརླབས་པར་ཞུས་ནས། རབ་ཏུ་བྱུང་སྟེ་བརྩོན་འགྲུས་བརྩམས་པས་རིང་པོར་མ་ཐོགས་པར་མངོན་པར་ཤེས་པ་དང་། གཟུངས་དང་སྤོབས་པ་ཐོབ་བོ། །དེས་དེ་བཞིན་གཤེགས་པ་དེ་འདས་ནས་ཀྱང་སངས་རྒྱས་དེའི་ཆོས་འཁོར་བསྐོར་བ་ཇི་ལྟ་བུར་ཆོས་བསྟན་པ་བསྐལ་པ་བཅུའི་བར་དུ་བྱས་ཤིང་། སེམས་ཅན་བྱེ་བ་ཕྲག་མང་པོ་སྨིན་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་དེ་བཞིན་གཤེགས་པ་དོན་ཡོད་གཤེགས་ཞེས་བྱ་བ་བྱོན་པའི་ཚེ། དེའི་གསུང་རབ་ལ་བཅོམ་ལྡན་འདས་ཉིད་དགེ་སློང་གྲགས་པའི་འོད་ཅེས་བྱ་བ་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ་ཞིག་ཏུ་གྱུར་པ་དེས། བདག་བླ་མེད་རྫོགས་བྱང་མ་ཐོབ་ཀྱི་བར་དུ། པགས་པ་དང་རྒྱུས་པ་དང་རུས་པ་ཡང་སྐམ། ཁོག་པ་དང་ཤ་དང་ཁྲག་ཡོངས་སུ་བསྐམས་ཀྱང་བརྩོན་འགྲུས་འདི་ཉིད་མི་གཏོང་ངོ་སྙམ་དུ། དེ་བཞིན་གཤེགས་པ་དེའི་སྤྱན་སྔར་རས་བཅོས་བུ་ཡུག་གཅིག་གིས་ལུས་དཀྲིས་ནས་ཏིལ་མར་གྱིས་བྱུགས་ཏེ་སྤྱན་སྔར་མར་མེ་བུས་སོ། །མེ་འབར་བས་ལུས་བསྲེགས་པ་ན། རྣམ་འདྲེན་རང་བྱུང་ཐུགས་དག་མཐའ་ཡས་མཆོག །སྐྱོན་དང་རྒྱགས་དང་ཉེས་པ་སྤངས་པ་ལགས། །འགྲོ་བ་ལམ་ངན་ཞུགས་ལ་ཐུགས་རྗེ་བསྐྱེད། །ཀུན་ཏུ་གཟིགས་པ་གནས་མཆོག་བསྟན་དུ་གསོལ། །ཞེས་སོགས་ཚིགས་སུ་བཅད་པས་བསྟོད་པ་བྱས་སོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་འོད་ཟེར་བརྒྱ་པ་ཞེས་བྱ་བ་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཛད་པ་དེའི་རིམ་གྲོ་བ་དགེ་སློང་མིག་ཉམས་པ་མེད་པ་ཞེས་བྱ་བར་བཅོམ་ལྡན་འདས་འདི་ཉིད་གྱུར་ནས། དེ་བཞིན་གཤེགས་པའི་སྤྲུལ་པས་འདུལ་བའི་སེམས་ཅན་དེ་དག་གི་བསམས་པ་ལ་མཁས་པ་དེས་དེ་བཞིན་གཤེགས་པ་དེས་ཆོས་སྟོན་པ་དེའི་ཚེ་བདག་ཉིད་ཀྱང་ཆོས་སྟོན་ལ། ཐོས་ནས་རིམ་གྲོ་ཡང་བྱེད་དེ། རིམ་གྲོ་བྱས་པ་ཙམ་གྱིས་སེམས་ཅན་དཔག་ཏུ་མེད་པ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ༈ །ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་གྲགས་པ་མ་སྨད་པ་ཞེས་བྱ་བའི་གསུང་རབ་ལ་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་སྤྱོད་པ་བླ་མ་ཞེས་བྱ་བ་ཡི་དམ་བླངས་པ་ལས་མི་གཡོ་བ་དང་ལྡན་པ་ཞིག་བྱུང་སྟེ། དེའི་ཡི་དམ་གྱི་ཚུལ་ནི་འདི་ལྟ་སྟེ། ཇི་སྲིད་བདག་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དག་བླ་མེད་རྫོགས་བྱང་གི་སྣོད་དུ་མ་གྱུར་ན་དེ་སྲིད་དུ་བདག་བླ་མེད་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱའོ། །དེ་བཞིན་དུ་བདག་གི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་མངོན་ཤེས་མྱུར་ཞིང་བདེ་བའི་ལམ་གྱི་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ཞིང་དེར་སེམས་ཅན་སྐྱེས་པ་དེ་ཐམས་ཅད་མི་དགེ་བའི་ཆོས་སྤངས་ཤིང་དགེ་ཆོས་ལྡན་པ་དང་། སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་དང་། ཞིང་དེར་ངན་སོང་གསུམ་དང་ལྷ་མིན་གྱི་རིས་མེད་པ་དང་། སྡུག་བསྔལ་གྱི་སྒྲ་ཙམ་ཡང་མེད་པ་དང་། ཞིང་དེར་སྐྱེས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱིས་གནས་པ་མ་གཏོགས་སྲིད་པ་ཐ་མ་པར་འགྱུར་བ་དེ་ལྟ་བུའི་ཡི་དམ་བརྟན་པར་བྱས་པ་སྟེ། ཞིང་དེ་འདི་ལ་སོགས་པའི་ཡོན་ཏན་གཞན་དང་ཡང་ལྡན་པར་སྦྱངས་པས་སངས་རྒྱས་པའི་ཚེ་ན་དེ་ལྟ་བུའི་ཞིང་ཡོངས་སུ་དག་པར་སངས་རྒྱས་ཀྱི་རྣམ་གྲོལ་བསྟན་པའང་ཤེས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་བློ་གྲོས་དག་པ་ཞེས་བྱ་བར་གྱུར་པ་དེ་ཡང་སངས་རྒྱས་དཔག་ཏུ་མེད་པ་ལ་རིམ་གྲོ་བྱས་ཤིང་། བདག་གིས་མཚན་མའི་རིམ་གྲོས་སངས་རྒྱས་མཉེས་པར་མི་བྱ་ཞིང་། འཇིག་རྟེན་པའི་ཟང་ཟིང་གི་རིམ་གྲོ་མི་བྱ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པས་དེ་བཞིན་གཤེགས་པའི་རིམ་གྲོ་ཐུགས་དང་འཐད་པ་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ནས་མངོན་ཤེས་མྱུར་བའི་ལམ་གྱིས་སེམས་ཅན་དེ་དག་འཚང་རྒྱ་བར་བྱའོ་སྙམ་དུ་བསམ་ཞིང་། བདག་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སངས་རྒྱས་ཤིན་ཏུ་མང་ཞིང་དཀོན་པར་མ་གྱུར་ཅིག་སྙམ་དུ་དེ་ལྟར་དགེ་རྩ་བསྐྱེད་པས་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་བྱུང་ངོ་། །དེ་ལྟར་དེ་བཞིན་གཤེགས་པ་ཚད་དཔག་ཏུ་མེད་པ་ལ་ལུས་ངག་ཡིད་གསུམ་དག་པའི་རིམ་གྲོ་བྱས་ཤིང་དགེ་བའི་རྩ་བ་ཚད་མེད་པ་བསྐྱེད་དེ་སངས་རྒྱས་དེའི་གསུང་རབ་ལ་བསམ་པ་དྲག་པོས་རབ་ཏུ་གནས་པར་བྱས་པ་སོགས་ཀྱི་དགེ་བའི་རྩ་བ་དེས་སངས་རྒྱས་ཀྱི་ཞིང་རྒྱ་ཆེ་སྟེ་གཞལ་བར་མི་ནུས་པ་ཉིད་དུ་གྱུར་ཏོ་ཞེས་གསུངས་སོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཞེས་བྱ་བ་བྱོན་པའི་ཚེ། ཞིང་དེར་བཅོམ་ལྡན་འདས་འདི་ཉིད་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བརྒྱད་ཀྱི་གཙོ་བོར་གྱུར་ཏོ། །དེ་ཐབས་ལ་མཁས་པ་དང་ལྡན་ཏེ། སེམས་ཅན་རྣམས་ཀྱི་བྱ་བ་དང་། ཆོས་སྟོན་པ་དང་། སེམས་ཅན་རྣམས་ཀྱི་དྲུང་དུ་འགྲོ་བའི་དུས་ལ་མཁས་པས་གཞན་ལ་ཆོས་སྟོན་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ། །བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པ་འོད་མཐའ་ཡས་དེ་ལ་བལྟས་ནས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རྒྱུ་ཞིང་སོང་བའི་ཚེ། དེས་གང་དུ་རྐང་པ་བཞག་པའི་ཞིང་དེས་སེམས་ཅན་རྣམས་ཀྱིས་སངས་རྒྱས་བྱུང་བ་ཡང་དག་པར་ཤེས་ཤིང་བདུད་དཔའ་བཀོང་བར་གྱུར་ཅིང་ལྷའི་གནས་རབ་ཏུ་དགའ་བར་བྱེད་ལ། ཞིང་དེ་དག་གསེར་གྱི་ཁ་དོག་ལྟ་བུའི་འོད་ཀྱིས་ཁྱབ་པར་བྱེད་དོ། །སེམས་ཅན་དེ་དག་གིས་སྣང་བ་འདི་ཕྱོགས་གང་ནས་འོང་ཞེས་ཡ་མཚན་པ་ལ། དེས་བར་སྣང་ལས་ཞིང་འདི་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྣང་བས་ཁྱབ་སྟེ། གང་དེ་བཞིན་གཤེགས་པ་མཐོང་བར་འདོད་པས་ཐལ་མོ་སྦྱོར་ལ་དེ་བཞིན་གཤེགས་པ་མཐོང་བར་འདོད་ཅེས་སྨྲོས་ཤིག་དང་། དེ་དག་གིས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ་ཞེས་སྒྲ་འབྱིན་པར་བྱེད་དོ། །སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་ནས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱིས་བདག་ཅག་དེ་བཞིན་གཤེགས་པ་དང་སྤྲོད་ཅིང་ཅེས་སྒྲ་ཕྱུང་ངོ་། །དེ་དག་ལ་དེ་བཞིན་གཤེགས་པ་དེས་སྤྲུལ་པ་བརྒྱ་སྟོང་དག་མངོན་པར་སྤྲུལ་ཏེ། སེམས་ཅན་རེ་རེས་སྤྲུལ་པ་རེ་རེར་ཤེས་ཀྱི་གཞན་ནི་མི་མཐོང་ངོ་། །དེ་ཉི་མ་གཅིག་ལ་འོད་ཀྱི་དཀྱིལ་འཁོར་གྱི་སྣང་བས་སངས་རྒྱས་ཀྱི་ཞིང་ཁྲི་ཕྲག་དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་བདག་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་པ་དེས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲག་པོའི་མཐུ་དང་སྟོབས་དང་བརྩོན་འགྲུས་བསྐྱེད་པར་མཛད་ཅིང་བཀའ་སྩལ་པ། རིགས་ཀྱི་བུ་སོང་ལ་ངའི་འོད་ཀྱི་རྗེས་སྙེགས་ཤིག །གང་དུ་འོད་གནས་བར་མཐོང་བ་དེ་ཙམ་དུ་ངའི་སངས་རྒྱས་ཀྱི་ཞིང་དུ་ཤེས་པར་གྱིས་ཤིག་ཅེས་དེ་བཞིན་གཤེགས་པ་དེས་འོད་གསེར་གྱི་མདོག་ཅན་བཏང་ངོ་། །དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོད་དེ་དག་གི་རྗེས་སུ་སོང་སྟེ། བསྐལ་བ་གྲངས་མེད་ལ་འདས་ཀྱང་འོད་དེའི་མཐའ་མ་མཐོང་ནས་སྒྱིད་ལུག་ཅིང་ངལ་བ་ལ། བར་སྣང་ལས་སངས་རྒྱས་ཀྱི་སྐུ་བྱུང་ནས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ང ལ་བའི་རྒྱུ་ཡིད་ལ་མ་བྱེད་ཅིག་སྒྱིད་ལུག་པར་མ་བྱེད་པར་རེ་ཞིག་རིང་དུ་སོངས་ཤིག །དེ་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་གང་གིས། དེའི་ལུས་ཀྱི་ངལ་བ་བསལ་ཞིང་སེམས་ཀྱི་བརྩོན་འགྲུས་བསྐྱེད་དོ། །དེ་ནས་ཡང་བསྐལ་པ་གྲངས་མེད་པར་སོང་བ་དང་རིན་པོ་ཆེའི་ཤིང་ལྗོན་པ་ཞིག་མཐོང་ཞིང་དེའི་ཕ་རོལ་ན་ཡང་འོད་མཐོང་ངོ་། །དེའི་ཚེ་བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་འོད་མཐའ་ཡས་ལ་གསོལ་པ། ཐུགས་ལ་དྲི་མ་བྲལ་ཞིང་སྦྱོར་བ་སྤངས། །ཁྱེད་ཀྱིས་འཇིག་རྟེན་ཁམས་ཀུན་ཐུགས་སུ་ཆུད། །འདྲེན་པ་ཁྱོད་ཀྱི་འོད་ནི་འདི་འདྲ་བ། །འདི་ལ་ཡུལ་གྱི་མཐའ་འདི་རྗེས་སུ་འཇུག །དེའི་ཚེ་བར་སྣང་ལས་རིན་ཆེན་སྣ་བདུན་གྱི་ཁང་བརྩེགས་ལས་སངས་རྒྱས་ཀྱི་སྐུ་གཟུགས་བྱུང་བ་དེས་དེ་ལ་བཀའ་སྩལ་པ། གང་དག་ང་ཡི་རྐང་པའི་དྲུང་འདུག་དང་། །གང་དག་ཡུལ་འདི་ཡི་ནི་མཐར་འདུག་པ། །ཐམས་ཅད་ང་ཡི་སྒྲ་དག་ཐོས་འགྱུར་ཏེ། །འདི་ཡི་སྒྲུབ་པ་ཐམས་ཅད་ཤེས་པར་འགྱུར། །སྟོབས་བཅུ་སངས་རྒྱས་ཆོས་ནི་མ་འདྲེས་པ། །བརྟག་པ་འདི་དག་སྲོག་ཆགས་ཀུན་ལ་བདེན། །ཡུལ་གྱི་རང་བཞིན་ཡུལ་གྱི་དངོས་དང་བཟོ། །དེ་བཞིན་ཡུལ་གྱི་ཚིག་དག་ཀུན་ཤེས་སོ། །རྒྱལ་བ་ང་ཡི་ཞིང་འདིར་སེམས་ཅན་དག །ཚིག་འདི་ཐོས་ནས་དང་བར་མི་འགྱུར་མེད། །ཐམས་ཅད་བླ་ན་མེད་པའི་ས་ལ་གནས། །དེ་དག་རྒྱལ་བའི་ཆོས་ལས་ལྡོག་མི་འགྱུར། ། གང་དག་ཉན་ཐོས་ལྷན་ཅིག་ཐུན་མོང་བའི། །དེ་དག་མ་ཡིན་འདི་ནི་རྣམ་འདྲེན་ཆོས། །རྒྱལ་སྲས་གང་ལ་རབ་ཏུ་སེམས་དང་བ། །བདུད་ཀྱི་སྐྱོན་བཅོམ་བྱང་ཆུབ་རེག་པར་འགྱུར། །ཞེས་གསུངས་པས་སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་གྲགས་ཤིང་གོ་བར་བྱས་སོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ལས་འདས་པ་ཞེས་བྱ་བ། འཇིག་རྟེན་གྱི་ཁམས་དགེ་བའི་མིག་ཅེས་བྱ་བར་བྱུང་བ་ན། ཞིང་དེར་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བདུན་གྱི་གཙོ་བོ་བྱེད་པ་ཕར་ཕྱིན་དྲུག་དང་ཐབས་ལ་མཁས་པ་ཞིག་ཏུ་གྱུར་པ་དེས་བྱང་ཆུབ་སེམས་དཔའ་དེ་དག་ཟིལ་གྱིས་མནན་ཅིང་། ཉན་རང་གི་རིགས་ཅན་སྨིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དེ་ལ་ཡང་རིམ་གྲོ་བྱེད་དོ། །མཐོང་བའི་ཆོས་ལའང་བདེ་བར་གནས་པ་དག་གིས་གནས་སོ། །དེས་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་བརྒྱད་ཅུ་ནས་སངས་རྒྱས་དེའི་ཞིང་གི་བར་གྱི་སེམས་ཅན་རྣམས་ལ་སྤྲུལ་པ་གཏོང་སྟེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅིང་སྦྱོང་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་དཔག་ཏུ་མེད་པ་འདིར་ནི། ངན་སོང་གསུམ་དང་ལྷ་མིན་དང་། ཇི་ལྟར་མི་ཁོམ་པ་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་པར་སྐད་ཅིག་གཅིག་དང་ལྡན་པར་འགྱུར་བ་དེ་ལྟར་ཡོངས་སུ་སྨིན་པར་ནུས་སམ་ཞེས་གསུངས་པ་ལ། བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་གིས་གསོལ་བ། བཅོམ་ལྡན་འདས་སྐད་ཅིག་གཅིག་གིས་བགྱི་བར་རྔོ་ཐོགས་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་ནུས་སམ། ད་ལྟར་གྱི་སྐྱེ་དགུ་ཚེ་རིང་བ་བསྐལ་པ་ལ་ཁྲི་ཕྲག་དཔག་ཏུ་མེད་དེ། གང་བྱང་ཆུབ་སེམས་དཔའ་ལེ་ལོ་ཡོད་པ་ཀུན་ཆ་གཅིག་གིས་སྨན་པར་ཇི་ལྟར་བྱེད། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་སངས་རྒྱས་ཁྲི་ཕྲག་དཔག་མེད་ཀྱིས་ཡང་ནས་ཡང་དུ་སངས་རྒྱས་ཀྱི་ཞི ང་དུ་སྤྱད་པར་ངའི་སྤྱན་གྱིས་གཟིགས་ཏེ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་ཡང་སངས་རྒྱས་མང་པོས་ཡོངས་སུ་མ་བཏུལ་བ་མེད་དོ། །ཞིང་འདི་སངས་རྒྱས་མང་པོས་ཡོངས་སུ་སྨིན་པར་མཛད་པ་དེ་ལྟ་བུའི་ཞིང་གཞན་གང་ཡང་མེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་དེ་བཞིན་གཤེགས་པའི་བཀས་ཞིང་འདི་ཡོངས་སུ་སྨིན་པ་དང་སྤྱད་པར་བྱ་བར་ངེས་པ་སྐྱེད་ཅིང་། རིགས་ཀྱི་བུ་ཁྱོད་སངས་རྒྱས་ཁྲི་ཕྲག་དཔག་མེད་ལ་དགེ་རྩ་སྐྱེད་ཅིང་ཤེས་རབ་རྣོ་བ་སྙིང་རྗེ་མཚུངས་པ་མེད་པ་དང་ལྡན་པས་ཁྱོད་ཀྱི་ཚེ་གཅིག་པོ་འདིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་ནུས་སམ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་དེས་གསོལ་པ། གལ་ཏེ་བདག་ལ་དེ་བཞིན་གཤེགས་པས་བཀའ་སྩལ་ན། སེམས་ཅན་རྣམས་ལ་སྙིང་བརྩེ་བས། བསྐལ་པ་གྲངས་མ་མཆིས་པར་མེ་མུར་གྱི་འོབ་ཏུ་མཆི་བར་སྤྲོའོ་ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐའ་ཡས་ཤུགས་འཆང་དེས་དེ་བཞིན་གཤེགས་པའི་སྐུ་གདུང་རྒྱ་ཆེར་བྱས་ནས་མཆོད་པར་བྱས་ཤིང་། དེ་བཞིན་གཤེགས་པའི་བཀའ་རྗེས་སུ་དྲན་པས་སེམས་ཅན་རྣམས་ལ་སྙིང་བརྩེ་བ་ཉེ་བར་བཟུང་སྟེ། སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་སྤྲུལ་ནས་དེས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་མེ་ཏོག་བཞིན་དུ་བཀང་ནས་དེའི་ཚེའི་འདུ་བྱེད་བཏང་བར་གྱུར་ཏོ། ༈ །གཞན་ཡང་རྒྱལ་བུ་སྡོང་དུམ་ཞེས་བྱ་བར་གྱུར་པའི་ཚེ་ན་གཟུགས་མི་སྡུག་ཀྱང་དཔའ་ཞིང་རྟུལ་བ་བརྟན་པོའི་སྟོབས་ཀྱིས་ཕ་རོལ་ལས་རྒྱལ་ཞིང་དགྲ་ཟླ་རྒྱལ་ཕྲན་དྲུག་ཆམ་ལ་ཕབ་པའི་ཚུལ་དང་། རྗེས་སུ་བརྒྱ་བྱིན་གྱིས་ནོར་བུ་བྱིན་པའི་མཐུས། ལུས་ཀྱང་ལྷ་ལྟ་བུར་མཛེས་ཤིང་། ལོངས་སྤྱོད་ཆེ་བ་དང་སྦྱིན་པའི་བསོད་ནམས་རྒྱ་ཆེར་བྱས་པའི་ཚུལ་མདོ་སྡེ་མཛངས་བླུན་དུ་ཤེས་པར་བྱའོ། །ཡང་བདུད་ཤུགས་འཆང་ཞེས་བྱ་བར་གྱུར་པས་སངས་རྒྱས་ལྔ་བརྒྱ་དག་གི་གསུང་རབ་ལ་བདུད་ཀྱི་ལས་བྱས་ཤིང་། དེ་བཞིན་གཤེགས་པ་བདུད་དད་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། དེ་བཞིན་གཤེགས་པ་དེ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ན་བདུད་བྱ་བར་འདོད་པ་ལ། བདུད་དེའི་སྔོན་གྱི་དགེ་རྩ་གཟིགས་ནས་དེ་བཞིན་གཤེགས་པ་དེའི་རྫུ་འཕྲུལ་གྱིས་བདུད་དེས་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ལ་བདུད་ཀྱི་ལས་བྱས་པས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བ་རྗེས་སུ་དྲན་པར་མཛད་པས་བདུད་དེ་འཇིགས་ཤིང་སྐྱོ་བའི་སེམས་ཀྱིས་དེ་བཞིན་གཤེགས་པ་དེ་ལ་སྐྱབས་སུ་སོང་ནས། སྡིག་པའི་ལས་མཐོལ་ཞིང་བཤགས་ཏེ་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ་མོས་པས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་སོ། ༈ །ཡང་སྔོན་ཚོང་དཔོན་མཛའ་བོའི་བུ་མོར་སྐྱེས་པའི་ཚེ། རྒྱ་མཚོར་ཞུགས་ནས་ཕ་རོལ་ཏུ་ཕྱིན་པ་ན། མ་ལ་བྱམས་པའི་ལས་ཀྱི་ཚུལ་དུ་མ་ཉམས་སུ་མྱོངས་པའི་མཐར། མ་ལ་མ་གུས་པའི་ལས་ཀྱི་རྣམ་པར་སྨིན་པས་ལྕགས་ཀྱི་འཁོར་ལོ་མགོ་ལ་འཁོར་བའི་ཚེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དེ། དེ་དག་གི་ཕྱིར་འཁོར་ལོ་དེ་རང་ཁོ་ནའི་མགོ་ལ་འཛིན་པར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་གནས་དེ་ལས་ཚེ་འཕོས་ཏེ་དགའ་ལྡན་གྱི་ལྷར་སྐྱེས་པ་དང་། ༈ ཡང་སྔོན་དྲང་སྲོང་རྔ་བོང་ཞེས་བྱ་བར་གྱུར་པ་ན་དེས་དབེན་པར་ལོ་དྲུག་ཁྲིའི་བར་དུ་རྐང་པ་ཡ་གཅིག་གིས་དཀའ་ཐུབ་ལ་གནས་པར་བྱས་ཤིང་། ཚངས་པ་དང་བརྒྱ་བྱིན་གྱིས་ཕྱག་བྱས་པ་དེ་ལ་འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་མཆོད་ནས་དྲིས་པ་ལ་དྲང་སྲོང་དེས་མཁའ་ལ་རྒྱུ་སྐར་རྣམས་ཇི་ལྟར་བྱུང་བའི་བསྐལ་པའི་སྔོན་མཐའ་རྣམས་དྲན་ནས། རྒྱུ་སྐར་རྣམས་ཀྱི་བཀོད་པ་སོགས་ཐམས་ཅད་བྱས་སོ། །ཡུད་ཙམ་དང་ཉིན་མཚན་དང་ཟླ་བ་ལ་སོགས་པའི་དུས་ཀྱི་ཆ་རྣམ་པར་བཞག་པ་ཡང་བྱས་ཏེ། དེ་ལ་ལྷ་ལ་སོགས་པ་ཐམས་ཅད་མགུ་ནས་དེ་ལྟ་བུའི་སེམས་ཅན་སུ་ཡང་འཇིག་རྟེན་ན་མེད་དོ་ཞེས་བསྔགས་སོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་སེང་གེའི་སྟབས་སུ་འགྲོ་བ་ལས་བཅོམ་ལྡན་འདས་འདི་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བར་གྱུར་པས་ཆོས་ཀྱི་རྣམ་གྲངས་དང་གཟུངས་ཀྱི་ཚིག་ཐོས་པ་ཀུན་བཟུང་ནས་གྲོང་ཁྱེར་ཐམས་ཅད་དུ་ནད་སྣ་ཚོགས་ཀྱིས་གཟིར་བའི་སེམས་ཅན་རྣམས་ཐར་བར་བྱས་པ་དང་། ༈ ཡང་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་སྐར་རྒྱལ་ཟད་པར་མེའི་ཏིང་འཛིན་ལ་བཞུགས་པ་ལ་རྐང་པ་ཡ་གཅིག་གིས་འགྲེང་སྟེ་ཞག་བདུན་གྱི་བར་དུ་བསྐོར་བ་བྱས་ཤིང་ཚིགས་སུ་བཅད་པ་གཅིག་པས་བསྟོད་པ་བྱས་པ་སོགས་སྐྱེས་པའི་རབས་སྣ་ཚོགས་པ་དག་ནི་མདོ་ལས་ཤེས་པར་བྱའོ། །གཞན་ཡང་མདོ་རྣམས་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་དམྱལ་བའི་ལས་མེད་མོད་ཀྱི། སེམས་ཅན་གྱི་ཕྱིར་དམྱལ་བར་སྨོན་ལམ་འདེབས་ཏེ། སྔོན་ཚེ་ལོ་བརྒྱ་ཐུབ་པའི་དུས་ན་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་དམྱལ་བར་སྡུག་བསྔལ་བར་མཐོང་ནས་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའི་དུས་ན། ཡི་དམ་ཆེན་པོ་བསྐྱེད་དེ་དམྱལ་བའི་ལུས་བླངས་ནས། ལོ་ཚད་མེད་པ་སྙེད་དུ་སྡིག་པ་ཅན་རྣམས་ལ་མདོ་སྡེ་བཅུ་གཉིས་རྒྱས་པར་བསྟན་ཏེ། མི་དགེ་བའི་རྣམ་སྨིན་བཅོམ་པས་སེམས་ཅན་དམྱལ་བ་ཡང་སྟོང་པར་བྱས་ཏེ་ལོག་སྲེད་ཅན་ནམས་མ་གཏོགས་པ་བཏུལ་བ་དང་། ཡང་བསྐལ་པ་བཟང་པོ་འདི་ལ་སེམས་ཅན་ཚད་མེད་པ་བྱོལ་སོང་དུ་སྐྱེས་པའི་དོན་དུ་ཤ་ཟ་དང་། དྲེད་མོ་དང་། ཕུག་རོན་དང་། སྤྲེའུ་དང་། ཀླུ་དང་། སྦྲུལ་དང་། མཁའ་ལྡིང་དང་། ཉ་དང་། རུས་སྦལ་དང་། ཝ་དང་། རི་བོང་དང་། བ་ལང་དང་། རྟ་ལ་སོགས་པའི་ལུས་གླངས་ཏེ་སེམས་ཅན་དེ་དག་ལ་ཕན་བཏགས་པ་དང་། ཡང་བསྐལ་པ་བཟང་པོ་འདི་ལ་ཡི་དྭགས་ཚད་མེད་པའི་ནང་དུ་ཡི་དྭགས་ཀྱི་ལུས་སུ་བྱས་ནས་ཕན་བཏགས་པ་དང་། ཤན་པའི་ཁྱིམ་དུ་སྐྱེས་ཏེ། བྱ་དང་ཕག་སོགས་གསོད་ཅིང་ཉ་རྒྱ་བཅིང་བ་དང་། རིགས་ངན་གྱི་ཁྱིམ་དུ་སྐྱེས་ནས་ཆོམ་རྐུན་དག་ཀྱང་བྱས་ཏེ། བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་ལས་ངན་མེད་ཀྱང་། སེམས་ཅན་རྣམ་པར་དགྲོལ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་དེ་ལྟ་བུའི་ལུས་ལེན་ཏེ་སེམས་ཅན་ལ་ཕན་བདེ་བྱེད་དོ། །ཡང་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། དུག་གསུམ་གྱི་སྒོ་ནས་ཆོས་མིན་སྤྱོད་ཅིང་། དཀོན་མཆོག་གསུམ་དང་ལས་འབྲས་ལ་ཡིད་མི་ཆེས་པ། ཕ་མ་དང་གཉེན་བཤེས་རྒན་རབས་ལ་བཀུར་སྟི་མི་བྱེད་པའི་ཚུལ་ཅན་དུ་སྐྱེ་བ་བླངས་ཏེ་སེམས་ཅན་ལ་ཕན་པར་བྱེད་དོ། །གཞན་ཡང་བུད་མེད་དང་། ལུས་ངན་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གི་ལུས་དང་། ཕྲག་དོག་དང་འཇུངས་པ་དང་། སྒྱུ་མ་དང་། བསླུ་བ་སོགས་དང་། ཉུག་རུམ་དང་། མ་ནིང་དང་། མུ་སྟེགས་གཅེར་བུའི་ལུས་ཀྱིས་ལས་འབྲས་སོགས་མེད་པར་སྨྲ་བ་སོགས་སུ་སྐྱེ་བ་བསྟན་ཏེ། སེམས་ཅན་རྣམས་རྣམ་པར་གྲོལ་བའི་ཕྱིར་སྨོན་ལམ་ཆེན་པོའི་གོ་ཆ་བསྟན་པའི་སྟོབས་ཀྱིས་ངན་པར་ལྟ་བའི་ཆོས་ལ་ཞུགས་པའི་ཚུལ་གྱིས་སེམས་ཅན་ལ་ཕན་བདེ་བྱས་པ་མདོ་མྱང་འདས་སོགས་ལས་གསུངས་སོ། །གང་པོས་ཞུས་པ་ལས། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རང་གི་ལུས་སེམས་ཅན་རྣམས་ལ་ཡོངས་སུ་བཏང་སྟེ་དེ་རྣམས་ཀྱི་བྲན་དང་གཡོག་བྱས་ཏེ། ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་སྟེ། ཁ་ཅིག་གིས་ནི་གཤང་གཅི་འདོར་བ་དང་། དེ་བཞིན་དུ་ལུད་ཕོ་བ་དང་། ས་འདོར་བ། རྩྭ་ལེན་པ། འབྲུ་དང་འོ་མ་སོགས་ལེན་པ། ཤིང་དང་སོལ་བ་མེ་དང་ཆུ་ལེན་པ་སོགས་འདི་ལྟ་བུའི་ལས་སྣ་ཚོགས་བྱེད་དུ་བཅུག་པ་ལ། དེ་རྗེས་སུ་མི་བྱའོ་སྙམ་པའི་སེམས་བསྐྱེད་པ་མི་དྲན་ནོ། །སྤོས་དང་མེ་ཏོག་བཟའ་བཏུང་འབྲས་བུ་སོགས་ལེན་དུ་བཏང་ན་ཡང་དེའི་རྗེས་སུ་མ་སོང་བ་མི་དྲན་ནོ། །ལེགས་པར་བྱེད་དུ་བཅུག་པའི་རྗེས་སུ་འགྲོ་བ་དང་། ལེགས་པ་མིན་པ་བྱེད་དུ་བཅུག་པའི་རྗེས་སུ་མི་འགྲོ་བར་སེམས་བསྐྱེད་པ་མི་དྲན་ནོ། །རྒྱལ་རིགས་དང་བྲམ་ཟེ་དམངས་སོགས་ལ་འདིའི་རྗེས་སུ་འབྲང་། འདིའི་རྗེས་སུ་མི་འབྲང་སྙམ་པའི་སེམས་བསྐྱེད་པ་མེད་ཀྱི། གང་གིས་སྔར་བོས་པ་དེའི་རྗེས་སུ་སོང་ངོ་། །ཆོས་བཞིན་གྱི་བྱ་བ་གང་བྱེད་དུ་བཅུག་པ་ལ་ནུས་བཞིན་མ་བྱས་པ་དང་། བྱ་བའི་དངོས་པོ་དེ་དག་ངེས་པར་མཐར་མ་ཕྱིན་པ་ཡོད་པར་རྗེས་སུ་མི་དྲན་ནོ། །ཞེས་དང་། འཇིག་རྟེན་འཛིན་གྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དག་ངས་སྔོན་བརྩོན་འགྲུས་ཆེན་པོའི་ཤུགས་དང་། ཐབས་ལ་མཁས་པ་ཆེན་པོའི་མཐུས་སེམས་ཅན་གྱི་དོན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་སོ། །རིགས་ཀྱི་བུ་དག་ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཉི་མ་གཅིག་ལ་ཡང་ལུས་སྟོང་ཡོངས་སུ་བཏང་སྟེ་སྦྱིན་པ་བྱས་སོ། །རིགས་ཀྱི་བུ་དག་ང་སྔོན་སྐྱེ་བ་བརྒྱ་སྟོང་གི་བར་དུ་སེམས་ཅན་བཀྲེས་སྐོམ་པ་དག་མཐོང་ནས། བདག་གི་ལུས་ཀྱི་ཤ་བཅད་དེ་བཙོས་ནས་སྦྱིན་པར་བྱས་ཀྱང་དེའི་ཚེ་ན་འཁྲུགས་པའམ་འགྱོད་པའི་སེམས་མ་སྐྱེས་ཏེ། སེམས་ཅན་དེ་དག་ལ་ཁྱབ་པར་སྙིང་རྗེ་ཆེན་པོ་ཀུན་ནས་སྐྱེས་སོ་ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའི་དུས་ན། བསམ་གྱིས་མི་ཁྱབ་བའི་གོ་ཆ་ཆེན་པོ་བགོས་ཤིང་། སྦྱོར་བ་ཕར་ཕྱིན་དྲུག་གི་ཉམས་ལེན་ཚད་མེད་པ་ལ་ཞུགས་ནས། སེམས་ཅན་གྱི་དོན་རླབས་པོ་ཆེ་བྱས་པའི་བརྩོན་འགྲུས་དཔག་པར་དཀའ་བ་ཉིད་དུ་ཤེས་པར་བྱའོ། །བརྩོན་འགྲུས་ཀྱི་སྐབས་སོ། ༈ །བཅོམ་ལྡན་འདས་ཉིད་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་དུས་ན་གཏོང་དཀའ་བའི་དངོས་པོ་བཏང་བ་སོགས་ཀྱིས་དམ་པའི་ཆོས་ཡོངས་སུ་བཙལ་བའི་ཚུལ་ཡང་། སྔོན་སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་དུས་ཞིག་ན། བཅོམ་ལྡན་འདས་ཉིད་མུ་སྟེགས་ཅན་གྱི་བྲམ་ཟེ་ཞིག་ཏུ་གྱུར་པ་ན། གཙུག་ལག་ཐམས་ཅད་ཤེས་ཤིང་དུལ་བ། ཉོན་མོངས་པ་མེད་ཅིང་དག་པའི་སེམས་དང་སྤྱོད་ལམ་ཅན་དུ་གྱུར་པས། ཕྱོགས་ཐམས་ཅད་དུ་ཐེག་པ་ཆེན་པོའི་མདོ་སྡེ་བཙལ་ཀྱང་མིང་ཙམ་ཡང་མ་རྙེད་ལ། དེ་དུས་གཅིག་ན་གངས་ཀྱི་རི་འབབ་ཆུ་དང་ཤིང་བཟང་པོ་ལྡན་པར་རྩ་བ་དང་འབྲས་བུ་ཟ་ཞིང་ཏིང་ངེ་འཛིན་ཡིད་ལ་བྱེད་དོ། །དེ་ལོ་ཚད་མེད་པའི་བར་དུ་གནས་ཀྱང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་། ཐེག་པ་ཆེན་པོའི་མདོ་སྡེའི་མིང་ཡང་མ་ཐོས་སོ། །དེ་དེ་ལྟར་དཀའ་ཐུབ་སྤྱོད་པ་ལ། བརྒྱ་བྱིན་དང་ལྷའི་བུ་རྣམས་འདུས་ཏེ། ཕན་ཚུན་ཚིགས་སུ་བཅད་དེ་འདི་ན་འདི་ལྟ་བུའི་དཀའ་ཐུབ་ཅན་གནས་པ་དང་། འདི་མུ་སྟེགས་ཅན་ཡིན་ན་ཐབས་འདིས་བརྒྱ་བྱིན་ལྷའི་ཐབས་འདོད་པ་ཡིན་ནམ་ཞེས་སོགས་སུ་བསྒྲོས་པ་ན། དེར་ལྷའི་སྲས་པོ་དྲང་སྲོང་གཅིག་ཅེས་བྱ་བས། འདིས་ལྷའི་ཐབས་མི་ཚོལ་གྱི། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བདག་གི་ལུས་དང་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ལ་མི་ཆགས་པར་དཀའ་ཐུབ་སྤྱོད་དོ། །འདི་ལྟར་འདི་ནི་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་འབའ་ཞིག་འཚལ་ལོ་ཞེས་སྨྲས་པ་ལ། བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་སྨྲས་པ་བཞིན་དེ་སངས་རྒྱས་ཀྱི་ལྗོན་ཤིང་ཉིད་དུ་འགྱུར་ན་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་སུ་འགྱུར་ཏེ་གྲིབ་མས་ཉོན་མོངས་པའི་གདུང་བ་ཐམས་ཅད་འཇིལ་ཞིང་བདག་སོགས་རྣམས་ཀྱི་ཉོན་མོངས་པའི་གདུང་བ་ཡང་ཞི་བར་བྱེད་མོད། དེ་ནི་ཤིན་ཏུ་ཡིད་ཆེས་དཀའ་སྟེ། སེམས་ཅན་ཚད་མེད་པ་དག་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་། དཔེར་ན་ཆུའི་ཟླ་བ་ཆུ་འགུལ་ན་འགུལ་བ་ལྟར་རྐྱེན་ཅུང་ཟད་ཙམ་གྱིས་ཕྱིར་ལྡོག་པ་སྟེ། རི་མོ་བྲིས་པའི་གཟུགས་བྱ་དཀའ་ལ་གཞིག་སླ་བ་ལྟར་སེམས་དེ་བསྐྱེད་དཀའ་ལ་ལྡོག་སླ་བ་དང་། མི་ཞིག་གོ་མཚོན་དང་བཅས་ཏེ་གཡུལ་དུ་ཆས་པ་དགྲ་དང་ཕྲད་ནས་ཕྱིར་ལྡོག་པ་ལྟར་འཁོར་བའི་འཇིགས་པ་མཐོང་ནས་ཕྱིར་ལྡོག་པ་མང་བས། དེས་ན་སྐྱེས་བུ་དཀའ་བས་སྤྱོད་པ་ཡོངས་སུ་དག་པར་མཐོང་མོད་ཀྱི། འོན་ཀྱང་བླ་མེད་བྱང་ཆུབ་ཀྱི་ཕྱིར་བསམ་པ་བརྟན་མི་བརྟན་ཡིད་མི་ཆེས་པས་དེའི་གན་དུ་སོང་ནས། སྐྱེས་བུ་དེས་བླ་མེད་རྫོགས་པའི་བྱང་ཆུབ་ཕྲག་པ་ལ་བསྐུར་ནུས་སམ་མི་ནུས་བརྟག་པར་བྱའོ། །ཇི་ལྟར་ཤིང་རྟའི་འཕང་ལོ་གཉིས་དང་། བྱ་ལ་འདབ་མ་གཉིས་ཡོད་ན་དོན་གྲུབ་པ་ལྟར། དཀའ་ཐུབ་སྤྱོད་པ་དེ་ཡང་ཚུལ་ཁྲིམས་དང་ལྡན་པ་མཐོང་མོད། ཤིན་ཏུ་ཞིབ་མོའི་ཡེ་ཤེས་ཡོད་མེད་བརྟག་དགོས་ལ། དེ་འདྲའི་ཡེ་ཤེས་ཡོད་ན་བླ་མེད་རྫོགས་བྱང་གི་ཁུར་ལྕི་བ་ཕྲག་པར་ཁྱེར་ནུས་སོ། །ཉ་མོ་ལ་ཕྲུག་གུ་མང་ཡང་ཕྲུག་གུར་འགྱུར་བ་ཉུང་བ་དང་། ཤིང་ཨ་མྲ་ལ་མེ་ཏོག་ཤིན་ཏུ་མང་ཡང་འབྲས་བུར་འགྱུར་བ་ཉུང་བ་ལྟར། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་མང་ཡང་། མཐར་འབྲས་བུར་གྱུར་པ་ཉུང་བའི་ཕྱིར། བདག་ཅག་འགྲོགས་ཏེ་སྐྱེས་བུ་དེ་རྟོག་ཏུ་འདེང་ངོ་། །ཇི་ལྟར་གསེར་བསྲེག་བརྡུངས་བརྡར་བ་བཞིན་བརྟག་པར་བྱའོ་ཞེས་སྨྲས་ནས། བརྒྱ་བྱིན་རང་ཉིད་སྲིན་པོ་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཏུ་བྱས་ཏེ་གངས་ཀྱི་རི་ལས་བབ་ནས་དེའི་ཕྱོགས་ཉེ་བར་ཕྱིན་ཅིང་སྐད་གསང་མཐོ་བས་སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཚིགས་བཅད་ཕྱེད་སྨྲས་པ། ཀྱེ་མའོ་འདུ་བྱེད་རྟག་པ་མིན། །སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན། །ཞེས་བྱས་ཏེ། དེའི་དྲུང་དུ་ཕྱིན་ནས་འཇིགས་པའི་གཟུགས་ཀྱིས་མིག་ཕྱོགས་བཞི་ཀུན་ཏུ་བགྲད་ཅིང་ལྟའོ། །དཀའ་ཐུབ་སྤྱོད་པ་དེས་ཚིགས་བཅད་ཕྱེད་འདི་ཐོས་པ་ན། ཤིན་ཏུ་འཇིགས་པའི་གཡང་སར་མཚན་མོ་གྲོགས་སྟོར་བ་རྙེད་པ་དང་། ནད་ཡུན་རིང་པོ་སྨན་གྱིས་སོས་པ་དང་། རྒྱ་མཚོར་ལྷུང་བ་གཟིངས་དང་འཕྲད་པ་དང་། ཤིན་ཏུ་སྐོམས་པ་ཆུ་བསིལ་དང་འཕྲད་པ་དང་། དགྲས་བདས་པ་ལས་ཤོར་བ་དང་། ཡུན་རིང་པོར་བརྩོན་དུ་བཟུང་བ་ཐར་པ་དང་། ཞིང་ལ་ཐན་ཆེན་བྱུང་བ་ལ་ཆར་བབས་པ་དང་། མགྲོན་པོ་ལམ་རིང་པོ་ནས་ཕྱིར་འཁོར་བ་ཙམ་དུ་དགའ་བ་ཆེན་པོ་སྐྱེས་ཏེ་འདུག་པ་ལས་ལངས་ཤིང་ལག་པས་སྐྲ་བཏེག་ནས་ཕྱོགས་བཞིར་བལྟས་ཏེ་ཚིགས་སུ་བཅད་པ་སྨྲ་བ་འདི་སུ་ཡིན་ཞེས་བལྟས་ན། གཞན་སུ་ཡང་མི་སྣང་གི་སྲིན་པོ་འབའ་ཞིག་མཐོང་ནས་འདི་སྐད་དུ། འདི་ལྟར་རྣམ་གྲོལ་གྱི་སྒོ་འབྱེད་པ་དང་། སངས་རྒྱས་ཀྱི་གསུང་དབྱངས་ཀྱི་འབྲུག་སྒྲ་སྒྲོགས་པ་དང་། འཁོར་བའི་གཉིད་ཀྱིས་ལོག་པ་འདི་ལས་སད་པར་བྱེད་པ་འདི་སུ་ཡིན་ཞེས་སྨྲས་སོ། །འཁོར་བར་མུ་གེས་གདུངས་པ་ལ་བླ་མེད་བྱང་ཆུབ་ཀྱི་རོ་སྟོན་པ་དང་། སེམས་ཅན་ཚད་མེད་པ་འཁོར་བའི་རྒྱ་མཚོར་བྱིང་བ་ལ་གྲུ་ཆེན་པོས་འདྲེན་པ་དང་། སེམས་ཅན་མང་པོ་ཉོན་མོངས་པའི་ནད་ཀྱིས་གཟིར་བ་ལ་སྨན་དུ་གྱུར་པ་འདི་སུ་ཡིན། ཚིགས་བཅད་ཕྱེད་འདི་ཐོས་པས་ཟླ་བ་ཕྱེད་པོས་པདྨོ་བག་གྱིས་ཁ་འབྱེད་པ་ལྟར་བདག་གི་སེམས་བསྐུལ་ཏོ་ཞེས་སྨྲས་སོ། །དེའི་ཚེ་གཞན་སུ་ཡང་མ་མཐོང་ལ་སྲིན་པོ་འབའ་ཞིག་མཐོང་བས་འདི་དག་གིས་སྨྲས་པའམ་སྙམ་ཞིང་། ཡང་འདི་རྣམས་ནི་གཟུགས་འཇིགས་ཤིང་ཤིན་ཏུ་མི་སྡུག་ན། གང་གིས་ཚིགས་བཅད་འདི་ཐོས་པ་དེ་གཟུགས་མི་སྡུག་པ་འཇིགས་རུང་དང་བྲལ་རིགས་ཏེ། མེའི་ནང་ནས་པདྨོ་སྐྱེ་བ་དང་། ཉི་མའི་འོད་ལ་ཆུ་གྲང་མོ་འབྱུང་མི་སྲིད་པ་ལྟར་འདི་དག་འདི་ལྟ་བུ་སྨྲ་སྲིད་དམ་ཡང་སྙམ་ཞིང་། ཡང་བསམས་པ་བདག་ནི་ཤིན་ཏུ་ཤེས་པ་མེད་པ་སྟེ་གལ་ཏེ་སྲིན་པོ་འདི་འདས་པའི་སངས་རྒྱས་དང་འཕྲད་དེ་ཚིགས་སུ་བཅད་པ་ཕྱེད་པོ་ཐོས་ཀྱང་སྲིད་པས། ཚིགས་སུ་བཅད་པ་ཕྱེད་པོ་འདིའི་དོན་སྲིན་པོ་འདི་ལ་དྲི་བར་བྱའོ་སྙམ་སྟེ། ལེགས་སོ་སྐྱེས་བུ་ཆེན་པོ་ཁྱོད་འདས་པའི་སངས་རྒྱས་ཀྱི་གསུང་འདི་སུ་ལས་ཐོས། འདིའི་དོན་ནི་དུས་གསུམ་སངས་རྒྱས་རྣམས་ཀྱི་ལམ་ཡིན་ཏེ། འཇིག་རྟེན་གྱི་སེམས་ཅན་ལྟ་བས་གླེགས་པའི་མུ་སྟེགས་ཅན་གྱིས། འཇིག་རྟེན་ལས་འདས་པ་སྟོབས་བཅུ་པས་གསུངས་པའི་དོན་འདི་མི་ཐོས་སོ་ཞེས་དྲིས་པ་དང་། དེ་དག་ན་རེ། བྲམ་ཟེ་དེ་སྐད་དུ་མ་འདྲི་ཞིག །ཁོ་བོ་ཞག་མང་དུ་འདས་ཏེ་ཟས་མ་རྙེད་པས་སྔར་སྨྲས་པ་ཡང་བཀྲེས་སྐོམ་གྱི་གདུངས་ཏེ་མྱོས་བཞིན་སྨྲས་པར་ཟད་ཀྱིས་དྲན་བཞིན་དུ་མ་ཡིན་ནོ། །བདག་ནམ་མཁར་འཕུར་ཏེ་སྒྲ་མི་སྙན་དང་ལྷའི་གནས་ཀྱི་བར་དུ་ཕྱིན་ཀྱང་བདག་གིས་ཟས་མ་རྙེད་ནས་དེ་སྐད་སྨྲས་པ་ཡིན་ནོ། །བྲམ་ཟེ་དེས་སྲིན་པོ་ལ་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ཚིགས་སུ་བཅད་པ་འདི་རྫོགས་པར་སྨྲས་ན་བདག་ཚེ་གཅིག་ཏུ་ཁྱོད་ཀྱི་སློབ་མར་དམ་བཅའོ། །འདིའི་ཚིག་དང་དོན་གྱི་ཆ་རྫོགས་པར་མཛོད་ཅིག །སྲིན་པོས་སྨྲས་པ། ཁྱོད་ཤེས་པ་ལྷག་ཆེ་སྟེ། ཁྱོད་རང་གི་དོན་ཆེར་འཛིན་གྱི། ཁོ་བོའི་བསམ་པ་མི་སེམས་པ་སྟེ། ཁོ་བོ་བཀྲེས་པས་གདུངས་ནས་སྨྲ་མི་འདོད་དོ། །བྲམ་ཟེ་དེས་ཁྱོད་ཟས་ཅི་ཞིག་ཟ་ཞེས་དྲིས་པ་ན། དེས་སྨྲས་པ། དེ་སྐད་མ་འདྲི་ཞིག །སྨྲས་ན་མི་མང་པོ་སྐྲག་པར་འགྱུར་རོ། །བྲམ་ཟེ་ན་རེ། ཡུལ་སྟོང་པ་འདིར་མི་ཡང་མེད་ཅིང་ང་ནི་ཁྱོད་ལ་མི་འཇིགས་ན་ཅིའི་ཕྱིར་མི་སྨྲ། སྲིན་པོ་ན་རེ། ཁོ་བོ་ནི་ཟས་སུ་མིའི་ཤ་རྗེན་པ་དང་ཁྲག་དྲོན་མོ་འཐུང་སྟེ་ཁོ་བོ་བསོད་ནམས་ཆུང་བས་ཟས་འདི་ལྟ་བུ་བཙལ་ཀྱང་མ་རྙེད་དོ། །འཇིག་རྟེན་ན་མི་ཤིན་ཏུ་མང་མོད་ཀྱི་ཐམས་ཅད་བསོད་ནམས་དང་ལྡན་པ་ཤ་སྟག་ལ་ལྷས་ཀྱང་བསྲུངས་པས་བདག་དེ་དག་གསོད་ཅིང་ཟ་བའི་མཐུ་མེད་དོ། །བྲམ་ཟེ་ན་རེ། ཁྱོད་ཚིགས་བཅད་འདི་དོན་དང་བཅས་པར་རྫོགས་པར་སྨྲོས་དང་ངའི་ལུས་འདི་ཁྱོད་ལ་གཏང་བར་བྱ་སྟེ། སྟག་སྤྱང་ལ་སོགས་པས་ལུས་མང་པོ་ཟོས་ཀྱང་སྤུ་ཉག་ཙམ་གྱི་བསོད་ནམས་མི་སྐྱེད་ཀྱི་བླ་མེད་རྫོགས་བྱང་གི་ཕྱིར་དུ་སྙིང་པོ་མེད་པའི་ལུས་འདི་ལས་སྙིང་པོ་དང་བཅས་པའི་ལུས་སུ་འགྱུར་བར་བྱའོ། །སྲིན་པོ་ན་རེ། ཁྱོད་ཡི་གེ་འབྲུ་བརྒྱད་པོའི་ཕྱིར་ལུས་ཡོངས་སུ་གཏོང་ངོ་ཞེས་སྨྲ་བར་སུས་ཡིད་ཆེས། བྲམ་ཟེ་ན་རེ། མི་ཞིག་ཁམ་ཕོར་དང་རིན་པོ་ཆེའི་སྣོད་བརྗེས་པ་བཞིན་དུ་སྙིང་པོ་མེད་པའི་ལུས་འདིས་རྡོ་རྗེ་ལྟ་བུའི་ལུས་ཐོབ་པ་ན། ཅིའི་ཕྱིར་ལུས་མི་གཏོང་སྟེ། ཁོ་བོའི་དཔང་དུ་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་ཆེན་སོགས་ཡོད་དོ། །གཞན་བྱང་ཆུབ་སེམས་དཔའ་དང་ཕྱོགས་བཅུའི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དཔང་དུ་བྱས་ཏེ་ཡི་གེ་འབྲུ་བརྒྱད་པོའི་ཕྱིར་ལུས་འདི་གཏོང་ངོ་། །སྲིན་པོ་ན་རེ། དེ་ལྟར་ཁྱོད་ལུས་གཏོང་ཕོད་ན་ལེགས་པར་ཉོན་ཅིག་ཚིགས་བཅད་འདི་ཡང་བསྟན་པར་བྱའོ། །དེ་ཐོས་པས་བྲམ་ཟེ་དགའ་སྟེ་ལུས་ལ་གྱོན་པའི་གོས་ཕུད་ནས་སྟན་དུ་བཏིང་སྟེ། དེར་བཞུགས་སུ་གསོལ་ནས་ཐལ་མོ་སྦྱར་ཏེ་ཚིགས་བཅད་ཕྱེད་པོ་སྟོན་པར་གསོལ་བ་བཏབ་པ་དང་། སྐྱེས་ནས་འགོག་པར་འགྱུར་བས་ན། དེ་དག་ཉེ་བར་ཞི་བ་བདེ། ཞེས་སྨྲས་ཏེ། ད་ཁྱོད་ཚིགས་བཅད་ཡོངས་རྫོགས་ཐོས་ཀྱི། ཅི་ཁྱོད་སེམས་ཅན་ལ་ཕན་བདེ་སྤྱོད་པ་ཡང་དག་པ་ཡིན་ན་ད་ཁྱོད་ལུས་སྦྱིན་པའི་དུས་ལ་བབ་བོ་ཞེས་ཟེར་རོ། །དེར་བྲམ་ཟེ་དེས་དོན་འདི་ཤིན་ཏུ་ཡིད་ལ་བྱས་ནས། བྲག་དང་རྩིག་ངོས་ཤིང་དང་ལམ་ཁ་ཀུན་ཏུ་ཚིགས་བཅད་འདི་བྲིས་ནས། ལུས་ཀྱི་ཤ་མི་སྣད་པར་བྱ་བའི་ཕྱིར་གོས་བསྡམས་ནས་ཤིང་ཁར་འཛེགས་སོ། །དེའི་ཚེ་ཤིང་གི་ལྷས། ལེགས་སོ་སྐྱེས་བུ་དམ་པ་ཁྱོད་ད་ལྟར་ཅི་ཞིག་བྱེད་སྙམ་ཞེས་དྲིས་པ་དང་། དེས་ཚིགས་བཅད་ཐོས་པའི་དྲིན་བསབ་སྙམ་དུ་སེམས་སོ། །ཤིང་གི་ལྷས་སྨྲས་པ། ཚིགས་བཅད་དེ་ཐོས་ན་ཕན་པའི་དོན་ཅི་ཞིག་ཡོད། བྱང་ཆུབ་སེམས་དཔས་སྨྲས་པ། ཚིགས་བཅད་འདི་ནི་འདས་དང་མ་འོངས་ད་ལྟའི་སངས་རྒྱས་རྣམས་ཀྱིས་སྟོང་པ་ཉིད་འབྱེད་པའི་ཆོས་ཡིན་ཏེ། ངས་ཆོས་འདིའི་ཕྱིར་ལུས་གཏོང་གི། རྙེད་གྲགས་དང་འཁོར་སྒྱུར་དང་ལྷ་དང་ཚངས་པ་སོགས་བདེ་བའི་ཕྱིར་ནི་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཕྱིར་གཏོང་ངོ་། ། བདག་གི་ལུས་འདི་གཏོང་བ་མཐོང་ནས་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་གནས་པ་དང་། གང་སྦྱིན་པ་ལ་ཞེན་པ་ང་རྒྱལ་གྱིས་ཟིན་པ་དག་ཀྱང་འདི་ལྟར་གཏོང་བ་འདི་མཐོང་བར་ཤོག་ཅེས་སྨོན་ལམ་བཏབ་སྟེ། མཆིལ་མ་དང་ས་རྡོ་ལྟར་ལུས་བཏང་སྟེ་ཤིང་ཁ་ནས་མཆོངས་སོ། །དེའི་སྟེང་གི་བར་སྣང་ལས་སྒྲ་སྐད་སྣ་ཚོགས་སྲིད་རྩེའི་མཐར་ཐུག་པར་གྲགས་སོ། །སྲིན་པོ་དེ་བརྒྱ་བྱིན་རང་གི་ལུས་སུ་བསྒྱུར་ནས། བྱང་ཆུབ་སེམས་དཔའ་ས་ལ་མ་ལྷུང་བར་བདེ་བར་བཞག་སྟེ། བརྒྱ་བྱིན་དང་ལྷའི་སྲས་པོ་དང་ཚངས་པ་ཆེན་པོའི་རྒྱལ་པོར་བཅས་པས་བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་བྱས་ཏེ་ལེགས་སོ་ལེགས་སོ་བྱང་ཆུབ་སེམས་དཔའ་ཡང་དག་པ་སྟེ། སེམས་ཅན་ཚད་མེད་པ་ལ་ཕན་བདེའི་དོན་དུ་འགྱུར་བ། མ་རིག་པའི་མུན་པ་ཆེན་པོར་ཆོས་ཆེན་པོའི་སྒྲོན་མ་སྣང་བར་བྱེད་པ། བདག་ནི་དེ་བཞིན་གཤེགས་པའི་ཆོས་ཆེན་པོ་བསྲུང་ཞིང་བསྐྱབས་པའི་ཕྱིར་ཁྱོད་ཀྱི་སེམས་འཁྲུགས་པའི་གནོད་པ་བྱས་པ་དག །འགྱོད་ཅིང་མཐོལ་ལོ། །ཁྱོད་མ་འོངས་པའི་དུས་སུ་འཚང་རྒྱ་བ་ན། བདག་ཅག་ཀྱང་བསྒྲལ་བར་སྨོན་ནོ་ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །དེ་ལྟར་ཚིགས་སུ་བཅད་པ་ཕྱེད་ཀྱི་ཕྱིར་ལུས་བཏང་བའི་རྒྱུ་དང་རྐྱེན་དེས་བསྐལ་པ་བཅུ་གཉིས་ཀྱི་ཚོགས་རྫོགས་ནས་བྱམས་པ་བས་སྔོན་དུ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བ་ཚུལ་ཁྲིམས་སོགས་དགེ་བའི་ཆོས་དང་ལྡན་པར་གྱུར་ཏེ་སྙན་གྲགས་དང་ལྡན་པ་ན། བྲམ་ཟེ་ཞིག་དེ་ལ་ཕྲག་དོག་སྐྱེས་ཏེ་ཁྱོད་མེའི་དོང་དུ་མཆོང་ནུས་ན་བདག་གིས་ལེགས་པར་བཤད་པ་བསྒྲག་པར་བྱའོ་ཞེས་སྨྲས་པ་ལ་དེ་བཞིན་དུ་ཁས་བླངས་པའི་ཚེ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མེ་དོང་དུ་མི་འདོར་བར་བཟློག་ཀྱང་སློབ་དཔོན་གྱི་དགོངས་པ་བསྐང་ཕྱིར་ལྡོག་ཏུ་མ་བཏུབ་ནས་མེ་དོང་སྟ་གོན་བྱས་ཏེ་བྲམ་ཟེ་ལ་ཆོས་བསྒྲག་པར་གསོལ་བ་བཏབ་པ་ན། བྲམ་ཟེ་དེས། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། །རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད། །བརྩོན་འགྲུས་མཆོག་གི་གནས་ནི་བརྩམ་པར་གྱིས། །ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། །ཅེས་སྨྲས་པ་ལེགས་པར་བཟུང་སྟེ་སྐྱེ་བོ་ཕལ་པོ་ཆེ་བསོགས་ཤིང་། དེ་རྣམས་ལ་ཚིགས་བཅད་འདི་སྨྲས་ནས། བདག་བླ་མེད་བྱང་ཆུབ་ཀྱི་ཕྱིར་གཏོང་བ་འདི་བྱས་པ་ལ་འབྲས་བུ་མེད་པར་མ་གྱུར་ཅིག །ཅེས་བདེན་པ་བརྗོད་ནས་མེ་དོང་དུ་མཆོངས་པས་མེ་ཤི་སྟེ། པདྨའི་རྫིང་བུར་གྱུར་པའི་སྟེང་དུ་འདུག་ནས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་གྱི་ཆོས་བསྟན་ཏོ། །བྲམ་ཟེ་དེ་ནི་ལུས་ཐམས་ཅད་ལ་མེ་འབར་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བ་ལ། ཆོས་འདོད་ཀྱིས་སྨྲས་པ། སློབ་དཔོན་མ་བརྙེངས་ཤིག །བདག་གིས་ཁྱོད་བསྐྱབ་པར་བྱའོ་ཞེས་བྱས་ནས། བདག་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ལ་སྤྱོད་པའི་བདེན་པ་དེས། བྲམ་ཟེ་འདིའི་ལུས་ཚིག་པ་ཞི་ནས་སེམས་ཅན་དམྱལ་བ་ལས་ཐར་བར་ཤོག་ཅེས་སྨྲས་པས། བྲམ་ཟེ་དེ་དམྱལ་བ་ལས་ཐར་བར་གྱུར་ཏོ། །དེ་དུས་ཀྱི་བྲམ་ཟེ་ནི་ཁྱིམ་བདག་དཔལ་སྦས་ཡིན་ནོ་ཞེས་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བདག་གི་བ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་པའི་ཚེ་ན་བཙུན་མོ་དམ་པ་དང་བུ་ཐུ་བོ་གཞོན་ནུ་དང་ལྷན་ཅིག་བཀད་སར་སོང་ནས་འཁོད་པ་ལ། ཤ་ཟ་གཟུགས་མཆོག་ཏུ་མི་སྡུག་པ་ཞིག་གིས་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ། བདག་གིས་སྔོན་དེ་བཞིན་གཤེགས་པ་ལས་ཆོས་ལེགས་པར་བཤད་པ་ཐོས་པ་དེ་ཁྱོད་དོན་དུ་གཉེར་ན་ཟུངས་ཤིག །རྒྱལ་པོས་སྨྲས་པ། འབྱུང་པོ་ཆེན་པོ་ལེགས་པར་གསུངས་པ་འདོད་ཀྱིས། ཁྱོད་གང་འདོད་པ་དེ་ངས་སྦྱིན་ནོ། །དེས་སྨྲས་པ། བདག་ཁྱོད་ཀྱི་སྡུག་པ་གསུམ་པོ་བདག་ཉིད་དང་བུ་དང་ཆུང་མ་དག་བདག་ལ་བྱིན་ན་ལེགས་པར་གསུངས་པ་ཕྱིས་བཤད་དོ། །རྒྱལ་པོས་སྨྲས་པ། འདི་དག་གིས་ཅི་ཞིག་བྱ། དེས་སྨྲས་པ། བཟའ་བར་བྱ་སྟེ་ཆོས་ཀྱང་བཤད་དོ། །དེ་ནས་རྒྱལ་པོས་གཡས་ཀྱི་བུ་དང་། previous hit གཡོན་ལོགས་ན་འདུག་པའི་ཆུང་མ་ལ་བལྟས་པ་དང་། ཤ་ཟ་དེས་སྨྲས་པ། རྒྱལ་པོ་ཆེན་པོ་མྱུར་དུ next hit་ཐོང་ལ་ལེགས་པར་གསུངས་པ་གང་ཞིག་འཁོར་བ་ལས་སྒྲོལ་བར་འགྱུར་བའི་ཆེད་དུ་ཉོན་ཅིག །དེ་ནས་རྒྱལ་པོའི་ལྷག་པའི་བསམ་པ་རིག་ནས། ཤ་ཟ་དེས་ཚིགས་བཅད་སྨྲས་པ། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བ་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་ལེགས་པར་གསུངས་པའི་ཚིགས་བཅད་འདི་ནི་ངོ་མཚར་ཆེ་སྟེ། འདིའི་དོན་དུ་བདག་གི་བུ་གངྒཱའི་བྱེ་སྙེད་བཏང་ནས་ཀྱང་ཚིགས་བཅད་འདི་འདོད་པར་བྱའོ་སྙམ་དུ་སྟན་ལས་ལངས་ཤིང་། ལག་པ་གཡས་པས་བུ་བཟུང་སྟེ་སྦྱིན་པར་བརྩམ་པ་དང་། ཤ་ཟ་དེའི་གཟུགས་མི་སྣང་བར་བརྒྱ་བྱིན་ཉིད་དུ་བསྟན་ནས་སྦྱིན་ལ་དཔའ་བ་ལེགས་སོ་ཞེས་བསྔགས་ཏེ་ཁོ་བོ་ནི་བརྒྱ་བྱིན་ཏེ་མཆོག་གང་འདོད་སློངས་ཤིག་ཅེས་སྨྲས་པ་ན། རྒྱལ་པོས་སྐྱེ་རྒ་ན་འཆི་མྱ་ངན་སོགས་མེད་པའི་མཆོག་སྩོལ་ཅིག་ཅེས་བྱས་པ་ལ། བརྒྱ་བྱིན་གྱིས་དེ་ནི་བདག་ལ་དབང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལ་མངའ་བརྙེས་སོ། །མཆོག་གཞན་གང་འདོད་སློངས་ཤིག །དེ་ལ་རྒྱལ་པོས་སྨྲས་པ། དབང་ཕྱུག་ལ་ཡང་དབང་མེད་པ་དག་བྱིས་པ་མཐོང་ངོ་ཅོག །བརྒྱ་བྱིན་ཡི་ཆད་འདི་ལྟར་གླང་ཆེན་འདམ་སོང་ཉམས་པ་བཞིན། ཅེས་སྨྲས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཁ་དོག་དམ་པ་ཞེས་བགྱི་བ་འཇིག་རྟེན་འདིར་དབང་བསྒྱུར་བའི་མཐུ་དང་གཟི་བརྗིད་ཆེན་པོ་དང་ལྡན་པར་གྱུར་པ་དེས་བདག་གིས་རིན་པོ་ཆེ་དང་ལོངས་སྤྱོད་ཀྱིས་འགྲོ་བ་རྣམས་ལ་ཕན་བཏགས་ཀྱི། དམ་པའི་ཆོས་ཀྱིས་ཕན་འདོགས་པར་མ་བྱས་པས། དམ་པའི་ཆོས་བཙལ་ཏེ་སེམས་ཅན་རྣམས་དགྲོལ་བར་བྱའོ་སྙམ་དུ། འདི་ལྟར་བཀར་བཏགས་ཏེ་འཛམ་གླིང་འདི་ན་སུ་ལ་དམ་པའི་ཆོས་ཡོད་དེ་བདག་ལ་སྟོན་པར་གྱུར་ན། དེའི་ཡིད་ལ་ཅི་འདོད་པ་སྦྱིན་ནོ་ཞེས་བསྒྲགས་ཀྱང་སྟོན་ནུས་པ་སུ་ཡང་མ་བྱུང་ངོ་། །དེ་ནས་རྒྱལ་པོ་དེ་མྱ་ངན་གྱིས་ཡིད་གདུངས་པ་ངལ་བསོས་བུས་ཐོས་ནས་སད་པའི་སླད་དུ། བདག་ཉིད་གནོད་སྦྱིན་འཇིགས་པ་ཞིག་ཏུ་སྤྲུལ་ནས། ཕོ་བྲང་གི་སྒོར་སུ་ཆོས་ཐོས་འདོད་པ་ང་ལས་ཉོན་ཅིག །ཅེས་སྨྲས་སོ། །དེ་ཐོས་པས་རྒྱལ་པོ་མགུ་ཞིང་། གནོད་སྦྱིན་དེ་ལ་ཕྱག་བྱས་ནས་སྟན་མཐོན་པོ་ལ་བཞག་བློན་པོ་དང་འཁོར་མང་པོ་བསྡུས་ཏེ་འཁོད་པ་དང་། གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། ཆོས་ཐོས་པ་ནི་ཤིན་ཏུ་དཀའ་བས། ཆོས་ཉན་པར་འདོད་ན་འདི་ཙམ་གྱིས་མི་ཆོག་སྟེ། བཙུན་མོ་དང་སྲས་ཁོ་བོ་ལ་ཟར་བཅུག་ན་ཆོས་སྦྱིན་ནོ། །དེ་ནས་རྒྱལ་པོ་དེས་བཙུན་མོའི་ནང་ན་གང་ཕངས་པ་དང་སྲས་གནོད་སྦྱིན་ལ་ཕུལ་ལོ། །གནོད་སྦྱིན་དེས་འཁོར་མང་པོའི་ནང་དུ་ཐམས་ཅད་ཀྱིས་མཐོང་བཞིན་ཟོས་སོ། །བློན་པོ་རྣམས་ཀྱིས་ཆོ་ངེས་བཏབ་ཀྱང་རྒྱལ་པོ་དེ་ཆོས་འཚོལ་བའི་ཕྱིར་ཤིན་ཏུ་བརྟན་པ་བཟློག་མ་ནུས་སོ། །གནོད་སྦྱིན་དེས་དེ་དག་ཟོས་ནས། ཚིགས་སུ་བཅད་པ་སྨྲས་པ། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང་། །བདག་དང་བདག་གི་བ་ཡང་མེད། །ཅེས་སྨྲས་པ་དང་། རྒྱལ་པོ་དགའ་མགུ་རངས་ཏེ། བ་སྤུའི་ཉག་མ་ཙམ་གྱི་འགྱོད་སེམས་མ་སྐྱེས་སོ། །དེ་ནས་ཡི་གེར་བྲིས་ནས་འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ་ཐམས་ཅད་ལ་སློབ་དུ་བཅུག་གོ། །དེ་ནས་ངལ་བསོས་བུ་བདག་ཉིད་ཀྱི་ལུས་སུ་བསྒྱུར་ནས་ཤིན་ཏུ་ལེགས་སོ་ཞེས་བསྔགས་ཤིང་སྲས་དང་བཙུན་མོ་སྔོན་བཞིན་དུ་སླར་གཏད་དོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འཛམ་བུའི་གླིང་འདིར་རྒྱལ་པོ་ཀན་ཤི་ནི་བ་ལི་ཞེས་བྱ་བ་རྒྱས་ཕྲན་མང་པོ་ལ་དབང་བགྱིད་པ་སྙིང་རྗེ་ཤིན་ཏུ་ཆེ་བར་གྱུར་པ་འདི་སྙམ་དུ། བདག་ནི་འགྲོ་བ་མང་པོའི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས། བདག་གིས་དམ་པའི་ཆོས་ཀྱིས་ཕན་གཏགས་པར་བྱའོ་བསམས་ནས། བློན་པོ་ལ་བཀར་བཏགས་ཏེ། སུས་དམ་པའི་ཆོས་བདག་ལ་སྟོན་ན་ཅི་འདོད་པ་སྦྱིན་ནོ་ཞེས་བསྒོ་བ་དང་། བྲམ་ཟེ་ལེའུ་དུ་ཅི་བྱ་བ་ཞིག་གིས་བདག་ལ་ཆོས་ཡོད་དོ་ཞེས་སྨྲས་པ་ན། རྒྱལ་པོས་དེ་ལ་བཀུར་སྟིར་བྱས་ཏེ་ཆོས་ཉན་འདོད་པ་ན། དེས་སྨྲས་པ། གལ་ཏེ་ཆོས་ཐོབ་འདོད་ན། རྒྱལ་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་བྱེད་ནུས་ན་བསྟན་ནོ་ཞེས་སྨྲས་སོ། །དེ་ལ་ལྷག་པར་མགུ་ནས། འཛམ་བུའི་གླིང་ཐམས་ཅད་དུ་ཕོ་ཉ་བཀྱེ་སྟེ། རྒྱལ་པོ་ཀན་ཤི་ནི་བ་ལེ་ད་སྟེ་ཞག་བདུན་ན་ཆོས་ཀྱི་ཕྱིར་དུ་ལུས་ཀྱི་ཤ་ཕུག་སྟེ་མར་མེ་སྟོང་འཛུགས་སོ་ཞེས་བསྒྲགས་པ་ཐམས་ཅད་སོ་སོ་ནས་མྱ་ངན་གྱིས་གདུངས་པས་དེར་ལྷགས་ནས་ཕྱག་བྱས་ཏེ། བདག་ཅག་ཐམས་ཅད་ནི་ལོང་བ་དམིགས་བུའམ་བུ་ཆུང་མ་ལ་བསྟེན་པ་དང་འདྲ་བར་ཁྱོད་ལ་བརྟེན་པར། གལ་ཏེ་སྐུ་ལ་མར་མེ་སྟོང་བཙུགས་ན་ངེས་པར་སྲོག་དང་འབྲལ་བའི་ཕྱིར་ན་བྲམ་ཟེ་གཅིག་གི་སླད་དུ་འཇིག་རྟེན་འདིའི་སེམས་ཅན་རྣམས་ཡོངས་སུ་བཏང་བ་མི་རིགས་ཞེས་བཙུན་མོ་དང་སྲས་རྒྱལ་ཚབ་ལྔ་བརྒྱ་དང་། བློན་པོ་ཁྲི་དག་གིས་གསོལ་བ་བཏབ་ཀྱང་རྒྱལ་པོ་ཡི་དམ་བརྟན་པས་བཟློག་ཏུ་མ་བཏུབ་པར། ནམ་བདག་མངོན་པར་སངས་རྒྱས་པ་ན་ཁྱེད་རྣམས་བསྒྲལ་བར་བྱའོ་ཞེས་སྨྲས་ནས་རྒྱལ་པོས་རང་གི་ལུས་ཕུག་ཏུ་བཅུག་སྟེ་མར་མེའི་སྙིང་པོ་སྣུམ་གྱིས་བསྐུས་པ་སྟོང་བྱས་ནས། བྲམ་ཟེ་ལ་སྨྲས་པ། སྔར་བདག་ལ་ཆོས་བསྟན་ནས། དེའི་འོག་ཏུ་མར་མེ་ཚུགས་ཤིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བྲམ་ཟེས་ཚིགས་སུ་བཅད་པ་འདི་སྨྲས་སོ། །རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུ་བ་ཡོད་ན་བྲལ་བར་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་པ་འདི་སྨྲས་མ་ཐག་ཏུ་རྒྱལ་པོ་དེ་དགའ་མགུ་རངས་ཏེ་འགྱོད་པའི་སེམས་མེད་བཞིན་དུ། བདག་ཆོས་འཚོལ་བ་འདི་སངས་རྒྱས་སུ་སྒྲུབ་པའི་ཕྱིར་ཡིན་ཏེ། ཕྱིས་མངོན་པར་སངས་རྒྱས་པ་ན་ཡེ་ཤེས་ཀྱི་འོད་ཀྱིས་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་ཡི་དམ་བཅས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་སོ། །ལྷ་དང་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་ལ་ལྷགས་ནས་བྱང་ཆུབ་སེམས་དཔའ་དེ་ལྟ་ཞིང་ངུ་ལ་མེ་ཏོག་གི་ཆར་ཀྱང་ཕབ་བོ། །དེར་ལྷའི་དཔང་བོ་བརྒྱ་བྱིན་གྱིས་ཀྱང་རྣམ་པ་སྣ་ཚོགས་ཀྱིས་བསྔགས་ནས། འདི་སྐད་དུ་རྒྱལ་པོ་ཆེན་པོ་ཁྱོད་ཤིན་ཏུ་སྡུག་བསྔལ་བ་འདི་ལ་འགྱོད་པ་མེད་དམ། རྒྱལ་པོས་སྨྲས་པ་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་ལུས་འདར་ཞིང་ཉམས་མི་བདེ་བཞིན་དུ་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་ཐོག་མ་ནས་ཐ་མའི་བར་དུ་བདག་འགྱོད་པ་མེད་ན་ལུས་ཀྱི་རྨ་འདི་སྔ་མ་བཞིན་སོས་པར་གྱུར་ཅིག །ཅེས་སྨྲས་མ་ཐག་ཏུ་སྔར་བཞིན་རྨ་མེད་པར་གྱུར་ཏོ། ༈ །ཡང་སྔོན་འཛམ་གླིང་འདིར་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལི་ཞེས་བྱ་བར་གྱུར་པས། གང་དམ་པའི་ཆོས་སྟོན་པ་ལ་ཅི་འདོད་སྦྱིན་པར་དྲིལ་བསྒྲགས་པ་དང་། བྲམ་ཟེ་ལེའུ་དུ་ཆུ་ཞེས་བྱ་བས་ཁྱོད་ཀྱི་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་ན་ཆོས་སྦྱིན་ནོ་ཞེས་བྱས་པ་ལ། དེ་བཞིན་དུ་ཁས་བླངས་ཏེ། ཡུལ་ཀུན་དུ་དྲིལ་བསྒྲགས་པས་ཐམས་ཅད་ཀྱིས་བཀག་ཀྱང་བཟློག་ཏུ་མ་བཏུབ་པར། དང་པོར་ཆོས་སྟོན་པར་བསྐུལ་བ་དང་། བྲམ་ཟེ་དེས། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་པས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཞེས་སྨྲས་པ་ལ་མགུ་ཞིང་ལུས་ལ་ལྕགས་གཟེར་སྟོང་བཏབ་པས། རྒྱལ་ཕྲན་དང་བློན་པོ་དང་འཁོར་མང་པོ་ངུ་ཞིང་ས་ལ་འགྱེལ། ནམ་མཁའི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་མཆི་མ་འབྱིན། དེ་ནས་བརྒྱ་བྱིན་དེར་འོངས་ཏེ་ཁྱོད་འདི་ལྟར་དཀའ་བ་བྱེད་པ། བརྒྱ་བྱིན་དང་འཁོར་སྒྱུར་སོགས་འདོད་དམ། རྒྱལ་པོས་སྨྲས་པ། བདག་གིས་ཁམས་གསུམ་གྱི་བདེ་བ་འདོད་པ་མ་ཡིན་གྱིས། བསོད་ནམས་ཅི་སྙེད་ཡོད་པ་འདི་སངས་རྒྱས་འདོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་བལྟས་ན། རྒྱལ་པོའི་ལུས་འདར་ཞིང་མི་བཟོད་པ་ལགས་ན། འདི་སྐད་ཟེར་ཞིང་འགྱོད་པ་མེད་ཅེས་སྨྲས་པ་ལ་སུ་ཞིག་ཡིད་ཆེས། རྒྱལ་པོས་སྨྲས་པ། གལ་ཏེ་འགྱོད་པའི་སེམས་མེད་ན་ལུས་སྔ་མ་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་པའི་མོད་ལ་ལུས་སྔ་མ་ལྟར་གྱུར་ཏེ་ལྷ་དང་མི་རྣམས་དགའོ། ༈ །ཡང་སྔོན་གྱི་ཚེ་འཛམ་གླིང་འདིར་རྒྱལ་པོ་ཚངས་པའི་ལྷ་ཞེས་པའི་བུ་རྒྱལ་ཚབ་ང་མ་གམ་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་སྐྱེ་བ་བཞེས་ཏེ། དེས་དམ་པའི་ཆོས་ཕྱོགས་ཀུན་ཏུ་བཙལ་ཀྱང་མ་རྙེད་པས་ཡི་མུག་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས་བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ། རྒྱལ་པོའི་ཕོ་བྲང་གི་སྒོར་སྡོད་ཅིང་ཆོས་ཡོད་དོ། །ཞེས་སྨྲས་པ་དང་། དེས་ཆོས་སྟོན་པ་ལ་ཅི་བཞེད་པ་གཏོང་བར་ཁས་བླངས་པ་ལ། མེའི་དོང་ཟབས་སུ་ཁྲུ་བཅུ་པའི་ནང་མེ་མུར་གྱིས་བཀང་ལ་དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱ་ན་ཆོས་བསྟན་ཏོ་ཞེས་སྨྲས་པ། དེ་བཞིན་དུ་ཁས་བླངས་ཏེ་མེ་དོང་ཆེན་པོ་བྱས་སོ། །དེའི་ཚེ་རྒྱལ་པོ་དང་བཙུན་མོ་དང་བློན་པོ་དང་ཕོ་བྲང་གི་སླས་རྣམས་ཡིད་མི་བདེ་ནས། རྒྱལ་བུ་དང་བྲམ་ཟེ་ལ་དེ་ལྟར་མི་བྱེད་པར་གསོལ་བ་བཏབ་སྟེ་བདག་གི་ལུས་བཞེད་ན་ཡང་འབུལ་ལོ་ཞེས་བྱས་སོ། །བྲམ་ཟེས་སྨྲས་པ། བདག་གིས་ནན་གྱིས་མི་བྱར་མི་རུང་བ་ནི་མེད་ཀྱི། རྒྱལ་བུས་ཅི་བསམ་པ་དེར་ཟད་དེ། གལ་ཏེ་དེ་ལྟར་ནུས་ན་ནི་ཆོས་བསྟན་ལ། མི་ནུས་ན་མི་བསྟན་ཏོ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུས་དེ་ལྟར་ཆོས་ཀྱི་ཆེད་དུ་ད་སྟེ་ཞག་བདུན་ན་མེ་དོང་དུ་མཆོང་བར་བྱེད་པས་ཁྱེད་ཅག་སུས་མཐོང་འདོད་པ་མྱུར་དུ་ཤོག་ཅེས་ཡུལ་ཀུན་ཏུ་ཕོ་ཉ་བཏང་བས་རྒྱལ་ཕྲན་དང་འབངས་མང་པོ་ལྷགས་ཏེ། རྒྱལ་བུ་ལ་དེ་ལྟར་མི་བགྱིད་པར་གསོལ་ཀྱང་རྒྱལ་བུས་སྨྲས་པ། བདག་ནི་ཡུན་རིང་པོར་འཁོར་བ་ན། ལུས་གྲངས་མེད་ཅིག་འཕོས་པར་གྱུར་ཏེ། ལྷ་དང་མིའི་ནང་དུ་སྐྱེས་པ་ན་ཡང་འདོད་པས་ཆོག་མི་ཤེས་པས་མནར་བ་དང་། ངན་སོང་རྣམས་སུ་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་མྱོང་སྟེ་ལུས་སྲོག་ཆུད་གསན་ཀྱང་། དམ་པའི་ཆོས་ཀྱི་ཕྱིར་དགེ་བའི་སེམས་ཅུང་ཟད་ཀྱང་བསྐྱེད་མ་མྱོང་བས། ད་ནི་ལུས་བཙོག་པ་དམན་པ་འདི་ཆོས་ཀྱི་ཕྱིར་མཆོད་པ་བྱེད་ཀྱི་བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པ་མ་བྱེད་ཅིག །བདག་སངས་རྒྱས་སུ་སྒྲུབ་པའི་ཕྱིར་ལུས་འདི་གཏོང་སྟེ། ནམ་སངས་རྒྱས་ནས་ཁྱེད་རྣམས་ལ་ཆོས་ཀྱི་སྦྱིན་པ་བྱའོ་ཞེས་སྨྲས་པ་དང་། དེ་ཡི་དམ་བརྟན་པར་ཤེས་ནས་འཁོར་རྣམས་ཅང་མི་སྨྲའོ། །དེ་ནས་རྒྱལ་བུ་མེ་དོང་གི་ཁར་འགྲེང་ནས་བྲམ་ཟེ་ལ་སྨྲས་པ། སྟོན་པ་ཆེན་པོ་བདག་ལ་སྔར་དམ་པའི་ཆོས་སྟོན་ཅིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་མི་ཐོས་སོ། །ཞེས་གསོལ་བ་དང་། བྲམ་ཟེ་དེས་ཚིགས་བཅད་འདི་སྨྲས་སོ། །བྱམས་པའི་སེམས་ནི་གོམས་པར་བྱ། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤངས། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབས། །ཀུན་ལ་སྙིང་བརྩེས་མཆི་མ་གཟགས། །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་མཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་པ་འདི་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་པ་དང་། བརྒྱ་བྱིན་དང་ཚངས་པའི་རྒྱལ་པོས་ལག་པ་ཡ་རེ་ནས་ཟིན་ཏེ། འདི་སྐད་ཅེས་འཛམ་གླིང་གི་འགྲོ་བ་ཐམས་ཅད་རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་གྱིས་མི་བདེ་བའི་བག་མེད་ལ། ད་མེ་དོང་དུ་མཆོངས་ན་འབངས་ཐམས་ཅད་ཀྱི་ཕ་མ་ཚེ་འཕོས་པ་དང་འདྲ་བས་ཅིའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་བཏང་སྟེ་མེ་དོང་དུ་མཆོང་ཞེས་སྨྲས་པ་དང་། རྒྱལ་བུ་དེས་ལྷའི་རྒྱལ་པོ་དང་འཁོར་མང་པོ་ལ་བལྟས་ཏེ། ཁྱོད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག་ཅེས་སྨྲས་པ་དང་ཐམས་ཅད་མི་སྨྲ་བར་གྱུར་ལ། དེ་མ་ཐག་ཏུ་མེ་དོང་དུ་མཆོངས་སོ། །དེའི་ཚེ་གནམ་ས་རབ་ཏུ་གཡོས་ཤིང་བར་སྣང་གི་ལྷ་རྣམས་ངུས་པའི་མཆི་མ་ཆར་བཞིན་བབས་སོ། །མེ་དོང་དེ་ཡང་མེ་ཏོག་གི་རྫིང་བུར་གྱུར་ཏེ་རྒྱལ་བུ་དེ་པདྨའི་སྟེང་དུ་འདུག་པ་ལ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་ཙམ་དུ་ཕབ་བོ། ༈ །གཞན་ཡང་སྔོན་གྱི་དུས་ན་ཡུལ་ཝཱ་ར་ཎ་སཱི་འདིར་དྲང་སྲོང་ལྔ་བརྒྱ་ཞིག་གནས་ཏེ། དེར་བཅོམ་ལྡན་འདས་ཉིད་དེ་དག་གི་སྟོན་པ་ཨུད་པ་ལ་ཞེས་བྱ་བར་གྱུར་པས་བྲམ་ཟེ་ཞིག་ལས་ཆོས་ཐོབ་པའི་སླད་དུ། བྲམ་ཟེ་དེས་བསྒོས་པ་བཞིན་དུ་རང་གི་པགས་པ་བཤུས་ནས་ཤོག་ཤོག་ཏུ་བྱས། རུས་པ་ནི་སྨྱུ་གུར་བྱས་ཏེ་ཚིགས་སུ་བཅད་པ་འདི་མཉན་པ། ལུས་ཀྱི་སྤྱོད་པ་རབ་བསྡམ་ཞིང་། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ངན་པར་ལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཞེས་པ་འདི་ཡི་གེར་བྲིས་ནས་འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ། མི་མང་པོ་ཐམས་ཅད་ལ་ནན་ཏན་བྱེད་དུ་བཅུག་པར་བྱས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་གཟུགས་བཟང་ཞེས་བྱ་བར་གྱུར་པའི་ཚེ། རྒྱལ་སྲིད་ཆོས་བཞིན་བསྐྱངས་ཞིང་གཏོང་བ་ཆེན་པོས་ཐམས་ཅད་ཚིམས་པར་བྱས་སོ། །དེ་ལ་བཙུན་མོ་མཛེས་ལྡན་མ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་ལ། བུ་གཅིག་པ་མཛེས་ལྡན་ཞེས་བྱ་བ་སྡུག་ཅིང་ཡིད་དུ་འོང་བ་གཅིག་ཡོད་དོ། །རྒྱལ་པོ་དེ་ཆོས་འདོད་པས་ཡུལ་ཐམས་ཅད་དུ་ཆོས་བཙལ་ཀྱང་མ་རྙེད་དེ། སངས་རྒྱས་འཇིག་རྟེན་དུ་བྱུང་ན་ཆོས་འབྱུང་གིས་ད་ལྟ་མི་རྙེད་དོ་ཞེས་སྨྲས་སོ། །དེར་རྒྱལ་པོས་གསེར་འབུམ་ཡོད་པའི་སྣོད་རྒྱལ་མཚན་གྱི་རྩེ་མོར་བཏགས་ཏེ། ཆོས་སྨྲ་བ་གང་ཡིན་པ་དེ་ལ་སྦྱིན་ཞིང་བཀུར་སྟི་ཆེན་པོ་བྱའོ་ཞེས་དྲིལ་བསྒྲགས་ཀྱང་སུ་ཡང་མ་བྱུང་ནས་རྒྱལ་པོ་ཆོས་ཀྱི་ཕྱིར་གདུང་ཞིང་ཡི་ཆད་པ་དེ་ལ། ལྷའི་དབང་པོས་བགམ་པའི་ཕྱིར་གནོད་སྦྱིན་མི་སྡུག་པའི་གཟུགས་སུ་སྤྲུལ་ནས་ཆོས་བསྟན་ནོ་བྱས་པ་ལ་དགའ་ནས་ཆོས་མཉན་པར་འདོད་ཀྱང་གནོད་སྦྱིན་དེས་བདག་བཀྲེས་པས་འཕྲལ་དུ་བསད་པའི་མི་ཡི་ཤ་ཁྲག་ཟས་དགོས་སོ་ཞེས་སྨྲས་པ། རྒྱལ་པོ་དེས་བདག་ལན་གཅིག་ཆོས་དང་འཕྲད་ན་དེ་ཡང་རིན་ཐང་གདབ་ཏུ་མེད་པས་ཉོ་དགོས་སོ་སྙམ་པ་དང་། གཞོན་ནུ་མཛེས་ལྡན་གྱིས་བདག་གནོད་སྦྱིན་ལ་སྦྱིན་དུ་གསོལ་ཞེས་སྨྲས་པ་ལ། རྒྱལ་པོས་བུ་སྡུག་ཅིང་མི་མཐུན་པ་མེད་པ་དེ་བྱིན་པས་གནོད་སྦྱིན་དེས་རྫུ་འཕྲུལ་གྱིས་ཁྱེའུའི་ཡན་ལག་དང་ཉིང་ལག་རྣམས་སོ་སོར་བཅད་དེ་ཟ་བར་མཐོང་ཡང་། རྒྱལ་པོ་ཆོས་འདོད་པའི་ཕྱིར་མི་དགའ་བར་མ་གྱུར་ཏོ། །གནོད་སྦྱིན་གྱིས་རྒྱལ་པོས་ད་དུང་མ་འགྲངས་སོ་ཞེས་སྨྲས་པས། རྒྱལ་པོས་སྙིང་དུ་སྡུག་པའི་ཆུང་མ་ཡང་བྱིན་པས་སྔར་ལྟར་ཟོས་སོ། །ཀྱེ་རྒྱལ་པོ་ད་དུང་ང་མ་འགྲངས་སོ། །རྒྱལ་པོས་སྨྲས་པ་ངས་བུ་དང་ཆུང་མ་བྱིན་ན་ད་ཅི་འདོད། དེས་སྨྲས་པ། རང་གི་ལུས་བྱིན་དང་འགྲང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། གལ་ཏེ་ངའི་ལུས་བྱིན་ནས་ཇི་ལྟར་ཆོས་མཉན་པར་བྱ། སྔར་ཆོས་སྟོན་དང་དེ་ཐོས་པའི་འོག་ཏུ་ལུས་གཏང་ངོ་། །དེ་ནས་གནོད་སྦྱིན་དེས་དམ་བསྒྲགས་ནས་ཆོས་བསྟན་པ། སྡུག་པ་དག་ལས་མྱ་ངན་སྐྱེ། །སྡུག་པ་དག་ལས་འཇིགས་པ་སྐྱེ། །འཇིགས་པ་དག་ལས་རྣམ་གྲོལ་རྣམས། །མྱ་ངན་མེད་ན་ག་ལ་འཇིགས། །ཚིགས་སུ་བཅད་པ་འདི་ཐོས་པས་ཡིད་རབ་ཏུ་དགའ་ནས་ངའི་ལུས་ཅི་འདོད་པར་གྱིས་ཞེས་སྨྲས་པ་ལ་རྒྱལ་པོ་དེ་བསམ་པ་བླ་མེད་ལས་མི་གཡོ་བར་རིགས་ནས་བརྒྱ་བྱིན་མཆོག་ཏུ་དགའ་ཞིང་རང་གི་ལུས་བསྟན་ཏེ། ལག་པ་གཡས་པས་བུ་དང་། གཡོན་པས་ཆུང་མ་བཟུང་ནས་སླར་གཏད་དེ་བསྟོད་ཅིང་བསྔགས་སོ། །རྒྱལ་པོས་ཀྱང་བརྒྱ་བྱིན་ལ་བདག་གི་ཆོས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་པ་ལེགས་སོ་ཞེས་སྨྲས་སོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཚངས་བྱིན་ཞེས་པ་ཆོས་བཞིན་བྱེད་པའི་བཙུན་མོ་དང་དམ་པའི་མངལ་དུ་བུ་ཆགས་པ་ན་མ་དེས་ལེགས་པར་གསུངས་པ་ཉན་འདོད་སྐྱེས་པ་རྒྱལ་པོ་ལ་སྨྲས་ཤིང་མཚན་མཁན་རྣམས་ཀྱིས་མངལ་ན་གནས་པ་དེའི་མཐུར་སྨྲས་སོ། །རྒྱལ་པོས་གསེར་སྲང་འབུམ་བསྐུར་ཏེ་ཕྱོགས་ཐམས་ཅད་དུ་ལེགས་པར་གསུངས་པ་བཙལ་ཀྱང་མ་རྙེད་དོ། །དེ་ནས་དུས་སུ་ཁྱེའུ་ལྟ་ན་སྡུག་པ་ཞིག་བཙས་པ་ལ་མིང་ལེགས་གསུངས་ཚོལ་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་ལེགས་གསུངས་བཙལ་ཀྱང་མ་རྙེད་ལ་ནམ་ཞིག་ཡབ་འདས་ནས་རྒྱལ་སྲིད་ལ་བཞག་པ་དང་། དེས་བློན་པོ་རྣམས་ལ་ལེགས་གསུངས་ཚོལ་ཞེས་བསྒོས་པ་བཞིན་གསེར་སྲང་འབུམ་བསྐུར་ཏེ་འཛམ་བུའི་གླིང་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་ནས། རྒྱལ་པོ་དེ་རེ་བས་ཡོངས་སུ་གདུང་བ་ལྷའི་དབང་པོས་ཤེས་ནས་བགམ་པའི་ཕྱིར་གནོད་སྦྱིན་མི་སྡུག་པའི་གཟུགས་སུ་བསྒྱུར་བ། རྒྱལ་པོ་དེའི་མདུན་དུ་འདུག་སྟེ་སྨྲས་པ། ལེགས་པར་སྤྱད་པའི་ཆོས་སྤྱད་བྱ། །ཉེས་སྤྱད་དེ་ནི་སྤྱད་མི་བྱ། །ཆོས་སྤྱོད་འཇིག་རྟེན་འདི་དང་ནི། །ཕ་རོལ་ཏུ་ཡང་བདེ་བར་གནས། དེ་ཐོས་པས་རྒྱལ་པོ་རབ་ཏུ་དགའ་སྟེ་སྨྲས་པ། གསང་བ་པ་ཚིགས་བཅད་དེ་ཡང་སྨྲོས་ཤིག་མཉན་པར་བྱའོ། །དེས་སྨྲས་པ། བདག་གིས་སྨྲས་པ་བཞིན་བྱེད་ན་སླད་ནས་སྨྲའོ། །རྒྱལ་པོས་སྨྲས་པ་ཅི་ཞིག་བྱ། གནོད་སྦྱིན་གྱིས་སྨྲས་པ། ཉིན་ཞག་བདུན་དུ་སེང་ལྡིང་གི་ཤིང་དག་མེ་དོང་དུ་བུས་ནས། དེར་བདག་ཉིད་མཆོངས་ན་དེའི་འོག་ཏུ་བདག་གིས་ཚིགས་བཅད་དེ་ཡང་སྨྲའོ། །དེ་ཐོས་པས་རྒྱལ་པོ་དགའ་ནས་དེ་བཞིན་བྱའོ་ཞེས་བྱེས་ཤིང་། ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། ཞག་བདུན་སོང་ཚེ་རྒྱལ་པོ་ལེགས་གསུངས་ཉན་པའི་ཕྱིར་མེ་དོང་དུ་བདག་ཉིད་འདོར་ན་གང་ཡ་མཚན་ལྟ་བར་འདོད་པ་དེ་དག་ཤོག་ཅིག་ཅེས་བྱས་པས་སྲོག་ཆགས་བརྒྱ་སྟོང་དུ་མ་དང་ནམ་མཁའི་ངོས་ལ་ལྷ་མང་པོ་ཡང་འདུས་ཤིང་བྱང་ཆུབ་སེམས་དཔའི་ལྷག་བསམ་ཤེས་ནས་ཡ་མཚན་ལྟ་བའི་ཕྱིར་འཁོད་དོ། །དེ་ནས་གནོད་སྦྱིན་ནམ་མཁར་འཕགས་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱལ་པོ་ཆེན་པོ་ཇི་ལྟར་དམ་བཅས་པ་བཞིན་མཛོད་ཅིག་ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ལ་བཞག་སྟེ། བློན་པོ་དང་ཡུལ་མི་རྣམས་ལ་བཟོད་པར་གསོལ་ཞིང་སྐྱེ་བོའི་ཚོགས་ཀྱང་དབུགས་ཕྱུང་ནས། མེ་དོང་གི་དྲུང་དུ་སོང་སྟེ། མེ་དོང་རབ་ཏུ་འཇིགས་པ་འདིར་ཆོས་ཀྱི་ཕྱིར་འཛེམ་མེད་དུ་མཆོངས་ན་བདག་གི་བསོད་ནམས་མཐུ་ཡིས་འདིར་པདྨའི་མཚོ་ལྟར་བསིལ་བའི་བདེན་ཚིག་གི་ཚིགས་བཅད་བརྗོད་དེ་མཆོངས་པས་མེ་དོང་དེ་པདྨས་གང་བའི་མཚོ་བསིལ་བར་གྱུར་ཏོ། །ལྷའི་དབང་པོས་རྒྱལ་པོ་དེའི་ཡ་མཚན་གྱིས་ལྷ་དང་མི་རྣམས་དད་པར་བྱེད་པའི་བརྩོན་འགྲུས་དེ་མཐོང་ནས་གནོད་སྦྱིན་གྱི་གཟུགས་མི་སྣང་བར་རང་གི་གཟུགས་སུ་འདུག་སྟེ། ལེགས་པར་སྤྱད་པའི་ཆོས་སྤྱད་བྱ། ཞེས་སོགས་སྔར་གྱི་ཚིགས་བཅད་དེ་སླར་ཡང་སྨྲས་པ་རྒྱལ་པོས་བཟུང་ནས་གསེར་གྱི་གླེགས་བུ་ལ་བྲིས་ཏེ་འཛམ་བུའི་གླིང་ཀུན་ཏུ་བསྐུར་ཞིང་སྤེལ་བར་བྱས་སོ། །དེ་ལྟར་རྒྱལ་པོ་ལེགས་གསུངས་ཚོལ་ནི་བཅོམ་ལྡན་འདས་ཉིད་དོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་གཞོན་ནུ་ཆོས་ཡོངས་སུ་ཚོལ་བ་ཞེས་བྱ་བར་གྱུར་པའི་ཚེ། ལེགས་པར་སྨྲས་པ་ཇི་སྙེད་ཐོས་པ་ཐམས་ཅད་བྲིས་ཤིང་བླངས་ལ་བརྗོད་དེ་ཐམས་ཅད་བཟུང་ངོ་། །དེ་ནས་ཡང་གྲོང་དང་གྲོང་ཁྱེར་ཐམས་ཅད་དུ་ཆོས་ཡོངས་སུ་ཆོལ་བ་ན། མི་གཅིག་རིའི་བྱ་སྐྱིབས་ན་འདུག་པས་ཁོ་བོས་ཁྱོད་ལ་དེ་བཞིན་གཤེགས་པའི་མཚན་དང་ལྡན་པའི་གཏམ་བྱའོ། །དེས་རབ་ཏུ་དགའ་བ་དང་། དེས་སྨྲས་པ། རིན་ཐང་མེད་པར་ཆོས་མི་སྟོན་ནོ། །དེ་ལ་གཞོན་ནུ་དེས། གོས་རིན་ཐང་བྱེ་བ་ཕྲག་ཉི་ཤུ་རི་བ་ལུས་ལ་གྱོན་པ་དང་། ནོར་བུ་རིན་ཐང་བྱེ་བ་ཕྲག་བཞི་བཅུ་རི་བ་ལུས་ལ་བཏགས་པ་དེ་བྱིན་ཀྱང་ད་དུང་རིའི་བྱ་སྐྱིབས་འདི་ནས་ལུས་བོར་ན་བསྟན་ནོ་ཞེས་སྨྲས་པ་ལ་དེ་བཞིན་དུ་དམ་བཅས་ཏེ། མཚན་དང་ལྡན་པའི་ཚིགས་བཅད་གཅིག་བསྟན་པ་དང་། ལུས་རིའི་རྩེ་ནས་བོར་ཏེ་མ་སྨད་མ་རྨས་པའི་བདེན་པའི་བྱིན་རླབས་བྱས་པས་རྒྱལ་པོ་བཞིས་བཟུང་ནས་བདེ་བར་ཕྱིན་པ་མཐོང་སྟེ་དེའི་ངོ་མཚར་ལ་བསྔགས་པ་བརྗོད་དོ། ༈ །ཡང་སྔོན་གྱི་ཚེ་ན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་གྱི་ཡུལ་དུ་བཅོམ་ལྡན་འདས་ཉིད་ཁྱིམ་བདག་ཟས་གཙང་མ་ཞེས་བྱ་བ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་ནུས་པར་གྱུར་པའི་ཚེ། དེས་རྒྱ་མཚོར་སོང་ནས་ནོར་བསྒྲུབས་པས་སྐྱེ་བོ་རྣམས་ཀྱི་རེ་བ་རྫོགས་པར་བྱས་སོ། །ནམ་ཞིག་ན་རིན་པོ་ཆེའི་གླིང་གཞན་ནས་འོངས་པའི་མུ་ཏིག་གི་དོ་ཤལ་མཆོག་ཏུ་མཛེས་པ་ཞིག་བཟུང་ནས་རྒྱལ་པོ་ལ་སྐྱེས་སུ་ཕུལ་བས་རྒྱལ་པོ་མཉེས་པར་གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་དེའི་བུ་མོ་དབྱངས་ཅན་མ་ཞེས་པས་ལེགས་པར་བཤད་པའི་ཚིག་གླུར་བླངས་པ་ཐོས་པས་ཁྱིམ་བདག་དེ་དགའ་བས་བ་སྤུ་ལངས་བཞིན་རང་གི་ཁྱིམ་དུ་སོང་སྟེ་ཟས་སོགས་ཅི་ལའང་མི་ཆགས་པར་ལེགས་བཤད་འབའ་ཞིག་ཡིད་ལ་བྱེད་ཅིང་། བདག་གིས་ལོ་བཅུ་གཉིས་སུ་རིན་པོ་ཆེའི་ཚོགས་རྒྱ་ཆེན་པོ་ཐོབ་ཀྱང་། ལེགས་པར་བཤད་པའི་རིན་པོ་ཆེ་ཅི་ཡང་མ་ཐོབ་པས། ཚོགས་ཆེན་པོས་ཐོབ་པའི་རྡོ་བ་འདི་དག་གིས་ཅི་བྱ་སྙམ་དུ། ལེགས་བཤད་ནི་རིན་པོ་ཆེ་ཡང་དག་པ་ཡིན་ནོ། ། སྙམ་ནས་རྒྱལ་པོའི་བུ་མོ་ལ་ལེགས་བཤད་སྦྱིན་པར་ཞུ་བའི་མི་ཞིག་མངགས་པ་དང་། བུ་མོ་དེ་ན་རེ། ལེགས་བཤད་ནི་རིན་གྱིས་ཐོབ་པར་འགྱུར་བས། ཇི་སྲིད་ཁྱོད་ཀྱི་ལོ་བཅུ་གཉིས་སུ་བསྒྲུབས་པའི་རིན་པོ་ཆེའི་ཚོགས་རྣམས་གཏོང་ན་ལེགས་བཤད་སྦྱིན་ནོ་ཞེས་སྨྲས་པ་ལ། ཁྱིམ་བདག་དེ་ཤིན་ཏུ་གུས་པས་ལོ་བཅུ་གཉིས་སུ་བསྒྲུབས་པའི་རིན་པོ་ཆེ་ཐམས་ཅད་བླངས་ནས་རང་ཉིད་རྒྱལ་པོའི་ཁྱིམ་དུ་སོང་སྟེ་ལེགས་བཤད་ཉན་པར་བྱས་སོ། །ཁྱིམ་བདག་དེ་ལ་རྒྱལ་པོས་སྨྲས་པ། ལེགས་བཤད་ཀྱིས་ས་སྟེང་གང་ལ། ནོར་ནི་ཚིགས་ཆེན་པོས་བསྒྲུབ་དགོས་པས་ཁྱོད་ཀྱིས་འདི་ལྟར་ཅིའི་ཕྱིར་བྱས། ཟས་དང་བྲལ་ན་ལེགས་བཤད་ཟར་རུང་ངམ། ཁྱིམ་བདག་གིས་སྨྲས་པ། ཆགས་སྡང་སྐྱེད་པའི་རིན་ཆེན་གྱིས་ཅི་ཞིག་བྱ། གང་ཐོས་པས་ཉེས་པ་སེལ་ཞིང་ཡོན་ཏན་འགྲུབ་པའི་ལེགས་བཤད་ཀྱི་རིན་དུ་ས་ཆེན་པོ་རིན་པོ་ཆེས་བཀང་ཡང་ཆུང་ཞེས་སྨྲས་ཏེ། ལེགས་བཤད་དེ་དག་གསེར་གྱི་གླེགས་བུ་ལ་བྲིས་ནས་ཕྱོགས་སུ་བཀྲམ་པར་བྱས་སོ། །དེའི་ཚེ་ལེགས་བཤད་སྨྲ་བའི་རྒྱལ་པོའི་བུ་མོ་ནི་ཤཱ་རིའི་བུ་ཉིད་དོ། ༈ །ཡང་སྔོན་རྒྱལ་པོའི་ཕོ་བྲང་བཞི་ལྡན་ཞེས་པར་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཤི་བི་ཞེས་བྱར་གྱུར་བའི་ཚེ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་པ་ཅི་འདོད་པའི་སྦྱིན་པ་སྩལ་ཞིང་ནད་པ་རྣམས་དང་མགོན་མེད་པ་རྣམས་ལ་རིམ་གྲོ་བྱེད་པ་སེམས་ཅན་རྣམས་དགེ་བཅུར་བཀོད་པས་ལྷའི་གནས་འཕེལ་བར་གྱུར་ལ། བརྒྱ་བྱིན་གྱིས་དེ་སད་པའི་ཕྱིར་སྲིན་པོའི་གཟུགས་སུ་སྤྲུལ་ཏེ། རྒྱལ་པོའི་ཁང་བཟང་གི་སྟེང་དུ་འདུག་ནས། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། ཞེས་སྨྲས་ནས་འདུག་པ་དང་། རྒྱལ་པོ་དེས་མྱ་ངན་ལས་འདས་པའི་སྒོ་ཕྱེ་ཞིང་བྱང་ཆུབ་ཀྱི་ལམ་བསྟན་ནོ་སྙམ་དུ། དེ་ལ་ཐལ་མོ་སྦྱར་ཏེ་གྲོགས་པོ་ཚིགས་བཅད་དེ་སྨྲོས་ཤིག་ཅེས་བྱས་པ་ལ། དེ་ན་རེ། བདག་བཀྲེས་པས་མིའི་ཤ་ཁྲག་དྲོན་མོ་སྟེར་ན་སྨྲའོ། །རྒྱལ་པོ་དེས་གཞན་ལ་གནོད་པ་བྱེད་མི་རིགས་ཀྱིས་ལེགས་པར་སྨྲས་པའི་ཕྱིར་རང་གི་ལུས་སྦྱིན་པར་ཁས་བླངས་པ་ན། བརྒྱ་བྱིན་གྱིས། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིགས་པའི་ཆོས་ཅན་ཡིན། །སྐྱེས་ནས་འགག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། །ཞེས་སྨྲས་པ་ལ། རྒྱལ་པོ་དེས་ཞིབ་ཏུ་བསམས་ཞིང་འདི་ནི་མྱ་ངན་ལས་འདའ་བའི་སྒོ་དང་ལམ་སྟེ་ལམ་འདིས་སངས་རྒྱས་ཐམས་ཅད་ངེས་པར་འབྱུང་ངོ་སྙམ་ནས་མཚོན་བླངས་ཏེ་ལེགས་པར་སྨྲས་པའི་ཡོན་བཞེས་ཤིག་ཅེས་རང་གི་བྲང་སོགས་ཤ་ཐམས་ཅད་བྱིན་ཀྱང་དེ་མ་འགྲངས་པའི་ཚེ་ལུས་ཐམས་ཅད་སྦྱིན་ནོ་སྙམ་དུ། བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་ནས་བདག་གི་ལུས་འདི་སྦྱིན་ནོ་ཞེས་སྨྲས་པའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ཤིང་། ལྷས་མེ་ཏོག་གི་ཆར་ཕབ་བོ། །དེ་ནས་བརྒྱ་བྱིན་གྱིས་བདག་གིས་འདིའི་ལུས་སྔ་མ་ཁོ་ན་བཞིན་བསྒྱུར་མི་ནུས་ཀྱི། འདི་ཉིད་ཀྱི་སྤྲོ་བ་ཚོད་ཟིན་པར་སྐྱེད་དགོས་སོ་སྙམ་ནས། ཁྱོད་འདི་ལྟར་ཤ་རྣམས་གཅོད་པ་ལ་མི་དགའ་བ་མ་སྐྱེས་སམ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་ཅུང་ཟད་མི་དགའ་བ་མེད་དེ། དམྱལ་བ་སོགས་སུ་སྐྱེས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་དུ་འགྱུར་ཏེ་ཞེས་སྨྲས་སོ། །དེས་སྨྲས་པ། དེ་ལ་སུས་ཡིད་ཆེས། བྱང་ཆུབ་སེམས་དཔས། བདེན་པ་བསྐུལ་བས་ཡིད་ཆེས་སོ་ཞེས་སྨྲས་སོ། །བརྒྱ་བྱིན་ན་རེ། འོ་ན་ཁྱོད་ཀྱིས་བདེན་པ་བསྐུལ་བས་ལུས་སྔ་མ་ཁོ་ན་བཞིན་དུ་གྱིས་ཤིག །བྱང་ཆུབ་སེམས་དཔས། འདི་ལྟར་ཤ་རྣམས་བཏང་བས་སེམས་ཅུང་ཟད་ཀྱང་མི་དགའ་བ་མེད་ཅིང་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་དུ་གྱུར་ན། བདེན་པ་དེས་བདག་གི་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་སྔར་བཞིན་དུ་གྱུར་པ་ལ། བརྒྱ་བྱིན་ཡི་རངས་ནས་བརྒྱ་བྱིན་རང་གི་གཟུགས་སུ་བསྟན་ཏེ། བདག་གིས་ཁྱོད་ལ་གནོད་པའི་བསམ་པས་མ་ཡིན་གྱིས། ཁྱོད་སྤྲོ་བ་བསྐྱེད་པའི་ཕྱིར་དགའ་བར་བྱས་པར་ཟད་དེ། ཁྱོད་བརྩོན་འགྲུས་འདི་ལྟ་བུས་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་གྱི། དེའི་ཚེ་བདག་དྲན་པར་མཛོད་ཅིག་ཅེས་བྱས་ནས་མི་སྣང་བར་གྱུར་ཏོ། ༈ །ཡང་ཤི་བི་པ་གཉིས་པ་ནི་གླིང་གཞི་སྔར་འདྲ་བ་ལས། བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ངའི་སློབ་མར་བྱས་པས་ཅི་ལ་ཕན། ང་ཁྱོད་ལ་གནོད་པ་ཞིག་ཟེར་གྱི་དེ་ཁྱོད་ཀྱིས་བྱེད་ཕོད་ན་ནི་ཚིགས་བཅད་སྨྲའོ། །བྱང་ཆུབ་སེམས་དཔས་གནོད་པ་ཅི་ཟེར་ཀྱང་བྱེད་པར་ཁས་བླངས་ནས་ཚིགས་སྔར་བཞིན་བརྗོད་པའི་ཚེ་ཁབ་སོར་བཞི་པ་སྟོང་ཤིང་ལེབ་ལ་བཙུགས་པའི་བར་དུ་བདག་ཉིད་ཉལ་ཏེ་འཚིར་བའི་དཀའ་བ་སྤྱོད་བཞིན་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེར་ས་གཡོ་བ་སོགས་དང་བདེན་པའི་སྟོབས་ཀྱིས་ལུས་སྔར་བཞིན་གྱུར་པ་སྔ་མར་སྨྲོས་པ་བཞིན་དུ་ཤེས་པར་བྱའོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་མཐའ་ཡས་པ་འདས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བས་མྱ་ངན་ལས་འདས་པའི་མདོ་འདི་སྟོན་པ་ན། བཅོམ་ལྡན་འདས་ཉིད་སྔོན་བྱང་ཆུབ་སེམས་དཔར་གྱུར་པས་ཐོས་ཏེ་དགའ་ནས་མཆོད་པ་ཞིག་བྱ་སྙམ་ན་ཡང་དབུལ་བས་ཡོ་བྱད་ཅི་ཡང་མི་བདོག་སྟེ་ལུས་གཙོང་བར་བྱས་ཀྱང་བསོད་ནམས་ཆུང་བས་མ་འདུམ་ནས། ཕྱིར་ཁྱིམ་དུ་སོང་བ་ན་མི་ཞིག་དང་འཕྲད་དེ་དེ་ལ་ལུས་འདི་བཙོང་ན་མི་ཉོའམ་ཞེས་སྨྲས་པ་དང་། དེས་བདག་ལ་ལས་ཤིག་ཡོད་དེ་སུས་ཀྱང་བྱེད་མི་ནུས་པས། གལ་ཏེ་ཁྱོད་དེ་ལྟར་ནུས་ན་བདག་གིས་ཉོ་བར་བྱའོ། །དེ་ཅི་ལྟར་དྲིས་པ་དང་། བདག་ལ་ནད་མ་རུངས་པ་ཞིག་ཡོད་དེ་སྨན་པ་མཁས་པས་ཉིན་རེ་ཞིང་མིའི་ཤ་སྲང་གསུམ་ཟོས་ན་ཕན་ཞེས་ཟེར་བས་དེ་ལྟར་ནུས་ན་ཁོ་བོས་གསེར་གྱི་དོང་ཚེ་ལྔ་སྦྱིན་ནོ། །དེ་སྐད་ཐོས་པས་དགའ་སྟེ། ཁྱོད་ཀྱིས་ང་ལ་དོང་ཙེ་བྱིན་ལ་ཞག་བདུན་བཤོལ་ཅིག་དང་ངའི་བྱ་བ་བྱས་ནས་ཁྱོད་ཅི་འདོད་བཞིན་བྱའོ། །དེས་སྨྲས་པ། ཞག་བདུན་ནི་མི་རུང་གིས། ཞག་གཅིག་གནང་བར་བྱའོ། །དེས་དོང་ཙེ་བླངས་ཏེ་སངས་རྒྱས་གང་ན་བར་སོང་ཞིང་ཕྱག་བྱས་ཏེ་ཅི་བདོག་པ་མ་ལུས་པར་ཕུལ། སེམས་ཐག་པ་ནས་མདོ་སྡེ་འདི་ཉན་ཏོ། །དེའི་ཚེ་དབང་པོ་རྟུལ་བས་མདོ་སྡེ་འདི་ཐོས་ཀྱང་། ཚིག་བཞི་པ་གཅིག་འབའ་ཞིག་ཟིན་པར་གྱུར་ཏེ། །དེ་བཞིན་གཤེགས་པ་མྱ་ངན་འདའ་བ་ནི། །འཁོར་བ་ཐམས་ཅད་ཡོངས་སུ་བཅད་པ་སྟེ། །གང་གིས་རྩེ་གཅིག་སེམས་ཀྱིས་རབ་མཉན་ན། །ཚད་མེད་བདེ་བ་རྟག་ཏུ་ཐོབ་པར་འགྱུར། །ཞེས་པ་བཟུང་ནས་ཕྱིར་ནད་པའི་ཁྱིམ་དུ་སོང་སྟེ་ཉིན་རེ་བཞིན་ཤ་སྲང་གསུམ་རེ་བཅད་ཀྱང་ཚིགས་བཅད་འདི་ཡིད་ལ་བྱས་པའི་རྒྱུས་ན་བར་མ་གྱུར་ཏོ། །ཉིན་གཅིག་ཀྱང་བར་མ་ཆད་པར་ཟླ་བ་གཅིག་གི་བར་དུ་དེ་ལྟར་བྱིན་པས་ནད་པ་སོས་ཤིང་། དེའི་ལུས་ཀྱང་སྔོན་བཞིན་གྱུར་པས་དགའ་སྟེ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚིགས་བཅད་གཅིག་གི་མཐུས་ཀྱང་དེ་ལྟར་ནུས་ན་ཡོངས་སུ་རྫོགས་པར་ལྟ་ཅི་སྨོས་ཏེ་མདོ་སྡེ་འདི་ལ་དེ་ལྟ་བུའི་ཕན་པ་ཡོད་པར་མཐོང་ནས་སེམས་ལྷག་པར་བསྐྱེད་དེ་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཅིང་མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། ལྷ་དང་མིའི་འཁོར་མང་པོ་ལ་ཡང་བསྟན་ཏོ། ༈ །ཡང་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་ཆེས་གྲངས་མེད་པའི་སྔ་རོལ་ན་བཅོམ་ལྡན་འདས་ཉིད་དྲང་སྲོང་ཆེན་པོ་མཆོག་ཅེས་བྱ་བ། ནགས་དང་རི་ལ་གནས་པ་མངོན་ཤེས་ལྔ་དང་ལྡན་པ་རྟག་ཏུ་བྱམས་པ་དང་སྙིང་རྗེ་ལ་གནས་པ་ཞིག་ཏུ་གྱུར་པ་དེས་འདི་སྙམ་དུ། བདག་བྱམས་པ་ལ་གནས་པ་འདིས་ནི་སེམས་ཅན་རྣམས་ལ་དགའ་བ་སྐྱེད་པ་དང་། བསྐལ་པ་མཐའ་ཡས་པ་ནས་བསགས་པའི་དུག་གསུམ་སོགས་ཉོན་མོངས་རྣམས་ཞི་བར་བྱེད་མི་ནུས་ལ། འཕགས་པའི་ཡང་དག་པའི་ལྟ་བ་བསྐྱེད་མི་ནུས་སོ་སྙམ་ཞིང་། ཡང་འཕགས་པའི་ཡང་དག་པའི་ལྟ་བ་གང་ལས་སྐྱེ་སྙམ་དུ་རྟོག་པ་ན། གཞན་གྱི་སྒྲ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་འདི་གཉིས་རྒྱུ་ཡིན་ནོ་སྙམ་ནས། དེས་ལེགས་པར་གསུངས་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་སོང་ནས་བཙལ་ཀྱང་ཆོས་མ་རྙེད་པ་ལ། དེར་བདུད་རིས་ཀྱི་ལྷ་ཞིག་གིས་དེའི་ཐད་དུ་སོང་སྟེ། བདག་གིས་སངས་རྒྱས་ཀྱིས་གསུངས་པའི་མཚན་གྱི་ཚིགས་བཅད་གཅིག་བཟུང་བ་ཡོད་པས། གལ་ཏེ་ཁྱོད་རང་གི་ལུས་ལས་པགས་པ་བཤུས་ཏེ་ཉི་མ་ལ་བསྐམས་པ་ཤོག་བུར་བྱས་ནས། རང་གི་ཁྲག་དང་སྦྱར་བའི་སྣག་ཚ་བྱས་ཤིང་། རང་གི་རུས་པས་སྨྱུ་གུ་བྱས་ཏེ་ཚིགས་བཅད་དེ་འབྲི་ན་སྦྱིན་ནོ་ཞེས་སྨྲས་པ་ལ། དྲང་སྲོང་དེ་འདི་སྙམ་དུ། བདག་འཁོར་བ་ན་འཁོར་བའི་ཚེ་འདོད་པ་དང་ནོར་ལ་སོགས་པའི་ཕྱིར་དུ། རྒྱལ་པོ་དང་དགྲ་དང་གཤེད་མ་རྣམས་ཀྱིས་ལུས་དུམ་བུར་བཅད་པ་ཐོབ་ཀྱང་དེས་སེམས་ཅན་སུའི་དོན་ཀྱང་མ་བྱས་ན། ད་རེས་སྙིང་པོ་མེད་པའི་ལུས་ཀྱིས་ཆོས་རྙེད་པར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་དགའ་ཞིང་ཡི་རངས་ཏེ། ལྷ་དེ་ལ་སློབ་དཔོན་གྱི་འདུ་ཤེས་བསྐྱེད་ནས་མཚོན་རྣོན་པོས་རང་གི་ལུས་ལས་པགས་པ་བཤུས་པ་ཉི་མ་ལ་བསྐམས་པས་ཤོག་བུར་བྱས། ལུས་ཀྱི་ཁྲག་བྱུང་བ་སྣག་ཚར་སྦྱར། རུས་པ་ཕྱུངས་ཏེ་སྨྱུ་གུར་བྱས་ནས་ལྷ་དེ་ལ་ཐལ་མོ་སྦྱར་ཏེ། ཚིགས་བཅད་དེ་སྟོན་པར་གསོལ་བ་བཏབ་པ་ན། བདུད་རིས་ཀྱི་ལྷ་དེས་དྲང་སྲོང་ཆེན་པོ་མཆོག་དེའི་གུས་པ་དོན་གཉེར་དེ་ལྟ་བུ་མཐོང་ནས་གནོང་གནོང་ལྟར་བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དྲང་སྲོང་མཆོག་དེས་དེ་མི་སྣང་བར་གྱུར་པར་རིགས་ནས་བསམས་པ། བདག་གིས་ཚིགས་བཅད་དེ་མ་ཐོས་སུ་ཟིན་ཀྱང་། ཆོས་ལ་གུས་པས་ཤོག་སྣག་སྨྱུ་གུ་འདི་ལྟར་བྱས་པའི་དགེ་རྩ་འདི་ཆུད་མི་ཟ་ཞིང་མི་བསླུ་བར་འགྱུར་རོ། །འོན་ཀྱང་བདག་གི་ལྷག་བསམ་གཡོ་མེད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཀྱིས་ལུས་སྲོག་ལ་མི་ལྟ་བར་འདི་ལྟར་པགས་པ་ཤོག་བུར་བྱས་པ་སོགས་ཆོས་ལ་གུས་པའི་བདེན་པ་དང་བདེན་པའི་ཚིག་དེས་འཇིག་རྟེན་གྱི་ཁམས་འདི་དང་གཞན་དག་ན་ཆོས་གསུང་ཞིང་སྟོན་པའི་བདག་ཉིད་ཆེན་པོ་སུ་བཞུགས་པ་དེ་དག་གིས་བདག་ལ་ཞལ་བསྟན་ནས་བདག་གིས་ཆོས་ཐོས་པར་མཛད་དུ་གསོལ་ཞེས་སྨྲས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལ་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་གཉིས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་འཚོ་ཞིང་ཆོས་སྟོན་པ་དེས་དྲང་སྲོང་ཆེན་པོ་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ཅིང་དེས་འཛམ་གླིང་གི་སེམས་ཅན་ཡང་སྨིན་པར་གཟིགས་ནས། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་གཅིག་དྲང་སྲོང་དེའི་མདུན་དུ་གཤེགས་ཤིང་སྣང་བ་ཆེན་པོས་ཁྱབ་པ་དང་། མེ་ཏོག་གི་ཆར་ཆེན་པོ་བབས་སོ། །ནགས་དེའི་ཤིང་གི་ཡལ་ག་ལོ་འབྲས་མེ་ཏོག་ཐམས་ཅད་ལས་ཆོས་སྟོན་པའི་སྒྲ་རང་བྱུང་ངོ་། །དེའི་ཚེ་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འདུས་པར་གྱུར་ཏོ། །སངས་རྒྱས་དེའི་འོད་ཀྱིས་རེག་མ་ཐག་ཏུ་དྲང་སྲོང་དེའི་ལུས་སྔ་མ་ཁོ་ན་བཞིན་དུ་གྱུར་ཏེ་རྨ་ཡང་མེད་པར་ཁ་དོག་དང་ལྡན་པར་གྱུར་ཏོ། །དྲང་སྲོང་དེས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ནས་བསྐོར་བ་བྱས་ཤིང་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཅི་ནས་བདག་གིས་ཆོས་ཐོས་ནས་སེམས་ཅན་རྣམས་ཀྱི་ལོག་པར་ལྟ་བའི་མུན་པ་བསལ་ཞིང་ཡང་དག་པའི་ལྟ་བ་ཐོབ་པའི་ཆོས་བསྟན་དུ་གསོལ་ཞེས་ཞུས་པ་ལ། དེ་བཞིན་གཤེགས་པ་དེས་འཁོར་དེ་དག་ལ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་བརྩམས་ནས་ཆོས་བསྟན་ཏེ། གཞན་ཡང་རྡོ་རྗེའི་ཚིག་བརྒྱད་དང་། ཆོས་ཀྱི་སྒོའི་ཚིག་བརྒྱད་དང་ས་བོན་གྱི་ཚིག་བརྒྱད་ཀྱང་བསྟན་པས་དྲང་སྲོང་མཆོག་དེ་སྤོབས་པ་མི་ཆོད་པ་དང་། མི་བརྗེད་པའི་དྲན་པ་དང་། ལྷས་ཡོངས་སུ་བཟུང་བས་བདུད་ཕྱིར་རྒོལ་བ་ཡང་ཆོམས་ནས། གྲོང་དང་གྲོང་ཁྱེར་ལ་སོགས་པ་ཐམས་ཅད་དུ་ལོ་སྟོང་དུ་ཆོས་བསྟན་དེ་སེམས་ཅན་ཚད་མེད་པ་སྨིན་པར་བྱས་ནས། སངས་རྒྱས་དྲི་མ་མེད་པར་གྲགས་པའི་རྒྱལ་པོའི་ཞིང་དུ་སྐྱེས་སོ། །རྒྱས་པར་ནི་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོར་ཤེས་པར་བྱའོ། ༈ །ཡང་སྔོན་དེ་བཞིན་གཤེགས་པ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཉིད་དུ་ཡང་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་མེ་ཏོག་དང་སྤོས་དང་རྒྱལ་མཚན་དང་བ་དན་སོགས་དང་རོལ་མོ་སྣ་ཚོགས་དང་རིན་པོ་ཆེའི་གཙུག་ལག་ཁང་རྣམ་པར་བཀྲ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བཀོད་པ་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་འདི་རྒྱས་པར་ཐོས་ཤིང་བཟུང་བྲིས་བཀླགས་ཤིང་བསྒོམས་ཏེ་གཞན་དག་ལ་ཡང་དག་པར་བསྟན་ཏོ། །སངས་རྒྱས་དེ་དག་གི་ཐ་མ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་སྐུ་ཚེ་ལོ་འབུམ་ཕྲག་བདུན་ཅུ་རྩ་དྲུག་ཏུ་བཞུགས་པ་དེ་ལ། ལོ་བྱེ་བ་སྟོང་ཕྲག་བཅོ་བརྒྱད་དུ་ལྷའི་ཙན་དན་རིན་པོ་ཆེའི་གཙུག་ལག་ཁང་བྱེ་བ་སོགས་ཀྱིས་མཆོད་ཅིང་རིམ་གྲོར་བྱས་ནས་རབ་ཏུ་བྱུང་སྟེ་ལོ་བྱེ་བ་སྟོང་ཕྲག་བཅུ་བཞི་ཏིང་ངེ་འཛིན་འདི་བཟུང་ཞིང་བྲིས་ཏེ་བཀླགས་ཤིང་བསྒོམས་ལ། གཞན་ལ་རྒྱ་ཆེར་བསྟན་པར་མཛད་དོ། །གཞན་ཡང་ཏིང་འཛིན་འདིའི་ཕྱིར་མགོ་དང་རྐང་ལག་དང་ཆུང་མ་དང་བུ་དང་རིན་པོ་ཆེ་དང་བཟའ་བཅའ་ལ་སོགས་པ་སྔོན་ཆད་མ་བཏང་པ་གང་ཡང་མེད་ལ། སངས་རྒྱས་བྱེ་བ་ཕྲག་སྟོང་དང་། དེ་ལས་ལྷག་པ་གངྒཱའི་བྱེ་མ་སྙེད་བྱ་རྒོད་ཕུང་པོ་འདིར་བཞུགས་ནས་ཏིང་འཛིན་འདི་སྟོན་པ་དེ་ཐམས་ཅད་མཚན་མཐུན་པར་ཤཱཀྱ་ཐུབ་པ་ཞེས་བྱ་ལ། དེའི་མཆོག་ཟུང་དང་རིམ་གྲོ་བ་སོགས་ཀྱི་མཚན་ཀྱང་ད་ལྟའི་ཤཱ་རིའི་བུ་སོགས་སུ་མཐུན་པ་ཤ་སྟག་ལ། དེ་ཐམས་ཅད་སྙིགས་མའི་དུས་སུ་བྱུང་བ་རྣམས་ལས་ཏིང་ངེ་འཛིན་ཐོས་ཤིང་ནན་ཏན་བྱས་སོ་ཞེས་དང་། གཞན་ཡང་མཐའ་ཡས་དབྱངས་དང་རྣམ་པར་གྲགས་པའི་དབྱངས་སོགས་སངས་རྒྱས་མང་པོ་ལས་ཏིང་ངེ་འཛིན་འདི་བཟུང་བའི་ཚུལ་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པ་བཞིན་ནོ། ༈ །གཞན་ཡང་རི་བོང་དུ་གྱུར་པའི་ཚེ་དྲང་སྲོང་ཞིག་ལས་ཆོས་འདོད་པའི་ཆེད་དུ་མེ་ནང་དུ་མཆོངས་པ་དང་། རྒྱལ་པོར་གྱུར་པའི་ཚེ་རྔོན་པ་ཞིག་ལ་ཆོས་ཀྱི་ཚིགས་བཅད་ཕྱེད་ཀྱི་ཆེད་དུ་ལུས་ཀྱི་རྒྱན་ཐམས་ཅད་བྱིན་ཅིང་ལུས་གཡང་དུ་བོར་བ་དང་། རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་དུ་གྱུར་པས་ཆོས་སྨྲ་བའི་ནད་གསོ་བའི་ཕྱིར་རང་གི་ཤ་ལས་ཞལ་ཟས་སྦྱར་བ་ལ་སོགས་པས་མཚོན་ནས། དེ་བཞིན་གཤེགས་པས་སྔོན་གྱི་ཚེ་དམ་པའི་ཆོས་ཀྱི་སླད་དུ་ལུས་དང་སྲོག་དང་རྒྱལ་སྲིད་སོགས་མ་བཏང་བ་གང་ཡང་མེད་ལ། ཚིགས་བཅད་ཕྱེད་གཅིག་གི་ཆེད་དུ་ལུས་ལ་མར་མེ་སྟོང་བཙུགས་ཏེ་སྦར་བའི་མར་མེའི་འོད་ལས་ཚིགས་བཅད་དེའི་ཕྱེད་ཀྱང་རྫོགས་པར་ཐོས་པ་སོགས་ཤིན་ཏུ་དཀའ་བ་ཚད་མེད་པར་མཛད་དོ། །དེ་ལྟར་སྔོན་བསྐལ་པ་ཚད་མེད་པར་སྡུག་བསྔལ་ཆེན་པོ་ཁྱད་དུ་བསད་པ་སོགས་ཀྱིས་དམ་པའི་ཆོས་ཡོངས་སུ་ཚོལ་བར་མཛད་པ་འདི་ནི་དངོས་སུ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ཡང་ཡིན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱང་ཡིན། གོ་ཆ་དང་སྦྱོར་བའི་བརྩོན་འགྲུས་རླབས་པོ་ཆེའང་ཡིན། ཆོས་ཀྱི་ཕྱིར་གཏོང་བའང་ཡིན། ཐོས་པའི་ཤེས་རབ་བསྐྱེད་པའང་ཡིན་ལ། བརྒྱུད་ནས་སེམས་ཅན་རྣམས་ལ་ཆོས་ཀྱི་སྦྱིན་པ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་གྱི་རྒྱུར་ཡང་འགྱུར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་འགྱུར་བ་དེ་བཞིན་ཕར་ཕྱིན་གཞན་རྣམས་ཀྱི་སྐབས་སུ་ཡང་དངོས་དང་བརྒྱུད་ནས་ཕར་ཕྱིན་དྲུག་ཚང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སེམས་ཀྱི་སྒོ་ནས་ཕར་ཕྱིན་དྲུག་ལྡན་ཡིན་པར་ཤེས་པར་བྱའོ། །ཆོས་ཚོལ་གྱི་སྐབས་སོ། ༈ །སྔོན་འདས་པའི་དུས་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཞིག་གི་མདུན་ན་འདོན་དེའི་སྲས་སུ་བཅོམ་ལྡན་འདས་འདི་འཁྲུངས་པ་ན་རྐང་ལག་དྲྭ་བས་འབྲེལ་བའི་ཕྱིར་དེའི་མིང་རྐང་ལག་དྲྭ་བ་ཅན་ཞེས་བྱ་བར་བཏགས་སོ། །ཕྱིས་སུ་ཡང་དེ་ལ་གཅུང་རྐང་ལག་དྲྭ་བ་མེད་པ་ཞིག་བཙས་པ་ལ། རྐང་ལག་དྲྭ་བ་མེད་པ་ཞེས་བཏགས་སོ། །གཅེན་དྲྭ་བ་ཅན་དེས་བདག་ཀྱང་མདུན་ན་འདོན་དུ་གྱུར་ན་མི་རུང་ཞེས་ཕའི་གན་དུ་སོང་སྟེ་རབ་ཏུ་འབྱུང་བར་ཞུས་པ་དང་། ཕས་གང་གི་ཕྱིར་མཆོད་སྦྱིན་སོགས་བྱེད་པའི་མདུན་ན་འདོན་དེ་ཁྱོད་ཀྱི་ལག་ཏུ་འོང་ན་ཅིའི་ཕྱིར་རབ་ཏུ་འབྱུང་། བུས་སྨྲས་པ། ནགས་ན་གནས་པ་སླའི་མཁས་པས་རྒྱལ་སྲིད་ཀྱི་ཕྱིར་སྲིད་པར་གསད་བཅད་སོགས་ཀྱི་ལས་བྱར་མི་རུང་བའི་ཚིགས་བཅད་སྨྲས་པ་ལ། ཕས་ཀྱང་ནན་གྱིས་འབད་པར་ཤེས་ནས་གནང་བས། དྲང་སྲོང་རྣམས་ཀྱི་ནང་དུ་སོང་སྟེ་རབ་ཏུ་བྱུང་ནས་བསམ་གཏན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་མངོན་ཤེས་ལྔ་བསྐྱེད་པར་གྱུར་ཏོ། །གཅུང་རྐང་ལག་དྲྭ་བ་མེད་པ་དེ་ཡང་གསང་ཚིག་ཚོལ་དུ་ཡུལ་གཞན་དུ་སོང་བ། ལྷོ་ཡི་རི་བྲག་ན་བྲམ་ཟེ་ཞིག་འདུག་པ་དེས་རང་ལ་བུ་མོ་ཞིག་ཡོད་པ་དེ་འདི་ནི་རིགས་དང་ནོར་གྱི་ཕྱིར་མི་སྦྱིན་གྱི། གང་གིས་རིག་བྱེད་བཞི་བསླབས་པ་ལ་སྦྱིན་ནོ་སྙམ་མོ། །རྐང་ལག་དྲྭ་བ་མེད་པ་ཡུལ་ཕན་ཚུན་འཁོར་ནས་བྲམ་ཟེ་དེའི་དྲུང་དུ་རིག་བྱེད་བཀླགས་པས་དུས་ཐུང་དུས་རིག་བྱེད་བཞིར་མཁས་པ་ལ་བུ་མོ་དེ་ཡང་བྱིན་ནོ། །བྲམ་ཟེའི་ཁྱེའུ་དེ་དང་བུ་མོ་དེ་ཁང་སྟེང་ན་ཉལ་བ་ལས་བསིལ་ཡབ་ཤོད་དུ་ལྷུང་བ་བུ་མོ་དེས་ལག་པ་གླང་པོའི་ཆེའི་སྣ་ལྟར་བརྐྱངས་ཏེ་བླངས་པ་མཐོང་ནས་སྐྲག་གོ། །ཡང་མར་མི་ཤི་ལ་ཐུག་པ་དེ་གླང་པོ་ཆེའི་སྣ་ལྟ་བུའི་ལག་པ་བརྐྱངས་ནས་གསོས་སོ། །དེ་ཡང་སྐྲག་ནས་དགའ་མགུར་སྤྱོད་པ་མི་བྱེད་པ་ལ། བུ་མོ་དེས་བདག་དང་ལྷན་ཅིག་པ་གཡངས་སུ་ཅི་སྟེ་གཅུགས་པར་མི་བྱེད་ཅེས་དྲིས་པ། ཁྱེའུ་དེས་འཆི་བདག་དང་ལྷན་ཅིག་གཅུགས་པར་བྱེད་པ་འགའ་མཐོང་ངམ། བུ་མོས་སྨྲས་པ། རྗེའི་སྲས་མ་འཇིགས་ཤིག་དང་། ཁོ་མོས་ཁྱིམ་ཐབ་ལ་འཁུ་བའི་སེམས་མི་སྐྱེད་དོ། །ཁྱེའུས་སྨྲས་པ་འདི་ལ་ཁོ་བོ་འདུ་ཤེས་པར་བྱའོ། །བུ་མོ་དེ་སྐྱེངས་ནས་གཉིད་ལོག་པ་ལ་སྔོད་ཅིང་འདུག་པས། ཁྱེའུ་དེས་གཉིད་ལོག་པའི་ཚུལ་དུ་བྱས་པ་དང་། བུ་མོ་ད་གཟུགས་ཅན་མ་རྣམས་ཀྱི་ནང་དུ་སོང་ངོ་། །ཁྱེའུ་དེ་ཡང་དེའི་རྗེས་སུ་དལ་བུས་སོང་བ་དང་། གཟུགས་ཅན་དེ་དག་སྐྲ་བཤིགས་ཏེ་འཇིགས་འཇིགས་ལྟར་འདུག་པ་མཐོང་ནས་སྐྲག་སྟེ་ཕྱིར་ལོག་གོ། །དེ་ཅང་མི་སྨྲ་བར་མཁན་པོའི་དྲུང་དུ་སོང་ནས་དེ་ལྟར་མཆིའོ་ཞེས་སྨྲས་པ་དང་། བུ་དེ་ལྟ་ན་བུ་མོ་ཡང་ཁྲིད་ཅིག །མཁན་པོ་བདག་དེས་འཇིགས་ཏེ་དེ་ཉིད་གཟུགས་ཅན་མ་ལགས་སོ། །དེས་ཅིའི་ཕྱིར་ཞེས་དྲིས་པ་ལ་ཅང་མི་སྨྲ་བར་སོང་ངོ་། །བྲམ་ཟེ་དེས་བུ་མོ་ལ་ཁྱོད་ཁྱིམ་ཐབ་ཀྱང་རྗེས་སུ་མི་སྲུང་ངམ། བུ་མོ་ན་རེ། ཡབ་དེ་ཇི་སྐད་ཟེར། བུ་དེ་ན་རེ་ཁྱོད་གཟུགས་ཅན་མ་ཡིན་ཞེས་ཟེར་རོ། །ཡབ་བདག་གཟུགས་ཅན་མ་མ་ལགས་ཏེ། དེས་བདག་ལ་ཤོ་བེས་སྐུར་པ་བཏབ་ནས་སོང་ངོ་། །གཟུགས་ཅན་མ་དེ། དེ་ལ་ཁྲོ་བས་ཀུན་ནས་དཀྲིས་པས་རྐང་ལག་དང་མིག་བསྒྱུར་ཏེ་དེའི་ལམ་ཁར་སོང་ནས་མདུན་དུ་འདུག་སྟེ། བུ་ཟན་མའི་བུ་ཁྱོད་ལ་ཁོ་མོས་སུ་ལ་ཡང་མ་ཟེར་ཅིག་བྱས་ན་ཁྱོད་ཀྱིས་ཁོ་མོའི་ཕ་ལ་སྨྲས་པས། ད་ནི་ཁྱོད་ལ་མཚམས་ཆེན་པོ་གཅད་པར་བྱའོ་ཞེས་དེས་དེ་ལ་གནོད་པ་བྱ་བར་བརྩམས་པ་དང་། དེ་སྐྲག་པས་སྒྲ་ཆེན་པོས་འཕགས་པ་རྐང་ལག་དྲྭ་བ་ཅན་ལ་ཕྱག་འཚལ་ལོ་ཞེས་ལན་གསུམ་བརྗོད་པ་ན། རྐང་ལག་དྲྭ་བ་ཅན་ལ་མངོན་པར་དགའ་བའི་ལྷ་ཞིག་གིས་འཕགས་པ་ཁྱོད་ཀྱི་གཅུང་པོ་གནོད་པ་དང་ཉམ་ང་བར་གྱུར་གྱིས་དེ་ལ་དགོངས་སུ་གསོལ་ཞེས་བྱས་པས། དེ་རྫུ་འཕྲུལ་གྱིས་དེའི་གན་དུ་སོང་སྟེ་སྨྲས་པ། བུ་མོ་འདི་ལ་གནོད་པ་མ་བྱེད་ཅིག་འདིས་ཁྱོད་ལ་ཅི་ཉེས། གཟུགས་ཅན་མ་ན་རེ། འདི་བདག་གི་ཕ་ལ་འདི་གཟུགས་ཅན་མ་ཡིན་ནོ་ཞེས་བགྱིས་པས་བདག་གིས་འདི་ཟ་བས་ཁྱོད་བཞུད་ཅིག །དྲང་སྲོང་གིས་སྨྲས་པ། སྲིན་མོ་འདི་ནི་བཀྲེན་པ་ཡིན་པས་འཁྲུགས་པས་ཆོག་གིས་ཐོངས་ཤིག །དེས་སྨྲས་པ། འཕགས་པ་དམ་ཚིག་གིས་གཏང་བར་བྱ་སྟེ། གལ་ཏེ་རབ་ཏུ་འབྱུང་ནའོ། །དྲང་སྲོང་གིས་སྲིན་མོ་ཐོངས་ཤིག་དང་རབ་ཏུ་འབྱུང་བར་བྱའོ་ཞེས་སྨྲས་ཏེ། དེ་རབ་ཏུ་བྱུང་ནས་གདམས་ངག་བྱིན་པས་བརྩོན་པས་མངོན་པར་ཤེས་པ་ལྔ་གྲུབ་པར་གྱུར་ཏོ། །དེ་དུས་ཀྱི་གཅུང་དེ་ནི་ལག་བརྒྱུད་འབྲོག་གནས་ཡིན་ལ། དེ་དུས་ཀྱི་གཟུགས་ཅན་མ་ནི་བུ་མོ་སྔོ་བསང་ཅན་འདི་ཡིན་ཏེ། ད་ལྟར་སངས་རྒྱས་པའི་དུས་ན་ཡང་ལག་བརྒྱུད་འབྲོག་གནས་འདི་གནོད་སྦྱིན་གྱི་ཟས་སུ་བྱིན་པ་ལས་ཐར་བར་བྱས་ཤིང་། སྔོ་བསང་ཅན་གྱི་འཆིང་བ་ལས་ཐར་བར་བྱས་ཏེ་ཕྱིར་མི་འོང་བའི་འབྲས་བུ་ལ་བཞག་གོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་དུས་ན་ཝཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་མངའ་དབང་ཆེ་ཞིང་ཡུལ་བདེ་ལ་འབྱོར་པ་དེའི་བཙུན་མོ་ཚངས་ལྡན་མ་ཞེས་བྱ་བ་དང་། རྫིང་ཚངས་ལྡན་ཞེས་བྱ་བ་ཡོད་དོ། །རྒྱལ་པོ་དེ་ལ་བུ་མེད་པས་བུ་འདོད་པའི་ཕྱིར་ལྷ་རྣམས་ལ་གསོལ་བ་འདེབས་སོ། །དེ་ལྟར་གསོལ་བ་བཏབ་པའི་རྒྱུས་མིན་ཀྱང་། ལས་ཀྱི་ཚོགས་པ་རྙེད་བུ་སྐྱེ་སྟེ། དེར་བླ་མེད་རྫོགས་བྱང་ལ་སྨོན་ལམ་བཏབ་ཅིང་དམ་བཅའ་བརྟན་པའི་སེམས་ཅན་ཞིག་དམྱལ་བ་ནས་ཚེ་འཕོས་ཏེ་བཙུན་མོ་ཚངས་ལྡན་མའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ནི་ཆོས་ལྔ་ཤེས་ཏེ། སྐྱེས་པ་ཆགས་པ་དང་ཆགས་པ་མེད་པ་ཤེས་པ། དུས་ཤེས་ཤིང་ཟླ་མཚན་ཤེས་པ། མངལ་དུ་ཞུགས་པ་ཤེས་པ། གང་ལས་མངལ་ན་གནས་པ་དེ་ཞུགས་པ་ཤེས་པ། ཁྱེའུའམ་བུ་མོ་གང་ཡིན་ཤེས་པའོ། །དེའི་ཕྱིར་བཙུན་མོ་དེས་རྒྱལ་པོ་ལ་བདག་ལ་ཁྱེའུ་ཞུགས་སོ་ཞེས་སྨྲས་པའོ། །དེ་ཡང་དགའ་ཞིང་སྨོན་ལམ་ལེགས་པར་བཏབ་སྟེ། མངལ་ན་གནས་པ་ལེགས་པར་སྨིན་པའི་ཆེད་དུ་བཙུན་མོ་དེ་ཡིད་དུ་འོང་བའི་འབྱོར་བ་ཆེན་པོས་བསྙེན་བཀུར་བྱས་ནས་བདེ་ཞིང་གནོད་པ་མེད་པར་བྱས་སོ། །དེ་ནས་ནམ་ཞིག་ན་དེས་རྒྱལ་པོས་སྦྱིན་པ་ཆེན་པོ་བཏང་ཞིང་བསོད་ནམས་དག་བྱས་ན་ཅི་མ་རུང་སྙམ་པའི་རྟོག་པ་སྐྱེས་པ་སྨྲས་པ་དང་དེ་བཞིན་དུ་བྱས་ཏེ་བཙོན་རྣམས་ཀྱང་བཏང་ངོ་། །ཡང་ནམ་ཞིག་བདག་རྒྱལ་པོ་དང་ལྷན་ཅིག་གྲུའི་ལྡིང་ཁང་དུ་ཞུགས་ཏེ་ཚངས་ལྡན་གྱི་རྫིང་བུར་རྩེ་ལ་དགའ་བ་དང་དགའ་མགུར་སྤྱད་ན་ཅི་མ་རུང་སྙམ་པ་དང་། དེ་བཞིན་དུ་བྱས་པ་ལས་གྲུའི་ནང་དེ་ཉིད་དུ་ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ་གསེར་གྱི་མདོག་ལ་སོགས་པའི་མཚན་དང་ལྡན་པ་སྐྱེ་བ་དྲན་པ་ཞིག་བཙས་སོ། །དེ་བཙས་པ་ན་ཉེ་དུ་དག་འདུས་ཏེ་ཉི་མ་བདུན་གསུམ་བཙས་སྟོན་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་བྱས་པ་ལ། ཆུའི་ནང་དུ་སྐྱེས་པས་ཆུ་སྐྱེས་ཞེས་བཏགས་སོ། །ཁྱེའུ་དེ་མ་མ་བརྒྱད་ཀྱིས་སྐྱེད་བསྲིངས་པར་གྱུར་པ་ན། ཁྱེའུ་དེས་བདག་གང་ནས་ཤི་འཕོས་པ་བརྟགས་ནས། སྔོན་རྒྱལ་ཚབ་ལོ་དྲུག་ཅུར་བྱས་པས་དམྱལ་བར་སྐྱེས་པ་ནས་འདིར་སྐྱེ་བར་ཤེས་སོ། །གལ་ཏེ་ད་ལྟ་ཡང་རྒྱལ་སྲིད་བྱས་ན་སླར་ཡང་དམྱལ་བར་འཇུག་པས་བདག་གིས་ཐབས་ཞིག་བྱའོ་སྙམ་དུ་དེ་འཕྱེ་བོར་བརྫུས་ཏེ་འདུག་གོ། །གཞོན་ནུ་ཆུ་སྐྱེས་བཙས་པའི་ཉི་མ་དེ་ལ་བློན་པོ་ལྔ་བརྒྱའི་བུ་ཡང་བཙས་སོ། །དུས་གཞན་ཞིག་ན་ན་ཟླའི་ཁྱེའུ་དེ་དག་རྒྱུག་ནུས་པར་གྱུར་པ་ན། རྒྱལ་པོ་ཚངས་བྱིན་འདི་སྙམ་དུ་གལ་ཏེ་གཞོན་ནུ་ཆུ་སྐྱེས་འཕྱེ་བོར་མ་གྱུར་ན། ད་ཙམ་མཆོང་པ་དང་རྒྱུག་ནུས་པ་ཞིག་ན་འདི་འཕྱེ་བོར་གྱུར་ཀྱང་རྒྱལ་སྲིད་ལ་བཞག་སྙམ་མོ། །དེར་གཞོན་ནུ་དེས་རྒྱལ་པོ་འདི་དོན་མེད་པ་ལ་གཙིགས་ཆེར་འཛིན་བསམ་ལ་བདག་ལྐུགས་པ་ཉིད་དུ་བྱའོ་སྙམ་ནས་དེ་ལྟར་བྱས་སོ། །ན་ཟླ་རྣམས་སྨྲ་ཤེས་པ་ན་གཞོན་ནུ་འདི་ལྐུག་པར་མ་གྱུར་ན་ད་ཙམ་སྨྲ་ཤེས་པར་འགྱུར་བ་ཞིག་སྙམ་མོ། །དེའི་ཚེ་དེའི་མིང་སྔ་མ་ནུབ་ནས་ལྐུགས་འཕྱེ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དུས་ཞིག་ན་རྒྱལ་པོ་དེས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལ། བློན་པོ་རྣམས་ཀྱིས་དྲིས་པ་དང་། བདག་རྒྱལ་སྲིད་ཀྱི་དབང་ཕྱུག་ཐོབ་ཀྱང་བུ་ཕོ་དང་བུ་མོ་ཡང་མེད་པས་ང་ཤི་ན་གདུང་རྒྱུད་འཆད་ལ་བུ་གཅིག་ཡོད་པ་དེ་ཡང་ལྐུགས་འཕྱེར་གྱུར་པས་ཇི་ལྟར་སེམས་ཁོང་དུ་མི་ཆུད ། བློན་པོ་རྣམས་ཀྱིས་སྨན་པ་རྣམས་བསྡུས་ཏེ། དེ་རྣམས་ཀྱིས་བལྟས་ན། གཞོན་ནུ་འདི་དབང་པོ་གསལ་ཞིང་ནད་ཅུང་ཟད་ཀྱང་མེད་པར་མཐོང་ནས། འོན་ཀྱང་སྐྲག་པ་ཞིག་མཛོད་ཅིག་ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་གཤེད་མ་བཀུག་ནས་གསང་སྟེ་བསྒོ་བ། ངས་གཞོན་ནུ་ལྐུགས་འཕྱེ་འདི་སྐྱེ་བོའི་ཚོགས་ཆེན་པོའི་མངོན་སུམ་དུ་སྤོང་གིས་ཁྱེད་ཅག་གིས་བསད་ནི་མ་བསད་ཅིག །དེ་རྣམས་ཀྱིས་ལྷ་བཀའ་བཞིན་འཚལ་ཞེས་གཤེད་མའི་མི་རྣམས་ཀྱིས་གཞོན་ནུ་ཤིང་རྟར་བཅུག་སྟེ་ཝཱ་རཱ་ཎ་སཱིར་དབུས་ཐོག་ཐག་ཁྲིད་པ་དང་། གཞོན་ནུས་ཡུལ་དེ་འབྱོར་ཞིང་རྒྱས་པ་མཐོང་ནས་སྨྲས་པ། ཅི་ཝཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད། གཤེད་མའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུས་འདི་སྐད་ཚིག་སྨྲས་སོ། །དེ་ནས་རྒྱལ་པོས་གཞོན་ནུ་པང་དུ་བླངས་ནས་སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན་ཞེས་སྨྲས་པ་ན་གཞོན་ནུ་ཅང་མི་སྨྲའོ། །ཡང་རྒྱལ་པོའི་གཞོན་ནུ་སྤངས་ཞེས་གཤེད་མ་རྣམས་ལ་གཏད་དེ་ཁྲིད་པ་དང་གཞོན་ནུས་མི་རོ་ཞིག་མཐོང་ནས། འདི་ཅི་ཤི་བ་ཉིད་ཤིའམ། འོན་ཏེ་གསོན་པོ་ཤི། གཤེད་མ་རྣམས་ཀྱིས་སླར་རྒྱལ་པོ་ལ་ཕུལ་ཏེ་དེ་སྐད་སྨྲས་པ་ན། རྒྱལ་པོས་སྔར་བཞིན་ཚིག་བཞི་དྲིས་ཀྱང་ཅང་མི་སྨྲའོ། །ཡང་གཤེད་མ་རྣམས་ལ་བསྐུར་བ་དང་། གཞོན་ནུས་འབྲས་ཀྱི་ཕུང་པོ་ཆེན་པོ་ཞིག་མཐོང་ནས། འབྲས་ཀྱི་ཕུང་པོ་ཆེན་པོ་འདི་དང་པོ་ཉིད་ནས་མ་ཟོས་དང་། དྲུང་ཟུག་པར་འགྱུར་བ་ཞིག །གཤེད་མ་རྣམས་ཀྱིས་གཞོན་ནུ་སླར་ཡང་རྒྱལ་པོ་ལ་ཕུལ་ནས་དེ་སྐད་སྨྲས་སོ། །རྒྱལ་པོས་སྔར་བཞིན་དྲིས་ཀྱང་ཅང་མི་སྨྲའོ། །ཡང་གཤེད་མ་རྣམས་ལ་གཏད་དེ་གཞོན་ནུ་ཚལ་གྱི་ནང་དུ་དོང་རྐོས་ཏེ་ཆུགས་ཤིག །དེ་དག་གིས་ཁྲིད་དེ་ས་བརྐོ་བར་བརྩམས་པ་དང་། གཞོན་ནུས་དྲིས་པ་ན། ཁ་ལོ་བས་རྒྱལ་པོས་འདིར་དོང་བརྐོས་ཏེ་གཞོན་ནུ་ཆུག་ཅེས་བཀའ་སྩལ་ཏོ། །དེ་ནས་གཞོན་ནུ་དེས་གཤེད་མ་འདི་དག་གདུག་ཅིང་སྲོག་གཅོད་པས་འཚོ་བ་ཡིན་ནོ་སྙམ་དུ་སྐྲག་སྟེ་གཤེད་མ་རྣམས་ལ་སྨྲས་པ། ལྷས་གལ་ཏེ་བདག་ལ་མཆོག་ཅིག་གནང་ན། བདག་རྐང་གི་གྲོང་ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ། །གཤེད་མ་རྣམས་ཀྱིས་ཚིག་དེ་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོས་སྨྲས་པ། གཞོན་ནུ་རྒྱལ་སྲིད་འདོད་ན་ཡང་སྦྱིན་པར་བྱའོ་ཞེས་དགའ་ནས་གྲོང་ཁྱེར་གྱི་ལམ་ཐམས་ཅད་བརྒྱན་པར་བྱས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་རྐང་པས་གྲོང་ཁྱེར་དུ་འཇུག་པ་ལ་ཡ་མཚན་སྐྱེས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་འདུས་སོ། །གཞོན་ནུ་དེ་རྐང་པས་གྲོང་ཁྱེར་དུ་ཞུགས་ཤིང་རྒྱལ་པོའི་རྐང་པ་ལ་གཏུགས་ནས། མི་དབང་བདག་ནི་ལྐུགས་འཕྱེ་དང་། །བླུན་པ་བློ་མི་ལྡན་མ་ལགས། །རྣམ་པར་གསལ་བར་བགྱིད་པ་ཡི། །ཚིག་གིས་གསལ་བར་བགྱིད་པ་ལགས། །སོགས་ཚིགས་བཅད་སྨྲས་ཏེ། བདག་ནི་དབང་པོ་ཡང་ཚང་ལགས་ཏེ། སྔོན་གྱི་ཚེ་རབས་དྲན་པས་སྔོན་མི་ཡི་ནང་དུ་ལོ་དྲུག་ཅུར་རྒྱལ་ཚབ་བགྱིས་པས་ལོ་དྲུག་ཁྲིའི་བར་དུ་དམྱལ་བའི་ནང་དུ་སྡུག་བསྔལ་མི་བཟད་པ་མྱོང་བ་དྲན་ནས། སླར་དམྱལ་བར་མཆི་མི་རུང་བས་རྒྱལ་སྲིད་ལ་མངོན་པར་མི་དགའ་སྟེ། ཡབ་གཅིག་གནང་བར་མཛོད་དང་བདག་རབ་ཏུ་བྱུང་བར་བགྱིའོ། །རྒྱལ་པོས་སྨྲས་པ། དཀའ་ཐུབ་དང་མཆོད་སྦྱིན་བྱེད་པ་དེ་དག་རྒྱལ་སྲིད་ཀྱི་ཕྱིར་ཡིན་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་ལག་མཐིལ་དུ་འོང་བ་སྤངས་ཏེ་རབ་ཏུ་འབྱུང་། གཞོན་ནུས་སྨྲས་པ། ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་རྣམས་ལ་སྤྱོད་མི་འཚལ། །བདུད་རྩིའི་འབྲས་བུའི་རོ་ལྟ་བུའི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །རྒྱལ་པོས་སྨྲས་པ། བུ་བདེ་བ་གང་ཅི་ཉམས་སུ་མྱོང་བ་དེ་ཐམས་ཅད་རྒྱལ་སྲིད་ཀྱིས་ཡིན་ན་ཅིའི་ཕྱིར་དེ་སྤོང་། གཞོན་ནུས་སྨྲས་པ། གང་ལས་སྡུག་བསྔལ་རབ་འབྱུང་བའི། །བདེ་དེ་བདེའོ་སྙམ་མི་བགྱིད། །གང་ལས་བདེ་བ་རབ་སྐྱེ་བའི། །སྡུག་བསྔལ་སྡུག་བསྔལ་སྙམ་མི་བགྱིད། །ཡབ་གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱིའོ། །རྒྱལ་བོས་སྨྲས་པ། བུ་རེ་ཞིག་ཁང་བཟང་གི་གཞི་སྤོས་དང་མེ་ཏོག་གིས་འཁྲིགས་པ་བཟའ་བཏུང་དང་གོས་རྒྱན་རོལ་མོའི་བདེ་བ་ལ་གནས་པར་བྱ་ཡི་དགོན་པའི་ཤིང་དྲུང་དུ་རྩྭའི་སྟན་ལ། གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་ཉལ་ཞིང་། ཤིང་ཤུན་གྱི་གོས་དང་རྩ་བ་དང་འབྲས་བུའི་ཟས་དང་། ཆུའི་བཏུང་བ་ལ་བརྟེན་དགོས་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་ནགས་སུ་འགྲོ །གཞོན་ནུས་སྨྲས་པ། ནགས་ན་ཤིང་ཤུན་གཡང་གཞི་གྱོན་ཞིང་འབྲས་བུ་ཟ། །གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་འདུག་པ་བླའི། །མཁས་པ་འཇིག་རྟེན་ཕ་རོལ་དག་གིས་འཇིགས་པ་ཡིས། །རྒྱལ་སྲིད་ཕྱིར་ནི་གསོད་དང་རྡེག་དང་འཆིང་མི་རུང་། །ཡབ་གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། བུ་རེ་ཞིག་ངའི་ཐེ་ཚོམ་གསུམ་པོ་འདི་དག་ཆོད་ཅིག་དང་། དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་མི་དགའ་བར་འགྱུར་རོ། །གང་ཁྱོད་ཀྱིས་ཝཱ་རཱ་ཎ་སཱིར་འབྱོར་ཞིང་རྒྱས་པ་མཐོང་ནས་འདི་ཅི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད་ཅེས་སྨྲས་པ་དེ་ཁྱོད་ཀྱིས་ཅི་ཞིག་ལ་བསམས་ཏེ་སྨྲས། གཞོན་ནུ་ན་རེ། ལྷ་དེའི་སླད་དུ་གསོན་ཅིག །བདག་ནོངས་པ་མེད་བཞིན་འགུམ་པར་བཀའ་སྩལ་པ་ལ། འགས་ཀྱང་གཞོན་ནུ་འདི་ཅིའི་ཕྱིར་གསད་ཅེས་ཆོས་ཀྱི་ཚིག་མ་སྨྲས་པ་དེ་ལ་བསམས་ཏེ། བདག་གིས་དེ་ལྟར་སྨྲས་ལགས་སོ། །རྒྱལ་པོས་སྨྲས་པ། བཟང་ངོ་། གང་ཁྱོད་ཀྱིས་མི་རོ་མཐོང་ནས་ཅི་འདི་ཤི་བ་ཉིད་ཤིའམ། འོན་ཏེ་གསོན་པོ་ཤི་ཞེས་སྨྲས་པ་དེ་ཅི་ལ་བསམས་ནས་སྨྲས། ལྷ་དེ་ནི་གང་ཞིག་ཉེས་པའི་ལས་བགྱིས་ནས་གུམ་པ་དེ་ཤི་བ་ཉིད་ཤི་བ་ལགས་ལ། གང་ཞིག་ལེགས་པའི་ལས་བགྱིས་པ་དེ་གུམ་པ་ནི་གསོན་པ་གུམ་པ་ལགས་པས། དེ་ལ་བསམས་ནས་དེ་སྐད་སྨྲས་སོ། །བཟང་ངོ་། །གང་ཁྱོད་ཀྱིས་འབྲས་ཕུང་ཆེན་པོ་མཐོང་ནས། འབྲས་ཕུང་ཆེན་པོ་འདི་དང་པོ་ཉིད་ནས་མ་ཟོས་དང་། དྲུང་ཟུག་པར་འགྱུར་བ་ཞིག་སྨྲས་པ་དེ་ཅི་ལ་བསམས་ཏེ་སྨྲས། ལྷ་དེ་ནི་ཞིང་པ་འདི་རྣམས་ཀྱིས་ཞིང་ས་འདི་རྣམས་ཀྱི་འབྲས་བུ་སྨིན་པ་ན་བླངས་ཏེ་ཟ་ཞིང་བུ་ལོན་བཙལ་ནས་མེད་པར་བྱེད་དེ། དེ་ལྟར་ན་དེ་དག་གིས་དྲུང་ངམ་རྩ་བ་དེ་སྔར་ནས་ཟོས་པ་ལགས་སོ། །དེ་བཞིན་དུ་དགེ་བཅུའི་ལས་ཀྱིས་མིར་སྐྱེ་བ་ཐོབ་པའི་ཚེ་དགེ་བཅུའི་ལས་ལམ་མི་སོག་ན་སྔོན་གྱི་དགེ་བ་དེ་རྒྱུན་ཆད་པར་འགྱུར་ཞིང་དགེ་རྩ་དེ་རྒྱུན་ཆད་ན་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོར་གནས་པར་འགྱུར་བ་དེ་ལ་བསམས་ནས་བདག་གིས་དེ་སྐད་སྨྲས་ལགས་སོ། །དེ་ནས་རྒྱལ་པོས་ཚིག་དེ་ཐོས་ནས་མཆི་མ་འབྱིན་བཞིན་བུ་ལ་འཁྱུད་དེ་སྨྲས་པ། བརྟུལ་ཞུགས་ངེས་ལོངས་རང་གི་ཆོས་སྤྱོད་ཅིང་། བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་བླང་ངོ་། །དེ་ནས་རྒྱལ་པོ་ཚངས་བྱིན་གྱིས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་ལྐུགས་འཕྱེ་འདི་རབ་ཏུ་མ་བྱུང་ན་ཅིར་འགྱུར། ལྷ་རྒྱལ་པོར་འགྱུར་རོ། །ཁྱེད་ཅག་གི་བུ་རྣམས་ཅིར་འགྱུར། །ལྷ་དེའི་གཡོག་ཏུ་འགྱུར་རོ། །དེ་རབ་ཏུ་བྱུང་ན་ཁྱེད་ཅག་གི་བུ་རྣམས་ཅིའི་ཕྱིར་རབ་ཏུ་མི་འབྱུང་། ལྷ་བཀའ་ཅི་སྩལ་དུ་ཟད་དོ། །དེའི་ཚེ་ཝཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་པའི་བསྟི་གནས་ཞིག་ན། དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སེམས་ཅན་ཐམས་ཅད་ལ་བྱམས་པ་ཞིག་གནས་པ་དེར་གཞོན་ནུ་ལྐུགས་འཕྱེ་འཁོར་ལྔ་བརྒྱ་དང་བཅས་པར་འབྱོར་པ་ཆེན་པོ་དང་བཅས་ཤིང་དྲང་སྲོང་དེ་ལས་རབ་ཏུ་བྱུང་ནས་དེས་གདམས་ངག་བྱིན་པ་ལ་འབད་པ་དང་བརྩོན་འགྲུས་དྲག་པོས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དུས་གཞན་ཞིག་ན་དྲང་སྲོང་དེ་ཚེའི་དུས་བྱས་པ་ལ་གཞོན་ནུ་ལྐུགས་འཕྱེས་དྲི་སྣ་ཚོགས་ཀྱི་ཤིང་གིས་བུར་བསྲེགས་ནས་མཆོད་པ་བྱས་སོ། །འཁོར་གྱི་ཁྱེའུ་ལྔ་བརྒྱ་པོ་དེ་ལ་གདམས་ངག་བྱིན་ནས་དེ་རྣམས་ཀྱིས་འབད་པས་མངོན་ཤེས་ལྔ་མངོན་དུ་བྱས་སོ། །དེའི་ཚེ་གཞོན་ནུ་ལྐུགས་འཕྱེ་རྒྱལ་སྲིད་སྤངས་ནས་ནགས་སུ་བསམ་གཏན་གྱི་ཡོན་ཏན་མངོན་དུ་བྱེད་པ་དེ་ནི་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔར་གྱུར་པ་ཡིན་ནོ། ༈ །ཡང་བཅོམ་ལྡན་འདས་འདི་ཉིད་སྔོན་གྱི་ཚེ་ཕྱི་རོལ་བའི་སྟོན་པ་མིག་མཛེས་ཞེས་བྱ་བར་གྱུར་པའི་ཚེ་ན་ཡང་འདོད་པ་རྣམས་ལ་ཆགས་པ་དང་བྲལ་བར་གྱུར་ཏེ། རྫུ་འཕྲུལ་དང་ལྡན་པ། འཁོར་བརྒྱ་སྟོང་ཕྲག་དུ་མ་ལ་ཆོས་བསྟན་པ་མི་ཟད་པ་ཤིན་ཏུ་དྲི་མ་མེད་པར་སྟོན་ཏོ། །དེས་ཆོས་བསྟན་པ་ཐམས་ཅད་ཕལ་ཆེར་ཚངས་པའི་འཇིག་རྟེན་དང་སྐལ་པ་མཉམ་པར་སྐྱེས་ལ། ཁ་ཅིག་ནི་ལྷ་དང་མིའི་དམ་པ་རྣམས་སུའོ། །དེ་ནས་སྟོན་པ་མིག་མཛེས་དེས་བསམ་གཏན་གཉིས་པ་ཐོབ་པར་བྱས་སོ། །སྟོན་པ་མིག་མཛེས་ཇི་ལྟ་བ་བཞིན་དུ་བྲམ་ཟེའི་བུ་འཇོམ་བྱེད་དང་། གླང་པོ་སྐྱོང་ཡང་དེ་དང་འདྲའོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་ཕྱི་རོལ་པའི་སྟོན་པ་ལྐུགས་འཕྱེ་ཞེས་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞིག་ཏུ་གྱུར་པས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་སློབ་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་དེས་ཅིའི་ཕྱིར་ཁྱེའུ་འདི་རྣམས་མངོན་ཤེས་ལྔ་མ་ཐོབ་སྙམ་དུ་བསམས་ན། གཡང་གཞི་དང་ཤིང་ཤུན་རིལ་བ་དབྱུ་གུ་བླུགས་གཟར་གྱི་སྣོད་ལྷག་པོ་འཆང་ཞིང་། ཚོད་རྔད་དང་ཨུད་པ་ལའི་རྩ་བ་སྦྱོར་བ་ལ་བརྩོན་པས་གནས་པ་བྱ་བ་མང་བས་ལན་ནོ་སྙམ་ནས། འདི་ལ་ནན་ཏུར་གྱི་ཐབས་ཞིག་མ་བྱས་ན་དེ་དང་འབྲལ་བར་དཀའོ་སྙམ་དུ་བྱང་ཆུབ་སེམས་དཔའ་དེ་གདུལ་བ་ལ་མཁས་པས་བྲམ་ཟེའི་ཁྱེའུ་དག་ཁོ་བོ་ནང་དུ་ཡང་དག་འཇོག་འདོད་ཀྱིས། ཁོ་བོ་ལ་རྩ་བ་དང་འབྲས་བུ་སྟོབ་པའི་བྲམ་ཟེའི་ཁྱེའུ་གཅིག་དང་། གསོ་སྤྱོང་བཅོ་ལྔ་པ་དེ་ཉིད་མ་གཏོགས་པར་ཁྱེད་སུ་ཡང་མ་འོངས་ཞིག །ཁྱེའུ་རྣམས་ཀྱིས་དེ་ལྟར་ནང་ཁྲིམས་སུ་བཅས་སོ། །དེའི་ཚེ་སྟོན་པ་ལྐུགས་འཕྱེས་རྒྱང་རིང་པོ་ནས་རི་དྭགས་ཞིག་མཐོང་བ་དང་སྨྲས་པ། རི་དྭགས་འོངས་པ་ལེགས་སོ་ཚུར་ཤོག་ཅིག །རི་དྭགས་ཁྱོད་དང་ཁོ་བོ་མཚུངས་ཏེ་ལྟོ་འགྲངས་ཙམ་གྱིས་ཆོག་ན། འདི་ན་ཁ་ཅིག་དེ་ལྟར་མིན་ཏེ། ཧ་ཅང་ཚོད་རྔད་དང་ཨུད་པ་ལའི་རྩ་བ་སྦྱོར་བས་བརྩོན་པར་གནས་སོ་ཞེས་སྨྲས་པ་ལ། བྲམ་ཟེའི་ཁྱེའུ་དེ་རྣམས་གདོན་མི་ཟ་བར་མཁན་པོ་ནི་བརྟུལ་ཞུགས་རྫོགས་པར་གྱུར་ཏེ་རི་དྭགས་དང་ལྷན་ཅིག་སྨྲའོ་སྙམ་དུ་སྟོན་པའི་དྲུང་དུ་ཕྱིན་ཞིང་ཕྱག་འཚལ་ནས་འཁོད་ཀྱང་སྟོན་པ་ཅང་མི་སྨྲའོ། །དེ་ནས་དེ་རྣམས་མི་དང་མི་སྨྲ་ཡང་རི་དྭགས་དང་སྨྲ་བས་ན་མཁན་པོ་ནི་བརྟུལ་ཞུགས་རྫོགས་སོ་སྙམ་དུ་དེ་ལྟར་སྨྲས་ནས་དོང་ངོ་། །དེ་ནས་རི་དྭགས་ཀྱི་བརྟུལ་ཞུགས་ཅན་ཞིག་སྟོན་པ་ལྐུགས་འཕྱེ་ག་ན་བར་སོང་བ་དང་དེས་རྒྱང་རིང་པོ་ནས་མཐོང་སྟེ། རི་དྭགས་ཀྱི་བརྟུལ་ཞུགས་ཅན་ཁྱོད་འོངས་པ་ལེགས་སོ་ཚུར་ཤོག །ཁྱོད་དང་ཁོ་བོ་ནི་མཚུངས་ཏེ། གཡང་གཞི་གཅིག་ཐོགས། རིལ་བ་དང་དབྱུ་གུ་དང་། བླུགས་གཟར་གྱི་སྣོད་རེ་རེ་ཐོགས། ཁྱོད་དང་བདག་ལྟོ་འགྲངས་ཙམ་གྱིས་ཆོག །འདི་ན་ཁ་ཅིག་དེ་ལྟར་མ་ཡིན་ཏེ། གཡང་གཞི་མང་དུ་འཆང་ཞིང་ཚོད་རྔད་སོགས་ཀྱི་སྦྱོར་བ་ལ་བརྩོན་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཁན་པོ་ནི་འདི་ལྟར་འདོད་ཆེན་ལ་སྨོད་ཅིང་འདོད་ཆུང་ལ་བསྟོད་པས་ན། དོན་གྱིས་མཁན་པོས་བདག་ཅག་ལ་ནན་ཏུར་བྱས་ཀྱིས་མ་ལ་བདག་ཅག་གིས་རིལ་བ་ནས་བླུགས་གཟར་གྱི་བར་གཅིག་ལས་ལྷག་མ་རྣམས་ཆུ་བོ་རྟག་འབབ་ཀྱི་ནང་དུ་བོར་ལ་མཁན་པོ་གང་ན་བར་འདོང་ངོ་ཞེས་དེ་ལྟར་བྱས་ཏེ། རྒྱུད་གཙང་ལ་སྤྱོད་པ་གཞུང་བཞིན་བྱས་ཏེ་སྟོན་པའི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ་འདུག་གོ། །སྟོན་པ་དེས་དེ་རྣམས་ཀྱི་བསམ་པ་དང་རང་བཞིན་ཤེས་ནས་མངོན་པར་ཤེས་པ་ལྔ་མངོན་དུ་བྱེད་པའི་ཆོས་བཤད་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་དེ་དག་གི་ལུས་ལ་གནོད་པ་ནི། ཚ་གྲང་དང་བཀྲེས་སྐོམ་དང་འདོད་པ་དང་ཟ་བ་དང་རྒ་བའོ། །དེའི་ཚེ་རྒྱལ་པོ་བྱེད་ལྡན་ཞེས་བྱ་བའི་སྐྱེད་ཚལ་གྱི་ཤིང་ནྱ་གྲོདྷའི་རྒྱལ་པོ་རབ་ཏུ་གནས་པའི་དྲུང་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བར་བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པ་ན། བྲམ་ཟེ་དེས་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་གསང་ཚིག་སློབ་བོ། །བྲམ་ཟེ་རྩིབས་ཀྱི་མུ་ཁྱུད་དབེན་པར་སོང་ནས་སེམས་ལ་འདི་ལྟ་བུ་རྟོག་པ་སྐྱེས་ཏེ། མི་རྣམས་ནི་ཚེ་ཐུང་ཞིང་ཕྱི་མར་འགྲོ་དགོས་ཏེ་སྐྱེས་ནས་མི་འཆི་བ་མེད་པས་དགེ་བ་དང་ཚངས་པར་སྤྱད་དགོས་ན། འོན་ཀྱང་ད་ལྟར་མི་རྣམས་དོན་དང་དགེ་བ་སྤྱད་པ་ལ་སེམས་ལས་ཆུང་ངུར་གནས་པར་བྱེད་ཀྱི། བདག་ནི་རབ་ཏུ་དབྱུང་བར་བྱའོ་སྙམ་མོ། །ཚུལ་དེ་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་ནས་ཁྱེད་ཅི་བྱེད། དེ་དག་གིས་སྨྲས་པ། བདག་ཅག་གིས་ཅུང་ཟད་ཅི་ཤེས་པ་མཁན་པོ་ལ་བརྟེན་པ་ལགས་ན་བདག་ཀྱང་ཁྱེད་ལྟར་རབ་ཏུ་བྱུང་ངོ་། །དེ་ནས་མཁན་པོ་དེས་དུས་ལ་བབ་པ་ཤེས་པར་གྱིས་ཞེས་དེ་ཐམས་ཅད་རབ་ཏུ་བྱུང་ངོ་། །དེ་ནས་རྩིབས་ཀྱི་མུ་ཁྱུད་སྒྲིབ་པ་ལྔ་སྤངས་ནས་ཚད་མེད་བཞིའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེའི་ཚེ་སྟོན་པ་རྩིབས་ཀྱི་མུ་ཁྱུད་ཅེས་མིང་དུ་གྲགས་སོ། །དེས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་མི་རྣམས་ནི་ཚེ་ཐུང་བ། ཉོན་མོངས་པ། རིང་པོར་མི་ཐོགས་པ། དེ་ཡང་སྡུག་བསྔལ་དང་ལྡན་ནོ། །དཔེར་ན་རྩ་རྩེ་ལ་ཆགས་པའི་ཟིལ་པ་ནི་ཉི་མ་ཤར་བའི་ཚེ་མྱུར་དུ་འགག་པ་དེ་བཞིན་དུ་མི་རྣམས་ཀྱི་ཚེ་ཡང་རིང་པོར་མི་ཐོགས་ལ། དེ་ཡང་སྡུག་བསྔལ་དང་ལྡན་ནོ། །དེ་བཞིན་དུ་ཆུ་ལ་རི་མོ་བྲིས་པ་དང་། ཆུ་ལ་དབྱུག་པས་ཁྲམ་བྲིས་པ་དང་། ཁོར་ཡུག་ཆུར་བོར་བ་འཇིག་པ་དང་། རྡོ་རྗེ་ཆུར་བོར་བནུབ་པ་དང་། དབྱུག་པ་གནམ་དུ་འཕང་བ་མྱུར་དུ་ལྷུང་བ་དང་། ཐགས་སུ་བཏགས་པ་ཅི་ཙམ་གྱིས་རྟིང་ལ་ཐུག་པ་དང་དེ་བཞིན་དུ་སྲོག་ཀྱང་རིང་པོར་མི་ཐོགས་ཤིང་འཆི་བ་ལ་ཐུག་པར་འགྱུར་རོ། །ཇི་ལྟར་གསོད་སར་ཁྲིད་པའི་ཕྱུགས་ནི་གོམ་རེ་བོར་བ་བཞིན་གསད་སར་ཉེ་བ་དང་། ཤའི་ཁམ་ཚད་ཆུ་མང་པོའི་ནང་དུ་བསྐོལ་བ་དང་། རི་ལས་འབབ་པའི་ཆུ་དྲག་ཅིང་གཏིང་ཟབ་པས་རྩི་ཤིང་དེད་པ་དང་འདྲ་བར་ཚེ་ཡང་དེ་ལྟ་བུ་ཡིན་ཏེ། བྲམ་ཟེའི་ཁྱེའུ་བདག་ནི་བྱམས་པའི་སེམས་ནས་བཏང་སྙོམས་ཀྱི་བར་གྱིས་གནས་སོ། །ཁྱེད་ཀྱིས་ཀྱང་བྱམས་སོགས་ལ་གནས་པར་གྱིས་ཞེས་བསྐུལ་ཏེ། སྟོན་པ་རྩིབས་ཀྱི་མུ་ཁྱུད་ལོ་བརྒྱད་ཁྲི་དེ་ཙམ་དུ་ཚེ་རིང་པོར་གནས་པ་ཡང་དེ་ལྟར་མི་རྣམས་ཚེ་ཐུང་བ་དེ་ལྟ་བུའི་ཆོས་སྟོན་ཏེ་རང་གཞན་ཐམས་ཅད་བག་ཡོད་པས་དགེ་ཆོས་ལ་བརྩོན་པར་བྱེད་ཅིང་བསམ་གཏན་དང་ཚངས་པའི་གནས་བསྐྱེད་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་རིགས་ཆེན་པོ་སྨད་དུ་མེད་པ་ཞིག་ཏུ་སྐྱེས་པའི་ཚེ། དེ་ལ་ནུ་བོ་དྲུག་ཡོད་པ་ཡང་དེ་དང་ཡོན་ཏན་ཆ་མཐུན་པ་ཡིན་ལ། སྲིང་མོ་གཅིག་དང་བདུན་ཡོད་དོ། །བྲམ་ཟེ་དེས་རིག་བྱེད་དང་། ཉེ་བའི་རིག་བྱེད་ཡན་ལག་དང་བཅས་པ་ལོབ་ནས་མཁས་པའི་གྲགས་པ་ཐོབ་སྟེ། ཕ་མ་གཉིས་ལ་ལྷ་བཞིན་བཀུར་སྟི་དང་། ནུ་བོ་རྣམས་ལའང་སློབ་དཔོན་དང་ཕ་བཞིན་དུ་རིག་པ་སློབ་ཅིང་ཚུལ་དང་མཐུན་པས་ཁྱིམ་ན་གནས་པ་ལས། ཡུན་རིང་ཞིག་ན་དེ་དག་གི་ཕ་མ་གཉིས་དུས་བྱས་པའི་མྱ་ངན་བསངས་ནས། ནུ་བོ་རྣམས་ལ་སྨྲས་པ། ཡུན་རིང་ལྷན་ཅིག་འཁོད་འདོད་ཀྱང་འཆི་བས་སོ་སོར་འབྲལ་བའི་མྱ་ངན་ཆེན་པོ་འོང་བ་འདི་འཇིག་རྟེན་ཀུན་ལ་ངེས་པས། བདག་ནི་རབ་ཏུ་འབྱུང་འདོད་པས་ཁྱེད་ཅག་ཁྱིམ་དུ་ཆོས་བཞིན་གནས་པར་གྱིས་ཤིག །དེ་ཐོས་པས་ནུ་བོ་རྣམས་མིག་མཆི་མས་གང་བཞིན། བདག་ཅག་ཕ་མའི་མྱ་ངན་གྱི་སྟེང་དུ་ཁྱོད་ཀྱིས་ཀྱང་འདོར་ན། ཁྱོད་གང་དུ་བཞུད་པ་དེར་བདག་ཅག་ཀྱང་འདོང་ངོ་ཞེས་ནུ་བོ་དྲུག་སྲིང་མོ་དང་བཅས་པ་ཡང་དེའི་སླད་བཞིན་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་དང་མཛའ་བོ་དང་ནང་མི་རྣམས་བོར་ཏེ་དཀའ་ཐུབ་ཀྱི་ནགས་སུ་རབ་ཏུ་བྱུང་ངོ་། །བྲན་ཕོ་དང་བྲན་མོ་སྙིང་ཉེ་བ་དག་ཀྱང་དེ་དག་གི་ཕྱི་བཞིན་རབ་ཏུ་བྱུང་ངོ་། །དགོན་པའི་ནགས་ཚལ་ཆེན་པོ་དེར་མེ་ཏོག་གིས་གང་བའི་མཚོ་ཆེན་པོ་ཞིག་གི་འགྲམ་དུ་ཤིང་ལོའི་སྤྱིལ་བུ་སོ་སོར་མི་ཉེ་བར་བྱས་ཏེ། བསམ་གཏན་ལ་སྦྱོར་བར་བྱེད་དོ། །ཞག་ལྔ་ལྡན་བྱང་ཆུབ་སེམས་དཔའི་དྲུང་དུ་ཆོས་ཉན་པར་འདུ་ཞིང་། བསམ་གཏན་གྱི་མན་ངག་ལ་འཇུག་པའི་ཕྱིར། འདོད་པའི་ཉེས་དམིགས་དང་དབེན་པ་དང་ཆོག་ཤེས་པའི་བསྔགས་པ་དང་། ལེ་ལོ་སོགས་ཀྱི་སྐྱོན་དང་། དད་པ་སོགས་ཀྱི་ཡོན་ཏན་གྱི་ཆོས་སྟོན་པར་བྱེད་དོ། །དེ་དག་གི་བྲན་མོ་དེ་ཡང་གུས་ཤིང་སྙིང་ཉེ་བས། མཚོ་དེའི་ནང་ནས་པདྨའི་རྩ་བ་བཏོན་པ། པདྨའི་ལོ་མ་ཆེན་པོ་ལ་ཆ་མཉམ་པར་བགོས་ནས། ཏོག་བརྡུངས་པའི་སྒྲས་དུས་བསྟན་ཏེ་སླར་འགྲོའོ། །དྲང་སྲོང་དེ་དག་བཟླས་བརྗོད་དང་སྦྱིན་སྲེག་གི་ཆོ་ག་བྱས་ཟིན་ནས། རྒན་རིམ་གྱིས་རེ་རེ་ནས་སོང་སྟེ་པདྨའི་རྩ་བ་དེ་གོ་རིམ་བཞིན་དུ་བླངས་ནས་སོ་སོའི་སྤྱིལ་བོར་ཆོ་ག་བཞིན་དུ་ཟོས་ཏེ་བསམ་གཏན་ལ་བརྩོན་པ་ལ་བློས་གནས་སོ། །དེ་དག་ཆོས་ཉན་པའི་དུས་མ་གཏོག་པར་གཅིག་ལ་གཅིག་བལྟར་མི་འདོང་ངོ་། །དེ་དག་དེ་ལྟར་ཚུལ་ཁྲིམས་དང་སྤྱོད་ཚུལ་དེ་ལྟ་བུས་རབ་ཏུ་དབེན་པའི་དགའ་བ་དང་བསམ་གཏན་ལ་གཞོལ་བས་གྲགས་པ་ཆེར་གྱུར་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཐོས་ནས་དེ་བརྟག་པའི་ཕྱིར་སོང་བ་ན་དེ་དག་གི་ཚུལ་དེ་ལྟ་བུ་མཐོང་ནས། པདྨའི་རྩ་བ་གླང་པོ་ཆེའི་ཕྲུ་གུའི་མཆེ་བ་ལྟར་དཀར་བའི་བྱང་ཆུབ་སེམས་དཔའི་སྐལ་བ་དེ་བྲན་མོ་སླར་སོང་བའི་རྗེས་སུ་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་དེར་སོང་བ་ན་དང་པོའི་གནས་དེ་ན་པདྨའི་རྩ་བ་མེད་ལ། པདྨའི་ལོ་མ་རྒྱན་འཁྲུགས་ཤིང་འདུག་པ་མཐོང་ནས་བདག་གི་པདྨའི་རྩ་བའི་སྐལ་པ་གཅིག་གིས་ཁྱེར་རོ་སྙམ་དུ། ཁོང་ཁྲོ་ཞིང་སེམས་འཁྲུགས་པ་མེད་པར་སླར་ལོག་སྟེ་ཤིང་ལོའི་སྤྱིལ་བུར་བསམ་གཏན་ཚུལ་བཞིན་བྱས་སོ། །དྲང་སྲོང་གཞན་རྣམས་ལ་སྙིང་མི་དགའ་བར་འགྱུར་དུ་འོང་སྙམ་ནས་མ་སྨྲས་སོ། །ནུ་བོ་གཞན་གྱིས་འདིས་རང་གི་སྐལ་བ་བླངས་ཟིན་ནོ་སྙམ་ནས། རང་རང་གི་སྐལ་བ་བླངས་ཏེ་སྤྱིལ་བོར་ཟ་ཞིང་བསམ་གཏན་བྱེད་དོ། །དེ་བཞིན་དུ་ཞག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པའི་བར་དུ་ཡང་དེའི་སྐལ་བ་མི་སྣང་བར་བྱས་ཀྱང་སེམས་རབ་ཏུ་འཁྲུགས་པ་མེད་པར་རབ་ཏུ་ཞིའོ། །ཕྱི་དྲོའི་དུས་སུ་དྲང་སྲོང་དེ་དག་དེའི་དྲུང་དུ་ཆོས་ཉན་པར་གོ་རིམ་བཞིན་ལྷགས་པ་དང་། དེའི་ལུས་རིད་ཅིང་འགྲམ་པ་དང་མིག་ནི་ཀོང་། བཞིན་མདངས་ངན་ཞིང་སྐད་གདངས་ཆུང་ལ་ལུས་ཉམ་དམས་ཀྱང་། བརྟན་པ་རབ་ཏུ་ཞི་བའི་ཡོན་ཏན་རྒྱས་པར་མཐོང་ནས་འདི་ཅི་ནོངས་ཞེས་དྲིས་པ་ལ་ཇི་ལྟར་གྱུར་པ་བསྙད་དོ། །དེ་ནས་དཀའ་ཐུབ་ཅན་དེ་དག་གིས་འདི་ལྟ་བུའི་ཆོས་མ་ཡིན་པ་མི་སྲིད་དོ་སྙམ་ནས། མི་དགའ་ཞིང་མཚར་བྱས་སོ་ཞེས་སྨྲས་དེ་མགོ་སྨད་ཅིང་ངོ་ཚ་བས་འཁོད་དོ། །ཤེས་པ་འཇུག་པའི་ཡུལ་བརྒྱ་བྱིན་གྱིས་མཐུས་བསྒྲིབས་པས་ཅི་ལས་གྱུར་པ་ཡང་མ་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ནུ་བོ་འོག་མས་རང་གི་ཡིད་ལ་གཅགས་པ་མེད་པ་བདག་ཉིད་གཙང་བར་བསྟན་པའི་ཕྱིར་མནའ་ཁྱད་པར་ཅན་བོར་བ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །འབྱོར་བའི་མཚན་མས་བརྒྱན་པའི་ཁྱིམ་དག་དང་། །ཆུང་མ་ཡིད་དུ་འོང་བ་རྙེད་པ་དང་། །བུ་དང་ཚ་བོ་རྣམས་དང་ལྡན་པར་ཤོག །དེའི་འོག་མས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །ཕྲེང་བ་དོ་ཤལ་ཙན་དན་གོས་བཟང་དང་། །བུ་ཡིས་རེག་པའི་རྒྱན་རྣམས་ཐོགས་པ་ཡི། །འབྱོར་པ་མི་ཟད་པ་ལ་སྤྱོད་པར་ཤོག །ཡང་གཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་གང་གིས་ཁྱེར་བ་དེ། །ཞིང་རྨོས་པ་ལས་ནོར་དང་འབྲུ་རྙེད་ཅིང་། །བུ་དང་སྨྲ་བས་རབ་ཏུ་དགའ་བར་གྱུར། །ཚེ་ལའང་མི་ལྟ་ཁྱིམ་ན་དགའ་བར་གྱུར། །ཡང་གཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་བརྐམས་པས་གང་ཁྱེར་བ། །རྒྱལ་པོ་བྲན་བཞིན་དུལ་བར་སྤྱོད་པ་ཡིས། །གཙུག་ཏོར་བརྒྱུད་པས་རབ་ཏུ་ཕྱག་བྱས་ཤིང་། །རྒྱལ་པོའི་ཚུལ་གྱིས་མ་ལུས་ས་སྐྱོང་གྱུར། །ཡང་གཅིག་གིས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། །དེ་ནི་རྒྱལ་པོའི་མདུན་ན་འདོན་གྱུར་ཏེ། །སྔགས་ལ་སོགས་པས་བདེ་ལེགས་བྱེད་གྱུར་ཅིང་། །དེ་བཞིན་རྒྱལ་པོས་བཀུར་སྟི་བྱ་བར་ཤོག །ཡང་གཅིག་གིས་སྨྲས་པ། རྩ་བ་འདོད་ཅིང་ཡོན་ཏན་མི་འདོད་པ། །རིག་བྱེད་ལེགས་པར་ལོབས་ནས་སྟོན་པར་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་ཀུན་གྱིས་དེ་ལ་མཆོད་པར་ཤོག །གྲོགས་པོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་ལ་ཆགས་གང་། །ཡུལ་གྲུ་དམ་པ་འབྱོར་བ་བཞི་བརྒྱ་ཙམ། །རྒྱལ་པོ་དག་ལས་ཐོབ་ནས་སྤྱོད་གྱུར་ཅིང་། །འདོད་ཆགས་མ་བྲལ་བར་ནི་ཤི་བར་གྱུར། །བྲན་གྱིས་སྨྲས་པ། རྩ་བའི་ཕྱིར་ནི་བདག་དོན་ཆུད་གསོན་པ། །གྲོགས་པོའི་ནང་ན་དེ་ནི་གྲོགས་དཔོན་གྱུར། །རྒྱལ་པོའི་ཆད་པ་དག་གིས་མི་གཅོད་པར། །བུད་མེད་གླུ་གར་དག་གིས་དགའ་བར་གྱུར། །སྲིང་མོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། །དེ་ནི་རྒྱལ་པོའི་བཙུན་མོར་གྱུར་ནས་སུ། །གཟུགས་དང་དཔལ་གྱི་གཟི་བྱིན་འབར་འགྱུར་ཞིང་། །བཙུན་མོ་དམ་པ་སྟོང་གི་མཆོག་ཏུ་གྱུར། །བྲན་མོས་སྨྲས་པ། གང་གིས་རྩ་བ་མཐོང་ལ་ཆོས་མ་མཐོང་། །དེ་ནི་གཅིག་ཏུ་དགེ་བ་རྣམས་དང་བྲལ། །བཀུར་སྟི་བྱས་ནས་མྱོས་པར་གྱུར་ནས་སུ། །ཁ་ཟས་ཞིམ་པོ་དག་ལ་དགའ་བར་གྱུར། །དེ་ནས་ནགས་ཚལ་དེ་ན་འཁོར་བ་གནོད་སྦྱིན་དང་གླང་པོ་ཆེ་དང་སྤྲེའུ་གཅིག་དེར་ཆོས་ཉན་དུ་ལྷགས་པས་གཏམས་དེ་ཐོས་ནས་རབ་ཏུ་ངོ་ཚ་ཞིང་མི་དགའ་བར་གྱུར་ཏེ། གནོད་སྦྱིན་གྱིས་བདག་གཙང་མར་བསྟན་པའི་ཕྱིར་དེ་དག་གི་མདུན་དུ་མནའ་བོར་བ། ཁྱོད་ཀྱི་རྩ་བའི་ཕྱིར་ནི་གང་འཁྲུལ་བ། །གཙུག་ལག་ཁང་ཆེན་དག་ནི་བརྒྱན་པར་གྱུར། །བཀྲུ་བཤལ་སྟོར་ཁུང་དག་གི་ཞིག་རལ་འཆོས། །ཉི་མའི་འོད་ཀྱིས་སྣང་བ་བྱེད་པར་གྱུར། །གླང་པོ་ཆེས་སྨྲས་པ། ཐུབ་མཆོག་ཁྱེད་ཀྱི་རྩ་བ་གང་བརྐུས་པ། །དེ་ནི་ཞགས་པ་དམ་པོ་དྲུག་བརྒྱས་བཅིངས། །ལྕགས་ཀྱུ་རྣོན་པོས་དཀྲུགས་པའི་རྨ་ནད་བཞིན། །ནགས་ཚལ་ཉམས་དགའ་བོར་ནས་གྲོང་འདབ་སོང་། །སྤྲེའུས་སྨྲས་པ། ཁྱོད་ཀྱི་རྩ་བ་བསྐམས་པས་གང་བརྐུས་པ། །དེ་ནི་མེ་ཏོག་ཕྲེང་ཅན་ཞ་ཏོ་ཐོགས། །དབྱུག་པས་བརྡེག་ཅིང་སྦྲུལ་གྱི་ཁར་གཏོང་ཞིང་། །སེ་རལ་ཁར་བཅིངས་ཁྱིམ་ན་གནས་པར་ཤོག །བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ལ་འཇམ་ཞིང་དུལ་བ་དང་བཟོད་པ་སྟོན་པའི་ཚིག་འདི་སྐད་ཅེས། གང་ཞིག་མ་བརླག་པར་ནི་བརླག་ཅིའམ། །གང་ཞིག་འདི་འདྲར་ཁྱེད་ལ་དོགས་གྱུར་པ། །འདོད་པ་ཡིད་འོང་ཅི་བ དེར་སྤྱད་ནས་སུ། །ཁྱིམ་ན་གནས་བཞིན་འཆི་བའི་དུས་བྱེད་འགྱུར། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། །དེ་དག་དབེན་པ་དང་བྱ་བ་ཉུང་བའི་ཡོན་ཏན་རྟོགས་ནས་ཁྱིམ་གྱི་གནས་དང་འདོད་པ་ལ་ཉེ་བར་སྤྱོད་པའི་བྱ་བ་རྣམས་ལ་སྙིང་ཐག་པ་ནས་མི་དགའ་བའི་སྨད་པ་ལྷུར་བྱེད་པའི་ཞི་གནས་ཁྱད་པར་ཅན་དུ་གྱུར་པར་སྨྲས་པ་དེ་ལ་གུས་པ་དང་ཡ་མཚན་སྐྱེས་ཏེ། རང་གི་གཟུགས་དཔལ་དང་འོད་འབར་བ་བསྟན་ནས་མི་བཟོད་བཞིན་དུ་སྨྲས་པ། ཁྱེད་རེ་ཤིག་སྡོད་ཅིག །གང་དག་ཐོབ་ཕྱིར་ཡིད་ལ་རྩོལ་བྱེད་ཅིང་། །བདེ་བ་འདོད་ཕྱིར་ཡིད་ལ་གཉིད་ཀྱང་མེད། །དཀའ་ཐུབ་འབད་པས་ཡང་དག་ཐོབ་འདོད་པའི། །འདོད་པ་དེ་དག་ཅིའི་ཕྱིར་དམོད་པར་བྱེད། །བྱང་ཆུབ་སེམས་དཔས་སྨྲས་པ། གྲོགས་པོ་འདོད་པ་ནི་ཉེས་དམིགས་མཐའ་ཡས་ཏེ། གང་ལ་བརྟགས་ནས་ཐུབ་པ་རྣམས་འདོད་པ་ལ་མི་སྤྱོད་པའི་ཚུལ་དེ་མདོ་ཙམ་ཞིག་ཉོན་ཅིག །འདོད་ཕྱིར་འཇིག་རྟེན་བཅིངས་ཤིང་བསད་པར་འགྱུར། །མྱ་ངན་གདུང་ཞིང་འཇིགས་མང་སྡུག་བསྔལ་མྱོང་། །རྒྱལ་པོ་རྣམས་ཀྱང་འདོད་ཕྱིར་བརླག་པར་འགྱུར། །ཕྱི་མར་ཆོས་ཉམས་སེམས་ཅན་དམྱལ་བར་ལྷུང་། །གང་གིས་མཛའ་རྣམས་མྱུར་དུ་འཁོན་འབྱུང་འགྱུར། །གང་གིས་གཡོ་སྒྱུ་དྲི་མ་ཅན་ལམ་འགྲོ །གྲགས་པ་ཉམས་ཤིང་ཕྱི་མར་སྡུག་བསྔལ་མྱོང་། །དེ་དག་འཐོབ་འགྱུར་རྒྱུ་ནི་འདོད་པ་ཡིན། །དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །འདི་དང་ཕ་རོལ་ཏུ་ཡང་འདོད་པ་གསོད། །བདག་ལ་ཕན་འདོད་སྦྲུལ་གདུག་ཁྲོས་པ་བཞིན། །ཐུབ་པ་རྣམས་ནི་དེ་ལ་མི་བསྟེན་ནོ། །དེ་ནས་ལྷའི་དབང་པོས་ཚིག་དེ་བདེན་ནོ་སྙམ་ནས་མངོན་པར་བསྟོད་དེ། དྲང་སྲོང་དེ་དག་གི་མཐུས་དེ་ཡིད་དགའ་བར་གྱུར་ཅིང་དེ་དག་ལ་བདག་གི་ཉེས་པ་ཁས་བླངས་ཏེ། གང་དག་བརྟགས་ན་ཡོན་ཏན་རྣམས། །རེ་བ་བཞིན་དུ་རྟོགས་པར་འགྱུར། །བརྟག་པའི་ཕྱིར་ནི་བདག་གིས་འདིར། །པདྨའི་རྩ་བ་སྦས་པ་ཡིན། །པདྨའི་རྩ་བ་འདི་དག་གིས། །ཁྱེད་ཅག་རྣམས་ཀྱི་སྤྱོད་པ་བསྟན། །ཐུབ་པ་བདེན་པར་སྨྲ་བ་ཡིས། །འགྲོ་བ་མགོན་དང་བཅས་པར་མཐོང་། །ཞེས་སྨྲས་ནས་པདྨའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་རླབས་པོ་ཆེ་དེ་ལ་སུས་ཀྱང་གཟི་བརྗིད་ཟིལ་གྱིས་མི་ནོན་པའི་ཚིག་དྲག་པོས་སྨྲས་པ། ངེད་ཅག་ཁྱོད་ཀྱི་གཉེན་དང་གྲོགས་མ་ཡིན། །གར་མཁན་ངེད་མིན་ཁྱེད་ཅག་འཕྱས་གདགས་མིན། །ལྷ་དབང་ཅིའི་ཕྱིར་ཁྱད་དུ་བསད་ནས་སུ། །དྲང་སྲོང་རྣམས་ལ་རྩེད་མོའི་ལམ་བཞིན་བྱ། །ཞེས་སྨྲས་པ་དང་། ལྷའི་དབང་པོ་རབ་ཏུ་གུས་པས་རྣ་ཆ་དང་ཅོད་པན་འགུལ་བའི་འོད་ཀྱིས་གདོང་གསལ་བར་གྱུར་བཞིན་ཕྱག་འཚལ་ནས་བཟོད་པར་གསོལ་བ། བདག་གིས་འདི་ལྟར་མི་བརྟན་པ། །བགྱིས་པ་དགོས་པ་སྔར་སྨྲས་ལས། །ཕ་དང་སློབ་དཔོན་འདྲ་བ་རུ། །འདི་ལ་ཁྱོད་ཀྱིས་བཟོད་པར་མཛོད། །ཤེས་པའི་མིག་ནི་ཟུམ་པར་གྱུར་པ་རྣམས། །རང་བཞིན་གྱིས་ནི་བགམ་པའང་འཁྲུལ་པར་འགྱུར། །བདག་ལ་ཕན་པས་དེ་ཉིད་བཟོད་པར་མཛོད། །དེ་བས་བདག་ལ་ཐུགས་ལ་མི་འཆང་གསོལ། །ཞེས་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་ནུ་བོ་དྲུག་པོ་ནི་རིམ་པ་ལྟར་ཤཱ་རིའི་བུ་དང་། མོ་འགལ་གྱི་བུ་དང་། འོད་སྲུང་ཆེན་པོ་དང་། གངས་པོ་དང་། མ་འགགས་པ་དང་། ཀུན་དགའ་བོའོ། །སྲིང་མོ་ནི་ཨུཏྤལའི་མདོག་གོ། །བྲན་མོ་ནི་ཀུབྫ་ཨུཏྟ་ར་དང་། བྲན་ཕོ་ནི་ཁྱིམ་བདག་མཛེས་པ་དང་། །གནོད་སྦྱིན་ནི་རི་བོ་བདེ་བ་དང་། །གླང་པོ་ཆེ་ནི་ས་རི་ལོ་ཀ་དང་། །སྤྲེའུ་ནི་སྦྲང་རྩི་འབུལ་བ་དང་། །བརྒྱ་བྱིན་ནི་ནག་སོ་འཆར་ཁའོ། །ཞེས་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་བྲམ་ཟེའི་རིགས་གཅིག་ཏུ་སྐྱེས་པ་དེས་རིག་བྱེད་ཡན་ལག་དང་བཅས་པ་བསླབས་ཤིང་མཁས་པའི་གྲགས་པ་དང་ནོར་གྱིས་ཕྱུག་ཅིང་གཏོང་བ་ལ་དགའ་བར་གྱུར་ཏོ། །དེས་ཁྱིམ་གྱི་གནས་ནི་ཉེས་པ་དུ་མའི་འབྱུང་གནས་སུ་རིག་སྟེ་ཁྱིམ་གྱི་འབྱོར་པ་རྩ་བཞིན་སྤངས་ནས་རབ་ཏུ་བྱུང་ཞིང་དཀའ་ཐུབ་ཀྱི་འདུལ་བ་ལ་བརྩོན་པར་གྱུར་པའི་ཚེ་ན་ཡང་དེའི་ཡོན་ཏན་གྱི་དཔལ་ལ་དགའ་བའི་སྐྱེ་བོ་མང་པོ་ཕྱི་བཞིན་འདུ་ཞིང་འོངས་པ་ན། དེ་འདུ་འཇི་ལ་མི་དགའ་བས་ཀུ་རུ་ཞེས་པའི་གླིང་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་ནང་ན་འདུག་པའི་དབེན་པ་ལ་གནས་ནས་དཀའ་ཐུབ་དང་བརྟུལ་ཞུགས་ལ་གནས་སོ། །དེ་དཀའ་ཐུབ་ཀྱི་ཚལ་ན་གནས་ཀྱང་སྔོན་སྦྱིན་པ་ལ་གོམས་ཆེས་པས་བློ་བུར་དུས་སུ་འོངས་པ་རྣམས་ལ་རྩ་བ་དང་འབྲས་བུ་དང་ཆུ་གཙང་མ་བསྟབས་ནས་འོངས་པ་ལེགས་སོ་ཞེས་པའི་སྒྲས་མགུ་བར་བྱེད་ཅིང་དཀའ་ཐུབ་ཅན་ཐམས་ཅད་ལ་མཆོད་པར་བྱེད་ཅིང་དྲང་སྐྲོང་ཨ་གསྟྱ་ཞེས་བྱ་བའི་མིང་ཅན་དུ་གྱུར་ཏོ། །བརྒྱ་བྱིན་གྱིས་དེ་བརྟག་པའི་ཕྱིར་དགོན་པ་དེར་རྩ་བ་དང་འབྲས་བུ་བཟར་རུང་བ་ཐམས་ཅད་མཐར་གྱིས་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ཡང་ཆོག་ཤེས་དང་ཟས་ལ་ཞེན་པ་མེད་པ་དང་། ལུས་ལ་མ་ཆགས་ཤིང་བསམ་གཏན་ལ་ཞུགས་པས། དེ་དག་མི་སྣང་བའི་རྒྱུ་ཡིད་ལ་མི་བྱེད་དོ། །དེས་ཤིང་ལོ་གཞོན་ནུ་རྣམས་བཙོས་ཏེ་ཟོས་ནས་ཡིད་བདེ་བར་གནས་སོ། །ཡང་བརྒྱ་བྱིན་གྱིས་ཕྱོགས་དེའི་ལྗོན་པ་དང་ལྡུམ་བུ་ཐམས་ཅད་ལ་ལོ་མ་མེད་པར་བྱས་པའི་ཚེ་དེས་ལོ་མ་རྙིང་པ་ལྷགས་ཤིང་ཅུང་ཟད་ཡོད་པ་བསྡུས་ཏེ་ཆུར་བཙོས་ཤིང་ཟོས་སོ། །དེའི་ཚེ་ན་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་བྱས་ནས་བྱང་ཆུབ་སེམས་དཔའི་གན་དུ་འོང་བ་དགའ་བར་བྱས་ཤིང་དཀའ་བས་རྙེད་དེ་བཙོས་པ་དེ་དག་ཐམས་ཅད་བྱིན་ནས་བདག་དགའ་བཞིན་བསམ་གཏན་གྱིས་ཉིན་མཚན་འདའ་བར་བྱས་སོ། །བྲམ་ཟེ་དེ་དེ་ལྟར་ཉི་མ་གསུམ་དུ་དེར་འོངས་པ་ལ་དགའ་ཞིང་མཆོད་པ་བྱས་སོ། །དེ་ལ་བརྒྱ་བྱིན་ངོ་མཚར་ནས་འདི་ནི་དཀའ་ཐུབ་ཆེ་བས་སུམ་ཅུ་རྩ་གསུམ་པའི་བདག་པོའི་དཔལ་འདོད་ན་ཡང་བསམས་པ་ཙམ་གྱིས་འགྲུབ་པར་རིག་ནས་དོགས་པ་དང་འཇིགས་པ་སྐྱེས་ཏེ། བདག་གི་ལུས་ལྷའི་ཆ་ལུགས་སུ་བྱས་ནས། འདི་ལྟར་དཀའ་ཐུབ་བྱེད་པའི་དགོས་པ་དང་བསམ་པ་ཅི་ཡོད་ཅེས་དྲིས་པ་ལ། བྱང་ཆུབ་སེམས་དཔས་བདག་གིས་སྐྱེ་རྒ་ན་འཆིའི་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་དེ་ལྟར་གནས་སོ། །བརྒྱ་བྱིན་གྱིས་འདི་ནི་བདག་གི་དཔལ་འདོད་པ་མིན་ནོ་སྙམ་དུ་རིགས་ནས་དགའ་བ་བསྐྱེད་དེ་བྱང་ཆུབ་སེམས་དཔའ་ལ་བདག་གིས་ཁྱོད་ལ་མཆོག་སྦྱིན་པར་བྱ་ན་ཁྱོད་ཅི་འདོད་པ་སློངས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ཆུང་མ་ཡིད་དུ་འོང་བ་དང་བུ་དང་ནོར་སོགས་རྒྱ་ཆེན་ཡོད་ཀྱང་ཆོག་མི་ཤེས་པའི་བརྐམ་ཆགས་དེ་བདག་གི་སྙིང་ལ་མེད་པར་བྱོས་ཤིག །དེས་བརྒྱ་བྱིན་མགུ་ནས་བསྟོད་ཅིང་མཆོག་སྦྱིན་པར་འདོད་པ་ལ། བྱང་ཆུབ་སེམས་དཔས་ཆོས་སྟོན་པར་འདོད་ནས་མཆོག་སློང་བའི་ཚུལ་གྱིས། དགེ་དང་བདེ་བའི་ཕྱོགས་ཉམས་པར་བྱེད་པའི་ཞེ་སྡང་མེད་པའི་མཆོག་བསླངས་པ་ལ། བརྒྱ་བྱིན་མགུ་ནས་བསྟོད་ཅིང་མཆོག་སྦྱིན་པར་འདོད་པ་ལ། བྱང་ཆུབ་སེམས་དཔས། བྱིས་པའི་སྐྱེ་བོ་མི་མཐོང་མི་ཐོས་མི་འགྲོགས་ཤིང་དེ་དང་འགྲོགས་པའི་སྡུག་བསྔལ་མི་མྱོང་བའི་མཆོག་བསླངས་པ་ལ། བརྒྱ་བྱིན་ན་རེ། བྱིས་པའི་སྐྱེ་བོ་སྙིང་རྗེའི་གནས་ཡིན་ཅིང་། སྙིང་རྗེ་ཅན་ཁྱོད་ཅིའི་ཕྱིར་དེ་དག་མཐོང་བར་མི་འདོད། བྱང་ཆུབ་སེམས་དཔས་སྨྲས་པ། ཇི་ལྟར་བྱས་ཀྱང་བྱིས་པ་ལ་ཕན་བཏགས་པར་དཀའ་སྟེ། འདི་དག་ཚུལ་མིན་ལ་ཞེན་ནས། གཞན་ཡང་དེ་ལ་སྦྱོར་ཞིང་། དུལ་བ་དང་དྲང་སྲོང་གི་ཚུལ་དང་མི་མཐུན་པས་ཕན་པར་བསྟན་ཀྱང་འཁྲུགས་པར་འགྱུར་བ་དང་། ང་རྒྱལ་དང་གཏི་མུག་ཆེ་ཞིང་གཟུ་ལུམ་ཅན་བརྩོན་འགྲུས་ཆུང་བ་ཡིན་པས་སྙིང་རྗེར་གྱུར་ཀྱང་དེ་དག་ཕན་གདགས་པའི་སྣོད་དུ་མ་རུང་བར་ཤེས་ནས་མཐོང་བ་ཙམ་དུའང་མི་འདོད་དོ། །བརྒྱ་བྱིན་གྱིས་ལེགས་པར་བཤད་པ་དེ་དག་ལ་བསྔགས་ཤིང་མེ་ཏོག་གིས་སྙིམ་པ་བཀང་བས་བཏུད་དེ་མཆོག་སྦྱིན་པར་སྨྲས་པ་ལ། བྱང་ཆུབ་སེམས་དཔས། བརྟན་པ་རྣམས་མཐོང་ཞིང་ཐོས་པ་དེ་དག་དང་འགྲོགས་པ་དང་སྨྲ་ཞིང་སྤོབས་པའི་བདེ་བ་དང་ལྡན་པའི་མཆོག་བསླངས་པ་ལ། བརྒྱ་བྱིན་ན་རེ། ཁྱོད་ནི་བརྟན་པ་ལ་དགའ་ན་དེའི་རྒྱུ་ཅི་ཞིག །བྱང་ཆུབ་སེམས་དཔས་སྨྲས་པ། བརྟན་པ་རྣམས་ནི་ཡོན་ཏན་གྱི་ལམ་དུ་འགྲོ་ཞིང་གཞན་ཀྱང་ལམ་དེ་ལ་འཛུད། ཚིག་རྩུབ་མོ་མེད་ཅིང་ཕན་པར་བྱེད་པ་ཡིན། གཡོ་སྒྱུ་མེད་པས་འདུལ་བས་བརྒྱན་པས་ཕན་བདག་བསྟན་པའི་སྣོད་དུ་རུང་བ་དེའི་ཕྱིར་ནའོ། །དེ་ལ་བརྒྱ་བྱིན་གྱིས་བསྟོད་ཅིང་ལེགས་པར་བཤད་པས་ཕན་བཏགས་པའི་ལམ་དུ་མཆོག་སློངས་ཤིག་ཅེས་བྱས་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་ཁ་ཟས་ཟད་པའི་ཉེས་པ་སྤངས། །ཡིད་ཀྱང་སྦྱིན་ལ་དགའ་དང་མཐུན་གྱུར་ཅིང་། །སློང་མི་རྣམས་ནི་ཚུལ་ཁྲིམས་རྣམ་དག་བརྒྱན། །འདི་དག་བདག་ལ་ཡོད་གྱུར་མཆོག་བསླང་ངོ་། །བརྒྱ་བྱིན་གྱིས་སྨྲས་པ། འདིར་ཡང་ཁྱོད་ནི་ལེགས་པར་སྨྲས་པ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་ཏོ། །གཞན་ཁྱོད་ཀྱིས་བསླངས་པ་དེ་ཐམས་ཅད་དེ་བཞིན་དུ་འགྱུར་རོ། །ལེགས་སྨྲས་འདི་ལ་ཡང་ཡོན་དུ་ཁྱོད་ལ་མཆོག་སྦྱིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། ལྷ་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་ཁྱོད། །བདག་ལ་ཕན་འདོགས་རྒྱུར་གྱུར་མཆོག་སྦྱིན་ན། །གསལ་བར་བདག་དྲུང་སླན་ཆད་མི་འབྱོན་པའི། །མཆོག་འདི་ལྷ་མིན་འཇོམས་པ་ཁྱོད་ལ་བསླངས། །ཞེས་སྨྲས་པ་ལ། བརྒྱ་བྱིན་ངོ་མཚར་ཞིང་ངོ་གནོང་བཞིན་སྨྲས་པ། རེ་ཞིག་བཟླས་བརྗོད་དང་བརྟུལ་ཞུགས་དཀའ་ཐུབ་བྱེད་པའི་སྐྱེ་བོ་རྣམས་ཁོ་བོའི་རྗེས་སུ་མཐུན་པར་འདོད་ན། ཁོ་བོ་ཁྱོད་ལ་མཆོག་སྦྱིན་པར་འདོད་ནས་འོངས་པ་ལ། ཁྱོད་དེ་ལྟར་མཐོང་བར་མི་འདོད་པ་ཅི་ཡི་ཕྱིར་ཡིན། བྱང་ཆུབ་སེམས་དཔས་སྨྲས་པ། འདི་ནི་མི་བསྲུན་པའི་ཚུལ་དང་། མ་གུས་པ་དང་། ཁྱོད་དང་འཕྲད་མི་འདོད་པ་ཡང་མ་ཡིན་ཏེ། ལྷའི་གཟུགས་མཆོག་ཁྱོད་ལྟ་བུ་མཐོང་བས་འདུ་འཛི་ལ་གནས་ན་ཁྱོད་ནི་ཞི་ཞིང་དྭངས་ཡང་བདག་གི་དཀའ་ཐུབ་ཉམས་པར་འགྱུར་དུ་དོགས་པ་ལགས་མོད། ཅེས་སྨྲས་པས། བརྒྱ་བྱིན་དེ་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནམ་ལངས་པ་དང་། ལྷའི་བཟའ་བཏུང་བརྒྱ་བྱིན་གྱིས་སྦྱར་བ་རྣམས་དང་། རང་སངས་རྒྱས་བརྒྱ་ཕྲག་དུ་མ་བརྒྱ་བྱིན་གྱིས་སྤྱན་དྲངས་པ་རྣམས་དང་། ལྷའི་བུ་གཞོན་ནུ་བཤོས་འདྲེན་པར་ཆས་པ་དུ་མ་དག་ལྷགས་པ་བྱང་ཆུབ་སེམས་དཔས་མཐོང་ནས་དེ་དག་གི་དྲང་སྲོང་ཆེན་པོ་དེ་དག་ལ་མཆོད་པ་བྱས་སོ། །དེ་ལྟར་དཀའ་ཐུབ་ཀྱི་ཚལ་ན་གནས་ཀྱང་གཏོང་ཕོད་ལ་དགའ་བ་ནི་རྒྱན་དུ་འགྱུར་ཞིང་། དེ་ལྟར་ཟས་ལ་མ་ཆགས་པ་དང་། ལྷའི་དབང་པོ་ཡང་མཐོང་བར་མི་འདོད་ན་གཞན་པའི་འདུ་བ་ལྟ་ཅི་སྨྲོས་ཏེ། དེ་ལྟ་བུར་འདུ་འཛིས་དབེན་པ་ལ་དགའ་བས་བསམ་གཏན་གྲུབ་པ་ཡིན་པར་ཤེས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཆེན་པོ་མཐོ་ཞིང་འབྱོར་པ་གཅིག་གི་སྲས་སུ་སྐྱེས་པའི་ཚེ། རྒྱལ་པོ་དེའི་སྲས་སྔ་མ་རྣམས་བཙས་སོ་ཅོག་ཤི་བ་མི་མ་ཡིན་པའི་གནོད་པར་བསམས་ནས་བུ་དེ་བསྲུང་བའི་ཕྱིར་ལྕགས་ཀྱི་ཁང་པ་ནོར་བུ་རིན་པོ་ཆེས་བརྒྱན་པར་བཞག་སྟེ་རིག་བྱེད་ལས་བྱུང་བའི་སྲུང་བ་དང་བཀྲ་ཤིས་པའི་དཔྱད་བྱས་པས་སོས་ཏེ་ལྕགས་ཁྱིམ་ཅན་དུ་བཏགས་སོ། །དེ་བཙས་པའི་ཚེ་ན་ཡང་ཕྱོགས་དེའི་སྐྱེ་བོ་རྣམས་བདེ་བ་དང་ལྡན་ཞིང་གཟུགས་ཡིད་དུ་འོང་བ་དང་། སྙིང་རྗེ་དང་བློ་གསལ་བ་སོགས་ཀྱི་ཡོན་ཏན་གྱིས་སྐྱེ་བོ་ཐམས་ཅད་ཡིད་ཤིན་ཏུ་མགུ་བར་བྱེད་ཅིང་བསོད་ནམས་ཀྱི་སྟོབས་ལས་ལྷའི་འབྱོར་པ་དང་མཚུངས་པའི་དགའ་སྟོན་ཆེན་པོ་ལ་རྩེན་ཞིང་གནས་པ་དེ། མེ་ཏོག་ཀུ་མུ་ཏའི་དགའ་སྟོན་གྱི་དུས་སུ། ཤིང་རྟ་བཟང་པོ་ནོར་བུ་དང་དར་སྣ་ཚོགས་ཀྱི་རྒྱན་དང་བ་དན་གྱི་བཀོད་པས་མཛེས་པ་རྟ་མཆོག་གིས་དྲངས་པའི་ཤིང་རྟ་ལ་ཞུགས་ནས། གོས་དང་རྒྱན་གྱིས་མཛེས་པའི་གཡོག་འཁོར་མང་པོ་དང་བཅས་ནས་རོལ་མོ་རྣམས་བརྡུངས་བཞིན་སོང་ངོ་། །མི་རྣམས་རྒྱལ་བུ་དེ་ལ་ལྟ་ཞིང་ངོ་མཚར་ནས་ཤིས་པ་བརྗོད་ཅིང་དགའ་བར་བྱེད་དོ། །དེ་སྔོན་གོམས་པའི་ཤུགས་ཀྱིས་དགའ་སྟོན་གྱི་རྣམ་པ་མང་པོ་མཐོང་བ་དེ་ལ་འདི་སྙམ་དུ། ཀྱེ་མའོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་མི་དགའ་འགྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང་། །བརྟན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་གང་འཁོད་པ། །སྐྱེ་བོ་འཇིགས་པ་མེད་པ་རེ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །ན་དང་རྒ་དང་འཆི་བས་གནོད་བྱེད་དགྲ། །མཐུ་ཆེན་དཔག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་དགའ་བར་སེམས། །སྤྲིན་ཆེན་གློག་འགྱུ་གསེར་ཕྲེང་འདྲ་བ་དང་། །རྒྱ་མཚོ་ཆེན་པོ་རྣམས་ཀྱི་སྒྲ་ཡང་ཕྱང་། །ཆར་ཆེན་འབེབ་པའི་རྩོམ་པ་ཆེན་པོ་བྱས། །ཀུན་ཏུ་འདུས་ཀྱང་དེ་ནས་དེངས་པར་འགྱུར། །ཞེས་པ་ལ་སོགས་པའི་ཚུལ་དུ་སྣོད་བཅུད་མི་རྟག་པའི་ངང་ཚུལ་ལ་གཞིགས་པས་ལྟད་མོ་དེ་དག་ལ་དགའ་བ་མེད་པར་གྱུར་ཅིང་སླར་ལོག་སྟེ་རང་གནས་སུ་ཕྱིན་ནས། ཡབ་རྒྱལ་པོ་ལ་དཀའ་ཐུབ་ཀྱི་ནགས་སུ་མཆི་བར་གསོལ་བ་བཏབ་པ་དང་། རྒྱལ་པོ་དེ་བུ་ལ་བྱམས་པས་ཤིན་ཏུ་མི་དགའ་ཞིང་དུ་བཞིན་བུ་གཅིག་བདག་ཅག་ཅིའི་ཕྱིར་འདོར་རིགས་ཏེ་ཁྱོད་ང་ལ་དོགས་པའམ་འཁྲུལ་པར་གྱུར་པ་དང་གནོད་པ་གཞན་ཅི་ཞིག་ཡོད་ན་སྨྲོས་དང་བདག་གིས་དེ་བཟློག་པར་བྱའོ་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལ་བྱམས་པ་ཁྱོད་ལ་འཁྲུལ་པ་ག་ལ་ཡོད་དོ། །གནོད་པ་གཞན་ཀྱང་མེད་མོད། བདག་ནི་འཆི་བས་འཇིགས་ནས་དེ་ལྟར་བསམས་ཏེ། འཆི་བ་འདི་ལ་ཐབས་ཅིས་ཀྱང་བཟློག་པའི་རྔོ་མི་ཐོགས་པའི་སླད་དུའོ་ཞེས་སོགས་འཆི་བའི་ཉེས་པ་རྣམ་པ་སྣ་ཚོགས་ཞིབ་ཏུ་བྱས་པས། རྒྱལ་པོ་ན་རེ། འོ་ན་དེ་ལྟར་འཆི་བདག་གི་འཇིགས་པ་བཅོས་སུ་མི་རུང་ན་ཆོས་ཡོངས་སུ་བཟུང་སྟེ་ནགས་ཚལ་དུ་སོང་ཡང་ཅི་ཕན། ཁྱོད་ཀྱི་ནགས་སུ་འཆི་བདག་མི་འོང་ངམ་ཅི། དྲང་སྲོང་ཆོས་ལ་གནས་པ་རྣམས་ཀྱང་ནགས་སུ་མི་འཆིའམ། དེ་ལྟར་ཐམས་ཅད་འཆི་ན། ཁྱིམ་བོར་ནས་ནགས་སུ་སོང་ཡང་མི་ཕན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། ནགས་དང་ཁྱིམ་ན་གནས་པ་དང་། ལོག་པ་དང་ཆོས་ལ་སྤྱོད་པ་ཐམས་ཅད་འཆི་བར་འདྲ་ཡང་། ནགས་སུ་ཆོས་སྤྱོད་དུ་རུང་ལ། ཆོས་སྤྱོད་པ་རྣམས་ཤི་ན་ཡང་མྱ་ངན་གྱི་གདུང་བ་མི་འབྱུང་བ། ཤི་ནས་ཀྱང་གནས་བཟང་པོར་འགྲོའོ། །ཁྱིམ་ན་ཉེས་པ་དུ་མའི་སྐྱོན་ཆགས་པས་ཆོས་བསྒྲུབ་པར་ཡང་དཀའ་ལ། ཆོས་མིན་བྱས་ན་འཆི་བའི་ཚེ་མྱ་ངན་ཆེན་པོ་སྐྱེ་ཤིང་། ཤི་ནས་ཡང་ངན་འགྲོར་འགྲོ་བར་འགྱུར་བའི་གཏམ་རྒྱས་པར་བྱས་པས་རྒྱལ་པོས་ཀྱང་གནང་སྟེ། རྒྱལ་སྲིད་ཀྱི་འབྱོར་པ་ཡིད་དུ་འོང་བའི་དཔལ་ཆེན་པོ་དེ་དག་རྩྭ་དང་འདྲ་བར་བོར་ནས་དཀའ་ཐུབ་ཀྱི་ནགས་སུ་གནས་པས་བསམ་གཏན་བཞི་དང་ཚད་མེད་པ་བཞི་བསྒྲུབས་ཏེ་འཇིག་རྟེན་པ་རྣམས་ཀྱང་དེ་ལ་བཀོད་ནས་ཚེའི་དུས་བྱས་པའི་ཚེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་ན་བསམ་གཏན་གྱི་སེམས་ནི། འདོད་པའི་ཡོན་ཏན་ལ་མ་ཆགས་པའི་ལམ་གྱིས་འགྲུབ་པ་ཡིན་པས། མ་ཆགས་ཤིང་གཅིག་པུ་དབེན་པར་གནས་པའི་བསམ་གཏན་ལ་རྗེས་སུ་གཞོལ་བར་མོས་པར་བྱའོ། ༈ །ཡང་སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་འདི་ཉིད་བྲམ་ཟེའི་རིགས་ཆེན་པོ་རྒྱལ་པོས་བཀུར་བ། འབྱོར་པ་ཆེ་ཞིང་འཇིག་རྟེན་པ་རྣམས་ལྷ་བཞིན་དུ་དགའ་བ་ཞིག་ཏུ་གྱུར་པ་ན། ཆོ་ག་རྣམས་བྱས་ཤིང་མང་དུ་ཐོས་པའི་མཁས་པའི་གྲགས་པ་དང་ལྡན་པར་གྱུར་ཏོ། །དེ་སྔོན་གོམས་པའི་སྟོབས་ཀྱིས་ཁྱིམ་ལ་མི་དགའ་བར་ནགས་སུ་རབ་ཏུ་བྱུང་བར་འདོད་པས་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་བའི་ཚེ། ཆུང་མ་ཡང་རབ་ཏུ་བྱུང་ངོ་། །ཆུང་མ་དེ་ཡང་དེའི་ཕྱི་བཞིན་འབྲང་འདོད་པ་ལ། དེས་ཁྱོད་དཀའ་ཐུབ་ཀྱི་ནགས་སུ་འདུག་མི་ནུས་པས། བུད་མེད་རབ་ཏུ་བྱུང་བ་གཞན་གང་ན་ཡོད་པར་ལྷན་ཅིག་གནས་ན་ལེགས་ཞེས་ལན་གསུམ་སྨྲས་ཀྱང་། དེ་དེ་ལ་སྙིང་ཉེ་བས་ཕྱི་བཞིན་འབྲངས་ཏེ། རིམ་གྱིས་དགོན་པའི་གནས་ནགས་ཚལ་ཉམས་དགའ་བར་ཕྱིན་ནས་འཁོད་དེ་བསམ་གཏན་བྱེད་ཅིང་། ཕྱི་དྲོའི་དུས་ཞིག་ན་བྱང་ཆུབ་སེམས་དཔའ་ཚོམ་བུ་བྱེད་ཅིང་འདུག་ལ། བུད་མེད་དེ་ཡང་ཧ་ཅང་མི་རིང་བ་ཞིག་ན་ལུས་ཀྱི་གཟི་མད ངས་ལྷ་མོ་ལྟར་འདུག་ཅིང་། ཡིད་ལ་བྱ་བའི་མན་ངག་བསྟན་པ་བཞིན་དུ་བསམ་གཏན་བྱེད་ཅིང་འདུག་གོ། །དེ་ནས་ཡུལ་དེའི་རྒྱལ་པོ་དེ་དཔྱིད་ཀྱི་དུས་སུ་ནགས་དེར་རྒྱུ་བ་ལས། བྱང་ཆུབ་སེམས་དཔའི་གན་དུ་འོངས་ནས་དགའ་བའི་གཏམ་བྱས་ཏེ་ཉེ་བའི་ཕྱོགས་གཅིག་ཏུ་བསྡད་པ། དེས་བུད་མེད་དེ་མཐོང་ནས་སྙིང་ཆགས་པར་གྱུར་ཅིང་། འདི་འདིའི་ཆུང་མ་ཡིན་འདུག་ཀྱང་འཕྲོག་པར་བརྩམ་སྟེ། ཅི་འདི་དཀའ་ཐུབ་ཀྱི་ཡོན་ཏན་གྱི་མཐུ་དང་ལྡན་ནམ་མི་ལྡན་བརྟགས་ལ། ལྡན་པ་ཞིག་ན་བརྙས་ཐབས་མི་རུང་ངོ་སྙམ་ནས། གལ་ཏེ་སེམས་ཅན་ཆགས་པའི་དབང་དུ་གྱུར་པ་ཞིག་ན་དཀའ་ཐུབ་ཀྱི་མཐུ་མེད་ངེས་ལ། གལ་ཏེ་ཆགས་བྲལ་ཞིག་ཡིན་ན་འདི་ལ་མི་ལྟ་བར་རིགས་སོ་སྙམ་previous hit དུ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་ཁྱོད་འཇིག་རྟེན་འདིར་མི་གཡོན next hit་ཅན་དང་། ཐུབ་ཚོད་ཅན་རབ་ཏུ་མང་ན། ནགས་དབེན་པ་འདིར་ཆུང་མ་འདི་གཞན་གྱིས་གཙེས་ན་ཅི་བྱར་ཡོད། ཅི་སྟེ་ཁྲོ་བ་བསྐྱེད་ན་ནི་ཆོས་དང་འགལ་བས་འདི་གྲོང་དུ་ཅིའི་ཕྱིར་མི་བཞག །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོས་གསུངས་པ་མང་ན་གལ་ཏེ་དེ་ལྟར་གྱུར་ན་བདག་གིས་ཅི་བགྱི་བ་གསོན་ཅིག །རྒྱགས་པས་སྙེམས་པས་གལ་ཏེ་མ་བརྟགས་པར། །བདག་ལ་གནོད་པ་བྱེད་པ་འདིར་བྱུང་ན། །ས་རྡུལ་སྟུག་པོ་ཆར་པས་མནན་པ་བཞིན། །བདག་ཉིད་གསོན་བཞིན་དེ་ནི་ཡོང་མི་གཏོང་། །ཞེས་སྨྲས་པ་ལ། རྒྱལ་པོ་དེས་འདི་ནི་ཆུང་མ་ལ་ཤིན་ཏུ་ཆགས་པ་ཞིག་སྟེ་དཀའ་ཐུབ་ཀྱི་མཐུ་མེད་དོ་སྙམ་དུ་བརྙས་ཤིང་། བུད་མེད་དེ་རྒྱལ་པོའི་ཕོ་བྲང་དུ་འཁྲིད་པར་བརྩམ་པ་ལ། བུད་མེད་རབ་ཏུ་བྱུང་བར་རབ་ཏུ་ངུ་ཞིང་ཇོ་ཇོ་ལ་ཕྱོགས་པར་སྨྲེ་སྔགས་འདོན་བཞིན་ཤིང་རྟར་བཞག་སྟེ་ཁྲིད་པ་བྱང་ཆུབ་སེམས་དཔས་མཐོང་ན་ཡང་སོ་སོར་བརྟགས་པའི་སྟོབས་ཀྱིས་ཁྲོ་བ་བཅོམ་ནས་སེམས་མི་འཁྲུགས་པར་ཕྱག་དར་ཁྲོད་པའི་ཚེམ་བུ་དྲུབ་ཅིང་འདུག་གོ། །དེ་ལ་རྒྱལ་པོས་སྨྲས་པ། ཁྱོད་སྔར་བདག་གསོན་བཞིན་དེ་མི་གཏོང་ངོ་ཞེས་སྨྲས་ན། ང་འཕྲོག་པའི་ཚེ་མཐུ་མེད་པར་ཞུམ་ཞིང་འདུག་པས་ཅི་བྱ། རང་གི་མཐུ་སྟོན་ཅིག །དེ་ལྟར་མིན་ན་བདག་གི་ཚོད་མི་ཤེས་པའི་ཁས་འཆེས་དོན་མེད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་བདག་གིས་དམ་བཅས་པའི་དོན་མེད་པར་མ་བྱས་ཏེ། མཁྱེན་པར་མཛད་དུ་གསོལ། གང་ཞིག་བདག་ལ་གནོད་པར་བགྱིས་པ་དེ། །གཡོ་བཞིན་དུ་ཡང་བདག་གིས་ཡོང་མི་བཏང་། །བདག་གིས་མངོན་སུམ་དུ་ཡང་ཞི་བར་བགྱིས། །དེ་བས་བདག་གིས་ཡི་དམ་བཅས་བཞིན་གྱུར། །དེར་རྒྱལ་པོས་བྱང་ཆུབ་སེམས་དཔའ་ལ་དཀའ་ཐུབ་ཀྱི་ཡོན་ཏན་ཡོད་པར་ཤེས་ཤིང་། འདིས་སྔར་སྨྲས་པའི་དོན་ཀྱང་བདག་གིས་མ་ཤེས་པ་འདྲའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྣམ་པར་གཡོ་བཞིན་ཁྱོད་ཀྱིས་མ་བཏང་པ། །ཁྱོད་ལ་གནོད་བྱེད་དེ་ནི་སུ་ཞིག་ཡིན། །ཆར་པ་བབས་པས་རྡུལ་ཕྲན་བཀབ་པ་བཞིན། །ཁྱོད་ཀྱིས་གང་ཞིག་རབ་ཏུ་ཞི་བར་བྱས། །བྱང་ཆུབ་སེམས་དཔས་སྨྲས་པ། སྐྱེས་ན་དགེ་བ་མི་མངོན་ལ། །མ་སྐྱེས་པ་ན་དགེ་བ་མངོན། །བདག་ལ་གནོད་པའི་ཁྲོ་བ་དེ། །བདག་གིས་ཤོར་བར་མ་གྱུར་ཏོ། །ཞེས་སོགས་ཁྲོ་བའི་ཉེས་དམིགས་རྣམས་སྨྲས་པ་རྒྱལ་པོའི་སྙིང་ལ་བབ་པར་གྱུར་ནས་ཉེས་པ་བཤགས་ཤིང་བུད་མེད་རབ་ཏུ་བྱུང་བ་དེ་ལ་ཡང་བཟོད་པར་གསོལ་ཏེ་སླར་བཏང་ཞིང་བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་གཡོག་ཏུ་ཁས་བླང་བར་བྱས་སོ། །དེ་ལྟར་ཁྲོ་བ་དང་འཁོན་དུ་འཛིན་པ་ཐུལ་ན་དགྲ་ཐུལ་བར་འགྱུར་གྱི། ཁྲོ་བ་འཕེལ་ན་དགྲ་འཕེལ་ལོ། །ཁྲོ་བ་དང་ཆགས་པའི་ཟུག་རྔུ་མེད་པ་རྣམས་བསམ་གཏན་དྲི་མ་མེད་པའི་སེམས་ཀྱིས་གནས་པ་ལ་རེག་པར་འགྱུར་བ་ཡིན་པར་ཤེས་པར་བྱའོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་ཀུན་ཏུ་རྒྱུ་བྱང་ཆུབ་ཅེས་བྱ་བར་གྱུར་པ་དེ་ཁྱིམ་ན་གནས་པའི་ཚེ་འཇིག་རྟེན་པས་བསྔགས་པའི་བསླབ་པ་རྣམས་ཀྱི་གནས་དང་སྒྱུ་རྩལ་སྣ་ཚོགས་མཁས་པར་བྱས་ཤིང་། ཕྱིས་རབ་ཏུ་བྱུང་བའི་ཚེ་གཞན་ལ་ཕན་འདོགས་པའི་བརྩོན་པས་ཆོས་ཀྱི་གཙུག་ལག་རྣམས་ལ་ལྷག་པར་བསླབས་པས་སློབ་དཔོན་གྱི་གོ་འཕང་ཐོབ་སྟེ། གང་དུ་སོང་བ་དེར་མཁས་པ་རྣམས་དང་རྒྱལ་པོ་དང་བྲམ་ཟེ་ཁྱིམ་བདག་རྣམས་དང་། མུ་སྟེགས་ཅན་རྣམས་དང་། རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བཀུར་བར་གྱུར་ལ། བདག་ཉིད་ཆེན་པོ་དེས་ཀྱང་གཞན་ལ་ཕན་བཏགས་པའི་ཡུལ་ཀུན་ཏུ་རྒྱུ་ཞིང་དོང་བ་ལས། རྒྱལ་པོ་ཞིག་གི་ཡུལ་འདབ་ཏུ་ཕྱིན་པ། རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་གྱི་གྲགས་པ་རྒྱང་རིང་པོ་ནས་ཐོས་པས་རང་གི་སྐྱེད་ཚལ་གྱི་ཕྱོགས་གཅིག་ཏུ་དེའི་གནས་བྱས་ཏེ་བཀུར་སྟི་བྱས་ཤིང་། བྱང་ཆུབ་སེམས་དཔས་ཀྱང་དེ་དག་ལ་ཆོས་སྟོན་ཏོ། །དེའི་ཡོན་ཏན་དང་གྲགས་པ་ལ་ཕྲག་དོག་པ་དག་གིས་ཐབས་ཀྱིས་རྒྱལ་པོ་དེ་བྱང་ཆུབ་སེམས་དཔའ་ལ་མི་དགའ་བར་བྱ་བའི་སླད་དུ། ཀུན་ཏུ་རྒྱུ་བྱང་ཆུབ་འདི་ནི་གཡོ་ཅན་འཇམ་པོའི་ཚུལ་གྱིས་ཉམས་དྲོད་འཛིན་པ་ལགས་ཏེ། ཉི་འོག་གི་རྒྱལ་པོ་འབའ་ཞིག་གིས་བྱ་མ་རྟར་བཏང་བར་ངེས་སོ། །འདིས་ཆོས་ཀྱི་བདག་ཉིད་ཅན་ངོ་ཚ་ཤེས་ཤིང་འཇམ་དེས་ཅན་དུ་བགྱིས་ནས་ཐབས་ཀྱིས་བག་འབེབ་ཅིང་སླུ་བར་བྱེད་དོ་ཞེས་སྨྲས་པ། རྒྱལ་པོ་ཡང་ཅུང་ཟད་ཡིད་མ་ཆེས་ནས་དེ་ལ་བྱམས་པ་དང་བཀུར་སྟི་ཆུང་བར་གྱུར་པ་དེ་མཐོང་ནས་རྒྱལ་པོ་ཐུགས་མ་དགྱེས་པ་ཤེས་ནས། ཀུན་ཏུ་རྒྱུའི་ཡོ་བྱད་དབྱུ་གུ་གསུམ་དང་རིལ་བ་སྤྱི་བླུགས་སོགས་ཁྱེར་ཏེ་འགྲོ་བར་ཆས་པ་ལ། རྒྱལ་པོས་རེ་ཞིག་དུལ་བའི་ཚུལ་བསྟན་ཏེ་བདག་བོར་ཏེ་ཁྱེད་འགྲོ་བར་ཆས་པ་བདག་གིས་ནོངས་པ་ཅི་མཐོང་། བྱང་ཆུབ་སེམས་དཔས་སྨྲས་པ་བདག་ནི་དོན་མེད་པར་འཆི་བ་དང་། བཀུར་སྟི་ཆུང་བས་ཁྲོས་པ་མིན་གྱི། རྒྱལ་པོ་ཁྱོད་ཆོས་ཀྱི་སྣོད་དུ་མ་གྱུར་པ་གཡོ་དང་བཅས་པས་བདག་འདི་ནས་ཆའོ། །དེར་རྒྱལ་པོས་ཁྱི་གནང་ཆེན་ཞིག་ཁྲིད་དེ་འོངས་པ་དེ་ཁྲོས་པས་མཆེ་བ་གཙིགས་པ་དེ་བསྟན་ནས་བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱི་འདི་སྔོན་བདག་ལ་འདྲིས་པར་བྱེད་ཀྱང་། ད་ལྟ་མཆེ་བ་གཙིགས་ཏེ་ཁྲོས་པས་དུད་འགྲོ་འདི་དག་གིས་ཀྱང་ཁྱོད་ཀྱི་དགོངས་པ་བསྟན་པས་བདག་ལ་མ་གུས་པའི་ཚིག་ཁྱོད་ལས་འདིས་ཐོས་པར་མ་གྱུར་གྲང་། འདི་ཡང་ཁྱོད་ཀྱི་རྗེས་སུ་འབྲང་བའི་འཁོར་ཉིད་དོ། །ཞེས་སྨྲས་པ་ལ། རྒྱལ་པོ་ངོ་ཚ་ཞིང་མགོ་སྨད་དེ་འདི་བློ་རྣོ་བས་ཤེས་སུ་འོང་གིས་ང་གཡོ་བྱའོ་སྙམ་དུ། བདག་གིས་ཁྱེད་ལ་གླེང་བ་ཚོགས་པའི་ནང་དུ་བགྱིས་པ་བདེན་གྱི། དགོས་པའི་དབང་གིས་བདག་གིས་ཡལ་བར་བོར་བ་ལ། བཟོད་པ་མཛད་དེ་མ་བཞུད་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། ད་ནི་འགྲོ་བའི་དུས་ལགས་ཏེ། བཀུར་སྟི་ཆུང་བའི་དུས་སུ་བདག་རང་ཉིད་མ་སོང་ན། སླད་ཀྱིས་བསྐྲད་པའང་སྲིད། བདག་མི་དགའ་བཞིན་དུ་འགྲོ་བའང་མ་ལགས་ཏེ། སླན་ཆད་ཕན་བཏགས་པའི་བྱམས་པའང་མི་འདོར་ལ། བྱས་པ་ལ་དྲིན་མི་གཟོ་བ་དང་། མཛའ་བ་མི་བརྟན་པ་ནི་མིའི་ནང་ན་ཐ་ཆད་ཡིན་པས། དེས་ན་མཛའ་བའི་མཇུག་འདི་བསྲུང་བའི་སླད་དུ་བདག་རེ་ཞིག་མཆིའོ། །རྒྱལ་པོས་སྨྲས་པ། གལ་ཏེ་ཁྱོད་མི་འགྲོར་མི་བཏུབ་ན། ང་ལ་སླར་བལྟ་བའི་སླད་དུ་འདིར་བྱོན་ཅིང་སྤྱན་རས་ཀྱིས་བཙའ་བར་རིགས་ཀྱིས་འཁོན་དུ་འཛིན་པར་མི་རིགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནི་བར་ཆད་མང་བས་ངེས་པར་མཆི་ཞེས་ཁས་བླང་མི་རུང་ཡང་། གལ་ཏེ་མཆི་བའི་སྐལ་པ་དང་ལྡན་ན་ཁྱོད་ཀྱི་ཞལ་བལྟའོ་ཞེས་བཀུར་སྟི་བྱས་ཏེ་སོང་ངོ་། །དེས་ཁྱིམ་པ་ལ་བརྟེན་པ་དེས་སེམས་མི་བདེ་བར་ཤེས་ནས་དགོན་པའི་གནས་ཞིག་ཏུ་བསམ་གཏན་ལ་བརྩོན་པས་རིང་པོར་མ་ལོན་པར་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ནས། རྒྱལ་པོ་དེ་ལ་སྙིང་བརྩེ་བས་དེ་ཇི་ལྟར་འདུག་བརྟགས་པ་དང་། དེའི་བློན་པོ་རྣམས་ཀྱིས་རྒྱུ་བརྟག་མི་བཟོད་པས་རྒྱུ་མེད་པར་སྨྲ་བ་དང་། པདྨའི་སྡོང་པོ་ལ་ལོ་མ་མེ་ཏོག་སོགས་དང་མདོག་དབྱིབས་རེག་བྱ་ལ་སོགས་ཀྱི་རྒྱུ་དང་། བྱའི་འདབ་མ་རི་མོ་སྣ་ཚོགས་ཀྱི་རྒྱུ་ཅི་ཡོད་སྙམ་དུ་འགྲོ་བ་ངོ་བོ་ཉིད་ཀྱིས་བྱུང་བ་དང་། ཡང་ཁ་ཅིག་གིས་དབང་ཕྱུག་གིས་བྱས་པ་དང་། ཁ་ཅིག་ཚེ་འདིའི་བདེ་བ་ཁོ་ན་སྒྲུབ་པའི་ཕྱོགས་ལ་བསྟེན་པ་སོགས་བློན་པོ་སོ་སོའི་ཞེ་འདོད་ཀྱི་ལྟ་བ་ཐ་དད་པ་དག་གིས་རྒྱལ་པོ་དེ་ལམ་ངན་པར་དྲངས་པ་ལས། རྒྱལ་པོ་དེ་གཞན་གྱི་དྲིང་ལ་འཇོག་པས་ལྟ་བ་ངན་པའི་གཡང་སར་ལྷུང་དུ་ཉེ་བར་རིགས་ནས། དེ་ལ་སྙིང་བརྩེ་བའི་ཕྱིར་དེ་ཟློག་པའི་ཐབས་བསམས་ཏེ། རང་གི་དཀའ་ཐུབ་ཀྱི་གནས་སུ་སྤྲེའུ་ཆེན་པོ་ཞིག་སྤྲུལ་པ་དེའི་པགས་པ་རྫུ་འཕྲུལ་གྱིས་བཤུས་ནས། ཆ་བྱད་གཞན་མི་སྣང་བར་སྤྲེའུའི་པགས་པ་དེ་གྱོན་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་ཕྱིན་པ་དང་། ཆབ་སྒོ་དེར་མཚོན་ཆ་ཐོགས་པའི་སྐྱེ་བོའི་ཚོགས་སྡོད་ལ་དེ་ནས་ནང་དུ་ནང་མི་དང་བྲམ་ཟེ་དང་བློན་པོ་རྣམས་གོ་རིམ་བཞིན་སྡོད་ཅིང་རྒྱལ་པོ་ནི་ནང་དུ་སེང་གེའི་ཁྲི་ལ་འདུག་གོ། །རྒྱལ་པོ་དེས་བསུས་ནས་བཀུར་སྟི་དང་སྙན་པར་སྨྲ་བས་གདན་བཏིང་བ་ལ་བཞག་གོ། །དེར་རྒྱལ་པོས་སྨྲས་པ། འཕགས་པ་སྤྲེའུའི་པགས་པ་འདི་སུས་ཕུལ། བྱང་ཆུབ་སེམས་དཔས་སྨྲས་པ། འདི་རང་གིས་རྙེད་ཀྱིས་སུས་ཀྱང་མ་ཕུལ་ཏེ། ས་ལ་ཀུ་ཤ་བཏིང་བ་ལ་འདུག་པ་ལས་ཆོས་ཀྱི་ཆོ་ག་བགྱིད་དུ་རྔོ་མ་ཐོགས་ནས་སྤྲེའུ་ཆེན་པོ་འདི་ནགས་དེ་ན་མཆིས་པ་མཐོང་ནས། བདག་གིས་ཆོས་སྤྱོད་པའི་ཡོ་བྱད་དུ་འདིའི་པགས་པ་བླངས་ན་འདུག་གམ་ཉལ་ཀྱང་ཆོས་འགྲུབ་བོ་སྙམ་དུ་སྤྲེའུ་དེ་མེད་པར་བྱས་ནས་པགས་པ་བཅངས་པར་བགྱིས་སོ་ཞེས་སྨྲས་པ་ལ། རྒྱལ་པོ་དུལ་ཞིང་དེས་པའི་ཚུལ་བཟུང་སྟེ་ཅང་མ་སྨྲས་པར་ངོ་ཚ་བས་མགོ་སྨད་དེ་འདུག་གོ། །བློན་པོ་དེ་དག་སྔོན་ཡང་བྱང་ཆུབ་སེམས་དཔའ་ལ་མི་བཟོད་པའི་སྟེང་དུ་སྐབས་རྙེད་པས་འཛུམ་ཕྱུངས་ནས་རྒྱལ་པོ་ལ་སྨྲས་པ། ཨེ་མ་ཧོ། །ཁྱོད་ཀྱི་ཆོས་ལ་དགའ་བ་འདིའི་བློ་ལ་ལྟོས། དཀའ་ཐུབ་ཀྱི་ནགས་ན་འདུག་བཞིན། འདི་གཅིག་པུས་སྤྲེའུ་ཆེན་པོ་འདི་ལྟ་བུ་སོད་པ་ངོ་མཚར་ཆེའོ། །དཀའ་ཐུབ་གྲུབ་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་མ་ཁྲོས་པར་སྨྲས་པ། ཁྱེད་ཅག་རང་གི་ལྟ་བ་བཟང་པོ་ལ་མི་ལྟ་བར་བདག་སྨད་པར་མི་རིགས་ཏེ། རང་གི་ལྟ་བ་དང་འགལ་བའི་ཚིག་གིས་གཞན་ལ་གནོད་པ་བྱས་ན། རང་ཉིད་མི་མཁས་པར་རིགས་པར་འགྱུར་རོ་ཞེས་སྨྲས་ནས། བློན་པོ་རྒྱུ་མེད་པར་འདོད་པ་ལ་བཀར་ཏེ་སྨྲས་པ་འགྲོ་བ་ངོ་བོ་ཉིད་ཀྱིས་བྱུང་བ་ལས་རྒྱུ་མེད་ན་བདག་ལ་ཅི་ཞིག་སྨད་དེ། སྤྲེའུ་ངོ་བོ་ཉིད་ཀྱིས་ཤི་བ་ལ་བདག་ལ་སྡིག་པར་ཅིས་འགྱུར། བདག་ལ་སྡིག་པར་འགྱུར་ན་ནི་རྒྱུ་ལས་བྱུང་བར་འགྱུར་རོ། །དེ་བས་རྒྱུ་མེད་དུ་སྨྲ་བ་འདི་འདོར་བར་རིགས་ཏེ། དེ་སྐད་སྨྲ་བ་ཁྱོད་ལ་མི་རིགས་པར་འགྱུར་རོ། །པདྨའི་སྡོང་བུ་སོགས་རྒྱུ་མེད་པར་འབྱུང་ན་རྟག་ཏུ་རྒྱུ་མེད་པར་ཅིས་མི་འབྱུང་། དེས་ན་ཆུ་དང་ས་བོན་ལ་སོགས་ཡོད་ན་སྐྱེ་ལ་མེད་ན་མི་སྐྱེ་བས་དེ་ལ་རྒྱུ་ཡོད་པར་ཤེས་སོ། །གཞན་ཡང་རྒྱུ་མེད་པ་ལ་སྒྲུབ་པའི་གཏན་ཚིགས་ཀྱི་རྒྱུ་མེད་དོ་ཟེར་ན། རང་གིས་ཁས་འཆེས་བས་རང་ཉིད་སུན་ཕྱུང་ངོ་། །གལ་ཏེ་གཏན་ཚིགས་མེད་པར་རྒྱུ་མེད་པ་འགྲུབ་ན་ཁས་བླངས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་དེ་མི་སྲིད་པས་རྒྱུ་མེད་དུ་ཁས་འཆེ་བ་ཙམ་ཞིག་གིས་ཅི་ཡང་མི་ཕན་ནོ། །གལ་ཏེ་ཁ་ཅིག་རྒྱུ་དེའི་རྒྱུ་རྐྱེན་མ་མཐོང་བ་ཙམ་ཞིག་གིས། ཐམས་ཅད་རྒྱུ་མེད་པར་སྨྲ་བ་མི་རིགས་ཏེ། ཁ་ཅིག་རྒྱུ་དང་བཅས་པར་མངོན་སུམ་མཐོང་བཞིན་དེ་ལ་འགལ་བར་ཇི་ལྟར་སྨྲ། གལ་ཏེ་ཡུལ་དུས་གང་ན་ཡང་རྒྱུ་ཡོད་པར་མ་མཐོང་ངོ་ཞེ་ན། རྒྱུ་དེ་ནི་མེད་ཅེས་ངེས་པའམ་རྒྱུ་མཚན་ཇི་ལྟར་སྨྲ་བར་འགྱུར་ཏེ། ཚིག་ཙམ་ལས་རིགས་པ་མེད་དོ། །གལ་ཏེ་མ་མཐོང་བ་དེ་ཉིད་དོ་ཞེ་ན་ཉི་མ་ནུབ་ཏེ་ཉི་མའི་དཀྱིལ་འཁོར་ཡོད་ཀྱང་རྒྱུ་རྐྱེན་གཞན་གྱིས་མི་མཐོང་བར་གྱུར་པའང་མེད་པར་འདོད་དམ། གཞན་ཡང་ཁྱེད་ཅག་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ། བདེ་བའི་དོན་དུ་རྒྱལ་པོ་ལ་བསྟེན་བཞིན་རྒྱུ་མེད་ཅེས་རྟག་ཏུ་ཇི་ལྟར་སྨྲ། ངེས་པར་རྒྱུ་མེད་ཡིན་ན་བདག་གིས་སྤྲེའུ་བསད་པ་ལ་ཡང་སྨད་དུ་ཅི་ཞིག་ཡོད་ཅེས་རྒྱུ་མེད་སྨྲ་བ་རྣམས་ཀྱི་སྤོབས་པ་མེད་པར་བྱས་ནས། དབང་ཕྱུག་རྒྱུར་སྨྲ་བ་ལ་བོས་ཏེ་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཅག་གིས་བདག་སྨད་པར་མི་རིགས་ཏེ། ཐམས་ཅད་དབང་ཕྱུག་གིས་བྱས་པར་ཁྱོད་འདོད་ན། སྤྲེའུ་ཡང་དབང་ཕྱུག་གིས་བསད་པས་བདག་ལ་མི་དགར་བྱར་ཅི་ཡོད་དེ་གཞན་གྱིས་ཉེས་པ་བདག་ལ་ཅིའི་ཕྱིར་བསྒོ། གལ་ཏེ་སྤྲེའུ་དེ་དབང་ཕྱུག་གིས་སྙིང་རྗེ་ནས་མ་བསད་ཟེར་ན། འགྲོ་བའི་རྒྱུ་དབང་ཕྱུག་ཡིན་པར་ཇི་ལྟར་སྒྲོགས། ཀྱེ་བཟང་པོ་དག་ཐམས་ཅད་དབང་ཕྱུག་གིས་བྱས་ཤིང་། དེ་སུས་ཀྱང་མ་བྱས་པའི་རང་བྱུང་ཡིན་ན། ཁྱོད་ཀྱིས་དེ་ལ་ཕྱག་འཚལ་བ་དང་མཆོད་སྦྱིན་བྱེད་པ་ཐམས་ཅད་ཀྱང་དེ་རང་གིས་བྱས་པས་ཁྱོད་ལ་ཅི་ཞིག་ཐོབ། སྡིག་པ་ཆེན་པོ་ཐམས་ཅད་ཀྱང་དབང་ཕྱུག་དེས་བྱེད་ན་དེ་ལ་གུས་པས་ཡོན་ཏན་ཅི་ཞིག་ཡོད། ཁྱོད་ཀྱིས་བྱས་པ་དང་། སྡིག་པ་རྣམས་དབང་ཕྱུག་གིས་མི་བྱེད་ན། དེས་ཐམས་ཅད་བྱེད་པར་ཁས་བླང་བར་མི་རིགས་སོ། །གཞན་ཡང་དབང་ཕྱུག་དེ་ཉིད་རང་གི་ཆོས་སྔ་མ་ལས་བྱུང་ངམ། རང་ལས་གཞན་པ་དག་གིས་བྱས་པ་གང་ཡིན། གལ་ཏེ་རང་གི་ཆོས་སྔ་མ་ལས་བྱུང་ན་ཆོས་དེ་དག་གི་སྔ་རོལ་ན་དབང་ཕྱུག་མེད་པས་ཐམས་ཅད་དེས་བྱས་པ་མི་རིགས་སོ། །གལ་ཏེ་གཞན་གྱིས་བྱས་ན་བྲན་ལྟར་རང་དབང་མེད་པ་གཞན་གྱིས་བྱས་པར་འགྱུར་རོ། །དེ་ལྟར་ན་དབང་ཕྱུག་དེ་ནི་ཅིའི་ཕྱིར་རྒྱུ་ཡིས་མ་བྱས་པ་ཉིད་དུ་སྨྲ་ཞིང་དེ་ལ་གུས་པར་བྱེད། རིགས་དང་མི་རིགས་པའི་དཔྱད་པ་དོར་ནས་ཐམས་ཅད་དབང་ཕྱུག་གིས་བྱས་སོ་ཟེར་ན། བདག་པོས་སྤྲེའུ་བསད་པའི་སྐྱོན་བདག་ལ་སྐུར་པ་འདེབས་མི་རིགས་སོ། །ཞེས་དེ་དག་གི་སྤོབས་པ་བཅོམ་ནས། སྔོན་གྱི་ལས་འབའ་ཞིག་རྒྱུར་སྨྲ་བ་རྣམས་ལ་བོས་ནས་སྔོན་དུ་བཞག་ཏེ་སྨྲས་པ། ཁྱེད་ཅག་གིས་ཀྱང་བདག་ལ་སྨད་མི་རིགས་ཏེ་ཐམས་ཅད་སྔོན་གྱི་ལས་ཀྱིས་བྱས་ན། བདག་ལ་སྤྲེའུ་བསད་པའི་ཉེས་པ་ག་ལ་ཡོད་དེ། སྔོན་གྱི་ལས་ཀྱིས་ནགས་མེས་ཚིག་པ་བཞིན་དུ་བདག་སྨད་དུ་མེད་དོ། །གལ་ཏེ་བདག་ལ་སྤྲེའུ་བསད་པའི་སྡིག་པ་ཡོད་ན། བདག་གིས་བསད་ཀྱིས་སྔོན་གྱི་ལས་ཁོ་ན་མ་ཡིན་ནོ། །གལ་ཏེ་ལས་དང་ལས་ཀྱི་རྒྱུ་ཐུག་མེད་དུ་འདོད་ན། དེ་ཐམས་ཅད་ཟད་པར་མི་ནུས་པས་སུ་ཡང་གྲོལ་བ་མི་སྲིད་ལ། གལ་ཏེ་བདེ་བ་སྒྲུབ་པའི་རྒྱུ་དགེ་བ་རྣམས་སྡུག་བསྔལ་གྱི་རྒྱུ་བྱེད་ལ། སྡུག་བསྔལ་སྒྲུབ་པའི་རྒྱུ་མི་དགེ་བ་རྣམས་བདེ་བའི་རྒྱུར་གྱུར་པ། དེ་ལྟར་ན་ད་ལྟའི་རྩོམ་པ་ལ་རག་མ་ལས་པའི་སྔོན་གྱི་ལས་ཀྱིས་དེ་ལྟར་བྱས་སོ་ཞེས་རིགས་ན་ཡང་། བདེ་སྡུག་གི་རྒྱུ་ད་ལྟར་བསྒྲུབས་པ་རྣམས་ནི་ནམ་ཡང་དེ་ལྟར་འཆོལ་བ་མི་སྲིད་པས་སྔོན་གྱི་ལས་ཁོ་ན་ཐམས་ཅད་ཀྱི་རྒྱུ་མ་ཡིན་ནོ། །ཡིན་ན་གསར་དུ་བྱས་པའི་ལས་ཀྱང་མེད་པར་འགྱུར་རོ། །ལས་གསར་པ་མ་གྲུབ་ན་སྔོན་ལ་ཡང་ཇི་ལྟར་འགྲུབ། སྔོན་ལས་ཀྱིས་ཐམས་ཅད་བྱས་ན་སྤྲེའུ་བསད་པ་བདག་གིས་བྱས་པ་ཇི་ལྟར་བཏགས། ཞེས་དེ་དག་མི་སྨྲ་བར་བྱས་སོ། །དེ་ནས་ཆད་པར་སྨྲ་བ་དེ་ལ་འཛུམ་དམུལ་ཏེ་སྨྲས་པ། ཁྱེད་ཅག་བདག་ལ་ཅི་ཞིག་སྨད། གལ་ཏེ་འཇིག་རྟེན་ཕ་རོལ་ཆད་པར་ལྟ་བ་ཁྱེད་ལྟར་ན་སུས་ཀྱང་དགེ་སྡིག་ལ་འབད་པས་ཅི་བྱ་སྟེ། མཁས་པ་རྣམས་ཀྱང་རང་གར་ཅི་བདེ་བར་སྤྱོད་རིགས་ལ། དེ་ལྟ་ན་སྤྲེའུ་བསད་ཀྱང་དེའི་ཉེས་པ་སུ་ལ་སྨིན། ད་ལྟ་འཇིག་རྟེན་པས་འཕྱ་བའི་ཕྱིར་དགེ་བ་སྒྲུབ་ཅིང་སྡིག་པ་སྤོང་ངོ་སྙམ་ན། རང་གིས་ཁས་བླངས་པའི་ཚིག་དང་མི་མཐུན་པར་སྤྱོད་པ་དེ་ཡང་འགྲོ་བས་འཕྱ་བའི་གནས་སུ་གྱུར་པ་མ་མཐོང་བར་ཟད་དོ། །གང་ཞིག་འཇིག་རྟེན་པའི་ཚུལ་ལ་གནས་ནས་རང་གི་གཞུང་ལུགས་སྨྲས་པའི་དོན་ཡལ་བར་བོར་ན། གཞུང་དེ་སྨྲས་པ་དོན་མེད་པས་འཁྲུལ་ཞིང་དོན་མེད་པ་འདི་འདྲ་བ་བྱིས་པའི་ནང་ནའང་ཐ་ཤལ་ཡིན་ནོ། །གཞན་ཡང་ཁྱོད་ན་རེ། ཁ་དོག་སོགས་སྣ་ཚོགས་པ་ཅན་གྱི་ཡོན་ཏན་ལྡན་པའི་ཤིང་རྣམས་ཀྱང་ལས་ཀྱིས་བྱས་པ་མ་ཡིན་མོད་ཀྱི་འོན་ཀྱང་རང་དུས་སུ་འབྱུང་ལ། གལ་ཏེ་བསྲེགས་པ་དང་བཅད་པ་སོགས་ཀྱིས་ཆུད་ཟོས་པ་ན། ཆུད་ཟོས་པའི་དངོས་པོ་དེ་དག་སླར་ཡང་མི་སྐྱེ་བ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་དེ་དང་འདྲ་བར་ཕ་རོལ་ཏུ་མི་འབྱུང་ཞེས་པའི་རྒྱུའམ་གཏན་ཚིགས་ནི་ཅི་འདྲ་ཞིག་ཡིན་ཏེ། རྒྱུ་རྐྱེན་ཚོགས་ན་སྐྱེ་ཞིང་མ་ཚོགས་ན་མི་སྐྱེ་བའི་དོན་བྱེ་བྲག་མ་འབྱེད་པར་མཐོང་བའི་ཉི་ཚེ་བའི་སྨྲ་བ་ཙམ་དུ་ཟད་དོ། །དེ་ལྟར་གྱུར་ཀྱང་ཆད་ལྟ་ལ་དགའ་ན་སྤྲེའུའམ་མི་བསད་ཀྱང་སྨད་དུ་ཅི་ཞིག་ཡོད། ཅེས་སྨྲས་པ་དེ་དག་ཅང་མི་སྨྲ་བར་བྱས་ནས། རྒྱལ་རིགས་ཀྱི་གཞུང་ལུགས་ལ་མཁས་པ་དེ་ལ་བོས་ཏེ་སྨྲས་པ། ཁྱེད་ཅག་བདག་ལ་ཅིའི་ཕྱིར་སྨོད། གལ་ཏེ་སྲིད་གཟུག་པའི་གཙུག་ལག་ལས་བྱུང་བའི་ཆོ་ག་རིགས་ཤིང་འབད་པར་སེམས་ན། སྲིད་ཕྱིར་དགེའམ་མི་དགེའམ་རུང་། །ཅི་ཡང་རུང་བ་བྱས་ནས་སུ། །དེ་ནས་བདག་ཉིད་ཐར་ནས་ནི། །ནོར་གྱིས་ཆོས་ནི་བསྒྲུབ་པར་བྱ། །ཞེས་འདོད་པ་དེའི་ཕྱིར་ཁྱོད་ལ་སྨྲ་སྟེ། དགོས་པ་བྱུང་བའི་མཛའ་དང་གཉེན་ལ་ཡང་དགེ་བའི་ཚུལ་ལ་མི་ལྟ་ན་སྤྲེའུ་འདི་པགས་པ་དགོས་པའི་ཕྱིར་ངས་བསད་པ་ལ། གཙུག་ལག་གི་གཞུང་ལུགས་ཀྱིས་ཅི་ཞིག་སྨད་དུ་ཡོད། འོན་ཏེ་སྙིང་རྗེ་མེད་པས་བསད་པའམ། འདི་འདྲའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཡིན་ནོ་སྙམ་ན། གཙུག་ལག་གི་ཆོས་གཙོ་བོར་མི་བྱ་བར། ཁྱོད་ལམ་གཞན་གྱི་རྗེས་སུ་འབྲང་བས་ཅི་བྱ། གང་འདི་ལྟ་བུ་སྨྲ་བ་དེ་རིགས་པའི་གཞུང་ལུགས་ཡིན་ན། མི་རིགས་འཁྲུལ་པ་ཅན་དེ་ཅི་འདྲ་ཞིག །ཨེ་མ་ཧོ། །སྤྱི་བརྟོལ་ཅན་དག་གིས་གཙུག་ལག་གི་ལམ་དུ་བཏགས་ནས་ཆོས་མིན་དར་བར་བྱས་པ་ལ། ཁྱེད་ཅག་དེ་ལ་དགའ་བས་གཙུག་ལག་ལས་བསྟན་པའོ་སྙམ་དུ་བདེན་པར་ཞེན་པར་བྱེད་པ་ལྟར་ན་སྤྲེའུ་བསད་ཀྱང་སྨད་པར་མི་རིགས་སོ། །དེ་ལྟར་འཁོར་དེའི་ནང་ན་སྤོབས་པ་ཆེ་བར་གོམས་ཤིང་གཞན་ལས་རྒྱལ་པོའི་བློན་པོ་རྣམས་ཀྱང་མངོན་སུམ་ཟིལ་གྱིས་མནན་པས་རྒྱལ་པོ་འཁོར་བཅས་སེམས་དད་ཅིང་མགུ་བར་ཤེས་ནས་རྒྱལ་པོ་ལ་སྨྲས་པ་བདག་གིས་སྲོག་དང་བཅས་པའི་སྤྲེའུ་བཀུམ་པ་མ་ལགས་ཀྱིས། འདི་ནི་སྤྲུལ་པ་ལགས་ཏེ། གཏམ་འདི་ལྟ་བུ་གླེང་བའི་སླད་དུ་སྤྲུལ་པ་བྱས་པའོ། །དེ་བས་ན་བདག་ལ་གཞན་དུ་དོགས་པ་མི་མཛད་དུ་གསོལ་ཞེས་སྨྲས་ནས་སྤྲུལ་པ་མངོན་པར་འདུ་བྱེད་པ་དེ་བཏང་བས་རྒྱལ་པོ་འཁོར་དང་བཅས་པ་སེམས་རབ་ཏུ་དད་པར་གྱུར་པ་ལ། རྒྱུ་ལས་གྲུབ་པ་མཐོང་བཞིན་ལ། །རང་དབང་འཇིག་རྟེན་ཕ་རོལ་ཤེས། །དགེ་བ་ཁས་ལེན་སྙིང་རྗེ་ཅན། །སྲོག་ཆགས་གསོད་པ་སུ་ཞིག་བྱེད། །རྒྱལ་པོ་ཆེན་པོ་གསན་དུ་གསོལ། །རྒྱུ་མེད་སྨྲ་དང་རང་དབང་ལྟ་བ་དང་། །ཡོད་པར་མི་ལྟ་རྒྱལ་རིགས་གཞུང་ལུགས་ཅན། །གྲགས་པ་ཅུང་ཟད་ཕྱིར་ནི་གཞུང་བྱེད་པ། །རིགས་པར་སྨྲ་དེས་ཅི་ལྟར་ཁས་བླང་བྱ། །མི་ཡི་བདག་པོ་ལྟ་བ་བཟང་ངམ་ངན། །རིས་མཐུན་པས་ནི་བསྒྲུབས་པའི་རྒྱུ་དག་གིས། །དེ་དང་དེ་དག་ཁྱོད་ཀྱིས་བརྟགས་ན་ནི། །ཚིག་དང་སྤྱོད་པ་རྣམས་ཀྱིས་གསལ་བར་འགྱུར། །དེ་བས་ལྟ་བ་བཟང་པོ་བརྟེན་པར་རིགས། །ལྟ་བ་ངན་པས་ཕུང་བར་འགྱུར་བ་ཡི། །སྐྱེ་བོ་ངན་པ་རིང་དུ་སྤངས་ནས་ནི། །དམ་པ་རྣམས་ལ་བསྟེན་ན་འདི་ཤེས་འགྱུར། །ཞེས་སོགས་དམ་པ་བསྟེན་ཞིང་སྡིག་གྲོགས་སྤང་བ་དང་འབངས་ལ་བྱམས་པས་ཚུལ་བཞིན་བསྐྱངས་པའི་བཀའ་མཆིད་རྣམས་ཀྱང་ལེགས་པར་བགྱིས་ཏེ། རྒྱལ་པོ་འཁོར་དང་བཅས་པ་ལྟ་བ་ངན་པའི་ལམ་དང་བྲལ་ཞིང་ཡང་དག་པའི་ལྟ་བ་ལ་བཙུད་ནས་དེ་ཉིད་དུ་ནམ་མཁའ་ལ་ལྡིང་བ་དང་། སྐྱེ་བོའི་ཚོགས་ཀྱིས་གུས་པས་ཕྱག་འཚལ་ཞིང་མཆོད་པ་བྱས་ནས་དགོན་པའི་གནས་ཉིད་དུ་སླར་སོང་ངོ་། ༈ །ཡང་སྟོན་པ་བཅོམ་ལྡན་འདས་ཉིད་ཁྱིམ་བདག་དབེན་པ་འདོད་པ་ཞེས་བྱ་བར་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པའི་ཚེ་ཕྱུག་ཅིང་ནོར་མང་ལ་ལེགས་གསུངས་ཚོལ་བ་ལ་བརྩོན་པས་ཡོངས་སུ་མ་བཏང་བ་གང་ཡང་མེད་པ་དེས། དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་ཅེས་བྱ་བ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་ལམ་ཐམས་ཅད་སྟོན་པ་འཇིག་རྟེན་དུ་བྱུང་ངོ་ཞེས་པའི་སྒྲ་བར་སྣང་ལས་ཐོས་པ་ལ་སླར་ཡང་དེ་བཞིན་གཤེགས་པ་གང་ན་བཞུགས་ལམ་ཅི་ཙམ་སོགས་དྲིས་པ་ལ་ལན་བསྟན་པ་བཞིན་དེས་བློན་པོ་དང་གྲོང་གི་གཙོ་བོ་རྣམས་བསྡུས་ཏེ་ཤར་ཕྱོགས་སུ་དཔག་ཚད་བྱེ་བ་ཕྲག་བཅུ་དང་སྟོང་ན་གྲོང་ཁྱེར་ལྷུན་པོའི་རྒྱལ་མཚན་དུ་དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་བའི་ལམ་ཐམས་ཅད་དུ་སྐྱེ་བོ་ཐམས་ཅད་དེའི་ཕྱི་བཞིན་འབྲངས་ཏེ་དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་ངོ་། །དེར་ལྷ་རྣམས་ཀྱིས་སངས་རྒྱས་དེ་ལ་རིམ་གྲོ་བྱེད་པ་དང་སངས་རྒྱས་ཀྱི་སྐུ་མཛེས་ཤིང་འབར་བ་རྒྱང་རིང་པོ་ནས་མཐོང་སྟེ་ཤིང་རྟ་ལས་བབ་ཅིང་སངས་རྒྱས་བཞུགས་པའི་སྐྱེད་ཚལ་དེར་ཕྱིན་པ་ན་སངས་རྒྱས་ཀྱི་མཐུས་རླུང་བསིལ་བ་དང་སྤོས་ཆུའི་ཆར་བབས་སོ། །ཁྱིམ་བདག་དེའི་བསམ་པ་ཐུགས་སུ་ཆུད་ནས་བདུད་རྩིའི་འོད་བསིལ་བས་རེག་པས་ལམ་གྱིས་དུབ་བ་མེད་པར་མཛད་ཅིང་། དེ་བཞིན་གཤེགས་པ་དེ་ཏ་ལ་གཅིག་ཙམ་གྱི་བར་སྣང་ལ་འཆག་པར་མཛད་པ་མཐོང་ནས་ཁྱིམ་བདག་དབེན་པ་འདོད་པས་གསོལ་པ། ཇི་ལྟར་ཐོས་པ་དེ་བཞིན་མཐོང་། །དེ་བས་ཀྱང་ནི་ལྷག་པར་བཟང་། །འཇིག་རྟེན་དག་ན་ཁྱོད་དང་ནི། །ཡེ་ཤེས་ཡོན་ཏན་འདྲ་མ་མཆིས། །བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ཚིག་སྨྲས་པ། །དབེན་པར་འགྱུར་བ་ཡིན་ཏེ་ལེགས། །ཇི་ལྟར་འདིར་ནི་ཡུན་རིང་དུ། །དགེ་བའི་རྩ་བ་ཤིན་ཏུ་བསྟེན། །འཇིག་རྟེན་དག་ན་ང་འདྲ་མེད། །ང་ལས་ལྷག་འགྱུར་ག་ལ་ཡོད། །ཁྱིམ་བདག་ཅུང་ཟད་ཡིད་ལ་ནི། །ཞུ་བ་གང་དག་འདོད་པ་ཞུས། །ངེས་པ་ཁྱོད་ཀྱི་འདོད་པ་གང་། །ང་ཡིས་ཁྱོད་ཀྱིས་སེམས་རངས་བྱ། །ང་ལ་ཅུང་ཟད་གང་འདྲི་བ། །དེ་རིང་ཐེ་ཚོམ་མེད་པར་བྱ། །ཁྱིམ་བདག་དེས་གསོལ་པ། ཇི་ལྟར་བསམ་གཏན་ལངས་ནས་མཆིས། །བསམ་གཏན་བསམ་གཏན་ཡོན་ཏན་དགའ། །འདི་ལ་ཡིད་གཞོལ་ཇི་ལྟར་འགྱུར། །ཞུས་པ་དེ་དག་བདག་ལ་གསུངས། །དགེ་བའི་རྩ་བ་གང་གིས་ནི། །ཤེས་པ་དེ་ནི་རྟོགས་པར་འགྱུར། །ལྡན་པ་དང་ནི་ཤེས་པའི་རྒྱུ། །ཞུས་པ་དེ་དག་བདག་ལ་གསུངས། །དེ་བཞིན་གཤེགས་པ་འོད་ཟེར་དཔག་མེད་དེས་ལུང་བསྟན་པ་ཚིགས་བཅད་གཅིག་གིས་ཡོངས་སུ་མགུ་བར་མཛད་དེ། མཚན་མེད་བྱས་པའི་བསམ་གཏན་ནི། །ལྡང་བ་ལ་ཡང་ཤིན་ཏུ་ངེས། །ཤེས་པ་གང་གིས་བསམ་གཏན་དེ། །སོ་སོར་ཐོབ་ནས་རབ་ཏུ་ཤེས། །ཞེས་གསུངས་པས་ཁྱིམ་བདག་དེ་སྐྱེ་བ་མེད་པའི་ཆོས་ལ་རབ་ཏུ་བཞག་ནས་སོམ་ཉི་དང་ཐེ་ཚོམ་མེད་པར་གནས་ཤིང་འཁོར་དེ་སྣང་བར་བྱས་ནས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་གསུང་དག །ཇི་ལྟར་རྣམ་པར་འཚལ་བར་འགྱུར། །བཀའ་སྩལ་པ། གངྒཱའི་བྱེ་སྙེད་སེམས་ཅན་དག །ང་ཡིས་ལེགས་བཤད་ཐོས་ནས་སུ། །ཡང་དག་པ་ནི་ཇི་བཞིན་ཤེས། །སྐྱེ་བ་མེད་ལ་རབ་ཏུ་བཀོད། །ཅེས་གསུངས་ཏེ། དེ་ལྟར་འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུ་བ་ཞུས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་བསམ་གཏན་ལ་མཁས་པར་བྱ། བསམ་གཏན་གྱི་ལྡང་བ་ལ་མཁས་པར་བྱ། ལྡང་བ་ཤེས་པ་ཀུན་འབྱུང་བ་ཤེས་པའི་དགེ་བའི་རྩ་བ་གང་ཡང་དག་པར་འདུ་བར་འགྱུར་པའི་དགེ་བའི་རྩ་བ་དེ་དག་ཤིན་ཏུ་བཞག་པར་བྱ། ཤིན་ཏུ་གཟུང་བར་བྱའོ། །ཞེས་གསུངས་སོ། ༈ །ཡང་སྔོན་གྱི་དུས་སུ་ཀ་ཤི་ཀའི་རྒྱལ་པོའི་བློན་པོ་ཁྲ་ཅན་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ། དེ་བསྟན་གཅོས་ཐམས་ཅད་ལ་མཁས་ཤིང་བརྟན་པ་དང་དུལ་བ་སོགས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་པས་སྐྱེ་བོའི་ཚོགས་ལ་བླང་དོར་གྱི་གནས་བསྟན་པས་སློབ་དཔོན་ལྟ་བུར་གྱུར་ཀྱང་། དེས་ཀ་ཤིའི་རྒྱལ་པོ་དེའི་ཐུགས་དང་མི་མཐུན་པའི་སྐྱོན་བསལ་བ་ལ་ཞུགས་ཏེ། གནས་དབེན་པར་རྒྱལ་པོ་ལ་སྨྲས་པ། ལྷ་ལགས་ལུས་འཕགས་ཀྱི་རྒྱལ་པོ་ལ་སོགས་པ་རྒྱལ་པོ་གཞན་ལ་ཡང་སྐྱོན་ཆགས་པ་གང་གིས་ལེགས་པར་མི་འགྱུར་ལ། གང་འཐུངས་བས་ཁྲོ་དང་ངུ་དང་བབ་ཅོལ་སྨྲ་ཞིང་ནད་སྣ་ཚོགས་ཀྱི་རྒྱུར་གྱུར་པ་སོགས་ཆང་འཐུང་བའི་ཉེས་པ་དང་། གང་ལ་ཆགས་པས་རྒྱལ་ཕམ་གྱི་དོགས་པས་སེམས་འཁྲུགས་ཤིང་དོན་ཉམས་པ་དང་། གཉིད་དང་གཤང་གཅི་བཀག་པས་ནད་དུ་གྱུར་པ་སོགས་ཚེ་ལོ་རྩེ་བའི་ཉེས་པ་དང་། སྦྲུལ་དང་ཤ་སྦྲང་དང་ཚ་གྲང་བཀྲེས་སྐོམ་ངལ་བ་སོགས་དང་། ལམ་དུ་རྟ་ལས་ལྷུང་བ་དང་། དགྲ་སོགས་ཀྱི་འཇིགས་པ་དང་འཕྲད་པ་དང་། འབྲས་བུ་ཤིན་ཏུ་མི་བཟད་པའི་བྱ་བ་ཐ་ཆད་རི་དྭགས་བཤོར་བའི་ཉེས་པ་དང་། རང་དབང་གི་སྟོབས་ཉམས་ཤིང་ཉེས་པའི་མུན་པ་ཆེན་པོ་འདོད་ཆགས་ཀྱེ་མེས་རང་ཉིད་སྲེག་པར་བྱེད་པ་བུད་མེད་རྣམས་ལ་ཤིན་ཏུ་ཆགས་པ་ནི་མི་ཡི་གདུང་བ་ཡིན་པ་དང་། ལྟོ་འགྲོ་ལྟར་གདུག་པ་སྐྱེད་པའི་ཚིག་རྩུབ་མོ་ལ་སོགས་པའི་སྐྱོན་འདི་དག་གིས་ས་སྐྱོང་རྣམས་ཀྱི་དཔལ་འཛད་པར་བྱེད་པས། དབང་པོ་ཡུལ་ལས་བསྡམས་ཏེ་ཚུལ་ལ་གནས་པའི་བརྟན་པ་ཅན་ལ་ནི་དཔལ་ཀུན་འཕེལ་བར་འགྱུར་རོ་ཞེས་སྨྲས་པ་ལ། རྒྱལ་པོ་ཡུལ་རྣམས་ཀྱིས་དབང་པོ་ཕྲོགས་པས་ཇི་བཞིན་བྱ་མི་ནུས་ཀྱང་། དེ་ལ་ངོ་བསྲུང་བའི་སླད་དུ་ཁྱོད་ལྟ་བུ་བླ་མ་རྣམས་ཀྱི་ཕན་པའི་གདམས་ངག་ནི་འདའ་བར་བྱ་བ་མ་ཡིན་ནོ་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་རང་གི་ཁྱིམ་དུ་སོང་ནས་སླར་བཙུན་མོའི་འཁོར་དུ་ཞུགས་པར་གྱུར་ཏོ། །དེར་མཚན་མོའི་དུས་སུ་རྒྱལ་པོ་དེ་གླུ་གར་དང་ཆང་གིས་བག་མེད་པ་ལ། བློན་པོ་ཁ་ཅིག་ཁྲ་ཅན་གྱི་བློན་པོས་ཆེ་བའི་དཔལ་ལ་ཕྲག་པ་དོག་པས་རྒྱལ་པོ་ལ་སྨྲས་པ། ཁྲ་ཅན་འདི་ནི་ལུས་འཕགས་ཀྱི་རྒྱལ་པོ་དང་བསྡེབས་ཏེ་ལྷའི་རྒྱལ་སྲིད་འཇིག་པའི་སླད་དུ་འབད་པར་བྱེད་ཅེས་ཐོས་ཏེ། ལྷས་བག་བྱོས་ཤིག་ཅེས་སྨྲས་པས། རྨོངས་པའི་རང་བཞིན་་ཅན་གྱི་རྒྱལ་པོ་དེས་མ་དཔྱད་པར་བྱང་ཆུབ་སེམས་དཔའ་ལ་མཉེས་གཤིན་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་གཏམ་དེ་བདེན་པར་བྱེད་པ་རྣམས་ལ། སྐྱེ་བོ་རང་བཞིན་གྱིས་གདུག་པ་སྦྲུལ་ལྟ་བུ་རྣམས་ཀྱིས་སྐྱོན་མེད་པར་བདག་ལ་རྒྱལ་པོ་ཁྲོར་གཞུག་པར་བྱས་ཀྱི། འདི་ལྟ་བུའི་སྐྱེ་བོ་མ་རུངས་པའི་ཁྲོད་དུ་གནས་པས་ཅི་བྱ་སྟེ། ཉེས་པའི་ཚོགས་ཀྱིས་སྟོང་པ་རང་དབང་དུ་དགེ་བའི་འཇུག་པ་དང་མཐུན་པའི་ནགས་སུ་འགྲོ་བར་བྱའོ་ཞེས་སྨྲས་ནས། ཁྱིམ་གྱི་འབྱོར་པ་དང་གཉེན་འདུན་རྩྭ་ལྟར་བཏང་སྟེ་དགོན་པའི་ནགས་སུ་དཀའ་ཐུབ་སྤྱད་པས་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཐོབ་པར་གྱུར་ཏོ། །ནམ་ཞིག་ཀ་ཤིའི་རྒྱལ་པོ་ཤིང་རྟ་ལ་ཞོན་ནས་མཚོན་དང་ལྡན་པའི་དཔུང་གི་ཚོགས་དང་བཅས་ཏེ་རི་དྭགས་གཤོར་དུ་བྱང་ཆུབ་སེམས་དཔའ་གནས་པའི་ནགས་དེར་ཞུགས་སོ། །དེ་འོངས་པ་ཤེས་ནས་བྱང་ཆུབ་སེམས་དཔས་རྒྱལ་པོ་སྡིག་པ་ལ་དགའ་བ་འདི་བདག་གིས་ལམ་ངན་པ་ལས་དྲངས་ཏེ་ལེགས་པའི་ལམ་ལ་བཞག་པར་བྱའོ་སྙམ་དུ། སྐད་ཅིག་དེ་ཉིད་ལ་རྫུ་འཕྲུལ་གྱིས་དཔུང་གི་ཚོགས་བཞི་དང་ལྡན་པ་རྣམས་གོ་ཆ་སྲ་ཞིང་མཚོན་ཆའི་ཚོགས་དང་ལྡན་པ། རྔ་དང་དུང་དང་སྐྱེ་བོའི་སྒྲས་རི་གཡོ་བ་སྙམ་བྱེད་པའི་ལུས་འཕགས་ཀྱི་རྒྱལ་པོའི་དམག་གི་ཚོགས་འཇིགས་སུ་རུང་བ་བསྟན་པར་གྱུར་པ། ཀ་ཤིའི་རྒྱལ་པོས་མཐོང་ནས་ཤིན་ཏུ་སྐྲག་སྟེ་ང་ནི་སུ་ལ་སྐྱབས་སུ་འགྲོ་བར་བྱ་སྙམ་པ་དང་། བདག་ཉིད་ཆེན་པོ་ཁྲ་ཅན་དེ་ནགས་འདིར་བཞུགས་པ་དེས་དཀའ་ཐུབ་ཀྱི་སྟོབས་ཀྱིས་བདག་སྲུང་བར་བྱེད་པར་འགྱུར་རོ་སྙམ་དུ། ཤིང་རྟ་འདྲེན་པ་ལ་ཁྲ་ཅན་གང་ན་བཞུགས་པར་ཤིང་རྟ་དྲོངས་ཞེས་བྱས་པ་ལྟར་དེར་སོང་བ་ལ་བྱང་ཆུབ་སེམས་དཔས་ཕེབ་པར་སྨྲས་ནས་རྒྱལ་པོ་དེ་ཉིད་དེའི་སྐྱིལ་པོར་སྟན་ལ་འདུག་པར་གྱུར་ཏོ། །དེར་དམག་གི་ཚོགས་དེ་ཡང་མི་སྣང་བ་དང་། རྒྱལ་པོས་དགྲའི་དཔུང་དེ་གང་དུ་སོང་ཞེས་དྲིས་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཁྱོད་རྣམ་པར་འདུལ་བའི་ཕྱིར་བདག་གིས་རྫུ་འཕྲུལ་གྱི་ཆེ་བའི་བདག་ཉིད་བསྟན་པ་ཡིན་གྱིས། འདིར་ལུས་འཕགས་ཀྱི་རྒྱལ་པོའི་དམག་ཚོགས་མེད་དོ། །རྒྱལ་པོ་ཆེན་པོ་གཞན་ཡང་དགྲའི་འཇིགས་པ་གཅིག་པུར་མ་ཟད་ཀྱི། རྒྱལ་སྲིད་ནི་སྐྱོན་མང་བ་བདེ་བ་ཆུང་ལ་མཐར་འཇིགས་པ་ཆེ་བ་དམྱལ་བ་སོགས་ངན་འགྲོར་ལྷུང་བར་བྱེད་པ་ཡིན་པས་དེ་སྤངས་ལ་ཁྱོད་ཞི་བའི་ནགས་ཀྱི་གནས་སུ་རབ་ཏུ་བྱུང་ཞིག་ཅེས་འདོད་པའི་ཉེས་དམིགས་དང་། འདོད་པ་ལས་ཕྱིར་ཕྱོགས་པའི་ཡོན་ཏན་གྱི་ཆོས་བསྟན་པས་རྒྱལ་པོ་དེ་དེའི་རྫུ་འཕྲུལ་གྱི་སྟོབས་ལ་དད་པ་དང་། ཆོས་བསྟན་པ་ལ་མགུ་བས་དེ་ཉིད་དུ་རྒྱན་རྣམས་ཁ་ལོ་བ་ལ་སླར་བསྐུར་ནས་རང་ཉིད་བྱང་ཆུབ་སེམས་དཔའི་དྲུང་དེར་རབ་ཏུ་བྱུང་བར་གྱུར་ཏེ། བྱང་ཆུབ་སེམས་དཔའི་མན་ངག་གིས་དབང་པོ་རྣམས་བསྡམས་ཞིང་དཀའ་ཐུབ་ལ་སྤྱོད་པས་རིམ་གྱིས་བསམ་གཏན་གྱི་སེམས་ཐོབ་ཅིང་མཆོག་ཏུ་ཞི་བའི་བདེ་བ་ལ་གནས་པར་གྱུར་ཏོ། །ཁ་ལོ་པ་སོགས་གྲོང་ཁྱེར་དུ་ཕྱིན་པའི་ཚེ་སྐྱེ་བོ་རྣམས་འཁྲུགས་པའི་ཡིད་ཀྱིས་རྒྱལ་པོ་གང་ན་ཡོད་ཅེས་སྨྲས་པ་ལ། ཁྲ་ཅན་གྱི་དྲུང་ན་རབ་ཏུ་བྱུང་ངོ་ཞེས་སྨྲས་སོ། །དེ་ལ་བཙུན་མོ་སོགས་རྒྱལ་པོའི་འཁོར་གྱི་སྐྱེ་བོ་ཐམས་ཅད་སྨྲེ་སྔགས་འདོན་པར་བྱེད་དོ། །དེར་བློན་པོ་རྣམས་ཀྱིས་མྱ་ངན་བཟློག་ནས་སྲས་ཆེ་བ་རྒྱལ་པོར་དབང་བསྐུར་བར་བྱས་སོ། །དེ་ལྟར་བསམ་གཏན་དང་ལྡན་ན་རྫུ་འཕྲུལ་ཐོབ་ལ། དེས་གདུལ་བྱ་འདུན་པར་བྱས་ནས་ཆོས་བསྟན་པས་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་གནས་ལ་གུས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་ནགས་ཚལ་ཞིག་ཏུ་བསྟན་བཅོས་ཐམས་ཅད་ལ་མཁས་ཤིང་སློབ་མའི་ཚོགས་ལ་རྗེས་སུ་སྟོན་པར་བྱེད་པའི་དཀའ་ཐུབ་པ་ཞིག་ཏུ་བཅོམ་ལྡན་འདས་ཉིད་གྱུར་པ་ན། ཤིང་ལོའི་ར་བར་བསམ་གཏན་བྱེད་ཅིང་གནས་སོ། །དེར་དུས་ཞིག་ན་ཆར་མེད་པས་རྩ་ཤིང་རྣམས་བསྐམས་ཤིང་དཀའ་ཐུབ་པ་རྣམས་རིད་པར་གྱུར་ནས་གྲོང་དུ་འགྲོ་བར་འདོད་པ་ལ། བྱང་ཆུབ་སེམས་དཔས་གྲོང་ཡུལ་གྱི་ཉེས་པ་བརྗོད་ནས། རེ་ཞིག་བདག་ལ་ཟས་ཅི་ཡོད་པ་གསོལ་ལ། སླད་ནས་ཀྱང་འདིར་ཟས་བླངས་ཏེ་ནགས་འདི་མ་གཏོང་ཞིག་ཅེས་སྨྲས་སོ། །དེར་ཟས་རྣམས་ཟད་པའི་ཚེ་དཀའ་ཐུབ་པ་རྣམས་དེར་ཚོགས་པ་ན། དེས་སའི་ལྷུང་བཟེད་ཐོགས་ཏེ་རྫུ་འཕྲུལ་གྱི་སོང་ནས་ཡུད་ཙམ་ལ་བྱང་གི་སྒྲ་མི་སྙན་པའི་གནས་ནས་བདུད་རྩི་ལྟར་ཞིམ་པའི་བསོད་སྙོམས་བླངས་ཏེ་བྱིན་པས་དེ་ཐམས་ཅད་དགའ་ཞིང་ཉམས་དང་ལྡན་པར་གྱུར་ཏོ། །དེ་ལྟར་ཉིན་རེ་བཞིན་ཟས་བྱིན་ཅིང་། དེ་ནས་དེས་བདག་གི་འདོད་པའི་རྣམ་རྟོག་གིས་ཡིད་མ་བསླད་པའི་བདེན་པའི་ཚིག་གིས་ལྷའི་དབང་པོས་ཆར་ཕོབ་ཅེས་སྨྲས་པའི་མོད་ལ་ཆར་གྱི་རྒྱུན་ཆེན་པོ་བབ་སྟེ། ལོ་འབྲས་རྩི་ཤིང་ཐམས་ཅད་རྒྱས་པར་གྱུར་པས་ཐམས་ཅད་མགུ་བར་བྱས་ཤིང་། དེ་དག་ལ་ཆོས་ཀྱི་གཏམ་བྱས་པས་ལམ་ངན་པ་ལས་བཟློག་སྟེ་ཡང་དག་པའི་ལམ་ལ་བཞག་པར་བྱས་སོ། །དེ་རྣམས་ཀྱིས་བདག་ཉིད་ཆེན་པོ་དེ་ལ་ཁྱོད་ཀྱིས་ནི་བདག་ཅག་རྣམས་ལ་སྔར་ཟང་ཟིང་གི་སྦྱིན་པ་དང་། སླད་ནས་ཆོས་ཀྱི་སྦྱིན་པས་ངེས་པར་ལེགས་པ་ལ་བཙུད་དོ་ཞེས་བསྔགས་པར་བྱས་ཤིང་བསམ་གཏན་བྱེད་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཚངས་བྱིན་གྱི་ཡུལ་དུ་བཱ་རཱ་ཎ་སཱིའི་ནགས་སུ་བཅོམ་ལྡན་འདས་ཉིད་དཀའ་ཐུབ་པ་ལྔ་བརྒྱའི་གཙོ་བོ་དྲང་སྲོང་ཞིག་ཏུ་སྐྱེས་པའི་ཚེ་ན་དེའི་བྱམས་པའི་མཐུས་ནགས་དེར་འཁོད་པ་ཐམས་ཅད་ཕན་ཚུན་མཛའ་ཞིང་གནོད་པ་མེད་པར་གནས་སོ། །དེར་དཀའ་ཐུབ་པ་གཅིག་རླུང་གི་ནད་ཀྱིས་རིད་པར་གྱུར་ཅིང་དེའི་བསམ་པ་རྒྱལ་སྲིད་ཀྱི་ཕྱིར་ཡིན་པ་དེས་ལྷའི་མིག་གིས་མཐོང་ཞིང་། དེ་ལ་ནད་ཅི་ལྟ་བུ་ཞེས་དྲིས་ཤིང་ཡང་སྨྲས་པ། དཀའ་ཐུབ་ཀྱི་ནགས་འདིའི་རྩ་བ་སོགས་ཀྱིས་རླུང་ཞི་མི་ནུས་པས་ཕྱུགས་ཀྱི་ཤའི་ཁུ་བ་དགོས་སོ་ཞེས། རང་ཉིད་ཀྱིས་ཕྱུགས་ཞིག་སྤྲུལ་བར་བྱས་ཏེ། འདི་སོད་ལ་ཤ་ཁུ་འཐུངས་ཤིག་ཅེས་སྨྲས་པ་ལ། དེ་ན་རེ། མཁན་པོ་འདི་ནི་ཆོས་དང་འགལ་ཏེ་དཀའ་ཐུབ་པས་སེམས་ཅན་འཚོ་བ་མི་རིགས་སོ་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔའ་ན་རེ། ཕྱུགས་གཅིག་པོ་རང་གི་སྲོག་གི་དོན་དུ་སྙིང་རྗེས་གསོད་པའི་ཤ་ཡང་མི་བཟའ་ན། ཁྱོད་རྒྱལ་པོར་གྱུར་ན་ཕྱུགས་གསོད་ཅིང་རི་དྭགས་ཉེས་པ་མེད་པ་རྣམས་ཀྱང་མཚོན་གྱིས་གཞོམ་པར་བྱེད་ན་ཆོས་དང་མི་འགལ་ལམ། དེའི་ཚེ་ཁྱོད་ཀྱི་སྙིང་རྗེ་གང་དུ་སོང་། དེས་ན་སྐྱོན་དང་སྡུག་བསྔལ་དུ་མའི་རྩ་བ་རྒྱལ་སྲིད་ལ་ཡིད་དགའ་བར་མ་བྱེད་ཅིག་ཅེས་སེམས་དྲི་མར་གྱུར་པ་བདག་སླར་ཡང་ངན་སོང་སོགས་སུ་སྡུག་བསྔལ་མྱོང་བའི་ཚུལ་གསུངས་པས། དེས་མཁན་པོས་བདག་གི་བསམ་པ་མཁྱེན་ཞེས་བསྔགས་ཤིང་བསམ་པ་དེ་ལས་བཟློག་སྟེ་སླར་སྨྲས་པ། བདག་ནི་དཀའ་ཐུབ་པའི་བུད་མེད་ཀྱི་ཡུལ་ལ་སེམས་འཕྲོ་བ་འདི་ལ་ཇི་ལྟར་བགྱི་ཞེས་ཞུས་པ་ལ། དེས་སྨྲས་པ། བུད་མེད་ཀྱི་མིག་དང་ཡན་ལག་གདོང་སོགས་མཛེས་པར་སྣང་བ་རྣམས་ཀྱང་རྒས་ནས་ཡིད་དུ་མི་འོང་བའི་ཆོས་ཅན་རྣམ་པར་འཇིག་པ་དང་མི་གཙང་བའི་རང་བཞིན་ཡིན་ཀྱང་། དེ་ལྟར་མི་ཤེས་པ་རྣམས་ཆགས་པ་ལས་སྡུག་བསྔལ་ཤིན་ཏུ་མང་པོ་ཐོབ་པའི་ཚུལ་གྱིས་ཆོས་བསྟན་པས་དཀའ་ཐུབ་པ་དེས་དགོན་པ་གཞན་དུ་སོང་སྟེ། བླ་མའི་གདམས་ངག་གིས་བསམ་གཏན་བཞི་དང་མངོན་ཤེས་ལྔ་ཐོབ་པར་བྱས་ནས་སླར་འོངས་ཏེ། བདག་ཉིད་ཆེན་པོ་དེ་ལ་བསྟོད་ཅིང་དྲིན་ཤེས་པའི་ཚིག་གིས་བསྔགས་པར་བྱས་སོ། ༈ །ཡང་སྔོན་རྒྱལ་པོ་ཚངས་བྱིན་གྱི་མདུན་ན་འདོན་ལ་འཕྲོག་བྱེད་ཀྱིས་བྱིན་པའི་བུ་འཕྲོག་བྱེད་བུ་དང་འཕྲོག་བྱེད་རྩེ་ཞེས་པ་སྤུན་གཉིས་ནགས་སུ་སོང་སྟེ་མངོན་ཤེས་ལྔ་ཐོབ་ནས་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་བ་དེ་གཉིས་རྒྱལ་པོ་སོགས་སྐྱེ་བོ་ཀུན་གྱིས་མཆོད་པར་བྱེད་དོ། །དུས་གཅིག་རྒྱལ་པོ་གཞན་དུ་སོང་བའི་ཚེ་རྒྱལ་པོའི་བུ་མོས་དེ་གཉིས་ལ་བསྙེན་བཀུར་བྱེད་པ་ན་འཕྲོག་བྱེད་རྩེ་ལ་ཆགས་པའི་བྱ་བས་བསླུས་ཏེ་འཁྲིག་པ་སྤྱད་པས་རྫུ་འཕྲུལ་ལས་ཉམས་པ་ལ། ཕུ་བོ་འཕྲོག་བྱེད་བུ་ནགས་ན་གནས་པས་ཤེས་ནས་རང་གི་གནས་སུ་ཁྲིད་དེ་སླར་ཡང་བསམ་གཏན་བཞི་དང་མངོན་ཤེས་ལྔ་དང་ལྡན་པར་བྱས་སོ། །དེ་ལ་འཕྲོག་བྱེད་བུ་ནི་བཅོམ་ལྡན་འདས་ཉིད་དང་། འཕྲོག་བྱེད་རྩེ་ནི་ནག་པ་གླང་ཆེན་ཏེ། དེ་ཡང་རབ་ཏུ་བྱུང་བ་རང་གི་ཆུང་མས་ཐབས་ཀྱིས་བསླུས་ནས་སླར་ཁྱིམ་དུ་བབ་པ། བཅོམ་ལྡན་འདས་ཀྱིས་སླར་ཁྲིད་དེ་རབ་ཏུ་ཕྱུང་ནས་དགྲ་བཅོམ་པ་ཐོབ་པར་མཛད་པའོ། ༈ །ཡང་སྔོན་གྱི་དུས་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་གྱི་ཡང་ཕ་རོལ་ན། བཅོམ་ལྡན་འདས་ཉིད་རྒྱལ་པོ་ཐམས་ཅད་སྐྱོབ་ཅེས་བྱ་བར་གྱུར་པའི་ཚེ། དེ་ལ་བཙུན་མོ་དྲུག་ཁྲི་བརྒྱད་སྟོང་ཡོད་པ་ཐམས་ཅད་ལྷའི་བུ་མོ་འདྲ་ཞིང་མ་ལྟར་བྱམས་ལ་གུས་ཤིང་ཡིད་གཅུགས་པ། ཡོན་ཏན་དང་ལྡན་པ་དེ་དག་གི་ནང་ན་འདུག་བཞིན་བསམ་གཏན་བཞི་པའི་བར་དུ་རྫོགས་པར་བྱས་ཤིང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དེ་ལས་ལངས་ཏེ། སེམས་ཅན་འདོད་པའི་ཡོན་ཏན་ལྔ་ལ་ལྷགས་པར་ཆགས་ནས་སྡིག་པའི་ལས་བྱེད་པས་ངན་སོང་གསུམ་དུ་སྐྱེ་ཞིང་། ལྷ་དང་མིར་གྱུར་པ་ན་ཡང་ཚེ་ཐུང་བ་སོགས་སུ་འགྱུར་བ་དང་། གཞན་ཡང་སེམས་ཅན་རྣམས་ཚེ་རིང་བ་དང་ཐུང་བ། རིགས་མཐོ་བ་དང་དམའ་བ་གཟི་བརྗིད་ཆེ་བ་དང་ཆུང་བ། ལོངས་སྤྱོད་ཆེ་བ་དང་ཆུང་བ། ཤེས་རབ་ཆེ་བ་དང་ཆུང་བ། རྒྱུན་གྱི་རྗེས་སུ་འབད་པ་དང་། རྒྱུན་ལས་བཟློག་པ་ལ་འབད་པ་དག་ཀྱང་མཐོང་ནས། དེ་འདི་སྙམ་དུ། ལམ་འདི་ནི་ཡུལ་དང་མི་མཐུན་ཏེ། གང་མངོན་པར་སངས་རྒྱས་པའི་ལམ་དེ་ལ་བདག་གིས་སྐྱེ་བོ་འདི་དག་གཞུག་པར་བྱའོ་སྙམ་དུ་སྙིང་རྗེ་བསྐྱེད་དེ། གྲོང་དང་གྲོང་ཁྱེར་དང་ཡུལ་ཐམས་ཅད་དུ་རྒྱུ་ཞིང་དེའི་མངོན་ཤེས་ལྔ་ཐོབ་པའི་སྟོབས་ཀྱིས་མི་དགེ་བཅུ་སྤང་བ་དང་དགེ་བཅུའི་ལམ་ལ་རབ་ཏུ་བཀོད་ཅིང་། དགེ་བའི་རྩ་བ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་ཕྱིར་བསྔོ་བ་དང་ཕྱིར་མི་སྔོག་པ་ལ་བཙུད་པར་བྱས་ཤིང་། རྒྱལ་པོ་དེ་ལུས་ཞིག་ནས་ཚངས་པའི་འཇིག་རྟེན་དུ་ཚངས་པར་སྐྱེས་ནས་ཡང་ཚངས་པ་ཆེན་པོར་སྐྱེ་ཞིང་དེ་ནས་ཤི་འཕོས་ནས་བསྐལ་པ་འཇིག་པའི་ཚེ་འོད་གསལ་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་ཤིང་། དེ་ན་གནས་པའི་ཚེ་ན་ཡང་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་དག་ཕྱིར་མི་ལྡོག་པ་ལ་བཙུད་དོ། །དེ་རྣམས་ཀྱང་དེར་སྐྱེས་པ་མེད་པས་གང་ཆོས་མེད་པ་ལ་གནས་སོ། །ཐབས་བརྒྱ་སྟོང་འདི་བྱས་པས་ཚངས་པའི་འཇིག་རྟེན་ལས་ཤི་འཕོས་ཏེ། འོད་གསལ་གྱི་ལྷའི་ནང་ནས་ཡང་ཚངས་པའི་འཇིག་རྟེན་དུ་གནས་ཤིང་། གལ་ཏེ་བརྒྱ་ལ་མི་རྣམས་ཀྱི་ནང་དུ་འོང་ཞིང་གང་གི་ཚེ་སངས་རྒྱས་མ་བྱུང་ན་ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར། སངས་རྒྱས་བྱུང་བ་བཞུགས་ན་བཅོམ་ལྡན་འདས་དེ་དག་གི་རིམ་གྲོ་བར་གྱུར་ཏེ། དེ་དགེ་བའི་རྩ་བ་བསགས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་སྙོམས་པར་འཇུག་པ་ལ་བཞུགས་ཏེ་གལ་ཏེ་བདེ་བའམ། གལ་ཏེ་དབེན་པས་དེ་བཞིན་གཤེགས་པ་བཞུགས་སོ་ཞེས་ཤེས་སོ། །ཞེས་གསུངས་སོ། ༈ །གཞན་ཡང་དེ་བཞིན་གཤེགས་པ་ཞི་བའི་གནས་ཞེས་བྱ་བ་སྐུ་ཚེའི་ཚད་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུར་གྱུར་པ་དེའི་དུས་སུ་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་ཞི་གནས་ལ་གུས་པ་ཞེས་བྱ་བར་གྱུར་པས། ཞི་གནས་གང་རྣམ་པར་མཐོང་བ་ཐོབ་ཅིང་སྙིང་རྗེ་ཆེན་པོས་ནོན་པའི་སེམས་ཀྱིས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཐོབ་ནས། ཐབས་ལ་མཁས་པས་ཞི་གནས་ཀྱང་མི་མཐོང་ལ་རྣམ་པར་མཐོང་བ་ཡང་བསྟེན་ཏེ། དེས་རྫུ་འཕྲུལ་མངོན་དུ་བྱས་ནས་སྤྲུལ་པ་སྟོང་མངོན་པར་སྤྲུལ་ཏོ། །སྐྱེ་བོ་ཡུལ་ལ་གཡེངས་པ་དག་སྦྱིན་པས་བསྡུས་ནས་ཚུལ་ཁྲིམས་ལ་བཀོད་ཅིང་སངས་རྒྱས་ཀྱི་ཆོས་དག་བསྟན་པས། སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཆོས་ཟབ་མོ་འདིའི་བཟོད་པ་ལ་རབ་ཏུ་བཙུད་དོ། །སྙིང་རྗེ་དང་བསམ་གཏན་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཡང་ཡུན་རིང་དུ་གོམས་པས་ཕར་ཕྱིན་དྲུག་ལ་རབ་ཏུ་བཙུད་པས་དེ་དག་ཡུན་མི་རིང་བར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པ་མྱ་ངན་ལས་འདས་པར་བསྒྲལ་བར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ན་ང་བསམ་གཏན་གོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ་ཞེས་གསུངས་སོ། ༈ །ཡང་རྒྱལ་པོ་འཇིག་རྟེན་སྣ་ཚོགས་ལ་མངོན་པར་དགའ་བ་ཞེས་བྱ་བར་གྱུར་པའི་ཚེ། རྒྱལ་སྲིད་སྤངས་ནས་ནགས་ཚལ་དུ་གནས་པས་བསམ་གཏན་བྱེད་ཅིང་དེའི་སྔོན་བསམ་གཏན་ལ་ཞུགས་པ་རྣམས་ལ་སོ་སོར་དགྱེས་པ་བྱས་པས་བསམ་གཏན་ཤེས་པ་ཀུན་འབྱུང་བ་ཐོབ་པར་ཤེས་ནས། བསམ་གཏན་དང་ལྡན་པ་རྣམས་ལ་འཇིག་རྟེན་གྱི་ཟས་ཀྱིས་སོ་སོར་དགྱེས་པར་བྱས་སོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་པའི་ཕ་རོལ་ན་དྲང་སྲོང་ཐོགས་མེད་དཔལ་ཞེས་བྱ་བར་གྱུར་པའི་ཚེ། བསམ་གཏན་གང་དང་གང་སྐྱེས་པ་འགོག་པའི་ཆོས་ཅན་དུ་མཐོང་ནས་སྲིད་པ་ཐམས་ཅད་ལ་ཞུམ་པ་མེད་པའི་འདུ་ཤེས་བྱུང་ཞིང་དེ་མི་གནས་པའི་སེམས་ཀྱི་རྒྱུན་འགོག་པ་ལ་གཞོལ་བས་འཆི་བའི་དུས་བྱེད་པ་ན་བསྐལ་པ་དགུ་བཅུ་རྩ་དྲུག་ཏུ་མངལ་གྱི་གནས་སུ་མ་ཞུགས་ཏེ། རྟག་པར་བརྫུས་ཏེ་སྐྱེ་བར་གྱུར་ཏོ། ༈ །ཡང་སྔོན་བསྐལ་པ་ཚད་མེད་པའི་སྔ་རོལ་ན། སྟོན་པ་སྤྱན་བཟང་ཞེས་བྱ་བར་གྱུར་པའི་ཚེ། ཁམས་གསུམ་པོ་འདི་ནི་རང་སའི་སྐྱོན་གྱིས་གནོན་པར་མཐོང་ནས། ཀྱེ་མ་སེམས་ཅན་འདི་དག་གང་དང་གང་ལ་གནས་པར་བྱས་པ་དེས་གནོད་དེ། མགོན་མེད་ཅིང་འདྲེན་པ་མེད་པས། བདག་གིས་འདུ་བྱེད་ཐམས་ཅད་ལ་གནས་པར་མི་བྱ་སྟེ། གནས་པ་མེད་ན་གཡོ་བར་མི་འགྱུར་རོ་སྙམ་དུ་དེ་ཆོས་ཐམས་ཅད་ལ་མི་གནས་པའི་བསམ་གཏན་ལས་ནི་སྙིང་རྗེ་ཆེན་པོ་འཐོབ་བོ་ཞེས་ཤེས་པ་ཁོང་དུ་ཆུད་ནས་སེམས་ཅན་རྣམས་ལ་བསྟན་པས་སེམས་ཅན་ཁྲག་ཁྲིག་དཔག་ཏུ་མེད་པ་ཐོགས་པ་མེད་པའི་ཡེ་ཤེས་ལ་བཙུད་ཅིང་མི་གནས་པའི་མྱ་ངན་ལས་འདས་སོ། ༈ །ཡང་སྔོན་འདས་པའི་དུས་དཔག་ཏུ་མེད་པའི་ཕ་རོལ་ན། དེ་བཞིན་གཤེགས་པ་དབུགས་འབྱིན་སྩོལ་བ་ཞེས་བྱ་བས་སེམས་ཅན་རྣམས་ལ་ཆོས་བསྟན་པས་རྒ་བ་དང་ན་བ་ལས་རབ་ཏུ་གྲོལ་ནས་འཇིགས་པ་མེད་པར་བྱེད་དོ། །དེ་ཡང་ཆགས་པ་རྣམས་ལ་མི་ཆགས། སྡང་བ་རྣམས་ལ་མི་སྡང་། རྨོངས་པར་འགྱུར་བ་རྣམས་ལ་མི་རྨོངས། བསམ་གཏན་དང་། ཟད་པར་གྱི་སྐྱེ་མཆེད་དང་། མཐར་གྱིས་གནས་པའི་སྙོམས་འཇུག་རྣམས་ལ་མི་ཆགས་ཏེ། དེ་ལྟར་སེམས་རྣམ་པར་གྲོལ་ཞིང་ཤིན་ཏུ་རྣམ་པར་གྲོལ་བ་འདི་ནི་རྣམ་པར་ཐར་པ་ཤེས་པ་ཞེས་དེ་ལྟར་རྣམ་ཐར་བརྒྱད་ཀྱི་ཆོས་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོ་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་པ་དེ། སྐྱེ་བོ་མང་པོའི་ཚོགས་དང་། ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་དང་ལྷན་ཅིག་དེ་བཞིན་གཤེགས་པ་དེའི་དྲུང་དུ་ཕྱིན་ནས་རྒྱལ་པོ་དེ་ལ་སངས་རྒྱས་དེས་རྣམ་པར་ཐར་པ་བརྒྱད་ཀྱི་ཆོས་བསྟན་ཏོ། །རྒྱལ་པོ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་ཕུལ་ནས་ཁམས་ཀྱི་རྒྱལ་ཕྲན་རྣམས་དང་ལྷན་ཅིག་ཏུ་ཁྱིམ་སྤངས་ཤིང་རབ་ཏུ་བྱུང་ངོ་། །དེར་ཁམས་ཀྱི་རྒྱལ་ཕྲན་སྟོང་ཕྲག་དྲུག་ཅུ་པོ་དེ་དག་གིས་ནི་རྣམ་པར་ཐར་པ་བརྒྱད་མངོན་སུམ་དུ་བྱས་ཏེ། རྒྱལ་པོ་དེ་ནི་མ་གཏོགས་ཏེ། དེས་རྣམ་པར་ཐར་བ་བརྒྱད་ཐོས་པས་སྲིད་པ་ཐམས་ཅད་ལ་མི་གནས་ཀྱང་། སྲིད་པར་སྐྱེ་ཞིང་འཆི་འཕོ་བའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་དབང་གིས་བསྐལ་པ་གྲངས་མེད་པ་ཕྲག་བཅོ་བརྒྱད་དུ་འཁོར་བ་ལ་གནས་ཞིང་འཁོར་བའི་སེམས་ཅན་རྣམས་ཀྱི་དོན་ལ་བསམ་ཞིང་བརྩོན་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་སྙོམས་པར་འཇུག་པ་ཐམས་ཅད་ལ་མི་གནས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཀུན་ཏུ་གོ་བྱེད་ཅེས་བྱ་བར་གྱུར་ནས་བག་ཡོད་པས་རྒྱལ་སྲིད་བྱེད་དོ། །དེ་ལ་བཙུན་མོ་ཁྲི་ཕྲག་བརྒྱད་བྱུང་བ་ཐམས་ཅད་གཟུགས་བཟང་ཞིང་མཛེས་པ་ལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། སྔར་ལྡང་ཞིང་ཕྱིས་ཉལ་བ། དེ་དག་གི་གཟུགས་ནི་ལྷ་མོ་དང་འདྲ། ཡོན་ཏན་ནི་འདོད་ཆགས་དང་བྲལ་བ་འདྲའོ། །རྒྱལ་པོ་ཀུན་ཏུ་གོ་བྱེད་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་དག་གི་དབུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་། ཇི་ལྟར་སེམས་མཉམ་པར་བཞག་པས་བསམ་གཏན་གྱི་བྱེ་བྲག་དང་། ཉོན་མོངས་པ་དང་ཡོན་ཏན་གྱི་བྱེ་བྲག་རྣམས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བུད་མེད་ཀྱི་ཚོགས་དེ་དག་གི་ཤེས་པ་དང་། ཉོན་མོངས་པ་དང་། ཡོན་ཏན་གྱི་བྱེ་བྲག་ཐམས་ཅད་ཤེས་པར་གྱུར་ནས། བུད་མེད་གང་དག་ཤེས་པ་ཉམ་ཆུང་ཞིང་ཉོན་མོངས་པ་སྟོབས་དང་ལྡན་པ་དེ་ལ། ཉོན་མོངས་པ་རྣམས་འདུལ་བའི་ཕྱིར་ཤེས་པ་སྐྱེད་པའི་ཆོས་སྟོན་ཏོ། །བུད་མེད་གང་དག་ཉོན་མོངས་པའི་སྟོབས་ཆུང་ལ་ཤེས་པའི་སྟོབས་ཆེ་བ་དེ་དག་ལ། ཉོན་མོངས་པ་ཆུང་ངུ་ཇི་ཙམ་ཡོད་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །བུད་མེད་འདོད་ཆགས་སྤྱོད་པ་ལ་མི་གཙང་བ་དང་མི་རྟག་པ་བསྟན། ཞེ་སྡང་སྤྱོད་པ་ལ་བྱམས་པ་དང་མི་རྟག་པ་བསྟན། གཏི་མུག་སྤྱོད་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་རྟག་པ་བསྟན། རྣམ་པར་རྟོག་པ་སྤྱོད་པ་ལ་དབུགས་འབྱུང་རྔུབ་དྲན་པ་དང་མི་རྟག་པ་བསྟན། མཚན་མ་སྤྱོད་པ་དག་ལ་མཚན་མ་མེད་པ་དང་མི་རྟག་པ་བསྟན། བདག་ཏུ་མངོན་པར་ཞེན་པ་ལ་སྟོང་པ་ཉིད་དང་མི་རྟག་པ་བསྟན། སྲིད་པ་ལ་སྲིད་པ་དག་ལ་སྨོན་པ་མེད་པ་དང་མི་རྟག་པ་བསྟན་ཏོ། །དེ་ལྟར་ཉོན་མོངས་གང་དང་གང་སྤྱོད་པར་གྱུར་པ་དེ་དག་གི་གཉེན་པོས་གཅོད་པར་བྱས་པས། །བུད་མེད་གང་དག་འདོད་ཆགས་ལ་སྤྱོད་པ་དེ་དག་བསམ་གཏན་བསྒྲུབས་ཏེ་ཚངས་པའི་ལམ་བསྒོམས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །བུད་མེད་ཞེ་སྡང་ལ་སྤྱོད་པ་དག་ཚད་མེད་བསྒྲུབས་ཏེ་ཚངས་པའི་ལམ་བསྒོམས་པ་དང་། མཚན་མ་ལ་སྤྱོད་པ་རྣམས་མཚན་མ་མེད་པ་དང་ཚངས་པའི་ལམ་བསྒོམས་པ་དང་། སྲིད་པའི་འདོད་ཆགས་ལ་ལྷག་པར་ཆགས་པ་དག་སྨོན་པ་མེད་པ་བསྒྲུབས་ཏེ་ཚངས་གནས་བསྒོམས་སོ། །དེ་ལྟར་བུད་མེད་ཁྲི་ཕྲག་བརྒྱད་པོ་དེ་ཐམས་ཅད་འདོད་པ་ལ་འདོད་ཆགས་དང་བྲལ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ༈ །ཡང་རྒྱལ་པོ་ཉོན་མོངས་པ་སྨོད་པ་ཞེས་བྱ་བར་གྱུར་པའི་ཚེ་ན། དེའི་མཐུས་དེ་ལ་བུད་མེད་ཁྲི་ཕྲག་དགུ་བཅུའི་བཙུན་མོའི་ཚོགས་ཡོད་པ་དེ་ཐམས་ཅད་གཟུགས་བཟང་ཞིང་ལྟ་ན་སྡུག་པ། བུད་མེད་དེ་དག་གིས་མིག་གིས་མཐོང་བའི་བུད་མེད་དེ་དང་དེ་དག་ཉོན་མོངས་བའི་འབྲས་བུ་དང་ལས་ཀྱི་འབྲས་བུ་ཡང་དག་ཤེས་པར་གྱུར་པས། ཉོན་མོངས་པ་ཐམས་ཅད་དུ་མི་སྐྱེ་ཞིང་སྨད་པ་དག་ཀྱང་ཉེ་བར་ཤེས་པར་འགྱུར་བ་དེ་ལྟ་བུར་གྱུར་ཏོ། །དེ་ལྟར་རྒྱལ་པོ་དེས་བུད་མེད་ཁྲི་ཕྲག་དགུ་བཅུ་པོ་དེ་ལ་བདག་གི་ལས་དང་ཉོན་མོངས་པ་ཁོང་དུ་ཆུད་པར་བྱས་པ་དེས་དེ་རྣམས་འདོད་པའི་ཁམས་ཀྱི་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་ནས་ལུས་ཞིག་པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ། ༈ །གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོར་སྐྱེ་བ་བཞེས་པའི་དུས་སུ་ཡང་། ཚེ་རིང་བ་དང་འབྱོར་པ་དང་། བདེ་བ་དང་ཕུན་སུམ་ཚོགས་པ་རླབས་པོ་ཆེ་ཐོབ་ཀྱང་། དེ་ལ་མ་ཆགས་པར་གནས་གཞན་དུ་བསམ་གཏན་ལ་སྙོམས་པར་ཞུགས་པའི་ཚུལ་སོགས་འདུལ་བ་ལས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་བཅོམ་ལྡན་འདས་འདི་ཉིད་དཀའ་ཐུབ་ཀྱི་ནགས་ན་དྲང་སྲོང་ཞིག་ཏུ་གྱུར་པའི་ཚེ། མི་རྒོད་ལྔ་བརྒྱས་རི་ཁྲོད་པའི་གྲོང་ཞིག་བཅོམ་སྟེ་ཟས་ནོར་མང་པོ་བླངས་སོ། །མི་ཞིག་དེར་དོང་བ་ཡང་དེ་དག་གིས་གནོད་སྦྱིན་མཆོད་པའི་ཕྱིར་བཟུང་སྟེ། མཆོད་སྦྱིན་བྱ་བར་བརྩམས་པ་ན། དེ་སྐྲག་ནས་དྲང་སྲོང་དེ་ལ་སེམས་ཀྱིས་གསོལ་བ་བཏབ་པ་ན་ལྷ་ཞིག་གིས་དྲང་སྲོང་དེ་ལ་སྦྲན་ཏོ། །དྲང་སྲོང་དེ་དེར་སོང་ནས་མི་འདི་ཐོང་ལ་ཆོས་ཉོན་ཅེས་བྱས་ཤིང་ཆོས་བསྟན་པས་མི་རྒོད་ལྔ་བརྒྱ་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་པར་གྱུར་ཏོ། །ཕྱིས་བཅོམ་ལྡན་འདས་སངས་རྒྱས་པའི་ཚེ་ན་ཡང་མི་འཕྱེ་བོ་ཚོམ་བུ་བ་ཞིག་རྐུན་པོ་ལྔ་བརྒྱས་མཆོད་སྦྱིན་བྱེད་པའི་ཕྱིར་གསད་པར་ཉེ་བ་ན། མི་འཕྱེ་པོ་དེས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་བཅོམ་ལྡན་འདས་ཉིད་ལྷའི་ཆ་ལུགས་སུ་མཛད་དེ་བྱོན་པས་མི་རྒོད་དེ་དག་དགའ་ནས་བདག་ཅག་ལ་ལྷའི་སྐུ་བསྟན་ནོ་སྙམ་སྟེ་ཐལ་མོ་སྦྱར་ནས་འཁོད་པ་ལ། ལྷ་དེས་མིའི་མཆོད་སྦྱིན་མི་དགོས་ཀྱི་ཆོས་ཉོན་ཞེས་གསུངས་ནས། དེ་དག་གི་ཁམས་དང་དབང་པོ་བསམ་པ་དང་མཐུན་པར་ཆོས་བསྟན་པས་མི་འཕྱེ་བོ་དེས་ཕྱིར་མི་འོང་གི་འབྲས་བུ་ཐོབ་བོ། །དེར་མི་རྒོད་ལྔ་བརྒྱས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་པ་ལ་སླར་སངས་རྒྱས་ཀྱི་སྐུ་ཉིད་དུ་བསྟན་པ་ལ་ལྷག་པར་མོས་པས་དེ་ཐམས་ཅད་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །འཕྱེ་བོ་དེས་ཀྱང་བདག་ལུས་འདི་ལྟ་བུར་མ་གྱུར་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཆུ་བོ་རྣམས་ལས་བརྒལ་བའི་ཕྱིར་བརྩོན་པས་འབད་པར་བྱེད་པ་ཞིག་ན་ཞེས་སྨྲོས་མ་ཐག་ཏུ། དེའི་ལུས་རྣམ་པ་ཐམས་ཅད་དུ་རྫོགས་པར་གྱུར་པས་ལྷག་པར་མོས་ཤིང་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བྱང་ཆུབ་སེམས་དཔའ་རྒྱལ་རིགས་ཕྱུག་པོ་ཞིག་ཏུ་སྐྱེས་ནས། གཟུགས་བཟང་ཞིང་རིགས་པའི་གནས་ཐམས་ཅད་ཤེས་ལ་མི་ཐམས་ཅད་དགའ་ཞིང་འདུན་པར་གྱུར་ཀྱང་། ཁྱིམ་གྱི་ཉེས་པ་མཐོང་ནས། དེའི་ཕ་མ་གཉིས་དུས་ལས་འདས་པའི་ཚེ། ཁྱིམ་གྱི་རྫས་དབྱིག་བརྒྱ་སྟོང་དུ་མ་དག །དགེ་སྦྱོང་དང་བྲམ་ཟེ་ཕོངས་པ་རྣམས་ལ་བྱིན་ཏེ་རབ་ཏུ་བྱུང་ཞིང་། ནགས་ཞིག་ཏུ་གནས་ནས་བསམ་གཏན་ལ་གོམས་པར་བྱས་པས་ཆོས་དང་ལྡན་པའི་སྙན་པས་གྲགས་པར་གྱུར་ཏོ། །དེ་ཕའི་མཛའ་བོས་ཤེས་ནས་ཁྱོད་ན་ཚོད་གཞོན་བཞིན་ཁྱིམ་གྱི་དཔལ་སྤངས་ཏེ་དགོན་པར་དབུལ་པོའི་སྤྱོད་ལམ་ལ་ཇི་ལྟར་དགའ། དེ་བས་ཕའི་ཁྱིམ་དུ་འདོང་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔས་བཙོན་ར་དང་འདྲ་བའི་ཁྱིམ་གྱི་ཉེས་དམིགས་དང་། ནགས་ཀྱི་ཡོན་ཏན་བརྗོད་པས་མཛའ་བོ་དེ་ཡིད་ཆེས་པར་བྱས་སོ། ༈ །ཡང་སྔོན་གྲོང་ཁྱེར་ཙམ་པ་ཞེས་པ་རྒྱལ་པོ་གངས་ཆེན་མཚོའི་ལྷ་ཞེས་པའི་སྲས། ཁྱེའུ་རྒྱ་མཚོའི་ལྷ་ཞེས་པར་བཅོམ་ལྡན་འདས་ཉིད་གྱུར་པ་ན། སྒྱུ་རྩལ་དང་གནས་ལྔ་ལ་མཁས་པར་གྱུར་པ་དེས་ཡབ་ལ་གསོལ་ནས་ནགས་སུ་སོང་སྟེ་བསམ་གཏན་དང་མངོན་ཤེས་བསྐྱེད་པར་གྱུར་ཏོ། །དེ་ལ་བློན་པོ་ལྔ་བརྒྱའི་བུ་སྒྱུ་རྩལ་སོགས་ལ་མཁས་པ་དག་གིས་བདག་ཅག་དང་བྱད་གཟུགས་དང་ཤེས་རབ་ཀྱིས་མཉམ་པ་མེད་སྙམ་དུ་སྨྲས་པ་ལ། འཕོང་གི་སློབ་དཔོན་དེས། རྒྱལ་པོའི་བུ་ནགས་ཀྱི་ནང་དུ་གནས་པ་དེའི་བྱད་གཟུགས་དང་སྟོབས་དང་ཤེས་པའི་བརྒྱ་སྟོང་གི་ཆར་མི་ཕོད་དོ་ཞེས་སྨྲས་པས། དེ་དག་དེ་ལྟ་འདོད་པར་གྱུར་པས་དེའི་དྲུང་དུ་འཕོང་གི་སློབ་དཔོན་དང་བཅས་པར་སོང་བས་བྱད་གཟུགས་ཁྱད་པར་དུ་འཕགས་པ་མཐོང་ནས་ཡོན་ཏན་གཞན་ཀྱང་དེ་ལྟར་ཡོད་ངེས་སོ་སྙམ་ཏེ། དེའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་ནས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་དོ། །ཕྱིས་སངས་རྒྱས་པའི་ཚེ་འཕོང་གི་སློབ་དཔོན་ནི་ད་ལྟར་འཕོང་གི་སློབ་དཔོན་ལྷར་བཅས་ཞེས་བྱ་བ་དང་། དེས་འཕོང་བསླབས་པའི་ཡངས་པ་ཅན་གྱི་གཞོན་ནུ་ལྔ་བརྒྱ་ནི་སྔོན་གྱི་བློན་པོའི་བུ་ལྔ་བརྒྱ་སྟེ། དེ་རྣམས་ལ་ལྷར་བཅས་ཀྱིས་བཅོམ་ལྡན་འདས་ཀྱི་འཕོང་གི་བསྔགས་པ་བརྗོད་ཅིང་ཁྲིད་དེ་འོངས་པ་ལ་བཅོམ་ལྡན་འདས་ཀྱིས་འཕོང་གི་རྫུ་འཕྲུལ་མཛད་པས་དད་དེ་ཐམས་ཅད་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་བོ། ༈ །ཡང་སྔོན་ཚོང་པ་ལྔ་བརྒྱ་ནགས་ཁུང་ཆེན་པོ་ཞིག་ཏུ་ཕྱིན་པ་དེར་གནོད་སྦྱིན་དྲག་པོ་ཞིག་གིས་རླུང་དྲག་པོས་བཏབ་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། བཅོམ་ལྡན་འདས་ཉིད་དྲང་སྲོང་མངོན་ཤེས་ལྔ་ལྡན་མཐུ་ཆེ་བར་གྱུར་པས་ཚོང་པ་དེ་དག་དྲུང་རྫས་དང་བཅས་པ་ནགས་དེ་ལས་བླངས་ཏེ། རང་གི་གནས་སུ་བཀོད་པས། དེ་དག་དགའ་ཞིང་དྲང་སྲོང་དེའི་ཐད་དུ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་ཤེས་ལྔ་བསྐྱེད་པར་གྱུར་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་སྔོན་དྲང་སྲོང་དུ་གྱུར་པས་སེམས་ཅན་མང་པོ་འཆི་བ་ལ་སོགས་པའི་འཇིགས་པ་ལས་བསྐྱབས་པ་དང་། བསམ་གཏན་དང་མངོན་ཤེས་ལ་བཀོད་པ་ཚད་མེད་པ་ཡོད་དེ་འདིར་ནི་མདོ་ཙམ་བརྗོད་པའོ། ༈ །ཡང་སྔོན་གྱི་ཚེ་རི་བོང་ཞིག་ཏུ་གྱུར་པ་ན་ཆར་པ་མ་བབ་པའི་མུ་གེའི་རྐྱེན་གྱིས་དགོན་པར་གནས་པའི་དྲང་སྲོང་ཞིག་དགོན་པ་ནས་འགྲོ་བར་ཆས་པ་ལ། དེ་དང་སྔ་ནས་འདྲིས་པའི་རི་བོང་དེས་དགོན་པའི་བསྔགས་པ་དང་ཁྱིམ་གྱི་ཉེས་པ་བརྗོད་ཅིང་། བདག་གི་ལུས་མེ་ནང་དུ་མཆོངས་ཏེ་དེང་དགོན་པར་བཞུགས་ཞེས་སྨྲས་པ་ན། དྲང་སྲོང་དེས་རི་བོང་བླངས་ཏེ་ཁྱོད་དེ་ཙམ་དབེན་པར་སྡོད་པར་དགའ་ན་ཇི་སྲིད་དུ་འདུག་པར་དམ་བཅས་ནས་བསྡད་པས་ཆར་བབས་ཏེ་ཤིང་འབྲས་ལ་སོགས་རྒྱས་པར་གྱུར། དྲང་སྲོང་ནས་ཀྱང་དགེ་བའི་བཤེས་གཉེན་རི་བོང་དེའི་དྲིན་ལས་མངོན་ཤེས་ལྔ་ཐོབ་པར་གྱུར་ཏོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་ཡུལ་མི་ཐི་ལར། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བར་གྱུར་པ་དེས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ནས་ནམ་ཞིག་སྐྲ་དཀར་པོ་སྐྱེས་པ་དང་དྲང་སྲོང་གི་ཚངས་པར་སྤྱོད་པས་རབ་ཏུ་བྱུང་ཞིང་། རང་གི་རིགས་བརྒྱུད་ཕྱི་མ་རྣམས་ལ་ཚུལ་དེའི་སྲོལ་གཏོད་དེ། དེ་ལྟར་རྗེས་སུ་འཇུག་པར་གདམས་པས། ཡུལ་མི་ཐི་ལ་དེ་ཁོ་ནར་འཁོར་ལོས་སྒྱུར་བ་བརྒྱད་ཁྲི་བཞི་སྟོང་རིམ་པར་བྱུང་བ་ཐམས་ཅད་དྲང་སྲོང་གི་ཚངས་པར་སྤྱོད་པ་དེ་ལྟ་བུ་བྱས་ཏེ། དེ་ཐམས་ཅད་ཀྱི་ཐ་མ་དེ་ནི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་བཞག་ཀྱང་དེར་མ་བསྡད་པར་ཡུལ་མི་ཐི་ལར་ཕྱིར་འོངས་ནས་དགེ་བའི་ལམ་སྤེལ་ཏེ་དྲང་སྲོང་གི་ཚངས་པར་སྤྱད་པ་སྤྱོད་པར་གྱུར་ཏོ། ༈ །ཡང་སྔོན་བྲམ་ཟེ་རབ་འབར་ཞེས་བྱ་བར་གྱུར་པའི་ཚེ། དེ་བསམ་གཏན་ལ་ཞུགས་པའི་རལ་པའི་ནང་དུ་འདབ་ཆགས་ཀྱི་ཚངས་བཅས་ཀྱང་བསམ་གཏན་ལས་མ་ལངས་པར་དེ་བཞིན་དུ་གནས་པར་གྱུར་པ་དེ་ལ་སོགས་པ་བསྐལ་པ་ཚད་མེད་བསམ་གྱིས་མི་ཁྱབ་པར་བསམ་གཏན་དང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཚད་མེད་པ་ཡོངས་སུ་སྤྱད་པར་ཤེས་པར་བྱའོ། །བསམ་གཏན་གྱི་སྐབས་སོ། ༈ །སྔོན་གྱིས་འཛམ་བུའི་གླིང་འདིར་དབང་བྱེད་པའི་རྒྱལ་པོ་ཆེན་པོ་ཀུན་དགའ་བོ་ཞེས་བྱ་བ་ཞིག་ལ་བུ་ལྔ་བརྒྱ་ཡོད་དོ། །ཕྱིས་དེའི་བཙུན་མོ་ཆེན་པོ་ལ་བུ་ཞིག་བཙས་པ། གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་། ལག་པའི་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པས་མཚན་པ། རྐང་གཡོན་གྱི་མཐིལ་ན་རྟའི་རི་མོ་དང་། རྐང་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ། བསོད་ནམས་དང་ལྡན་པ་ཞིག་བཙས་ཏེ། མིང་མེ་ལོང་གདོང་དུ་བཏགས་སོ། །དེ་ནས་ཡང་རྒྱལ་པོ་དེ་ནད་ཀྱིས་བཏབ་སྟེ། ཚེའི་དུས་བྱེད་དུ་ཉེ་བ་ན། བློན་པོ་རྣམས་ཀྱིས་སྲས་འདི་རྣམས་ཀྱི་ནང་ནས་རྒྱལ་ཚབ་ཏུ་གང་བཞག །རྒྱལ་པོའི་དབང་གང་ལ་བསྐུར་ཞེས་དྲིས་པ་དང་། རྒྱལ་པོ་དེས་མཚན་རྣམ་པ་བཅུ་པོ་འདི་དང་སུ་ལྡན་པ་དེ་རྒྱལ་པོར་དབང་སྐུར་ཞིག །མཚན་མ་བཅུ་གང་ཞེ་ན། ལུས་གསེར་གྱི་མདོག་ཅན་ལ་སྐྲ་མཐོན་མཐིང་དུ་འདུག་པ་དང་། ལག་གཉིས་ཀྱི་མཐིལ་དུ་འཁོར་ལོ་རྩིབས་སྟོང་གིས་མཚན་པ་དང་། རྐང་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་དང་། རྐང་གཡོན་གྱི་མཐིལ་ན་རྟའི་རི་མོ་ཡོད་པ་དང་། རྒྱལ་པོའི་གོས་བསྐོན་ན་ལུས་དང་འཚམས་ཞིང་མི་ཆེ་མི་ཆུང་བ་དང་། རྒྱལ་པོའི་སྟན་ལ་འདུག་ན་གཟི་བརྗིད་དང་མཐུ་ཆེ་བ་དང་། རྒྱལ་ཕྲན་རྣམས་ཀྱིས་རིམ་གྲོ་དང་བསྙེན་བཀུར་ཆེར་བྱེད་ཅིང་བཙུན་མོ་དང་སླས་རྣམས་ཀྱང་དེ་ལ་དགའ་ཞིང་ཕྱག་བྱེད་པ་དང་། ལྷ་རྣམས་ཀྱི་རྟེན་གྱི་དྲུང་དུ་ཁྲིད་ན། ལྷ་རྣམས་ཀྱིས་ཕྱིར་ཕྱག་བྱེད་པ་དང་། ཡོན་ཏན་དང་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཤིང་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་དང་། བཙུན་མོ་ཆེན་མོ་ལས་བཙས་པ་དང་བཅུའོ། །གཞན་ཡང་ཕྱིའི་གཏེར་ལ་སོགས་པ་བརྟག་པ་དྲུག་པོ་འདི་ཤེས་པ་དེ་རྒྱལ་པོར་དབང་སྐུར་ཅིག་ཅེས་སྨྲས་ནས་ཚེ་འཕོས་སོ། །དེ་ནས་རྒྱལ་བུ་དང་བློན་པོ་རྣམས་འདུས་ཏེ། རྒྱལ་བུ་ཆེ་བ་ནས་མཐར་གྱིས་ལྔ་བརྒྱའི་བར་དུ་ཡོན་ཏན་བཅུ་གང་ལ་ཡོད་བརྟགས་ན། རྒྱལ་བུ་གཞན་ཐམས་ཅད་ལ་ཡོན་ཏན་དེ་དག་གི་གཅིག་ཀྱང་མ་མཐོང་ལ། སྲས་ཐ་ཆུང་ལ་ནི་ཡོན་ཏན་བཅུ་པོ་དེ་ཚང་བར་ཡོད་པ་དང་། གཞན་ཡང་རྒྱལ་བུ་གཞན་ནི་གཏུམ་པ་དང་གཟུ་ལུམ་དང་རྩུབ་པ་ཡིན་ནོ། །རྒྱལ་བུ་མེ་ལོང་གདོང་ནི་དེས་པ་དང་ཤིན་ཏུ་དུལ་བ་ཡིན་ལ། དྲི་བ་ཟབ་མོ་དག་ཀྱང་རང་གི་ཤེས་རབ་ཀྱིས་དཔྱོད་པས་ཤེས་ཏེ། རྒྱལ་པོས་ཕྱིའི་གཏེར་ལ་སོགས་པ་གཏེར་དྲུག་དང་ལྡན་པ་དེ་རྒྱལ་པོར་འོས་ཞེས་བཤད་པ་དེ། རྒྱལ་བུ་གཞན་གྱིས་མ་ཤེས་ལ་མེ་ལོང་གདོང་གིས་ཕྱིའི་གཏེར་ཞེས་པ་ནི་ཐེམ་པའི་ཕྱི་ན་ཡོད་པའོ། །ནང་གི་གཏེར་ནི་ཐེམ་པའི་ནང་ན་ཡོད་པའོ། །ཕྱི་ནང་གི་གཏེར་ཞེས་བྱ་བ་ནི་ཐེམ་པའི་འོག་ན་ཡོད་པའོ། །ཤིང་གི་རྩེ་མོའི་གཏེར་ཞེས་བྱ་བ་ནི། རྒྱལ་པོ་དེ་བཞུགས་པའི་ཤིང་གི་གྲིབ་མ་ཉི་མའི་གུང་གང་དུ་ཁྱབ་པ་དེ་ན་ཡོད་པའི་གཏེར་རོ། །རིའི་རྩེ་མོའི་གཏེར་ཞེས་བྱ་བ། རྒྱལ་པོ་རོལ་པའི་རྫིང་དེ་ན་ཁྲུས་ཀྱི་རྡོ་ལེབ་ཡོད་པའི་འོག་ན་ཡོད་པའི་གཏེར་རོ། །ཆུ་འགྲམ་གྱི་གཏེར་ཞེས་བྱ་བ་ནི་ཁྱིམ་གྱི་ཆུ་གང་དུ་འབབ་པའི་སྟོར་ཁུང་གི་མཐའ་ན་ཡོད་པའི་གཏེར་རོ་ཞེས་བཤད་པ་བློན་པོ་རྣམས་ཀྱིས་སོ་སོར་བརྟགས་པ་དེ་བཞིན་དུ་བྱུང་བས་དེ་རྒྱལ་པོར་དབང་བསྐུར་ཏེ་ཚེས་བཅོ་ལྔའི་ཉིན་པར་ཉི་མ་དང་པོར་ཤར་བ་ན། གསེར་གྱི་འཁོར་ལོ་རྩིབས་སྟོང་དཔག་ཚད་གཅིག་དང་ཕྱེད་ཀྱི་ཚེ་ཚད་དང་ལྡན་པ་ཤར་ཕྱོགས་ནས་འོངས་ཏེ། དེ་ལ་བདག་ཡོན་ཏན་དང་ལྡན་པའི་རྒྱལ་པོར་འགྱུར་ན་འཁོར་ལོ་འདི་བདག་གི་དྲུང་དུ་ཉེ་བར་ཤོག་ཅིག་ཅེས་སྨྲས་པ་དང་། ནམ་མཁའི་ཕྱོགས་ནས་ཉེ་བར་འོངས་སོ། །གླང་པོ་རིན་པོ་ཆེ་ནི་རི་སྤོས་ཀྱི་ངད་ཅན་ལས་འོངས་ཏེ་མཇུག་མ་ལ་ནོར་བུས་བརྒྱན་པ། དེ་ལ་རྒྱལ་པོ་ཞོན་ན་ཉི་མ་ཕྱེད་ཀྱིས་གླིང་བཞི་ལས་འཁོར་ཞིང་། གལ་ཏེ་རྐང་པས་འགྲོ་ན་རྐང་པའི་རྗེས་གང་ལ་རེག་པ་གསེར་གྱི་ཕྱེ་མར་གྱུར་ཏོ། །རྟ་རིན་པོ་ཆེ་ནི་མདོག་མཐོན་མཐིང་རྔ་རྔོག་དམར་བ་རིན་པོ་ཆེ་སྣ་བདུན་འབབ་པ། རྒྱལ་པོ་དེ་ལ་ཞོན་ན་ཟན་གཅིག་བཟའ་བའི་རིང་ཙམ་གྱིས་གླིང་བཞི་ནས་འཁོར་ཏེ་མི་ངལ་མི་ངུབ་བོ། །ནོར་བུ་རིན་པོ་ཆེ་ནི་འོད་ཟེར་ཉིན་མཚན་དུ་གསལ་ཏེ་རྒྱང་གྲགས་བརྒྱ་ཉི་ཤུ་ཚུན་ཆད་འོད་ཀྱིས་སྣང་བར་བྱེད་ལ། རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་འབེབ་ཅིང་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །བུད་མེད་རིན་པོ་ཆེ་ནི་བཟང་བ་མཛེས་པ། རྒྱལ་པོའི་ཡིད་ཚིམ་པར་བྱེད་དོ། །ཁྱིམ་བདག་རིན་པོ་ཆེ་ནི་རྒྱལ་པོ་ལ་རིན་པོ་ཆེ་སྣ་བདུན་པོ་ཅི་དགོས་པ་ཡིད་བཞིན་དུ་སྦྱར་ཏེ་ཟད་མི་ཤེས་པར་བྱེད་དོ། །བློན་པོ་རིན་པོ་ཆེ་ནི་རྒྱལ་པོས་དཔུང་རྣམ་པ་བཞི་བགོས་ན། བལྟས་པ་ཙམ་གྱིས་དཔུང་གི་ཚོགས་འདུས་ཏེ་རྩལ་དང་མཐུར་ལྡན་ནོ། །དེ་ལྟར་རིན་པོ་ཆེ་སྣ་བདུན་དང་ལྡན་ནས་རྒྱལ་པོ་མེ་ལོང་གདོང་དེས་འདི་སྙམ་དུ་འདི་ལྟ་བུ་སྔོན་གྱི་བསོད་ནམས་ལས་སྐྱེས་ཀྱི་རྒྱལ་པོའི་གདུང་རྒྱུད་མི་ཆད་པར་བྱའོ་སྙམ་དུ། སྤོས་ཆུས་ཁྲུས་བགྱིས་ཏེ་གོས་གསར་པ་གཙང་མ་བགོས་ཤིང་ལག་ན་སྤོས་ཕོར་ཐོགས་པས། ཤང་ལ་སོགས་པའི་ཕྱོགས་བཞིར་པུས་མོ་བཙུགས་ཏེ། ཕྱོགས་དེ་ན་སྐྱེས་བུ་འཕགས་པ་བཞུགས་པ་རྣམས་བདག་གིས་གསོལ་བ་བཞིན་དུ་གཤེགས་སུ་གསོལ་ཞེས་སྨྲས་པ་དང་། ཤར་ལྷོ་ནུབ་བྱང་བཞི་ནས་རང་སངས་རྒྱས་ཉི་ཁྲི་རེ་སྟེ་བརྒྱད་ཁྲིར་ཚང་བ་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་ཏེ། རྒྱལ་བློན་རྣམས་ཀྱིས་ཡོ་བྱད་རྣམ་བཞི་སྦྱར་བས་བསྙེན་བཀུར་དང་མཆོད་པ་བྱེད་དོ། །རྒྱལ་ཕྲན་རྣམས་ལའང་རང་སངས་རྒྱས་རྣམས་ལ་མཆོད་དུ་བཅུག་པས་དེ་རྣམས་ཚེའི་དུས་བྱས་པ་དང་མཐོ་རིས་ཀྱི་ལྷར་སྐྱེས་སོ། །རྒྱལ་པོ་མེ་ལོང་གདོང་དེས་ཤེས་རབ་ཀྱིས་གཞན་ལ་ཕན་བཏགས་ཏེ། ཡུལ་དེ་ནི་བྲམ་ཟེ་དབྱུག་པ་ཅན་ཞེས་པ་དབུལ་ཕོངས་ཞིག་གིས་ཁྱིམ་བདག་ཞིག་ལས་གླང་ཞིག་བརྙན་ཏེ་ཉིན་པར་སྤྱད་ནས་གླང་དེ་ཁྲིད་ཅིང་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་ཁྱིམ་བདག་ཟན་ཟ་བ་དང་དབྱུག་པ་ཅན་གྱིས་གླང་དེ་ཁྱིམ་ནང་བཏང་བ་སྒོ་གཞན་ནས་སོང་སྟེ་སྟོར་རོ། །ཁྱིམ་བདག་དེ་ཟན་ཟོས་ནས་ལངས་ཏེ། གླང་མ་མཐོང་ནས་དབྱུག་པ་ཅན་ལ་གླང་ག་རེ་བྱས་པ་དང་ཁྱོད་ཀྱི་ཁྱིམ་དུ་བཏང་ངོ་། །ཁྱིམ་བདག་གིས་ཁྱོད་ངའི་གླང་པོར་གྱིས་སླར་བྱིན་ཅིག །དེས་ངས་མ་བོར་རོ། །དེ་གཉིས་ཀྱིས་རྒྱལ་པོ་མེ་ལོང་གདོང་ཤེས་རབ་ཅན་གྱི་དྲུང་དུ་སོང་ནས་ཞལ་ལྕེ་གཅོད་པར་འགྱུར་ཞེས་འདོང་བ་དང་། མི་གཞན་ཞིག་གི་རྟ་རྒོད་མ་ཞིག་བྲོས་པ་ལ་དབྱུག་པ་ཅན་ལ་རྒོད་མ་དེ་མ་གཏོང་ཞེས་སྨྲས་པ་དང་། རྡོ་འཕངས་པས་རྟའི་རྐང་པ་བཅག་གོ། །དེས་ཁྱོད་ཀྱིས་ངའི་རྟའི་རྐང་པ་བཅག་པས་ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་ཞེས་སྨྲས་སོ། །དེ་དག་སོང་བ་ལས་དབྱུག་པ་ཅན་བྲོས་པར་བརྩམ་སྟེ། རྩིགས་པ་ཞིག་གི་སྟེང་དུ་མཆོངས་པ་དང་། ཐག་འཐག་པའི་ཐག་པ་ཞིག་གི་སྟེང་དུ་ལྷུང་ནས་དེ་ཚེ་འཕོས་པ་དང་། དེའི་ཆུང་མས་དབྱུག་པ་ཅན་བཟུང་ནས་རྒྱལ་པོའི་དྲུང་དུ་ཁྲིད་དོ། །ལམ་དུ་ཆུ་གཏིང་ཟབ་ཞིག་གི་ནང་ནས་ཤིང་མཁན་ཞིག་སྟེའུ་ཁ་ནས་བཟུང་སྟེ་འོངས་པ་ལ་དབྱུག་པ་ཅན་གྱིས་ཆུའི་གཏིང་ཅི་ཙམ་ཞེས་དྲིས་པ་དང་ཆུའི་གཏིང་ཟབ་པོ་ཞེས་སྨྲས་པས་སྟེའུ་ཆུར་ལྷུང་སྟེ་མ་རྙེད་དོ། །ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྒྱུར་རོ། །དེས་མ་བསྒྱུར་ཞེས་སྨྲས་ཏེ། རྒྱལ་པོའི་དྲུང་དུ་སོང་ངོ་། །དེ་ནས་དབྱུག་པ་ཅན་ལུས་ངལ་ཏེ་ཆང་འཚོང་གི་ཁྱིམ་དུ་སོང་སྟེ་ཆང་བསླངས་པ་དང་། ཆང་འཚོང་མ་དེ་ལ་བུ་ཕོ་བཙས་པ་གོས་ཀྱིས་གཡོགས་ཏེ་བསྙལ་བའི་སྟེང་དུ་བསྡད་པས་དེ་སྲོག་དང་བྲལ་བ་ན། དེས་བུ་བསད་དོ་ཞེས་རྒྱལ་པོའི་དྲུང་དུ་དོང་ངོ་། །དེ་ནས་དོང་བ་ལས་གནས་གཞན་ཞིག་ན་ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཅིག་བདུག་པ་དེས་དབྱུག་པ་ཅན་མཐོང་ནས་གར་འགྲོ་དྲིས་པ་དང་། ང་ནི་མི་འགྲོ་ན་འདི་དག་གིས་ཁྲིད་དོ། །གར་ཁྲིད་རྒྱལ་པོའི་དྲུང་དུའོ། །འོ་ན་ཁོ་བོའི་འཕྲིན་ཞིག་ཀྱང་རྒྱལ་པོ་ལ་བྱོས་ཤིག །གནས་འདི་ཞེས་བགྱི་བ་ན་ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཅིག་འདུག་པ་དེས་བདག་ཤིང་གཞན་གྱི་སྟེང་དུ་འདུག་ཚེ་སྐད་མི་སྙན་ལ། ཤིང་འདིའི་ཁར་འོངས་ནས་སྐད་སྙན་ཞིང་ངོ་མཚར་ན། དེ་ཅིའི་ཕྱིར་ཞེས་སྨྲོས་ཤིག །ཡང་ཤིང་སྐམ་ལ་ཁྭ་ཞིག་འདུག་པ་དེས་དབྱུག་པ་ཅན་མཐོང་ནས་སྔ་མ་བཞིན་དུ་དྲིས་པའི་མཐར་དེ་ན་རེ་ཁོ་བོའི་འཕྲིན་འདི་རྒྱལ་པོ་ལ་ཞུས་ཤིག །ཤིང་ལོ་མ་སྔོ་ཞིང་སྣུམ་པ་གཞན་དག་མཆིས་བཞིན་དུ་དེ་ལ་བདག་དགའ་བར་མི་འགྱུར་གྱི། ཤིང་སྐམ་འདི་ལ་བདག་མཆིས་ན་བདེ་བ་དེ་ཅི་ལས་གྱུར་ཅེས་དྲིས་ཤིག །ཡང་རི་དྭགས་ཞིག་གིས་ཕྲིན་བསྐུར་བ་ཕྱོགས་འདི་ལས་གནས་གཞན་གསིང་མ་དང་རྩ་སྔོན་པོ་དག་མཆིས་བཞིན་དུ་བདག་དེ་དག་ལ་མ་དད་པ་ལ་རྒྱུ་ཅི་ཞིག་ཡོད་ཅེས་འཕྲིན་བསྐུར་བ་དང་། སྲེག་པ་ཞིག་གིས་བདག་ཕྱོགས་གཅིག་ཏུ་ནི་སྲེག་པའི་སྐད་འབྱིན་ལ། ཕྱོགས་གཞན་དུ་ནི་སྐད་གཞན་འབྱིན་པ་འདི་ལ་རྒྱུ་ཅི་ཞིག་ཡོད་ཅེས་འཕྲིན་བསྐུར་རོ། །ཡང་སྦྲུལ་ཞིག་དང་ནེའུ་ལེ་གཉིས་ཕན་ཚུན་མི་མཐུན་པ་འཐབ་པ་དེ་དག་གིས་བདག་ཅག་ཉིན་པར་གཅིག་གིས་གཅིག་མཐོང་ནས་འཐབ་མོ་འགྱེད་ཅིང་མི་དགའ་བར་འགྱུར་བ་འདི་ལ་རྒྱུ་ཅི་ཡོད་ཅེས་འཕྲིན་བསྐུར་རོ། །ཡང་སྔ་མ་བཞིན་དུ་སྦྲུལ་ཞིག་གིས་དབྱུག་པ་ཅན་མཐོང་ནས་རྒྱལ་པོ་ལ་འཕྲིན་བསྐུར་བ། བདག་ནམ་ཁུང་བུ་ནས་ཕྱིར་འབྱུང་བའི་ཚེ་བདེ་ལ་སླར་འཇུག་ཚེ་སྡུག་བསྔལ་ན་དེ་ཅིའི་ཕྱིར་ཞེས་དྲིས་ཤིག །ཡང་དེ་དག་དོང་པ་ལམ་དུ་བག་གསར་གཞོན་ནུ་མ་ཞིག་གིས་མཐོང་ནས་སྔ་མ་བཞིན་དུ་དབྱུག་པ་ཅན་ལ་འཕྲིན་ཞུ་བ་བསྐུར་བ། ནམ་ཁོ་མོ་ཕ་མའི་ཁྱིམ་ན་འདུག་པའི་ཚེ་གྱོས་པོའི་ཁྱིམ་འདོད་ལ་གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ཕ་མའི་ཁྱིམ་འདོད་ན་དེ་ཅིའི་ཕྱིར་ཞེས་ཞུས་ཤིག །དེ་ནས་དེ་དག་རྒྱལ་པོའི་དྲུང་དུ་ཕྱིན་པས་རྐང་པར་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་བསྡད་ནས། རྒྱལ་པོས་དེ་དག་ལ་ཁྱེད་ཅག་ཅི་ལ་འོང་ཞེས་དྲིས་པ་དང་། དེ་དག་གིས་དབྱུག་པ་ཅན་དང་ཁྱིམ་བདག་རྩོད་པ་དེ་ཐམས་ཅད་སྨྲས་སོ། །རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ཀྱིས་གླང་བརྙན་ནམ། བརྙན་ནོ། །འོ་ན་ཕྱིར་བྱིན་ནམ། གླང་བདག་གིས་མཐོང་བར་ཕྱིན་ཏོ། །ཁའི་ཚིག་གིས་ནི་མ་གཏད་དོ། །རྒྱལ་པོས་སྨྲས་པ། དབྱུག་པ་ཅན་དེས་གླང་བྱིན་ཏེ་མ་སྨྲས་པས་ན་ལྕེ་ཆོད་ཅིག །ཁྱིམ་བདག་ཀྱང་གླང་འོང་བར་མཐོང་ལ་མ་བཏགས་པས་ན་མིག་ཕྱུངས་ཤིག །ཁྱིམ་བདག་གིས་སྨྲས་པ། དབྱུག་པ་ཅན་གྱིས་གཅིག་ཏུ་བདག་གི་གླང་ཕྲོག་གཉིས་སུ་བདག་གི་མིག་ཕྱུངས་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །མི་གཅིག་གིས་ལྷ་དབྱུག་པ་ཅན་གྱིས་བདག་གི་རྟ་རྒོད་མ་བཀུམ་མོ། །རྒྱལ་པོ་དབྱུག་པ་ཅན་ལ་ཇི་ལྟར་བསད་ཅེས་དྲིས་པ་ན། བདག་ལམ་དུ་ཞུགས་པ་ལས་མི་འདིས་རྟ་མ་གཏོང་ཞིག་ཟེར་བས་བདག་གིས་རྡོ་བ་ཞིག་བླངས་ཏེ་འཕངས་པས་རྟ་གུམ་མོ། །རྒྱལ་པོས་སྨྲས་པ། རྟ་བདག་གིས་རྟ་མ་གཏོང་ཞིག་སྨྲས་པས་ལྕེ་ཆོད་ཅིག །དབྱུག་པ་ཅན་གྱིས་རྡོ་བ་མིན་པ་གཞན་གྱིས་མི་བཀག་པར་རྡོ་བ་འཕངས་པས་ལག་པ་ཆོད་ཅིག །རྟ་བདག་གིས་སྨྲས་པ། གཅིག་ཏུ་བདག་གི་རྟ་བསད། གཉིས་སུ་བདག་གི་ལྕེ་བཅད་པ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཤིང་མཁན་གྱིས་འདིས་བདག་ལ་ཆུའི་གཏིང་ཅི་ཙམ་ཟབ་དྲིས་པས་སྟེའུ་ཆུར་ཤོར་རོ། །རྒྱལ་པོས་སྨྲས་པ། རྫས་ཇི་ཁྱེར་ཀྱང་ཕྲག་པར་ཐོགས་རིགས་པ་ལ། ཁ་ན་ཁྱེར་བཞིན་སྟེའུ་ཆུའི་དབུས་སུ་འབོར་བའི་ཁ་གྲགས་པས་ཤིང་མཁན་གྱི་མདུན་སོ་གཉིས་ཕྱུངས་ཤིག །དབྱུག་པ་ཅན་ཆུའི་གཏིང་ཟབ་པར་མཐོང་བཞིན་དེ་དྲིས་པས་ལྕེ་ཆོད་ཅིག །ཤིང་མཁན་ན་རེ། གཅིག་ཏུ་བདག་གི་སྟེའུ་སྟོར། གཉིས་སུ་སོ་བཅག་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཆང་འཚོང་མས་སྨྲས་པ། དབྱུག་པ་ཅན་གྱིས་བདག་གི་བུ་བསད་དོ། །དབྱུག་པ་ཅན་ན་རེ། བདག་ངལ་བས་ཆང་སློང་དུ་སོང་ནས་སྟན་ལ་མ་བལྟས་པར་འདུག་པས་འོག་ན་བུ་ཡོད་པར་མ་ཚོར་ཏེ་གུམ་མོ། །རྒྱལ་པོས་སྨྲས་པ། ཆང་འཚོང་མ་ཁྱོད་བུ་སྒོར་བསྙལ་ལ་གོས་ཀྱིས་མི་མངོན་པར་གཡོགས་པས་ཉེས་སོ། །དབྱུག་པ་ཅན་ཁྱོད་སྟན་ལ་མ་བརྟགས་པར་འདུག་པས་ཉེས་ཀྱི། དབྱུག་པ་ཅན་ཁྱོད་འདིའི་ཁྱོ་བྱོས་བུ་ཡོད་པར་གྱིས་ཤིག །ཆང་འཚོང་མས་གཅིག་ཏུ་བདག་གི་བུ་བསད། གཉིས་སུ་ན་བདག་གི་ཁྱོ་བྱེད་པ་བས་དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །ཐ་ག་པའི་ཆུང་མས་སྨྲས་པ། འདིས་བདག་གི་ཁྱོ་བཀུམ་མོ། །དབྱུག་པ་ཅན་གྱིས་སྨྲས་པ། བདག་ལ་དགྲ་མང་བས་འཇིགས་ཏེ་རྩིགས་པ་ལས་བརྒལ་ནས་བྲོས་བསམ་པ་ལས། ཕག་ན་མི་ཡོད་པ་མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་འདི་ཉིད་ཀྱི་ཁྱོ་བྱོས་ཤིག །དེས་སྨྲས་པ་གཅིག་ཏུ་བདག་གི་ཁྱོ་བསད། གཉིས་སུ་འདིས་ཁྱོ་བྱེད་པ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་སླའོ། །དེ་དག་སོ་སོ་ཞལ་ལྕེ་དེ་ལྟར་བཅད་དེ་དབྱུག་པ་ཅན་ཉེས་པ་ཀུན་ལས་ཐར་རོ། །རྒྱལ་པོ་དེའི་དྲུང་ན་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་པ་ལ། རྒྱལ་པོ་བློ་མཁས་པས་བརྟགས་ནས་བུད་མེད་གཉིས་ལ་འདི་སྐད་བསྒོའོ། །ཁྱོད་གཉིས་ཀྱིས་བུའི་ལག་པ་རེ་རེ་ནས་བཟུང་སྟེ་དྲོངས་ལ་གང་གིས་ཐོབ་པ་དེའི་བུར་ཁྱེར་ཅིག །བུའི་མ་མ་དེས་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མི་དོགས་ཏེ་མཐུ་ཅི་ཡོད་པས་དྲངས་སོ། །མ་གང་ཡིན་དེས་དལ་གྱིས་འདྲེན་པས་དེའི་བུ་ཡིན་པར་བྱས་ཏེ་བུ་ཁྱེར་རོ། །དེ་ནས་ཡང་མི་གཉིས་ཤིག་རས་ཡུག་ལ་རྩོད་དེ་རྒྱལ་པོའི་དྲུང་དུ་ལྷགས་པ་ན། ཞལ་ལྕེ་གོང་བཞིན་དུ་བཅད་དོ། །དེ་ནས་དབྱུག་པ་ཅན་གྱིས་རྒྱལ་པོ་ལ་འདི་དག་གིས་བདག་ཁྲིད་ཅིང་མཆི་བ་ན་སྦྲུལ་གྱི་འཕྲིན་འདི་ལྟར་བསྐུར་ཞེས་ཞུས་པ་དང་། རྒྱལ་པོས་སྦྲུལ་དེ་ལ་འདི་སྐད་གྱིས་ཤིག །ཁྱོད་མི་ཁྲོ་ཞིང་བཀྲེས་པས་ཁུང་ནས་ཕྱིར་འབྱུང་བའི་ཚེ་བདེའོ། །ཕྱིར་བྱུང་ནས་ཁ་ཟས་མང་དུ་ཟོས་པ་ལས་བྱ་རྣམས་ཀྱིས་གཙེས་པས་ཁྱོད་ཁྲོས་ནས་སྦོམ་པར་གྱུར་པས་སླར་འཇུག་པའི་ཚེ་ཁུང་བུར་ཐོགས་ནས་སྡུག་བསྔལ་ལོ་ཞེས་གྱིས་ཤིག །ཁྱོད་ད་སྟེ་ཟས་ཀྱི་ཚོད་ཤེས་ལ་མི་ཁྲོ་ན་ཇི་ལྟར་ཕྱིར་འབྱུང་བ་དང་འདྲ་བར་བདེ་བར་འཇུག་གོ་ཞེས་སྨྲོས་ཤིག །དེ་ནས་ཆུང་མའི་འཕྲིན་སྨྲས་པ་དང་། ཁྱོད་ཕ་མའི་ཁྱིམ་ན་མཛའ་བོ་ཞིག་འདུག་སྟེ། གྱོས་ཕོའི་ཁྱིམ་ན་འདུག་པའི་ཚེ་དེ་ལ་ཆགས་ནས་ཕ་མའི་ཁྱིམ་དུ་འགྲོ་འདོད་ལ། ཕ་མའི་ཁྱིམ་དུ་འདུག་ཚེ་མཛའ་བོས་སྐྱོ་སྟེ་ཁྱོ་ལ་ཆགས་པས་གྱོས་ཕོའི་ཁྱིམ་དུ་འགྲོ་འདོད་པ་ཡིན་པས། གནས་གཅིག་སྤོངས་ལ་གཅིག་ལེགས་པར་ཟུངས་ཤིག་དང་དེ་ལྟ་བུའི་གནོད་པ་མེད་པར་འགྱུར་རོ་ཞེས་སྨྲོས་ཤིག །དེ་ནས་བྱ་རོག་གི་འཕྲིན་སྨྲས་པ་དང་། ཤིང་དེའི་དྲུང་ན་གསེར་ཡོད་པས་ཁྱོད་ཀྱི་སྐད་སྙན་ལ། ཤིང་གཞན་གྱི་དྲུང་ན་མེད་པས་སྐད་དེ་ལྟར་མི་སྙན་ནོ་ཞེས་གྱིས་ཤིག །དེ་བཞིན་དུ་ཁྭའི་འཕྲིན་ལན་དུ་ཁྱོད་ཕྱོགས་དེ་ན་རི་འོར་གཅིག་ཡོད་པའི་གྲོང་འདབ་ཏུ་གྱུར་པ་ན་ཤིང་སྐམ་པོ་དེའི་དྲུང་ན་གཏེར་ཡོད་ཀྱི་དེ་འགའ་ཞིག་ལ་བྱིན་ཏེ་སོང་བ་དང་བདེ་བར་འགྱུར་རོ། །རི་དྭགས་ཀྱི་འཕྲིན་ལན་དུ། རི་དྭགས་ཁྱོད་དེ་ན་ཤིང་ཡོད་པ་དེའི་ཁ་ནས་སྦྲང་རྩིའི་ཐིགས་པ་འཛག་སྟེ། དེས་རྩྭ་དང་གསིང་མ་མངར་པོར་གྱུར་པ་ལ་ཁྱོད་ཟ་ཟ་ན་ཡང་སྦྲང་མ་དེ་སོང་ཟིན་གྱིས་རོ་ལ་ཆགས་པར་མ་བྱད་ཅིག །ཚུལ་མིན་པས་སྡུག་བསྔལ་བར་གྱུར་ཏ་རེ་ཞེས་སྨྲོས་ཤིག །སྲེག་པའི་འཕྲིན་ལ། གང་དུ་སྲེག་པ་དེ་སྲེག་པའི་སྐད་འབྱིན་པའི་ཕྱོགས་དེ་ན་གཏེར་མེད་ཀྱི། སྐད་གཞན་འབྱིན་པ་དེ་ན་གཏེར་ཡོད་པས་ཁྱོད་ཀྱིས་གཏེར་འགའ་ཞིག་ལ་སྟོན་ལ་ཚུལ་མིན་པས་སྡུག་བསྔལ་ན་མི་རུང་གིས་གཞན་དུ་སོངས་ཤིག་ཅེས་དང་། སྦྲུལ་དང་ནེའུའི་ཕྲིན་དེའི་ལན་དུ། དེ་གཉིས་ལ་ཁྱེད་ཅག་མིར་གྱུར་པ་སྤུན་གཉིས་སུ་སྐྱེས་པ་ན། གཅིག་གིས་ནོར་བགོའོ་ཞེས་སྨྲས་པ་ལ་ཅིག་ཤོས་སེར་སྣའི་དབང་དུ་གྱུར་ཏེ་མ་བགོས་པས། དེ་ལ་གཅིག་ནི་ལྷག་པར་ཆགས་པར་བྱས་པས་སྦྲུལ་དུ་སྐྱེས་སོ། །ཅིག་ཤོས་ཀྱིས་ཀྱང་ནོར་ལ་ཐེན་ཏེ་ལྷག་པར་ཆགས་པ་བྱས་པས་ནེའུ་ལེར་སྐྱེས་སོ། །དེ་བས་ན་ནོར་དེ་དག་དགེ་སྦྱོང་ངམ་བྲམ་ཟེ་དག་ལ་བྱིན་དང་བདེ་བར་འགྱུར་རོ། །རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ལ་ཉེས་པ་མང་དུ་བྱུང་ཡང་ངས་བཏང་ངོ་། །ཁྱོད་ནི་དབུལ་ཞིང་ཕོངས་ཀྱི་ཤིང་གི་འོག་ན་གསེར་གྱི་གཏེར་ཡོད་པ་བརྐོས་ལ་ཁྱེར་ཅིག །དབྱུག་པ་ཅན་གྱིས་རྒྱལ་པོས་བསྒོས་པ་བཞིན་དུ་སོ་སོའི་འཕྲིན་ལན་ཀྱང་སྨྲས་ནས། ཐམས་ཅད་ཀྱིས་དེ་བཞིན་དུ་མཉན། སྦྲུལ་དང་ནེའུ་ལེ་དང་ཁྭས་གཏེར་བསྟན་ནས་དབྱུག་པ་ཅན་ལ་བྱིན་པས་ཤིང་དྲུང་ནས་གསེར་ཡང་ཕྱུངས་ཏེ་ཁྱེར་རོ། །དེ་ཕྱིན་ཆད་སོ་ཚིས་ཚུགས་ནས་ཅིས་ཀྱང་མི་བྲེལ་ཏེ་ཚེ་གཅིག་ཏུ་ཕྱུག་ཅིང་བདེ་ཞིང་སྐྱིད་པར་གྱུར་ཏོ། །དེ་ལྟར་བསྟན་པ་ལ་བློན་པོ་རྣམས་ཀྱི་ཀྱེ་མ་ལྷ་འདིའི་སྤོབས་པ་འདི་ལྟ་བུ་ཞེས་བསྔགས་སོ། །རྒྱལ་པོ་དེས་གྲོང་ཁྱེར་གྱི་སྒོ་བཞི་རྣམས་སུ་སྦྱིན་གཏོང་གི་ཁང་པ་བརྩིགས་ཏེ་སྦྱིན་པ་རྒྱ་ཆེར་བཏང་། ལོ་བཅུ་གཉིས་སུ་མུ་གེས་ཉེན་པའི་སྲོག་ཆགས་བརྒྱ་སྟོང་དུ་མར་ཁ་ཟས་ཀྱང་སྦྱར་རོ། །དེ་ལྟར་བཅོམ་ལྡན་འདས་འདི་ཉིད་སྔོན་རྒྱལ་པོ་མེ་ལོང་གདོང་དུ་གྱུར་པ་ན་བློ་གྲོས་དང་སྦྱིན་པས་སེམས་ཅན་རྣམས་ལ་ཕན་རྒྱ་ཆེན་པོ་མང་པོ་གཏང་བར་མཛད་དོ། ༈ །ཡང་སྔོན་གྱི་ཚེ་ལུས་འཕགས་ཞེས་བྱ་བའི་གྲོང་ན་རྒྱལ་པོ་སྐྱེད་པ་ཞེས་བྱ་བ་རྒྱལ་སྲིད་བྱེད་ཅིང་ཡུལ་རྣམས་འབྱོར་པ་རྒྱས་ཤིང་བདེའོ། །རྒྱལ་པོ་དེའི་བཙུན་མོ་གཟུགས་བཟང་མ་ལ་བུ་ཆགས་ནས་དེའི་ཚེ་བཟའ་བཏུང་མོད་པར་གྱུར་པས། ཕྱིས་ཁྱེའུ་སྐྱེས་པ་ལ་མིང་བཟའ་བཏུང་དུ་བཏགས། དེ་ཉིད་ཡི་གེ་དང་བཟོ་གནས་མཐར་ཕྱིན་ཅིང་དཔའ་ཞིང་ཚམ་ཚོམ་མེད་པ་གཏུམ་པ་ཞིག་ཏུ་གྱུར་པས། དེའི་མ་བཙུན་མོ་དེ་ཉིད་བུས་མགུ་ཞིང་སྙེམས་ནས་རྒྱལ་པོའི་བཀའ་མི་ཉན་ཞིང་ཟློག་ཐབས་བྱེད་པ་ལ་རྒྱལ་པོ་མི་དགའ་ཞིང་། དེར་བློན་པོ་རྣམས་ཀྱིས་བཙུན་མོ་གཞན་བླང་ངོ་ཞེས་གསོལ་ཏོ། །ཉི་འོག་གི་རྒྱལ་པོའི་བུ་མོ་བསླངས་པ་ན། ཉི་འོག་གི་རྒྱལ་པོ་དེས་གལ་ཏེ་ངའི་ཚ་བོ་བྱུང་ན་དེ་རྒྱལ་ཚབ་ཏུ་བཞག་ན་སྦྱིན་ནོ་ཞེས་བྱས་པ་ལ། བློན་པོ་རྣམས་ཀྱིས་ཁས་བླངས་སོ། །བུ་མོ་དེས་ཀྱང་རྒྱལ་པོ་དགའ་བར་བྱས་ཏེ། བདག་ལ་བུ་བྱུང་ན་རྒྱལ་ཚབ་ཏུ་བགྱིད་པར་ཞུས་པ་ལ། རྒྱལ་པོ་སྐྱེད་བྱེད་འདི་སྙམ་དུ། བདག་གི་བུ་སྡུག་པ་གཅིག་པུ་བཟའ་བཏུང་གཟུགས་བཟང་ཞིང་དཔལ་ལ་རིགས་དང་མཐུན་པར་སྐྱེས་པ་ཡོད་བཞིན་གཞན་ལ་རྒྱལ་ཐབས་ཇི་ལྟར་སྦྱིན་སྙམ་དུ་ཐེ་ཚོམ་སྐྱེས་པ་ན། བློན་པོ་རྣམས་ཀྱིས་ཉི་འོག་གི་རྒྱལ་པོ་ལ་སྔར་ཡང་བདག་ཅག་གིས་ཁས་བླངས་མོད། དེ་ཡང་འདི་ལ་བུ་མཆིའམ་མི་མཆི་མ་མེད་པས་དམ་པ་དེ་སྩལ་ན་ལེགས་ཞེས་སྨྲས་པ་ལྟར་རྒྱལ་པོས་ཀྱང་ཆད་བྱས་སོ། །དེ་ནས་དུས་གཞན་ཉི་འོག་གི་རྒྱལ་པོའི་བུ་མོ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ་ཁྱེའུ་གཟུགས་བཟང་བ་ཞིག་བཙས་པ་ལ་མིང་རྒྱལ་སྲིད་ལ་མངོན་པར་དགའ་བ་ཞེས་བཏགས་སོ། །དེ་ནས་ཉི་འོག་གི་རྒྱལ་པོས་ཀྱང་ཕོ་ཉ་བཏང་སྟེ་བདག་གི་ཚ་བོ་རྒྱལ་ཚབ་ཏུ་མ་བཅུག་ན་དཔུང་གི་ཚོགས་བཤམས་ནས་ཁྱོད་ཀྱི་ཡུལ་དུ་འོང་ངོ་ཞེས་སྤྲིངས་པ་ལ་དོགས་པའི་ཚེ་བློན་པོ་རྣམས་ཀྱིས་བུ་ཆུང་བ་ལ་རྒྱལ་ཚབ་ཀྱི་ཐོབ་བྱིན་ལ། གཞོན་ནུ་བཟའ་བཏུང་འགུམ་པར་བགྱི་ཞེས་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ། ཆོས་དང་མི་ལྡན་པའི་ཚིག་དེ་སྐད་མ་སྨྲ་ཞིག །འདི་ལྟར་བུས་ཕ་གསོད་པ་ཐོས་ཀྱི། ཕས་བུ་བསད་པ་མ་ཡིན་པས་ང་ནི་དེ་ལྟར་གཏམ་མི་བྱེད་དོ། །དེ་དག་གིས་སྨྲས་པ། ཅི་སྟེ་མི་འགུམ་ན་ཡན་ལག་མེད་པར་བགྱིའོ། །རྒྱལ་པོ་ན་རེ། ཡན་ལག་མེད་པར་བྱས་ན་བསད་པར་ཟད་མོད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གཞན་བགྱིར་ཅི་མཆིས། བསྐྲད་པར་བགྱིའོ། །རྒྱལ་པོས་སྨྲས་པ། ཉེས་པ་མེད་པ་ཇི་ལྟར་བསྐྲད་པར་བྱ། དེ་དག་གིས་སྨྲས་པ། རིང་པོར་མི་ཐོགས་པར་གཞོན་ནུ་ལ་ནོངས་པ་འབྱུང་བར་འོང་གིས་རེ་ཞིག་རྒྱལ་སྲིད་ལ་མངོན་པར་དགའ་བ་ལ་ཐོབ་སྩོལ་ཅིག་དང་། དེ་ནས་གཞོན་ནུ་བཟའ་བཏུང་རང་གིས་ཤེས་པར་འགྱུར་རོ། །དེ་ནས་རྒྱལ་པོས་ཉི་མ་ཤིས་པ་ལ་ཉི་འོག་གི་རྒྱལ་པོའི་ཚ་བོ་ལ་རྒྱལ་ཚབ་ཀྱི་ཐོབ་བྱིན་ནོ། །གཞོན་ནུ་བཟའ་བཏུང་གིས་དེ་ཐོས་ནས་ལྷས་བདག་སྤངས་པས་འདིར་བསྡད་ཀྱང་བསད་པར་འོང་ངོ་སྙམ་སྟེ་རང་གི་མ་ལ་ལོ་རྒྱུས་བཤད་ནས་བདག་རྒྱལ་པོ་ལྔ་ལེན་གྱི་ཡུལ་དུ་མཆིས་ན་མཁྱེན་པར་མཛོད་ཅིག་ཅེས་བྱས་སོ། །མ་དེ་ཡང་སྡུག་པ་དང་བྲལ་བས་བུའི་མགུལ་ནས་འཁྱུད་དེ་ཁྱོད་དེ་སྔ་བདེ་ཞིང་སྐྱིད་པའི་འབྱོར་པ་ཆེན་པོ་ལ་སྤྱད་ནས། སླར་ས་སྟོང་དང་ནགས་སོགས་སུ་ཇི་ལྟར་འཁྱམས་ཞེས་སྨྲེ་སྔགས་ཀྱི་ཚིགས་བཅད་སྣ་ཚོགས་སྨྲས་པ་དང་། བཟའ་བཏུང་ན་རེ། གཏན་དུ་བདེ་བ་ཡང་ནི་སུ་ཞིག་ཡོད། །གཏན་དུ་སྡུག་བསྔལ་བ་ཡང་སུ་ཞིག་ཡོད། །མི་བདེ་མ་ཐོབ་པ་ཡང་སུ་ཞིག་ཡོད། །འཐོབ་པར་མི་འགྱུར་བ་ཡང་སུ་ཞིག་ཡོད། །ཅེས་སོགས་མ་དེ་ལ་རྣམ་པ་མང་པོ་ཁོང་དུ་ཆུད་པར་བྱས་ཏེ་ཡུལ་ལྔ་ལེན་དུ་སོང་ངོ་། །དེར་རྒྱལ་པོའི་བྱ་བ་བྱེད་པའི་ལྔ་ལེན་པའི་བཀྲབས་པ་གཅིག་དེར་འོངས་པས་མཐོང་སྟེ། འདི་ལྟར་གཟུགས་བཟང་ཞིང་སྡུག་པ། མཁྲང་བ་རོ་སྟོད་ཆེ་བ་སོགས་ཀྱི་མཚན་ལེགས་པའི་སྐྱེས་བུ་འདི་སུ་ཞིག་སྙམ་དུ་དྲིས་པ་དང་། དེས་ཐམས་ཅད་རྒྱས་པར་བསྙད་དོ། །དེས་དེ་སྐྱེས་སུ་ཁྱེར་ནས་ལྔ་ལེན་གྱི་རྒྱལ་པོ་ལ་ཕུལ་ཏེ་ཇི་ལྟར་གྱུར་པ་སྨྲས་སོ། །ལྔ་ལེན་གྱི་རྒྱལ་པོས་དེའི་མགུལ་ནས་འཁྱུད་དེ་དགའ་བའི་གཏམ་སྣ་ཚོགས་བྱས་ནས་དེ་ལ་རང་གི་བུ་མོ་དང་ཡུལ་དག་ཀྱང་བྱིན་ནོ། །དེ་བུ་མོ་དེ་དང་རྩེ་བ་ལས་བུ་གཟུགས་བཟང་བ་རོ་སྟོད་སེང་གེ་འདྲ་བ་ཞིག་བཙས་ནས། དེའི་མིང་ཕས་རང་གི་རྨིང་ལས་དྲས་ཏེ་བཟའ་བཏུང་མང་པོ་ཞེས་བྱ་བར་བཏགས་སོ། །དེ་ཆེར་སྐྱེས་ནས་ཡི་གེ་སློབ་པ་ན་དེའི་ཕ་བཟའ་བཏུང་དུས་ལས་འདས་སོ། །དེར་རྒྱལ་པོའི་བུ་མོ་ཤིན་ཏུ་མྱ་ངན་བྱེད་པ་ན། ལྔ་ལེན་གྱི་རྒྱལ་པོས་བསམས་ལ། བུད་མེད་འདི་དག་བསམ་པ་ཕལ་ཆེར་སྐྱེས་པའི་འདོད་པ་ཅན་ཡིན་པས་གཅིག་ལ་སྦྱིན་སྙམ་ནས། བུ་མོ་དེ་གཞོན་ནུ་བཟའ་བཏུང་མང་པོ་དང་བཅས་པ་མདུན་ན་འདོན་ལ་བྱིན་ནོ། །དེ་མདུན་ན་འདོད་དང་རྩེ་དགའ་ཆེན་པོ་མྱོང་བར་བྱེད་དོ། །རེ་ཞིག་ན་མདུན་ན་འདོན་དེའི་ཁྱིམ་དྲུང་ན་བྱ་གག་ཞིག་སྐད་འབྱིན་པ་བྲམ་ཟེ་ལྟས་མཁན་ཞིག་འགྲོ་བས་ཐོས་ནས། མི་གང་གིས་དེའི་ཤ་ཟོས་པ་དེ་རྒྱལ་པོར་འགྱུར་རོ་ཞེས་སྨྲས་པ་དང་། ཚིག་དེ་མདུན་ན་འདོན་གྱིས་ཐོས་ནས་བྲམ་ཟེ་ལ་ཡང་དྲིས་ཤིང་། བྱ་གག་དེ་བསད་ནས་ཆུང་མ་ལ་བྱ་གག་འདི་འཕྲལ་དུ་ཚོས་ཤིག་དང་། ང་རྒྱལ་པོའི་ཕོ་བྲང་ནས་སླར་འོང་ངོ་ཞེས་སྨྲས་ནས་རྒྱལ་པོའི་ཕོ་བྲང་དུ་སོང་ངོ་། །ཇི་ཙམ་ན་ཁྱེའུ་བཟའ་བཏུང་མང་པོ་སློབ་གྲྭ་ནས་བཀྲེས་ཏེ་ཁྱིམ་དུ་འོངས་ནས་མ་ཡང་མི་སྣང་ལ། ཅི་ཞིག་བཟའ་སྙམ་དུ་བལྟས་པས་རྫིའུ་ཞིག་གི་ནང་ན་བྱ་གག་ཞིག་མགོ་གྱེན་དུ་ཕྱུང་ཞིང་འཚོད་པ་མཐོང་ནས། དེའི་མགོ་བཅད་དེ་ཟོས་སོ། །དེའི་རྗེས་སུ་མ་ཡང་འོངས་ནས་འདིའི་མགོ་སུས་ཟོས་ཞེས་དྲིས་པ་ན། བདག་གིས་ཟོས་སོ་ཞེས་སྨྲས་ཏེ། དེ་ལ་ཟན་བྱིན་ནས་སློབ་གྲྭར་བཏང་ངོ་། །མདུན་ན་འདོན་འོང་ནས་བྱ་གག་བཟའ་བར་བརྩམས་པ་དང་། མགོ་བོ་མི་སྣང་བས་དེ་ཅི་ཡིན་ཞེས་དྲིས་བ་དང་། ཆུང་མས་ཁྱེའུས་ཟོས་སོ་ཞེས་བྱས་པ་ལ། དེས་ལྷག་མ་ཟོས་ནས་བསམས་པ། ཅི་བྱ་གག་རིལ་གྱིས་ཟོས་པའམ། ཡན་ལག་མ་ཚང་བ་ཟོས་པས་རྒྱལ་པོར་འགྱུར་སྙམ་དུ་སྔར་གྱི་བྲམ་ཟེ་ལྟས་མཁན་བོས་ནས་དྲིས་པ་དང་། གང་གིས་དེའི་མགོ་བོ་ཟོས་པ་དེ་རྒྱལ་པོར་འགྱུར་རོ། །ཡང་ན་བྱ་གག་དེའི་མགོ་བོ་ཟོས་པ་དེ་བསད་དེ་དེའི་མགོ་ཟོས་ན་ཡང་རྒྱལ་པོར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་མདུན་ན་འདོན་གྱིས་གཞོན་ནུ་འདི་བསད་ནས་མགོ་བཟའ་ན་འདིའི་མས་ཤེས་པར་མ་བྱས་པར་མི་བཏུབ་པས་མའི་ཉམས་དྲོད་གླེང་ངོ་སྙམ་དུ་སྙན་པའི་ཚིག་དུ་མས་བཞམས་ཏེ། བཟང་མོ་ཅི་ཁྱོ་ཕོས་རྒྱལ་པོ་བྱས་ན་ལེགས་སམ། འོན་ཏེ་པུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་པ་དང་། བུད་མེད་དེས་ཟུར་གྱིས་གོ་སྟེ། གལ་ཏེ་བུས་རྒྱལ་པོ་བྱས་ན་ལེགས་ཞེས་སྨྲས་ན་འདི་བདག་ལས་གྱེད་པར་འགྱུར་གྱིས་མཐུན་པའི་ཐབས་ཤིག་སྨྲའོ་སྙམ་ནས། ཁྱོས་རྒྱལ་པོ་བྱས་ན་ལེགས་སོ་ཞེས་སྨྲས་སོ། །དེས་བྱ་གག་གི་མགོ་བོའི་ཕྱིར་བདག་གི་བུ་གསད་པར་འཕྲིག་ནས། བུ་ལ་ཁྱོད་ཀྱིས་བྱ་གག་གི་མགོ་བོ་ཟོས་པ་ནི་མ་ལེགས་པ་ཞིག་བྱས་ཀྱིས་ཡུལ་འདི་ནས་མྱུར་དུ་སོང་ལ་ཁྱོད་རང་གི་མེས་པོ་རྒྱལ་པོ་སྐྱེད་པར་དེར་སོངས་ཤིག་ཅེས་བསྒོ་བ་བཞིན་དེ་ལུས་འཕགས་སུ་སོང་སྟེ་ངལ་ཞིང་བཀྲེས་པས་སྐྱེད་ཚལ་གྱི་ཤིང་ཞིག་གི་དྲུང་དུ་གོས་ཞིག་བཏིང་ནས་ཉལ་ལོ། །དེའི་ཚེ་རྒྱལ་སྲིད་ལ་མངོན་པར་དགའ་བ་ནད་ཀྱིས་ཐེབས་ནས་ཤི་སྟེ་རྒྱལ་པོ་རབས་ཆད་ཀྱང་ཡུལ་ཆོས་ཀྱིས་རྒྱལ་པོ་གཞན་དབང་མ་བསྐུར་བ་དེ་སྲིད་དུ་རྒྱལ་པོའི་རོ་ཕྱིར་མི་འབྱིན་ཏོ། །དེར་ཡུལ་དེའི་བློན་པོ་སོགས་ཀྱིས་བསོད་ནམས་ཆེ་བ་ཞིག་རྒྱལ་སྲིད་ལ་བཞག་གོ་ཞེས་ཚོལ་བ་ན། ཤིང་ཞིག་གི་དྲུང་ན་གཞོན་ནུ་གཟུགས་བཟང་བ་མཐོངས་ཀ་སེང་གེ་འདྲ་བ་ཉི་མ་ཡོལ་ཡང་ཤིང་གི་གྲིབ་མས་ལུས་མི་གཏོང་བ་ཞིག་ཉལ་ནས་འདུག་པ་མཐོང་བས་དེ་རྒྱལ་པོར་འོས་པར་མཐོང་ནས་བུ་ལོངས་ལོངས་ཞེས་བསླངས་པ་དང་། དེས་སྨྲས་པ། ད་བསླངས་ཏེ་ཅི་བྱ། དེ་དག་གིས་སྨྲས་པ། རྒྱལ་པོར་གཞུག་གོ། །དེས་སྨྲས་པ་རྒྱལ་པོ་ཉལ་བདེ་ལྟར་བསླང་ངམ། དེ་དག་གིས་སྨྲས་པ། འོ་ན་ཇི་ལྟར་བསླང་། གཞོན་ནུས་སྨྲས་པ། གླུ་དང་སིལ་སྙན་དང་རོལ་མོའི་སྒྲ་བསྒྲགས་པས་བསླང་མོད་དེ་རྣམས་ཀྱིས་དེ་ཐོས་པ་དང་འདི་ངེས་པར་རིགས་མཐོན་པོ་ལས་སྐྱེས་པ་ཞིག་གོ་སྙམ་དུ་ཁྱོད་སུ་ཞིག་ཁྱོད་སུའི་བུ་ཡིན་ཞེས་དྲིས་པ་དང་། གཞོན་ནུ་དེས་སེང་གེ་བཞིན་དུ་བསྒྱིངས་ནས་རང་གི་རིགས་སྨྲས་པ། ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པ་ཞེས་བྱ་བའི་བུ་ནི་བཟའ་བཏུང་ངོ་། །བཟའ་བཏུང་གི་བུ་ནི་བཟའ་བཏུང་མང་པོ་ཞེས་བྱ་སྟེ་ང་ཡིན་ནོ། །དེ་ནས་བློན་པོའི་ཚོགས་ཀྱིས་འཛུམ་བྱུང་ནས་བདག་ཅག་གིས་ནི་བདག་ཅག་ཉིད་ཀྱི་གཞོན་ནུ་རྙེད་དོ་ཞེས་སྨྲས་ཏེ་སྐྱེ་བོའི་ཚོགས་ཆེན་པོས་བསྐོར་ཞིང་གླུ་གར་དང་རོལ་མོའི་སྒྲ་དང་ཤིས་པ་བརྗོད་པས་མདུན་དར་ཏེ་གྲོང་ཁྱེར་དུ་དྲོངས་ནས་རྒྱལ་པོར་དབང་བསྐུར་རོ། །གང་གི་ཕྱིར་འདིས་རྒྱལ་པོའི་གདུང་རྒྱུད་ཆད་པ་བསབས་པ་དེའི་ཕྱིར་མིང་སྐྱེད་པ་ཁོ་ནར་བཏགས་ནས་སྔར་གྱི་མིང་མེད་པར་གྱུར་ཏོ། །དེ་རྒྱལ་སྲིད་བྱེད་པ་ན་བྱིས་པའོ་སྙམ་དུ་བློན་པོ་རྣམས་ཀྱིས་ཁྱད་དུ་བསད་དེ་དབང་ཅུང་ཟད་ཀྱང་མེད་དོ། །དེ་ནས་རྒྱལ་པོ་དེ་ཡུལ་ཐམས་ཅད་དུ་བལྟར་སོང་སྟེ། གྲོང་དང་གྲོང་ཁྱེར་སོགས་རི་འཁོར་གྱི་བར་ཐམས་ཅད་འདི་སུའི་ཡིན་ཞེས་དྲིས་པ་ན་ཐམས་ཅད་བློན་པོ་དྲུག་གི་ཡིན་ནོ་ཞེས་སྨྲས་པ། རྒྱལ་པོ་དེ་འདི་སྙམ་དུ་བདག་ནི་བཟའ་བ་དང་བགོ་བ་ཙམ་ལ་དབང་བྱེད་ཀྱི་གཞན་ཅི་ལ་ཡང་མ་ཡིན་ནོ་བསམས་ནས་སེམས་ཁོང་དུ་ཆུད་ཅིང་འདི་ལ་ཅི་བྱ་ཞེས་བསམ་པ་ན། ལྷ་ཞིག་གིས་རྒྱལ་པོ་ལ་མི་དགའ་བར་མ་བྱེད་ཅིག །འདི་ལྟར་ཁྱོད་ཀྱི་ཡུལ་ན་རི་འཁོར་གང་པོའི་མཚན་ཞེས་བྱ་བ་དེ་ན་སྣ་ལ་གཏོགས་པ་གང་པོ་ཞེས་བྱ་བ་དེ་ལ་བུ་སྨན་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པར་འགྱུར་གྱིས་དེ་ཁྱོད་ཀྱི་བློན་པོར་ཆུག་ཅིག་དང་། དེས་ཡུལ་བདག་གིར་བྱས་ནས་ཁྱོད་ལ་འབུལ་བས་ཁྱོད་ལ་ཕན་པ་དང་བདེ་བ་དང་འདོང་པ་དང་ལྡན་པར་འགྱུར་རོ་ཞེས་བསྒོའོ། །དེ་ནས་རྒྱལ་པོས་གང་པོ་དེ་འཚོལ་དུ་བཅུག་ཅིང་དེའི་ཆུང་མ་ལ་བུ་ཡོད་མེད་རྟོགས་སུ་ཆུག་ཅེས་མངགས་པ་བཏང་ངོ་། །དེ་དག་གིས་དེ་རྩད་ཆོད་ཅིང་དེའི་ཆུང་མ་སྦྲུམ་པར་ཡང་ཐོས་པ་བཞིན་ཕྱིར་རྒྱལ་པོ་ལ་གསོལ་བས། གང་པོ་ལ་ཡི་གེ་སྤྲིངས་ཏེ་བཀུག་ལ་འཛའ་བའི་ཚིག་གིས་རི་འཁོར་དེ་བྱིན་ནས་ཆུང་མའི་ལྟོ་ན་འདུག་པའི་བུ་དེ་སྐྱོངས་ལ་ཡན་ལག་མ་ཉམས་པ་དེ་ལྟར་གྱིས་ཞེས་བསྒོས་སོ། །དེར་ཟླ་བ་དགུ་ཚང་ནས་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་བཙས་ཏེ་བཙས་སྟོན་བྱས་ནས་ཁྱེའུ་འདིའི་མིང་ཅི་གདགས་ཞེས་བྱས་པ་ན། མས་སྨྲས་པ། བདག་འདི་ལྟར་ཡུན་རིང་པོར་ནད་བུ་ཅན་དུ་གྱུར་པ་སྨན་པ་རྣམས་ཀྱིས་ཞི་བར་བྱ་མ་ནུས་པ་ལ། ཁྱེའུ་འདི་ལྟོར་ཞུགས་པ་ནས་ནད་ཞི་བར་གྱུར་པས་འདིའི་མིང་སྨན་ཆེན་པོ་ཞེས་གདགས་ཞེས་བྱས་སོ། །དེས་ཚིགས་བཅད་ཀྱང་སྨྲས་པ། སྨན་རྣམས་ཀུན་གྱི་ནང་ན་ནི། །བདག་གི་བུ་མི་སྨན་ཆེན་པོ། །འདི་ནི་སྨན་ལས་ལྷག་པའི་སྨན། །དེ་ལྟས་འདིའི་མིང་སྨན་ཡིན་ནོ། །དེ་ནས་སྨན་ཆེན་པོ་ཕའི་ཕྲག་པ་ལ་ཞོན་ཏེ་སྲང་གི་དབུས་ནས་རྫིང་བུར་ཁྲུས་བྱེད་དུ་ཁྱེར་བ་ལས། སའི་སྟེང་ན་ཉའི་དུམ་བུ་ཞིག་འདུག་པ་ཕ་དེས་རིན་པོ་ཆེར་བསམས་ནས་རྐང་པའི་མཐེ་བོས་བླང་བར་བརྩམས་པ་དང་། གཞོན་ནུས་སྨྲས་པ། ཕ་གཅིག་གང་པོ་རིན་ཆེན་ལྷུང་སྙམ་སྟེ། །ལས་བཏང་མིག་མི་འཛུམ་པར་ཉ་དུམ་ལ། །རྟོག་ཅིང་དེ་ནས་རིན་ཆེན་ཡིན་པར་སེམས། །ཕ་གཅིག་གང་པོ་རྟོགས་ཤིག་རིན་ཆེན་མིན། །ཉ་དུམ་དམར་པོ་རྐང་གིས་འདྲིལ་བར་ཟད། །རྣམ་ཐོས་བུ་དེ་བག་མེད་སྤྱོད་མ་ཡིན། །དེ་ནས་རྫིང་དུ་སོང་སྟེ་སྨན་ཆེན་པོ་དང་གོས་རྫིང་འགྲམ་དུ་བཞག་ནས་ཁྲུས་བྱ་བའི་ཕྱིར་ཆུར་ཞུགས་པ་དང་པདྨའི་སྟེང་ན་ཆུ་སྐྱར་ཞིག་འདུག་པ་དེ་བཟུང་ངོ་སྙམ་དུ་སོང་བ་དང་ཆུ་སྐྱར་དེ་འཕུར་རོ། །དེ་ལ་སྨན་ཆེན་པོས། པདྨའི་སྟེང་ནས་ཆུ་སྐྱར་མོ་འཕུར་བ་ལ་ཚིགས་བཅད་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་གཞོན་ནུ་ཕྲག་པར་ཁྱེར་ཏེ་གངྒཱར་ཁྲུས་བྱེད་དུ་སོང་བ་ན། འཁར་བའི་གཞོང་པ་ཞིག་ཆུས་ཁྱེར་བའི་སྟེང་ན་ངང་མོ་ཞིག་འདུག་པ་མཐོང་ནས་གཞོན་ནུས་དེ་ལ་ཚིགས་བཅད་ཀྱང་སྤྲས་སོ། །ཡང་དུས་གཞན་ན་གངྒཱར་བུམ་པ་ཞིག་ཁྱེར་བའི་སྟེང་ན་ཆུ་སྲེག་ཞིག་འདུག་པ་མཐོང་ནས་གཞོན་ནུས་དེ་ལ་ཡང་ཚིགས་བཅད་སྨྲས་སོ། །ཡང་དུས་གཞན་ན་གངྒཱར་ཁྲུས་བྱེད་དུ་སོང་བ་དེར་ལུག་ཐུག་ཞིག་ཆུས་ཁྱེར་བའི་སྟེང་ན་བྱ་གར་ཞིག་འདུག་པ་ལ་ཡང་གཞོན་ནུས་ཚིགས་བཅད་སྨྲས་སོ། །དེ་ནས་སྨན་ཆེན་པོ་དེ་བྱིས་པ་རྣམས་དང་ལྷན་ཅིག་རྩེ་བ་ལས་རེ་ཞིག་ན་བྱིས་པ་རྣམས་འདུས་ནས་སྨན་ཆེན་པོ་རྒྱལ་པོར་བཅུག་གོ། །དེས་ཀྱང་ཁ་ཅིག་བློན་པོར་བཅུག་ནས་དེ་རྣམས་ལྷན་ཅིག་རྩེ་ཞིང་འདུག་པ་ལས། ཇི་ཙམ་ན་བྲམ་ཟེ་རྒན་པོ་ཞིག་ཆུང་མ་དར་ལ་བབ་པ་ཞིག་དང་ལྷན་ཅིག་ལམ་དུ་ཞུགས་ནས་ཡུལ་གཞན་དུ་འགྲོ་བ་ལས། བྲམ་ཟེ་དེ་གཤང་གཅི་བྱེད་previous hit དུ་སོང་བ་དང་། གཡོན next hit་ཅན་ཕོ་ཞིག་གིས་འཕྲིགས་ནས་བུད་མེད་དེའི་དྲུང་previous hit དུ་སོང་སྟེ་སྨྲས་པ། བཟང་མོ་ཁྱོད་ཀྱི་ཕ་དགར་སོང་། བུད་མེད་ཀྱིས་སྨྲས་པ། གང་ཞིག །གཡོན next hit་ཅན་ན་རེ། དེ་མེས་པོ་ཡིན་པ་ལྟ་ཞིག་བུད་མེད་དེས་སྨྲས་པ། འདི་ཅི་ཟེར་བ་ཞིག །གཡོན་ཅན་ན་རེ། འདི་ཁྱོད་ཀྱི་ཡང་མེས་པོ་ཡིན་པ་ལྟ་ཞིག །བུད་མེད་ཀྱིས་སྨྲས་པ། ངའི་ཕ་ཡང་མ་ཡིན། མེས་པོ་དང་ཡང་མེས་ཀྱང་མིན་གྱི་ངའི་ཁྱོ་ཡིན་ནོ། །དེ་ནས་previous hit གཡོན་ཅན་ཅུང་ཟད་བགད་དེ་སྨྲས་པ། བླུན་མོ་ཁྱོད་གྲོགས་མོའམ་ངོ་ཚ་ཤེས་པ་གཞན་གྱི་དྲུང་དུ next hit་འདི་ལྟ་བུ་ངའི་ཁྱོ་ཡིན་ནོ་ཞེས་སྨྲ་བ་ངོ་མི་ཚའམ། ས་སྐལ་བ་དང་ལྡན་པ་འདིའི་སྟེང་ན་སྐྱེས་བུ་སྐུའི་གཟུགས་འདྲ་བས་རབ་ཏུ་གང་བ་མ་མཐོང་ངམ། ཁྱོད་འདི་ལྟར་གཟུགས་མཛེས་པ་ཆུད་ཟོས་སོ། །ངས་ཁྱོད་ཀྱི་ཁྱོ་བྱ་ཡི་ཚུར་ཤོག །བདག་ཅག་ལྷན་ཅིག་འདོང་། གལ་ཏེ་ཁྱོད་ཀྱི་ཕྱིར་བྲམ་ཟེ་རྒན་པོ་དང་ང་འཐབ་མོ་སྦྱར་བས། དེར་ཁྱོད་ཀྱིས་སྐྱེ་བོ་རྣམས་ལ་ངའི་ཁྱོ་འདི་ཡིན་ཞེས་ང་ལ་ཁྱོར་བྱོས་ཤིག །བྱས་པས་དེ་དང་གཡོན་ཅན་འགྲོགས་ཏེ་སོང་ངོ་། །བྲམ་ཟེ་དེ་གཤང་གཅི་དང་བཀྲུ་བཤལ་བྱས་ནས་སླར་འོངས་པ་དང་དེ་མ་མཐོང་ནས་སྒང་བུ་མཐོན་པོ་ཞིག་གི་སྟེང་ནས་བལྟས་པས་སྐྱེས་པ་གཞན་དང་འགྲོགས་ཏེ་སོང་བ་མཐོང་བས་ཕྱི་བཞིན་previous hit དུ་བརྒྱུགས་ཏེ་ལག་པ་ཡ་གཅིག་ནས་བཟུང་ངོ་། །གཡོན next hit་ཅན་གྱིས་ཀྱང་བུད་མེད་དེའི་ལག་པ་ཡ་གཅིག་བཟུང་སྟེ། ཕན་ཚུན་འདི་ངའི་ཡིན་ཞེས་བརྩད་ཀྱང་གཡོན་ཅན་སྟོབས་ཆེ་བས་དེ་དྲངས་ཏེ་ཕྲོགས་སོ། །དེར་འབྲོག་དེར་བྲམ་ཟེ་བཅོམ་པས་བྲམ་ཟེར་མ་བྱས་ཀྱིས་ར་མདའ་ལོག་ཅེས་བྱས་སོ། །དེའི་ཚེ་སྨན་ཆེན་པོ་བྱིས་པ་རྣམས་དང་ལྷན་ཅིག་དགོན་པ་ན་རྩེ་ཞིང་འདུག་པས་བྲམ་ཟེར་མ་བྱས་ཞེས་པའི་སྒྲ་དེ་ཐོས་ནས། བྱིས་པ་དག་གིས་སྨྲས་པ། ཀྱེ་སྨན་ཆེན་པོ་ཁྱེད་ཅག་ན་རེ་ང་རྒྱལ་པོའོ་ཟེར་ན། བྲམ་ཟེ་ཕ་གིས་བྲམ་ཟེར་མ་བྱས་སོ་ཞེས་འབོད་ན་ཅིའི་ཕྱིར་མི་སྐྱོབ། དེས་བྱིས་པ་རྣམས་སོང་ལ་ཁྲིད་དེ་ཤོག་ཅེས་བཀྱེ་བ་དང་། དེ་དག་གིས་དེ་ཀུན་ཁྲིད་དེ་འོངས་སོ། །འདི་ཅི་ཞིག་ཅེས་དྲིས་པ་དང་། བྲམ་ཟེ་ན་རེ་བདག་གྲོགས་མེད་ཅིང་ཉམ་ཆུང་བས་ཆུང་མ་གཡོན་ཅན་སྟོབས་ཆེ་བ་འདིས་ཕྲོགས་སོ། །གཡོན་ཅན་ན་རེ། འདིས་བརྫུན་མཆི་སྟེ། འདི་ནི་བདག་གི་ཆུང་མ་ལགས་སོ། །བུད་མེད་ལ་དྲིས་ཀྱང་བདག་གི་ཁྱོ་འདི་ལགས་སོ་ཞེས་གཡོན་ཅན་བསྟན་པར་བྱེད་དོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་མ་འོས་པར་ཡི་ཆད་པར་ཤེས་ནས་འདི་དག་བགམ་པར་བྱའོ་སྙམ་previous hit དུ། ཀྱེ་ནད་རྗེ་ཁྱོད་ད་བཟོད་བུད་མེད་འདི་དང་འགྲོགས་ཏེ་གང་ནས་འོངས་། གཡོན next hit་ཅན་ན་རེ། གྱོས་པོའི་ཁྱིམ་ནས་མཆིས་སོ། །སྨན་ཆེན་པོས་སྨྲས་པ། དེར་ཅི་ཟོས་ཤིང་འཐུངས། དེས་སྨྲས་པ། ཤ་དང་སྣུམ་འཁུར་དང་ཆང་དག་ཟོས་སོ། །སྨན་ཆེན་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སྐྱུགས་ཤིག་དང་བདེན་ནམ་རྫུན་ལྟའོ། །དེས་མཛུབ་མོ་ཁར་བཅུག་སྟེ་སྐྱུགས་པས་ཁ་ཟས་དེ་ལྟ་བུ་ཅང་མ་བྱུང་ངོ་། །བྲམ་ཟེ་ལའང་གོང་ལྟར་དུ་དྲིས་པ་ན། གྱོས་པོའི་ཁྱིམ་ནས་འོངས་པ་དང་། དེར་ཟན་དང་ལ་ཕུག་ནས་ཀྱི་ཁུ་བ་ཟོས་སོ་བྱས་པ་དེ་སྐྱུགས་སུ་བཅུག་པས་དེ་བཞིན་གྱུར་པ་དང་། སྨན་ཆེན་པོས་སྐྱེས་པ་གཡོན་ཅན་འདིས་གཞོན་ནུ་མ་བསླུས་ཏེ་བྲམ་ཟེའི་ཆུང་མ་ཕྲོགས་སོ་སྙམ་previous hit དུགཡོན next hit་ཅན་དེ་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་ནས་མི་ནུབ་པ་ཙམ་གྱི་དོང་བརྐོས་ཏེ། མགྲིན་པ་མན་ཆད་བཅུག་ནས། རྨ་བྱའི་མཁྲིས་པས་དཔྲལ་བར་ཡི་གེ་བྲིས་ཏེ། གང་སུ་ཡང་རུང་བུད་མེད་ལ་འདི་བཞིན་དུ་རྐུ་ན་སྨན་ཆེན་པོས་ཆད་པ་འདི་ལྟ་བུ་གཅད་དོ་ཞེས་བྱས་སོ། །དེ་བཞིན་དུ་བྱིས་པ་བརྐུ་བ་དང་། གླང་དང་ལྭ་བ་དང་སྐུད་པ་རྐུ་བ་ལ་སོགས་པ་ལྔ་བརྒྱ་ཙམ་བཟུང་ནས་དབྱུག་པ་དང་ཁུ་ཚུར་གྱིས་བརྡེགས་ཏེ་མགྲིན་པ་མན་ཆད་སའི་དོང་དུ་བཅུག་ནས། དཔྲལ་བར་རྨ་བྱའི་མཁྲིས་པས་དེ་རྣམས་ཀྱི། མིང་དང་རྐུན་པོ་བྱེད་ན་ཐམས་ཅད་སྨན་ཆེན་པོས་ཆད་པས་གཅད་དོ་ཞེས་བྲིས་སོ། །དེ་ནས་བློན་པོ་དྲུག་གིས་ཡུལ་ས་ཟོས་པར་མངོན་དུ་མཐོང་ནས། རྒྱལ་པོས་འདི་སྙམ་དུ་སྨན་ཆེན་པོ་དེ་ད་ལྟ་ཅི་འདྲ་བར་འདུག་པ་ལྟད་མོ་ལྟའོ་སྙམ་ནས། བློན་པོ་རྣམས་ལ་རི་དྭགས་བཤོར་དུ་འགྲོའོ་ཞེས་བྱས་ཏེ་འཁོར་མང་པོ་དང་བཅས་པ་ཕྱོགས་དེར་ཕྱིན་པ་ན་previous hit གཡོན་ཅན་ལྔ་བརྒྱ་དོང་དུ next hit་བཅུག་པས་རྒྱལ་པོ་དེ་མཐོང་ནས་རྒྱལ་པོ་ཞེས་བོས་པའི་སྒྲ་དེ་རྒྱལ་པོས་ཐོས་ཀྱང་དེར་མི་མི་སྣང་སྙམ་ནས་བརྟགས་པས་གཡོན་ཅན་གཅིག་མཐོང་ལ་དེའི་དཔྲལ་བར་རྨ་བྱའི་མཁྲིས་པས་བྲིས་པ་བཀླགས་སོ། །སྨན་ཆེན་པོ་སོགས་བྱིས་པ་དེ་རྣམས་རྒྱལ་པོ་མཐོང་ནས་བྲོས་སོ། །རྒྱལ་པོས་དེས་བྱས་པ་དེ་རྣམས་མཐོང་ནས་བྱིས་པ་ཡིན་མོད་ཀྱི་བྱེད་པ་འདི་དག་ཉེས་པ་མེད་ཅིང་ལེགས་སོ་སྙམ་དུ་དགའ་བར་གྱུར་ཅིང་། བཙོན་དེ་རྣམས་ཕྱུངས་ཏེ་བཀྱེའོ། །གང་པོས་རྒྱལ་པོ་དེར་ཕྱིན་པ་ཐོས་ནས་བུམ་པ་ཆུས་བཀང་བ་དང་གདུགས་དང་བ་དན་རྒྱལ་མཚན་ལ་སོགས་པས་བསུ་ཞིང་། རྒྱལ་པོས་ཀྱང་གང་པོ་ལ་ཁྱོད་ཀྱི་བུ་ལྟའི་ཁྲིད་ཤོག་ཅེས་བསྒོ་བ་ན། གང་པོས་བྱིས་པ་ཆུང་ཆེ་བས་ལྷའི་སྤྱན་སྔར་མི་དགུག་གོ། །རྒྱལ་པོས་ཡང་ཁྲིད་ལ་ཤོག་ཅེས་སྨྲས་པ་དང་། ཕས་ཁྲིད་དེ་འོངས་བ་ལ། རྒྱལ་པོས་བལྟས་པས། གཟུགས་བཟང་ཞིང་དཔའ་བོ་ཞིག་ན། ད་དུང་བྱིས་པ་ཤེད་མ་རྫོགས་སྙམ་དུ་ཕ་ལ་གཏད་ནས་རྣམ་པ་དུ་མར་བསྒོ་ཞིང་སླར་ཆས་སོ། །དུས་ཕྱི་ཞིག་ན་སྨན་ཆེན་པོ་དེ་བློ་ཅི་བདོག་བགམ་སྙམ་དུ། རྒྱལ་པོས་གྲོང་དཔོན་གང་པོ་ལ་ཕོ་ཉ་བཏང་ནས་བྱེ་མ་ལས་བྱས་པའི་ཐག་པ་ཁྲུ་བརྒྱ་པ་ཞིག་འདིར་སྐུར་ཅིག་ཅེས་སྤྲིངས་པ་དང་། གང་པོ་སེམས་རབ་ཏུ་མི་དགའ་ཞིང་སྐྲག་སྟེ། བདག་སྐྱེས་ནས་མཐོང་ཐོས་མ་མྱོང་བའི་ཀླན་ཀ་ཞིག་འཚོལ་ལོ་སྙམ་དུ་འདུག་པ་དང་། སྨན་ཆེན་པོས་ཅིའི་ཕྱིར་མི་དགའ་ཞེས་དྲིས་པ་ལ། ཕས་དེ་ལྟར་སྨྲས་ཏེ་རྒྱལ་པོས་ཐབས་ཞིག་གིས་ཆད་པས་གཅོད་པར་འདོད་དོ་ཞེས་བྱས་པ་ལ། སྨན་ཆེན་པོ་ན་རེ། མི་དེ་བདག་དང་སྤྲོད་ཅིག་དང་རྒྱལ་པོ་ལ་བདག་གིས་ལན་གསོལ་བར་བྱའོ། །ཕས་ཕོ་ཉ་དེ་སྤྲད་པ་ལ། སྨན་ཆེན་པོས་རྒྱལ་པོ་ལ་བདག་གི་ཕྲིན་འདི་གསོལ་ཅིག །བདག་ཅག་ཡུར་སྒོམ་པ་བློ་ཆུང་ལ་མི་མཁས་པས་མ་ཤེས་ཏེ། ལྷས་དེ་ཤེས་ན་དེས་ཁྲུ་གང་བ་ཞིག་སྐུར་དང་དེ་ལ་བལྟས་ནས་ཁྲུ་བརྒྱ་བས་སྟོང་ཡང་བཀལ་ཏེ་བསྐུར་བར་བྱའོ་ཞེས་སྤྲིངས་པ་དང་། རྒྱལ་པོས་དེ་ཐོས་ནས་འདི་ལ་ལྷས་བསྟན་པ་སྟེ་འདིས་བདག་གི་རྒྱལ་སྲིད་རྒྱས་པར་བྱེད་པར་མདོན་ནོ་སྙམ་མོ། །ཡང་དུས་ཕྱི་ཞིག་ན་དེ་བགམ་པར་འདོད་ནས་ཕོ་ཉ་བཏང་སྟེ། གང་པོ་ལ་འབྲས་ཆན་གཏུན་གྱིས་ཀྱང་མ་བརྡུངས་ལ། དུམ་བུར་ཆག་པ་མེད་པར་བྱས་ནས། ཁྱིམ་གྱི་ནང་དང་། ཕྱི་རོལ་དུ་ཡང་མ་ཡིན་པར་མེས་ཀྱང་མ་ཡིན། མེ་མེད་པར་ཡང་མ་ཡིན་པར་ཚོས་ལ། ལམ་དུ་ཁྱེར་ཏེ་མི་འོང་ལམ་མ་ཡིན་པར་ཡང་ཁྱེར་ཏེ་མི་འོང་བར་ཡང་ཁྱེར། ཉི་མས་མ་ཕོག །གྲིབ་མས་མ་ཕོག །སྐྱེས་པ་དང་བུད་མེད་པ་ལ་ཡང་མི་བསྐུར་བར། བཞོན་པ་ཞོན་པས་ཀྱང་མ་ཡིན། རྐང་པས་འགྲོ་བའང་མིན་པ་སྐུར་ལ་ཤོག་ཅེས་སྤྲིངས་པ་དང་། ཚིག་དེ་ཐོས་ནས་གང་པོ་མི་དགའ་བ་ལ། སྨན་ཆེན་པོས་ཕ་ལ་སྨྲས་པ། ཕ་མི་དགའ་བར་མ་བྱེད་དང་བདག་གིས་དེ་ནུས་སོ་ཞེས་སྨྲས་ཏེ། འབྲས་ཉི་མ་ལ་བསྐམས་ནས། སྐྱེས་པ་བུད་མེད་མང་པོ་བསོགས་ཏེ་འབྲས་སྤར་རེ་བྱིན་པ་འདི་སེན་མོས་ཤུས་ལ་མ་ཆག་པར་འབྲུ་རེ་རེ་ནས་སོལ་ཅིག་སྨྲས་པ་ལྟར་བྱས་ཏེ་རྫིའུར་བླུགས་ཤིང་སྒོའི་ཐེམ་པའི་སྟེང་དུ་བཙོས་ནས། མེས་བཙོས་པ་མིན་ལ། མེ་མེད་པར་ཡང་བཙོས་པ་མིན་པའི་ཆེད་དུ། དེའི་ངོས་སུ་མེ། སྟེང་དུ་ཉི་མས་བཙོས་ནས། སྐྱེས་བུ་ལ་བསྒོ་བ་རྐང་པ་ཡ་གཅིག་ལམ་དུ་སོང་ལ་ཡ་གཅིག་ལམ་མིན་པར་སོངས་ཤིག །ཉི་མ་དང་གྲིབ་མར་མིན་པའི་ཆེད་དུ་དབྱུག་པའི་རྩེ་མོར་རྫིའུ་ཆིངས་ལ་གོས་སྲབ་མོས་གཡོགས་ཏེ་སོངས་ཤིག །རྐང་པ་གཅིག་ལྷྭམ་གྱོན་གཅིག་ལྷྭམ་མ་གྱོན་པར་བྱོས་ལ་སོངས་ཤིག །སྐྱེས་པ་བུད་མེད་མིན་པའི་མ་ནིང་ལ་བསྐུར་བས། རྒྱལ་པོས་དེ་ལྟར་དྲིས་ནས་སྨན་ཆེན་པོ་ནི་རྟོག་པ་དང་ལྡན་ལན་ལྡོན་པ་དང་ཚུལ་དང་ཆོ་ག་ལ་སོགས་པར་ལྡན་ནོ་ཞེས་སྨྲས་སོ། །ཡང་དུས་གཅིག་གི་ཚེ་འདི་ལྟར་སྐྱེད་ཚལ་ལྡུམ་ར་བཟའ་ཤིང་རྫིང་བུ་དང་བཅས་པ་ཞིག་སྐུར་ཅིག་ཅེས་བགོ་བ་དང་། སྨན་ཆེན་པོས་རྒྱལ་པོ་ལ་སླར་འདི་སྐད་ཅེས་གསོལ་ཅིག །རི་བྲག་པའི་སྐྱེད་ཚལ་འདི་དག་ནི་མི་ལེགས་ན། ཇི་ལྟར་བགྱིས་ན་མཆི་བར་འགྱུར་བ་རྒྱལ་པོའི་ཕོ་བྲང་གི་སྐྱེད་ཚལ་ཞིག་རྒྱལ་པོས་བསྐུར་བར་གསོལ། ཕས་སྐྱེད་ཚལ་དེ་ཇི་ལྟར་མཆི་བ་བལྟས་ཏེ་བསླབས་ནས་དེའི་རྗེས་བཞིནབཏང་བར་འཚལ་ཞེས་སྤྲིངས་པ་དང་། རྒྱལ་པོས་དེ་ལྟར་གཞོན་ནུ་དེ་ནི་ཤེས་རབ་དང་ལྡན་པ་ཞིག་གོ་ཞེས་བསམས་ནས། ཡང་ཕོ་ཉ་བཏང་ནས། རི་བྲག་དེར་ཤིང་སྐྱེད་ལ་ལོ་གཅིག་ལོན་པ་དེ་ལ་མེ་འབྲས་དང་ལྡན་པ་གཅིག་སྐུར་ཅིག་ཅེས་སྨྲས་པ་དང་། གཞོན་ནུས་ཨེརཎྜའི་ཤིང་ཞིག་བསྐྱེད་ནས་བསྐུར་ཏེ། དེའི་ལོ་མ་འབྲས་བུ་དང་མེ་ཏོག་བྱུང་བ་རྒྱལ་པོས་མཐོང་ནས་ཡ་མཚན་ཏེ་འདི་གང་པོའི་ཐབས་སམ་སྨན་ཆེན་པོའི་ཡིན་ཞེས་དྲིས་པ་དང་། སྨན་ཆེན་པོའི་ཡིན་ནོ་ཞེས་སྨྲས་པ་ལ་ལེགས་སོ་ཞེས་སྨྲས་ནས་ཅང་མི་ཟེར་བར་འདུག་གོ། །དེ་ནས་དུས་གཞན་ཞིག་ན་རི་བྲག་གི་གྲོང་དེར་གླང་ལྔ་བརྒྱ་བདས་ནས་གང་པོ་ལ་འདི་རྣམས་ལ་རྩྭ་བྱིན་ཏེ་ཞོས་ལ་འོ་མ་དང་ཞོ་དང་མར་དང་སྤྲིས་མ་དང་ཆུར་བ་རྣམས་བྱོས་ལ་སྐུར་ཅིག་ཅེས་བྱས་པ་ལ་གང་པོ་ཡི་ཆ ད་པ་དང་སྨན་ཆེན་པོས་མཐོང་ནས་ཕ་ཁྱོད་མི་དགའ་བར་མ་མཛད་ཅིག །བདག་གིས་རྒྱལ་པོ་ལ་ལན་བསམ་ཞིང་ཅི་ནས་རྒྱལ་པོ་མཉེས་པ་དང་ཁྱོད་ལ་ཉེས་པ་མེད་པར་བྱའོ་ཞེས་སྨྲས་ཏེ། ཕ་སྤད་གཉིས་ཤིག་ལ་འདི་ལྟར་བསླབས་ཏེ་ཁྱེད་གཉིས་གྲོང་ཆེན་པོ་རྒྱལ་པོ་ལས་ཐག་མི་རིང་བ་ཞིག་ཏུ་སོང་ལ་ཕ་དེས་ཤིང་གི་གཞོང་པ་ཞིག་ལྟོ་བར་ཆོངས་ལ་གོས་ཀྱིས་དཀྲིས་ཏེ་ས་ལ་འགྲེ་ཞིང་ངུ་བ་ལྟར་བྱོས་ཤིག །དེ་ནས་ཁྱེའུ་ཁྱོད་ཀྱིས་ཕྱོགས་ཀུན་ཏུ་སྤོས་དང་མེ་ཏོག་སོགས་ཀྱིས་ཕྱོགས་བཅུར་གཏོར་ལ་གང་འཇིག་རྟེན་སྐྱོང་བས་བདག་གི་ཕ་འདི་བདེ་ཞིང་ལེགས་པ་བཀྲ་ཤིས་པར་བུ་བཙའ་བར་གྱུར་ཅིག་ཅེས་རྗོད་ཅིག །ཅེས་པ་ལ་སོགས་པ་བསླབ་པར་བྱས་པ་བཞིན་དུ་བྱས་པས། དེ་རྒྱལ་པོ་དེས་ཐོས་ནས་དེ་རྟོགས་ཤིག་ཅེས་མི་གཅིག་བཏང་ངོ་། །དེས་སོང་སྟེ་བརྟགས་ནས་སྐྱེས་བུ་ཞིག་འདུག་པ་ཆེ་བ་ས་ལ་འགྲེ་ཞིང་ངུ་བ་དང་། དེའི་བུས་ཀྱང་ལྷ་རྣམས་འབོད་ཅིང་གསོལ་བ་འདེབས་པ་མཐོང་སྟེ། དེ་ཅི་བྱེད་དྲིས་པ་ལ། ཁྱེའུ་དེས་བདག་གི་ཕ་ལས་བུ་བྱུང་བའི་ཕྱིར་རོ་ཞེས་སྨྲས་སོ། ། དེ་དག་གིས་དེ་རྣམས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་བགད་དེ་ངས་གང་ན་ཡང་འདི་ལྟར་སྐྱེས་པ་ལ་བུ་བྱུང་བ་མ་མཐོང་མ་ཐོས་ཞེས་སྨྲས་པ་དང་། ཁྱེའུ་དེས་ལྷ་ཁྱོད་དེ་བཞིན་དུ་གསུངས་པ་དེ་ལྟར་ལགས་སམ། རྒྱལ་པོས་སྨྲས་པ་དེ་བཞིན་ནོ། །དེ་ནས་ཁྱེའུ་དེས་དེ་ལྟར་ན་ཅིའི་ཕྱིར་པཱུརྞྞ་ཀཙྪའི་རི་བྲག་གི་གྲོང་རྡལ་དུ་གླང་ལྔ་བརྒྱ་བདས་ཏེ་འདི་རྣམས་ལས་འོ་མ་སོགས་ཕྱུང་ལ་སྐུར་ཅིག་ཅེས་གསུངས་ན་གླང་སྦྲུམ་སྟེ་བུ་ཕྱུང་བ་གང་ན་གཟིགས་གང་ན་གསན་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོ་བགད་དེ་ཅིག་གང་པོའམ་སྨན་ཆེན་པོས་བསྟན། ཕོ་ཉས་སྨན་ཆེན་པོས་སོ་ཟེར་བ་ལ་རྒྱལ་བློན་ཐམས་ཅད་ངོ་མཚར་དུ་བཟུང་ངོ་། །ཡང་ཕྱིས་ཞིག་ན་ཕོ་ཉ་གཅིག་ལ་དྲེའུ་ཞིག་བསྐུར་ནས། དྲེའུ་འདི་མ་བཅིང་བར་སྲུངས་ཤིག །བླ་གབ་ཡོད་པར་མ་གཞུག་པར་འཚོས་ཤིག་ཅེས་སྤྲིངས་སོ། །གང་པོས་བགྱིད་དུ་མི་བཏུབ་པ་འདི་འདྲ་བཀའ་སྩལ་བས་བདེར་མི་སྟེར་རོ་སྙམ་པ་ལ། སྨན་ཆེན་པོས་དྲེའུ་དེ་ཉིན་པར་གཟས་སུ་ཅི་བདེར་འཚོས། མཚན་མོར་བླ་གབ་མེད་པར་མི་ཉི་ཤུས་བསྐོར་ནས་མི་ལྔ་རེས་མེལ་ཙེ་ཐུན་རེ་རེ་བྱས་ནས། རྐང་ལག་བཞི་ལ་མི་རེ་རེས་བཟུང་། མི་གཅིག་སྟེང་དུ་ཞོན་ཏེ་འདུག་གོ། །རྒྱལ་པོས་མངགས་གཞུག་པ་ཞིག་ཇི་ལྟར་བྱེད་ལྟ་བར་བཏང་བས་ཇི་ལྟར་བྱས་པ་རྣམས་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོས་དེ་ལྟར་བསྲུངས་ན་འབྲོས་མི་ནུས་ཀྱི་མི་དེ་རྣམས་ལས་གཅིག་ཁ་དྲང་ངོ་ཞེས་སྨྲས་པ་དང་། རྒྱལ་པོ་ན་རེ་ནུབ་མོ་སྟེང་དུ་ཞོན་པ་དེ་ཁ་དྲངས་ན་གཞན་གཉིད་ཀྱིས་ལོག་པ་དང་དེས་ཁྲིད་དེ་འོང་ངོ་ཞེས་སྨྲས་ཏེ། སྟེང་ན་ཞོན་པའི་མི་དེ་ཁ་དྲངས་ནས་དེས་དྲེའུ་ཁྱེར་ཏེ་བྲོས་སོ། །ནམ་ལངས་པ་དག་གང་པོ་ལ་དྲེའུ་བྲོས་ཞེས་སྨྲས་པ་དང་། དེས་དེང་བདག་གི་འཚོ་བ་མ་རུངས་པར་གྱུར་ཅེས་སྐྲག་གནས་སྨྲེ་སྔགས་འདོན་པ་སྨན་ཆེན་པོས་མཐོང་ནས་འདི་ཐམས་ཅད་ཐབས་ཀྱིས་བསྒྲུབས་ན་འདི་ལ་ཡང་ཐབས་མི་སྣང་ཞེས་མི་སྨྲའོ་ཞེས་སྙམ་ནས་ཐབས་སེམས་ཤིང་ཕ་ལ་སྨྲས་པ། ཁྱོད་ཀྱིས་དོན་དེ་སྒྲུབ་ནུས་ན་ཐབས་ཤིག་ཡོད་དོ་ཟེས་སྨྲས་པ་ལ། ཕས་ཐབས་ཅི་ཞིག་ཡོད་ཅེས་དྲིས་པ་དང་། ཅི་ནས་བདག་ཉིད་ལ་ཐོ བཙམ་པ་བཟོད་ན་གདོན་དོན་འགྲུབ་པར་འགྱུར་རོ་ཞེས་སྨྲས་སོ། །གང་པོ་ན་རེ། ཅི་ནས་བདག་འཚོ་བ་དང་བྲལ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག །དེ་ནས་སྨན་ཆེན་པོས་ཕའི་མགོ་བོ་ལ་སྐྲ་ཁྲོམ་གཉེར་བདུན་དུ་བྲེགས་ཏེ་ལེ་ཀྲུ་དང་སྣག་ཚ་དང་། མཐིང་ཤིང་དང་། དཀར་པོ་ལ་སོགས་པས་མགོ་ལ་རི་མོར་བྱས་ནས་བོང་བུ་བསྐྱོན་ཏེ་རིམ་གྱིས་གྲོང་ཁྱེར་དུ་དོང་ཞིང་སྨནཆེན་པོ་འོང་ངོ་ཞེས་སྒྲ་ཀུན་ཏུ་བསྒྲགས་སོ། །དེ་ལྟར་རྒྱལ་པོ་དང་བློན་པོ་དག་གིས་ཐོས་པས་སྨན་ཆེན་པོ་དེ་ནི་མཁས་ཤིང་མཛངས་པ་གཏམ་སྙམ་པར་གྲགས་ན་ཅིའི་ཕྱིར་མི་རིགས་པ་དེ་ལྟ་བུ་བྱས་སྙམ་དུ་བལྟ་རུ་ཕྱིན་པ་དང་། བློན་པོ་དག་གིས་ལྷ་ཉིད་ནས་སྨན་ཆེན་པོ་མཁས་གསལ་མཛངས་པ་ཞེས་བསྔགས་ན་དེས་མི་རིགས་པ་འདི་ལྟ་བུ་བགྱིད་པ་གདའ་འམ་ཞེས་གསོལ་པ་དང་། རྒྱལ་པོས་སྨན་ཆེན་པོ་ཉིད་ལ་ཅི་འདི་ལྟར་ཕ་ལ་ཐོ་བཙམ་པར་བྱས་ཞིང་དྲིས་པ་དང་། དེས་སྨྲས་པ། ལྷ་འདི་ནི་ཐོ་བཙམ་པ་མ་ལགས་ཀྱིས་མཆོད་པར་བགྱིས་ཏེ། བདག་ཀྱང་ཕ་བས་ཤིན་ཏུ་མང་དུ་ཤེས་ནས་བདག་ག ིས་འདི་ལ་རྣམ་པར་མཆོད་པར་བྱས་སོ། །རྒྱལ་པོས་སྨྲས་པ། ཅི་ཁྱོད་བཟང་ངམ། འོན་ཏེ་ཕ་བཟང་། དེས་བདག་བཟང་ལ་ཕ་དན་ནོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཕ་བས་བུ་བཟང་ཞེས་སྨྲ་བ་ནི་གང་དུ་མཐོང་ཐོས་མེད་ཀྱི། ཕས་བུ་གྲགས་པར་བྱེད་མས་གསོ་ཞིང་སྐྱེད་པ་དང་སྲུང་བའི་ཕྱིར་དེ་བས་ངེད་ཀྱིས་ནི་ཅི་ནས་ཕ་བཟང་བ་ཡིན་ནོ་སྙམ་དུ་བསམས་སོ། །སྨན་ཆེན་པོས་དེ་ལྟར་ལགས་སམ་མ་ལགས་ཤིན་ཏུ་རྟོགས་ཤིག་ཅེས་སྨྲས་པ་དང་། རྒྱལ་བློན་རྣམས་ཀྱིས་དེ་བཞིན་ཡིན་གྱི་གཞན་མིན་ནོ་ཞེས་སྨྲས་པ་ལ། སྨན་ཆེན་པོས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ། ལྷ་དེ་ལྟར་བདེན་པ་ལགས་ན། ལྷས་བདག་ཅག་ལ་དྲེའུ་འཚོར་སྩལ་བ་དེ་བྲོས་པས། དྲེའུ་དེའི་ཕ་བོང་བུ་འདི་ལགས་ན་སྐྱེན་པར་བཞེས་པར་གསོལ་ཞེས་སྨྲས་པ་དང་། རྒྱལ་བློན་ཐམས་ཅད་ཀྱིས་ཚིག་གི་ཐབས་དེ་ལྟ་བུ་སྦྱར་བ་ཐོས་ནས་ཡ་མཚན་དུ་བཟུང་སྟེ། ཨེ་མ་ཧོ། །རིགས་པ་དང་མི་རིགས་པར་བྱ་བ་འདི་ལྟ་བུ་མཁས་སོ་སྙམ་དུ་རྒྱལ་པོ་མགུ་ནས་རྣམ་པ་མང་པོའི་རྒྱན་གྱིས་བཀླུབས་ཏེ་བློན་པོའི་དབང་བྱིན་ཅིང་ཕ་ལ་རི་བྲག་གི་གྲོང་དེ་བྱིན་ནོ། །དེ་ནས་སྨན་ཆེན་པོ་བློན་པོའི་དབང་ཐོབ་ནས། བྱ་བ་ཅི་བྱ་བ་དང་རྒྱལ་པོའི་དོན་ཇི་ལྟར་བྱ་ཞེས་སེམས་པ་དང་། གྲོང་ཁྱེར་ཐམས་ཅད་དུ་ཡང་སྨན་ཆེན་པོ་བློན་པོར་བཅུག་སྟེ་མཁས་ཤིང་མཛངས་སོ་ཞེས་སྒྲ་གྲགས་སོ། །དེའི་ཚེ་དུས་ཞིག་ན་བྲམ་ཟེ་ཞིག་གིས་བུ་མོ་ཞིག་བག་མར་བླངས་པས་ནོར་མང་ཞིག་ཟད་ཅིང་དེ་དང་ལྷན་ཅིག་ཡོངས་སུ་སྤྱད་པས་ཀྱང་ཟད་ནས། བྲམ་ཟེ་དེ་ཁ་ཏོན་མང་དུ་ལོབ་ཅིང་སྨྲང་གི་ཕ་རོལ་ཏུ་ཕྱིན་པས་ནོར་བསྒྲུབ་པའི་སླད་དུ་ལྗོངས་གཞན་དུ་རྒྱུ་ཞིང་སོང་བས་གསེར་གྱི་དོང་རྩེ་ལྔ་བརྒྱ་རྙེད་ནས་སླར་འོངས་བ་ན། དེས་རྟོག་པ་ལ་སྔར་ནོར་ཁྱེར་ཏེ་ཁྱིམ་དུ་མིའཇུག་སྟེ། ཅིའི་ཕྱིར་ན་བུད་མེད་ཀྱི་སེམས་ཀྱི་སྤྱོད་པ་ནི་སུས་ཀྱང་མི་རིགས་ལ། བདག་གི་བྲམ་ཟེ་མོ་དེ་ཡང་གཟུགས་བཟང་བས་ན་བདག་མེད་པའི་ཕྱི་ནས་སྐྱེས་པ་གཞན་ལ་ཆགས་ཤིང་འདུས་ཀྱང་སྲིད་དོ་སྙམ་སྟེ། དེ་ནམ་སྲོས་པ་དང་དུར་ཁྲོད་དུ་སོང་ནས་ཤིང་ནྱ་གྲོ་དྷའི་དྲུང་དུ་ཁུང་བརྐོས་པ་དེར་གསེར་རྣམས་བཅུག་ཅིང་། ནམ་སྲོས་ནས་ཁྱིམ་དུ་ཞུགས་པ་དང་། ཅུང་མ་དེ་ཡང་སྐྱེས་པ་གཞན་རྣ་བོ་ཆེ་ཞེས་བྱ་བ་དེ་ལ་ཆགས་ཏེ་དེ་དང་ལྷན་ཅིག་ཟས་ཞིམ་པོ་ཟོས་ནས་བཟུང་ཞིམ་པོས་བྱུགས་ཤིང་མལ་གྱི་སྟེང་ན་དེ་གཉིས་དགའ་བ་མྱོང་ཞིང་འཁོད་པ་ལ། བྲམ་ཟེ་དེས་སྒོ་ཕྱེས་ཞེས་བོས་པ་དང་། བུད་མེད་དེས་ཁྱོད་སུ་ཞིག་ཅེས་སྨྲས་སོ། །དེས་བདག་གི་མིང་སྨྲོས་པ་དང་། མོ་ཉིད་ཀྱིས་དགའ་བའི་སྒྲ་ཕྱུངས་ནས་རྣ་བོ་ཆེ་ཉལ་བ་ལས་བསླངས་ནས་མལ་གྱི་འོག་ཏུ་སྦས་ཏེ་སྒོ་ཕྱེས་ཤིང་གཡོ་བྱེད་པས་ཁྱོ་ལ་འཇུས་ནས་ངུ་བའི་ཚུལ་གྱིས་བསུས་ཏེ་ཟས་གསོད་པ་བྱིན་ནོ། །བྲམ་ཟེ་དེས་འདི་ལྟར་མཚན་མོར་ཁ་ཟས་བསོད་པ་སྦྱར་བས་སྐྱེས་པ་གཞན་ལ་ཆགས་སོ་སྙམ་མོ། །དེ་ཡང་རང་བཞིན་དྲང་པོ་ཞིག་ཡིན་པས་ཀྱེ་བཟང་མོ། དུས་སྟོན་དང་དུས་ཚེས་ལ་མ་བབ་པར་བཟའ་བ་འདི་ལྟ་བུ་ཅི་ལས་འོངས། བུད་མེད་དེས་སྨྲས་པ། བདག་ལ་ལྷས་ཁྱོད་ཀྱི་ཁྱོ་འོང་ངོ་ཞེས་བསྟན་པས་ན་སྟ་གོན་བྱས་སོ། །བྲམ་ཟེ་ན་རེ། ཨེ་མ་ད་ནི་བསོམ་ནམས་ཅན་དུ་ཟད་དེ་བདག་གི་ཆུང་མའི་རྨི་ལམ་དུ་ཡང་ལྷས་བསྟན་པ་ལྟ་ཞེས་ཟས་ཟོས་ཏེ་ཁྲུས་བྱས་ནས་མལ་དུ་ཉལ་ཞིག་ཕན་ཚུན་མཛའ་བས་ལམ་དུ་དགེའམ་ཉོན་མོངས་ཞེས་གཏམ་དྲིས་སོ། །དེ་ནས་ཆུང་མས་ཇོ་བོས་ཅུང་ཟད་རྙེད་དམ། དེས་སྨྲས་པ། ཅུང་ཟད་ཅིག་ལོན་ནོ། །དེ་ནས་ཆུང་མས་བརྡ་ཐབས་ཀྱི་ཚིག །འདིར་ནི་ཅི་ཟེར་བ། རྣས་ཉོན་རྣ་བོ་ཆེ། ཞེས་སྨྲས་སོ། །བྲམ་ཟེ་དེས་མ་འཕྲིག་པར་གསེར་གྱི་དོང་རྩེ་ལྔ་བརྒྱ་རྙེད་དོ། །བུད་མེད་དེས་བདག་ལ་མ་བསྟན་ན་གར་བཞག །བྲམ་ཟེ་དེས་སྨྲས་པ། ནོར་ཐུབ་པར་གྱིས་དང་ཡོད་དོ། །དེ་གང་དུ་བཞག །སངས་བསྟན་ནོ། །བུད་མེད་དེ་ན་རེ། བདག་ཁྱོད་ཀྱི་ལུས་ཕྱེད་ཡིན་ན་ཅིའི་ཕྱིར་གསང་། བྲམ་ཟེ་དྲངས་བས་ན་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཞག་གོ། །བུད་མེད་ན་རེ་ཉོན་ཅིག་རྣ་བོ་ཆེ་ཕྱོགས་གང་དུ་བཞག །བྲམ་ཟེ་དེས་དུར་ཁྲོད་ཀྱི་ཤིང་ནྱ་གྲོ་དྷའི་དྲུང་དུས་བརྐོས་ཏེ་བཞག་གོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་མོ་དེས་ཇོ་བོ་ལམ་ནས་དུབ་པས་ད་ཁྱོད་ཅི་བདེར་མནོལ་ཅིག་ཅེས་སྨྲས་ཏེ། དེ་གཉིད་ལོག་པར་རིགས་ནས་རྣ་བོ་ཆེ་ལ་གང་ཁྱོད་ཀྱིས་ཐོས་པ་དེ་མྱུར་དུ་བྲུས་ཤིག་ཅེས་བྱས་པ་དང་། རྣ་བོ་ཆེ་དེས་དལ་བུས་འཇབ་ཅིང་ཁྱིམ་ནས་ཕྱིར་ཕྱུངས་ཏེ་དུར་ཁྲོད་དུ་སོང་ལ་ཤིང་དེའི་དྲུང་དུ་སྦས་པ་དེ་བླངས་ནས་བདག་གི་ཁྱིམ་དུ་སོང་ངོ་། །ཕྱི་དེ་ཉིན་པར་བྲམ་ཟེ་དེས་དུར་ཁྲོད་དུ་སོང་བས་ནོར་དེ་མེད་ནས་བྲང་བརྡུང་ཞིང་ཁྱིམ་དུ་འོངས་པ་དང་། ཆུང་མ་དང་གཉེན་རྣམས་ཀྱིས་ཅི་ཉེས་ཞེས་དྲིས་པ་ལ། དེས་དེ་ལྟར་རྒྱས་པར་བསྙད་པ་དང་། དེ་ན་འགའ་ཞིག་གིས་སྨན་ཆེན་པོ་མཁས་ཤིང་རྟོག་དཔྱོད་ཅན་དེའི་དྲུང་དུ་སོང་དང་། དེས་གལ་ཏེ་ཐོབ་པར་བྱེད་ཀྱང་སྲིད་ཀྱི་སྐྱབས་གཞན་མི་སྣང་ངོ་ཞེས་བསྟན་པ་ལྟར་མཆི་མ་གཟག་ཅིང་སྨན་ཆེན་པོའི་དྲུང་དུ་སོང་སྟེ་ཤིས་པར་བརྗོད་པ་སྔོན་དུ་བཏང་ནས་བདག་གིས་ནོར་ཇི་ལྟར་སྟོར་ཚུལ་སྨྲས་སོ། །སྨན་ཆེན་པོ་དེ་ཡུད་ཙམ་ཅང་མི་སྨྲ་བར་འདུག་ནས། བྲམ་ཟེ་ཁྱོད་ཀྱིས་ཕྱོགས་གང་དུ་བཞག །དུས་ནམ་བཞག །དེར་ཁ་ཅིག་མཐོང་བའམ། གཞན་ལ་སྨྲས་པ་མེད་དམ་ཞེས་དྲིས་པ་ལ་དེས་ཇི་ལྟ་བུར་གྱུར་པ་སྨྲས་སོ། །སྨན་ཆེན་པོས་བྲམ་ཟེ་མོ་དེ་སྐྱེས་པ་གཞན་ལ་ཆགས་པའི་སྒྱུར་ཞིག་ཡིན་པར་ངེས་སོ་སྙམ་དུ། བྲམ་ཟེ་དེ་དབུགས་དབྱུང་བའི་ཕྱིར་སྨྲས་པ། ཁྱོད་མི་དགའ་བར་མ་བྱེད་དང་། དེ་མ་རྙེད་ན་བདག་གི་ནོར་ལས་སྦྱིན་ནོ་ཞེས་དང་ཡང་སྨྲས་པ། ཁྱོད་ཀྱི་ཁྱིམ་ན་ཁྱི་ཡོད་དམ་བྲམ་ཟེ་དེས་མཆིས་སོ། །དེ་སོག་ལ་བདག་ཁྱིམ་དུ་སླར་དགེ་བར་མཆི་ན་བྲམ་ཟེ་བརྒྱད་ལ་ཟན་སྦྱིན་པར་དབང་ཕྱུག་གི་མདུན་དུ་ཁས་བླངས་སོ་ཞེས་གྱིས་ལ། བྲམ་ཟེ་བརྒྱད་ཀྱི་བཞི་ནི་ཁྱོད་རང་གིས་བོས་ཤིག །བཞི་ནི་བྲམ་ཟེ་མོ་ལ་འབོད་དུ་ཆུག་ཅིག་ཅེས་སྨྲས་པ་ལྟར། བྲམ་ཟེ་དེས་དེ་ལྟར་བྱས་པ་དང་། སྨན་ཆེན་པོས་རང་གི་དྲུང་ནས་མི་ཞིག་མངགས་ཏེ། ནམ་བྲམ་ཟེ་རྣམས་འོངས་པ་དང་། མི་འདི་སྒོར་འདུག་ཆུག་ཅིག །ཟས་ནི་བྲམ་ཟེ་མོ་ལ་སྟེར་དུ་ཆུག་ལ། དེའི་ཚེ་མི་འདི་ལ་ཅི་ཡང་བྱེད་དུ་མ་གཞུག་པར་དེ་དག་གི་མདུན་དུ་ཞོག་ཅིག་ཅེས་བསྒོས་ལ་བཏོང་ངོ་། །མི་རྟོག་ཆེན་པ་དེ་ལ་བསྒོ་བ། ཁྱོད་ཀྱིས་བྲམ་ཟེ་རྣམས་ནང་དུ་འཇུག་པའི་ཚེ། མི་གང་ལ་ཁྱི་ཟུག་པ་དང་གང་ལ་འཇུག་མ་འདྲིལ་བར་གྱུར་པ་ལྟོས་ལ་ཁྱིའི་ཚུལ་འདི་ཡིད་ལ་ཟུངས་ཤིག །ནང་དུ་བྲམ་ཟེ་མོས་ཟས་འགྲིམ་པའི་ཚེ། གང་ལ་མིག་བཙུག་ཅིང་ལྟ་བ་དང་། དགོད་ཅིང་ཚིག་འབྱིན་ལ་ལྷག་པར་འགྲིམ་པ་རྣམས་ཤེས་པར་གྱིས་ཤིག་ཅེས་བསྒོས་ནས་བཏང་བས། བྲམ་ཟེ་གཞན་འོངས་ཚེ་ཁྱི་ཟུག་ལ། རྣ་བོ་ཆེ་འོངས་པ་ན་ཁྱི་དེ་རྣ་བ་ཕབ་མཇུག་མ་དྲིལ་ནས་ཕྱི་བཞིན་འབྲངས་ལ་ནང་དུ་ཞུགས་ནས་ཀྱང་ཁྱིས་འདྲིས་པའི་སྒྲ་འབྱིན་པ་དང་། རྒྱལ་པོའི་མི་དེས་རྐུན་མ་རྣ་བོ་ཆེ་འདི་ཡིན་ནོ་སྙམ་མོ། །བྲམ་ཟེ་མོས་ཟས་འགྲིམ་པའི་ཚེ་རྣ་བོ་ཆེ་ལ་སྨིན་མའི་བརྡའ་བྱེད་ཅིང་ཅུང་ཟད་དགོན། མིག་དེར་ཆགས། དེ་དང་ལྷན་ཅིག་གཏམ་ཟེར། ལྷག་པར་ཡང་དེར་འགྲིམ་པར་མཐོང་བས་མཚན་མ་དེ་རྣམས་མི་དེས་བཟུང་ནས་ཇོ་བོ་ཚུལ་འདི་འདྲའོ་ཞེས་སྨན་ཆེན་པོ་ལ་བཟླས་པ་དང་། སྨན་ཆེན་པོས་དེ་ཐོས་མ་ཐག་ཏུ་རྒྱལ་པོའི་མི་བཏང་སྟེ་རྣ་བོ་ཆེ་བཀུག་ནས་སྨྲས་པ། གཞན་གྱི་ནོར་འཕྲོགས་པར་བྱ་བ་དེ་ལྟ་བུ་བྲམ་ཟེ་ཆོས་ཡིན་ནམ་ཁྱོད་ཀྱིས་ཁྱེར་བདེ་སླར་བྱིན་ཅིག །དེ་ན་རེ། སྡིག་པ་ཞི་བར་གྱུར་ཅིག་བདག་གིས་ཡོང་མ་འཚལ་ཏེ་ཞེས་ཟེར་རོ། །དེ་ནས་སྨན་ཆེན་པོས་མི་རྣམས་ལ་ངན་པ་འདི་བཙོན་རར་ཆུག་ལ་ཅི་ནས་རུས་པ་བྱུང་བ་དེ་ལྟ་བུར་ནན་ལ་འཁོར་ཅིག་བསྒོ་བས་བསྡིགས་ནས་འཇིགས་སྐྲག་སྟེ་ལྷས་བདག་སྐྱོབས་ཤིག །བདག་གིས་དེ་སླར་འབུལ་ལོ་ཞེས་སྨྲས་ཤིང་། རང་གི་ཁྱིམ་ནས་གསེར་གྱི་དང་རྩེ་གནའ་མ་ལྔ་བརྒྱ་ཇི་ལྟར་བཅིངས་པ་བཞིན་ཁྱེར་ཏེ་སྨན་ཆེན་པོ་ལ་ཕུལ་ལོ། །སྨན་ཆེན་པོས་བྲམ་ཟེ་ལ་བྱིན་པ་དང་བྲམ་ཟེ་དེ་དགའ་ནས་བཀུར་སྟིས་དྲིན་ལན་གླན་པའི་བསམ་པས་ཕྱེད་སྨན་ཆེན་པོ་ལ་ཕུལ་སྨན་ཆེན་པོས་བླངས་ནས་སླར་བྲམ་ཟེ་ལ་བྱིན་ནོ། །སྨན་ཆེན་པོའི་སྙན་པ་ཀུན་ཏུ་ཁྱབ་ཅིང་ཡུལ་མི་ཐམས་ཅད་ཀྱིས་བདག་ཅག་བསོད་ནམས་དང་ལྡན་པས་འདི་འདྲ་བའི་བློན་པོ་ཡོད་དོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་མི་གཞན་ཞིག་དོན་གྱི་ཕྱིར་ཡུལ་གཞན་དུ་སོང་སོང་བ་ལས། རྫིང་འགྲམ་ཞིག་ཏུ་ཕྱེའུ་རྐྱལ་པ་ཁ་ཕྱེ་ཞིང་ཟན་ཟོས་ནས་རྐྱལ་པ་ཁ་མ་བཅིངས་བཞིན་དུ་ཕྱི་རོལ་དུ་སོང་བ་དང་སྦྲུལ་རེག་ན་གདུག་པའི་དུག་ཅན་ཞིག་རྐྱལ་བ་དེའི་ནང་དུ་ཞུགས་སོ། །མི་དེ་སླར་འོངས་ནས་མ་བརྟགས་པར་རྐྱལ་པ་ཁ་བཅིངས་ཏེ་ཕྲག་པར་ཐོགས་ནས་གྲོང་ཁྱེར་ཆེན་པོར་ཕྱིན་པ་ན། ལྟས་མཁན་ཞིག་གིས་དེ་ལ་འཚོ་བ་དང་བྲལ་དུ་ཉེའོ་ཞེས་ལུང་བསྟན་ཏོ། །མི་དེས་སླར་ལོག་སྟེ་དེ་ལ་བལྟས་སོ། །དེ་ནས་འོངས་པ་དང་དེ་ལྟར་ཐོས་བཞིན་ལྟས་མཁན་དེ་ལ་མ་དྲིས་སྙམ་དུ་འགྱོད་པ་སྐྱེས་ཤིང་། དོན་དེའི་ཕྱིར་སྨན་ཆེན་པོ་ལ་མ་དྲིས་ཀྱི་བར་དུ་ཁྱིམ་དུ་མི་འགྲོའོ་ཞེས་བསམས་ཤིང་སྨྲས་ཏེ། སྨན་ཆེན་པོའི་དྲུང་དུ་ཕྱིན་ནས་ལྟས་མཁན་གྱིས་སྨྲས་པ་སོགས་ཇི་ལྟར་གྱུར་པ་བརྗོད་དོ། །སྨན་ཆེན་པོས་གང་ནས་འོང་དྲིས་པས་དེས་ཇི་ལྟར་གྱུར་པ་སྨྲས་པ་ལ། སྨན་ཆེན་པོས་འདིའི་རྐྱལ་པའི་ནང་ན་སྦྲུལ་གདུག་པ་ཡོད་པར་ངེས་སོ་སྙམ་ནས། སྐྱེ་བོ་མང་པོའི་མངོན་སུམ་དུ་རྐྱལ་པ་འདི་ཁ་ཁྲོལ་ལ་རྒྱང་མ་ནས་ཤིང་གིས་ཁ་ཕྱེས་ཤིག་དང་གདོད་ཤེས་པར་འགྱུར་རོ་ཞེས་སྨྲས་པ་ལྟར་བྱས་པས། སྦྲུལ་གདུག་པ་དེས་མགོ་ནི་བཏེག །དབུགས་རྒོད་ཅིང་ལྕེ་བསྐྱོད་བཞིན་ཕྱིར་ཕྱུང་བ་དང་། སྨན་ཆེན་པོས་ཁྱོད་ཀྱི་དོགས་པ་དེ་ནི་འདི་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོ་ཡུལ་བལྟ་བའི་ཕྱིར་ཡན་ལག་བཞིའི་དཔུངས་སྟོབས་དང་ལྡན་པས་གྲོང་དང་ཚོང་འདུས་གྲོང་འདབ་སོགས་སུ་སོང་སྟེ་ཡུལ་འདི་སུའི་ཡིན་ཞེས་དྲིས་པ་ན། འདི་བློན་པོ་ཆེ་གེ་མོ་ཞིག་གི་ཡིན་ནོ་ཞེས་སྨྲ་བ་ཤ་སྟག་ལ་སྨན་ཆེན་པོས་བརྟགས་ནས་ཡུལ་ཐམས་ཅད་བློན་པོ་དྲུག་གི་བསྣམས་ཏེ། རྒྱལ་པོ་སྐྱེད་པ་ནི་བཟའ་བཏུང་ཙམ་ལ་དབང་ངོ་སྙམ་དུ་བསམས་ནས། རྒྱལ་པོ་ལ་གྲོང་དང་ཡུལ་འདི་སུ་ལ་དབང་ཞེས་དེ་ལྟར་གསོལ་བ་དང་། རྒྱལ་པོས་སྨྲས་པ། བདག་ལ་སྙིང་བརྩེ་བའི་ལྷས་རྨི་ལམ་དུ། པཱུརྞྞཱ་ཀཙྪའི་རི་བྲགས་གྱི་གྲོང་ན་གང་པོ་ཞེས་བྱ་བའི་བུ་སྨན་ཆེན་པོ་ཁྱོད་ཀྱི་བློན་པོར་ཆུག་ཤིག་དང་དེས་ཁྱོད་ཀྱི་ཡུལ་རྣམས་རྒྱས་པར་བྱེད་ཅིང་འབུལ་བར་འགྱུར་ཏེ། དེའི་ཚེ་ཁྱོད་ཐམས་ཅད་ལ་དབང་བའི་རྒྱལ་པོར་འགྱུར་རོ་ཞེས་ལུང་བསྟན་པས། ཁྱོད་ནི་མའི་རུམ་ན་འདུག་ཚུན་ཆད་བདག་གིས་དགོས་པ་འདིའི་ཕྱིར་ཡོ་བྱད་ཀྱིས་བསྐྱེད་ནས། ད་ཡང་བློན་པོའི་མཆོག་ཏུ་བཅུག་ནས། ད་ནི་ལྷའི་ཚིག་དང་ཁྱོད་རང་གི་བློས་ལྕོགས་པ་སྟོན་པས་ཅི་ནས་བདག་དབང་ཕྱུག་རྒྱལ་པོར་འགྱུར་བར་བྱོས་ཤིག །སྨན་ཆེན་པོས་རྒྱལ་པོ་ལ་ཕྱག་བྱས་ཏེ་ཐུགས་བརྟན་པར་མཛོད་དང་། ཅི་ནས་བདག་གིས་ལྷ་མཉེས་པར་འགྱུར་བ་དེ་ལྟར་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་ཆེན་པོས་གྲོང་ཡུལ་གྱི་གཙོ་བོ་དེ་རྣམས་ལ་དབྱེན་བཅུག་སྟེ་སོ་སོར་ཕྱེ་ནས་ཅི་ནས་ཁྱེད་དགའ་བར་འགྱུར་བ་དེ་ལྟར་བདག་གིས་བྱའོ། །བློན་པོ་དེ་དག་ནི་འདོད་ཆེ་བས་དཔྱ་ནར་མ་དང་བླ་སྐྱེས་དག་ཀྱང་མི་རིགས་པར་འབེབས་སྟེ་དེའི་ཕྱིར་རིགས་པར་བྱས། འདི་ལྟར་བདག་གི་ཚིག་མཉན་ན་བདག་གིས་ཁོང་དུ་ཆུད་པར་བསྟན་ཏེ་དཔྱ་ཡང་རིགས་པར་དབབ། གཞན་ཡང་བདེ་བར་འགོད་ཅིང་བདེ་བའི་ཡོ་བྱད་རྣམས་ཀྱིས་བསྐྱང་བར་བྱ་ཡི། ཅི་ནས་ཁྱེད་ཅག་མི་མཐུན་པར་བྱོས་ཤིག །ཁྱེད་མི་མཐུན་པར་བྱས་པ་ལ་ཅི་སྟེ་རྒྱལ་པོའམ་བློན་པོ་རྣམས་ལྷགས་ན་ཡང་བདག་མ་འོངས་ཀྱི་བར་དུ་དེ་དག་གི་དབང་དུ་མ་འགྲོ་བར་འདི་སྐད་སྨྲོས་ཤིག །བློན་པོའི་མཆོག་སྨན་ཆེན་པོའི་འོངས་ན་དེའི་དབང་དུ་གཏོང་གིས་གཞན་གང་གིས་ཀྱང་མ་ཡིན་ནོ་ཞེས་སྨྲོས་ཤིག་ཅེས་བསླབས་པ་ལྟར་ཡུལ་དེ་དག་མི་མཐུན་པར་བྱེད་ཅིང་བཀའ་རྣམས་བཅག་པ་ན། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་བ་དང་། བློན་པོ་དྲུག་པོ་ཡན་ལག་བཞིའི་དཔུང་གི་སྟོབས་མང་པོ་ཅན་དང་ལྷན་ཅིག་བཀྱེ་ཡང་གྲོང་དང་རི་བྲག་གི་གྲོང་གཅིག་ལ་ཡང་དབང་བྱེད་པར་མ་ནུས་སོ། །དེ་ནས་རྒྱལ་པོ་ཉིད་མ་བྱོན་ན་འདི་དག་དབང་དུ་མགྱིར་མི་ནུས་སོ་ཞེས་ཕོ་ཉ་བཏང་ནས་རྒྱལ་པོ་ཉིད་འོངས་ཀྱང་གྲོང་གཅིག་ཀྱང་དབང་བྱར་མ་ནུས་ཏེ་འཐབས་པས་མི་མང་ཞིག་ཤི་བ་དང་། རྒྱལ་བློན་རྣམས་མི་དགའ་བར་གྱུར་ཏོ། དེ་ནས་རི་བྲགསཀྱི་མི་རྣམས་ཀྱིས་སྨན་ཆེན་པོ་འདིར་འོངས་ན་དེའི་ངག་ཉན་ཏེ་བདག་ཅག་རྒྱལ་པོ་སྐྱེད་པ་དང་མི་མཐུན་པ་བགྱིད་པ་མ་ཡིན་གྱི་བློན་པོ་དྲུག་བདག་ཅག་ལ་གནོད་པ་བགྱིད་པའི་ཕྱིར་རོ་ཞེས་སྨྲས་པ་དང་། རྒྱལ་པོས་ངེད་ཀྱིས་ཡུལ་རྣམས་ཕེབས་པར་མ་ནུས་ཀྱིས་ཁྱོད་ཚུར་ཤོག་ཅིག་ཅེས་ཕོ་ཉ་བཏང་བའི་མོད་ལ་འོངས་སོ། །དེ་མཐོང་ནས་ཡུལ་མི་ཀུན་གྱི་ཕྱག་འཚལ་ཞིང་དེས་ཀྱང་མི་རྣམས་ལ་མ་འཇིགས་ཤིག་ཅེས་བྱས་ནས་དཔྱ་ཡང་ཆོས་བཞིན་དབབ། དམན་པ་དག་དབུལ་བ་སྐྱབས་མེད་པ་རྣམས་ཀྱང་དབུགས་དབྱུང་བར་བྱས། ཡུལ་དང་གྲོང་ཁྱེར་པ་རྣམས་ལ་ཕ་མ་དང་ཕུ་ནུ་དག་རང་གི་སྐྱེ་བོ་བཞིན་བཀུར་སྟི་དང་བྱ་དགས་ཀུན་སྙོམས་པར་བྱས་ནས་པང་ནས་འཁྱུད་དོ། །ཡུལ་ན་གནས་པའི་རྒན་གཞོན་དག་བུད་མེད་ཐམས་ཅད་ཀྱིས་སྨན་ཆེན་པོ་ལ་བདག་གི་བུ་དང་མིང་པོ་བཞིན་དུ་ལྟ་བར་འགྱུར། དེས་ཀྱང་ཐམས་ཅད་སེམས་དགའ་བར་བྱས་ཤིང་མཐར་གྱིས་ཡུལ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་རྒྱལ་པོ་སྐྱེད་པ་དང་ལྷན་ཅིག་རྒྱལ་པོ་ཕོ་བྲང་དུ་འོངས་སོ། །དེ་ལྟ་བུའི་ལས་བྱས་པས་རྒྱལ་པོ་གཞན་དག་ལ་ཡང་སྙན་པའི་སྒྲ་གྲགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དགའ་བས་བདག་ཉིད་ཀྱི་བུ་མོ་སྨན་ཆེན་པོའི་ཆུང་མར་བྱིན་ཏེ་དེ་དང་ལྷན་ཅིག་རྩེ་དགའ་སྤྱད་དོ། །དེའི་ཚེ་ཡུལ་གཞན་ན་རྒྱལ་པོ་ལོངས་སྤྱོད་ཉམས་པ་ཞིག་རྒྱལ་པོ་སྐྱེད་པའི་དྲུང་དུ་འོངས་པ་དེ་རྒྱལ་པོས་མ་འདོད་ནས་སྨན་ཆེན་པོའི་དྲུང་དུ་འོངས་སོ། །དེས་སྙིང་རྗེའི་དབང་གིས་བཟུང་སྟེ་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་བྲམ་ཟེ་ཞིག་འོངས་ཏེ་ནས་བྲེ་གང་བསླངས་པ་དེས་ཀྱང་སྦྱིན་པར་ཁས་བླངས་ཏེ་བག་བའི་གཉེར་ཀ་བ་ལ་གཏད་ཀྱང་སང་སྦྱིན་གནང་སྦྱིན་ལས་མ་བྱིན་པར་ལུས་སོ། །དེ་ནས་དུས་ཞིག་ན་རྒྱལ་པོ་སྐྱེད་པ་བློན་པོ་དང་གྲོང་དང་ལྗོངས་བ་དག་གིས་བསྐོར་ཏེ་མི་མང་པོས་ཕྱག་འཚལ་བའི་གནས་ན་འདུག་གོ། །རྒྱལ་པོས་སྨྲས་པ། ཀྱེ་བློན་པོ་རྣམས་གསང་བ་ནི་སུ་ལ་སྨ་བར་བྱ། གང་ལ་ཡིད་བརྟན་པར་བྱ་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་བསམས་ནས། གཅིག་གིས་མཛའ་བོ་ལ་སྨྲ་བར་རིགས་ཞེས་དང་། དེ་བཞིན་དུ་ཁ་ཅིག་གིས་ཆུང་མ་ལ། ཁ་ཅིག་གིས་མ་ལ། ཁ་ཅིག་གིས་སྲིང་མོ་དང་ཕ་ལ། ཁ་ཅིག་གིས་ཕུ་ནུ་ལའོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨན་ཆེན་པོ་ལ་གཞན་གྱིས་ཇི་ལྟར་བསམས་པ་སྨྲས་ན་ཁྱོད་ཀྱིས་ཅིའི་ཕྱིར་མི་སྨྲ་ཞེས་དྲིས་པ་དང་། སྨན་ཆེན་པོས་སྨྲས་པ། ལྷ་བདག་ནི་འདི་སྙམ་དུ། གསང་བ་དེ་ནི་སུ་ལ་ཡང་བགྱི་བར་མི་རིགས་ཆུང་མ་ལ་ལྟ་ཅི་སྨྲོས་ཏེ། དེ་ནི་བདག་གིས་ལྷའི་སྤྱན་སྔར་མངོན་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོའི་རྨ་བྱ་སྟོར་བ་སྨན་ཆེན་པོས་བཙལ་ཏེ་ཕྱོགས་གཞན་ཞིག་ཏུ་སྦས་ནས། དེ་དང་འདྲ་བ་གཞན་ཞིག་བཟུང་སྟེ། རང་གི་ཆུང་མ་ལ་ཁྱོད་ཀྱིས་རྒྱལ་པོའི་ཕོ་བྲང་ནས་རྨ་བྱ་སྟོར་བ་ཐོས་སམ་ཞེས་་དྲིས་པ་དང་དེས་ཀྱང་ཐོས་སོ་ཞེས་སྨྲས་སོ། །སྨན་ཆེན་པོས་ཆུང་མ་ལ་ཁྱོད་ཀྱིས་སུ་ལ་ཡང་མ་ཟེར་བར་རྨ་བྱ་འདི་ཚོས་ཤིག་དང་བཟའོ་ཞེས་བསྒའོ། །དེས་རི་བྲགས་ཀྱི་གྲོང་མི་འདིས་རྒྱལ་པོའི་རྨ་བྱ་ཟ་བ་ལ་ལྟོས་ཤིག །བདག་གི་ཕས་ནི་འདི་ལ་ཤིན་ཏུ་ཡིད་བརྟན་པར་བྱེད་ན་འདིས་ནི་རྒྱལ་པོ་ལ་གནོད་པའི་ལས་བྱེད་དོ་སྙམ་མོ། །ཡང་རེ་ཞིག་ན་རྒྱལ་པོའི་བཙུན་མོ་དང་འདྲ་བའི་བུད་མེད་སྨད་འཚོང་མ་ཞིག་རྒྱན་ཐམས་ཅད་ཀྱིས་བཀླུབས་ཏེ་བདག་གི་བུད་མེད་ཀྱི་ནང་དུ་བཅུག་ནས་ཆུང་མ་ལ་འདི་ནི་རྒྱལ་པོའི་བཙུན་མོ་འདི་ཞེས་བྱ་བ་ཡིན་ཏེ། བདག་འདི་ལ་ཤིན་ཏུ་ཡིད་བརྟན་གྱིས་ཁྱོད་བདག་ལ་སྡུག་ན་སུ་ལ་ཡང་མ་ཟེར་ཅིག་ཅེས་བསྒོ་བ་དང་། རྒྱལ་པོའི་བུ་མོ་དེས་འདི་ནི་སྨན་ཆེན་པོ་དང་ལྷན་ཅིག་འདུག་གོ་སྙམ་དུ་ཁྲོས་འཁྲུགས་ནས་ཕ་ལ་འཕྱ་ཞིང་བདག་གི་ཕ་འདི་ལྟ་བུར་དོན་ལ་རྟོག་པ་ཅི་ཡང་མེད་དེ། རི་བྲགས་ཀྱི་གྲོང་མི་རིགས་ངན་བློན་པོའི་མཆོག་ཏུ་བཅུག་ནས་ངན་པ་འདི་ལ་རྒྱལ་པོའི་དོན་ཐམས་ཅད་གཏད་པ་ག་ལ་རིགས། ངས་ཅི་ནས་སྔོན་གྱི་གནས་རྙིང་པར་བཞག་པ་དེ་ལྟར་བྱའོ་བསམས་ཏེ། ཕ་ལ་ཡབ་ཀྱིས་ངན་པ་འདི་མ་བརྟགས་པར་བློན་པོར་བཅུག་པ་འདིས་བཙུན་མོ་འདི་དང་ལྷན་ཅིག་སྤྱོད། རྨ་བྱ་ཡང་ཟོས་ཡུལ་གཞན་ནས་འོངས་པའི་མི་རྣམས་བསྙེན་ཅིང་ཡོ་བྱད་སྦྱོར་བར་བགྱིད་ན། ཡབ་ཀྱིས་སྨན་ཆེན་པོ་ནི་ཐམས་ཅད་ལས་སྡུག་པར་འཛིན་ན་འདིའི་ཚུལ་ཇི་ལྟ་བུ་ཡིན་པ་མཁྱེན་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་ནས་རྒྱལ་པོས་དོན་དེ་དག་བརྟག་པའི་ཕྱིར་གཤེད་མའི་མི་རྣམས་ལ་སོད་ཅིག་ཅེས་བཀྲི་བ་དང་། གནས་རིགས་ངན་པའི་མི་དེ་དག་གིས་ཤིང་ཀ་ར་ཝཱི་རིའི་མེ་ཏོག་གི་ཕྲེང་བ་མགུལ་དུ་བཏགས། བོད་སྐད་ལྟ་བུའི་རྔ་བརྡུངས། ཚིག་རྩུབ་པོས་སྤྱོས་བསྡིགས་ཚར་བཅད་དེ་མཚོན་ཐོགས་པ་གཤིན་རྗེའི་མི་ལྟ་བུ་རྣམས་ཀྱིས་དུར་ཁྲོད་དུ་ཁྲིད་མོད་ཀྱི། དེ་གསད་པར་སུ་ཡང་མི་འདོད་དོ། །གྲོང་ཁྱེར་གྱི་མི་ཐམས་ཅད་མཆི་མ་ཟག་ཅིང་བདག་གི་བུ་བསད་པ་ལྟར་སྡུག་བསྔལ་གྱི་སྒྲ་འབྱིན་ཞིང་ལྷ་ལ་གསོལ་བ་འདེབས་སོ། །ཇི་ཙམ་ན་སྨན་ཆེན་པོས་རྒྱལ་རིགས་དབུལ་པོ་བསྙེན་ཅིང་ལོངས་སྤྱོད་བགོས་ཏེ་བྱིན་པ་དེས་རྒྱལ་པོའི་མི་རྣམས་ལ་བདག་ཅག་གིས་འདི་བསད་ཀྱིས་ཁྱེད་ཅག་སླར་ལོག་ཅིག་ཅེས་སྨྲས་སོ། །ཅི་ཙམ་ནས་གྲོང་ཁྱེར་དེ་ནས་བྱུང་བ་དང་། བྲམ་ཟེ་མོང་རྟུལ་ཞེས་བྱ་བས་གོས་མཐའ་འཇུས་ཏེ་ཁྱོད་ཀྱིས་ནས་བྲེ་གང་སྦྱིན་པར་བྱས་པ་དེ་བྱིན་ལ་སོགས་ཤིག་ཟེར་རོ། །སྨན་ཆེན་པོས་གནས་དེར་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད། གདོལ་པ་ལ་ནི་བཤེས་པ་མེད། བུད་མེད་རྣམས་ལ་གསང་མི་བརྗོད། རྨ་བྱའི་ཤ་ནི་བཟའ་མི་བྱ། བྲམ་ཟེ་མོ་ར་རྟུལ་པོ་ཡི་ནི། ནས་བྲེ་གང་ཡང་འཆགས་མི་བྱ། དེ་སྐད་སྨྲ་ཞིང་སོང་བ་དང་། གཤེད་མ་རྣམས་ཀྱིས་སྨྲས་པ། སྨན་ཆེན་པོ་ཁྱོད་ཤེས་པ་ཕུན་སུམ་ཚོགས་པ་ཡིན་ན་དེ་ཅི་བླ་བར་བྱེད་དམ། སྨན་ཆེན་པོས་སྨས་པ། ཁོ་བོ་ནི་མི་བླ་སྟེ། འོན་ཀྱང་དེ་ཅི་བླ་དེ་སྐད་སྨྲས་པའི་དོན་ཁྱེད་ཀྱིས་མགོ་བར་ཟད་དོ། །ཞེས་སྨྲས་པས་དེ་རྣམས་སོང་སྟེ། རྒྱལ་པོ་ལ་སྨན་ཆེན་པོ་བླ་ན་བླ་བ་དེ་ཟློས་སུ་གསོལ་ཞེས་གསོལ་བས། རྒྱལ་པོས་སྨན་ཆེན་པོ་ལ་ཁྱོད་གསོད་པས་སྐྲག་ནས་ཁ་བླའམ་ཞེས་དྲིས་པ་ལ། སྨན་ཆེན་པོ་ན་རེ། ལྷ་བདག་མི་བླ་སྟེ། འོན་ཀྱང་བདག་སྡུག་བསྔལ་གྱིས་ཉམ་ཐག་ནས་དགོས་པ་སྨྲས་སོ། །དེ་ཅི་ཡིན། དེས་སྨྲས་པ། རྒྱལ་པོ་གྲོགས་སུ་འགྱུར་བ་མེད་ཅེས་བདག་གིས་སྨྲས་པ་ནི། སྔོན་ལྷ་ལ་གྲོང་ངམ་གྲོང་ཁྱེར་སོགས་གང་ཡང་མི་མངའ་ཞིང་། བཟའ་བཏུང་དང་སླས་ལ་དབང་བ་ཙམ་ཞིག་ཡིན་པ་ལ། དེང་ས་ལ་དབང་བའི་རྒྱལ་པོའི་རྒྱལ་སྲིད་དང་དཔུང་དང་མཛོད་དང་དམག་ལ་མངའ་མཛད་པ་དེ་བདག་གིས་བགྱིས་ན། ཁྱོད་ཀྱིས་བདག་ལ་སྔོན་གྱི་བྱས་པ་བཟོ་བ་ཉིད་མ་དགོངས་པར་ལྷས་དགུམ་དུ་བཏང་བ་དེ་ལ་བསམས་ནས་བདག་གི་དེ་སྐད་དུ་སྨྲས་སོ། །གདོལ་པ་ལ་ནི་བཤེས་པ་མེད་ཅེས་པ། གདོལ་པ་མལ་དང་གོས་དང་བྲལ་བ་འདི་རྒྱལ་པོ་སྐྱེད་པས་བདག་ལ་འཚོ་བའི་ཡོ་བྱད་བྱིན་ན་དེས་འཚོ་བར་བྱའོ་སྙམ་དུ་ལྷའི་དྲུང་དུ་མཆིས་པ་ལས། ལྷས་ཡོངས་སུ་མ་བཟུང་ངོ་། །བདག་གིས་ནི་བཀྲེན་ཅིང་ཡུལ་ནས་འཁྱམས་པའོ། །སྙམ་ནས་བགོ་བཤའ་བགྱིས་པས་འདི་ལྟར་དེང་སང་བདེ་བར་གྱུར་པ་ལགས་ན་འདིས་བདག་དགུམ་པའི་སླད་དུ་དགའ་སྟེ་ཆས་ན་དེའི་ཕྱིར་བདག་གིས་དེ་སྐད་སྨྲས་སོ། །བུད་མེད་རྣམས་ལ་གསང་མི་བརྗོད་ཅེས་བགྱི་བ་ནི། རྒྱལ་པོ་ཉིད་སྔར་དུས་གཅིག་ན་འཁོར་གྱི་ནང་དུ་བཞུགས་ནས་འདི་སྐད་དུ་སུ་ལ་གསང་བ་སྨྲ་ཞིང་ཡིད་གཅུགས་པར་བྱ་ཞེས་གསུང་པ་ན། བློན་པོ་རྣམས་ཀྱིས་ཕ་མ་དང་སྲིང་མོ་དང་ནེའུ་ལྡངས་རྣམས་ལའོ་ཞེས་སྨྲས་པར། རྒྱལ་པོ་ཉིད་ཀྱིས་ཆུང་མ་ནི་ལུས་ཀྱི་ཕྱེད་ཡིན་པས་དེ་ལ་བརྗོད་པར་བྱའོ་ཞེས་གསུངས་སོ། །དེ་ནས་བདག་གིས་དོན་འདི་ལྷའི་སྤྱན་སྔར་དབབ་པར་བགྱིའོ་སྙམ་ནས་རྒྱལ་པོའི་རྨ་བྱ་སྦས་ནས་རྨ་བྱ་གཞན་ཞིག་ཟོས་སོ། །སླས་ལས་ཀྱང་སླས་ཆེ་གེ་མོ་ལས་རྒྱན་བླངས་ནས་སྨད་འཚོང་ཆེ་གེ་མོ་ཞིག་ལ་བཏགས་ཏེ་ཁྱིམ་དུ་བཞག་པས་ལྷ་སྨད་འཚོང་མ་དེ་ཡང་གཟིགས་སུ་གསོལ། དེ་ནས་རྒྱལ་པོས་སྨད་འཚོང་མ་ལ་བལྟས་ན་སླས་དེ་དང་དེ་གཉིས་ཁ་དོག་དང་རྟགས་སོགས་ཁྱད་པར་ཅི་ཡང་མེད་པར་མཐོང་ངོ་། །རྒྱལ་པོའི་རྨ་བྱ་ཡང་དངོས་སུ་མཐོང་སྟེ། སྨན་ཆེན་པོ་ལ་ཉེས་པ་མེད་པར་ཁོང་དུ་ཆུད་དོ། །བྲམ་ཟེ་མོང་རྟུལ་པོ་ཡི་ནི། ནས་བྲེ་གང་ཡང་འཆགས་མི་བྱ། ཞེས་སྨྲས་པ་ནི། བདག་རྒྱལ་པོས་དགུམ་དུ་བཏང་བས་གཤེད་མ་བ་རྣམས་ཀྱིས་ཁྲིད་པ་ན་བྲམ་ཟེ་དེས་ནས་བྲེ་གང་གི་དོན་དུ་གོས་ཀྱི་མཐར་འཇུས་ནས་བཟུང་བས་དེ་སྐད་དུ་སྨྲས་སོ། །དེ་ནས་དོན་དེ་ཐམས་ཅད་མངོན་སུམ་མཐོང་བར་བྱས་པས་དགའ་སྟེ། དཀྲོལ་ནས་བཀུར་སྟི་ཆེན་པོར་བྱས་སོ། །དེ་ནས་སྨན་ཆེན་པོས་རྒྱལ་པོ་ལ་ཕྱག་བྱས་ཏེ་གསོལ་པ་ལྷ་ཁྱོད་ཀྱིས་བུད་མེད་རྣམས་ཀྱི་གསང་གཟིགས་སམ། ཁྱོད་ཀྱི་སྲས་མོ་ནི་བདག་ལ་དགོས་པ་ཡོད་མ་མཆིས་སོ། །འོན་ཀྱང་རིགས་གཟུགས་དང་ཚུལ་ཤེས་རབ་བདག་དང་འདྲ་བ་དེ་ཁོ་ནའི་མཆིས་བྲང་ཞིག་བླང་བར་བགྱིའི་ཞེས་རྒྱལ་པོ་ལ་གནང་བ་གསོལ་ནས། བདག་ཉིད་བྲམ་ཟེའི་ཆ་བྱད་དུ་བྱས་ཏེ། ལག་གཡས་བྱ་མ་བུམ་ཐོགས། ལུས་མཆོད་ཕྱིར་ཐོགས་ཀྱིས་མཛེས་པར་བྱས། རི་དྭགས་ཀྱི་བགས་པ་གོས་སུ་བགོས། གདོང་ལ་བྱུག་རིས་གསུམ་བྱས་ནས་རི་འཁོར་གྱི་ནགས་ཚང་ཚིང་ཅན་དུ་བུ་མོ་བཙལ་བའི་ཕྱིར་ཆས་སོ། །དེ་ལ མ་གྱི་བར་དུ་གྲོང་ཞིག་དུ་མུན་སྲོས་པ་དེར་ཡུད་ཙམ་ནས་བྲམ་ཟེ་ཞིག་འོངས་ནས་གང་དུ་འགྲོ་བ་སོགས་དྲིས་པ་ན་དེས་ལུས་འཕགས་ནས་འོངས། ནགས་ཚང་ཚིང་ཅན་དུ་འགྲོ་ཞེས་སྨྲས་སོ། །དེས་ཁྱིམ་དུ་བྲང་གདབ་པའི་ངོ་ཤེས་འགའ་ཡོད་དམ་ཟེར་བ་ལ་མེད་ཅེས་སྨྲས་པས། བྲམ་ཟེ་དེས་ཁྱིམ་དུ་ཁྲིད་དེ་ཚུལ་མཐུན་པས་ཕུ་དུད་བྱས་སོ། །དེས་དེའི་ཆུང་མ་སྐྱེས་པ་གཞན་ལ་ཆགས་པ་ཅན་འཁྲིགས་ནས་ཕྱི་དེ་ཉིན་པར་ལམ་དྲིས་ནས་ཆས་སོ། །ཁྱིམ་དེའི་བྲམ་ཟེ་དེས་བདག་གི་ཁྱིམ་འདིར་ཕན་ཚུན་འགྲོ་བའི་ཚེ་རང་གི་ཁྱིམ་བཞིན་དུ་སོང་ཞེས་ཟེར་བ་ལ་དེ་བཞིན་བགྱིའོ་ཞེས་སྨྲས་ནས་སོང་ངོ་། །ཇི་ཞིག་ན་ལམ་བར་ཞིག་ཏུ་ནས་ཀྱི་ཞིང་ཡོད་པ་དེ་ན་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ་རིགས་བཙུན་པ་ཤིན་ཏུ་ཞི་བར་ལྡན་པ་ཞིག་མཐོང་ནས་དེ་ལ་ཡིད་ཞེན་ཅིང་། བཟང་མོ་ཁྱོད་སུ་ཡིན་མིང་ཅི་ཡིན་སོགས་དྲིས་པ་ལ། མིང་ནི་ས་གའོ། །གྲོང་ཐམས་ཅད་ཀྱི་ཞིང་སྒྲུབ་པར་བྱེད་པའོ་ཞེས་སྨྲས་པ་ལ། སྨན་ཆེན་པོས་བུ་མོ་འདི་གཟུགས་བཟང་མོད་བློ་ཇི་འདྲ་བགམ་པར་བྱའོ་སྙམ་དུ། གྲོང་ཞིག་ཏུ་ཞུགས་ཏེ་ལག་པ་བསྒྲེངས་ནས་ལག་པ་ཕངས་པར་བྱས་ཤིང་རྐང་པས་གྲོ་ཕུར་བ་དང་། ས་གས་སྨྲས་པ་མཁན་པོ་ཇི་ལྟར་ལག་པ་ཕངས་པ་དེ་བཞིན་རྐང་པ་ཕངས་པར་གྱིས་ཤིག །དེས་དེ་མཛངས་པ་ཞིག་གོ་སྙམ་དུ་བགད་ནས་སྨྲས་པ། ཁྱོད་ཀྱི་རྣ་ཆ་གདུབ་ཀོར་གདུ་བུ་ཞིག་སྟེ། ཤིན་ཏུ་ལྷང་ངེའོ། །ས་ག་ན་རེ། མཁན་པོ་རྣ་བ་གཉིས་དགབ་པའི་སླད་དུའོ། །སྨན་ཆེན་པོས་སྨྲས་པ། བུ་མོ་ཁྱོད་བྱད་བཟང་ཞིང་མཛེས་སོ། །དེས་སྨྲས་པ། གྲོང་གི་བདག་པོ་རྣམས་ཀྱི་བཀའ་དྲིན་གྱིས་སོ། །ཅུང་འདུག་ནས་སྨྲས་པ། ཁྱོད་ཀྱི་ཕར་གར་སོང་། དེས་སྨྲས་པ། ལམ་གཅིག་གཉིས་སུ་བགྱིད་དུ་མཆིས་ཏེ་ཚེར་མའི་ཡལ་ག་བ སྡུས་ནས་ལམ་བཅད་པར་བགྱིད་དོ། །ཁྱོད་ཀྱི་མ་གར་སོང་། ཞིང་ཐོག་ནས་ས་བོན་གྱི་ཕྱིར་མཆིས་སོ། །བུ་མོ་ངའི་ཆུང་མར་བྱའམ། དེས་སྨྲས་པ། གལ་ཏེ་གྲོང་གི་བདག་པོ་བཏུབ་ནའོ། །སྨན་ཆེན་པོས་སྨྲས་པ། ནགས་ཚང་ཚིང་ཅན་དུ་ལམ་གང་ནས་འགྲོ་ན་བདེ་ཞིང་མི་འཁྱོགས་པ་དེ་སྟོན་ཅིག་དང་དེའི་དོན་ཚིགས་སུ་བཅད་པས་ཀྱང་དྲིས་པ་ལ། དེས་དེ་ལ་ལམ་འཁྱོགས་པ་ཞིག་བསྟན་ཏེ་མོ་རང་ལམ་གཞན་ནས་མདུན་དུ་བརྒྱུག་ཅིང་རྫིང་བུ་ཞིག་ཏུ་གོས་རྣམས་ཕུད་ནས་མིག་ཡ་གཅིག་བཙུམ་སྟེ་ངོ་ཤེས་སམ་མི་ཤེས་ཞེས་གློ་གཅིག་གིས་སྙེས་ཏེ་འདུག་བཞིན་ཡང་སྨྲས་པ། གང་གིས་ཟ་བགྱིད་དེ་ནས་བཞུད། །གང་གིས་ཟ་བར་མི་བགྱིད་པ། །དེ་ནི་དོར་བར་བགྱིས་ནས་སུ། །ཟན་གྱི་ནགས་སུ་བཞུད་པར་མཛོད། །དེ་ནས་སྨན་ཆེན་པོས་དེས་ཇི་སྐད་བསྟན་པའི་ལམ་ནས་སོང་བ་དང་། ཇི་ཙམ་ན་རྒྱང་རིང་པོ་ནས་དེ་ངོ་ཤེས་ནས་སྨྲས་པ། རས་བལ་ཐགས་སུ་བཏགས་པ་མི་བདོག་པས། །མ་བཀལ་ཐགས་སུ་མ་བཏགས་གྱོན་བྱེད་པ། །མཛེས་ལྡན་previous hit གཡོན་པའི་མིག་ཅན་གང་ནས་ནི། །མེ་ཏོག་གྲོང་དུ next hit་འགྲོ་བ་བདག་ལ་སྟོན། །དེ་ནས་བུ་མོ་ཅུང་ཞིང་བགད་ནས་སྨྲས་པ། །འདིར་ནི་གཡོན་པོའི་ལམ་བོར་ལ། །གང་ན་ཡོས་ནི་ཡོད་པར་དང་། །བ་ལ་ཤ་ཡི་མེ་ཏོག་རྒྱས། ། དེ་ནས་བྲམ་ཟེ་བཞུད་དུ་གསོལ། །དེ་སོང་སོང་སྟེ་ཕྱིན་ནས་དྲིས་ཤིང་ས་གའི་ཁྱིམ་དུ་སོང་བ་དེའི་ཕ་མ་མི་སྣང་ངོ་། །དེ་ནས་གྲོང་གི་བདག་པོ་རྣམས་ལ་ས་ག་འདི་ཁྱེད་རྣམས་ཀྱིས་གནང་ན་བདག་གི་ཆུང་མ་བྱའོ། །ཚིག་དེ་ཐོས་མ་ཐག་ཏུ་གྲོང་གི་བདག་པོ་རྣམས་ཚིག་མཐུན་པར་བྲམ་ཟེ་ངན་པ་ཁྱོད་དེད་ཀྱི་ས་ག་ལྷའི་བུ་མོ་འདྲ་བ་སློང་བ་ངོ་མི་ཚའམ། འདི་ནས་སོངས་ཤིག །ཁྱོད་ཁྱི་མི་སྲུན་པ་ལ་ཟར་འཇུག་གོ་ག་རེ་ཞེས་སྨྲས་ཏེ་དེ་བསྐྲད་ནས་སླར་སོང་བ་དང་། ས་གས་མཐོང་ཞིང་། རྒྱང་རིང་པོ་ནས་བྱོན་པ་ལེགས་སོ་ཞེས་སྨྲས་སོ། །ས་ག་ལ་སྨན་ཆེན་པོས་དེ་རྣམས་ཀྱིས་དེའུ་བརྡེག་གོ་ཞེས་སྨྲས་པ་ལ། ས་ག་ན་རེ། ཐབས་ཅི་ཞིག་གིས་སྨྲས། དེས་སྨྲས་ཚུལ་ཞིབ་པར་བཤད་པ་དང་། ས་ག་ན་རེ། ཁྱོད་ཡུད་ཙམ་མི་བསམ་པར་བུ་མོ་བསད་པ་ཁྱོད་ཀྱི་དེ་ལྟར་བྱེད་དམ། དེས་སྨྲས་པ། གཞན་དུ་ཇི་ལྟར་བྱ། ས་གས་སྨྲས་པ། རེ་ཞིག་སྔར་ཉེ་བར་སོང་ལ་རྗེས་སུ་མཐུན་པར་བགྱི་ཞིང་མགྲོན་དུ་འབོད་ལ་ཟས་སྐོམ་བདའ་བའི་སྟོན་མོས་མགུ་བར་བྱས་ཏེ། དེ་ནས་བགྱི་བ་དེ་བགྱིད་རིགས་སོ། །སྨན་ཆེན་པོ་སོང་སྟེ་དེས་ཇི་སྐད་བསྟན་པ་ལྟར་བྱས་ནས་ཁ་ཟས་བསོད་པས་བསྟབས་ནས་ས་ག་བསླངས་པ་དང་། དེ་རྣམས་ཀྱིས་དེར་ཁྱོད་ཀྱི་བསམ་པ་བཞིན་རྫོགས་པར་བྱའོ། །ཞེས་སྨྲས་སོ། །དེ་ནས་ཡུད་ཙམ་ན་ས་གའི་ཕ་མ་འོངས་པ་དང་སྨན་ཆེན་པོ་དང་གྲོང་གི་བདག་པོ་རྣམས་ཀྱིས་ས་ག་སྦྱིན་པར་གསོལ་བ་དང་། ཕ་མས་དོན་དེ་བསམ་དགོས་སོ་ཞེས་ཟེར་བ་ལ། གྲོང་གི་བདག་པོ་རྣམས་ན་རེ། འདི་ལ་བསམ་དུ་ཅི་ཡོད། བྲམ་ཟེ་གཞོན་ནུ་གཟུགས་བཟང་ཞིང་བསྟན་གཅོས་དང་རིག་བྱེད་ཀྱི་ཕ་རོལ་ཏུ་སོན་པ་ཡིན་པས་བྱིན་ཅིག །དེ་ནས་སྨན་ཆེན་པོས་བྲམ་ཟེ་རྣམས་བོས་ནས་བུ་མོ་བླང་བར་བྱས་སོ། །ཉི་མ་གཞན་ལ་གྱོས་པོ་དང་སྒྱུར་མོ་བོས་ནས་བཀུར་སྟི་བྱས་ཏེ་གོས་བསྐོན་ནས་གཉོད་བཅུག་སྟེ། རང་ཉིད་རྒྱལ་པོ་སྐྱེད་པའི་དྲུང་དུ་སླར་ཆས་སོ། །དེ་འགྲོ་ཁར་བྲམ་ཟེ་ཞིག་གིས་བཅུ་བཞི་པའི་སྟོན་མོའི་ཡོན་ནས་བྲེ་གང་བྱིན་པ་གོས་ཀྱི་མཐར་ཕུལ་ཏེ། སྔར་གྱི་གྲོགས་པོ་བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་སྒོ་བརྡུངས་པ་དང་། བྲམ་ཟེ་མོས་སྨྲས་པ། ཁྱོད་སུ་ཞིག །ང་ཁྱོད་ཀྱི་ཁྱིམ་ཐབ་ཀྱི་གྲོགས་པོའོ། །བྲམ་ཟེ་མོ་ན་རེ། འདི་ན་དེ་ཡང་མེད་ལ་གཞན་འགའ་ཡང་མེད་པ་ཁྱིམ་བདག་དེ་མེད་པར་སྐྱེས་པ་གཞན་ཁྱིམ་དུ་འཇུག་མི་རུང་གིས་གཞན་ཞིག་ཏུ་བྲང་ཐོབ་ཅིག །སྨན་ཆེན་པོས་བདག་ཁྱིམ་དུ་འཇུག་མི་སྟེ་བ་ལ་དཔྱད་ན་སྐྱེས་པ་གཞན་བཅུག་པར་ཤེས་ནས་འདིས་འཇུག་ཏུ་མ་སྟེར་བ་ནི་རུང་ངོ་ཞེས་སྨྲས་ཤིང་བསམ་པ་དང་། ཡུད་ཙམ་ན་ཁྱིམ་བདག་བྲམ་ཟེ་དེ་འོངས་ནས་སྒོར་བོས་པ་ལ། ཆུང་མས་དེའི་སྒྲ་ཐོས་ནས་མི་དེ་སྤྱད་དུ་བཅུག་གོ། །དེ་ནས་བྲམ་ཟེ་དང་སྨན་ཆེན་པོ་གཉིས་ཀ་ཁྱིམ་དུ་ཞུགས་ནས་བདེ་བར་འཁོད་དོ། །ཇི་ཙམ་ན་བྲམ་ཟེ་མོ་དེ་ལ་སྨན་ཆེན་པོས་སྨྲས་པ། ནས་འདི་དག་གར་བཞག །དེས་སྨྲས་པ། ས་ལའོ། །བྲམ་ཟེ་དེ་ན་རེ། ས་ལ་བཞག་ན་བྱི་བས་ཟོས་ཀྱི་སྣོད་གཞན་མལ་འོག་དང་ཁྱིམ་ཀུན་ཏུ་མི་སྣང་ངོ་། །དེ་ནས་སྨན་ཆེན་པོས་ཡུད་ཙམ་ན་ཕྱོགས་ཞིག་ན་སྤྱད་ཞིག་མཐོང་ནས་བྱི་བོ་དེ་འདི་ན་ཡོད་དོ་སྙམ་ཏུ་བསམས་ནས། སྤྱད་འདིར་ནས་བླུགས་སོ་ཞེས་སྨྲས་པ་དང་། བྲམ་ཟེ་མོ་ན་རེ། འདིར་བདག་གི་ནོར་གཅེས་པ་ཡོད་པས་ནས་ཇི་ལྟར་བླུགས། ཁྱོས་སྨྲས་པ། སྐྱོན་ཅན་དེ་སྣོད་གང་རུང་ཞིག་ཏུ་བྱོ་དང་དེར་ན་སྡུག་གོ། །སྨན་ཆེན་པོས་ཀྱང་། ནས་རྣམས་བྱི་བས་ཟ་བས་སྣོད་འདིར་བླུགས་པར་བྱའོ་ཞེས་སྨྲས་པས། བྲམ་ཟེ་མོ་དེས་ཤེས་ནས་འཇིགས་ཏེ། སྤྱད་འདི་གཤེར་བས་ནས་མ་རུངས་པར་འགྱུར་རོ། །དེ་ནས་སྨན་ཆེན་པོས་བྲམ་ཟེ་མོ་ཁྱོད་སེམས་ཁྲལ་མི་དགོས་དང་ཁོ་བོས་གཤེར་བར་མི་འགྱུར་བར་བྱ་ཞེས་ལངས་ནས་རི་དྭགས་ཀྱི་པགས་པ་སྔ་ལོག་ཕྱི་ལོག་བྱས་མཆོད་ཕྱིར་ཐོགས་ཉིས་ལྟབ་ཏུ་མགུལ་དུ་ཐོགས་ཏེ། སྤྱད་སྐམ་མོ་ཞེས་བ་ལང་གི་ལྕི་བ་དང་ཤིང་དག་བསྐྱ་བར་བརྩམས་པ་དང་། བྲམ་ཟེ་མོ་སྡུག་པ་དང་འབྲལ་བའི་གདུང་བས་འདི་ང་མེད་པར་བྱེད་དུ་འོང་ངོ་སྙམ་ནས་བྱི་བོ་དེའི་ཁྱིམ་དུ་འདི་ལྟར་གྱུར་གྱིས་མྱུར་དུ་ཤོག་ཅེས་བང་ཆེན་བཏང་ངོ་། །དེ་ནས་དེའི་ཕ་མྱུར་དུ་འོང་སྟེ་སྨན་ཆེན་པོ་ལ་སྨྲས་པ། སྤྱད་འདི་རིན་གྱི་བླང་ངོ་། །དེས་སྨྲས་པ། བག་སྟོན་ལ་ལོངས་ཤིག །ཇི་ལྟར་བྱ། གསེར་གྱི་དོང་རྩེ་ལྔ་བརྒྱ་ཡིན་གྱི་གཞན་མིན་ནོ་ཞེས་ཟེར་ཞིང་སྤྱད་དེའི་ཉེ་སྐོར་དུ་མེ་སྒྲོན་སྤོར་བར་བྱེད་པ་དང། ཕས་བསམས་པ་དོན་འདི་བསྙད་དུ་མི་རུང་ངོ་བསམས་ནས་གསེར་གྱི་དོང་རྩེ་ལྔ་བརྒྱ་བྱིན་ཅིང་ཁྱིམ་སྒོ་ཕྱེ་སྟེ་མི་སྟོབས་ཆེ་བས་བཏེགས་ནས་རང་གི་ཁྱིམ་དུ་ཁྱེར་རོ། །ཕྱི་དེ་ཉིན་པར་སྨན་ཆེན་པོས་གསེར་གྱི་དོང་རྩེ་བརྒྱ་ཕྲག་གཅིག་ནི་ཁྱིམ་བདག་དེ་ལ་བྱིན་ནས་ཁྱོད་ཀྱི་ཆུང་མ་ནི་འདི་ལྟ་བུ་སྟེ་བག་ཡོད་པར་གྱིས་ཞེས་སྨྲས་པ། གསེར་གྱི་དོང་རྩེ་ལྷག་བཞི་བརྒྱ་ནི་བྲམ་ཟེ་དེ་ལ་ནགས་ཚང་ཚིང་ཅན་དུ་སོང་ལ་བདག་གིས་བསླངས་པའི་ས་ག་ལ་བྱིན་ནས་དེའི་ཕ་མ་ལ་ཁོ་བོ་བྲམ་ཟེ་མ་ཡིན་ཏེ། རྟགས་ཆ་ལུགས་འདི་ལྟ་བུས་བུ་མོ་འཚོལ་བའི་ཕྱིར་འོངས་པ་ཡིན་ལ། ཁོ་བོ་ལུས་འཕགས་ཀྱི་རྒྱལ་པོ་སྐྱེད་པའི་བློན་པོའི་མཆོག་སྨན་ཆེན་པོ་ཞེས་བྱ་བ་ཡིན་པས་དེའི་ཕྱིར་བུ་མོ་ཡོངས་སུ་སྐྱོངས་ཤིག་ཅེས་སྨྲོས་ལ་དོང་རྩེ་འདི་རྣམས་བྱིན་ཅིག་ཅེས་ཕྲིན་ཡིག་དང་བཅས་པ་བརྫངས་ནས། རང་ཉིད་རྒྱལ་པོའི་དྲུང་དུ་སོང་ངོ་། །བྲམ་ཟེ་དེས་ནགས་ཚང་ཚིང་ཅན་དུ་སོང་སྟེ། གསེར་གྱི་དོང་རྩེ་སུམ་བརྒྱ་དང་ཕྲིན་ཡིག་བྱིན་པ། ས་གས་བཀླགས་ནས། བཞི་པོ་ཡི་ནི་ཆ་དག་ལས། གལ་ཏེ་ཆ་གཅིག་མ་སྟེར་ན། ཤིང་གི་སུ་མི་འདོང་བླངས་ནས། དེར་འདི་ཆུག་ལ་ཆ་དོ་ཤིག །ཅེས་པ་མཐོང་བས་གསེར་གྱི་དོང་རྩེ་བརྒྱ་མ་སྟེར་བར་ཤེས་ནས་རིངས་པར་མལ་གྱི་འོག་ཏུ་མིའི་རྐང་པ་ལ་བརྒྱབས་པའི་ཆ་བྱད་ཤིང་གི་སུམ་འདོང་ཞེས་པ་དེ་འཚོལ་བ་དང་། བྲམ་ཟེས་སྨྲས་པ། དེར་ཅི་འཚོལ། ས་ག་ན་རེ། ཕོ་བྲང་འཁོར་གྱི་རྒྱལ་པོའི་མི་འོང་ནས་གནོད་པ་བྱེད་པ་ཟུངས་ཤིག་ཅེས་བྱུང་སྟེ། དེའི་ཆེད་དུ་སུམ་འདོང་ཚོལ་ལོ། །ས་གས་སུམ་འདོང་དེ་བླངས་ནས་བྲམ་ཟེ་ལ་སྨྲས་པ། དེར་དེ་ལྟ་བུ་སུ་ཞིག་ཁྲིད་ཀྱང་ཁོ་མོས་མ་ཤེས་ན་རེ་ཤིག་འདིར་རྐང་པ་ཆུད་དམ་མི་ཆུང་སད་ཀྱིས་ཐང་ཅིག་ཆུག་ཅིག །བྲམ་ཟེ་དེས་ཀྱང་བསམ་པ་གནག་པའི་ཕྱིར་རྐང་པ་བཅུག་པ་དང་། དེས་རིངས་པར་ཤིང་སྤྱད་དེའི་གཟེར་བཏབ་བོ། །བྲམ་ཟེས་སྨྲས་པ། ང་ཅིའི་ཕྱིར་བཟུང་། དེས་སྨྲས་པ། དོང་ཚེ་བཞི་བརྒྱ་བསྐུར་ན་ཁྱོད་ཀྱིས་བརྒྱ་བརྐུས་པས་སོ། །དེར་བྲམ་ཟེ་ཡ་མཚན་སྐྱེས་ཏེ་བསམས་པ། སྨན་ཆེན་པོ་དང་འདི་ནི་འདྲེ་དངོས་གཅིག་སྟེ། འདྲེ་ཆེན་པོ་གཉིས་གནས་གཅིག་ཏུ་འདུས་པར་གྱུར་ཏོ་སྙམ་ནས་དེས་ལྷག་མ་བྱིན་ནོ། །དེའི་རྗེས་སུ་ཕ་མ་འོངས་པ་དང་སྨན་ཆེན་པོའི་གསང་བསྟན་ཏེ་དེ་ནི་བློན་པོ་སྨན་ཆེན་པོ་ཡིན་པའི་ཚུལ་སྨྲས་པས། ཕ་མ་དང་བུ་མོ་དེའི་གཉེན་འདུན་ཐམས་ཅད་དགའ་ཞིང་། བདག་ཅག་བསོད་ནམས་དང་ལྡན་ཏེ་སྨན་ཆེན་པོ་དང་གཉེན་དུ་གྱུར་པས་བདག་ཅག་གི་རིགས་གསལ་བར་བྱས་སོ་ཞེས་དགའ་བས། བུ་མོ་ས་ག་ལ་ཁྲུས་དང་བསྐུ་མཉེ་ཟས་སྐོམ་དང་གོས་རྒྱན་གྱིས་ཤིན་ཏུ་བྱི་དོར་བྱས་པས། རིང་པོར་མ་ལོན་པར་དེ་གཟུགས་ཤིན་ཏུ་བཟང་ཞིང་ཁྱད་པར་དུ་མཛེས་པར་གྱུར་ཏོ། །སྨན་ཆེན་པོ་གྲོང་ཁྱེར་དུ་སོང་བ་དང་རྒྱལ་པོ་འཁོར་བཅས་དགའ་སྟེ་རྒྱལ་པོས་ཅི་འདྲ་འོངས་སོགས་དྲིས་པ་ལ། བདག་གིས་མཆིས་བྲག་རྙེད་དེ་གཟུགས་མཛེས་ཤིང་བློ་ཕུན་སུམ་ཚོགས་པ་ཞིག་སྟེ་དེ་ནི་བདག་གི་སྦུ་ལ་འབབ་པ་ལགས་མོད་དེ་བླང་བར་བགྱིའམ། རྒྱལ་པོས་སྨྲས་པ། ང་མ་གཏོགས་པ་སུ་ཞིག་ཁྱོད་ཀྱི་ཐོག་ཏུ་འབབ་སྟེ་ཁྱོད་ནི་བློན་པོའི་མཆོག་གོ། །དེས་ན་དེ་མགུ་བར་འགྱུར་བ་དེ་ལྟ་བུའི་འབྱོར་པས་བླང་བར་བགྱིའོ། །ལྷ་དེ་ལྟར་འཚལ་ཞེས་སྨྲས་ནས་སྨན་ཆེན་པོའི་བློན་པོའི་ཚོགས་དང་བྲམ་ཟེ་དང་ཁྱིམ་བདག་དང་དཔུང་བཞི་པའི་ཚོགས་མང་པོས་བསྐོར་ནས་རི་འཁོར་ནགས་ཚང་ཚིང་ཅན་དུ་གྱོས་པོའི་ཁྱིམ་དུ་སོང་སྟེ་བག་མ་བླངས་ནས་རང་གི་གྲོང་དུ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་མགུར་སྤྱོད་པར་བྱེད་དོ། །དེའི་ཚེ་བྱང་ཕྱོགས་ནས་ཚོང་པ་ལྔ་བརྒྱ་ཞིག་ཟོང་དུ་རྟ་མང་པོ་ཁྱེར་ནས་ལུས་འཕགས་པའི་ལྗོངས་སུ་རྒྱལ་པོའི་སྐྱེད་པའི་དྲུང་དུ་ལྷགས་སོ། །གནས་དེར་སྨད་འཚོང་མ་གཟུགས་དང་སྒྱུ་རྩལ་དང་བསམ་པ་ལ་མཁས་པ་ལྔ་བརྒྱ་ཡོད་པས་ཚོང་པ་གང་ནས་འོང་བ་ཐམས་ཅད་ཀྱིས་རྫས་མེད་པར་བྱེད་པ་ཡིན་པས། དེར་ཡང་བྱང་ཕྱོགས་ཀྱི་ཚོང་པ་དེ་རྣམས་རེ་རེ་ལ་རིམ་གྲོ་བྱ་བར་ཁས་བླངས་ནས་དེ་རྣམས་དང་ལྷན་ཅིག་རྩེ་དགའ་ལ་གནས་པར་བྱེད་དོ། །ཚོང་པ་དེ་རྣམས་ཀྱི་དེད་དཔོན་བག་ཡོད་པ་ཞིག་གནས་པ་དེ་སྨད་འཚོང་མའི་གཙོ་མོ་དེས་འདོད་པས་ཀུན་སྤྱོད་སྣ་ཚོགས་བསྟན་ཀྱང་དེ་བགྱིད་དུ་མ་བཏུབ་བོ། །དེས་ཚོང་པ་དེ་རྣམས་ལ་བདག་དང་དེད་དཔོན་མཐུན་པའི་ཐབས་མཛོད་ཅེས་གསོལ་བ་བཏབ་པས་ཚོང་པ་རྣམས་དང་སྨད་འཚོང་མ་རྣམས་ཉིན་བཞིན་རྒྱུན་དུ་ཕེའུ་བྱས་ན་ཡང་ཚོང་དཔོན་དེ་བག་མེད་ཀྱི་དབང་དུ་མ་སོང་ངོ་། །དེ་ནས་སྨད་འཚོང་མ་དེ་རང་ཉིད་དེད་དཔོན་དང་ལྷན་ཅིག་བགད་པ་དང་ག་ཞ་བྱས་པ་དང་། ཚོང་དཔོན་ན་རེ། ང་ལ་འཁྲུལ་བར་བྱ་མི་ནུས་ན་ཅིའི་ཕྱིར་ཉོན་མོངས། དེས་སྨྲས་པ། གལ་ཏེ་འཁྲུལ་པར་བགྱིས་ན་ཤེས་ལྡན་གྱིས་ཅི་སྩལ། དེས་སྨྲས་པ་རྟའི་མཆོག་ལྔ་སྦྱིན་ནོ། །སྨད་འཚོང་ན་རེ། འོ་ན་འཁྲུལ་བར་བགྱིར་མ་བཏུབ་ན་སླད་ཀྱིས་ཀཱར་ཥ་པ་ཎ་མ་མཆིས་བཞིན་དུ་རྗེས་སུ་འཇུག་པར་འཚལ་ལོ། །དེ་གཉིས་དེ་ལྟར་སྐུགས་བཙུགས་ནས་འབད་དེ་ཉེ་བར་བརྩོན་པ་ལས་ཀྱང་མ་ནུས་སོ། །ཇི་ཙམ་ན་ཚོང་པ་དེ་རྣམས་ཀྱིས་སྨྲས་པ། དེད་དཔོན་གྲོང་ཁྱེར་གཙོ་མོ་སྨད་འཚོང་མ་བཞག་པ་ལས་སུས་མ་ཟུག་ན་འཇིག་རྟེན་གྱི་ཚུལ་གྱིས་ཤིག །དེད་དཔོན་དེས་དེ་རྣམས་ལ་སྨྲས་པ། གྲོགས་པོ་དག་མཚན་མོ་རྨི་ལམ་དེ་ལ་ཡོངས་སུ་སྤྱད་དོ། །དེ་ལྟར་ཚོང་པ་རྣམས་ཀྱིས་སྨད་འཚོང་གཙོ་མོ་ལ་སྨྲས་པ་དང་། དེས་རྒྱལ་པོའི་མི་རྣམས་བཤེས་སུ་གྱུར་པ་ལ་འཛིན་དུ་བཅུག་ནས་ཁྱོད་བདག་ལ་འདོད་པ་སྤྱད་ཀྱིས་རྟའི་མཆོག་ལྔ་བྱིན་ཅིག །དེད་དཔོན་གྱིས་ངན་པ་མོ་བརྫུན་དུ་སྨྲ་བ་ཟེར་ཞིང་དེ་གཉིས་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་ཉི་མ་ནུབ་ཀྱི་བར་དུ་ཤག་བཀྱེ་བ་ན། རྒྱལ་ཕམ་མ་འབྱེད་པས་ཞལ་ལྕེ་གཅོད་མ་ཤེས་པར་རྒྱལ་བློན་ཐམས་ཅད་སྐྱོ་བ་སྐྱེས་ཏེ་བཀྲེས་པས་ཉེན་ནས་ཕྱིས་དཔྱད་དོ་ཞེས་རང་རང་གི་ཁྱིམ་དུ་སོང་ངོ་། །སྨན་ཆེན་པོ་ལ་ས་གས་རྗེའི་སྲས་དེ་རིགས་ཅིའི་སླད་དུ་ཐོགས། དེས་ཞལ་ལྕེ་གཅད་པར་མ་ནུས་པའི་གཏམ་དེ་ལྟ་བུ་སྨྲས་པ་དང་། ས་ག་ན་རེ། ཁྱོད་རྟོག་པ་དང་སེལ་བ་ཕུན་སུམ་ཚོགས་པ་དེ་ལྟ་བུས་ཞལ་ལྕེ་དེ་གཅོད་པར་མ་ནུས་ན་སྐྱེས་པའི་ཚུལ་ཡིན་པ་ལྟ། སྨན་ཆེན་པོས་སྨྲས་པ། དེ་ལྟ་བུ་ཁྱོད་ཀྱིས་གཅད་ནུས་སམ། དེས་སྨྲས་པ། བདག་གི་བློའི་ནུས་པ་ལ་གཟིགས་དང་དེ་རྔོ་ཐོགས་ཏེ། གཤེགས་ལ་རྫིང་བུའི་འགྲམ་དུ་རྟའི་མཆོག་ལྔ་བཞག་ནས་གནས་དེར་རྒྱལ་བློན་རྣམས་ཀྱང་འདུས་ཏེ་དེ་གཉིས་ཤག་འགྱེད་དུ་ཆུག་ཅིག །གལ་ཏེ་སྨད་འཚོང་མས་གཉིས་ཀ་དངོས་སུ་འདོད་པ་སྤྱད་དོ་ཟེར་ན་རྟའི་མཆོག་ལྔ་ཁྱེར་ཅེས་གསུངས་ཤིག །འོ་ན་ཏེ་རྨི་ལམ་ན་འདོད་པ་སྤྱད་དོ་ཟེར་ན། རྟའི་གཟུགས་བརྙན་ཆུ་ན་ཡོད་པ་སྟོན་ལ་འདི་ཁྱེར་ཅེས་གསུངས་ཤིག །གལ་ཏེ་བླང་མི་རུང་བ་འདི་དག་གིས་ཅི་དགོས་ཟེར་ན། འདི་བཞིན་དུ་རྨི་ལམ་གྱི་འདོད་པ་སྤྱད་པ་ཡང་དེ་འདྲའོ་ཞེས་གསུངས་ཤིག །དེ་ཐོས་པས་སྨན་ཆེན་པོ་ཡ་མཚན་སྐྱེས་ནས། དེས་ཇི་ལྟར་སྨྲས་པ་ལྟར་ཞལ་ལྕེ་བཅད་པས་རྒྱལ་བློན་སོགས་ཐམས་ཅད་ཡ་མཚན་སྐྱེས་སོ། །རྒྱལ་པོས་སྨན་ཆེན་པོ་ལ་ཁར་སང་བདག་ཅག་རྣམས་དང་སྐྱེ་བོ་གཞན་དག་ཉོན་མོངས་པར་མི་འབྱུང་བར་ཁྱོད་ཀྱི་ཐབས་དེ་སུ་ལས་བྱུང་། དེས་སྨྲས་པ། འདི་ནི་ས་གའི་ཐབས་ལགས་སོ། །རྒྱལ་བློན་ཡུལ་མི་བཅས་པས་ཞིང་མཁན་གྱི་བུ་མོ་ས་ག་ནི་ཤིན་ཏུ་མཁས་ཤིང་བློ་དང་ལྡན་ནོ་ཞེས་བསྒྲགས་ཏེ་ཡུལ་ཐམས་ཅད་དུ་གྲགས་པར་གྱུར་ཏོ། །ཡང་བྱང་ཕྱོགས་ཀྱི་ཚོང་པ་ཞིག་གིས་རྒོད་མ་གཉིས་རྒྱལ་པོ་ལ་སྐྱེས་སུ་ཕུལ་ཏེ་ལྷ་འདི་དག་མ་སྨད་ལགས་ན་མ་དང་བུ་གང་ཡིན་པ་ནི་གཞན་གྱིས་མ་འ ཚལ་ཏོ་ཞེས་སྨྲས་པ་ལ། དེ་མ་ཤེས་ནས་སྨན་ཆེན་པོས་ས་ག་ལ་དྲིས་པ་དང་། གང་གི་སྤུ་གཤོར་བ་དེ་ནི་མའོ། །སྤུ་འཇམ་པ་ནི་བུའོ་ཞེས་སྨྲས་པས་རྒྱལ་པོ་ངོ་མཚར་དུ་གྱུར་ཏོ། །དེ་བཞིན་དུ་སྦྲུལ་ཁས་སྡིག་པ་ཞིག་གིས་སྦྲུལ་གཉིས་རྒྱལ་པོ་ལ་བསྟན་ཏེ་ཕོ་མོ་གང་ཡིན་པ་མ་ཤེས་པ་ལ། ཚུལ་དེ་ས་ག་ལ་སྨན་ཆེན་པོས་སྨྲས་པ་དང་། ས་ག་བགད་དེ་གང་དོན་འདི་ལྟ་བུ་ཡང་མི་རྟོགས་ན། རྒྱལ་པོ་དང་བློན་པོ་རྟོག་པ་དང་སེལ་བ་ཕུན་སུམ་ཚོགས་པས་བརྒྱན་པ་ལྟ་ཞིག །སྨན་ཆེན་པོ་ན་རེ། ཁྱོད་ཀྱིས་ཤེས་སམ། དེ་ནི་སླ་སྟེ་འོད་མའམ་སྙུག་མའི་རྩེ་མོ་རས་བལ་ལམ་བལ་གྱིས་དཀྲིས་ཏེ་སྦྲུལ་གྱི་རྒྱབ་ཏུ་རེག་ན། གང་རེག་པར་མི་བཟོད་པ་ཕོ་དང་བཟོད་པ་མོའོ་ཞེས་དང་། ལྷོ་ཕྱོགས་ན་ཚོང་པ་དག་གིས་ཙན་དན་གྱི་སྡོང་པོ་ཁྱེར་བ་དེའི་མགོ་མཇུག་མ་ཤེས་པ་ལ། ས་གས་རྫིང་བུའི་ནང་དུ་བོར་ན་རྩ་བ་ནི་འོག་ཏུ་འབྱིང་ངོ་ཞེས་དང་། ཡང་རྒྱལ་པོ་དེས་ནོར་བུ་རྟགས་པ་ལ་སུ་མཁས་ཤེས་པའི་ཆེད་དུ། ཁང་བརྩེགས་ཀྱི་རྩེར་རྒྱལ་མཚན་ལ་ནོར་བུ་བཏགས་ཏེ་དེའི་འོག་ན་ཡོད་པའི་རྫིང་བུ་ཞིག་ཡོད་པ་དེར་ནོར་བུའི་གཟུགས་བརྙན་དང་འོད་སྣང་བར་བྱས་ནས། ནོར་བུ་རིན་པོ་ཆེ་གང་གིས་ཤེས་པ་དེ་ལ་སྦྱིན་པ་དམ་པ་བསྟབས་སོ་ཞེས་སྨྲས་པས། བློན་པོ་གཞན་རྫིང་དེར་ཞུགས་ནས་འོང་བཟུང་བ་ལས་བླང་མ་ནུས་སོ། །ས་གས་སྨྲས་པ། སྟེང་དུ་ཁང་བརྩེགས་ལ་རྒྱལ་མཚན་གྱི་རྩེར་ནོར་བུ་བཏགས་པ་དེའི་མཐུས་གཟུགས་བརྙན་རྫིང་དུ་གདའ་མོད་ཀྱི། གང་དུ་ཞུགས་ལ་རྒྱལ་མཚན་གྱི་རྩེ་མོ་ལས་ནོར་བུ་བླང་བར་བྱའོ་ཞེས་སྨྲས་པ་ཐམས་ཅད་དེ་བཞིན་དུ་གྱུར་པས་དེ་མཁས་སོ་ཞེས་ཀུན་གྱིས་བསྟོད་དོ། །དེ་ནས་ས་གཟུགས་ཤིན་ཏུ་བཟང་པོ་དང་ལྡན་པར་བློན་པོ་དྲུག་གིས་མཐོང་ནས། ནོར་དང་གསེར་དངུལ་སོགས་ཀྱིས་བྲིད་དེ་ལྷན་ཅིག་ཕྲད་པར་བྱའོ་སྙམ་པ་ལས་མ་ཟུག་གོ། །དེ་ལྟར་རྒྱུན་དུ་འབད་པ་དང་སྨྲ་བ་ན། ས་གས་སྨན་ཆེན་པོ་ལ་ཁྱོད་ཀྱི་ཡུལ་ཆོས་ཀྱིས་བུད་མེད་གང་གཞོན་ཞིང་གཟུགས་བཟང་བ་དེ་གཞན་གྱི་སྐྱེས་པས་བསླུ་བ་དེ་ཅི་ལྟ་བུ་ཞིག །སྨན་ཆེན་པོས་སྨྲས་པ། འདི་ནི་ཐམས་ཅད་ཀྱི་ཆོས་ཏེ་སྐྱེས་པ་རྣམས་ནི་བུད་མེད་ཐམས་ཅད་ལ་དོན་དུ་གཉེར་མོད་ཀྱི། བུད་མེད་ཉིད་ཀྱིས་ཤེས་པར་བྱས་ཏེ། གལ་ཏེ་བུད་མེད་མཛངས་ན་དེ་བྱེད་དུ་མི་བཏུབ་བོ། །ས་གས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་བུ་ལ་ཅོ་འདྲི་བ་དང་གནོང་བ་ཞིག་བགྱིས་ན་ཉེན་དུ་མི་འགྱུར་གྲང་སྨན་ཆེན་པོས་སྨྲས་པ། བག་རྟོན་ལ་བྱོས་ཤིག །དེ་ནས་ས་གས་ཁྱེད་ཀྱིས་ནའོ་ཞེས་རྒྱུ་མཛོད་ཅིག་དང་དེ་ནས་ཐོ་བརྩམ་པར་བགྱིའོ། །སྨན་ཆེན་པོས་ན་བའི་ཁུལ་བྱས་ཏེ། ཕོ་ཉ་བཏང་ནས་འདི་ན་ཞིང་མི་བདེ་བས་རིམ་གྲོ་བྱེད་དོ་ཞེས་སོ་སོ་སྤྲིངས་ནས་ཤིང་ལ་སྨན་ཆེན་པོའི་གཟུགས་བགྱིས་ཐ་མལ་དུ་གོས་ཀྱིས་གཡོགས་ཏེ་བཞག་གོ། །ས་གས་བློན་པོ་དྲུག་པོ་ལ་སྨན་ཆེན་པོ་འདི་ནི་ན་བས་ཉམ་ཆུང་སྟེ། དུས་འདི་དང་འདིས་གཞན་གྱིས་མ་ཤེས་པར་བྱོན་ཅེས་བྱས་ནས་སྒྲོམ་ཆེན་པོ་དྲུག་བྱས་ཏེ་བཞག་གོ། །དེར་དུས་དུས་ན་དེ་དག་འོངས་པ་དང་སྐྲ་ཕྱིས་ནས་བཅིངས་ཏེ་སྒྲོམ་རེ་རེར་བཅུག་གོ། །ཕྱི་དེ་ཉིན་པར་སྨན་ཆེན་པོ་ཤིའོ་ཞེས་སྒྲ་བསྒྲགས་པས་བཙུན་མོའི་འཁོར་དང་སྐྱེ་བོའི་ཚོགས་ཕལ་ཆེར་ངུས་སོ། །ས་གས་སྒྲོམ་དྲུག་པོ་དེ་རྒྱལ་པོ་སྐྱེད་པའི་དྲུང་དུ་ཁྱེར་ཏེ། ལྷ་སྨན་ཆེན་པོ་ནི་དུས་ལས་འདས་ལ་དེའི་ནོར་དབྱིག་དང་གསེར་དང་རིན་པོ་ཆེ་ལ་སོགས་པ་དེ་དག་དེ་ཉིད་ཀྱིས་རྒྱས་བཏབ་པ་འདི་དག་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོས་དེ་དེ་རིང་ཤི་ནས་དེང་ཉིད་ལ་འདི་ཕུལ་ལོ་ཞེས་མྱ་ངན་བྱེད་དོ། །དེའི་སྐབས་སུ་སྨན་ཆེན་པོ་ཉིད་མེ་ཏོག་གིས་བརྒྱན་ཞིང་གནས་གཞན་ཞིག་ནས་རྒྱལ་པོའི་དྲུང་དུ་ཕྱིན་དེ་ཕྱག་འཚལ་ནས་སྨྲས་པ། ལྷས་བདག་གདུགས་འགའ་ཡང་བྱམས་པས་མ་བཟུང་སྟེ། དེང་ཉིད་དུ་སྡུམ་པ་རྒྱལ་པོས་བཞེས་ལགས་སམ། ངས་མ་བླངས་ཀྱང་ཁྱོད་ཉིད་ཀྱི་ཁྱིམ་ནས་ཁྱེར་ཏེ་འོངས་སོ། །ས་གས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་སྨན་ཆེན་ནི། །འདི་ནས་འཇིག་རྟེན་ཕ་རོལ་མཆིས། །དེ་ཡི་རིན་ཆེན་འདི་རྣམས་ལགས། །དེ་དག་མི་དབང་བཞེས་སུ་གསོལ། །རྒྱལ་ཆེན་བདག་ནི་ཡུགས་ས་ཏེ། །ཁྱིམ་ཐབ་དང་ནི་བྲལ་བས་ན། །བདག་ལ་བརྙས་པ་བགྱིས་ནས་ལགས། །བདག་ལས་ནོར་ནི་འཕྲོགས་སུ་མཆི། །དེ་ནས་སྨན་ཆེན་པོས་བློན་པོའི་མཆོག་རྣམས་ཀྱི་བློ་ཡི་དཔྱོད་པའི་ལེགས་པ་ཡང་བསྟན་ནོ། །རྒྱལ་པོ་སྐྱེད་པས་ཀྱང་སྒྲོམ་དེར་བལྟས་ན་སྐྲ་དང་ཁ་སྤུ་བྲེགས་ནས་རྐང་ལག་བསྐུམས་པའི་བློན་པོ་དྲུག་མཐོང་ནས་བགད་དེ་སྨྲས་པ། སྨན་ཆེན་པོ་ཐབས་འདི་སུའི་ཡིན། དེས་ས་གའི་འོ་ཞེས་ཐམས་ཅད་རྒྱས་པར་སྨྲས་སོ། །རྒྱལ་པོས་བསམས་པ་ཀྱེ་མ་བུད་མེད་ཀྱི་བློ་གྲོས་དེས་བློན་པོའི་མཆོག་འདི་དག་ལ་འདི་ལྟར་ཅོ་དྲིས་སོ་སྙམ་དུ་མགུ་ནས་དེ་བཀུར་བ་ཆེར་བྱས་སོ། །ཡུལ་ཐམས་ཅད་དུ་ཡང་ཞིང་མཁན་གྱི་བུ་མོ་ས་གའི་བློ་མཚར་རོ་ཞེས་གྲགས་སོ། །དེ་ནས་རྒྱལ་པོས་སྨན་ཆེན་པོ་བསོད་ནམས་དང་ལྡན་པས་འདི་ལྟ་བུའི་མཁས་ཤིང་མཛངས་པའི་ཆུང་མ་བློ་དང་ལྡན་པ་རྙེད་དོ་སྙམ་ཞིང་སྨན་ཆེན་པོ་ལ་སྨྲས་པ། གལ་ཏེ་ཁྱོད་དགའ་བ་ལྟ་ན་ང་ལ་ཡང་འདི་ལྟ་བུའི་ཆུང་མ་བློ་དང་ལྡན་པ་ཞིག་བཙས་ཏེ་བླངས་ན། ཁྱིམ་དང་ཕྱི་རོལ་གྱི་རྒྱལ་པོ་དོན་བདེ་བར་གནས་སོ། །སྨན་ཆེན་པོས་སྨྲས་པ། གང་ནས་བཙལ་བར་བགྱི། རྒྱལ་པོས་སྨྲས་པ། ལྔ་ལེན་གྱི་རྒྱལ་པོའི་བུ་མོ་སྨན་ལྡན་ཞེས་བྱ་བ་གཟུགས་བཟང་ཞིང་བློ་དང་དྲན་པ་དང་ལྡན་པ་ས་ག་ཇི་འདྲ་བ་ཡོད་ཅེས་ཐོས་པས་དེ་ལོངས་ཤིག་སྨན་ཆེན་པོས་སྨྲས་པ། འདི་ལ་ཐབས་ཞིག་བགྱི་དགོས་ཀྱི་རྒྱལ་པོ་དེ་ཡང་ལྷའི་མཚམས་ལས་གཞན་པ་དགྲ་ཟླར་གྲགས་པའོ། །དེ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་བུ་མོ་བསླངས་པ་དང་ལྔ་ལེན་གྱི་རྒྱལ་པོས་བློན་པོ་རྣམས་དང་བགྲོས་ཏེ་རེ་ཞིག་སྦྱིན་པར་ཆད་བྱས་ཤིང་དུས་ཚེས་འདི་ལ་ཤོག་ཅེས་སྨྲས་ནས། བཟའ་བཏུང་སྣ་ཚོགས་དུག་དང་བསྲེས་པ་སྟ་གོན་བྱས་སོ། སྨན་ཆེན་པོས་རྒྱལ་པོ་སྐྱེད་པ་ལ་ལྷ་རེ་ཞིག་བརྟག་དགོས་སོ། །རྒྱལ་པོས་སུ་རྟོག་ཏུ་བཏང་། སྨན་ཆེན་པོས་བདག་ལ་ནེ་ཙོ་སྤྱོད་གསལ་ཞེས་པ་ཤིན་ཏུ་བློ་གསལ་བ་ཞིག་ཡོད་པ་དེ་གཏོང་ཞེས་བྱས་ཏེ་དེ་མངགས་པ་དང་། དེས་སུ་ལ་བཅར་ཏེ་གཏམ་བྱ་སྙམ་དུ་སོང་བ་དང་སུ་ཡང་མ་མཐོང་ན་རྒྱལ་པོའི་ཕོ་བྲང་དུ་ཞུགས་པས་གདུང་གི་བར་ན་རི་སྐེག་མོ་ཞིག་འདུག་པའི་དྲུང་དུ་སོང་སྟེ། ཕན་ཚུན་དགའ་བར་བྱས་ནས་བདག་ནི་བྱང་ཕྱོགས་རྒྱལ་པོ་ཤི་བི་བའི་སྐྱེད་ཚལ་སྲུང་བ་ཡིན་ཏེ། བདག་ལ་ཆུང་མ་ཡིད་དུ་འོང་བའི་རེ་སྐེག་མོ་ཞིག་ཡོད་པ་ཁྲས་ཁྱེར་བའི་མྱ་ངན་གྱི་ཁོ་བོ་ཀུན་ཏུ་འཁྱམས་ཏེ་འདིར་འོངས་སོ། །ཁྱོད་བདག་གི་ཆུང་མ་མི་རུང་ངམ། རི་སྐེག་མོས་སྨྲས་པ། ནེ་ཙོའི་ཆུང་མ་ནེ་ཚོ་ཡིན་གྱི་རེ་སྐེག་མོ་ཡིན་པར་མ་ཐོས་སོ། །དེ་ནས་དེ་གཉིས་བག་ཕེབ་པར་སྨྲ་ཞིང་རྩེ་དགའ་བ་བྱས་ནས་ཁ་ཟས་སྣ་ཚོགས་བྱེད་པ་འདི་དག་ལས་བདག་གིས་ཅུང་ཐོབ་བམ་ཞེས་དྲིས་པ་དང་། ཁ་ཟས་འདི་དག་དུག་གིས་བསྲེས་པའོ་ཞེས་སྨྲས་སོ། །ནེ་ཙོ་ན་རེ་ལྔ་ལེན་གྱི་བུ་མོ་རྒྱལ་པོ་སྐྱེད་པ་ལ་བྱིན་ཞེས་ཐོས་ན་བདེན་ནམ། རི་སྐེག་མོ་ན་རེ། དེས་སེམས་དག་པས་མ་བྱིན་ཏེ་གཡོ་ཐབས་ཀྱིས་གསད་པར་བརྩོན་པར་བྱེད་དོ། །དེ་ཐོས་ནས་ནེ་ཙོ་དང་རི་སྐེད་ཕན་ཚུན་འཇམ་པོར་སྨྲ་བ་བྱས་ཏེ་ནེ་ཙོས་དོན་དེ་ཐམས་ཅད་སྨན་ཆེན་པོ་ལ་བཤད་པས་རེ་ཞིག་མ་སོང་བ་ལ། ལྔ་ལེན་གྱི་རྒྱལ་པོས་མི་འོང་བར་ཤེས་ནས་དཔུང་བཞི་བཤམས་ཏེ། རྒྱལ་པོ་སྐྱེད་པའི་ཕོ་བྲང་བསྐོར་བར་བྱས་པ་དང་། སྨན་ཆེན་པོས་བསམས་པ་འདི་དང་ལྷན་ཅིག་འཐབ་མོ་འགྱེད་པར་ཡང་མི་ནུས་པས་དབྱིན་གྱི་ཐབས་ཞིག་བྱའོ་བསམས་ཏེ། ལྔ་ལེན་གྱི་རྒྱལ་པོ་བློན་པོ་ལྔ་བརྒྱ་ལ་རྣམ་པ་སྣ་ཚོགས་པའི་སྐྱེས་བསྐུར་ཏེ་དབྱེན་བྱས་སོ། །དབྱེན་བྱས་ཚར་བ་དང་ལྔ་ལེན་གྱི་རྒྱལ་པོ་ལ་རྒྱལ་པོ་སྐྱེད་པས་ཕོ་ཉ་བཏང་སྟེ། ཁོ་བོ་ཁྱོད་ལ་རྒོལ་མི་ནུས་པ་མིན་ཀྱང་ཁྱོད་དང་ཁོ་བོ་གཉེན་ཏེ་ཁྱོད་གྱོས་པོ་ཡིན་པས་མི་རྒོལ་ཏོ། །འོན་ཀྱང་ཁྱོད་ངའི་ལག་ཏུ་འཚོའམ་གཤིན་པ་ནི་ཤིན་ཏུ་རིགས་པར་གྱིས་ཤིག །ངེད་ཀྱིས་ནུས་པར་གྱུར་ཀྱང་ཁྱོད་ལ་མི་བརྒལ་ཏེ། གལ་ཏེ་ཐེ་ཚོམ་ཟ་ན་སྐྱེས་འདི་དང་འདི་དག་ནི་བློན་པོ་ཆེ་གེ་མོ་འདི་དང་འདི་དག་ལ་བསྐུར་བ་བརྟག་པར་བྱོས་ཤིག་ཅེས་སྤྲིངས་པ་ལས། བློན་པོ་རྣམས་སྐྱེས་དང་བཅས་པར་བཟུང་ནས་ལྔ་ལེན་གྱི་རྒྱལ་པོ་དེའི་ནུབ་མོ་རང་གི་ཡུལ་དུ་ལོག་སྟེ་བློན་པོ་ལྔ་བརྒྱ་པོ་བསད་ཅིང་དེ་དག་གི་བུ་རྣམས་བློན་པོར་བཅུག་པ་བདེན་ནོ་ཞེས་པའི་གཏམ་ཐོས་པས་རྒྱལ་པོ་སྐྱེད་པ་དགའ་བར་གྱུར་ཏོ། །སྨན་ཆེན་པོས་ཀྱང་དེ་ཐོས་ནས་དགའ་སྟེ་བདག་གིས་བུ་མོ་དེ་ཐོབ་བམ་མི་ཐོབ་བརྟག་སྙམ་དུ་དཔུང་གི་ཚོགས་དང་བཅས་ནས་ལྔ་ལན་གྱི་རྒྱལ་པོའི་ཡུལ་དུ་སོང་བ། རྒྱལ་པོ་དེས་གྲོང་ཁྱེར་གྱི་ནང་དུ་ཤོག་ཅེས་སྨྲས་པ་དང་། དེས་བདག་སྐྱེད་ཚལ་འདིར་འདུག་སྟེ། ཅི་སྟེ་ངེས་པར་ནང་དུ་འོང་དགོས་ནབློན་པོ་ཆེ་གེ་མོ་ཞིག་གི་ཁྱིམ་དུ་མཆི་བར་འཚལ་ལོ་ཞེས་སྨྲས་པས་ལྔ་ལེན་གྱི་རྒྱལ་པོ་བག་ཚ་སྟེ། ཅིའི་ཕྱིར་འདི་སྐད་སྨྲ། རེ་ཞིག་བདག་དང་བློན་པོ་རྣམས་དབྱེ་ན་བྱེད་དོ་སྙམ་དུ། དེ་ལྟར་དགའ་ན་དེར་སྡོད་ཅེས་སྤྲིངས་སོ། །དེའི་བློན་པོ་རྣམས་བགྲོས་ནས་བདག་ཅག་གི་ཕ་ཆུད་གཟན་པ་དེ་ཐམས་ཅད་སྨན་ཆེན་པོའི་བློ་གྲོས་ཡིན་པས་བདག་ཅག་གིས་སྔོན་གྱི་འཁོན་རྗེས་སུ་དྲན་སྟེ་རྒྱལ་པོ་ལ་དེ་བཞིན་གལ་གྱིས་གཅུས་ལ་འདི་ཕྱིར་མི་བཏང་བར་བྱའོ་སྙམ་དུ་རྒྱལ་པོ་ལ་སྨྲས་པ། འདི་ཐམས་ཅད་སྨན་ཆེན་པོ་དེའི་ཡིན་ཏེ་རྒྱལ་པོ་སྐྱེད་པ་ནི་ཕ་རོལ་ལ་གནོད་མི་ནུས་པ་ཡིན་པས་འདི་འདི་ན་འདུག་པའི་ཚེ་བདག་ཅག་གིས་རྒྱལ་པོ་སྐྱེད་པའི་དྲུང་དུ་མཆིས་ནས་དེ་ཕབ་པར་བྱའོ། །རྒྱལ་པོས་ཀྱང་དེ་ལེགས་སོ་ཞེས་དཔུང་གི་ཚོགས་བཞི་དང་བཅས་ཏེ་རྒྱལ་པོ་སྐྱེད་པའི་ཕོ་བྲང་དུ་སོང་ངོ་། །རྒྱལ་པོ་སྐྱེད་པས་དམག་སྟ་གོན་བྱས་སོ། །སྨན་ཆེན་པོས་ལྔ་ལེན་གྱི་རྒྱལ་པོ་ལམ་གང་ནས་རྒྱལ་པོ་སྐྱེད་པའི་ཡུལ་དུ་སོང་བར་ཤེས་ནས། དེར་ཅུང་ཟད་འདུག་སྟེ་ཕྱོགས་གང་ན་རྒྱལ་པོའི་མཛོད་དང་བུ་མོ་སྨན་ལྡན་ཡོད་པར་ཤེས་ནས་འཁོར་ནང་མ་རྣམས་ཁྲིད་དེ་དེར་ཞུགས་ཤིང་རྒྱལ་པོའི་མཛོད་ལས་དབྱིག་དང་ནོར་རྣམས་དང་བུ་མོ་བླངས་ཏེ་སླར་དཔུང་གི་ཚོགས་དང་བཅས་པ་ལམ་གཞན་ནས་རང་ཡུལ་དུ་འོངས་སོ། །རྒྱལ་པོ་འཁོར་བཅས་དགའ་ནས་རི་མོར་བྱ་བ་མང་པོ་བྱས་སོ། །ལྔ་ལེན་གྱི་བློན་པོ་མཆོག་གིས་སྨན་ཆེན་པོས་བུ་མོ་དང་མཛོད་ཁྱེར་བ་སྒྲན་པས་ལྔ་ལེན་གྱི་རྒྱལ་པོ་འཁོར་བཅས་ཕྱིར་རང་གི་ཡུལ་དུ་སོང་ངོ་། །རྒྱལ་པོ་སྐྱེད་པ་ལྔ་ལེན་གྱི་བུ་མོ་སྨན་ལྡན་དང་ལྷན་ཅིག་རྩེ་ཞིང་དགའ་བར་བྱེད་དོ། །དེར་ལྔ་ལེན་གྱི་རྒྱལ་པོས་བུ་མོ་སྨན་ལྡན་ལ་འདི་ལྟ་བུའི་ཐབས་སུས་བྱས་སོགས་རྟོགས་ལ་ཡི་གེ་སྐུར་ཅིག་ཅེས་བྱས་པ་ལ། དེས་བརྟགས་ནས་སྨན་ཆེན་པོའི་ནེ་ཙོ་སྤྱོད་གསལ་ཞེས་པ་མི་སྐད་སྨྲ་བ་དེས་བྱས་སོ་ཞེས་སྤྲིངས་པ་དང་། ནེ་ཙོ་སྤྱོད་གསལ་འདིར་ཐོང་ཞེས་སྤྲིངས་པ་ལྟར་དེས་འབད་པས་རྙིས་བཟུང་སྟེ་དེ་ལ་བསྐུར་རོ། །དེ་ལ་རྒྱལ་པོ་དེ་ཁྲོ་བས་རྣམ་པ་དུ་མར་སྤྱོས་ཏེ། འདི་སོད་ཅིག་ཅེས་བསྒོའོ། །དེ་ནས་ནེ་ཙོ་སྤྱོད་གསལ་གྱིས་རྒྱལ་པོའི་རྐང་པ་ལ་གཏུགས་ཏེ་གསོལ་བ། ལྷ་བདག་གི་ཕ་དང་མེས་པོ་ཇི་ལྟར་འགུམ་པ་དེ་ལྟར་དགུམ་པར་ཅི་གནང་། དེས་ཀྱང་དེ་བཞིན་དུ་གསད་པར་གནང་སྟེ་ཕ་མེས་ཇི་ལྟར་བསད་ཅེས་དྲིས་པ་ལྟར་རས་བལ་གྱིས་མཇུག་མ་དཀྲིས་ཤིང་མར་གྱིས་བསྐུས་ནས་བསྲེགས་ཏེ་བཏང་བ་དང་། དེ་འཕུར་ནས་རྒྱལ་པོའི་ཕོ་བྲང་འབར་བར་བྱས་ཏེ་ཚུལ་ཞུགས་སོ། །དེ་སླར་རྒྱལ་པོ་སྐྱེད་པའི་དྲུང་དུ་སོང་བ་དང་སྨན་ཆེན་པོས་ཀྱང་དྲིས་པ་ན་ཇི་ལྟར་གྱུར་པ་སྨྲས་པས་མགུ་བར་གྱུར་ཏོ། །ལྔ་ལེན་གྱི་རྒྱལ་པོས་ཡི་གེ་བསྐུར་ཏེ། དེས་འདི་ལྟ་བུར་གནོད་པ་བྱས་པས་ངེས་པར་སླར་ཐོངས་ཤིག་ཅེས་བུ་མོ་ལ་སྤྲིངས་པ་དང་། དེས་བཟུང་སྟེ་ཡང་བསྐུར་རོ། །ལྔ་ལེན་གྱི་རྒྱལ་པོ་ཁྲོས་ནས་ནེ་ཙོ་དེའི་སྤུ་རིས་ཕྱི་བརབྱས་ལ་ཤའི་རིལ་བུ་ཉིད་ལྟ་བུར་བཞག་སྟེ་འགྲོ་ན་ད་སོངས་ཤིག་ཅེས་ཕྱིར་རོལ་དུ་བོར་བ་དང་དེ་ཁྲས་ཁྱེར་རོ། །དེས་ཁྲ་ལ་གསོལ་བ་བཏབ་པ་ཁོ་བོ་ཟོས་ན་ཉིན་གཅིག་གི་ཟས་སུ་ཟད་ལ། ཁོ་བོ་བཏང་ན་ཉིན་གཅིག་བཞིན་དུ་ཅི་ལྟ་བུའི་དགོས་པ་དང་བཟའ་བ་མང་པོ་དག་སྦྱར་རོ་ཞེས་བྱས་པ་ལ། དེ་ཡིད་ཆེས་ཤིང་མནའ་བོར་ནས་བཏང་ངོ་། །ནེ་ཙོས་ཁྲ་ལ་སྨྲས་པ། ཕྱོགས་ཆེ་གེ་མོ་ན་རྒྱལ་པོའི་གཙུག་ལག་ཁང་ཡོད་པ་དེར་ཞོག །དེས་དེ་བཞིན་བྱས་པ་དང་། དེ་གཙུག་ལག་ཁང་དུ་སོང་སྟེ་བུ་ག་ཞིག་ཏུ་ཞུགས་ནས་བསྡད་པ་དང་། ཕྱི་དེ་ཉིན་བྲམ་ཟེ་རྣམས་ལྷ་མཆོད་པའི་ཕྱིར་ལྷགས་ཏེ་ལྷ་རྣམས་ཀྱི་དྲི་མ་ཕྱི་ཞིང་མེ་ཏོག་དང་བདུག་པ་གཏོར་མ་སོགས་འབུལ་བར་བརྩོན་པ་ན། ནེ་ཙོ་སྤྱོད་གསལ་གྱི་ལུས་མི་མངོན་པར་སྨྲས་པ། ཀྱེ་བྲམ་ཟེ་རྣམས། ལྔ་ལེན་གྱི་རྒྱལ་པོ་སྡིག་པ་ཅན་ལ་ངའི་ཚིག་འདི་བརྗོད་ཅིག །ཅེས་པ་འདི་དང་འདི་ལྟ་བུ་བྱས་པ་དེ་ནི་ངས་གནོད་པ་བྱས་པ་ཡིན་ནོ། །གལ་ཏེ་ངའི་ཚིག་བཞིན་མ་བྱས་ན་ཕྱིར་ཡང་གནོད་པ་བྱའོ། །ཇི་ལྟར་ན་རེ་ཞིག་ཉིན་རེ་བཞིན་ཤ་རྗེན་དམར་པོ་དང་ཏིལ་དང་འབྲས་ཐུག་པོ་ཆེ་བྲེ་ཆུང་གང་གི་ལྷ་བཤོས་བྱོས་དང་། དེ་ནས་ཕྱིས་བསམ་པར་བྱའོ་ཞེས་སྨྲས་པ། བྲམ་ཟེ་རྣམས་ཀྱིས་ལྔ་ལེན་གྱི་རྒྱལ་པོ་ལ་གོ་བར་བྱས་པས། རྒྱལ་པོས་ཀྱང་ཉིན་གཅིག་བཞིན་དུ་དེར་རྒྱལ་བློན་དང་མདུན་ན་འདོན་རྣམས་འོངས་ནས། གཏོར་མ་བྱ་བ་ལ་ཞུགས་ཏེ་ལྷ་ལ་གནང་ངམ་མི་གནང་གསོལ་བ་བཏབ་པ་དང་དེ་བཞིན་དུ་བྱའོ་ཞེས་བྱས་སོ། །དེ་ལྟར་དུས་རིང་ཙམ་ལོན་ནས་ནེ་ཙོ་དེའི་གཤོག་པ་སྐྱེས་ཏེ་འཕུར་ནུས་པ་ན། ཡང་འགྲོ་བའི་བློ་སྐྱེས་ཏེ་སྨྲས་པ། འདི་ལྟར་ང་ལ་གང་ཁྱོད་ཀྱི་དཔུང་དང་ལྷ་མོ་དང་གཞོན་ནུ་དང་བློན་པོ་རྣམས་ལྷན་ཅིག་ཏུ་མགོ་གཏུན་བཞིན་བྲེགས་ལ་ངའི་དྲུང་དུ་ཤོག་ཅིག་དང་། དེ་ནས་བཟོད་ཅིང་གནང་བར་བྱའོ། །དེ་རྒྱལ་པོ་ལ་ཁོང་དུ་ཆུད་པར་བྱས་པ་དང་། དེ་ལྟར་རྒྱལ་པོ་འཁོར་བཅས་ཀྱི་མགོའི་སྐྲ་བྲེགས་ནས་གཏུན་བཞིན་དུ་ལྷ་ཁང་དུ་སོང་སྟེ་བཟོད་པར་གསོལ་བ་དང་། །ནེ་ཙོ་དེས་ནམ་མཁའ་ལ་འཕུར་ནས་སྨྲས་པ། བྱེད་པ་ལ་ནི་སླར་བྱས་ཏེ། །ཕྱི་བས་སླ་ནི་ཕྱི་ལ་ལྟོས། །འདིར་ནི་གཅིག་པུ་ཕྱི་བ་ཡིས། །བཙུན་མོ་ཀུན་ཀྱང་ལེགས་པར་ཕྱི། །ཞེས་སྨྲས་ཏེ་འཕུར་ནས་སྨན་ཆེན་པོའི་དྲུང་དུ་ཕྱིན་པ་དང་། སྤྱོད་གསལ་རིང་ཞིག་ཏུ་མ་མཐོང་ན་གང་ནས་ཕྱིན་ཅེས་དྲིས་པ་དང་། དེས་ཇི་ལྟར་ཐབས་བྱས་པ་རྣམས་རྒྱ་ཆེར་བརྗོད་པས་སྨན་ཆེན་པོ་མགུ་ནས་རྒྱལ་པོ་སྐྱེད་པ་ལ་སྨྲས་པ་དང་། རྒྱལ་པོ་ཡང་མཆོག་ཏུ་དགའ་ནས། ཨེ་མའོ་འདི་ལྟར་ཁྱེད་ནི་མཁས་པ་ཤ་སྟག་དང་འཕྲད་པ་བསོད་ནམས་དང་ལྡན་ནོ་ཞེས་སྨྲས་སོ། །དེ་ནས་དུས་ཕྱི་ཞིག་ན་བློན་པོ་རྣམས་ལ། གང་རབ་ཏུ་མཁས་པ་ཉམས་སད་པར་བྱའོ་སྙམ་དུ་དེ་དག་བོས་ཏེ་ཁྱི་རེ་རེ་བྱིན་ནས་འདི་དག་དུས་འདི་ཙམ་ན་མི་སྐད་དུ་སྨྲ་བར་གྱིས་ཞེས་སྨྲས་ཏེ་དེ་དག་གིས་སོ་སོའི་ཁྱིམ་དུ་ཁྲིད་དེ་སོང་ངོ་། །དེར་སློབ་དཔོན་གཞན་རྣམས་ཁྱི་དེ་དག་གསོ་བར་ཤེས་ཀྱི་མི་སྐད་སྨྲ་བར་བྱེད་པ་མི་ཤེས་སོ། །སྨན་ཆེན་པོས་ཁྱིམ་དུ་ཁྱི་དེ་ཁྲིད་ནས་ཁྲི་ལས་མི་རིང་བ་ཞིག་ཏུ་ཕུར་པ་ལ་བཏགས་ཏེ་བཞག་གོ། །ནམ་སྨན་ཆེན་པོའི་ཁ་ཟས་དྲངས་ནས་བཟའ་བཅས་སྣ་ཚོགས་ཟ་བར་མཐོང་ཡང་ཁྱི་དེས་ལེན་མ་ནུས་སོ། །དེ་ནས་ངན་པ་ཅུང་ཟད་རེ་བྱིན་ནས་ཤི་མ་སོས་ཙམ་དུ་ཉམ་ཆུང་ལ་རིད་པར་གྱུར་ཏོ། །རྒྱལ་པོས་ཁྱི་དེ་རྣམས་མི་སྐད་ལོབས་སམ་མ་ལོབས་བལྟ་ཡིས་ཁྲིད་དེ་ཤོག་ཅེས་བསྒོ་བ་དང་། གཞན་དག་གི་ཁྱི་རྣམས་ནི་ཚོ་ལ་སྐད་བསླབས་མ་ནུས་སོ། །སྨན་ཆེན་པོའི་ཁྱི་དེ་སྐེམས་ཤིང་རིད་པར་མཐོང་ནས་འདི་ཅིའི་ཕྱིར་རིད་ཅེས་དྲིས་པ་ལ། སྨན་ཆེན་པོས་ལྷ་བདག་གིས་ཅི་ཟོས་ཅི་འཚལ་བ་དེ་བཞིན་ཁྱི་འདི་ལ་སྩལ་ཏོ་ཞེས་སྨྲས་པ་དང་། ཁྱི་དེས་སྨྲས་པ། ལྷ་འདི་ནི་རྫུན་ཏེ་བདག་ལྟོགས་ཏེ་དེའུ་བསྐུམ་མོ། །དེ་ནས་སྨན་ཆེན་པོས་བདག་གིས་འདི་ལྟར་འདི་མི་སྐད་སྨྲ་བར་བགྱིས་སོ་ཞེས་གསོལ་བས་རྒྱལ་པོ་དགྱེས་པར་གྱུར་ཏོ། །དེ་ནས་ཡང་དུས་ཞིག་ན་ཉམས་སད་པར་འདོད་ནས་བློན་པོ་ལྔ་བརྒྱ་པོ་ཐམས་ཅད་ལ་ལུག་རེ་རེ་གཏད་དེ་ལུག་འདི་རྣམས་ལ་ཁྱེད་ཀྱིས་བཟའ་བཏུང་ཞིམ་པོ་བྱིན་ལ་ཚིལ་མེད་ལ་མཐུ་དང་ལྡན་པར་བྱོས་ཞེས་བསྒོའོ། །བློན་པོ་ལྔ་བརྒྱ་པོ་ཐབས་མི་མཁས་པས་དེ་དག་གསོས་ཏེ་ཚོན་པོར་བྱས་སོ། །སྨན་ཆེན་པོས་བཟའ་བ་ཞིམ་པོ་མདུན་དུ་བཞག་ནས་ཤིང་ལ་སྤྱང་གུའི་གཟུགས་གཅིག་བྱས་ཏེ་ལུག་གི་མདུན་དུ་བཞག་པས་དེ་མཐོང་བས་སྐྲག་སྟེ་ཚིལ་ནི་མ་སྐྱེས་ཞིང་མཐུ་དང་ལྡན་པར་གྱུར་ཏོ། །དེ་ཐམས་ཅད་ལ་བལྟས་ན་གཞན་ཀུན་མདོག་དང་ལྡན་ཞིང་ཚིལ་ཆེ་ལ། སྨན་ཆེན་པོ་ཁོ་ནའི་ལུག་ཚིལ་མེད་ཀྱང་མཐུ་དང་ལྡན་པར་མཐོང་ནས་དགའ་སྟེ་འདི་འཛངས་སོ་ཞེས་བསྔགས་སོ། །དེ་ནས་དུས་ཞིག་ན་གང་མཁས་པ་བག མ་སྙམ་དུ་བློན་པོའི་བུ་ལྔ་བརྒྱ་པོ་སྐྱེད་ཚལ་དུ་འདུས་ནས་ཟ་ཞིང་འཁོད་པ་ལས། སུ་གང་གིས་ངོ་མཚར་བའི་གཏམ་དང་སོ་སོའི་ཁྱིམ་ན་ཡ་མཚན་པ་ཅི་ཡོད་ཅེས་གླེང་བའི་སྐབས་སུ་སོ་སོས་ཅི་ཐོས་པ་དང་ཁྱིམ་ན་ཡོད་པ་ཅི་རིགས་པར་སྨྲས་སོ། །དེར་སྨན་ཆེན་པོའི་བུ་ལ་དྲིས་པ་དང་། བདག་གི་ཁྱིམ་ན་རྡོ་ཞིག་ཀ་རྟེན་དུ་ཡོད་པ་དེ་ཆུའི་སྟེང་དུ་བཞག་ན་ཕན་ཚུན་འཕྱོ་ཞིང་ཉུག་ལ་མཉེ་བ་སོགས་ཀྱི་ལས་བྱེད་པ་ཡོད་དེ་དེ་ལྟ་བུ་གཞན་སུ་ལ་ཡང་མེད་དོ་ཞེས་སྨྲས་པ་དང་། གཞན་དག་གིས་དེ་འདྲ་ཐོས་མཐོང་མ་མྱོང་བས་མི་སྲིད་ཟེར་ཞིང་། གསེར་གྱི་དོང་ཙེ་ལྔ་བརྒྱའི་རྒྱལ་བྱེད་པར་ཆད་དོ། གཞོན་ནུ་དེས་རང་གི་ཕ་སྨན་ཆེན་པོ་ལ་དེ་ལྟར་རྒྱལ་བྱས་སོ་ཞེས་སྨྲས་པ་དང་། དེས་སྨྲས་པ་བུ་མ་བསྟན་ཅིག་ཅེས་དེ་དག་ལྷགས་ཀྱང་མ་བསྟན་པར་གསེར་གྱི་དོང་ཙེ་ལྔ་བརྒྱ་རྒྱལ་དུ་བྱིན་ཏོ། །དེ་ནས་སྨན་ཆེན་པོས་སྤྲེའུ་རྣམས་བཟུང་སྟེ་རོལ་མོ་བསླབས་ནས། བུ་ལ་སྨྲས་པ། ད་ནི་སོང་ལ་དེ་རྣམས་ཀྱི་ནང་དུ་སྔར་གཏམ་གླེང་ལ་སུའི་ཁྱིམ་ན་ངོ་མཚར་བ་ཅི་ཡོད་སྨྲོས་ཞེས་བྱོས་ལ་བདག་གི་ཁྱིམ་ན་སྤྲེའུ་རོལ་མོ་བྱེད་པ་གླུ་གར་ལ་མཁས་པ་ཡོད་དོ་ཞེས་བརྗོད་ཅིག་ཅེས་བྱས་པ་དང་། གཞན་དག་གིས་དེ་མ་ཐོས་སོ། །དེས་སྨྲས་པ། བདག་གིས་བསྟན་ན་ཅི་སྦྱིན་གསེར་གྱི་དོང་ཙེ་སྟོང་སྦྱིན་ཏོ། །བསྟན་ཏུ་མེད་ན་ཚུར་གསེར་གྱིི་དོང་ཙེ་སྟོང་དགོས་སོ་ཞེས་བྱས་སོ། །དེས་སྤྲེའུ་ཁྲིད་དེ་རྒྱལ་པོའི་ཕོ་བྲང་དུ་སོང་བ་དང་། རྒྱལ་པོའི་མདུན་དུ་སྤྲེའུ་རྣམས་ཀྱིས་རྔ་བརྡུང་ཞིང་གླུ་གར་བྱས་པས་གཞན་རྣམས་ཀྱིས་གསེར་གྱི་དོང་ཙེ་སྟོང་བྱིན། རྒྱལ་པོས་ངོ་མཚར་དུ་བཟུང་ངོ་། །དེ་ནས་རྒྱལ་བློན་ཡུལ་མི་ཐམས་ཅད་ཀྱིས་སྨན་ཆེན་པོ་མཁས་ཤིང་ཟླ་མེད་ཅེས་སེམས་ཤིང་བཀུར་སྟི་བྱས་སོ། །དེ་ནས་ཡུལ་བ་དེ་ཧའི་བྲམ་ཟེ་ཞིག་རིགས་མཉམ་པའི་ཆུང་མ་བླངས་པ་ལ་བུ་མོ་གཟུགས་ལྟ་ན་སྡུག་པ་ཞིག་བྱུང་བ་ན། བྲམ་ཟེ་དེ་འདི་སྙམ་དུ་སྨྲེང་དང་རིག་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་བློ་དང་ལྡན་པ་གང་ཞིག་བདག་གི་དྲུང་ནས་བསླབ་ཅིང་བདག་དང་འདྲ་བ་ཞིག་བྱུང་ན་དེ་ལ་བུ་མོ་འདི་སྦྱིན་ནོ་སྙམ་དུ་དམ་བཅས་སོ། །བུ་མོ་དེ་ལ་ཨུ་དུམ་བཱ་རི་ཀ་ཞེས་པར་བཏགས་སོ། །བྲམ་ཟེ་གཞན་གྱི་བུ་མདོག་དང་གཟུགས་མི་སྡུག་པ་མཚན་ངན་པ་བཅོ་བརྒྱད་ཚང་བ་མིང་གཟུགས་ངན་དུ་བཏགས་པ་དེས་ཕས་སློབ་ཏུ་མ་བཅུག་ཀྱང་རང་ཉིད་བྲམ་ཟེ་དེའི་དྲུང་དུ་སོང་ནས་བསླབས་པར་རིང་པོ་མ་ལོན་པར་བྲམ་ཟེ་དེས་ཅི་ཤེས་པ་ལོབས་པ་ན། བྲམ་ཟེ་སློབ་དཔོན་དེས་འདི་གཟུགས་ངན་ན་ཡང་བདག་གི་དྲུང་ནས་ཐམས་ཅད་ལོབས་པས་སྔར་དམ་བཅས་པ་བཞིན་མི་བྱ་མི་རུང་བས་འདི་ལ་སྦྱིན་ནོ་སྙམ་དུ་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བཀླུབས་ནས་བྲམ་ཟེའི་ཁྱེའུ་གཟུགས་ངན་ལ་བྱིན་པ་དེས་ཀྱང་བླངས་མོད་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མ་སྤོབས་སོ། །དེས་རང་གི་ཁྱིམ་དུ་སོང་ནས་དགའ་མགུར་བྱའོ་སྙམ་དུ་ཁྲིད་དེ་སོང་བ་དང་། ཨུ་དུམ་ཝཱ་རི་ཀས་ཀྱང་བདག་ནི་གཟུགས་དང་ལྡན་ལ་ཁྱོ་མི་སྡུག་པ་འདི་ལྟ་བུ་ལྡན་པ་ངོ་ཚའོ་སྙམ་ཡང་། དེས་དེ་ཁྲིད་དེ་སོང་བས་ལམ་བར་དུ་རྒྱགས་ཆད་ནས་རྫིང་འགྲམ་ཞིག་ཏུ་གཉིས་ཀ་བཀྲེས་པས་ཉེན་པ་ན། གྲོགས་གཞན་ཞིག་གིས་ཕྱེ་ཆུའི་ནང་དུ་ཤིང་བུས་དཀྲུགས་ཏེ་འཐུངས་པ་ལ་མོས་བསླངས་པ་་ན་གཟུགས་ངན་གྱིས་ཕྱེ་སྤར་གང་ཐོབ་པ་ཆུར་བླུགས་ཏེ་རང་ཉིད་ཀྱིས་འཐུངས་སོ། །ཨུ་དུམ་བཱ་རི་ཀས་ཇོ་ཇོ་བདག་ཀྱང་བཀྲེས་པས་གདུངས་ན་ཁོ་མོས་ཀྱང་དེ་ལ་ཅུང་འཐུང་ངོ་ཞེས་སྨྲས་པ་ལ། གཟུགས་ངན་ན་རེ། བུད་མེད་ཀྱིས་འདི་འདྲ་བའི་ཆུ་གྲོག་འཐུང་བར་སྔོན་གྱི་དྲང་སྲོང་རྣམས་ཀྱིས་མ་གནང་ངོ་ཟེར་ནས་མ་བྱིན་ཏོ། །དེ་ནས་ཡང་ཆར་མ་བབས་པས་དགོན་པའི་བྲུ་བས་གཟིར་ཞིང་དོར་བ་ལས་གཉིས་ཀས་ཁྱི་ཤ་ཞིག་རྙེད་པ་གཟུགས་ངན་གྱིས་བསྲེགས་ཏེ་ཟོས་པ་བུ་མོ་དེས་བསླངས་ཀྱང་སྔར་བཞིན་སྨྲས་ཏེ་མ་སྟེར་རོ། །བུ་མོ་དེས་བདག་ལྟ་བུ་བྱུག་ངན་མ་བྲུ་བས་གཟིར་ཏོ། །ཕ་མ་གཉིས་ཀྱིས་བདག་གིས་ཉེས་པ་ཅི་མཐོང་ནས་འདི་འདྲ་བ་ལ་བྱིན་ཅེས་ཕ་མ་ལ་མང་པོ་སྨྲ་བཞིན་དེ་གཉིས་འགྲོགས་ཏེ་དོང་བ། ཤིང་ཨུ་དུམ་བཱ་ར་སྨིན་པ་ཞིག་མཐོང་ནས་གཟུགས་ངན་དེ་ལ་འཛེགས་ཏེ་ཟ་ཞིང་འདུག་པ་དང་། བུ་མོ་དེས་ཁྱོད་གཅིག་པུས་མ་ཟ་བར་ངན་བུ་ལ་ཡང་བོར་ཞེས་སྨྲས་པ་དང་། དེས་སྨིན་པ་བདག་གིས་ཟོས་ནས་མ་སྨིན་པ་མར་བོར་རོ། །དེས་བདག་ལ་མ་སྨིན་པ་མ་དོར་བར་སྨིན་པ་སྩོལ་ཞེས་སྨྲས་པ་ན། དེས་སྨྲས་པ་ངན་པ་མོ་ཁྱོད་སྨིན་པ་འདོད་པ་རང་ཉིད་འདིར་འཛེགས་ཏེ་ཟོ་ཞིག་ཅེས་བྱས་པས། དེ་བྲུ་བས་གཟིར་ནས་ནན་གྱིས་ཤིང་དེ་ལ་འཛེགས་ནས་ཟ་ཞིང་འདུག་པ་དང་། གཟུགས་ངན་གྱིས་བསམས་པ། བདག་ལྟ་བུ་བསོད་ནམས་མེད་དེ་ཆུང་མ་འདི་འདྲ་བ་བདག་ཉིད་ཀྱིས་སོས་པ་ལྟ་ཅི་སྨྲོས། འདི་ནི་བདག་ལ་བལྟར་ཀྱང་མི་བཏུབ་བོ་སྙམ་ནས་ཤིང་ལས་བབ་ཅིང་ཤིང་གི་དྲུང་ཚེར་མས་བསྐོར་ནས་བོར་ཏེ་སོང་ངོ་། །དེའི་ཚེ་རྒྱལ་པོ་སྐྱེད་པ་རི་དྭགས་གཤོར་དུ་སོང་བས་ཕྱོགས་དེ་ན་ཁྱོ་དང་བྲལ་བའི་བུ་མོ་དེ་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་འདུག་པའི་སྒྲ་ཐོས་ནས་བཙལ་ན། བུ་མོ་དེ་ནགས་ཀྱི་ལྷ་མོ་ལྟ་བུ་མཛེས་པར་མཐོང་ནས་ཁྱོད་ལྷ་མོའམ་གནོད་སྦྱིན་དང་དྲི་ཟ་ཡིན་ནམ། དེས་སྨྲས་པ། བདག་ནི་ལྷ་མོ་སོགས་མིན་ཏེ་མི་ཡིན་ཅིང་ཁྱིམ་ཐབ་དང་བྲལ་བ་ལགས་སོ་ཞེས་སྨྲས་པས་རྒྱལ་པོས་དེ་ཤིང་ལས་ཕབ་ན་དེ་དང་ལྷན་ཅིག་ཉལ་ལོ། །དེ་ནས་དེ་ཤིང་རྟ་ལ་བསྐྱོན་ནས་ཁྲིད་དེ་ལྷན་ཅིག་དགའ་མགུར་སྤྱད་པ་བྱས་སོ། །བྲམ་ཟེ་དེ་ལམ་དུ་འགྱོད་ནས་བདག་གིས་དགོན་པར་ཆུང་མ་བོར་ཏེ་འོངས་པ་མ་ལེགས་ཀྱིས་སླར་སོང་ལ་ཁྲིད་དེ་འོང་སྙམ་དུ་ཕྱིར་ཕྱིན་པ་ན་དེ་མི་སྣང་ལ་གཞན་ཞིག་གིས་རྒྱལ་པོ་སྐྱེད་པས་ཁྲིད་དེ་བཙུན་མོར་བྱས་སོ་ཞེས་སྨྲས་པ་ཐོས་ནས་ཡིད་ཤིན་ཏུ་གདུངས་ཏེ་རྒྱལ་པོའི་སྒོར་ཕྱིན་ཀྱང་ནང་དུ་མ་ཆུད་དོ། །དེས་བལྟས་པས་རྒྱལ་པོའི་འཁོར་ན་ལས་བྱེད་པའི་མི་རྣམས་མཐོང་ནས་ལས་འདི་དག་དང་ལྷན་ཅིག་རྡོ་བ་ཁྱེར་ཏེ་འགྲོ་བར་བྱའོ་སྙམ་ནས་རྡོ་བ་ཁྱེར་ཞིང་ཕོ་བྲང་དུ་ཞུགས་ནས་བལྟས་པས། བདག་གི་ཆུང་མ་རྒྱལ་པོ་དང་ལྷན་ཅིག་ཨུད་ཤུད་བརྒྱ་ཞིང་འདུག་པར་མཐོང་ནས་ཆུང་མ་འདི་དང་ལྷན་ཅིག་གཏམ་གྱི་ཐབས་ཅི་ལྟ་བུ་ཞིག་བྱ་སྙམ་དུ་བསམས་ནས། གཞི་ནི་གསེར་ལས་བྱས་པ་སྟེ། །བརྒྱད་དུ་འཇོག་ཅིང་དགའ་བར་བྱེད། །བཟང་མོ་བདག་ལ་མི་དགའམ། །ཤིང་མཁན་རྡོ་བ་བླང་བར་བྱས། །ཞེས་བྱས་པ་ལ། བུ་མོ་དེས་ཀྱང་། གནས་དེར་བདག་གིས་སྨྲས་པ་དང་། །བུད་མེད་ཤ་བཟར་མི་རུང་ཞེས། །དེ་སྐད་སྨྲས་པའི་ཚིག་ཀྱང་དྲན། །འདིར་ནི་ཨུད་ཤུད་འདོར་ཞིང་འཇོག །ཅེས་སོགས་སྔར་ཇི་ལྟར་གྱུར་པའི་ཚིགས་བཅད་སྣ་ཚོགས་ལན་དང་ལན་དུ་བཏབ་ལ། ཡང་བྲམ་ཟེ་དེས། རི་རྩེ་ནས་ནི་བདག་འདོར་ཏེ། །དུག་ཀྱང་ཟའོ་བྲམ་ཟེ་མོ། །ཁྱོད་ཀྱི་མྱ་ངན་ཕྱིར་བདག་མཆི། །ཤིང་མཁན་གྱིས་ནི་རྡོ་བ་ལོངས། །ཞེས་སྨྲས་པ་ལ། བུ་མོ་དེས། རི་ཡི་རྩེ་ནས་བདག་བོར་ཅིག །བྲམ་ཟེ་དུག་ཀྱང་ཟ་ལ་རག །འདོད་པའི་ཚེ་ན་མ་འདོད་དེ། །ཨུ་ཤུད་ཀྱིས་ནི་ཁྱིམ་དུ་བྱས། །དེ་གཉིས་ཕན་ཚུན་དེ་སྐད་གཏམ་འཛེར་བ་ལ་རྒྱལ་པོ་དགྱེས་པ་སྐྱེས་ཏེ། ལྷ་མོ་ཁྱོད་ཅི་ཟེར་བ་ངའི་ཁོང་དུ་མ་ཆུད་དེ། དེ་ཅི་ཡིན་པ་སྨྲོས་ཤིག །དེས་ཀྱང་ཇི་ལྟར་གྱུར་པ་ཀུན་ཞིབ་ཏུ་སྨྲས་ནས། འདི་ནི་བདག་གི་ཁྱོ་ལགས་ཏེ། ཕ་མས་འདི་ལ་བྱིན་ཞིང་འདི་བྲམ་ཟེ་མཁས་པ་ཤེས་པའི་ཡན་ལག་ཀུན་ཤེས་པའོ་ཞེས་སྨྲས་པ་ལ། རྒྱལ་པོས་སྨྲས་པ། ད་ཇི་ལྟར་བྱ། དེའི་སེམས་ཇི་ལྟར་མགུ་བར་བྱ། ཁྱོད་ཅི་དེ་དང་འགྲོགས་ཏེ་འགྲོ་བར་བྱའམ། བུ་མོ་དེས་སྨྲས་པ། ཇི་ལྟར་དེ་བདག་འདོད་པར་མི་འགྱུར་བ་དང་། དེའི་སྔགས་མ་རུངས་པས་མི་ཚུགས་པ་དང་། དེའི་སྔགས་སྟོབས་སུ་མི་འགྱུར་བ་དེ་ལྟར་བདག་འདོད་དོ། །རྒྱལ་པོས་སྨན་ཆེན་པོ་ལ་དེ་ལྟར་གྱུར་པ་སྨྲས་པ་ན། དེ་ལ་བདག་གིས་ཐབས་བགྱིས་ཏེ་རྒྱལ་པོ་དང་དེ་འབྲལ་བར་མི་འགྱུར་བ་དེ་ལྟར་བྱའོ་ཞེས་སྨྲས་ཞིང་། བྲམ་ཟེ་དེ་བོས་ནས་ཁྱོད་ཅི་ཚོལ། རྒྱལ་པོའི་ཕོ་བྲང་དུ་ཅི་ལ་འོངས་ཞེས་དྲིས་པ་ན། དེས་བདག་གི་ཆུང་མ་རྒྱལ་པོའི་སྐྱེད་པས་ཁྲིད་པས་དེ་ཚོལ་དུ་འོངས་སོ། །སྨན་ཆེན་པོས་སྨྲས་པ། ཅི་ཁྱོད་རང་གི་ཆུང་མ་ངོ་ཤེས་སམ། དེས་ཤེས་སོ་ཟེར་བ་ལ། སྨན་ཆེན་པོས་བཙུན་མོ་ལྔ་བརྒྱ་ཁྱོད་ཀྱི་མདུན་དུ་བཞག་ལ། དེར་ཁྱོད་རང་གི་མ་ཡིན་པ་གཞན་བཟུང་ན་ཁྱོད་ཀྱི་ལུས་མཚོན་གྱི་དུམ་བུར་བྱའོ་ཞེས་བསྒོ་བ་ལ་དེས་ཀྱང་དེ་བཞིན་བྱའོ་ཞེས་བྱས་སོ། དེ་ནས་རྒྱལ་པོའི་བཙུན་མོ་ཐམས་ཅད་རྒྱན་གྱིས་མཆོག་ཏུ་བརྒྱན་ཏེ། རྒྱལ་པོའི་བཤོས་གསོལ་བའི་ལམ་སྣང་བའི་སར་བཙུན་མོ་ཐམས་ཅད་ཕྲེང་དུ་དངར་ནས་ཨུ་དུམ་བཱ་རི་ཀ་ཀུན་གྱི་སྔོན་དུ་བྱས་ཏེ། ལྷའི་བུ་མོ་རྣམས་དང་འདྲ་བར་རྒྱལ་པོའི་དྲུང་དུ་ལྷགས་པ་ན། སྨན་ཆེན་པོས་བྲམ་ཟེ་ལ་ཁྱོད་རང་གི་ཆུང་མ་ངོ་ཤེས་ན་འདི་ནས་ཟུངས་ཤིག་ཅེས་བསྒོས་པ་དང་། བྲམ་ཟེ་ཨུ་དུ མ་བཱ་རི་ཀ་དང་། བཙུན་མོ་གཞན་རྣམས་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མཐོང་བས་སྦྲུལ་སྔགས་ཀྱིས་བཏབ་པ་བཞིན་དུ་དཔའ་གོང་ནས། ཉི་མ་ལ་བལྟར་མི་བཟོད་པ་ལྟར་བྲམ་ཟེ་འདུག་འདུག་ཅིང་བསམ་བཞིན་དུ། དེ་དག་གི་ཕྱི་བཞིན་འབྲང་བའི་བྲན་མོ་ཆུ་ཆུན་མ་ཞིག་བཙུན་མོ་གཞན་ཞིག་གི་ཕྱི་བཞིན་འགྲོ་བ་མཐོང་ནས་འདི་བདག་གི་ཆུང་མའོ་ཞེས་ཟེར་བ་དང་། སྨན་ཆེན་པོས་དེ་ཡིན་ན་ཁྱེར་ཅིག་ཅེས་སྨྲས་པ་དང་། དེས་བྲན་མོ་ཁྲིད་ནས་སྨྲས་པ། མཆོག་ལ་མཆོག་གི་ཡིད་ཀྱང་ཆགས། །འབྲིང་ལ་འབྲིང་གི་ཡིད་ཀྱང་ཆགས། །དམན་པ་ལ་ནི་དམན་པ་སྟེ། སྒུར་མོ་ལ་ནི་བདག་ཡིད་ཆགས། །བཟང་མོ་བདག་ནི་འདྲེ་འདྲ་ཁྱོད་ཀྱང་འདྲེ་འདྲ་སྟེ། ལྷ་དག་ཚལ་ན་དགའ་བཞིན་འདྲེ་མོ་ཚུར་ཤོག་ཅིག །བདག་ཀྱང་དགའ་བར་བྱའོ་ཞེས་སྨྲས་ཏེ་ཁྲིད་ནས་སོང་ངོ་། །དེ་ནས་དུས་ཕྱི་ཞིག་ན་ཉེས་པ་ཞིག་གི་ཕྱིར་རྒྱལ་པོ་སྐྱེད་པས་སྨན་ཆེན་པོ་སྤངས་པའི་ཚུལ་གྱིས་དེ་རེ་ཞིག་རྒྱལ་པོའི་ཕོ་བྲང་དུ་མི་འགྲོ་བའི་སྐབས་ཤིག་ན། རྒྱལ་པོ་དེ་བཙུན་མོ་དང་ལྷན་ཅིག་སྐྱེད་མོས་ཚལ་དུ་ཉི་མའི་རིང་ལ་རྩེ་དགའ་སྤྱོད་པར་བྱས་ཏེ། བཙུན་མོ་དེའི་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་པ་ཤིང་ཨ་ཤོ་གའི་ཡལ་ག་ལ་གཟར་ཏེ་བཞག་ནས་རྒྱལ་པོ་དང་ལྷན་ཅིག་རྩེ་རྩེ་བ་ལས་མུ་ཏིག་གི་དོ་ཤལ་དེ་བརྗེད་དེ། དེ་ནས་རྒྱལ་པོ་དང་བཙུན་མོ་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་དོང་བ་དང་། ནམ་ཕྱེད་ན་བཙུན་མོ་དེས་མུ་ཏིག་གི་དོ་ཤལ་ལུས་པར་དྲན་ནོ། །དོ་ཤལ་དེ་སྤྲ་མོ་ཞིག་གིས་ཁྱེར་ཏེ་ཤིང་ཁར་བཞག་གོ། །དེ་ནས་རྒྱལ་པོས་མི་དག་ལ་སྐྱེད་ཚལ་དུ་མུ་ཏིག་གི་དོ་ཤལ་ལུས་པ་དེ་མྱུར་དུ་ཁྱེར་ཤོག་ཅེས་མ ངགས་པ་ལས་དོ་ཤལ་ནི་མ་རྙེད་ལ། དེར་སྤྲང་པོ་ཞིག་ཟས་ཟོས་པའི་ལྷག་མ་ཚོལ་དུ་སྐྱེད་ཚལ་དེར་སོང་ནས་ཕྱིར་འགྲོ་བ་དེ་རྒྱལ་པོའི་མི་དག་གིས་བཟུང་ནས་གཞན་ནི་སུ་ཡང་མི་སྣང་ན་ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་ཕུལ་ཅིག་ཅེས་སྨྲས་པ་དང་། དེ་ན་རེ་བདག་གིས་མ་རྙེད་དེ་འདིར་ཟོས་ལྷག་ཚོལ་བའི་ཕྱིར་འོངས་སོ། །དེ་དག་གིས་དེ་བརྡེགས་ནས་བཙོན་རར་བཅུག་གོ། །དེ་བཀྲེས་པས་གཟིར་ཏེ་བསམས་པ་བདག་གིས་འདིར་ཐབས་ཤིག་མ་སྦྱར་ན་ལྟོགས་ཏེ་འཆིའོ་སྙམ་ནས། དེས་བཙོན་སྲུང་ལ་བདག་གིས་མུ་ཏིག་གི་སེ་མོ་དོ་བླངས་པ་བདེན་ཏེ་ཚོང་དཔོན་གྱི་བུ་འདི་ཞེས་བྱ་བ་ལ་བྱིན་ནོ་ཞེས་སྨྲས་པས། རྒྱལ་པོའི་མི་དེས་དེ་ཡང་བཀུག་སྟེ་གཉིས་ཀ་ཤིག་སྒྲོག་གཅིག་ཏུ་བཅུག་པ་ན། ཚོང་དཔོན་གྱི་བུ་དེའི་ཁྱིམ་ནས་ཁ་ཟས་སྣ་ཚོགས་འོང་ཞིང་ཟ་བ་ལ་སྤྲང་པོ་དེས་བསླངས་ཀྱང་། དེ་ན་རེ། ཁྱོད་ང་ལ་ཁ་ཟས་ཀྱི་གསོར་འཇུག་པའི་ཕྱིར་རྐུར་སྦྱར་གྲང་སྟེ་ཡོང་མི་སྦྱིན་ནོ་ཞེས་སྨྲས་ནས་ཟ་ཞིང་མ་སྦྱིན་ནོ། །དེར་ཚོང་དཔོན་གྱི་བུ་དེ་བཤང་བས་མི་བདེ་ནས་དེ་ལ་ལོངས་ཏེ་འདོང་ཞེས་སྨྲས་པ་དང་། དེས་བདག་གི་ཚིག་ཀྱང་ཁྱོད་ཀྱིས་མི་མཉན་པས་བདག་ཀྱང་མི་འགྲོའོ་ཞེས་སྨྲས་སོ། །དེས་དེང་ཕན་ཆད་ཇི་ལྟར་བདེ་བར་འགྱུར་བ་དེ་ལྟར་བྱའོ་ཞེས་ཚིག་འཇམ་པོ་དང་མནས་ཡིད་ཆེས་པར་བྱས་ཏེ་བཤང་བས་མི་བདེ་བ་བསངས་སོ། །དེ་ཕན་ཆད་ཚོང་དཔོན་གྱི་བུ་དེས་མི་གཉིས་ཀྱི་ཟན་ཁྱེར་ཤོག་ཅེས་བྱས་པ་བཞིན་འོངས་པས་སྤྲང་པོ་དེ་ཡང་བདེ་སྟེ་བདག་སྔོན་ཆད་གྲོང་ཁྱེར་ཐམས་ཅད་བསྐོར་ཀྱང་ལྟོ་འགྲངས་པ་མ་རྙེད་ན་ད་འདིར་བཟའ་བཏུང་ཞིམ་པོ་ཆོག་པར་ཡོད་མོད་ཀྱི། གྲོགས་འདི་གཅིག་པོས་མི་ཆོག་གིས་སྨད་འཚོང་མ་ཞིག་ཀྱང་འགུག་གོ་སྙམ་ནས། སྨད་འཚོང་མ་ཞིག་ལ་འདིར་ཡང་ཁྱེར་བ་ལ་གཏོགས་ཀྱིས་ཟུངས་ཤིག་ཅེས་བྱས་པས་དེ་ཡང་བཙོན་དེར་བཅུག་གོ། །དེ་དང་ལྷན་ཅིག་བཟའ་བཏུང་ཞིམ་པོ་ཟོས་ནས་ཡང་སྨྲས་པ། ཇི་ནས་ལོ་བཅུ་གཉིས་ཀྱི་བར་དུ་འདི་ལས་མ་ཐར་ཡང་བླའོ། །ཕྱིས་ཡང་འདོད་པ་སྐྱེས་ཏེ་སྨད་འཚོང་མ་འདི་གཅིག་པུས་མི་ཆོག་གིས་ནམ་འདོད་པ་དང་ལྡན་པ་དེ་ན་དགའ་བ་རྒྱས་པར་མྱོང་བའི་ཕྱིར་པི་ཝཾ་མཁན་གཅིག་ཀྱང་དགུག་གོ་སྙམ་ནས། པི་ཝཾ་མཁན་གཅིག་ལ་འདིས་ཀྱང་མུ་ཏིག་གི་སེ་མོ་དོ་ཁྱེར་རོ་ཞེས་སྨྲས་པས་དེ་ཡང་དེར་བཅུག་གོ། །དེ་ནས་དེ་བཞི་པོ་བཙོན་ར་དེ་ན་ལྷན་ཅིག་པ་དེ་དགའ་སྤྱོད་ཅིང་དུས་རིང་ཞིག་འདས་པ་དང་། དེ་རྣམས་ཀྱིས་སྤྲང་པོ་དེ་ལ་ཅི་ནས་ཀྱང་བདག་ཅག་ཐར་པར་གྱིས་ཤིག་དང་། དེ་ལྟ་ན་ཁྱོད་ལ་ཅིས་ཀྱང་མི་བྲེལ་བར་བྱའོ་ཞེས་གསོལ་བ་བཏབ་པ་ན། དེས་ཀྱང་དེ་བཞིན་བྱའོ་ཞེས་ཁས་བླངས་ཏེ། འདི་ལྟ་བུ་གཞན་གྱིས་མི་ནུས་ཀྱིས་སྨན་ཆེན་པོས་ནུས་སོ་སྙམ་དུ་དེ་ལྟར་གཞན་རྣམས་ལ་སྨྲས་ཏེ། ཡང་རྒྱལ་པོའི་མི་རྣམས་ལ་སྤྲང་པོ་དེས་སྨན་ཆེན་པོའི་བུ་ཡང་འདིར་གཏོགས་སོ་ཞེས་སྨྲས་པས་དེ་ཡང་བཀུག་པ་དང་། སྨན་ཆེན་པོས་བུ་བཙོན་དུ་བཅུག་པ་ཐོས་པ་ན། ཅི་ནས་བུའི་ཕྱིར་ང་རྒྱལ་པོའི་ཕོ་བྲང་དུ་མི་འགྲོ་བ་མི་རུང་ངོ་སྙམ་དུ་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ། རྒྱལ་པོ་ལ་བདག་གི་བུས་ལྷ་ལ་གློ་བ་རིང་བ་ཅི་བགྱིས་ནས་བཙོན་རར་སྩལ་ཞེས་གསོལ་བ་དང་། རྒྱལ་པོས་མུ་ཏིག་གི་དོ་ཤལ་སྟོར་བའི་སྤྲང་པོ་བཟུང་བ་དེས་དེ་ལྟར་སྨྲས་པའི་ཕྱིར་རོ་ཞེས་སྨྲས་པ་དང་། སྨན་ཆེན་པོས་ཀྱང་དེ་དག་གི་ཇི་སྐད་སྨྲས་པའི་ཐབས་ཞིབ་ཏུ་ཐོས་ནས་རྒྱལ་པོ་ལ་གསོལ་པ། ལྷ་མུ་ཏིག་གི་དོ་ཤལ་ནི་འདི་དག་གང་གིས་ཀྱང་མ་བླངས་ཏེ་འདི་དག་གཏང་བར་བྱོས་ཞེས་སྨྲས་པ་དང་། རྒྱལ་པོས་ཐམས་ཅད་བཏང་ངོ་། །དེ་ནས་སྨན་ཆེན་པོ་སྐྱེད་མོས་ཚལ་དུ་སོང་སྟེ་གང་དུ་འདུག་པ་སོགས་དྲིས་ཤིང་བརྟགས་པས་ཤིང་དེའི་རྩེར་སྤྲ་མོ་ཞིག་འདུག་པ་མཐོང་བ་ན་དེས་བསམས་པ་ལ་སྤྲ་མོ་འདིས་ཁྱེར་བས་འདི་ལ་ཐབས་ཞིག་བྱའོ་བསམས་ནས། རྒྱལ་པོ་ལ་བཙུན་མོ་རྣམས་དང་ལྷན་ཅིག་སྐྱེད་ཚལ་དེར་གཤེགས་ཞེས་སྨྲས་པ་ལྟར་སོང་སྟེ་འཁོད་པ་དང་། འདིར་བཙུན་མོ་རྣམས་རྒྱན་བཏགས་ན་སྤྲ་མོ་དེ་ཡང་འདོགས་སོ་ཞེས་སྨྲས་པས་བཙུན་མོ་རྣམས་ཀྱིས་རྒྱན་བཏགས་པའི་ཚེ་སྤྲ་མོ་དེས་ཀྱང་མུ་ཏིག་གི་སེ་མོ་དོད་མགུལ་དུ་གྱོན་ནོ། །དེ་ནས་སྨན་ཆེན་པོས་བཙུན་མོ་རྣམས་གར་བྱེད་དུ་བཅུག་པས་སྤྲ་མོ་དེ་ཡང་གར་བྱས་ཀྱང་དེའི་མགུལ་ན་མུ་ཏིག་གི་དོ་ཤལ་མ་ལྷུང་སྟེ་དེས་མིས་ཅི་བྱེད་པ་ལྟར་བྱེད་དོ། །སྨན་ཆེན་པོས་བཙུན་མོ་རྣམས་མགོ་བཏུད་དེ་གར་བྱེད་དུ་བཅུག་པས་སྤྲ་མོ་དེས་མགོ་བཏུད་དེ་གར་བྱས་པ་མུ་ཏིག་གི་སེ་མོ་དོ་དེར་ལྷུང་ངོ་། །དེར་རྒྱལ་པོ་དགའ་ཞིང་སྨན་ཆེན་པོའི་མགུལ་ལ་འཁྱུད་དེ་མགུ་བར་བྱས་ནས་ལོངས་སྤྱོད་ཀྱང་བྱིན་ནོ། །དེ་ནས་བློན་པོ་དྲུག་ལྷན་ཅིག་འདུས་ནས་འདི་སྐད་བགྲོས་ཏེ། སྔོན་གྱི་དུས་སུ་བདག་ཅག་ལ་རྒྱལ་པོས་མཆོད་ཅིང་རྗོད་པར་བྱེད་ན། རི་བྲག་གི་ཀྱི་གྲོང་མི་བློ་རྩིང་བ་ཅན་བཀྲེན་པའི་རིགས་ལས་བྱུང་བ་སྨན་ཆེན་པོ་ཞེས་པ་འདིས་བདག་ཅག་ཐམས་ཅད་གཟི་བརྗིད་མེད་པར་བྱས་ན་དེ་ལ་ཇི་ལྟར་བྱ་ཞེས་བགྲོས་པ་ན། དེར་གཅིག་གིས་སྨྲས་པ། བདག་ཅག་སྔོན་གཅིག་ལ་གཅིག་མ་འཆམས་པར་སོ་སོར་ཕྱེ་བ་བདག་ཅག་མཐུ་མེད་པར་བྱས་ཀྱིས། ད་ནི་སྐྱེད་ཚལ་དུ་འདོད་ལ་མནའ་དང་ཡིད་ཆེས་པར་བྱ་ཞིང་གཉེན་དུ་ཡང་བྱས་ན། རྒྱལ་པོ་དང་སྨན་ཆེན་པོས་བདག་ཅག་སྤང་དུ་ཟིན་གྱིས་སླར་བརྟེན་པར་འགྱུར་རོ་ཞེས་སྨྲས་པ་ལྟར་དེ་དག་སྐྱེད་ཚལ་དུ་འདོང་བ་སྨན་ཆེན་པོས་མཐོང་ནས་འདི་དག་ནམ་ཡང་ལྷན་ཅིག་འདུས་ཏེ་གར་ཡང་མ་དོང་ན། སྔོན་དང་མི་འདྲ་བ་ཞིག་བྱེད་དོ་སྙམ་ནས་དོགས་པས་ནེ་ཙོ་མ་ཏ་ར་ལ་ཕྱི་བཞིན་སོང་ལ། འདི་དག་ཅི་བསམ་ཅི་ཟེར་རྟོགས་ཤིག་ཅེས་མངགས་སོ། །དེ་ནས་བློན་པོ་དྲུག་འདུས་ཏེ་ཕན་ཚུན་གཉེན་བྱས་ནས་གཅིག་ལ་གཅིག་མ་ཚང་འབྲུ་གས ང་བརྟོལ་ན་གདོད་བདག་ཅག་ཡིད་ཆེས་པར་འགྱུར་ཞེས་སྨྲས་པ་དེ་བཞིན་བྱས་ཏེ། བདག་ཅག་གིས་ནི་རྒྱལ་པོའི་རྨ་བྱ་ཟོས་སོ། །ཡང་བདག་གིས་རྒྱལ་པོའི་བཙུན་མོ་དང་ལྷན་ཅིག་ཉལ་བར་བྱས་སོ། །བདག་གིས་ཀྱང་དེ་ལྟ་བུར་བྱ་སྙམ་མོ་ཞེས་སོགས་གཅིག་གིས་གཅིག་ལ་གསང་བའི་གཏམ་སྣ་ཚོགས་བྱས་ནས་སྣོད་གཅིག་ཏུ་ཟོས་སོ། །དེ་ཐམས་ཅད་ནེ་ཙོས་ཐོས་ནས་སྨན་ཆེན་པོ་ལ་སྨྲས་པ་དང་། སྨན་ཆེན་པོས་རྒྱལ་པོ་སྐྱེད་པའི་དྲུང་དུ་ཕྱིན་ཏེ་ལྷའི་བློན་པོ་དག་ནི་འདི་ལྟ་བུའི་ཚལ་ཁྲིམས་དང་གཙང་སྦྲ་དང་ལྡན་ནོ་ཞེས་ཇི་ལྟར་གྱུར་པ་ཐམས་ཅད་གསོལ་བས། རྒྱལ་པོ་སྐྱེད་པས་མངོན་པར་རྟོགས་ནས། ཨེ་མའོ་བདག་གི་བློན་པོ་འདི་དག་ནི་འདི་ལྟ་བུར་མི་རིགས་པ་ཅན་ཡིན་པས་གང་ན་ང་མི་དབང་བའི་ཕྱོགས་སུ་དེངས་ཤིག་ཅེས་བསྐྲད་ནས་ཡུལ་མེད་པར་བྱས་སོ། །དེ་ལྟར་སྨན་ཆེན་པོ་ནི་བཅོམ་ལྡན་འདས་ཉིད་ཡིན་ལ། རྒྱལ་པོ་སྐྱེད་པ་ནི་ཤཱ་རིའི་བུའོ། །དེ་དུས་ཀྱི་བློན་པོ་དྲུག་པོ་ནི་ད་ལྟར་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་འདི་ཡིན་ཏེ། དེའི་དུས་ན་ཡང་ང་བློན་པོར་གྱུར་པས་ཡུལ་མེད་པར་བྱས་ལ། ད་ཡང་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་ནས་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་ཕམ་པར་བྱས་ཏེ་མཐའ་འཁོབ་ཏུ་བསྐྲད་དོ། །ཞེས་གསུངས་ཤིང་། གཞན་ཡང་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་བུ་སྡོང་དུམ་དུ་གྱུར་པའི་ཚེ་སྟོབས་དང་སྤོབས་པ་ཆེན་པོས་དགྲ་ཟླ་རྒྱལ་པོ་དྲུག་ཕམ་པར་བྱས་པའི་སྔོན་གྱི་རབས་དག་ཀྱང་མཛངས་བླུན་ལས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་ཕྱོགས་བདག་ཅེས་བྱ་བ་ལ་བུ་གཞོན་ནུ་རྡུལ་ཕྲན་ཞེས་བྱ་བ་ཡོད་དོ། །རྒྱལ་པོ་དེའི་བྲམ་ཟེ་གནག་ལྷས་སྐྱེས་ཞེས་པ་དེའི་བུ་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་པ་མཁས་པ་དཔྱོད་པའི་ཤེས་རབ་ཅན་དུ་སྟོན་པ་འདི་ཉིད་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་མདུན་ན་འདོན་དེ་ཉིད་དུ་གྱུར་ཏོ། །འདི་ལྟར་དེའི་ཕ་བྲམ་ཟེ་གནག་ལྷས་སྐྱེས་ཀྱིས་ཞིང་ལས་ཀྱི་མཐའ་གང་ཡིན་རྣམས་བྲམ་ཟེའི་ཁྱེའུ་མེ་གསོ་ལ་དྲི་ཞིང་དོན་དུ་བྱ་བ་རྣམས་ཀྱང་མ་དྲིས་པར་མི་བྱེད་དོ། །བྲམ་ཟེའི་ཁྱེའུ་དེ་ནི་གཞོན་ནུ་རྡུལ་ཕྲན་དང་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་གི་གྲོགས་སྙིང་དུ་སྡུག་པ་དང་ནེའུ་ཟླ་ཡང་ཡིན་ནོ། །གང་གི་ཚེ་རྒྱལ་པོ་ཕྱོགས་བདག་དེ་རྩེ་བར་འདོད་པའམ་དགའ་མགུར་སྤྱོད་འདོད་པའི་ཚེ་དེའི་དགོས་པ་དང་ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་གནག་ལྷས་སྐྱེས་ལ་སླར་གཏད་དེ། དེའི་འོག་ཏུ་སྟེང་གི་ཁང་བཟང་གི་གཞི་ལ་སྐྱེས་པ་མེད་པར་སོང་སྟེ་རོལ་མོ་རྣམས་ཀྱིས་རྩེ་ཞིང་དགའ་མགུར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་གནག་ལྷས་སྐྱེས་ཤི་བ་ན། རྒྱལ་པོ་དེ་དེ་ལ་འགྱོད་ཅིང་བྲམ་ཟེ་དེ་ཤི་བས་བདག་ཆེ་ཐང་དུ་མས་དམའ་བར་གྱུར་ཏོ་ཞེས་ཟེར་ཞིང་མྱ་ངན་བྱེད་པ་ལ། རྒྱལ་བུ་གཞོན་ནུ་རྡུལ་ཕྲན་གྱིས་རྒྱལ་པོ་ཅིའི་སླད་དུ་བྲམ་ཟེ་གནག་ལྷས་སྐྱེས་གུམ་པས་ཐུགས་ལ་བཅག་སྟེ་སྡུག་བསྔལ་ཉམས་སུ་མྱོང་བར་མཛད། རྒྱལ་པོ་ན་རེ། བདག་རྩི་བར་འདོད་པ་སོགས་ཀྱི་ཚེ་ལས་སུ་བྱ་བ་ཐམས་ཅད་བྲམ་ཟེ་དེས་བྱེད་དོ། །རྒྱལ་བུས་སྨྲས་པ། དེ་ལ་ཐུགས་ངན་མ་མཛད་ཅིག་དེ་ཅིའི་སླད་དུ་ན་བྲམ་ཟེའི་ཁྱེའུ་མེ་གསོ་འདི་ནི་མཁས་ཤིང་གསལ་བར་ཕ་བྲམ་ཟེ་ལྷས་སྐྱེས་ཀྱིས་ཀྱང་ལས་སུ་བྱ་བ་ཐམས་ཅད་འདི་ལ་དྲི་ཞིང་མ་དྲིས་པར་མི་བགྱིད་དོ། །དེས་ན་དེ་གནག་ལྷས་སྐྱེས་ཀྱི་ལས་ཐབས་ལ་དབང་བསྐུར་དུ་གསོལ། རྒྱལ་པོས་ཀྱང་བྲམ་ཟེའི་ཁྱེའུ་བཀུར་ནས་ཕ་བྲམ་ཟེ་དེའི་ལས་ཐབས་ལ་དབང་བསྐུར་བས་དེས་ཀྱང་བཀའ་བཞིན་འཚལ་ཞེས་ཞུས་ཏེ་ཞིང་བླས་ཀྱི་མཐའ་དང་དོན་ངེས་པར་རྟོགས་པ་ཐམས་ཅད་བྱས་པས་བྲམ་ཟེའི་ཁྱེའུ་མེ་གསོ་ཞེས་པའི་མིང་ནུབ་ནས་དེ་ལ་ཡང་བྲམ་ཟེ་གནག་ལྷས་སྐྱེས་པའི་མིང་ཐོགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་དེས་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་པོ་ཕོ་ཉས་བཀུག་ནས་ཤེས་ལྡན་དག་རྒྱལ་བུ་རྡུལ་ཕྲན་གང་ན་བར་སོང་སྟེ། རྒྱལ་བ་དང་ཚོ་སྤེལ་བར་བྱོས་ལ་འདི་སྐད་ཅེས་སྨྲོས་ཤིག །རྡུལ་ཕྲན་ཁྱོད་བདེ་བདག་ཅག་བདེ་ཞིང་སྡུག་བསྔལ་ན་བདག་ཅག་ཀྱང་སྡུག་བསྔལ་ལ། རྒྱལ་རིགས་དྲུག་པོ་ནི་ཁྱོད་ཀྱི་གྲོགས་སྙིང་སྡུག་དང་ནེའུ་ཟླ་ཡིན་གྱིས། ཁྱོད་ཡབ་འདས་ནས་ཡབ་ཀྱི་རྒྱལ་སྲིད་ལ་བཞག་ན་ཅི་ནས་བདག་ཅག་ལ་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་སྨྲོས་ཤིག །དེ་རྣམས་ཀྱིས་དེ་བཞིན་དུ་མཉན་ནས་རྡུལ་ཕྲན་ལ་དེ་ལྟར་སྨྲས་པ་དང་། དེས་ཀྱང་དེ་ལྟར་མཉན་ནོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཕྱོགས་བདག་དུས་ལས་འདས་ཏེ་བློན་པོ་སོགས་ཀྱིས་གཞོན་ནུ་རྡུལ་ཕྲན་རྒྱལ་སྲིད་ལ་བཞག་པས་རྒྱལ་པོ་རྡུལ་ཕྲན་ཞེས་པའི་མིང་འཐོབ་བོ། །རྒྱལ་པོ་རྡུལ་ཕྲན་གྱིས་བྲམ་ཟེ་གནག་ལྷས་སྐྱེས་བཀུག་ནས་མཁན་པོ་ངའི་ཡབ་ལ་ཇི་ལྟར་རྗེས་སུ་སྟོན་པ་དེ་ལྟར་ང་ལ་ཡང་ཕྱིན་ཆད་རྗེས་སུ་བསྟན་པར་སོམས་ཤིག །དེས་ཀྱང་བཀའ་བཞིན་འཚལ་ཞེས་ཉན་ཏོ། །དེ་ནས་བྲམ་ཟེ་དེས་རྒྱལ་རིགས་ཀྱི་བུ་དྲུག་པོ་བཀུག་ནས་དེ་དག་ལ་རྒྱལ་བུ་རྡུལ་ཕྲན་ལ་སྔར་བདག་ཅག་ལ་ལོངས་སྤྱོད་ཀྱི་བགོ་བཤའ་མཛོད་ཅིག་ཅེས་གསོལ་བ་དགོངས་སམ་ཞེས་སྨྲོས་ཤིག །གལ་ཏེ་དྲན་ཟེར་ན་ལྷ་ད་དེའི་དུས་ལ་བབ་བོ་ཞེས་སྨྲོས་ཤིག །གལ་ཏེ་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིག་རྟའི་དབྱིབས་ལྟར་འདུག་པ་འདི་ཆ་བདུན་དུ་འགེད་པ་སུ་ཞིག་ཡོད་ཟེར་ན། ལྷ་གནག་ལྷས་སྐྱེས་མ་མཆིས་པ་གཞན་གང་ཡང་མ་མཆིས་སོ་ཞེས་སྨྲོས་ཤིག །ཅེས་བཏང་བ་ལྟར་དེ་དག་གིས་དེ་བཞིན་བྱས་པ་དང་། རྒྱལ་བུས་ངས་དྲན་ནོ། །དེ་དག་གིས་ལྷ་དེའི་དུས་ལ་བབ་བོ། །རྒྱལ་བུས་འོ་ན་ས་ཆེན་པོ་ནང་ཡངས་ལ་ཕྱི་ཤིང་རྟའི་དབྱིབས་སུ་འདུག་པ་ཆ་བདུན་དུ་འགེད་པས་སུ་ཡོད། ལྷ་གནག་ལྷས་སྐྱེས་མ་ལག་པས་གཞན་མ་མཆིས་སོ། །དེ་ནས་རྒྱལ་པོ་རྡུལ་ཕྲན་གྱི་བྲམ་ཟེ་གནག་ལྷས་སྐྱེས་བཀུག་ནས་མཁན་པོ་ཁྱོད་ཀྱིས་ས་ཆེན་པོ་འདི་ཆ་བདུན་དུ་འགེད་ནུས་སམ། ལྷ་ལེགས་པར་རྔོ་ཐོགས་སོ། །དེ་ནས་བྲམ་ཟེ་དེས་དཀྱིལ་དང་དཀྱིལ་ན་ཡུལ་འཁོར་བུ་ཆུང་ཡོད་པ་དེ་དག་རྒྱལ་པོ་རྡུལ་ཕྲན་གྱི་སྐལ་བར་བཅད་པ་དང་། རྒྱལ་པོ་ཡང་དགའ་སྟེ། བྲམ་ཟེ་འདིས་ཁོ་བོའི་རིས་ཇི་ལྟར་བཅད་པ་དཔེར་ན་ད་ལྟ་མཁས་པ་གསལ་བ་བྱེ་བྲག་གི་ཕྱེ་བས་བཅད་པ་དེ་ལྟ་བུར་གྱུར་ཏོ་ཞེས་ཡི་རངས་པ་གོ་བར་བྱས་སོ། །ཡུལ་འཁོར་བུ་ཆུང་གཞན་དག་གཞན་གང་ཡིན་པ་རྒྱལ་པོའི་འཁོར་རྒྱལ་རིགས་དྲུག་གི་རིས་སུ་བཅད་པ་དང་དེ་དྲུག་ཀྱང་དགའ་སྟེ། བྲམ་ཟེ་འདིས་ཇི་ལྟར་བགོས་པ་ནི། མཁས་པ་གསལ་བས་བྱས་པ་བཞིན་དུ་ཁོ་བོ་ཅག་གིས་རིང་ནས་བསམས་པའི་ཡུལ་དེ་དག་ཁོ་བོ་ཅག་གི་རིས་སུ་བཅད་དོ་ཞེས་ཡི་རངས་པ་ཡང་གོ་བར་བྱས་སོ། །དེ་ནས་རྒྱལ་པོའི་ཞབས་རིང་བ་རྒྱལ་བུ་དྲུག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་མཁན་པོ་རྒྱལ་པོ་རྡུལ་ཕྲན་ལ་རྗེས་སུ་སྟོན་པ་བཞིན་དུ་དེང་ཕན་ཆད་བདག་ཅག་ལ་ཡང་རྗེས་སུ་བསྟན་པར་དགོངས་སུ་གསོལ། བྲམ་ཟེས་ཀྱང་དེ་བཞིན་དུ་བྱའོ་ཞེས་བྱས་སོ། །དེ་ནས་བྲམ་ཟེ་གནག་ལྷས་སྐྱེས་རྒྱལ་པོ་རྡུལ་ཕྲན་དང་འཁོར་རྒྱལ་རིགས་དྲུག་དང་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་བདུན་དང་། དེ་དག་གི་ཐབས་རིར་བབ་པའི་ཆུང་མ་བཞི་བཅུ་ལ་རྗེས་སུ་སྟོན་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་ཡང་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ། །འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་ལ་ཞོན་པ་དང་། རལ་གྲི་འཛིན་སྟངས་མཁན་དང་། གཞུ་འཛིན་པ་དང་། ཞབས་འབྲིང་བྱེད་པ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའི་བུ་དཔའ་བ་ཚན་པོ་ཆེ་རྣམས་དང་། སེམས་སྲུང་བ་དང་སྐྲ་མཁན་དང་། ཁྲུས་བྱེད་པ་དུ་མ་ལ་ཡང་རྗེས་སུ་སྟོན་པར་བྱེད་དོ། །དེར་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཞེས་སུ་མིང་འཕོས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་བྲམ་ཟེ་རྣམས་ཀྱིས་ནི་ཚངས་པར་བསྐུར་རོ། །རྒྱལ་པོས་ནི་ལྷར་བཀུར་རོ། །གྲོང་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོར་བཀུར་རོ། །དེ་ཡང་བྲམ་ཟེ་རྣམས་ཀྱིས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་ཀྱིས་ཚངས་པའི་ལམ་ཤེས་ཤིང་མཐོང་ནས་མཐའ་དག་རྫོགས་པར་བྱས་ཏེ་གནས་སོ་སྙམ་མོ། །དེ་བཞིན་དུ་རྒྱལ་པོ་དང་གྲོང་མི་ཐམས་ཅད་ཀྱང་དེ་ལྟར་བསམ་མོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་དེས་འདི་སྙམ་དུ་འདི་ཐམས་ཅད་ཀྱིས་བདག་བཀུར་ཞིང་ཚངས་པའི་ལམ་རྫོགས་པར་བྱས་ཏེ་གནས་སོ་ཟེར་ན། བདག་གིས་ནི་ཚངས་པའི་ལམ་ཡང་མི་ཤེས་མཐོང་ནས་རྫོགས་པར་ཡང་མ་བྱས་པས། བདག་གིས་ཡབ་བྲམ་ཟེ་ལས། བྲམ་ཟེ་གང་ཞིག་དབྱར་ཟླ་བ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་གྱི་གནས་ན་དེའི་དྲུང་དུ་ཚངས་པ་འོང་བར་འགྱུར་རོ་ཞེས་ཐོས་ཀྱིས་བདག་གིས་དབྱར་ཟླ་བཞིར་དེ་ལྟར་བྱའོ་ཟེས་བསམས་ཏེ། དང་པོ་རྒྱལ་པོ་རྡུལ་ཕྲན་ལ་ལྷ་རེ་ཞིག་རྗེས་སུ་སྟོན་པ་གཞན་གསན་དུ་གསོལ། བདག་རེ་ཞིག་དབེན་པར་སྙིང་རྗེའི་བསམ་གཏན་ལ་གནས་པར་འཚལ་ལོ། །དེས་ཀྱང་མཁན་པོ་དུས་ལ་བབ་པ་མཁྱེན་པར་མཛོད་ཅིག །དེ་ནས་རྒྱལ་རིགས་བདུན་དང་། བྲམ་ཟེ་བདུན་དང་། ཁྱིམ་བདག་བདུན་དང་། ཆུང་མ་བཞི་བཅུ་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་མ་གཡེང་བར་བག་ཡོད་པར་ཁྱིམ་ན་འཁོད་ཅིག །བདག་ནི་དབྱར་ཟླ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་གྱིས་གནས་པར་འདོད་དོ། །དེ་དག་གིས་ཀྱང་དེ་བཞིན་ནོ་ཞེས་གསོལ་ཏོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་ཡང་དེ་བཞིན་སྨྲས་ཏེ་ཇི་སྐད་ཐོས་ཤིང་ཀུན་ཆུབ་པར་བྱ་བའི་རིག་པ་ཟུངས་ཤིག་ལྟོས་ཤིག །གཞན་འདུལ་སྦྱོང་མཁན་སོགས་ཁྲུས་བྱེད་པའི་བར་དག་ལ། ཤེས་ལྡན་དག་རེ་ཞིག་རྗེས་སུ་སྟོན་པ་གཞན་ཚོལ་ཅིག །ཁོ་བོ་དབྱར་ཟླ་བཞིར་དབེན་པར་སྙིང་རྗེའི་བསམ་གཏན་བྱེད་དོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་གྲོང་ཁྱེར་ཤར་ཕྱོགས་སུ་ཁང་བཟང་ཞིག་བརྩིགས་ནས་དབེན་པར་དབྱར་ཟླ་བཞིར་བསམ་གཏན་གྱིས་གནས་པ་ལ་དེའི་དྲུང་དུ་ཚངས་པ་མ་འོངས་སོ། །དེ་ནས་དབྱར་ཟླ་བཞིར་ཞག་གཅིག་གིས་མ་ཚང་བ་དང་འདི་སྙམ་དུ་བདག་གིས་ཕ་ལས་དེ་ལྟར་ཐོས་མོད་ཀྱིས་བདག་གི་དྲུང་དུ་ནི་ཚངས་པ་མ་འོངས་སོ་སྙམ་མོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་དེའི་སེམས་ཤེས་ནས་སྐྱེས་བུ་སྟོབས་ལྡན་གྱི་ལག་པ་བརྐྱང་བསྐུམ་བྱེད་པ་ཙམ་གྱིས་ཚངས་པའི་འཇིག་རྟེན་ནས་དེའི་ཁང་བཟངས་སུ་འོངས་སོ། །དེའི་ཚེ་ཁང་བཟང ས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་ཅིང་ནམ་གྱི་ཆ་སྨད་ལ་བབ་པ་དང་སྣང་བ་དེ་མཐོང་ནས། འདི་འདྲ་བ་ཡི་ཁ་དོག་ནི། བདག་གིས་མ་མཐོང་མ་ཐོས་ནས། །གཟུགས་བཟང་ཁ་དོག་ལྡན་པ་ཡི། །གྲོགས་པོ་ཁྱོད་ནི་སུ་ཞིག་ཡིན། །ཚངས་པས་སྨྲས་པ། གང་ལ་ལྷར་བཅས་ཚངས་རིས་དང་། །དེ་བཞིན་རིས་ནི་གཞན་དག་གིས། །གཞོན་ནུ་རབ་ཤེས་དེ་ལྟ་བུར། །གནག་ལྷས་སྐྱེས་ཀྱིས་ད་ཤེས་བྱོས། །ཞེས་སོགས་ཚིགས་སུ་བཅད་པས་ཞུ་བ་དང་ལན་བསྟན་ཏེ། གནག་ལྷས་སྐྱེས་དེས་རེ་ཞིག་བདག་གིས་ཚེ་འདིའི་དོན་གྱི་ཐོབ་བྱ་ཐོབ་ཀྱིས། ཚེ་ཕྱི་མའི་དོན་ལས་བརྩམས་ཏེ་དྲི་བར་བྱའོ་སྙམ་ནས། བློ་ལ་བདོག་པའི་ཡིད་གཉིས་ཐེ་ཚོམ་དག །ཚངས་པ་ཀུན་འགེད་གཞོན་ནུ་ལ་འདྲི་བ། གང་དུ་གནས་ཤིང་གང་ལ་བསླབས་བྱས་ན། ཚངས་པའི་འཇིག་རྟེན་མི་འཆི་ཐོབ་པར་འགྱུར། ལན་བཏབ་པ་བྲམ་ཟེ། མི་ཡི་ནང་ན་བྱའོ་སྙམ་སྤངས་ཤིང་། གཅིག་པུར་གྱུར་པ་སྙིང་རྗེར་མོས་པ་དང་། དྲི་ང་མེད་ཅིང་འཁྲིག་ལས་ཆགས་བྲལ་བ། འདི་ལ་གནས་ཤིག་འདི་ཉིད་ལ་བསླབས་ན། མི་ཡིས་ཚངས་པའི་འཇིག་རྟེན་འཆི་མེད་འཐོབ། བྲམ་ཟེ་ཆེན་པོ་དེས་ཚངས་པས་བཤད་པའི་ཚིགས་སུ་བཅད་པ་རྐང་པ་དང་པོ་དང་གཉིས་པའི་དོན་བདག་གིས་ཀུན་ཤེས་ཀྱིས་གསུམ་པ་དྲི་ང་མེད་ཅིང་སོགས་ཀྱི་དོན་མི་ཤེས་སྙམ་ནས། ཚངས་པ་མིའི་ནང་དྲི་ང་གང་ཞིག་ལགས། ལན་བཏབ་པ། འཇིག་རྟེན་ཀུན་ནི་དོགས་ཀྱི་འབབ་ཆུ་ལྟར། །གང་གིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་པའོ། །ཁྲོ་དང་རྫུན་དང་ཁོན་དང་རྣམ་འཚེ་དང་། །འཇུངས་དང་མངོན་པའི་ང་རྒྱལ་མི་བཟོད་དང་། །ཆགས་དང་ཞེ་སྡང་དེ་བཞིན་གཏི་མུག་དང་། །ཕྲག་དོག་སེར་སྣ་དག་དང་འཚིག་པ་སྟེ། །དེ་དག་བྲམ་ཟེ་མིའི་ནང་དྲི་ང་ཡིན། །འཇིག་རྟེན་ཀུན་ན་ངོགས་ཀྱི་འབབ་ཆུ་ལྟར། །དེ་ཡིས་བསྒྲིབས་ན་ངན་སོང་སྒྲིབ་པ་ཅན། །ཚངས་པ་འཐོབ་འགྱུར་ལམ་ནི་མི་ཤེས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་བདག་གིས་ཚངས་པས་སྨྲས་པའི་དོན་ཤེས་པ་ལྟར་ན། ཁྱིམ་པ་ཁྱིམ་ན་གནས་པ་དག་གིས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སལ་གྱིས་དག་པ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་རྣམ་པར་བྱང་བ་སྤྱད་པ་འདི་སླ་བ་མ་ཡིན་པས། བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བུའོ་སྙམ་མོ། །དེའི་བསམ་པ་ཤེས་ནས་སྨྲས་པ། ཚངས་པར་སྐྱེ་བར་བྱ་བའི་ཕྱིར། །འདི་ལ་འབད་པ་བརྟན་པར་གྱིས། །ཆོས་འདི་དག་པ་གཡུང་དྲུང་ཡིན། །ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་དབྱར་ཟླ་བཞི་པོ་དེ་འདས་ནས་རྒྱལ་པོ་རྡུལ་ཕྲན་བྲམ་ཟེ་དེའི་དྲུང་དུ་ཕྱིན་ཏེ་ཞབས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འདུག་པ་ལ་བྲམ་ཟེ་དེས། བདག་མི་སྤྲོ་བས་རྒྱལ་སྲིད་ཉིད་ཀྱིས་བསྐྱང་དུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་འདོད་པ་མི་ཚིམ་པ་གང་ཡིན་པ་དེ་བདག་གིས་བསྐང་། ཁྱོད་ལ་འཚེ་བ་ཡོད་ན་གསད་ཀྱིས་བདག་མ་དོར་ཞེས་སྨྲས་སོ། །བྲམ་ཟེ་སྨྲས་པ། རྒྱལ་པོ་བདག་འདོད་མི་ཆོག་མིན། །བདག་ལ་འཚེ་བའང་མ་མཆིས་ཏེ། །མི་མ་ཡིན་པའི་ཚིག་ཐོས་ནས། །ཁྱིམ་གྱི་གཞི་ལ་མི་སྤྲོའོ། །ཞེས་སོགས་ཚིགས་སུ་བཅད་པའི་སྒོ་ནས་ཕན་ཚུན་གླེང་སྟེ་ཚངས་པའི་ཚིག་གིས་རབ་ཏུ་བྱུང་བར་འདོད་ཚུལ་སྨྲས་པ་ན། རྒྱལ་པོས་ཀྱང་ཁྱོད་གང་དུ་འགྲོ་བ་དེར་ཁོ་བོ་ཡང་འགྲོ་སྟེ། ཁྱོད་ནི་ཁོ་བོའི་སྟོན་པ་དང་། བདག་ཁྱེད་ཀྱི་ཉན་ཐོས་སློབ་མར་བྱའོ་ཞེས་སྨྲས་པས། རྒྱལ་པོའི་དེ་ལ་ཆགས་པའི་འདོད་པ་སྤོངས་ལ་ཚངས་པར་སྐྱེ་བའི་སླད་དུ་ཚངས་པར་སྤྱོད་པ་སྤྱད་པར་གྱིས་ཞེས་ཀྱང་སྨྲས་སོ། །དེ་ནས་བྲམ་ཟེ་ཆེན་པོ་དེས་རྒྱལ་རིགས་དྲུག་ལ་ཁོ་བོ་རབ་ཏུ་གྱུར་ན་ཁྱེད་ཅག་ཅི་བྱེད། དེ་དག་ན་རེ། མཁན་པོ་ལོ་བདུན་གཞེས་དང་། བདག་ཅག་བུ་སོགས་རྒྱལ་སྲིད་ལ་བཞག་ནས་ཁྱེད་ཀྱི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེས་སྨྲས་པ། ལོ་བདུན་ནི་ཧ་ཅང་ཐོགས་ཆེས་ཏེ། འདོད་པ་རྣམས་ནི་ཆགས་པར་འགྱུར་བ། ལོངས་སྤྱོད་རྣམས་ནི་མྱོས་པར་འགྱུར་བ། སྲོག་འཆད་པ་ནི་ཤེས་པར་དཀའ་བ་ཡིན་པས་ལོ་བདུན་འདས་ན་ཡང་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་པས་རེ་ཞིག་ཁོ་བོ་ནི་རབ་ཏུ་འབྱུང་ངོ་། །དེ་དག་གིས་ལོ་དྲུག་ནས་གཅིག་བར་དང་། ཟླ་བ་བདུན་ནས་ཞག་བདུན་གྱི་བར་དུ་གྲོས་བཏབ་པ་དང་། བྲམ་ཟེ་ན་རེ། ཞག་བདུན་ནི་རིང་པོ་མིན་མོད་ཀྱི། འདོད་པའི་ལོངས་སྤྱོད་ནི་མྱོས་པ་དང་། སྲོག་འཆད་པ་ཤེས་དཀའ་བས་ཞག་བདུན་འདས་ན་ཡང་རབ་ཏུ་འབྱུང་ངམ་མི་འབྱུང་གཏོལ་མེད་པས་རེ་ཞིག་བདག་རབ་ཏུ་འབྱུང་ངོ་། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ལྟ་བུ་བདུན་སོགས་དང་། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་། འདུལ་སྦྱོང་མཁན་ལ་སོགས་པ་ཐམས་ཅད་ལ་སྨྲས་པས། དེ་ཐམས་ཅད་ཀྱིས་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་བདག་ཅག་ཀྱང་རབ་ཏུ་བྱུང་ཞེས་ཟེར་རོ། །དེ་ནས་བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་ངོ་། །དེར་རྒྱལ་བུ་རྡུལ་ཕྲན་འཁོར་བརྒྱ་སྟོང་ཕྲག་མང་པོ་དང་། རྒྱལ་རིགས་དྲུག་དང་བྲམ་ཟེ་ཆེན་པོ་བདུན་ལ་སོགས་པ། རྟ་དང་གླང་པོ་འདུལ་སྦྱོང་མཁན་སོགས་ཁྲུས་བྱེད་པའི་བར་གྱི་མི་ཐམས་ཅད་ཀྱང་དེའི་རྗེས་སུ་རབ་ཏུ་བྱུང་ངོ་། །བྲམ་ཟེ་ཆེན་པོ་གནག་ལྷས་སྐྱེས་དེ་རབ་ཏུ་བྱུང་ནས་ཉོན་མོངས་པའི་སྒྲིབ་པ་ལྔ་པོ། སེམས་ཉམ་ཆུང་བ་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ། གནོད་པ་བྱེད་པའི་ཕྱོགས་དང་མཐུན་པ། མྱ་ངན་ལས་མི་འདའ་བ་བྱེད་པ་རྣམས་སྤངས་ནས། བྱམས་པ་དང་ལྡན་པའི་སེམས་འཁོར་དང་འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་ཅིང་རྫོགས་པར་བྱས་ནས་གནས་སོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། སྟེང་དང་འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་ཐམས་ཅད་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་ཀྱིས་ཁྱབ་པར་བྱས་ཏེ་གནས་སོ། །དེའི་ཚེ་དེའི་མིང་སྟོན་པ་གནག་ལྷས་སྐྱེས་ཞེས་བྱ་བར་གྱུར་ཏོ། །དེ་ནས་སྟོན་པ་གནག་ལྷས་སྐྱེས་འཁོར་བརྒྱ་སྟོང་དུ་མ་དག་དང་བཅས་པ་གྲོང་ཁྱེར་ནས་གྲོང་ཁྱེར་དུ་རྒྱུ་ཞིང་དོང་སྟེ་ཐམས་ཅད་ཀྱིས་ལྟ་ཞིང་ཕྱག་བྱེད་དོ། །དེ་ལྟར་ཡང་དེའི་ཚེ་མདུན་ན་འདོན་བདུན་བྱུང་བ་ནི། རལ་གྲིས་འཚོ་དང་། ཚངས་སྦྱིན་ཞེས་བྱ་བ་ལ་སོགས་པ་བདུན་ནོ། །ཀ་ལིང་ཀ་ན་ཆེ་བའི་ཁྱིམ། །རྡོ་མང་ན་ནི་སྐེམ་བྱེད་དེ། །ཞེས་སོགས་དང་། བཱ་རཱ་ན་སཱིར་ཀ་ཤི་སྟེ། །གནག་ལྷས་སྐྱེས་ཀྱིས་རིས་བཅད་དེའོ། །ཞེས་དང་། དེ་ལྟར་སེམས་ཅན་མང་པོ་ལ་འདོད་པའི་ཆགས་པ་སྤངས་ལ། ཚངས་པའི་ལམ་ཡང་དག་པར་བསྟན་ཅིང་བསམ་གཏན་གྲུབ་པར་བྱས་པའི་བྲམ་ཟེ་དེ་ལྟར་ཤེས་རབ་དང་སྤོབས་པ་ཆེ་བ་དེས་སེམས་ཅན་གྱི་དོན་བྱས་སོ། །ཚུལ་འདི་དང་ཕྱོགས་འདྲ་བར་རྒྱལ་པོ་ཕྱོགས་ཀྱི་བདག་པོའི་བུ་ཁྱེའུ་རྡུལ་ཞེས་བྱ་བའི་མདུན་ན་འདོན་བྲམ་ཟེ་མི་སྐྱོང་ཁྱབ་འཇུག་ཅེས་བྱ་བར་གྱུར་པའི་རབས་ནི་མདོ་སྡེ་ལས་བརྒྱ་པའི་ནང་དུ་ཡོད་དོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་རྒྱལ་པོ་ཆེན་པོ་རྒྱལ་ཕྲན་རྣམས་ཀྱིས་ཕྱག་བྱས་པའི་མངའ་བདག་ཞིག་ཏུ་གྱུར་པའི་ཚེ་ན། ཡུལ་ཆོས་བཞིན་དུ་བསྐྱངས་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་ཆར་མ་བབ་ཅིང་ཐན་པས་ཉན་པར་གྱུར་པ་ན། རྒྱལ་པོ་དེས་བདག་ཅག་གིས་སྐྱེ་དགུ་རྣམས་ཆོས་བཞིན་ལེགས་པར་མ་བསྐྱངས་པས་ཉེས་པའོ་སྙམ་དུ་མདུན་ན་འདོན་བྲམ་ཟེ་རྒན་པ་རྣམས་ལ་གནོད་པ་དེ་ལས་ཐར་བའི་ཐབས་དྲིས་པས། དེ་དག་གིས་རིག་བྱེད་ལས་བྱུང་བ་བཞིན་དུ་སྲོག་ཆགས་དུ་མ་བསད་པའི་མཆོད་སྦྱིན་བྱས་ན་ཆར་འབབ་པར་འགྱུར་ཞེས་སྨྲས་པ་ལ། རྒྱལ་པོ་སྙིང་རྗེའི་བདག་ཉིད་ཅན་དེས་སྲོག་ཆགས་གསོད་པའི་ཆོ་ག་དེ་ཡིན་ལ་མ་བབ་ཀྱང་འཁོར་དང་རྗེས་སུ་མཐུན་པའི་ཕྱིར་ཚིག་རྩུབ་མོ་མ་སྨྲས་པར་སྐབས་གཞན་དག་གིས་གཏམ་དེ་ཡལ་བར་བོར་རོ། །ཡང་དེ་དག་གིས་རྒྱལ་པོའི་བསམ་པ་ཟབ་ཅིང་བརྟག་དཀའ་བ་མ་ཤེས་ནས་མཆོད་སྦྱིན་བྱེད་པའི་གྲོས་བཏབ་པ་ལ། རྒྱལ་པོ་དེས་འདི་དག་ནི་གཞན་དྲིང་ལ་འཇོག་པ་དཔྱོད་པ་མེད་པས་མི་ལེགས་པར་སྟོན་པའོ་སྙམ་དུ། སྲོག་ཆགས་བསད་པས་ལྷ་མཉེས་པ་དང་། ཕྱུགས་དེ་དག་མཐོ་རིས་སུ་འགྲོ་བ་ཞེས་བརྫུན་ཏེ་ཤིན་ཏུ་མི་རིགས་པས་མཉན་པར་བྱ་བ་མ་ཡིན་ན་ཡང་། ཐབས་ཞིག་བྱའོ་སྙམ་དུ། མཆོད་སྦྱིན་བྱེད་པ་ལ་མོས་པ་ལྟ་བུར་བྱས་ཏེ། སྨྲས་པ། ཁྱེད་ཅག་བདག་ལ་འདི་ལྟར་ཕན་འདོགས་པར་སེམས་ན། དེའི་ཕྱིར་བདག་གིས་མི་སྟོང་གི་མཆོད་བྱིན་བྱེད་འདོད་པས་དེ་ལྟར་ས་ཕྱོགས་དང་ཡོ་བྱད་སྟ་གོན་གྱིས་ལ་ཚེས་གྲངས་དང་རྒྱུ་སྐར་གྱི་སྦྱོར་བ་རྟོགས་ཤིག །མདུན་ན་འདོན་གྱིས་སྨྲས་པ། འདོད་དོན་གྲུབ་པའི་སླད་དུ་རྒྱལ་པོ་རེ་ཞིག་ཁྲུས་མཛོད་དང་། མཆོད་སྦྱིན་གྱི་བཀོད་པ་བདག་ཅག་གིས་རྩོམ་མོ། །མི་སྟོང་ཅིག་ཆར་བཟུང་ན་ཁྱོད་ཀྱི་འབངས་རྣམས་གདོན་མི་ཟ་བར་ཡིད་འབྱུང་བར་འགྱུར་བས་བགས་ཀྱིས་བྱའོ། །བྲམ་ཟེ་རྣམས་ཀྱིས་དེ་ལྟར་བདེན་ནོ་ཞེས་སྨྲས་པ་ལ། རྒྱལ་པོ་ན་རེ། ཁྱེད་འབངས་འཁྲུགས་པར་འགྱུར་དུ་མ་དོགས་ཤིག་དང་། བདག་གིས་ཅི་ནས་ཡིད་མི་འབྱུང་བ་དེ་ལྟར་བྱའོ། །དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་གྱི་མི་རྣམས་བསྡུས་ནས་སྨྲས་པ། ངས་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ན། ཉེས་པ་མེད་པར་མ་འདོད་བཞིན་དུ་སུ་ཡང་ཕྱུགས་སུ་བྱར་ངས་མི་ནུས་ཀྱི། དེ་བས་དེ་རིང་ཕན་ཆད་ཁྱེད་ཅག་ལས་གང་ཚུལ་དང་བཀའ་ཁྲིམས་ལ་འགལ་བར་བྱེད་ཅིང་ངའི་བཀའ་གཅིག་པ་དེ་དག་ངའི་རྟོག་ཆེན་པོ་རྣམས་ཀྱིས་ཀུན་ཏུ་སོང་ལ་བརྟག་སྟེ་རང་གི་རིགས་དང་ཡུལ་ལ་གནོད་པ་བྱེད་པ་དག་ཡོད་ན། ཕྱུགས་ཀྱི་ཚབ་ཏུ་དེ་དག་བཟུང་བ་བྱེད་ཀྱིས་ཤེས་པར་གྱིས་ཤིག་ཅེས་སྨྲས་པ་ལ། གཙོ་བོ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སྨྲས་པ། རྗེ་བོ་ཁྱོད་ནི་འབངས་ལ་ཕན་པར་གཞོལ་བ་ལགས་ན་ཁྱེད་ལ་བརྒལ་བ་ག་ལ་སྲིད་དེ། ཁྱོད་ཀྱི་སྤྱོད་པ་ལ་ཚངས་པ་ཡང་རྗེས་སུ་ཡི་རང་ངོ་། །ཁྱོད་ནི་ཚད་མར་གྱུར་པ་ལགས་པས་ལྷའི་དགྱེས་པ་དེ་ལ་བདག་ཅག་ཀྱང་དགྱེས་སོ་ཞེས་བཀའ་སྩལ་པ་མཉན་ཏོ། །དེའི་ཚེ་རྒྱལ་པོ་དེས་བློན་པོ་ཐུགས་ཆེས་པ་རྣམས་ཡོ་ལང་ཆེན་པོས་ཀུན་གྱིས་མཐོང་བར་ཡུལ་ཐམས་ཅད་དུ་སྡིག་པ་བྱེད་པའི་མི་རྣམས་འཛིན་པའི་སླད་དུ་བཀྱེའོ། །ཡུལ་ཀུན་ཏུ་འདི་སྐད་ཅེས་ཉིན་རེ་བཞིན་དུ་བསྒོ་སྟེ། ཚུལ་ལྡན་གཙང་མ་རྣམས་ལ། རྒྱལ་པོས་མི་འཇིགས་པ་སྦྱིན་གྱིས། འབངས་ལ་ཕན་པའི་ཕྱིར་ཚུལ་མིན་བྱེད་པའི་མི་ཕྱུགས་སུ་བསྒྱུར་བ་སྟོང་གིས་མཆོད་སྦྱིན་མཛད་པར་བཞེད་པས་དེར་ཕན་ཆད་རྒྱལ་པོའི་བཀའ་དང་སུ་འགལ་བ་དེ་དག་མཆོད་སྡོང་ལ་བཏགས་ནས་ཕྱུགས་ཀྱི་ཚབ་ཏུ་མཆོད་སྦྱིན་བྱེད་དོ་ཞེས་བསྒྲགས་པས། མི་ཐམས་ཅད་ཤིན་ཏུ་སྐྲག་སྟེ་ཚུལ་མིན་བྱེད་པ་བཏང་ནས། ཚུལ་ཁྲིམས་དང་སྡོམ་པ་ཡང་དག་པར་བླངས། གཅིག་ལ་གཅིག་དགྲར་འཛིན་ཅིང་རྩོད་པ་སོགས་མེད་པར་བླ་མའི་ངག་ཉན་ཅིང་། ཕན་ཚུན་གུས་པ་དང་། བགོ་བཤའ་བྱེད་པ་དང་། དགའ་ཞིང་དུ་བ་ལ་འབད་པར་གྱུར་པས་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་དེས་བློན་པོ་མགུ་ཞིང་དད་པར་གྱུར་པ་དེ་དག་ལ་བཀའ་སྩལ་པ། ངས་ནི་འབངས་རྣམས་སྲུང་བར་སེམས་པས། ད་ནི་དེ་རྣམས་སྦྱིན་གནས་སུ་གྱུར་པ་ལ། ངས་མཆོད་སྦྱིན་གྱི་ཕྱིར་བསགས་པའི་ནོར་རྫས་འདི་རྣམས་སྐྱེ་བོ་རྣམས་ཅི་འདོད་པར་ལོངས་ཞེས་སྨྲས་པ་ལྟར། ཕྱོགས་ཐམས་ཅད་དུ་སྦྱིན་གཏོང་གི་ཁང་པ་བརྩིགས་ཏེ་སྐྱེ་བོ་ཐམས་ཅད་ལ་ཅི་འདོད་པར་སྦྱིན་པ་བཏང་བས་ཐམས་ཅད་དབུལ་བ་མེད་པར་འབྱོར་པ་རྒྱས་ཤིང་རྒྱལ་པོའི་གྲགས་པས་ཡུལ་ཀུན་ཏུ་ཁྱབ་པ་དང་། སྐྱེ་བོ་ཐམས་ཅད་ཀྱང་དགེ་བ་ལ་གཞོལ་བའི་མཐུས། དུས་ཚིག་རྣམས་ཀྱང་མཐུན་པར་བདེ་ལ་ལྷས་དུས་སུ་ཆར་འབེབས་པ་དང་། འབྲུ་དང་མེ་ཏོག་སྣ་ཚོགས་རྒྱས་པ་དང་། ས་ཐམས་ཅད་དུ་ཡང་གཟི་བྱིན་རྒྱས་ཤིང་སྨན་རྣམས་བཅུད་དང་ལྡན་པ་དང་། འགྲོ་བ་ནད་མེད་པ་ལ་ཟོ་མདོག་བདེ་ཞིང་དགའ་བ་དང་། ཕ་རོལ་གྱི་དམག་སོགས་ཀྱི་འཇིགས་པ་མེད་པར་རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་པ་ལ། མི་ཐམས་ཅད་མགུ་ནས་རྒྱལ་པོ་ལ་བསྟོད་པ་བྱེད་ཅིང་། དེའི་ཚེ་བློན་པོ་གཅིག་གིས་རྒྱལ་པོ་ལ་གསོལ་བ། མཆོག་དང་འབྲིང་དང་ཐ་མ་ཡི། །དགོས་པ་རྟག་ཏུ་གཟིགས་པས་ན། །དབང་ཕྱུག་རྣམས་ཀྱི་བློ་དག་ནི། །གོང་ནས་གོང་དུ་དཔྱོད་པར་འགྱུར། །ཞེས་པ་འདི་ལེགས་པར་སྨྲས་པ་སྟེ། འདི་ལྟར་ལྷའི་ཞལ་སྔ་ནས་ཕྱུགས་འགུམ་པའི་སྐྱོན་མ་མཆིས་པར་ཆོས་ཀྱི་མཆོད་སྦྱིན་གྱིས་འབངས་རྣམས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བཏགས་སོ། །གནོད་པ་དང་དབུལ་བ་ཐམས་ཅད་ཞི་བར་བྱས་པས་འབངས་རྣམས་ནི་ཁྱོད་ལ་བརྟེན་པས་སྐལ་བ་དང་ལྡན་པ་ལགས་སོ་ཞེས་སོགས་བསྔགས་སོ། །དེ་ལྟར་བསམ་པ་དགེ་ཞིང་ཤེས་རབ་ཅན་རྣམས་ནི་སྡིག་པ་བྱེད་དུ་གཞུག་པས་བསླུར་མི་ཚུགས་ཤིང་། ཐབས་ལ་མཁས་པས་སྡིག་པའི་ཕྱོགས་སུ་གཞོལ་བ་ཡང་། དགེ་བའི་ལམ་ལ་འཛུད་པར་བྱེད་ཅིང་རང་གཞན་གཉིས་ཀའི་དོན་རྒྱ་ཆེན་པོ་བྱེད་པའི་ངོ་མཚར་ལ་གུས་པར་བྱའོ། ༈ །ཡང་སྔོན་ཡུལ་རྡོ་འཇོག་ན་བྲམ་ཟེ་ཟླ་གྲགས་ཞེས་བྱ་བ་ལ་བུ་ཉི་ཟླ་ཞེས་བྱ་བ་ཡོད་དོ། །ཇི་ཞིག་ན་བྲམ་ཟེ་ན་བ་བུ་དང་ཆུང་མས་དོར་བ་བྲན་མོ་ཞིག་གིས་སྨན་བསླངས་ཏེ་སོས་པར་བྱས་པས་དེས་དེ་ལ་ཀཪྵཱ་པ་ཎ་ལྔ་བརྒྱ་བྱིན་ནས་བྲན་ལས་དབྱུང་བར་བརྩམས་པ་དང་། བྲན་མོ་དེས་དེ་དང་ལྷན་ཅིག་རྩེ་བ་ནན་ཏན་འདོད་པས། བྲན་མོ་དེ་ཟླ་མཚན་དང་ལྡན་པའི་དུས་སུ་དགའ་མགུར་བྱས་པས་དེ་ལ་བུ་ཆགས་པར་གྱུར་ཏོ། །བྲམ་ཟེའི་ཆུང་མ་སྔ་མས་དེ་ལ་ཕྲག་དོག་གིས་བྲན་མོ་དེ་བརྡེག་ཅིང་ཟས་ངན་དུ་བྱས་སོ། །བྲན་མོ་དེས་སེམས་ཅན་སྐལ་ངན་འདི་མངལ་དུ་ཆགས་ནས་བདག་ཟས་གོས་ངན་ཅིང་བརྡེགས་པས་འདི་འབོར་རོ་སྙམ་པས་ཆོལ་ཟངས་སུ་བཞག་སྟེ་དོར་བར་བརྩམས་པ་དང་། དེ་བྲམ་ཟེ་ཟླ་གྲགས་ཀྱིས་མཐོང་ནས་དྲིས་པ་ལ། དེས་ཅི་ལྟར་གྱུར་པ་སྨྲས་སོ། །བྲམ་ཟེ་ན་རེ་འདི་སྐྱེད་དང་ཁོ་བོས་དུས་ཤེས་པར་བྱའོ་ཞེས་སྨྲས་ཏེ། བྲམ་ཟེ་མོ་ལ་ངན་པའི་ཚེ་ཁྱོད་དང་བུས་བོར་བ་ལ་བྲན་མོ་འདིས་ནད་ལས་གསོས་པས། འདི་ལ་མཁོ་བ་སྟོབས་ན་ལེགས། མིན་ན་འདི་ཁྱིམ་བདག་མོར་བཞག་ནས་ཁྱོད་འདིའི་བྲན་མོར་བསྐོའོ་ཞེས་སྨྲས་པས། དེ་སྐྲག་སྟེ། སླན་ཆད་ཐོ་མི་འཚམས་པར་ཁས་བླངས་ནས་ཁྱེའུའི་མིང་ཆོལ་ཟངས་པ་ཞེས་སུ་བཏགས་སོ། །ཁྱེའུ་དེ་ལ་བྲམ་ཟེ་ཤིན་ཏུ་བྱམས་པར་གྱུར་པ་ཇི་ཞིག་ན་བྲམ་ཟེ་དུས་ལས་འདའ་བའི་ཚེ་བུ་ཐུ་བོ་ཉི་ཟླ་བ་ཁོ་བོ་འདས་ནས་ནུ་བོ་ཆོལ་ཟངས་པ་འདི་ལ་མཁོ་བ་བསྟབས་པར་གྱིས་ཞེས་སྨྲས་ནས་ཤི་འཕོས་སོ། །དུས་ཞིག་ན་ཉི་ཟླས་ཆོལ་ཟངས་པ་དང་ལྷན་ཅིག་ཟན་ཟ་བ་ལ། དེའི་མས་འདི་ནི་བྲན་མོའི་བུ་ཞེས་བརྙས་པ་ཆོལ་ཟངས་པས་རང་གི་མ་ལ་དྲིས་པ་དང་། མ་དེས་འཇིག་རྟེན་ནི་རང་གི་ལས་འབྲས་ལ་སྤྱོད་པས་སུ་ཞིག་སུའི་བྲན་ཡིན། བུ་ཡུལ་གཞན་དུ་སོང་ལ་ཐོས་པ་འཛིན་པར་གྱིས་ཤིག །དེ་ཡུལ་གཞན་དུ་སོང་ནས་མིང་ཟླ་བ་ཞི་བ་ཞེས་བྱ་བར་བསྒྲགས་ཏེ། མཉན་ཡོད་ན་བྲམ་ཟེ་མདུན་ན་འདོན་ཞིག་འདུག་པའི་གན་དུ་དོང་བ་ལ། དེས་ཁྱོད་གང་ནས་འོངས་སོགས་དྲིས་ཏེ། བྲམ་ཟེ་ཟླ་གྲགས་དྲིས་པས། ཁྱེའུ་དེ་ངུ་ཞིག་དེ་ངའི་ཕ་སྟེ་གུམ་མོ་ཞེས་སྨྲས་སོ། །མདུན་ན་འདོན་དེས་དེ་ནི་ངའི་ཆུང་གྲོགས་ཡིན་གྱིས་བག་ཕོ བ་ཅེས་སྨྲས་ཏེ། དེས་དེ་ལ་རིག་བྱེད་བསླབས་པས་རིག་བྱེད་བཞི་པོ་ཤེས་ནས་མདུན་ན་འདོན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ནོར་མང་པོ་དག་ཀྱང་བྱིན་ནོ། །དེ་གྲགས་པ་དང་ལྡན་ཞིང་ནོར་དང་ལྡན་པར་གྱུར་པ་རྡོ་འཇོག་གི་ཚོང་པ་མཉན་ཡོད་དུ་སླེབས་པས་ལྟར་དོང་བ་ལ་དེས་ངོ་ཤེས་ནས་ཅང་མ་སྨྲས་པར་ཚོང་པ་དེས་སླར་འོངས་ནས་གཏམ་དེ་ཉི་ཟླ་ལ་སྨྲས་པས། དེ་དགའ་ནས་མ་ལ་སྨྲས་པས། བྲན་མོའི་བུ་ཞིག་བསྙེན་བཀུར་གྱི་གནས་སུ་མི་འགྱུར་ཞེས་ཟེར་རོ། །ཇི་ཙམ་ན་ཉི་ཟླ་ལོངས་སྤྱོད་སྲབ་པར་གྱུར་པ་ན་དེའི་མས་ནུ་བོའི་གན་དུ་སོང་ན་ལོངས་སྤྱོད་ཀྱི་བགོ་བཤའ་བྱེད་དོ་ཞེས་སྨྲས་པ་ལ། བུ་ན་རེ། སྔར་བྲན་མོའི་བུ་ཡིན་ན་ད་ཅི་ལྟར་ནུ་བོར་འགྱུར། བུ་གལ་ཏེ་དེ་ལྟ་ན་ཡང་སོང་ལ་བླང་བ་མ་ཟློག་ཅིག་ཅེས་མན་ནན་གྱིས་བསྐུལ་བས་མཉན་ཡོད་དུ་སོང་ངོ་། །དེ་ཟླ་བ་ཞི་བས་ཐོས་ནས་བསུས་ཤིང་ཟས་བྱིན་ཏེ། བདག་གི་མིང་ཟླ་བ་ཞི་བ་ཞེས་འབོད་ཀྱི་བདག་ལ་ཆོལ་བཟངས་པ་ཞེས་མ་འབོད་ཅིག །དེས་ཀྱང་དེ་བཞིན་བྱས་ཏེ། ཁྱིམ་དུ་སོང་ནས། བྲམ་ཟེ་མོ་ལ་འདི་ནི་ཁོ་བོའི་ཕུ་བོ་ཉི་ཟླ་ཞེས་བྱ་བ་ཡིན་གྱིས་མཁོ་བ་ཐམས་ཅད་བསྟབས་ཤིང་ཚིག་མི་བཅས་པར་གུས་པར་བྱ་ཞེས་སྨྲས་པ་ལ་དེས་ཀྱང་དེ་བཞིན་དུ་བྱས་སོ། །ཉི་ཟླ་དེ་ནི་འགྲོགས་ན་བདེ་བ་ཡིན་ལ། ཆོལ་ཟངས་པ་ནི་གཏུམ་ལ་དྲག་པས་ཉེས་པ་ཅུང་ཟད་ཀྱི་ཕྱིར་ཆུང་མ་ལ་ཁུ་ཚུར་དང་ཐལ་ལྕག་རྡེག་པར་བྱེད་དོ། །བྲམ་ཟེ་མོ་དེས་ཉི་ཟླ་ལ་སྨྲས་པ། ཇོ་ཇོ་ཁྱེད་གཉིས་ནུ་མ་གཅིག་ལ་གསོལ་གསོལ་བའི་མཆེད་ལགས་ན། གང་གི་སླད་དུ་ཁྱོད་ནི་དེས་ཤིང་འགྲོགས་ན་བདེ་བ་ལགས་ལ། གཅུང་པོ་ནི་གཏུམ་ཞིང་གཟུ་ལུམ་དང་དྲག་ཤུལ་ཅན་འདི་ལ་རྒྱུ་ཅི་མཆིས། སྲུ་འདིས་ཁྱིམ་གྱི་རིག་པ་བཀླགས་སོ། །ཇོ་ཇོ་ཁྱིམ་གྱི་རིག་པ་དེ་སྩོལ་ཅིག །ཉི་ཟླས་སྨྲས་པ། རིག་སུ་ལའང་སྦྱིན་བྱ་མིན། །རིག་དང་བཅས་ཏེ་འཆི་བར་བྱ། །རིག་པ་རིག་དང་གུས་པ་དང་། །ནོར་གྱིས་སྦྱིན་པར་བྱ་བ་ཡིན། །བྲམ་ཟེ་མོས་སྨྲས་པ། ནོར་ཅི་ཙམ་གྱིས་སྩོལ་བར་མཛད། །སྲུ་ཀཪྵཱ་པ་ཎ་ལ་བརྒྱའོ། །དེས་ཀཪྵཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་རྐང་པ་ལ་ཕྱག་བྱས་ནས་ཇོ་ཇོ་ཁྱིམ་གྱི་རིག་པ་དེ་བདག་ལ་སྟོན་ཅིག །ཉི་ཟླས་སྨྲས་པ། སྲུ་ཁོ་བོ་རྫོངས་ཤིག་དང་ནམ་འགྲོ་བའི་ཚེ་སྦྱིན་ནོ། །བྲམ་ཟེ་མོ་དེས་ཁྱིམ་ཐབས་ཀྱི་དྲུང་དུ་སོང་སྟེ། རྗེའི་སྲས་ཁྱོད་ཀྱི་གཅེན་འདི་ཁྱིམ་གྱི་བྱ་བ་སེམས་པས་མི་དགའ་བར་འགྱུར་གྱིས་སླར་ཐོངས་ཤིག་དེས་སྨྲས་པ། བཟང་མོ་གལ་ཏེ་དེ་ལྟ་ན་ཁྱོད་ཀྱིས་འདིའི་ལམ་རྒྱགས་སྟ་གོན་གྱིས་ཤིག །ཁོ་བོས་རྡོ་འཇོག་ཏུ་འགྲོ་བའི་དོན་མཐུ་བཙལ་བར་བྱའོ། །དེར་ལམ་རྒྱགས་བྱས་ཤིང་ཀཪྵཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་ཉི་ཟླ་ལ་ཁྱོད་བརྫོངས་བའི་དུས་འདི་ལགས་ཏེ་བདག་ལ་ཁྱིམ་གྱི་རིག་པ་སྩོལ་ཅིག །ཉི་ཟླས་སྨྲས་པ། སྲུ་གང་གི་ཟླ་བ་ཞི་བས་ཁྱོད་ལ་བརྡེག་པར་བྱེད་པའི་ཚེ་རིག་པ་འདི་བཀླག་པར་བྱའོ། །སྐྱེ་བོ་མང་པོ་གཞན་དག་དང་། །གཞན་གྱི་ཁྱིམ་དུའང་ཤེས་གྱུར་ཅིང་། །གྲོ་བསྲུང་རིགས་ཀྱིས་ཤེས་འགྱུར་གྱིས། །ཁ་རོག་འདུག་ཅིག་ཆོལ་ཟངས་པ། །གལ་ཏེ་སྨྲས་པ་འདིའི་དོན་ཅི་ཞེས་ཟེར་ན། དེ་ལ་གལ་ཏེ་རྡེག་པར་བྱེད་ན་དོན་ཡང་བཤད་པར་བྱའོ་ཞེས་བརྗོད་ཅིག །སྲུང་གལ་ཏེ་གསང་སྔགས་ཀྱི་ཚིག་དོན་དང་ལྡན་པ་འདི་བརྗོད་པ་ཙམ་ཁོ་ནས་འབྲས་བུ་ཡོད་པས་ཕྱིས་འགྱོད་པར་མི་འགྱུར་བ་ལེགས་པར་བཟུངས་ཤིག །བྲམ་ཟེ་མོ་དེ་ལེགས་པར་བཟུངས ། ཟླ་བ་ཞི་བས་ཀྱང་ཉི་ཟླ་ལ་ཀཪྵཱ་པ་ཎ་དག་གིས་བགོ་བཤའ་བྱས་ཏེ་ལམ་རྒྱགས་བྱིན་ནས་སྐྱེལ་དུ་བཏང་ངོ་། །བུ་མོ་དེས་གསང་སྔགས་ཀྱི་ཚིག་འདི་བདེན་ནམ་རྫུན་སད་པར་བྱའོ་སྙམ་དུ། ཟླ་བ་ཞི་བས་ཉི་ཟླ་བསྐྱལ་ནས་ཕྱིར་ལོག་པའི་ཚེ་བཟའ་བཏུང་དང་ཁྲུས་ཅི་ཡང་སྟ་གོན་མ་བྱས་པས་དེས་ཆུ་དང་ཟས་ཁྱེར་ཤོག་ཟེར་བ་ལ་སྟ་གོན་མ་བྱས་སོ་ཞེས་སྨྲས་པས་དེ་ཁྲོས་ཏེ་ངའི་ནུ་བོ་འདིར་འཇུག་པའི་ཚེ་ཁྱོད་བཏང་སྙོམས་སུ་བྱས་ཀྱི། ཁྱོད་མ་རྡེག་པར་བྱེད་དུ་མི་བཏུབ་བོ་ཞེས་བརྡེག་པར་གཟས་པ་ལ། ཆུང་མ་ན་རེ། རྗེའི་སྲས་རེ་ཞིག་གཞེས་ལ་ཁྱིམ་གྱི་རིག་པར་གསན་པར་བགྱིའོ། །དེས་སྨྲས་པ་སྨྲོས་ཤིག །ཆུང་མས་ཚིགས་བཅད་སྔར་བཞིན་སྨྲས་པ་དང་། དེའོ་དོན་ཅི་ཡིན་ཞེས་སྨྲས་སོ། །དེ་ལ་ཆུང་མས་སྨྲས་པ། གལ་ཏེ་བརྡེག་པར་མཛད་ན་དོན་ཡང་ཁྱོད་ལ་བརྗོད་པར་བགྱིའོ། །དེ་རི་དྭགས་གནད་དུ་ཕོག་པ་ལྟར་གྱུར་ནས། མི་བརྡེག་གིས་ཐོངས་ལ་དོན་ཡང་མ་སྨྲ་ཞིག་ཟེར་རོ། དེའི་དུས་ཀྱི་བྲམ་ཟེ་ཟླ་གྲགས་ནི་བཅོམ་ལྡན་འདས་ཡིན་ཞིང་། ཆོལ་ཟངས་པ་ནི་འདུན་པ་འདི་ཡིན་ཏེ། དེས་དུས་ཀྱང་ང་ཉེ་དུར་བརྗོད་པས་བདག་ཉིད་སྨྲ་བར་བྱེད། ད་ལྟར་ཡང་ང་ཉེ་དུར་བརྗོད་ཅིང་བདག་སྨྲ་བར་བྱེད་དོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོའི་རིགས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཀེ་ཤ་པའམ་སྲེད་མེད་ཅེས་བྱ་བ་བསྟན་བཅོས་སྣ་ཚོགས་ལ་མཁས་ཤིང་སྙན་པར་སྨྲ་བ་སོགས་ཀྱི་ཡོན་ཏན་ཅན་དུ་གྱུར་པ་དེས། འཚོ་བ་རྣམ་པར་དག་པ་གང་ལྟ་བུ་ལ་བདག་གནས་ནས། འཇིག་རྟེན་ལ་ཕན་བདེ་བསྒྲུབ་པར་བྱ་སྙམ་དུ་སེམས་པ་ན། རྒྱལ་སྲིད་ནི་རྒྱགས་པ་སོགས་ཉེས་པ་མང་པོའི་གནས་དང་། ཚོང་ཡང་རྫུན་གྱི་ཚིག་སོགས་དང་འབྲེལ་བས་སྡིག་པ་དང་འདྲེས་ལ། ཞིང་ལས་ཀྱང་བ་ལང་སོགས་བརྡེག་བརྡུང་གི་སྡུག་བསྔལ་དང་འབྲེལ་བ་སྟེ། དེ་བས་སྨན་པ་ཉིད་འཚོ་བ་དག་ཅིང་གཞན་ལ་ཕན་པ་སྒྲུབ་པར་ནུས་སོ་སྙམ་དུ། སྨན་པ་སླངས་ཏེ་ཤིན་ཏུ་སྙན་པར་སྨྲ་ཞིང་གཞན་གྱི་དོན་ལ་མོས་པས་སེམས་ཅན་དག་གི་ནད་སྣ་ཚོགས་གསོ་བར་བྱས་སོ། །ནམ་ཞིག་བུད་མེད་ཞིག་གི་བདག་པོ་ནད་ཀྱིས་ཤི་བར་གྱུར་པ་ན། བུད་མེད་དེས་ངུ་ཞིང་བདག་པོ་འབོད་ལ་ཁྱོད་གར་སོང་ཞེས་སྨྲེ་སྔགས་འདོན་ནོ། །དེ་འབྱུང་པོས་བཟུང་བས་སྨྱོ་བར་གྱུར་ཏོ། །ཡང་དེས་རང་གི་ཁྱིམ་དུ་འོངས་ཏེ་ངའི་བདག་པོ་ནི་གསོན་ནོ་ཞེས། མི་ངུ་བར་དེའི་རོ་ལ་འཁྱུད་དེ། དེ་རིང་བདག་ལ་ཅིའི་ཕྱིར་མི་སྨྲ། ཁྱོད་བུད་མེད་གཞན་འདོད་ན་སོང་དང་བདག་གིས་གེགས་མི་བྱའོ་ཞེས་དང་། ཡང་ཁྱོད་མིག་ཕྱེས་ཤིག་ཅེས་མིག་སོར་མོས་འབྱེད་པ་སོགས་བླ་བཅོལ་སྣ་ཚོགས་སྨྲས་ནས། ཁྱིམ་གྱི་སྐྱེ་བོ་གཉིད་དུ་སོང་བའི་མཚན་མོར་ཁྱོ་ཕོའི་རོ་དེ་མོས་ཕྲག་པར་བཀལ་ནས་རི་དང་དུར་ཁྲོད་ཀུན་ཏུ་འཁྱམས་བཞིན་རོ་དེ་ལ་བདག་པོ་དངོས་སུ་བསམས་པས་གཏམ་སྣ་ཚོགས་སྨྲ་ཞིང་ཕུ་དུད་བྱེད་དོ། །རིམ་གྱིས་རོ་དེ་རུལ་ཞིང་ཀེང་རུས་འབའ་ཞིག་ཏུ་གྱུར་པ་ན་ཡང་དེ་མི་འདོར་བར་གཅེས་སྤྲས་བྱེད་ཅིང་། ཉི་མ་ཚ་བའི་ཚེ་བདག་གི་ཁྱིམ་ཐབ་ངལ་ཞེས་ཁྲུས་བྱས་ནས་མེ་ཏོག་གི་ཕྲེང་བ་བཅིང་པ་སོགས་ཇི་ལྟར་གསོན་པ་ལ་བྱ་བ་བཞིན་དུ་ཕུ་དུད་དང་སྙན་པར་སྨྲས་པ་དང་། གུས་པ་དང་སྙིང་ཉེ་བའི་ཚིག་ཐམས་ཅད་སྨྲ་བཞིན་ཀུན་ཏུ་འཁྱམས་པར་བྱེད་ལ། མཚན་མོའི་དུས་སུ་མེ་ཏོག །མལ་ཆ་ལ་ཨ་ག་རུའི་དྲིས་བདུགས་ནས། འཕགས་པའི་སྲས་ཚུར་བྱོན། མལ་འདིར་བཞུགས་ཞེས་ཀེང་རུས་དེ་འགོད་ཅིང་དེ་ལ་འཁྱུད་དེ་ཉལ་བར་བྱེད་དོ། །དེའི་ཀུན་སྤྱོད་དེ་ལྟ་བུ་སྐྱེ་བོ་དང་སློབ་མའི་ཚོགས་དང་བཅས་པའི་བྱང་ཆུབ་སེམས་དཔས་མཐོང་ནས། ཀྱེ་མ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་འདིས་འདི་ལྟར་རྨོངས་པ་འདི་ཡང་བདག་གིས་ཐབས་ཀྱིས་གསོ་བར་བྱའོ་ཞེས་སྨྲས་པ་ལ་སློབ་མ་རྣམས་ན་རེ། བློ་དང་ལྡན་པ་དག་གིས་མི་ནུས་པ་ཅི་ཡོད་ཅེས་ངོ་མཚར་དུ་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་སྙིང་རྗེའི་ཡིད་ཀྱིས་བུད་མེད་དེ་གང་ན་ཡོད་པའི་དུར་ཁྲོད་འཇིགས་སུ་རུང་བར་མཚན་མོར་སོང་བ་དང་། དེར་འཇིགས་སུ་རུང་བའི་ཤ་ཟ་མོ་རྣམས་ཀྱིས་ས་དེར་ཁྱབ་པར་མཐོང་ནས་སློབ་མ་དག་ལ་སྲུང་བའི་སྔགས་ཀྱིས་གཙུག་ཕུད་བཅིངས་ནས། དེས་བསམས་པ། སྐྱེ་བོ་རྣམས་གང་ལ་ཆགས་ཤིང་ནན་ཏན་དུ་བྱེད་པའི་བུད་མེད་ཀྱི་ལུས་དེ་ནི་དུར་ཁྲོད་དུ་གསལ་པོར་མཐོང་བའི་རོ་དྲི་ང་བ་འདི་རྣམས་ཏེ། དེ་ལྟ་བུ་ལ་འཁྱུད་ཅིང་ཆགས་པའི་བློ་ནི་རེ་འཁྲུལ་ལོ་སྙམ་དུ་སྙིང་རྗེས་ནོན་པར་བྱས་ཤིང་། དེར་སློབ་མ་ལ་དྲིས་ནས་ཐོ་རངས་ལ་བབ་པའི་ཚེ། ཁྱོད་ནད་པ་རྣམས་གསོ་བའི་ཕྱིར་གྲོང་ཁྱེར་དུ་སོངས་ཤིག །བདག་གིས་བུད་མེད་དེ་ཐབས་ཀྱིས་བརྟན་པོར་བྱའོ་ཞེས་སྨྲས་ཏེ་སློབ་མ་མངགས་སོ། །བྱང་ཆུབ་སེམས་དཔའ་བུད་མེད་བདག་པོའི་བཀའ་ཐུབ་ཅན་དེ་བཙལ་བཞིན་པའི་ཚེ། དེར་ན་ཆུང་མ་དེ་ལངས་ནས་བདག་པོའི་ལུས་དེ་བཟུང་ཞིང་ཆུ་བོའི་འགྲམ་དུ་སོང་བའི་ཤུལ་གྱི་མལ་སྟན་མཐོང་ནས་དེའི་ལམ་དུ་ཤེས་ནས་བལྟས་པས་དེ་ཆུ་བོར་འགྲོ་བ་མཐོང་ངོ་། །དེར་བྱང་ཆུབ་སེམས་དཔའ་བུད་མེད་ཞིག་གི་ཀེང་རུས་ཕྲག་པར་བཀལ་ཏེ། དེའི་རྗེས་སུ་སོང་ངོ་། །བུད་མེད་དེས་ཀེང་རུས་དེ་ཆུ་འགྲམ་གྱི་ཤིང་སྡོང་ལ་བཅིངས་ནས། རེ་ཞིག་འཕགས་པའི་སྲས་སྡོད་ཅིག །ངས་གདོངས་པ་བཀྲུ་བའི་ཆུ་ཁྱེར་ཏེ་ཁྱོད་ཀྱི་གདོང་འཁྲུད་པར་བྱེད་ཅིང་། ཡིད་འོང་མིག་ཅན་གྱི་གདོང་བརྒྱན་པར་བྱའོ་ཞེས་སྨྲས་ཤིང་ཆུ་ལ་ཕྱོགས་ཏེ་སོང་བ་དང་། དེས་རང་གི་གྲིབ་མ་ཆུ་དྭང་པར་ཤར་བ་ལ་བལྟས་ནས། མཛེས་མ་འདིས་བདག་གི་ཁྱོ་ཕོ་འཕྲོག་པར་བྱེད་དོ་སྙམ་དུ་དེ་ལ་ཚིགས་སྣ་ཚོགས་སྨྲ་ཞིང་། མཐར་ཁྲོ་བས་རྡོ་རྣམས་ཀྱིས་བརྡེགས་ཀྱང་དེ་མ་སོང་བ་ལ། ཁྱོད་དེ་ལྟར་མི་འགྲོ་ན་བདག་གིས་འཕགས་པའི་སྲས་བཟུང་ནས་འགྲོ་བར་འགྱུར་ཏེ་གང་དུ་སླར་འདི་མཐོང་བར་མི་འགྱུར་རོ་ཞེས་རང་གི་གྲིབ་མ་ལ་སྨྲས་ནས་ཀེང་རུས་ཕྲག་པར་བཞག་སྟེ་སོང་ངོ་། །དེས་ཀེ་ཤ་པ་མཐོང་ནས་ཅིའི་ཕྱིར་སྐྱེས་པ་འདིས་བུད་མེད་འཛིན་ཅིང་གཞན་ལ་འབྲོས་པ་བྱེད་པ་འདི་ལ་དྲི་བར་བྱའོ་སྙམ་དུ། ཀེ་ཤ་པ་ལ་སྨྲས་པ། ཁྱོད་ནི་བདག་ཁྱོ་བོ་དང་བཅས་པར་འགྲོ་བ་ལ་དོགས་ནས་འགྲོ་བ་ཅིའི་ཕྱིར། བདག་ནི་ཤ་ཟའི་བུད་མེད་མིན་པས་དོགས་པ་དོར་ལ་སྨྲོས་ཤིག་ཅེས་ཟེར་བ་ལ། བྱང་ཆུབ་སེམས་དཔའ་ན་རེ། སྲིང་མོ་ཁྱོད་ལ་འཇིགས་པ་མིན་ཏེ། འོན་ཀྱང་སྐྱེས་པ་གཞན་མི་འདོད་པའི་ཆུང་མ་འདི་བཟུང་ནས་གང་དུ་མི་རྣམས་མེད་པར་འགྲོའོ། །བདག་གི་བུད་མེད་འདི་ནི་མཛེས་པས་ལྷ་རྣམས་ཀྱང་མངོན་པར་དགའ་བ་འདི་ཁྱོད་ཀྱི་འཛའ་བོས་འཕྲོགས་པར་དོགས་ཏེ་འབྲོས་སོ། །བདག་གི་མཛའ་མོ་ནི་སྐྱེས་པ་གཞན་ལ་མི་དགའ་ཞིང་ཁྱོད་ཀྱི་མཛའ་བོ་མཐོང་ནས་ངོ་ཚ་བས་མིག་གཉིས་ཟུམ་པར་བྱས་སོ། །བདག་གིས་འདི་བཟུང་ནས་རིའི་ཕུག་ཏུ་ཡུན་རིང་གནས་པར་བྱེད་དོ་ཞེས་སྨྲས་པ་ལ། བུད་མེད་དེ་ན་རེ། འཕགས་པ་དེ་ལྟ་བུའི་དོགས་པ་མི་དགོས་ཏེ། ཁྱོད་ཀྱི་ཆུང་མ་ཚུལ་བཟང་བ་སྐྱེས་པ་གཞན་མི་འདོད་པ་དེ་ལྟར། བདག་གི་མཛའ་བོ་ཡང་དེ་ལྟར་ཚུལ་བཟང་བ་ཡིན་ལ། བརྟུལ་ཞུགས་མཉམ་པ་དག་གྲོགས་པོ་ཡིན་པས་ལེགས་སོ་ཞེས་ཟེར་ཏེ་དགའོ། །དེར་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་བདག་པོའི་བརྟུལ་ཞུགས་ལ་གནས་པའི་བུད་མེད་ཡིན་ན། ཆུ་བོ་འདིར་བདག་ཅག་ལྷན་ཅིག་གནས་པར་བྱའོ། །ཞེས་སྨྲས་པ་ལྟར་བྱས་ཏེ། ཀེ་ཤ་པས་ཆུ་འགྲམ་གྱི་ཤི་རྩར་ཀེང་རུས་དེ་བཞག་སྟེ། རྒྱན་བྱེད་པར་བརྩམས་པ་ལ་བུད་མེད་དེས་ཀྱང་ཁྱོ་བོའི་ཀེང་རུས་བརྒྱན་པར་བརྩམས་ཞིང་དེ་གཉིད་དུ་སོང་བའི་ཚེ། བྱང་ཆུབ་སེམས་དཔས་ཀེང་རུས་དེ་ཉིད་ཀྱི་སྐེ་ཐག་པས་སྦྲེལ་བ། དལ་བུས་ཁྱེར་ཏེ་ཆུ་བོ་ལ་དོར་ནས་ཧ་ཧ་ཞེས་སོགས་དང་། མྱ་ངན་གྱི་སྒྲ་བརྗོད་པས་བུད་མེད་དེ་སད་པ་ལ། ཁྱོད་ཀྱི་བདག་པོས་བདག་གི་མཛའ་མོ་འཕྲོགས་སོ་ཀྱེ་མ་ཀྱི་ཧུད་ཅེས་བྱས་པས། དེ་གཉིས་པོས་ཀེང་རུས་གཉིས་ཀ་ཆུས་ཁྱེར་བར་མཐོང་ནས་ཀྱི་ཧུད་ཧ་ཧ་ཞེས་བརྗོད་དེ་ཆུ་འགྲམ་དུ་རྒྱུག་ཅིང་རྒྱུག་ཅིང་འགྲོ་བའི་ཚེ། བུད་མེད་དེས་མིག་མཆི་མས་གང་བཞིན་སྨྲས་པ། བདག་གིས་ནི་ཁྱོད་ལ་དུས་ཀུན་བརྒྱན་ཅིང་གུས་ཤིང་བྱམས་པ་རྒྱུན་མ་ཆད་པར་བྱས་ན། དེ་རིང་གཞན་གྱི་ཁྱིམ་ཐབ་འཕྲོག་པས་མཉན་གཤིན་འབྲས་བུ་མེད་པ་ཁྱོད་ཀྱིས་བདག་བསམ་པར་མ་བྱས་སོ། །ཞེས་སོགས་སྐད་ཅིག་གིས་ཁྲོ་བ། སྐད་ཅིག་གིས་སྡུག་བསྔལ་དང་ལྡན་པ། སྐད་ཅིག་གིས་སྨྲེ་སྔགས་འདོན་པ་དེ་ལ་བྱང་ཆུབ་སེམས་དཔས་སྨྲས་པ། དེ་ལྟར་ཁྲེལ་མེད་པས་མཉེས་གཤིན་དང་བྲལ་བའི་དོན་དུ་ངུ་བ་ནི་དོན་མེད་དོ། །ཁྱོད་ཀྱི་ཁྱོ་ཕོ་བུད་མེད་གཞན་མི་འདོད་པ་ཞེས་མ་སྨྲས་སམ། ཁྱོད་ཀྱི་ཁྱོ་ཕོ་བདག་ཉིད་ངན་པ་དེས་བདག་གི་མཛེས་མ་ཤིན་ཏུ་ཡིད་དུ་འོང་བ་ཏེ་ཕྲོགས་པས་བདག་སྟོང་པར་གྱུར་ཏེ་བརྟན་པ་བྲལ་ལོ། །དེ་སླར་མྱུར་དུ་འོང་བར་གྱིས་ཞེས་སྨྲེ་སྔགས་འདོན་པ་ལ། བུད་མེད་དེ་གོས་ཀྱིས་མགྲིན་པ་བཅིངས་ཤིང་འཕགས་པ་དེ་སླར་འོང་བར་བྱ་མི་ནུས་ཀྱི་བདག་གི་མིང་པོའི་བུ་མོ་ཡིད་དུ་འོང་བའི་གཟུགས་ཅན་ཞིག་ཡོད་ཀྱི་དེ་ཁྱོད་ལ་སྦྱིན་ནོ། བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལ་ནི་མཆོག་གི་གདོང་ཅན་རང་གི་ཆུང་མ་དེ་མིན་པ་ལྷའི་བུ་མོ་གཞན་གྱིས་ཀྱང་དགོས་པ་མེད་དེ། གལ་ཏེ་དེ་ཁྲིད་མི་འོང་ན་རྡོ་བ་ཆེན་པོ་འདིས་ཁྱོད་ཀྱི་མགོ་བོ་ཕྱེ་མར་བྱའོ་ཞེས་ཁྲོ་བའི་ཚུལ་གྱིས་རྡོ་བ་ཆེན་པོ་ཞིག་བླངས་ཏེ་བུད་མེད་དེ་བརྡུང་བར་གཟས་པ་དང་དེ་སྐྲག་ནས་རྐང་པ་ལ་གཏུགས་ཤིང་། བདག་ནི་ཕོངས་ཤིང་གཉེན་མེད་པའི་བུད་མེད་དེ། དེ་བས་ནོངས་པ་བྱས་ཀྱང་བཟོད་པར་མཛད་དེ་གསད་པར་མི་མཛད་དུ་གསོལ་ཞེས་བྱས་སོ། །དེ་ལ་བྱང་ཆུབ་སེམས་དཔས་གལ་ཏེ་ཁྱོད་ཀྱིས་བདག་གི་ཚིག་ལས་མི་འདའ་ན་རྡོ་འདིས་མི་བསྣུན་ལ་ཁྱོད་ཀྱང་བདེ་བ་དང་ལྡན་པར་འགྱུར་རོ། །དེ་དེ་བཞིན་བྱ་ཞེས་ཁས་བླངས་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱི་ཁྱོ་ཕོ་ཤི་བའི་རུས་པ་ཕྲག་པར་ཁྱེར་ནས་ཁྱོ་ཕོ་ཉིད་དུ་རྣམ་པར་རྨོངས་པ་དེ་དོར་ཅིག །སྐྱེ་བོ་ཐམས་ཅད་འཆི་བ་དང་། །རི་དང་རྒྱ་མཚོ་དཔག་བསམ་ཤིང་། །ལྷ་དང་ལྷ་མིན་མི་རྣམས་ཀྱི། །དཔལ་འབྱོར་དག་ཀྱང་མི་རྟག་གོ། །དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པས་འཇིག་རྟེན་ལ་སྐྱོ་བ་སྐྱེད་ཅིག །གཉེན་ལ་ཆགས་པ་ལས་མྱ་ངན་སྐྱེ་ཞིང་ལྟུང་བར་འགྱུར་བས་ཁྱོད་ད་ནི་མྱ་ངན་བསང་བར་གྱིས་ཤིག་ཅེས་སྨྲས་པས་དེ་དྲན་པ་རྙེད་ནས། ཨེ་མའོ། །ཁྱོད་ཀྱི་གདམས་ངག་གིས་མར་མེས་བདག་གི་ཀུན་རྟོག་ངན་པའི་མུན་པ་བསལ་བར་གྱུར་ཏོ་ཞེས་སོགས་དགའ་བས་བསྔགས་པ་བྱས་ན། བུད་མེད་དེ་རང་བཞིན་དུ་གནས་པ་བྱང་ཆུབ་སེམས་དཔས་གཉེན་འདུན་རྣམས་ཀྱི་ནང་དུ་ཁྲིད་པར་བྱས་སོ། །དེའི་ཚུལ་ལ་སློབ་མའི་ཚོགས་དང་སྐྱེ་བོ་རྣམས་ཀྱིས་ཀུན་ནས་བསྔགས་པར་བྱས་སོ། ༈ །ཡང་སྔོན་གྱི་དུས་ན་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་པས་བྱིན་གྱིི་ཁབ་ཏུ་བྲམ་ཟེ་རིག་བྱེད་ལ་མཁས་པ་ཞིག་ནགས་སུ་སྨན་ཚོལ་བར་སོང་བ་དེས་སྨན་གྱི་ཁུར་བླངས་ཏེ་འོངས་ནས་བྲམ་དཀྱིལ་ན་ངལ་གསོ་བའི་ཚེ་མིའམ་ཅི་མོ་ཞིག་གིས་མཐོང་ནས་ཕན་ཚུན་ཆགས་པར་གྱུར་ཏེ་གཉིས་ཀ་མིའམ་ཅི་མོའི་གནས་སུ་སོང་བ་དང་། དེར་ཕུག་གི་སྒོ་རྡོ་ཆེན་པོས་བཀག་པ་དེར་བཞག་ནས་དེ་དང་འདོད་པ་བསྟེན་པར་བྱས་པ་ལས། བཅོམ་ལྡན་འདས་ཉིད་དེའི་སྲས་སུ་འཁྲུངས་པ་དེ་ལོ་བརྒྱད་ལོན་པའི་དུས་སུ་ཕའི་དྲུང་ནས་བསྟན་བཅོས་དུ་མ་རྟོགས་པར་གྱུར་ཅིང་སྐར་མའི་རྩིས་ལའང་སྤོབས་པ་དང་ལྡན་པར་གྱུར་ཏོ། །དེ་ནས་དེས་མ་དང་ལྷན་ཅིག་ཕུག་ནས་ཕྱིར་བྱུང་སྟེ་ཐུབ་པ་རྣམས་ལས་བསྟན་བཅོས་ལྷག་མ་རྣམས་རྟོགས་པར་བྱས་སོ། །དེའི་གོམས་པའི་དབང་གི་རྐང་རྗེས་ཀྱི་མཚན་མ་ལ་བསླས་པ་ཙམ་གྱིས་ཆོམ་རྐུན་ཤེས་པའི་ཚུལ་ཕ་མ་ལ་སྨྲས་སོ། །དེས་དེ་ལ་མིང་ཆོམ་རྐུན་ཤེས་པ་ཞེས་གྲགས་སོ། །དེར་རང་གི་ཕ་ལ་ཁྱོད་ཀྱི་སྐྱེ་བའི་ཡུལ་གང་ཡིན་ཞེས་དྲིད་པ་དང་། དེས་བཱ་རཱ་ཎ་སཱི འི་རྒྱལ་པོའི་ཁབ་ཡིན་ནོ་ཞེས་སྨྲས་པ་ལ། བུ་ན་རེ། ཕ་ཁྱོད་བདག་དང་ལྷན་ཅིག་བཱ་རཱ་ཎ་སཱིར་སོང་ནས་མཁས་པ་རྣམས་དང་ལྷན་ཅིག་བསྟན་བཅོས་ཉན་པར་འདོད་དོ། །ཕ་ན་རེ། བུ་གལ་ཏེ་སྒོ་གཅོད་པའི་བྲག་འདི་བསལ་བའི་མཐུ་ཁྱོད་ལ་ཡོད་ན་དེ་ལྟར་བྱའོ། །བུས་འབད་པ་ཆེན་པོས་བྲག་དེ་བསལ་ནས་དེ་གཉིས་ལྷན་ཅིག་བཱ་རཱ་ཎ་སིར་སོང་སྟེ། རྒྱལ་པོ་ལ་ཤིས་པ་བརྗོད་པ་སྔོན་དུ་འགྲོ་བས་བདག་གི་བུས་རྐང་རྗེས་ལས་ཆོམ་རྐུན་ཤེས་སོ་ཞེས་སྨྲས་པས། རྒྱལ་པོས་བུ་དེ་ལ་བཀུར་སྟི་བྱས་སོ། །རྐང་རྗེས་ཤེས་པས་ཆོམ་རྐུན་ཐམས་ཅད་བསྟན་ཅིང་རྒྱལ་པོ་ལ་འདི་དག་བསད་པར་མི་བྱ་ཞེས་སྨྲས་པ་ལྟར་བྱས་པས་ཡུལ་དེ་རྐུན་མ་མེད་པར་གྱུར་ཏོ། །ནམ་ཞིག་རྒྱལ་པོ་དེ་རྟ་མཆོག་ལ་ཞོན་ནས་འཁོར་གྱི་ཚོགས་དང་བཅས་པར་མདུན་ན་འདོན་དང་གཏམ་སྨྲ་བཞིན་བཙུན་མོའི་ཚོགས་རྣམས་གནས་པའི་སྐྱེད་མོས་ཚལ་དུ་སོང་ཞིང་སླར་ཡང་ཕྱོགས་གཞན་དུ་སོང་བ་ལས་དབེན་པའི་ཕྱོགས་ཞིག་ཏུ་གཟུགས་ཅན་མའི་གཙོ་མོ་བཟང་མོ་ཞིག་ཤིན་ཏུ་གཉིད་འཐུག་པོར་ལོག་སྟེ་གོས་ཞིག་ཅིང་མུ་ཏིག་གི་དོ་ཤལ་ཅན་དེ་མཐོང་ནས་རྒྱལ་པོས་མདུན་ན་འདོན་ལ་སྨྲས་པ། རྐང་རྗེས་ཤེས་པའི་ཡོན་ཏན་གྱི་མཐུས་འདི་ལྟར་གཉིད་ལོག་པའི་མུ་ཏིག་གི་དོ་ཤལ་འདི་ཡང་གཞན་གྱིས་མ་ཕྲོགས་སོ་ཞེས་སྨྲས་པ་ལ། མདུན་ན་འདོན་ལ་ཕྲག་དོག་གི་བློ་སྐྱེས་ཏེ། ལྷས་རྐང་རྗེས་ཤེས་པའི་སྐྱོན་མི་མཁྱེན་པར་ཡོན་ཏན་བརྗོད་པར་མཛད་དོ། །རྒྱལ་པོ་ན་རེ། དེའི་སྐྱོན་གང་ཡིན། མདུན་ན་འདོན་ན་རེ། དེ་རང་ཉིད་ཀྱིས་མཚན་མོར་གཞན་གྱི་ནོར་རྐུ་བ་ཡིན་པས་དེའི་མཚན་མ་ལྷའི་དྲུང་དུ་གསལ་བར་བྱས་པ་ཙམ་མོ་ཞེས་སྨྲས་སོ། །རྒྱལ་པོ་དེས་རྐང་རྗེས་ཤེས་པའི་ཆེ་བ་འདོན་པའི་ཕྱིར་བཟང་མོ་དེའི་མུ་ཏིག་གི་དོ་ཤལ་བདག་གིས་མདུན་ན་འདོན་ལ་ལེན་དུ་བཅུག་ནས་རྒྱལ་པོའི་གྲོང་ཁྱེར་ལ་ལན་གསུམ་བསྐོར་བ་བྱས་ཏེ། རང་གི་ཕོ་བྲང་དུ་སེང་གེའི་ཁྲིའི་འོག་ཏུ་ས་བརྐོས་ནས་སྦས་སོ། །བུད་མེད་དེ་སད་ནས་མུ་ཏིག་གི་དོ་ཤལ་སྟོར་བའི་མྱ་ངན་གྱིས་རྒྱལ་པོ་ལ་ཞུས་སོ། །དེར་རྒྱལ་པོས་མདུན་ན་འདོན་མངོན་སུམ་དུ་བཞག་སྟེ་རྐང་རྗེས་ཤེས་པ་ལ་བཟང་མོ་འདིའི་རིན་ཐང་ཆེ་བའི་མུ་ཏིག་གི་དོ་ཤལ་སྟོར་ན་དེ་སུས་ཁྱེར་ཞེས་སྨྲས་སོ། །རྐང་རྗེས་ཤེས་པས་ཕྱིར་ཕྱུང་ནས་གྲོང་ཁྱེར་ལན་གསུམ་བསྐོར་བ་བྱས་ཏེ། ཕོ་བྲང་དུ་འོངས་ནས་སེང་གེའི་ཁྲིའི་འོག་ཏུ་བལྟ་ཞིང་རྒྱལ་པོའི་བཞིན་ལ་བལྟས་ནས་ཡང་ཡང་བགོད་པར་གྱུར་ཏོ། །རྒྱལ་པོ་དེས་འདི་བགད་པ་ཅིའི་དོན་སྨྲོས་ཤིག །རྐང་རྗེས་ཤེས་པས་སྨྲས་པ། ལྷ་ལགས། མུ་ཏིག་གི་དོ་ཤལ་ཁྱེར་བའི་ཆོམ་རྐུན་པ་དེ་ཐ་མལ་པ་ཞིག་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། འོ་ན་སྨྲོས་ཤིག །རྐང་རྗེས་ཤེས་པ་ན་རེ། ལྷས་དཔེ་གཅིག་གསན་པར་འོས་ཏེ། རྫ་མཁན་སོགས་ས་ལས་བྱ་བ་བྱེད་པ་རྣམས་ས་རྡིབ་ནས་མནན་པའི་ཚེ་གང་ལས་རྩི་ཤིང་སོགས་སྐྱེ་ཞིང་ཐམས་ཅད་འཚོ་བའི་ས་དེས་དེ་རིང་བདག་གིས་ལུས་བཅག་གོ་ཞེས་སྨྲས་པ་ལྟ་བུའོ་ཞེས་སྨྲས་ནས་ཅང་མི་སྨྲའོ། །དེ་ལ་རྒྱལ་པོས་གསལ་པོར་སྨྲོས་ཤིག་ཅེས་བྱས་པ་ལ། འོ་ན་གསལ་བར་སྨྲ་བ ཞེད་ན་དཔེ་གཞན་ཡང་གསན་པར་མཛོད་ཅིག །བྲམ་ཟེ་རྣམས་ཀྱིས་མེ་ལ་སྦྱིན་སྲེག་བྱེད་པའི་ཚེ། དེའི་ལག་པ་མེ་སྟག་གིས་ཚིག་པ་ན་དེ་འདི་སྐད་དུ། གང་ཞིག་བདག་གིས་ཉིན་བཞིན་སྲེག་བླུགས་ཀྱིས། མཆོད་ཅིང་འདུད་པའི་སེམས་ཀྱིས་ཕྱག་བྱས་པའི། མེ་དེས་ཀྱེ་མ་བདག་ལ་སྲེག་བྱེད་ན། ལུས་ཅན་རྣམས་ལ་སྐྱབས་ནི་སུ་ཞིག་འགྱུར། ཞེས་ཟེར་བ་ལྟ་བུའོ། །ཞེས་སྨྲས་ནས་ཅང་མི་སྨྲའོ། །རྒྱལ་པོ་ན་རེ། ཁྱོད་ཀྱི་ཚིག་འདི་དག་བདག་གིས་མི་ཤེས་པས་ཤིན་ཏུ་གསལ་པོར་ཇི་ལྟར་གྱུར་པ་སྨྲོས་ཤིག །དེ་ན་རེ། རྒྱལ་པོ་ཆེན་པོ་གལ་ཏེ་ཤིན་ཏུ་གསལ་པོར་སྨྲས་ན་འདི་ལྟ་སྟེ་ཞེས་ཁྲུས་བྱ་བའི་ཕྱིར་ཆུ་ལ་ཞུགས་པས་བྲམ་ཟེ་ཆུས་ཁྱེར་བ་དང་། ཤིང་གི་ས་བོན་ཟོས་པའི་འདབ་ཆགས་རྣམས་ཤིང་ལས་བྱུང་བའི་མེས་བསྲེགས་པ་ན་སྐྱབས་མེད་པའི་དཔེས་བསྟན་ཀྱང་དེ་རྣམས་མི་ཤེས་པས་ད་དུང་གསལ་པོར་སྨྲོས་ཞེས་བྱས་པ་ལ། ཡང་དཔེ་སྨྲས་པ། ཇི་ལྟར་ཞིང་པ་ལ་ལ་ཞིག་གིས་ཞིང་རྨེད་པའི་ཕ་དེའི་དྲུང་དུ་རང་གི་བུ་མོ་མཛེས་མས་བཟའ་བ་ཁྱེར་ཏེ་འོངས་པས་སྐ་རགས་གྲོལ་བ་ལ་ཕ་དེ་གློ་བུར་དུ་ཆགས་པས་འདོད་པ་བསྟེན་པར་བྱས་ཤིང་སླར་འགྱོད་དེ་བུ་མོ་ཁྱོད་ཀྱིས་འདིར་བཟློག་པར་ཅིས་མི་བྱེད་ཅེས་སྨྲས་པ་ལ། བུ་མོ་ན་རེ། ཁྱོད་ནི་བདག་གི་སྐྱབས་ཡིན་ཀྱང་། ཁྱོད་ལས་མི་རིགས་པ་འདི་འབྱུང་ན་གཞན་སུས་བདག་ལ་གནོད་པ་ལས་སློང་སྟེ། མར་མེ་ལས་མུན་པ་འབྱུང་ན་སླར་གང་གིས་གསལ་བར་མི་བྱེད་པ་དང་འདྲའོ་ཞེས་སྨྲ་བ་དེ་ལྟ་བུའོ་ཞེས་སྨྲས་ནས་ཅང་མི་སྨྲའོ། །རྒྱལ་པོ་ན་རེ་འདི་ཙམ་ཁྱོད་ཀྱིས་སྨྲས་ཀྱང་མི་ཤེས་སོ་ཞེས་སྨྲས་སོ། །དེ་ན་རེ། དེ་ལྟ་ན་བདག་གིས་གསལ་པོ་སྨྲ་སྟེ། གཉིད་ལོག་པའི་ན་ཆུང་མའི་མུ་ཏིག་གི་དོ་ཤལ་ནི་མདུན་ན་འདོན་འདིས་མངོན་དུ་ཁྱེར་བར་བྱས་སོ། །རྒྱལ་པོ་ན་རེ་འོ་ན་སླར་གང་དུ་བཞག་དེས་སྨྲས་པ། སེངྒེའི་ཁྲི་འདི་སོལ་དང་ཞེས་ཟེར་རོ། །དེ་བསལ་བ་དང་ས་བརྐོས་པ་ན་མུ་ཏིག་གི་དོ་ཤལ་དེ་བླངས་པ་དང་། རྒྱལ་པོ་ངོ་མཚར་སྐྱེས་ཏེ། བློ་གྲོས་ཅན་ཡོན་ཏན་དང་ལྡན་པ་དེ་ལྟ་བུ་ལ་ཕྲག་དོག་གིས་བརྙས་པའི་ཡིད་ཅན་མདུན་ན་འདོན་དེ་ཕྱིར་བྱུང་བར་བྱས་སོ། །བུད་མེད་དེ་ཡང་མུ་ཏིག་གི་དོ་ཤལ་བླངས་ཏེ་རང་གི་ཁྱིམ་དུ་དགའ་བས་སོང་ངོ་། །བྱང་ཆུབ་སེམས་དཔའ་རྐང་རྗེས་ཤེས་པས་ཀྱང་རྒྱལ་པོ་ལ་འདོད་པའི་ཉེས་དམིགས་སོགས་ཆོས་ཀྱི་གཏམ་བྱས་པ་ལ་རྒྱལ་པོ་དགའ་ནས་ལེགས་སོ་ཞེས་བྱས་ཤིང་ཡོ་བྱད་ཆེན་པོས་བཀུར་སྟེ་དག་ཀྱང་བྱས་སོ། ༈ །ཡང་སྔོན་གྱི་ཚེ་དྲང་སྲོང་རྒྱས་པའི་སྲས་གར་གྱི་ཆ་བྱད་རྣམས་ལ་མཁས་པའི་སྲས་མོ་དཔེ་མེད་མ་ཞེས་བྱ་བ་གཟུགས་ཀྱི་ཡོན་ཏན་རྨད་དུ་བྱུང་བས་སྐྱེ་བོ་ཐམས་ཅད་ཡིད་འཕྲོག་པར་ནུས་པ་ཉིད་དུ་བཅོམ་ལྡན་འདས་ཉིད་སྐྱེ་བ་བཞེས་པར་གྱུར་པའི་ཚེ་ལོ་གཉིས་ལོན་ནས་ཕ་མ་འདས་པར་གྱུར་ཀྱང་། དེའི་ཕའི་གྲོགས་པོ་རྒྱས་པ་ཐམས་ཅད་ཀྱི་གཙོ་བོ་དེས་དཔེ་མེད་མའི་སྐྱེ་བོའི་ཚོགས་ལ་སྨྲས་པ། ཁྱེད་རྣམས་འདོད་ན་བདག་གི་འདི་གར་གྱི་ཆ་བྱད་རྣམས་ལ་མཁས་པར་བྱའོ་ཞེས་སྨྲས་པ་ལྟར་དེས་གར་གྱི་ཚུལ་རྣམས་བསླབས་པས་མཁས་པར་གྱུར་ཅིང་། ཉི་མ་རེ་རེ་ལ་གར་གྱི་ཆས་རྣམས་གྲུབ་པར་བྱས་ནས་དེ་ལ་བྱིན་ནོ། །དེའི་ཚེ་ཡུལ་གྱི་རྒྱལ་པོ་དེས་གཙོ་བོ་དེ་བོས་ནས་གར་དང་གླུའི་སྦྱོར་བར་བརྩམ་པར་བྱོས་ཞེས་སྨྲས་པ་ལ། གཙོ་བོ་དེས་གར་གྱི་ཆས་རྣམས་བཟུང་ནས་དཔེ་མེད་མ་དང་ལྷན་ཅིག་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་མང་པོའི་མདུན་དུ་ཟློས་གར་གྱི་སྦྱོར་བ་རབ་ཏུ་བརྩམས་སོ། །དེར་དཔེ་མེད་མས་ཡིད་འཕྲོག་པའི་གཟུགས་ཀྱིས་སྒེག་པ་ལ་སོགས་པའི་ཉམས་ཀྱིས་གར་བྱས་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་ཡིད་ཕྲོགས་ནས་དེ་དང་འཕྲད་འདོད་པར་གྱུར་ཏོ། ། དེ་ན་དཀའ་ཐུབ་པའི་སྲས་ཞིག་དཀའ་ཐུབ་སྤྱོད་པས་ངལ་ཞིང་སྐྱོ་ནས་ཁྱིམ་གྱི་དགའ་བ་ལ་ཡིད་ཕྱོགས་པ་ཞིག་གིས་བདག་ཁྱིམ་ན་གནས་པར་བྱའོ་སྙམ་དུ་འོངས་པ་དེས་རྫ་རྔའི་སྒྲ་ཐོས་པས་དེར་ལྟད་མོ་ལྟར་འོང་བ་ན་དཔེ་མེད་མའི་གར་གྱི་རྣམ་འགྱུར་མཛེས་མའི་གཟུགས་མཐོང་ཞིང་། གླུ་སྙན་ལ་ཐོས་པས་ཡིད་ཕྲོགས་ཏེ། འདི་ལྟ་བུ་ནགས་ན་མཐོང་བ་མིན་པས་བདག་གིས་དཀའ་ཐུབ་ཀྱི་གནས་དོར་བར་རིགས་སོ་སྙམ་མོ། །དེའི་ཚེ་དཔེ་མེད་མའི་སྟོད་གོས་ལྷུང་བས་ཡིད་དུ་འོང་བའི་ནུ་འབུར་གཉིས་མཐོང་སྟེ་གཙོ་བོ་དེ་འདོད་པ་སྐྱེས་པ་ཤེས་ནས། དཔེ་མེད་མས། ཆོས་ལ་ཡིད་ནི་ཉམས་མེད་རིང་གཏད་ནས། །སུ་ཞིག་དམྱལ་བའི་དོན་དུ་སྡིག་པ་བྱེད། །མཚན་མོ་མར་མེ་སྣང་བར་བྱེད་པ་དེར། །ལམ་ཉམས་རྣམས་ནི་ངེས་པར་དོན་མི་འགྲོ། །ཞེས་སྨྲས་པའི་ལེགས་བཤད་དེས་སློབ་མ་ལ་སློབ་དཔོན་གྱིས་བསྒོས་པ་ལྟར་དེ་ལམ་ངན་པ་ལས་བཟློག་པས་གཙོ་བོ་དེས་ལེགས་སོ་ཞེས་བྱས་ནས་རང་གི་སྟོད་གོས་དཔེ་མེད་མ་ལ་བྱིན་ནོ། །དཀའ་ཐུབ་པའི་སྲས་དེར་ཀྱང་ལེགས་བཤད་དེ་ལ་ལེགས་སོ་ཞེས་བྱས་ནས་དཔེ་མེད་པའི་མདུན་དུ་ཤིང་གི་ལོ་མ་དང་བཅས་པའི་ཁྲི་སྙན་སཱ་ལའི་པགས་པ་ནག་པོ་བཞག་པར་གྱུར་ཏོ། །དེར་ཚོང་པ་གཉིས་ཀྱིས་གོས་ཟླ་བ་ལྟར་དཀར་བ་དག་བཞག་གོ། །དེ་ནས་བློན་པོ་དང་རྒྱལ་པོའི་སྲས་དག་གིས་ཀྱང་ཟླ་བ་ལྟ་བུའི་གོས་རེ་བཞག་གོ། །དེར་གར་གྱི་ལྟད་མོ་རྫོགས་པའི་ཚེ་རྒྱལ་པོས་ཐོག་མར་གཙོ་བོ་ལ་ཁྱོད་ཀྱིས་དཔེ་མེད་མ་ལ་གོས་ཀྱིས་ཅིའི་དོན་དུ་བརྒྱན་ཞེས་དྲིས་པ་ལ། དེ་ན་རེ། ལྷ་གསན་པར་མཛོད་ཅིག །འདིའི་གོས་ལྷུང་བའི་གཟུགས་ཀྱི་ཡོན་ཏན་ལ་བདག་ཆགས་པའི་ཚེ་ན། འདིས་ལེགས་པར་བཤད་པས་བདག་གི་བློའི་མུན་པ་བསལ་བ་དེའི་སླད་དུའོ། །ཡང་རྒྱལ་པོས་དྲང་སྲོང་གི་སྲས་ལ། ཅིའི་ཕྱིར་ཁྱོད་ཀྱིས་དཔེ་མེད་མ་ལ་ཤིང་ལོ་དང་བཅས་པའི་པགས་པ་བཞག །དེས་སྨྲས་པ། བདག་གིས་དཀའ་ཐུབ་བཏང་ནས་ཁྱིམ་དུ་གནས་པར་འདོད་པ་ལ་འདིས་ལེགས་བཤད་ཀྱིས་དཀའ་ཐུབ་མི་གཏོང་བར་བྱས་པའི་ཕྱིར་ན་བདག་གིས་བཀུར་བར་བྱས་སོ། །དེ་ནས་ཚོང་པ་གཉིས་ལ་དྲིས་པ་དང་། དེ་དག་གིས་དེད་དཔོན་ཞིག་གིས་གཞན་དུ་འགྲོ་བའི་ཚེ་མུ་ཏིག་གི་དོ་ཤལ་བདག་ལ་གཏད་པ་དེ། བདག་གི་དགའ་སྟོན་གྱི་དུས་མཛའ་མོ་ཞིག་གི་མགྲིན་རྒྱན་དུ་བྱས་སོ། །དེ་མཐོང་ནས་བདག་གི་ཁྱིམ་ཐབ་མོས་དྲིས་པ་ལ། དེས་དེད་དཔོན་ཞིག་གིས་བདག་གི་བདག་པོའི་ལག་ཏུ་བཞག་པ་སྟེ། དེར་ཡང་ཁྱོད་ཀྱི་ཁྱོ་ཕོ་དཔང་པོ་ཉིད་བྱས་པར་གྱུར་ཏོ། །ཞེས་ཟེར་བ་ལ། དེས་སྨྲས་པ། དེད་དཔོན་འོངས་ཀྱང་གལ་ཏེ་བདག་གི་ཁྱོ་བོས་མ་སྨྲས་ན་འདི་བདག་ཅག་ཐུན་མོང་གི་དོ་ཤལ་དུ་འགྱུར་རོ་ཞེས་ཁྱིམ་བདག་མོ་གཉིས་ཀྱིས་བློ་གྲོས་ངན་པའི་ཚིག་དེ་ཐོས་ནས་བདག་ཅག་ཀྱང་འདོད་པས་ཟིལ་གྱིས་ནོན་པས་དེ་ལྟར་བགྱི་ཞེས་ཁས་བླངས་པ་ལ། འདིའི་ལེགས་བཤད་ཀྱིས་དགེ་བ་འཕྲོག་པའི་བརྣམས་སེམས་དེ་དོར་བར་བྱས་པས་སྐྱེ་བ་བཟང་པོ་ཐོབ་པའི་ལམ་ལ་ཞུགས་པ་དེའི་ཕྱིར་ལེགས་སོ་ཞེས་བརྗོད་ཅིང་གློ་བུར་གོས་དག་དོར་བར་བྱས་སོ། །དེ་ནས་རྒྱལ་པོས་བློན་པོ་ལ་ཁྱོད་ཀྱིས་ཀྱང་གོས་དེ་ལ་ཅིའི་ཕྱིར་བསྒྱུར་ཞེས་དྲིས་པ་ལ། བློན་པོ་དེས་པུས་མོ་བཙུགས་ཏེ་གལ་ཏེ་ལྷས་བདག་ལ་མི་འཇིགས་པ་སྦྱིན་ན་བརྗོད་པར་བགྱིའོ་ཞེས་སྨྲས་པ་ལ། རྒྱལ་པོས་ཀྱང་མི་འཇིགས་པ་བྱིན་ནོ། །བློན་པོ་དེས་དབེན་པར་རྒྱལ་པོ་ལ་གསོལ་བ། གདུག་པ་བདག་དང་ལྷའི་བཙུན་མོའི་གཙོ་མོ་དག་བགྲོས་ཏེ། ས་སྐྱོང་འདི་གཉིད་ལོག་པའི་ཚེ་དུག་གམ་རལ་གྲི་རྣོན་པོས་བསད་དེ་བདག་ཅག་ཉིད་རྒྱལ་སྲིད་འཛིན་པར་བྱའོ་ཞེས་ཆད་བྱས་པ་དེ་དཔེ་མེད་པའི་ལེགས་བཤད་ཀྱི་སྣང་བས་བཅོམ་པར་བྱས་པ་དེའི་ཕྱིར་གོས་ཀྱི་བཀུར་སྟི་བྱས་སོ། །དེ་ནས་རྒྱལ་པོ་དེས་རྒྱལ་ཚབ་ཏུ་དབང་བསྐུར་བའི་སྲས་ལ་ཁྱོད་ཅིའི་ཕྱིར་དཔེ་མེད་མ་ལ་གོས་བྱིན། དེས་སྨྲས་པ། ཡབ་ཀྱིས་གསན་པར་འོང་ཟེར་ཏེ། བློན་པོ་ཆེན་པོ་སྡིག་པ་ཅན་དང་ལྷན་ཅིག་རིགས་སུན་འབྱིན་པའི་མ་མ་འདི་གསད་པར་བྱ་སྙམ་པའི་ཀུན་རྟོག་བདག་ལ་སྐྱེས་པ་དེ། དཔེ་མེད་མས་ལེགས་པར་བཤད་པ་དེས་བདག་གི་ཆོས་མིན་གྱི་བསམ་པ་དེ་བཟློག་པར་བྱས་པས་སློབ་དཔོན་བཞིན་དུ་གྱུར་པ་དེ་ལ་གོས་ཀྱིས་མཆོད་པར་བྱས་སོ། །ཞེས་སྨྲས་སོ། །དེ་ཐོས་པས་རྒྱལ་པོ་དེས་དེ་རྣམས་ལ་ལེགས་སོ་ཞེས་སྨྲས་ཏེ། དཔེ་མེད་མ་བོས་ནས་ནོར་ཆེན་པོའི་བྱིན་ཅིང་གུས་པར་བྱས་ཏེ་བསྟོད་པ་དག་གིས་བསྟོད་ནས་ཐམས་ཅད་རང་གི་གནས་སུ་སོང་བར་གྱུར་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ཀྱིས་ལེགས་པར་བཤད་པའི་ཚིགས་བཅད་གཅིག་གིས་ཀྱང་སེམས་ཅན་དུ་མའི་དོན་ཆེན་པོ་བྱེད་པ་ལ་གུས་པར་བྱའོ། ༈ །ཡང་སྔོན་འབྱོར་པ་ཆེན་པོས་མངོན་པར་དགའ་བ་འཇོག་པོའི་བྲག་ཅེས་བྱ་བའི་རྒྱལ་པོའི་ཁབ་ཏུ་བཅོམ་ལྡན་འདས་ཉིད་བསྟན་བཅོས་དུ་མའི་ཕ་རོལ་ཏུ་སོན་ཅིང་དུལ་བ་དང་བཟོད་པ་སོགས་ཀྱི་ཡོན་ཏན་ཆེན་པོས་འཇིག་རྟེན་ཐམས་ཅད་ཀྱི་གཉེན་དང་འདྲ་བའི་དེད་དཔོན་ལེགས་འགྲོ་ཞེས་བྱ་བར་གྱུར་པ་དེས་སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྣང་བར་བྱེད་དོ། །དེར་བཱ་རཱ་ཎ་སཱིར་ལྷའི་བུ་མོ་དང་འདྲ་བའི་རེས་མའི་སྨད་འཚོང་མའི་མིང་མཆན། གཙོ་མོ་བཟང་མོ་ཞིག་གིས་དེད་དཔོན་མང་པོ་དབང་དུ་བྱས་པར་ཐོས་ནས། དེའི་གཟུགས་ཀྱི་ང་རྒྱལ་བསལ་བའི་ཕྱིར་ལེགས་འགྲོ་དེ་གྲོགས་མང་པོ་དང་བཅས་པར་བཱ་རཱ་ཎ་སཱིར་སོང་ངོ་། །དེ་སྐྱོན་ཅན་རྣམས་ཀྱིས་རེས་མའི་གཙོ་མོ་ལ་ཁྱོད་ཀྱི་མཛེས་པས་པདྨ་དག་ལ་བུང་བ་བཞིན་དུ་ཐམས་ཅད་འགུགས་པར་བྱེད་ན། མཁས་ཤིང་གསལ་བ་ལེགས་འགྲོ་དེ་འོང་བ་ལ་ཕོ་ཉ་བཏང་སྟེ་སྙན་པར་སྨྲ་བས་དེ་བཀུག་ནས་རང་དབང་དུ་གྱིས་ཞེས་སྨྲས་པ་ལྟར། དེས་ཕོ་ཉ་ཚིག་གསལ་བར་སྨྲ་བ་མངགས་པ་དེས་གུས་པར་ལེགས་འགྲོ་ལ་སྨྲས་པ། རེས་མའི་གཙོ་མོ་ཐམས་ཅད་ཀྱི་དཔལ་འཕྲོག་པར་བྱེད་པ་དེས་ཁྱོད་རང་གི་ཁྱིམ་བཞིན་དུ་འདིར་གཤེགས་ལ་བདག་ཅག་རྗེས་སུ་བཟུང་བར་མཛོད་ཅེས་སྨྲའོ། །ཞེས་བྱས་སོ། །ལེགས་འགྲོས་སྨྲས་པ། སྐྱེ་བོ་ཐམས་ཅད་ཀྱང་སེམས་དབང་དུ་བྱེད་པའི་སྔགས་ལ་གཟུགས་དང་ལྡན་པ་ཁྱོད་འདྲ་བ་མེད་པས་བདག་འདིར་འོངས་པ་ལ་དགོས་པ་གཞན་མེད་དེ་བདག་དེར་འོང་འདོད་པ་ཁོ་ན་ཡིན་ནོ་ཞེས་སྨྲས་ནས་རེས་མའི་གཙོ་མོ་གོས་དཀར་པོ་དང་ལྡན་པའི་གཡོག་མོའི་ཚོགས་དང་བཅས་པའི་ཁྱིམ་དུ་ཞུགས་སོ། །དེར་རེས་མའི་གཙོ་མོས་ལེགས་འགྲོ་མཐོང་ནས་ལངས་ཏེ་དགའ་ཞིང་དགོད་ལ་མིག་ཟུར་གྱིས་ལྟ་བ་སོགས་སྒེག་ཅིང་ཆགས་པའི་རྣམ་འགྱུར་སྣ་ཚོགས་བསྟན་ནས་མཚན་མོ་ཕྲད་པར་འདོད་པའི་ཀུན་རྟོག་གིས་འདོད་པའི་གཏམ་སྣ་ཚོགས་སྨྲ་ཞིང་། དེར་ལེགས་འགྲོ་དེས་མཚན་མོ་དེ་ལ་རེས་མའི་གཙོ་མོ་དང་ལྷན་ཅིག་དགའ་མགུར་བྱས་ཏེ། ཐོ་རངས་ཀྱི་དུས་སུ་སྟོང་ཕྲག་བརྒྱ་རི་བའི་མུ་ཏིག་གི་དོ་ཤལ་བྱིན་ནོ། །གཉིས་པའི་ཞག་ལ་གསེར་གྱི་རྒྱན་ཆས་དེ་བརྒྱན་པར་བྱས་སོ། །གསུམ་པའི་ཞག་ལ་དངུལ་གྱི་རྒྱན་ཉུང་བ་ཙམ་བྱིན་པ་ལ། རེས་མའི་གཙོ་མོ་དེ་ཁྲོ་བ་དང་ལྡན་པར་སོང་ནས་རྒྱལ་པོ་ཚོངས་པས་བྱིན་ལ་གཏམ་ཞུས་ཤིང་། བདག་གིས་ནི་འདི་ལ་དགའ་བའི་སྤྱོད་པ་ཉི་མ་རེ་རེ་ལས་ཇེ་ལྷག་ཏུ་བྱས་ན། ལེགས་འགྲོ་འདི་ནི་མཉེས་གཤིན་ཇེ་ཆུང་ངུ་འགྲོ་བ་ཅིའི་ཕྱིར་ཞེས་ཞུས་སོ། །རྒྱལ་པོས་ལེགས་འགྲོ་བོས་ནས་རེས་མའི་གཙོ་མོ་དང་ལྷན་ཅིག་གཏམ་བྱེད་དུ་བཅུག་པ་ན། བཟང་མོ་དེ་ན་རེ། ལྷ་ལགས་མཉེས་གཤིན་པ་མེད་པའི་ཡིད་འདི་སྨོས་པས་ཅི་ཞིག་བྱ་སྟེ། ཆུ་མེད་པ་ལ་ཟམ་པ་འཛུགས་པ་བཞིན་ནོ། །ལེགས་འགྲོ་འདི་ལ་དགའ་བར་བྱས་ཀྱང་འབྲས་བུ་མེད་པར་གྱུར་ཏོ་ཞེས་སྨྲས་སོ། །རྒྱལ་པོ་དེ་ལ་ལན་ཐོབ་ཅེས་སྨྲས་པ་ལ། ལེགས་འགྲོ་ན་རེ། འདིའི་བཙོང་བྱ་འདི་ནི་རང་བཞིན་གྱིས་སྐྱོན་དང་བཅས་པ་སྟེ། འདི་ཡི་ལུས་ནི་ཞག་གི་སྐབས་རྣམས་སུ་འགྱུར་བར་མཐོང་ནས་རྒྱན་ཀྱང་གཞན་དང་གཞན་བྱིན་པ་ཡིན་ནོ། །མེ་ཏོག་རྙིང་པ་རྣམས་བུང་བས་དོར་བ་ལྟར། སྐྱེ་བོ་རྣམས་ཀྱིས་ཇི་སྲིད་ཡིད་དུ་འོང་བ་དེ་སྲིད་དུ་འདོད་པར་བྱས་ནས་རྙིང་པའི་ཚེ་འདོར་ཞིང་གསར་པ་བསྟེན་པ་ཡིན་ལ། དངོས་པོ་རྣམས་ནི་ཆོས་ཉིད་ཀྱིས་སྐད་ཅིག་གིས་སྐྱེ་ཞིང་འགག་སྟེ། ལང་ཚོ་ནི་རྒ་བས་འཕྲོག་ཅིང་། ཚེ་ནི་འཆི་བས་འཕྲོག་པ་སོགས་ཐམས་ཅད་མི་རྟག་གོ། །རྒ་ན་འཆི་བས་སྡུག་བསྔལ་བས་སེམས་ཀྱི་བརྟན་པ་འཕྲོག་པར་བྱེད་པ་མི་ཤེས་པ་དག་ནི། བུད་མེད་ཅེས་བྱ་བ་རུས་པའི་ཕྲེང་བ་མི་གཙང་བའི་གཟེབ་ཅན་ལ་ཆགས་ནས་རྨོངས་པར་འགྱུར་ཏེ། མཁས་པ་རྣམས་ཀྱིས་བུད་མེད་ལ་ཆགས་པ་སྐྱོན་མང་པོ་གནས་སུ་ཤེས་ནས་སྨད་པར་བྱེད་དོ་ཞེས་སྨྲས་པ་ལ། རྒྱལ་པོས་ལེགས་སོ་ཞེས་བསྟོད་ཅིང་། རེས་མའི་གཙོ་མོ་དེ་ཡང་གཟུགས་དང་ལང་ཚོའི་ང་རྒྱལ་དང་བྲལ་ཏེ་རབ་ཏུ་ཞི་བ་ལ་རྩེ་གཅིག་ཞུགས་པར་གྱུར་ཏོ། །སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་བག་མེད་པ་རྣམ་པར་བཟློག་ནས་ཚུལ་ཁྲིམས་བཟུང་བར་གྱུར་ཅིང་། བྱང་ཆུབ་སེམས་དཔའ་དེ་སླར་ཡང་ལྗོན་ཤིང་གི་བྲག་ཉིད་དུ་སོང་བར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་ལྷ་རྣམས་ཀྱི་རྒྱལ་པོ་བརྒྱ་བྱིན་ཉིད་དུ་གྱུར་པའི་ཚེ། ནགས་ཀྱི་གནས་སུ་དཀའ་ཐུབ་པ་ཞིག་གནས་པ་དེའི་དྲུང་དུ་རི་དྭགས་དང་འདབ་ཆགས་རྣམས་ཀྱང་སློབ་མ་ལྟར་དགའ་བས་གནས་སོ། །དེར་གླང་མོའི་ཕྲུག་གུ་ཤིན་ཏུ་སྡུག་གུ་ཞིག་བཙས་པ་དེ་མ་དང་བྲལ་བ་དེ་ལ་དྲང་སྲོང་དེས་བུ་ལྟར་བྱམས་པར་བྱེད་ཅིང་། ཕྲུ་གུ་དེས་ཀྱང་པདྨའི་རྩ་བ་དང་འོད་མའི་འདབ་མ་སོགས་བཟུང་སྟེ་ཐུབ་པ་དེའི་ལག་ཏུ་གཏོད་པར་བྱེད་དོ། །དེ་ཤིང་ལོའི་ཁང་པའི་ཉེ་འཁོར་དུ་གནས་ཤིང་དྲང་སྲོང་དེ་གང་དུ་འགྲོ་བར་ཁྲིད་ནས་རི་དགས་པགས་པ་སོགས་དེ་ལ་བཀལ་ཏེ་འོང་བར་བྱེད་ཅིང་དྲང་སྲོང་གི་ལས་སུ་བྱ་བ་ཕལ་ལ་དེས་གྲོགས་བྱེད་དོ། །ནམ་ཞིག་ཕྲུ་གུ་དེ་རང་གི་མའི་རྗེས་སུ་འབྲང་ནས་ནགས་སུ་འཁྱམས་སོ། །དྲང་སྲོང་དེས་མེའི་སྦྱིན་སྲེག་སོགས་བྱས་ནས་ཟས་བཟའ་བའི་ཚེ་གླང་ཕྲུག་དེ་བཙལ་ཀྱང་མ་མཐོང་བས། ཟས་ཀྱི་བྱ་བ་བཞག་སྟེ། དེའི་རྐང་རྗེས་ལ་བལྟས་ནས་བཙལ་བ་ན་མའི་ནུ་མ་ནུ་བར་མཐོང་ནས་མྱ་ངན་བྱེད་པ། གླང་མོའི་ཕྲུ་གུ་དེས་མཐོང་ནས་བསུ་བར་གྱུར་ཏོ། །དྲང་སྲོང་དེས་མཆི་མས་མིག་གང་བཞིན་དེའི་མགོ་ལ་ལག་པས་བྱུགས་ཏེ། ཁྱོད་མའི་ནུ་མ་འཐུང་བས་ཅི་བྱ། ཆུ་འཐུང་ཞིང་བདག་ཅག་གི་བསྟི་གནས་སུ་འདོང་ཞེས་ཁྲིད་ནས། དེ་ལ་ཤིང་ལོའི་སྤྱིལ་བུ་བྱས་ཏེ། ཉིན་མཚན་དུ་དེ་སྲུང་བའི་སེམས་པས་ཤིན་ཏུ་བྱམས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་བརྒྱ་བྱིན་གྱིས་ལྷའི་མིག་གིས་གླང་པོའི་ཕྲུ་གུ་ལ་ཤིན་ཏུ་བྱམས་པས་ཡིད་ཞེན་པ་དྲག་པོ་ཅན་དེ་ལ་བལྟས་ནས་འདི་སྙམ་དུ། ཐུབ་པ་འདིས་གཉེན་འདུན་མཉེས་གཤིན་པ་རྣམས་དོར་ནས་ནགས་སུ་གནས་ཀྱང་ལྷག་པར་གླང་པོའི་ཕྲུ་གུ་ལ་ཞེན་པ་སོ་སོར་རྟོག་པའི་སྟོབས་མ་ཐོབ་པ་འདི་ཐབས་ཞིག་གིས་གདུལ་བར་བྱའོ་སྙམ་དུ་བརྒྱ་བྱིན་དེར་སོང་སྟེ། ཐུབ་པའི་དགེ་བའི་ཕྱོགས་ལ་གེགས་བྱེད་པའི་ཕྲུ་གུ་དེ་ཤི་བར་ཆ་བའི་ནད་ཀྱིས་གཟིར་བར་སྤྲུལ་ཏོ། །ཐུབ་པ་དེས་ཀྱང་མ་དཔྱད་པར་འདི་ཅི་ཞེས་དེ་དང་འབྲལ་བར་དོགས་པས་སྨྲེ་སྔགས་སྣ་ཚོགས་འདོན་ཏོ། །དེར་ལྷའི་བདག་པོས་དཀའ་ཐུབ་པའི་གཟུགས་སུ་བསྟན་ནས་དེ་ལ་སྨྲས་པ། དྲང་སྲོང་ཆེན་པོ་ཁྱོད་རང་གི་སྐྱེ་བོ་མཉེན་གཤིན་པ་རྣམས་བཏང་ནས་ནགས་སུ་གནས་ན། ད་འདི་ཤི་བའི་སྡུག་བསྔལ་མི་བཟོད་པའི་སྨྲེ་སྔགས་འདོན་པ་གླང་པོ་ཆེའི་ཁྲུས་དང་འདྲ་བ་ཁྱོད་འདི་ན་ཅི་ཞིག་སྒྲུབ་སྟེ་བློ་ལྡན་རྣམས་ཀྱིས་བཞད་གད་དུ་འོས་སོ། །སྐྱེ་བོ་ཐམས་ཅད་འཆི་བ་ལ་ངུས་པས་ཕན་པ་སུས་ཀྱང་མ་ཐོབ་སྟེ། དངོས་པོ་ཐམས་ཅད་འཇིག་པར་ཤེས་ནས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་ནོར་དང་། སྐྱེ་བོའི་ཚོགས་ཐམས་ཅད་ལ་ཞེན་པ་སྤངས་ཏེ་ནགས་སུ་གནས་པ་ཡིན་ན། ཁྱོད་ནི་ནགས་སུ་གནས་བཞིན་རང་ཉིད་ཞེན་པའི་ཞགས་པས་འཆིང་བར་བྱེད་པ་མི་རིགས་སོ། །འདུས་བྱས་ཐམས་ཅད་མི་རྟག་པས་མཐར་གཡོ་བ་ཁོ་ནར་ངེས་པའི་ཕྱིར་མཉེན་གཤིན་ལ་ཞེན་པས་རང་འཆི་བར་ཟད་ཀྱི། རྟག་ཏུ་འགྲོགས་པའི་དབང་ནི་མི་འབྱུང་ངོ་། །འཁོར་བ་འདིར་ཆགས་ཤིང་ཞེན་པ་ལས་སྡུག་བསྔལ་ཐམས་ཅད་འབྱུང་ལ། མ་ཆགས་པ་ལས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ་ཞེས་པ་ལ། ཐུབ་པ་དེས་ལེགས་པར་བཤད་པ་དེ་ལ་ལེགས་སོ་ཞེས་བསྟོད་ཅིང་གུས་པར་བྱས་སོ། །དེར་བྱང་ཆུབ་སེམས་དཔས་སྨྲས་པ། སྡུག་པའི་མཚན་མས་དབང་པོ་ཁྲིད་པའི་རྗེས་སུ་མི་འབྲང་བར་དྲན་པ་མཉམས་པས་དབང་པོའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་ན་དངོས་གྲུབ་ཐོབ་པར་གྱུར་ཏེ་སྐྱེ་བོ་དམ་པ་རྣམས་ཀྱིས་རྗེས་སུ་བསྟན་པ་བཞིན་བྱས་ནས་སྐྱེ་བོ་ཐ་མལ་བར་མི་བྱའོ་ཞེས་སྨྲས་པ་ལ་དྲང་སྲོང་དེས་ལེགས་སོ་ཞེས་བསྔགས་སོ། །དེར་བརྒྱ་བྱིན་གྱི་ལུས་སུ་བསྟན་ནས་བདག་ནི་ལྷའི་དབང་པོ་སྟེ། ཕྲུ་གུ་འདི་བདག་གི་མཐུས་སླར་འཚོ་བར་བྱའོ་ཞེས་བསླང་བར་བྱས་སོ། །ཐུབ་པ་དེས་ཀྱང་རིམས་པས་དུས་ཀྱི་ཚེ་གླང་པོའི་ཕྲུ་གུ་དེ་གླང་པོའི་ཚོགས་སུ་དོར་བ་ཚོགས་ཀྱི་བདག་པོར་གྱུར་ཅིང་། དེས་ཀུ་བ་ཆུས་བཀང་བ་དང་འབྲས་བུ་བཅས་པའི་ཡལ་ག་རྣམས་ཐུབ་པ་ལ་བྱིན་ནོ། །དེས་ཀྱང་ལག་པས་དེའི་མགོ་ལ་རེག་ཅིང་ཕན་པའི་བསླབ་བྱ་རྣམས་ཀྱང་སྨྲས་ནས། ཐུབ་པ་དེས་རང་གི་སྤྱིལ་པོར་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་ན་མཚོ་མ་དྲོས་པ་ན་ངང་པའི་སྡེ་དཔོན་ཡུལ་འཁོར་སྐྱོང་གི་གང་བ་དང་བཞིན་རྒྱས་གཉིས་ཡོད་པའི་ཕུ་བོ་གང་བ་ནི་གཏུམ་ཞིང་བརླང་པས་ངང་པ་རྣམས་ལ་བསྡིགས་ཤིང་སྤུ་འབྱིན་ཅིང་སྡེར་མོས་རྨ་འབྱིན་པ་སོགས་བྱས་པས་ངང་པའི་རྒྱལ་པོ་ལ་ངང་པ་རྣམས་ཀྱིས་གོ་བར་བྱེད་དོ། །དེས་བསམས་པ་གང་བ་གཏུམ་པ་འདི་རྒྱལ་ཚབ་ཏུ་བཅུག་ན་ངང་པའི་ཁྱུ་བཤིག་པར་འགྱུར་གྱིས་དེ་ལ་ཐབས་ཞིག་བྱའོ་སྙམ་དུ། བུ་དེ་གཉིས་འཁོར་ལྔ་བརྒྱ་རེ་དང་བཅས་པ་ལ་འབབ་ཆུ་དང་མཚོ་དང་མཚེའུ་རྣམས་བལྟས་ཏེ་ངའི་དྲུང་དུ་ཐོག་མར་སུ་བྱུང་བ་དེ་ངང་པ་རྣམས་ཀྱི་སྡེ་དཔོན་དུ་གཞུག་གོ་ཞེས་སྨྲས་སོ། །དེ་གཉིས་འགྲན་བཞིན་དོང་བས་བཱ་རཱ་ཎ་སཱིར་ཕྱིན་པ་ན། རྒྱལ་པོ་ཚངས་བྱིན་གྱི་རྫིང་ཚངས་ལྡན་ཞེས་བྱ་བ་མཚོ་བས་འཕགས་ཤིང་ཟབ་པ་མེ་ཏོག་སྣ་ཚོགས་དང་མེ་ཏོག་གི་སྐྱེད་ཤིང་དུ་མ་དག་གིས་མཛེས་ཤིང་བྱ་སྣ་ཚོགས་སྐད་སྒྲོགས་པ་མཐོང་ནས་གང་བ་འཁོར་བཅས་དེར་བབས་ནས་རྩེ་བར་བརྩམས་སོ། །བཞིན་རྒྱས་ལ་ཡང་རང་གི་ཁྱུས་བོབ་ལ་རྩེད་མོ་མཛོད་ཅེས་སྨྲས་པ་ལ། རེ་ཞིག་རྒྱལ་སྲིད་བླངས་ལ་ཕྱི་ནས་སོང་སྟེ་རྩེ་བར་བྱའོ་ཞེས་སྨྲས་ཤིང་མྱུར་བར་སོང་ནས་ངང་པའི་རྒྱལ་སྲིད་བླངས་སོ། །དེ་ནས་ངང་པ་ལྔ་བརྒྱ་བསྐོར་ཞིང་ཚངས་ལྡན་གྱི་རྫིང་བུར་བབ་པ་དེ་བག་ཡོད་པས་གནས་པ་སྐྱེ་བོས་མཐོང་ནས་ངང་པའི་སྡེ་དཔོན་འདི་ལྟ་བུའི་གཟུགས་མཆོག་ཏུ་གྱུར་པ་རྫིང་བུ་འདིའི་རྒྱན་དུ་གྱུར་པས་བྱ་ཐམས་ཅད་ཟིལ་གྱིས་གནོན་པའོ་སྙམ་དུ་དགའ་ཞིང་ཐམས་ཅད་དེ་ལ་ལྟ་བར་བྱེད་དོ། །དེ་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་བྱ་རྣམས་བཀུག་སྟེ་མ་སྣད་པར་ཟུངས་ཤིག་ཅེས་བསྒོའོ། །དེ་རྣམས་ཀྱིས་རྙི་འཇམ་པོས་བཟུང་བ་ན། ངང་པའི་རྒྱལ་པོས་སྨྲས་པ། བདག་ནི་དམ་པོར་རྙིས་བཟུང་བས། །མི་ཡི་དབང་སོང་བྱར་མེད་ཀྱི། །ཅི་ནས་ངང་པའི་ཁྱུ་དག་ནི། །མྱུར་དུ་མ་དྲོས་འདོར་བར་གྱིས། །ཞེས་སྨྲས་པས་ངང་པ་གཅིག་མིན་པ་ཐམས་ཅད་བྲོས་སོ། །གཅིག་བཟུང་བས་གཅིག་མ་ཟིན་ཀྱང་མྱ་ངན་གྱིས་ནོན་ཅིང་འདུག་པ་མཐོང་ནས་ངོ་མཚར་ཏེ་ངང་པའི་སྡེ་དཔོན་དེ་ཁོ་ན་རྒྱལ་པོའི་དྲུང་དུ་ཁྱེར་བ་དང་། ཅིག་ཤོས་མ་བཟུང་ཡང་དེ་ལ་ཆགས་ནས་རང་ཉིད་སོང་ངོ་། །དེར་རྒྱལ་པོ་ལ་ངང་པའི་སྡེ་དཔོན་ཕུལ་བ་དང་། ཅིག་ཤོས་འདི་ཁྱེར་ཏེ་ཅི་ལ་འོངས། ལྷ་འདི་ནི་མ་བཟུང་ཡང་རང་ཉིད་འོངས་པ་ལགས་སོ། །དེ་ལ་རྒྱལ་པོ་ངོ་མཚར་ཏེ་དད་པ་སྐྱེས་སོ། །རྒྱལ་པོ་དེས་ངང་པའི་སྡེ་དབོན་སེང་གེའི་ཁྲི་ལ་བཞག་ནས། ངང་པ་དེས་མིའི་སྐད་ཀྱིས་རྒྱལ་པོ་འཁོར་བཅས་དགེ་བཅུའི་ལས་ལ་བཀོད་པས། རྒྱལ་པོའི་བཀས་པའི་ཡུལ་ན་ཆུ་ན་རྒྱུ་བའི་སེམས་ཅན་རྣམས་སུས་མ་གསད་ཅེས་དྲིལ་བསྒྲགས་སོ། །དེ་ལྟར་ངང་པའི་རྒྱལ་པོ་བཞིན་རྒྱས་ནི་བཅོམ་ལྡན་འདས་ཉིད་དོ། །ཚུལ་འདི་དང་ཕྱོགས་འདྲ་བ་ངང་པའི་རྒྱལ་པོ་ཡུལ་འཁོར་སྲུང་གི་རབས་ཀྱང་སྐྱེས་རབས་སོ་བཞི་པར་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་རི་དྭགས་གསེར་གྱི་གློ་ཞེས་བྱ་བ་རི་དྭགས་རྣམས་ཀྱི་དཔོན་པོར་གྱུར་པ་ལུས་ཀྱི་གཟི་བརྗིད་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་ཐམས་ཅད་ཀྱི་མིག་དང་ཡིད་དུ་སྡུག་པ་ཞིག་ཏུ་གྱུར་པ་དེ་གང་གིས་མཐོང་བ་ཙམ་གྱིས་དེར་རྟོག་ཅིང་སྡོད་པར་བྱེད་དོ། །དེས་དེ་ལྟར་རྟོག་པར་ཤེས་ནས་རྔོན་པ་སོགས་ཀྱི་འཚེར་དོགས་ཀྱིས་གནས་སོ། །བྱ་རོག་ཞིག་གིས་དེ་ལ་འདི་ལྟར་འཚེར་ཞིང་སྐྲག་པར་ཅིས་གྱུར་ཞེས་དྲིས་པ་ལ་བདག་གི་ལུས་ལ་ཐམས་ཅད་འདོད་པ་བསྐྱེད་པས་རྔོན་པ་སོགས་ཀྱིས་འཚེར་ཞིང་སྐྲག་གོ། །བྱ་རོག་གིས་སྨྲས་པ་བདག་ཀྱང་འུག་པས་འཇིགས་པས་གཅིག་ལ་གཅིག་བསྲུང་པར་བྱ་སྟེ། བདག་གིས་ཁྱོད་ཉིན་མོ་སྲུངས་ལ། ཁྱོད་ཀྱིས་བདག་མཚན་མོར་སྲུངས་ཤིག་ཅེས་དམ་བཅས་སོ། །ཇི་ཞིག་ན་མི་ལག་པ་ཕྱིན་ལོག་ཏུ་དམ་པོར་བཅིངས་པ་ཞིག་ཆུ་དྲག་པོའི་དབའ་ཀློང་གིས་ཁྱེར་བ་དེའི་ཁ་ནས་སྨྲེ་སྔགས་འདོན་ཅིང་སུ་ཞིག་བདག་འཇིགས་པ་འདི་ལས་སྒྲོལ་བ་ཡོད་ན། དེའི་བྲན་བྱ་ཞིང་གོ་རེ་ལོང་བྱའོ་ཞེས་འབོད་པ་དང་། སྟེས་དབང་གིས་རི་དྭགས་ཀྱི་དཔོན་པོ་དེ་རི་དྭགས་ཀྱི་ཚོགས་ཀྱིས་བསྐོར་ནས་འབབ་ཆུའི་འགྲམ་དུ་སོང་བ་དང་འཕྲད་ལ། མི་དེས་འོ་དོད་པོས་ནས་རི་དྭགས་གཞན་ནི་བྲོས། བྱང་ཆུབ་སེམས་དཔའ་རྣམས་ནི་ལོག་པར་ལྷུང་བའི་ལུས་སུ་གྱུར་ཀྱང་སེམས་དེ་ལྟར་མ་ཡིན་པས་རི་དྭགས་ཀྱི་དཔོན་པོ་དེ་སྙིང་རྗེས་བརླན་པའི་སེམས་ཀྱིས་མོད་ལ་འབབ་ཆུའི་ནང་དུ་འཇུག་པར་བརྩམས་པ་ན། བྱ་རོག་གིས་ཀྱང་སྔོན་དམ་བཅས་པའི་ཡིད་ཀྱིས་ཀུན་ཏུ་བསྲུང་བའི་ཕྱིར་དེའི་ཕྱི་བཞིན་འབྲངས་པས་དེས་མི་དེ་དབྱུང་བའི་ཕྱིར་འབད་པ་བྱེད་པར་རིགས་ནས་འདི་སྐད་ཅེས་སྨྲས་པ་ལ། རི་དྭགས་ཀྱི་དཔོན་པོ་ཐོངས་ཐོངས་གཟུ་ལུམ་མ་བྱེད། མི་འདི་དག་ནི་བྱས་པ་མི་གཟོ་ཞིང་བྱས་པ་མི་སེམས་པ་ཡིན་ནོ། །བྱང་སེམས་བདག་ཉིད་ཆེན་པོ་དེ་ནི་མི་ཟློག་པ་ཡིན་པས་དེའི་ཚིག་མ་ཉན་པར་འབབ་ཆུ་དེའི་ནང་དུ་ཞུགས་ཏེ་བུ་གཅིག་པུ་སྡུག་པ་ལ་མ་བཞིན་དུ་མི་དེ་རྒྱབ་ཏུ་ཞོན་བཅུག་ནས་ཆུའི་འགྲམ་དུ་ཕྱུངས་ཏེ་བཅིངས་པ་རྣམས་བཀྲོལ་ཞིང་ཡུད་ཙམ་ཞིག་དབུགས་ཕྱུང་ནས་སྨྲས་པ། བུ་ལམ་འདི་ནས་ཅི་དགའ་བར་སོངས་ཤིག །དེ་ནས་མི་དེས་ཐལ་མོ་སྦྱར་ཏེ་རི་དྭགས་ཀྱི་དཔོན་པོའི་དེའི་རྐང་པ་ལ་གཏུགས་ནས་སྨྲས་པ། ཁྱོད་ཀྱིས་བདག་གི་སྲོག་སྩལ་བས་ན། བདག་ཁྱོད་ཀྱི་འབངས་ཏེ་གོ་རེ་ལོང་ཡང་བགྱིའོ། །རི་དྭགས་དེས་སྨྲས་པ། དེང་ཁྱོད་བདག་གི་བྲན་དང་ནི། །གོ་རེ་ལོང་ཡང་མ་བྱེད་པར། །པགས་པའི་ཕྱིར་ནི་གསད་འོང་གིས། །ཁྱོད་ཀྱིས་བདག་བཞན་མ་བསྟན་ཅིག །བུ་ཁྱོད་ཀྱི་བྱ་བ་ནི་འདི་ཡིན་ཏེ། ཁོ་བོའི་ལུས་འདི་འཇིག་རྟེན་ཐམས་ཅད་ཤིན་ཏུ་ཆགས་ཤིང་འདོད་པར་བྱ་བ་ཡིན་པས་ཁྱོད་ཀྱི་ཁོ་བོ་སུ་ལ་ཡང་མ་བསྟན་ན་བྱས་པ་ལ་ཕན་བཏགས་པ་ཡིན་ནོ། །དེ་མི་དེས་དེ་བཞིན་དུ་བགྱིའོ་ཞེས་ཁས་བླངས་ནས། རི་དྭགས་ཀྱི་དཔོན་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ་རྐང་པ་ལ་གཏུགས་ནས་སོང་ངོ་། །དུས་གཞན་ཞིག་ན་ཡུལ་བཱ་རཱ་ཎ་སཱི་དེའི་རྒྱལ་པོ་དབང་ཕྱུག་ཆེན་པོའི་སྡེ་ཞེས་པ་འབྱོར་པ་དང་མངའ་ཐང་ཆེན་པོས་རྒྱལ་སྲིད་བྱེད་པ་དེའི་བཙུན་མོ་ཟླ་འོད་མ་ཞེས་བྱ་བ་རྨི་ལམ་རྣོ་ཞིང་རྨི་ལམ་དུ་གང་མཐོང་བ་ཐམས་ཅད་དེ་བཞིན་དུ་འགྱུར་གྱི་གཞན་མ་ཡིན་པ་ཞིག་ཡོད་པ་དེ་རྩེད་མོས་མལ་ཆེན་པོར་ལེགས་པར་གཉིད་ལོག་པའི་མཚན་མོའི་ཐུན་ཐ་མ་ལ་རི་དྭགས་ཀྱི་དཔོན་པོ་གཟུགས་མཆོག་ཏུ་སྡུག་པ་ཞིག་སེང་གེའི་ཁྲི་ལ་འདུག་ནས་ཆོས་འཆད་པར་མངོན་སུམ་ལྟ་བུར་མཐོང་ངོ་། །དེ་ཡིད་བདེ་བ་སྐྱེས་ཤིང་མལ་ནས་ལངས་ཏེ་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་ཀྱང་དེའི་བདེན་པའི་རྨི་ལམ་མཆོག་ཏུ་ངོ་མཚར་ཏེ། མི་འདོད་པའི་འགྲོ་བར་སྐྱེས་པ་དེས་ཀོ་ཇི་ལྟར་ཆོས་འཆད་སྙམ་མོ། །བཙུན་མོ་དེས་དགའ་བའི་གཏམ་གྱིས་རྒྱལ་པོ་དགའ་བར་བྱས་ནས། ལྷ་རི་དྭགས་དེ་ཁུགས་པར་བྱ་བའི་སླད་དུ་ནན་ཏན་མཛད་དུ་གསོལ། རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ངའི་ཡུལ་ན་རྔོན་པ་ཇི་སྙེད་ཅིག་ཡོད་པ་འདིར་ཁུགས་ཤིག་བྱས་པ་བཞིན་རྔོན་པ་ཐམས་ཅད་རྒྱལ་པོའི་དྲུང་དུ་ལྷགས་པ་ལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་ཡུལ་ན་རི་དྭགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་སྡུག་པ་ཞིག་ཡོད་དོ་ཞེས་ངས་ཐོས་ཀྱིས་ཁྱེད་ཀྱིས་དེ་རྙི་འཇམ་ཞིང་ལྷོད་པས་ཟུངས་ལ་མ་སྣད་པ་རང་ལ་ཕུལ་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ་བདག་ཅག་འཚོ་བ་འདིའི་ཕྱིར་དུས་འདི་ཙམ་གྱི་བར་དུ་ལྷའི་ཡུལ་དུ་བརྒྱུགས་པ་ལས། རི་དྭགས་ཀྱི་དཔོན་པོ་མཆོག་འདི་ལྟ་བུ་ནི་སྡོན་ཆད་ལན་འགའ་ཡང་མ་ཐོས་ན་མཐོང་བ་ལྟ་ཅི་སྨྲོས། ལྷ་གཅིག་ནས་གཅིག་ཏུ་སྨྲས་ཏེ། ཕྱོགས་ག་གེ་མོ་ཞིག་ན་མཆིས་སོ་ཞེས་གསན་ན་བདག་ཅག་ལ་བཀའ་སྩལ་བར་རིགས་སོ། །དེ་ལྟ་ན་བདག་ཅག་གིས་ཀྱང་ལྷས་བཀའ་སྩལ་པ་ངེས་པར་འགྲུབ་པར་མཆིའོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་བཱ་རཱ་ཎ་སཱིར་དྲིལ་སྒྲོགས་སུ་ཆུག་ལ་ལྷས་བཀའ་སྩལ་པ། ངའི་ཡུལ་ན་རི་དྭགས་ཀྱི་དཔོན་པོ་གཟུགས་སྡུག་པ་ཞིག་ཡོད་ཀྱིས་སུས་དེའི་གཏམ་ངའི་སྙན་དུ་གསོལ་ན། དེར་ངས་བཀུར་སྟི་ཆེན་པོ་བྱས་ནས་གྲོང་རྡལ་མཆོད་ལྔ་སྦྱིན་ནོ། །བློན་པོ་རྣམས་ཀྱིས་ཀྱང་རྒྱལ་པོ་ལས་མཉན་ནས་དེ་ལྟར་དྲིལ་བསྒྲགས་སོ། །དེ་ནས་རི་དྭགས་ཀྱི་དཔོན་པོ་དེ་མཐོང་བའི་མི་དེས་འདི་སྙམ་དུ། ཅི་རེ་ཞིག་འཁོར་རྗེས་སུ་བསྐྱང་བར་བྱའམ། འོན་ཏེ་བྱས་པ་གཟོ་བར་བྱ་སྙམ་པ་ལས། འདོད་པ་བསྟེན་པས་ནི་སྡིག་པའི་ལས་མི་བྱེད་པ་ཅི་ཡང་མེད་པས་དེ་འདོད་པའི་རྒྱུས་བསླངས་པས་བདག་གནས་སྐབས་འདི་ལྟ་བུ་ཐོབ་ན་སྔར་གྱི་དགྲ་ལ་ཡང་ཤ་གླན་པའི་དུས་ལ་བབ་པོ་སྙམ་དུ། ཞེ་སྡང་གི་མེས་སེམས་ཀྱང་གདུང་བར་གྱུར་ནས། བྱས་པ་གཟོ་བ་རེ་ཞིག་ཞོག །ཐབས་འདི་ལས་ལས་ཀ་ཐོབ་ན་དགྲ་ལ་ཤ་གླན་པར་བྱའོ་སྙམ་ནས་ནམ་ལངས་པ་དང་། རྒྱལ་པོའི་དགོས་པ་སྒྲུབ་པའི་མི་རྣམས་ཕོ་བྲང་གི་སྒོར་འདུག་པ་དེའི་ནང་དུ་མེ་ཏོག་ཤིན་ཏུ་དྲི་ཞིམ་པ་སྣ་ཚོགས་ཁྱེར་ཏེ་སྒོ་བ་དང་བློན་པོ་རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་རྒྱལ་པོ་ལ་ཐོས་པར་བྱས་ཤིང་། བཀུར་སྟི་སྣ་ཚོགས་བྱས་ནས་རྒྱལ་པོ་ལ་སྨྲས་པ། ལྷ་ཕྱོགས་ག་གེ་མོ་ཞིག་ན་ཞུགས་ཤིང་སྣ་ཚོགས་ཀྱི་ནགས་བྱ་དང་རི་དྭགས་འདྲིས་པས་མཛེས་པར་བྱས་པ་ན་རི་དྭགས་ཀྱི་དཔོན་པོ་གསེར་གྱི་གློ་ཞེས་བགྱི་བ་རི་དྭགས་ཀྱི་ཚོགས་སྟོང་ཕྲག་དུ་མས་བསྐོར་ཞིང་མཆིས་ཏེ། བདག་གིས་ལྷ་ལ་རི་དྭགས་དམ་པ་གཟུགས་མཆོག་ཏུ་སྡུག་པ་དེ་བསྟན་པར་བགྱིའོ། །རྒྱལ་པོས་དེ་ཐོས་ནས་དགའ་ཞིང་བློན་པོ་དུ་མས་བསྐོར་བཞིན་ཡ་མཚན་སྐྱེས་པ་ཡུལ་གཞན་སྣ་ཚོགས་ནས་ལྷགས་པ་དང་། ཡུལ་དེའི་མི་རྣམས་ཀྱིས་ཀྱང་མདུན་དུ་བདར་དེ། མི་དེས་ལམ་པ་བྱས་ནས་ཕྱོགས་དེར་ཕྱིན་ཏོ། །ཇི་ཙམ་ན་བྱ་རོག་བྱང་ཆུབ་སེམས་དཔའ་དང་དམ་བཅས་པས་དེས་ཕྱོགས་སུ་ལྟ་བའི་ཕྱིར་ནགས་ཚང་ཚིང་དེའི་ཤིང་ཁ་ན་བདུག་པས་སྐྱེ་བོའི་ཚོགས་ཆེན་པོ་དེར་འོངས་པ་མཐོང་ནས་མྱུར་དུ་རི་དྭགས་ཀྱི་དཔོན་པོ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་སྨྲས་པ། རི་དྭགས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གིས་སྔར་མི་རྣམས་ནི་ཕན་པ་བྱས་པ་མི་སེམས་ཤིང་བྱས་པ་མི་གཟོ་ལ་བྱས་པ་མི་ཚོར་བ་ཡིན་ནོ་ཞེས་སྨྲས་པ་ཡིན་ཏེ། མི་དེས་སྐྱེས་མང་དུ་ཁྱེར་ནས་འོང་ངོ་། །སྒྲ་དེ་ཉིད་རི་དྭགས་རྣམས་ཀྱིས་ཐོས་ནས་སྐྲག་སྟེ་ཀུན་ཏུ་བྲོས་སོ། །རི་དྭགས་ཀྱི་དཔོན་པོ་བྱང་ཆུབ་སེམས་དཔས་བསམས་པ། གལ་ཏེ་བདག་གིས་རི་དྭགས་འདི་དག་མ་བསྲུངས་ན་དེ་རིང་ཉིད་དུ་ཁ་བཏགས་པར་འགྱུར་གྱིས་སེམས་ཅན་ཡལ་བར་འདོར་བ་ལས། རང་གི་སྲོག་ཆུད་གཟོན་པ་སླའོ་སྙམ་ནས་རྒྱལ་པོ་བསུར་སོང་ངོ་། །དེ་ནས་མི་སྙིང་རྗེ་མེད་ཅིང་འཇིག་རྟེན་ན་ཕ་རོལ་ལ་མི་ལྟ་བ་དེ་རི་དྭགས་ལྟ་བར་རྟུན་པའི་བློས་རི་དྭགས་ཀྱི་མཆོག་དེ་ལག་པ་གཉིས་ཀྱིས་བསྟན་ཏེ་སྨྲས་པ། ལྷ་རི་དྭགས་ཀྱི་དཔོན་པོ་ནི་འདི་ལགས་སོ། །ལས་ཤིན་ཏུ་དྲག་པོ་ཡོངས་སུ་རྫོགས་པ་ནི་རྣམ་པར་སྨིན་པའི་དུས་ལ་མི་ལྟོས་པ་ཡིན་པས་ཚིག་དེ་སྨྲས་མ་ཐག་ཏུ་མི་དེའི་ལག་པ་གཉིས་ཀ་ས་ལ་ལྷུང་བར་གྱུར་ཏོ། དེ་ནས་རྒྱལ་པོ་དེ་སྐྱོ་བ་སྐྱེས་ནས་མི་དེ་ལ་དྲིས་པ། ཀའི་ནད་རྗེ་འདི་ཅི་ལས་གྱུར། མི་དེ་སྡུག་བསྔལ་གྱི་ཚོར་བས་ཉེན་ཞིང་ང་རོ་མི་གསལ་བས་སྨྲས་པ། རྒྱལ་ཆེན་གང་ཞིག་བཀུམ་ནས་ནོར། །འཕྲོག་དེ་ཆོམ་རྐུན་མ་ལགས་ཀྱིས། །རྒྱལ་ཆེན་བྱས་པ་མི་གཟོ་བ། །གང་ལགས་དེ་ནི་ཆོམ་རྐུན་ལགས། །རྒྱལ་པོས་སྨྲས་པ། ཚིག་འདིའི་དོན་ཅི་ཡིན། དེས་ཇི་སྐད་གྱུར་པ་ཐམས་ཅད་རྒྱས་བར་རྒྱལ་པོ་ལ་སྨྲས་སོ། །དེ་ནས་རྒྱལ་པོས་བྱས་པ་ཆུད་གཟོན་པའི་མི་དེ་ལ་སླར་སྨྲས་པ། ཅིའི་ཕྱིར་ཐ་ཆད་པར་མི་བྱིང་མ་གྱུར། ཅིའི་ཕྱིར་ལྕེ་ནི་དུམ་བུ་བརྒྱར་མ་ལྷགས། ཇི་ལྟར་ཁྱོད་ཀྱི་ལུས་འདི་གསང་བ་བས། རྡོ་རྗེའི་ཆར་མདུང་མདའ་ཆེན་བརྡེག་མ་གྱུར། དེ་ནས་རྒྱལ་པོས་བྱང་ཆུབ་སེམས་དཔའི་མཐུ་ཆེན་པོ་དེ་ཤེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རི་དྭགས་ཀྱི་དཔོན་པོ་བདག་ཉིད་ཆེན་པོ་འདི་ནི་བསྙེན་བཀུར་བྱ་བར་འོས་ཀྱིས་ཁྱེད་ཅག་དེད་ལ་གྲོང་ཁྱེར་གྱི་ལམ་བྱི་དོར་བྱེད་དུ་ཆུག་ཅིག །དེ་རྣམས་ཀྱིས་གྲོང་ཁྱེར་དེའི་རྡོ་དང་གསེག་མ་སོགས་བསལ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ། དྲི་ཞིམ་པོའི་པོག་ཕོར་དང་རྒྱལ་མཚན་དག་དར་གྱི་ཆུན་འཕྱངས་ཀྱིས་བརྒྱན་ཏེ་མེ་ཏོག་གི་སིལ་མ་བཀྲམ་པས་ལྷའི་སྐྱེད་ཚལ་ལྟར་མཛེས་པར་བྱེད་དུ་བཅུག་ནས་གྲོང་ཁྱེར་དེར་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མེ་ཏོག་གི་ཕྲེང་བ་ཐོགས་ཏེ་བསུར་སོང་ངོ་། །དེ་ནས་རྒྱལ་པོའི་འབྱོར་པ་ཆེན་པོས་རི་དྭགས་ཀྱི་དཔོན་པོ་གཟུགས་ཤིན་ཏུ་ལྡུག་པ་དེ་སེང་གེའི་ཁྲི་ལ་འདུག་ཏུ་བཅུག་ནས། རྒྱལ་པོའི་འབྱོར་པ་དང་མཐུ་ཆེན་པོས་བཙུན་མོ་དང་གཞོན་ནུ་དང་བློན་པོ་དང་གྲོང་དང་ཡུལ་མི་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་དེས་དེ་རྣམས་ལ་ཆོས་བསྟན་པས་རྒྱལ་པོ་འཁོར་དང་བཅས་པས་བསླབ་པའི་གཞི་ལྔ་བླངས་ཞིང་། སེམས་ཅན་དུ་མ་དག་གིས་དགེ་བའི་རྩ་བ་དག་ཐོབ། རྒྱལ་པོས་ནགས་དེ་རི་དྭགས་རྣམས་ལ་བྱིན་ནས་སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་ཡང་མི་འཇིགས་པ་བྱིན་ནོ། ༈ །ཡང་བཅོམ་ལྡན་འདས་ཉིད་སྔོན་ཆུ་སྲེག་ལྔ་བརྒྱའི་དཔོན་པོར་གྱུར་པའི་ཚེ། དེ་ན་ཆུ་སྲེག་རྒན་པོ་ཞིག་གིས་ཆུ་སྲེག་དེ་རྣམས་ཀྱི་སྒོ་ང་དང་ཕྲུ་གུ་རྣམས་ཐབས་ཀྱིས་ཟོས་ནས། དལ་བུས་འཆག་ཅིང་རྐང་པ་གཅིག་བཏེག་ནས་དཀའ་ཐུབ་བྱེད་པའི་ཟོལ་ཟོག་ཅན་ཞིག་ཡོད་དོ། །དེར་ཆུ་སྲེག་རྣམས་མྱ་ངན་བྱེད་ཅིང་ཆུ་སྲེག་གི་དཔོན་པོའི་དྲུང་དུ་འདུས་ནས་ཐབས་ཅི་ཡོད་གསོལ་བ་བཏབ་བོ། །ཆུ་སྲེག་གི་དཔོན་པོ་དེས་ཆུ་སྲེག་རྒན་པོའི་ཚུལ་དེ་འཕྲིགས་ནས་ལྐོག་ཏུ་དེ་ལ་དེ་ལྟ་བུའི་ཚིགས་བཅད་བརྗོད་པ་དང་། དེ་སྐྲག་སྟེ་ཆུ་སྲེག་གི་དཔོན་པོ་ལ་སྐྱབས་སུ་སོང་ངོ་། །དཔོན་པོས་སྨྲས་པ། ནམ་ཆུ་སྲེག་རྣམས་འཁྲུགས་པར་མ་གྱུར་པ་དེ་སྲིད་བདེ་བར་གྱིས་ཞེས་བརྗོད་པས་དེ་སྐྲག་ནས་ཕྱོགས་གཞན་དུ་བྲོས་པས་ཆུ་སྲེག་རྣམས་བདེ་བར་གྱུར་ཏོ། ༈ །ཡང་ནེ་ཙོ་མི་སྐད་སྨྲ་བར་གྱུར་པས་རྒྱལ་པོ་ཚངས་བྱིན་ཆོས་ལ་བཀོད་པ་དང་། ངང་པའི་རྒྱལ་པོ་དང་། རྨ་བྱར་གྱུར་པའི་ཚེ་ན་ཡང་ཆོས་བསྟན་པས་གཞན་ལ་ཕན་བཏགས་པ་གོང་དུ་སྨྲོས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་དུད་འགྲོར་སྐྱེས་ཀྱང་ཤེས་རབ་ཀྱི་མཐུ་མཉམ་པ་མེད་པས་སེམས་ཅན་སྨིན་པར་བྱེད་ན་མཐོ་རིས་སུ་སྐྱེས་པ་ན་ལྟ་ཅི་སྨྲོས་ཏེ། ཤེས་རབ་ཀྱི་མཐུ་ལ་གུས་པར་བྱའོ། ༈ །ཡང་སྔོན་གྱི་ཚེ་དྲང་སྲོང་སྣང་བ་ཞེས་བྱ་བས་ཤིང་ནྱ་གྲོ་དྷའི་རྒྱལ་པོ་བཟང་པོ་ཞེས་བྱ་བ་ཡལ་འདབ་སྟུག་པོས་ཡོག་པ། འཁོར་ཡུག་ཏུ་རྒྱང་གྲགས་གཅིག་ཡོད་པ་དེར་གནས་བཅས་ནས། ཤིང་དེའི་འདབ་མའི་གྲངས་ལ་མངོན་པར་ཤེས་པས་བརྟག་ཅིང་བགྲངས་བས་ལོ་བཅུ་གཉིས་དང་ཞག་བདུན་ན་ཐམས་ཅད་ཤེས་སོ། །དེར་བཅོམ་ལྡན་འདས་ཉིད་དྲང་སྲོང་སྔོ་བསངས་ཞེས་པར་གྱུར་པ་དེ་ལྷགས་ནས་ཕན་ཚུན་མགུ་བའི་གཏམ་བྱས་ཤིང་། དྲང་སྲོང་སྣང་བས་འདི་སྐད་དུ་ཀྱེ་བྲམ་ཟེ་མིའི་འཇིག་རྟེན་ན་ཤིང་གི་རྒྱལ་པོ་འདིའི་འདབ་མའི་གྲངས་དུ་ཡོད་ཤེས་ནུས་པའི་སེམས་ཅན་ཡོད་དམ། དེས་སྨྲས་པ། ཡོད་དེ་བདག་གིས་ཀྱང་ནུས་སོ། །སྣང་བས་བགྲོངས་ཤིག་ཅེས་སྨྲས་པ་ལ། སྔོ་བསངས་དེས་ཤིང་དེ་ལ་མི་ལྟ་བར་སྐད་ཅིག་ཙམ་ལ་འདབ་མའི་གྲངས་རྟོག་པ་ལ་ཞུགས་ནས་སྨྲས་པ། མི་འཁྲུགས་དྲུག་ཅུ་པང་སྟོང་ཕྲག །བཅུ་དྲུག་དང་ནི་ཁྱད་ཕྱིན་ཕྲག །བཅུ་གསུམ་དང་ནི་དཀྲིགས་པ་ཕྲག །དགུ་བཅུ་རྩ་དྲུག་ཁྲ་ཁྲིག་ཕྲག །སུམ་ཅུ་རྩ་དགུ་ཁྲག་ཁྲིག་ཕྲག །སུམ་ཅུ་དག་ནི་ཐེར་འབུམ་ཕྲག །བརྒྱད་སྟོང་དང་ཡང་བྱེ་བ་ཕྲག །དགུ་བཅུ་རྩ་གཉིས་འདབ་འདི་མཆིས། །བྲམ་ཟེ་དམ་པ་བདག་གིས་འཚལ། །ཞེས་སྨྲས་པ་ལ། སྣང་པས་ལེགས་སོ་ཁྱོད་ཀྱིས་བདེན་པར་སྨྲས་ཏེ། བདག་གིས་ལོ་བཅུ་གཉིས་དང་ཉི་མ་བདུན་དུ་མངོན་ཤེས་ཀྱིས་བགྲང་བ་ལ། ཁྱོད་ཀྱིས་ཤིང་ལ་མ་གཟིགས་ལོ་མ་རྣམས་མི་བགྲང་བར་འདབ་མ་རྣམས་རྟོགས་པའི་མཁྱེན་པ་འདི་རང་གིའམ། ལྷ་ཡིས་བསྟན་པ་ཡིན་ཞེས་དྲིས་པ་ལ། སྔོ་བསངས་ཀྱིས་སྨྲས་པ། འདི་ནི་ལྷས་སྨྲས་པ་མིན་ཏེ་བདག་གིའོ། །ནམ་མཁའ་ཟད་ཅིང་གྲུམ་པར་འགྱུར་སྲིད་ཀྱི་ཁོ་བོ་རྫུན་དུ་མི་སྨྲའོ་ཞེས་སྨྲས་སོ། །དེའི་ཚེ་དྲང་སྲོང་སྣང་བ་ནི་ཤཱ་རིའི་བུ་ཡིན་པར་གསུངས་སོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་གདོལ་བའི་རྒྱལ་པོ་ཏྲེ་ཤང་ཀུ་ཞེས་བྱ་བར་གྱུར་པའི་ཚེ་ན་བྲམ་ཟེ་རིགས་ཆེ་ཞིང་མཐོ་བ་པདྨའི་སྙིང་པོ་ལ་བུ་མོ་གཟུགས་བཟང་ཞིང་བློ་དང་ལྡན་པ་ཞིག་ཡོད་པ་དེ་རང་གི་བུ་སྟག་རྣའི་ཆེད་དུ་བསླངས་པ་དང་། བྲམ་ཟེ་དེ་རིགས་ཀྱི་ང་རྒྱལ་དང་བསྟན་བཅོས་ཀྱི་དྲེགས་པས་བརྙས་ཏེ་མ་བྱིན་པ་ལ། རྒྱལ་པོ་དེས་ཡང་དག་པའི་རིག་པས་རིགས་ཀྱི་ང་རྒྱལ་བཅོམ་ནས། རིག་བྱེད་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱིས་བྲམ་ཟེ་དེ་ཚར་བཅད་པས། དེ་ཤིན་ཏུ་གུས་པས་བསྟོད་ཅིང་བུ་མོ་སྦྱིན་པར་བྱས་པའི་ཚུལ་རྒྱས་པར་སྟག་རྣའི་མདོ་ལས་གསུངས་པ་བཞིན་ནོ། ༈ །ཡང་བཅོམ་ལྡན་འདས་ཉིད་སྔོན་གྱི་སྐྱེ་བ་རྣམས་སུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འཚོལ་པའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་པོ་ཆེ་མཛད་དེ། བྲམ་ཟེ་ཨུཏྤལའི་མིག་ཅེས་བྱ་བར་གྱུར་པས་སངས་རྒྱས་འཁོར་བཅས་ལ་གཙུག་ལག་ཁང་ཕུལ་བ་སོགས་དེ་བཞིན་གཤེགས་པ་ཆེས་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ལ་མཆོད་པ་རྣམ་པ་སྣ་ཚོགས་ཚད་མེད་པས་མཆོད་ནས་སྟོབས་བཅུའི་ཡེ་ཤེས་ཐོབ་པར་སྨོན་ལམ་བཏབ་པ་དང་། སངས་རྒྱས་རྣམས་ཀྱི་དྲུང་དུ་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀྱི་ཚུལ་དྲིས་ཤིང་ཁོང་དུ་ཆུད་པར་བྱས་ནས་གཞན་ལ་བསྟན་པ་དང་། དེ་བཞིན་གཤེགས་པ་ཚད་མེད་པ་ལ་ཐུགས་དང་མཐུན་པའི་རིམ་གྲོ་པ་བྱས་ཏེ་ཆོས་ཞུས་ཤིང་བཟུང་བ་དང་། སེམས་ཅན་གྱི་ཁམས་སྣ་ཚོགས་ལ་ཕན་བདེའི་ཆེད་དུ་རྒྱལ་རིགས་དང་བྲམ་ཟེ་དང་གར་མཁན་དང་གླུ་མཁན་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་སྐྱེ་བ་དཔག་ཏུ་མེད་པ་བཞེས་ཏེ་སེམས་ཅན་རྣམས་སྨིན་པར་མཛད་པའི་ཚུལ་ནི་བརྗོད་ཀྱིས་མི་ལང་ཞིང་། དེ་དག་ལས་འགའ་ཙམ་ཡེ་ཤེས་རྒྱས་པའི་མདོ་ལ་སོགས་པར་གསུངས་པ་ལས་འདིར་རགས་རིམ་འགའ་ཞིག་བརྗོད་པར་བྱས་ན། སྔོན་གྱི་དུས་ན་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཀུན་ནས་མཛེས་པ་ཞེས་བྱ་བ་ཐེག་པ་ཆེན་པོ་ལ་གནས་པ་གླིང་བཞི་པའི་འཇིག་རྟེན་གྱི་དབང་ཕྱུག་ཏུ་གྱུར་པའི་ཚེ། སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་སྒྲུབ་པ་ཅི་འདྲ་བ་བཞིན་བདག་གིས་ཀྱང་ཆོས་དང་ལྡན་པར་རྒྱལ་སྲིད་བྱ་ཡི། བདག་ཆོས་མིན་དུ་ཞུགས་ན་རྒྱལ་པོའི་མིང་དོན་མེད་དོ་སྙམ་ནས། བློན་པོ་རྣམས་ལ་སྔོན་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་སྲིད་སྒྲུབ་པ་རྗེས་སུ་བསྟན་པ་གང་གིས་རྒྱལ་སྲིདམི་ཉམས་ཞིང་འཕེལ་བ་དེ་སྟོན་ཅིག་ཅེས་དྲིས་པ་ལ། དེ་དག་ན་རེ། ལྷ་བདག་ཅག་གིས་དེའི་དོན་མི་འཚལ་ཏེ། ཉེན་ཀོར་ན་དྲང་སྲོང་མངོན་ཤེས་ལྔ་ལྡན་ཆོས་དང་བསྟན་བཅོས་ལ་མཁས་པ་དག་ཡོད་པས་དེ་དག་བསྡུར་གསོལ་དང་དེ་དག་གིས་འཁོར་ལོས་སྒྱུར་བའི་སྔོན་གྱི་རབས་སྨྲ་བར་འགྱུར་རོ། །རྒྱལ་པོས་དེ་དག་གི་ལྟར་མཉན་ནས། ཁྱིམ་ནས་བྱུང་བའི་དྲང་སྲོང་རྣམས་བཀུར་སྟི་ཆེན་པོས་རྒྱལ་པོའི་ཕོ་བྲང་རྒྱ་མཚོ་ཅན་དུ་བསྡུ་བར་བྱས་ཤིང་དྲང་སྲོང་ཁྲི་ཁྲག་བརྒྱད་ཅུ་པོ་དེ་དག་ལ་ཕལ་ཆེར་མངོན་ཤེས་དང་ལྡན་ཞིང་དགེ་རྩ་ཡུན་རིང་དུ་སྤྱད་པ་སྐྱེ་དགུ་ལ་ཕན་པར་འདོད་པ་དེ་རྣམས། རྒྱལ་པོ་འཁོར་གྱི་ཚོགས་དང་བཅས་པས་གུས་པ་ཆེན་པོས་དཔག་ཚད་དུ་བསུ་ཞིང་སྟོན་པའི་འདུ་ཤེས་བསྐྱེད་དེ། ཕྱག་འཚལ་ཞིང་དྲང་སྲོང་དེ་དག་དང་ཡང་དག་པར་སྨྲ་བ་ལ་ཞུགས་སོ། །དེའི་ཚེ་འཁོར་ལོས་སྒྱུར་བ་གྲུབ་པའི་དོན་དུ་སྔོན་གྱི་རབས་འདོན་པའི་མི་སྟོང་ཕྲག་བརྒྱད་ཅུ་ཙམ་འདུས་སོ། །དེ་ཐམས་ཅད་ལ་རྒྱལ་པོ་དེས་ཞེས་བྱེད་དོ། །དྲང་སྲོང་དང་མི་དེ་དག་གིས་འཁོར་ལོས་སྒྱུར་བའི་སྔོན་གྱི་རབས་ཀྱི་ངོ་བོ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་སྨྲ་བར་བྱེད་དོ། །འཁོར་ལོས་སྒྱུར་བ་རྣམས་ཀྱི་སྔོན་རབས་གང་གིས་རྒྱལ་སྲིད་བྱས་པ་དང་། རྗེས་སུ་བསྐྱངས་པ་དང་། རྗེས་སུ་བསྟན་པ་སྨྲས་སོ། །རྒྱལ་པོ་དེས་ཀྱང་དྲང་སྲོང་དང་མི་དེ་དག་གིས་སྨྲས་པ་ལྟར་མཉན་ཏེ། འཁོར་ལོས་སྒྱུར་བའི་ལུགས་བཞིན་རྒྱལ་སྲིད་བྱེད་ཅིང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ནས་ཆོས་ཀྱི་རྒྱལ་སྲིད་རྗེས་སུ་བསྟན་ཅིང་ཚངས་པའི་གནས་བཞི་སྐྱེད་ལ་སྐྱེ་བོ་ཐམས་ཅད་ཀྱང་ཚངས་པའི་གནས་བཞི་བཀོད་པས་ཐམས་ཅད་ཚངས་པའི་འཇིག་རྟེན་དུ་སྐྱེས་ཤིང་རིམ་གྱིས་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཏོ། ༈ །ཡང་སྔོན་གྱི་ཚེ་སྟོན་པ་འདི་ཉིད་དྲང་སྲོང་གསེར་ལྡན་ཞེས་བྱ་བར་གྱུར་པས། དེ་སྔོན་གྱི་གནས་ཤེས་པ་ཐོབ་སྟེ། དེས་བདག་སྔོན་འཁོར་ལོས་སྒྱུར་བར་གྱུར་པ་ན། དྲང་སྲོང་མངོན་ཤེས་ལྔ་ལྡན་གཟི་བརྗིད་དྲག་པ་ལས་སྲོག་གཅོད་པ་སྤོང་བས་མཐོ་རིས་ཀྱི་ལམ་འཛིན་པ་དང་། གང་ཉོན་མོངས་ཟད་པའི་ལམ་འཛིན་པ་དེ་ཐམས་ཅད་མཁྱེན་པའི་ལམ་འཛིན་ཏོ་ཞེས་ཐོས་སོ། །ཐོས་ནས་བདག་གིས་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་དེ་ནི་ལེགས་ཤིང་རབ་བོ་སྙམ་མོ། །ཐམས་ཅད་དུ་འགྲོ་བའི་ལམ་སྒྲུབ་པའི་རྒྱུ་ནི་ལས་དང་ལས་ཀྱི་རྒྱུ་ནི་ཉོན་མོངས་པ། དེའི་རྒྱུ་ནི་ཚུལ་མིན་ཡིད་བྱེད་ལ་རག་ལས་ཤིང་། དེ་ལྟར་ལས་ཀྱིས་རྣམ་སྨིན་གྱི་དབང་པོ་འགྲུབ་ཅིང་། ཚུལ་བཞིན་དུ་སོ་སོར་རིག་སྟེ་ཉོན་མོངས་མེད་ན་ལས་དང་རྣམ་སྨིན་གྱི་ཕུང་པོ་ལྡོག་པའི་མྱང་འདས་ཐོབ་པར་ཤེས་ནས། སྐྱེ་བོ་མང་པོ་ལམ་དེ་ལ་བཙུད་དོ། །དེ་དགེ་རྩ་དེས་ཆོས་ཐམས་ཅད་ཀྱི་རིག་པ་རབ་ཏུ་ཤེས་ནས། དང་པོར་བཟོའི་གནས་དང་། དེ་ནས་སྨན་དཔྱད་ཚེའི་རིག་བྱེད་དང་། སེམས་ཅན་རྣམས་ནད་མེད་པར་བྱ་བའི་བསམ་པས་ཡོ་བྱད་བསག་པའོ་དོན་དུ་ཐ་སྙད་ཀྱི་ཆོས་ལུགས་དང་། བདག་ཉིད་ཀྱི་ཡོ་བྱད་བསག་པར་བྱ་བ་དང་། ཡང་དག་པར་བསྲུང་བའི་ཕྱིར་འཕོང་གི་དཔྱད་བསྟན་ཏོ། དེའི་རྗེས་སུ་བརྩམ་པ་གྲུབ་པར་བྱ་བའི་ཕྱིར་སྐར་མའི་དཔྱད་བསྟན་ཏོ། །དེ་ནས་སྡུག་བསྔལ་ལྡོག་ཅིང་བདེ་བ་ཐོབ་པའི་ཕྱིར་ཐར་པའི་ཤེས་པ་བསྟན་ཏོ། །གཞན་ཡང་སེམས་་ཅན་རྣམས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་བཟོའི་གནས་དང་། ལས་ཀྱི་གནས་རྣམ་པ་དུ་མ་དག་དང་། དུས་གསུམ་ཤེས་པ་དང་། སྒྲ་སྦྱོར་དང་། མཚན་མ་ཤེས་པ་དང་། བརྟག་པ་སྣ་ཚོགས་དག་ཀྱང་བསྟན་པར་བྱས་སོ། ༈ །ཡང་རྒྱལ་པོ་དྲང་སྲོང་སྲིད་པ་ཤེས་པ་རྟོགས་པ་ཞེས་བྱ་བར་གྱུར་པའི་ཚེ། དེ་ཚོར་བ་པོ་དང་འདུ་བྱེད་སོགས་བྱེ་བྲག་ཐམས་ཅད་ཤེས་པ། དགེ་བ་དང་སྡིག་པ་ཤེས་པ། བྱས་པ་ཤེས་པ། འཇིག་རྟེན་པའི་བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་ལ་བསླབ་ཤིང་མཁས་པར་གྱུར་པ་དེ་འདི་སྙམ་དུ། བཟོ་གང་ལ་བསླབས་པས་སྐྱེ་འཇིག་འཆི་བ་དང་མི་དགའ་བ་མེད་པ་གཞན་ཡོད་དམ་སྙམ་མོ། །དེ་དེ་ལྟར་རྟོག་པ་ན་བཟོ་ཅུང་ཟད་ཀྱང་མ་དམིགས་ཏེ། བྱ་བ་འདི་དག་རྫ་མཁན་གྱི་སྣོད་དང་འདྲ་སྟེ་སེམས་ཅན་ཡང་མེད་ལ་འཆི་བ་མེད་པ་ཡང་ཤེས་སོ། །གལ་ཏེ་སེམས་ཅན་མངོན་པར་འདུ་མི་བྱེད་ན་འཆི་བ་དང་སྐྱེ་བ་མེད་དོ་སྙམ་ནས་དེ་དེ་ལྟ་བུའི་ཏིང་འཛིན་ཐོབ་སྟེ་མཉམ་པར་བཞག་པས་སེམས་ཅན་རྣམས་ཀྱི་ལུས་ཐ་དད་པ་རྗེས་སུ་དྲན་ཏེ་ཞིང་གི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་རེ་རེའི་བདག་གི་ངོ་བོ་ཐ་དད་པ་རྗེས་སུ་དྲན་ནོ། །རྒྱུ་རྐྱེན་གང་གིས་དེ་ལྟར་གྲུབ་པའང་དྲན་ནས། གང་བདག་གི་ངོ་བོ་མངོན་པར་འགྲུབ་པར་མི་འགྱུར་བའི་ཤེས་པ་དེ་གང་ལས་འཐོབ་སྙམ་པས། མངོན་པར་འདུ་མི་བྱེད་པ་ལས་གཞན་མེད་པར་ཤེས་ནས་མ་རིག་པ་དང་སྲེད་པས་མངོན་པར་འདུ་བྱེད་པས་དེ་ལྟར་འགྲུབ་ཅིང་། དེ་མེད་ན་སྲིད་པ་མི་འགྲུབ་པར་རྟོགས་པས་མཁས་པ་རྣམས་དེ་ལྟར་ཡེ་ཤེས་ཀྱི་སྣང་བ་སྐྱེས་ནས་ཕྱིར་མི་ལྡོག་པར་གྱུར་པ་མཐོང་བར་གྱུར་ཏོ། ༈ །ཡང་གར་མཁན་གྱི་བུ་མོ་འགྲོ་བའི་དཔའ་མོ་ཞེས་བྱ་བ་གཟུགས་མཆོག་ཏུ་བཟང་ཞིང་བྲོ་གར་ལ་མཁས་པར་གྱུར་པ་ཞིག་ཏུ་སྐྱེས་པའི་ཚེ། སྐྱེ་བོ་མང་པོ་དག་དེ་ལ་འདུས་ཤིང་ལྟ་བས་མིག་འཛིན་པ་དེས་ཚོགས་ཀྱི་དབུས་སུ། ལང་ཚོ་འདི་དག་རི་བོའི་ཆུ་ལྟར་འགྲོ །ཞེས་སོགས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཆོས་བསྟན་པས་ཚུལ་དེས་སྐྱེ་བོ་མང་པོ་ཕན་བདེ་ལ་བཀོད་པར་བྱས་སོ། ༈ །ཡང་སྒྱུ་མ་མཁན་བཟོ་སྣ་ཚོགས་ཞེས་བྱ་བར་གྱུར་པས་སྐྱེ་བོ་མང་པོའི་མདུན་དུ་སྒྱུ་མའི་བཟོ་རྣམ་པ་སྣ་ཚོགས་བསྟན་ཅིང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པས་སེམས་ཅན་མང་པོའི་དོན་བྱས་སོ། ༈ །ཡང་དྲི་ཟ་སྐྱེ་བོ་ཀུན་གྱིས་རྟོགས་པ་ཞེས་བྱ་བ་པི་ཝཾ་གི་རྒྱུད་གཅིག་ལ་རོལ་མོའི་སྒྲ་བྱེ་བ་ཕྲག་འབྱུང་བའི་རྣམ་པ་དེས་སྐྱེ་བོའི་ཚོགས་དགའ་བར་བྱེད་པ་དེ་གཅིག་པུ་དབེན་པར་སོང་ནས། སྐྱེ་བོ་འདི་དག་ནི་པི་ཝཾ་གི་སྒྲ་འདིས་བསླུས་ཏེ། སྒྲ་འདི་འགགས་པའི་ཆོས་སོ་ཞེས་ནི་མི་ཤེས་སོ་སྙམ་དུ། དེ་ལ་ཚུལ་བཞིན་བརྟགས་པས་སྣང་བ་ཤེས་ཤིང་མཐོང་བས་རྟོགས་པའི་བཟོད་པ་ཐོབ་སྟེ་དེ་ལྟར་ཆོས་བསྟན་པས་སྐྱེ་བོ་མང་པོ་ཕྱིར་མི་ལྡོག་པ་ལ་བཙུད་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་རི་བྲག་ཞིག་ན་ལྕགས་མགར་ཞིག་འདུག་པ་ལ་བུ་མོ་གཟུགས་བཟང་བ་ཞིག་ཡོད་པ་དེ། རིགས་གཟུགས་ནོར་གྱི་ཕྱིར་མི་སྦྱིན་གྱི། བདག་དང་བཟོ་མཉམ་པ་ལ་སྟེར་ཞེས་དམ་བཅས་པ་དེའི་ཁྱིམ་དུ་བྲམ་ཟེའི་ཁྱེའུ་ཞིག་སློང་མོར་ཕྱིན་པས་བུ་མོ་དེས་ཟས་ཁྱེར་བ་ལ་ཁྱོད་གཞན་ལ་བྱིན་ཏམ་མ་བྱིན་ཞེས་དྲིས་སོ། །དེས་བདག་གི་ཕས་ཁོ་བོ་དང་བཟོ་མཉམ་པའམ་ལྷག་པ་ལ་སྦྱིན་ནོ་ཞེས་ཟེར་བས་སུ་ལའང་སྦྱིན་པར་དཀའོ། །ཁྱོད་ཀྱི་ཕས་བཟོ་ཇི་ལྟར་ཤེས། དེས་སྨྲས་པ། ཁབ་ཀྱང་ཆུའི་སྟེང་དུ་འཕྱོ་བ་དེ་ལྟར་ཤེས་སོ། །བྲམ་ཟེ་ཁྱེའུ་དེས་བདག་བུ་མོ་འདི་དོན་དུ་མི་གཉེར་མོད་ཀྱི་འདིའི་ང་རྒྱལ་བཅག་པར་བྱའོ་སྙམ་དུ། ལྕགས་མགར་གྱི་མགར་སྤྱད་གཡར་ནས་ཁབ་སྦོམ་པོ་གཅིག་གི་མིག་ཏུ་ཕྲ་མོ་བདུན་བཅུག་ཀྱང་ཆུའི་སྟེང་ན་འཕྱོ་བ་དེ་ལྟ་བུ་བྱས་ཤིང་ལྕགས་མགར་དེའི་ཁྱིམ་དུ་སོང་སྟེ་ཁབ་སུས་ཉོ་བྱས་པ་དང་། བུ་མོ་དེས་ཁྱོད་ནི་སྨྱོས་པའམ་སེམས་མེད་པ་ཞིག་སྟེ། གང་གི་ཕྱིར་ལྕགས་མགར་གྱི་ཁྱིམ་དུ་ཁབ་བཙོང་། དེས་སྨྲས་པ། ཁོ་བོ་སྨྱོས་པ་སོགས་མིན་ཀྱང་ཁོ་བོའི་བཟོ་དག་སྒྲུབ་པའི་རྣམ་པ་སྟོན་པར་འདོད་དོ། །བུ་མོས་སྨྲས་པ། བཟོ་ཅི་འདྲ་བ་ཤེས། དེས་སྨྲས་པ། ཁབ་ཆུའི་སྟེང་ན་འཕྱོ་བ་ཤེས་སོ། །དེ་ནང་དུ་བོས་ནས་ཆུ་བཞག་པ་དང་། ཁབ་གཅིག་ནས་བདུན་གྱི་བར་དུ་བཞག་ན་འཕྱོ་བ་དང་། ཁབ་སྦོམ་པོ་དེ་བཞག་ན་ཡང་འཕྱོ་བ་དང་། དེའི་མིག་ཏུ་ཁབ་བདུན་བར་དུ་བཅུག་ན་ཡང་ཆུའི་སྟེང་ན་འཕྱོ་བར་གྱུར་པ་ལ། ལྕགས་མགར་དེས་འདི་ནི་བདག་བས་བཟོ་ཆེས་ལྷག་གོ་སྙམ་དུ་བུ་མོ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་བྱིན་ཀྱང་། བྲམ་ཟེའི་ཁྱེའུ་དེས་ཁོ་བོས་འདི་དོན་དུ་མི་གཉེར་གྱིས་ཁྱོད་ང་རྒྱལ་བཅག་པའི་ཕྱིར་བཟོ་ཉེ་བར་བསྟན་ཏོ་ཞེས་སྨྲས་ཏེ་བུ་མོ་མ་བླངས་སོ། །དེ་དུས་ཀྱི་ལྕགས་མགར་ནི་བཅོམ་ལྡན་འདས་དང་། ལྕགས་མགར་ཅིག་ཤོས་ནི་ཀུན་ཏུ་རྒྱུ་མ་ངུ་ཡིན་ལ། བུ་མོ་དེ་ནི་དཔེ་མེད་མ་འདི་ཡིན་ཏེ། ད་ལྟར་ཡང་འདི་ཕུལ་བ་མ་བཞེས་སོ་ཞེས་གསུངས་སོ། ༈ །ཡང་མགར་བ་ལེགས་རྟོགས་ཞེས་བྱ་བ་མགར་དང་བཟོ་ལ་མཁས་པའི་གྲགས་པ་ཕྱོགས་བཅུར་རྒྱས་པར་གྱུར་པ་ཞིག་ཏུ་སྐྱེ་བ་བཞེས་པ་དང་། ༈ ཡང་མཚོན་མགར་རྒྱལ་སྡེ་ཞེས་པ། བཟོ་ལ་མཁས་པའི་ཕུལ་དུ་བྱུང་བར་སྐྱེ་བ་བཞེས་པའི་ཚེ་ལྷས་ཚིགས་སུ་བཅད་པས་བསྐུལ་ནས། དེ་བཞིན་གཤེགས་པ་མཐའ་ཡས་གཟིགས་པ་ལས། ཆོས་ཐམས་ཅད་མ་སྐྱེས་པར་ཤེས་པ་ནི་བཟོ་རྣམས་ཀྱི་མཆོག་གོ་ཞེས་པའི་ཆོས་ཐོས་པས་སའི་ཕྱོགས་དེ་ཉིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ༈ །ཡང་རྒྱལ་པོ་དྲང་སྲོང་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་འཇིག་རྟེན་ལ་སྙིང་བརྩེ་བ་ཅན་ཞིག་ཏུ་གྱུར་པའི་ཚེ་དེས་ནགས་ཚལ་དུ་རླུང་སོགས་ལ་ཕན་པའི་ཕྱིར་རོ་དྲུག་པོ་གང་ཡིན་སྙམ་དུ་བཙལ་བ་ལ། ནགས་ཚལ་གྱི་ལྷ་དག་གིས་ཐལ་མོ་སྦྱར་ནས་ཤིང་རྣམས་སོ་སོའི་རོ་ནི་འདི་དང་དེའོ་ཞེས་བརྗོད་དོ། །དེ་ནས་ནད་ཀུན་ནས་ལྡང་བ་རླུང་མཁྲིས་བད་ཀན་འདུས་པ་ལ་བརྟགས་ནས། དེའི་གཉེན་པོ་སྦྱར་བའི་སྨན་དཔྱད་ལ་མཁས་པར་གྱུར་ཏེ། ངེས་པར་འཆི་བ་དང་། འཚོ་བ་དང་། གསོས་ན་འཚོལ་མ་གསོས་ན་འཆི་བ་གསུམ་དུ་ཕྱེས་ཏེ། ངེས་པར་འཆི་ཡང་སྡུག་བསྔལ་གྱི་ཚོར་བ་བསལ་བ་དང་། མ་འོངས་པའི་སྡུག་བསྔལ་བསལ་བའི་ཕྱིར་ཆོས་ཀྱི་སྨན་གྱིས་གསོ་བར་བྱ་བ་དང་། གསོས་ནས་འཚོ་བ་ལ་སྲོག་ལ་ཕན་བཏགས་པའི་ཕྱིར་གསོ་བར་བྱས་སོ། །འཚོ་བ་ལའང་ནད་ཀྱི་ཚོར་བ་བསལ་བའི་ཕྱིར་གསོ་བ་བྱེད་དེ། དེ་ལྟར་གཞན་གྱི་སྡུག་བསྔལ་གྱི་ཚོར་བ་བསལ་བས་དུས་འདའ་བར་བྱས་སོ། ༈ །ཡང་རྒྱལ་པོ་མེད་བྱིན་ཞེས་བྱ་བ་འབྱུང་པོ་ཐམས་ཅད་ཀྱི་སྒྲ་ཤེས་པ་ལ་མཁས་ཤིང་དོན་སེམས་པ་ཞིག་ཏུ་གྱུར་པའི་ཚེ། དེས་སྒྲ་གང་དང་གང་ཐོས་པ་དེའི་དོན་ཤེས་དེ། ཐོས་པ་འདི་བྱུང་ན་དེ་ཅིའི་ཕྱིར་དོན་བརྗོད། ཅིའི་ཕྱིིིར་དུས་ཀྱི་དོན་བརྗོད། ཡང་ན་ཁ་ཅིག་བརྗོད་ཁ་ཅིག་མི་བརྗོད་སྙམ་དུ་དེ་ལྟར་ཤེས་པ་ཐམས་ཅད་ལ་སྟོབས་དང་སྟོབས་མ་ཡིན་པ་རྗེས་སུ་འགྲོ་སྟེ། བྱ་བ་ཐམས་ཅད་ལ་སྒྲ་ཡི་ཤེས་པ་འདིས་བྱ་བ་བྱས་ནས་ཅི་འགགས་སམ། འོན་ཏེ་མ་བྱས་འོན་ཏེ་ཅུང་ཟད་ཅིག་བྱས་ནས་འགགས་སམ། ཅུང་ཟད་ཅིག་མ་བྱས། གང་ཟག་འདི་ཙམ་ན་ཤེས་པའི་སྣོད་དུ་འགྱུར། ཇི་ཙམ་ན་ཉོན་མོངས་པའི་ཞི་བར་ནུས། དེ་ལྟར་ཤེས་པ་དེ་ལྟ་བུ་ངེས་པར་བྱུང་བས། འཛམ་བུའི་གླིང་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་ཏོ། ༈ །ཡང་གཙོ་བོ་བློ་གྲོས་དྲང་པོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་རྩོད་པ་གཅོད་པ་ལ་མཁས་པ། སོ་སོའི་རྟོག་པ་ཚིག་ཏུ་སྨྲས་པ་ཙམ་ཞིག་གིས་རྒྱལ་བ་དང་ཕམ་པ་ཤེས་པ་ཞིག་ཏུ་གྱུར་པའི་ཚེ། དེ་ལུས་དང་སེམས་ཀྱི་སྤྱོད་ལམ་མཛེས་པས་མཐོང་བས་ཙམ་གྱིས་མིག་འཛིན་པར་བྱེད་དོ། །དེས་ཆོས་དང་ཆོས་མིན་གྱི་ཕྱོགས་ལ་བསྟེན་པའི་རྩོད་པ་ཐམས་ཅད་རིགས་པའི་ཚུལ་གྱིས་གཅོད་ཅིང་ཞི་བར་བྱེད་པའི་བློ་གྲོས་ཆེན་པོ་ཐོབ་བོ། །དེ་ཤེས་རབ་ཀྱི་སྟོབས་ཀྱིས་དབེན་པར་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པས། ལྷའི་མིག་གིས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཐོང་ནས། འདི་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་དེ་ཇི་ལྟ་བུ་ཡིན་ཞེས་ཤེས་རབ་ཀྱིས་བརྟགས་པས་འགྲོ་འོང་མེད་པ་ཆུ་ཟླ་ལྟ་བུའི་དོན་མཐོང་ནས་ཚུལ་དེ་ཉིད་སེམས་ཅན་གཞན་མང་པོ་ལ་བསྟན་པས་དངོས་པོའི་དེ་ཉིད་རྟོགས་པར་བྱས་སོ། ༈ །ཡང་དྲང་སྲོང་ཆོས་རྣམ་པར་སྟོན་པ་ཞེས་བྱ་བ་ཤེས་རབ་གསལ་ཞིང་བརྒལ་བརྟགས་ལ་མཁས་པ་སེམས་ཅན་གྱི་དོན་ལ་རྟོག་པ་ཞིག་ཏུ་གྱུར་པ་དེས་ནང་དུ་ཡང་དག་འཇོག་ལ་ཞུགས་ནས། ལུང་མ་བསྟན་པ་བཅུ་བཞི་པོ་དག་གི་གནས་དང་། བསམ་གཏན་དང་རྟོག་གེའི་སྒོ་ནས་སྔོན་དང་ཕྱི་མཐར་བརྟེན་པའི་ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་ལུགས་ལྟ་བུ་སོ་སོའི་ཞེ་འདོད་ཀྱི་ལྟ་བ་དེ་དག་འཇིག་ཚོགས་ལ་ལྟ་བའི་གཞི་ལ་བརྟེན་པར་མཐོང་ཞིང་། གཞི་བདག་ཅེས་བྱ་བ་དེ་ཉིད་མེད་པར་རིགས་ནས་ལྟ་བར་གྱུར་པ་དེ་ཐམས་ཅད་བཤིག་པའི་རིགས་པ་ཡང་དག་གི་ལམ་ནས་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་ཕྱིར་མི་ལྡོག་པའི་ལམ་ལ་བཀོད་དོ། ༈ །ཡང་དྲང་སྲོང་ཤེས་རབ་རྙོགས་པ་མེད་པ་ཞེས་བྱ་བ་རྫུ་འཕྲུལ་ཆེ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་ཞིག་ཏུ་གྱུར་པའི་ཚེ། གང་ཡོད་ན་ལྟ་བར་གྱུར་པ་འབྱུང་ལ། མེད་ན་མི་འབྱུང་བ་གང་ཡིན་བརྟགས་པའི་ཚེ། མུན་པའི་ཚོགས་གསུམ་ཡོད་ན་ལྟ་བར་གྱུར་པ་ཀུན་འབྱུང་མཐོང་ངོ་། །དེ་གསུམ་གང་ཞེན། ཅི་འདས་པའི་དུས་སུ་བདག་བྱུང་ངམ་མ་བྱུང་། དེ་བཞིན་ད་ལྟར་དང་མ་འོངས་ལ་བསམས་ནས་དཔྱོད་ཅིང་ཐེ་ཚོམ་ཟ་བས་དོན་མ་རྟོགས་པས་མཐའ་གཉིས་ལ་དཔྱོད་པའི་ལྟ་བ་སྣ་ཚོགས་བྱུང་བར་རིགས་ནས། དེ་ལ་ཚུལ་བཞིན་དཔྱད་པས་ཤེས་རབ་ཀྱི་མིག་སྐྱེས་ཏེ། འདི་ལ་བདག་གམ་སེམས་ཅན་མེད་ཀྱང་ཉོན་མོངས་པ་ལས་ལས་དང་། དེ་ལས་རྣམ་སྨིན་གྱི་ཕུང་པོ་འགྲུབ་པའི་རྟེན་འབྲེལ་གྱི་ཆོས་ཟབ་མོ་མཐོང་ནས། རྐྱེན་ལས་མ་གཏོགས་པར་ཆོས་གང་ཡང་སྐྱེ་བའམ་འགག་པ་མེད་པར་ཤེས་ཤིང་། མི་སྐྱེ་བའི་ཆོད་ལ་བཟོད་པ་ཐོབ་ནས་སྲོག་ཆགས་གྲངས་མེད་པ་ངོ་བོ་ཉིད་མེད་པ་ལ་བཙུད་དོ། ༈ །ཡང་དྲང་སྲོང་ཤེས་རབ་མཁས་པ་ཞེས་བྱ་བ་ཆགས་བྲལ་རྫུ་འཕྲུལ་ཆེ་བར་གྱུར་པའི་ཚེ། ནང་དུ་ཡང་དག་བཞག་པ་དང་འདི་སྙམ་དུ་རྟོག་པ་སྐྱེས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉོན་མོངས་པ་ཡིན་ལ། སྡུག་བསྔལ་ལས་ངེས་པར་འབྱུང་བ་རབ་ཏུ་མི་ཤེས་སོ་སྙམ་མོ། །ཡང་འདི་སྙམ་དུ། སྡུག་བསྔལ་ལས་ངེས་པར་འབྱུང་བའི་ལམ་དེ་གང་ཡིན་སྙམ་པས། རྟོག་པ་ལས་སྡུག་བསྔལ་འབྱུང་ཞིང་རྟོག་པ་མེད་ན་མི་འབྱུང་ངོ་སྙམ་མོ། །དེ་ལྟ་བུ་རྟོག་པ་དང་འདོད་ཆགས་ཐམས་ཅད་ཟད་པའི་འགོག་པ་ནི་མྱ་ངན་ལས་འདས་པ་སྟེ་ཞི་ཞིང་གྱ་ནོམ་པའོ་སྙམ་དུ་བསམ་མོ། །ཡང་མྱ་ངལ་མ་འདས་པའི་སེམས་ཅན་ཁ་ཅིག་མྱ་ངན་ལས་འདས་པ་ཡོད་དམ་སྙམ་མོ། །དེ་དག་ཚུལ་བཞིན་ཡིད་ལ་བྱེད་པ་ན། གལ་ཏེ་སེམས་ཅན་གང་ཞིག་ཡོད་ན་མྱ་ངན་ལས་འདས་པར་འགྱུར་བ་ཞིག་ན། སེམས་ཅན་མེད་པས་མྱ་ངན་ལས་འདས་པ་མེད་དོ། །འོན་ཀྱང་སེམས་ཅན་གྱི་འདུ་ཤེས་རང་ལས་བྱུང་བའི་སྡུག་བསྔལ་གྱི་གནོད་དེ། འགྲོ་བ་དག་མྱང་འདས་ཚོལ་བ་ནི། མྱང་འདས་གཞན་དང་ཕུང་པོ་གཞན་མིན་ཏེ་ཕུང་པོ་ཉིད་མྱ་ངན་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མི་དམིགས་པ་ནི་མྱ་ངན་ལས་འདས་པ་ཡིན་སྙམ་མོ། །དེ་ཏིང་ངེ་འཛིན་ལས་ལངས་ནས་སྒྲ་དབྱངས་རྗེས་སུ་བསྒྲགས་པ། རང་གི་ཀུན་ཏུ་རྟོག་པ་ནི། །སྡུག་བསྔལ་ཕུང་པོ་རབ་ཏུ་འཇུག །ཀུན་ཏུ་རྟོག་པ་མེད་པ་ནི། །སྡུག་བསྔལ་ཕུང་པོ་འགག་པར་འགྱུར། །སེམས་ཅན་གང་ཡང་སྐྱེ་བ་མེད། །ཆོས་ནི་གང་ཡང་འགག་པ་མེད། །རྣམ་པར་རྟོག་ལས་ཆོས་གཞན་མེད། །དེ་ནི་མྱ་ངན་འདས་ཞེས་བྱ། ཞེས་བྱ་བའི་སྒྲ་དེ་ཐོས་ནས་སེམས་ཅན་དཔག་ཏུ་མེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ༈ །ཡང་བྲམ་ཟེའི་ཁྱེའུ་མཆོག་གི་བློ་གྲོས་ཞེས་བྱ་བར་གྱུར་པའི་ཚེ་དྲང་སྲོང་གྲགས་འཕགས་ཞེས་པ་རྫུ་འཕྲུལ་ཆེ་ཞིང་ཆགས་བྲལ་ཞིག་བྱུང་བ་དེ་ལས། བྲམ་ཟེའི་ཁྱེའུ་འདུན་སྟོང་དང་ལྷན་ཅིག་འབྱུང་བ་ཆེན་པོ་བཞི་འབྱུང་བ་ཐ་མི་དད་པ་དུས་གསུམ་མཉམ་པ་ཉིད་ལ་གནས་པའི་གསང་ཚིག་འདོན་ཏེ། དེའི་ཚེ་བྲམ་ཟེའི་ཁྱེའུ་མཆོག་གི་བློ་གྲོས་ནི་འཁོར་དེ་དག་ཐམས་ཅད་ཀྱི་གཙོ་བོ་བྱེད་པ། བྲམ་ཟེའི་ཁྱེའུ་བདུན་སྟོང་པོ་དེས་གསང་ཚིག་བཟུང་བ་ཐམས་ཅད་དེ་གཅིག་པུས་དྲན་ཅིང་མི་རིང་བར་རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཁྱེའུ་མཆོག་གི་བློ་གྲོས་དེས་འདི་སྙམ་དུ་དོན་གང་ཡིན་མི་ཤེས་པའི་གསང་ཚིག་འཛིན་པ་དོན་མེད་པ་འདིས་ཅི་བྱ། འདིའི་དོན་བཙལ་བར་བྱའོ་སྙམ་ནས། དེར་དགོན་པར་འདུག་ཅིང་ནང་དུ་མཉམ་པར་བཞག་སྟེ་གསང་ཚིག་འདི་གང་ཡིན། ཅི་རླུང་གི་དཀྱིལ་འཁོར་ཡིན་ན་ནི་གཞི་མེད་ཅིང་གནས་མེད་པ་སྟེ། རླུང་དཀྱིལ་གྱིས་བསླངས་པ་དེ་ནི་ཤར་ལ་སོགས་པའི་ཕྱོགས་སུ་གདགས་པ་མེད་ཅིང་། དེ་ལ་ཞི་བ་དང་འདུལ་བ་དང་བཏུལ་བ་མི་དམིགས་ཏེ། ཅིའི་ཕྱིར་སེམས་ཅན་མེད་པའི་ཕྱིར་རོ་སྙམ་དུ་དེ་ལྟར་བརྟགས་ནས། བྲམ་ཟེའི་ཁྱེའུ་མཁན་པོ་དང་བཅས་པ་ལམ་གོལ་བར་གནས་པ་སྟེ། འདི་ལས་ཉོན་མོངས་འབྱུང་ངོ་སྙམ་མོ། །དེའི་ཚེ་གནས་གཙང་མའི་ལྷ་དག་ལུས་མངོན་སུམ་བར་སྣང་ལས་བསྟན་ནས། དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་བསླབས་ཤིང་ལམ་ཁོང་དུ་ཆུད་པ་ལེགས་སོ། །ལམ་འདི་སངས་རྒྱས་ཀྱི་ཞིང་རྡུལ་ལས་ཀྱང་མང་བའི་སངས་རྒྱས་རྣམས་སངས་རྒྱས་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་དེ་མྱ་ངན་ལས་འདས་སོ་ཞེས་སྨྲས་སོ། །དེ་ཏིང་ངེ་འཛིན་ལས་ལངས་ནས་བྲམ་ཟེའི་ཁྱེའུ་བདུན་སྟོང་མཁན་པོ་དང་བཅས་པ་ལ་གཏམ་དེ་སྨྲས་པས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་སོ། །བྱང་ཆུབ་སེམས་དཔའ་མཆོག་གི་བློ་གྲོས་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཡོངས་སུ་བཟུང་བར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་ན་སྟོན་པ་དབེན་པར་སྦྱོད་ཅེས་བྱ་བས་སེམས་ཅན་རྣམས་འདོད་པ་རྣམས་ལས་དབེན་པ་ཐོབ་ན། རེ་ཞིག་འདི་ལས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྐྱེ་བོ་མང་པོ་དེ་ལ་བཙུད་དོ། །དེ་ལྟར་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཚུལ་དེ་ལ་བཙུད་དོ། །དེ་དག་འདོད་པ་ལས་དབེན་པ་མཐར་ཕྱིན་ཏོ་སྙམ་དུ་འདུ་ཤེས་པ་དེ་དག་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་མཐོང་བ་ན་དེ་དག་འདི་སྙམ་དུ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་ཆོས་ལོག་པ་དང་ལམ་ལོག་པའི་ཞེས་ཟེར་རོ། །དེ་དག་ལོག་པར་ལྟ་བ་དེས་དེར་སྐྱེས་མ་ཐག་ཏུ་ཚངས་པའི་གཞལ་མེད་ཁང་མི་སྣང་བར་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་ངོ་། །དེ་བཞིན་དུ་དྲང་སྲོང་རིགས་མཆོག་མ་ཡིན་པ་ཞེས་བྱ་བས། བསམ་གཏན་གཉིས་པ་ཐོབ་ནས་འདི་ནི་ཕུང་པོ་ལྷག་མ་མེད་པའི་མྱང་འདས་སུ་བྱེད་པ་ཡིན་ནོ་སྙམ་དུ་སྲོག་ཆགས་འབུམ་བཟོད་པ་དེ་ལྟ་བུ་ལ་བཙུད་དོ། །དེ་དག་འོད་གསལ་གྱི་གཞལ་མེད་ཁང་དུ་སྐྱེ་བར་མཐོང་ནས་མྱ་ངན་ལས་འདས་པ་མེད་དོ་སྙམ་དུ་སེམས་པས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་། །དེ་ལྟར་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་བསམ་གཏན་གྱི་བདེ་བས་ཐར་པར་འདོད་པ་དེ་ནི་དེ་ལྟར་ངེས་པར་འབྱུང་བ་མིན་ནོ། །དེའི་ཚེ་ན་སྟོན་པ་འདི་ཉིད་མངོན་ཤེས་ལྔ་དང་ལྡན་པའི་བྲམ་ཟེ་རྣམ་པར་ལྟ་བས་ཤེས་པ་སྣ་ཚོགས་ཡོད་པ་ཞེས་བྱ་བར་གྱུར་ཏེ། དེས་སེམས་ཅན་རྣམས་དེ་ལྟར་ལོག་པར་བཟུང་བས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བ་ཤེས་ནས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་སེམས་ཅན་དེ་དག་བསིལ་བར་བྱས་ནས་སྒྲ་བྱུང་བ། ཀྱེ་སེམས་ཅན་དག་མྱ་ངན་ལས་འདས་པ་ཡོད་དེ། ཁྱོད་ཀྱིས་སྔོན་མྱ་ངན་ལས་འདས་པ་མ་ཐོས་ཤིང་། ཁྱོད་མྱང་འདས་མིན་པ་ལ་མྱང་འདས་སུ་འདུ་ཤེས་པས་དེས་ཁྱེད་ཅག་དམྱལ་བར་སྐྱེས་སོ། །ཁྱེད་ཅག་ལྟ་བ་འདི་ཐོངས་དང་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་སྨྲས་པ་ཐོས་ནས། དེ་དག་སྡར་གྱི་ལྟ་བ་དེ་བཏང་སྟེ། མྱ་ངན་ལས་འདས་པ་ཡོད་པའི་འདུ་ཤེས་སྐྱེས་མ་ཐག་ཏུ་དམྱལ་བ་ནས་འཕོས་ཤིང་སྟོན་པ་ཤེས་པ་སྣ་ཚོགས་ཡོད་པ་དེའི་དྲུང་དུ་ལྷགས་ཏེ། དེར་དེས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པའི་བར་དུ་བྱས་སོ། ༈ །ཡང་རྒྱལ་པོའི་བུ་སྙིང་རྗེ་ཅན་ཞེས་བྱ་བ་གྱུར་པ་ན། འདི་ལྟར་འཇིག་རྟེན་ན་སྣང་བའི་ཁ་དོག་དང་དབྱིབས་དང་། སྐད་དང་རིགས་དང་རུས་དང་མིང་སྣ་ཚོགས་ཉིད་དུ་སྣང་བའི་རྒྱུ་ཅི་ཡིན་སྙམ་དུ། ད་ལྟར་བྱུང་བ་དེ་ཤེས་པའི་དགེ་སྦྱོང་དང་། བྲམ་ཟེ་སློབ་དཔོན་སོགས་དོན་འདི་ཤེས་ཤིང་ཐེ་ཚོམ་ཁྲོལ་བ་སུ་ཡོད་ཅེས་ཕྱོགས་བཅུར་ཕོ་ཉ་བཀྱེའོ། །དེ་ནས་གཞོན་ནུ་དེའི་ཕ་རྒྱལ་པོ་ཤིན་ཏུ་གནས་པ་དེས་གཞོན་ནུ་བསམ་གྱིས་མི་ཁྱབ་པ་ལ་སེམས་འཚོལ་གྱིས་མི་ཁྱབ་པ་འཚོལ་བ་འདིས་ཁྱོད་ཉོན་མོངས་པ་དང་འཁྲུགས་པར་འགྱུར་གྱིས་འདི་མཐར་མི་ཕྱིན་ཏེ། དྲི་བ་དེའི་ལན་ལྡོན་པ་མེད་པའི་ཕྱིར་རོ། །གཞོན་ནུ་རྒྱལ་སྲིད་དང་འདོད་པའི་ཡོན་ཏན་ལ་དགའ་བར་བྱོས་ཤིག །དོན་བཏང་སྟེ་དོན་མེད་པ་སེམས་པ་ནི་ཉོན་མོངས་ཤིང་ངལ་བའི་སྐལ་བར་འགྱུར་རོ་ཞེས་སྨྲས་པ་དང་། གཞོན་ནུས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་མུན་པ་མི་སྣང་བ་ལ་སྣང་བར་མ་མཛད་ཅིག །ཁྱོད་ཀྱི་ཡུལ་ན་གཟུགས་དང་རིགས་དང་བློ་གྲོས་སོགས་བཟང་བ་དང་ངན་པ། དབུལ་བ་དང་ཕྱུག་པ། དེ་བཞིན་དུ་བཟོ་དག་སློབ་པ་དང་། དབུལ་བ་དག་འབད་ན་ལོངས་སྤྱོད་རྙེད་པ་དང་། ནད་པ་དག་བགྱི་བ་དག་གིས་ནད་ལས་ལྡང་བ་དག་མཆིས་ཏེ། རྣམ་གྲངས་འདིས་ན་ཆོས་དེ་དག་གི་རྒྱུ་ནི་མཆིས་ན་དེ་བདག་གིས་མི་ཤེས་ལ། བདག་གིས་མི་ཤེས་པ་དེ་མེད་པ་ཡང་མ་ཡིན་ཏེ། བདག་བཟོ་མང་པོ་ཡང་མི་ཤེས་ཤིང་། གང་ཤེས་པ་དེ་བཟོ་གཞན་དག་མཆིས་པས་ཀྱང་མི་འཚལ་ཏོ། རྒྱལ་པོ་ཆེན་པོ་དེ་ཤེས་པ་དེ་ནི་མཆིས་ཏེ། བདག་གིས་ཤེས་པ་དེ་མ་འཚལ་ཏོ། །དེ་བས་ན་དགེ་སྦྱོང་དང་བྲམ་ཟེ་མཛངས་པ་ཤེས་རབ་ཅན ། ཀུན་གྱིས་བཀུར་བ་དེ་ལ་ཞུ་བར་བགྱིའོ་ཞེས་སྨྲས་པ་དང་། རྒྱལ་པོས་གཞོན་ནུ་ལ་དེ་བཞིན་ཞུས་ཤིག་ཅེས་སྨྲས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །གཞོན་ནུ་སྙིང་རྗེ་ཅན་ཉལ་བ་ན་བར་སྣང་ནས་དེ་བཞིནན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བཞུགས་ཏེ་དེས་ཞུ་བ་འདི་ལུང་སྟོན་པར་འགྱུར་རོ་ཞེས་སྒྲ་ཐོས་སོ། །དེའི་མཚན་མོ་འདས་ནས། ཡབ་རྒྱལ་པོ་ལ་དེ་ལྟར་སྨྲས་སོ། །རྒྱལ་པོས་སྨྲས་པ། གཞོན་ནུ་དེ་བཞིན་གཤེགས་པ་སྐར་འོད་དེ་གང་ན་བཞུགས། དེར་དེ་བཞིན་གཤེགས་པ་དེས་རྒྱལ་པོ་ཤིན་ཏུ་གནས་པའི་བསམ་པ་མཁྱེན་ནས་རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པ་དེ་ཉིད་ཐམས་ཅད་དང་ལྡན་པའི་འཁོར་དང་བཞུགས་པའི་ཕྱོགས་སྣང་བར་གྱུར་པ་དེ་མཐོང་ཞིང་སངས་རྒྱས་ཀྱི་སྐུའི་འོད་ཀྱིས་ཞིང་ཐམས་ཅད་ལྡན་པར་སྣང་བར་མཛད་པ་ཡང་མཐོང་ནས་སེམས་དད་པར་གྱུར་ལ། གཞོན་ནུ་དེ་དང་རྒྱལ་པོ་ཤིན་ཏུ་གནས་པ་སོགས་སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་དྲུང་དུ་སོང་སྟེ་ཞུ་བ་ཐམས་ཅད་དྲིས་ཤིང་ཁོང་དུ་ཆུད་ལ་བསྟན་བཅོས་ཐམས་ཅད་ལ་མཁས་པར་གྱུར་པ་དེ་ཐམས་ཅད་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བསྟན་བཅོས་ཐམས་ཅད་ལ་མཁས་པར་བྱའོ་ཞེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩོམ་པ་ནི་འདི་ལྟ་སྟེ། བསྟན་བཅོས་ཐམས་ཅད་ལ་མཁས་པའོ། །ཞེས་དང་། སེམས་ཅན་གྱི་གནས་དང་རིགས་སྣ་ཚོགས་པ་ནི་ལས་ཀྱིས་བྱས་སོ། །ལན་ནི་ཉོན་མོངས་དང་སེམས་པས་བཀོད་པའི་དོན་དུ་བལྟའོ། །ཞེས་གསུངས་སོ། ༈ །ཡང་བྱང་ཆུབ་སེམས་དཔའ་འོད་ཡང་དག་འཕགས་ཞེས་པར་གྱུར་པའི་ཚེ། དེ་ཉལ་བའི་རྨི་ལམ་ན་དེ་བཞིན་གཤེགས་པ་དང་ལྷན་ཅིག་གཏམ་ཡང་དག་པར་བརྗོད་པ་ལས་གཞན་མི་མཐོང་ངོ་། །དེས་དེ་བཞིན་གཤེགས་པ་ཐོགས་མེད་སྟོན་ཞེས་བྱ་བ་ལ་འཇིག་རྟེན་ཤེས་པ་དང་ཀུན་འབྱུང་བ་ཤེས་པ་ཞུས་ཤིང་། སངས་རྒྱས་དེས་བྱང་ཆུབ་སེམས་དཔའ་བླ་མེད་རྫོགས་བྱང་འདོད་པས་བསྟན་བཅོས་ཐམས་ཅད་ཤེས་པར་བྱ་བ་ལ་བརྩོན་པར་བྱ། ཤེས་པ་ཁོང་དུ་ཆུད་པའི་ཕྱིར་རྟོགས་པ་ལ་ཡང་བརྩོན་པར་བྱའོ། །སྔོན་བྱུང་བའི་རབས་དང་། ཕྱིས་འབྱུང་བའི་ཐ་སྙད་དང་། གང་ཟག་གི་ཐ་སྙད་དང་། གྲོང་གི་ཐ་སྙད་དང་། ཡུལ་གྱི་ཐ་སྙད་དང་། གང་དག་གང་དུ་འགྲོ་བ་དེའི་ཐ་སྙད་དང་། ཇི་ཙམ་དུ་འཇིག་རྟེན་གྱི་ཤེས་པ་གང་དག་ཤེས་པ་ཐམས་ཅད་ལ་མཁས་པར་བྱའོ་ཞེས་གསུངས་པ་བཞིན་དུ་དོན་དེ་དག་ཀུན་ཆུབ་པར་བྱས་སོ། ༈ །ཡང་དྲང་སྲོང་ཕྱི་མའི་མཐའ་སྒྲུབ་པ་ལ་མཁས་པ་ཞེས་བྱ་བ་ཕྱིར་རོལ་པའི་ལམ་གྱིས་ཆགས་བྲལ་དུ་གྱུར་པ་ན། དེས་སེམས་ཅན་རྣམ་པ་སྣ་ཚོགས་འདི་ལྟར་ལས་ཀྱི་རྒྱུ་ལས་ཐ་དད་དུ་སྣང་བ་འདི་ལ་འགྲོ་བ་ཐ་དད་དུ་མི་སྐྱེ་བར་བྱེད་པའི་རྒྱུ་ཞིག་ཡོད་དམ་སྙམ་དུ་སེམས་པར་གྱུར་ཏོ། །དེས་བདག་ཏུ་རྟོག་པ་ལ་གནས་ནས་ཉོན་མོངས་པས་ལས་འདུ་བྱེད་པས་སེམས་ཅན་གྱི་རིས་ཐ་དད་པར་སྐྱེ་བ་ཡིན་ན། བདག་གང་ཡིན་ཡོངས་སུ་བཙལ་བར་བྱའོ་སྙམ་དུ་དཔྱད་པས། གཟུགས་བདག་ཡིན་ནམ་ཞེས་སོགས་ཕུང་པོ་ལྔ་ལ་རིགས་པས་བརྟགས་པས་བདག་མེད་པར་ཁོད་དུ་ཆུད་དོ། །དེས་དེ་ལྟ་བདག་དང་བདག་གི་བ་མེད་པར་ཤེས་ནས། ཏིང་ངེ་འཛིན་ལས་ལངས་ཏེ། སེམས་ཅན་རྣམས་ལ་བདག་དང་བདག་གི་བ་མེད་པ་བརྟེན་ནས་བྱུང་བའི་དོན་བསྟན་པས་སེམས་ཅན་དཔག་ཏུ་མེད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ༈ །ཡང་དྲང་སྲོང་འཆི་བ་ཤེས་པ་འགོག་པ་ཤེས་པ་ལ་མཁས་པ་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་མངོན་ཤེས་དང་ལྡན་པར་གྱུར་པ་དེས། འདུས་བྱས་ཐམས་ཅད་འཇིག་པར་མཐོང་ནས། གང་མི་སྐྱེ་བ་དང་མི་འགག་པའི་ཆོས་ཡོད་དམ་སྙམ་དུ་བརྟགས་པས། གང་མངོན་པར་འདུ་བྱེད་པ་དེ་དག་འགག་ལ། འདུ་མི་བྱེད་པ་དེ་དག་མི་འགག་གོ་སྙམ་དུ། དེ་དེ་ལྟར་སོ་སོར་རྟོག་པ་ན་མངོན་པར་འདུ་མི་བྱེད་པའི་ཆོས་ཐམས་ཅད་ལ་མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས། སེམས་ཀྱི་དབང་གིས་ཆོས་ཐམས་ཅད་སྐྱེ་ཞིང་འགག་ལ། སེམས་ནི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་དང་། འགོག་པར་བྱེད་པར་རིགས་ནས། སེམས་དེ་ལ་བརྟགས་པ་དང་། གཟུགས་མེད་ཅིང་བསྟན་དུ་མེད་ལ་ངོ་བོ་མཐོང་བ་དང་བྲལ་བ་སེམས་ཀྱིས་སེམས་མཐོང་བར་བྱར་མེད་པ་རིགས་སྟེ། སེམས་འགོག་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དེ་ལྟ་བུ་བྱུང་ཞིང་། སེམས་ཆགས་སོགས་ཀྱི་རྣམ་པར་བྱུང་བ་དེ་འགག་པ་ན་ཡང་དེའི་རྒྱུད་འདྲ་བར་འབྱུང་བར་ཤེས་ནས། སེམས་ཀྱི་རྒྱུད་ཐམས་ཅད་རབ་ཏུ་ཤེས་སོ། །དེ་ལྟར་ཤེས་པས་ཉོན་མོངས་པ་མེད་ཅིང་། དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་ཆོས་ཐམས་ཅད་བྱང་ཆུབ་ལས་གཞན་མིན་པར་རྟོགས་ནས་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ༈ །ཡང་རྒྱལ་པོ་སྔོན་གྱི་མཐའ་ཤེས་པ་ཞེས་བྱ་བར་གྱུར་པའི་ཚེ་ད་ལྟའི་བདེ་སྡུག་སོགས་སྔོན་གྱི་ལས་ལས་བྱུང་བར་ཤེས་ཤིང་དེ་བསྐལ་པ་གྲངས་མེད་པར་ནམ་ཡང་ཀུན་ནས་དཀྲིས་པའི་སེམས་མི་སྐྱེད་པར་གྱུར་ཏོ། ༈ །ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་ཁྲིད་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། འཛམ་བུའི་གླིང་གི་རྒྱལ་པོ་རྒྱལ་བའི་སྡེ་ཞེས་བྱ་བ་ཆོས་དང་ལྡན་པར་གྱུར་པ་དེ་ལ་བུ་སྟོང་ཡོད་པའི་ཐུ་བོ་ཞི་བའི་བློ་གྲོས་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ་ན་ཆོས་རྒྱ་ཆེན་པོ་ལ་མོས་པ་བློ་གྲོས་ཤིན་ཏུ་ཞིབ་པ་དེའི་བསམ་པ་ཡོངས་སུ་རྫོགས་པའི་ཕྱིར་ཡབ་རྒྱལ་པོས་གང་འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་བློ་གྲོས་ཅན་ཐམས་ཅད་བསྡུས་ཏེ་གཞོན་ནུ་ཞི་བའི་བློ་གྲོས་དང་ལྷན་ཅིག་ཆོས་ཀྱི་གཏམ་བགྲོ་བ་ན། གཞོན་ནུ་དེས་འཕགས་པ་དག་འཇིག་རྟེན་ན་གནོད་པ་ཅི་ཡིན་ཞེས་དྲིས་པ་ལ། དེ་དག་ཁ་ཅིག་གིས་དབུལ་བ་ནི་གནོད་པའོ་ཞེས་དང་། དེ་བཞིན་དུ་བརྙས་པ་དང་། ངག་དང་མི་ལྡན་པ་དང་། བློ་དང་མི་ལྡན་པ་དང་། དོན་ཡོངས་སུ་ཉམས་པ་དང་། མཛའ་བཤེས་དང་བྲལ་བ་དང་། བཟོ་མི་ཤེས་པ་དང་། རྒྱལ་སྲིད་ཉམས་པ་དང་། རྒྱལ་བློན་ལ་བརྙས་པ་དང་། ཆུང་མ་མ་གུས་པ་དང་། ཆོག་མི་ཤེས་པ་དང་། བྱས་པ་མི་བཟོ་བ་དག་གནོད་པའོ་ཞེས་ཟེར་བ་ལ། གཞོན་ནུ་ཞི་བའི་བློ་གྲོས་ཀྱིས་དེ་དག་ལ་ཁྱེད་ཅག་གིས་སྡུག་བསྔལ་དང་གནོད་པ་སྣ་ཚོགས་བཤད་པ་རྗེས་སུ་ཡི་རང་ངོ་། །གཞན་ཡང་བདག་གིས་འཇིག་རྟེན་ན་གནོད་པ་གསུམ་མཐོང་སྟེ་རྒ་བ་དང་ན་བ་དང་འཆི་བ་གསུམ་པོ་འདིས་བདུད་དང་ཚངས་པར་བཅས་པའི་འཇིག་རྟེན་ལ་གནོད་དེ། དེ་ལས་ངེས་པར་འབྱུང་བ་ཡང་མི་ཤེས་པས། དེ་བཞིན་གཤེགས་པ་ཁྲིད་མཛད་ནི་གནོད་པ་གསུམ་པོ་དེ་ལས་འདའ་བའི་ཆོས་སྟོན་ནོ་ཞེས་ཐོས་ན། ཁྱེད་ཅག་ཚུར་ཤོག །བདག་ཅག་ལྷན་ཅིག་དེ་བཞིན་གཤེགས་པ་དེའི་དྲུང་དུ་འཇིག་རྟེན་ན་གནོད་པ་དུ་མཆིས་ཞུ་བར་བྱའོ་ཞེས་བྱས་ཏེ། སྲོག་ཆགས་བྱེ་བ་ཕྲག་དྲུག་དང་ལྷན་ཏུ་སངས་རྒྱས་དེའི་དྲུང་དུ་སོང་བ་ལ་འཇིག་རྟེན་གྱི་གནོད་པ་རྣམས་དང་ངེས་པར་འབྱུང་བའི་ལམ་དག་བཅས་པར་བཀའ་སྩལ་པས་ལམ་ཐམས་ཅད་ལ་མཁས་པར་གྱུར་ཏོ། ༈ །ཡང་བྲམ་ཟེ་ཟླ་བའི་སྨིན་མ་ཞེས་བྱ་བ་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཞིག་ཏུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་པའི་མཚན་སོ་གཉིས་པོ་མཐོང་བས་སངས་རྒྱས་སུ་ཐེ་ཚོམ་ཆོད་པས་དད་པའི་སེམས་ཀྱིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ༈ ཡང་རྒྱལ་པོ་དགེ་བའི་མིག་ཅེས་བྱ་བར་གྱུར་པས་དེ་བཞིན་གཤེགས་པ་ཐོགས་པ་མེད་པའི་སྤྱན་ལས་སྟོབས་བཅུའི་བསྔགས་པ་ཐོས་ནས་དེ་བཞིན་གཤེགས་པ་དེ་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་བསྐྱེད་ཅིང་། དེ་ཕྱིན་ཆད་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངོམས་པ་མེད་ཅིང་སེམས་ཅན་གྲངས་གདགས་པར་མི་ནུས་པ་བླ་མེད་རྫོགས་བྱང་ལ་སྨིན་པར་བྱས་པ་དང་། ༈ ཡང་གཙོ་བོའི་བུ་མྱ་ངན་སེལ་ཞེས་བྱ་བར་གྱུར་པའི་ཚེ། དགེ་སྦྱོང་དང་བྲམ་ཟེ་གང་འཇིག་རྟེན་ཤེས་པ་ཀུན་འབྱུང་ཤེས་པ་སུ་ཡོད་པ་དེ་ལ་འདྲིའོ་སྙམ་པ་ལ་ལྷས་བསྐུལ་ནས། དེ་བཞིན་གཤེགས་པ་བདུད་རྩིའི་དབྱངས་སྒྲོགས་ལ་ཞུ་བ་ཞུས་ཤིང་བླ་མེད་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། ༈ ཡང་དྲང་སྲོང་གྲོ་བཞིན་སྐྱེས་ཞེས་པར་གྱུར་པའི་ཚེ་ན་གང་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་དེ་དག་ཅི་ལྟར་འབྱུང་ཞིང་གང་དུ་མཆི་སྙམ་དུ་གཞན་ལ་དྲི་སྙམ་པ་ལ། བར་སྣང་ལས་དེ་བཞིན་གཤེགས་པ་འཇིག་རྟེན་སྒྲོན་མ་མི་མཁྱེན་པ་དང་མི་གཟིགས་པ་མེད་པ་དེས་དོན་འདི་འཆད་དོ་ཞེས་ཐོས་པས་དེ་བཞིན་གཤེགས་པ་དེ་ལ་ཞུས་ཤིང་ཕུང་པོ་ལྔ་བརྟེན་ནས་སྐྱེ་བ་འགྲོ་འོང་མེད་པའི་དོན་བསྟན་པ་ལ་དད་ཅིང་མ་འོངས་པ་ན་འདི་ལྟ་བུའི་ཡེ་ཤེས་ཟབ་མོ་ཐོབ་ནས་ཆོས་སྟོན་པར་སྨོན་ལམ་བཏབ་པ་དང་། ༈ ཡང་རྒྱལ་པོ་འོད་བྱེད་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་རིན་ཆེན་བདུན་དང་བུ་སྟོང་དང་ལྡན་པར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་སྤྱོད་པ་ཞི་བ་ལ་མྱ་ངན་ལས་འདས་པའི་ལམ་དྲིས་ཤིང་མཆོད་པ་བྱས་པ་དང་། ༈ ཡང་བྱང་ཆུབ་སེམས་དཔའ་བདུད་རྩིའི་དབྱངས་ཞེས་བྱ་བར་གྱུར་པས་དེ་བཞིན་གཤེགས་པ་སྒྲ་ཐམས་ཅད་ཀྱི་དབྱངས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་ཐར་པའི་ལམ་ཞུས་ཤིང་སེམས་ཅན་རྣམས་སྡུག་བསྔལ་བཏོན་པ་དང་། ༈ ཡང་དེ་བཞིན་གཤེགས་པ་དྲི་མེད་ཏོག་གི་རིམ་གྲོ་བ་དགེ་སློང་དཔལ་འབྱུང་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བཞིན་གཤེགས་པ་ཉིད་དུ་འདོད་པའི་བློས་སྨོན་པ་ལ་སངས་རྒྱས་དེའི་འོད་ཀྱིས་རེག་པས་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པ་དང་། ༈ ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་ཟབ་མོ་ཞེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་རབ་ཏུ་འགྲོལ་བས་སྙོམས་པར་འཇུག་པའི་ཡེ་ཤེས་ཀྱི་ཆོས་བསྟན་པ་ལ་བསིལ་ཡབ་ཀྱིས་གཡོབ་ཅིང་སངས་རྒྱས་ཀྱི་ཡེ་ཤེས་དེ་ལྟ་བུ་འདོད་པས་སྨོན་ལམ་བཏབ་བ་དང་། ༈ །ཡང་བྱང་ཆུབ་སེམས་དཔའ་དྲི་མེད་གཏོང་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་རྡུལ་དང་དྲི་མ་དང་མུན་པ་འཇོམས་པའི་རིང་བསྲེལ་ལ་མཆོད་པ་ལོ་སྔར་བྱས་ཤིང་བདག་གི་བའི་དངོས་པོ་ཐམས་ཅད་གཏོང་བ་དང་། སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བཟུང་བར་བྱས་པ་དང་། ༈ །ཡང་བྱང་ཆུབ་སེམས་དཔའ་ཟླ་བ་ལས་ལྷག་པའི་འོད་ཅེས་བྱ་བར་གྱུར་པའི་ཚེ། ཐམས་ཅད་ཀྱི་སྟོན་པར་གྱུར་པ་དེས་དེ་བཞིན་གཤེགས་པ་མི་ཤེས་པ་སྟོན་པ་ལ། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཉོན་མོངས་པ་ཀུན་འབྱུང་བའི་ཤེས་པ་ཇི་ལྟར་འཐོབ་པའི་ཚུལ་ཞུགས་ཤིང་ཁོང་དུ་ཆུད་པར་བྱས་སོ། ༈ །ཡང་རྒྱལ་པོ་ཆད་པ་ཐོག་ཏུ་ཕེབ་པ་ཞེས་བྱ་བ་ལ་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས་ད་ལྟར་བྱུང་བའི་ཤེས་པ་མངོན་པར་གྲུབ་པའི་རྒྱུ་དང་དྲིས་པ་ལ། རྒྱལ་པོ་དེས་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ལ་ཞུ་བ་ཡོངས་སུ་ཞུས་ཏེ་ཤེས་པར་བྱས་སོ། ༈ །ཡང་བྲམ་ཟེ་ཤིན་ཏུ་བརྟག་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ་བར་སྣང་ལས་ཀུན་འབྱུང་གི་ཆོས་ཐམས་ཅད་འགོག་པའོ་ཞེས་སྒྲ་ཐོས་པས། འདུས་བྱས་ཀྱི་སྤྱོད་ཡུལ་ཐམས་ཅད་ལ་མི་དགའ་བར་གང་མི་འགག་པའི་ཆོས་དེ་ཚོལ་བར་འདོད་པས། ཉེ་བར་མི་ལེན་པ་དང་མངོན་པར་མི་ཞེན་པ་དང་ཡོངས་སུ་འཛིན་པ་མེད་པར་མོས་ཤིང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཡོངས་སུ་འཛིན་པ་མེད་པའི་ཚུལ་ལ་མཁས་པ་ཐོབ་བོ། ༈ །ཡང་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཏོག་གི་རྒྱལ་པོའི་རིམ་གྲོ་བ་བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དེ་ལ་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་དྲུག་ཏུ་ཐུགས་དང་མཐུན་པའི་རིམ་གྲོ་བྱས་ཏེ། ད་ལྟར་བྱུང་བ་ཤེས་པ་འགོག་པར་འགྱུར་བའི་ཞུ་བ་ཞུས་སོ། ༈ །ཡང་རྒྱལ་པོ་འཇིགས་བྱེད་བླ་མ་ཞེས་བྱ་བར་གྱུར་པའི་ཚེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ཚོལ་བའི་རྒྱལ་པོ་ལེགས་བསམ་བློ་གྲོས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་ནས་སེམས་བསྐྱེད་ཅིང་ལུང་བསྟན་ཐོབ་པར་བྱས་པ་དང་། ༈ ཡང་རྒྱལ་པོ་གྲགས་འཕགས་ཞེས་བྱ་བར་གྱུར་པའི་ཚེ། འཁོར་བ་ལས་ངེས་པར་འབྱུང་བའི་ལམ་ཚོལ་བས་དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་མངོན་པར་འཕགས་པའི་དབྱངས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ་དང་ཞུ་བ་ཞུས་ཤིང་དོན་ཁོང་དུ་ཆུད་པར་བྱས་པ་དང་། ༈ ཡང་བློན་པོ་རྟོག་པ་ཞི་བ་ཞེས་བྱ་བར་གྱུར་པའི་ཚེ། རྒྱལ་པོ་བློ་གྲོས་རྣམ་དག་གིས་བྱ་བ་ཐམས་ཅད་དེ་ལ་བཅོལ་ཞིང་། དེས་ཐམས་ཅད་ལ་ཚུལ་བཞིན་འཇལ་འདུམ་དང་འཐབ་མོ་ཞི་བར་བྱེད་ལ། ཚིག་གང་སྨྲས་པ་ཐམས་ཅད་འགོག་པར་ཤེས་ནས་རྒྱལ་སྲིད་འཇིགས་པའི་སྐྱོན་ཐམས་ཅད་བསལ་ཞིང་ཤིན་ཏུ་འཕེལ་བར་བྱས་ལ་རང་གཞན་ལ་ཕན་བདེ་བྱས་པ་དང་། ༈ ཡང་རྒྱལ་པོའི་བུ་ལྗོན་པ་ཞེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་དྲི་མེད་ཏོག་ལ་དགེ་རྩ་བསྐྱེད་ཅིང་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང་། ༈ ཡང་བྱང་ཆུབ་སེམས་དཔའ་གནས་མེད་པའི་སྒྲ་དབྱངས་ལ་ལྷག་པར་མོས་པ་ཡང་དག་པར་གནས་པ་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་གྱིས་རྒྱལ་སྲིད་ཤིན་ཏུ་ཚིམ་པ་ཞེས་བྱ་བ་སྐུ་ཚེའི་ཚད་ལོ་བྱེ་བར་གྱུར་པ་དེའི་རིམ་གྲོ་བ་ཐུགས་དང་འཐད་པར་གྱུར་ནས་ཆོས་བཟུང་ཡང་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་མ་ཐོབ་སྟེ། དེ་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་དང་བཅས་པའི་ཕྱིར་རོ་ཞེས་གསུངས་པ་དང་། ༈ ཡང་དེ་བཞིན་གཤེགས་པ་ཚངས་པའི་བླ་མའི་དུས་སུ་བྱང་ཆུབ་སེམས་དཔའ་རིག་པ་དང་ལྡན་པ་ཞེས་བྱ་བར་གྱུར་པའི་ཚེ། ཚེ་རབས་ཐམས་ཅད་འདུལ་བའི་དོན་དུ་ཚོར་བ་དག་གི་དོན་རྟོགས་ཏེ། རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱས་ཤིང་ཡུན་རིང་པོ་བརྗོད་དུ་མེད་པར་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། ཚིག་གི་སྒོ་ནས་སངས་རྒྱས་ཀྱི་ཆོས་བསྟན་པས། སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཆ་མཉམ་པར་སྤྱོད་པ་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་གདུལ་བར་བྱས་སོ། ༈ །ཡང་རྒྱལ་པོ་ཟླ་སྦྱིན་གྱི་བུ་མོ་གྲངས་ལས་འདས་པ་ཞེས་བྱ་བ་གཟུགས་མཆོག་དང་ལྡན་པ་གྱུར་པའི་ཚེ་ན། རྒྱལ་པོས་དེ་ལ་ཁྱིམ་ཐབ་འཚོལ་བར་འདོད་པ་ལ། དེ་ཁྱིམ་ཐབ་མི་འདོད་པར་འཛིན་པ་ཐམས་ཅད་སྤང་བ་ལ་དགའ་བས་ཆགས་པ་མེད་པའི་ཆོས་ལ་གནས་པར་གྱུར་པ་དང་། ༈ ཡང་རྒྱལ་པོའི་བུ་མོ་གཟུགས་མཆོག་ཏུ་མཛེས་པ་ཞིག་ཏུ་གྱུར་པའི་ཚེ། བྲམ་ཟེ་དཀའ་ཐུབ་ཅན་གཟུགས་མི་སྡུག་པ་ཞིག་གིས་བསླངས་པ་ལ། རྒྱལ་པོས་བུ་མོ་འདིས་བྲམ་ཟེ་འདི་འདོད་པར་མི་འགྱུར་སྙམ་དུ་བསམས་ནས་ཁས་ལེན་མ་ནུས་པའི་ཚེ། བུ་མོ་དེས་ཕའི་སྦྱིན་པ་རྫོགས་ཤིང་བྲམ་ཟེའི་རེ་བ་རྫོགས་པའི་ཕྱིར་བྲམ་ཟེ་དེའི་ཆུང་མར་ཁས་བླངས་ཏེ་བུ་བསྐྱེད་ནས་སླར་རབ་ཏུ་བྱུང་བ་དང་། ༈ ཡང་ཡོངས་སུ་རྒྱུ་བ་འཆར་ཁ་ཞེས་བྱ་བར་གྱུར་པའི་ཚེ་ན། རྟོག་པ་ངེས་པར་དཔྱོད་པ་རྩ་བ་འབྱིན་པ་ཞེས་བྱ་བ་ཞིག་འཇིག་རྟེན་ཐམས་ཅད་ཀྱི་རྒྱུད་མངོན་པར་ཤེས་པ་དེས་གྲོང་དང་གྲོང་ཁྱེར་རྣམས་སུ་རྩ་བ་ཤེས་པ་སྟོན་ཏོ་ཞེས་ཐོས་པ་ལས། ཀུན་ཏུ་རྒྱ་འཆར་ཁ་འདི་སྙམ་དུ། འཇིག་རྟེན་གྱི་ཤེས་པ་འདི་ལྟ་བུ་བསྟན་པར་མི་བྱ་སྟེ། བདག་ཉིད་ཀྱིས་རིག་པར་བྱའོ་སྙམ་དུ། དགོན་པར་འཇིག་རྟེན་གྱི་ཤེས་པ་གང་ལས་བྱུང་བའི་ཚུལ་ལ་དཔྱད་པས། འཇིག་རྟེན་ཞེས་བྱ་བ་ཕུང་པོ་ལྔ་འདི་ཙམ་ལ། འདི་དག་སྐྱེས་སོགས་སྡུག་བསྔལ་ཅན་དུ་རིགས་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དེ། དེ་དག་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བརྩོན་པས་མངོན་པར་ཤེས་པ་ལྔ་ཐོབ་སྟེ། སེམས་ཅན་རྣམས་ཀྱང་དེ་ལྟ་བུའི་ཆོས་ལ་བཀོད་པར་བྱས་སོ། ༈ །ཡང་སྔོན་དེད་དཔོན་སྙིང་རྗེ་ཅན་ཞེས་བྱ་བ་ཐབས་ལ་མཁས་པ་ཞིག་ཏུ་གྱུར་པའི་ཚེ་ཚོང་པ་ལྔ་བརྒྱ་དང་ལྷན་ཅིག་རྒྱ་མཚོར་ཞུགས་པའི་དུས་སུ་ཚོང་པ་དེ་དག་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་སེམས་ཅན་བཟང་ངན་གྱི་རིས་སྣ་ཚོགས་འདི་ལྟ་བུ་ཡོད་དོ་ཞེས་འཇིག་རྟེན་ཤེས་པའི་གཏམ་བསྟན་པས་དེ་དག་གི་དོན་བྱས་སོ། ༈ །ཡང་སྔོན་གྱི་ཚེ་དེད་དཔོན་འབྱུང་པོ་ཀུན་ལ་བརྩེ་བ་དང་ལྡན་པ་ཞེས་བྱ་བར་གྱུར་པའི་ཚེ་ན་ཚོང་བ་ལྔ་བརྒྱ་དང་ལྷན་ཅིག་རྒྱ་མཚོར་ཞུགས་པ། ཆུ་སྲིན་གྱི་ཁར་གྲུ་མིད་པར་བྱེད་དུ་ཆ་བའི་ཚེ། ཚོང་པ་དེ་དག་ཚངས་པ་དང་དབང་ཕྱུག་དང་སྐེམ་བྱེད་དང་ཆུ་ལྷ་དང་དབང་པོ་སོགས་ལྷ་གཞན་ཀུན་ལ་ཕྱག་འཚོལ་བར་བྱེད་ཅིང་ངུ་བ་ལ། དེད་དཔོན་དེས་འདི་དག་སྐྱབས་ངན་པ་ལ་བསྟེན་པ་སྟེ་མགོན་མིན་པ་ལ་མགོན་དུ་འཛིན་པའོ། །ཇི་ལྟར་སྔོན་གཟུགས་ཀྱིས་འཚོ་བ་སྐྱེ་བོ་ཐམས་ཅད་རྗེས་སུ་འཇུག་པ་ཞེས་བྱ་བ་གཟུགས་བཟང་པོ་ལྟ་ན་སྡུག་པ་ཞིག་ཡོད་པ་དེས་སྐྱེས་བུ་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་འཇུག་པས་དགའ་བར་བྱེད་ཅིང་མི་གཙང་བ་ལ་མི་གཙང་བར་སྟོན། གཙང་བ་ལ་གཙང་བར་སྟོན་པ་སོགས་སྣ་ཚོགས་ཀྱི་རྣམ་པར་འཕྲུལ་པ་བསྟན་ནས་སེམས་ཅན་སྨིན་པར་བྱེད་ཀྱང་དེ་དག་དེའི་ངོ་བོ་ཉིད་མི་ཤེས་པ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལས་ཀྱི་རྗེས་སུ་འཇུག་པ་ལ་རྒྱུ་གཞན་དང་གཞན་དུ་སེམས་པར་བྱེད་ཅིང་འདུ་བྱེད་ཐམས་ཅད་ལ་ངེས་པ་མེད་པ་དང་དངོས་པོ་མེད་དོ། །གལ་ཏེ་གཙང་བར་འཛིན་ན་མི་གཙང་བའི་མཚན་མ་ལ་བརྟེན་པར་བྱའོ། །དེ་བཞིན་དུ་མཚན་མ་སྤང་ཞིང་མཚན་མེད་ལ་བརྟེན་པར་བྱ་སྟེ། རྟག་པར་འཛིན་པས་འཆིང་ལ་མི་རྟག་པར་མཐོང་ན་ཐར་རོ། །དེ་བཞིན་དུ་བདག་བདག་མེད་མཚན་མ་མཚན་མེད། བདེ་དང་སྡུག་བསྔལ་སོགས་སུ་ལྟ་བར་སྦྱར་ཏེ་ཤེས་པར་བྱའོ་སྙམ་མོ། །དེའི་ཚེ་དེ་བཞིན་གཤེགས་པ་མུན་པ་ཐམས་ཅད་འཇོམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་སྐབས་ཡིན་པས། དེད་དཔོན་དེས་ཚོང་པ་དེ་ཐམས་ཅད་ལ་སངས་རྒྱས་དེ་ལ་ཕྱག་འཚོལ་ཅིག་ཅེས་སྨྲས་པས་དེ་ཐམས་ཅད་ཀྱིས་དེ་བཞིན་སངས་རྒྱས་ལ་ཕྱག་འཚལ་བ་ལན་གསུམ་བརྗོད་པའི་སྒྲ་ཆུ་སྲིན་དེས་ཐོས་ནས་ཁ་བཙུམས་ཏེ་ཚོང་པ་རྣམས་ཐར་བར་གྱུར་ཏོ། ༈ །ཡང་བྲམ་ཟེ་རྒྱལ་བ་འཛིན་ཞེས་བྱ་བར་གྱུར་པའི་ཚེ་ན། ཉེས་པ་དང་ཡོན་ཏན་གྱི་གཞི་ནི། ཉོན་མོངས་པ་དང་དགེ་ཆོས་ལས་བྱུང་བར་རང་གི་དཔྱོད་པས་གཞན་ལ་རག་མ་ལས་པར་ཤེས་ནས། དགེ་བའི་ཆོས་སྤེལ་ཞིང་མི་དགེ་བ་བཟློག་པས་ཏིང་ངེ་འཛིན་ཐོབ་སྟེ། བསྐལ་པ་འབུམ་ཕྲག་དྲུག་ཅུར་ལོག་པར་མ་ལྷུང་ཞིང་སེམས་ཅན་གྱི་དོན་བྱས་སོ། ༈ །ཡང་དྲང་སྲོང་འོད་བཟང་ཞེས་བྱ་བར་གྱུར་པའི་ཚེ། རལ་པའི་ཐོར་ཚུགས་ལྔ་སོགས་བརྟུལ་ཞུགས་ཀྱི་བྱེ་བྲག་མང་པོ་འཛིན་ཞིང་། ཚ་གྲང་སོགས་ཡིད་ལ་མི་བྱེད་པར་ལུས་ལ་མི་ལྟོས་པའི་དཀའ་ཐུབ་རྣམ་པ་མང་པོ་དཔག་ཏུ་མེད་པ་དང་ལྡན་པ། འབྱུང་པོ་ཐམས་ཅད་ལ་མི་འཚེ་བ། གཞན་གྱི་བུད་མེད་ལ་མི་འགྲོ་བ། ཆང་མི་འཐུང་བ། སེམས་མ་འཁྲུལ་པ། ཕ་རོལ་གྱི་སེམས་སྲུང་ཞིང་ཚིག་རྩུབ་མི་སྨྲ་བ་སོགས་ཡོན་ཏན་དཔག་མེད་ལྡན་པ། མངོན་པར་ཤེས་པ་ལྔ་ཐོབ་པ། བཟོ་དང་ལས་ཀྱི་གནས་ཐམས་ཅད་དང་། ཆོས་དང་དུས་དང་བདག་དང་ཐབས་མཁས་སོགས་ཤེས་པའི་ཁྱད་པར་དཔག་ཏུ་མེད་པ་དང་ལྡན་པར་གྱུར་པ་དེ་འདི་སྙམ་དུ། བདག་གིས་ཤེས་པའི་ཁྱད་པར་འདི་དག་ཤེས་མོད་ཀྱི་འདི་དག་ཐམས་ཅད་གང་དུ་འགོག་པར་འགྱུར་བར། ཡོངས་སུ་ཤེས་པའི་ཤེས་པ་དེ་ནི་མི་ཤེས་པས། འཇིག་རྟེན་ན་དགེ་སྦྱོང་དང་བྲམ་ཟེ་གང་དག་ཤེས་པ་འདི་ལ་བསླབས་པ་སུ་ཡོད་སྙམ་དུ། དེ་བཙལ་བའི་ཕྱིར་སློབ་མོས་འཚོ་བའི་ཚུལ་དུ་མུ་སྟེགས་ཐམས་ཅད་ཀྱི་དྲུང་དུ་སོང་བ་དང་། དེ་སློང་མོ་བར་རིགས་ནས་གདོལ་བ་ཡན་ཆད་དག་གིས་མཆོད་སྦྱིན་བྱེད་ཀྱང་གང་གིས་ཀྱང་མ་བླངས་སོ། །དེ་མ་བླངས་བས་སླང་མོ་བས་འཚོ་བའི་སྒྲ་ཕྱོགས་བཅུའི་འཇིག་རྟེན་དུ་གྲགས་སོ། །དེའི་ཚེ་གངས་ཀྱི་རིའི་རྒྱལ་པོ་ལ་སངས་རྒྱས་མར་མེ་མཛད་བྱང་ཆུབ་སེམས་དཔའ་གྱུར་པ་དྲང་སྲོང་ཀུན་རིག་ཅེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པ་དེ་འཇིག་རྟེན་ཐམས་ཅད་ལ་རྟོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་སོགས་ཀྱི་སྤྱོད་པ་ཐམས་ཅད་ཤེས་པ་དེས། ལྷའི་མིག་གིས་སློང་མོས་འཚོ་བ་འོད་བཟང་མཐོང་ནས་དེའི་བསམ་པ་ཤེས་པས། འདིས་སྟོབས་དང་སྟོབས་མ་ཡིན་པ་ཤེས་པའི་ངེས་པར་འབྱུང་བར་མི་ཤེས་པས་ཉམ་ཐག་གོ་སྙམ་དུ། སྙིང་རྗེ་བསྐྱེད་དེ་སྐྱེས་བུའི་ལག་པ་བརྐྱང་བསྐུམ་ཙམ་གྱིས་གངས་རིའི་རྒྱལ་པོ་ལས་བབ་ནས་འོད་བཟང་གི་མདུན་དུ་བསྡད་དོ། །དེས་དེ་ལ་ཕྱག་བྱས་ནས། གང་གིས་སེམས་ཅན་ཀུན་གྱི་སྤྱོད་པ་ཤེས་པ་དང་། སྟོབས་དང་སྟོབས་མིན་ཤེས་པ་སོགས་འབྱུང་ཞེས་དྲིས་པ་ལ། དེས་ཆོས་སྦྱིན་སེར་སྣ་མེད་པར་བྱས་པ་དང་། ཤེས་པ་དག་ཀྱང་སྡུད་པ་དང་། ཤེས་ལྡན་རྣམས་ལ་དགའ་ཞིང་སྦྱིན་པས་སྡུད་པ་དང་། ཤེས་པ་མང་པོ་དང་། ཤེས་པའི་ཡེ་ཤེས་ཚོལ་བ་སོགས་ལས། ཡེ་ཤེས་དམ་པ་དེ་འཐོབ་པར་བསྟན་ཏོ། ༈ །ཡང་རྒྱལ་པོ་འགོག་པ་མཐོང་བ་ཞེས་བྱ་བར་གྱུར་པའི་ཚེ། ཆོས་གང་ཡང་སྐྱེ་བར་མཐོང་བ་དེ་ཐམས་ཅད་འགོག་པར་མཐོང་ནས། སྲོག་ཆགས་དུ་མ་ལ་ཆོས་བསྟན་པ་དང་། ༈ ཡང་རྒྱལ་པོ་རོ་མྱང་བ་དང་ཉེས་དམིགས་མཁས་པ་ཞེས་བྱ་བར་གྱུར་པའི་ཚེ། ཆོས་ཐམས་ཅད་ཀྱི་རོ་མྱང་བའི་ཉེས་དམིགས་ཤེས་ཀྱང་ངེས་པར་འབྱུང་བ་མ་ཤེས་ནས། ངེས་པར་འབྱུང་བ་ཤེས་པ་སུ་ཡོད་སྙམ་དུ་ཉལ་དུ་སོང་བ་དང་། སངས་རྒྱས་ཀྱི་སྐུ་མཚན་སོ་གཉིས་དང་ལྡན་པས་ལེགས་སོ་ཞེས་བྱིན་ཏེ་མངོན་པར་བྱེད་པ་མེད་པ་ནི་ངེས་པར་འབྱུང་བ་ཡིན་ལ། འདུ་བྱེད་པ་ནི་ངེས་པར་མི་འབྱུང་བའོ་ཞེས་གསུངས་པས་བྱང་ཆུབ་ཀྱི་ལམ་ཁོང་དུ་ཆུད་པ་དང་། ༈ ཡང་སྔོན་གྱི་དུས་ན་བྲམ་ཟེ་དབང་པོའི་ལྷ་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་པ་དང་བྲལ་བ་རྫུ་འཕྲུལ་དང་གཟི་བརྗིད་ཆེ་བ་ཞིག་ཏུ་གྱུར་པ་ན། དེ་ལ་སྲོག་ཆགས་བརྒྱ་སྟོང་མང་པོ་ཤེས་པ་སྣ་ཚོགས་ལ་བཙུད་པར་བྱས་ནས་དེ་བསམ་གཏན་དང་པོ་ལ་བརྟན་ནས་མངོན་ཤེས་ལྔ་གྲུབ་བོ། །དེས་བསམ་གཏན་དང་པོ་འདི་ལ་རོ་མྱོང་བ་ཡང་ཡོད། རོ་མྱོང་བ་ལ་ཉེས་དམིགས་ཀྱང་ཡོད་པས། སངས་རྒྱས་ཀྱི་བསྟན་པ་ལས་ནི་ཕྱི་དང་ནང་གི་སྐྱེ་མཆེད་ཐམས་ཅད་ལ་རོ་མྱོང་བ་དང་ཉེས་དམིགས་ཡོད་པ་དང་། དེ་བས་ངེས་པར་འབྱུང་བའི་ལམ་རོ་མྱོང་དང་ཉེས་དམིགས་མེད་པའང་ཡོད་དོ་སྙམ་དུ་ཚུལ་བཞིན་ཡིད་ལ་བྱས་པས་མི་སྐྱེ་བའི་བཟོད་པ་ཐོབ་ནས། སེམས་ཅན་དཔག་ཏུ་མེད་པ་མི་སྐྱེ་བའི་བཟོད་པ་ལ་བཀོད་དོ། ༈ །ཡང་དེ་བཞིན་གཤེགས་པ་འོད་ཟེར་མཐའ་ཡས་ཀྱི་དུས་སུ་བཅོམ་ལྡན་འདས་ཉིད་རྒྱལ་པོ་གྲགས་བཟང་ཞེས་བྱ་བར་གྱུར་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ལས་བརྩམས་ཏེ་ཆོས་བསྟན་པ་ཐོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གསུངས་པ་ལ། མོའུ་འགལ་གྱི་བུས་གསོལ་པ། གང་གི་ཚེ་དེ་བཞིན་གཤེགས་པས་མར་མེ་མཛད་ལས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ་ཞེས་བཤད་པ་འདི་ཇི་ལྟར་བལྟ་བར་གྱི། བཀའ་སྩལ་པ་མོའུ་འགལ་གྱི་བུ་གང་ཟག་གི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་གོ་བར་མཛད་དོ་ཞེས་གསུངས་སོ། ༈ །ཡང་རྒྱལ་པོ་དྲང་སྲོང་ལྷ་བཟང་ཞེས་བྱ་བ་ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་དུ་གྱུར་པའི་ཚེ་ན། དེས་དབེན་པར་ནང་དུ་ཡང་དག་འཇོག་ལ་ཞུགས་ནས། འདི་ལྟར་དམྱལ་བ་ནས་སྲིད་རྩེའི་བར་གྱི་སེམས་ཅན་སྣ་ཚོགས་པ་འདི་དག་ལས་ཉོན་གྱི་དབང་གིས་སྐྱེ་བའི་བྱེ་བྲག་ཐ་དད་དེ་ཉོན་མོངས་པ་མེད་ན་ལས་འདུ་མི་བྱེད་པ་ཤེས་སོ། །དེས་སྲིད་རྩེའི་ཏིང་ངེ་འཛིན་ཐོབ་ནས་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ཐོབ་པས་སྡུག་བསྔལ་འདི་དག་ལས་དབུགས་དབྱུང་བའི་ལམ་ཡོད་དོ་སྙམ་ནས་ལམ་དེ་གཞན་ལ་བསྟན་པས་བླ་མེད་བྱང་ཆུབ་ལས་མི་ལྡོག་པར་གྱུར་ཏོ། ༈ །ཡང་སྔོན་དྲང་སྲོང་གདོལ་པ་ཡིད་འོང་ཞེས་བྱ་བ་མངོན་ཤེས་ལྔ་ལྡན་དུ་གྱུར་པའི་ཚེ་ན། ཆོས་འདི་ལ་རིས་དང་རུས་སུ་བརྟག་པ་མེད་དེ། ཆོས་ཉིད་ལ་ཆོས་སུ་བརྟག་པ་དང་། ཆོས་མ་ཡིན་པ་ཡང་མེད་དོ་སྙམ་དུ། ཕྱོགས་བཅུའི་འཇིག་རྟེན་དུ་མཁས་པ་རྣམས་ནི་མི་སྐྱེ་བའི་ཆོས་ལ་མི་སྐྲག་ཅིང་བྱིས་པ་རྣམས་སྐྲག་པར་འགྱུར་ཏེ། དེ་ཅིའི་ཕྱིར་ན། ཆོས་ཀྱི་ངོ་བོ་གང་ཡང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་སོགས་ཆོས་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་བདག་མི་སྐྱེ་བའི་ཆོས་ལ་བཀོད་ཅིག་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱས་སོ། ༈ །ཡང་དེ་བཞིན་གཤེགས་པ་བློ་གྲོས་དཀར་བ་ཞེས་བྱ་བ་བྱོན་པའི་ཚེ། སངས་རྒྱས་དེའི་སྐུ་ཚེའི་ཚད་ལོ་བྱེ་བ་ཕྲག་དགུ་བཅུར་གྱུར་ཅིང་། དེའི་དུས་ན་རྒྱལ་པོ་མཁས་པའི་ཚུལ་གྱི་བུ་གཞོན་ནུ་བྱང་ཆུབ་སེམས་དཔའ་རི་བོང་ཚིག་ཅེས་བྱ་བ་ཞིག་ཏུ་བཅོམ་ལྡན་འདས་ཉིད་གྱུར་པའི་ཚེ། སངས་རྒྱས་དེའི་ཆོ་འཕྲུལ་ཆེན་པོས་ཞིང་དེར་ངོ་མཚར་བ་དུ་མ་སྟོན་ཅིང་། གཞོན་ནུ་རི་བོང་ཚིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་དེ་འཇིག་རྟེན་དུ་བྱུང་བར་མཐོང་བས་གཞལ་དུ་མེད་པའི་དགའ་བ་སྐྱེས་ཏེ། གྲོང་གི་མི་རྣམས་བསྡུས་ནས། སངས་རྒྱས་བཅོམ་ལྡན་འདས་བློ་གྲོས་དཀར་བ་ཉོན་མོངས་པ་རྒྱུ་དང་བཅས་པ་འཇིག་པ་དང་བཅས་སྟོན་པར་མཛད་པ་དེར་འདེང་ཞེས་བསྐུལ་ཞིང་། བཅོམ་ལྡན་འདས་དེའི་དྲུང་དུ་སོང་ནས་ཕྱག་བྱས་ཏེ། གདུགས་ཚོད་ལ་སྤྱན་དྲངས་ཤིང་སངས་རྒྱས་འཁོར་དང་བཅས་པ་ལ་བཟའ་བཅའ་དང་། རས་བཅོས་བུའི་ན་བཟའ་ཕུལ་ནས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་བཞིན་ལུང་བསྟན་པ་ཐོབ་པ་དང་། ༈ ཡང་དྲང་སྲོང་རིན་པོ་ཆེའི་དཔལ་ཀུན་ནས་འཕགས་པ་ཞེས་བྱ་བར་གྱུར་པའི་ཚེ། སེམས་ཅན་ལམ་གོལ་བ་རྣམས་ལ་ཆོས་སྟོན་ཅིང་། མོས་པ་དུ་མ་ལ་ཞེན་པ་རྣམས་ཀྱི་སྐྱོན་བསྟན་པའི་ཕྱིར། མོས་པ་དུ་མ་ཤེས་པ་འགོག་པ་ཡང་དག་པར་རབ་ཏུ་སྟོན་ཅིང་ཆོས་དེ་དང་རང་གི་མོས་ལའང་ལྷག་པར་ཆགས་པར་མི་བྱེད་པར་སླུ་བའི་ཆོས་ཅན་དུ་བསྟན་པས། སེམས་ཅན་ཚད་མེད་པ་སྡུག་བསྔལ་ལས་ཐར་བར་བྱས་སོ། ༈ །ཡང་བྱང་ཆུབ་སེམས་དཔའ་ས་འཛིན་ཞེས་བྱ་བ་ཡོན་ཏན་དཔག་མེད་ལྡན་ཞིང་དབང་པོ་རྣོ་བ། སེམས་རེ་རེ་བསྐྱེད་པས་བསྐལ་པ་གྲངས་མེད་པའི་དགེ་རྩ་འདུ་བྱེད་པ། སེམས་རེ་རེ་བསྐྱེད་པས་སེམས་ཅན་གྲངས་མེད་པ་ཐེག་གསུམ་ལ་འགོད་པར་གྱུར་པ་དེས། དེ་བཞིན་གཤེགས་པ་ཆོས་ཀྱི་སྤྲིན་གྱི་ཆར་རབ་ཏུ་འབེབས་པའི་འཁོར་འདི་དག་ལུང་བསྟན་པར་མཛད་ན་སྙམ་པའི་མོད་ལ་སེམས་ཅན་དེ་དག་རང་རང་ཇི་ལྟར་སྨོན་པ་ལྟར་ལུང་སྟན་པར་མཛད་པ་དང་། ༈ ཡང་བྱང་ཆུབ་སེམས་དཔའ་ནོར་བུ་འཛིན་ཞེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་ཉེ་བར་ཞི་འཕགས་ཞེས་བྱ་བའི་རིམ་གྲོ་བར་གྱུར་ཏེ་ཐུགས་དང་འཐད་པ་དང་མངོན་ཤེས་ལྔ་བསྒྲུབས་པས་ཕ་རོལ་གྱི་སེམས་ཤེས་ཤིང་། དེ་བཞིན་གཤེགས་པ་དེའི་མོས་པ་དང་ཁམས་སྣ་ཚོགས་མཁྱེན་པ་དང་རྗེས་སུ་མཐུན་པ་ཐོབ་པས་དེ་བཞིན་གཤེགས་པས་ཀྱང་དེའི་སྤྱོད་ཡུལ་དང་མཐུན་པའི་མཛད་པ་མཛད་པར་གྱུར་ཏོ། ༈ །ཡང་བྱང་ཆུབ་སེམས་དཔའ་ཆུ་ལྷ་ཞེས་པ་ཁྱིམ་ན་གནས་པར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་སྤྱན་མཛེས་ལ་མོས་པ་སྣ་ཚོགས་འགོག་པའི་ལམ་ཞུས་པས་དེ་ཕྱིིན་ཆད་ཡུལ་དེ་དག་ཡོངས་སུ་ཤེས་པས་སྐྱོན་གང་ཡང་མ་བྱུང་བར་གྱུར་པ་དང་། ༈ ཡང་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཏུ་སྒྲོལ་བ་ལ་མཁས་པ་ཞེས་བྱ་བ་བསྐལ་པ་གྲངས་མེད་པར་བཞུགས་ཏེ་ཐེག་པ་ཆེན་པོ་ཁོ་ནས་སེམས་ཅན་དཔག་ཏུ་མེད་པ་ཕྱིར་མི་ལྡོག་པར་བཀོད་ནས་མྱ་ངན་ལས་འདས་པ་ན། དེར་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་ཞེས་བྱ་བས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་བླ་མེད་བྱང་ཆུབ་ལ་བཀོད་ནས་མྱ་ངན་ལས་འདས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དྲི་མེད་ཟླ་བ་དེ་ཡང་ལྷའི་ཟླ་བ་དེས་ཡོངས་སུ་སྨིན་པར་བྱས་པ་ལ་དེ་འདི་སྙམ་དུ། གང་བྱང་ཆུབ་སེམས་དཔའ་ལྷའི་ཟླ་བ་འདི་སེམས་ཅན་ཚད་མེད་པ་བླ་མེད་བྱང་ཆུབ་ཏུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་རྒྱུད་ཡང་དག་པར་སྤེལ་ན་བདག་གིས་ཀྱང་དེའི་རྗེས་སུ་བསླབ་བོ་སྙམ་དུ་དེས་ཕྱོགས་བཅུར་འཇིག་རྟེན་དེའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མོས་པ་ཇི་ལྟ་བར་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་སྤྲུལ་པ་མངོན་པར་སྤྲུལ་ཏེ། ཞིང་དེའི་སེམས་ཅན་ཇི་སྙེད་པ་ཡུན་མི་རིང་བར་ཐེག་པ་གསུམ་ལ་སྨིན་པར་བྱས་སོ། །དགེ་བའི་རྩ་བ་དེས། སེམས་ཅན་ཐམས་ཅད་ཀྱི་མོས་པ་སྣ་ཚོགས་ཤེས་པ་ཐོབ་བོ། ༈ །ཡང་བྱང་ཆུབ་སེམས་དཔའ་ཤུགས་མཚུངས་པ་མེད་པ་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་སྨན་གྱི་རྒྱལ་པོའི་རིམ་གྲོ་བ། དོན་དང་ཆོས་དང་དུས་དང་གང་ཟག་ཤེས་པ་སོགས་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་དེས་དེ་བཞིན་གཤེགས་པ་དེ་ལ་དབང་པོ་ཤེས་པ་སོགས་ཞུས་པ་ལུང་བསྟན་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ༈ །ཡང་བྲམ་ཟེ་རྒྱལ་བའི་ལྷ་ཞེས་བྱ་བར་གྱུར་པའི་ཚེ། དེས་ལས་བདག་གིར་བྱས་པ་ལ་གཞིགས་ནས་བདག་གིས་དགེ་མི་དགེ་ལུང་མ་བསྟན་པའི་ལས་ཅི་ཞིག་འདུས་བྱས་སོ་སྙམ་དུ་བརྟགས་ཏེ། དགེ་བའི་ལས་ལས་འདུ་བྱེད་ཅིང་དབང་པོ་གང་གིས་ལས་མངོན་པར་འདུ་བྱེད་པ་ཡང་ཤེས་ལ། གལ་ཏེ་འདོད་ཆགས་སོགས་སྐྱེས་པ་ན་ཡང་དབང་པོ་ཆེ་འབྲིང་ཆུང་ངུར་ཕྱེ་ནས་ཉོན་མོངས་པ་དེ་དག་བཟློག་པར་བྱས་པས་བསྐལ་པ་བརྒྱད་ཅུར་ལོག་པར་ལྷུང་བར་མ་གྱུར་ཏོ། ༈ །ཡང་རྒྱལ་པོ་ཟླ་བའི་ལྷ་ཞེས་པའི་བུ་མོ་ཟླ་བའི་ལྷ་མོ་ཞེས་བྱ་བར་གྱུར་པའི་ཚེ། དེ་མཁས་ཤིང་ཡིད་གཞུངས་པས། རྒྱལ་པོའི་བྱ་བ་བྱེད་ཅིང་རྒྱལ་སྲིད་རྗེས་སུ་སྐྱོང་ངོ་། །དེ་ནས་རྒྱལ་པོ་ཟླ་བའི་ལྷ་དེས་བུ་མོ་ལ། རྒྱུ་གང་གིས་དབང་པོ་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་འཐོབ་ཅེས་དྲིས་པ་ལ་བུ་མོ་དེ་ན་རེ། དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་ལྡན་ཞིང་མང་དུ་ཐོས་པ་རྣམས་བསྙེན་བཀུར་བགྱིས་ན་འགྲུབ་སྟེ། ཤེས་པ་དེ་མངོན་པར་འདུ་བགྱི་ཞིང་ཤེས་པ་དེ་ལ་སློབ་པར་འགྱུར་རོ་ཞེས་སྨྲས་པས། རྒྱལ་པོ་དེ་སློང་མོ་པ་རྣམས་ལ་མགུ་ཞིང་ཡི་རངས་ཏེ་དད་པ་མི་ཕྱེད་པ་ཐོབ་བོ། ༈ །ཡང་དྲང་སྲོང་ཀུན་འབྱུང་ཞེས་པ་མངོན་ཤེས་ལྔ་ལྡན་དུ་གྱུར་པའི་ཚེ། དེ་ཚལ་གྱི་ནང་ན་དཀའ་ཐུབ་བྱེད་པའི་ཚེ། ཤེས་པ་གང་གིས་དབང་པོ་འགགས་ཤིང་ཡང་མི་སྐྱེ་བར་འགྱུར་སྙམ་བསམས་པ་དང་། འཕགས་པའི་ཤེས་པ་གང་གིས་དབང་པོ་འགག་པ་ཡོངས་སུ་ཤེས་ཏེ། དབང་པོ་ཤེས་པའི་འགོག་པ་གང་མི་སྐྱེ་བ་སྟེ། དཔེར་ན་མི་མགོ་བཅད་པ་ལས་མགོ་ཕྱིར་མི་སྐྱེ་བ་བཞིན་དུ་དབང་པོ་འགག་པ་ལས་ཡང་དབང་པོ་མི་སྐྱེ་དེ་དབང་པོ་ཤེས་པ་འགོག་པ་ཡིན་ནོ་སྙམ་ནས་དེ་ཤེས་པ་དེ་ལྟ་བུས་དབང་པོ་ཡོངས་སུ་ཤེས་པར་འདོད་ན་ཡང་དབང་པོ་ཤེས་པ་དེ་མ་རྙེད་ནས། ཤེས་པ་དེ་ལྟ་བུ་བཙལ་བའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་དོན་དང་བྱ་བ་ཉུང་བ་རྣམས་ཀྱི་ཐད་དུ་སོང་ནས་དྲིས་ཀྱང་མ་རྙེད་དོ། །དེས་བདག་ཉིད་ཀྱིས་ཤེས་པ་བསྐྱེད་དེ་བཙལ་བར་བྱའོ་སྙམ་དུ། གཏོང་བར་དཀའ་བ་དཔག་ཏུ་མེད་པ་བཏང་སྟེ་མགོ་དང་མིག་གི་བར་བཏང་ཡང་ཤེས་པ་དེ་མ་རྙེད་དོ། །དེ་ལྟར་དཀའ་བས་བཙལ་བ་དེ་དག་གདོད་འཕགས་པའི་ལམ་ལས་ཤེས་པ་དེ་རྙེད་དོ། །གཞན་ཡང་དེ་ལྟ་བུའི་ཡེ་ཤེས་ཀྱི་ཕྱིར་དུ་བཞོན་བའི་གླང་པོ་ཆེ་དང་རྟ་དང་ཤིང་རྟ་དང་རྐང་ཐང་དཔག་ཏུ་མེད་པ་བཏང་བ་སོགས་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྱེད་དེ། དགེ་རྩ་དེ་དག་གཟུགས་ཅན་དུ་གྱུར་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་མི་ཤོང་ངོ་ཞེས་གསུངས་སོ། ༈ །ཡང་སྔོན་འདས་པའི་དུས་ན་དྲང་སྲོང་བློ་གྲོས་གཙང་མ་ཞེས་བྱ་བར་གྱུར་པའི་ཚེ། ཉོན་མོངས་པ་གང་སྐྱེས་པ་ཐམས་ཅད་ལ་མི་གཙང་བའི་འདུ་ཤེས་སུ་གྱུར་ནས་མྱུར་དུ་སྤོང་ཞིང་འདོར་བར་བྱེད་པས་ཡུན་མི་རིང་བར་ཉོན་མོངས་པ་ཐམས་ཅད་ལ་ཤིན་ཏུ་མི་སྤྱོད་པར་གྱུར་ཏེ། དག་ཅིང་རྣམ་པར་བྱང་བའི་ཕྱོགས་ལ་གནས་པར་གྱུར་པ་ལ། ལྷ་ལ་སོགས་པ་ཐམས་ཅད་ཀྱང་དེ་ལ་གཞོལ་བར་གྱུར་ཅིང་། དེས་སྐྱེ་བོ་ཐམས་ཅད་ལས་བདག་གིར་བྱ་བའི་ཤེས་པས་བཙུད་ཅིང་ཤི་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ༈ །ཡང་དྲང་སྲོང་ལམ་བྱིན་ཞེས་བྱ་བར་གྱུར་པའི་ཚེ་སའི་མཐའ་རྒྱ་མཚོར་བཅས་པ་བཏང་སྟེ་བས་མཐར་རབ་ཏུ་བྱུང་ནས། ཤིང་ལྗོན་པ་ཞིག་ལ་རྟོག་ཅིང་འདི་སྙམ་དུ། ཤིང་ལྗོན་པ་འདི་ཡུན་མི་རིང་བར་ས་ལ་ལྷུང་བར་འགྱུར་བ་དེ་བཞིན་དུ་བསགས་པ་ཐམས་ཅད་མཐའ་མཛད་ཅིང་། མཐོ་བ་དག་ལྷུང་བ་ཡིན་ན། གང་མཐོ་བ་ལས་མི་ལྷུང་བའི་ཐབས་གང་ཞིག་ཡོད་སྙམ་མོ། །ཡང་དེ་འདྲའི་ཐབས་མེད་མོད། །གང་མི་མཐོ་བ་དེ་ནི་མི་ལྷུང་ངོ་སྙམ་མོ། །ཡང་གང་ང་རྒྱལ་གྱིས་མཐོ་བར་འགྱུར་ཏེ། ང་རྒྱལ་མེད་ན་མཐོ་བ་མེད་དོ་སྙམ་ནས་ང་རྒྱལ་སྤང་པའི་ཕྱིར་ཆོས་སྟོན་ཅིང་། སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་གཞན་ལ་དགེ་བཅུའི་ལམ་ཡང་དག་པར་བསྟན་པས་དེ་དག་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། ༈ །ཡང་དྲང་སྲོང་ཤིན་ཏུ་ཁྲིད་བྱེད་ཅེས་པ་ཕྱི་རོལ་པའི་ལམ་གྱིས་ཆགས་པ་ལ་མངོན་ཤེས་ལྔ་ལྡན་དུ་གྱུར་པ་ན། སེམས་ཅན་འདི་དག་སྐྱེ་བ་རིགས་རུས་ཐ་དད་པའི་རྒྱུ་གང་ཡིན་བརྟགས་པས། ཉོན་མོངས་པ་ལས་ལས་དང་། དེ་ལས་རྣམ་སྨིན་འགྲུབ་ཅིང་། དེའི་རྩ་བ་བདག་ཏུ་ཞེན་པ་ལ་ཐུབ་པར་ཤེས་ནས། བདག་མེད་པའི་བཟོད་པ་ཐོབ་ཅིང་སེམས་ཅན་གྲངས་མེད་པ་ལམ་དེ་ལ་བཙུད་པར་བྱས་སོ། ༈ །ཡང་དྲང་སྲོང་གནས་འགོག་པ་ལ་མཁས་པ་ཞེས་བྱ་བར་གྱུར་པའི་ཚེ། རང་བཞིན་མེད་པའི་ཆོས་མ་ཤེས་པས་སེམས་ཅན་རྣམས་སྡུག་བསྔལ་བའོ་སྙམ་དུ་ཤེས་ཤིང་སེམས་ཅན་གྲངས་མེད་དེ་ལ་བཙུད་དོ། ༈ །ཡང་རྒྱལ་པོ་ས་འཛིན་ཞེས་བྱ་བར་གྱུར་པའི་ཚེ་སེམས་ཅན་སྡུག་བསྔལ་ཅན་དུ་མ་མཐོང་བ་སྡིག་པའི་ལས་ཀྱིས་དེ་ལྟར་གྱུར་པར་རྟོགས་ནས། ལུས་ལ་མངོན་ཞེན་མེད་པ་དང་མི་གཙང་བའི་འདུ་ཤེས་ཞོག་ཅེས་ཆོས་བསྟན་པས་སེམས་ཅན་གྲངས་མེད་པ་ཕྱིར་མི་ལྡོག་པ་ལ་བཙུད་དོ། ༈ །ཡང་སྔོན་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྟོབས་མི་དམན་པ་ཅན་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བཞིན་གཤེགས་པ་བདུད་རྩིའི་ཐིགས་པའི་རྒྱལ་པོའི་དྲུང་དུ་སོང་བས་ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དོན་ལ་བཟོད་པ་ཐོབ་པ་ལ་དེ་བཞིན་གཤེགས་པས་ལེགས་སོ་གནང་བ་དང་། ༈ །ཡང་དྲང་སྲོང་ཤེས་པ་དཔའ་བ་ཞེས་བྱ་བར་གྱུར་པའི་ཚེ། བསྟན་བཅོས་ཐམས་ཅད་ཁོང་དུ་ཆུད་པ་འཇིགས་པ་མེད་པ་དེས། ཟག་པ་ཐམས་ཅད་མ་སྐྱེས་ན་འགོག་པར་ངེས་ཏེ། ཕུང་ཁམས་སྐྱེ་མཆེད་དབང་པོ་བདེན་པ་རྣམས་འགོག་པར་བྱ་བའི་ཕྱིར་ཞུགས་པ་ནི་གནད་ཡིན་ལ། གང་གནད་ཤེས་པས་ནི་མཁས་པའི་བྱ་བ་བྱས་པ་སྟེ། ཉོམ་མོངས་པ་ལས་ལས་དང་། ལས་ལས་རྣམ་སྨིན་འགྲུབ་པས། གནད་བཅོམ་ན་ཉོན་མོངས་པ་མི་འཇུག་པས་སྲིད་པའི་རྒྱུན་བཅད་པར་འགྱུར་རོ་སྙམ་དུ་བསམས་ཞིང་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཀྱེ་མ་གནད་འདི་བཅོམ་ན་བདེའི་ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་སོང་བས་སྲོག་ཆགས་དཔག་ཏུ་མེད་པས་ཐོས་ནས་ཉོན་མོངས་པའི་གནད་བཅོམ་པའི་ཕྱིར་ཞུགས་ཤིང་བླ་མེད་རྫོགས་བྱང་ལས་མི་ལྡོག་པར་གྱུར་ཏོ། ༈ །ཡང་དྲང་སྲོང་ཀུན་ཏུ་མིག་ཅེས་བྱ་བར་གྱུར་པའི་ཚེ་དེ་སྒོ་གང་དང་གང་ནས་ལྟ་བ་དེ་དང་དེའི་དོན་ཉིད་ལ་ལྟ་བ་དེ་ཙམ་གྱིས་ལན་མང་དུ་གནས་ནས་སེམས་ཅན་རྣམས་ཀྱི་བཟོ་ཡི་གནས་རྩོམ་པ་ལ་རྣམ་པར་དཔྱད་དེ་སེམས་ཅན་རྣམས་བདེ་བའི་ཕྱིར་མི་དགེ་བ་དང་། ཟག་བཅས་ཀྱི་དགེ་བ་བརྩམས་པས་མཐོ་རིས་དང་ངན་སོང་དུ་སྐྱེས་ལ། མྱ་ངན་ལས་འདས་པའི་ཕྱིར་ཟག་མེད་ཀྱི་དགེ་བ་བྱེད་པ་ནི་སྲིད་པའི་རྒྱུ་མ་ཡིན་ནོ་སྙམ་དུ། ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཆོས་ཐམས་ཅད་ལ་བྱེད་པ་མེད་པ་ནི་བདེ་བ་སྟེ་དེའི་རྣམ་པར་མེད་དོ་ཞེས་སྒྲ་དབྱངས་རྗེས་སུ་བསྒྲགས་པ་ཕྱོགས་བཞི་རླུང་གིས་ཁྱེར་ནས་ཐོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ༈ །ཡང་སྔོན་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་སེམས་ཅན་རྣམས་ཀྱི་དབང་པོ་ལ་རྟོག་མཁས་པར་གྱུར་ཏེ། སེམས་ཅན་གང་དག་གཟུགས་ལ་ཆགས་པས་གདུངས་ཤིང་ངན་སོང་དུ་གཞོལ་བ་རྣམས་ལ་མི་གཙང་བའི་ཕུང་པོ་ཆགས་ནས་འཁོར་བར་རྒྱུ་བ་མི་ཤེས་པའོ་སྙམ་དུ། མི་གཙང་བའི་ཆོས་སྟོན་ཏོ། །མི་གཙང་བར་བློ་ཞུགས་ནས་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་བློ་སྦྱར་བས་སེམས་ཅན་དཔག་ཏུ་མེད་པ་འདོད་ཆགས་དང་བྲལ་ཏེ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་དྲང་སྲོང་ཆོས་ལ་ངེས་པ་ཞེས་བྱ་བ་ཕྱི་རོལ་བའི་ལམ་གྱིས་ཆགས་བྲལ་ཞིག་ཏུ་གྱུར་པ་དེས་འདོད་པའི་ཟག་པ་ཤེས་པས་མེ་ལོང་གི་གཟུགས་བརྙན་ལྟར་དངོས་པོ་རྣམས་ཡང་དག་པ་མ་ཡིན་པར་ཤེས་ནས་མངོན་ཤེས་ལྔ་མངོན་དུ་བྱས་ཤིང་བཟོད་པ་དེ་ལྟ་བུ་ལ་སེམས་ཅན་དཔག་ཏུ་མེད་པ་བཙུད་པར་བྱས་སོ། ༈ །ཡང་དྲང་སྲོང་ཨུད་ཛྱ་དང་ཏ་ཞེས་པ་རྫུ་འཕྲུལ་དང་མཐུ་དང་གཟི་བརྗིད་ཆེ་བར་གྱུར་པ་དེས། བདག་གིས་རྟོགས་པའི་ཆོས་འདི་དག་ལས་གོང་མར་གྱུར་ཅིང་ཆེས་གྱ་ནོམ་པ་གང་ཡོད་དམ་ཞེས་བརྟགས་པའི་ཚེ། བདག་གིས་རྟོགས་པ་དེ་དག་ནི་འགག་པའི་ཆོས་སོ། །ཆོས་གང་འགག་པ་མེད་པ་དེ་ནི་ཆེས་གྱ་ནོམ་པ་ཡིན་ལ། གང་སྐྱེས་པ་དེ་ནི་འགག་པའི་ཆོས་ཡིན་ཞིང་། གང་མི་སྐྱེ་པ་དེ་ནི་འགག་པ་མེད་པའོ། །མི་སྐྱེ་བ་དེ་གང་ཡིན་སྙམ་པའི་ཚེ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་སྟེ། ངོ་བོ་ཉིད་དང་བྲལ་བའོ་སྙམ་དུ་ཚུལ་བཞིན་སོ་སོར་བརྟགས་པས་མི་སྐྱེ་བའི་དོན་ལ་བཟོད་པ་ཐོབ་སྟེ། སེམས་ཅན་དཔག་ཏུ་མེད་པ་དེ་ལ་བཙུད་དོ། ༈ །ཡང་དྲང་སྲོང་ལྷག་མཐོང་སྤྱོད་པ་ཞེས་བྱ་བ་ཕྱི་རོལ་པའི་ཆགས་བྲལ་རྫུ་འཕྲུལ་ཆེ་བར་གྱུར་པ་ན། འདོད་པའི་ཟག་པ་འབྱུང་བའི་རྒྱུ་དང་རང་བཞིན་ལ་བརྟགས་པའི་ཚེ། བདག་མེད་པར་རིག་ནས་མངོན་ཤེས་ལྔ་ཡང་ཐོབ་ལ་སེམས་ཅན་དཔག་མེད་བཟོད་པ་དེ་ལ་བཙུད་དོ། ༈ །ཡང་གཙོ་བོའི་བུ་ཙན་དན་ཞེས་བྱ་བར་གྱུར་པའི་ཚེ། དེ་འདི་སྙམ་དུ་འདི་ལྟར་ལམ་མམ་མྱ་ངན་ལས་འདས་པ་ལ་འཛིན་པའི་དངོས་པོ་ཅུང་ཟད་འཛིན་ཀྱང་མངོན་པར་འཚང་རྒྱ་མི་ནུས་ཏེ། དེ་བས་ན་ཐམས་ཅད་དུ་འགྲོ་བའི་ལམ་ཤེས་པ་ལ་མངོན་པར་ཞེན་པ་མེད་པར་བྱ་སྟེ། ཇི་ལྟར་གཟིངས་ལ་བརྟེན་ཏེ་ཕ་རོལ་ཏུ་ཕྱིན་ནས་གཟིངས་འདོར་ལྟར། རྫོགས་པའི་བྱང་ཆུབ་ཐོབ་ནས་ཕ་རོལ་ཏུ་འགྲོ་བའི་ལམ་ཤེས་པ་ལའང་། དེར་བླང་བའི་འདུ་ཤེས་དོར་བར་བྱ་སྟེ། ཇི་ལྟར་འཛད་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བར་ལྟ་བས། ཆོས་ཐམས་ཅད་གཟིངས་ལྟ་བུར་ཡོངས་སུ་མཐོང་བར་འགྱུར་རོ་སྙམ་དུ་རྟོགས་ནས་ཚུལ་དེ་ལྟ་བུ་བསྟན་པས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་སོ། །དེ་བཞིན་དུ་སྲིད་པའི་ཟག་པ་ཀུན་འབྱུང་བར་ཤེས་པར་བྱ་བའི་དོན་དུ་ཚུལ་བཞིན་བརྟགས་པས་ཡང་དག་པའི་ལམ་སྐྱེ་པ་དྲང་སྲོང་སྲིད་པ་ལ་དགའ་བ་སོགས་དང་། དྲང་སྲོང་སྲིད་པ་ཞི་བྱེད་ལ་སོགས་པ་དུ་མར་སྐྱེ་བ་བཞེས་ཏེ། ཡང་དག་པའི་ལམ་ཤེས་རབ་ཀྱིས་བསྐྱེད་ནས་གཞན་དག་ཕྱིར་མི་ལྡོག་པར་བྱས་པ་ཡེ་ཤེས་རྒྱས་པའི་མདོ་ལས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་གྱི་ཚེ་དྲང་སྲོང་རིག་བྱེད་ཤེས་པ་ཞེས་བྱ་བར་གྱུར་པའི་ཚེ་ན། དེ་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཐམས་ཅད་རིག་པ། རྫུ་འཕྲུལ་དང་གཟི་བརྗིད་ཆེ་བ། ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་དུ་གྱུར་ཏེ། དེའི་ཚེ་ཚད་ལོ་སྟོང་ཕྲག་དགུ་བཅུར་གྱུར་ལ། དེ་ལོ་སྟོང་ཕྲག་བརྒྱད་ཅུར་ནམ་ཡང་གློ་ས་ལ་མ་ཕབ་ཅིང་། ནམ་ཡང་རྨུགས་པ་དང་གཉིད་མ་ལོག་སྟེ། གཞན་དུ་སྡུག་བ སྔལ་འདི་དག་གང་ལས་བྱུང་ཞེས་སེམས་པ་ན། མི་ཤེས་པའི་དབང་ལས་གཞན་མིན་ཏེ། མི་ཤེས་པའི་དབང་གིས་འཁོར་བ་རྒྱུན་ཆགས་པར་བྱུང་གིས། ཤེས་ཤིང་མཐོང་ན་ནི་འཁོར་བ་ལྡོག་གོ་སྙམ་མོ། །དེ་ལྟར་ཚུལ་བཞིན་རྟོག་པ་ན། གནས་གཙང་མའི་རིས་ཀྱི་ལྟ་བྱེ་བ་ཕྲག་བརྒྱད་ཅུ་སྟེང་གི་བར་སྣང་ལ་འཁོད་ནས་ཆེད་དུ་བརྗོད་པ་འདི་ལན་གསུམ་བརྗོད་དེ། ཀྱེ་མ་སེང་གེ་སེང་གེ་ཆེ། །སེམས་ཅན་སེང་གེ་འཇིགས་པ་མེད། །སེང་གེ་བསམ་པ་རྣམ་པར་སེམས། །འདྲེན་པ་སེང་གེར་འགྱུར་བ་ཡིན། །བར་སྣང་འདི་ལ་འཁོད་པ་ཡི། །ལྷ་ནི་བྱེ་བ་བརྒྱད་ཅུ་དག །འཇིགས་མེད་སེང་གེ་སྒྲ་སྒྲོགས་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་བྱེད། །ཕྱོགས་བཅུ་དག་ན་སངས་རྒྱས་ཞིང་། །དཔག་ཏུ་མེད་པ་ཐམས་ཅད་དུ། །ཁྱོད་ཀྱི་བློ་ཡི་སྣང་བ་བཏང་། །ཁྱོད་ཀྱིས་ཞིང་ཀུན་སྦྱང་བ་ཡིན། །གླང་པོ་ཆེན་པོ་ཅང་ཤེས་པ། །ཐུབ་པར་དཀར་ཞིང་བསྙེན་པར་དཀའ། །སེམས་ཅན་ཀུན་གྱི་འདྲེན་པ་སྟེ། །རྐང་གཉིས་དམ་པ་མཆོག་ཏུ་འགྱུར། །ཇི་ལྟར་དེ་དག་སྔོན་སངས་རྒྱས། །འདྲེན་མངོན་ཡང་དག་སངས་རྒྱས་པ། །འདྲེན་པ་ཁྱོད་ལ་ཡོད་པས་ན། །གང་ཟག་མཆོག་ནི་སངས་རྒྱ་འཐོབ ། །དེའི་ཚེ་སེམས་མཉམ་པར་བཞག་ནས་འདི་སྙམ་དུ་འདིས་ཅི་ཙམ་ཞིག་སྣང་བར་གྱུར་སྙམ་མོ། །དེ་ལ་གནས་གཙང་མའི་ལྷ་དེ་དག་གིས་སྨྲས་པ། གྲོགས་པོ་དག་ཁྱོད་ཀྱི་སྣང་བ་འདིས་ཕྱོགས་བཅུའི་འཇིག་རྟེན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་དག་སྣང་བར་གྱུར་ཏོ། །དེ་ཐོས་ནས་ཇི་ལྟ་བུའི་དགེ་བའི་ཤུགས་ཐོབ་པས་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ནས། ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཁ་ཅིག་སྐུ་བཙས་པ་དང་། དེ་བཞིན་དུ་ཁ་ཅིག་གོམ་པ་འདོར་བ། མངོན་པར་བྱུང་བ། འཚང་རྒྱ་བ། ཆོས་འཁོར་བསྐོར་བ། སྐུ་ཚེའི་འདུ་བྱེད་གཏོང་བ། ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པ་རྣམས་མཐོང་ཞིང་། སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ་ཡང་ཐོས་ནས། གནས་གཙང་མའི་ལྷ་དེ་དག་ལ་སྨྲས་པ། གྲོགས་པོ་སྔོན་གྱི་འཁོར་བ་ཡི། །མུ་ནི་འཚལ་བར་མ་གྱུར་པས། །བདག་ཅག་རྒྱུད་འདི་སྐྱོ་བ་ཡིས། །བྱང་ཆུབ་ཞི་བ་ཡོངས་སུ་སྤང་། །བྱང་ཆུབ་མཆོག་གི་དོན་གྱི་ཕྱིར། །བདག་ཅག་གོ་ཆ་འདི་ཡང་བསྒོ། །ཞེས་སོགས་ཚིགས་སུ་བཅད་པ་བརྗོད་དོ། །དེའི་སྣང་བས་རེག་པས་སྲོག་ཆགས་དཔག་ཏུ་མེད་པ་ཕྱིར་མི་ལྡོག་པ་ལ་བཀོད་དོ། ༈ །ཡང་སྔོན་དྲང་སྲོང་དཀར་པོ་ལ་གནས་པ་ཞེས་བྱ་བར་གྱུར་བའི་ཚེ། དེ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཏེ། བྱང་ཆུབ་སེམས་དཔས་ཅི་ཞིག་བསླབས་ན་དགེ་བའི་ཆོས་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འབྱུང་སྙམ་མོ། །ཡང་ཆོས་གང་ཡང་བྱེད་པ་མེད་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ངེས་པར་འགྱུར་རོ། །དེ་ཅིའི་ཕྱིར་ན། ཆོས་ཐམས་ཅད་ནི་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མ་ཡིན་ནོ་སྙམ་ནས། དེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་འཇིག་རྟེན་དུ་རྒྱུ་ཞིང་བྱེད་པ་དང་བྲལ་བའི་ཕྱིར་བྱས་པ་མིན་པའི་ཆོས་བསྟན་པས་སྲོག་ཆགས་དཔག་མེད་ཀྱིས་ཐོག་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ༈ །ཡང་དྲང་སྲོང་ཤེས་པ་ཐོགས་པ་མེད་པ་ཞེས་བྱ་བར་གྱུར་པའི་ཚེ། དེ་ངོ་བོ་ཉིད་ཀུན་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པར་གྱུར་ཅིང་། ཡང་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ནས་བར་གྱི་བསྐལ་བ་ཉི་ཤུ་རྩ་བཞིར། རྫུ་འཕྲུལ་གྱི་རྐང་པ་དག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་རྡུལ་ཕྲ་མོ་རྙེད་དུ་རྒྱུ་ཞིང་། ངོ་བོ་ཉིད་ཐམས་ཅད་མི་དམིགས་པའི་ཏིང་ངེ་འཛིན་བར་གྱི་བསྐལ་པ་ཉི་ཤུར་བསྟན་པས་སེམས་ཅན་དཔག་ཏུ་མེད་པ་མི་སྐྱེ་བའི་ཆོས་ཀྱིས་བཟོད་པ་ལ་བཙུད་དོ། ༈ །ཡང་དྲང་སྲོང་སྒྲིབ་པ་མེད་པར་ཤེས་པ་མཐོང་བ་ཞེས་བྱ་བ། ཕྱི་རོལ་པའི་ལམ་གྱིས་ཆགས་བྲལ་རྫུ་འཕྲུལ་དང་མཐུ་ཆེ་བར་གྱུར་པ་ན། དེ་དབེན་པར་སོང་སྟེ། འདི་ལྟར་ཆོས་ནི་གང་ཡིན། སྒྲིབ་པ་ནི་གང་ཡིན་སྙམ་དུ་རྟོག་པ་ན། ཡང་འདི་སྙམ་དུ། ཆོས་ནི་གང་ཡང་མེད་པ། ཆོས་ཀྱི་སྒྲིབ་པ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་ནམ་མཁས་མི་སྒྲིབ་པ་བཞིན་ཏེ་ནམ་མཁའ་ནི་ངོ་བོ་མེད་པའི་ཕྱིར་རོ་སྙམ་ནས། ཏིང་ངེ་འཛིན་དེ་ལས་ལངས་ཏེ། གྲོགས་པོ་དག་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར། ཆོས་གང་ཞིག་ཆོས་གང་ལ་ཡང་སྒྲིབ་པ་མེད་དོ་ཞེས་བསྒྲགས་སོ། །དེ་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་ཡིན་ནོ་ཞེས་པའི་སྒྲ་དེ་ཕྱོགས་བཞིར་རླུང་གིས་ཐོགས་པ་མེད་པར་ཁྱེར་ཏེ། སྒྲ་དེ་སེམས་ཅན་དཔག་ཏུ་མེ་དཔས་ཐོས་ནས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་དགྲ་ངེས་པར་བཅོམ་པའི་ཡུལ་དུ་དེ་བཞིན་གཤེགས་པ་བདེ་མཛད་ཅེས་བྱ་བ་བྱོན་པའི་ཚེ། བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་མོས་པའི་སྟོབས་དང་ལྡན་པ་ཞེས་བྱ་བར་གྱུར་བ་དེས་ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པར་བྱེད་དོ། །དེར་འཁོར་བར་ཡུན་ཏུ་གནས་མི་འདོད་པས་ཉན་ཐོས་ཀྱི་ཐེག་པ་ཅན་རྣམས་སྔོན་གྱི་མཐའ་མི་མངོན་པར་གྱུར་པའི་འཁོར་བ་འདི་སུ་ཞིག་སྤྲོ་ཞེས་ཐེག་ཆེན་པ་རྣམས་དང་ཆོས་དང་མཐུན་པར་རྩོད་པར་བྱེད་དོ། །ཐེག་པ་ཆེན་པོ་བདག་གིས་ཚེ་དང་ལྡན་པ་ཁྱེད་ཅག་སྔོན་གྱི་མཐའ་ཡུན་རིང་པོར་སྡུག་བསྔལ་བསྐྱེད་པ་འདི་ཤེས་སམ། དེ་དག་ན་རེ་མི་ཤེས་སོ། །སྨྲས་པ་ཁྱེད་ཅག་གང་གི་ཚེ་ཡོངས་སུ་བཟུང་བ་དང་བཅས་པ་རྙེད་པ་ན་དེའི་ཚེ་འཇིགས་སམ། ཁྱེད་ཅག་སྤྲོ་བ་ཆེན་པོ་མ་བྱས་པ་ལ་རྟོག་ལ། བྱས་པ་ལ་ནི་མི་རྟོག །ཚེ་དང་ལྡན་པ་དག་བྱས་པ་བཏང་ནས་མ་བྱས་པ་ལ་རྟོག་པ་དི་ནི་འཇིགས་པར་འགྱུར། གང་ཞིག་བྱས་པ་ལ་རྟོག་ཅིང་མ་བྱས་པ་ལ་མ་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་མང་དུ་བྱས་སོ། །དེས་བྱས་པ་རྟོག་པ་དེ་ནི་འཇིགས་པ་མེད་དོ། །ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། བྱས་པ་བྱས་པ་ལ་ཡོངས་སུ་བརྟག་པར་བྱ་སྟེ། དེ་ལྟར་བརྟག་པ་དེ་ནི་བདག་གིས་མང་དུ་བྱས་སོ་ཞེས་མི་མཐོང་ངོ་། །ཚེ་དང་ལྡན་པ་དག་སྔོན་བྱུང་བའི་དུས་ཞིག་ན་དྲང་སྲོང་རྟ་དམར་ཞེས་བྱ་བས་འདི་སྙམ་དུ་འཇིག་རྟེན་གྱི་མཐར་སོང་ནས་འཆི་བའི་དུས་བྱའོ་སྙམ་དུ། གོམ་པ་རེ་རེས་རི་རབ་ཀྱི་རྩེ་མོའི་འདོར་ཏེ། རྫུ་འཕྲུལ་གྱིས་སོང་ཡང་འཇིག་རྟེན་གྱི་མཐར་མ་ཕྱིན་པར་འཆི་བའི་དུས་བྱས་སོ། །ཚེ་དང་ལྡན་པ་དག་རྐང་པས་འཇིག་རྟེན་གྱི་མཐར་འགྲོའོ་ཞེས་བཅོམ་ལྡན་འདས་ཀྱིས་མི་གསུང་སྟེ། ཡེ་ཤེས་ཀྱིས་འཇིག་རྟེན་གྱི་མཐར་འགྲོའོ། །གང་ཁྱེད་མ་འོངས་པའི་སྡུག་བསྔལ་དུ་འདུ་ཤེས་ནས་སྡུག་བསྔལ་བར་སེམས་ཀྱི། བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་སྲེད་པ་ཟད་པའི་མཐར་འགྲོ་བར་བྱེད་ཀྱི་འཇིག་རྟེན་གྱི་མཐའ་འདོགས་པར་ནི་མི་བྱེད་པས་དེ་དག་ལ་སྡུག་བསྔལ་གྱི་འདུ་ཤེས་མེད་དོ་ཞེས་སྨྲས་ཀྱང་། ཉན་ཐོས་ཀྱི་ཐེག་པའི་དགེ་སློང་མང་པོ་དེ་དག་བཟློག་པར་མ་ནུས་ཏེ། དེ་ཅིའི་ཕྱིར་ན་དགེ་སློང་དེ་དག་ལ་མོས་པའི་སྟོབས་མེད་པས་བླ་མེད་རྫོགས་བྱང་བསྒྲུབ་པའི་སྐལ་བ་མེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པར་འདོད་པས་མོས་པའི་སྟོབས་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། ༈ །ཡང་སྔོན་རྒྱལ་པོ་དངོས་པོ་ངེས་པར་འཛིན་པ་ཞེས་བྱ་བ་ཆོས་དང་ལྡན་པ་དེས་དངོས་པོ་ཐམས་ཅད་ནི་གང་གིས་བྱ་བ་དེ་དེ་ལྟར་གྱུར་ཏེ་གཞན་དུ་མ་ཡིན་པས་ངེས་པ་ཅན་ནོ་སྙམ་པ་ལ། དེའི་ཚེ་བཅོམ་ལྡན་འདས་ཉིད་རྒྱལ་པོ་དེའི་བློན་པོ་ཆོས་ལ་སྤྱོད་པ་ཞེས་བྱ་བ་མཛངས་ཤིང་དཔྱོད་པ་བྱ་བ་དང་བྱ་བ་མ་ཡིན་པ་ལ་མཁས་པ། རྒྱལ་སྲིད་ཡོངས་སུ་སྐྱོང་བ། སངས་རྒྱས་དཔག་མེད་ལ་བསྙེན་བཀུར་བྱས་པ་ཐེག་ཆེན་ལ་གནས་པ་ཞིག་ཏུ་གྱུར་ཏོ། །དེས་རྒྱལ་པོ་དེ་དངོས་པོ་རྣམས་མཐའ་གཅིག་ཏུ་ངེས་པར་འཛིན་པ་དེ་ལས་བཟློག་པའི་ཕྱིར་གསེར་གྱི་སྣོད་བྱེད་དུ་བཅུག་སྟེ། ཏིལ་མར་དང་། མར་དང། ཁར་དང་། བཟའ་བ་དང་། བཏུང་བ་དང་། བཅའ་བ་སོགས་ཀྱི་སྣོད་སོ་སོར་བྱས་ནས། རྒྱལ་པོ་ཆེན་པོ་སྣོད་འདི་གང་གི་སྣོད་ལགས་ཞེས་བྱས་སོ། །རྒྱལ་པོས་གྲོང་གི་གཙོ་བོ་འདི་དག་གང་གི་སྣོད་དུ་རུང་བ་ཁྱོད་ཀྱིས་ཤེས་པར་གྱིས་ཤིག །དེས་འདི་ནི་ཆུའི་སྣོད་དོ། །འདི་ནི་ཏིལ་མར་གྱི་སྣོད་དོ། །ཞེས་སོགས་སོ་སོར་ངེས་པར་བསྟན་ཏོ། །ཕྱིས་ཏིལ་མར་གྱི་སྣོད་དུ་མར་བླུག་པ་སོགས་སྣོད་ཕན་ཚུན་བརྗེས་ཏེ་བླུགས་ནས། རྒྱལ་པོ་གདུགས་ཚོང་ལ་སྤྱན་དྲངས་པའི་ཚེ་རིམ་གྲོ་བ་ལ་སྨྲས་པ། བཀྲུ་བཤལ་བྱ་བའི་ཆུ་སྣོད་ནས་ཆུ་ཁྱེར་ཏེ་ཤོག་ཅེས་བྱས་པ་ལ། ཆུས་བཀང་བའི་སྣོད་དེ་ཕུལ་བ་དང་། རྒྱལ་པོ་དེ་སྣོད་སྔ་མ་མ་ཡིན་པར་མཐོང་ནས་བློན་པོ་ལ། གྲོང་གི་གཙོ་བོ་སྣོད་བྱས་པ་འདི་དག་ཆུད་མ་ཟོས་སམ། གང་ཆུ་སྣོད་དུ་མར་བླུགས། དེ་བཞིན་དུ་འཆོལ་བར་བྱས་ནས་སྣོད་ཐམས་ཅད་ཆུད་མ་ཟོས་སམ། བློན་པོས་སྨྲས་པ། ཇི་ལྟར་སྣོད་ཀྱི་རྣམ་པ་འདི་དག་ཆབ་འཚལ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་རྣམ་པར་འཇིག་པའི་མཐའ་ཅན་ལགས་ཏེ། དངོས་པོ་གང་ཡང་ངེས་པ་མ་མཆིས་སོ། །དངོས་པོ་ཐམས་ཅད་ནི་ཡོངས་སུ་འགྱུར་བ། མི་རྟག་པ། གཞན་དུ་འགྱུར་བ། རྟག་པ་མེད་པ། ངེས་པ་མེད་པ་ཡིན་པས། རྒྱལ་པོ་ཆེན་པོ་མི་རྟག་པ་དང་། ངེས་པ་མེད་པའི་དངོས་པོ་གཡོ་བའི་འདུ་ཤེས་བསྒོམ་པར་བགྱིའོ། །རྒྱལ་པོ་ཆེན་པོ་གཞན་ཡང་གཞོན་ནུ་ནི་བར་མར་འགྱུར། དར་ལ་བབ་པ་ནི་རྒས་པར་འགྱུར། རྒས་པ་ཡང་འགུམ་བར་གདའ་ལགས་ཏེ། དེ་བས་ན་དངོས་པོ་ཐམས་ཅད་ལ་ངེས་པ་མ་མཆིས་ལགས་སོ། །རྒྱལ་པོ་དེས་གྲོང་གི་གཙོ་བོ་ལེགས་སོ་ཤེས་པ་འདི་རྟོགས་པའི་ཕྱིར་འབད་པར་བྱའོ་ཞེས་དངོས་པོ་ངེས་པར་འཛིན་པ་དེ་དོར་བར་བྱས་སོ། ༈ །ཡང་སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་ཉིད་རྒྱལ་པོ་དྲང་སྲོང་སྐྱེ་བ་ཚོལ་བ་ཞེས་བྱ་བར་གྱུར་པའི་ཚེ། དེས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བ་ན། དབང་པོ་ཡུལ་རྣམས་ལ་རྣམ་པར་གཡེང་བ་ལ་འདི་སྙམ་དུ། ཀྱེ་ཧུད་བདག་གིས་ཡུལ་གང་དག་བཏང་ནས་རབ་ཏུ་བྱུང་ན་དེ་དབང་པོ་རྣམ་པར་གཡེང་བ་ནི་ལེགས་ཤིང་རུང་བ་མ་ཡིན་ཏེ། དེས་དབང་པོ་རྣམ་པར་འཁྲུལ་བ་ཡུལ་གྱི་གཟེབ་ལ་བཅུག་པ་དེ་དག་ནམ་མཁའ་ལྟ་བུར་མཉམ་པའི་ཏིང་ངེ་འཛིན་ལ་བསྟེན་ནས་སྟོབས་ཆེན་པོས་ཕ་རོལ་ནོན་པ་ཡང་དག་པར་བསྐྱེད་པར་བྱ་དགོས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་དེ་གང་ཡིན་སྙམ་མོ། །ཡང་འདི་སྙམ་དུ་ཆོས་འདི་དག་ནི་ནམ་མཁའ་དང་མཉམ་པ་སྟེ། ནམ་མཁའ་ལ་ཐོགས་པ་མེད་པ་བཞིན་དུ་ཡུལ་ཐམས་ཅད་ཀྱང་ནམ་མཁའ་དང་འདྲ་སྟེ་ཡོངས་སུ་མི་རྟོག་པ་ནི་ཐོགས་པ་མེད་དོ། །ཡོངས་སུ་རྟོགས་པ་ནི་འཆིང་བ་ལ། ཡོངས་སུ་མི་རྟོག་པ་ནི་ཐར་པའོ། །དེའི་ཕྱིར་བདག་གིས་ཡོངས་སུ་རྟོག་པ་གཏང་བར་བྱའོ་སྙམ་དུ་ཡོངས་སུ་འཛིན་པ་ཐམས་ཅད་གཅོད་པར་བྱ་བ་ལ་ཞུགས་པས་དེས་ནམ་མཁའ་ལྟར་མཉམ་པའི་ཏིང་ངེ་འཛིན་ཐོབ་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་སྟོབས་བསྐྱེད་པ་ཐོབ་པས་ཏ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ཏེ། མི་གང་ཐོགས་མེད་ཆོས་ནི་རྗེས་སུ་རྟོགས། །དེ་ནི་སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཤེས། །སྔོན་གྱི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཞུགས། །ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་ཆོས་རྣམས་ཤེས། །ཆོས་འདི་ཐམས་ཅད་ནམ་མཁའ་ལྟ་བུ་སྟེ། །ཆོས་ཉིད་ཤེས་པར་བྱ་བ་ཡོད་མ་ཡིན། །ཆོས་ཉིད་ལ་ནི་ཆོས་ཉིད་གང་མེད་རྟོགས། །ཆོས་འདི་ཐམས་ཅད་འགྱུར་མེད་གཉིས་སུ་མེད། །ཅེས་སོགས་ཚིགས་སུ་བཅད་པ་སྨྲས་སོ། །དེ་ལྟར་རྒྱལ་པོ་དེས་གང་ཕ་རོལ་ལས་མ་ཐོས་པར་རང་གི་བློས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་ལྟ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས་སངས་རྒྱས་བྱུང་བ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་། ཆོས་ཟབ་མོ་ལ་རྣམ་པར་ཤེས་ཤིང་རྟོགས་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་རྒྱལ་པོ་དྲི་མེད་དབང་བསྐུར་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་པའི་ཚེ་ན། དེས་བློན་པོ་དང་དགེ་སྦྱོང་བྲམ་ཟེ་རྣམས་ལ་ཆོས་འདྲི་ཞིང་དཔྱད་པར་བྱེད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་དྲི་མེད་སྤྱན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པ་ལ། རྒྱལ་པོ་དེ་སྲོག་ཆགས་འབུམ་ཕྲག་བརྒྱད་དང་། བློན་པོ་སྟོང་དང་། བུད་མེད་འབུམ་ཕྲག་བརྒྱད་དང་ལྷན་ཅིག་སངས་རྒྱས་དེའི་དྲུང་དུ་སོང་བ་ན། དེ་བཞིན་གཤེགས་པ་དེས་སྲོག་ཆགས་དཔག་ཏུ་མེད་པ་ལ་ཆོས་སྟོན་ཀྱང་འཁོར་དེར་སྒྲ་ཆུང་ཞིང་ཐམས་ཅད་ཀྱིས་རྣ་བ་བླགས་ཏེ་ཉན་པར་མཐོང་ནས། རྒྱལ་པོ་དེ་སྔོན་དགེ་བའི་རྩ་བ་བསགས་པ་བུད་མེད་དེ་དག་གི་ནང་ན་འདུག་བཞིན་བསམ་གཏན་བཞི་པའི་བར་ལ་སྙོམས་པར་ཞུགས་སོ། །རྒྱལ་པོ་དེས་དེ་བཞིན་གཤེགས་པ་མཐོང་ནས་གཞལ་དུ་མེད་པའི་དགའ་བ་དང་། དད་པ་སྐྱེས་ཏེ་དེ་བཞིན་གཤེགས་པ་འཁོར་འདི་སྙེད་ཅིག་ཡོད་པ་ལ་ཕྱིར་བརྒལ་བར་སུས་ཀྱང་མི་ནུས་ལ། སྤྱོད་ལམ་ཀྱང་ཞིབ་འདི་ལྟ་བུ་ཐུན་མོང་མིན་པའི་ཡེ་ཤེས་དང་ལྡན་པའོ་སྙམ་དུ་བསམ་མོ། །དེ་བཞིན་གཤེགས་པ་དེས་རྒྱལ་པོ་ལ་བྱོན། དེ་བཞིན་གཤེགས་པ་མཐོང་ན་དོན་ཡོད་པའོ་ཞེས་སོགས་གསུངས་ཤིང་རྒྱལ་པོ་འཁོར་བཅས་ཀྱིས་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས་འཁོད་དོ། །དེར་ཚངས་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་སྟེང་གི་བར་སྣང་ལ་ཐལ་མོ་སྦྱར་ཏེ་འཁོད་པ་དེ་དག་འདོད་པའི་ལྷ་རྣམས་ཀྱིས་མི་མཐོང་ན་མི་རྣམས་ཀྱིས་ལྟ་ཅི་སྨོས་ཀྱང་སངས་རྒྱས་དེའི་རྫུ་འཕྲུལ་གྱིས་འདོད་གཟུགས་ཀྱི་ལྷ་རྣམས་མི་དག་གིས་མཐོང་བར་མཛད་པ་ལ། རྒྱལ་པོ་དེས་དེ་བཞིན་གཤེགས་པ་འདི་ལ་སུས་ཀྱང་རྒོལ་བར་མི་ནུས་ཏེ། འདོད་གཟུགས་ཀྱི་ལྷ་ཐམས་ཅད་ཀྱང་ཐལ་མོ་སྦྱར་ཏེ་འདུག་གོ་སྙམ་མོ། དེ་ནས་རྒྱལ་པོ་དེས་ཐལ་མོ་སྦྱར་བས་བཏུད་ཅིང་ཚིགས་སུ་བཅས་པས་བསྟོད་པ་དང་། ཞུ་བ་ཞུས་པ་ལ། དེ་བཞིན་གཤེགས་པས་ལན་སྩལ་བས་དགའ་བར་གྱུར་ཅིང་། མངོན་པར་བསྟོད་པའི་དགེ་རྩ་དེས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དྲུག་ཏུ་ལོག་པར་མ་སོང་ཞིང་བསོད་ནམས་ཀྱང་མིགས་སོགས་མཛེས་ཤིང་ཤེས་པ་དང་ཆོ་འཕྲུལ་ཅན་དུ་གྱུར་པ་སོགས་ཀྱི་ཡོན་ཏན་ཐོབ་བོ། ༈ །ཡང་སྔོན་དེ་བཞིན་གསེགས་པ་ནྱ་གྲོ་དྷའི་རྒྱལ་པོ་ཞེས་བྱ་བ་ཞིང་ཤིན་ཏུ་རྒྱ་ཆེ་ཞིང་དག་པ། སེམས་ཅན་རྣམས་ཀྱི་ཚེའི་ཚད་ལོ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་གྱུར་པ་དེའི་དུས་ན། བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་ཡིད་གཉིས་ལས་ཡང་དག་པར་འདས་པ་ཞེས་བྱ་བར་གྱུར་པ་དེས་ཞིང་དེར་རྒྱལ་སྲིད་བྱེད་དོ། །དེ་ལ་འཁོར་གྱི་བུད་མེད་འབུམ་ཕྲག་བརྒྱད་ཅུ་དང་བློན་པོ་སྟོང་ཡོད་དོ། །རྒྱལ་པོ་དེས་སེམས་ཅན་ནོར་མེད་པ་དེ་དག་རྒྱལ་པོའི་བང་མཛོད་ནས་ནོར་དང་ལྡན་པར་བྱའོ་སྙམ་པ་དང་། ཚུལ་ཁྲིམས་འཆལ་བའི་འདུ་ཤེས་མེད་པར་ཚུལ་ཁྲིམས་དང་ལྡན་པའི་འདུ་ཤེས་དང་། དུས་གསུམ་མེད་པ་དང་ཉལ་བ་དང་གཉིད་ལོག་པ་སོགས་མེད་པར་དྲན་ཤེས་བཞིན་བག་ཡོད་ཀྱིས་གནས་སོ། །བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་བསམ་གཏན་ལ་སྙོམས་པར་ཞུགས་པ་དང་ཚད་མེད་པ་དང་། གནས་ཤེས་པ་སོགས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་སེམས་ཤིང་འདུག་པ་ལ། སྔོན་འབྲེལ་བའི་ལྷ་ཞིག་གིས་དེ་བཞིན་གཤེགས་པའི་དྲུང་དུ་འདོང་བར་བསྐུལ་བས། འཁོར་བསྡུས་ཤིང་དེ་བཞིན་གཤེགས་པའི་དྲུང་དུ་སོང་བ་སངས་རྒྱས་དེས་གཟིགས་ནས་རྒྱལ་པོའི་ལམ་ཐམས་ཅད་རྒྱན་གྱི་བཀོད་པས་བརྒྱན་ཅིང་ལྷ་རྣམས་ལ་རྒྱལ་པོ་ལ་རིམ་གྲོ་བྱེད་པར་བསྐུལ་ཏོ། །རྒྱལ་བོས་དེ་ལྟ་བུ་མཐོང་ནས་དེ་ཅི་ཞིག་ཅེས་བློན་པོ་རྣམས་ལ་དྲིས་པ་ལ། སྔོན་གྱི་གཉེན་དུ་གྱུར་པའི་ལྷས་སྨྲས་པ་བཞིན་ཏུ། དེ་དག་་གིས་འདི་རྣམས་ནི་འཇིག་རྟེན་མགོན་པོའི་རིམ་གྲོ་བ་སྟེ་རྒྱལ་པོ་ཁྱོད་ལ་ཐུགས་བརྩེ་བས་སངས་རྒྱས་དེས་དེ་ལྟར་བྱེད་དུ་གཞུག་པ་ཡིན་ནོ་ཞེས་སྨྲས་པས། རྒྱལ་པོ་ཤིང་རྟ་ལས་བབ་སྟེ། གུས་བའི་སྤྱོད་ལམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་པ་སངས་རྒྱས་དེ་གཟིགས་ནས་སངས་རྒྱས་ཀྱི་ཕྱོགས་སུ་གོམ་པ་བོར་བའི་བསྔགས་པའི་ཚིགས་བཅད་ཀྱང་གསུངས་སོ། །དེའི་ཚེ་གནས་གཙང་མའི་ལྷ་དག་གིས་བཅོམ་ལྡན་འདས་དེ་ལ་མཆོད་པའི་ཕྱིར་གོས་དང་གདུགས་འབུམ་ཕྲག་བརྒྱད་ཅུ་མངོན་པར་སྤྲུལ་པ་དེ་རྒྱལ་པོས་མཐོང་ནས་འདི་ག་ལ་འོངས་སྙམ་པའི་མོད་ལ་མི་སྣང་བར་གྱུར་པ་དེ་གར་སོང་སྙམ་པ་ལ། ལྷ་དེ་དག་གིས་རྒྱལ་པོ་ལ། འགྲོ་འོང་སྐྱེ་འགག་མེད་པའི་ཚིགས་བཅད་སྨྲས་པས་དོན་ཁོང་དུ་ཆུད་དེ་ཐེ་ཚོམ་དང་བྲལ་བར་གྱུར་ཏོ། ༈ །ཡང་སྔོན་གྱི་དུས་སུ་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཏོག་གི་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་གྲགས་ཆེན་ཞེས་བྱ་བ་ཕྱི་རོལ་བའི་ལམ་གྱིས་ཆགས་བྲལ་རྫུ་འཕྲུལ་དང་གཟི་བརྗིད་ཆེ་བ་དེ་མི་རྣམས་ཀྱིས་ཚེས་བཅོ་ལྔ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་འདུན་ཁང་དུ་འགྲོ་ཞིང་ལྷ་རྣམས་དང་ཆོས་ཀྱི་བགྲོ་བ་བྱེད་དེ། གྲོགས་པོ་དག་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ན་ཆོས་སྟོན་པར་མཛད་པ་དང་ལྡན་ནོ་ཞེས་སོགས་རྗོད་པར་བྱེད་དོ། །དེའི་ཚེ་གཞན་ཡང་རྒྱལ་པོ་ཏོག་གི་བློ་གྲོས་དང་། ཁྱབ་འཇུག་བློ་གྲོས་དང་། སྐར་འོད་ལ་སོགས་པ་རྒྱལ་པོ་ཁྲི་ཕྲག་དགུ་ཡང་སུམ་ཅུ་རྩ་གསུམ་པའི་འདུན་ཁང་དུ་ལྷ་རྣམས་དང་ཆོས་འགྲོ་བར་བྱེད་དོ། །གྲོགས་པོ་དག་ཆོས་སྨྲ་བ་དག་གི་ཕྱོགས་སུ་བྱ་ཞིང་། ཆོས་མིན་སྨྲ་བའི་ཕྱོགས་སུ་མི་བྱ། དེ་བཞིན་དུ་ཡང་དག་པར་སྨྲ་བ་དང་། ཞི་བ་དང་། བདེན་པ་དང་། སྟོང་པ་ཉིད་སྨྲ་བ་དང་། བདག་མེད་པར་སྨྲ་བ་དག་གི་ཕྱོགས་བྱ་ཞིང་། དེའི་འགལ་ཟླའི་ཕྱོགས་སུ་མི་བྱ་སངས་རྒྱས་རྣམས་ནི་སྟོང་པ་ཉིད་གསུང་སྟེ་གང་ཟག་མི་གསུང་ངོ་། །གྲོགས་པོ་དག་བཅོམ་ལྡན་ཀྱིས་ནང་དང་ཕྱིའི་སྐྱེ་མཆེད་བཅུ་གཉིས་དག་ངོ་བོ་ཉིད་དང་བྲལ་བར་གསུངས་སོ་ཞེས་བགྲོ་བ་ལས། ལྷའི་འཁོར་མང་པོ་དག་གིས་སྒྲ་གསལ་པོས་སྨྲས་པ། གྲོགས་པོ་དག་སྟོང་པ་ཉིད་ཡིན་ན་ལས་མངོན་པར་འདུ་བྱེད་པ་ཇི་ལྟར་ཡོད། གལ་ཏེ་བདག་དང་བདག་གི་མེད་ན་ལྷའི་འཁོར་འདི་ལས་མངོན་པར་འདུ་བྱེད་པ་གང་གིས་སྐྱེ་བར་འགྱུར་ཞེས་སྨྲས་པ་ལ། ལྷའི་འཁོར་གཞན་དག་གིས་སྨྲས་པ། གྲོགས་པོ་དག་སངས་རྒྱས་ཀྱི་བསྟན་པ་ལ་སྐུར་པ་མ་འདེབ་ཅིག །ལྟས་ལྔ་བྱུང་ནས་ལྷའི་བུ་འཕོ་ཞིང་སྐྱེ་བ་ནི་ཁྱེད་ཀྱི་མངོན་སུམ་ཡིན་ལ། ཅི་ལྷའི་བུ་འཆི་བའི་བདག་པོ་མཐོང་བ་དེ་ལ་བདག་ལ་གནོད་པ་དེ་གང་ཡིན་ཞེས། གང་དུ་བདག་ཅག་འདུས་ཀྱང་ལྷའི་བུ་དེ་གནོད་པ་ལས་ཡོངས་སུ་བསྒྲལ་མི་ནུས་ཏེ། ལྷས་དང་པོ་ལ་ཡང་བདག་མི་སྣང་། དེ་བཞིན་གཉིས་པ་ནས་ལྔ་བའི་བར་དུ་དེ་ལ་བདག་མི་སྣང་། འཆི་བར་འདོད་པའི་བདག་མི་སྣང་། འཆི་བ་དང་ཤི་བའི་བདག་མི་སྣང་། འདི་ལ་བདག་དང་བདག་གི་བ་མེད་ཅིང་ཆོས་ཐམས་ཅད་ནི་བདག་གམ་བདག་གི་བས་སྟོང་སྟེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་ཡང་དག་པར་གསུང་པའོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོ་ཁྲི་ཕྲག་དགུ་པོ་དེ་ལ་སྨྲས་པ། ཁྱེད་ཅག་གཅིག་ཏུ་འདུས་ཤིག །ཀྱེ་མ་ལྷའི་འཁོར་འདི་ནི་མི་མཐུན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་མི་ཤེས་ཤིང་མ་རྟོགས་སོ། །བདག་ཅག་རེ་ཞིག་འཛམ་བུའི་གླིང་ཉིད་དུ་ཆོས་འགྲོ་བར་བྱ་སྟེ། གལ་ཏེ་ཆོས་ཐམས་ཅད་མི་སྟོང་ཞིང་བདག་དང་བདག་གི་ཡོད་པ་དེ་ཙམ་གྱི་ཕྱིར་ལྷའི་འདུན་ཁང་དུ་ཆོས་བགྲོ་བར་འདོད་པ་བྱས་ན་ལྷའི་འཁོར་འདི་དག་ཕྱིན་ཅི་ལོག་ལ་ཞུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཐེ་ཚོམ་དུ་མ་ཡོད་དོ། །ཚུར་ཤོག་འཛམ་བུའི་གླིང་དུ་ཆོས་བགྲོ་བར་བྱའོ། །དེ་ནས་འཁོར་དེ་དག་ཕྱོགས་གཅིག་ཏུ་དོང་ནས་རྒྱལ་པོ་ཏོག་གི་བློ་གྲོས་ལ་སྨྲས་པ། ཁྱོད་ནི་ཡུལ་དབུས་སུ་སྐྱེས་པ་ལགས་ཏེ། ཤར་ལྷོ་ནུབ་བྱང་གི་མཐའ་འཁོབ་བ་མ་ལགས་སོ། །ཁྱོད་ནི་ཆོས་ཀྱི་ཚུལ་མངོན་པར་མཁྱེན་པ་ལགས་སོ། །ཏོག་གི་བློ་གྲོས་ཀྱིས་མཐའ་ཁོབ་ཀྱི་རྒྱལ་པོ་རྣམས་ལ་སྨྲས་པ། ཁྱེད་ཅག་རེ་ཞིག་ཤར་ཕྱོགས་ཀྱི་རྒྱལ་པོ་ཉི་ཤུ་རྩ་ལྔ། དེ་བཞིན་ལྷོ་དང་ནུབ་དང་བྱང་གི་ཉི་ཤུ་རྩ་ལྔ་སྟེ་གང་མཛངས་ལ་མཁས་ཤིང་དཔྱོད་པ་ཅན། རྟབ་རྟབ་པོ་མིན་པ། མ་བརྟགས་པ་དང་འཁྲུལ་པ་མེད་པ། རིངས་པ་མེད་པ། གང་བདག་གི་རྒྱུད་འབྱེད་པར་ནུས་པ་བརྒྱ་ཞིག་ཁྲོ་བས་ཤིག །རྒྱལ་པོ་དེ་དག་གི་བཀའ་བཞིན་འཚལ་ཞེས་རྒྱལ་པོ་བརྒྱ་བཀྲབས་སོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་རྒྱལ་པོ་བརྒྱ་དང་ལྷན་ཅིག་ངང་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་འཕགས་ནས་གངས་རིའི་རྒྱལ་པོ་ལ་སོང་བ་དང་། དེ་དག་གི་ཁྱམས་ལྷས་སྤྲུལ་ཞིང་ལྷའི་རྒྱལ་པོ་དེ་དག་ཐམས་ཅད་ཀྱང་འོངས་སོ། །དེར་དབུས་སུ་རྒྱལ་པོ་ཏོག་གི་བློ་གྲོས་ཀྱི་སྟན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་མངོན་པར་སྤྲུལ་ཏོ། །རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་ཕྱོགས་བཅུར་ཕྱག་བྱས་ནས་སྟན་དེ་ལ་འདུག་སྟེ། རྒྱལ་པོ་དགུ་བཅུ་རྩ་དགུ་པོས་དེའི་རྐང་པ་ལ་ཕྱག་བྱས་ནས་འཁོར་དུ་འདུག་གོ། །སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ཅིང་འཛམ་བུའི་གླིང་གི་མི་རྣམས་ལ་ནི་དམ་པའི་ཆོས་མངོན་དུ་གྱུར་བས་རེ་ཞིག་ཆོས་ནུབ་པར་མི་འགྱུར་རོ་སྙམ་ནས་ལྷའི་མེ་ཏོག་མན་དཱ་ར་བའི་ཆར་ཕབ་ཅིང་ཆོས་ཉན་པར་འཁོད་དོ། །དེ་ནས་རྒྱལ་པོ་ཏོག་གི་བློ་གྲོས་ཀྱིས་རྒྱལ་པོའི་ཕོ་ཉ་གཞན་ཞིག་ལ་སྨྲས་པ། གྲོགས་པོ་གངས་རིའི་རྒྱལ་པོ་འདིའི་རྩེ་མོའི་དབུས་ན་དྲང་སྲོང་དགེ་བའི་བློ་གྲོས་ཞེས་བྱ་བ་གནས་ཏེ་དེ་ལ་རྒྱལ་པོའི་འཁོར་འདུག་པ་འདི་དག་ཁྱོད་མཐོང་བར་འཚལ་ལོ་ཞེས་སྤྱན་དྲོངས་ཤིག་ཅེས་སྨྲས་པ་དེ་སྐད་ཅིག་ལ་རྫུ་འཕྲུལ་གྱིས་དྲང་སྲོང་དེའི་གན་དུ་ཕྱིན་ཅིང་ཕྱག་འཚལ་ནས་འཕྲིན་སྨྲས་སོ། །དྲང་སྲོང་དེས་དེ་བཞིན་གཤེགས་པ་ས་འཛིན་ཡོངས་སུ་མྱ་ངན་ལས་འདའ་བའི་སྒྲ་ཐོས་པས་མཆི་མ་འབྱིན་ཞིང་། མཆི་མའི་རྒྱུན་དང་མཆི་མ་དེ་དག་གི་དྲོད་ཀྱིས་གངས་རིའི་རྒྱལ་པོའི་རྩེ་མོ་ཞུའོ། །མཆི་མ་ཕྱིས་ནས་རྒྱལ་པོ་ཕོ་ཉ་དེ་ལ་སྨྲས་པ། གྲོགས་པོ་གལ་ཏེ་དེ་བཞིན་གཤེགས་པ་དེ་མཐོང་བའམ་ཐོས་པའི་སེམས་ཅན་འགའ་ཡོད་དམ། དམ་པའི་ཆོས་གནས་ཏེ་མ་ནུབ་བམ། ཁྱོད་སོང་ཤིག་ང་ནི་མི་འགྲོའོ། །དེ་ཅིའི་ཕྱིར་ན། ང་དེ་བཞིན་གཤེགས་པའི་གནས་པ་ཞི་བ་བཏང་ནས་འདུ་འཛིར་འཇུག་མི་ཕོད་དོ། །ཕོ་ཉ་དེས་སྨྲས་པ། གྲོགས་པོ་འདི་ལ་བདག་ཡོད་དོ། །བདག་མེད་དོ་ཞེས་ལྷ་རྣམས་དང་རྩོད་པ་བྱུང་བ་དེའི་བྱས་པ་འདི་ཁྱོད་ལས་ཚོལ་ལོ། །དྲང་སྲོང་དེས་སྨྲས་པ། གལ་ཏེ་བདག་ཡོད་ན། མི་རྒ་མི་འཆི་མིན་པའི་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་སྐྱེ་བའམ། རྒ་བའམ། འཆི་བ་མེད་ཅིང་དེ་ལ་སྦྱིན་པ་ལ་དགའ་བར་ཡང་མི་འགྱུར་ཏེ། དེ་བས་ན་བདག་མེད་དོ་ཞེས་དེ་སྐད་བསྟན་པས། ཕོ་ཉ་དེའི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་རྣམ་པར་དག་སྟེ། དེ་ནས་ཕོ་ཉ་དེ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་འཁོར་དེ་དག་ཏུ་སོང་ཞིང་བར་སྣང་ལས་འོང་བཞིན་དུ་སྒྲ་བྱུང་བ། གྲོགས་པོ་དག་དམ་པའི་ཆོས་གནས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་འབར་རོ། །གང་དག་མངོན་པར་བརྩོན་པས་ནི་དེ་བཞིན་གཤེགས་པའི་བསྟན་པ་ལས་སྙིང་པོ་ལེན་ནོ། །མངོན་པར་བརྩོན་པ་མེད་པ་ལ་ནི་སངས་རྒྱས་འབྱུང་བ་མེད། ཆོས་ཐོས་པ་མེད། དམ་པའི་ཆོས་འཛིན་པ་མེད་དོ། །གང་མི་བརྩོན་པ་དེ་དག་ཕྱིར་ལྡོག་པར་བྱེད་དོ། །གང་མངོན་པར་བརྩོན་པ་ལ་དམ་པའི་ཆོས་གནས་ཏེ། འདུ་བྱེད་ཐམས་ཅད་མི་རྟག་པའོ། །འདུ་བྱེད་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་ཤེས་སོ། །ཞེས་སྨྲས་པས་དེའི་སྒྲ་དེ་རླུང་གིས་ཏེ་ཕྱོགས་བཅུར་གྲགས་ཤིང་། སྒྲ་དེ་ཐོས་པས་གང་བདག་ཏུ་སྨྲ་བ་རྣམས་ནི་བདག་མེད་པ་ལ་གནས། གང་བདག་མེད་པར་སྨྲ་བ་དེ་དག་ནི་བྱ་བ་བྱས་པར་གྱུར་ཏེ། ཚུལ་དེ་དག་ཐམས་ཅད་ནི་རྒྱལ་པོ་ཏོག་གི་བློ་གྲོས་ཀྱི་མཐུ་ཡིན། དེ་ལྟར་རྒྱལ་པོ་དེས་དེ་དག་ཐམས་ཅད་ཆོས་ལ་བཙུད་ཅིང་། ཇི་ལྟར་འདིར་སྔོན་གྱི་སྤྱོད་པས་སངས་རྒྱས་ཁྲི་དག་ལ་བསྙེན་བཀུར་བྱས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་ནས་དེ་ལྟ་བུའི་སྒྲ་བཏང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྒྲས་གོ་བར་བྱས་ཏེ་ཆོས་སྣང་བར་བྱས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་ཀྱི་བསྟན་པ་ལ་བག་ཚ་བ་མེད་པའི་ཤེས་པས་སེང་གེའི་སྒྲ་བསྒྲག་པར་བྱའོ། །ཞེས་གསུངས་སོ། ༈ །ཡང་སྔོན་འདས་པའི་དུས་ན་གྲོང་ཁྱེར་རྩྭ་མཆོག་ཉིད་དུ་དེ་བཞིན་གཤེགས་པ་རབ་ཏུ་དགའ་བ་བསྐྱེད་པ་ཞེས་བྱ་བ་བྱོན་པའི་ཚེ། འཇིག་རྟེན་གྱི་ཁམས་འདི་ཡང་ཤིན་ཏུ་ཡངས་ཤིང་བདེ་ལ་འབྱོར་བ་བདེ་བ་ཅན་བཞིན་ནོ། །སངས་རྒྱས་དེ་སྐུ་ཚེ་ཚད་མེད་པར་བཞུགས་ནས་ཤིང་སཱ་ལ་ཟུང་གི་བར་དུ་མྱ་ངན་ལས་འདས། དེའི་དམ་པའི་ཆོས་ལོ་ཁྲི་ཕྲག་ཚད་མེད་པ་བཞི་ཅུ་ལྷག་གི་བར་དུ་གནས་པ་དེའི་ཚེ་དགེ་སློང་ཚུལ་ཁྲིམས་ཤིན་ཏུ་སྲུང་བ་ཡོན་ཏན་བློ་གྲོས་ཞེས་བྱ་བ་འཁོར་མང་ཞིང་སེང་གེའི་སྒྲ་སྒྲོགས་པ། མདོ་སྡེ་དགུ་རྒྱས་པར་སྟོན་པ་ལ་མཁས་པས་དགེ་སློང་རྣམས་ལ་བྲན་ཕོ་མོ་དང་བ་ལང་དང་ལུག་སོགས་ཆོས་མིན་གྱི་དངོས་པོ་རྣམས་གསོར་མི་གནང་དོ་ཞེས་བསྒོ་བ་ལ། དེར་དགེ་སློང་ཚུལ་ཁྲིམས་ཉམས་པ་ཤིན་ཏུ་མང་པོས་དེ་ལ་ཞེ་སྡང་གིས་སེམས་སྐྱེས་ཏེ་མཚོན་ཆ་ཐོགས་ནས་གསད་པར་བརྩམས་སོ། །དེའི་ཚེ་བཅོམ་ལྡན་འདས་ཉིད་ཡུལ་དེའི་རྒྱལ་པོ་ཡོན་ཏན་ཅན་ཞེས་བྱ་བར་གྱུར་པས་ཐོས་ནས་དེ་མ་ཐག་ཏུ་ཆོས་སྨྲ་བའི་དྲུང་དུ་སོང་སྟེ་དགེ་སློང་ཚུལ་ཉམས་རྣམས་དང་གཡུལ་བཤམས་ནས་ཆོས་སྨྲ་དེ་ལེགས་པར་ཐར་བར་བྱས་སོ། །རྒྱལ་པོ་དེའི་ལུས་ལ་རལ་གྲི་དང་མདའ་སོགས་ཀྱིས་ཡུངས་ཀར་ཙམ་ཡང་མ་ཉམས་པ་མེད་པར་རྨས་སོ། །དགེ་སློང་ཡོན་ཏན་བློ་གྲོས་དེས་རྒྱལ་པོ་དེ་ལ་ཤིན་ཏུ་ལེགས་སོ། །ཁྱོད་ནི་ཡང་དག་པར་དམ་པའི་ཆོས་སྲུང་བ་ཏེ། མ་འོངས་པའི་དུས་ན་ཚད་མེད་པའི་ཆོས་ཀྱི་སྣོད་དུ་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་པོ་དེས་དེར་ཆོས་ཐོས་པས་སེམས་རབ་ཏུ་དགའ་བར་གྱུར་བཞིན་ཚེ་འཕོས་ནས་དེ་བཞིན་གཤེགས་པ་མི་གཡོ་བའི་ཞིང་དུ་སངས་རྒྱས་དེའི་ཉེ་གནས་ཀྱི་མཆོག་ཏུ་གྱུར་ཏོ། །རྒྱལ་པོ་དེའི་འཁོར་གཡུལ་དུ་ཞུགས་ཏེ་བརྒལ་བ་དང་། དགའ་སྟེ་རྗེས་སུ་ཡི་རངས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། ཚེ་འཕོས་ནས་མི་གཡོ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། །དགེ་སློང་ཡོན་ཏན་བློ་གྲོས་ཀྱང་ཕྱིས་ཚེ་འཕོས་ནས་མི་གཡོ་བའི་ཞིང་དུ་ཉན་ཐོས་ཀྱི་དགེ་འདུན་དག་གི་ནང་ནས་རབ་ཀྱི་འོག་ཏུ་གྱུར་ཏོ། །དེ་ནས་ན་དམ་པའི་ཆོས་ནུབ་ཅིང་ཟད་དུ་ཉེ་བ་ན་དེ་ལྟར་བསྲུང་ཞིང་བསྐྱབ་པར་བྱའོ་ཞེས་གསུངས་ཏེ། ཆོས་སྨྲས་པ་དེ་ནི་སངས་རྒྱས་འོད་སྲུང་ཡིན་ནོ། ༈ །ཡང་སྔོན་བསྐལ་པ་གྲངས་མེད་ཚད་མེད་འདས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་བླ་མེད་རྒྱལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་བསྟན་པ་ན། བཅོམ་ལྡན་འདས་འདི་ཉིད་དེའི་ཉན་ཐོས་སུ་གྱུར་པས་མདོ་སྡེ་འདི་བཟུང་ལ་གཞན་ལ་ཡང་བསྟན་ཏེ། དེ་ཚུན་ཆད་ངན་སོང་དུ་ལྷུང་བ་དང་དམ་ཆོས་སྤོང་བ་སོགས་དང་། ལུས་ངན་པ་དང་། ནད་སོགས་གདུང་བ་གང་ཡང་མ་མྱོང་སྟེ་ད་ལྟར་ཡང་དེ་བཞིན་གཤེགས་པ་ནི་ནད་ཐམས་ཅད་དང་བྲལ་བ་འཇིགས་པ་མེད་པའོ་ཞེས་གསུངས་སོ། ༈ །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་ཁྱེའུ་སྐར་མ་ཞེས་བྱ་བར་གྱུར་པ་ན་དེས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་རྒྱལ་པོའི་ཕོ་བྲང་ལེགས་འབྱོར་ཞེས་བྱ་བར་ཞུགས་པ་དང་། ཚོང་དཔོན་གྱི་བུ་མོ་ཞིག་གིས་ཁྱེའུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པར་མཐོང་ནས། དེའི་རྐང་པ་ལ་གཏུགས་པ་དང་། ཁྱོད་ཅི་འདོད་ཅེས་དྲིས་པ་ལ། ཁོ་མོ་ཁྱོད་འདོད་དོ། །བྲམ་ཟེའི་ཁྱེའུ་སྨྲས་པ། ཁོ་བོ་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་ཏེ་ཚངས་པར་སྤྱོད་པ་ཡིན་ནོ། །བུ་མོ་དེ་ན་རེ། གལ་ཏེ་ཁྱོད་བདག་དང་ལྷ་ཅིག་མི་འགྲོགས་ན་བདག་འགུམ་པར་འགྱུར་ལགས་སོ། །ཁྱེའུ་དེས་བདག་ལོ་བཞི་ཁྲི་ཉིས་སྟོང་དུ་ཚངས་པར་སྤྱད་ན་འདི་ནི་བདག་གི་ཚུལ་མིན་ནོ་སྙམ་ནས་བུ་མོ་དེ་མཐུས་སྤངས་ཏེ་གོམ་པ་བདུན་བོར་བ་དང་། དེ་གོམ་པ་བདུན་པ་ལ་གནས་པའི་ཚེ། སྙིང་རྗེ་སྐྱེས་ནས་བདག་གི་བརྟུལ་ཞུགས་བཤིག་སྟེ་བདག་སེམས་ཅན་དམྱལ་བར་འགྲོ་བར་གྱུར་ཀྱང་། དེ་བཟོད་པར་བྱས་པ་ལ་བུ་མོ་འདི་བདེ་བ་དང་འཆི་བའི་དུས་མི་བྱེད་པ་ད་ལྟར་བྱའོ་སྙམ་ནས་ཕྱིར་ལོག་སྟེ། བུ་མོ་དེའི་ལག་པ་ནས་བཟུང་ཞིང་བུ་མོ་ལོངས་ཤིག་ཁོ་བོས་ཁྱོད་ཅི་འདོད་པ་བྱའོ་ཞེས་སྨྲས་ཏེ། ལོ་བཅུ་གཉིས་སུ་དེའི་ཁྱིམ་དུ་གནས་ཤིང་། ཡང་མངོན་པར་བྱུང་སྟེ། ཚངས་པའི་གནས་པ་བཞི་བསྐྱེད་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་དེས་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་དེས་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ཞིང་སྤངས་པར་གྱུར་ཏོ། །སེམས་ཅན་གཞན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་དེ་ཡང་བྱང་ཆུབ་སེམས་དཔས་ཐབས་ལ་མཁས་པས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ལྟ་བུའོ་ཞེས་གསུངས་སོ། ༈ །ཡང་སྔོན་སངས་རྒྱས་མར་མེ་མཛད་ཀྱི་ཡང་ཚེས་སྔ་རོལ་ན་ཚོང་པ་ནོར་འདོད་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཞུགས་ཏེ་རྒྱ་མཚོའི་དོན་གྲུབ་ནས་ཕྱིར་ཆས་སོ། །དེའི་ནང་ན་མི་ནག་པོ་སྡིག་པས་འཚོ་བ་སྒྱུར་རྩལ་བསླབ་པ། ཆོམ་རྐུན་བྱེད་པ་དེས་ཚོང་པ་འདི་ཐམས་ཅད་བསད་ནས་ནོར་ཁྱེར་ཏེ་འགྲོའོ་བསམས་སོ། །དེའི་ནང་ན་བཅོམ་ལྡན་འདས་འདི་ཉིད་དེད་དཔོན་སྙིང་རྗེ་ཆེན་པོ་ཞེས་བྱ་བར་གྱུར་པ་དེ་གཉིད་ལོག་པའི་རྨི་ལམ་ན་རྒྱ་མཚོའི་ལྷས་ལུང་བསྟན་པ། མགྲོན་པོ་འདི་རྣམས་ཀྱི་ནང་ན་མི་འདི་ཞེས་བྱ་བ་དབྱིབས་དང་ཆ་ལུགས་འདི་ལྟ་བུ་ཞིག་ཡོད་པ་དེས་ཚོང་པ་འདི་ཐམས་ཅད་བསད་དེ་ནོར་འཕྲོག་པར་སེམས་པར་བྱེད་དོ། །ཚོང་པ་ལྔ་བརྒྱ་པོ་འདི་ཐམས་ཅད་བྱང་ཆུབ་སེམས་དཔའ་བླ་མེད་རྫོག་བྱང་ལས་ཕྱིར་མི་ལྡོག་པ་ཤ་སྟག་ཡིན་པའི་ཕྱིར། འདི་རྣམས་བསད་ན་མི་དེས་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་ཡུན་རིང་པོ་དེ་སྲིད་ཀྱིས་བླ་མེད་རྫོགས་བྱང་བསྒྲུབ་པར་བྱས་པའི་ཡུན་རིང་པོ་དེ་སྲིད་དུ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྲེག་པར་འགྱུར་བས། དེ་ལ་དེད་དཔོན་ཁྱོད་ཀྱིས་ཚོང་པ་ལྔ་བརྒྱ་པོ་བསད་པར་མི་འགྱུར་བ་དང་། མི་འདི་ཡང་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་མི་འགྱུར་བའི་ཐབས་ལ་མཁས་པར་གྱིས་ཤིག་ཅེས་བསྟན་ཏོ། །དེད་དཔོན་དེས་ཐབས་དེ་ལ་བསམས་པ་དང་། མི་འདི་སྲོག་དང་བྲལ་བ་ལས་ཐབས་གཞན་མེད་པར་ཤེས་ནས། གལ་ཏེ་དོན་དེ་ཚོང་པ་རྣམས་ལ་སྨྲས་ན་ནི་འདི་དག་གིས་སྡང་བའི་སེམས་ཀྱིས་མི་འདི་བསད་ན་འདི་ཐམས་ཅད་ཀྱང་དམྱལ་བར་འགྲོ་བར་འགྱུར་ལ་མི་འདི་བདག་གིས་བསད་ནས་བདག་སེམས་ཅན་དམྱལ་བ་ཆེན་པོར་བསྐལ་པ་འབུམ་དུ་བསྲེགས་པར་གྱུར་ཀྱང་སྤྲོ་བར་བྱའི། ཚོང་པ་ལྔ་བརྒྱ་པོ་འདི་སྲོག་དང་བྲལ་ན་མི་འདི་ལ་སྡིག་པའི་ལས་དེ་སྙེད་ཅིག་འཕེལ་བར་འགྱུར་ན་མི་རུང་བས། མི་འདི་བདག་གིས་བསད་པར་བྱའོ་སྙམ་དུ། ཚོང་པ་ལྔ་བརྒྱ་དང་མི་དེ་དེ་ལྟར་བསྲུང་བའི་ཕྱིར་མི་ནག་པོ་ཁོ་རང་གི་མདུང་ཐུང་ཕྲོག་པས་བཏབ་སྟེ་བསད་དོ། །ཚོང་པ་ལྔ་བརྒྱ་པོ་ནི་བསྐལ་བཟང་འདིའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་ཡིན་ནོ། །སྙིང་རྗེ་ཆེན་པོ་དང་ཐབས་མཁས་དེས་བསྐལ་པ་བུམ་གྱི་འཁོར་བ་ཕྱིར་བསྙིལ་བར་གྱུར་ལ། མི་ནག་པོ་དེ་ཡང་ཤི་ནས་མཐོ་རིས་སུ་སྐྱེས་སོ། །ཕྱིས་སུ་སངས་རྒྱས་པའི་ཚེ་ན་ཡང་དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟར་འཁྲེགས་པ་ཡིན་མོད་ཀྱི། ཐབས་ལ་མཁས་པའི་དགོས་པའི་དབང་གིས་སེང་ལྡིང་གི་ཚལ་པ་ཟུག་པའི་ཚུལ་བསྟན་ཏེ། སྲིད་པ་ཐ་མ་པར་གྱུར་པའི་མི་ཉི་ཤུ་དང་། དེ་དག་གི་དགྲ་བོར་གྱུར་པའི་མི་ཉི་ཤུ་ཡོད་པ་དེ་དག་གིས་སྒྱུར་བྱས་ནས་མཛའ་བ་ལྟར་བྱས་ཏེ་དེའི་ཁྱིམ་དུ་ཞུགས་ནས་བསད་དོ་སྙམ་དུ་ཡིད་ལ་གནས་པ་དེ་བཞིན་གཤེགས་པས་མཁྱེན་ནས་གདུལ་བའི་དབང་གིས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཕྱོགས་འདི་ནས་སེང་ལྡིང་གི་ཚལ་པ་སྐྱེས་ཏེ། དེ་དེ་བཞིན་གཤེགས་པའི་ཞབས་གཡས་པའི་མཐིལ་དུ་ཟུག་པར་འགྱུར་རོ་ཞེས་གསུངས་ནས་རིང་པོར་མ་ལོན་པར་སེང་ལྡིང་གི་ཚལ་པ་རྣོན་པོ་མཐོ་གང་ཙམ་གྱི་ཚད་བྱུང་ངོ་། །དེར་མོའུ་འགལ་གྱི་བུ་ཆེན་པོས་སེང་ལྡེང་གི་ཚལ་པ་དེ་འཇིག་རྟེན་གྱི་ཁམས་གཞན་དུ་དོར་བར་བགྱིའོ་ཞེས་ཞུས་པ་ན། འདི་ཕྱོགས་འདི་ནས་དོར་མི་ནུས་ཞེས་གསུངས་ན་ཡང་། མོའུ་འགལ་གྱི་བུ་ཆེན་པོས་སྟོབས་ཀྱི་ཤུགས་ཀྱིས་སེང་ལྡེང་གི་ཚལ་པ་དེ་བཟུང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁ་གྱེན་དུ་བལྟས་ཏེ་རབ་ཏུ་གཡོས་པར་གྱུར་ཀྱང་སེང་ལྡེང་གི་ཚལ་པ་དེ་ཐ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་ཡང་མི་འགུལ་ལོ། །དེ་ནས་དེ་བཞིན་གཤེགས་པས་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་གཤེགས་པ་དང་། སེང་ལྡེང་གི་ཚལ་པ་དེ་ཡང་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་ནང་དུ་འོངས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་གནས་སུའང་གཤེགས། ཚངས་པའི་འཇིག་རྟེན་གྱི་བར་དུ་གཤེགས་ཀྱང་། སེང་ལྡེང་གི་ཚལ་པ་དེ་ཚངས་པའི་འཇིག་རྟེན་གྱི་བར་དུ་འོངས་སོ། །དེ་ནས་དེ་བཞིན་གཤེགས་པ་ཚངས་པའི་འཇིག་རྟེན་ནས་ཕབ་སྟེ་གདན་ལ་བཞུགས་པ་དང་། སེང་ལྡེང་གི་ཚལ་བ་དེ་ཡང་ཚངས་པའི་འཇིག་རྟེན་ནས་བབ་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པས་ཞབས་གཡས་པ་བཟུང་སྟེ་སེང་ལྡེང་གི་ཚལ་པ་དེའི་རྩེ་མོ་གཅིག་ས་ལ་ཟུག་པ། རྩེ་མོ་གཅིག་གྱེན་དུ་ལྟ་བ་དེའི་སྟེང་དུ་ཞབས་བཞག་གོ། །དེའི་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཙུན་པ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་ལས་ཅི་ཞིག་མཛད་ན་དེའི་རྣམ་པར་སྨིན་པ་འདི་ལྟ་བུར་གྱུར་པ་ལགས། བཀའ་སྩལ་པ། ངས་སྔོན་རྒྱ་མཚོའི་ནང་previous hit དུ་ཚོང་པ་གཡོན next hit་ཅན་མདུང་ཐུང་གིས་བཏབ་སྟེ་སྲོག་དང་ཕྲལ་བའི་ལས་དེའི་ལྷག་མ་ཡིན་པར་བསྟེན་པས། མི་ཉི་ཤུ་པོ་དེ་དག་དང་གསོད་པར་འདོད་པའི་མཛལ་བཤེས་ལྟར་བཅོས་པ་ཉི་ཤུ་པོ་དེ་དག་གི་དེ་བཞིན་གཤེགས་པ་ཆོས་ཀྱི་བདག་པོ་ལ་ཡང་ལས་ཀྱི་རྣམ་པར་སྨིན་པར་འགྱུར་ན་བདག་ཅག་ལྟ་ཅི་སྙམ་དུ། བདག་ཅིག་གིས་སྲོག་ཆགས་འགུམ་པར་བགྱི་བར་འཚལ་ཏེ། ནོངས་པ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཆགས་སོ་ཞེས་བཤགས་པ་བྱས་པ་ལ། དེ་བཞིན་གཤེགས་པས་ལས་མི་བྱ་བ་དང་ལས་ཟད་པར་འགྱུར་བ་ལས་བརྩམས་ཏེ་ཆོས་བསྟན་པས་མི་བཞི་བཅུ་པོ་དེ་དག་གིས་ཡེ་ཤེས་མངོན་པར་རྟོགས་པར་གྱུར་ཏོ། །སྲོག་ཆགས་གཞན་བཞི་ཁྲིས་ནི་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སྙུན་མི་མངའ་ཡང་སྨན་པའི་རྒྱལ་པོ་འཚོ་བྱ་བཀུར་ནས་སྨན་གསོལ་བ་དང་། གྲོང་དང་བསོད་སྙོམས་ལ་རྒྱུས་པའི་ཚེ་བསོད་སྙོམས་མ་རྙེད་པར་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་བྱོན་པ་དང་། བྲམ་ཟེ་བུ་མོ་དྲེགས་མ་ཙ་མིས་སྐུར་པ་བཏབ་པ་དང་། ཀུན་ཏུ་རྒྱུ་མཛེས་མ་ཀུན་ཏུ་རྒྱུ་དག་གིས་སྲོག་དང་ཕྲལ་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་འོབས་ཀྱི་ནང་དུ་བོར་བ་བཏང་སྙོམས་སུ་མཛད་པ་དང་། ཟླ་བ་གསུམ་དུ་རྟ་ཆས་རུལ་པ་གསོལ་བ་དང་། རོ་བརྒྱབ་བསྙུངས་པའི་ཚུལ་བསྟན་པ་དང་། ཤཱཀྱ་རྣམས་འཇིགས་པ་ན་ང་ཀླད་པ་ནའོ་ཞེས་གསུངས་པ་དང་། བྲམ་ཟེ་བྷ་ར་དྷཱ་ཛས་སྤྱོ་བ་བརྒྱས་སྤྱོས་པ་ན་དེ་དག་དང་དུ་བཞེས་པ་དང་། སྐྱེ་བ་ཐམས་ཅད་དུ་ལྷས་སྦྱིན་རྗེས་སུ་འབྲང་ཞིང་དེས་དེ་བཞིན་གཤེགས་པ་དགྲོང་པའི་ཕྱིར་གླང་པོ་ནོར་སྐྱོང་རྦད་པ་དང་། གཤེད་མའི་མི་རྣམས་རྦད་པ་དང་། སྐྱོགས་རྡོ་འཕངས་པ་སྟེ་དེ་ལྟར་ལས་ཀྱི་རྒྱུད་བཅུ་པོ་ཐམས་ཅད་ཀྱང་དངོས་སུ་བཅོམ་ལྡན་འདས་ཉིད་ལ་ལས་ཀྱི་སྒྲིབ་པ་དེ་ལྟ་བུ་ཡོད་པས་མ་ཡིན་ཏེ་སེམས་ཅན་ཤིན་ཏུ་མང་པོ་གདུལ་བའི་ཕྱིར་ཐབས་ལ་མཁས་པས་ལས་འདི་དང་འདིའི་རྣམ་པར་མིན་པ་སྐད་དུ་དགོས་པའི་དབང་གིས་བསྟན་པ་དེ་ལས་གདུལ་བྱ་འདུལ་བའི་དོན་ཆེན་པོ་ཡོད་པའི་ཚུལ་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་བཞིན་ནོ། ༈ །ཡང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བཅོམ་ལྡན་འདས་ཉིད་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ཞེས་བྱ་བར་གྱུར་པའི་ཚེ། དེ་ལ་ནེའུ་ལྡངས་བྲམ་ཟེ་རིགས་ཤིང་སྭ་ལ་ཆེན་པོ་ལྟ་བུ་ལྔ་ཡོད་པ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡིན་ཀྱང་། སྡིག་པའི་གྲོགས་པོ་དང་འཕྲད་པས་བྱང་ཆུབ་ཀྱི་སེམས་བརྗེད་དེ་མུ་སྟེགས་ཅན་གྱི་བརྟུལ་ཞུགས་སྤྱོད་ཅིང་སངས་རྒྱས་ལ་མ་དད་པ་དེ་དག་ཐབས་ལ་མཁས་པས་གདུལ་བར་བྱའི་ཕྱིར། རྫ་མཁན་བུ་མ་བྱེད་ཅེས་བྱ་བ་བྲམ་ཟེ་འོད་ཟེར་ཕྲེང་གི་སྙིང་དུ་སྡུག་པའི་གྲོགས་པོ། སངས་རྒྱས་ལ་དད་པ་ཅན་དེས་བྲམ་ཟེ་འོད་ཟེར་ཕྲེང་བྲམ་ཟེ་ལྔ་པོ་དང་ལྷན་ཅིག་གནས་པ་ལ་སངས་རྒྱས་འོད་སྲུང་གི་བསྔགས་པ་བརྗོད་ཅིང་། བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེད་ཚུར་ཤོག །དེ་བཞིན་གཤེགས་པའི་དྲུང་དུ་འདེང་ངོ་ཞེས་བྱས་པ་ལ། བྲམ་ཟེ་འོད་ཟེར་ཕྲེང་དེས་བདག་གིས་སངས་རྒྱས་ཀྱི་བསྔགས་བརྗོད་ཅིང་མུ་སྟེགས་ཅན་གྱི་སྔགས་པ་མ་ཡིན་པ་བརྗོད་ན་འདི་དག་དོགས་པ་སྐྱེས་ནས་སངས་རྒྱས་འོད་སྲུང་གི་སྤྱན་སྔར་འགྲོ་བར་མི་འགྱུར་བས་དེའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ཐབས་མཁས་ཀྱིས། སངས་རྒྱས་དང་བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མཐོང་བ་མེད་པའི་དོན་ལ་བསམས་ནས། ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད། ཅེས་སྨྲས་སོ། །ཡང་དུས་ནམ་ཞིག་གི་ཚེ་ན་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ནེའུ་ལྡངས་ལྔ་པོ་དང་ལྷན་ཅིག་ཆུ་འགྲམ་ན་འཁོད་པ་ལ་སངས་རྒྱས་ཀྱི་མཐུས། རིགས་ཀྱི་བུ་ལྔ་པོ་དེ་དག་གདུལ་བའི་ཕྱིར། རྫ་མཁན་བུམ་བྱེད་ཆུ་འགྲམ་དེར་སོང་སྟེ། སངས་རྒྱས་ནི་ཤིན་ཏུ་རྙེད་པ་དཀའ་བས་དེའི་དྲུང་དུ་འདེང་ཞེས་བསྐུལ་བ་དང་། འོད་ཟེར་ཕྲེང་གིས་སྔར་ལྟར་སྨྲས་ཏེ་འགྲོ་མི་འདོད་པའི་ཚུལ་བཟུང་བ་ལ། རྫ་མཁན་བུམ་བྱེད་ཀྱིས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གི་ཐོར་ཏོ་ནས་བཟུང་སྟེ་སངས་རྒྱས་འོད་སྲུང་གི་དྲུང་འཁྲིད་པ་དང་། རྫ་མཁན་བུམ་བྱེད་འདིས་འདི་ལྟར་གལ་གྱིས་བྱེད་པའི་སངས་རྒྱས་དེ་དང་དེའི་ཆོས་ཅི་འདྲ་བ་ཞིག་ཡོད་སྙམ་དུ། བྲམ་ཟེའི་ཁྱེའུ་ལྔ་ཡང་དེའི་ཕྱི་བཞིན་སངས་རྒྱས་ཀྱི་སྤྱན་སྔར་སོང་ངོ་། །དེ་དག་གིས་དེ་བཞིན་གཤེགས་པ་འོད་སྲུང་མཐོང་མ་ཐག་ཏུ་སྔོན་གྱི་དགེ་རྩས་བསྐུལ་བས་དད་པ་ཐོབ་ནས་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ལ་སྨྲས་པ། སྟོན་པའི་ཡོན་ཏན་འདི་ལྟ་བུ་དག་ཁྱོད་ཀྱིས་སྔོན་ཆད་ཁོ་བོ་ལ་མ་སྨྲས་ཞེས་སྤྱོས་སོ། །དེ་ནས་བྲམ་ཟེའི་རིགས་ལྔ་པོ་དེས་སངས་རྒྱས་ཀྱི་གཟི་བརྗིད་དང་སྤོབས་པ་དང་ཚངས་པའི་དབྱངས་ཐོས་པས་ལྷག་བསམ་གྱིས་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་དོ། །སངས་རྒྱས་འོད་སྲུང་གིས་རིགས་ཀྱི་བུ་དེ་དག་གི་ལྷག་བསམ་ཐུགས་སུ་ཆུད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆོས་ཀྱི་རྣམ་གྲངས་ཕྱིར་མི་ལྡོག་པའི་འཁོར་ལོའི་གཟུངས་རྡོ་རྗེའི་ཚིག་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་ཡང་དག་པར་བསྟན་པར་མཛད་པས་བྲམ་ཟེ་ལྔ་པོ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །དེའི་ཚེ་སངས་རྒྱས་འོད་སྲུང་གིས་རིགས་ཀྱི་བུ་ལྔ་ལ་བཀའ་སྩལ་པ། གལ་ཏེ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་གིས་དང་པོ་ནས་སངས་རྒྱས་ཀྱི་བསྔགས་པ་བརྗོད་ཅིང་མུ་སྟེགས་ཅན་གྱི་བསྔགས་པ་མ་ཡིན་པ་བརྗོད་ན་ཁྱེད་ཅག་སངས་རྒྱས་ཀྱི་དྲུང་དུ་འགྲོ་བའི་གནས་སྐབས་མེད་ན་དད་པ་ཐོབ་པར་འགྱུར་བ་ལྟ་ཅི་སྨོས་ཞེས་གསུངས་ཏེ། དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ། སངས་རྒྱས་དང་བྱང་ཆུབ་ལ་སོམ་ཉི་ཅུང་ཟད་མེད་མོད་ཀྱི། སེམས་ཅན་གཞན་སྨིན་པའི་ཕྱིར་ཐབས་ལ་མཁས་པའི་བཀོད་པ་ཡིན་ཏེ། དེ་ལྟར་དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་སྨྲས་པའི་ལས་ཀྱི་རྣམ་པར་སྨིན་པས་ལོ་དྲུག་ཏུ་དཀའ་བ་སྤྱོད་པར་བསྟན་པ་ཡང་། སེམས་ཅན་མི་ཤེས་པར་སྤྱོད་པ་གཞན་དག་ཚུལ་ཁྲིམས་དང་ལྡན་པའི་གང་ཟག་ལ་ལྐོག་ནས་ཚིག་རྩུབ་མོ་སྨྲས་པས་ཡུན་རིང་པོར་གནོད་པ་དང་ལོག་པར་ལྷུང་བར་འགྱུར་བའི་ལས་ཀྱི་ཚུལ་སྟོན་པའི་ཕྱིར་ཐབས་ལ་མཁས་པས་ལྡེམ་པོའི་ངག་ཏུ་བསྟན་པ་ཡིན་གྱི་དངོས་སུ་བྱང་ཆུབ་སེམས་དཔའ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་ཡོན་ཏན་ལྡན་པ་ལ་ཚིག་རྩུབ་མོ་སྨྲས་པས་ཡིད་འགྱོད་ཅིང་ཞུམ་པ་དག་གི་འགྱོད་པ་བསལ་བའི་ཕྱིར་དུ་ཡང་དེ་ལྟར་གསུངས་ཏེ། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པས་ཀྱང་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་ཚིག་རྩུབ་པོ་འདི་སྐད་སྨྲས་ཀྱང་རྣམ་པར་གྲོལ་བའི་སྐལ་བ་ཡོད་པར་གྱུར་ན་བདག་ཅག་མི་ཤེས་པ་རྣམས་ལྟ་ཅི་སྨོས་སྙམ་དུ་བསམས་ནས་སྡིག་པ་དེ་ཡང་འཆགས་ཤིང་ཕྱིས་སྡོམ་པའི་སེམས་བསྐྱེད་པའི་ཕྱིར་རོ། །དེ་ལྟར་བྲམ་ཟེ་འོད་ཟེར་ཕྲེང་གི་ནེའུ་ལྡངས་མུ་སྟེགས་ལྔ་པོ་སྨིན་པར་བྱས་ཤིང་། རང་ཉིད་དེ་བཞིན་གཤེགས་པ་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ང་སངས་རྒྱས་ཀྱི་ཆོས་མཛོད་འཛིན་པར་གྱུར་པ་བྲམ་ཟེའི་ཁྱེའུ་ཡེ་ཤེས་བླ་མ་ཞེས་བྱ་བར་གྱུར་ཅིང་། སངས་རྒྱས་འོད་སྲུང་གི་བྲམ་ཟེའི་ཁྱེའུ་ཡེ་ཤེས་བླ་མ་འདི་ང་འདས་པའི་རྗེས་སུ་མི་མཇེད་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པར་མཛད་དོ། །ཚུལ་འདིར་སྨོས་པ་རྣམས་ཀྱིས་མཚོན་ནས་སྔོན་གྱི་སྐྱེ་བ་དཔག་ཏུ་མེད་པར་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱའི་གནས་རྣམས་ལ་བློ་གྲོས་ཀྱི་སྣང་བ་དྲི་མ་མེད་པར་གོང་ནས་གོང་དུ་སྦྱངས་པའི་མཐར་སྒྲིབ་གཉིས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཡེ་ཤེས་ཆེན་པོས་ཤེས་བྱའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དེས། ཕྱོགས་བཅུ་དུས་གསུམ་གྱི་བསྡུས་པའི་ཤེས་བྱ་སྲིད་དོ་ཅོག་གི་ཐ་སྙད་དང་དོན་དམ་པ་ཇི་ལྟར་གནས་པ་མ་ལུས་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་དུ་མངོན་སུམ་དུ་གཟིགས་པའི་བདག་ཉིད་སྟོབས་བཅུའི་སྟོབས་དང་ལྡན་ཞིང་། དབང་བཅུའི་དབང་གིས་ཕྱུག་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་འཇིག་རྟེན་ལྷ་དང་བཅས་པའི་ཁོངས་ན་མཚུངས་པ་མེད་པ་སེང་གེའི་སྒྲ་སྒྲོགས་པ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་ཞལ་གྱིས་བཞེས་པ། བདུད་ཀྱི་སྡེ་བཅོམ་པ། འགྲོ་བ་མཐའ་དག་གི་སྐྱབས་དང་མགོན་གྱི་དམ་པ། ཡེ་ཤེས་ཀྱི་སྐུ་རྟག་པ་ཁྱབ་པ་ཡོན་ཏན་ཀུན་གྱི་བདག་ཉིད་ཆེན་པོར་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱས་པའི་མདོ་ལས། བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་ཀྱི་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་ངོ་མཚར་ལགས་ཏེ། ཞེས་དང་། མོའུ་འགལ་གྱི་བུ་ཡོངས་སུ་བརྟག་པ་བཟུང་སྟེ། ཡོངས་སུ་བརྟག་པ་ཉེ་བར་བཟུང་བས་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱི་ཞིང་དག་ན་སེམས་ཅན་དུ་བསྡུས་པ་དེ་དག་སྔ་ཕྱི་མེད་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་སོ་སོའི་དབུ་དེ་སྙེད་དུ་གྱུར། དབུ་རེ་རེར་ཞལ་དེ་སྙེད། ཞལ་རེ་རེར་ལྗགས་དེ་སྙེད་དུ་གྱུར་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བསྔགས་པ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི། དཔག་ཏུ་མེད་པ་དང་ལྡན། ཡེ་ཤེས་དཔག་གིས་མི་ལང་བ་དང་ལྡན། ཡེ་ཤེས་གྲངས་མེད་པ་དང་ལྡན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན། ཡེ་ཤེས་གཞལ་དུ་མེད་པ་དང་ལྡན། ཡེ་ཤེས་གཞལ་གྱིས་མི་ལང་བ་དང་ལྡན། རྫོགས་པའི་སངས་རྒྱས་ནི་ཡེ་ཤེས་བརྗོད་དུ་མེད་པ་དང་ལྡན་པ་ཡིན་ནོ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །ཤེས་རབ་ཀྱི་སྐབས་སོ། ༈ །བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཐོག་མར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པའི་ཚུལ་ལ། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། སྔོན་བསྐལ་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། དེའི་བསྟན་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་གྱུར་པ་རྒྱལ་པོའི་ཕོ་བྲང་རྒྱ་ཆེན་པོས་སར་ལྡན་པར་བསོད་སྙོམས་སུ་སོང་ནས་ལྷུང་བཟེད་བཀང་སྟེ་འོངས་པ་དང་། བཅོམ་ལྡན་འདས་འདི་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བར་གྱུར་པ་ན་ཁྱེའུ་དེ་མའི་པང་ན་འདུག་པས་དགེ་སློང་དེ་མཐོང་ནས། དེའི་དྲུང་དུ་སོང་སྟེ་བཟའ་བ་བསླངས་པ་ན། དགེ་སློང་དེས་མོ་ད་ཀ་གཅིག་བྱིན་པ་དང་། དེའི་རྗེས་སུ་འབྲངས་ནས་དེ་བཞིན་གཤེགས་པའི་དྲུང་དུ་སོང་ངོ་། །དེར་དགེ་སློང་དེས་ལྷུང་བཟེད་ཁྱེའུ་ལ་བྱིན་ཏེ་དེ་བཞིན་གཤེགས་པ་ལ་འབུལ་དུ་བཅུག་པས། སངས་རྒྱས་འཁོར་བཅས་ལ་ཅི་འདོད་དུ་བསྟབས་ཀྱང་མ་ཟད་དོ། །དགེ་སློང་དེས་ཁྱེའུ་དེ་སྐྱབས་འགྲོ་དང་ཁྲིམས་ཕོག་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། །ཁྱེའུ་དེའི་ཕ་མས་ཁྱེའུ་ཚོལ་དུ་སོང་པ་ཁྱེའུ་བསྐུལ་ནས། ཁྱེའུ་དང་དེའི་ཕ་མ་དང་། སྲོག་ཆགས་ལྔ་བརྒྱ་ཙམ་རབ་ཏུ་བྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་ནི་བྱང་ཆུབ་ཀྱི་ཕྱིར་ཐོག་མར་སེམས་བསྐྱེད་པའོ། །ཞེས་གསུངས་སོ། ༈ །དེ་དང་ཚུལ་མཚུངས་པར་ཚུལ་འཆལ་ཚར་གཅོད་པའི་མདོ་ལས། སྔོན་དེ་བཞིན་གཤེགས་པ་ཤིན་ཏུ་འོད་ཅེས་བྱུང་བའི་དུས་ན། བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་རྗེས་སུ་བསྐལ་པ་བྱེ་བ་ཕྲག་བཞི་བཅུ་ལོན་པའི་རྗེས་སུ་བཅོམ་ལྡན་འདས་འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་ཐུགས་བསྐྱེད་དེ། སངས་རྒྱས་དེ་ལ་ལོ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཤིང་ལྷའི་རས་བཅོས་སུ་འབུམ་ཕྲག་ལྔ་རི་བ་དག་གིས་བཀབ་སྟེ་དགེ་རྩ་བསྐྱེད་དོ། །སངས་རྒྱས་དེ་མྱ་ངན་ལས་འདས་པའི་མཆོད་རྟེན་འཕང་དུ་དཔག་ཚད་གཅིག་དང་རྒྱར་དཔག་ཚད་ཕྱེད་པ་རིན་ཆེན་སྣ་བདུན་ལས་བྱས་ཏེ་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ་ཞེས་གསུངས་སོ། ༈ །ཡང་དྲིན་ལན་བས་བས་པའི་མདོ་ལས། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་བསྐྱེད་ནས་ཡུན་ཇི་སྲིད་ཅིག་ལོན་ཞེས་ཞུས་པའི་ལན་དུ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་བརྗོད་དུ་མེད་པའི་ཕ་རོལ་ན། སྡིག་པ་བྱས་པའི་མི་གཉིས་ཤིག །དམྱལ་བའི་སྲུང་མས་ཤིང་རྟ་འདྲེན་དུ་བཅུག་སྟེ། ཕན་ཚུན་མི་དལ་བར་རྒྱུག་ཅིང་ལྕགས་ཐོས་བརྡེགས་པ་ན། མི་གཅིག་སྟོབས་ཆུང་བས་འདྲེན་མ་ནུས་པ་ལ་ལྕགས་ཐོས་བརྡེགས་པ་དང་ཚེ་འཕོས་ནས་ཡང་ཕྱིར་སོས་སོ། །དེར་མི་གཅིག་གིས་དེ་ལ་སྙིང་རྗེ་བསྐྱེད་དེ། བདག་འབའ་ཞིག་གིས་ཤིང་རྟ་འདི་དྲང་གིས་མི་འདི་ཐོངས་ཞེས་སྨྲས་པ་ལ། སྲུང་མ་ཁྲོས་ཏེ། ལྕགས་ཀྱི་ཐོ་བས་བརྡེགས་པས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །དེ་ལྟར་དེའི་དུས་ན་ང་སེམས་ཅན་དམྱལ་བ་ན་འདུག་པ་ལས། བྱམས་ཤིང་བརྩེ་བའི་སེམས་བསྐྱེད་པ་དེ་ནི་ང་ཡིན་ཏེ་ངས་དེར། སེམས་ཅན་དམྱལ་བ་པ་དེ་ལ་ཐོག་མར་སྙིང་བརྩེའི་སེམས་བསྐྱེད་དོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཡང་དེ་ཙམ་གྱི་བར་དུ་ཐུགས་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་དོ། །ཞེས་གསུངས་སོ། །འདི་ནི་དམྱལ་བའི་ཤིང་རྟ་འདྲེན་པ་གྱད་པཀྴི་ཏ་ཞེས་བྱ་བར་གྱུར་པའི་ཚེ་ཐོག་མར་བྱམས་པའི་ཐུགས་བསྐྱེད་པ་ཉིད་དུ་གསུངས་སོ། ༈ །ཡང་འདུལ་བ་གཞི་ལས། འཁོར་གྱི་ཉན་ཐོས་རྣམས་ཀྱིས་བཅོམ་ལྡན་འདས་ཉིད་ཀྱི་ཐོག་མར་ཐུགས་གང་དུ་བསྐྱེད་ཅེས་ཞུས་པའི་ལན་དུ། བཀའ་སྩལ་པ། སྔོན་བྱུང་བ་རྒྱལ་པོ་འོད་ལྡན་ཞེས་བྱ་བའི་ཡུལ་དུ་གླང་པོ་རིན་པོ་ཆེ་ཀུ་མུད་དའི་མདོག་ལྟར་དཀར་བ། ཡན་ལག་བདུན་པ་ཤིན་ཏུ་གནས་པ། གཟུགས་བཟང་བ་ལྟ་ན་སྡུག་པ་ཞིག་བྱུང་བ་དེ་གླང་པོ་འདུལ་མཁན་མཁས་པར་གཏད་ནས་དེས་ཀྱང་དུལ་བར་བྱས་ནས་རྒྱལ་པོ་ལ་སླར་ཕུལ་བ་དང་། རྒྱལ་པོ་དང་འདུལ་མཁན་དེ་གཉིས་དེ་ལ་ཞོན་ནས་རི་དྭགས་གཤོར་དུ་སོང་བ་དང་ཇི་ཙམ་ན་གླང་པོ་དེས་ནགས་ཀྱི་བལ་གླང་མོའི་དྲི་ཚོར་ནས་དྲི་དེའི་རྗེས་བཞིན་དུ་རྒྱུག་པ་ན། གླང་པོ་ཆེ་རླུང་ལྟར་མགྱོགས་པས་ཁྱེར་བ་དང་གནམ་ས་འགུལ་བ་ལྟར་མཐོང་ནས་སྐྲག་སྟེ་འདུལ་མཁན་ལ་གླང་པོའི་དབང་པོ་འདི་ཐུལ་ཅིག །དེས་སྨྲས་པ། དྲང་སྲོང་གིས་སྨྲས་པའི་གསང་སྔགས་བཟླ་ཞིང་ལྕགས་ཀྱུས་གདབ་པར་བགྱི་མོད་ཀྱི། ལྕགས་ཀྱུའམ་ཞགས་པ་དང་ལྕག་སྒྲོགས་གིས་ཀྱང་འདོད་ཆགས་ཀྱི་སེམས་ཚར་གཅད་མི་ནུས་ཏེ། འདོད་ཆགས་ཀྱི་ཟུག་རྔུ་ན་ཅི་ཞིག་ལྟར་ན་སྐྱེ་ཞིང་། ཚུལ་འགའ་ཞིག་གིས་རྒྱས་ཤིང་འགའ་ཞིག་ཞི་བར་འགྱུར་རོ་ཞེས་སྨྲས་ཏེ། གླང་པོ་དེ་གནས་ཐམས་ཅད་དུ་བཟློག་ཀྱང་བཟློག་མ་བཏུབ་པ་དེའི་ཚེ་རྒྱལ་པོ་ལ་སྨྲས་ལ། ལྷ་གླང་པོ་ཆེ་འདི་འཁྲུལ་གྱིས་ཤིང་ཡལ་ག་ལ་འཇུས་མཛོད་ཅིག །དེ་ནས་རྒྱལ་པོ་དང་འདུལ་མཁན་གཉིས་ཤིང་གི་ཡལ་ག་ལ་འཇུས་ཏེ་འདུག་གོ། །དེ་ནས་དེའུ་ཤི་ཙམ་ལས་ཐར་ནས་རྒྱལ་པོས་འདུལ་མཁན་ལ་སྨྲས་པ། ཁྱོད་ཀྱིས་གླང་པོ་ཆེ་མ་དུལ་བ་ང་ལ་ཕུལ་ལོ། །དེས་སྨྲས་པ། ལྷ་ཤིན་ཏུ་དུལ་ལགས་ཏེ། ནགས་ཀྱི་གླང་མོའི་དྲི་ཚོར་ནས་ཉན་དུ་མ་བཏུབ་བོ། །དེ་ལྟ་མོད་ཀྱི་དཔྱད་ནས་རིང་པོར་མི་ཐོགས་པར་སླར་མཆི་བར་འགྱུར་རོ། །དེ་ནས་གླང་པོ་ཆེ་ཞག་བདུན་ལོན་པ་དང་། མྱོས་པ་དང་བྲལ་ནས་དཔྱད་དྲན་ནས་རང་ཉིད་གནས་སུ་འོངས་ཏེ་འདུག་གོ། །དེ་ནས་འདུལ་མཁན་གྱིས་རིངས་པར་རྒྱལ་པོ་ལ་སྨྲས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་འདི་མ་ཐུལ་ལམ། དེས་སྨྲས་པ། ཐུལ་ལགས་ཏེ། ཅིས་མངོན་པར་ལྷའི་སྤྱན་སྔར་བསྟར་བར་བགྱིའོ་ཞེས། ལྕགས་ཀྱི་ཐོ་ལུམ་སོལ་མེས་བསྲེགས་པ་ཞིག་དཔྱད་ཀྱི་སར་ཁྱེར་ཏེ་ལེན་དུ་གཞུག་པར་བརྩམས་པ་དང་། དེས་ཀྱང་བག་ཚ་བ་མེད་པར་བླང་བར་བརྩམས་པ་ན། འདུལ་མཁས་གྱིས་སྨྲས་པ། ལྷ་ལེན་དུ་བཏུབ་ན་ལོན་ཀྱང་འགུམ་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཀྱེ་མཁས་པ་དེ་ལྟར་ཤིན་ཏུ་དུལ་བ་འདིས་བདག་ཅག་གཡེངས་པ་འདི་ལ་རྒྱུ་ཅི་ཞིག་ཡོད། ལྷ་བདག་གིས་སྔར་ལུས་ཐུལ་གྱིས་སེམས་ནི་མ་ལགས་སོ་ཞེས་མ་གསོལ་ཏམ། བདག་ནི་ལུས་འདུལ་བ་ལགས་ཀྱི་སེམས་འདུལ་བ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ། སེམས་འདུལ་བ་འགའ་ཡོད་པར་ཁྱོད་ཀྱིས་མཐོང་ངམ་ཐོས་སམ། འདུལ་མཁན་དེ་ལྷས་བསྐུལ་ནས་སྨྲས་པ། ལྷ་ལུས་དང་སེམས་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་མཆིས་སོ། །འདོད་པའི་རྒྱུས་བྱུང་ཉེས་གཞོམ་ཕྱིར། །མང་པོ་བརྩོན་པར་བྱེད་མོད་ཀྱི། །མི་ནུས་པར་ནི་ཤེས་པས་ཀྱང་། །བརྩོན་འགྲུས་ཉམས་ནས་ལྡོག་པར་བྱེད། །ཅེས་སོགས་ཚིགས་སུ་བཅད་པ་དང་། བདག་ནི་སྣ་ཚོགས་ཐབས་ཀྱིས་འདི་ལྟ་བུ། །གཟུགས་བཟང་ཕུན་སུམ་ཚོགས་པའི་གླང་པོ་འདུལ། །རྒྱལ་པོ་གཟུགས་ཅན་མ་ལགས་ཕྲ་སེམས་ནི། །དྲང་སྲོང་ཆབ་ཀླུང་འཚལ་བས་མ་ཐུལ་ཏོ། །ཞེས་སོགས་དང་། རྒྱལ་པོ་ཆེན་པོ་སངས་རྒྱས་མཐུ་བོ་ཆེ། །ཉོན་མོངས་སྤངས་པ་དཔའ་བོ་སྟོབས་ལྡན་པ། །དེ་དང་གང་དང་དེ་འདྲར་རྗེས་འབྲང་བ། །དེའི་དབང་འདིར་ནི་གཟུགས་མེད་སེམས་འགྱུར་རོ། །དེ་ནས་རྒྱལ་པོ་འོད་ལྡན་གྱིས་བཅོམ་ལྡན་འདས་རྣམས་ཀྱི་བརྩོན་འགྲུས་དང་སྟོབས་ཐོས་ནས་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ། བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་སུ། །འགྲོ་བར་རང་བྱུང་སངས་རྒྱས་གྱུར་ནས་ནི། །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བ། །སྐྱེ་བོའི་ཚོགས་དག་བདག་གིས་བསྒྲལ་བར་བྱ། །ཞེས་སོགས་སྨྲས་ཏེ། དེར་ཐོག་མར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སྨོན་ལམ་བཏབ་པར་གསུངས་སོ། །སྐྱེས་རབས་གཞན་ལས་རྒྱལ་པོ་རབ་སྣང་དང་རབ་གསལ་ཞེས་གསུངས་པ་མིང་གི་རྣམ་གྲངས་ཡིན་པར་མངོན་ནོ། ༈ །བླ་མེད་རྫོགས་བྱང་དུ་ཐུགས་བསྐྱེད་ནས་རྫོགས་པའི་སངས་རྒྱས་གང་ལ་ཐོག་མར་བསོད་སྙོམས་ཕུལ་བ་ཞུས་པའི་ལན་དུ་གསུངས་པ། སྔོན་བཅོམ་ལྡན་འདས་ཉིད་ཡངས་པའི་གྲོང་ཁྱེར་དུ་རྫ་མཁན་ཡངས་པའི་འོད་ཅེས་བྱ་བར་གྱུར་པ་ན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་མཆོག་ཟུང་དབང་པོ་ཟུང་ནི་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ཞེས་བྱ། རིམ་གྲོ་བ་ནི་ཀུན་དགའ་བོ་ཞེས་བྱའོ། །སངས་རྒྱས་དེ་དགེ་སློང་གི་ཚོགས་ཀྱིས་བསྐོར་ནས་ལྗོངས་རྒྱུ་ཞིང་ཡངས་པའི་གྲོང་ཁྱེར་དུ་བྱོན་པ་ན། སངས་རྒྱས་དེ་ཉིད་རླུང་ཤས་ཆེ་བའི་སྙུན་གྱིས་ཐེབས་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྫ་མཁན་ཡངས་པའི་འོད་ལས། མར་དང་ཏིལ་མར་དང་བུ་རམ་གྱི་ཆུ་ཁྱེར་ཏེ་ཤོག་ཅེས་བསྒོ་བ་བཞིན། ཀུན་དགའ་བོས་རྫ་མཁན་ལ་སྨྲས་པ་དང་། རྫ་མཁན་ཡངས་པའི་འོད་བུ་དང་བཅས་པས་མར་དང་ཏིལ་མར་དང་བུ་རམ་གྱི་ཆུ་ཁྱེར་ཏེ། མར་དང་ཏིལ་མར་གྱིས་བཅོམ་ལྡན་འདས་ཀྱིས་སྐུ་བྱུགས་ཏེ་འཇམ་པོས་ཁྲུས་བྱས། བུ་རམ་ཆུའི་བཏུང་བ་གསོལ་བས་སངས་རྒྱས་དེ་བཟོད་ཅིང་འཚོ་བར་གྱུར་ཏོ། །དེ་ནས་རྫ་མཁན་དེས་ཞབས་ལ་གཏུགས་ནས། བདག་ཀྱང་རབ་ཏུ་སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་པ། །ཡོན་ཏན་རིགས་དང་རུས་དག་མཉན་པའི་སངས་རྒྱས་ཉིད་གྱུར་ཅིང་། །བདག་གིས་ཚངས་པའི་འཇིག་རྟེན་བར་གྱི་ཉམ་ཐག་འཆི་བ་ཡི། །ཕ་རོལ་ཞི་བ་རྒྱ་ཆེན་འཇིགས་པ་མེད་པར་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །བུས་བདག་ཀྱང་ལས་འདིས་གཟུགས་ཡོད་པའི་ཆོས་རྣམས་རྟོགས་པ་དང་། བཅོམ་ལྡན་འདས་ཀྱི་རིམ་གྲོ་བ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་དུས་ཀྱི་བུ་ནི་ད་ལྟའི་ཀུ་དགའ་བོ་ཉིད་དོ། །དེ་ལྟར་དང་པོར་བླ་མེད་བྱང་ཆུབ་ཀྱི་ཕྱིར་སྨོན་ལམ་བཏབ་པ་དང་། དེ་དང་ཚུལ་མཐུན་པར་མདོ་སྡེ་བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇིམས་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས་ཤིང་། ཕྱིས་སངས་རྒྱས་ཀྱི་ཞིང་མི་མཇེད་འདིའི་སེམས་ཅན་གདུལ་དཀའ་བ་རྣམས་ཡོངས་སུ་བཟུང་ནས་ཐུགས་བསྐྱེད་པའི་དང་པོ་ནི་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་གོང་དུ་བསྟན་པ་བཞིན་ནོ། ༈ །གཞན་ཡང་སངས་རྒྱས་ལ་དམིགས་ནས་དགེ་རྩ་བསྐྱེད་པ་དང་སྨོན་ལམ་བཏབ་པ་ཕྲ་ཡང་ཆུད་མི་ཟ་སྟེ། མདོ་ལས། སྔོན་འདས་པའི་དུས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གིས་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ། དེ་བཞིན་གཤེགས་འདི་མཆོག་ཟུང་གཉིས་དང་བྱང་ཆུབ་སེམས་དཔའ་ཚངས་པ་སོགས་ཀྱི་གཟུགས་སྣ་ཚོགས་པར་འཕྲུལ་པ་རྒྱལ་པོའི་ཕོ་བྲང་དུ་བསོད་སྙོམས་ལ་གཤེགས་པའི་ལམ་དེར་བྱིས་པ་རྒྱན་བཟང་ལྡན་པ་གསུམ་གྱིས་མཐོང་ནས་དད་དེ་ཁྱེའུ་གཅིག་གིས་ཞིང་གི་མཆོག་འདི་ལ་མཆོད་པར་བྱ་ཞེས་སྨྲས་པ་དང་། ཁྱེའུ་གཉིས་པོས་འདིར་མེ་ཏོག་སོགས་མེད་པས་ཅི་ཞིག་མཆོད་པར་བྱ་ཞེས་ཟེར་བ་ལ། ཁྱེའུ་གཅིག་དེས་མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རི་བ་མགུལ་ནས་བཀྲོལ་ཏེ་ཕུལ་བ་དང་། ཁྱེའུ་གཉིས་པོས་ཀྱང་དེའི་རྗེས་སུ་སློབ་པས་རང་གི་མགུལ་ནས་མུ་ཏིག་གི་སེ་མོ་དོ་བཀྲོལ་ཏེ་ཕུལ་ལོ། །ཁྱེའུ་གཅིག་དེས་ཁྱེད་གཉིས་སྦྱིན་པ་འདིས་ཅིར་སྨོན་ཞེས་བྱས་པ་ལ། ཁྱེའུ་གཅིག་གིས་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་གནས་པའི་ཤེས་རབ་ལྡན་པའི་མཆོག་དེ་ཇི་ལྟ་བ་བཞིན་previous hit དུ་གྱུར་ཅིག་ཅེས་དང་། གཉིས་པས་གཡོན next hit་ཕྱོགས་ཀྱི་རྫུ་འཕྲུལ་དང་ལྡན་པའི་མཆོག་དེ་ཇི་ལྟ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཁྱེའུ་བར་མ་གཅིག་པོ་དེས་སངས་རྒྱས་བཅོམ་ལྡན་འདས་ཇི་འདྲ་བར་སྨོན་ལམ་བཏབ་བོ། །དེའི་ཚེ་དེ་བཞིན་གཤེགས་པ་དེས་ཁྱེའུ་བར་མ་འདིས་བསམ་པ་འདི་འདྲ་བས་འོང་ཞིང་། གོམ་པ་འདོར་འཇོག་ཐམས་ཅད་ལ་འཁོར་ལོས་སྒྱུར་བ་བརྒྱ་སྟོང་གི་དགེ་རྩ་དང་། བརྒྱ་བྱིན་དང་ཚངས་པ་བརྒྱ་སྟོང་དང་། སངས་རྒྱས་བརྒྱ་སྟོང་མཐོང་བའི་དགེ་རྩ་ཡོངས་སུ་ལེན་ཏོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ཉན་ཐོས་ཀྱི་སེམས་ཀྱིས་མུ་ཏིག་དོར་བ་དེ་སངས་རྒྱས་ཀྱི་ཕྲག་པ་གཉིས་ལ་འདུག་པར་གྱུར་ཏོ། །ཁྱེའུ་གཅིག་གིས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་དོར་བ་དེ་སངས་རྒྱས་ཀྱི་དབུ་གཙུག་ན་མུ་ཏིག་གི་ཁང་བརྩེགས་སྣ་ཚོགས་ལྟ་ན་སྡུག་པ་ལ་སངས་རྒྱས་ཀྱི་སྐུ་བཞུགས་པར་སྣང་ངོ་། །དེ་བཞིན་གཤེགས་པ་དེས་འཛུམ་པ་མཛད་ཅིང་ཁྱེའུ་འདི་སངས་རྒྱས་པའི་ཚེ་ཁྱེའུ་གཞན་གཉིས་སངས་རྒྱས་དེའི་མཆོག་ཟུང་དུ་འགྱུར་བར་ལུང་བསྟན་ཏེ། ད་ལྟར་བཅོམ་ལྡན་འདས་ཉིད་དང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཐུགས་བསྐྱེད་པ་དག་གི་ཐོག་མ་འདི་རྣམས་ཡིན་ཞེས་བཀའ་སྩལ་པ་ལས་གཞན་དུ་མདོ་རྣམས་ནས་སངས་རྒྱས་དུ་མའི་དྲུང་དུ་ཡང་ནས་ཡང་དུ་ཐུགས་བསྐྱེད་པ་ནི་ཤིན་ཏུ་མང་པོར་བྱུང་བ་དེ་ལྟར་ལ། ཐོག་མའི་ཐུགས་བསྐྱེད་འདི་དག་ཀྱང་། ཇི་སྐད་དུ་མདོ་སྡེའི་རྒྱན་ལས། རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་པ་གཉིས་ལས། དང་པོ་སྐྱེ་བའི་རྒྱུ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་བཞིན་དུ། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་དྲུང་དུ་ཐུགས་བསྐྱེད་པ་ནི་གྲོགས་སྟོབས་ལས་སྐྱེས་པ་དེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་གྱུར་པ་དེས་ཐབས་ལ་མཁས་པས་བྲིད་ནས་དེ་བཞིན་གཤེགས་པ་དེའི་དྲུང་དུ་སེམས་བསྐྱེད་དུ་བཅུག་པ་ལ་དེ་ལྟར་ཐུགས་བསྐྱེད་ཅིང་དགེ་རྩ་བསགས་པར་བྱས་པའོ། །ཡང་ཁྱེའུ་ཞིག་ཏུ་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་མཐོང་ནས་མུ་ཏིག་གི་སེ་མོ་དེ་ཕུལ་ཞིང་སངས་རྒྱས་དེ་ཅི་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་དང་། དམྱལ་བའི་ཤིང་རྟ་འདྲེན་པར་གྱུར་ཆོས་གྲོགས་ལ་སྙིང་རྗེ་དང་བྱམས་པའི་སེམས་རང་ཤུགས་ཀྱིས་སྐྱེས་པ་ནི་རྒྱུ་རིགས་ཀྱི་སྟོབས་ལས་ཡིན་ཏེ། ཁྱེའུ་གསུམ་གྱི་ནང་ནས་རྒྱ་ཆེན་པོ་ལ་མོས་པ་སངས་རྒྱས་སུ་སྨོན་ལམ་འདེབས་པ་དེ་བཅོམ་ལྡན་འདས་ཉིད་དང་། མཆོག་ཟུང་དུ་སྨོན་ལམ་འདེབས་པ་དེ་དག་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ཡིན་པའི་ཕྱིར་རོ། །གྲོགས་ལ་སྙིང་རྗེ་སྐྱེ་བ་དེ་ཡང་། མདོ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེ་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་བསྐྱེད་ཀྱི་རྩ་བ་སེམས་ཅན་ལ་སྙིང་རྗེ་དང་བྱམས་པའི་སེམས་སྐྱེ་བ་ལས་ཡིན་ཞིང་། དེའང་ཐེག་པ་ཆེན་པོའི་རིགས་སད་པའི་དབང་གིས་སྙིང་རྗེ་སྐྱེ་བ་ཡིན་པའི་ཕྱིར་རོ། །རྒྱལ་པོ་འོད་ལྡན་གྱིས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་བ་ནི། ཐོས་པའི་སྟོབས་ལ་བརྟེན་ནས་ཡིན་ཏེ། འདུལ་སྦྱོང་མཁན་གྱིས་བདག་གིས་གླང་པོ་ཆེའི་ལུས་འདུལ་བར་བྱས་ཀྱི་སེམས་ཀྱི་ཉོན་མོངས་འདུལ་མི་ནུས་ལ། སེམས་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་ཡིན་ཞེས་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་ཐོས་པ་ལས་རྒྱལ་པོ་དེས་སྦྱིན་པ་སོགས་བྱས་ཏེ་སངས་རྒྱས་སུ་སྨོན་ལམ་བཏབ་པ་ཡིན་ནོ། །རྫ་མཁན་ཡངས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསོད་སྙོམས་ཕུལ་ནས། སངས་རྒྱས་དེ་ཇི་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་ནི། དགེ་བའི་རྩ་བའི་སྟོབས་དང་། སྔོན་དགེ་རྩ་བསགས་པའི་སྟོབས་ཀྱིས་སངས་རྒྱས་འཇིག་རྟེན་བྱོན་པ་དང་འཕྲད་ནས་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་ཕྱིར་རོ། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྨོན་ལམ་ལྔ་བརྒྱ་བཏབ་སྟེ་ཐུགས་བསྐྱེད་པ་ནི། ཚེ་དེ་དང་སྔ་མ་རྣམས་སུ་ཐེག་ཆེན་གྱིས་ཆོས་ཀྱིས་བསྡུས་པའི་དགེ་བ་ཆེར་གོམས་པ་ལས། བྱང་ཆུབ་སེམས་དཔའ་གཞན་ལས་ཀྱང་འཕགས་པའི་སྙིང་རྗེ་ཆེན་པོས་མ་དག་སྙིགས་མའི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་པ་ཐོག་མ་ཡིན་ནོ། །སྤྱིར་ཐུགས་བསྐྱེད་པ་ལ་རྒྱུ་ལྔ་ཆར་ཚང་དགོས་པའི་ངེས་པ་མེད་དེ་གང་རུང་ཞིག་ལས་སྐྱེས་ཀྱང་བྱང་ཆུབ་སེམས་བསྐྱེད་མཚན་ཉིད་པར་འགྱུར་མོད། རྒྱུ་ལྔ་པོ་དེ་དག་གང་རུང་གི་སྒོ་ནས་དང་པོར་བསྐྱེད་དུ་ཟིན་ཀྱང་མོས་སྤྱོད་ཀྱི་སར་སྐྱེ་བ་གཞན་དང་གཞན་དུ་རྒྱུ་གང་རུང་རེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སླ་ཡང་མངོན་དུ་སད་པར་བྱེད་པ་ཡོད་ལ། དེ་ཡང་རང་སྟོབས་རྙེད་ནས་ཇེ་བརྟན་དུ་འགྲོ་ཞིང་ས་ཐོབ་ཕན་ཆད་སེམས་བསྐྱེད་པ་དེ་ཚེ་རབས་ཐམས་ཅད་དུ་ཉམས་པ་མེད་པར་མངོན་དུ་འགྱུར་རོ། །སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་དེ་རྣམས་རྒྱུའི་སྟོབས་ཅན་ཡིན་ཀྱང་། རྐྱེན་དག་ལའང་ལྟོས་པས་ན་འདི་ལྟར་ཐུགས་བསྐྱེད་པ་འདི་དག་ཐོག་མའི་ཐུགས་བསྐྱེད་དུ་གསུངས་པ་ལ། འདི་རྣམས་ཀྱི་སྔ་ཕྱི་ནི་རིམ་པ་ལྟ་ཚོང་དཔོན་གྱི་བུ་དང་། ཁྱེའུ་དང་། གྱད་པཀྴི་ཏ་དང་། འོད་ལྡན་དང་། རྫ་མཁན་ཡངས་པའི་འོད་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་ལྟ་བུར་བཞག་ཀྱང་འགལ་བ་མེད་ལ། འོན་ཀྱང་གྱད་པཀྴི་ཏས་བྱམས་པའི་སེམས་བསྐྱེད་པ་ཙམ་དང་། ཁྱེའུ་གསུམ་གྱི་དབུས་མས་སངས་རྒྱས་མཐོང་བས་དྭང་བའི་དད་པ་ཙམ་གྱིས་མུ་ཏིག་གི་དོ་ཤལ་ཕུལ་ནས་སངས་རྒྱས་དེ་འདྲར་འགྱུར་བར་སྨོན་ལམ་བཏབ་པ་ཙམ་ཡིན་ལ། རྒྱལ་པོ་འོད་ལྡན་དང་རྫ་མཁན་ཡངས་པའི་འོད་ཀྱིས་སྔ་མ་གཉིས་ལས་ལྷག་པར་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཤིང་འདོད་པའི་དད་པ་དྲག་པོས་སངས་རྒྱས་སུ་འགྱུར་བར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ཡིན་ཅིང་ཚོང་དཔོན་གྱི་བུ་ཡང་དེ་དང་འདྲའོ། །འདི་དག་སྨོན་འཇུག་སོགས་སེམས་བསྐྱེད་པའི་གནས་སྐབས་སོ་སོ་ལ་བཞེད་པའང་ཡོད་མོད་མདོ་རང་གིས་ཇི་ལྟར་གསལ་བ་ལས་མཐའ་གཅིག་ཏུ་འདི་དག་གི་སྔ་ཕྱི་འདི་ཞེས་ངེས་པ་དཀའ་མོད། གང་ལྟར་ཀྱང་ཐོག་མར་ཐུགས་བསྐྱེད་པའི་ཚུལ་འདི་ཡང་ཇེ་བཟང་ཇེ་བརྟན་དུ་སོང་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཐུགས་བསྐྱེད་པའི་ཚེ་ཐེག་པ་ཆེན་པོ་ལ་ཡིད་ཆེས་པའི་དད་པ་དྲག་པོས་སེམས་ཅན་གཞན་མང་པོ་ཐེག་ཆེན་ལ་བཀོད་པ་དང་། བདག་ཉིད་ཀྱིས་སྙིང་རྗེ་ཆེན་པོ་ཞིང་མ་དག་པ་ཆེད་དུ་བཟུང་བའི་ཐུགས་བསྐྱེད་ཐོག་མ་ཡིན་པར་མངོན་ནོ། །དེས་ན་ཐོག་མར་འཇམ་དཔལ་གྱིས་བླ་མེད་བྱང་ཆུབ་ཏུ་ཐུགས་བསྐྱེད་དུ་གཞུག་པའི་བོན་ལས་ཐེག་པ་ཆེན་པོའི་རིགས་སད་དེ་ཕྱི་མ་འདི་རྣམས་རིམ་བཞིན་འབྱུང་ཡང་རུང་ལ། ཁྱེའུ་སངས་རྒྱས་སུ་སྨོན་ལམ་བཏབ་པའམ། གྱད་པཀྴི་ཏས་བྱམས་པའི་སེམས་བསྐྱེད་དང་པོར་བྱས་ནས་ཚོང་དཔོན་གྱི་བུ་སོགས་རིམ་བཞིན་ཡིན་ཀྱང་འགལ་བ་མེད་མོད་ལུང་གིས་གསལ་བ་མེད་ན་རིགས་པས་མཐའ་གཅིག་ཏུ་དཔྱད་པར་དཀའོ། །དེས་ན་སྔ་མ་དེ་དག་གི་གོ་རིམ་ཅི་ལྟར་ཀྱང་ཐུགས་བསྐྱེད་པ་ཐོག་མར་གསུངས་པའི་དོན་ལ་ནི་གནས་སྐབས་སོ་སོའི་དབང་གིས་འགལ་བ་མེད་པར་སྣང་ངོ་། །དེ་ལ་སྤྱིར་སངས་རྒྱས་ལ་དམིགས་ནས་དེ་ཐོབ་འདོད་ཀྱི་བསམ་པས་སྨོན་ལམ་གཅིག་བཏབ་ཀྱང་། དེའི་འབྲས་བུ་བླ་མེད་བྱང་ཆུབ་ཆེན་པོར་སྨིན་ངེས་པ་ཆུད་མི་ཟ་བ་ཡིན་ཏེ། བདུད་སྡིག་ཅན་གྱིས་གཡོ་བྱས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་སངས་རྒྱས་སུ་ལུང་བསྟན་པ་ལྟ་བུ་ཡིན་མོད། འོན་ཀྱང་འཕགས་ས་མ་ཐོབ་པ་ཚུན་ཆད་དང་། ལྷག་པར་ལས་དང་པོ་པའི་ས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ས་བོན་ཙམ་མ་ཉམས་ཀྱང་། རྐྱེན་ངན་པ་དང་འཕྲད་ནས་བྱང་ཆུབ་སེམས་ཀྱི་རྒྱུན་སྐྱེ་བ་ཀུན་ཏུ་རྒྱུན་ཆགས་པར་མི་འབྱུང་བར་ཚེ་རབས་ལ་ལར་བརྗེད་པ་སོགས་ཀྱང་སྲིད་པས་སྤྱིར་མི་བརྟན་པ་དང་བརྟན་པར་འབྱུང་བའི་ཁྱད་ཡོད་པ་དང་། བྱེ་བྲག་ཏུ་རྒྱུ་ལྔ་པོ་ལས་གྲོགས་སྟོབས་ཙམ་ལས་བྱུང་བ་རིགས་སོགས་རང་སྟོབས་མེད་ན་མི་བརྟན་པ་དང་། གཞན་བཞི་ལས་བྱུང་བ་ལ་བརྟན་པའི་ཐ་སྙད་ཀྱང་མཛད་དོ། །གཞན་ཡང། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་མོས་སྤྱོད་ཀྱི་སར་མོས་པ་སྤྱོད་པ་ལས་བྱུང་བའི་སེམས་བསྐྱེད། མ་དག་ས་བདུན་དུ་བདག་གཞན་མཉམ་པའི་སེམས་འབྱོངས་པས་ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད། དག་ས་གསུམ་དུ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་མཐའ་དག་སྤངས་པའི་སེམས་བསྐྱེད་མཐར་ཐུག་ཡིན་པས། ས་དང་ལམ་བགྲོད་དེ་གོང་ནས་གོང་དུ་ཇེ་བཟང་དུ་སོང་བའི་ཁྱད་པར་གྱིས་སྐྱེ་བ་སྣ་ཚོགས་སུ་ཐུགས་བསྐྱེད་པ་ཡང་ནས་ཡང་དུ་བྱས་པའི་ཚུལ་སྣ་ཚོགས་མདོ་རྣམས་ལས་གསུངས་པ་བཞིན་ནོ། །དེ་བཞིན་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་པ་འདི་ལ་ཡང་། བཟོད་པ་ཆུང་ངུ་ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པ་སྦྱོར་ལམ་བཟོད་པའི་སྐབས་དང་། འབྲིང་པོ་ཡོངས་སུ་གྲགས་པ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དང་པོར་གཟིགས་པ་མཐོང་ལམ་བཟོད་པ་དང་། བཟོད་པ་ཆེན་པོ་ནི་ས་བརྒྱད་པ་ཐོབ་པའི་ཚེ་མཉམ་རྗེས་ཐམས་ཅད་དུ་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་པའི་སྐབས་སོ་སོ་ཡོད་ལ། མདོར་ན་གོང་ནས་གོང་དུ་རྟོགས་པ་ན་འཕར་ཏེ་སྐྱེ་མེད་ཀྱི་དོན་ལ་བཟོད་པ་ཇེ་བཟང་དུ་གྱུར་པའི་གནས་སྐབས་དེ་དང་དེ་ལ་དགོངས་ཏེ་མི་སྐྱེ་བའི་བཟོད་པ་ཐོབ་པའི་ཚུལ་དུ་མདོ་ལས་གསུངས་པ་དང་། སངས་རྒྱས་རྣམས་ཀྱིས་དགོས་པའི་དབང་གིས་ལུང་བསྟན་པ་ལའང་། བླ་མེད་བྱང་ཆུབ་ཀྱི་རྒྱུ་ཕྲ་མོ་ཙམ་ཞིག་བྱས་པ་ཡང་མཐར་རིང་མོ་ཞིག་ན་བྱང་ཆུབ་ཆེན་པོར་སྨིན་ངེས་པའི་ཚུལ་གཟིགས་ཏེ་སངས་རྒྱས་སུ་ལུང་བསྟན་པ་དང་། ས་དང་པོ་ཐོབ་པའི་སྐབས་སུ་ལུང་བསྟན་པ་དང་། ས་བརྒྱད་པ་ཐོབ་ཚེ་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པ་ཆོས་ཉིད་ཡིན་པས་བདག་ཅག་གི་སྟོན་པ་ཡང་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོར་གྱུར་པའི་ཚེ་མར་མེ་མཛད་མཐོང་མ་ཐག་ཏུ་ས་བརྒྱད་པ་ཐོབ་པ་ལ་སངས་རྒྱས་སུ་ལུང་བསྟན་པ་འདི་ཉིད་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པའི་གཙོ་བོར་གྲགས་ཆེ་བས་མར་མེ་མཛད་འདས་པའི་སངས་རྒྱས་སུ་གཙོ་བོར་ངོས་འཛིན་པའང་དེའི་དབང་གིས་བྱུང་ངོ་། །གཞན་ཡང་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པ་ཡིན་ཀྱང་སྐབས་དེར་ལུང་མ་བསྟན་པ་སོགས་སྣ་ཚོགས་པའི་ཚུལ་ཡོད་དེ། ཡེ་ཤེས་རྒྱས་པའི་མདོ་ལས། མོའུ་འགལ་གྱི་བུ་གང་ཟག་གི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་གོ་བར་མཛད་དོ། །ཞེས་གསུངས་པ་བཞིན་དང་། གཞན་ཡང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་སྟོན་པ། བསྐྱེད་མ་ཐག་ཏུ་ལུང་སྟོན་པ། གསང་སྟེ་ལུང་སྟོན་པ། བཟོད་པ་ཐོབ་ནས་མངོན་སུམ་དུ་ལུང་སྟོན་པ་རྣམ་པ་བཞིར་གསུངས་པ་ལྟ་བུ་ཡང་ཤེས་པར་བྱའོ། །གོང་དུ་བཤད་པ་དེ་ལྟར་ཐུགས་བསྐྱེད་ནས་སངས་རྒྱས་ཚད་མེད་པ་ལས་དགེ་བའི་རྩ་བ་བསྐྱེད་པའི་ཚུལ་འདུལ་བ་གཞི་ལས་གསུངས་པ་ཐུགས་བསྐྱེད་པའི་རྗེས་སུ། བསྐལ་པ་གྲངས་མེད་དང་པོ་ལ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བརྒྱད། །དེའི་བར་བདུན་ཁྲི་ལྔ་སྟོང་གི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །གྲངས་མེད་གཅིག་ནི་འདས་པ་ཡི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །སངས་རྒྱས་ཉིད་ནི་འདོད་པའི་ཕྱིར། །ང་ལ་སྐྱོ་བའི་སེམས་མེད་དོ། །གྲངས་མེད་གཉིས་པ་ལ། །སངས་རྒྱས་མར་མེ་མཛད་ནས་ཏེ། དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་དག་གི་ནི། །སངས་རྒྱས་རྣམས་ནི་ང་ཡིས་མཆོད། །གྲངས་མེད་གཉིས་པོ་ཚང་བ་ནི། །རྒྱལ་བ་ང་ཡིས་མཆོད་བྱས་ཏེ། །སྐྱེ་བ་དེ་དང་དེ་དག་ཏུ། །ང་ལ་སྐྱོ་བའི་སེམས་མེད་དོ། །གྲངས་མེད་པ་ནི་གསུམ་པ་ལའང་། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ང་ཡིས་མཆོད། །གྲངས་མེད་གསུམ་པོ་དེ་ལ་ནི། །རྒྱལ་བ་ངས་ནི་མཆོད་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སྤྱོད་པ་ན། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ང་ནི་བྱང་ཆུབ་སེམས་དཔའ་ན། །སངས་རྒྱས་མཆོག་ནི་དེ་དག་མཆོད། །འཇིག་རྟེན་འདྲེན་པ་དེ་ཀུན་གྱིས། །ང་ནི་སངས་རྒྱས་ཉིད་དུ་བསྟན། །ངས་ནི་སྔོན་བསམས་གང་ཡིན་པ། །ང་ནི་སྨོན་ལམ་ཐམས་ཅད་རྫོགས། །ངས་ནི་སངས་རྒྱས་ཁུར་བོར་ཏེ། །སེམས་ཅན་རྣམས་ནི་རྗེས་སུ་བཟུང་། །ཞེས་དང་། གཞན་ཡང་ཀུན་དགའ་བོས་ཞུས་ཏེ། སངས་རྒྱས་རྣམས་མཆོད་པའི་ཚུལ་རྒྱས་པར་གསུངས་སོ། །དེ་དག་ནི་སངས་རྒྱས་མཆོད་པའི་ཚུལ་རགས་རིམ་ཙམ་གསུངས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་སྔོན་སངས་རྒྱས་གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ་ལ་དགེ་བའི་རྩ་བ་བསྐྲུན་ཅིང་དེ་ལྟ་བུའི་སངས་རྒྱས་རེ་རེ་ལའང་མཆོད་པ་ཚད་མེད་པས་མཆོད་པ་དང་། ཆོས་ཚད་མེད་པ་བཟུང་བ་དང་། ཚད་མེད་པའི་སྨོན་ལམ་གྱི་སྟོབས་ཡོངས་སུ་རྫོགས་པར་མཛད་པ་དང་། ཚད་མེད་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོངས་པ་དང་། སེམས་ཅན་ཚད་མེད་པ་སྨིན་པར་བྱས་པས་རྫོགས་སྨིན་སྦྱངས་པ་བསམ་གྱིས་མི་ཁྱབ་པ་ནི་བརྗོད་པའི་མཐའ་ལས་འདས་པ་ཡིན་ཀྱང་ཅི་རིགས་པ་མཚོན་བྱེད་དུ་གསུངས་པ་མདོ་བཞིན་བཀོད་པ་ལ། སྔོན་བྲམ་ཟེ་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་སྒྲིབ་མེད་ལུང་སྟོན་ཞེས་བྱ་བ་སྐུ་ཚེའི་ཚད་དཔག་ཏུ་མེད་པར་བཞུགས་པ་དེ་ལ། ཐམས་ཅད་དང་ལྡན་པའི་སྣང་ལ་ནོར་བུའི་བླ་རེ་ཀུན་ཏུ་བྲེས་པ། ས་ཐམས་ཅད་གསེར་གྱི་གླེགས་མས་གཡོགས་པ། གསེར་གྱི་ཁང་བརྩེགས་འཕང་དུ་དཔག་ཚད་གཅིག་ཙམ་པ་སྟོང་ཕྲག་བརྒྱད་ཅུས་གནས་བཅུར་ཀུན་ཏུ་བརྒྱན་ཏེ། ཁང་བརྩེགས་རེ་རེ་ཡང་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོང་དག་མངོན་པར་འདུག་ཅིང་། ཁང་བརྩེགས་རེ་རེའི་ས་ལ་སིལ་སྙན་སྟོང་གི་སྒྲ་དབྱངས་འབྱུང་བ་ཁང་བརྩེགས་ཀྱི་ས་ཐམས་ཅད་མེ་ཏོག་ཁ་དོག་རྣམ་པ་ལྔ་བཀྲམ་པ། ལྷའི་སྤོས་ཀྱིས་བྱུགས་པ། ལྷའི་བདུག་སྤོས་ཀྱིས་བདུག་པའི་སྤྲིན་འཁྲིགས་པ། དགའ་ཞིང་དྲེགས་པར་བྱེད་པ་བྱས་ཏེ། སངས་རྒྱས་ཀྱི་མཐུས་ཁང་བརྩེགས་དང་དེ་ཐམས་ཅད་ཀྱང་མ་བཟུང་བར་ནམ་མཁའ་ལ་འགྲོ་བ། ཁང་བརྩེགས་དེ་དག་ལས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྟོད་པའི་སྒྲ་དང་། རྣམ་ཐར་གསུམ་དང་། རྒྱུན་ཞུགས་སོགས་འབྲས་བུ་བཞི་དང། མི་རྟག་སྡུག་བསྔལ། སྟོང་པ་བདག་མེད། རྣམ་ཐར། ཏིང་འཛིན། སྙོམས་འཇུག །རྫུ་འཕྲུལ། མངོན་ཤེས། འགོག་པ་དང་། ཐར་པ་དང་མཐུན་པའི་སྒྲ་རྣམས་འབྱུང་ཞིང་། ཁང་བརྩེགས་དེ་བར་སྣང་ལ་འགྲོ་བའི་མདུན་དུ་སྤོས་ཆུའི་ཆར་དང་ལྷའི་མེ་ཏོག་གི་ཆར་འབེབས་ཤིང་མེ་ཏོག་གིས་གཏོར་བར་བྱེད་པ་དེ་ལྟ་བུ་ཕུལ་ནས་བྲམ་ཟེ་སྒྲ་རྣམ་པར་གྲགས་པས་སངས་རྒྱས་ལ་བསྟོད་པའི་ཚིགས་སུ་བཅད་པ་བརྗོད་ཅིང་བཀུར་སྟིར་བྱས་སོ། ༈ །ཡང་སྔོན་གྱི་རྒྱལ་པོ་དགའ་མཐོང་ཞེས་བྱ་བ་གླིང་བཞི་པའི་དབང་ཕྱུག་ཏུ་གྱུར་པ། དེའི་ཚེ་གྲོང་ཁྱེར་དེ་མཆོག་ཏུ་རྒྱས་ཤིང་གླིང་རེ་རེར་ཡང་གྲོང་ཁྱེར་ས་ཡ་ཕྲག་བརྒྱད་བརྒྱད་བྱུང་བ། གྲོང་ཁྱེར་རེ་རེར་ཡང་ཆུ་ཞིང་དུ་དཔག་ཚད་བཅུ་རེ་ཡོད་པ། གྲུ་བཞི་པ། ཤིན་ཏུ་སྤྲུལ་པ་མིག་མང་རིས་སུ་བྲིས་པ། གསེར་གྱི་སྐུད་པས་སྦྲེལ་བ། རབ་རིན་པོ་ཆེ་ཐམས་ཅད་དང་ལྕོག་འཛམ་བུའི་ཆུ་གསེར་ལས་བྱས་པ། སྟེང་ནོར་བུ་རིན་ཐང་མེད་པའི་དྲྭ་བས་གཡོགས་པ། ནོར་བུ་རིན་ཐང་མེད་པས་ས་གཞི་བཀྲམ་པ། རིན་ཆེན་སྣ་བདུན་གྱི་དྲིལ་བུ་གསེར་ཁའི་དྲྭ་བས་བརྒྱན་པ། སེམས་ཅན་དགེ་རྩ་དཔག་མེད་བསགས་པ་རྣམས་ཀྱི་གནས། རིན་ཆེན་སྣ་བདུན་གྱི་ཤིང་ལྗོན་པས་མཛེས་པ། དེའི་ཕྱི་ནང་དུ་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཏེ། མི་རྣམས་རྩེ་བར་འདོད་པའི་ཚེ་པི་ཝང་དང་སིལ་སྙན་ཡན་ལག་ལྔ་པའི་སྒྲ་དང་། དྲི་ཟའི་རོལ་མོ་འདོད་ན་དེའི་སྒྲ་སོགས་གང་དང་རྩེ་བར་འདོད་པ་དེ་དང་དེ་འབྱུང་བ་དང་། ལོ་སྟོང་དང་། ཁྲིར་རྩེ་བར་འདོད་ན་ཡང་དེ་ལྟར་རྩེ་ཞིང་རྟག་ཏུ་རྩེ་བས་དགའ་བ་དང་ལྡན་ནོ། །དེར་དེ་བཞིན་གཤེགས་པ་བདུད་རྩིའི་འོད་ཟེར་ཞེས་བྱ་བ་བྱོན་པ་ལ། རྒྱལ་པོ་དགའ་མཐོང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེར་དར་གྱི་ལྔ་ལྡི་བཏགས་ཤིང་ཐམས་ཅད་དུ་བརྒྱན་ཏེ། སྔོན་གྱི་མི་དང་བཅས་པར་དེ་བཞིན་གཤེགས་པ་དེ་འཁོར་བཅས་ཀྱི་ཡོངས་སུ་སྤྱད་པའི་དོན་དུ་ཕུལ་ཞིང་། རང་གི་བུ་དང་ཆུང་མ་དང་འཁོར་རྣམས་ཀྱང་ཕུལ་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་འབུམ་ཕྲག་བརྒྱད་དང་ཐབས་གཅིག་ཏུ་ལོ་ས་ཡ་ཕྲག་བརྒྱད་དུ་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཡོངས་སུ་བརྙེས་པར་བྱས་པ་དང་། ༈ ཡང་རྒྱལ་པོ་སེང་གེའི་བློ་གྲོས་ཞེས་བྱ་བ་སྒྲ་དང་བསྟན་བཅོས་ཐམས་ཅད་ལ་མཁས་པ་ཞིག་ཏུ་གྱུར་པ་དེས་ཡུལ་དེ་ན་འཁོད་པའི་དགེ་སྦྱོང་དང་བྲམ་ཟེ་ཐམས་ཅད་བསྡུས་ཏེ་ཁ་ཟས་རོ་བརྒྱ་པའི་སྟོན་མོ་བྱས་ཤིང་ཀ་ཤའི་རས་ཀྱིས་བཀབ་ནས་ལོ་ཁྲི་ཕྲག་བརྒྱད་ཀྱི་བར་དུ་ཉིན་མཚན་རྟག་པར་རྒྱུན་དུ་སྦྱིན་པ་བྱིན་ཅིང་དགེ་སྦྱོང་དང་བྲམ་ཟེ་དག་ལ་ཡང་། བསྟན་བཅོས་ཀྱི་དོན་ཡོངས་སུ་བྲིས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ཡང་བལྟའོ། །ཤེས་རབ་ཀྱི་དབང་པོའི་སྟོབས་དང་སྟོབས་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར། དེ་ལྟར་བརྩོན་པར་བྱས་སོ། ༈ །ཡང་སྔོན་གྱི་ཚེ་བྲམ་ཟེ་ཟླ་དགའ་ཞེས་བྱ་བ་ཤིང་སྭ་ལ་ཆེན་པོ་ལྟ་བུ། རིགས་ཤིན་ཏུ་དག་པ། གཞུང་འཛིན་པ། རིག་བྱེད་གསུམ་ཡན་ལག་དང་བཅས་པ་ཤེས་པ། སྔོན་བྱུང་བའི་ཕ་རོལ་ཏུ་ཕྱིན་པ། འཇིག་རྟེན་རྒྱང་འཕེན་པའི་གཞི་ལུང་སྟོན་པ། མཆོད་སྦྱིན་གྱི་རྒྱུད་དང་། སྐྱེས་བུ་ཆེན་པོའི་མཚན་ཉིད་ཤེས་པ། རིག་པ་གསུམ་གྱི་ཚིག་ལ་བྲི་བ་མེད་པ། ལས་ཀྱི་རྣམ་པར་སྨིན་པའི་རྫུ་འཕྲུལ་ཐོབ་པ་ཞིག་ཏུ་གྱུར་པ་ན། དེས་སློང་མོས་འཚོ་བའི་མུ་སྟེགས་དང་གདོལ་པ་ཐམས་ཅད་དང་། ཀུན་ཏུ་སློང་བ་ཐམས་ཅད་སློང་མོས་འཚོ་བའི་ཆེད་དུ་ལྟོ་འགེངས་པར་བྱེད་ཅིང་ཉི་མ་སྟོང་དང་ཉིས་སྟོང་སུམ་སྟོང་བཞི་སྟོང་དུ་ཡང་སྟོན་མོ་བྱེད། ཐབས་དེས་ལོ་འབུམ་ཕྲག་བརྒྱད་དུ་ཟླ་བས་མཆོད་སྦྱིན་བསྒྲུབས་ཤིང་། གང་ལ་སེམས་རབ་ཏུ་ཞེན་པར་བྱས་པ་དེ་ནི་ཡོན་གནས་སུ་ལའང་མ་ཞུས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་མྱ་ངན་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། དེའི་ཉན་ཐོས་འདུས་པ་སྐར་མའི་གྲངས་དང་མཉམ་པ་བྱུང་། བྱང་ཆུབ་སེམས་དཔའི་འདུས་པ་ཡང་དེ་ལྟར་གྱུར་ཏོ། །དེ་ནས་བྲམ་ཟེ་ཟླ་དགའ་དེས་བདག་གི་མཆོད་སྦྱིན་གྱི་བཀང་སར་ཡ་མཚན་ཅན་ཀུན་འཇུག་མོད་ཀྱི། དེ་བཞིན་གཤེགས་པ་དེ་དང་ཉན་ཐོས་ནི་མི་འཇུག་ན། མཆོད་སྦྱིན་གྱི་གནས་འདིར་འཇུག་པའི་ཐབས་ཅི་ཡོད་སྙམ་དུ། བདག་གིས་མཆོད་སྦྱིན་གྱི་སྐྱོན་གང་གིས་དེ་ལྟར་མི་འཇུག་སྙམ་ན། སངས་རྒྱས་དགེ་འདུན་དང་བཅད་པ་དུས་སུ་ཟ་བ་ཡིན་ལ། ཟས་ནམ་གྲུབ་པར་འགྲིམས་པས་འདིར་མི་འཇུག་གམ་སྙམ་མོ། །དེ་ནས་བྲམ་ཟེ་དེ་སྔ་བར་ལངས་ནས་བྲམ་ཟེ་དང་བྲམ་ཟེ་མོ་མང་པོས་ཡོངས་སུ་བསྐོར་ཞིང་རྒོད་མ་དཀར་མོའི་ཤིང་རྟ་ལ་ཞོན་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་སོང་ངོ་། །དེ་བཞིན་གཤེགས་པ་དེ་ཤིང་ལྗོན་པ་ཞིག་གི་དྲུང་ན་བཞུགས་ཤིང་ཤིན་ཏུ་མཛེས་ལ་དབང་པོ་དུལ་བར་མཐོང་ནས་འདི་སྙམ་དུ་བདག་གིས་དེ་བཞིན་གཤེགས་པ་ལ། དགེ་སློང་གི་ཚོད་ཙམ་དུ་ཤེས་པ་ནི་ནོངས་ཏེ། བཅོམ་ལྡན་འདས་འདི་ནི་ཕུལ་དུ་བྱུང་བའོ། །འདི་ལ་ཕུལ་དུ་བྱུང་བའི་ཞལ་ཟས་དང་ན་བཟའ་སོགས་འབུལ་བར་བྱའོ་སྙམ་ཞིང་། དེ་བཞིན་གཤེགས་པ་ལ་ཕྱག་བྱས་ནས། བདག་གི་མིང་ནས་ལན་གསུམ་སྨྲས་སོ། །བཅོམ་ལྡན་འདས་བདག་གིས་དགེ་སློང་ཙམ་དུ་བཟུང་བའི་ནོངས་པ་འཆགས་སོ། །བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ་ཞེས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནི་གང་ཟག་གཅིག་གི་ཕྱིར་མ་ཡིན་པས་ཇི་སྲིད་འཚོའི་བར་དུ་མི་བཞུགས་སོ། །གསོལ་བ། འོ་ན་དགུང་བདུན་དུ་བསྙེན་བཀུར་བྱ་བར་གནང་བར་མཛད་དུ་གསོལ་ཞེས་ཞུས་པ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་བྲམ་ཟེ་ཟླ་དགས་རང་གི་ཁྱིམ་དུ་གཉེན་བསྡུས་ཏེ་ཐམས་ཅད་ལ་ཁྱེད་རྣམས་མཐུ་དང་ནུས་པ་ཅི་ཡོད་པས་འབད་པར་གྱིས་ཤིག་ཅེས་བྱས་ནས། འཁོར་གྱི་ཁྱམས་ཆུ་ཞིང་དཔག་ཚད་བཅུ་གཉིས་ལ་བྱས་ཏེ། ཀླུའི་རྒྱལ་པོ་ལ་བདག་གིས་བཅོམ་ལྡན་འདས་འཁོར་བཅས་སྤྱན་དྲངས་ཀྱིས་བཤེས་པར་མཛོད་ཅིག་ཅེས་བསྐུལ་བས་སྤོད་ཆུས་ཆག་ཆག་བཏབ་བོ། །དེ་བཞིན་དུ་གནོད་སྦྱིན་རྣམས་ལ་གདན་བཤམས་པ་དང་། དྲི་ཟ་རྣམས་ལ་རོལ་མོ་བྱེད་པར་བསྐུལ་ལོ། །གྲུལ་བུམ་རྣམས་ལ་བླ་རེ་བྲེས་པར་བསྐུལ་ལོ། །དེ་བཞིན་དུ་ཀླུ་རྣམས་ཀྱིས་རླུང་བསིལ་བ་ལྡང་བས་ཚ་བ་མེད་པར་དང་། ནོར་བུ་དང་མུ་ཏིག་གི་རྒྱན་ཀྱང་བྱས་སོ། །དེར་བཅོམ་ལྡན་འདས་འཁོར་བཅས་གདན་ལ་བཞུགས་ནས་ལྷའི་སྤོས་དང་མེ་ཏོག་གི་ཆར་འབེབས་ཤིང་དྲི་ཟ་རྣམས་ཀྱིས་རོལ་མོ་བྱེད་དོ། །དེའི་ཚེ་དེ་བཞིན་གཤེགས་པ་དེའི་རྫུ་འཕྲུལ་གྱིས་འཁོར་གྱི་ཁྱམས་དེ་དཔག་ཚད་བརྒྱ་པ་བཻཌཱུརྱའི་ར་བས་བསྐོར་ཞིང་ཤེལ་གྱི་ཁ་རན་བཏགས་པར་གྱུར་ཏོ། །དེར་ཞལ་ཟས་སྣ་ཚོགས་བསོད་པ་དག་གིས་བསྟབས་ཤིང་དཔག་བསམ་གྱི་རས་བཅོས་བུ་ཟུང་རེས་གཡོགས་སོ། །དེའི་ཚེ་ཉི་མ་ཟླ་བ་ནས་དཀྱིལ་འཁོར་གྱི་མཐའི་ལྟའི་བུ་དབང་དང་གཟི་བརྗིད་ཆེ་བ་དག་གིས་འཁོར་དེར་གང་བར་གྱུར་ཏོ། །དེ་ནས་ཟས་ཀྱི་བྱ་བ་མཛད་པའི་རྗེས་སུ་བྲམ་ཟེ་ཟླ་དགས་བཅོམ་ལྡན་འདས་ལ་གསོལ་བ། བདག་གིས་སྦྱིན་པ་འདི་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱི་སྟེ། དགེ་རྩ་འདིས་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་གསོལ་བ་ལ། བཅོམ་ལྡན་འདས་འཛུམ་པ་མཛད་པས། ཉི་མ་དང་ཟླ་བ་ནས་དཀྱིལ་འཁོར་གྱི་མཐའི་ལྷའི་བར་དུ་དག་པ་གསེར་གྱི་མདོག་གི་འོད་ཀྱིས་ཁྱབ་བོ། །དེར་བྲམ་ཟེ་ཟླ་དགས་གསོལ་པ། བཅོམ་ལྡན་འདས་ཀྱིས་འོད་བཏང་བའི་ཇི་ཙམ་དུ་ཁྱབ་པས་སེམས་ཅན་རྣམས་ལ་རེག་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་མི་ཕྱེད་པའི་དད་པ་སྐྱེས་ལགས་སོ། །བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་རྣམ་པར་སྨིན་པ་གང་ལགས་པ་དེ་སེམས་ཅན་ཐམས་ཅད་ལ་སྩལ་བར་བགྱིའོ། །བཅོམ་ལྡན་འདས་འཛུམ་པ་དེའི་རྒྱུ་དང་རྐྱེན་གང་ལགས། བཀའ་སྩལ་པ། བྲམ་ཟེ་ཇི་ཙམ་དུ་འོད་འདིས་ཁྱབ་པའི་སེམས་ཅན་དེ་དག་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་དེ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འཚང་རྒྱ་ཞིང་སེམས་ཅན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ས་བོན་བསྐྱེད་པ་ཡིན་ནོ་ཞེས་གསུངས་ཏེ། སངས་རྒྱས་འཁོར་བཅས་སྟན་ལས་བཞེངས་ནས་གཤེགས་སོ། །དེ་ལྟར་བྲམ་ཟེ་དེས་སེམས་ཅན་དེ་དག་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ཞག་བདུན་དུ་བཀུར་སྟི་དང་བླ་མར་བྱས་སོ། །དེ་བཞིན་གཤེགས་པ་དེས་བདག་ལུང་མ་བསྟན་ཀྱང་སེམས་ཞུམ་པ་མེད་ཅིང་། བདག་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ་སྙམ་དུ་ཡང་སེམས་པར་མ་གྱུར་ཏོ། ༈ །ཡང་སྔོན་བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས་དཔའ་གཞོན་ནུ་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བྱང་ཆུབ་ཀྱི་ལམ་བཤད་ཅིང་། སངས་རྒྱས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ཏུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་རྒྱ་ཆེན་པོ་བྱས་ནས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཀྱང་སངས་རྒྱས་སུ་ལུང་བསྟན་པ་མཐོབ་བོ། ༈ །ཡང་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་ཅེས་བྱ་བ་བྱོན་པའི་ཚེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛེས་པར་སྣང་བའི་ཡུལ་དེར། བཅོམ་ལྡན་འདས་ཉིད་ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ལམ་བཤད་པ་ཚོང་དཔོན་དེས་སངས་རྒྱས་དཀོན་མཆོག་ཡན་ལག་དགེ་འདུན་གྱི་འཁོར་དང་བཅས་པར་ལོ་སྟོང་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ། བླ་མེད་རྫོགས་བྱང་དུ་སྨོན་ལམ་བཏབ་ཀྱང་ལུང་བསྟན་པ་མ་ཐོབ་ལ། དེའི་རྗེས་སུ་མར་མེ་མཛད་ཀྱིས་ལུང་བསྟན་ཏོ། །ཞེས་དང་། ༈ ཡང་སྔོན་གྱི་ཚེ་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔ་རོལ་དུ་དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཞེས་བྱ་བའི་དུས་སུ། བཅོམ་ལྡན་འདས་འདི་ཉིད་བྲམ་ཟེའི་བུ་མོ་བློ་གྲོས་མཐའ་ཡས་ཞེས་བྱ་བར་གྱུར་པ་ལ། སངས་རྒྱས་དེས་རང་གི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ཡོངས་སུ་འཆད་པའི་ཚེ། སངས་རྒྱས་དེ་ལ་བསྙེན་བཀུར་བྱས་ཤིང་། རང་གི་སངས་རྒྱས་ཀྱི་ཞིང་དེ་བས་ཀྱང་རྒྱ་ཆེ་བ་དེ་འདྲར་འགྱུར་བའི་སྨོན་ལམ་བཏབ་ཅིང་དགེ་བའི་རྩ་བ་རྣམས་དེར་ཡོངས་སུ་བསྔོས་ཤིང་བརྩོན་འགྲུས་མ་བཏང་བར་སངས་རྒྱས་ཀྱི་ཞིང་རྒྱ་ཆེ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཚད་མེད་པ་རྣམས་ལ་བསྙེན་བཀུར་བྱས་པས་སངས་རྒྱས་ཀྱི་ཞིང་རྒྱ་ཆེར་ཡོངས་སུ་དག་པར་སངས་རྒྱས་ཏེ། ད་ལྟར་བཅོམ་ལྡན་འདས་ཉིད་ལ། ཕྱོགས་བཅུའི་ཞིང་སོ་སོར་སངས་རྒྱས་ཀྱི་མཚན་གཞན་དང་གཞན་གྱི་རྣམ་པར་རྟོགས་པའི་ཚུལ་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ལས་བརྩམས་ཏེ། དེ་དག་བསྟན་པ་རྣམས་ནི་ཞིབ་པར་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་གསུངས་པ་གཞིན་དུ་ཤེས་པར་བྱའོ། ༈ །གཞན་ཡང་སྔོན་དེད་དཔོན་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་ཤིང་རྟ་སྐལ་ལྡན་ཞེས་བྱ་བ་དགྲ་བཅོམ་དྲུག་ཁྲི་ཉིས་སྟོང་གི་ཞབས་འབྲིང་དང་བཅས་པར་ཆུ་བོ་གངྒཱ་ལས་འབྱོར་པ་ཆེན་པོ་དང་ལྡན་པས་གྲུ་ཟམ་བྱས་ནས་བསྒྲལ་ཏེ། ཞལ་ཟས་བཟང་པོས་ཀྱང་ཚིམ་པར་བྱས་ནས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང་། ཡང་རྒྱལ་པོ་ཆེན་པོ་ཞིག་ཏུ་གྱུར་པའི་ཚེ། སངས་རྒྱས་ཚངས་པ་དགྲ་བཅོམ་པ་དྲུག་ཁྲི་ཉིས་སྟོང་བཅས་པ་ལ་ཙན་དན་ས་མཆོག་གི་ཁང་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་མེ་ཏོག་དང་སྤོས་ཀྱིས་སྤྲས་པ་སོགས། ཞལ་ཟས་དང་བདེ་བའི་ཡོད་བྱད་ཐམས་ཅད་ཀྱིས་ཟླ་བ་གསུམ་དུ་བསྙེན་བཀུར་བྱས་པ་དང་། ཡང་རྒྱལ་པོ་གྱུར་པའི་ཚེ་སངས་རྒྱས་ཙན་དན་འཁོར་བཅས་ལ་སྤོས་ཆབ་དང་། རིན་པོ་ཆེའི་བུམ་པས་ཁྲུས་གསོལ་ཞིང་མཆོད་པ་ཕུལ་བ་དང་། ༈ ཡང་རྒྱལ་པོར་གྱུར་པས་སངས་རྒྱས་ཟླ་བ་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང་། ༈ ཡང་རྒྱལ་པོར་གྱུར་པའི་ཚེ་ན་སངས་རྒྱས་དབང་པོ་འདུལ་བ་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་དང་། ༈ ཡང་རྒྱལ་པོར་གྱུར་པས་སངས་རྒྱས་རིན་པོ་ཆེའི་རི་བོ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ལོ་ལྔའི་དགའ་སྟོན་བྱས་པ་དང་། ༈ ཡང་རྒྱལ་པོར་གྱུར་པས་སངས་རྒྱས་རྟོགས་མཛད་ལ་སིལ་སྙན་རྣམ་པ་སྣ་ཚོགས་བསྒྲགས་པས་མཆོད་ཅིང་། ཞལ་ཟས་བཟང་པོ་གསོལ་ནས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང་། ༈ ཡང་བྲམ་ཟེར་གྱུར་པས་སངས་རྒྱས་དབང་པོའི་རྒྱལ་མཚན་ལ་ཚིགས་སུ་བཅས་པས་བསྟོད་པ་བྱས་ཤིང་། ཞལ་ཟས་བཟང་པོ་ཡང་གསོལ་ནས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་དང་། ༈ ཡང་རྒྱལ་པོར་གྱུར་པས་སངས་རྒྱས་བདེ་མཛད་ལ་ཞལ་ཟས་དང་འབུམ་རི་བའི་ན་བཟའ་ཕུལ་ཏེ། སྐུ་གདུང་གི་མཆོད་རྟེན་ཁོར་ཡུག་ཏུ་དཔག་ཚད་གཅིག་དང་། འཕང་དུ་རྒྱང་གྲགས་ཡོད་པ་བྱས་པ་དང་། ༈ ཡང་རྒྱལ་པོར་གྱུར་པས་སངས་རྒྱས་གང་པོ་འཁོར་དང་བཅས་པ་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། ༈ ཡང་ཁྱིམ་བདག་ཐོས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་མི་གནས་པར་སྦྱོར་བ་ལ་ཡོ་བྱད་ཐམས་ཅད་སྦྱར་ནས་གནས་མ་ཡིན་པ་ཤེས་པ་ཐོབ་པའི་སྨོན་ལམ་བཏབ་པ་དང་། ༈ ཡང་བྲམ་ཟེའི་དབང་པོས་བྱིན་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཟུག་རྔུ་འབྱིན་པ་ལ། ལོ་ཁྲིའི་བར་དུ་ཡོ་བྱད་ཐམས་ཅད་བསྟབས་པ་དང་། ༈ ཡང་རྒྱལ་པོ་དཔལ་གྱི་སྙིང་པོར་གྱུར་པའི་ཚེ་བྲམ་ཟེ་དཀའ་ཐུབ་པ་གཅིག་ལ་རང་གི་བུ་མོ་གཟུགས་མཆོག་ཏུ་བཟང་བ་བྱིན་པ་དང་། ༈ ཡང་དགེ་སློང་ཡིད་འོང་ཞེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་འཇིགས་སྒྲོགས་བླ་མ་སོགས་བསྐལ་པ་གཅིག་ལ། སངས་རྒྱས་ཁྲི་ཉིས་སྟོང་བྱུང་བ་ཐམས་ཅད་ཀྱི་རིམ་གྲོ་བར་བྱས་ཏེ། ཐུགས་དང་མཐུན་པར་གྱུར་པ་སོགས་སངས་རྒྱས་མང་པོ་མཆོད་པའི་ཚུལ་ནི། འདུལ་བ་གཞིའི་ལུང་བམ་པོ་ང་གཅིག་པ་དང་། མཛངས་བླུན་དང་། གང་པོ་སོགས་ཀྱི་རྟོགས་བརྗོད་བརྒྱ་པའི་སྐབས་སྐབས་སུ་གསུངས་པ་དང་། མདོ་སྡེ་སྣ་ཚོགས་ལས་སྐབས་སུ་གསུངས་པ་རྣམས་ཤིན་ཏུ་མང་ཞིང་། ཚུལ་འཆལ་ཚར་གཅོད་པའི་མདོ་ལས། བཅོམ་ལྡན་འདས་ཉིད་འཁོར་ལོས་སྒྱུར་བ་ང་ལས་ནུ་ཞེས་བྱ་བ་མཚན་མཐུན་པ་ཤ་སྟག་ཏུ་སྐྱེ་བ་བཞེས་པ་བྱེ་བ་ཕྲག་བཅུ་གཉིས་དང་། རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་མཚན་མཐུན་པ་བྱེ་བ་ཕྲག་བཞི་དང་། དེ་བཞིན་དུ་ཚངས་བྱིན་དང་། རབ་འབར། བུ་རམ་ཤིང་པ། མང་པོས་བཀུར་པ། གཟུགས་མཛེས་ཞེས་པ་ལ་སོགས་པ་འཁོར་ལོས་སྒྱུར་བ་མིང་མཐུན་པ་ཆེས་མང་པོ་ཞིག་ཏུ་གྱུར་ཏེ་སངས་རྒྱས་མཆོད་པ་དང་། གཞན་ཡང་སྔོན་དམིགས་པ་ཅན་གྱི་ས་ལ་གནས་ནས་བསྐལ་པ་ཆེས་མང་པོར་སངས་རྒྱས་ཚད་མེད་མཆོད་ཀྱང་ལུང་བསྟན་མ་ཐོབ་པའི་ཚུལ་གསུངས་པ་དང་། ༈ ཡེ་ཤེས་རྒྱས་པའི་མདོ་ལས། འདས་པའི་དུས་ན་གཟུགས་ལ་མོས་པས་བུད་མེད་གཟུགས་ལྟ་ན་སྡུག་པ་མཆོག་ཁྲི་ཕྲག་དཔག་ཏུ་མེད་པ་ཡོངས་སུ་བཏང་ངོ་། །སྒྲ་ལ་མོས་པས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོའི་སྒྲ་སྣ་ཚོགས་དག་གིས་མཆོད་ཀྱང་ཡོངས་སུ་མ་ཚིམས་སོ། །དྲི་ལ་མོས་པས་དྲི་མང་པོ་དག་ཡོངས་སུ་བཏང་། རོལ་མོས་པས་འབྲས་བུ་མང་པོ་སྣ་ཚོགས་དང་རོའི་བྱེ་བྲག་རྣམ་པ་སྣ་ཚོགས་དག་ཡོངས་སུ་ཡང་ངོམས་པ་མེད་དོ། །རེག་བྱ་ལ་མོས་པས་གོས་འཇམ་པོ་སྣ་ཚོགས་བཏང་བ་དང་། ཆོས་ལ་མོས་པས་ཤེས་པ་སྣ་ཚོགས་དག་བསླབས་ཀྱང་ཡོངས་སུ་ཚིམས་པ་མེད་དོ། །གང་མྱ་ངན་ལས་འདས་པ་ལ་མོས་པ་དེ་ནི་མོས་པ་དེ་ལས་ཡོངས་སུ་ཉམས་པ་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་མོས་པ་དུ་མ་ཤེས་པ་ལ་བསླབ་པར་བྱ་སྟེ། མོས་པ་ཐམས་ཅད་ཀྱང་འགོག་པའི་ཆོས་ཅན་དུ་བལྟའོ། །ཞེས་གསུངས་སོ། །གཞན་ཡང་། སངས་རྒྱས་ཀྱི་ཆོས་ཀྱི་མཛོད་ཀྱི་ཡི་གེ་སོགས་མདོ་ལས། བཅོམ་ལྡན་འདས་ཉིད་སྔོན་འཁོར་ལོས་སྒྱུར་བ་སོགས་སུ་གྱུར་པས་སངས་རྒྱས་མཚན་མཐུན་པ་ཆེས་མང་པོ་ལ་མཆོད་ཅིང་ཆོས་བཟུང་བའི་ཚུལ་དུ་མ་གསུངས་ལ། མཚན་མི་མཐུན་པ་དེ་བས་མང་ཞིང་ཚད་མེད་པ་མཆོད་པ་ལྟ་ཅི་སྨོས་ཏེ། བཅོམ་ལྡན་འདས་ཉིད་སྔོན་འཁོར་ལོས་སྒྱུར་བར་གྱུར་པས། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་མཚན་མཐུན་པ་ཤ་སྟག་དུ་མ་ཉན་ཐོས་ཀྱི་ཚོགས་དང་བཅས་པ་ལ། ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་སོགས་ཀྱིས་བླ་མེད་རྫོགས་བྱང་བསྒྲུབས་པ་དང་། སངས་རྒྱས་མར་མེ་མཛད་མཚན་མཐུན་པ་བརྒྱད་སྟོང་དང་། སངས་རྒྱས་རབ་ཏུ་འབར་བ་ཞེས་པ་མཚན་མཐུན་པ་བྱེ་བ་ཕྲག་གསུམ་ལ་ཡང་དེ་ལྟར་མཆོད་པ་དང་། སངས་རྒྱས་སཱ་ལའི་རྒྱལ་པོ་མཚན་མཐུན་ཁྲི་དྲུག་སྟོང་བྱུང་བ་དེ་དག་ལས་རབ་ཏུ་བྱུང་བ་དང་། ཡང་སངས་རྒྱས་ཡན་ལག་འཕགས་པ་ཁྲི་ལྔ་བརྒྱ་ལ་འཁོར་ལོས་སྒྱུར་བར་གྱུར་པས་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། ཡང་སངས་རྒྱས་རབ་ཏུ་འབར་བར་མཚན་མཐུན་པ་ཁྲི་ལྔ་སྟོང་དང་། ཀཎྜི་ནྱའི་རིགས་ཞེས་བྱ་བ་ཕྲག་དགུ་བཅུ་དང་། སངས་རྒྱས་འོད་སྲུང་ཞེས་བྱ་བ་སྟོང་ཕྲག་དགུ་དང་། གཞན་ཡང་སངས་རྒྱས་མ་བྱོན་པའི་བསྐལ་པ་ལ་རང་སངས་རྒྱས་བརྒྱ་སྟོང་ཕྲག་དགུ་བཅུ་དག་སྟེ་འདི་ཐམས་ཅད་ལ་ཇི་སྲིད་འཚོའི་བར་དུ་བསོད་སྙོམས་སོགས་ཕུལ་བ་དང་། བསྐལ་པ་ལྔ་བརྒྱར་རང་སངས་རྒྱས་སྟོང་ཕྲག་བྱེ་བ་དང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་བསྙེན་བཀུར་བྱས་ཤིང་། དེ་ནས་བསྐལ་པ་ལྔ་བརྒྱར་ཚངས་ཆེན་དུ་སྐྱེས་ནས་སླར་འཛམ་གླིང་དུ་རྒྱལ་པོར་སྐྱེས་ཤིང་། དེ་ནས་ལྷའི་དབང་པོར་གྱུར་ལ་སླར་བསྐལ་པ་བརྒྱ་སྟོང་ཕྲག་དགུར་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེའི་ཚེ་རང་སངས་རྒྱས་ལས་སངས་རྒྱས་འཇིག་རྟེན་དུ་མ་བྱོན་ཏོ། །བསྐལ་པ་ཁྲི་བོ་དེ་འདས་ནས། དེ་བཞིན་གཤེགས་པ་ཀུན་ཏུ་སྦས་པ་ཞེས་བྱ་བ་བྱོན་པའི་ཚེ། ཚངས་པའི་འཇིག་རྟེན་ནས་འཕོས་ཏེ། འཁོར་ལོས་སྒྱུར་བ་ལེགས་མཐོང་ཞེས་བྱ་བར་སྐྱེས་ཤིང་། མི་རྣམས་ཀྱིས་ལོ་སྟོང་ཕྲག་དགུ་བཅུ་ཐུབ་པའི་དུས་སོ། །དེས་སངས་རྒྱས་འཁོར་བཅས་ལ་ཇི་སྲིད་འཚོའི་བར་བསྙེན་བཀུར་བྱས་སོ། །དེ་ལྟར་བསྐལ་པ་དེ་ནས་བསྐལ་པ་གྲངས་མེད་བདུན་བརྒྱའི་ཚེ་སངས་རྒྱས་འཛམ་བུ་མདུད་པ་སོགས་མཚན་མཐུན་པ་སྟོང་དང་། དྲུག་ཁྲི་ཉིས་སྟོང་དང་། བརྒྱད་ཁྲི་བཞི་སྟོང་དང་། ལྔ་བརྒྱ་དང་། དྲུག་ཁྲི་ཉིས་སྟོང་དག་བསྙེན་བཀུར་བྱས་ཀྱང་ལུང་བསྟན་པ་མ་ཐོབ་སྟེ། དེའི་ཚེ་དམིགས་པའི་འདུ་ཤེས་ལ་གནས་ཤིང་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་རོ། །ནམ་མར་མེ་མཛད་མཐོང་བའི་ཚེ་ལུང་བསྟན་པ་ཐོབ་སྟེ། སངས་རྒྱས་དེ་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ་ཞེས་གསུངས། ཡང་ཐར་པ་ཆེན་པོའི་མདོ་ལས་ཀྱང་། སྔོན་འདས་པའི་ཚེ་བསྐལ་པ་རྣམ་པར་དག་པ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་སོགས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཀྱང་ལུང་བསྟན་པ་མ་ཐོབ་སྟེ། ངས་བསྐལ་པ་གཅིག་ནས་བསྐལ་པ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་བཤད་ན་ཡང་ཡང་དག་པར་རྫོགས་པར་མི་ནུས་ཏེ། བསྐལ་པ་དེ་དག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་འོད་མི་འགྱུར་གྱི་ཚོགས་ཆེན་པོ་ལས། མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་རྣམ་གྲངས་ཐོས་ནས་འཛིན་པ་སོགས་བྱས་པས་གདོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་ལུང་བསྟན་ཏོ་ཞེས་གསུངས་སོ། །ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ལས། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་དགུ་ན། དེ་བཞིན་གཤེགས་པ་རིན་ཆེན་མཆོག་ཅེས་བྱ་བ་བྱུང་བའི་ཚེ། ང་སྦྱིན་པ་ལ་དཔའ་བར་གྱུར་ནས་མཆོད་ཅིང་། ཡང་སངས་རྒྱས་ཟླ་བ་ཞེས་པ་བྱེ་བ་ཕྲག་བཅུ་གཉིས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། སངས་རྒྱས་རིན་པོ་ཆེ་ཐམས་ཅད་སྣང་བ་ཞེས་བྱ་བ་བྱེ་བ་ཕྲག་བཅོ་བརྒྱད་དང་། སངས་རྒྱས་སྙིང་པོའི་སྡེ་ཞེས་བྱ་བ་བྱེ་བ་ཕྲག་བཅོ་བརྒྱད་དང་། སངས་རྒྱས་གཙུག་ཕུད་འབྱུང་བ་ཞེས་བྱ་བ་ཕྲག་ཉི་ཤུ་དང་། འོད་སྲུང་བྱེ་བ་ཕྲག་ཉི་ཤུ་དང་། འོད་དྲི་མ་མེད་པ་བྱེ་བ་ཕྲག་བཅུ་དྲུག་དང་། ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་ཅན་ཤ་སྟག་པ་བྱེ་བ་ཕྲག་དགུ་བཅུ་རྩ་ལྔ་ལ་དེ་ལྟར་མཆོད་ཅིང་རིམ་གྲོ་རྒྱ་ཆེན་པོ་བྱས་སོ། །ཡང་འཁོར་བ་འཇིག་བྱེ་བ་ཕྲག་དགུ་བཅུ་དང་། གསེར་ཐུབ་བྱེ་བ་ཕྲག་བཅོ་བརྒྱད། སྣང་བའི་དཔལ་ཞེས་བྱ་བ་བྱེ་བ་ཕྲག་བཅུ་གསུམ། སྐལ་རྒྱལ་བྱེ་བ་ཕྲག་ཉེར་ལྔ། ཡང་སངས་རྒྱས་རྣམ་པར་གཟིགས་བྱེ་བ་ཕྲག་བཅུ་གཉིས་ཀྱི་ཐ་མ་དེས་ཟུང་གི་ཆོས་ཀྱི་རྣམ་གྲངས་འདི་བཤད་པས། དེ་ཐམས་ཅད་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པར་བྱས་ཀྱང་དེ་ནས་ཡང་ལུང་བསྟན་པའི་དུས་ལ་མ་བབ་བོ། །ཟུང་གི་ཆོས་ཐོས་ནས་འཛམ་བུའི་གླིང་འདིར་རིན་པོ་ཆེ་སྣ་བདུན་གྱི་ཆར་ཕབ་སྟེ། ང་དེ་ཉིད་དུ་རྫོགས་བྱང་དུ་ལུང་བསྟན་ནོ། །དེས་ན་རིང་མོ་ཞིག་གི་བར་དུ་ང་ལུང་མ་བསྟན་ཏོ། །དེ་ནས་བསྐལ་པ་གྲངས་མེད་པ་ཞིག་ན་མར་མེ་མཛད་བྱོན་ཏེ། ང་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པ་དེའི་དུས་སུ་ལུང་བསྟན་ནོ་ཞེས་སོགས་དང་། དེའི་ཚེ་ངས་བཟོད་པ་ཐོབ་ནས། སྔོན་བསྐལ་པ་གྲངས་མེད་རྣམས་སུ་ཕར་ཕྱིན་སྤྱད་པ་ཁར་སོང་བཞིན་དྲན་ཞིང་སེམས་ཅན་མང་པོ་དགེ་ཆོས་ལ་བཀོད་ཅེས་གསུངས་སོ། ༈ །དེ་ནས་མར་མེ་མཛད་ཀྱིས་ལུང་བསྟན་པའི་ཚུལ་ནི། སྔོན་བཅོམ་ལྡན་འདས་འདི་ཉིད་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་ནས་བསྐལ་པ་གྲངས་མེད་གཉིས་རྫོགས་པའི་དུས་སུ་བྲམ་ཟེ་ཁྱེའུ་བློ་གྲོས་བཟང་པོ་ཞེས་བྱ་བ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་སངས་རྒྱས་མར་མེ་མཛད་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་ཞེས་བྱ་བར་རྒྱལ་པོ་མར་མེ་ཞེས་བྱ་བས་སྤྱན་དྲང་བར་བྱས་སོ། །རྒྱལ་པོ་མར་མེའི་འདབ་ན་རྒྱལ་པོ་ནོད་ཅན་གྱི་བུ་ཞེས་བྱ་བས་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་པའི་མཇུག་ཏུ་གསེར་གྱི་འཁར་བ་དང་། རིལ་བ་དང་། གཞོང་པ་དང་། རིན་པོ་ཆེ་སྣ་བཞིར་སྤྲས་པའི་མལ་ཁྲི་དང་། ཀརྵྱཱ་པཎ་ལྔ་བརྒྱ་དང་། བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ་རབ་ཏུ་སྦྱིན་པ་ཆེན་པོ་ལྔ་བཤམས་སོ། །དེའི་ཚེ་ལྗོངས་གཞན་ན་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དང་བློ་གྲོས་བྱ་བ་གཉིས་ཤིག་གནས་པས་མཁན་པོ་ལས་རིག་བྱེད་འདོན་པ་བསླབས་ཏེ་ལོབས་པ་དང་། ཆོས་ལུགས་ཀྱིས་མཁན་པོ་དང་སློབ་དཔོན་གྱི་ཡོན་འབུལ་བ་ལ་སེམས་ཤིང་འདུག་པ་དེ་གཉིས་ཀྱིས་རྒྱལ་པོ་ནོར་ཅན་མཆོད་སྦྱིན་གྱི་མཇུག་ཏུ་སྦྱིན་པ་ཆེན་པོ་ལྔ་བཤམས་ཏེ། འདི་བྲམ་ཟེ་ཁ་ཏོན་རྫོགས་པ་ལོབས་པ་དེ་ལ་དབང་ངོ་ཟེར་བ་ཐོས་ནས། དེའི་དྲུང་དུ་བདག་གཉིས་ཁ་ཏོན་ལོབས་ཤིང་མང་དུ་ཐོས་པའི་རབས་ཡིན་པ་གོ་བར་བྱའོ་སྙམ་མོ། །རྒྱལ་པོ་ནོར་ཅན་གྱི་བུ་ལ་ཡང་ལྷས་སྦྲན་ཏེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དང་བློ་གྲོས་གཉིས་འདིར་འོང་གིས། དེ་ལས་བློ་གྲོས་བཟང་པོ་ཞེས་བྱ་བ་དེ་ལ་སྦྱིན་པ་ཆེན་པོ་ལྔ་པོ་འདི་ཕུལ་ཅིག་དང་། རྒྱལ་པོ་ཁྱོད་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་པ་བས་འབྲས་བུ་ཆེས་ཆེའོ་ཞེས་བྱས་སོ། །རྒྱལ་པོ་དེས་དེ་གཉིས་ཀྱི་ཕྱིར་ལྷས་ཀྱང་སྦྲན་པས་ན་དེ་གཉིས་བདག་ཉིད་ཆེ་བ་ཡིན་པར་གོར་མ་ཆག་སྙམ་མོ། །དེ་ནས་རྒྱལ་པོ་དེས་ཐག་རིང་པོ་ནས་བྲམ་ཟེའི་ཁྱེའུ་བྱད་བཞིན་བཟང་ལ་མཛེས་པ་གཉིས་འོངས་པ་མཐོང་སྟེ། དེ་གཉིས་མཆོད་སྦྱིན་བྱེད་པའི་སར་བྲམ་ཟེའི་གྲལ་དུ་བསྡད་དོ། །དེར་རྒྱལ་པོས་བདག་ལ་ལྷས་སྦྲན་པའི་བློ་གྲོས་བཟང་པོ་འདི་ཡིན་ནོ་སྙམ་སྟེ། བྲམ་ཟེ་གྲལ་དཔོན་དེའི་མདུན་དུ་སོང་ནས། ཁྱོད་བློ་གྲོས་བཟང་པོ་ཡིན་ནམ་ཞེས་སྨྲས་པ་ལ། དེས་ང་ཡིན་ནོ་ཞེས་སྨྲས་པ་དེ་ཉིད་གྲལ་དཔོན་དུ་བཞག་སྟེ་ཟས་བྱིན་ནས། སྦྱིན་པ་ཆེན་པོ་ལྔ་པོ་དེ་ལ་བྱིན་པ་ལས། བློ་གྲོས་བཟང་པོས་གསེར་གྱི་འཁར་བ་སོགས་བཞི་བླངས་ཞིང་། བདག་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་སྨྲས་ཏེ་བུ་མོ་ནི་མ་བླངས་སོ། །བུ་མོ་དེས་ཁྱེའུ་བློ་གྲོས་བཟང་པོ་བྱད་བཞིན་བཟང་ལ་མཛེས་པ་སྙིང་དུ་སྡུག་པས་ཁྱེའུ་བདག་བཞེས་ཤིག །དེས་བདག་གིས་བླང་དུ་མི་རུང་ངོ་ཞེས་སྨྲས་པས། བུ་མོ་དེ་ཡང་རྒྱལ་པོས་བྱིན་ཅིང་བྲམ་ཟེའི་ཁྱེའུས་མ་བླངས་པས་ན། རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དུ་སོང་ངོ་། །དེར་རང་གི་ལུས་ལས་གསེར་གྱི་རྒྱན་རྣམས་བཀྲོལ་ནས་མེ་ཏོག་ཕྲེང་བརྒྱུད་པ་ལ་བྱིན་ཏེ་འདི་རྣམས་རིན་ཆེ་བ་ཡིན་གྱི་ང་ལ་ཉིན་གཅིག་བཞིན་ལྷའི་མཆོད་པར་ཨུད་པ་ལ་སྔོན་པོ་བྱིན་ཅིག་ཅེས་བྱས་པ་ལྟར་དེས་ཀྱང་བྱས་སོ། །བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས། སྦྱིན་པ་ཆེན་པོ་བཞི་དེ་ཁྱེར་ནས་མཁན་པོ་ལ་ཕུལ་བ་ལས་ཀཪྵཱ་པཎ་ལྔ་བརྒྱ་པོ་སླར་བློ་གྲོས་བཟང་པོ་ལ་བྱིན་ནོ། །བློ་གྲོས་བཟང་པོས་དེའི་ནུབ་མོ་རྨི་ལམ་བཅུ་རྨིས་ཏེ། རྒྱ་མཚོ་ཆེན་པོ་བཏུང་ངོ་སྙམ་པ་དང་། ནམ་མཁའ་ལ་འགྲོ་བ་དང་ཉི་ཟླ་མཐུ་ཆེ་བ་དག་ལག་པས་བཟུང་བ་དང་། རྒྱལ་པོ་རྣམས་ཀྱིས་ཤིང་རྟ་ཁྱེར་དུ་གཞུག་པ་དང་། དྲང་སྲོང་རྣམས་དང་། གླང་ཆེན་དཀར་པོ་རྣམས་དང་། ངང་པ་རྣམས་དང་། སེང་གེ་རྣམས་དང་། བྲག་ཆེན་པོ་ལ་བཞོན་པ་སྙམ་དུ་རྨིས་སོ། །དེ་སད་ནས་རྨི་ལམ་འདི་ལུང་སྟོན་པ་སུ་ཡོད་སྙམ་པ་ལས། དེ་དང་ཐག་མི་རིང་བ་ན་དྲང་སྲོང་མངོན་ཤེས་ལྔ་ལྡན་ཞིག་ཡོད་པ་དེ་ལ་དྲིས་པ་དང་། དེས་བདག་གིས་ལུང་སྟོན་མི་ནུས་ཀྱི་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དུ་སོངས་ཤིག་དང་། དེར་སངས་རྒྱས་མར་མེ་མཛད་སྤྱན་དྲངས་པས་དེས་ལུང་སྟོན་པར་འགྱུར་རོ་ཞེས་བྱས་པ་ལ་བློ་གྲོས་བཟང་པོ་ཡང་སངས་རྒྱས་མར་མེ་མཛད་རྒྱལ་པོའི་ཕོ་བྲང་དུ་བྱོན་པའི་ཉིན་དེར་སླེབས་པར་བྱས་སོ། །དེར་རྒྱལ་པོས་སངས་རྒྱས་མཆོད་པའི་ཕྱིར་མེ་ཏོག་ཐམས་ཅད་བསྡུ་བའི་ཁྲིམས་བཅས་པས་གཞན་སུས་ཀྱང་མེ་ཏོག་མི་རྙེད་པའི་ཚེ་ན། བུ་མོ་དེས་མེ་ཏོག་ཕྲེང་བརྒྱུད་མཁན་ལ་ཨུད་པ་ལ་སྔོན་པོ་བྱིན་ཅིག་ཅེས་སྨྲས་པས། དེ་ན་རེ། རྒྱལ་པོས་མེ་ཏོག་ཐམས་ཅད་བསྡུས་སོ། །བུ་མོས་སྨྲས་པ། མེ་ཏོག་གི་རྫིང་དེར་ལྟོས་དང་བདག་གི་བསོད་ནམས་ཀྱིས་ཨུད་པ་ལ་སྔོན་པོ་མ་གཏོགས་པ་རྙེད་ཀྱང་སྲིད་དོ། །དེར་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་ཨུད་པ་ལ་སྔོན་པོ་བདུན་ཡོད་པར་མཐོང་ནས་བུ་མོས་དེ་ལ་འདི་རྣམས་ཐོགས་ཤིག་ཅེས་སྨྲས་པ་ལ། མེ་ཏོག་ཕྲེང་བརྒྱུད་པ་ན་རེ། རྒྱལ་པོས་བདག་ལ་གྱོད་འོང་གིས་བཏོག་ཏུ་མི་རུང་ངོ་། །བུ་མོས་སྨྲས་པ། ཁྱོད་ཀྱིས་སྔར་མེ་ཏོག་ཐམས་ཅད་རྒྱལ་པོ་ལ་མ་ཕུལ་ལམ། དེས་སྨྲས་པ་ཕུལ་ལོ། བུ་མོས་སྨྲས་པ། འདི་ནི་བདག་གི་བསོད་ནམས་ཀྱིས་ཡིན་པས་ཐོགས་ལ་བདག་ལ་བྱིན་ཅིག །དེས་སྨྲས་པ། རྒྱལ་པོས་མཚོར་བར་འདི་ཇི་ལྟར་ཁྱེར་བར་བྱ། བུ་མོས་སྨྲས་པ། བདག་གི་བསོད་ནམས་ལས་བྱུང་བས་འདི་ཐོགས་ཤིག་དང་། བདག་གིས་ཆུའི་བུམ་པའི་ནང་དུ་ཁྱེར་བར་བྱའོ། །དེ་ནས་མེ་ཏོག་ཕྲེང་བརྒྱུད་པས་བཏོགས་ཏེ་བྱིན་པ་བུ་མོས་བླངས་ནས་ཆུའི་བུམ་པའི་ནང་དུ་བཅུག་སྟེ་ཁྱེར་ནས་གྲོང་ཁྱེར་དུ་སོང་ངོ་། །དེར་བློ་གྲོས་བཟང་པོས་སངས་རྒྱས་ལ་མཆོད་པའི་ཕྱིར་མེ་ཏོག་ཕྲེང་བརྒྱུད་པའི་ཁྱིམ་དང་ཀུན་དགའ་ར་བ་རྣམས་ཀུན་ཏུ་བསྐོར་ནས་མེ་ཏོག་བཙལ་ཀྱང་མེ་ཏོག་གཅིག་མ་རྙེད་དོ། །སླར་འཁོར་ཏེ་སྐྱེད་ཚལ་དུ་ཕྱིན་པ་ན། བུ་མོ་དེ་སྐྱེད་ཚལ་དེ་ནས་བྱུང་བ་དང་འཕྲད་དོ། །དེར་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་ཨུད་པ་ལ་དེ་དག་ཆུའི་བུམ་པའི་ནང་ནས་གྱེན་དུ་འཐོན་པ་མཐོང་སྟེ། བུ་མོ་དེ་ལ་སྨྲས་པ། ངས་ཁྱོད་ལ་ཀཪྵཱ་པ་ཎ་ལྔ་བརྒྱ་པོ་འདི་སྦྱིན་གྱིས་ཨུད་པ་ལ་འདི་ང་ལ་བྱིན་ཅིག །བུ་མོས་སྨྲས་པ། དེའི་ཚེ་ཁྱོད་ཀྱིས་བདག་བཞེས་སུ་མ་གནང་ན། ད་ཨུད་པ་ལ་བཞེད་དམ། བདག་མི་དབུལ་ལོ་ཞེས་དང་། ཡང་འདི་རྣམས་ཀྱིས་ཅི་ཞིག་བགྱི་ཞེས་སྨྲས་སོ། །བློ་གྲོས་བཟང་པོས་བདག་གིས་སངས་རྒྱས་ལ་མཆོད་པར་བྱའོ། །བུ་མོས་སྨྲས་པ། བདག་ཀཪྵཱ་པ་ཎ་མི་ལེན་གྱི། ཁྱོད་ལ་ཨུད་པ་ལ་འདི་ཕུལ་བའི་འབྲས་བུས། བདག་ཚེ་རབས་ཐམས་ཅད་དུ་ཁྱོད་ཀྱི་བཙུན་མོར་འགྱུར་བར་འདོད་དེ། ཁྱོད་དེ་ལྟར་སྨོན་ལམ་འདེབས་ན་དབུལ་ལོ། །བློ་གྲོས་བཟང་པོས་སྨྲས་པ། ང་ནི་སྦྱིན་པ་ལ་དགའ་བས། བདག་གི་ཆུང་མ་དང་བུ་དང་རང་གི་ཤ་ཡང་གཏོང་བར་བྱེད་དོ། །བུ་མོས་སྨྲས་པ། ཅི་སྨོན་ལམ་དེ་ཐོབ་དང་སླད་ཀྱིས་ཁྱོད་སྦྱིན་པ་ལ་བདག་གིས་བར་ཆད་མི་བྱེད་དེ། ཅི་འདོད་པ་ལ་བདག་ཀྱང་སྩོལ་ཅིག་ཅེས་སྨྲས་ནས། ཨུད་པ་ལ་ལྔ་བྱིན་ཅིང་། གཉིས་ནི་བདག་གིས་སངས་རྒྱས་ལ་མཆོད་དེ། རྟག་ཏུ་ཁྱོད་ཀྱི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ན་བདག་ཅིག་ཏུ་མཐུན་པར་ཆོས་སྤྱོད་པའི་བཙུན་མོར་གྱུར་ཅིག་ཅེས་སྨྲས་སོ། །དེར་རྒྱལ་པོ་དེས་གྲོང་ཁྱེར་ཐམས་ཅད་གཙང་བར་བྱས་ཏེ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་རྒྱལ་པོ་ཉིད་ཀྱིས་གདུགས་རྩིབས་བརྒྱ་པ་ཐོགས་ཏེ་བློན་པོ་རྣམས་དང་། རྒྱལ་པོ་ནི་ནོར་ཅན་གྱི་བུ་བློན་པོ་དང་བཅས་པ་རྣམས་ཀྱིས་སངས་རྒྱས་བསུ་ཞིང་ཕྱག་བྱས་ལ་གྲོང་ཁྱེར་དུ་གཤེགས་པར་གསོལ་བ་བཏབ་བོ། །བཅོམ་ལྡན་འདས་དགེ་སློང་དང་དགེ་མདུན་གྱི་མདུན་བསྟར་ཏེ་གྲོང་ཁྱེར་དེའི་ཕྱོགས་སུ་ཆས་སོ། །དེར་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་སངས་རྒྱས་ཀྱི་ཞབས་བཞག་པའི་ཚེ། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོ་ཞིང་ལྷའི་མེ་ཏོག་དང་སྤོས་ཀྱི་ཆར་འབེབས་པ་དང་། འོན་ལོང་སྨྱོན་པ་སོགས་དབང་པོ་རྣལ་དུ་གནས་པ་ཐོབ་པ་དང་། བཙུན་དུ་བཟུང་བ་དང་། བཙའ་བའི་སྡུག་བསྔལ་མྱོང་བ་སོགས་སྡུག་བསྔལ་ཐམས་ཅད་ལས་ཐར་ནས་ཐམས་ཅད་བྱམས་པའི་སེམས་སུ་གྱུར་པ་དང་། རྟ་དང་གླང་པོ་བྱ་སོགས་ཐམས་ཅད་དགའ་བའི་སྒྲ་འབྱིན་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་སྣ་ཚོགས་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱིས་བྱུང་ངོ་། །བློ་གྲོས་བཟང་པོ་དང་། བློ་གྲོས་དང་། བུ་མོ་དེ་ཡང་པདྨ་དག་ཁྱེར་ཏེ། སངས་རྒྱས་མར་མེ་མཛད་ག་ལ་བར་དོང་བ་ལ། དེ་དག་སྐྱེ་བོ་ཕལ་མོ་ཆེས་མཆོད་པར་བགྱིད་པས་གཏམས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་ཚུད་དོ། །དེར་སངས་རྒྱས་དེས་དགོངས་པ། སྐྱེ་བོ་ཕལ་མོ་ཆེ་འདི་ལས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བསོད་ནམས་ཆེས་འཕེལ་ལོ་སྙམ་དུ། རྫི་ཆར་དྲག་པོ་སྤྲུལ་པས་སྐྱེ་བོ་དེ་དག་གི་གོ་སྐབས་ཕྱེ་ནས། བློ་གྲོས་བཟང་པོས་སྐབས་ཐོབ་སྟེ་བཅོམ་ལྡན་འདས་ལྟ་བས་ཆོག་མི་ཤེས་པ་མཐོང་བས་ཤིན་ཏུ་དགའ་བ་སྐྱེས་ཏེ། ཨུད་པ་ལ་ལྔ་པོས་གཏོར་མ་ཐག་ཏུ། སངས་རྒྱས་ཀྱི་མཐུས་མེ་ཏོག་དེ་དག་ཤིང་རྟའི་འཕང་ལོ་ཙམ་དུ་གྱུར་པས་བླ་རེར་ཆགས་ཤིང་དབུའི་སྟེང་དུ་འདུག་པ་གཤེགས་ན་འགྲོ་ཞིང་གཞེས་ན་སྡོད་པར་གྱུར་ཏོ། །བུ་མོ་དེས་དེ་མཐོང་ནས་དགའ་སྟེ་ཨུད་པ་ལ་གཉིས་སངས་རྒྱས་ཀྱི་སྐུ་ལ་གཏོར་བ་དེ་ཡང་སྙན་གྱི་གོང་དུ་ཤིང་རྟའི་འཕང་ལོ་ཙམ་གྱི་བླ་རེ་ཆགས་ཤིང་དབུའི་སྟེང་དུ་འདུག་པ་གཤེགས་ན་འགྲོ་ཞིང་གཞེས་ན་སྡོད་པར་གྱུར་ཏོ། །བུ་མོ་དེས་དེ་མཐོང་ནས་དགའ་སྟེ་ཨུད་པ་ལ་གཉིས་སངས་རྒྱས་ཀྱི་སྐུ་ལ་གཏོར་བ་དེ་ཡང་སྙན་གྱི་གོང་དུ་ཤིང་རྟའི་འཕང་ལོ་ཙམ་གྱི་བླ་རེ་ཆགས་ཤིང་འདུག་པར་གྱུར་ཏོ། །ས་ཕྱོགས་དེ་དག་རྫི་ཆར་དྲག་པོས་འདམ་རྫབ་ཏུ་གྱུར་པ་ལ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་རང་གི་རལ་པ་གསེར་གྱི་མདོག་ཅན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཏིང་ནས། བློ་གྲོས་སད་མཛད་གལ་ཏེ་བདག །བྱང་ཆུབ་ཏུ་ནི་འཚང་རྒྱ་ན། །སྐྱེ་དགའ་མེད་མཛད་ཞབས་གཉིས་ཀྱིས། །མྱུར་དུ་བདག་སྐྲ་བརྫི་བར་གསོལ། །ཞེས་སྨྲས་པས། སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲའི་སྟེང་དུ་ཞབས་གཉིས་བཞག་གོ། །དེར་བློ་གྲོས་བཟང་པོའི་ཕྱི་བཞིན་འབྲང་བ་བྲམ་ཟེའི་ཁྱེའུ་བློ་གྲོས་ཁྲོས་ནས། ཀྱེ་ལྟོས་དང་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲ་ཕྱུགས་ལ་བྱ་བ་བཞིན་བརྫིས་སོ་ཞེས་ཟེར་རོ། །སངས་རྒྱས་མར་མེ་མཛད་ཞལ་ཕྱིར་གཟིགས་ནས་ཞབས་འབྲིང་བའི་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་འདིའི་སྐྲ་ལ་མ་བརྫི་ཞིག །འདི་ནི་སངས་རྒྱས་ཚད་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པའི་གང་ཟག་ཡིན་ནོ་ཞེས་གསུངས་སོ། །དེར་དེ་བཞིན་གཤེགས་པ་མར་མེ་མཛད་དེས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པ་བསྐལ་པ་གྲངས་མེད་གཅིག་འདས་པ་ན། མི་མཇེད་ཀྱི་ཁམས་འདིར་འཇིག་རྟེན་གསུམ་གྱི་འགྲོ་བའི་སྒྲོན་མ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པའི་མོད་ལ། བྲམ་ཟེའི་ཁྱེའུ་དེ་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་ཤིང་སྐྲ་བྱི་ནས་སྐྲ་གསར་པ་ཁྱད་པར་དུ་འཕགས་པ་བྱུང་ངོ་། །དེ་ནམ་མཁའ་ལ་འདུག་པ། སྐྱེ་བོའི་ཚོགས་ཕལ་མོ་ཆེས་མཐོང་ནས་གང་གི་ཚེ་འདི་སངས་རྒྱས་པ་ན། བདག་དེའི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་དེས་ཀྱང་ཁྱོད་གང་དུ་སངས་རྒྱས་བརྙེས་པ་དེའི་བར་དུ་བདག་བཙུན་མོར་གྱུར་ཅིང་། སངས་རྒྱས་པའི་ཚེ་ཉན་ཐོས་མར་གྱུར་ཅིག་ཅེས་བྱས་སོ། །རྒྱལ་པོ་མར་མེས་བྲམ་ཟེ་བློ་གྲོས་བཟང་པོའི་སྐྲ་སྔ་མ་དེ་བླངས་པ་ལ། རྒྱལ་པོ་ནོར་ཅན་གྱི་བུས་སྐྲ་འདི་བདག་ལ་བྱིན་ཅིག་ཅེས་སྨྲས་པས་བྱིན་ནོ། །དེས་བླངས་ནས་བགྲངས་པས་སྐྲ་ཉག་མ་བརྒྱད་ཁྲི་བྱུང་བ། དེའི་བློན་པོ་རྣམས་ཀྱིས་བསླངས་པ་ལ་སྐྲ་ཉག་རེ་རེ་བྱིན་པས་ཐམས་ཅད་ཀྱིས་རང་རང་གི་ཡུལ་དུ་མཆོད་རྟེན་རེ་རེ་བརྩིགས་སོ། །བྲམ་ཟེ་བློ་གྲོས་བཟང་པོ་ལུང་བསྟན་ཐོབ་པ་དེ་ལ་རྒྱལ་པོ་མར་མེ་དང་། རྒྱལ་པོ་ནོར་ཅན་གྱི་བུ་དང་། གྲོང་དང་ཡུལ་མི་རྣམས་ཀྱིས་མ་འོངས་པའི་དུས་ཀྱི་ཡོན་ཏན་ལ་བལྟས་ཏེ་ཡོ་བྱད་ཐམས་ཅད་བསྟབས་སོ། །དེ་ནས་བློ་གྲོས་བཟང་པོས་བྲམ་ཟེའི་ཁྱེའུ་བློ་གྲོས་ལ་སྨྲས་པ། ང་ནི་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ན། ཁྱོད་ཀྱིས་གང་དུ་སེམས་བསྐྱེད། དེས་སྨྲས་པ་བདག་ནི་མ་རུངས་ཏེ། སངས་རྒྱས་མར་མེ་མཛད་ཀྱིས་ཁྱོད་ཀྱི་སྐྲ་བརྫིས་པ་དེའི་ཚེ་བདག་ཁྲོས་ཏེ། སངས་རྒྱས་འདིས་འདིའི་སྐྲ་ཕྱུགས་ལ་བྱ་བ་བཞིན་རྐང་པས་བརྫིས་སོ་ཞེས་སྨྲས་སོ། །བློ་གྲོས་བཟང་པོས་སྨྲས་པ། ཚུར་ཤོག་སངས་རྒྱས་ཀྱི་ཐད་དུ་རབ་ཏུ་འབྱུང་བར་བྱའོ་ཞེས་སྨྲས་ཏེ། དེ་གཉིས་རབ་ཏུ་བྱུང་ནས། བློ་གྲོས་བཟང་པོས་སྡེ་སྣོད་གསུམ་བསླབས་ཏེ་ཆོས་བཞིན་དུ་འཁོར་བསྡུས་སོ། །དེ་ཤི་འཕོས་ནས་དགའ་ལྡན་ལྷའི་རིས་སུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ་བློ་གྲོས་ནི་སངས་རྒྱས་ལ་མི་སྙན་པ་བརྗོད་པས་ཤི་འཕོས་ནས་སེམས་ཅན་དམྱལ་བར་སྐྱེས་སོ། །དེར་བློ་གྲོས་བཟང་པོས་སངས་རྒྱས་ལ་ཨུད་པ་ལ་སྔོན་པོ་དག་གིས་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས། སངས་རྒྱས་པའི་བར་དུ་འཁོར་བ་ན་བདེ་བ་ཆེན་པོ་མྱོང་ཞིང་སངས་རྒྱས་པའི་རྒྱུ་དང་རྐྱེན་དུ་ཡང་གྱུར་ལ། སངས་རྒྱས་པའི་ཚེ་ན་ཡང་མཛའ་སྡེ་ལྔ་བརྒྱ་པོ་རྣམས་ཀྱི་མེ་ཏོག་སྣ་ཚོགས་དང་རོལ་མོའི་མཆོད་པ་འདི་ལྟ་བུ་སོགས་མཆོད་པ་ཆེན་པོ་བརྙེས་སོ་ཞེས་གསུངས་སོ། །འདི་དང་མར་མེ་མཛད་ཀྱིས་ལུང་བསྟན་པའི་མདོ་ལས། བྲམ་ཟེའི་ཁྱེའུ་སྤྲིན་ལུང་བསྟན་པ་ནི་ཁོག་མཚུངས་ཀྱང་མི་འདྲ་བའི་ཁྱད་པར་འགའ་ཡང་སྣང་ལ་ཐར་ལོའི་འགྱུར་ཕྲན་ནང་གི་སྐྱེས་རབས་ཀྱི་གླེང་གཞིའི་མདོ་ན་བྲམ་ཟེ་བློ་གྲོས་བཟང་པོ་ལུང་བསྟན་པ་ལའང་འདི་དག་ཚིག་དོན་ཅུང་ཟད་མི་འདྲ་བ་ཡོད་མོད་ཀྱི། འདིར་མི་བྲམ་ཟེ་བློ་གྲོས་བཟང་པོ་ལུང་བསྟན་པ་བཞིན་བཀོད་པ་ཡིན་ལ་དེས་གཞན་དག་ཀྱང་མཚོན་པར་ནུས་སོ། །བློ་གྲོས་བཟང་པོ་དང་ཁྱེའུ་སྤྲིན་མིང་གི་རྣམ་གྲངས་ཙམ་ལས་དོན་འདྲ་བར་སྔོན་གྱི་བླ་མ་དག་བཞེད། དེ་དུས་ཀྱི་བུ་མོ་བཟང་ལེན་ལྡན་ཞེས་སོགས་ཀྱི་མིང་ཅན་ཨུཏྤལ་སྟེར་བ་དེ་ནི་གྲགས་འཛིན་མ་ཡིན་ལ། མདོ་ལ་ལར་ས་འཚོ་མ་ཞེས་གསུངས་པ་ནི་བཙུན་མོ་སྤྱི་ལ་ས་དབང་མོ་དང་། ས་སྐྱོང་མོ་དང་། ས་འཚོ་མ་ཞེས་ཟེར་བའི་གྲགས་འཛིན་མའི་མིང་ཡང་ཡིན་ལ། གྲགས་འཛིན་མ་ནི་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་དང་། ཁྱེའུ་སྒྲ་གཅན་འཛིན་གྱི་མར་གྱུར་པ་དེ་ཡིན་ནོ། །ཡང་ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་སྤེད་མ་ཞེས་པ་རྒྱལ་བུ་དོན་གྲུབ་དེ་ལ་མི་གཡེངས་ནས་ལྕགས་མདའ་བྱེ་མར་རློག་པས་བཙུན་མོར་བཞེས་པ་དེ་དང། ཤཱཀྱ་དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་ཞེས་པས་མྱང་འདས་ཀྱི་སྒྲ་བརྗོད་པས་རྒྱལ་བུ་མགུ་ནས་མུ་ཏིག་གི་དོ་ཤལ་འཕངས་པས་བཙུན་མོར་བཞེས་པ་དེ་གསུམ་རྒྱལ་བུ་དོན་གྲུབ་ཀྱི་བཙུན་མོ་གཙོ་མོ་ཡིན་ལ་གཞན་བཙུན་མོའི་འཁོར་བརྒྱ་ཁྲི་ཡོད་ཅིང་ཀུན་གྱི་ནང་ན་གྲགས་འཛིན་མ་ནི་མཆོག་ཏུ་གྱུར་ལ། སྤེད་མ་ལངས་ས་འཚོ་མ་ཞེས་སྤྱི་མིང་བྱེ་བྲག་ལ་བཏགས་ནས་གྲགས་པ་མདོ་ཕལ་ཆེར་དུ་དེ་ལྟར་གསུངས་པའང་ཡོད་པ་ཤན་འབྱེད་པར་བྱ་ཞེས་མཁས་བདག་གིས་བཞེད་པ་དོན་ལ་གནས་སོ། །དེ་ལྟར་མར་མེ་མཛད་པས་ལུང་བསྟན་ཐོབ་ནས་མི་སྐྱེ་བ་ཆེན་པོའི་བཟོད་པ་ཐོབ་སྟེ་ཆོས་ཀྱི་ལུས་འགྱུར་བ་མེད་པ་ལ་གནས་བཞིན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སྤྲུལ་བའི་རོལ་པ་ཚད་མེད་སྣ་ཚོགས་ཀྱི་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་སྐད་ཅིག་རེ་ལ་བསྒྲུབས་བའི་ཚུལ་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་། ཞིང་འདིར་སངས་རྒྱས་འོད་སྲུང་གི་དུས་སུ་བྲམ་ཟེའི་ཁྱེའུ་ཡེ་ཤེས་བླ་མར་གྱུར་པ་དེ། དགའ་ལྡན་ལྷའི་གནས་སུ་སྐྱེ་བ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་དཔའ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ནས་དུས་ལ་བབ་པའི་ཚེ། འཛམ་བུའི་གླིང་འདིར་གཟིགས་པ་ལྔས་གཟིགས་ཏེ་དགའ་ལྡན་ནས་འཕོ་བ་མཛད་པ་སོགས་རྒྱ་ཆེར་རོལ་པ་དང་འདུ་བ་ལས་གསུངས་པས་ཁོག་ཕུབ་པ་ལ། སངས་རྒྱས་པའི་ཚེ་ན་གནས་ཐ་དད་པར་གདུལ་བྱ་སྣ་ཚོགས་ལ་ཟབ་པ་དང་རྒྱ་ཆེ་བའི་བརྗོད་བྱ་སྟོན་པ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་ཁོངས་སུ་གཏོགས་པའི་ཆོས་བསྟན་པ་དང་། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་རྣམས་ལ་བརྩེ་བ་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་སྔོན་གྱི་ལས་ཀྱི་ཚུལ་སོགས་དུས་གསུམ་གྱི་ཤེས་བྱ་གང་དྲིས་པ་ཐམས་ཅད་ཐོགས་པ་མེད་པར་ལུང་བསྟན་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྣ་ཚོགས་མངོན་པར་འདུ་མཛད་པ་སོགས་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་ལས་བསྐྱབས་ཤིང་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་བཀོད་པའི་ཚུལ་ཞིང་འདིའི་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་ངོར་བསྟན་པའི་བཅོམ་ལྡན་འདས་ཀྱི་སྐུ་ཚེ་དེའི་མཛད་པ་རྣམས་གཞན་ལས་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མའི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་མཛད་པ་ཆེ་ལོངས་རྣམས་མོད་ལས་བྱུང་བ་འདིར་བསྡུས་ཏེ་བསྟན་པ་ཡིན་ལ། འདིར་བཤད་པ་དག་དང་ཆ་འདྲ་ཞིང་རིགས་མཐུན་གཞན་ལེགས་མཐོང་ཆེན་པོ་དང་། མི་བདག་གྲགས་པ་མཐའ་ཡས། གཞོན་ནུ་ནོར་བཟང་སོགས་ཀྱི་རབས་དང་། གཞན་ཡང་སྐབས་འདིའི་ཕར་ཕྱིན་གྱི་བརྗོད་བྱ་དང་མཐུན་པས་འདིར་བསྡུ་དགོས་ངེས་ཆེར་མེད་ཀྱང་སྤྱིར་གཏམ་རྒྱུད་ལེགས་ཤིང་རྐུན་ཆེན་ལ་སོགས་སྐྱེས་པའི་རབས་སུ་གཏོགས་པ་འགའ་ཞིག་བོད་འདིར་བ ཞུགས་པའི་མདོ་སྡེར་གསུངས་པ་དེ་དག་ཀྱང་འདིའི་ཁ་སྐོང་དུ་བསྡུས་ན་ལེགས་ཤིང་། མ་བསྡུས་ཀྱང་འདི་ཙམ་གྱིས་བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་མཚོན་པར་ནུས་ལ། སྐྱེས་པའི་རབས་མཐའ་དག་འདི་ཙམ་དུ་ཟད་དོ་ཞེས་སྐྱེ་བོ་ཕལ་པ་སུས་ཀྱང་མཐའ་དཔོག་པར་མི་ནུས་སོ། །དེ་ལྟར་སྐྱེས་པའི་རབས་འདི་དག་གི་ལེའུ་གཅིག་གི་དོན་ཐོས་ནས་དད་པ་སྐད་ཅིག་ཙམ་སྐྱེས་ཀྱང་། རྣམ་གྲོལ་མཆོག་གི་ས་བོན་རང་རྒྱུད་ལ་འཇོག་ཅིང་ཕན་ཡོན་ཚད་མེད་པ་ཡོད་ན། ཐམས་ཅད་མཉན་ཞིང་གུས་པ་བསྐྱེད་པ་ལྟ་ཅི་སྨོས་ཚུལ་འདི་དག་གིས་བྱང་ཆུབ་ཆེན་པོའི་ལམ་གྱི་ཚུལ་ཤེས་ཤིང་དེ་ལ་མོས་པ་སྐྱེ་བ་སོགས་ཀྱི་རང་གཞན་ལ་དོན་ཆེན་པོ་ཡོད་པར་འགྱུར་ཏེ། རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་དཔའ་བོའི་ཞལ་སྔ་ནས། གྲགས་པར་གྱུར་པའི་མཚན་མ་བཟང་པོའི་འདི་རྣམས་ཀྱིས། བདེ་བར་གཤེགས་འགྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། ཞེས་གསུངས་པ་བཞིན་ནོ། །དང་པོར་ཐུགས་བསྐྱེད་ཚུལ་དང་། སངས་རྒྱས་མཆོད་པ་སོགས་ཀྱི་ཚོགས་བསགས་ཅི་རིགས་པ་དང་། ལུང་བསྟན་པ་ཐོབ་པའི་སྐབས་ཀྱི་ཚོམས་བརྗོད་པའོ། ༈ །གོང་དུ་ཇི་སྐད་སྨོས་པ་འདི་རྣམས་ཀྱིས་མཚོན་ནས་སྐྱེས་པའི་རབས་རྣམས་སུ་བསྟན་པའི་སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པར་མཛད་པའི་རྒྱུན་ཕུན་སུམ་ཚོགས་པ་དེ་ལྟ་བུ་ལ་བརྟེན་ནས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ན་ནི་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་ཚུལ་ནི། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་དང་། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་མདོ་དང་། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ་ལ་སོགས་པའི་དོན་བཞིན་དུ་ཤེས་པར་བྱ་ལ། དེ་ལྟར་སངས་རྒྱས་ལ་དད་པ་བསྐྱེད་པ་ནི་ལམ་གྱི་དང་པོར་མེད་དུ་མི་རུང་བ་ཡིན་ཏེ། ཇི་སྐད་དུ། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་དང་། ཆོས་བཅུ་པའི་མདོ་ལས། དད་པ་ཐེག་པ་མཆོག་ཡིན་ཏེ། །དེས་ནི་འདྲེན་རྣམས་ངེས་པར་འབྱུང་། །ཞེས་དང་། འཇིག་རྟེན་དག་ན་དད་པ་མཆོག །དད་ལྡན་རྣམ་པར་ཉམས་པ་མེད། །ཅེས་དང་། དད་པ་མེད་པའི་མི་ལ་ནི། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །མེ་ཡིས་ཚིག་པའི་ས་བོན་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། དཀོན་མཆོག་ཏཱ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པའི་སྟོབས་ཀྱིས་མི་བདག་གྱུར་པ་རྣམས། །བསམ་ཡས་རྒྱ་ཆེན་མཆོད་པ་མཆོད་བྱས་ཤིང་། །ཆོས་དང་དེ་བཞིན་མི་ཕྱེད་དགེ་འདུན་ལ། །བསམ་ཡས་མཆོད་པས་མཆོད་ནས་སེམས་སྐྱེའོ། །དད་པ་སྔོན་འདྲེན་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དྭང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་ཀྱང་ཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་དལ་སྤངས་ཤིང་དལ་བའི་མཆོག་གཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་། །ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་བ། །དད་པ་བྱང་ཆུབ་ཞིག་ནི་རྣམ་པར་སྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏ ན་འཕེལ་བར་བྱེད། །དད་པ་རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སངས་རྒྱས་ལ་དད་པ་རྙེད་ན་གནས་སྐབས་སུ་ཚེ་རབས་ཐམས་ཅད་དུ་ཡང་ལྷ་མིའི་བདེ་བ་མི་ཟད་པ་དང་། མཐར་གྱིས་བྱང་ཆུབ་གསུམ་པོ་དག་ལ་རང་གི་མོས་པ་དང་། བསམ་པ་དང་། སྨོན་ལམ་གྱི་ཁྱད་པར་བཞིན་དུ་འབྲས་བུ་ཐོབ་ཅིང་། གལ་ཏེ་ཉན་རང་གི་ཐེག་པའི་འབྲས་བུ་ཐོབ་པ་རྣམས་ཀྱང་། མཐར་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཉན་གཅིག་ཏུ་འཚང་རྒྱ་བ་ཡང་ཡིན་ཏེ། ཐེག་པ་ཆེན་པོ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། གང་ཕྱིར་འཇིག་རྟེན་དུ་ནི་ཆོས་མང་བཤད། །དེ་དང་དེ་ལ་ཆགས་པ་རབ་གྲོལ་ཞིང་། །ཐེག་པ་གསུམ་དག་ཉེ་བར་བསྟན་པ་ནི། །དེ་དག་ང་ཡི་ཐབས་མཁས་མཆོག་ཡིན་ནོ། །ཞེས་དང་། ཤཱ་ཱརིའི་བུ་ངས་ཀྱང་ཐེག་པ་གཅིག་ལས་བརྩམས་ཏེ་ཆོས་སྟོན་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པ་སྟེ། ཐེག་པ་གཉིས་སམ་གསུམ་ཞེས་བྱ་བ་གང་ཡང་མེད་དོ། །ཤཱ་རིའི་བུ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན་ཡང་ཆོས་ཉིད་ནི་འདིའོ་ཞེས་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མཐར་ཐུག་ཐེག་གཅིག་སྟོན་པར་གསུངས་པ་དང་། ཐེག་པ་ཐ་དད་པར་ནི་གང་སྟོན་པ། །སྐྱེས་མཆོག་རྣམས་ཀྱི་ཐབས་མཁས་མ་གཏོགས་པར། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །འཇིག་རྟེན་ན་ནི་ནམ་ཡང་གསུམ་དུ་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྟན་པའི་ཕྱིར། །འཇིག་རྟེན་དུ་ཡང་འཇིག་རྟེན་མགོན་པོ་བྱུང་། །བྱ་བ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །སངས་རྒྱས་ཐེག་པ་དམན་པ་མི་འདྲེན་ཏོ། །རང་བྱུང་བདག་ཉིད་ཅི་ལ་གནས་པ་དང་། །སངས་རྒྱས་ཇི་ལྟ་བུ་དང་ཇི་འདྲ་བ། །སྟོབས་དང་བསམ་གཏན་རྣམ་ཐར་དབང་པོ་རྣམས། །དེ་དག་ཉིད་ལ་སེམས་ཅན་རབ་ཏུ་འཇོག །ཅེས་དང་། མོས་དང་དེ་བཞིན་བསམ་པ་རྣམས་མཁྱེན་ནས། །དེ་བཞིན་གཤེགས་པས་ལྷར་བཅས་འཇིག་རྟེན་དུ། །རྒྱལ་བའི་ཐབས་གཞན་རྣམ་པ་མང་པོ་དག །གང་གིས་ཆོས་མཆོག་འདི་ནི་རབ་བསྟན་པ། །སེམས་ཅན་གང་གིས་དེ་ལས་མངོན་སུམ་དེར། །ཆོས་ཉན་པ་དང་འོན་ཏེ་ཐོས་ལྡན་པ། །སྦྱིན་པ་སྦྱིན་ཞིང་ཚུལ་ཁྲིམས་སྤྱོད་པ་དང་། །བཟོད་པས་སྤྱོད་པ་ཐམས་ཅད་བསྒྲུབས་པ་དང་། །བརྩོན་འགྲུས་བསམ་གཏན་ལྷག་པར་བྱས་པ་དང་། །ཤེས་རབ་ཀྱིས་ནི་ཆོས་འདི་རྣམས་བསམས་ཏེ། །རྣམ་པ་ཐ་དད་བསོད་ནམས་སུས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་བར་འགྱུར། །མྱ་ངན་འདས་པའི་རྒྱལ་བ་དེ་དག་གི། །བསྟན་པ་དེ་ལ་སེམས་ཅན་གང་ཞུགས་ཏེ། །དེ་ན་བཟོད་ཅིང་ཞི་ལ་དུལ་བ་ནི། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རྒྱལ་བ་མྱ་ངན་འདས་པ་དེ་དག་གི། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང་། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་བགྱིའམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻཌཱུརྻ་མཆོད་དེ་བཞིན་ཨན་ད་སྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཡ་ག་རུ་དང་ཙན་དན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པ་རྩེད་མོར་དེ་དང་དེ་དག་ཏུ། །གང་ཕྱིར་རྒྱལ་བ་དེ་དག་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་བོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། །གང་དག་ལ་ལ་དེ་ནི་སློབ་པའི་ཚེ། །རྩེད་མོ་དགའ་དང་བསང་བར་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་པས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་རྣམས་རྔ་རྣམས་རབ་ཏུ་རྡུང་བྱེད་ཅིང་། །པི་ཝཾ་དང་ནི་ཕེག་དང་ཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨེ་ཀོ་ན་དང་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཀྲོལ་རྡུང་བཅུག་དང་། །ཆུ་ལ་བརྡབས་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང་། །རིང་བསྲེལ་དེ་དག་རྣམ་མང་མཆོད་བྱས་ལ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དང་། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་བམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་ཙིག་ངོས་བྲིས་པ་ལ། །འཁྲུག་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དགེ་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །དེ་ཚེ་བདེ་བར་གཤེགས་པ་དེ་དག་ནི། །མྱ་ངན་འདས་སམ་ཡང་ན་བཞུགས་ཀྱང་རུང་། །སེམས་ཅན་གང་གིས་ཆོས་འདི་མིང་ཐོས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ཆོས་ཀྱི་ཚུལ་འདི་རྟག་ཏུ་གནས་པ་དང་། །ཆོས་ཀྱི་རང་བཞིན་རྟག་ཏུ་འོད་གསལ་བར། །རྐང་གཉིས་དམ་པ་སངས་རྒྱས་རྣམས་མཁྱེན་ནས། །ང་ཡི་ཐེག་པ་གཅིག་ཅེས་སྟོན་པར་འགྱུར། །ཞེས་དང་། ལྷ་མི་རྣམས་ཀྱིས་མཆོད་པའི་སངས་རྒྱས་རྣམས། །ཕྱོགས་བཅུར་བཞུགས་པ་གངྒཱའི་བྱེ་མ་སྙེད། །འདི་ན་སྲོག་ཆགས་ཐམས་ཅད་བདེ་བྱའི་ཕྱིར། །དེ་དག་རྣམས་ཀྱང་ཐེག་པ་མཆོག་འདི་འཆད། །ཞི་བའི་ས་མཆོག་འདིར་ནི་སངས་རྒྱས་ནས། །ཐབས་ལ་མཁས་པས་རབ་ཏུ་སྟོན་མཛད་ཅིང་། །ཐེག་པ་རྣམ་པ་ཐ་དད་མངོན་པར་འཆད། །ཐེག་པ་གཅིག་པོའང་ཡོངས་སུ་སྟོན་མཛད་དོ། །ལུས་ཅན་ཀུན་གྱི་སྤྱོད་པ་རིག་པ་དང་། །དེ་བཞིན་སྔོན་ཆད་ཅི་བསྒོམས་ཅི་བསམས་པ། །དེ་ཡི་མཐུ་དང་བརྩོན་འགྲུས་རྣམས་ཀྱང་རིག །ཤིན་ཏུ་དད་པ་མཁྱེན་ནས་རབ་ཏུ་སྟོན། །འདྲེན་པའི་ཡེ་ཤེས་སྟོབས་ཀྱིས་རྒྱུ་མང་དང་། །དཔེ་དང་གཞི་ཡང་མང་པོར་རབ་བསྟོན་ཏོ། །སེམས་ཅན་མོས་པ་སྣ་ཚོགས་རིགས་ནས་ནི། །སྣ་ཚོགས་མངོན་པར་སྒྲུབ་པ་ཉེ་བར་སྟོན། །ཞེས་དང་། འདི་ལྟ་བུ་ཐེག་གཅིག་ཏུ་སྟོན་པའི་ཆོས་འདི་ལྟ་བུ་འབྱུང་བར་དཀའ་བ་ཡང་། མདོ་དེ་ལས། རེག་འགའ་གང་དུ་ཅི་ཡིས་འཇིག་རྟེན་དུ། །སྐྱེས་བུ་ཁྱུ་མཆོག་དག་ནི་འབྱུང་བར་འགྱུར། །མཐའ་ཡས་མིང་ཅན་འཇིག་རྟེན་བྱུང་ན་ཡང་། །རེས་འགའ་འདི་འདྲ་བ་ཡི་ཆོས་འཆད་དེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་ཉིད་དུ་ཡང་། །འདི་འདྲའི་ཆོས་མཆོག་རབ་ཏུ་རྙེད་པར་དཀའ། །གང་དག་ཆོས་མཆོག་ཐོས་ནས་དད་གྱུར་པ། །དེ་འདྲའི་སེམས་ཅན་ཤིན་ཏུ་རྙེད་པར་དཀའ། །ཨུ་དུམ་བཱ་རིའི་མེ་ཏོག་རྙེད་དཀའ་བཞིན། །རེས་འགའ་གང་ཞིག་ཅི་ཡིས་སྣང་གྱུར་ན། །གཟུགས་དེ་འགྲོ་བའི་ཡིད་དུ་འོང་བ་སྟེ། །ལྷར་བཅས་འཇིག་རྟེན་རྣམས་ལ་ངོ་མཚར་འགྱུར། །དེ་བས་ལེགས་བཤད་ཆོས་འདི་སུས་ཐོས་ནས། །རྗེས་སུ་ཡི་རང་ཚིག་གཅིག་བརྗོད་ན་ཡང་། །ཤིན་ཏུ་ངོ་མཚར་ཆེ་བར་འདི་བསྟན་ཏེ། །དེས་ནི་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར། །འདི་ལ་ཐེ་ཚོམ་སོམ་ཉི་རྣམས་པར་སྤོངས། །ཆོས་ཀྱི་རྒྱལ་པོ་ངས་ནི་ཀུན་བསྟན་ཏེ། །བྱང་ཆུབ་དམ་པ་འདི་ལ་ཡང་དག་གཟུང་། །འདི་ན་ང་ལ་ཉན་ཐོས་གང་ཡང་མེད། །ཤཱ་རིའི་བུ་ཁྱོད་འདི་ནི་གསང་ཆེན་གྱིས། །ང་ཡི་ཉན་ཐོས་གང་འདི་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་གཙོ་བོ་འདི་དག་གིས། །ང་ཡི་གསང་ཆེན་འདི་ནི་ཐུབ་པར་གྱིས། །ཅི་ཕྱིར་ཞེ་ན་སྙིགས་མ་ལྔ་ཡི་ཚེ། །སེམས་ཅན་ངན་པ་གཏུམ་པོ་འབྱུང་བ་ན། །བྱིས་པའི་བློ་ཅན་འདོད་པས་ལྡོངས་གྱུར་པ། །དེ་དག་རྣམས་ཀྱང་བྱང་ཆུབ་སེམས་མི་སྐྱེ། །ཐེག་པ་གཅིག་པོ་འདི་ནི་རྒྱལ་བ་དེས། །སྔོན་རབས་བཤད་པ་ཡིན་ཞེས་ཐོས་ནས་སུ། །མ་འོངས་དུས་ན་སེམས་ཅན་མྱོས་གྱུར་ཏེ། །མདོ་སྡེ་སྤངས་པས་སེམས་ཅན་དམྱལ་བར་འགྲོ །སེམས་ཅན་གང་དག་འཛེམ་ཞིང་གཅོང་བ་དང་། །གང་དག་བྱང་ཆུབ་དམ་པ་མཆོག་ཞུགས་པ། །དེ་དག་ལ་ནི་འཇིགས་པ་མེད་གྱིས་ལ། །ཐེག་པ་གཅིག་གི་བསྔགས་པ་མཐའ་ཡས་ཤོད། །འདྲེན་པ་རྣམས་ཀྱིས་བཤད་པ་དེ་ལྟ་བུ། །ཐབས་ལ་མཁས་པ་དམ་པ་མཆོག་འདི་ནི། །ལྡེམ་པོ་ངག་རྣམས་རབ་ཏུ་མང་པོར་བཤད། །འདི་ནི་མ་བསླབས་རྣམས་ཀྱིས་རིགས་པར་དཀའ། །དེ་བས་འཇིག་རྟེན་སློབ་དཔོན་སངས་རྒྱས་ཀྱི། །སྐྱོབ་པའི་ལྡེམ་པོ་གང་ནི་ཤེས་རབ་ཀྱིས། །ཐེ་ཚོམ་ཆོད་ལ་སོམ་ཉི་རྣམས་སྤངས་ཏེ། །སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་སྐྱེད། །ཅེས་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་མོས་པ་ཐ་དད་པ་གང་དག་ཁམས་གསུམ་ནས་བྱུང་བ་དེ་དག་གི་མྱ་ངན་ལས་འདས་པ་གཅིག་གམ་གཉིས་སམ་འོན་ཏེ་གསུམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར་མྱ་ངན་ལས་འདའ་བས་ན། དེ་ནི་གཅིག་སྟེ་གཉིས་སུ་མེད་ཅིང་གསུམ་དུ་ཡང་མེད་དོ། །ཞེས་དང་། ཆོས་ཀུན་སྟོང་ཞིང་མཉམ་པ་སྟེ། །ཐ་དད་དབྱེར་མེད་བདག་ཉིད་དོ། །དེ་དག་ལ་ནི་མེ་ཏོག་སྟེ། །ཆོས་ནི་གང་ཡང་མཐོང་མེད་ན། །ཆོས་ཀྱི་སྐུ་ནི་མ་ལུས་པར། །ཤེས་རབ་ཆེན་པོ་དེས་མཐོང་ངོ་། །ཐེག་པ་གསུམ་དུ་ཡོང་མེད་དེ། །འདི་ན་ཐེག་པ་གཅིག་པུ་ཡོད། །ཆོས་ཀུན་མཉམ་སྟེ་ཐམས་ཅད་ཀྱང་། །མཉམ་ཞིང་སྙོམས་ཏེ་རྟག་ཏུ་མཉམ། །དེ་ལྟར་རིགས་ནས་ཞི་བ་ཡི། །མི་འཆི་མྱ་ངན་འདའ་བ་ཤེས། །ཞེས་དང་། མདོ་སྡེ་པདྨ་དཀར་པོ་འདི་སྔོན་དེ་བཞིན་གཤེགས་པ་ལས་མངོན་སུམ་དུ་ཐོས་ཏེ། ཐ་ན་ཚིགས་བཅད་གཅིག་ཐོས་པ་དང་། མདོ་འདི་ལ་སེམས་གཅིག་བསྐྱེད་པས་རྗེས་སུ་ཡི་རངས་པ་དེ་ཐམས་ཅད་བྱང་ཆུབ་ཏུ་ལུང་བསྟན་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་ནས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། ཐ་ན་ཚིགས་སུ་བཅད་པ་གཅིག་ཐོས་ནས་སེམས་བསྐྱེད་པ་གཅིག་ཙམ་གྱིས་རྗེས་སུ་ཡི་རང་བར་འགྱུར་བའི་རིགས་ཀྱི་བུ་དང་བུ་མོ་དེ་དག་བླ་མེད་བྱང་ཆུབ་ཏུ་ངས་ལུང་བསྟན་ཏོ། །དེས་སངས་རྒྱས་ཚད་མེད་པ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །ཞེས་དང་། མདོ་སྡེ་འདི་ལས་ཚིགས་བཅད་གཅིག་ཙམ་འབྲི་བ་དང་། འཛིན་པ་དང་ཀློག་པ་སོགས་དང་། གླེགས་བམ་ལ་གུས་པ་དང་། མཆོད་པ་དང་། ཕྱག་འཚལ་བ་དང་ཐལ་མོ་སྦྱོར་བར་བྱེད་ན་དེ་ཐམས་ཅད་ངས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །མ་འོངས་པའི་དུས་ན་ཁ་ཅིག་འདི་སྐད་དུ། སངས་རྒྱས་སུ་འགྱུར་བའི་སེམས་ཅན་དེ་དག་ཇི་ལྟ་བུ་དག་ཅེས་ཟེར་ན། མདོ་སྡེ་འདིའི་ཚིགས་བཅད་གཅིག་ཙམ་འཛིན་པ་སོགས་ཀྱི་སེམས་ཅན་དེ་བསྟན་ཏེ། འདི་དག་སངས་རྒྱས་སུ་འགྱུར་བར་ལྟོས་ཤིག་ཅེས་བྱའོ། །དེ་ཅིའི་ཕྱིར་ན། ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་བཅད་གཅིག་ཙམ་བཟུང་ན་ཡང་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱ་བ་བཞིན་དུ་བྱ་ན། མདོ་འདི་མཐའ་དག་ཆུབ་པར་འཛིན་པ་སོགས་ལྟ་ཅི་སྨོས་ཏེ། དེ་དག་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་གྲུབ་པར་རིགས་པར་བྱའོ། །ཞེས་དང་། དེ་འཇིག་རྟེན་ཕན་ཞིང་སྙིང་བརྩེ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་སླད་དུ་འཛམ་བུའི་གླིང་དུ་སྙིག་བརྩེ་བའི་ཕྱིར་ཞིང་རྒྱ་ཆེན་པོ་གཞན་ནས་མིར་སྐྱེས་པར་རིགས་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་དམ། ཐ་ན་གསང་སྟེ་རྐུན་བུས་སེམས་ཅན་གཅིག་ལ་ཡང་དག་པར་བསྟན་ན། རིགས་ཀྱི་བུའམ་བུ་མོ་དེ་དེ་བཞིན་གཤེགས་པའི་ཕོ་ཉ་ཡིན་པར་རིགས་པར་བྱའོ། །དེ་བཞིན་གཤེགས་པའི་བྱ་བ་བྱེད་པ་སྟེ། དེ་བཞིན་གཤེགས་པས་མངགས་པར་རིགས་པར་བྱའོ། །ཞེས་དང་། ཐམས་ཅད་མཁྱེན་ཉིད་གང་འདོད་དེ། །ཇི་ལྟར་མྱུར་དུ་ཐོབ་སྙམ་པ། །དེས་ནི་མདོ་སྡེ་འདི་བཟུང་སྟེ། །འཛིན་པ་ལ་ཡང་བཀུར་སྟི་བྱ། །ཞེས་སོགས་བསྔགས་པ་རྒྱ་ཆེན་པོ་ཉིད་ཤེས་པར་འདོད་པས་མདོ་དེ་ཉིད་དུ་བལྟ་བར་བྱའོ། །དེ་ལ་བདག་ཅག་གི་སྟོན་པ་འདི་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས་སུ་སངས་རྒྱས་གྱི་མཛད་པ་བྱེད་པ་ཡང་། ཐོག་མའི་སྙིང་རྗེ་ཆེན་པོའི་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཡིན་ལ། འོན་ཀྱང་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་སོ་སྐྱེ་དང་ཉན་རང་གིས་བསམ་པར་དཀའ་བ་ཡིན་པའི་ཕྱིར་ཚུ་རོལ་མཐོང་བ་ཙམ་གྱིས་མཐོང་བ་དང་ཐོས་པ་ཉི་ཚེ་བའི་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པ་ནི་རྩོད་པའི་དུས་འདིར་སངས་རྒྱས་ལ། སྐུ་ཚེ་ཡང་བརྒྱད་ཅུ་ཙམ་ཞིག་དང་། ཞིང་ཡང་མ་དག་གོ་སྙམ་དུ་རྒྱ་ཆུང་ངུར་བསམ་པར་མི་བྱ་སྟེ། ཞིང་དང་སྐུ་ཚེ་དུས་ལ་སོགས་པར་གདུལ་བའི་དབང་གིས་ཇི་ལྟར་བསྟན་ཀྱང་། སངས་རྒྱས་ཐམས་ཅད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ཡོན་ཏན་གྱི་ཚད་གཞལ་དུ་མེད་པ་ཡིན་པས། དེའི་ཞིང་ཡང་ཡོངས་སུ་དག་ཅིང་རྒྱ་ཆེ་སྟེ། སྐུ་ཚེའི་ཚད་ཀྱང་ནམ་མཁའ་ཇི་སྲིད་དུ་བཞུགས་པ་ཡིན་པས་བདག་ཅག་གི་སྟོན་པ་འདིའི་ཞིང་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་ཡིན་པའི་ཕྱིར་དང་། དུས་ཀྱང་རྩོད་དུས་འབའ་ཞིག་ཏུ་སངས་རྒྱས་པ་དང་ཡུན་ཐུང་དུས་མྱ་ངན་ལས་འདས་པ་ཁོ་ན་ཡང་མ་ཡིན་ཏེ། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །བྱང་ཆུབ་སེམས་དཔའ་གང་འདི་ཡང་དག་གཟུང་། །སངས་རྒྱས་ཡེ་ཤེས་ལ་ནི་དེ་དག་དགོད། །སེམས་ཅན་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ། །བསྐལ་པ་བྱེ་བ་མང་པོར་སྨིན་པར་བྱས། །མྱ་ངན་འདས་པའི་ས་ཡང་བསྟན་བྱས་ཏེ། །སེམས་ཅན་རྣམ་པར་འདུལ་ཕྱིར་ཐབས་བརྗོད་དོ། །དེ་ཚེ་ང་ནི་མྱ་ངན་མི་འདའ་སྟེ། །འདི་ཉིད་ན་ནི་ཆོས་རྣམས་རབ་སྟོན་ཏོ། །དེ་ནི་ང་བདག་ཉིད་ཀྱང་བྱིན་གྱིས་བརླབས། །ང་ཡིས་སེམས་ཅན་ཀུན་ཀྱང་བྱིན་གྱིས་བརླབས། །ལོག་པའི་བློ་ལྡན་བླུན་པོའི་མི་རྣམས་ཀྱིས། །འདི་ན་ང་འདུག་པ་ཡང་མི་མཐོང་ངོ་། །ང་ལུས་ཡོངས་སུ་མྱ་ངན་འདས་མཐོང་ནས། །རིང་བསྲེལ་རྣམས་ལ་མཆོད་པ་རྣམ་མང་བྱེད། །ང་མ་མཐོང་བས་དེ་དག་སྲེད་པ་སྐྱེ། །དེ་ནས་དེ་དག་སེམས་ཀྱང་དྲོང་པོར་འགྱུར། །ནམ་ཞིག་དེ་དག་འཇམ་ཞིང་མཉེན་དྲང་སྟེ། །སེམས་ཅན་ལུས་ཀྱང་བཏང་བར་གྱུར་པ་ན། །དེ་ན་ང་ཡི་ཉན་ཐོས་དགེ་འདུན་བྱས། །བྱ་རྒོད་ཕུང་པོར་ང་ཉིད་དེར་ཉིད་དེ་བསྟན་ཏེ། །དེ་ལ་ང་ཡིས་ཕྱིས་ནི་འདི་སྐད་སྨྲས། །འདི་ཉིད་ན་སྟེ་མྱ་ངན་ང་མ་འདས། །དགེ་སློང་གང་དག་དེ་ནི་ང་ཐབས་མཁས། །ཡང་ཡང་ང་འབྱུང་འཚོ་བའི་འཇིག་རྟེན་དུ། །སེམས་ཅན་གཞན་གྱི་ང་ནི་མདུན་དུ་བྱས། །དེ་ལ་བྱང་ཆུབ་མཆོག་འདི་རབ་ཏུ་བཤད། །འཇིག་མགོན་མྱ་ངན་ལ་འདས་མ་རྟོགས་པར། །ཁྱོད་ཀྱིས་ང་ཡི་སྒྲ་ཡང་མི་ཐོས་སོ། །སེམས་ཅན་རྣམས་པར་འཇིག་པ་ངས་མཐོང་ཡང་། །ངས་ནི་བདག་གི་ལུས་ཉིད་མ་བསྟན་ཏེ། །རེ་ཞིག་ང་མཐོང་བར་ནི་འདོད་བྱོས་ལ། །སྐོམས་པར་གྱུར་ནས་དམ་པའི་ཆོས་བཤད་དོ། །རྟག་ཏུ་ང་ཡི་བྱིན་རླབས་དེ་འདྲ་སྟེ། །བསྐལ་པ་བྱེ་བ་བསམ་ཡས་སྟོང་དུ་ནི། །བྱ་རྒོད་ཕུང་པོ་འདི་ལས་མི་འཕོ་ཡང་། །གུད་ན་བྱེ་བ་སྙེད་ཀྱི་མལ་ཆ་ཡོད། །གང་ཚེ་འཇིག་རྟེན་ཁམས་འདི་སེམས་ཅན་གྱིས། །བསྐལ་པས་སྲེག་པར་མཐོང་ཞིང་རྟོག་པ་ན། །དེ་ཚེ་ང་ཡི་སངས་རྒྱས་ཞིང་འདི་ནི། །ལྷ་དང་མི་ཡིས་ཡོངས་སུ་གང་བར་འགྱུར། །དེ་དག་རྩེ་ཞིང་དགའ་བ་སྣ་ཚོགས་ལྡན། །སྐྱེད་མས་ཁང་བཟང་གཞལ་མེད་བྱེ་བ་ཡོད། །རིན་ཆེན་རི་བོ་རྣམས་དང་དེ་བཞིན་དུ། །མེ་ཏོག་འབྲས་ལྡན་ཤིང་ལྗོན་རྣམས་ཀྱིས་བརྒྱན། །སྟེང་ནས་ལྷ་རྣམས་རྔ་ཆེན་རབ་ཏུ་རྡུང་། །མནྡཱར་བའི་ཆར་ཡང་ཤིན་ཏུ་འབབ། །མཁས་པ་གཞན་གང་བྱང་ཆུབ་འདིར་ཞུགས་དང་། །ང་དང་ཉན་ཐོས་རྣམས་ལ་མངོན་པར་འཐོར། །ང་ཡི་ཞིང་འདི་དེ་ལྟར་རྟག་གནས་ཀྱང་། །གཞན་དག་འདི་ལ་བསྐལ་པས་སྲེག་པར་རྟོག །མྱ་ངན་བརྒྱ་ཡིས་གང་ཞིག་གཙེས་པ་དང་། །འཇིག་རྟེན་ཁམས་ནི་ཤིན་ཏུ་འཇིག་པར་མཐོང་། །ལོ་མང་བྱེ་བར་དེ་བཞིན་གཤེགས་རྣམས་དང་། །ཆོས་དང་ང་ཡི་དགེ་འདུན་ཚོགས་རྣམས་ཀྱི། །མིང་ནི་ནམ་ཡང་ཐོས་པར་མི་འགྱུར་ཏེ། །སྡིག་པའི་ལས་ཀྱི་འབྲས་བུ་དེ་འདྲའོ། །ནམ་ཞིག་སེམས་ཅན་འཇམ་ཞིང་མཉེན་པ་རྣམས། །མི་ཡི་འཇིག་རྟེན་འདིར་ནི་སྐྱེས་གྱུར་ཏེ། །དགེ་བའི་ལས་ཀྱིས་དེ་ལྟར་སྐྱེས་མ་ཐག །ང་ནི་ཆོས་རྣམས་རབ་ཏུ་འཆད་པར་མཐོང་། །དེ་དག་ལ་ནི་ནམ་ཡང་ང་མི་འཆད། །བྱ་བ་འདི་འདྲ་མཐའ་ཡས་འདི་དག་སྟེ། །དེ་ཡིས་ཡུན་རིང་ནས་ནི་ང་མཐོང་ངོ་། །དེ་ལ་རྒྱལ་བ་་ཤིན་ཏུ་རྙེད་དཀར་བཤད། །ང་ཡི་ཡེ་ཤེས་སྟོབས་ནི་འདི་འདྲ་སྟེ། །དེ་ནི་ཤིན་ཏུ་འོད་གསལ་མཐའ་ཡང་མེད། །ང་ཡི་ཚེ་རིང་བསྐལ་པ་མཐའ་ཡས་ཏེ། །དེ་ནི་སྔོན་གྱི་སྤྱོད་པ་སྤྱད་པས་གྲུབ། །མཁས་རྣམས་འདི་ལ་སོམ་ཉི་མ་བྱེད་པར། །ཐེ་ཚོམ་ཟ་བ་རྣམས་ནི་མ་ལུས་སྤོངས། །ངས་ནི་ཚིག་དེ་ཡང་དག་རབ་སྨྲས་ཏེ། །རྫུན་གྱི་ཚིག་ནི་ང་ལས་གཞར་མི་འབྱུང་། །དཔེར་ན་ཐབས་སློབ་པ་ཡི་སྨན་ལ་དེས། །འདུ་ཤེས་ལོག་པར་གྱུར་པའི་བུ་རྣམས་ཕྱིར། །བདག་ཉིད་མ་ཤི་བཞིན་དུ་ཤི་ཞེས་བརྗོད། །དེ་རྫུན་མི་སྨྲ་སྙམ་དུ་མཁས་པས་རིགས། །དེ་བཞིན་ང་ཡང་རང་བྱུང་འཇིག་རྟེན་ཕ། །སྐྱེ་དགུ་ཀུན་གྱི་གསོ་བྱེད་མགོན་པོ་སྟེ། །བྱིན་པ་གཏི་མུག་ལོག་པར་རྣམ་རིགས་ནས། །མྱ་ངན་མ་འདས་མྱ་ངན་འདའ་བར་བསྟན། །ཅི་ཕྱིར་ཞེ་ན་རྟག་པར་ང་མཐོང་ན། །མི་ཤེས་མ་རིག་པ་རྣམས་ལེ་ལོར་འགྱུར། །འདོད་པ་ལ་ཡང་བག་མེད་ཡིད་རྟོན་ཏེ། །བག་མེད་རྒྱུ་ཡིས་ངན་འགྲོར་རབ་ཏུ་ལྟུང་། །སྤྱོད་དང་སྤྱོད་པ་རིགས་ནས་རྟག་པར་ཡང་། །ཅི་ནས་བྱང་ཆུབ་ལ་ནི་དགོད་པ་དང་། །ཅི་ནས་སངས་རྒྱས་ཆོས་རྣམས་ཐོབ་བྱའི་ཕྱིར། །སེམས་ཅན་རྣམས་ལ་ང་ནི་དེ་བཞིན་སྨྲ། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ནི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་བརྙེས་ནས། ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་དུས་དང་ཞིང་ཐམས་ཅད་དུ་རྟག་པ་དང་ཁྱབ་པའི་ཡེ་ཤེས་རྣམ་པ་རྣམས་ཅད་པའི་རོལ་པ་ཚད་མེད་པར་སྟོན་པ་ལ་ངེས་པ་མཆོག་ཏུ་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་དད་པ་མི་ལྡོག་པ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་ངེས་པར་བྱ་སྟེ། དཀོན་བརྩེགས་ཡབ་སྲས་མཇལ་བའི་མདོ་ལས། སྔོན་བསྐལ་པ་དཔག་ཏུ་མེད་པར་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་དེ་ཡང་སྟོན་པ་འདི་ཉིད་ཡིན་པར་གསུངས་ཤིང་། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །དཔའ་བོ་ཆེན་པོ་རྣམ་པར་འཕྲུལ། །བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོས་ཀྱི་འདུ་ཤེས་བསལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག །སྟོང་གསུམ་དྲུག་ཅུ་རྩ་གཅིག་གི། །སངས་རྒྱས་ཞིང་རྣམས་དག་མཛད་པས། །ཇི་ལྟར་ཐུབ་པ་ཐབས་མཁས་པ། །རྒྱལ་བ་ཁྱོད་ནི་ཀུན་གྱིས་འཚལ། །ད་དུང་དང་པོར་ཐུགས་བསྐྱེད་པར། །དེ་དང་དེ་ཡི་ཡོངས་བསྟན་ཏེ། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །རྣམ་པ་སྣ་ཚོགས་གཟུགས་རྣམས་ཀྱིས། །གང་ཟག་མཆོག་གི་སྤྱོད་པ་མཛད། །ཅེས་སོགས་གསུངས་པ་དང་། འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་མདོ་ལས། སངས་རྒྱས་དོན་ཡོད་གྲུབ་པའི་ཞིང་ཤིན་ཏུ་ཡོངས་སུ་དག་ཅིང་རྒྱ་ཆེ་བ་ཚད་མེད་པ་བཀོད་པ་རླབས་པོ་ཆེ་དང་ལྡན་པ་དང་། སངས་རྒྱས་དེ་བྱང་ཆུབ་སེམས་དཔའི་དུས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་དག་ཀྱང་ཅི་རིགས་པར་བསྟན་ནས། སངས་རྒྱས་དེ་ལ་སོགས་པ་ཕྱོགས་གཞན་གྱི་སངས་རྒྱས་དུ་མ་མཚན་དང་ཞིང་ཐ་དད་པ་དག་ཀྱང་སྟོན་པ་འདི་ཉིད་ཡིན་པར་གསུངས་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་ཞིང་མང་པོ་བགྲོད་པའི་སྐབས་སུ། སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ཞེས་བྱ་བའི་ཞིང་དེའི་ཡོན་ཏན་བསྐལ་པར་བརྗོད་ཀྱང་མཐར་མི་ཕྱིན་པར་ཉན་རང་གི་མིང་མེད་པ་དེ་ན་བཞུགས་པའི་སངས་རྒྱས་དེ་ལ་ཁྱེད་ཀྱི་མཚན་ཅི་ཞིག་ཅེས་ཞུས་པ་ལ་ཁྱོད་སོང་སྟེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཞུས་ཤིག་ཅེས་བཀའ་སྩལ་པ་ལྟར་སྟོན་པ་ལ་ཞུས་པ་ཚེ། ཞིང་དེའི་སངས་རྒྱས་ཀྱི་མཚན་ནི་ཆོས་ཐམས་ཅད་སྟོན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་སྟེ་དེ་ནི་ང་ཡིན་ཞིང་། ཞིང་ཁམས་དེར་ངས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གསུངས་པ་དང་། ཡང་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སུ མ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྡུད་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་དེའི་སྐུ་ཚེའི་ཚད་བསྐལ་པ་གྲངས་མེད་པ་བདུན་བརྒྱར་བཞུགས་པ་དེ་ཡང་བཅོམ་ལྡན་འདས་འདི་ཉིད་ཡིན་པར་གསུངས་སོ། །སེངྒའི་སྒྲ་བསྒྲགས་པའི་མདོ་ལས། འདི་ནས་བྱང་གི་ཕྱོགས་སུ་གངྒཱའི་ཀླུང་དྲུག་ཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་བྱེ་མ་སྙེད་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི ཁམས་མངོན་པར་དགའ་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཆོས་འཕགས་ཞེས་པ་བཞུགས་པ་དེའི་དྲུང་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་མངགས་པ་དང་། སངས་རྒྱས་དེས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཆོས་འཕགས་ང་ཡིན་ཏེ། མི་མཇེད་དེར་སྤྲུལ་པ་རྣམ་པར་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་པ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས་ཀྱང་ཞིང་གཞན་གྱི་སངས་རྒྱས་ཚད་མེད་པ་ད་ལྟར་བཞུགས་པ་དག་ཀྱང་དེ་བཞིན་གཤེགས་པ་འདི་ཉིད་དང་ཐ་མི་དད་དུ་གསུངས་པ་ལྟར་དང་། མ་འོངས་པ་ན་ཡང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་བྱང་ཆུབ་ཀྱི་ཚུལ་སྟོན་པ་རྒྱུན་མི་འཆད་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ལ་ཡང་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་མངའ་བ་ཡིན་པར་ཤེས་པར་བྱ་ཞིང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཐོག་མར་བསྐྱེད་པའི་སྐབས་སུ་སྙིང་རྗེའི་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་ཀྱང་། ལྷག་བསམ་ཡོངས་སུ་དག་པར་ཐོབ་ནས་ཞིང་དག་པ་བཟུང་བ་རྣམས་ཀྱིས་ཀྱང་མ་དག་པའི་ཞིང་དུ་སངས་རྒྱས་ཡི་མཛད་པ་མི་སྟོན་པ་ཡང་མ་ཡིན་ལ། མ་དག་པ་བཟུང་བ་རྣམས་ཀྱིས་ཞིང་དག་པ་མ་སྦྱངས་པ་ཡང་མ་ཡིན་ནོ། །སོ་སོའི་ལམ་གྱི་གནས་སྐབས་ཀྱི་སྣོད་ལམ་བཞིན་དུ་ཞིང་དང་དུས་ལ་སོགས་པ་ཐ་དད་པས་སེམས་ཅན་རྣམས་འདུལ་བ་དེ་ལྟ་བུར་སྣང་བ་ཡང་ཡོད་མོད་ཀྱི། འབྲས་བུ་མཐར་ཐུག་པའི་སྐབས་ན་ཞིང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར། དུས་བསྐལ་པ་ཇི་སྲིད་དུ་བྱང་ཆུབ་ཀྱི་ཚུལ་སྟོན་པ་རྒྱུན་མི་འཆད་པར་མཉམ་པ་ཉིད་ཡིན་པར་ཤེས་དགོས་ཀྱི། ཉི་ཚེ་བའི་བློ་གྲོས་གྱིས་ནི་དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོ་རྣམས་ཉམས་འོག་ཏུ་ཆུད་པར་མི་ནུས་ལ། ཟབ་མོའི་ཡེ་ཤེས་ཐོབ་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་ཐབས་མཁས་པ་དང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་སོམ་ཉི་ཐམས་ཅད་སྤངས་ཏེ་མཐོང་བ་རྣམ་པར་དག་པར་འགྱུར་རོ། །དེལྟར་དེ་བཞེན་གཤེགས་པའི་སྐུ་ཚེའི་ཚད་བཤད་པ་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གངྒའི་རླུང་དྲུག་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། དེ་སྟོང་དུ་བསྒྲེས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དག་གི་གཟུངས་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྟོང་གི་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་དག་གིས་ཐོགས་པ་མེད་པའི་སྤོབས་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་བྱེ་བ་བརྒྱ་སྟོང་དུ་ཡོངས་སུ་བསྐྱུར་བའི་གཟུངས་ཐོབ་པ་དང་། དེ་བཞིན་དུ་བྱང་སེམས་སྟོང་གི་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་ཏོ། །སྟོང་བར་མའི་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་ཀྱིས་དྲི་མ་མེད་པའི་སྣང་བ་ཞེས་བྱ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །སྟོང་ཆུང་ངུའི་འཇིག་རྟེན་ཁམས་ཀྱི་རྡུལ་སྙེད་ཀྱིས་བླ་མེད་རྫོགས་བྱང་སྐྱེ་བ་བརྒྱད་ཀྱིས་ཐོགས་པར་གྱུར་ཏོ། །གླིང་བཞི་པ་བཞིའི་འཇིག་རྟེན་གྱི་རྡུལ་སྙེད་ཀྱིས་སྐྱེ་བ་བཞིས་ཐོགས་པ་དང་། གླིང་བཞི་པ་གསུམ་གྱི་རྡུལ་སྙེད་ཀྱིས་སྐྱེ་བ་གསུམ་གྱིས་ཐོགས་པ་དང་། གླིང་བཞི་པ་གཉིས་ཀྱི་རྡུལ་སྙེད་ཀྱིས་སྐྱེ་བ་གཉིས་ཀྱིས་ཐོགས་པ་དང་། གླིང་བཞི་པ་གཅིག་གི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔས་བླ་མེད་རྫོགས་བྱང་སྐྱེ་བ་གཅིག་གིས་ཐོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་སྟེང་གི་བར་སྣང་ལས་ལྷའི་མེ་ཏོག་དང་སྤོས་དང་རོལ་མོ་དང་གདུགས་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་གི་ཆར་གྱིས། སངས་རྒྱས་བཅོམ་ལྡན་འདས་དང་འཁོར་དེ་དང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མཆོད་པ་དང་བསྟོད་པའི་སྒྲ་ཡང་བྱུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་དེ་བཞིན་གཤེགས་པའི་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སེམས་ཅན་གང་གིས་སེམས་བསྐྱེད་པ་གཅིག་ཙམ་ཞིག་མོས་པ་བསྐྱེད་དམ། མངོན་པར་དད་ན་རིགས་ཀྱི་བུའམ་བུ་མོ་དེ་དག་བསོད་ནམས་ཅི་ཙམ་ཞིག་སྐྱེ་བར་འགྱུར་བ་དེ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། དེ་དག་བསོད་ནམས་ཅི་ཙམ་སྐྱེ་བར་འགྱུར་བ་དེ་བཤད་དོ་ཞེས་རྒྱས་པར་བཀའ་སྩལ་པ་རྣམས་ཀྱི་དོན་ཚིག་སྣ་བསྡུས་ཏེ་འདིར་བརྗོད་ན། བླ་མེད་རྫོགས་བྱང་འདོད་པས་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་དུ་སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ཕར་ཕྱིན་ལྔ་ལ་སྤྱད་དེ་ཤེས་རབ་ཀྱི་ཕར་ཕྱིན་དང་བྲལ་བའི་དགེ་རྩ་དེས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་གཅིག་ཙམ་བསྐྱེད་པའི་བསོད་ནམས་དེའི་བརྒྱའི་ཆར་མི་ཉེ་བ་ནས་དཔེ་དང་རྒྱུར་ཡང་མི་བཟོད་པ་དང་། གནས་འདི་ལ་དད་པའི་གང་ཟག་དེ་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ནི་གནས་མེད་དོ། །ཆོས་ཀྱི་རྣམ་གྲངས་འདི་ལ་འབབ་པ་དང་། འཇུག་པ་དང་། ཁོང་དུ་ཆུད་པ་དེ་ནི་དེ་བས་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བའི་བསོད་ནམས་ཆེས་དཔག་ཏུ་མེད་པ་སྐྱེད་ན། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་སྒྲོགས་པ་དང་ཡི་གེར་འབྲི་བ་དང་། འབྲིར་འཇུག་པ་དང་། གླེགས་བམ་ལ་མེ་ཏོག་སོགས་ཀྱིས་མཆོད་པ་བྱེད་པ་དང་བྱེད་དུ་འཇུག་པ་ནི་ལྟ་ཅི་སྨོས་ཏེ། སངས་རྒྱས་སུ་འགྱུར་བའི་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ལྷག་པའི་བསམ་པས་མོས་པ་བྱེད་པ་དེའི་ཚེ། ལྷག་བསམ་དེའི་མཚན་མ་ནི་འདི་ལྟར། སངས་རྒྱས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རིར་ཉན་རང་བྱང་སེམས་ཀྱི་དབུས་ནས་ཆོས་སྟོན་པར་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་འདི་བཻ་ཌཱུརྱའི་གཞི་ལས་གྲུབ་ཅིང་། ཁང་པ་བརྩེགས་པ་རྒྱན་གྱིས་བརྒྱན་པ་ན་བྱང་ཆུབ་སེམས་དཔའ་དག་གནས་པ་མཐོང་བར་འགྱུར་རོ། །སངས་རྒྱས་མྱ་ངན་ལས་འདས་ནས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མི་སྤོང་བའི་སྟེང་དུ་ཡི་རང་པ་དེ་དག་ཀྱང། ལྷག་པའི་བསམ་པས་མོས་པའི་རིགས་ཀྱི་བུར་བཤད་ན། གང་འཛིན་པ་དང་ཀློག་པ་ལྟ་ཅི་སྨོས་ཏེ། དེས་ནི་དེ་བཞིན་གཤེགས་པ་ཕྲག་པ་ལ་ཐོགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཕྲག་པ་ལ་ཐོགས་པའི་མི་དེས། མཆོད་རྟེན་བྱ་མི་དགོས། གཙུག་ལག་ཁང་བྱ་མི་དགོས། དགེ་སློང་གི་དགེ་འདུན་ལ་ན་བའི་གསོས་སྨན་དང་ཡོ་བྱད་དག་སྦྱིན་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་ཕམ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ངའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་པ་ཡིན། རིན་ཆེན་སྣ་བདུན་གྱི་མཆོད་རྟེན་ཚངས་པའི་འཇིག་རྟེན་ལ་ཐུག་པའི་ཁོར་ཡུག་ཏུ་ལྷའི་བ་དན་དང་གདུགས་དང་དྲིལ་བུ་ལ་སོགས་པས་བརྒྱན་པ་དང་། ལྷ་དང་མིའི་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱིས་བཀུར་སྟི་བྱས་པར་འགྱུར་རོ། །ང་མྱ་ངན་ལས་འདས་ནས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་ཀློག་པ་དང་། ཡི་གེར་འདྲི་བ་དང་། རབ་ཏུ་སྟོན་པ་དེས་ངའི་ཕྱིར་ཙན་དན་དམར་པོའི་གཙུག་ལག་ཁང་རྒྱ་ཆེན་པོ་ཡངས་པ་མཐོན་པོ། ཁང་བཟང་སུམ་ཅུ་རྩ་གཉིས་པ་བརྒྱད་བརྩེགས་ཅན། དགེ་སློང་གི་དགེ་འདུན་གྱི་གནས་ཀུན་དགའ་ར་བ་མེ་ཏོག་གིས་མཛེས་པར་བྱས་པ། འཆག་པའི་ནགས་ཚལ་དང་ལྡན་པ། མལ་སྟན་དང་བཅས་པ། བཟའ་བཅའ་དང་ཟས་སྐོམ་ན་བའི་གསོས་སྨན་གྱིས་ཡོངས་སུ་གང་བ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་དང་བྱས་པར་གྱུར་ཏེ་དེ་འདྲ་བ་མང་ཞིང་དཔག་ཏུ་མེད་པ་དག་སྟེ། བརྒྱའམ། སྟོང་ངམ། འབུམ་དང་། བྱེ་བའམ། བྱེ་བ་བརྒྱའམ། བྱེ་བ་སྟོང་དང་། བྱེ་བ་བརྒྱ་སྟོང་ངམ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ངའི་མདུན་དུ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ། དེ་དག་ཀྱང་ངས་ཡོངས་སུ་སྤྱད་པར་རིགས་པར་བྱའོ། རྣམ་གྲངས་དེས་ན་རིགས་ཀྱི་བུའམ་བུ་མོ་དེས་མཆོད་རྟེན་དང་དགེ་འདུན་ལ་མཆོད་པ་བྱ་མི་དགོས་སོ་ཞེས་དེ་ལྟར་བཤད་དོ། །མ་ཕམ་པ། ཆོས་ཀྱི་རྣམ་གྲངས་འདི་བཟུང་ནས་སྦྱིན་སོགས་ཤེས་རབ་ཀྱི་བར་བསྒྲུབས་པ་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུའམ་བུ་མོ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་དད་པའི་བསོད་ནམས་ནི་ནམ་མཁའི་ཁམས་ནི་སྟེང་འོག་ཕྱོགས་བཅུར་ཡང་མུ་མེད་པ་དེ་བཞིན་དུ་ཚད་མེད་ལ་དེས་མཆོད་རྟེན་ལ་བསྟི་སྟང་བྱས་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་དང་བྱང་སེམས་རྣམས་ཀྱི་བསྔགས་པ་བརྗོད་པ་དང་། བཟོད་པ་དང་ཚུལ་ཁྲིམས་སོགས་དགེ་ཆོས་ཐམས་ཅད་བསྒྲུབས་པ་དང་། དུལ་བ་དང་ཕྲག་དོག་མེད་པ་དང་། གནོད་སེམས་མེད་པ་སོགས་དང་། དྲན་པ་དང་མཐུ་དང་བརྩོན་འགྲུས་དང་ལྡན་པས་སངས་རྒྱས་ཀྱི་ཆོས་ཚོལ་བ་དང་། བསམ་གཏན་པ་ཡང་ཡིན། ནང་དུ་ཡང་དག་འཇོག་པ་ལྷུར་ལེན་ཅིང་། འདྲི་བ་དང་རབ་ཏུ་དབྱེ་བ་ལ་མཁས་ཤིང་། འདྲི་བ་བྱེ་བ་ཁྲག་ཁྲིག་གི་ལན་ལྡོན་པ་ཡང་ཡིན། ཆོས་ཀྱི་རྣམ་གྲངས་འདི་འཛིན་བདེ་བྱང་ཆུབ་སྙིང་པོར་ཞུགས་ཏེ་བྱང་ཆུབ་ཤིང་དྲུང་དུ་འགྲོ་བ་ཡིན་པ་དེ་ལྟར་རིགས་པར་བྱའོ། །དེ་དག་འགྲེང་ངམ་འདུག་གམ་འཆག་པ་དེར་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་བརྩིག་གོ། །ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་ཡིན་ནོ་ཞེས་དེ་ལ་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། བྱང་ཆུབ་སེམས་དཔའ་བྱམས་པས། པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ཐོས་ནས་རྗེས་སུ་ཡི་རངས་ནས་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར་ཞེས་ཞུས་པ་ལ། བཀའ་སྩལ་པ། མ་ཕམ་པ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་གང་གིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ཉན་ཅིང་ཐོས་ནས་རྗེས་སུ་ཡི་རང་ལ། དེ་ནས་སོང་སྟེ། དེས་ཕ་མ་ལ་སོགས་པ་གཞན་དང་གཞན་ལ་བསྟན་ནས་དེ་དག་གིས་ཐོས་ཏེ་རྗེས་སུ་ཡི་རང་ལ། དེས་ཀྱང་གཞན་ལ་དེ་ལྟར་སྨྲས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་མི་ལྔ་བཅུའི་བར་དུ་གྱུར་པ་ན། དེ་ལྟར་ཐོས་པ་ལྔ་བཅུ་པ་དེའི་བསོད་ནམས་བཤད་ན། འཇིག་རྟེན་གྱི་ཁམས་གྲངས་མེད་བརྒྱ་སྟོང་ཕྲག་བཞིན་སེམས་ཅན་གང་དག་འགྲོ་བ་དྲུག་དང་སྐྱེ་གནས་བཞིས་བསྡུས་པ་གཟུགས་ཅན་དང་གཟུགས་མེད་ཇི་སྙེད་སེམས་ཅན་གྱི་ཁམས་སུ་གཏོགས་པ་རྣམས། མི་བསོད་ནམས་འདོད་པ་ཞིག་བྱུང་བ། སེམས་ཅན་དེ་ཐམས་ཅད་ལ་འདོད་པའི་རྩེད་མོ་དང་དགའ་བའི་ལོངས་སྤྱོད་སྡུག་པ་མཛེས་པ་ཡིད་དུ་འོང་བ་དག་བྱིན་ལ། གང་འདོད་པའི་དགའ་བར་ལོངས་སྤྱོད་པའི་ཕྱིར་སེམས་ཅན་རེ་རེ་ལ་ཡང་འཛམ་བུའི་གླིང་ཡོངས་སུ་གང་བ་བྱིན་ཏེ། འགྲོན་བུ་དང་གསེར་དང་དངུལ་དང་ནོར་བུ་དང་མུ་ཏིག་དང་བཻཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱེ་རུ་དང་། རྟའི་ཤིང་རྟ་དང་། གླང་གི་ཤིང་རྟ་དང་། གླང་པོ་ཆེའི་ཤིང་རྟ་དང་། ཁང་པ་བརྩེགས་པ་དང་། ཁང་པ་ཡང་བྱིན་ཏེ། རྣམ་གྲངས་འདིས་སྦྱིན་པ་དག་ཆེན་པོ་དེ་ལོ་བརྒྱད་ཅུ་ཚང་བར་སྦྱིན་པ་བྱིན་ལ། དེ་ནས་སྦྱིན་བདག་དེས་འདི་སྙམ་དུ། སེམས་ཅན་འདི་ཐམས་ཅད་བདག་གིས་རྩེན་དུ་བཅུག་དགའ་བར་བྱས། བདེ་བར་གསོས་ན། སེམས་ཅན་འདི་དག་ནི་ན་ཚོདབརྒྱད་ཅུ་ལོན་པ་རྒས་ཏེ་མགོ་སྐྱ་ཞིང་གཉེར་མས་གང་བ་འཆི་བའི་དུས་བྱེད་པར་ཉེ་བར་གྱུར་ན། བདག་གིས་འདི་དག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བཙུད་དེ་རྗེས་སུ་བསྟན་ནོ་སྙམ་ནས་ཆོས་བསྟན་པས་སྐད་ཅིག་ཡུད་ཙམ་ལ་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་དུ་ཐོབ་ན་སྦྱིན་བདག་དེས་བསོད་ནམས་མང་དུ་སྐྱེད་པ་ཡིན་མོད་ཀྱིས། དེའི་བསོད་ནམས་དེས། གང་ཡང་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་ལྔ་བཅུ་པར་གྱུར་པའི་མི་དེས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་ཐོས་ཏེ་རྗེས་སུ་ཡི་རང་བའི་བསོད་ནམས་དེའི་བརྒྱ་ཡི་ཆར་ཡང་མི་འགྲོ་བ་ནས་དཔེ་དང་རྒྱུར་ཡང་མི་བཟོད་པའི་བར་དུ་འགྱུར་རོ། །དེ་ལྟ་ན་ཆོས་འདི། ང་ལས་མངོན་སུམ་ཐོས་ནས་རྗེས་སུ་ཡི་རང་བ་ལྟ་ཅི་སྨོས་ཏེ། དེའི་བསོད་ནམས་ནི་ཆེས་དཔག་ཏུ་མེད་ཅིང་ཆེས་གྲངས་མེད་ཅེས་ངས་བཤད་དོ། །རིགས་ཀྱི་བུའམ་བུ་མོ་གང་གིས་ཆོས་འདི་མཉན་བའི་ཕྱིར་ཁྱིམ་ནས་ཕྱུང་སྟེ་ཆོས་སྨྲ་བའི་དྲུང་དུ་ཕྱིན་ནས་འགྲེང་ངམ་འདུག་སྟེ་ཆོས་འདི་ཡུད་ཙམ་མཉན་ན་བསོད་ནམས་དེས་ལུས་ཕྱི་མར། རྟ་དང་གླང་པོ་ཆེ་སོགས་ཀྱི་བཞོན་པ་སྣ་ཚོགས་དང་ལྷའི་གཞལ་མེད་ཁང་ཐོབ་པ་དང་། ཆོས་འདི་ཉན་པར་ཡུད་ཙམ་འདུག་སྟེ། ཕ་རོལ་པ་འདུག་བཅུག་གམ་སེམས་ཅན་གཞན་ལ་སྟན་བགོས་ན། བསོད་ནམས་དེས་བརྒྱ་བྱིན་དང་ཚངས་པ་དང་འཁོར་ལོས་སྒྱུར་བའི་སྟན་དང་སེང་གེའི་ཁྲི་ཐོབ་པ་དང་། ཆོས་འདི་ཉན་པར་བསྐུལ་བས་གཟུངས་ཐོབ་པའི་བྱང་སེམས་རྣམས་དང་འགྲོགས་པར་འགྱུར་བ་དང་། བླུན་པོར་མི་འགྱུར་ལ། ཤེས་རབ་དང་ལྡན་པར་འགྱུར། ཚེ་རབས་ཀུན་ཏུ་ཁ་རུལ་ཞིང་མནམ་པར་མི་འགྱུར། ལྕེ་ནད་དང་ཁ་ནད་མི་འབྱུང་། སོ་མདོག་ངན་པ་ཡོ་བ་ཕྱུང་བ་སོགས་མེད་པ་དང་། མཆུ་འཕྱང་བ་ཤོ་རེ་སོགས་ཀྱི་སྐྱོན་མེད་པ་དང་། སྣ་ཡོན་པོ་དང་། གདོང་ཡོ་བ་སོགས་ཀྱི་སྐྱོན་མེད་པར་ལྟ་ན་སྡུག་པའི་གདོང་གི་ཡོན་ཏན་རྣམ་པ་མང་པོ་འཐོབ་སྟེ། དེ་ལྟར་སེམས་ཅན་གཅིག་ཆོས་འདི་ལ་སྤྲོ་བར་བྱས་པས་ཀྱང་བསོད་ནམས་དེ་ཙམ་སྐྱེད་ན། བསྟི་སྟང་དུ་བྱས་ཏེ་སྙན་པ་དང་ཀློག་པ་དང་སྟོན་པ་སོགས་སྨོས་ཅི་དགོས་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་པར་རྒྱུན་དུ་བརྩོན་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འཛིན་པའམ་ཀློག་པའམ་སྟོན་པའམ་ཡི་གེར་འདྲི་ཡང་རུང་སྟེ། ཡོན་ཏན་བརྒྱ་བརྒྱ་ཐོབ་པར་འགྱུར་ཏེ། རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ། སྣའི་ཡོན་ཏན་བརྒྱད་བརྒྱ། ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ། ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ། ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་སྟེ། ཡོན་ཏན་བརྒྱ་ཕྲག་མང་པོས་དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང་། ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །དེའི་ཕ་མ་ལས་བྱུང་བའི་ཤའི་མིག་ཐ་མལ་བ་དེ་ལྟར་ཡོངས་སུ་དག་པའི་མིག་གི་དབང་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་ཕྱི་ནང་དང་བྲག་དང་ནགས་ཚལ་སྟུག་པོ་དང་བཅས་པ། སྲིད་རྩེ་དང་མནར་མེད་ལ་ཐུག་པའི་བར་དུ་མཐོང་ནས་སེམས་ཅན་གང་དག་དེར་སྐྱེས་པ་ཐམས་ཅད་ཀྱང་མཐོང་སྟེ། དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་ཡང་ཤེས་སོ། །དེ་བཞིན་དུ་རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་དང་ལྡན་པའི་རྣ་བ་དེས་སྟོང་ཆེན་པོའི་འཇིག་རྟེན་འདི་ན་སྒྲ་ཡོད་དོ་ཅོག་ཐོས་པ་སྟེ། དེ་ལྟར་དེའི་རྣམ་པར་སྨིན་པ་ལས་བྱུང་བའི་མིག་དང་རྣ་བའི་ཡོན་ཏན་དེ་ལྟ་བུ་འཐོབ་སྟེ། ལྷའི་མིག་དང་རྣ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སྣས་དྲི་ཐམས་ཅད་ཚོར་ཀྱང་དྲི་སྣ་ཚོགས་ཀྱིས་སྣའི་དབང་པོ་མི་འཕྲོག་པ་དང་། ས་ལ་གཏེར་དང་། ལྷའི་གནས་རྣམས་ཀྱི་གནས་སུ་ལྷའི་བུ་དང་བུ་མོ་འཁོད་པ་རྣམས་ཀྱང་འདི་ན་འདུག་བཞིན་དུ་ཤེས་པ་དང་། སངས་རྒྱས་དང་ཉན་ཐོས་རྣམས་གང་ན་བཞུགས་པ་ཡང་དྲིས་ཤེས་པར་འགྱུར་རོ། །དེས་ལྕེའི་དབང་པོས་རོ་གང་མྱངས་པ་ཐམས་ཅད་ལྷའི་རོ་བྲོ་བ་དམ་པར་འགྱུར་བ་དང་། ཡིད་དུ་མི་འོང་བའི་རོ་མི་མྱོང་བར་འགྱུར་བ་དང་། འཁོར་གྱི་ནང་དུ་ཆོས་བཤད་ན་སེམས་ཅན་དེ་དག་གི་དབང་པོ་ཚིམ་ཞིང་རབ་ཏུ་མགུ་བར་བྱེད་ལ་དེའི་སྒྲ་ཟབ་ཅིང་ཡིད་དུ་འོང་བ་མཉེན་ཞིང་སྙིང་ལ་འབབ་པ་དང་དགའ་བར་འགྱུར་བ་དེས་སེམས་ཅན་དགའ་མགུ་རངས་པར་བྱེད་པ་དེ་ལྟ་བུ་ཐོས་ནས་བརྒྱ་བྱིན་དང་ཚངས་པ་ཚངས་རིས་ཀྱི་བུ་སོགས་ལྷ་ཐམས་ཅད་བལྟ་ཞིང་ཕྱག་བྱ་བ་དང་་ཆོས་མཉན་པའི་ཕྱིར་དྲུང་དུ་འོང་བར་སེམས་སོ། །དེ་བཞིན་དུ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱང་དེ་ལྟ་འདོད་ལ་ཆོས་ཉན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་ལ་གཟིགས་པར་བཞེད་ཅིང་། དེའི་ཕྱོགས་སུ་གཟིགས་ཏེ་ཆོས་འཆད་དོ། །ཉན་རང་རྣམས་ཀྱང་དེ་ལྟར་དོང་བར་འགྱུར་རོ། །དེའི་ལུས་ཡོངས་སུ་དག་པ་བཻ་ཌཱུརྻ་ལྟ་བུ་དག་ཅིང་མཐོང་ན་དགའ་བ་དེ་ལ་སྟོང་ཆེན་པོའི་འཇིག་རྟེན་ཀུན་ན་ཡོད་པའི་སེམས་ཅན་སྣ་ཚོགས་གང་དག་ཡོད་པ་ཐམས་ཅད་སྣང་བར་འགྱུར་རོ། །ཉན་རང་བྱང་སེམས་དེ་བཞིན་གཤེགས་པ་རྣམས་སྟོང་ཆེན་པོའི་འཇིག་རྟེན་ན་གང་བཞུགས་པ་དང་། དེ་ལ་བསྙེན་བཀུར་བྱེད་པ་ཐམས་ཅད་ཀྱང་རང་གི་ལུས་ལ་སྣང་སྟེ། དེའི་ལུས་ཡོངས་སུ་དག་པའི་ཕྱིར་རོ། །དེའི་ཡི ད་ཀྱི་དབང་པོ་ཡོངས་སུ་དག་པ་དེས་ཐ་ན་ཚིགས་བཅད་གཅིག་ཐོས་ཀྱང་དེའི་དོན་མང་པོར་ཤེས་ཏེ། ཟླ་བ་གཅིག་དང་། བཞིའམ་ལོར་ཡང་ཆོས་སྟོན་ཏེ། ཆོས་གང་བསྟན་པ་དེ་བརྗེད་ངས་པར་མི་འགྱུར་རོ། །འཇིག་རྟེན་པའི་ཐ་སྙད་གང་དག་སྐད་དང་སྔགས་ཅི་ཡོད་པ་དེ་ཐམས་ཅད་ཆོས་ཀྱི་ཚུལ་དང་སྦྱོར་རོ། །སྟོང་ཆེན་པོའི་འཇིག་རྟེན་འདིའི་འགྲོ་བ་དྲུག་ཏུ་སྐྱེས་ཤིང་འཁོར་བའི་སེམས་ཅན་ཇི་སྙེད་པའི་སེམས་ཀྱི་གཡོ་བ་དང་བསམ་པ་དང་སྤྲོས་པ་རྣམས་ཀྱང་རབ་ཏུ་རྟོགས་སོ། །རེ་ཞིག་འཕགས་པའི་ཡེ་ཤེས་མ་ཐོབ་ཀྱང་ཡིད་ཀྱི་དབང་པོ་འདི་ལྟ་བུ་ཡོངས་སུ་དག་པར་འགྱུར་རོ། །ཆོས་ཀྱི་ངེས་ཚིག་གང་དང་གང་རྗེས་སུ་བསམས་ཏེ་གཏམ་སྟོན་པ་དེ་ཐམས་ཅད་སྟོན་ལ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་དང་སྔོན་གྱི་རྒྱལ་བས་མདོ་སྡེའི་རྣམ་གྲངས་བསྟན་པ་ཐམས་ཅད་འཆད་དོ། །ཞེས་དང་། མདོ་འདི་ལུས་ལ་ཐོགས་པའམ། གླེགས་བམ་དུ་བགྱིས་པའི་ཕན་ཡོན་སོགས་མདོ་དེ་ཉིད་དུ་བལྟ་བར་བྱའོ། །གཞན་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་མདོ་སྡེ་ཐམས་ཅད་ཀྱི་ནང་ན་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་འཁོར་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་གིས་ཡོངས་སུ་བསྐོར་ཏེ། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དཀོན་མཆོག་གཟི་བརྗིད་མངོན་འཕགས་རྒྱལ་པོའི་དྲུང་ནས་རྫུ་འཕྲུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དག་གིས་མི་མཇེད་འདིར་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲུང་དུ་དམ་པའི་ཆོས་པདྨ་དཀར་པོའི་རྣམ་གྲངས་མཉན་པའི་ཕྱིར་འོངས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་མགོ་སྨོས་པ་ཙམ་གྱིས་ཁོང་དུ་ཆུད་པ་ཤ་སྟག་གོ། །དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ནི་འདི་ལྟ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའོ། །ཞེས་གསུངས་པ་ལ། བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་ལྟ་ལགས་སོ་ཞེས་གསོལ་བ་བཞིན་དུ། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཡང་དག་པའི་མཐའ་མཉམ་པ་ཉིད་ཤེས་ན། ཐེག་པ་གཅིག་ཏུ་ངེས་པ་ཡང་ཤེས་ལ། ཉན་རང་གི་ཐེག་པ་རྣམས་ཀྱང་དམན་པ་ལ་མོས་པ་རྣམས་ལ་རེ་ཞིག་སངས་རྒྱས་ཀྱིས་ཐབས་མཁས་པས་དེ་ལྟར་བསྟན་པ་དང་། ཉན་ཐོས་ཀྱི་འབྲས་བུ་ཐོབ་པ་རྣམས་ཀྱང་ཇི་ལྟར་མདོ་འདི་ལས་ཤཱ་རིའི་བུ་སོགས་དགྲ་བཅོམ་པ་རྣམས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པ་ལྟར་ཐམས་ཅད་མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པར་ངེས་པ་དང་། དེ་བཞིན་གཤེགས་པའི་ཞིང་དང་སྐུ་ཚེའི་ཚད་ཀྱང་མཐར་མེད་པ་སོགས་མཐར་ཐུག་དོན་གྱི་གནས་ཟབ་མོ་རྣམས་ལ་ཆོས་ཉིད་ལ་རྟོན་པའི་ཤེས་རབ་དྲི་མ་མེད་པས་ཡིད་ཆེས་པ་སྐྱེ་ཞིང་། དེ་ལྟ་བུའི་མདོ་འདི་ཡང་མདོ་གཞན་ལས་འཕགས་ཏེ་འཕགས་པའི་ཡེ་ཤེས་འགོད་པའི་དབང་དུ་བྱས་པས་ངེས་དོན་མཐར་ཐུག་པར་རྟོགས་པར་འགྱུར་བ་ལྟར། བློ་དང་སྐལ་པ་མཆོག་གིས་བརྒྱན་པའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་དེ་ལྟ་བུའི་རྗེས་སུ་བསླབས་པར་བྱའོ་ཞེས་ཤེས་པའི་ཆེད་དུ། འདིར་ཡང་མདོ་ལས་བཀོལ་ཏེ། འདི་ལྟར་ཕན་སེམས་ཀྱིས་སྙིགས་མའི་སྐྱེ་བོ་མདོ་རྒྱས་པར་ལྟ་མི་ནུས་པ་རྣམས་ལ་མདོའི་དོན་སྙིང་པོ་རྣམས་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གླང་ཆེན་ཐལ་དཀར་མཆེ་བ་དྲུག་པ་ལ་འཚལ་ནས་བྱང་ཆུབ་སེམས་དཔའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ཆོས་ཀྱི་རྣམ་གྲངས་འདི་སྨྲ་བའི་དྲུང་དུ་བསྲུང་བ་དང་། བསྐྱབ་པ་དང་། ཚིག་དང་ཡི་གེ་གཅིག་ནོར་ཀྱང་ངོ་བསྟན་པའི་སླད་དུ་མཆི་བར་འགྱུར་ཞིང་། ཆོས་སྨྲ་བ་དེས་ཀུན་ཏུ་བཟང་པོའི་ལུས་མཐོང་ནས། གཟུངས་འཁྱིལ་པ་ལ་སོགས་པའི་གཟུངས་ཐོབ་པར་འགྱུར་རོ་ཞེས་སོགས་བསྔགས་པ་རྒྱ་ཆེར་གསུངས་སོ། །དེ་བཞིན་གཤེགས་པས་ཀྱང་འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་བསྡུས་ཏེ་ཆོས་ཀྱི་རྣམ་གྲངས་འདི་གཏད་ནས་གཞན་ལ་སྒྲོགས་པར་གྱིས་དང་། དེ་ལྟ་ན་དེ་བཞིན་གཤེགས་པ་ལ་ལན་ལོན་པར་འགྱུར་རོ་ཞེས་བཀའ་སྩལ་པ་ལྟར། བདག་ཅག་རྣམས་ཀྱིས་ཀྱང་ཆོས་དང་དེ་བཞིན་གཤེགས་པ་ལ་གུས་པའི་སྒོ་ནས་འཛིན་ཅིང་གཞན་དག་ལ་ཅི་ནུས་སུ་བསྟན་པར་བྱའོ། །དེ་ལྟར་ཡོན་ཏན་ཚད་མེད་པའི་སངས་རྒྱས་གང་ཞིང་ཡིད་ལ་བྱེད་པ་དང་མཆོད་པ་སོགས་བྱས་ནས་སངས་རྒྱས་ཐམས་ཅད་ལ་ཡང་དེ་ལྟར་བྱས་པར་འགྱུར་ཏེ། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་བཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་གསུངས་ཤིང་། སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་མཐོང་བ་ཙམ་གྱིས་འགྲོ་བ་ཡི། །ལས་ཀྱི་སྒྲིབ་པ་ཐམས་ཅད་བཟློག་པར་འགྱུར། །བདུད་ཀྱི་ལས་རྣམས་ཀུན་ཀྱང་དེ་བཞིན་སྤོང། །ཞེས་དང་། སེམས་གཅིག་རྒྱུད་ལ་རྒྱལ་བའི་ཡོན་ཏན་གྱི། །བདེ་གཤེགས་ཤིན་ཏུ་རྒྱ་ཆེ་སུས་དྲན་པ། །དེ་ལ་ངན་སོང་ཀུན་གྱི་འཇིགས་པ་མེད། །ཅེས་དང་། འགྲོ་བ་འདི་ན་རྩེ་དགའ་གང་བདེ་བ། །དེ་དག་ཐམས་ཅད་རྒྱལ་བའི་མཐུ་ཡིས་བྱུང་། །བསོད་ནམས་མཉམ་མེད་རྒྱལ་བ་འབྱུང་ལ་ལྟོས། །ཞེས་དང་། ཆོས་དབྱིངས་ཐུག་པ་མེད་པར་རྒྱལ་བས་ཁྱབ། །འགྲོ་དང་མཉམ་པར་བསམ་ཡས་སྐུ་བཀྱེ་སྟེ། །ཆོས་ཀྱི་ཚུལ་འདི་སེམས་ཅན་ཀུན་ལ་སྟོན། །ཞེས་དང་། ནམ་མཁའི་དངོས་ལྟར་དངོས་མེད་འགྲོ་བ་ན། །གཟུགས་བརྙན་མཉམ་པའི་སངས་རྒྱས་རྣམས་སྣང་བ། །འགྲོ་བ་ཀུན་ལ་ཕན་པའི་དོན་དུ་བྱུང་། །ཞེས་དང་། སངས་རྒྱས་བ་སྤུ་རེ་རེའི་ཡོན་ཏན་ཡང་། །འཇིག་རྟེན་ཀུན་གྱིས་ཤེས་པ་མི་ནུས་ཏེ། །མགོན་པོ་རྣམས་ནི་མི་ཟད་ནམ་མཁའ་བཞིན། །ཞེས་གསུངས་པ་ལྟར། རྒྱུ་མཚན་ཤེས་པའི་དད་པས་རྒྱུ་བྱས་ནས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཏེ་མཚན་བརྗོད་ཅིང་གཟུངས་བཟླ་བ་སོགས་ལ་རྒྱུན་དུ་འབད་པ་ཅི་ནུས་སུ་བྱ་ཞིང་། དེ་ལྟར་མིན་ན་ཡང་ཞག་བདུན་ལ་སོགས་པར་རྩེ་གཅིག་ཏུ་འབད་པར་བྱས་དོན་ཆེ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དད་པ་དྲག་པོས་ཞག་བདུན་དུ་ཡིད་ལ་བྱེད་པ་གཞན་སྤངས་ཏེ་སངས་རྒྱས་འབའ་ཞིག་ཡིད་ལ་བྱས་ནས། ཞག་བདུན་སོང་བའི་ནངས་པར་གོས་སོགས་གཙང་བར་བྱས་ཏེ་མཆོད་པའི་ཆོ་ག་ལ་གནས་པར་བྱས་ན། དེའི་ནུབ་མོ་སངས་རྒྱས་མཐོང་བར་འགྱུར་རོ། །གལ་ཏེ་ཆོ་ག་མ་ཚང་བའམ། རྩེ་གཅིག་པའི་སེམས་མེད་ན་ཡང་འཆི་བའི་དུས་བྱས་ནས་སངས་རྒྱས་མཐོང་བར་འགྱུར་རོ། །ཞེས་དང་། དེ་བཞིན་དུ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས་གསུངས་པའི་དོན་བསྡུས་ཏེ་བརྗོད་ན། བྱང་ཆུབ་སེམས་དཔའ་ཁྱིམ་པའམ་རབ་ཏུ་བྱུང་བ་དེ་དག་དབེན་པར་འདུག་སྟེ། དེ་བཞིན་གཤེགས་པ་གང་ན་བཞུགས་པ་དང་། མཚན་གྱི་རྣམ་པ་དང་། དེའི་སྐུའི་རྣམ་པ་ཐོས་པའི་རྣམ་པའི་ཚུལ་དུ་ཡང་ཡང་ཡིད་ལ་བྱས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སྐྱོན་མེད་ཅིང་དྲན་པ་གཡེང་བ་མེད་པས་ཉིན་ཞག་གཅིག་ནས་བདུན་གྱི་བར་སངས་རྒྱས་ཡིད་ལ་བྱས་ནས་ཞག་བདུན་དུ་མི་ཡེངས་པར་གྱུར་ན། དེའི་ཉིན་མོ་སངས་རྒྱས་མཐོང་བར་འགྱུར་ལ། གལ་ཏེ་མཐོང་ན་ཉལ་བའི་རྨི་ལམ་དུ་སངས་རྒྱས་ཀྱི་ཞལ་སྟོན་པར་འགྱུར་རོ། །ཞེས་གསུངས་ཤིང་། ཡང་ཚུལ་འདི་ལྟ་བུས་ནུབ་ཕྱོགས་བདེ་བ་ཅན་ན་སངས་རྒྱས་ཚེ་དཔག་ཏུ་མེད་པ་ཞེས་བྱ་བཞུགས་ཡོད་དོ་ཞེས་ཐོས་པའི་རྣམ་པའི་རྗེས་སུ་སོང་བའི་ཡིད་ཀྱིས་ཡིད་ལ་གོང་ལྟར་བྱས་ནས། ཇི་ལྟར་སྐྱེས་བུ་ཆགས་ལྡན་དག་གིས་ཕྱོགས་གཞན་ཆེ་གེ་མོ་ན་སྨད་འཚོང་མ་ཆེ་གེ་མོ་གཟུགས་འདི་ལྟ་བུ་ཡོད་དོ་ཞེས་ཐོས་པ་དེ་དག །སྨད་འཚོང་དེ་དག་མཐོང་མ་མྱོང་དུ་ཟིན་ཀྱང་། དེ་ལ་ཆགས་པའི་ཡིད་ལ་བྱེད་པ་ཡང་ཡང་བྱས་ཏེ། ཉལ་བའི་རྨི་ལམ་དུ་སྨད་འཚོང་མ་དེ་དག་དང་འཁྲིག་པའི་ཆོས་བསྟེན་པའི་བདེ་མ་མྱོང་བར་རྨི་བ་བཞིན་དུ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང་ལྡན་པ་དེ། འཇིག་རྟེན་གྱི་ཁམས་འདི་ཉིད་ན་འདུག་བཞིན་དུ་སངས་རྒྱས་ཚེ་དཔག་ཏུ་མེད་པ་ལ་སོགས་པ་ཐོས་ནས། མཚན་དང་གཟུངས་དང་ཡོན་ཏན་ཙམ་ཞིག་ཐོས་པས་དེ་བཞིན་དུ་དེ་རྗེས་སུ་དྲན་པ་བྱེད་ཅིང་ཡང་ཡང་ཡིད་ལ་བྱེད་པས་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ལ་སོགས་པ་དེ་དག་མཐོང་ནས་ཞུ་བ་དག་ཀྱང་བྱེད་དོ། །དེ་ལྟར་སངས་རྒྱས་ཡིད་ལ་བྱས་པས་སངས་རྒྱས་ཀྱི་མཐུ་དང་། རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། ཏིང་ངེ་འཛིན་ཐོབ་པའི་ཕྱིར་སངས་རྒྱས་མཐོང་བ་ཐོབ་པར་འགྱུར་ཏེ། དཔེར་ན་རང་གི་གདོང་མེ་ལོང་དྭངས་བ་སོགས་ལ་སྣང་ན། གཟུགས་དེ་མེ་ལོང་སོགས་ཀྱི་ནང་དུ་ཞུགས་པ་མེད་མོད་ཀྱི། རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་གྱི་སྣང་བ་འགྲོ་འོང་མེད་པའི་ཚུལ་དུ་དེ་ལྟར་བཙན་པ་དེས་དེ་བཞིན་གཤེགས་པ་མཐོང་ལ་ཞུ་བ་ཞུས་པ་ལུང་བསྟན་པས་ཡི་རངས་པར་འགྱུར་རོ། །དེར་དེ་བཞིན་གཤེགས་པ་དེ་གཞན་ནས་བྱོན་ཏམ། བདག་དེའི་མདུན་དུ་སོང་བ་མེད་ཀྱང་རང་གི་རྣམ་པར་རྟོག་པ་དེ་ལྟར་སྣང་བར་འགྱུར་ལ། དེ་བཞིན་དུ་ཁམས་གསུམ་པོ་འདི་དག་ཀྱང་སེམས་ཙམ་མོ། །སེམས་ནི་ཕྱི་དང་ནང་ཀུན་ཏུ་བཙལ་ཀྱང་མི་རྙེད་དེ། དམིགས་པ་ལ་བརྟེན་ནས་སྐྱེ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལ་སོགས་པ་བཞིན་དུ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ནི་རང་གི་ངོ་བོར་མ་སྐྱེས་པ་ལ་དམིགས་སུ་མེད་པ་སྟེ་གདགས་པ་བྲལ་བར་ཤེས་པའི་ཡེ་ཤེས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དེ་ནི་ཆོས་བཞི་དང་ལྡན་ན་འཐོབ་སྟེ། བཞི་གང་ཞེ་ན། མི་འཕྲོག་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། གཞན་དྲིང་མི་འཇོག་པའི་ཤེས་རབ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་སྟེ། ཞེས་སོགས་དེ་འཐོབ་བྱེད་ཀྱི་ཆོས་རྣམས་ཀྱང་ཇི་ལྟར་གསུངས་པ་ལྟར་ནན་ཏན་གྱིས་བསྒྲུབས་ན་ཏིང་ངེ་འཛིན་དེ་ཐོབ་ཅིང་། དེས་ཚེགས་ཆུང་ངུས་ཕྱོགས་བཅུའི་སངས་རྒྱས་ཚད་མེད་པ་མིག་ལམ་དུ་སྣང་ཞིང་། ཐོས་པ་དང་དྲན་པ་དང་བློ་གྲོས་དང་རྟོགས་པ་དང་ཕར་ཕྱིན་དང་གཟུངས་དང་ཏིང་འཛིན་དང་རྫུ་འཕྲུལ་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྗེས་སུ་ཐོབ་པ་དང་། བླ་མེད་རྫོགས་བྱང་ལས་མི་ཉམས་པ་དང་། མི་ཁོམས་པར་མི་སྐྱེ་བ་དང་། སྐྱེ་བ་རྣམས་སུ་གཟུགས་བཟང་པོ་ཕུན་སུམ་ཚོགས་པ་དང་། རིགས་མཐོ་ཞིང་འཁོར་མང་པོ་དང་། རྨི་ལམ་དུ་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་བ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡང་འཐོབ་པར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་པ་མདོ་དེ་ཉིད་དུ་ལྟ་བར་བྱ་ལ། གང་ཞིག་ཕྱི་དུས་འཇིགས་བྱེད་ཆེན་པོའི་ཚེ། ཏིང་འཛིན་འདི་ནི་ཐོས་ནས་འཛིན་བྱེད་པ། དེ་ནི་ང་དང་འདས་པའི་སངས་རྒྱས་སམ། མ་བྱོན་དག་ལའང་བསྙེན་བཀུར་བྱས་པར་འགྱུར། ཞེས་སོགས་དང་། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་འཛིན་འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་ང་ད་ལྟར་ཁྱོད་ཀྱི་མདུན་ན་འདུག་ཅིང་ཆོས་སྟོན་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ཡང་བསོད་ནམས་བརྒྱས་བསྐྱེད་པར་བལྟའོ། །མཚན་མ་རྣམས་ཀྱང་གཟུང་བར་བྱའོ། །ཞེས་དང་། བཟུང་ནས་ཀྱང་འདི་ལྟར་བསླབ་པར་བྱ་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟར་མཛེས་པ་ངོ་མཚར་ཏེ། བདག་ཀྱང་མ་འོངས་པའི་དུས་ན་ལུས་ཡོངས་སུ་གྲུབ་པ་འདི་ལྟ་བུ་དང་ལྡན་པར་འགྱུར་རོ་ཞེས་སོགས་སུ་ཡིད་ལ་བྱེད་ཚུལ་གསུངས་ཞིང་དེ་ལྟར་རྣམ་པ་མཆོག་དང་ལྡན་པར་ཡིད་ལ་བྱས་ནས། ཡང་ང་ཞེས་བྱ་བ་དང་། བྱང་ཆུབ་དེ་ཡང་གང་ཡིན་ཞེས་བརྟགས་ནས་རང་བཞིན་མེད་པར་ངེས་པ་བསྐྱེད་པའི་ཚུལ་རྣམས་ཀྱང་གསུངས་སོ། །ཕན་ཡོན་གྱི་བསྔགས་པ་སོགས་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ། །ཤེར་ཕྱིན་བདུན་བརྒྱ་པ་ལས། འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེ་ལ་སྤྱད་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚངས་རྒྱ་བར་འགྱུར་རོ། །ཞེས་དང་། འཇམ་དཔལ་བཀོད་པ་གཅིག་པ་ཞེས་བྱ་བ་འདི་ནི་སྐྱེ་བ་མེད་པའི་ཚིག་བླ་དགས་སོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཐོག་མ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲི་བར་བྱ་དགོས་ཏེ། དེའི་འོག་ཏུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྐྱེ་བ་མེད་པ་ནི་མི་འཁྲུགས་པ་སྟེ། དཀྲུག་ཏུ་མི་རུང་བ། དཀྲུག་པར་བྱ་བ་མ་ཡིན་པ། བསམ་གྱིས་མི་ཁྱབ་པ། བསམ་པར་མི་བྱ་བ། བསམ་གྱིས་མི་ལང་བའོ། །འཇམ་དཔལ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དབེན་པའི་མལ་སྟན་རྣམས་བསྟེན་པར་བྱ། འདུ་འཛི་མེད་པ་ལ་དགའ་བར་བྱས་པ་ལ། མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། དེར་མི་དམིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་གཅིག་ཡིད་ལ་བྱའོ། །ཆོས་ཐམས་ཅད་ཀྱང་ཡིད་ལ་བྱའོ། །དེ་བཞིན་གཤེགས་པ་གང་ཡིད་ལ་བྱེད་པ་དེའི་མིང་ཡང་གཟུང་བར་བྱའོ། །མིང་དེ་ཡང་ཐོས་ཏེ་དམིགས་ནས་དེ་བཞིན་གཤེགས་པ་དེ་ཕྱོགས་ག་ལ་བར་བཞུགས་པའི་ཕྱོགས་དེར་མངོན་དུ་བལྟས་ཏེ་འདུག་པར་བྱའོ། །ཡིད་ལ་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་ཡིད་ལ་བྱས་ན། དེ་ཡིད་ལ་བྱས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་གཅིག་པའི་ཕྱིར་རོ། །འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གི་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང་། སྤོབས་པ་ཚད་པ་དེ་བཞིན་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ་ནས། སྐྱེ་བ་མེད་པ་གཅིག་གིས་ཆོས་ཀྱི་རྣམ་གྲངས་ཀྱི་བྱེ་བྲག་ཚད་མེད་པ་ཤེས་པར་བྱའོ། །འདིར་གང་དག་ཆུད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གང་དག་གསུངས་པ་དང་། ཀུན་དགའ་བོས་ཇི་སྙེད་ཡོངས་སུ་བཟུང་བ་དེ་སྙེད་ཀྱི་ཆོས་ཀྱི་རྣམ་གྲངས་འདིར་སྣང་བར་འགྱུར་རོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་བསྒྲུབས་པས་དེའི་ཚེའི་ཚད་ཇི་ཙམ་པ་དེ་ཙམ་དུ་གནས་ཤིང་གླིང་བཞི་དང་བཅས་པའི་ཆོས་སྟོན་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་ཐེག་པ་ཁ་ཅིག་འདི་སྙམ་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་གང་ཡིན་སྙམ་དུ་སེམས་ན། དེ་དག་ལ་འདི་སྐད་ཅེས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲགས་པ་འདི་ཡང་དག་པར་ཟུངས་ལ་འདུག་ཅིག་དང་། ཇི་ལྟ་ཇི་ལྟར་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་འདིའི་ཡོན་ཏན་མཐོང་བར་འགྱུར་གྱིས། ཇི་སྐད་བསྟན་པའི་ཚུལ་གྱིས་ཞུམ་པ་མེད་པར་གྱིས་ཤིག་ཅེས་བརྗོད་པར་བྱའོ། །ཞེས་གསུངས་ཤིང་། འདི་ནི་དམིགས་པའི་ལྟ་བ་ཅན་གྱིས་བསྒྲུབ་པར་མི་ནུས་ཏེ། དཔེར་ན་མི་ཞིག་ལ་ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱ ས་པ་ཞིག་ཡོད་པ་ལ། གཞན་གྱིས་དེའི་རིན་ཐང་དང་ཡོན་ཏན་འདྲི་ན། འདིའི་ཡོན་ཏན་ཚད་མེད་པར་ཤེས་པར་གྱིས་ཤིག །འདི་བྱི་དོར་གྱིས་དང་དེ་ནས་ཤེས་པར་འགྱུར་རོ་ཞེེས་སྨྲས་ཏེ། དེ་དེ་ལ་བྱིན་ནས་ཕྱི་དོར་བྱས་པ་བཞིན་ནོར་བུའི་ཡོན་ཏན་མཐོང་བ་དང་། དེ་བཞིན་དུ་ཉི་མའི་འོད་ཀྱིས་ཐམས་ཅད་ལ་ཁྱབ་པ་དང་། རྒྱ་མཚོ་ཆེན་པོའི་ཕྱོགས་བཞི་ནས་ཆུ་བཅུས་པ་ཐམས་ཅད་ལན་ཚྭའི་རོར་གཅིག་པ་བཞིན་དུ་ཏིང་ངེ་འཛིན་དེས་ཆོས་ཐམས་ཅད་སྐྱེ་མེད་དུ་གཅིག་པར་སྟོན་པར་གསུངས་སོ། །འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཅུ་བདུན་པའི་མཇུག་ཏུ་ཡང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་བསྟན་པར་མཛད་དོ། །བྱམས་པས་སེང་གེའི་སྒྲ་ཆེན་པོ་བསྟན་པའི་མདོ་ལས། སྔོན་བྱུང་བ་བསྐལ་པ་ཆེས་གྲངས་མེད་དཔག་ཏུ་མེད་པ་འདས་པའི་དུས་ན། དེ་བཞིན་གཤེགས་པ་སྐར་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ནས་མྱ་ངན་ལས་འདས་པའི་རྗེས་སུ། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་གཟུགས་བཟང་བ་མཛེས་པ་ལྟ་ན་སྡུག་པ་ཞིག་ཡུལ་དེར་རྒྱལ་པོར་གྱུར་པ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞིག་་གི་བུར་སྐྱེས་པར་གྱུར་ཏེ། དེའི་ཚེ་ན་བསྟན་པ་ལ་ཞུགས་པའི་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམ་པ་སྣ་ཚོགས་རི་མོར་འབྲི་བར་བྱེད་དོ། །དེར་དགེ་སློང་ཞིག་གིས་དར་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལེགས་པར་བྱས་ཤིང་ཤིན་ཏུ་རྫོགས་པར་བྲིས་པ་ཞིག་བྱས་ནས། དེ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོའི་ཕའི་ཕོ་བྲང་དུ་ཁྱེར་རོ། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་སྐུ་གཟུགས་དེ་མཐོང་ནས་འདི་སྙམ་དུ། དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཡང་འདི་ཙམ་དུ་ལྟ་ན་སྡུག་པ་ཡིན་ན་སངས་རྒྱས་དེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་ཀྱང་ལུས་འདི་ལྟ་བུ་དང་ལྡན་ན་ཅི་མ་རུང་སྙམ་དུ་མཆོག་ཏུ་དགའ་བ་དང་དད་པ་སྐྱེས་པར་གྱུར་ཏེ། ཁྱིམ་ཐམས་ཅད་མི་དགའ་བར་གྱུར་ཅིང་། ཁྱིམ་ན་གནས་བཞིན་ལུས་འདི་ལྟ་བུ་སྒྲུབ་པར་མི་ནུས་ཏེ། བདག་ཁྱིམ་ནས་མངོན་པར་འབྱུང་བར་སྙམ་མོ། །དེ་ནས་བརྩོན་འགྲུས་ཆེན་པོ་ལོ་བཅུ་དྲུག་ལོན་པ་དབང་པོ་རྣམ་པར་སྨིན་པ་དེས་རང་གི་ཕ་མའི་རྐང་པ་ལ་ཕྱག་འཚལ་ཏེ། བདག་དེ་བཞིན་གཤེགས་པའི་བསྟན་ལ་རབ་ཏུ་བྱུང་བར་ཅི་གནང་ཞེས་སྨྲས་པ་དང་། ཕ་མས་སྨྲས་པ། གཞོན་ནུ་ཁྱོད་དེ་སྐད་མ་ཟེར་ཅིག །ངེད་གཉིས་ལ་བུ་སྡུག་པ་ཕངས་པ་ཡིད་དུ་འོང་བ་ཁྱོད་གཅིག་པུ་ལས་མེད་པས། གལ་ཏེ་ཁྱོད་མ་མཐོང་ན་འཆི་བའི་དུས་བྱེད་པར་འགྱུར་བའི་ཕྱིར་རོ། །ཁྱེའུས་སྨྲས་པ། བདག་གིས་ཅི་ནས་ཀྱང་ཁྱེད་གཉིས་ནོངས་པར་མི་འགྱུར་ལ་བདག་མངོན་པར་འབྱུང་བར་འགྱུར་བ་དེ་ལྟར་བགྱིའོ། །ཕ་མས་སྨྲས་པ། གཞོན་ནུ་ཇི་ལྟར་བྱ། ཁྱེའུས་སྨྲས་པ། བདག་དེང་སླན་ཆད་ཇི་སྲིད་མངོན་པར་འབྱུང་བར་མ་གྱུར་པ་དེ་སྲིད་དུ། བདག་འཚལ་མ་ཡང་མི་འཚལ། སྒོམ་ཡང་མི་འཚལ། མལ་དུ་ཡང་མི་འཇུག །མར་སར་དང་འབྲུ་མར་གྱིས་ཀྱང་མི་ཉུག །དགེ་བ་དང་མི་དགེ་བའི་ཚིག་འགའ་ཡང་མི་སྨྲ་ལགས་སོ། །དེ་ནས་ཁྱེའུ་དེས་ཕྱོགས་ཕྱི་དོར་མ་བྱས་པ་ཞིག་ཏུ་འདུག་ནས་ཅང་མི་སྨྲ་བར་གྱུར་ཅིང་ཉིན་གཅིག་ཟན་ཡང་མ་ཟོས་སོ། །དེ་ནས་ཕ་མ་གཉིས་ཀྱིས་རོ་བརྒྱ་དང་ལྡན་པའི་ཁ་ཟས་ཐོགས་ཏེ། ཉིན་མཚན་ཐོག་ཐག་ཏུ་ཚིག་གཞན་མེད་པར་དེ་ལ་ཟས་ཟ་བའི་གསོལ་བ་འབའ་ཞིག་བཏབ་ཀྱང་དེ་ཚིག་ཙམ་ཡང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་དུ་དེས་ཞག་གཉིས་ཀྱི་བར་དུ་ཟན་མ་ཟོས་པ་དང་། དེའི་མའི་ཉེ་དུ་ལྔ་བརྒྱ་ཙམ་གྱིས་ཁ་ཟས་རོ་བརྒྱ་པ་ཐོགས་ཏེ། ཉིན་མཚན་ཐོག་ཐག་ཏུ་གསོལ་བ་བཏབ་ཀྱང་དེའི་གདོང་དུ་ཡང་མི་ལྟ་ན་ཚིག་སྨྲ་བ་ལྟ་ཅི་སྨྲོས། དེ་ལྟར་ཞག་གསུམ་གྱི་བར་དུ་ཟན་མ་ཟོས་པ་དང་། དེའི་ཕའི་ཉེ་དུ་ལྔ་བརྒྱ་དག་གིས་སྔ་མ་བཞིན་དུ་གསོལ་བ་བཏབ་ཀྱང་སྔར་བཞིན་ནོ། །དེས་ཞག་བཞིར་ཟན་མ་ཟོས་པ་དང་། དེའི་ནེའུ་ལྡངས་ལྔ་བརྒྱ་དག་གིས་གསོལ་བ་བཏབ་ཀྱང་གོང་བཞིན་ནོ། །དེ་ཞག་ལྔར་ཟན་མ་ཟོས་པ་དང་། དེའི་ཕ་མ་གཉིས་ཀྱིས་རང་གི་ཕོ་བྲང་རྒྱལ་ཐབས་ཆེན་པོར་གྱུར་པ་དེ་ན། མགྲོན་བུ་དང་། གསེར་དང་ནོར་བུ་དང་མུ་ཏིག་དང་བཻཌཱུརྻ་སོགས་རིན་པོ་ཆེ་དང་། གོས་དང་རྒྱན་སྣ་ཚོགས་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་སྟེ། ན་ཆུང་ལྷའི་བུ་མོ་འདྲ་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་ཡང་བཀུག་སྟེ་ཕྱོགས་གཅིག་ཏུ་བཀོད་དོ། །མདོར་ན་རྒྱལ་པོའི་ཕོ་བྲང་ཉེ་བར་སྤྱོད་པའི་ལོངས་སྤྱོད་ཇི་སྙེད་ཡོད་པ་དེའི་མདུན་དུ་བཞག་སྟེ། དེའི་ཕ་མ་གཉིས་དང་། གོང་གི་མའི་ཉེ་དུ་ལྔ་བརྒྱ་པོ་ལ་སོགས་པ་ཐམས་ཅད་དང་། ན་ཆུང་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། སྐྱེ་བོ་ཕལ་མོ་ཆེ་དེ་ཐམས་ཅད་ཀྱིས་ཟས་རོ་བརྒྱ་པ་ཐོགས་ཏེ། ཉིན་མཚན་ཐོག་ཐག་ཏུ་གཞོན་ནུ་དེ་ལ་འདི་སྐད་ཅེས་གཞོན་ནུ་ལོངས་ལ་ཟན་ཟོ། ཁྱིམ་འདིར་འདུག་ལ་སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག །བུད་མེད་འདི་དག་དང་ལན་ཅིག་དགའ་བ་དང་། རྩེ་བ་དང་། དགའ་མགུར་སྤྱད་པ་དག་ཀྱང་གྱིས་ལ་རྒྱལ་པོའི་ཁྱིམ་འདི་ལྟ་བུ་ཡོངས་སུ་མ་གཏོང་ཞིག་ཅེས་ཀྱང་སྨྲས་སོ། །དེར་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོ་དེས་དེར་འདུས་པ་རྣམས་ལ་མིག་ཀྱང་མི་ལྟ་ཕྱིར་ཡང་མི་སྨྲ་བར་དེ་བཞིན་དུ་འདུག་ནས། ཞག་དྲུག་གི་བར་དུ་ཟན་ཡང་མ་ཟོས་པར་དེས་སངས་རྒྱས་ཡིད་ལ་བྱེད་པ་མ་གཏོགས་པར་ཡིད་བྱེད་གཞན་ཐམས་ཅད་སྤངས་ཏེ་ཁ་ཟས་ཀྱི་འདུ་ཤེས་ཀྱང་མ་བསྐྱེད་དོ། །དེའི་ཕ་མ་དང་ཉེ་དུའི་ཚོགས་དང་བུད་མེད་དེ་དག་དང་སྐྱེ་བོའི་ཚོགས་དེ་དག་མཆི་མའི་རྒྱུན་བླགས་ཤིང་སྐད་ཕྱུང་སྟེ་ངུད་མོས་བཏབ་ནས་བྱང་ཆུབ་སེམས་དཔའ་དེའི་རྐང་པ་གཉིས་ལ་གཏུགས་ཀྱང་དེ་དག་གི་གདོང་དུ་ཡང་མི་ལྟའོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་དེ་ན་ལྷ་ཞིག་གནས་པར་གྱུར་པ་གང་ཡིན་པ་དེ་སྟེང་གི་བར་སྣང་ལ་ཆོ་འཕྲུལ་ཆེན་པོས་འདུག་ནས། སྐྱེ་བོ་ཕལ་མོ་ཆེ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་ལྷུན་པོ་འདྲ་བར་ནི། །མཐུ་བརྟན་རབ་ཏུ་མི་གཡོ་སྟེ། །ཡི་དམ་གཏོང་བར་མི་བྱེད་དོ། །ས་རྣམས་ཐམས་ཅད་གཡོས་ཡང་སྲིད། །མེ་ནི་ཆུར་ཡང་འགྱུར་ཀྱང་སྲིད། །གྲོགས་དག་འདི་ནི་གནས་འདི་ལས། །བསྐྱོད་པར་ནུས་པ་མ་ཡིན་ནོ། །འདི་ལ་མི་དགའ་ཕྱིས་མི་བྱ། །སྡིག་པའི་ལས་རྣམས་མ་བྱེད་ཅིག །ཕྱིན་ཆད་དམུས་ལོང་འདྲ་བར་ནི། །བསྐལ་པ་བྱེ་བར་འཁྱམས་ཏ་རེ། འདི་ནི་སེམས་ཅན་ཐམས་ཅད་ལ། །ཕན་ཕྱིར་བྱང་ཆུབ་བཞུགས་པ་སྟེ། །མངོན་པར་འབྱུང་ཕྱིར་བརྩོན་རྣམས་ནི། བྱང་ཆུབ་དམ་པ་རྙེད་མི་དཀའ། །འདོད་པའི་ཕྱིིར་དང་ལོངས་སྤྱོད་ཕྱིར། །བྱང་ཆུབ་སྤྱད་པ་མི་སྤྱོད་ཀྱི། །སེམས་ཅན་གང་དག་སངས་རྒྱས་ཀྱི། །ཡེ་ཤེས་ཚོལ་རྣམས་ཇི་ལྟར་བདེ། །སྟོང་གསུམ་རིན་ཆེན་རྣམས་དང་ནི། །གོས་དང་ཡུལ་གཞན་ལྷ་རྫས་ཀྱིས། །ཆལ་བར་བཀང་བར་གྱུར་ཀྱང་ནི། །དེ་དག་ཆགས་པ་བྱ་མི་ནུས། །མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་གྱིས། །མཁས་པ་ཉེས་པ་བཤགས་ནས་ནི། །ལས་དང་ལན་ཅིག་མི་གནས་སོ། །ཞེས་དེ་ལྟར་ལྷ་དེས་བསྐུལ་བ་ན། བྱངཆུབ་སེམས་དཔའ་དེའི་ཕ་མ་དང་ཉེ་དུ་སོགས་སྐྱེ་བོའི་ཚོགས་དེ་དག་གིས་ཉེས་པ་བཤགས་ནས་གཞོན་ནུ་ལ་འདི་སྐད་ཅེས། གཞོན་ནུ་ཁྱོད་ཇི་ལྟར་བསམས་པ་བཞིན་སོངས་ཤིག །རབ་ཏུ་ཡང་ཕྱུངས་ཤིག །ཟན་ཡང་ཟོ་ཞིག །ཟས་མ་ཟོས་པས་འཆི་བའི་དུས་བྱེད་པར་འགྱུར་ཏ་རེ། ཞེས་བྱས་སོ། །དེར་བྱང་ཆུབ་སེམས་དཔའ་དེས་ཞག་བདུན་གྱི་བར་དུ་ཟན་བཅད་དུ་ཟིན་ཀྱང་། དེས་སངས་རྒྱས་ཡིད་ལ་བྱེད་པས་ཞག་བདུན་གྱི་བར་དུ་ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་བ ཅུག་ནས་དབང་པོ་རྣམས་གཞན་དུ་མ་གྱུར། བཞིན་གྱི་མདངས་ཡང་ཉམས་པར་མ་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཞག་བདུན་ཟན་བཅད་དེ། ཁྱིམ་གྱི་གནས་ལ་མི་ལྟ་བར་རྒྱལ་སྲིད་ཆེན་པོ་དེ་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས། བུད་མེད་བརྒྱད་ཁྲི་བཞི་སྟོང་དང་ཕ་མ་དང་ཉེ་དུའི་ཚོགས་ཀྱི་གདོང་མཆི་མས་གང་སྟེ་ངུ་བཞིན་དུ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཁྱེར་ཏེ། རང་གི་གྲོང་ཁྱེར་ཆེན་པོ་དེ་ནས་བྱུང་ནས་དགོན་པ་མི་མེད་པ་གཅན་གཟན་གདུག་པ་གནས་པའི་ནགས་ཞིག་ཏུ་ཞུགས་སོ། །དེར་ཞུགས་ནས་རས་བཅོས་བུའི་གཞི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་བཞག་ནས། དེའི་མདུན་དུ་རྩྭའི་གདིང་བ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་འདུག་ཅིང་། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྟོག་པར་བྱེད་དོ། །དེ་དེ་ལ་རྟོག་པར་བྱེད་པ་ན་འདི་སྙམ་དུ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཡང་འདི་ལྟར་ཙམ་དུ་མཛེས་པ་ཡིན་ན། བཅོམ་ལྡན་འདས་དེ་སྨོས་ཀྱང་ཅི་དགོས་ཏེ། སངས་རྒྱས་བཅོ་ལྡན་འདས་དེ་ཙམ་དུ་མཛེས་པ་ནི་ངོ་མཚར་བས་གང་དག་གིས་དེ་བཞིན་གཤེགས་པ་དེ་མཐོང་བ་དེ་དག་ནི་དཔལ་ཡོན་ཅན་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ། ཇི་ལྟར་དེ་བཞིན་གཤེགས་པ་བལྟ་བར་བྱ་སྙམ་དུ་སེམས་པར་ཡང་གྱུར་རོ། །དེ་ནས་ནགས་ཁྲོད་དེ་ན་ལྷ་ཞིག་གནས་པ་གང་ཡིན་པ་དེས་བྱང་ཆུབ་སེམས་དཔའ་དེའི་སེམས་ཀྱི་རྟོག་པ་ཡོངས་སུ་ཤེས་ནས། དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་ཁྱོད་ཇི་ལྟར་དེ་བཞིན་གཤེགས་པ་བལྟ་བར་བྱ་སྙམ་དུ་རྣམ་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱ་ཞིང་། སྐུ་གཟུགས་འདི་ཇི་ལྟར་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་བལྟ་བར་བྱ་སྟེ། དེ་ལྟར་མཐོང་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་འདི་སྙམ་དུ་ཇི་ལྟར་བལྟས་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བར། སྐུ་གཟུགས་འདི་ལ་ཇི་ལྟར་ལྟ་བར་བྱ་སྙམ་ནས། དེ་འདི་སྙམ་དུ་སེམས་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་སེམས་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སེམས་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་དེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་སྐུ་གཟུགས་་འདི་མིང་དུ་བཏགས་པ་ཙམ་དུ་ཟད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མིང་དུ་བཏགས་པ་ཙམ་དུ་ཟད་པ་ལ། མིང་དེ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱིས་གཡོ་བ་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལ། ཐོབ་པ་མེད་པ་དང་། མངོན་པར་རྟོགས་པ་མེད་པ་དང་། ཤེས་པ་མེད་པ་དང་། མངོན་སུམ་དུ་བྱ་བ་མེད་པ་དང་། འབྲས་བུ་མེད་པ་དང་། འབྲས་བུ་རྟོགས་པ་མེད་པ་དང་། གནས་མེད་པ་དང་། རྟེན་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྒྲ་མེད་པ་དང་། ཚུལ་མེད་པ་དང་། ཚུལ་མ་ཡིན་པ་མེད་པ་དང་། འདོད་ཆགས་ཟད་པ་མེད་པ་དང་། ཞེ་སྡང་ཟད་པ་མེད་པ་དང་། གཏི་མུག་ཟད་པ་མེད་པ་དང་། ཕུང་པོ་རྣམས་མེད་པ་དང་། ཁམས་རྣམས་མེད་པ་དང་། སྐྱེ་མཆེད་རྣམས་མེད་པ་དང་། སྔོན་གྱི་མཐའ་མེད་པ་དང་། ཕྱི་མའི་མཐའ་མེད་པ་དང་། དབུས་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་གཡོ་བ་མེད་པ་དང་། སྤྱོད་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཁོ་ན་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལྟ་བར་མི་བྱེད། ཉན་པར་མི་བྱེད། སྣོམ་པར་མི་བྱེད། མྱོང་བར་མི་བྱེད། རེག་པར་མི་བྱེད། སེམས་པར་མི་བྱེད། ཉལ་བར་མི་བྱེད། ལྡང་བར་མི་བྱེད། དབུགས་འབྱུང་བར་མི་བྱེད། དབུགས་རྡུབ་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཆོས་ཐམས་ཅད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་འདོད་པའི་ཁམས་སུ་གཏོགས་པ་ཡང་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་ཡང་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་ཡང་མ་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་འདི་ལ་ཚུ་རོལ་ཡང་མེད། ཕ་རོལ་ཡང་མེད། བར་ཡང་མེད། ཐོག་མ་ཡང་མེད། འཇིག་པ་ཡང་མེད། རྒྱུ་བ་ཡང་མེད། སྤྱོད་པ་ཡང་མེད། བླང་བ་ཡང་མེད། དོར་བ་ཡང་མེད། བྱ་བ་ཡང་མེད། བྱེད་པ་ཡང་མེད། ལྟུང་བ་ཡང་མེད། བདེན་པ་ཡང་མེད། བརྫུན་པ་ཡང་མེད། བདེན་པ་མངོན་པར་རྟོགས་པ་ཡང་མེད། ཀུན་ཏུ་འདོད་ཆགས་པ་ཡང་མེད། ཡིད་འབྱུང་བ་ཡང་མེད། འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་མཚན་ཉིད་དེ་ལྟ་བུ་ཡིན་ནོ་སྙམ་མོ། །དེ་དེ་བཞིན་གཤེགས་པའི་སྐུ་ལ་འཇུག་པ་དེ་ལྟ་བུ་དེས་རབ་ཏུ་རྟོག་པར་བྱེད་པ་ན་ཉིན་མཚན་དུ་སྐྱིལ་མོ་ཀྲུང་ཞིག་པར་མ་གྱུར་ཅིང་། དེས་ཉིན་མཚན་དེ་ལ་མངོན་པར་ཤེས་པ་ལྔ་དང་། ཚངས་པའི་གནས་པ་བཞི་དང་། སྤོབས་པ་ཐོགས་པ་མེད་པ་དག་ཀྱང་བསྒྲུབ་པར་འགྱུར། ཏིང་ངེ་འཛིན་ཀུན་ཏུ་སྣང་བ་ཞེས་བྱ་བ་བསྒྲུབས་པར་གྱུར་ནས། དེ་ལ་སྣང་བ་ཡང་བྱུང་བར་གྱུར་ཏེ། སྣང་བ་དེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དཔག་མེད་གྲངས་མེད་པ་དག་ཀྱང་མཐོང་ངོ་། །ལྷའི་རྣ་བ་སྒྲིབ་པ་མེད་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་ཐམས་ཅད་ཐོས་ཏེ། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པས་གཉིས་པ་ལ་སྒྲིབ་པར་མི་འགྱུར་བའི་ཚུལ་དུ་ཐམས་ཅད་ཀྱང་མཉེས་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ཟླ་བ་བདུན་གྱི་བར་དུ་འཆག་ཅིང་འདུག་པར་གྱུར་ཏེ། ཤེས་པའི་ཟས་མ་གཏོགས་པར་ཟས་གཞན་མི་ཟ་ཞིང་ལྷ་རྣམས་ཀྱིས་དེའི་ལྷག་པའི་བསམ་པ་རིགས་ནས་དེའི་ལུས་ལ་མདངས་བཅུག་པར་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེས་གོས་ངུར་སྨྲིག་ཀྱང་མ་བགོས་དེ་བཞིན་གཤེགས་པ་ཡང་མངོན་སུམ་མ་མཐོང་། བསླབ་པའི་གཞི་རྣམས་ཀྱང་མ་བླངས་མོད་ཀྱི། འོན་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་སུ་ཐོབ་ཅིང་དེ་ལྟར་བསླབ་པ་འདོད་པར་གྱུར་པ་ལ་ལྟོས། ཞེས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱིས་ཀྱང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོའི་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་བསྙེན་བཀུར་བྱ་ཞིང་། དེ་བཞིན་གཤེགས་པའི་སྐུ་ཅི་ནས་ཀྱང་འཕེལ་བ་དང་། འབྲི་བར་མི་བྱེད་པ་དེ་ལྟར་རབ་ཏུ་རྣམ་པར་འབྱེད་ཅིང་རབ་ཏུ་རྟོགས་པར་བྱེད་ན། ཡེ་ཤེས་ཆེན་པོའི་རྣམ་པར་འདི་ལྟ་བུ་འབྱུང་སྟེ། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་མཐོང་ནས་ཆོས་སྟོན་པ་ཐོས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་དེ་ནགས་ཁྲོད་དེ་ནས་ཕྱིར་ཕྱུང་སྟེ། གྲོང་དང་གྲོང་ཁྱེར་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཞུགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་ཅིང་སྲོག་ཆགས་ཉི་ཁྲི་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་བཀོད་དོ། །སེམས་ཅན་ཚད་མེད་གྲངས་མེད་དག་ནི་ཉན་རང་གི་ཐེག་པའི་བསོད་ནམས་ལ་བཀོད་པར་གྱུར་ཏོ། །ཕ་མ་དེ་གཉིས་དང་། བཙུན་མོའི་འཁོར་དེ་དག་ཀྱང་། འཁོར་གཞན་ཐམས་ཅད་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་བྱས་སོ། །དེ་ལྟར་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་སྔོན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆེན་པོ་ཞེས་བྱ་བར་གྱུར་པ་དེ་དང་། དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ་ཞེས་གདམས་སོ། །མདོ་དེ་ལས་ཀྱང་། ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་བུ་མོ་ཐབས་མི་མཁས་པ་འདོད་པ་ལ་ཆགས་ཤིང་བརྐམས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་པ་བྱས་པས་དངོས་གྲུབ་དང་རྫུ་འཕྲུལ་ཐོབ་པར་སེམས་ཤིང་། བདག་ཅག་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་མཆོད་པ་བྱེད་པ་ཡིན་གྱི། གཞན་ནི་དེ་ལྟར་མ་ཡིན་ནོ་སྙམ་དུ། དགེ་བ་ཅུང་ཟད་དེས་བདག་བསྟོད་ལ་གཞན་སྨོད་ཅིང་གཞི་དེས་འཚོ་བ་སེམས་པར་འགྱུར་ཞིང་། དེ་དག་སྐུ་གཟུགས་མཆོད་པའི་ལས་ལ་འཇུག་པ་དེ་ཙམ་མ་གཏོགས་པར། ལུང་ནོད་པ་དང་། ཁ་ཏོན་དང་། བསམ་གཏན་བསྒོམ་པ་དང་། ནང་དུ་ཡང་དག་པར་འཇོག་པ་ལ་གཅེས་པར་སེམས་པར་མི་འགྱུར་ཏེ། དེའི་ཚེ་ན་ཁྱིམ་པ་དང་རབ་བྱུང་དག་གིས་དེ་ལྟ་བུའི་ལས་ལ་བརྩོན་པ་དེ་དག་ལ། ཆོས་གོས་སོགས་ཡོ་བྱེད་ཀྱི་རྙེད་པ་བྱེད་པར་འགྱུར་རོ་ཞེས་གསུངས་ཤིང་། འོད་སྲུང་ངས་ནི་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་ལས་སུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ཏེ་མང་དུ་ཐོས་པ་ཡོངས་སུ་བཙལ་བར་བྱའོ། །ཞེས་བསྟན་ན། དེ་དག་དེའི་ཚེ་ན་ཚུལ་ཁྲིམས་འཆལ་བ་ཁོ་ནར་གནས་ཤིང་ཆོས་ཡོངས་སུ་བཙལ་བ་སྦས་ནས། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་མཆོད་པའི་ལས་བྱ་བའི་ཕྱིར་བརྩོན་པར་འགྱུར་ཞིང་གཞི་དེས་འཚོ་བར་འགྱུར་བར་སེམས་པ་ལ་ལྟོས། ཞེས་དང་། འོད་སྲུང་དེ་བཞིན་གཤེགས་པས་གནས་ཀྱི་རྣམ་པ་འདི་ལྟ་བུ་གང་ཅི་སྟོན་པ་དང་། ཡང་དག་པར་སྟོན་པར་མཛད་པ་དེ་དག་ཐམས་ཅད་ནི་རིགས་ཀྱི་བུ་དང་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་ཡིན་ཏེ། འདི་ལྟར་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་ཞིང་། ཐོས་ནས་ཀྱང་སྐྱོན་དེ་དག་ཡོངས་སུ་སྤོང་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པ། དེ་དག་རྣམས་ཀྱི་དོན་བསྡུས་ཏེ་ཉམས་སུ་ལེན་པར་འདོད་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཟིན་པར་བྱས་ལ། འདི་ལྟར་བསམ་པར་བྱ་སྟེ། བདག་ནི་དལ་འབྱོར་གྱི་རྟེན་ཐོབ་ཅིང་དེ་བཞིན་གཤེགས་པའི་བསྟན་པ་དང་མཇལ་བའི་དུས་འདིར་འཇིག་རྟེན་གྱི་བྱ་བ་འབྲས་བུ་ངན་པ་རྣམ་པར་ཞོག །དེ་བཞིན་གཤེགས་པའི་སྐུ་ལ་མཆོད་པ་བྱེད་པ་སོགས་ཀྱང་བསོད་ནམས་ཚད་མེད་པ་སྐྱེད་མོད་ཀྱི། ཟང་ཟིང་ལ་བརྟེན་པའི་བསོད་ནམས་བསགས་པ་འདི་དག་དེ་བཞིན་གཤེགས་པས་གཙོ་བོར་ཁྱིམ་པ་རྣམས་ལ་བགྱི་བར་གདམས་པ་སྟེ། དེ་བས་ཆེས་ཁྱད་པར་འཕགས་པའི་བགྱི་བ་ནི་སངས་རྒྱས་ཀྱི་རྗེས་སུ་ཞུགས་པའི་རབ་ཏུ་བྱུང་བ་རྣམས་ལ། ཚུལ་ཁྲིམས་དང་ནང་དུ་ཡང་དག་པར་འཇོག་པ་ཉིད་བསྔགས་པ་ཡིན་ན། བདག་གིས་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་དེ་དག་ཅི་ནུས་སུ་སྒྲུབ་པ་དང་། ཁྱད་པར་དུ་ཡང་བདག་ཅག་ཐོག་མ་མེད་པའི་དུས་མཐའ་མི་མངོན་པ་ཞིག་ནས་རྣམ་པར་རྟོག་པ་སྣ་ཚོགས་རླུང་དང་སྤྲིན་དང་རྒྱ་མཚོའི་རླབས་ལྟ་བུ་རྣམས་ཀྱིས་ཉིན་མཚན་བར་མེད་པར་དཀྲུགས་ཤིང་ཉམས་པར་བྱས་པའི་དབང་དུ་གྱུར་ཏེ། ཡོན་ཏན་རྨད་དུ་བྱུང་བ་ཅི་ཡང་མ་ཐོབ་པའི་སྟེང་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེན་པར་གྱུར་པ་ཡིན་ན། ད་ནི་ཅི་ནས་ཀྱང་ནང་དང་ཕྱིར་རྒོལ་བ་ལྟ་བུའི་རྣམ་རྟོག་སྣ་ཚོགས་ཀྱི་གཟེབ་དེ་ལས་ཐར་བར་བྱས་ནས་སྐད་ཅིག་གཅིག་ཙམ་དུ་ཡང་གང་ལ་དམིགས་ན་བསོད་ནམས་ཆེ་ཞིང་དོན་ཆེ་བ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་ནས། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཚུལ་བཞིན་བསྐྱེད་པར་བྱའོ། །དེ་ལྟར་བགྱིད་ནུས་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་འདུན་པ་རྩེ་གཅིག་པའི་དམ་བཅའ་དྲག་པོས། ཐོག་མར་འདུ་འཛི་ལས་བསྲིངས་ཏེ། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲ་ཡི་ཀླགས་ཅོར་སོགས་བསམ་གཏན་གྱི་ཚེར་མ་མེད་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། སྔོན་འགྲོའི་ཆོས་རྣམས་རྒྱུད་ལ་ལེགས་པར་འབྱོར་བར་བྱས་ནས། དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོའི་སྐུ་གཟུགས་རི་མོ་མཁན་མཁས་པས་ཆོ་ག་བཞིན་དུ་མཛེས་ཤིང་ལྟ་ན་སྡུག་པར་བྲིས་པ། མཐོ་གང་གི་ཚད་སོགས་མིག་ལམ་དུ་ལྟ་བ་དེ་དང་མཐུན་པའི་ཚད་ཅན་མོས་པའི་སྟོབས་ཀྱིས་དེ་བཞིན་གཤེགས་པའི་བྱིན་རླབས་རྗེས་སུ་དྲན་ཅིང་རྟེན་འབྲེལ་སྙིང་པོ་བཟླས་པས་རབ་ཏུ་གནས་པར་བྱས་པ་དེ་རང་གི་མདུན་ཧ་ཅང་མི་ཉེ་ཧ་ཅང་མི་རིང་བར་མིག་ཕབ་སྟེ་བལྟ་བའི་སྤྱོད་ཡུལ་དང་ཇི་ལྟར་འཚམས་པ་ཞིག་ཏུ་བཞག་ནས། དེ་ལ་ལྟ་ཞིང་དེ་དག་དེ་བཞིན་གཤེགས་པའི་སྐུ་དངོས་སུ་མོས་པ་བྱས་ཏེ། འདི་སྙམ་དུ། འདི་ལྟར་དེ་བཞིན་གཤེགས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས། འཇིག་རྟེན་ན་ཨུ་དུམ་ཝཱ་ར་ལྟར་བརྒྱ་ལམ་རེས་འགའ་ན་འབྱུང་བར་འགྱུར་ལ། དེ་བཞིན་གཤེགས་པ་དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་སྤྲས་པས་མཐོང་ན་མི་མཐུན་པ་མེད་པ། ལྷ་དང་བཅས་པའི་འཇིག་རྟེན་ན་ཤིན་ཏུ་ལྷང་ངེ་ལྷན་ནེར་འཕགས་པའི་གཟུགས་ཀྱི་སྐུ་དེ་དག །དེ་དུས་ཀྱི་ཞིང་དེའི་སེམས་ཅན་ཐམས་ཅད་ཀྱིས་ཐུན་མོང་དུ་མཐོང་ཞིང་ཆོས་ཀྱང་སྟོན། རྫུ་འཕྲུལ་མངོན་པར་རོལ་པ་སྣ་ཚོགས་ཀྱང་མཛད། གདུལ་བྱའི་དོན་དུ་འཆགས་པ་དང་། བཞུད་པ་དང་། བཞེངས་པ་དང་། གཟིམས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་ཀྱང་མཛད་དེ། དེ་དག་གིས་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་ཡང་སྨིན་པར་མཛད་དོ། །བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཤཱཀྱ་སེང་གེ་འདི་ཡང་ཤཱཀྱའི་རྒྱལ་རིགས་སུ་འཁྲུངས་ཤིང་མཐར་གྱིས་སངས་རྒྱས་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་སྐྱེ་བོའི་ཚོགས་ཕལ་མོ་ཆེ་འདུས་པའི་ནང་དུ་ཆོས་སྟོན་པ་སོགས་ཀྱི་མཚན་མ་དང་རྣམ་པ་ཡིད་ལ་བྱས་ཏེ། དེ་ལྟ་བུའི་དེ་བཞིན་གཤེགས་པ་དེའི་སྐུའི་དབྱིབས་དང་རྣམ་པ་ནི་འདི་ལྟ་བུའོ། །དེ་བཞིན་གཤེགས་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་དང་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ལ་སོགས་པ་ཟག་པ་མེད་པའི་ཆོས་ནམ་མཁའི་མཐས་ཀྱང་མི་མཚོན་པའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པའོ། །བདག་ཅག་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་སྟེ། བདག་ཅག་གི་དོན་དུ་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་ནི་གོང་དུ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཇི་ལྟར་ཐུགས་བསྐྱེད་པ་སོགས་ཀྱི་ཚུལ་ལས་བརྩམས་ཏེ་ཤེས་པར་བྱ་ཞིང་། དེ་ལྟ་བུར་བསྐལ་པ་གྲངས་མེད་པ་གསུམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་དག་ཉེ་བར་བསགས་ནས་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་བདུད་བཞི་བཅོམ་སྟེ་ཡོན་ཏན་གྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་ནས་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོའི་སྐུ་བརྙེས་ཏེ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པ་བླ་ན་མེད་པ་དེ་ལྟ་བུའི་བཅོམ་ལྡན་འདས་དེ་དྲན་པ་དང་། ཕྱག་འཚལ་བ་དང་། མཚན་ནས་བརྗོད་པ་དང་། སྐུ་གཟུགས་མཐོང་བ་དང་། དེ་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ལ་སོགས་པའི་དགེ་བའི་རྩ་བ་ནི་ཇི་ལྟར་ཆུང་ཡང་བྱང་ཆུབ་མཆོག་གི་རྒྱུ་འགྱུར་བ་ནི། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་ཡིན་པའི་ཕྱིར་ན་བདག་ཅག་ནི་སྐལ་བ་བཟང་ངོ་སྙམ་དུ་སངས་རྒྱས་རྗེས་སུ་དྲན་པའི་དད་པ་རྒྱ་ཆེར་བསྐྱེད་ལ། དེ་ནས་དེ་ལྟ་བུའི་དེ་བཞིན་གཤེགས་པ་དེའི་སྐུའི་རྣམ་པ་ལ་སེམས་ཧ་ཅང་མི་སྒྲིམ་ཧ་ཅང་མི་ལྷོད་པར་དལ་བུའི་ཚུལ་གྱིས་དྲན་པ་དང་ཤེས་བཞིན་མ་ཉམས་པས་རྒྱུན་ཆགས་པར་སེམས་གཟུང་བར་བྱ་སྟེ། གང་དུ་དམིགས་པ་དེ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་རང་གི་སེམས་རྒྱང་བསྲིངས་ནས་དེ་ཁོ་ན་ལ་འཇོག་པར་བྱའོ། །དེ་ནས་མཐར་གྱིས་བར་མ་ཆད་པར་རྩེ་གཅིག་ཏུ་འཇུག་པ་ཅི་ནུས་སུ་བྱ་སྟེ། མདོར་ན་སེམས་གནས་པའི་ཐབས་དགུས་རིམ་པར་འདོད་པའི་སེམས་རྩེ་གཅིག་པ་གྲུབ་པའི་བར་དུ་བསྒྲུབ་པར་བྱའོ། །དེ་ལ་སྐུ་སྤྱི་ལ་ལྟ་ཞིང་དམིགས་པའམ། ཁྱད་པར་དུ་འཕགས་པའི་ཆོས་ཐོབ་པ་དང་བྱིང་པ་ཞི་བའི་ཕྱིར་གཙུག་ཏོར་ལྟར་མི་མངོན་པ་ལ་ཡང་སེམས་གཟུང་བར་བྱ་ཞིང་། ཏིང་ངེ་འཛིན་ཐོབ་པ་དང་རྒོད་པ་ཞི་བའི་ཕྱིར་ཐུགས་དཔལ་གྱི་བེའུའི་ཐད་དུ་སེམས་འཛིན་པ་དང་། བསོད་ནམས་ཆེན་པོ་སྒྲུབ་ཅིང་བདེ་བ་ལ་རེག་པའི་ཕྱིར་སྨིན་མཚམས་ཀྱི་མཛོད་སྤུ་ཁ་བ་དུང་ལྟར་དཀར་ཞིང་གཡས་སུ་འཁྱིལ་བའི་རྣམ་པ་ལ་སེམས་འཛིན་པ་དང་། ཆོས་ཀྱི་སྒྲ་དབྱངས་ཆེན་པོས་འཇིག་རྟེན་ཀུན་ཏུ་ཁྱབ་པར་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པས་ཕན་ཐོགས་པའི་ཕྱིར་གསུང་དབྱངས་ཡན་ལག་དྲུག་ཅུ་འབྱུང་བའི་གནས་མགྲིན་པ་ཆོས་ཀྱི་དུང་རི་མོ་གསུམ་དང་ལྡན་པའི་རྣམ་པ་སོགས་གང་མོས་པའི་གནས་སུ་སེམས་མི་གཡོ་བར་གཟུང་བར་བྱའོ། །དེ་ལྟར་སེམས་གཟུང་བ་ན་ཐོག་མ་ཉིད་དུ་སྦྲུལ་ལ་བཟུང་བ་ལྟར། ཤིན་ཏུ་མི་སྲུན་ཞིང་རྒོད་པའི་རྣམ་པ་དང་བཅས་པ་ན་ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་གཡོ་བའི་ཉམས་ཞེས་བྱ་སྟེ། དེའི་ཚེ་ན་དེ་དག་འདི་སྙམ་དུ་རང་གི་སེམས་ནི་འདི་ལྟར་རྟག་ཏུ་གཡོ་བ་སྟེ། དཔུང་བཟང་གིས་ཞུས་པ་ལས། སེམས་ནི་གློག་དང་རླུང་དང་སྤྲིན་དང་འདྲ། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་མཚུངས། སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། གཡོ་ཞིང་འཕྱན་པ་ངེས་པར་གདུལ་བར་བྱ། ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་འདི་ལྟ་བུར་རྣམ་པར་གཡེང་བའི་སེམས་ཀྱི་དབང་དུ་གྱུར་པས་ན། བདག་གིས་ཅི་ནས་ཀྱང་སྒྱིད་ལུག་པ་མི་བྱ་བར་བརྩོན་པར་བྱ་སྟེ། བརྩོན་ན་ནི་མཐར་གྱིས་མི་འགྲུབ་པ་གང་ཡང་མེད་དོ་སྙམ་དུ་སེམས་བསྐྱེད་ནས་ཡུན་རིང་པོར་དམིགས་པ་ལ་ཇི་གནས་སུ་བརྩོན་པར་བྱའོ། །དེ་ལྟར་བརྩོན་པས་ཇེ་ཞིག་ན་སྔར་གྱི་རྣམ་རྟོག་ཆེ་ཞིང་རགས་པ་རྒོད་ཅིང་དཔལ་ཚ་བ་རྣམས་ཅུང་ཞི་ཡང་། རྣམ་རྟོག་སྣ་ཚོགས་ཀྱི་བྲེལ་ཏོ་མང་པོ་ལང་ལོང་འཁྲིགས་པ་རྒྱུན་དུ་ཡོད་པའི་སྐབས་དེ་ལ་གཉིས་པ་རོང་ཁུང་དོག་མོའི་ཆུ་ལྟ་བུ་ཐོབ་པའི་ཉམས་ཞེས་བྱ་སྟེ། རོང་ཁུང་དོག་མོའི་ཆུ་དེ་བྲེལ་བ་དང་སྒྲ་ཆེ་ཡང་རི་གཟར་གྱི་ཆུ་ལས་ཅུང་དལ་བ་དཔེར་བྱས་པའོ། །དེ་ནས་བརྩོན་པ་མ་བཏང་བར་སྔར་གྱི་མུ་ལ་གནས་ན་སེམས་ཀྱི་རྟོག་པ་ཁོང་དལ་ཞིང་དམིགས་པ་ལ་གནས་པ་ལྟ་བུ་འབྱུང་ཡང་། ཞིབ་ཏུ་བརྟགས་ན་རྣམ་རྟོག་ཕྲ་བ་མང་པོ་རྒྱུན་ཆགས་སུ་འཇུག་པ་ཡོད་པ་ནི། ཉམས་གསུམ་པ་གོམས་པའི་ཉམས་ཞེས་བྱ་སྟེ། དེའི་དཔེ་ནི་ཆུ་ཀླུང་དལ་གྱིས་འབབས་པ་ལྟ་བུར། རྒྱང་ནས་བལྟས་ན་ཆུ་དེ་ལྷུན་ཆགས་ཤིང་འགྲོ་བ་མི་མངོན་ཀྱང་དྲུང་དུ་སོང་ན་ཅུང་ཟད་མི་སྡོད་པར་འགྲོ་ཞིང་གཡོ་བ་དེ་ལྟ་བུ་འབྱུང་ངོ་། །དེ་ཕན་ཆད་བརྩོན་པ་མ་བཏང་བར་འབད་ན་སྔར་ཙམ་དཀའ་ཚེགས་དང་སྡུག་བསྔལ་མི་ཆེ་བས་དེ་ནས་ཤིན་ཏུ་ཡང་བརྩོན་པ་རྒྱུན་ཆགས་པར་བྱའོ། །དེ་ལྟར་བྱས་པས་རྣམ་རྟོག་ཕྲ་མོ་རྣམས་ཀྱི་གཡོ་བའང་ཞི་སྟེ་དམིགས་པ་ལ་འདུ་བྱེད་དང་བཅས་ན་ཇི་སྲིད་དུ་གནས་ནུས་ཀྱང་། རྐྱེན་ཅིས་ཀྱང་གཡོ་མི་ནུས་པ་ནི་མ་ཡིན་པ་དེ་ནི་ཉམས་བཞི་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་བརྟན་པའི་ཉམས་ཞེས་བྱ་སྟེ། སེམས་གནས་ཅིང་བརྟན་པའི་ཕྱིར་རོ། །དེ་ཐོབ་ནས་དེའི་ངང་དུ་དཀའ་ཚེགས་ཆེན་པོ་མི་དགོས་པར་ཡུན་དུ་གོམས་པར་བྱས་ན་ཉམས་ལྔ་པ་མཐར་ཕྱིན་པ་རི་བོ་ལྟ་བུ་འབྱུང་སྟེ། དེ་ནི་རྩོལ་བ་མེད་པའི་འདུ་བྱེད་དང་དོན་གནད་གཅིག་པ་ཡིན་ཏེ། དམིགས་པ་གང་ལ་གཏད་པ་དེ་ལ་སེམས་ངང་གིས་འདྲེ་ཞིང་རྩོལ་བ་མི་དགོས་པར་ལྷན་ནེར་ཇི་འདོད་དུ་གནས་པ་ལ་རྣམ་རྟོག་གིས་གཡོ་མི་ནུས་པ་འབྱུང་སྟེ་འདོད་པའི་སེམས་རྩེ་གཅིག་པ་ཞེས་བྱ་བ་དེ་གྲུབ་པ་ཡིན་ནོ། །དེ་དུས་སེམས་གནས་པ་ལས་བྱུང་བའི་ཉམས་སྣ་ཚོགས་ཀྱང་འབྱུང་ངོ་། །དེའི་ངང་དུ་གོམས་པ་བྱས་ན་སེམས་དང་ལུས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ། ལུས་དང་སེམས་ལས་སུ་རུང་ནས་དམིགས་པ་གང་དང་གང་དུ་འཇོག་པ་དེ་ལ་ཞག་དུ་མར་གནས་པར་བྱས་ན་ཡང་། ལུས་ཀྱིས་མི་ལྕོགས་པ་དང་། སེམས་ཀྱིས་མི་ལྕོགས་པ་གང་ཡང་མེད་པའི་ལུས་ཤིང་བལ་ལྟར་ཡང་བ་དང་། སེམས་མངོན་པར་དངས་པའི་བདེ་བས་ཁྱབ་པ་ཞིག་འབྱུང་སྟེ། ཤིན་སྦྱངས་དེ་ཡང་དང་པོར་རགས་པ་ལྕི་ཞིང་བརྟན་པའི་ཚུལ་ཅན་དང་། དེ་ནས་གོམས་པས་སྔ་མ་དེ་ཟད་དེ། གྲིབ་མ་ལྟར་ཤིན་ཏུ་སྲབ་ཅིང་དངས་པའི་ཞི་གནས་མི་གཡོ་བ་བསམ་གཏན་གྱི་སེམས་དངོས་གཞི་དང་རྗེས་སུ་མཐུན་པ་འབྱུང་ལ། དེ་ལྟ་བུའི་སྒོམ་པ་ལ་ནི་ཞི་གནས་ཞེས་བྱ་བའི་མིང་འཐོབ་སྟེ། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཡིན་པའི་ཕྱིར་རོ། །འདི་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མི་རྟོགས་མེད་ཅེས་བྱ་བའི་ཆར་ཡང་གཏོགས་པ་ཡིན་ནོ། །འདིས་མཚན་མའི་དམིགས་པ་དང་མཚན་མེད་སྟོང་ཉིད་སོགས་ཅི་བསྒོམས་ཀྱང་གོ་མི་ཆོད་པ་མེད་དོ། །དེ་ལ་ཞི་གནས་སྒྲུབ་པའི་ཡན་ལག་ཡིད་བྱེད་བཞི་དང་སྟོབས་དྲུག་ལ་སོགས་པའི་རྣམ་གྲངས་མང་དུ་ཡོད་ཀྱང་དོན་དུ་སེམས་ཅི་གནས་སུ་དམིགས་པ་ལ་དྲན་པ་ཤེས་བཞིན་གྱིས་རབ་ཏུ་བཟུང་སྟེ་གོམས་པར་བྱས་པ་ལས་ཉམས་ལྔ་སྐྱེ་བ་དེར་འདུའོ། །དེ་ལྟ་བུའི་ཞི་གནས་གྲུབ་པའི་ཚེ་ན་སེམས་ལས་སུ་རུང་བའི་སྟོབས་ཀྱིས། ལུས་ཟོ་མདོག་བཟང་ཞིང་བདེ་ལ་སྟོབས་དང་ལྡན་པ་དང་། སེམས་གསལ་ཞིང་དྭངས་པས་སྤྱོད་ཡུལ་ཅི་རིགས་ལ་འཇུག་པ་དང་། ལུས་སེམས་ལ་དགའ་བདེ་ཚད་མེད་པའི་རླན་གྱིས་ཁྱད་པར་ཡང་འགྱུར་ལ་ཉོན་མོངས་ཆུང་ཞིང་ནང་གི་དབེན་པའི་དགའ་བ་ཁྱད་པར་ཅན་རྗེས་མཐུན་པ་ཉམས་སུ་མྱོང་བར་འགྱུར་རོ། །དེར་ཞི་གནས་དེ་ལྟ་བུ་སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་བསོད་ནམས་ཀྱི་སྟོབས་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་དངོས་སམ། ཉམས་སམ། རྨི་ལམ་དུ་ཡང་སངས་རྒྱས་མཐོང་ཞིང་ཆོས་ཐོབ་པས་སོགས་ཡོན་ཏན་གྱི་རྣམ་པ་སྣ་ཚོགས་རང་གི་རྒྱུད་ལ་སྐྱེ་བར་བྱེད་དོ། །དེ་ལྟར་ཞི་གནས་གྲུབ་པ་ན་ལྷག་མཐོང་གི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེ་ཅི་ལྟ་བུ་ཞེ་ན། དེ་ལྟར་དང་པོར་ཞི་གནས་སྒྲུབ་པའི་སྐབས་སུ་སངས་རྒྱས་ཀྱི་སྐུ་རི་མོར་བྲིས་པ་དེ་དམིགས་རྟེན་དུ་བྱས་པ་ལ་སེམས་བཞག་པ་དང་། དམིགས་རྟེན་མེད་ཀྱང་ཡིད་ཡུལ་དུ་འཆར་བ་ལ་སེམས་བཞག་པ་སོགས་ཅི་འདོད་དུ་བྱས་པའི་མཐར་ཞི་གནས་གྲུབ་པའི་དུས་སུ། རྟེན་མེད་པར་ཡང་རང་གི་སེམས་ཀྱི་ཡུལ་དུ་སངས་རྒྱས་ཀྱི་སྐུ་གཟུགས་ལེགས་པར་གསལ་སྣང་གི་ཚུལ་དུ་ཏིང་ངེ་འཛིན་གྱི་མཚན་མའི་གཟུགས་སྣང་བར་འགྱུར་ཏེ། དེ་ཡང་དང་པོར་ཡིད་ཡུལ་དུ་མེ་ལོང་ལ་གཟུགས་བརྙན་ལྟར་ལྷང་ངེ་ལྷན་ནེར་གསལ་ཞིང་། དེ་ལ་ཆེར་གོམས་པས་རང་གི་དབང་པོའི་ཡུལ་དུ་ཡང་མངོན་སུམ་ལྟ་བུར་གསལ་བར་འགྱུར་ལ། ད་དུང་གོམས་ན་གཞན་པ་དག་གི་དབང་པོའི་ཡུལ་དུ་ཡང་ཇི་ལྟར་དམིགས་པའི་སྣང་བ་དེ་མཐོང་ནུས་པར་འགྱུར་ཏེ། གསལ་བ་དང་པོ་ཡིད་ཀྱི་ཡུལ་དང། གཉིས་པ་དབང་པོའི་ཡུལ་དང་། གསུམ་པ་རེག་པའི་ཡུལ་དུ་སྣང་ཞེས་སྔ་འགྱུར་བའི་བསྙེན་སྒྲུབ་ཀྱི་ཡིག་ཆ་རྣམས་སུ་གསུངས་པ་བཞིན་ནོ། །དེའི་ནང་གི་གསལ་བ་དང་པོ་ཙམ་ཞིག་གྲུབ་པའི་དུས་ནས་ཀྱང་ལྷག་མཐོང་བསྒྲུབ་པར་བྱ་སྟེ། དེ་ལ་འདི་ལྟར་རང་གི་ཡིད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ལྡན་པ་མཛེས་ཤིང་ཡིད་དུ་འོང་བ་ལྷང་ངེ་ལྷན་ནེ་མངོན་སུམ་ལྟ་བུར་གྱུར་པ་འདི་ཡང་རང་གི་སེམས་ལ་གོམས་པའི་བག་ཆགས་ཀྱི་སྣང་བ་ཙམ་སྟེ། གང་ནས་ཀྱང་མ་འོངས་གང་དུ་ཡང་མི་འགྲོ། །བརྟགས་ན་དབེན་པ། ཕྱི་དང་ནང་གང་དུ་ཡང་མི་རྙེད་པ། སེམས་ལ་རག་ལས་ཤིང་གོམས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལས་རབ་ཏུ་སྣང་བ་སྟེ། འདི་གང་ལ་སྣང་བའི་སེམས་དེ་ཡང་བརྟགས་ན་ཕྱི་དང་ནང་གང་དུའང་མི་རྙེད་དེ་གཞི་དང་རྩ་བ་བྲལ་བ་ཡིན་ན་དེ་ལ་སྣང་བ་འདི་ལྟ་ཅི་སྨོས། དེས་ན་སྣང་བ་འདི་ལ་ངོ་བོ་ཉིད་ཅུང་ཟད་ཀྱང་མེད་དོ། །སྣང་བ་འདི་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་རྣམས་འཇིག་རྟེན་དུ་དངོས་སུ་བྱུང་བ་ཡང་། སེམས་ཅན་རྣམས་ཀྱི་རང་སེམས་དག་པའི་དགེ་བའི་རྩ་བ་དང་། སངས་རྒྱས་རྣམས་ཀྱི་སྔོན་གྱི་སྨོན་ལམ་ཆེན་པོ་ཕན་ཚུན་རྟེན་ཅིང་འབྲེལ་བའི་དབང་གིས། ཇི་ལྟར་མེ་ལོང་དག་པ་ལ་སྐྱེས་བུའི་གཟུགས་བརྙན་སྣང་བ་ལྟར་སྣང་བ་དེ་ནི་འཇིག་རྟེན་པ་རྣམས་ཀྱི་སྤྱོད་ཡུལ་དུ་སླུ་བ་མེད་པར་སྣང་མོད་ཀྱི། དེ་བཞིན་གཤེགས་པ་ལ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བའི་ཆོས་ཅུང་ཟད་ཀྱང་མི་མངའ་སྟེ། ཆོས་ཀྱི་དབྱིངས་དང་མཉམ་པའི་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་དཔག་པར་དཀའ་བ་ཡིན་པའི་ཕྱིར་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་ཟད་མེད་དགེ་བ་ཡིས། །ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་འདི་ལ་ནི། །དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པའང་མེད། །འཇིག་རྟེན་ཀུན་ན་གཟུགས་བརྙན་ཀུན་ཏུ་སྣང་། །ཞེས་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ལས། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བརྟགས་པ་ཡིན། །སེམས་ཀྱང་རྣམ་དག་རང་བཞིན་འོད་གསལ་ཞིང་། །རྙོགས་མེད་འགྲོ་བ་ཀུན་དང་མ་འདྲེས་པར། །གང་གིས་ཤེས་པ་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་གསུངས་པ་ལྟར་ཤེས་རབ་ཀྱིས་བརྟག་ཅིང་ཤེས་པར་བྱའོ། །དེ་ལྟར་ཤེས་པར་བྱས་ནས། དེ་བཞིན་གཤེགས་པ་ཇི་ལྟ་བ་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་འཇིག་རྟེན་ན་འདི་ལྟར་སྣང་ཞིང་ཉམས་སུ་མྱོང་བ་ཡོད་མོད་ཀྱི། དེ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་སྣང་བ་ཙམ་མ་གཏོགས་པར་དེ་ལ་ལེགས་པར་བརྟགས་ན་ཆོས་གང་དང་གང་ཡང་རང་གི་ངོ་བོ་ཉིད་རྡུལ་ཕྲ་རབ་ཙམ་རྙེད་པར་མི་འགྱུར་ཏེ། དཔེར་ན་སྒྱུ་མའི་སྣང་བ་དང་། རྨི་ལམ་གྱི་སྣང་བ་ལ་སོགས་པའི་སྤྱོད་ཡུལ་བཞིན་དུ་དོན་ལ་འགྲོ་འོང་དང་སྐྱེ་འགག་ལ་སོགས་པ་ཅི་ཡང་མེད་མོད་ཀྱི། ཇི་ལྟར་སྣང་བ་ལ་སྣང་བ་ལྟར་དུ་ཞེན་ཅིང་སོ་སོར་བརྟག་པ་སྤངས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྐྱེ་བ་དང་འགག་པ་ལ་སོགས་པར་ཡོད་པར་འཛིན་པ་ནི། རབ་རིབ་ཅན་གྱིས་སྐྲ་ཤད་ཀྱི་སྣང་བ་ལ་དེ་བསལ་བའི་འདུ་ཤེས་བྱེད་པ་ལྟར། ཐོག་མ་མེད་པ་ནས་མ་རིགས་པའི་རབ་རིབ་ཀྱིས་སེམས་བསླད་པ་རྣམས་ཀྱིས་ཡང་དག་པའི་གནས་ལུགས་མི་ཤེས་པའི་ཕྱིར་རོ། །ཡང་དག་པའི་གནས་ལུགས་རྟོགས་པ་རྣམས་ཀྱི་ངོར་ནི། སྣང་བ་འདི་རྣམས་མེད་དགོས་པ་མ་ཡིན་ཏེ། སྣང་བ་འདི་ཉིད་སྣང་བཞིན་དུ་ཅིར་ཡང་མ་གྲུབ་པར་མཐོང་ནས་ཆོས་དེ་དག་རང་གི་ངོ་བོས་གདོད་ནས་མ་སྐྱེས་པར་རྟོགས་པ་ཡིན་ཏེ། མ་དྲོས་པས་ཞུས་པའི་མདོ་ལས། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །ཞེས་དང་། རྒྱལ་བའི་ཡུམ་ལས། ཆོས་ཐམས་ཅད་ནི་སྒྱུ་མ་དང་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ། གལ་ཏེ་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ཞེས་དང་། མདོ་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུར། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱི་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། དབུ་མ་རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཇི་ལྟར་སངས་རྒྱས་ཀྱི་སྐུ་ཡི་ངོར་དེ་ལྟར་སྣང་ཡང་། དེ་ལ་དེའི་ངོ་བོ་ཉིད་དུ་དམིགས་པར་བྱ་བ་ཐམས་ཅད་ཡེ་ནས་མེད་པ་ལྟར། ཆོས་ཐམས་ཅད་ཀྱང་དེ་དག་འདྲ་བ། བདག་ཀྱང་དེ་དང་འདྲ་སྟེ། བདག་གི་རང་བཞིན་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་རང་བཞིན། སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། སྡུད་པ་ལས། བདག་ཇི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཇི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། དབུ་མ་རྩ་བ་ལས། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཅེས་གསུངས་པ་ལྟར་གནས་ལུགས་མཐར་ཐུག་གི་དོན་དུ། ཆོས་ཐམས་ཅད་ནི་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་སྤྲོས་པའི་དྲྭ་བ་ཐམས་ཅད་ལས་འདས་པའི་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དུ་གྱུར་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། །ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་བྱུང་བ་མེད། །མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགག་པ་མེད། །འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། །ཅེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཕྲ་ལ་ཤེལ་དཀར་དྲང་སྲོང་ཆེན་པོའི་ལམ། །མི་རྟོག་རྟོག་ཡུལ་མ་ཡིན་ལྟ་བར་དཀའ། །རང་བཞིན་ཞི་ཞིང་འགག་མེད་འབྱུང་བ་མེད། །མཁས་གསལ་ཤེས་པས་ཁོང་དུ་ཆུད་པ་ཡིན། །ངོ་བོ་ཉིད་སྟོང་ཞི་ཞིང་སྡུག་བསྔལ་ཟད། །རྒྱུད་ལས་རྣམ་གྲོལ་མཉམ་པར་མྱ་ངན་འདས། །མཐའ་དང་དབུས་མེད་ཚིག་གིས་བརྗོད་དུ་མེད། །དུས་གསུམ་གྲོལ་བ་ནམ་མཁའ་འདྲ་ཞིང་མཚུངས། །ཞེས་དང་། འཕགས་པ་སྒྲ་གཅན་འཛིན་གྱི་ཞལ་སྔ་ནས། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང་། །སྦྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བརྗོད་པ་དང་སྤྲོས་པ་དང་དམིགས་པའི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་དེ་བཞིན་ཉིད་གཏན་ལ་ཕེབས་པའི་རྣལ་འབྱོར་པ་དེས་རེ་ཞིག་དང་པོར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པའི་སྐུ་སྒྱུ་མ་ལྟ་བུ་ལ་མཉམ་པར་བཞག་སྟེ་དེ་བཞིན་གཤེགས་པའི་སྐུ་ལྟ་བ་དང་དེ་ལས་ཆོས་ཉན་པ་སོགས་སྒྱུ་མའི་སྤྱོད་ཡུལ་གྱི་རྣམ་པར་འཕྲུལ་བ་ལ་བསླབ་པར་བྱའོ། །དེ་ནས་བརྗོད་དུ་མེད་པ་མཉམ་པ་ཉིད་སོ་སོ་རང་གིས་རིགས་པར་བྱའི་སྟོང་པ་ཉིད་ལ་མཉམ་པར་བཞག་པ་བྱས་ན་ཚུལ་དེ་ལྟ་བུས་ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་འགྱུར་ལ་དེ་ལ་བརྟེན་ནས་རིང་པོར་མི་ཐོགས་པར་མཐོང་བའི་ལམ་གྱི་ཡེ་ཤེས་མངོན་དུ་འཐོབ་པ་ལ་ཐེ་ཚོམ་མེད་དོ། །དེ་དག་ནི་ད་ལྟར་གྱིས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་དང་། བཀོད་པ་གཅིག་པའི་ཏིང་ཐེ་འཛིན་གྱི་དོན་ཉམས་སུ་ལེན་པའི་མན་ངག་ཏུ་གསལ་པོར་བཤད་པ་ཡིན་ནོ། །དེ་ལྟར་ཚུལ་བཞིན་ཉམས་སུ་ལེན་མ་ནུས་པ་དག་གིས་ཀྱང་དུས་དང་རྒྱུན་དུ་སྟོན་པ་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བ་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། བདག་གིས་སྒོམ་བཟླས་བགྱིས་པའི་བསོད་ནམས་འདིས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུབ་པར་ཤོག །ཅེས་སྐྱབས་སེམས་གྱི་དམིགས་རྣམ་གསལ་བཏབ་ཅིང་ངེས་ཤེས་ཀྱི་དམ་བཅའ་བརྟན་པོས་ཚར་གསུམ་བརྗོད་ལ། ཚངས་པའི་གནས་པ་བཞི་བསྒོམ་པའི་རྗེས་སུ་སྟོང་དང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་སྒྱུ་མ་ལྟ་བུའི་དང་ནས། ཨ། སྐྱེ་མེད་སྟོང་པ་སོགས། ཐུབ་ཆོག་གི་འདོན་ཆ་ལྟར་དམིགས་པ་གསལ་བཏབ་ལ་སངས་རྒྱས་དངོས་སུ་བཞུགས་ཡོད་སྙམ་པའི་འདུན་པ་དང་དད་པ་བརྟན་པོས་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དག་གིས་སེམས་ཀྱི་སྐད་ཅིག་གཅིག་ལ་བསྐལ་པ་མང་པོའི་ཚོགས་འདུམས་པར་བྱེད་པ་བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཕྱག་འཚལ་བ་སོགས་ཡན་ལག་བདུན་པ་དང་། རེ་འབྲས་ཆུད་མི་ཟ་བའི་ཕྱིར་སངས་རྒྱས་ལ་ཡིད་ཆེས་པའི་སྒོ་ནས་གསོལ་བ་འདེབས་ཤིང་འདོད་པའི་དོན་ལ་སྨོན་ལམ་གདབ་པ་རྣམས་གཞུང་ལྟར་བྱས་ལ། དེའི་རྗེས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་དད་པ་རྩེ་གཅིག་གིས་ལུས་ཞིང་གི་རྡུལ་སྙེད་ཀྱིས་བཏུད་ཅིང་། མཆོད་པའི་དངོས་པོ་ཐམས་ཅད་ཀྱིས་མཆོད་ལ། བླ་མེད་བྱང་ཆུབ་མ་ཐོབ་པའི་བར་དུ་བདག་དང་སེམས་ཅན་ཐམས་ཅད་སྐྱབས་སུ་མཆིའོ་སྙམ་པའི་འདུན་པ་རྩེ་གཅིག་པས། བླ་མ་སྟོན་པ་བཅོམ་ལྡན་འདས་སོགས་མཚན་ཅི་ནུས་སུ་བརྗོད། དེའི་མཐར་དེ་བཞིན་གཤེགས་པའི་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་གཟུངས་བཟླས་པའི་རྐྱེན་གྱིས་དེ་བཞིན་གཤེགས་པའི་སྐུ་ལས་འོད་ཟེར་གྱི་སྣང་བ་ནམ་མཁའི་ཁམས་ཁྱབ་པར་བྱུང་བས་བདག་དང་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྒྲིབ་པ་དང་སྡུག་བསྔལ་ཐམས་ཅད་བསལ་ནས། བདེ་བ་དང་ལྡན་པར་བྱས། དད་པ་དང་གཟུངས་དང་ཏིང་ངེ་འཛིན་དང་སྤོབས་པ་དང་ཤེས་རབ་ཡེ་ཤེས་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་རྒྱུད་ལ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་ནས་མཐར་གྱིས་བླ་མེད་བྱང་ཆུབ་ཆེན་པོར་འཚང་རྒྱ་བའི་སྐལ་བ་ཅན་དུ་བྱས་པར་བསམས་ལ། གཟུངས་ཅི་ནུས་སུ་བཟླའོ། །དེ་ལ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་བཅུ་གཅིག་པ་འོད་ཟེར་ཀུན་ཏུ་བཀྱེ་བའི་ལས། ད་ནི་བསམ་གྱིས་མི་ཁྱབ་པའི། །དགེ་བའི་ལས་ཀྱི་རྒྱུ་རྐྱེན་གྱིས། །རྨོངས་པ་རྣམས་ནི་རབ་སྤངས་པས། །འོད་ཟེར་སྣ་ཚོགས་གྲུབ་པ་ཡིན། །ཞེས་དང་། དེ་ལྟར་བྱེད་མེད་དབང་གིས་ན། །ཁ་དོག་དཔག་མེད་འོད་བསྟན་ནས། །མོས་པ་དག་ནི་ཇི་བཞིན་དུ། །རེ་བ་དག་ནི་སྐོང་བར་མཛོད། །ཅེས་དང་། འོད་ཟེར་གཅིག་ལ་ཁ་དོག་རྣམ་པ་གཉིས་ནས་བརྩམས་ཏེ་དཔག་ཏུ་མེད་པའི་བར་དུ་འགྱེད་པའི་འོད་ཟེར་སྣ་ཚོགས་པ་ཡོད་དེ། འོད་ཟེར་སྤྲིན་གཙང་སྣང་དང་། རྣམ་དག་མིག་དང་། རྣམ་དག་རྣ་སོགས་ནས། རྣམ་དག་སེམས་ཀྱི་བར་དང་། དེ་བཞིན་དུ་རྣམ་དག་གཟུགས་སོགས་ཆོས་ཀྱི་བར་དང་། རྣམ་དག་ས་སོགས་ནམ་མཁའི་བར་དང་། རྣམ་དག་ཕུང་པོ་སོགས་དང་། རྣམ་དག་བདེན་སོགས་དང་། རྣམ་དག་སྤོབས་སོགས་དང་། ཁ་དོག་དཀར་དང་སེར་སོགས་ཀྱི་མིང་ཅན་དང་། ཡོན་ཏན་མཆོག་དང་། ཀླུའི་གཟི་དང་། གླང་པོའི་གཟི་དང་། སེང་གེ་རྒྱས་དང་། ཀླུ་མཆོད་རྒྱས་ལ་སོགས་པ་དང་། ཀླུ་འདུལ་དང་། གནོད་སྦྱིན་འདུས་སོགས་དང་། རྡོ་རྗེ་སྟོབས་དང་། སྟོང་བ་སོགས་དང་། ཡོངས་དག་སྔོན་གྱི་དགེ་བ་སོ་སོར་བསྐྱེད་པ་དང་། འོད་ཟེར་ཆོས་ཉིད་ཅེས་བྱ་བ་སངས་རྒྱས་ཀྱི་ཞིང་བྱེ་བ་གཡོ་བར་བྱེད་པ། བདུད་འདུལ་ཞེས་བྱ་བ་བདུད་སྐྲག་པར་བྱེད་པ། འོད་ཟེར་བསོད་ནམས་རྒྱལ་མཚན་ཞེས་བྱ་བ་དེའི་མིང་འཛིན་པས་གནོད་པ་སྤོང་བ། སྟོབས་ལྡན་རྒྱལ་མཚན་ཞེས་བྱ་བ་དེའི་མིང་བཟུང་བས་དགྲ་སྤོང་པ། རབ་ཞི་རྒྱལ་མཚན་ཞེས་བྱ་བ་དེའི་མིང་བཟུང་བས་འདོད་ཆགས་སྤོང་བ་སོགས་གང་གི་མིང་བཟུང་བ་ཙམ་གྱི་ལོག་སྤྱོད་དང་ཚུལ་འཆལ་སོགས་ཉེས་པ་ཐམས་ཅད་སྤོང་བ་དང་། འོད་ཟེར་གང་གི་མིག་བཟུང་བ་ཙམ་གྱིས་ཀྱང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་སོགས་རྫོགས་པ་དང་། རྨོངས་པ་སོགས་ཉོན་མོངས་པ་རྣམས་མེད་པར་བྱེད་པ་དང་། དེ་བཞིན་དུ་བདེ་བ་ཐོབ་པ། གདུང་བ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ། དུས་གསུམ་ཤེས་པ་སོགས་ཡོན་ཏན་སྐྱེད་པ་དང་། འོད་ཟེར་མྱ་ངན་མེད་པ་སོགས་རེ་རེར་ཡང་འཁོར་ཁྲག་ཁྲིག་བརྒྱད་ཅུ་ཡོད་པ་དེ་ལྟ་བུ་ལ་སོགས་པ་དེ་བཞིན་གཤེགས་པ་ལ་འོད་ཟེར་ཐ་དད་པའི་རྣམ་གྲངས་སངས་རྒྱས་ཀྱི་ཞིང་གི་རྡུལ་གྱི་གྲངས་ལས་འདས་པ་སྣ་ཚོགས་མངའ་བས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་ཅིང་རང་རང་གི་འདོད་པའི་རེ་བ་རྣམས་ཡོངས་སུ་རྫོགས་པར་མཛད་པར་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། སངས་རྒྱས་རྣམས་ཀྱི་འོད་མཐའ་ཡས། །འོད་ཟེར་དྲྭ་བ་བསམ་མི་ཁྱབ། །ཞིང་རྣམས་རྒྱ་མཚོ་མཐའ་ཡས་པ། །ཐམས་ཅད་ཀྱི་ནི་ཕྱོགས་སུ་ཁྱབ། །ཅེས་དང་། གཞན་ཡང་སངས་རྒྱས་ཕལ་པོ་ཆེ་དང་དཀོན་མཆོག་ཏ་ལའི་མདོའི་བཟང་པོ་དཔལ་གྱི་ལེའུ་སོགས་ལས་ཇི་སྐད་གསུངས་པའི་དོན་རྣམས་ཀྱང་དྲན་པར་བྱའོ། །སྐབས་འདིར་ཡང་གོང་དུ་བསྟན་པའི་ཞི་ལྷག་གི་རྣལ་འབྱོར་ལ་ཡང་ཅི་ལྟར་རིགས་པར་ཉམས་ལེན་དུ་བྱས་པས་ཞི་ལྷག་རྗེས་མཐུན་པ་ཙམ་བསྒྲུབ་པར་བྱའོ། །ཐུན་འཇོག་པའི་ཚེ་མཎྜལ་འབུལ་བ་དང་། བསྟོད་ཅིང་གསོལ་བ་གདབ་པ་དང་། དགེ་བ་བསྔོ་ཞིང་སྨོན་ལམ་གྱི་ཁྱད་པར་ཅི་ལྟར་ར ིགས་པར་གདབ་པར་བྱའོ། །འདིར་གཤེགས་གསོལ་དང་ཉེར་བསྡུ་ལྟ་བུ་མི་དགོས་ཏེ། སངས་རྒྱས་ཀྱི་སྐུ་གང་དུ་དམིགས་པ་དེར་བཞུགས་པ་ཡིན་མོད་ཀྱི། ནམ་མཁའ་ལྟ་བུ་མཉམ་པ་ཉིད་ཀྱི་སྐུ་ལ་གཤེགས་བྱོན་སྐྱེ་འབྲི་མེད་ཅིང་ཕྱོགས་དུས་གང་དུ་ཡང་ནམ་རུང་རུང་དུ་དྲན་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐུན་མཚམས་རྣམས་སུ་མདོ་སྣ་ཚོགས་ཀློག་པའམ། ཕྱག་དང་མཆོད་པ་བསྐོར་བ་སོགས་དགེ་རྩ་ཅི་ནུས་ལ་འབད་པ་དང་། དེ་ལྟར་མ་ནུས་ཀྱང་སངས་རྒྱས་ཅི་ནུས་སུ་དྲན་པར་བྱ་ཞིང་། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་ཞིང་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ཞི་བའི་འདུ་ཤེས་རྣམས་ཡང་ན་ཡང་དུ་ཡིད་ལ་བྱའོ། །ཉལ་བའི་ཚེ་ན་ཇི་སྲིད་གཉིད་ཀྱིས་མ་ནོན་པ་དེ་སྲིད་དུ་དགེ་སྦྱོར་བྱས་ལ་གཉིད་དུ་འགྲོ་བའི་ཚེ་ན་སངས་རྒྱས་ཀྱི་སྐུའི་འོད་ཀྱི་སྣང་བས་ཁྱབ་པ་ལ་དམིགས་པ་དང་། སྣང་བའི་འདུ་ཤེས་བསྒོམ་པར་བྱ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། དགེ་སློང་དག་དེ་ལ་ཏིང་ངེ་འཛིན་བསྒོམས་པ་ཀུན་ཏུ་བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་ཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་ཞེས་སོགས་དང་། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་སོས་ཀའི་ཟླ་བ་ཐ་མ་ལ་ནམ་མཁའ་ལ་སྤྲིན་མེད་ཅིང་། སྤྲིན་དང་བྲལ་བའི་ཉིན་མོ་ཉི་མའི་གཟུགས་ལ་སྣང་བ་ཡོངས་སུ་དག་ཅིང་ཡོངས་སུ་དཀར་ལ་འོད་གསལ་ཏེ་མུན་པ་མ་ཡིན་ནོ། །དགེ་སློང་དག་དེ་བཞིན་དུ། དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས། ལེགས་པར་རྟོགས་པར་བྱས་ཏེ། ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས། དེ་སྣང་བ་དེ་སེམས་ལ་སྒོམ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་ཡང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཇི་ལྟ་བར་སྟེང་ཡང་དེ་བཞིན་སྟེང་དུ་ཇི་ལྟ་བར་འོག་ཏུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས་སྣང་བ་དེ་སེམས་ལ་བསྒོམས་པ་སྟེ། འདི་ནི་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན་ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཐུབ་དབང་རྗེས་སུ་དྲན་པའི་ཆོ་ག་བཞིན་དུས་དང་རྒྱུན་དུ་ཅི་ནུས་སུ་བརྩོན་པར་བྱས་ལ། དགེ་བའི་རྩ་བ་རྣམས་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་བསམ་པ་ཐག་པས་བསྔོ་བར་བྱའོ། །དེ་ལྟར་བརྩོན་པ་ན་ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་སྤྲོས་བྲལ་གྱི་ཚུལ་ལ་མཉམ་པར་བཞག་པས་ཞི་ལྷག་གྲུབ་པ་རྣམས་ཀྱིས་སངས་རྒྱས་མཐོང་ཞིང་ཆོས་ཐོས་པ་སོགས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་ལ། རྗེས་མཐུན་ཙམ་དུ་ཞུགས་པ་རྣམས་ལ་ཡང་བྱིན་རླབས་དང་དངོས་གྲུབ་ཅི་རིགས་པ་འབྱུང་ཞིང་། རྨི་ལམ་དུ་ཡང་དེ་བཞིན་གཤེགས་པ་མཐོང་བ་སོགས་ཀྱི་མཚན་མ་བཟང་པོ་འབྱུང་བར་འགྱུར་ཏེ། གཞན་ཡང་རྨི་ལམ་གྱི་མཚན་མ་བཟང་ངན་འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་དཔལ་བཟང་ལྡན་ལ་གསུངས་པ་འདི་ལྟ་སྟེ། སྒྲིབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། ཁྲོན་པ་རྡུལ་ཅན་གྱི་ནང་ན་ཟླ་དཀྱིལ་མཐོང་བ་དང་། མཚེའི་རྫིང་ཁྲོན་པ་རྙོག་པ་ཅན་གྱི་གཏིང་ན་ཟླ་དཀྱིལ་མཐོང་བ་དང་། བར་སྣང་སྤྲིན་ཆེན་པོས་ཡོག་ཅིང་དེ་ལ་ཟླ་དཀྱིལ་མཐོང་བ་དང་། བར་སྣང་ལ་རླུང་རྡུལ་དུ་བས་འཁྲིགས་པར་མཐོང་ཞིང་དེ་ལ་ཟླ་དཀྱིལ་མཐོང་བ་བཞིའོ། །ཡང་ལས་ཀྱི་སྒྲིབ་པའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། གཡང་ས་ཆེན་པོ་ནས་གཡང་ལ་ལྷུང་བ་དང་། ལམ་མཐོ་དམན་ཅན་དུ་ཞུགས་པ་དང་། ལམ་དོག་པར་ཞུགས་པ་དང་། ཕྱོགས་བསླད་ཅིང་འཇིགས་པ་མང་པོ་མཐོང་བ་བཞིའོ། །ཉོན་མོངས་པའི་སྒྲིབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི་དུག་དྲག་པོས་འཁྲུགས་པ་དང་། གཅན་གཟན་གཏུམ་པོ་ཕལ་མོ་ཆེའི་སྒྲ་ཐོས་པ་དང་། རང་previous hit གཡོན་ཅན་གྱི་ནང་ན་གནས་པ་དང་། རང་ལུས་དྲི་མ་ཅན་དང་གོས་དྲི་མ་ཅན་དུ ་མཐོང་བ་བཞིའོ། །གཟུངས་འཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། གཏེར་ཆེན་པོར་རིན་ཆེན་སྣ་ཚོགས་ཀྱིས་གང་བ་མཐོང་བ་དང་། རྫིང་བུ་མེ་ཏོག་པདྨ་རྒྱས་པས་ཡོངས་སུ་གང་བ་མཐོང་བ་དང་། བདག་གོས་དཀར་པོའི་ཕྲུགས་རྙེད་པར་མཐོང་བ་དང་། ལྷ་ཞིག་གིས་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་བཞིའོ། །ཏིང་ངེ་འཛིན་ཐོབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་སྟེ། བུ་མོ་བཟང་མོ་རྒྱན་བཟང་པོས་བརྒྱན་པས་མེ་ཏོག་སིལ་མ་འབུལ་བར་མཐོང་བ་དང་། ནམ་མཁའ་ལ་བྱ་ངང་པ་དཀར་པོ་ཐལ་དཀར་གྱི་ཁྱུ་སྐད་འབྱིན་ཅིང་འགྲོ་བར་མཐོང་བ་དང་། དེ་བཞིན་གཤེགས་པ་འོད་མང་པོས་བརྒྱན་པའི་ཕྱག་སྤྱི་བོར་འཇོག་པ་མཐོང་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་པདྨ་ལ་བཞུགས་ཤིང་བསམ་གཏན་མཛད་པར་མཐོང་བ་བཞིའོ། །དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། ཟླ་བའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། ཉི་མའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། མེ་ཏོག་པདྨ་ཁ་འབུས་པར་མཐོང་བ་དང་། ཚངས་པའི་དབང་པོ་རབ་ཏུ་ཞི་བའི་སྤྱོད་ལམ་ཅན་མཐོང་བ་དང་བཞིའོ། །བྱང་ཆུབ་སེམས་དཔའི་རང་གི་མཚན་ཉིད་ཀྱི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། ཤིང་སཱ་ལ་ཆེན་པོ་འདབ་མ་མེ་ཏོག་འབྲས་བུ་སྣ་ཚོགས་ཀྱིས་གང་བར་མཐོང་བ་དང་། ཁར་བའི་སྣོད་གསེར་གྱིས་གང་བར་མཐོང་བ་དང་། ནམ་མཁའི་ངོས་གདུགས་དང་རྒྱལ་མཚན་བ་དན་གྱིས་གང་བར་མཐོང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་མཐོང་བ་དང་བཞིའོ། །བདུད་འདུལ་བའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། གྱད་ཆེན་པོས་གྱད་ཀུན་མནན་ནས་བ་དན་ཐོགས་ཏེ་འགྲོ་བ་མཐོང་བ་དང་། དཔའ་བོ་ཆེན་པོས་གཡུལ་ལས་རྒྱལ་ཏེ་འགྲོ་བར་མཐོང་བ་དང་། རྒྱལ་པོར་དབང་བསྐུར་བར་མཐོང་བ་དང་། བདག་ཉིད་བྱང་ཆུབ་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བ་དང་བཞིའོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། མགོ་ལ་ཐོད་དཀར་པོས་བཅིངས་པ་དང་། བདག་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་དང་། བདག་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་ཆོས་སྟོན་པར་མཐོང་བ་དང་བཞིའོ། །བྱང་ཆུབ་སྙིང་པོ་འཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། བུམ་པ་མཐོང་བ་དང་། བྱ་རྩ་ཤས་བསྐོར་བ་མཐོང་བ་དང་། གང་དང་གང་དུ་འགྲོ་བ་དེར་ཤིང་ཐམས་ཅད་ལྡང་ཞིང་འདུད་ལ་ཕྱག་འཚལ་བར་བྱེད་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཆེན་པོ་མཐོང་བ་དང་བཞིའོ་ཞེས་གསུངས་པས་མཚོན་ནས་རྨི་ལམ་གྱི་མཚན་མའི་བཟང་ངན་ཀྱང་ཤེས་པར་བྱས་ནས་སྐྱོན་བསལ་བ་དང་ཡོན་ཏན་སྒྲུབ་པའི་ཐབས་ལ་བསྟེན་པར་བྱའོ། །ཆོས་ཀྱི་རྒྱལ་མོ་ལས། འགྱོད་ཚངས་དག་པའི་རྟགས། སངས་རྒྱས་བྱོན་ནས་རང་གི་སྤྱིར་བོར་བྱུག་སྟེ་འོད་འགྱེད་པ་མཐོང་བ་དང་། མེ་ཏོག་མཐོང་བ་སོགས་གསུངས་པ་དང་། མདོ་གཞན་ན་རྨི་ལམ་དུ་མེ་ཏོག་པདྨ་མཐོང་ན་དོན་གྲུབ་པར་ཡང་གསུངས། ཐར་མདོ་ལས། སྡིག་པ་བྱང་བའི་རྨི་ལྟས་ནི་ཆུ་ཀླུང་ཆེན་པོ་བརྒལ་འདོད་པས་ཟམ་པའི་སྟེང་ནས་སོང་བ། གཞན་གྱིས་བདག་ལ་ཁྲུས་བྱས་པ། ལུས་ལ་ཆར་བབས་པ་རྣམས་རྣམ་པར་དག་པའི་ལྟས་དང་། དགེ་འདུན་མང་པོའི་གྲལ་དུ་ཞུགས་ཏེ་འདུག་པ། བདག་མཆོད་རྟེན་ནམ་གཙུག་ལག་ཁང་དུ་ཞུགས་ཏེ་སངས་རྒྱས་བྱང་སེམས་ཀྱི་གཟུགས་རྙན་མཐོང་བ་རྣམས་སངས་རྒྱས་དང་ཆོས་ཀྱི་རྗེས་སུ་ཞུགས་པའི་མཚན་མ་དང་། རང་གིས་ཤིང་ཐོག་རྙེད་ཅིང་ཟ་བ་རྨིས་ན་ཚེ་འདིར་ཡོན་ཏན་གྱི་འབྲས་བུ་འགྲུབ་པར་མངོན་ནོ་ཞེས་དང་། རྨི་ལམ་དེ་འདྲ་གཅིག་རྨིས་ནས་མཚམས་མེད་གཅིག་བྱང་བ་ནས། ལྔ་རྨིས་ན་མཚམས་མེད་ལྔ་བྱང་བར་གསུངས་པ་དང་། གཞན་ཡང་དཀོན་མཆོག་བརྩེགས་པའི་རྨི་ལམ་གྱི་ལེའུ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །ནམ་འཆི་བའི་ཚེ་ན་མདོ་ལས་གསུངས་པའི་འདུ་ཤེས་བཅུ་གཅིག་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆི་བའི་ཉམས་ལེན་སྣ་ཚོགས་ཀྱང་གནད་ཀྱི་དོན་འཕགས་པ་འདའ་ཀ་ཡེ་ཤེས་ལས་གསུངས་པ་དེར་འདུ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་ཚེ་འདའ་ཀ་ཡེ་ཤེས་བསྒོམ་པར་བྱ་བ་ནི། གང་དུ་བདག་འཆིའོ་སྙམ་དུ་སེམས་པ་ན། བླ་མ་ཐུབ་པའི་དབང་པོ་སྤྱི་བོའི་གཙུག་ཏུ་བསྒོམས་ནས་དད་པ་དྲག་པོ་བསྐྱེད་པར་བྱས་ལ། དེ་ནས་དེས་འདི་ལྟར་བསམ་པར་བྱ་སྟེ། ང་གཅིག་པུར་མ་ཟད་སེམས་ཅན་ཐམས་ཅད་འཆི་བའི་ཆོས་ཉིད་ལས་མ་འདས་པ་ཡིན་ཞིང་། འཁོར་བ་འདིར་བདག་དང་གཞན་རྣམས་སྐྱེ་འཆི་གྲངས་མེད་པ་ཡང་ནས་ཡང་དུ་མྱོང་བར་གྱུར་ཀྱང་འཆི་བའི་སྡུག་བསྔལ་མྱོང་བ་འབའ་ཞིག་ལམ་དོན་གཞན་མེད་པར་གྱུར་ལ། ད་རེས་ཀྱི་འཆི་བ་འདི་ལ་དོན་ཡོད་པར་བྱའོ་སྙམ་དུ་བསམས་ནས། འདི་ལྟར་ཕྱི་དང་ནང་གིས་བསྡུས་པའི་འདུས་བྱས་ཀྱི་ཆོས་སྔོན་དང་ད་ལྟ་དང་ཕྱིས་འབྱུང་བ་ཐམས་ཅད་ནི་སྐད་ཅིག་ཀྱང་མི་རྟག་པར་སྐྱེ་ཞིང་འགག་པའི་ཆོས་ཅན་མ་ཡིན་པ་མེད་ལ། འདུས་བྱས་རྣམས་ནི། ཡུན་ཐུང་ངུས་རྒྱུན་འགགས་པ་ཆུ་བུར་དང་གློག་ལ་སོགས་པ་ལྟ་བུ་ཡང་ཡོད། རིང་མོ་ན་རྒྱུན་འགགས་པ་འཇིག་རྟེན་གྱི་ཁམས་ལྟ་བུ་ཡང་ཡོད་མོད་ཀྱི། ཡུན་རིང་ཡང་རུང་ཐུང་ཡང་རུང་འདུས་བྱས་ཐམས་ཅད་མཐར་འགགས་པར་མི་འགྱུར་བ་ནི་ཡོད་པ་མ་ཡིན་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་འཇིག་ལ། དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་འདའ་བའི་ཚུལ་བསྟན་ན་བདག་ལྟ་བུ་ལྟ་ཅི་སྨོས་ཏེ། དེས་ན་དེ་བཞིན་གཤེགས་པས་འདི་སྐད་དུ་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་བཀའ་སྩལ་ཀྱང་། འདུས་བྱས་ཀྱི་རང་བཞིན་འདི་ལྟ་བུ་མ་ཤེས་པས་འབྲལ་བ་དང་འཆི་བ་ལ་མི་དགའ་ཞིང་། འདུས་པ་དང་སྐྱེ་བ་ལ་དགའ་བའི་སེམས་ཅན་རྣམས་འཁོར་བར་ཆགས་ཤིང་ཡང་ནས་ཡང་དུ་འཁོར་བ་ཡིན་ན་ཡང་། བདག་གིས་ནི་ད་རེས་ཀྱི་འཆི་བ་རང་ཐོག་ཏུ་བབ་པ་འདིས་དགེ་བའི་བཤེས་གཉེན་བྱས་ནས་འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དུ་སྙིང་ཐག་པ་ནས་ཤེས་པར་བྱའོ། །ཐག་ཆོད་པར་བྱའོ། །འཆི་ཁར་ནན་ཏུ་བསམས་པ་འདི་བཞིན་བྱང་ཆུབ་སྙིང་པོའི་བར་གྱི་ཚེ་རབས་ཐམས་ཅད་དུ་ཡང་འདུས་བྱས་ཐམས་ཅད་མི་རྟག་པར་མཐོང་ནས་འདུས་བྱས་ཀྱི་སྤྱོད་ཡུལ་ལ་མི་ཆགས་པར་གྱུར་ཅིག །དེ་ལྟར་འགྱུར་བར་བླ་མ་ཐུབ་པའི་དབང་པོ་དང་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་བསམས་ལ། དེ་ནས་ཇི་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་སྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མ་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་པ་ལྟར་དང་པོར་རང་འཆི་བས་མཚོན་ནས་ནམ་མཁའི་མཐའ་ཀླས་པ་ན། འདི་ལྟར་འདུས་བྱས་མི་རྟག་པ་ལ་རྟག་པ་དང་འཁོར་བ་སྡུག་བསྔལ་བ་ལ་བདེ་བར་བཟུང་ནས་འཁོར་བ་ན་འཆི་འཕོ་ཞིང་སྡུག་བསྔལ་སྣ་ཚོགས་མཐའ་མེད་པར་མྱོང་བའི་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ་ཞིང་། དེ་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བསྒྲལ་ནས་བླ་མེད་རྫོགས་པའི་བྱང་ཆུབ་ལ་འཇོག་པའི་སླད་དུ་བདག་འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་སྒྲོལ་བར་གྱུར་ཅིག་སྙམ་དུ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྙིང་རྗེའི་འདུ་ཤེས་བསྒོམ་པར་བྱའོ། །དེ་བཞིན་དུ་འཆི་བ་འདིས་མཚོན་པའི་ཆོས་ཐམས་ཅད་ནི་བརྟགས་ན་དབེན་པའི་རང་བཞིན་ཡིན་ཀྱང་རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཙམ་གྱི་དབང་གིས་བདེ་སྡུག་དང་ཕན་གནོད་བྱེད་པ་སྟེ། ཡང་དག་པར་ན་འཆི་བ་དང་སྡུག་བསྔལ་བ་ཞེས་བྱ་བ་གང་ཡང་མེད་དོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་སྙམ་དུ་ཐག་བཅད་ཅིང་བསམ་པར་བྱའོ། །དེ་བཞིན་དུ་འཆི་བ་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ལ་ངོ་བོ་ཅི་ཡང་མ་གྲུབ་ཀྱང་། རྣམ་པ་ཅིར་ཡང་མ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུ། བརྟགས་ན་ཡོད་མེད་ཀྱི་མཐའ་གང་དུའང་བརྗོད་དུ་མེད་པ། རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བ་ཡིན་པས་དངོས་པོ་དང་མི་དམིགས་པ་ཅི་ལ་ཡང་མི་གནས་པའི་རང་གི་སེམས་གདོད་ནས་འོད་གསལ་བ་ད་ལྟ་ཐད་ཀའི་ཤེས་པ་དེའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པས་ན་སྟོན་པ་ཐུབ་པའི་དབང་པོའི་ཐུགས་དང་རང་གི་སེམས་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་ངང་དུ་ཐ་དད་མེད་པར་ཐག་བཅད་དེ། དེ་ལས་མ་ཡེངས་པར་བྱས་ལ། དེར་གདིང་དང་ལྡན་ཅིང་ངེས་ཤེས་སྐྱེས་པ་ན། རང་གི་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཡིན་ཞིང་། དེ་ལས་གཞན་དུ་སངས་རྒྱས་ཞེས་བྱ་བ་ཅི་ཡང་མེད་དེ། དེ་ལྟ་བུའི་དོན་ལ་འཆི་བ་དང་སྐྱེ་བ་མེད་མོད། འཆི་བ་སོགས་ནི་རྣམ་རྟོག་ཙམ་ཡིན་ལ། རྣམ་རྟོག་དང་བྲལ་བའི་སེམས་ཉིད་གཉུག་མའི་དོན་ལ་སྐྱེ་འཆི་གང་ཡང་མ་གྲུབ་པ་དེའི་ངང་དུ་མཉམ་པར་བཞག་སྟེ་འཕོས་པར་གྱུར་ན། བར་དོའི་འཁྲུལ་སྣང་སོགས་མི་འབྱུང་བར་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ལྟ་བུའི་གདིང་ཚད་མེད་ན། འཆི་ཁ་དང་བར་དོ་ཀུན་ཏུ་བླ་མ་ཐུབ་པའི་དབང་པོ་དྲན་པ་འབའ་ཞིག་མ་བརྗེད་ན་དེ་ཁོ་ནས་དག་པའི་ཞིང་དུ་དབུགས་འབྱིན་པར་འགྱུར་རོ། །གཞན་ཡང་ཚེ་འདིར་འཇིགས་པ་དང་སྡུག་བསྔལ་ཅི་བྱུང་ཡང་སངས་རྒྱས་རྗེས་སུ་དྲན་པར་བྱས་ན་རྒུད་པ་དེ་ལས་ངེས་པར་ཐར་བར་འགྱུར་ལ། བདེ་བ་དང་ལེགས་པ་ཅི་བྱུང་ཡང་སངས་རྒྱས་ཀྱི་ཐུགས་རྗེར་ཤེས་ཤིང་བདེ་བའི་དངོས་པོ་དེ་དག་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུར་དམིགས་ཏེ་སངས་རྒྱས་ལ་ཕུལ་བར་བྱ། རྟག་པར་ཡང་སྟོན་པའི་བཀའ་ལས་བྱུང་བའི་རྣམ་ཐར་གསུམ་དང་། ཕར་ཕྱིན་དྲུག་སོགས་ཀྱི་དོན་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཅི་ནུས་སུ་བསླབ་པར་བྱའོ། །དེ་ལྟར་སྟོན་པ་རྗེས་སུ་དྲན་པ་འདི་ནི་ཤིན་ཏུ་གལ་ཆེ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ཡིན་ཞིང་ཕན་ཡོན་ཚད་མེད་ལ། ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེད་པ་ཡིན་ནོ། །དེང་སང་ནི་གྲུབ་མཐའ་སོ་སོའི་ལུགས་ཀྱི་འདོན་སྒོམ་གཙོ་བོར་བཟུང་ནས། སྟོན་པ་ཐུབ་པའི་དབང་པོ་ལ་ཆེར་ཆེར་འཛིན་པ་ཉུང་ན་ཡང་། བསྟན་པ་འདི་ལ་ཞུགས་པ་དག་སྟོན་པ་ལ་མཆོག་ཏུ་དད་པའི་འདུ་ཤེས་མེད་པ་རྣམས་ནི་བློ་གྲོས་ཅན་དུ་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སྟོན་པ་འདི་ཉིད་ཀྱིས་ཞིང་དང་དུས་འདིར་བདག་ཅག་སྙིགས་མའི་འགྲོ་བ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བསྟན་པའི་ཐུགས་རྗེ་དེ་ཁོ་ན་ལ་བརྟེན་ནས། བསྟན་པ་འདི་ལ་སྡེ་སྣོད་གསུམ་དང་། དེ་ཙམ་དུ་མ་ཟད་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ནུས་པའི་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟེན་པའི་བར་དུ་བྱུང་བ་ཡིན་ལ། མདོ་སྔགས་ཀྱི་བསྟན་པ་དེ་ལ་ཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་སྐྱེ་འཕགས་ཀྱི་དགེ་འདུན་ཀྱང་ཇི་སྙེད་ཅིག་བྱུང་བར་གྱུར་པ་ཡིན་ནོ། །གལ་ཏེ་སྟོན་པ་ཉིད་ཀྱིས་ཞིང་དང་དུས་འདིར་བསྟན་པའི་སྣང་བ་འགྱེད་པར་མ་མཛད་ན། བདག་ཅག་རྣམས་ཀྱིས་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་ཐོས་ན། མདོ་སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལྟ་ཅི་སྨོས། དེས་ན་གསར་རྙིང་སོ་སོའི་ལུགས་ཀྱི་ཉམས་ལེན་གང་བྱེད་ཀྱང་སྟོན་པ་ཉིད་ལ་ལྷག་པར་ཆེད་ཆེར་དུ་འཛིན་པའི་དད་པ་དྲག་པོ་ནམ་ཡང་མེད་དུ་མི་རུང་བས་སྟོན་པ་ལ་ལྷག་པར་གུས་ཤིང་དེའི་རྣལ་འབྱོར་ལ་བརྩོན་པར་བྱ་དགོས་སོ། །གལ་ཏེ་གཞན་དག་འདི་སྙམ་དུ་སྟོན་པ་ཐུབ་པའི་དབང་པོ་མིན་ཀྱང་སངས་རྒྱས་ཆགས་བྲལ་རབ་བྱུང་གི་རྣམ་པ་ཅན་དང་། ཡི་དམ་ཁྲོ་བོ་དང་ཞི་བའི་རྣམ་པ་ཅན་སོགས་གང་ལ་གུས་ཀྱང་ཁྱད་ཅི་ཡོད་སྙམ་ན། ངོ་བོ་ལ་ཁྱད་མེད་དེ། སངས་རྒྱས་ཐམས་ཅད་ཡེ་ཤེས་ཀྱི་སྐུ་མཉམ་པ་ཉིད་ཡིན་ཞིང་སྤངས་རྟོགས་ལ་མཐོ་དམན་ཀྱང་མེད་མོད། རྣམ་པ་ཙམ་དུ་ཐ་སྙད་ཉེ་བར་བཟུང་བའི་དབང་དུ་བྱས་ན། སྟོན་པ་ཉིད་ཀྱི་ཐུགས་རྗེ་ལ་བརྟེན་ནས། གྲུབ་མཐའ་སོ་སོའི་ཡི་དམ་གྱི་ལྷ་ཞི་ཆགས་ཁྲོ་བོའི་ཚུལ་ཅན་རྣམས་ཀྱི་བསྐྱེད་བཟླས་དང་ལམ་སྒོམ་པ་བྱུང་བས་ན། འཛམ་བུའི་གླིང་གི་ཆུ་ཐམས་ཅད་ཀྱི་འབྱུང་གནས་མ་དྲོས་པ་ཡིན་པ་བཞིན་དུ། མདོ་སྔགས་ལམ་གྱི་ཉམས་ལེན་ཆེ་ཕྲ་བསྟན་པ་འདི་ལ་བྱུང་བ་ཐམས་ཅད་སྟོན་པ་འདིའི་ཐུགས་རྗེར་ངེས་པའི་ཕྱིར། ཇི་ལྟར་རང་གི་རྩ་བའི་བླ་མ་ལ་གསོལ་བ་བཏབ་ན། བླ་མ་གཞན་ལས་བྱིན་རླབས་ལྷག་པར་འཇུག་པ་བཞིན་དུ། འབྲེལ་བའི་དབང་གིས་སངས་རྒྱས་གཞན་ལ་གསོལ་བ་བཏབ་པ་ལས་ཀྱང་སྟོན་པ་ཐུབ་པའི་དབང་པོ་ལ་གསོལ་བ་འདེབས་པ་བྱིན་རླབས་མྱུར་བ་ཡིན་ནོ། །འོ་ན་ཐུབ་པའི་དབང་པོ་འབའ་ཞིག་མ་གཏོགས་གཞན་ལ་དེ་ཙམ་གསོལ་བ་འདེབས་པ་འགོག་གམ་ཞེ་ན། དེ་མ་ཡིན་ཏེ། རང་གི་ཡི་དམ་གང་ལ་གསོལ་བ་འདེབས་ཀྱང་། དེ་སྟོན་པ་ཐུབ་པའི་དབང་པོ་དང་དོན་ལ་ཐ་དད་མེད་དེ་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཉིད་དུ་མཉམ་པར་གསུངས་པ་བཞིན་དུ་ཤེས་པ་དང་། སྟོན་པ་མཆོག་དེ་སྐུའི་རྣམ་འགྱུར་ཐ་དད་པ་ཡི་དམ་གྱི་ལྷ་འདི་དང་འདི་ལྟ་བུར་བསྟན་ནས། བདག་ཅག་སྙིགས་མའི་འགྲོ་བ་རྣམས་ཀྱི་སྐྱབས་དང་དཔུང་གཉེན་དུ་བསྟན་པ་ཡིན་ནོ་སྙམ་དུ་ཤེས་དགོས་ཀྱི། སྟོན་པ་དང་རང་གི་ཡི་དམ་དོན་ལ་ཐ་དད་དུ་བྱེད་ཅིང་སྟོན་པ་བོར་ནས་ཡི་དམ་གཞན་འཛིན་པའི་འདུ་ཤེས་སུ་གྱུར་ན་དངོས་གྲུབ་འབྱུང་བར་དཀའོ། །དེ་བཞིན་དུ་གསང་སྔགས་བླ་མེད་ཀྱི་ལུགས་ལ་རང་གི་རྡོ་རྗེའི་སློབ་དཔོན་དུ་གྱུར་པའི་བླ་མ་དེ་ནི། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པ། རྣམ་པ་དུས་གསུམ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་སྟེ། བླ་མ་དེ་མེད་ན་དུས་གསུམ་སངས་རྒྱས་བཞུགས་སུ་ཟིན་ཀྱང་རང་ལ་བྱིན་རླབས་དང་དངོས་གྲུབ་མི་འབྱུང་བ་དེའི་ཕྱིར་བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་ན་ཡང་དུས་གསུམ་སངས་རྒྱས་མཆོད་པ་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ལ། བླ་མར་མཉེས་པ་སྒྲུབ་པ་ཁོ་ནས་དུས་གསུམ་སངས་རྒྱས་མཉེས་ཤིང་བྱིན་རླབས་འཇུག་པར་རྡོ་རྗེའི་རྒྱུད་ཀྱི་ལུང་རྣམས་ལས་རྒྱ་ཆེར་བསྔགས་པའི་ཕྱིར་ན་བླ་མ་ནི་དཀོན་མཆོག་ཀུན་འདུས་སམ། དཀོན་མཆོག་བཞི་པར་ཡང་གྲགས་ཏེ། དེས་ན་དུས་གསུམ་སངས་རྒྱས་ལས། བླ་མ་གཉན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བླ་མའི་རྣལ་འབྱོར་སོགས་ལས་ལྷག་པ་གཞན་ཅི་ཡོད་སྙམ་ན། དེ་ནི་དེ་ལྟར་ཤིན་ཏུ་ཡིན་ཏེ། གསང་སྔགས་ཀྱི་ལུགས་ལ་ལམ་ཟབ་བླ་མའི་རྣལ་འབྱོར་ལས་ལྷག་པའི་ཆོས་གཞན་བྱིན་རླབས་འཇུག་པའི་སྒོར་གྱུར་པ་བསྒོམ་དུ་མེད་ཀྱང་། རང་གི་གསང་སྔགས་སྟོན་པའི་བླ་མ་དེ་ཡང་སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་འཕྲུལ་པ་ཉིད་ཀྱང་ཡིན་ཏེ། མདོ་སྡེ་མྱང་འདས་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་དུ་འགྱུར། །ཞེས་གསུངས་པ་ལྟར་དང་། སྟོན་པ་ཐུབ་པའི་དབང་པོའི་ཐུགས་རྗེས་རྗེས་སུ་བསྟན་པའི་མདོ་སྔགས་ཀྱི་ལམ་ཉམས་སུ་བླངས་པས་བླ་མ་དེ་རྣམས་ཐུབ་པའི་གསུངས་ལས་སྐྱེས་པའི་སྲས་ཀྱང་ཡིན་ལ། ཉམས་རྟོགས་དང་ལྡན་པའི་བླ་མ་དེ་སྟོན་པའི་ཐུགས་རྒྱུད་ཀྱི་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་བྱིན་རླབས་འཕོས་པའི་ཐུགས་ཀྱི་སྲས་ཀྱང་ཡིན་ལ། དེའི་ཕྱིར་ན་བླ་མའི་རྣལ་འབྱོར་གང་བསྒོམས་ཀྱང་དེ་ཡང་སྟོན་པ་ཐུབ་པའི་དབང་པོ་དང་ཐ་མི་དད་དུ་ཤེས་དགོས་པ། དེར་མ་ཟད་བླ་མ་དང་ཡི་དམ་ཅི་བསྒོམས་ཀྱང་། དེ་གཉིས་ཐ་དད་མེད་པ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཡང་ཐ་དད་མེད་པར་ཤེས་དགོས་ཀྱི། སངས་རྒྱས་ལ་མཆོག་དམན་དང་བླང་དོར་གྱི་འདུ་ཤེས་ཅན་ལ་དངོས་གྲུབ་མི་འབྱུང་ངོ་། །གོང་དུ་སྟོན་པའི་བཀའ་དྲིན་ཤེས་ཤིང་དེ་ལ་མཆོག་ཏུ་གུས་པ་དང་། དེ་དང་ཐ་མི་དད་པར་རྟོགས་ནས་བླ་མ་དང་ཡི་དམ་གང་ཡང་རུང་བའི་དམིགས་བཟླས་ཀྱི་རྣལ་འབྱོར་ལ་ཞུགས་ཀྱང་དངོས་གྲུབ་རྒྱ་ཆེན་པོ་འགྲུབ་པར་ངེས་སོ། །དེས་ན་ཐུབ་པའི་དབང་པོ་རྗེས་སུ་དྲན་པའི་ཆོག་ལ་བརྟེན་ནས་དམིགས་བཟླས་བྱེད་པ་དེའི་ཚེ་ན། སོ་སོར་རང་རང་ལ་མདོ་སྔགས་ཀྱི་ཆོས་སྟོན་པའི་བླ་མ་དམ་པ་དེ་དག་དང་། དེར་མ་ཟད་དུས་གསུམ་གྱི་དཀོན་མཆོག་གསུམ་པོ་ཐམས་ཅད་ཀྱང་དེ་ལ་དོན་དུ་འདུས་པར་ཤེས་པའི་མོས་པ་དེ་ལྟ་བུས་དམིགས་བཟླས་བྱེད་དགོས་པ་ཡིན་ནོ། །འོན་ཀྱང་འདིར་ནི་མདོ་ཆོག་གི་ཚུལ་དུ་སངས་རྒྱས་རྗེས་སུ་དྲན་པ་ཙམ་གཙོ་བོར་བྱས་པ་ཡིན་མོད་ཀྱི། བླ་མ་དང་དབྱེར་མེད་དུ་སྒོམ་མི་རུང་བ་ཡང་མ་ཡིན་ལ། ཅིས་ཀྱང་བསྒོམ་དགོས་པའི་ངེས་པ་ཡང་མེད་དོ་སངས་རྒྱས་རྗེས་སུ་དྲན་པ་དེ་ཁོ་ནས་ཀྱང་དོན་གྲུབ་པའི་ཕྱིར་རོ། །མཚན་གྱི་སྐབས་སུ་བླ་མ་སྟོན་པ་ཞེས་སྦྱར་བ་ནི། འཇིག་རྟེན་གསུམ་གྱི་བླ་མ་ཡིན་པས་སངས་རྒྱས་ཀྱི་མཚན་དུའང་རུང་ལ། རང་ཉིད་གང་ལ་དད་པའི་བླ་མ་དེ་དང་དབྱེར་མེད་ཡིན་པ་མཚོན་པའི་དོན་དུ་གོ་ན་ཡང་རུང་ངོ་། །འོན་ཀྱང་གསང་སྔགས་བླ་མེད་ཀྱི་ལུགས་ཀྱི་རྩ་བའི་བླ་མ་ཉིད་ཐུབ་པའི་དབང་པོའི་རྣམ་པར་སྒོམ་པའི་བླ་མའི་རྣལ་འབྱོར་གྱི་ཚུལ་འདོན་པ་ན་ཡང་དེ་ལྟར་བྱ་སྟེ། བླ་མ་ཉིད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་ཡིན་པས་དེ་སངས་རྒྱས་གང་དང་ཅི་ལྟ་བུའི་རྣམ་པར་བསྒོམས་ཀྱང་འགལ་བ་མེད་ལ། སོ་སོའི་མོས་པ་དེ་བཞིན་དུ་བྱིན་རླབས་ཀྱང་དེ་ལྟར་འབྱུང་བ་ཆོས་ཉིད་དོ། །འདིར་སྨྲས་པ། བདག་ནི་འཆིང་བ་ཀུན་དང་ལྡན་པ་ཡི། །སོ་སོའི་སྐྱེ་བོའི་ནང་ནས་ཐ་ཆད་ཀྱང་། །བདག་གིས་ལེགས་པར་བཤད་པ་འདི་དག་རྣམས། །བདེ་བར་གཤེགས་པའི་གསུང་ལ་བརྟེན་པ་དང་། །ཤཱཀྱའི་རྒྱལ་པོའི་མཚན་ཙམ་ཐོས་པ་རྣམས། །བྱང་ཆུབ་དག་ལས་ཕྱིར་མི་ལྡོག་ཅེས་སུ། །བདེན་པར་སྨྲ་བའི་གསུང་གིས་བསྔགས་པས་ན། །འདི་ལ་འཇུག་རྣམས་ཨེ་མ་སྐལ་པ་བཟང་། །བསོད་ནམས་ཆེན་པོ་བསམ་གྱིས་མི་ཁྱབ་པའི། །འབྱུང་གནས་ཆོ་གའི་ཁྱད་པར་གང་ཞིག་ལ། །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་ཡི། །ཕྲིན་ལས་ཉིད་དུ་བློ་ལྡན་རྣམས་ཀྱིས་འཚལ། །ལྷག་བསམ་དག་པས་འདི་བཤད་དགེ་བ་ཡིས། །མཐའ་ཡས་འགྲོ་བ་ཀུན་ཀྱང་ཡང་དག་པར། །ཐེག་པ་ཆེ་པོའི་ལམ་ལ་ཞུགས་ནས་ཀྱང་། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཐོབ་པར་ཤོག །གནས་སྐབས་སུ་ཡང་འཇིག་རྟེན་ཁམས་ཀུན་ཏུ། །འཇིགས་དང་རྒུད་པ་མ་ལུས་རབ་ཞི་ནས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་ཐུབ་ཆོག་གི་རྒྱབ་ཆོས་སུ། །མི་ཕམ་འཇམ་དབྱངས་རྒྱ་མཚོས་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག ༈ །ༀ་སྭཱ་སྟི། ཀུན་ཁྱབ་སྤྲོས་བྲལ་རང་བྱུང་དེ་བཞིན་ཉིད། །གང་དང་གཉིས་མེད་ཡེ་ཤེས་འདུས་མ་བྱས། །མངོན་གྱུར་སྐུ་བཞི་ལྷུན་གྱིས་གྲུབ་པའི་བདག །མཁྱེན་བརྩེས་དོན་གཉིས་མཐར་ཕྱིན་སྟོན་པར་འདུད། ༡ །ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ནི། །དག་གསལ་སྒྲིབ་གཉིས་སྤང་བའི་གཉེན་པོ་ཆེ། །ཆགས་བྲལ་བརྟགས་འགོག་བསམ་བློ་གཉིས་འཛིན་བྲལ། །ལུང་རྟོགས་དགེ་བ་གསུམ་ལྡན་ཆོས་ལ་དད ། ༢ །ཡུལ་ཀུན་བདེན་པར་མ་གྲུབ་ཆོས་ཉིད་རིག །ཐ་སྙད་ས་ལམ་རྣམ་བཞག་ཇི་སྙེད་ཤེས། །ཕྲ་རག་ཉོན་ཤེས་དམན་པའི་འཆིང་བ་ལས། །རྣམ་གྲོལ་ཐེག་ཆེན་དགེ་འདུན་ཚོགས་ལ་གུས། ༣ །སྙིགས་དུས་རྒུད་པའི་ཤེ་མུན་མཐར་བྱེད་པའི། །བདག་ཅག་སྟོན་པའི་ཐུགས་བསྐྱེད་རབ་དཀར་ཟླ། །བསྐལ་བཟང་རྣམ་འདྲེན་རྒྱུ་སྐར་སྟོང་ཕྲག་ལས། །དམ་བཅའི་འཇུག་པ་ཉིད་ཀྱི་ཁྱད་པར་འཕགས། ༤ །དེ་བཞིན་གཤེགས་འདི་སྔོན་དུས་སློབ་ལམ་དུ། །ཆོས་སྤྱན་རྡུལ་བྲལ་བརྙེས་པའི་ས་ནས་བཟུང་། །རང་དོན་མ་ཡིན་གཞན་དོན་ལ་དགྱེས་ཕྱིར། །དཔག་ཡས་རྣམ་ཐར་གཏམ་འདི་ངོ་མཚར་ཆེ། ༥ །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ནི། །མི་ཟད་རྒྱན་གྱི་འཁོར་ལོ་གཞལ་མེད་ཀྱང་། །དེ་སྲས་བྱང་ཆུབ་སེམས་དཔའི་ཚུལ་འཛིན་དུས། །སྲིད་པའི་སྡུག་བསྔལ་རེ་ཡང་གཞོམ་པའི་ཕྱིར། ༦ །རབ་ཏུ་བཟོད་དཀའ་དམྱལ་མེ་འབར་བའི་ནང་། །བསྐལ་པར་ཞུགས་ཀྱང་སེམས་དཔའ་མི་ཞུམ་པའི། །ཁྱོད་ཆོས་འདི་ནི་བདག་མེད་གཉིས་རྟོགས་ཀྱི། །དམིགས་མེད་སྙིང་རྗེ་འཁྲུངས་པའི་འབྲས་བུ་ཡིན། ༧ །རྒྱལ་བའི་གསུང་རབ་ཆོས་སྒོ་རྒྱ་མཚོའི་འཇིང་། །ཡན་ལག་བཅུ་གཉིས་ལ་སོགས་ཆུ་ཀླུང་འབུམ། །ཞིང་འདིར་འབབ་ལས་སྐྱེས་རབས་ནོར་བུའི་སྡེ། །གང་གིས་མགུལ་རྒྱན་ཕན་བདེའི་འདོད་པ་འབྱུང་། ༨ །དེ་ཕྱིར་ཐུབ་དབང་ཉི་མའི་གཉེན་དེ་ཡི། །མཆོད་ཆོག་སྐྱེས་རབས་པད་དཀར་དོ་ཤལ་བཅས། །འཇམ་མགོན་མི་ཕམ་རྣམ་པར་རྒྱལ་བ་ཡིས། །ཆོས་མགུལ་དཔལ་གྱི་མཛོད་ལས་ལེགས་པར་བྱུང་། ༩ །དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་མཛོད། །དབང་སྟོབས་མཁྱེན་བརྩེ་ནུས་པའི་རང་གཟུགས་ཆེ། །བསྟན་པ་ཡོངས་རྫོགས་མངའ་བདག་འགྲོ་བའི་མགོན། །མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དགོངས་དབྱིངས་ལས། ༡༠ །ཕྲལ་ཡུན་ཕན་བདེ་མ་ལུས་འབྱུང་བའི་གཞི། །སྣོད་བཅུད་དུས་ཀྱི་རྒུད་བ་ཞི་བའི་གཉེན། །བསོད་ནམས་ཡིད་བཞིན་ནོར་བུའི་བང་མཛོད་སྒོ །གཅིག་ཆར་མངོན་སུམ་སྣང་བའི་སྐབས་ཕྱེས་ཏེ། ༡༡ །བརྩེ་ཆེན་གཟིགས་པས་བསྐུལ་བའི་རྡོ་རྗེའི་གསུང་། །སྐྱེས་བཟང་རིན་ཆེན་ཕྲེང་བའི་དབྱིག་དང་བཅས། །ཕེབས་བཞིན་ཐུགས་བསྐྱེད་དད་པའི་རྒྱལ་མཚན་རྩེར། །མངོན་པར་མཆོད་མཛད་བསྟན་པའི་སྦྱིན་བདག་གང་། ༡༢ །ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་དེས། །བསྟན་འགྲོར་དགོངས་བཞིན་དག་ཆེན་སྤྲུལ་པའི་སྐུ། །ཕན་བདེ་བྱེ་བ་ཕྲག་བརྒྱའི་སྦྱི་དཔལ་ནི། །ས་སྤྱོད་ཆོས་རྒྱལ་ཚེ་དབང་བདུད་འདུལ་ཉིད། ༡༣ །གང་གི་མཁྱེན་སྟོབས་ཟླ་ཤེལ་བདུད་རྩི་ཡིས། །ཆོས་སྦྱིན་མི་འཛད་སྤར་དངོས་ཀུནྡའི་ཚལ། །དགེ་བཤེས་འོད་ཟེར་རྒྱ་མཚོའི་མཐུན་འཇུག་བཅས། །གངས་ཅན་སྐལ་བཟང་དགྱེས་པའི་དཔྱིད་དུ་བསྒྲུབས། ༡༤ །དེ་ལྟར་ལེགས་བྱས་བསོད་ནམས་ཆུ་གཏེར་ཀློང་། །སྙོམས་ཞུགས་ཡོངས་བསྔོ་ནོར་བུའི་ཕུང་པོ་མཆོག །ཟབ་བྲལ་དབྱིངས་དང་ཡེ་ཤེས་ངང་བསྟིམ་པས། །ཇི་སྨོན་འདོད་འབྱུང་འདི་དག་འགྲུབ་གྱུར་ཅིག ༡༥ །རིན་ཆེན་གསུམ་གྱི་སྣང་ཆས་མཛེས་པ་ཡི། །རྒྱལ་བསྟན་ལུང་རྟོགས་ཉི་ཟླའི་དཀྱིལ་འཁོར་གཉེན། །བཤད་སྒྲུབ་པདྨ་དཀར་པོའི་ཚལ་རྒྱས་ནས། །ཕྱོགས་དུས་ཀུན་ཏུ་རྟག་ཁྱབ་ལྷུན་གྲུབ་ཤོག ༡༦ །དེ་འཛིན་་སྐྱེས་བུ་དགེ་འདུན་སྡེ་ཚོགས་བཅས། །རབ་འཕེལ་བསླབ་གསུམ་ཉམས་ལེན་ཕུལ་ཕྱིན་ནས། །འདུ་འཛིའི་གནས་ལས་ཡིད་རབ་དབྱུང་ནས་ཀྱང་། །འཇིག་རྟེན་འདས་པའི་ས་ལམ་དབང་འབྱོར་ཤོག ༡༧ །ཤིན་ཏུ་སྙིང་རྗེའི་ཡུལ་གྱུར་ངན་སོང་གསུམ། །མི་བཟད་སྡུག་བསྔལ་དུ་མས་མནར་བ་སོགས། །སྲིད་པའི་རྒྱར་ཆུད་འགྲོ་ཁམས་མ་ལུས་ཀྱིས། ། ཕན་བདེ་བླ་ན་མེད་པ་ཐོབ་པར་ཤོག ༡༨ །ཁྱད་པར་ཕུན་ཚོགས་སྡེ་བཞི་འཕེལ་བའི་གཉེན། །དགེ་བཅུ་ག ཡང་དུ་འཁྱིལ་བའི་རྒྱལ་ཁམས་འདིར། །ནད་མུག་འཁྲུགས་རྩོད་མི་མཐུན་ཉེར་འཚེ་ཞི། །ཆར་འབེབས་འབྲུ་འཕེལ་བདེ་ཞིང་སྐྱིད་གྱུར་ཅིག ༡༩ །ལྷ་གཅིག་ཡབ་སྲས་བཙུན་མོ་བློན་འབངས་བཅས། །སྟོབས་རྩལ་གཟི་བརྗིད་མངའ་ཐང་ལོངས་སྤྱོད་དར། །སྐུ་ཚེ་བསོད་ནམས་སྙན་གྲགས་དཔལ་གཡང་རྒྱས། །ཆོས་སྲིད་དབུ་འཕང་འཕེལ་ཞིང་བརྟན་གྱུར་ཅིག ༢༠ །རྒྱལ་སྲིད་སྡེ་རྟག་བསོད་ནམས་འཁོར་ལོས་བསྒྱུར། །ཕ་རོལ་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །སྐྱེ་རྒུ་ཀུན་ཀྱང་མཐུན་ཞིང་བཀྲ་ཤིས་སྨོན། །མཆོག་གསུམ་བདེན་པས་དེ་བཞིན་འགྲུབ་གྱུར་ཅིག ༢༡ །མཐར་ཐུགས་འགྲོ་ཁམས་ནམ་མཁའི་སྙེད་ཀྱི་མཐའ། །ཐོགས་མེད་ནས་བསགས་སྒྲིབ་གསུམ་བག་ཆགས་སྤྲིན། །ཀུན་གཞིའི་ཁམས་སུ་འཇུག་པའི་སྐབས་བྲལ་ནས། །བྱང་ཆུབ་སེམས་ཀྱི་ཟླ་བ་ཤར་གྱུར་ཅིག ༢༢ །དེ་ཡང་ཚད་མེད་སྙིང་རྗེའི་ས་བོན་ལས། །སྨོན་དང་འཇུག་པའི་རྩ་བ་རབ་བརྟན་ཞིང་། །ཕར་ཕྱིན་རྒྱ་མཚོའི་ཡལ་ག་གྱེས་པའི་རྩེར། །སྟོང་ཉིད་བདག་མེད་མཁྱེན་པའི་ལོ་མ་རྒྱས། ༢༣ །རྟོགས་བྱ་མཐར་ཐུག་ཕྲ་བ་ཆོས་ཀྱི་སྐུར། །རང་ཤར་འགགས་མེད་ལོངས་སྐུའི་ཆུ་སྐྱེས་འཕེལ། །གང་འདུལ་སྤྲུལ་པའི་གེ་སར་རྣམ་བཀོད་པའི། །སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ་པར་ཤོག ༢༤ །མདོར་ན་བདེ་གཤེགས་སྲས་བཅས་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་མཐུ་ཡིས། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག ༢༥ །ཅེས་སྤར་བྱང་སྨོན་ཚིགས་ཤྭ་ལོ་ཀ་དེ་བཞིན་གཤེགས་པའི་འབྲས་ཆོས་གྲངས་ལྡན་འདི་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་བབས་བདུན་གྱི་མངའ་བདག་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་གང་འདུལ་ཕྲིན་ལས་རོལ་གར་ཆེན་པོ་གང་ཞིག །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ལྷར་བཅས་འགྲོ་བའི་སྐྱབས་རྗེ་བསྟན་འཛིན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་རྣམ་དཀར་འདིར་བསྐུལ་ཕྱིར་བཀའ་སྩལ་སྐྱེས་དང་འབྲེལ་བ་དྭང་དུ་བླང་སྟེ། ༧ ལྷ་རིགས་ས་སྐྱོང་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཚེ་དབང་བདུད་འདུལ་རྒྱལ་ཐབས་ཕན་བདེའི་ཕྲིན་ལས་དབང་བསྒྱུར་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། ཐུབ་ཆོག་རིན་ཆེན་བྱིན་རླབས་གཏེར་མཛོད་དང་རྒྱབ་ཆོས་འདིའི་ཆོས་སྦྱིན་འཛད་མེད་སྤར་གྱི་དངོས་པོ་ལྕགས་འབྲུག་ལོ་བཀྲུན་ནས་ཆོས་མཛོད་ཆེན་པོར་བཞུགས་སུ་གསོལ་སྐབས་རྨུགས་སངས་བནྡེ་ཀུན་བཟང་ཆོས་ཀྱི་ཉི་མས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱཎཾ་བྷ་བནྟུ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག །སརྦ་མངྒལཾ། །དགེའོ།། །།


previousཐུབ་ཆོག་བྱིན་རླབ་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ།no next