Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་དགུ་པ།

1 occurrence of མགོན་པོ་བྱང་
[Clear Hits]


  
  
 
རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།
  


1 occurrence of མགོན་པོ་བྱང་
[Clear Hits]

 
previousརྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ། next

རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་བཞུགས་ས྄ོཧ྅྅྅། །ༀ་སྭ་སྟི་སི་དྷཾ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་པའི་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ། འཕགས་པ་མ་ཕམ་པ་ལ་ཕྱག་འཚལ་ལོ། །གང་སྐུའི་རང་བཞིན་དམིགས་སུ་མེད་ཀྱང་རྣམ་འཕྲུལ་དུ་མས་ཞིང་ཀུན་འགེངས། །གསུང་རབ་སྣང་བས་བློ་མུན་འཇོམས་ཀྱང་མུ་སྟེགས་བློ་གྲོས་རྨོངས་པར་བྱེད། །ཚད་མེད་ཐུགས་རྗེས་འགྲོ་ཀུན་སྐྱོབ་ཀྱང་བདུད་དཔུང་མཐའ་དག་ཕམ་པར་མཛད། །གཞན་གྱི་དོན་སླད་སྲིད་མཐར་བཞུགས་ཀྱང་བསྙེལ་མེད་དེ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱལ་སྲས་ཚོགས་ཀྱི་དཀྱིལ་འཁོར་དུ། །འོག་མིན་གནས་སུ་མངོན་པར་བྱང་ཆུབ་ནས། །སླར་ཡང་ཐུགས་རྗེའི་དབང་གིས་འཛམ་གླིང་འདིར། །འོས་སུ་གྱུར་པའི་གདུལ་བྱ་སྣང་བར་མཛད། །གསུང་རབ་སྐྱེད་ཤིང་འཕྲེང་བ་རབ་མཚན་པའི། །ཐུབ་དབང་བསྟན་པའི་སྐྱེད་ཚལ་ཡངས་པའི་གཞིར། །མི་ཕམ་བློ་མཆོག་མཐུའ་ལས་ལེགས་གྲུབ་པའི། །ཕུལ་བྱུང་གཞུང་ལུགས་དཔག་བསམ་རྐང་འཐུང་འཁྲུངས། །གང་དེ་བློ་མཆོག་སྐལ་བཟང་སྐྱེ་བོ་ལ། །ཡོན་ཏན་བརྒྱད་ལྡན་འདོད་དགུའི་འབྲས་རྩོལ་མོད། །དུས་ཀྱི་དབང་གིས་བློ་མིག་འགྲིབ་པ་ཡི། །སྐལ་དམན་རྣམས་ལ་དེ་ཡང་དེ་ལྟ་མིན། །དེ་སླད་རྒྱལ་དང་རྒྱལ་སྲས་མཆོག་རྣམས་ཀྱི། །གསུང་གི་གསང་བ་དམ་པ་ཟབ་མོའི་དོན། །བདུད་རྩིའི་གཏེར་འདི་ནུབ་པར་གྱུར་དོགས་ནས། །རྣམ་བཤད་འདི་ལ་བདག་བློ་སྤྲོ་བ་སྐྱེས། །ཚུལ་འདི་འཕགས་མཆོག་རྣམས་ཀྱི་ལོངས་སྤྱོད་དུ། །ཉེ་བར་གནས་ཕྱིར་བྱིས་པ་བདག་འདྲ་ཡིས། །རང་དགར་འཇུག་པ་རིགས་མིན་དེ་ལྟ་ནའང་། །གསུང་རབ་ཉིད་ལ་བརྟེན་སླད་ཉེས་པ་མེད། །སྙིགས་དུས་སྐྱེ་བོ་ཕལ་ཆེར་སྡིག་དབང་གིས། །བླུན་པོའི་རྗེས་ཕྱོགས་ལམ་ངན་མངོན་དགའ་བས། །མཁས་དང་མཁས་པའི་ལེགས་བཤད་རིང་སྤོང་བ། །དེ་དག་ཡང་དག་ལམ་དུ་ཇི་ལྟར་བཀྲི། །འོན་ཀྱང་རྒྱལ་བའི་གསུང་རབ་རྒྱ་མཚོའ་ཆེར། །བློ་གྲོས་དེད་དཔོན་བརྩོན་པས་རབ་བགྲོད་དེ། །ངེས་དོན་རིན་ཆེན་མཚུངས་མེད་ལེགས་བསྟར་བ། །རང་གཞན་སྲིད་ཞིའི་རྒུད་པ་གཞོམ་ཕྱིར་ཡིན། །དེ་ལ་བདག་ཅག་གི་སྟོན་པ་ཆོས་ཀྱི་རྗེ་ཆེན་པོ་ཐུབ་པའི་དབང་པོ་འདིས་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་ནམ་མཁའི་མཐའ་ཀླས་པའི་ལུས་ཅན་རྣམས་ལ་ཟོལ་མེད་པའི་སྙིང་རྗེ་ཆེན་པོ་ཁྱབ་པར་མཛད་དེ། རྣམ་པར་གྲོལ་བའི་བདེ་བ་བླ་ན་མེད་པ་ལ་འགོད་པར་བཞེད་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ཅིང་། ཉིད་ཀྱི་སྐུ་སྲོག་ལའང་ལྟོས་པ་མེད་པའི་བརྩོན་པ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་ཆེ་བ་བསྐྲུན་ནས་ས་བཅུའི་རྒྱལ་སྲས་རྣམས་ཀྱི་སྤྱོད་ཡུལ་འོག་མིན་གྱི་གནས་སུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སླར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པའི་ཞིང་སྣ་ཚོགས་པ་རྣམས་སུ་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་པ་ན། ཤིང་འཛམ་བུས་ཉེ་བར་མཚན་པའི་གླིང་འདིར་ཡང་ཐོག་མར་དགའ་ལྡན་གྱི་གནས་སུ་འཕོ་བ་ནས་བརྩམས་ཏེ། ཤིང་སཱ་ལ་ཟུང་གི་ཚལ་དུ་མྱ་ངན་ལས་འདས་པར་བསྟན་པའི་བར་དུ་ཆོ་འཕྲུལ་གསུམ་གྱི་འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་མཛད་ལ། ཁྱད་པར་དུའང་གསུང་གི་གསང་བ་བླ་ན་མེད་པས་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་དང་བག་ལ་ཉལ་དང་འཚམས་པར་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་དོ། །སླར་ཡང་ཉོན་མོངས་པའི་ཚང་ཚིང་སྟུག་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཐུབ་པའི་གསུང་རབ་ལ་རང་གི་དམིགས་པས་ཆེས་ཤིན་ཏུ་ལྷག་པར་གཅེས་སྤྲས་སུ་བྱེད་པའི་ཉན་ཐོས་ཆེན་པོ་རྣམས་དང་། གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་གྱུར་པས་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཀའི་བསྡུ་བ་ལན་གསུམ་དུ་མཛད་ཅིང་། བདེའ་བར་གཤེགས་པའི་གསུང་རབ་རྣམས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་དོན་དང་ཚིག་གི་ཚུལ་ནི་ཤིན་ཏུ་གཏིང་དཔག་དཀའ་བར་གྱུར་ལ། སྐྱེ་བོ་རྣམས་ཀྱང་བློའི་སྟོབས་ཆུང་ངུར་གྱུར་པས་དོན་ཇི་ལྟ་བ་བཞིན་མ་རྟོགས་ཏེ་བླང་དོར་གྱི་གནས་ལ་ཐེ་ཚོམ་དུ་གྱུར་པ་ན། ལེགས་པར་སྦྱངས་པའི་ཐུགས་ཀྱི་དཀྱིལ་འཁོར་ཉ་གང་བ་ལས་ཡོན་ཏན་དྲི་མ་མེད་པའི་བསིལ་ཟེར་ཀུན་ཏུ་འཕྲོ་བས་འགྲོ་བ་རྣམས་ཀྱི་ཡིད་ཀྱི་གདུང་བ་འཕྲོག་པར་བྱེད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བཀའ་སྤྱི་དང་སོ་སོའི་དགོངས་པ་འགྲེལ་པར་བྱེད་པའི་བསྟན་བཅོས་གཙུག་ལག་གི་དོན་གསལ་བར་སྟོན་པས་མིག་དང་མཚུངས་ཤིང་། དཔང་དུ་གྱུར་པ་དུ་མ་མཛད་ནས། མཁས་པའི་སྐྱེ་བོ་རྣམས་ལ་ལེགས་པར་བཤད་པ་ཀུ་མུ་ཏའི་དགའ་སྟོན་རྒྱ་ཆེན་པོ་བསྒྲུབས་ཏེ། ཐུབ་པའི་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ཀུན་དུ་གསལ་བར་མཛད་ཅིང་། ཁྱད་པར་དུའང་ཐུབ་པའི་དབང་པོས། འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱ་བའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོའ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིགས་པ་བསྒྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱའ་དང་ལྔ་བཅུར་འཚོའ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེའ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་བསྟན་པ་སྔོན་གྱི་རྒྱལ་བ་དུ་མ་ལ་ལྷག་པར་བྱ་བ་བྱས་ཤིང་དགེའ་བའི་རྩ་བ་ཡང་དག་པར་བསྐྲུན་པ། བློ་གྲོས་ཀྱི་མཐུའ་ཕུལ་དུ་བྱུང་བས་རིག་པའི་གནས་ལྔ་ལ་འགྲན་ཟླ་མེད་པས་མཁྱེན་རབ་དང་སྤོབས་པ་ཅན། བསྟན་པ་རིན་པོ་ཆེའི་ཁུར་ཆེན་པོ་བཞེས་པ་ལ་བསྙེལ་བ་མི་མངའ་བའི་སྨོན་ལམ་གྱི་སྟོབས་ཅན་སློབ་དཔོན་ཐོགས་མེད་ཅེས་གྲགས་པ་ཞིག་བྱོན་པ་དེས། འཛམ་བུའི་གླིང་པ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་མཆོག་གི་སྡེ་སྣོད་རྒྱ་མཚོ་ལྟ་བུ་རྣམས་ལ། འབྲོག་དགོན་པར་འཁྱམས་པའི་མགྲོན་པོ་ཕྱོགས་བསླད་པ་ལྟ་བུར་གྱུར་ཏེ། མཆོག་ཏུ་ཟབ་པའི་ཚིག་གི་དོན་རྣམས་ཇི་ལྟ་བ་བཞིན་རྟོགས་པ་ལྟ་ག་ལ་ཡོད། ཚིག་གི་འབྲེལ་བ་ཙམ་ཡང་ཁོང་དུ་མ་ཆུད་པར་གཟིགས་ནས་དེ་དག་ལ་ཐུགས་བརྩེ་བ་ཆེན་པོ་འཁྲུངས་ཏེ། བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་གསུང་གི་གསང་བའི་གནས་ཆེས་ཤིན་ཏུ་ཕྲ་བ་ལ་ལྐོག་ཏུ་གྱུར་པར་མཁྱེན་ནས། ས་ཅུའི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་འཕགས་པ་མ་ཕམ་པ་སྐུ་ཚེ་དེ་ཉིད་ཀྱི་འོག་རོལ་ཏུ་སྐུ་ཚེ་གཞན་གྱིས་བར་དུ་མ་ཆོད་པར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ཀྱི་དཔུང་འཇོམས་པར་མཛད་པས་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་པ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པ་ཡེ་ཤེས་བླ་ན་མེད་པ་བརྙེས་པས་བདེའ་བར་གཤེགས་པའི་ངེས་པའི་དོན་ཅན་གྱི་གསུང་རབ་རྣམས་ཀྱི་དོན་ཆེས་ཤིན་ཏུ་རྟོགས་པར་དཀའ་བ་རྣམས་ལའང་སྒྲིབ་པ་མེད་པའི་སྤྱན་མངའ་བ་དེ་བསྒྲུབ་པའི་སྒོ་ནས་མཉེས་པར་མཛད་པས་ཞལ་མངོན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་མཐུ་ལ་བརྟེན་པས་དགའ་ལྡན་གྱི་གནས་སུ་བྱོན་ནས་ཐེག་པ་ཆེན་པོའི་གསུང་རབ་རྒྱ་ཆེར་གསན་པས་མཁྱེན་རབ་ཀྱི་སྣང་བ་རྒྱས་པར་མཛད་དེ། མི་ཕམ་ཞལ་གྱི་བདུད་རྩི་ལེགས་འོངས་པ། །ཐོགས་མེད་གསན་པའི་སྙིམ་པས་གསོལ་བར་མཛད། །ཅེས་པ་དང་། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །ཅེས་སོ། །དེས་འཛམ་བུ་གླིང་པའི་སྐྱེ་བོ་སྐལ་བ་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། བཀའི་ཚོགས་ལ་ལོག་པར་རྟོགས་པ་དང་། ཐེ་ཚོམ་ལ་སོགས་པའི་དྲི་མ་འཁྲུད་ཅིང་། སྒྲིབ་པ་ཐམས་ཅད་ཀྱི་རིམས་ནད་རབ་ཏུ་ཞི་བར་བྱེད་པ། རྣམ་པར་གྲོལ་བའི་དགའ་བ་དང་བདེའ་བས་བློ་གྲོས་ཀྱི་ལུས་བརྟས་པར་བྱེད་པའི་བསྟན་བཅོས་བདུད་རྩི་ལྟ་བུ་སྐྱེས་ཀྱང་གནང་སྟེ། དེ་ཡང་རྒྱན་རྣམ་པ་གཉིས་དང་། རྣམ་འབྱེད་རྣམ་པ་གཉིས་དང་། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཏེ་རྣམ་པ་ལྔ་ཡིན་ནོ། །དེ་དག་ལ་དྲང་བ་དང་ངེས་པའི་དོན་ཅན་གྱི་གསུང་རབ་ནི་གང་ཞེ་ན། ཁ་ཅིག་ན་རེ། དང་པོ་བཞི་ཀའང་དྲང་བའི་དོན་གྱི་གསུང་རབ་ཀྱི་དོན་གསལ་བར་བྱེད་པ་སྟེ་ཞེས་གསུངས་པ་ནི་མ་ཡིན་ཏེ། རྒྱན་དང་པོས་བཀའ་འཁོར་ལོ་བར་པའི་དོན་ཕྱིན་ཅི་མ་ལོག་པར་མ་བཤད་པར་འགྱུར་ཏེ། དྲང་བའི་དོན་གྱི་གསུང་རབ་འཆད་བྱེད་ཡིན་པའི་ཕྱིར། འཁོར་ལོ་དང་པོའི་དགོངས་འགྲེལ་རྣམས་བཞིན་ནོ། །ཡང་ཁ་ཅིག་ན་རེ། རྒྱན་དང་པོས་ཀྱང་སྤྱོད་པའི་རིམ་པ་ཀུན་རྫོབ་པའི་རྣམ་པར་བཞག་པ་སྟོན་པར་གཞུང་ནས་སྤང་བྱ་སྟོན་པའི་ཕྱིར་དྲང་དོན་ཡིན་ཞེས་གསུངས་པའང་མི་འཐད་དེ། ཀུན་རྫོབ་མ་དཔྱད་པའི་ཤེས་པ་ལ་ཇི་ལྟར་སྣང་བ་བཞིན་གྱི་བརྫུན་པ་ཐ་སྙད་པའི་རྣམ་པར་བཞག་པ་ཡིན་གྱི། བརྟགས་ཤིང་དཔྱད་ན་འཐད་པས་གྲུབ་པའི་བདེན་པའི་རྣམ་བཞག་མ་ཡིན་པས་དངོས་ཀྱི་དོན་ལ་རིགས་པའི་གནོད་བྱེད་མེད་པའི་ཕྱིར། རིགས་པ་དྲུག་ཅུ་པ་ལས། གང་དག་བསྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མ་ཡིན། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་གསུངས་ལ། སློབ་དཔོན་སེང་གེ་བཟང་པོས་ཀྱང་། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚད་མས་གཞིའ་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ལ་གནོད་པ་མ་མཐོང་ཞེས་སོ། །ཡང་ཁ་ཅིག་ན་རེ། མངོན་པར་རྟོགས་པའི་རྒྱན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཀའ་དང་པོ་བདེན་པ་བཞིའི་འཁོར་ལོ་དང་མཐུན་པར་ཉན་ཐོས་ཀྱི་བསམ་པ་དང་བསྟུན་པ་ཡིན་ཏེ། དགེའ་འདུན་ཉི་ཤུ་ཡང་ཉན་ཐོས་ཀྱི་གྲུབ་མཐའ་དང་བསྟུན་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་བས་བདག་མེད་རིམ་ཅན་དུ་རྟོགས་པར་གསུངས་པ་ཡང་ཉན་ཐོས་པའི་ལུགས་ཡིན་གྱི། དབུ་མ་པའི་མ་ཡིན་ཏེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ལས་ཡིན་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོ། །མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་པ་དང་། བདེན་པ་བཞི་ལ་དམིགས་རྣམ་ཏུ་བཤད་པའང་ཉན་ཐོས་པའི་ལུགས་ཡིན་པའི་ཕྱིར་ཞེས་སོ། །དེ་ཡང་མི་འཐད་དེ། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གིར་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །ཞེས་པ་ལྟར་བཀའ་འཁོར་ལོ་བར་པའི་དོན་འཁོར་ལོ་དང་པོའི་དོན་དུ་བཤད་པས་ཡུམ་གྱི་དོན་ཇི་ལྟ་བ་བཞིན་མ་བཤད་པར་འགྱུར་བ་དང་། ཐེག་པ་གསུམ་གྱི་འཕགས་པས་བདག་མེད་རིམ་ཅན་དུ་རྟོགས་པ་ཡང་ཉན་ཐོས་ཀྱི་གཞུང་ལས་དེ་ལྟ་བུ་བཤད་པ་མེད་ཀྱི་དབུ་མ་པ་ཉིད་ཀྱི་འདོད་ཚུལ་ཐ་དད་པ་ཡིན་པའི་ཕྱིར་དང་། ཉན་ཐོས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ལ་ཐེག་པ་ཆེན་པོའི་ལུང་དང་རིགས་པས་གནོད་པའི་ཕྱིར་རོ། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་པ་ལ་སོགས་པའང་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་པར་གསུངས་པ་མ་ཡིན་གྱི། ཆོས་ཀྱི་བདག་མེད་པར་མ་རྟོགས་པས་ལས་དང་སྐྱེ་བ་མཐའ་དག་མ་སྤངས་པའི་ཕྱིར་སྤང་བྱ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་མི་འཐོབ་ཅེས་གསུངས་པ་ཡིན་ཏེ། འདི་ཉིད་ལས། ཇི་སྲིད་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་བཀའ་བར་གནས། །ཞེས་པ་བཞིན་ནོ། །མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་པའང་མདོ་ཉིད་ལས་གསུངས་པ་དང་བདེན་པ་བཞི་ལ་དམིགས་རྣམ་དུ་དུ་མས་བཤད་པས་ཀྱང་ཉན་ཐོས་ཁོ་ནས་ལུགས་སུ་མི་འགྱུར་ཏེ། ཐེག་པ་ཆེན་པོའི་གཞུང་ལུགས་ལ་ཡང་སྣང་བའི་ཕྱིར་དང་། འདི་ཉིད་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །ཡང་དེ་དག་ན་རེ། རྣམ་འབྱེད་གཉིས་དང་། མདོའ་སྡེ་རྒྱན་ནི་སེམས་ཙམ་པའི་གཞན་དབང་དང་། ཡོངས་གྲུབ་དོན་དམ་པར་སྟོན་པ་ལ་བློ་གྲོས་གཞན་གྱི་གནོད་པ་འབབ་པས་དྲང་དོན་ཡིན་ཞེས་པའང་མི་འཐད་དེ། གཞན་དབང་དོན་དམ་པར་འདོད་ན་བློ་གྲོས་གཞན་གྱི་གནོད་པ་འབབ་ཀྱང་ཁས་མི་ལེན་ལ། བདག་གཉིས་དང་གཟུང་འཛིན་གཉིས་ཀྱིས་གདོད་མ་ནས་སྟོང་པའི་ཆོས་ཉིད་ནི་ཡོངས་གྲུབ་ཡིན་ལ། དེ་དོན་དམ་པའི་བདེན་པར་ཁས་ལེན་ཀྱང་བློ་གྲོས་གཞན་གྱིས་གནོད་པ་མི་འབབ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པའི་ཕྱིར་རོ། །གལ་ཏེ་དབུས་མཐའ་ལས། དོན་དང་ཐོབ་དང་བསྒྲུབ་པ་དང་། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་པ་དང་། དེ་ཉིད་ཀྱི་འགྲེལ་པ་ལས། དོན་དམ་པ་ནི་དེ་བཞིན་ཉིད་དོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པའོ། །བསྒྲུབ་པ་དོན་དམ་པ་ནི་ལམ་གྱི་ཡེ་ཤེས་སོ། །ཞེས་ལམ་གྱི་ཡེ་ཤེས་དོན་དམ་བདེན་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡུལ་ཅན་ལ་ཡུལ་གྱི་མིང་གིས་བཏགས་ནས་བཤད་པ་ཡིན་གྱི་དངོས་མ་ཡིན་ཏེ། གཞན་དབང་ཐམས་ཅད་སྒྱུ་མ་ལྟ་བུར་གསུངས་པའི་ཕྱིར་རོ། །དེས་ན་དོན་ནི་འདི་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་གྱིས་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་ངེས་པའི་དོན་ཅན་གྱི་གསུང་རབ་ཀྱི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་མངོན་པར་རྟོགས་པའི་རིམ་པ་རྣམས་ཡུལ་དང་སྦྱར་ནས་སྟོན་པ་ཡིན་ལ། དེ་ལྟ་བུའི་མདོའ་དང་བསྟན་བཅོས་ཀྱི་བརྗོད་བྱ་ཡུལ་དང་ཡུལ་ཅན་ལ་སྐྲག་པ་སྤང་བའི་ཕྱིར་རེ་ཞིག་ཐེག་པ་གསུམ་དུ་སྟོན་ཅིང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པ་དགོངས་པ་ཅན་དུ་འཆད་པའི་མདོའི་དགོངས་པ་གཏན་ལ་དབབ་པའི་ཕྱིར། མདོའ་སྡེ་རྒྱན་གྱིས་ནི་བྱང་ཆུབ་སེམས་དཔའ་རྣམས་གནས་སྐབས་དེ་དང་དེ་དག་ཏུ་རང་ཉིད་ཁྱད་པར་དུ་འགྲོ་བ་དང་། གཞན་རྗེས་སུ་བཟུང་བའི་ཐབས་ཀྱི་སྤྱོད་པ་རྗེས་སུ་བསྒྲུབ་པའི་ཚུལ་བསྟན་ལ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པས་ནི་གཉིས་སྣང་ཞེན་པ་དང་བཅས་པའི་ཡུལ་དང་ཡུལ་ཅན་འཁོར་བའི་སྤྲོས་པའི་རྟེན་ཆོས་ཅན་དང་། དེའི་ཆོས་ཉིད་སྟོང་པ་ཉིད་མྱ་ངན་ལས་འདས་པ་ཐར་པའི་རྟེན་དུ་བསྟན་ཅིང་། དབུས་དང་མཐའ་རྣམ་པར་འབྱེད་པས་ནི་དེ་དག་ཉིད་མཚན་ཉིད་གསུམ་དུ་བསྟན་ཏེ། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་དང་ལམ་དང་འབྲས་བུ་རྣམ་པར་བཞག་སྟེ། དེ་དག་གསུམ་ཆར་གྱིས་ཀྱང་ཆོས་ཐམས་ཅད་སེམས་ཙམ་དུ་གསལ་བར་མཛད་དོ། །རྒྱུད་བླ་མའི་བསྟན་བཅོས་ཀྱིས་ནི་བཀའ་འཁོར་ལོ་བར་པའི་བརྗོད་བྱ་དོན་དམ་པའི་དེ་ཉིད་འཐད་པ་དང་བཅས་ཏེ་ངེས་ཤིང་གཏན་ལ་འབེབས་པར་བྱེད་པ་འཁོར་ལོ་གསུམ་པའི་མདོ་རྣམས་ལས་ངེས་པའི་དོན་གྱི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོ་དང་། མྱ་ངན་ལས་འདས་པ་དང་། ཡེ་ཤེས་སྣང་བ་བརྒྱན་པ་ལ་སོགས་པ་གསང་བ་ལས་ཆེས་ཤིན་ཏུ་གསང་བའི་ཕྱིར་དེ་བཞིན་གཤེགས་པའི་གསང་གནས་ལ་ལྐོག་ཏུ་གྱུར་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་འཁོར་ལོ་གསུམ་ཡོངས་སུ་དག་པའི་གཏམ་ཉན་ཐོས་དང་རང་སངས་རྒྱས་པ་རྣམས་ཀྱི་ཡུལ་ལས་འདས་པ་ཐེག་པ་གཅིག་ཏུ་ངེས་པར་བྱེད་པའི་གཙུག་ལག་ཕྱི་མ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ་ཡིན་ནོ། །དེས་ན་ཐོག་མ་དང་ཐ་མ་གཉིས་ནི་ངེས་པའི་དོན་ཅན་གྱི་བཀའི་དགོངས་པ་སྒྲ་ཇི་ལྟ་བ་བཞིན་དུ་འགྲེལ་པས་ངེས་དོན་ཡིན་ལ། གཞན་གསུམ་ནི་ཐེག་པ་གསུམ་གསལ་བར་བྱེད་པའི་དྲང་དོན་གྱི་མདོའི་དགོངས་པ་འགྲེལ་པས་དྲང་དོན་ཡིན་ནོ། །གལ་ཏེ་མདོ་ལས། གང་དུ་སྟོང་པ་བདེའ་བར་གཤེགས་པས་བསྟན། །ངེས་དོན་མདོའ་སྡེའི་བྱེ་བྲག་ཤེས་པར་གྱིས། །གང་ལས་བདག་དང་སེམས་ཅན་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་ཀུན་རྫོབ་སྟོན་པ་ཐམས་ཅད་དྲང་དོན་དུ་གསུངས་པ་མ་ཡིན་ནམ་ཞེ་ན། བདག་དང་སེམས་ཅན་ལ་སོགས་པ་བཏགས་པ་ཙམ་དུ་ཡོད་པ་ལ་དགོངས་ནས་དེ་དག་དངོས་པོར་ཡོད་པ་ལྟར་གསུངས་པ་དྲང་བའི་དོན་ཡིན་ཏེ། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་རོ། །རིགས་པ་དྲུག་ཅུ་པ་ལས། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་སོ། །ཀུན་རྫོབ་སྣང་ལ་རང་བཞིན་མེད་པ་བརྫུན་པ་སྒྱུ་མ་ལྟ་བུར་སྟོན་པ་ནི་དྲང་དོན་མ་ཡིན་ཏེ། ཤེས་བྱའི་གནས་ལུགས་བརྗོད་པ་ཡིན་པས་དགོངས་པ་གཞན་དུ་དྲང་མི་དགོས་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་བཞིན་ནོ། །དེ་དག་ལས་འདིར་མཆོག་ཏུ་གྱུར་པ་ཡང་དག་པར་ཕུལ་དུ་ཕྱིན་པའི་གསུང་རབ་རྒྱུད་བླ་མའི་བསྟན་བཅོས་འཆད་པ་ལས། ཐོག་མར་མཚན་གྱི་དོན་ལ་གསུམ་ལས། མཚན་སྨོས་པའི་དགོས་པ་ནི། རྒྱ་གར་དང་བོད་དང་གཉིས་ཀའི་མཚན་སྨོས་པས་གོ་རིམ་བཞིན་དུ་ཁུགས་བཙུན་པར་ཤེས་ནས་ཆོས་ལ་ཡིད་ཆེས་སྐྱེ་བར་འགྱུར་བ་དང་། མིང་དོན་གྱི་འབྲེལ་བ་ཤེས་ནས་མིང་ལས་དོན་རྟོགས་པར་འགྱུར་བ་དང་། འགྱུར་གྱི་རྣམ་པ་རྟོགས་པས་ལོ་པཎ་ལ་དད་པར་འགྱུར་བའོ། །མཚན་བསྒྱུར་བ་ནི། ཡཱ་ན་ཅེས་པ་ནི་ཐེག་པའོ། །མ་ཧཱ་ནི་ཆེན་པོའོ། །ཏན་ཏྲ་ནི་རྒྱུད་དོ། །ཨུ་ཏྟ་ར་ནི་བླ་མའམ་གོང་མའོ། །ཤཱཏྟྭཾ་ནི་བསྟན་བཅོས་ཏེ་ཐད་ལོག་པར་བསྒྱུར་བའོ། །གསུམ་པ་མཚན་བཤད་པ་ནི། བགྲོད་པའི་རྟེན་བྱེད་པས་ན་ཐེག་པ་ཞེས་བྱ་ལ། ཆེན་པོ་ནི་གསུམ་ཡོད་པ་ལས་མཆོག་ཏུ་གྱུར་པ་སྟེ། ཆེན་པོ་ཉིད་བདུན་དང་ལྡན་པའི་ཕྱིར་རོ། །འདི་ལའང་མཚན་ཉིད་ནི་ཐབས་དང་ཤེས་རབ་ཀྱི་རྟོགས་པ་གང་ལ་གནས་ན་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་ཤིང་དངོས་དང་བརྒྱུད་པས་རང་གཞན་གྱི་དོན་མཐའ་དག་བསྒྲུབ་པའོ། །མདོའ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེའ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་གསུངས་སོ། །དེ་ལ་ཐབས་ནི་གཙོའ་བོར་སྙིང་རྗེ་ཆེན་པོ་ཡིན་ལ། ཤེས་རབ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། དེ་གཉིས་ཀྱིས་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པར་རང་གཞན་གྱི་དོན་ཐམས་ཅད་བྱེད་པའི་ཕྱིར། མན་ངག་གི་བསྟན་བཅོས་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་པ་དང་། འདི་ཉིད་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་ཐབས་བརྟེན་ནས། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་སོ། །དབྱེ་བ་ལ་གཉིས་ཏེ། འགྲོ་བྱེད་ལམ་གྱི་དང་། འགྲོ་ས་འབྲས་བུའི་ཐེག་པའོ། །དང་པོ་ནི་ཐེག་པ་ཆེན་པོའི་སློབ་ལམ་བཞི་ཡིན་ལ། དེ་ལའང་ཚོགས་དང་སྦྱོར་བའི་ལམ་གཉིས་ནི་ཐབས་སྙིང་རྗེའི་བདག་གཞན་བརྗེ་བར་མི་སྤྱོད་ཅིང་། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་མཐོང་ལ། འོན་ཀྱང་དོན་དེ་དག་ལ་མོས་པ་ལམ་དུ་བྱེད་པའི་ཕྱིར་མོས་པས་སྤྱོད་པའི་ས་ཞེས་བྱའོ། །མཐོང་བ་དང་སྒོམ་པའི་ལམ་དག་སྔ་མ་གཉིས་ལས་བཟློག་པའི་ཕྱིར་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ལམ་ཞེས་བྱའོ། །འགྲོ་ས་འབྲས་བུའི་ཐེག་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་ཡིན་ཏེ། དེའི་གོང་ན་བགྲོད་པར་བྱ་བ་གཞན་མེད་པའི་ཕྱིར་རོ། །སྒྲ་དོན་ནི་ཆེན་པོ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དེ། མདོ་ལ་སོགས་པའི་གསུང་རབ་འབུམ་ཕྲག་མང་པོ་ལ་དམིགས་པས་ན་དམིགས་པ་ཆེ་བ་དང་། རང་གཞན་གཉིས་ཀའི་དོན་བསྒྲུབ་པས་སྒྲུབ་པ་ཆེ་བ་དང་། རྟོགས་པའི་དུས་ནས་བདག་མེད་གཉིས་ཀ་རྟོགས་པས་ཡེ་ཤེས་ཆེ་བ་དང་། བསྐལ་པ་གྲངས་མེད་པ་གསུམ་དུ་རྟག་པ་དང་གུས་པར་སྦྱོར་བས་བརྩོན་འགྲུས་ཆེན་པོ་དང་། སྦྱོར་བས་འཁོར་བར་མི་གཏོང་ཞིང་བསམ་པ་ཉོན་མོངས་པས་མི་གོས་པས་ཐབས་ལ་མཁས་པ་ཆེན་པོ་དང་ལྔ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ་ལམ་ཡིན་ལ། སྟོབས་སོགས་ཀྱི་ཡོན་ཏན་མཐའ་དག་ཐོབ་པས་ཡང་དག་པར་འགྲུབ་པ་ཆེན་པོ་དང་། འཁོར་བ་ཇི་སྲིད་དུ་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་མི་འཆད་པས་འཕྲིན་ལས་ཆེན་པོ་སྟེ་འབྲས་བུའོ། །རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོའི་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །ཉན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་བུ་མ་ཡིན་ཏེ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བཅས་བྱེད་རྒྱུར་ལྡན་འབྱུང་དང་། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒས་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པའི་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་ཏེ་གསུངས། །ཞེས་པ་ལྟ་བུའི་ཚིགས་སུ་བཅད་པ་གཅིག་ཙམ་གྱི་དོན་ཁོང་དུ་ཆུད་པས་ཀྱང་གྲོལ་བའི་ཕྱིར་དང་། རང་གཅིག་པུའི་དོན་བསྒྲུབ་པ་དང་། གང་ཟག་གི་བདག་མེད་ཙམ་རྟོགས་པ་དང་། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་པ་ལྟར་ཚེ་གསུམ་ཙམ་འབད་པས་ཀྱང་མཐར་ཕྱིན་པ་དང་། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཞེས་པས་ཐབས་ལ་མཁས་པ་མེད་པ་དང་། རྣམ་པར་གྲོལ་བའི་སྐུ་ཙམ་ལས་སྟོབས་སོགས་ཀྱི་ཡོན་ཏན་མ་ཐོབ་པ་དང་། ཕུང་པོ་ལྷག་མེད་དུ་གྱུར་པ་ན་ཟད་པས་ཕྲིན་ལས་རྒྱུན་ཆད་པའི་ཕྱིར་རོ། །རྒྱུད་ནི་རྒྱུན་ཆགས་པའམ་བར་མ་ཆད་པ་སྟེ། སེམས་ཅན་གྱི་གནས་སྐབས་དང་བྱང་ཆུབ་སེམས་དཔའི་དུས་དང་སངས་རྒྱས་པའི་དུས་ཐམས་ཅད་ན་དབྱིངས་རང་བཞིན་གྱིས་དག་པ་སྟོབས་སོགས་ཀྱི་ཡོན་ཏན་དང་དབྱེར་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོ་རྒྱུན་ཆགས་སུ་ཡོད་པའི་ཕྱིར་རོ། །བླ་མ་ཞེས་པ་ནི་འཁོར་བ་རྒྱུན་ཆགས་པའི་རྒྱུད་མ་ཡིན་གྱི་མྱ་ངན་ལས་འདས་པ་རྒྱུན་ཆགས་པ་སྟེ་བརྗོད་བྱའོ། །རྒྱུད་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་སོ། །བསྟན་བཅོས་ལ་གསུམ་ལས། མཚན་ཉིད་ནི་བརྟག་པ་གསུམ་གྱིས་དག་པའི་ངག་གང་ཞིག །འཆོས་སྐྱོབ་གཉིས་དང་ལྡན་པའོ། །བྱེ་བྲག་ཏུ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་མཚན་ཉིད། བརྟག་པ་གསུམ་གྱིས་དག་པའི་ངག་གང་ཞིག །སྟོན་པ་ལས་གཞན་གྱིས་བཀའི་དགོངས་འགྲེལ་དུ་བྱས་ཤིང་འཆོས་སྐྱོབ་གཉིས་དང་ལྡན་པའོ། །འདི་ཉིད་ལས། གང་ཞིག་རྒྱལ་བས་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་སོ། །གལ་ཏེ་བཀའ་ཡང་བསྟན་བཅོས་སུ་འགྱུར་རོ་ཞེ་ན། འདོད་པ་ལ་གནོད་པ་ཅི་ཡང་མེད་དོ། །སྒྲ་དོན་ནི། ཤཱ་ཏྟྭཾའི་སྒྲ་ལས་དྲངས་ན་རྒྱུའི་དུས་སུ་ཉོན་མོངས་པ་ཅན་གྱི་བློ་བསླབ་པ་གསུམ་དུ་བཅོས་པས་འབྲས་བུའི་དུས་སུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པར་བྱེད་པ་སྟེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །དབྱེ་བ་ལ་སྤྱིར་བསྟན་བཅོས་ཀྱི་རྣམ་པར་བཞག་པ་ནི། ཕྱི་ནང་གི་བསྟན་བཅོས་ལ་དགུའ་ཡོད་པར་བཤད་དེ། སློབ་དཔོན་ཐོགས་མེད་ཀྱི་ཐོས་པ་ལས་བྱུང་བའི་སའི་བསྡུ་བ་ལས། བསྟན་བཅོས་ནི་དགུའ་སྟེ། ཐོས་པ་ལྷུར་ལེན་པ་ནི་བྲམ་ཟེའི་གསང་ཚིག་རྣམས་སོ། །རྩོད་པ་ལྷུར་ལེན་པ་ནི་ཕྱི་རོལ་པ་རྣམས་ཀྱི་བསྟན་བཅོས་སོ། །སྒྲུབ་པ་ལྷུར་ལེན་པ་ནི་སངས་རྒྱས་ཀྱི་བཀའོ། །གཞན་ཡང་གསུམ་སྟེ། དོན་མེད་པ་དང་། དོན་ལོག་པ་དང་། དོན་དམ་པའི་བསྟན་བཅོས་སོ། །གཞན་ཡང་གསུམ་སྟེ། ངན་གཡོའ་དང་། སྙིང་རྗེ་མེད་པ་དང་། སྡུག་བསྔལ་ལས་ངེས་པར་འབྱུང་བས་བསྟན་བཅོས་སོ། །དེ་དག་ཀྱང་སྔ་མ་རྣམས་དང་ཅི་རིགས་པར་སྦྱར་རོ་ཞེས་གསུངས་སོ། །དེ་དག་ལ་མཆོག་དམན་དུ་དབྱེ་བ་ནི་དེ་ལྟར་དགུའ་ལས་དྲུག་ནི་དམན་པ་ཡིན་པའི་ཕྱིར་དོར་བྱ་དང་། གསུམ་ནི་མཆོག་ཡིན་པས་བླང་བྱ་ཡིན་ཏེ། རྣམ་བཤད་རིགས་པ་ལས། ཐོས་རྩོད་བསྒྲུབ་པ་ལྷུར་ལེན་དང་། །དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་སོ། །སྐབས་དོན་ལ་སྦྱར་བ་ནི་ངེས་པའི་དོན་ཅན་གྱི་མདོའི་དགོངས་པ་འགྲེལ་བ་སྟེ་བརྗོད་བྱེད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ལ་སོགས་པ་ནི་འགྱུར་གྱི་མཆོད་བརྗོད་དོ། །ད་ནི་བསྟན་བཅོས་ཉིད་བཤད་པར་བྱ་བ་ལ་གསུམ་སྟེ། ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པ། ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་དགོས་པའི་དོན་ནི་ཉན་པ་པོས་གཞུང་གི་བརྗོད་བྱའི་གཙོ་བོ་བདེ་བླག་ཏུ་རྟོགས་པ་དང་། འཆད་པ་པོས་དོན་ཚན་མ་འདྲེས་པ་བཤད་སླ་བ་གཉིས་སོ། །བསྡུས་པའི་དོན་ནི་གསུམ་སྟེ། ལུས་ཀྱི་རང་བཞིན། ལུང་དང་སྦྱར་བ། གོ་རིམ་བསྟན་པའོ། །ཚིག་གི་དོན་ལ་དང་པོ་ནི་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། འདི་ལ་གཉིས་ཏེ། དོན་གྱི་དངོས་པོ་ངོས་བཟུང་། དེ་དག་གི་ངེས་པ་བསམ་པའོ། །དང་པོ་ནི་འདི་དག་ལ་རྣམ་བཤད་མཛད་པ་རྣམས་ཀྱིས་ཀུན་རྫོབ་པ་དང་དོན་དམ་པ་གཉིས་སུ་འཆད་དེ། སངས་རྒྱས་དོན་དམ་པ་མི་སློབ་པའི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ཆོས་སྐུ་ཡིན་ལ་ཀུན་རྫོབ་པ་ནི་གཟུགས་ཀྱི་སྐུའོ། །དོན་དམ་པའི་ཆོས་ནི་འགོག་པ་དང་ལམ་གྱི་བདེན་པ་གཉིས་སོ། །ཀུན་རྫོབ་པ་ནི་ལམ་གྱི་དམིགས་པ་ལ་གཏོད་པར་བྱེད་པ་གཟུགས་དང་མི་ལྡན་པའི་འདུ་བྱེད་དང་སེམས་སུ་རྣམ་པར་བཞག་པ་བསྟན་པས་ཆོས་ཀྱི་ཚོགས་སོ། །དོན་དམ་པའི་དགེ་འདུན་ནི་སློབ་པའི་རྒྱུད་ཀྱིས་བསྡུས་པའི་རིག་གྲོལ་གཉིས་སོ། །ཀུན་རྫོབ་པ་ནི་བསྟན་པ་ལ་ལེགས་པར་ཞུགས་པའི་གང་ཟག་གི་ཚོགས་རྣམས་སོ། །ཁམས་དོན་དམ་པ་ནི་སེམས་ཀྱི་ཆོས་ཉིད་རྣམ་པར་དག་པ་རང་བཞིན་དུ་གནས་པའོ། །ཀུན་རྫོབ་པ་ནི་དགེ་བའི་བག་ཆགས་ཐོག་མ་མེད་པ་ཅན་ཟག་པ་མེད་པའི་ཆོས་སྐྱེད་པའི་ནུས་པའི་ཆ་སྟེ་བསྒྲུབས་པ་ལས་བྱུང་བའོ། །བྱང་ཆུབ་ལ་ཡང་དོན་དམ་པ་ནི་ཆོས་སྐུ་ཡིན་ལ་ཀུན་རྫོབ་པ་ནི་གཟུགས་སྐུ་ཡིན་ནོ། །ཡོན་ཏན་ཡང་དོན་དམ་པ་ནི་སྟོབས་ལ་སོགས་པ་ཡིན་ལ་ཀུན་རྫོབ་པ་ནི་མཚན་སུམ་ཅུ་རྩ་གཉིས་ཡིན་ནོ། །འཕྲིན་ལས་ཀྱང་དོན་དམ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ་ཀུན་རྫོབ་པ་ནི་གདུལ་བྱ་སྣ་ཚོགས་ཀྱི་དོན་བྱེད་པ་ཡིན་ཞེས་གསུངས་ཀྱང་སྤྲོས་པ་རྣམ་པར་བཞག་པ་ཙམ་དུ་ཟད་ཀྱི་གཞུང་གི་དོན་ནི་མ་ཡིན་ཏེ་ཡན་ལག་རྒྱས་བཤད་ལས་མི་འབྱུང་པའི་ཕྱིར་རོ། །དེས་ན་དོན་ནི་འདི་ཡིན་ཏེ། སངས་རྒྱས་ནི་དོན་གཉིས་ཕུན་སུམ་ཚོགས་པ་མཐར་ཐུག་པ་སྟེ་སྐུ་གསུམ་གྱི་བདག་ཉིད་དོ། །འདི་ཉིད་ལས། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོ། །ཆོས་ནི་གང་དང་གང་གིས་འདོད་ཆགས་དང་བྲལ་བ་འགོག་པ་དང་ལམ་གྱི་བདེན་པ་གཉིས་སོ། །ཚོགས་ནི་རིག་གྲོལ་གཉིས་དང་ལྡན་པའི་རྒྱལ་སྲས་ཕྱིར་མི་ལྡོག་པའི་དགེ་འདུན་ནོ། །ཁམས་ནི་དྲི་མ་དང་བཅས་པའི་གནས་སྐབས་ཀྱི་སེམས་ཀྱི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ཡེ་ཤེས་ཀྱི་ཡོན་ཏན་ཚད་མེད་པ་དང་དབྱེར་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོ་དང་། དཀོན་མཆོག་གསུམ་ལ་དམིགས་པའི་དགེ་བ་བག་ཆགས་དང་བཅས་པའོ། །བྱང་ཆུབ་ནི་ཁམས་དེ་ཉིད་དྲི་མ་བློ་བུར་བས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཆོས་ཀྱི་སྐུའོ། །ཡོན་ཏན་ནི་ཆོས་སྐུ་དེ་དང་དབྱེར་མེད་པའི་སྟོབས་སོགས་ཀྱི་ཡེ་ཤེས་ཚད་མེད་པ་རྣམས་སོ། །ཐ་མ་སངས་རྒྱས་ཀྱི་འཕྲིན་ལས་ནི་དྲི་མ་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་སྟོབས་སོགས་ཀྱི་བདག་རྐྱེན་ལས་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཀྱི་སྣང་བས་ཕྲིན་ལས་སུམ་ཅུ་རྩ་གཉིས་པོ་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པས་གཞན་གྱིས་ཀྱང་དཀོན་མཆོག་གསུམ་རིམ་གྱིས་རྟོགས་པར་མཛད་པའོ། །དེ་ལྟར་ན་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུས་ན་རྟོགས་པར་བྱ་བའི་དོན་རྡོ་རྗེ་ལྟ་བུ་ཡི་ནི་གནས་བདུན་པོ་བཤད་མ་ཐག་པ་འདི་དག་གོ་ཞེས་པའོ། །དེ་ལ་ཇི་ལྟར་རྡོ་རྗེ་རྫས་གཞན་གྱིས་ཕིགས་པར་དཀའ་བ་ལྟར་དོན་བདུན་པོ་འདི་དག་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཕིགས་པར་དཀའ་བའི་ཕྱིར་རྡོ་རྗེ་ལྟ་བུ་ཞེས་བྱའོ། །དེ་དག་རྗོད་པར་བྱེད་པའི་ཡི་གེ་ལ་ནི་གནས་ཞེས་བྱ་སྟེ། དེ་དག་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པར་དཀའ་བ་ཡང་མདོའ་ལས་གསུངས་ཏེ། འཕགས་པ་ལྷག་པའི་བསམ་པ་བསྟན་པའི་ལེའུ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟའ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ་དེ་ནི་རྣ་བས་མཉན་པར་མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ་ནི་ལུས་དང་སེམས་ཀྱིས་བསྙེན་བསྐུར་བྱ་བར་མི་ནུས་སོ་ཞེས་དཀོན་མཆོག་གསུམ་རྟོགས་དཀའ་བར་གསུངས་ཤིང་། འཕགས་པ་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་ཉིད་བསྟན་པ་ལས། ཤཱ་རིའི་བུ་དོན་འདི་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། །ཤཱ་རིའི་བུ་དོན་འདི་ནི་རེ་ཞིག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་གི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ་ལྟ་བའམ་བརྟག་པར་མི་ནུས་ན། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིགས་བླ་དྭགས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་ཁམས་རྟོགས་དཀའ་བར་གསུངས་ལས། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱི་བ་འདི་ནི་མྱ་ངན་འདས་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་པ་ལྔ་པ་འདི་ནི་འཕགས་པ་དཔལ་འཕྲེང་གི་མདོའ་ལས་གསུངས་སོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། གང་གཱའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་དག་དང་། རྣམ་པར་དབྱེར་མེད་པའི་ཆོས་དང་ལྡན་པ་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ནོ་ཞེས་དྲུག་པ་ནི་འགྲིབ་པ་མེད་པ་དང་འཕེལ་བ་མེད་པ་བསྟན་པ་ལས་གསུངས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་རྟོག་པར་མི་མཛད་རྣམ་པར་རྟོག་པར་མི་མཛད་མོད་ཀྱི། དེ་ལྟ་ན་ཡང་དེའི་འདི་ལྟ་བུའི་རང་བཞིན་གྱིས་མཛད་པ་འདི་ནི་མི་རྟོག་རྣམ་པར་མི་རྟོག་བཞིན་དུ་ལྷུན་གྱིས་གྲུབ་པར་འཇུག་གི། ཞེས་བདུན་པ་འདི་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ལས་གསུངས་སོ། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་ཐ་དད་མེད་པས་ཟློས་སོ་ཞེ་ན། རང་བཞིན་ཐ་མི་དད་ཀྱང་ལྡོག་པ་ཐ་དད་དེ། འདི་ལྟར་སངས་རྒྱས་ནི་དཀོན་མཆོག་གི་འཁོར་ལོ་ལ་ལྟོས་ནས་རང་གིས་ཐོབ་པར་བྱ་བའི་འབྲས་བུ་སྐུ་གསུམ་མ་ཕྱེ་བ་ཡིན་ལ། བྱང་ཆུབ་ནི་རང་གི་སངས་རྒྱས་འཐོབ་པའི་རྐྱེན་གཞན་རྒྱུད་ཀྱི་ཆོས་སྐུ་ཡིན་པའི་ཕྱིར་རོ། །གོང་མ་དག་མི་གནས་པའི་མྱ་ངན་ལས་འདས་པ་ལ་ལྟོས་ཏེ་སངས་རྒྱས་ནི་གཞན་གྱི་རྒྱུད་ལ་བྱོན་ཟིན་པའི་ལམ་གྱི་སྟོན་པ་ཡིན་ལ། བྱང་ཆུབ་ནི་དེས་བསྟན་པའི་ལམ་གྱིས་རང་གི་རྒྱུད་ལ་འབྱུང་བའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་ཀྱང་འཆད་དོ། །གལ་ཏེ་ཆོས་དཀོན་མཆོག་གི་ལམ་བདེན་དང་སངས་རྒྱས་ཀྱི་ཡོན་ཏན་ལ་ཁྱད་པར་ཅི་ཡོད་ཅེ་ན། ལམ་བདེན་ནི་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་མཐོང་སྒོམ་གྱི་ལམ་གཙོ་བོ་ཡིན་ལ། སངས་རྒྱས་ཀྱི་ཡོན་ཏན་ནི་མི་སློབ་པའི་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །འགྲེལ་པ་ལས། སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་སྒོམ་པའི་ལམ་ནི་ཆོས་མཐུན་པ་གསུམ་གྱིས་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ་ཞེས་སོ། །གལ་ཏེ་བསྟན་བཅོས་ཀྱི་བརྗོད་བྱའི་དོན་བདུན་དུ་ངེས་པ་ཅི་ཡིན་ཞེ་ན། གཉིས་པ་ལ་གསུམ་སྟེ། གཞན་ལུགས་དགག །རང་ལུགས་བཞག །རྩོད་པ་སྤངས་པའོ། །དང་པོ་ལ་གཉིས་ཏེ། མི་གནས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ནས་དོན་བདུན་དུ་ངེས་པ་དགག །འབྲས་བུ་དཀོན་མཆོག་འཁོར་ལོའི་དབང་དུ་བྱས་ནས་འབྲས་བུ་གསུམ་དུ་ངེས་པ་དགག་པའོ། །དང་པོ་ལ་གཉིས་སྟེ། ཁས་བླངས་བརྗོད་པ། དེ་དགག་པའོ། །དང་པོ་ལ་ཁ་ཅིག་ན་རེ། མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོའི་དབང་དུ་བྱས་ནས་དོན་བདུན་དུ་ངེས་པ་ཡིན་ཏེ། དེ་ལའང་གསུམ་སྟེ། འབྲས་བུ་གསུམ་དུ་ངེས་པ། རྒྱུ་རྐྱེན་བཞིར་ངེས་པ། འཁོར་ལོའི་སྒྲ་དོན་ནོ། །དང་པོ་ལ་བྱང་ཆུབ་ནི་ཆོས་སྐུ་ཡིན་པས་རང་དོན་ཕུན་སུམ་ཚོགས་པ་ཡིན་ནོ། །ཡོན་ཏན་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་གདུལ་བྱ་ཉེ་བའི་དོན་བྱེད་ལ་འཕྲིན་ལས་ནི་སྤྲུལ་པའི་སྐུ་ཡིན་པས་གདུལ་བྱ་རིག་པའི་དོན་བྱེད་པའི་ཕྱིར་གཞན་དོན་ཕུམ་སུམ་ཚོགས་པས་ན་འབྲས་བུ་གསུམ་དུ་ངེས་པ་ཡིན་ནོ། །གཉིས་པ་ལ་ཉེར་ལེན་གྱི་རྒྱུ་ནི་ཁམས་ཡིན་ཏེ། སེམས་ཀྱི་ཆོས་ཉིད་སྒྲིབ་པ་རང་བཞིན་གྱིས་དག་པ་དང་། ཡོན་ཏན་གདོད་མ་ནས་གྲུབ་པ་ཡོད་ན་དྲི་མ་བློ་བུར་བ་སྦྱངས་པས། དྲི་མ་མེད་པའི་བྱང་ཆུབ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དཀོན་མཆོག་གསུམ་ནི་རྐྱེན་ཡིན་ཏེ་ལམ་བསྒྲུབ་པས་ན་སྟོན་པ་དང་། ལམ་དང་གྲོགས་ཀྱི་བྱ་བ་བྱེད་པའི་ཕྱིར་རོ། །གསུམ་པ་ནི་རང་ཉིད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ལས། དཀོན་མཆོག་གསུམ་འཇིག་རྟེན་དུ་བྱུང་བས་རྐྱེན་བྱས་ཏེ། གཞན་གྱི་ཁམས་སད་ནས་གཞན་གྱིས་ཀྱང་བྱང་ཆུབ་ཐོབ་སྟེ་ཡོན་ཏན་མངོན་དུ་གྱུར་པས། གཞན་དོན་ལ་སྦྱོར་བ་ན་གཞན་ཡང་དེ་བཞིན་དུ་གྱུར་པས་འཁོར་ལོ་བཞིན་དུ་འཕོ་བའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོའོ། །འདི་ནི་བསྟན་བཅོས་ཀྱི་དངོས་ཀྱི་དོན་མ་ཡིན་ཡང་གོ་རིམ་སྟོན་པའི་ཚིགས་སུ་བཅད་པས་ཁམས་ལ་བྱང་ཆུབ་འབྱུང་བར་གསུངས་པས། ཡོན་ཏན་དང་འཕྲིན་ལས་ཀྱང་འབྲས་བུར་གསལ་ཞིང་བྱེད་པ་གསུམ་ལས་སྐྱབས་གསུམ་དུ་བཞག་པས་དཀོན་མཆོག་གསུམ་རྐྱེན་དུ་གསལ་བའི་ཕྱིར་ཞེས་སོ། །གཉིས་པ་དེ་དགག་པ་ལ། དེ་ནི་མ་ཡིན་ཏེ་གོ་རིམ་སྟོན་པས་ཚིགས་སུ་བཅད་པའི་དོན་དེ་མ་ཡིན་པར་འོག་ནས་འཆད་པའི་ཕྱིར་དང་། བྱེད་པ་གསུམ་ལ་སྐྱབས་གནས་གསུམ་དུ་བཞག་པ་ཡང་ཅི་རིགས་ནས་ཐེག་པ་གསུམ་གྱི་རྒྱུའི་སྐྱབས་གནས་ངོས་བཟུང་བ་ཡིན་གྱི་ཐེག་པ་ཆེན་པོ་ཁོ་ནའི་སྐྱབས་གནས་ངོས་བཟུང་བ་མ་ཡིན་པའི་ཕྱིར་དང་། སྐྱབས་གནས་ཀྱི་མཐར་ཐུག་ཀྱང་ཐེག་ཆེན་གྱི་འབྲས་བུའི་སྐྱབས་གནས་སུ་བཤད་པའི་ཕྱིར་རོ། །གཉིས་པ་ལ་ཁས་བླངས་བརྗོད་པ་ནི། ཁ་ཅིག་ན་རེ། དཀོན་མཆོག་གི་འཁོར་ལོའི་དབང་དུ་བྱས་ནས་རིགས་ཅན་གསུམ་ལ་འབྲས་བུ་གསུམ་དུ་ངེས་པ་ཡིན་ཏེ། ཐེག་པ་ཆེན་པོའི་རིགས་ཅན་གྱིས་སངས་རྒྱས་དོན་དུ་གཉེར་ལ། རང་སངས་རྒྱས་ཀྱི་རིགས་ཅན་གྱིས་རྟེན་འབྲེལ་གྱི་ཆོས་རྟོགས་པ་དོན་དུ་གཉེར་ཅིང་། ཉན་ཐོས་ཀྱི་རིགས་ཅན་གྱིས་སློབ་མ་དགེ་འདུན་དོན་དུ་གཉེར་བའི་ཕྱིར། སྟོན་པ་བསྟན་པ་བསླབ་དོན་དུ། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱིས་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་སོ། །གལ་ཏེ་རིགས་ཅན་གཉིས་ཀའི་འབྲས་བུ་འདིར་འཆད་པ་ཡིན་ན་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པར་མི་རུང་ངོ་ཞེ་ན། མཐར་ཐུག་གི་ཐེག་པ་གསུམ་གི་འབྲས་བུ་སྟོན་པ་མ་ཡིན་གྱི་ཐེག་པ་འོག་མ་གཉིས་ལས་དྲངས་ནས། ཐེག་པ་ཆེན་པོ་ལ་འགོད་པ་ཡིན་པས་སྐྱོན་མེད་དེ། དཔེར་ན་ར་སྐྱེས་ཀྱི་ཤིང་རྟ་ལ་དྲངས་ནས་རྟའི་ཤིང་རྟ་ལ་དགོད་པ་ལྟར་དམ་པའི་ཆོས་པདྨ་དཀར་པོ་ལས་གསུངས་སོ་ཞེས་པ་ནི་མི་འཐད་དེ། ཐེག་པ་གསུམ་ལ་མོས་པ་རྣམས་ཀྱི་དབང་བྱས་ནས་ཞེས་པ་སྤྱི་རིགས་ནས་ཐེག་པ་གསུམ་གྱི་འབྲས་བུའི་སྐྱབས་གནས་བསྟན་གྱི་ཐེག་ཆེན་འབྲས་བུའི་སྐྱབས་གནས་གསུམ་བསྟན་པ་མ་ཡིན་པའི་ཕྱིར་དང་། ཐེག་དམན་གྱི་དགེ་འདུན་ཐེག་ཆེན་གྱི་སྐྱབས་གནས་ཡིན་པ་འགྲེལ་པར་བཀག་པའི་ཕྱིར་དང་། སྐྱབས་གནས་ཀྱི་དགེ་འདུན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཉིད་ལ་བརྗོད་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ལ་གཉིས་ཏེ། འབྲས་བུ་གསུམ་དུ་ངེས་པ། རྒྱུ་རྐྱེན་བཞིར་ངེས་པའོ། །དང་པོ་ནི་ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ཉིད་འབྲས་བུ་ཡིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཚོགས་སྡུད་པའི་ཕྱིར་རོ། །མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་པ་ཡིན་ནོ། །དེ་དག་ལ་གནས་སྐབས་སུ་ས་བརྒྱད་པ་ལ་སོགས་སུ་དཀོན་མཆོག་གསུམ་རིམ་གྱིས་འབྱུང་བ་འབྲས་བུ་ཡིན་ལ། མཐར་ཐུག་ཆོས་དང་དགེ་འདུན་གྱི་ཡོན་ཏན་ཡར་ལྡན་དུ་ཚང་བའི་སངས་རྒྱས་ཡིན་ཏེ། འགྲེལ་པ་ལས། དེ་ལ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ན་ཆོས་ཐམས་ཅད་ལ་དབང་ཐོབ་པར་གྱུར་པ་དེའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་མཆོག་ཏུ་གཤེགས་པ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སངས་རྒྱས་པ་ཞེས་བྱའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པ་ནི་བླ་ན་མེད་པའི་ཆོས་སྨྲ་བ་ཉིད་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ལེགས་པར་ཤེས་པ་དང་། དབང་པོ་མཆོག་གིས་ཕ་རོལ་དུ་ཕྱིན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་འཇོམས་པ་ལ་མཁས་པར་གྱུར་པ་དེའི་ཕྱིར། མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཆོས་ཀྱི་འཁོར་ལོ་ལེགས་པ་བསྐོར་བ་ཞེས་བྱའོ། །གང་གི་ཕྱིར་ས་བཅུ་པ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་མ་ཐག་ཏུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་། རྒྱུན་མི་འཆད་པར་གྱུར་པ་དེའི་ཕྱིར་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དེ་སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་བྱའོ། །ཞེས་པ་དང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་འཆད་པར་འགྱུར་རོ། །གཉིས་པ་རྒྱུ་རྐྱེན་བཞིར་ངེས་པ་ལ་ཉེ་བར་ལེན་པའི་རྒྱུ་ནི་ཁམས་ཡིན་ཏེ། དེ་ཡོད་ན་དྲི་མ་བློ་བུར་བ་སྦྱངས་པས་དཀོན་མཆོག་གསུམ་འབྱུང་དུ་རུང་བའི་ཕྱིར་རོ། །འགྲེལ་པ་ལས། ཡོངས་སུ་དག་པར་བྱ་བའི་ཡོན་ཏན་དང་ལྡན་ན་དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་ཞེས་སོ། །བྱང་ཆུབ་ལ་སོགས་པ་གསུམ་ནི། རྐྱེན་ཡིན་ཏེ་གཞན་གྱི་རྒྱུད་ལ་དྲི་མ་མེད་པའི་བྱང་ཆུབ་བརྙེས་པ་ན་དེའི་ཡོན་ཏན་སྟོབས་སོགས་ཀྱི་བདག་རྐྱེན་ལས་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཀྱི་སྣང་བས་འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པས་གཞན་གྱིས་ཀྱང་དཀོན་མཆོག་གསུམ་རིམ་གྱིས་རྟོགས་པའི་ཕྱིར། འདི་ནི་གཞུང་གིས་དངོས་སུ་བསྟན་པའི་དོན་ཡིན་ཏེ། དཀོན་མཆོག་གསུམ་པོ་འདིའི་རིགས་ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ་ཞེས་པ་དང་། རྟོགས་བྱ་རྟོགས་པ་དེ་ཡིས་ནི། །ཡན་ལག་རྟོགས་པར་བྱེད་ཕྱིར་ཏེ། །གོ་རིམ་ཇི་བཞིན་གནས་གཅིག་ནི། །དག་རྒྱུ་གསུམ་ནི་རྐྱེན་ཡིན་ནོ། །ཞེས་སོ། །གསུམ་པ་དེ་དག་ལ་རྩོད་པ་སྤངས་པ་ལ། གལ་ཏེ་ཁམས་ཆོས་ཉིད་སྟོང་པ་ཉིད་ཡིན་པས་རྒྱུར་མི་རུང་ངོ་ཞེ་ན། འདི་ལ་འོག་ཏུ་བཤད་པར་བྱའོ། །གཉིས་པ་ལུང་དང་སྦྱར་བ་ལ་གལ་ཏེ་སངས་རྒྱས་ལ་སོགས་པའི་དོན་བདུན་པོ་འདི་མདོ་ལས་གསུངས་པ་ཡིན་ནམ། རང་དགར་བྱས་པ་ཡིན་ཞེ་ན། རང་དགར་བྱས་པ་མ་ཡིན་གྱི་རྡོ་རྗེའི་གནས་བདུན་པོ་འདི་དག་བཅོམ་ལྡན་འདས་ཀྱི་མདོར་གསུངས་པར་རིག་པར་བྱ་སྟེ་ཞེས་བྱའོ། །མདོ་གང་ལས་ན་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་སོ། །ཇི་ལྟར་ཞེ་ན་སངས་རྒྱས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་དང་དེ་དག་ཕན་ཚུན་འབྲས་བུ་དང་རྒྱུ་རྐྱེན་དུ་རྗེས་སུ་འབྲེལ་པ་རྣམས་འབྲས་བུ་དཀོན་མཆོག་འཁོར་ལོའི་གོ་རིམ་ཇི་ལྟ་བ་བཞིན་དུའོ། །མདོའི་ཆ་གང་གིས་གནས་གང་བསྟན་ཞེ་ན། གླེང་གཞིའི་ལེའུ་ལས་ནི་གནས་དང་པོ་གསུམ་གསུང་སྟེ། ཇི་སྐད་དུ། དེ་ལས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི། སྔོན་རྒྱལ་བ་བཞུགས་བཞུགས་པའི་མཆོད་རྟེན་ཆེན་པོ་ཞེས་པ་ནས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་པ་ནས་བྱང་ཆུབ་སེམས་དཔའི་ཚོགས་གཞལ་དུ་མེད་པ་དང་ཐབས་གཅིག་གོ་ཞེས་པའི་བར་དུ་གསུངས་ལ། འདི་དག་གིས་ནི་ས་བརྒྱད་པ་ལ་སོགས་སུ་དཀོན་མཆོག་གསུམ་རིམ་གྱིས་འགྲུབ་པའི་ཚུལ་ལམ། ཡང་ན་དཀོན་མཆོག་གསུམ་གྱིས་ཡོན་ཏན་མདོར་བསྟན་པ་ཡིན་ནོ། །ཡང་དེའི་རྗེས་སུ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་ངེས་པར་འབྱུང་བའི་སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རབ་ཏུ་སྟོན་ཏེ། དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་དྲུག་གམ་བཅུ་དྲུག་བཅུ་བཞི་བཞེས་ནས་ཚངས་པར་སྤྱོད་པ་སངས་རྒྱས་པར་མཁྱེན་ཅིང་། བྱང་ཆུབ་སེམས་དཔའ་འདུས་པ་ཆེན་པོ་དེ་ཡང་གཟིགས་ཤིང་མཁྱེན་ཏེ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་དཀོན་མཆོག་རྒྱ་ཆེ་བའི་ཡོན་ཏན་དང་། དེའི་རྗེས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་ཆེན་པོ་དེ་མཁྱེན་ནས་སྨིན་མཚམས་ཀྱི་མཛོད་སྤུ་ནས་བྱང་ཆུབ་སེམས་དཔའི་སྟོབས་ཉེ་བར་སྟོན་པ་ཞེས་བྱ་བའི་འོད་ཟེར་བྱུང་སྟེ། ཐམས་ཅད་དང་ལྡན་པའི་འཁོར་ལ་ལན་བདུན་བསྐོར་བ་བྱས་ནས་བྱང་ཆུབ་སེམས་དཔའི་ཚོགས་དེའི་སྤྱི་བོ་ནས་མི་སྣང་བར་གྱུར་ཏོ། །ཞེས་པ་ལ་སོགས་པས་ཆོས་དཀོན་མཆོག་གི་རྒྱ་ཆེ་བའི་ཡོན་ཏན་དང་། དེའི་རྗེས་ལ། དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་སྲོག་ཤིང་ཞེས་བྱ་བ་རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཐམས་ཅད་དང་ལྡན་པའི་འཁོར་སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པར་བྱིན་གྱིས་བརླབས་པ་དང་ཞེས་པ་ལ་སོགས་པས་དགེའ་འདུན་དཀོན་མཆོག་གི་རྒྱ་ཆེ་བའི་ཡོན་ཏན་བསྟན་ནོ། །དེའི་རྗེས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདུས་པ་ཆེན་པོ་དེ་གཟིགས་ཏེ། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་འདི་དག་ནི་ཆོས་དོན་དུ་གཉེར་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པའོ་ཞེས་བྱ་བར་མཁྱེན་ནས། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཕྱིར་མི་འཇིགས་པ་དང་སྤོབས་པ་ཞེས་བྱ་བའི་འོད་ཟེར་སྐྱེས་བུའི་མཚན་སྤྱི་གཙུག་ནས་བྱུང་ངོ་། །དེ་བྱུང་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་འཁོར་ལ་ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ལན་བརྒྱ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་སྤྱི་གཙུག་ཏུ་མི་སྣང་བར་གྱུར་ཏོ་ཞེས་པ་ནས། དེས་བཅོམ་ལྡན་འདས་ལ་དོན་དམ་པའི་ཡོན་ཏན་གྱིས་བསྟོད་པ། ཀུན་ཏུ་སྣང་བ་ཀུན་ནས་འོད་ཟེར་ཅན། །དོན་དམ་མ་ལུས་སྟོན་པ་ཀུན་ནས་སྤྱན། །རང་བྱུང་ཆོས་ཀྱི་ངོ་བོ་ཉིད་ལ་མཁས། །བསམ་གྱིས་མི་ཁྱབ་ཡོན་ཏན་ཀུན་དང་ལྡན། །ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་བླ་ན་མེད་པའི་ཡོན་ཏན་དང་། དེའི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཡུལ་ནི་བསམ་གྱིས་མི་ཁྱབ་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཚད་མ་མཆིས་སོ་ཞེས་པ་ནས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་སེམས་དཔའི་ལམ་ལས་ཡང་དག་པ་ལ་ཞུགས་པ་དང་། ལེགས་པར་བགྱིད་པའི་ལས་བགྱིད་པ་དང་། ལས་ཀྱི་མཐའ་གདུང་བ་མ་མཆིས་པ་ལགས་ཞེས་པས་ཆོས་ཀྱི་གཏམ་གྱི་དངོས་པོ་བཀོད་པ་དང་། བཅོམ་ལྡན་འདས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་ཐེ་ཚོམ་དང་བྲལ་ནས། དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་འགྱུར་བ་དང་ཞེས་པ་ནས་མྱུར་དུ་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་བའི་དོན་དུ་དེ་བཞིན་གཤེགས་པས་བློ་ཤིན་ཏུ་རྣམ་པར་ངེས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པས་མངོན་པར་འཕགས་པའི་སྒོ་དེ་ལེགས་པར་བཤད་དུ་གསོལ་ཞེས་གསུངས་པས། དགེའ་འདུན་གྱི་བླ་ན་མེད་པའི་ཡོན་ཏན་བསྟན་ཏེ། རྒྱས་པར་ནི་མདོ་ཉིད་ལས་རྟོགས་པར་བྱའོ། །རྡོ་རྗེའི་གནས་ཕྱི་མ་བཞི་ནི་གླེང་གཞི་ལེའུ་ཡི་འཇུག་ཐོག་ཏུ་རྒྱན་བཞི་དང་སྣང་བ་བརྒྱད་དང་། སྙིང་རྗེ་བཅུ་དྲུག་དང་ལས་སུམ་ཅུ་རྩ་གཉིས་སྟེ་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཡོན་ཏན་གྱི་ཡོངས་སུ་སྦྱོངས་པ་དྲུག་བཅུ་བསྟན་པས་ཁམས་གསལ་བར་མཛད་ལ། བྱང་ཆུབ་བཅུ་དྲུག་དང་། ཡོན་ཏན་སུམ་ཅུ་རྩ་གཉིས་དང་། ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་རྒྱལ་བ་སངས་རྒྱས་ཀྱི་ཆོས་བརྒྱད་བཅུ་བསྟན་པས་རིམ་པ་བཞིན་དུ་བྱང་ཆུབ་ལ་སོགས་པ་གསུམ་གསལ་བར་མཛད་དོ། །དེ་ལ་རྒྱན་བཞི་ནི། གང་གིས་ཐེག་མཆོག་དམ་པ་འདི་མཛེས་པ། །བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་དོན། །ཤིན་ཏུ་རྣམ་ངེས་དང་ནི་དེ་བཞིན་གཟུངས། །ཞེས་པ་སྟེ་དེ་བཞི་དང་ལྡན་པས་བྱང་ཆུབ་སེམས་དཔའ་རྣམས་སྤྱད་པ་སྤྱོད་པ་ན་མཛེས་པའི་ཕྱིར་རོ། །སྣང་བ་བརྒྱད་ནི་དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། ཆོས་དང་། ཤེས་པ་དང་། བདེན་པའ་དང་། མངོན་པར་ཤེས་པ་དང་། བསྒྲུབ་པའི་སྣང་བ་སྟེ་དེ་བརྒྱད་དང་ལྡན་པས་ཆོས་ཀྱི་སྣང་བ་ཐོབ་ཅིང་། གཏི་མུག་གི་མུན་པ་དང་བྲལ་བས་ཆོས་ཀྱི་སྒོ་ཤིན་ཏུ་གསལ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྙིང་རྗེ་བཅུ་དྲུག་ནི། ལྟ་བ་སྣ་ཚོགས་དང་། ཕྱིན་ཅི་ལོག་བཞི་དང་། ང་དང་ངར་འཛིན་པ་དང་། སྒྲིབ་པ་ལྔ་དང་། སྐྱེ་མཆེད་དྲུག་གི་ཡུལ་ལ་ཆགས་པ་དང་། ང་རྒྱལ་བདུན་དང་། འཕགས་པའི་ལམ་ལས་ཉམས་པ་དང་། རང་དབང་མེད་པ་དང་། ཁོང་ཁྲོ་བ་དང་། སྡིག་པའི་ལས་དང་། འཕགས་པའི་ཤེས་རབ་མེད་པ་དང་། རྟེན་འབྲེལ་ཟབ་མོ་མ་རྟོགས་པ་དང་། ལྟ་བའི་བག་ཆགས་མ་སྤངས་པ་དང་། སྡུག་བསྔལ་བའི་ཁུར་དང་མ་བྲལ་བ་དང་། གཡོ་དང་ང་རྒྱལ་སྤྱོད་པ་དང་། མཐོ་རིས་དང་ཐར་པ་ལས་ཉམས་པ་དག་ལ་དམིགས་ནས་དེ་དག་སྤང་བར་འདོད་པའི་རྣམ་པ་ཅན་ནོ། །ལས་སུམ་ཅུ་རྩ་གཉིས་ནི་གཏི་མུག་གི་གཉིད་སད་པར་བྱེད་པ་དང་། མོས་པ་དམན་པ་རྒྱ་ཆེན་པོ་ལ་སྦྱོར་བ་དང་། ཆོས་མི་འདོད་པ་ཆོས་འདོད་པ་ལ་སྦྱོར་བ་དང་། འཚོ་བ་མ་དག་པ་དེ་དག་པ་ལ་འགོད་པ་དང་། ལྟ་བ་ངན་པ་ཡང་དག་པའི་ལྟ་བ་ལ་འགོད་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་འགོད་པ་དང་། ལོག་པའི་ཆོས་ལ་གནས་པ་ཡང་དག་པའི་ཆོས་ལ་འགོད་པ་དང་། ཕ་རོལ་དུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དང་ལྡན་པ་ཕར་ཕྱིན་དྲུག་ལ་སྦྱོར་བ་དང་། ཐབས་མི་མཁས་པ་མཁས་པ་ལ་སྦྱོར་བ་དང་། ཉོན་མོངས་པ་ཅན་དེ་མེད་པ་ལ་སྦྱོར་བ་དང་། དམིགས་ཅན་དེ་མེད་པ་ལ་སྦྱོར་བ་དང་། མ་དུལ་བ་དུལ་ལ་སྦྱོར་བ་དང་། བྱས་པ་མི་བཟོའ་བ་བཟོ་བ་ལ་སྦྱོར་བ་དང་། ཆུ་བོ་བཞིར་ལྟུང་བ་དེ་ལས་ཐར་པ་ལ་སྦྱོར་བ་དང་། བཀའ་བློ་མི་དེ་བ་བདེ་བ་ལ་སྦྱོར་བ་དང་། ཞེན་པ་མང་བ་དེ་མེད་པ་ལ་སྦྱོར་བ་དང་། འཕགས་པའི་ནོར་མེད་པ་ནོར་ལ་སྦྱོར་བ་དང་། ནད་པ་ནད་མེད་པ་ལ་སྦྱོར་བ་དང་། ཤེས་པའི་སྣང་བ་དང་བྲལ་བ་སྣང་བ་ལ་སྦྱོར་བ་དང་། ཁམས་གསུམ་མི་ཤེས་པ་ཤེས་པ་ལ་སྦྱོར་བ་དང་། གཡོན་ཕྱོགས་ཀྱི་ལམ་ལ་ཞུགས་པ་གཡས་ཕྱོགས་ཀྱི་ལམ་ལ་སྦྱོར་བ་དང་། ལུས་དང་སྲོག་ལ་ཆགས་པ་དེ་ལ་མ་ཆགས་པ་ལ་སྦྱོར་བ་དང་། དཀོན་མཆོག་དང་བྲལ་བ་དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པ་ལ་སྦྱོར་བ་དང་། ཆོས་ལས་ཉམས་པ་ཆོས་འཛིན་པ་ལ་སྦྱོར་བ་དང་། རྗེས་སུ་དྲན་པ་དྲུག་ལས་ཉམས་པ་དྲན་པ་དྲུག་ལ་སྦྱོར་བ་དང་། ཉོན་མོངས་པས་བསྒྲིབས་པ་དེ་མེད་པ་ལ་སྦྱོར་བ་དང་། མི་དགེ་བའི་ཆོས་དང་ལྡན་པ་དགེའ་བའི་ཆོས་ལ་སྦྱོར་བའོ། །དེ་ལྟར་ཡོངས་སུ་སྦྱོངས་པའི་ཆོས་དྲུག་ཅུས་ཁམས་ཀྱི་དྲི་མ་སྦྱངས་པའི་འབྲས་བུ་དཀོན་མཆོག་གསུམ་འགྲུབ་སྟེ་མདོ་འདི་ཉིད་ལས། མ་དག་པའི་ནོར་བུ་རིན་པོ་ཆེའི་དྲི་མ་སྦྱོང་བ་དཔེར་མཛད་ནས། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དོ། །འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་རྐྱེན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་པར་མཛད་དོ། །ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པའི་ཆོས་ཉིད་རྟོགས་ན་ནི་བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་སོ། །མདོ་གཞན་ལས་ཀྱང་། ཇི་ལྟར་རྡོའི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པའི་དེ་མཐོང་ལྟར། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་སོ། །བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་ནི། རྩ་བ་མེད་པ་དང་། གནས་མེད་པ་དང་། ཞི་བ་དང་། ཉེ་བར་ཞི་བ་དང་། རང་བཞིན་གྱིས་འོད་གསལ་བ་དང་། བླང་བ་དང་དོར་བ་མེད་པ་དང་། མཚན་མ་མེད་པ་དང་། དམིགས་པ་མེད་པ་དང་། དུས་གསུམ་མཉམ་པ་ཉིད་དང་། ལུས་མེད་པ་དང་། འདུས་མ་བྱས་པ་དང་། དབྱེར་མེད་པ་དང་། གནས་དང་། ལུས་དང་སེམས་ཀྱི་ཡུལ་མ་ཡིན་པ་དང་། གཟུང་དུ་མེད་པ་དང་། གཞི་མེད་པ་དང་། སྟོང་པ་ཉིད་དང་། ནམ་མཁའ་དང་མཉམ་པ་དང་། ཇི་ལྟ་བ་བཞིན་གྱི་གནས་དང་། རྣམ་པ་ལ་འཇུག་པ་དང་། རྣམ་པ་མེད་པ་ལ་འཇུག་པ་དང་། ཟག་པ་མེད་པ་དང་། ཉེ་བར་ལེན་པ་མེད་པ་དང་། དག་པ་དང་དྲི་མ་མེད་པ་དང་། ཉོན་མོངས་པ་མེད་པ་སྟེ་དེ་དག་མངོན་པར་བྱང་ཆུབ་ནས་དེ་མ་ཐོབ་པ་ལ་ཐུགས་རྗེ་ཆེན་པོ་བཅུ་དྲུག་འཇུག་གོ། །ཡོན་ཏན་སུམ་ཅུ་རྩ་གཉིས་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །འཕྲིན་ལས་སུམ་ཅུ་རྩ་གཉིས་ནི་སྟོབས་བཅུ་དང་རྗེས་སུ་མཐུན་པའི་ཕྲིན་ལས་ཕྱིན་ཅི་མ་ལོག་པར་བསྟན་པ་རྣམ་པ་བཅུ་དང་། མི་འཇིགས་པ་བཞི་དང་མཐུན་པའི་བག་ཚ་བ་མེད་པར་བསྟན་པ་རྣམ་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དང་རྗེས་སུ་མཐུན་པ་འབྲས་བུ་དང་ལྡན་པར་བསྟན་པ་རྣམ་པ་བཅོ་བརྒྱད་དེ་དེ་ལྟར་སུམ་ཅུ་རྩ་གཉིས་སོ། །དེ་དག་ཀྱང་མདོ་ལས་རྟོགས་པར་བྱའོ། །གསུམ་པ་གོ་རིམ་བསྟན་པ་ལ་ཁ་ཅིག་ན་རེ། སངས་རྒྱས་ལས་ཆོས་ཞེས་པ་ནི་ཟབ་པ་དང་རྒྱ་ཆེ་བ་བྱང་ཆུབ་པ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་པ་འབྱུང་ལ་ཆོས་ལས་འཕགས་པའི་ཚོགས་ནི་ཆོས་བསྟན་པ་ལས་ཚོགས་འདུ་བའམ། ཡང་ན་ཆོས་མཆོག་མན་ཆད་དུ་ལུང་གི་ཆོས་དང་། ས་བདུན་པ་མན་ཆད་དུ་རྟོགས་པའི་ཆོས་ཉམས་སུ་བླངས་པ་ལས་ས་བརྒྱད་པ་མན་ཆད་པའི་ཕྱིར་མི་ལྡོག་པའི་དགེ་འདུན་རིག་པ་དང་རྣམ་པར་གྲོལ་བ་ལ་དབང་བ་འབྱུང་བས་སོ། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་ཞེས་པ་ནི་ལྷན་ཅིག་བྱེད་པས་ཟིན་པའི་ཁམས་དགེ་འདུན་ལ་བརྟེན་པའམ། ཡང་ན་དཀོན་མཆོག་གསུམ་གྱིས་རྐྱེན་བྱས་པ་ལས་རྒྱས་པ་ལས་གྱུར་པའི་རིགས་སད་པ་འབྱུང་བ་སྟེ། ཚོགས་ལས་ཞེས་དངོས་སུ་བསྟན་ཡང་། སངས་རྒྱས་ལས་ཞེས་པ་དང་ཆོས་ལས་ཞེས་པའང་དོན་གྱིས་གནས་པའི་ཕྱིར་རོ། །སྙིང་པོ་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ལ་དེའི་ཁམས་ནི་དེའི་ཉེར་ལེན་ཡིན་ནོ། །མཐར་ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཅེས་པ་ནི་ཁམས་ཀྱི་མཐའ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གནས་གྱུར་ནས་དྲི་མ་མཐའ་དག་ཟད་པ་དབྱིངས་བློ་བུར་གྱི་དྲི་མ་ལས་གྲོལ་བ་དང་། རང་གི་ཡུན་སྣང་བ་མེད་པའི་ཤེས་རབ་དང་། རྗེས་སུ་འབྲེལ་པའི་བྱང་ཆུབ་འབྱུང་བའི་ཕྱིར་རོ། །སྟོབས་སོགས་ཞེས་པ་ནི་བྱང་ཆུབ་ལ་ཡོན་ཏན་བརྟེན་པའོ། །སེམས་ཅན་ཀུན་དོན་བྱེད་ཆོས་རྣམས་དང་ལྡན་ཞེས་པ་ནི་ཡོན་ཏན་གྱིས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྲིན་ལས་མཛད་པའི་ཕྱིར་རོ། །དེས་ན་སྐྱེ་བའི་གོ་རིམ་ངེས་པ་སྟེ་འདིས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོའང་བསྟན་པ་ཡིན་ནོ་ཞེས་སོ། །གཞན་དག་ན་རེ་སྐྱབས་གནས་ཀྱི་ཐོག་མ་སངས་རྒྱས་ཡིན་པའི་ཕྱིར་དང་། དེ་དཀོན་མཆོག་གསུམ་གྱི་ཐོག་མའི་རྒྱུ་ཡིན་པས་སངས་རྒྱས་དང་པོར་བཤད་ལ། སངས་རྒྱས་ཡོད་ན་ཆོས་འབྱུང་བའི་ཕྱིར་དང་། སངས་རྒྱས་ལ་དད་ནས་སྐྱབས་སུ་འགྲོ་བ་ན་ཆོས་ལ་ཡང་དད་ནས་སྐྱབས་སུ་འགྲོ་བའི་ཕྱིར་དང་། དེའི་རྗེས་ལས་ཆོས་བཤད་ཅིང་ཆོས་ལས་དགེ་འདུན་འབྱུང་བའི་ཕྱིར་དང་། ཆོས་ལ་དད་ནས་སྐྱབས་སུ་འགྲོ་བ་ནི་དགེ་འདུན་ལ་ཡང་དད་ནས་སྐྱབས་སུ་འགྲོ་བའི་ཕྱིར་དེ་ནས་དགེ་འདུན་བཤད་ལ། དགེ་འདུན་ལ་ཡོད་པའི་ཁམས་དེ་ཉེར་ལེན་གྱི་རྒྱུ་ཡིན་པས་ཚོགས་ལས་སྙིང་པོས་ཞེས་པའོ། །དུས་ཇི་སྲིད་དུ་ཁམས་སུ་བསྒྲང་ཞེ་ན་ཡེ་ཤེས་ཁམས་ཐོབ་མཐར་ཏེ་དེ་ཇི་ལྟ་བར་མངོན་དུ་མ་གྱུར་གྱི་བར་དུའོ། །དེ་མངོན་སུམ་དུ་གྱུར་པས་ན་བྱང་ཆུབ་ཡིན་པས་ན་ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཅེས་པའོ། །དེ་ལ་བརྟེན་པའི་ཡོན་ཏན་ནི་སྟོབས་སོགས་ཆོས་རྣམས་དང་ལྡན་ཞེས་དྲང་ངོ་། །འཕྲིན་ལས་ནི་སེམས་ཅན་ཀུན་དོན་བྱེད་ཅེས་ཡོན་ཏན་གྱི་ཁྱད་པར་དུ་བསྟན་ཏོ་ཞེས་འཆད་དོ། །ཡང་ན་འདི་ལྟར་སེམས་ཅན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ཆོས་ཀྱི་འཁོར་ལོ་བསྐོར་ལ་ཆོས་གསུངས་པ་ལས་སློབ་མ་འཕགས་པའི་ཆོགས་སྡུད་པའི་ཕྱིར་དཀོན་མཆོག་གསུམ་རིམ་གྱིས་འབྱུང་བ་ནི་འབྲས་བུ་ཡིན་ལ། ཚོགས་དགེ་འདུན་གྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡེ་ཤེས་དང་དབྱེར་མེད་པའི་ཁམས་ཐོབ་པ་སྟེ་རྟོགས་པ་འབྱུང་བས་ཚོགས་ཀྱི་རྗེས་སུ་རྟོགས་བྱའི་ཁམས་བསྟན་པ་ནི་ཉེར་ལེན་གྱི་རྒྱུའོ། །མཐར་སྙིང་པོ་ཡེ་ཤེས་དེ་ཐོབ་པ་སྟེ་རྟོགས་པའི་ཐབས་དྲི་མ་མེད་པའི་བྱང་ཆུབ་མཆོག་དང་དེ་ལ་རྟེན་པའི་སྟོབས་སོགས་ཀྱི་ཡོན་ཏན་དང་དེ་དག་ལས་སེམས་ཅན་ཀུན་གྱི་དོན་བྱེད་པའི་འཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པ་ནི་རྐྱེན་གསུམ་བསྟན་པ་ཡིན་པས་འབྲས་བུ་དཀོན་མཆོག་གི་འཁོར་ལོ་ཉིད་ལ་ལྟོས་ཏེ་རྟོགས་པའི་རིམ་པ་དང་བསྟུན་པའི་གོ་རིམ་ཡིན་ནོ། །དེས་ན་བློ་གྲོས་ཆེན་པོ་རྣམས་ཀྱིས་གཞུང་འདི་ལ་བརྟེན་ནས་མི་གནས་པའི་མྱ་ངན་ལས་འདས་པའི་དབང་དུ་བྱས་ཏེ་དཀོན་མཆོག་གསུམ་རྒྱུ་དང་། བྱང་ཆུབ་ལ་སོགས་པ་འབྲས་བུ་ཡིན་ཞེས་བཤད་པ་ཡང་གཞུང་གི་དོན་དུ་མི་གསལ་ཏེ་འདིར་བསྟན་པའི་གོ་རིམ་ནི་བསྟན་བཅོས་ཀྱི་ལུས་ཀྱི་འགྲེལ་པར་གསུངས་པ་དང་འགལ་བའི་ཕྱིར་འགྲེལ་པ་ལས་བསྟན་བཅོས་ཀྱི་འགྲེལ་པར་བཤད་ཟིན་ཏོ་ཞེས་གསུངས་སོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས་ཏེ། འབྲས་བུ་དཀོན་མཆོག་གསུམ་གཏན་ལ་དབབ། དེ་སྒྲུབ་བྱེད་ཀྱི་རིགས་ངོས་བཟུང་བའོ། །དང་པོ་ལ་གསུམ་སྟེ། སྐྱབས་གསུམ་སོ་སོའི་རང་བཞིན། སྐྱབས་སུ་འཇོག་པའི་རྒྱུ་མཚན། །དཀོན་མཆོག་གི་སྒྲ་དོན་ནོ། །དང་པོ་ལ། དཀོན་མཆོག་གསུམ་ལས། སངས་རྒྱས་དཀོན་མཆོག་ལ་ཡང་གསུམ་སྟེ། དོན་བསྟན། ཐ་སྙད་གདགས་པ། དེ་དག་དོན་དང་ཐ་སྙད་སྦྱར་བའོ། །དང་པོ་ནི། གང་ཞིག་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་དཀོན་མཆོག་དང་པོར་སྨོས་པ་ནི་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གསུམ་གྱིས་གདུལ་བྱ་དད་པར་བྱས་ནས་དང་པོར་དེ་ལ་སྐྱབས་སུ་འགྲོ་ལ་དེ་ལ་དད་པ་ན་ཆོས་དང་དགེ་འདུན་ལའང་སྐྱབས་སུ་འགྲོ་བའི་ཕྱིར་རོ། །དེ་ལ་གཉིས་ལས་རང་དོན་གྱི་ཡོན་ཏན་ནི་དབྱིངས་རང་བཞིན་གྱིས་དག་པ་དྲི་མ་བློ་བུར་བ་དང་བྲལ་བའི་ཆོས་སྐུ་ལ་ཐོག་མར་སྐྱེ་བ་དང་དབུས་གནས་པ་དང་མཐའ་འགགས་པ་མེད་ཅིང་སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་དང་སངས་རྒྱས་ཉིད་ཀྱིས་གཞན་གྱི་སྒྲ་དང་རྟགས་ལ་མི་ལྟོས་པར་རང་བྱུང་གི་ཡེ་ཤེས་ཀྱིས་རྣམ་པར་སངས་རྒྱས་པ་སྟེ་མངོན་སུམ་དུ་མཁྱེན་པ་དང་གསུམ་མོ། །གཉིས་པ་གཞན་དོན་གྱི་ཡོན་ཏན་ནི་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐུགས་སུ་ཆུད་པ་ན་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ལ་དེ་ལ་བརྟེན་ནས་ལམ་སྟོན་པའོ། །ལམ་ཇི་ལྟ་བུ་ཞིག་ན་འཇིག་རྟེན་ལས་འདས་པའི་ཕྱིར་འཇིག་པ་མེད་པ་དང་སླར་མི་ལྡོག་པའི་ཕྱིར་རྟག་པའོ། །དགོས་པ་ནི་མ་རིག་པས་བསྒྲིབས་པས་ཆོས་ཀྱི་སྐུ་མ་རྟོགས་པའི་འགྲོ་བ་རྣམས་ཀྱིས་དེ་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་མཁྱེན་པ་དང་བརྩེ་བའི་རལ་གྲི་དང་རྡོ་རྗེ་མཆོག་བསྣམས་པའི་སངས་རྒྱས་དེ་ལ་འདུད་དོ་ཞེས་པའོ། །མཁྱེན་པ་དང་བརྩེ་བ་དག་རལ་གྲི་ཇི་ལྟར་ཡིན་ཞེ་ན། མིང་དང་གཟུགས་ཀྱིས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོ་ལྔ་ནི་སྡུག་བསྔལ་ཡིན་ལ་དེ་ཉིད་འབྲས་བུར་མངོན་པར་གྲུབ་པས་ན་མྱུ་གུ་ཡིན་ཅིང་དེ་གཅོད་པར་མཛད་པས་རལ་གྲི་ལྟ་བུ་སྟེ་དཔེར་ན་རྒྱལ་པོ་ཟླ་འོད་ཀྱི་རལ་གྲི་ཟླ་བའི་འོད་ཟེར་གྱིས་སྡོང་པོ་འབད་རྩོལ་མེད་པར་གཅོད་པ་ལྟ་བུའོ། །ཡང་དེ་དག་ཇི་ལྟར་རྡོ་རྗེ་ཡིན་ཞེ་ན་ཕུང་པོ་ལ་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་མཐར་འཛིན་པ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ་ལྟ་བ་སྣ་ཚོགས་པའི་ནགས་ཐིབས་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལས་འབྲས་དང་བདེན་པ་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་གྱི་རྩིག་པ་འཇིག་པར་མཛད་པས་རྡོ་རྗེ་ལྟ་བུ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེས་ནགས་ཐིབས་པོས་བསྐོར་བའི་ལྷ་མ་ཡིན་གྱི་རྩིག་པ་འཇིག་པ་ལྟ་བུའོ། །ལྟ་བ་དང་ཐེ་ཚོམ་ནི་འདིར་མཐོང་སྤང་ཡིན་ཞིང་དེས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་གཞན་ཡང་མཚོན་ལ་དེ་དག་ནི་ནགས་ཐིབས་པོས་བསྐོར་བའི་རྩིག་པ་དང་འདྲ་སྟེ། དེ་དག་འཇིག་རྟེན་པའི་ཤེས་རབ་ཀྱིས་ཕིག་པ་དང་རྟོགས་པར་དཀའ་བའི་ཕྱིར་རོ། །གཉིས་པ་ཐ་སྙད་གདགས་པ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱིས་དབེན་པས་ན་འདུས་མ་བྱས་པ་དང་རྣམ་པར་རྟོག་དང་སྤྲོས་པ་ཉེ་བར་ཞི་བས་ན་ལྷུན་གྱིས་གྲུབ་པ་དང་སྒྲ་དང་རྟགས་ལས་མི་རྟོགས་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་གསུམ་ནི་རང་དོན་ཡིན་ལ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་གནས་ལུགས་མ་ལུས་པ་མཁྱེན་པའི་ཡེ་ཤེས་དང་། སྡུག་བསྔལ་རྒྱུ་དང་བཅས་པ་སེལ་བའི་བརྩེ་བའི་ཐུགས་རྗེ་དང་། དེ་གཉིས་ཀྱི་བདག་རྐྱེན་ལ་བརྟེན་ནས་སྡུག་བསྔལ་རྒྱུར་བཅས་སེལ་བར་ནུས་པའི་འཕྲིན་ལས་དང་གསུམ་ནི་གཞན་དོན་ཡིན་ཅིང་དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་སངས་རྒྱས་དཀོན་མཆོག་ཉིད་ཡིན་ནོ། །གསུམ་པ་དོན་དང་ཐ་སྙད་སྦྱར་བ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་འདུས་མ་བྱས་པ་ཡིན་ཏེ་འདུས་བྱས་ཀྱི་ཆོས་ཐོག་མར་སྐྱེ་བ་དང་དབུས་སུ་གནས་པ་དང་མཐར་འགགས་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་འཇུག་པ་ཡེ་ཤེས་སྣང་བ་བརྒྱན་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ་ཞེས་སོ། །མཛད་པ་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་སྟེ་འབད་རྩོལ་མེད་པ་ཞེས་བྱ་བར་བརྗོད་དེ་སྤྲོས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་རོ། །ཆོས་ཀྱི་སྐུ་ཅན་ཞེས་པ་ནི་ཁྱད་པར་གྱི་གཞི་ངོས་བཟུང་བའོ། །དེ་ཉིད་ལས། བཱཻཌཱུརྱ་ཡི་ས་གཞི་དྲི་མ་མེད་པའི་བརྒྱ་བྱིན་གྱི་གཟུགས་བརྙན་གྱི་དཔེ་བཀོད་དེ། འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་གཡོ་བར་མི་མཛད། སེམས་པར་མི་མཛད། སྤྲོ་བར་མི་མཛད། རྟོག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད་ཅེས་པ་ལ་སོགས་པ་གསུངས་སོ། །ཡང་དེ་ཉིད་གཞན་གྱི་སྒྲ་དང་རྟགས་ལ་སོགས་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་ཏེ་དེ་བཞིན་གཤེགས་པ་ཉིད་ཀྱིས་ཇི་ལྟ་བ་མཁྱེན་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་འགའ་ཡང་གཟིགས་པ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཙམ་ཡིན་གྱི་དེ་ལས་གཞན་གྱིས་ཇི་ལྟ་བ་བཞིན་མི་རྟོགས་པའི་ཕྱིར་རོ། །དེ་ཉིད་ལས། བལྟར་མེད་པ། མཉམ་དུ་མེད་པ། བསྣམ་དུ་མེད་པ། མྱང་དུ་མེད་པ། རེག་ཏུ་མེད་པ། མཚན་མ་མེད་པ། རྣམ་པར་རིག་པ་མེད་པ། རྣམ་པར་རིག་པར་བྱ་བ་མ་ཡིན་པ་ཞེས་པ་དང་། དེ་བཞིན་ཉིད་ཅེས་བྱ་བ་ནི་དེ་ཁོ་ནའི་ཚིག་བླ་དྭགས་སོ། །དེ་བཞིན་ཉིད་དང་བདག་མེད་དེ་ནི་གཉིས་སུ་མེད་དོ། །གཉིས་སུ་མེད་པའི་དོན་གང་ཡིན་པ་དེ་ནི་བྱང་ཆུབ་ཏེ་བྱང་ཆུབ་ནི་དོན་རྟོགས་པའོ་ཞེས་པ་ལ་སོགས་པ་གསུངས་ལ། མདོ་གཞན་ལས་ཀྱང་། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཉིད་བལྟའ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ཡོངས་མི་ནུས། །ཞེས་སོ། །གཉིས་པ་གཟུགས་ཀྱི་སྐུ་ནི་དེ་ལྟར་རང་ཉིད་ཆོས་ཀྱི་སྐུར་སངས་རྒྱས་ནས་འདུས་མ་བྱས་ལ་སོགས་པའི་ཆོས་རྣམ་པ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱིངས་དེ་ངེས་པ་དང་མ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཁྱད་མེད་དུ་རྟོགས་པའི་ཕྱིར་ན་མཁྱེན་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་རང་གིས་མཁྱེན་ནས་བློ་བུར་གྱི་དྲི་མས་རབ་ཏུ་བསྒྲིབས་པས་ཆོས་ཀྱི་སྐུ་མ་རྟོགས་པའི་སེམས་ཅན་རྣམས་ལ་དེ་རྟོགས་པར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་ན་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའོ། །མདོ་ལས། གང་ཡང་དེ་བཞིན་གཤེགས་པའི་བྱང་ཆུབ་རྣམ་པ་བཅུ་དྲུག་བསྟན་ནས་མཐར་འདི་སྐད་དུ། འཇམ་དཔལ་དེ་ལ་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱུང་བ་སྟེ། སེམས་ཅན་རྣམས་ལ་ཡང་མ་དག་པ་དྲི་མ་དང་མ་བྲལ་བའི་སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་གཟིགས་ནས་སེམས་ཅན་རྣམས་ལ་རྣམ་པར་བརྩེ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ། །ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་དང་ཐུགས་རྗེ་ཡིས་བདག་པོའི་རྐྱེན་བྱས་ནས་ཆོས་ཀྱི་འཁོར་ལོ་མཚུངས་པ་མེད་པ་བསྐོར་བས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་ཉོན་མོངས་པ་སྟེ་སྒྲིབ་པ་མཐའ་དག་སྤོང་བའི་ཕྱིར་ནུས་པ་སྟེ་འཕྲིན་ལས་ཕུན་སུམ་ཚོགས་པའོ། །དེ་ལྟར་དོན་དྲུག་ལས་དང་པོ་འདུས་མ་བྱས་ལ་སོགས་པ་ཆོས་སྐུའི་ཡོན་ཏན་གསུམ་གྱིས་ནི་རང་གི་དོན་མཐར་ཐུག་པ་བསྟན་པ་ཡིན་ཏེ། རང་ཉིད་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་དང་བྲལ་བའི་ཟག་མེད་ཀྱི་དབྱིངས་མངོན་དུ་གྱུར་པས་བདེ་བ་དམ་པ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །མཁྱེན་པ་ལ་སོགས་པ་ཕྱི་མ་གཟུགས་སྐུའི་ཡོན་ཏན་གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་ཡིན་ཞེས་པ་ནི་དོན་བསྡུ་བའོ། །ཡང་ན་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི་རང་ཉིད་ཟབ་མོ་མངོན་པར་བྱང་ཆུབ་པ་ཡིན་པས་རང་གི་དོན་ཡིན་ལ། ཐུགས་རྗེ་དང་ནུས་པ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་མཛད་པས་གཞན་གྱི་དོན་ཡིན་ནོ། །ཆོས་ཀྱི་སྐུ་ནི་དེ་གཉིས་ཀའི་རྟེན་ཡིན་ཏེ། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པ་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །གཉིས་པ་ཆོས་དཀོན་མཆོག་ལའང་གསུམ་སྟེ། དོན་གྱི་དངོས་པོ་དགོད། དེ་ལ་ཐ་སྙད་གདགས། དོན་དང་ཐ་སྙད་སྦྱར་བའོ། །དང་པོ་ལ་གཉིས་སྟེ། འགོག་པ་དང་། ལམ་གྱི་བདེན་པའོ། །དང་པོ་ལ་གཉིས་སྟེ། རང་བཞིན་རྣམ་དག་དང་། བློ་བུར་དྲི་བྲལ་ལོ། །དང་པོ་ལའང་གསུམ་ལས། རྟོག་གེས་དཔྱད་པར་མི་ནུས་པ་ནི་གང་ཞིག་ཅེས་པས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནི་ཡང་དག་པར་ན་དངོས་པོ་མེད་པར་གྲུབ་པ་མ་ཡིན་ཏེ། དགག་བྱ་དངོས་པོ་མ་གྲུབ་པའི་ཕྱིར། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་དགག་མེད་གསལ། །ཞེས་པ་དང་། དབུ་མ་རྩ་བ་ལས་ཀྱང་། དངོས་པོ་ཡོད་པར་མ་གྱུར་པར། །དངོས་མེད་གང་གི་ཡིན་པར་འགྱུར། །དངོས་པོ་ཞིག་པར་འགྱུར་བ་ལ། །དངོས་མེད་ཅེས་ནི་སྐྱེ་བོ་སྨྲ། །ཞེས་སོ། །གལ་ཏེ་དགག་བྱ་དངོས་པོ་ཡོད་ན་རྟགས་མི་འགྲུབ་ལ། མེད་ན་དེ་ཉིད་དངོས་མེད་ཡིན་པས་དམ་བཅའ་ལ་གནོད་པར་འགྱུར་རོ་ཞེ་ན། དངོས་པོ་མ་གྲུབ་པས་རྟགས་གྲུབ་ལ། དངོས་པོ་མ་གྲུབ་པས་ཐ་སྙད་དུ་དངོས་མེད་ཡིན་ཡང་དེ་ཁོ་ནར་དངོས་མེད་དུ་མི་འགྱུར་བས་དམ་བཅའ་ལ་གནོད་པ་མེད་དོ། །གལ་ཏེ་དགག་བྱ་དངོས་པོ་བློས་སྒྲོ་བཏགས་ནས་ཡོད་དོ་ཞེ་ན། དེ་ལྟ་ན་དེ་དགག་པའང་བཏགས་པ་ཙམ་དུ་འགྱུར་ཏེ། རྨི་ལམ་གྱི་བུམ་པ་ཆག་པ་བཞིན་ནོ། །སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །དེ་ཕྱིར་བརྫུན་པའི་དངོས་གང་ཡིན། །དེ་ཡི་དངོས་མེད་གསལ་བར་བརྫུན། །ཞེས་སོ། །ཡང་ཆོས་ཀྱི་དབྱིངས་དེ་དངོས་པོར་ཡོད་པ་མ་ཡིན་ཏེ། དངོས་པོའི་ཆོས་སྐྱེ་བ་ལ་སོགས་དང་བྲལ་བའི་ཕྱིར་ནམ་མཁའ་བཞིན་ནོ། །རྟགས་ནི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་ཆོས་མ་ཡིན་པས་གྲུབ་ལ། ཁྱབ་པ་ནི་དངོས་པོ་སྐྱེ་སོགས་དང་བཅས་པར་ཐ་སྙད་པའི་བློས་མཐོང་བས་གྲུབ་བོ། །འཕགས་པ་སྒྲ་གཅན་འཛིན་བཟང་པོས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །གལ་ཏེ་ཐ་སྙད་པའི་བློ་འཁྲུལ་ན་ཁྱབ་པ་སྒྲུབ་བྱེད་ཀྱི་ཚད་མར་མི་རུང་ལ། མ་འཁྲུལ་ན་སྐྱེ་སོགས་བདེན་པར་གྲུབ་པར་འགྱུར་ཏེ། བློ་མ་འཁྲུལ་བའི་ཡུལ་ཡིན་པའི་ཕྱིར་རོ་ཞེ་ན། སྐྱེ་སོགས་བདེན་པར་རྟོག་པའི་བློ་འཁྲུལ་པ་ཡང་ཁྱབ་པ་ངེས་བྱེད་ཀྱི་ཚད་མར་མི་འདོད་ལ། ཐ་སྙད་པ་འཇལ་བྱེད་ཀྱི་བློ་མ་འཁྲུལ་བ་ཡང་དེའི་ཡུལ་བདེན་པར་མི་འགྱུར་ཏེ། དཔྱད་མི་བཟོད་པའི་ཕྱིར་ཐུབ་པའི་ཇི་སྙེད་པ་མཁྱེན་པའི་ཡུལ་བཞིན་ནོ། །ཡང་ཡོད་མེད་གཉིས་ཀར་ཡང་མ་ཡིན་ཏེ་ཡ་གྱལ་རེ་རེ་ནས་ཁེགས་པའི་ཕྱིར་དང་། ཡོད་མེད་ཕན་ཚུན་འགལ་བའི་ཕྱིར་རོ། །ཡང་ཡོད་མེད་གཉིས་ལས་གཞན་དུའང་གྲུབ་པ་མེད་དེ་ལྟོས་ས་ཡོད་མེད་གཉིས་མ་གྲུབ་པའི་ཕྱིར་དང་། དགག་སྒྲུབ་གཉིས་ལ་བཟློག་ཕྱོགས་ཀྱི་ཕུང་པོ་གསུམ་པ་མེད་པའི་ཕྱིར་རོ། །དེ་ལྟར་རྟགས་བསྒྲུབས་ནས་སྦྱོར་བ་དགོད་པ་ནི། རང་བཞིན་གྱིས་དག་པའི་འགོག་པ་རྟོག་གེའི་བློས་རང་བཞིན་འདིའོ་ཞེས་དཔྱད་པར་མི་ནུས་ཏེ། མེད་པ་ལ་སོགས་པའི་མུ་བཞི་གང་དུའང་བརྟག་པར་མི་ནུས་པའི་ཕྱིར། རྒྱན་ལས། རྟོག་གེས་རྟོག་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་བརྗོད། །དེ་ཕྱིར་དེ་ཉིད་དེ་ཡུལ་མིན། །ཞེས་སོ། །གལ་ཏེ་དེ་ལྟར་ན་དེ་བཞིན་ཉིད་དེ་རིགས་ཤེས་རྗེས་དཔག་གིས་ཀྱང་མི་རྟོགས་པར་འགྱུར་བས་སྤྲོས་པ་འགོག་པའི་གཏན་ཚིག་རྣམས་དོན་མེད་པར་འགྱུར་རོ་ཞེ་ན། རྗེས་དཔག་གིས་རང་བཞིན་ཇི་ལྟ་བ་བཞིན་རྟོགས་པར་མི་ནུས་ཀྱང་བཟློག་ཕྱོགས་སུ་ཞེན་པའི་སྒྲོ་འདོགས་སེལ་ནུས་པའི་ཕྱིར་རྟགས་དོན་ཡོད་དེ། དབུ་མའི་སྙིང་པོ་ལས། དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་མི་འགྲུབ་ཀྱང་། །དེ་ཉིད་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་སེལ་བྱེད། །ཅེས་སོ། །དེས་ན་ཚུ་རོལ་མཐོང་བ་རྣམས་ཀྱིས་བདེའ་བར་གཤེགས་པའི་ངེས་པའི་གསུང་རབ་ལ་ཡིད་ཆེས་པའི་དད་པས་སྤྱིའི་རྣམ་པར་རྟོགས་པ་བྱ་བ་ཡིན་ཏེ། འདི་ཉིད་ལས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་འཆད་པར་འགྱུར་རོ། །གཉིས་པ་སྒྲའི་བརྗོད་བྱ་མ་ཡིན་པ་ནི། དྲི་མ་རང་གཞན་གྱིིས་དག་པའི་འགོག་པ་ནི་སྒྲ་འཇུག་པའི་རྒྱུ་མཚན་ཅན་གྱི་ངེས་པའི་ཚིག་དང་བྲལ་བ་ཡིན་ཏེ། སྒྲའི་བརྗོད་བྱ་མ་ཡིན་པའི་ཕྱིར་ཏེ། རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །མན་ངག་གི་བསྟན་བཅོས་ལས། གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང་། །ཞེས་པ་དང་། རྩ་བ་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་སོ། །དེ་ལྟར་ན་གསུང་རབ་ཀྱི་བརྗོད་བྱར་བྱས་པ་དང་འགལ་ལོ་ཞེ་ན། དེ་ནི་རི་མོའི་གཟུགས་བརྙན་ལ། འདི་ནི་ཚངས་པའོ། །འདི་ནི་བརྒྱ་བྱིན་ནོ། །ཞེས་པ་ལྟར་བཏགས་ནས་བཤད་པ་ཡིན་ཏེ། མདོའ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པ་ཡིན། །ཞེས་སོ། །གསུམ་པ་འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པ་ནི། དོན་དེ་ཐེག་ཆེན་འཕགས་པའི་མཉམ་བཞག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ནི་གཞན་གྱི་སྒྲ་དང་རྟགས་ལ་མི་ལྟོས་པའི་ཕྱིར་སོ་སོ་རང་གི་རིག་པ་ཡིན་ལ་དེས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ཏེ། འདི་ཉིད་ལས། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །ཞེས་པ་དང་། མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་སོ། །དེ་ཡང་ས་དང་པོར་དབྱིངས་དེ་བཞིན་ཉིད་མཐོང་སྤང་གིས་དག་པ་མངོན་སུམ་དུ་མཐོང་ལ་གཉིས་པར་བསྒོམ་སྤངས་ཆེན་པོའི་ཆེན་པོས་དག་པ་མངོན་སུམ་དུ་མཐོང་བ་ནས། བཅུ་པར་ཆུང་ངུའི་ཆུང་ངུས་དག་པ་མངོན་སུམ་དུ་མཐོང་ལ་སྒྲིབ་པའི་བག་ཆགས་ཐམས་ཅད་ཀྱིས་དག་པ་ནི་མ་ཡིན་པས་སངས་རྒྱས་ཀྱིས་ཡེ་ཤེས་དང་ཁྱད་པར་མེད་པ་ནི་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པས་དག་པའི་ཆོས་སྐུ་མངོན་དུ་མཁྱེན་ཏེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང་། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང་། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཇི་ལྟར་ཡར་ངོའི་བཅོའ་ལྔ་ལ། །ཟླ་བ་རྫོགས་པར་གྱུར་པ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་པ་དང་། འདི་ཉིད་ལས་ཀྱང་། བཙས་པའི་ཁྱིམ་ནས་བུ་ཆུང་གིས། །ཉི་མ་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་འཆད་པར་འགྱུར་ལ། མདོ་ལས་ཀྱང་། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་གསུངས་སོ། །གཉིས་པ་བློ་བུར་དྲི་བྲལ་ལ་འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་ཞི་བས་གཉིས་སུ་མེད་པ་དང་། དེ་དག་གིས་ཞི་ཚུལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་མེད་པས་རྟོགས་པ་མེད་པའོ། །གཉིས་པ་ལམ་གྱི་བདེན་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ཏོ། །དང་པོ་ལ་བཞི་སྟེ། ལམ་གྱི་མཚན་ཉིད། མཚོན་བྱ་སྒྲ་དོན། མཚན་གཞིའི་དབྱེ་བ། སྐྱེ་བའི་རྟེན་བསམ་པའོ། །དང་པོ་ལ་ཐར་པའི་ལམ་ཙམ་གྱི་མཚན་ཉིད། བདག་མེད་པར་རྟོགས་པའི་ཤེས་རབ་ཐར་པར་བགྲོད་པའི་རྟེན་བྱེད་པའོ། །དེ་ལ་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཐར་པར་བགྲོད་པའི་རྟེན་བྱེད་པའི་ཆ་ནས་ལམ་དུ་བཞག་ཅིང་། ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་ས་དང་། སྤང་བྱ་སྤོང་བའི་ཆ་ནས་གཉེན་པོར་བཞག་གོ། །བྱེ་བྲག་ཏུ་ཉན་ཐོས་དང་། རང་རྒྱལ་དང་། ཐེག་ཆེན་གྱི་ལམ་གྱི་མཚན་ཉིད་ནི་རིམ་པ་ལྟར་གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་རང་ཉིད་ཞི་བདེའི་ཐར་པར་བགྲོད་པའི་རྟེན་བྱེད་པ་དང་། བདག་ཕྱེད་དང་གཉིས་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་རྐྱེན་ལས་རང་བྱུང་གི་ཐར་པར་བགྲོད་པའི་རྟེན་བྱེད་པ་དང་། བདག་མཐའ་དག་གིས་སྟོང་པར་རྟོགས་པའི་ཤེས་རབ་སྲིད་ཞི་ལ་མི་གནས་པའི་ཐར་པར་བགྲོད་པའི་རྟེན་བྱེད་པའོ། །འདི་ལྟར་བདག་ཅག་གི་བླ་མའི་གསུང་ལས། དེ་ལྟར་ན་མཐོང་ལམ་པའི་ཟག་མེད་ཀྱི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གཞན་རྣམས་ལམ་མ་ཡིན་པར་འགྱུར་ཏེ། ཤེས་རབ་མ་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། ཟག་མེད་ཡིན་པས་སྡུག་བསྔལ་ཀུན་འབྱུང་མ་ཡིན་ལ། འདུས་བྱས་ཡིན་པས་འགོག་བདེན་མ་ཡིན་པའི་ཕྱིར་ལམ་ཡིན་དགོས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་བཞིས་བསྡུས་པའི་ཕྱིར་རོ། །དེས་ན་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པ་ཞེས་སྨོས་ན་ལུང་དང་མཐུན་ཞེས་འབྱུང་བ་ནི། དེ་དག་ལམ་ཉིད་མ་ཡིན་པ་འདོད་ཅིང་ལམ་གྱི་གྲོགས་སམ་ཡན་ལག་མ་ཡིན་པར་ཐལ་བ་ཁྱབ་པ་མེད་དོ། །དེ་དག་ལམ་གྱི་བདེན་པའི་བསྡུས་པ་ཡིན་ཡང་ལམ་ཉིད་མ་ཡིན་ཏེ་སངས་རྒྱས་ཀྱི་དག་པའི་ཞིང་དང་སྐུ་ལ་སོགས་པ་བཞིན་ནོ། །གལ་ཏེ་དེ་དག་ལམ་ཡིན་ནའང་། མཚན་ཉིད་དེས་ལམ་གྱི་གྲོགས་སུ་སྟོན་ནུས་ཀྱི་ལམ་ཉིད་དུ་མཚོན་མི་ནུས་ཏེ། ཇི་ལྟར་སེམས་བསྐྱེད་ཀྱི་མཚན་ཉིད་གཞན་དོན་དང་བྱང་ཆུབ་ལ་དམིགས་པའི་སེམས་དེ་དག་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་ཞེས་བཀོད་པས་འདུན་པ་སེམས་བསྐྱེད་དུ་མཚོན་མི་ནུས་པ་བཞིན་ནོ། །གཉིས་པ་ཐར་པར་བགྲོད་པའི་རྟེན་བྱེད་པའི་ཕྱིར་ན་ལམ་ཞེས་མཚན་ཉིད་དང་གཞི་མཐུན་པ་སྟེ་འཇིག་རྟེན་ལ་གྲགས་པའི་ལམ་བཞིན་ནོ། །གཉིས་པ་ལའང་གཉིས་སྟེ། ལམ་ལྔ་ཡི་དབྱེ་བ། དབྱེ་བ་གཞན་བསྟན་པའོ། །དང་པོ་ལ་དབྱེ་བའི་ཆོས་ལྔ་ལས། དབྱེ་བའི་གཞི་ནི་དགོས་པ་དང་རྒྱུ་མཚན་གྱི་ཐར་པའི་ལམ་གྱི་སྒྲ་འཇུག་པ་ཙམ་མོ། །དངོས་པོ་ནི་ཚོགས་ཀྱི་ལམ་ལ་སོགས་པ་ལྔའོ། །འབྱེད་པའི་རྒྱུ་མཚན་ལ་ངོ་བོ་ཐོས་བསམ་དང་བསྒོམ་བྱུང་གི་ཤེས་རབ་གཉིས་ལས། དང་པོ་ཚོགས་ལམ། གཉིས་པ་ལམ་འཇིག་རྟེན་པ་དང་། དེ་ལས་འདས་པ་གཉིས་ལས་དང་པོ་སྦྱོར་ལམ། གཉིས་པ་ལའང་གསར་དུ་ཐོབ་པ་དང་། དེ་གོམས་པ་གཉིས་ལས་དང་པོ་མཐོང་ལམ་ཡིན་ལ། གཉིས་པ་ལའང་གཉིས་ལས། དང་པོ་གོམས་པ་མ་རྫོགས་པ་བསྒོམ་ལམ་དང་། དེ་རྫོགས་པ་མཐར་ཕྱིན་པའི་ལམ་མོ། །དབྱེ་དོན་ནི་ངོ་བོ་མི་གཅིག་སྟེ། སྔ་ཕྱི་རིམ་ཅན་ཡིན་པའི་ཕྱིར་རོ། །ལྔ་པ་གྲངས་ངེས་པ་ནི། འབྱེད་པའི་རྒྱུ་མཚན་ལྟར་རོ། །གཉིས་པ་དབྱེ་བ་གཞན་བསྟན་པ་ལ་བཞི་སྟེ། ངོ་བོ་དང་། རྒྱུ་འབྲས་དང་། ཤེས་བྱ་དང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་ཐོས་བསམ་བསྒོམ་གསུམ་ལས་བྱུང་བའི་ཤེས་རབ་གསུམ་ཡིན་ཏེ། རྒྱན་ལས། ཐོས་ལ་སོགས་པའི་ཤེས་གསུམ་གྱིས། །ཆོས་ཀྱི་དམིགས་པ་རྙེད་པར་འགྱུར། །ཞེས་པ་དང་། དབུས་མཐའ་ལས། ཐེག་པ་ཆེན་པོར་ཇི་ལྟ་བུར། །ཆོས་རྣམས་བཏག་པར་མཛད་པ་དག །བྱང་ཆུབ་སེམས་དཔའ་རྟག་པར་ཡང་། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །ཅེས་སོ། །དེ་ལ་ཐོས་པ་ལས་བྱུང་བ་ནི་རྗོད་བྱེད་ཀྱི་སྒྲ་ལ་བརྟེན་ནས་དོན་རྣམ་པར་འབྱེད་པ་ཡིན་ཞིང་། བསམ་བྱུང་ནི་སྒྲ་དང་དོན་གཉིས་ཀ་ལ་བརྟེན་ནས་དོན་ངེས་པ་ཡིན་ལ། བསྒོམ་བྱུང་ནི་སྒྲ་ལ་མི་ལྟོས་པར་གོམས་པའི་མཐུས་དོན་རྟོགས་པ་སྟེ། མཛོད་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །དེ་དག་གི་བྱེད་ལས་ནི། དགེའ་བའི་ས་བོན་བཞག་པས་ཁམས་རྒྱས་པར་བྱེད་པ་དང་། རིགས་པའི་སྟོབས་ཀྱིས་བསམ་པ་ཐག་པ་ནས་འཇུག་པར་བྱེད་པ་དང་། དེ་ཁོ་ན་ཉིད་མཐོང་ན་སྤང་བྱ་ལས་གྲོལ་བར་བྱེད་པ་སྟེ། རྒྱན་ལས། དེ་ནི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་དང་རྣམ་པར་གྲོལ་བར་བྱེད། །ཅེས་པ་དང་། དབུས་མཐའ་ལས། ཁམས་བརྟས་བྱེད་དང་འཇུག་བྱེད་དང་། །དེ་ནི་དོན་རྣམས་འགྲུབ་པར་འགྱུར། །ཞེས་སོ། །དེ་ལ་ཚོགས་ལམ་ནི་ཐོས་བསམ་གྱི་ཤེས་རབ་ཡིན་ཅིང་ལྷག་མ་བཞི་ནི་བསྒོམ་བྱུང་གི་ཤེས་རབ་ཡིན་ནོ། །ཁ་ཅིག་ཚོགས་ལམ་ན་བསྒོམ་བྱུང་གི་ཤེས་རབ་ཡོད་པར་འདོད་པ་ནི་མ་ཡིན་ཏེ། བདག་མེད་པའི་ཆོས་ཉིད་ལ་གསལ་སྣང་དང་པོར་ཐོབ་པ་ཡོད་པར་འགྱུར་ཏེ་བསྒོམ་བྱུང་གི་ཤེས་རབ་དང་པོར་ཐོབ་པ་ཡིན་པའི་ཕྱིར་རོ། །འདོད་ན་སྦྱོར་ལམ་དྲོད་ཡིན་པར་འགྱུར་ཏེ། སློབ་དཔོན་སེང་གེ་བཟང་པོས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བར་འགྱུར་བ་ཞེས་གསུངས་པས་ཁྱབ་པ་ཡོད་དོ། །དེས་ན་ཚོགས་ལམ་ཆེན་པོ་ན་ཏིང་ངེ་འཛིན་ལ་གནས་ནས་ཤེས་རབ་བསྒོམ་པ་ཡོད་ཀྱང་བསྒོམས་པའི་སྟོབས་ཀྱིས་སྐྱེས་པའི་ཤེས་རབ་མེད་དེ། ཡོད་ན་སྦྱོར་ལམ་དང་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན་གང་ཟག་སློབ་པའི་རྒྱུད་ལ་ཡོད་པ་སློབ་པའི་ལམ་དང་། དགྲ་བཅོམ་པའི་རྒྱུད་ལ་ཡོད་པ་མི་སློབ་པའི་ལམ་སྟེ་གཉིས་སོ། །དེ་ལ་ཚོགས་ལམ་ལ་སོགས་པ་བཞི་ནི་དང་པོ་ཡིན་ལ། ལྔ་པ་ནི་གཉིས་པ་ཡིན་ནོ། །གསུམ་པ་ཤེས་བྱའི་སྒོ་ནས་དབྱེ་ན། ལམ་དང་པོ་གཉིས་ནི་དེ་ཁོ་ན་ཉིད་མ་མཐོང་བས་མོས་པས་ཡིད་ལ་བྱེད་པ་ཞེས་བྱ་ལ་ཕྱི་མ་གསུམ་ནི་དེ་ཁོ་ན་ཉིད་མཐོང་བས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བྱའོ། །བཞི་པ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ། ཚོགས་སྦྱོར་ལ་སོགས་པ་ལྔ་ཆར་ལམ་བདེན་མཚན་ཉིད་པ་ཡིན་ཞེས་ཟེར་བ་མི་འཐད་དེ། ཚོགས་སྦྱོར་གཉིས་ཟག་མེད་ཡིན་པར་འགྱུར་ཏེ། ལམ་བདེན་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་ནི་མཛོད་ལས། ལམ་མ་རྟོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་རྗེས་སུ་འགྲོ་ལྡོག་གཉིས་ཀ་གསུངས་པའི་ཕྱིར་རོ། །འདོད་ན་ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་བཟུང་བར་རྟོག་པ་དང་། འཛིན་པར་རྟོག་པ་སྟེ་དེ་སྤོང་བར་བྱེད་པ་ནི་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་དེ་དག་སྤང་བྱའི་ས་བོན་ནམ་དེས་བཞག་པའི་བག་ཆགས་ཀྱི་གཉེན་པོ་བྱེད་པར་འགྱུར་ཏེ། སློབ་པའི་ལམ་མཚན་ཉིད་པ་ཡིན་པའི་ཕྱིར་མཐོང་སྒོམ་བཞིན་ནོ། །ལམ་དེ་དག་ལྡན་པའི་གང་ཟག་དེས་རྟོགས་པའི་ཆོས་ཐོབ་པར་འགྱུར་ལ། འདོད་པར་མི་འོས་ཏེ་སོ་སོ་སྐྱེ་བོའི་རྟོགས་པ་ལུང་གི་ཆོས་ཀྱིས་བསྡུས་པར་གསུངས་པ་དང་། ཆོས་དཀོན་མཆོག་མཚན་ཉིད་པ་ཐོབ་པས་སྐྱབས་གནས་དཀོན་མཆོག་ཏུ་ཐལ་བའི་ཕྱིར་རོ། །ལམ་དེ་དག་རང་རིགས་ཀྱི་ལམ་གྱི་སྤང་བྱ་མ་ཡིན་པར་ཡང་འགྱུར་ཏེ། ལམ་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །འདོད་ན་འཕགས་པའི་ལམ་སྐྱེས་པ་ན་སྤོང་བར་གསུངས་པ་དང་འགལ་ལོ། །གཞན་དག་མཐར་ཕྱིན་པའི་ལམ་ཡང་ལམ་བདེན་གྱི་མཚན་ཉིད་མ་ཚང་བས་དེ་མཚན་ཉིད་པ་མ་ཡིན་ཞེས་ཟེར་བའང་མི་འཐད་དེ། སངས་རྒྱས་ཀྱི་མངོན་པར་རྟོགས་པ་རྣམས་བདེན་པ་བཞིའི་ཁྱད་པར་གང་རུང་གཅིག་གིས་མ་བསྡུས་པར་འགྱུར་ཏེ། ལམ་བདེན་གྱིས་མ་བསྡུས་ཤིང་ཟག་མེད་ཡིན་པས་སྡུག་བསྔལ་དང་ཀུན་འབྱུང་གིས་མ་བསྡུས་ལ། འདུས་བྱས་ཡིན་པས་འགོག་བདེན་གྱིས་ཀྱང་མ་བསྡུས་པའི་ཕྱིར་རོ། །འདོད་ན་ཕུང་པོ་ལྔའི་ཁྱད་པར་མ་ཡིན་པར་འགྱུར་ཏེ་བདེན་བཞིའི་ཁྱད་པར་གྱིས་མ་བསྡུས་ལ་དེ་དག་གི་ཚོགས་པའང་མ་ཡིན་པའི་ཕྱིར། བསྡུ་བ་རྣམ་པར་གཏན་ལ་དབབ་པ་ལས། བདེན་པ་གསུམ་གྱིས་ཕུང་པོ་ལྔ་བསྡུས་སམ་ཕུང་པོ་ལྔས་བདེན་པ་གསུམ་བསྡུས་ཞེ་ན། ཕན་ཚུན་གཅིག་གིས་གཅིག་བསྡུས་སོ། །འགོག་པ་དང་ཕུང་པ་ནི་གང་གིས་ཀྱང་གང་ཡང་མ་བསྡུས་ཏེ་འགོག་པ་ནི་ཕུང་པོ་བྲལ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཞེས་གསུངས་པས་ཁྱབ་པ་ཡོད་ལ། ཟག་མེད་ཀྱི་ཕུང་པོ་ཡིན་པས་འདོད་པར་མི་ནུས་སོ། །གཉིས་པ་རང་ལུགས་དགོད་པ་ནི། ཚོགས་སྦྱོར་གཉིས་རྒྱུད་པ་དང་ལམ་ལ་དངོས་སུ་སྦྱོར་བ་ཡིན་པས་དེར་བཏག་པ་ཡིན་གྱི་ལམ་མཚན་ཉིད་པ་ནི་མ་ཡིན་ཏེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པའི་ལམ་བདེན་གྱི་མཚན་ཉིད་དག་པ་དང་གསལ་བ་དང་གཉེན་པོ་བྱེད་པའི་ཆོས་གསུམ་མ་ཚང་བའི་ཕྱིར་རོ། །མདོའ་ལས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ལམ་མེད་ལམ་བསྒོམ་པ་ཡང་མེད་པར་འབྲས་བུར་རྣམ་པར་དགོད་པར་ལྟ་ག་ལ་ཡོད་ཅེས་གསུངས་སོ། །ཕྱི་མ་གསུམ་ནི་ལམ་བདེན་མཚན་ཉིད་པ་ཡིན་ཏེ་དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །གསུམ་པ་རྩོད་པ་སྤང་བ་ནི་གལ་ཏེ་ཚོགས་སྦྱོར་གཉིས་ལམ་མ་ཡིན་ན། ཆོས་མངོན་པ་ལས། ལམ་རྣམ་པ་ལྔ་སྟེ་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པ་ལྟར་རྒྱུ་ལ་འབྲས་བུའི་སྒྲས་བཏགས་པ་ཡིན་ལ་དགོས་པ་ནི་ལམ་ལ་འཇུག་པས་རྒྱུ་དེ་དག་ལ་སློབ་དགོས་པར་ཤེས་པ་ཡིན་ཞིང་། དངོས་ལ་གནོད་བྱེད་ནི་སྔར་བརྗོད་པ་ཉིད་ཡིན་ནོ། །གལ་ཏེ་དེ་དག་ཟག་བཅས་ཡིན་ན་ཟག་མེད་ཀྱི་དངོས་རྒྱུ་མི་བྱེད་པར་འགྱུར་རོ་ཞེ་ན། མ་ངེས་ཏེ་ཐུབ་པས་ཟག་བཅས་མཁྱེན་པའི་ཡུལ་བཞིན་ནོ། །ཟག་མེད་ཀྱི་དངོས་ཀྱི་ཉེར་ལེན་མི་བྱེད་པར་འགྱུར་རོ་ཞེ་ན། དེའང་མ་ངེས་ཏེ་ཟག་མེད་ཀྱི་སྐད་ཅིག་དང་པོའི་ཉེར་ལེན་བཞིན་ནོ། །གལ་ཏེ་སངས་རྒྱས་ཀྱི་ས་ན་ལམ་བདེན་ཡོད་ན། མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལམ་ཆད་པ་འཇུག་པ་ཆད་པ་སྤྲོས་པ་དང་སྲིད་པར་འདྲེན་པ་ཆད་པ་ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་གོང་ནས་གོང་དུ་བགྲོད་པའི་རྟེན་དུ་གྱུར་པའི་སློབ་པའི་ལམ་རྒྱུད་ཆད་པ་ཡིན་ཏེ་དེ་ལས་གོང་དུ་བགྲོད་དུ་མེད་པའི་ཕྱིར། བསྡུ་བ་ལས། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་པོ་ཐམས་ཅད་ལམ་གྱིས་བསྡུས་པ་ཡིན་པ་དེའི་ཚེ། ཅིའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ལམ་གྱི་བདེན་པ་ཞེས་བྱ་ཞེ་ན། བསླབ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་རོ་ཞེས་གསུངས་སོ། །བཞི་པ་སྐྱེ་བའི་རྟེན་བསམ་པ་ལ་གཉིས་ལས། དང་པོ་ལུས་ཀྱི་རྟེན་ལ་ཐེག་ཆེན་གྱི་ཚོགས་ལམ་དང་པོར་སྐྱེ་བ་ནི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་ཀྱི་མི་དང་། འདོད་པའི་ལྷ་རིགས་དྲུག་ལ་སྐྱེ་བ་ཡིན་ཏེ། མདོའ་ལས། གང་ཚེ་སྐང་གཉིས་གཙོ་བོ་ཡིས། །ཆོས་ཀྱི་དམ་པ་འདི་བཤད་པ། །དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཅེས་སོ། །དེ་དག་ལའང་མིའི་རྟེན་མཆོག་ཏུ་གྱུར་པ་སྟེ། སློབ་དཔོན་ཙནྡྲ་གོ་མིའི་སྤྲིངས་ཡིག་ལས། བདེ་གཤེགས་ལམ་བརྟེན་འགྲོ་བའི་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་སོ། །ཐེག་པ་ཆུང་ངུའི་ཚོགས་ལམ་ནི་མིའི་རྟེན་ཁོ་ན་ལ་སྐྱེ་བར་འདོད་དེ། མཛོད་ལས། འགོག་པ་དང་པོ་མི་ནང་དུ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་སོ། །སྦྱོར་ལམ་གྱི་དང་པོ་དང་མཐོང་ལམ་ཡང་རྟེན་དེ་དག་ལ་སྐྱེ་ཡི། གོང་མ་གཉིས་ཀྱི་རྟེན་ལ་མཐོང་ལམ་མི་སྐྱེ་སྟེ། འདི་སྐྱེ་བ་ལ་རྒྱུད་ལ་སྐྱོ་ཤས་ཆེ་བ་དང་ལྡན་དགོས་པ་ལས་གོང་མ་ལ་དེ་མེད་པའི་ཕྱིར་རོ། །བསྒོམ་ལམ་དང་པོ་སྐྱེ་བའི་རྟེན་ཡང་དེ་ཉིད་ཡིན་ཏེ། མཐོང་ལམ་གྱི་རྗེས་ཐོག་ལ་སྐྱེ་བའི་ཕྱིར་ཞེས་གོང་མ་དག་གསུངས་སོ། །ལམ་དང་པོ་གཉིས་དང་བསྒོམ་ལམ་གྱི་རྒྱུན་དང་མཐར་ཕྱིན་པའི་ལམ་ནི་མི་ཁོམ་པའི་གནས་མ་གཏོགས་པ་ཁམས་གསུམ་ཀའི་རྟེན་ལ་སྐྱེའོ། །འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་སོ། །གཉིས་པ་སེམས་ཀྱི་རྟེན་ནི་ཚོགས་ལམ་ན་གོང་མའི་སེམས་ཡོད་ཀྱང་དེའི་རྟོགས་པ་དེ་དེ་ལས་སྐྱེས་པ་མ་ཡིན་ཏེ། ཐོས་བསམ་གྱི་ཤེས་རབ་ཡིན་པས་ཏིང་ངེ་འཛིན་ལ་མི་བརྟེན་པའི་ཕྱིར་རོ། །དེས་ན་འདོད་པའི་སེམས་ལ་བརྟེན་ནོ། །སྦྱོར་མཐོང་ནི་བསམ་གཏན་དང་པོའི་ཉེར་བསྡོགས་དང་། དངོས་གཞི་དང་། དངོས་གཞི་ཁྱད་པར་ཅན་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་དངོས་གཞི་སྟེ་བསམ་གཏན་ས་དྲུག་གང་ཡང་རུང་བ་ལས་སྐྱེ་སྟེ། བསྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །ཞེས་སོ། །དེ་དག་ལས་གཞན་པ་མ་ཡིན་ཏེ་འདོད་པའི་སེམས་གཡེངས་པ་དང་ཕྱི་མ་གསུམ་གྱི་ཉེར་བསྡོགས་ལ་བརྟེན་པ་བས་དངོས་གཞི་ལ་བརྟེན་པ་སླ་བ་དང་། གཟུགས་མེད་ཞི་གནས་ཤས་ཆེ་བས་མི་གསལ་བའི་ཕྱིར་རོ། །ཚུལ་འདི་ཡང་ཉན་ཐོས་པའི་རྣམ་པར་བཞག་པ་ཡིན་ཏེ་དེའི་ལུགས་ལ་དང་པོའི་ཉེར་བསྡོགས་རབ་ཏུ་དབེན་པ་ལ་བརྟེན་ནས་ལམ་བགྲོད་དེ། དགྲ་བཅོམ་པ་འཐོབ་པ་ན་ཉོན་སྒྲིབ་ཐམས་ཅད་སྤངས་ཀྱང་སྙོམས་འཇུག་གི་སྒྲིབ་པ་མ་སྤང་བས་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ཡོད་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཚུལ་ནི། རྒྱན་ལས། བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་དེ། །ཞེས་འབྱུང་བས་ཚོགས་ལམ་ཆེན་པོའི་དུས་ནས་བསམ་གཏན་གྱི་དངོས་གཞི་ཐོབ་པས་དེ་ལ་བརྟེན་གྱི་ཉེར་བསྡོགས་ལ་མི་བརྟེན་ནོ། །ཁྱད་པར་དུའང་མཐོང་ལམ་ནི་བཞི་པའི་དངོས་གཞི་དག་པ་ལ་བརྟེན་ནས་བསྐྱེད་དེ། དེ་བསམ་གཏན་གྱི་མཆོག་ཡིན་པས་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྟེན་བྱེད་པའི་ཕྱིར། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཆ་ངོས་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །ལམ་ཕྱི་མ་གཉིས་ནི་བསམ་གཏན་ས་དྲུག་དང་གཟུགས་མེད་དང་པོ་གསུམ་སྟེ་ས་དགུ་ལ་བརྟེན་ནོ། །མཛོད་ལས། བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་སོ། །ཐེག་པ་ཆེན་པོ་ནི་ཐབས་ལ་མཁས་པའི་སྟོབས་ཀྱིས་འདོད་པ་དང་སྲིད་རྩེའི་སེམས་ལ་བརྟེན་པར་འདོད་དེ། སློབ་དཔོན་སེང་གེ་བཟང་པོས། འདོད་པ་ལ་སོགས་པའི་ས་དགུ་དག་ཏུ་རྣམ་པ་དགུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་བསྒོམ་པའི་ལམ་ཡིན་ནོ་ཞེས་གསུངས་སོ། །འདི་ཡང་བསྒོམ་ལམ་གྱི་ཡོན་ཏན་གྱི་ཆོས་འགའ་ཞིག་བརྟེན་པ་ལ་དགོངས་ཀྱི་བསྒོམ་ལམ་ཉིད་ནི་དེ་དག་ལ་བརྟེན་པ་མ་ཡིན་ཏེ། བསྒོམ་པ་ལས་བྱུང་བའི་ལྷག་མཐོང་གི་ཤེས་རབ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། དག་པ་ནི་དྲི་མེད་ཅེས་པ་སྟེ་བྱང་ཆུབ་སེམས་དཔའི་མཐོང་སྒོམ་གྱི་མཉམ་བཞག་མི་རྟོག་པའི་ཤེས་རབ་ཀྱི་ངོ་བོ་ལ་མཐོང་སྤངས་དང་བསྒོམ་སྤང་གི་དྲི་མ་གཏན་མེད་པ་སྟེ། དྲི་མ་དེ་དག་ས་བོན་དང་བཅས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ་གང་ཟག་དེའི་རྒྱུད་ལ་སྒྲིབ་པ་ཡོད་པའི་ཕྱིར་རོ། །གོང་མ་དག་མཉམ་བཞག་གི་ངོ་ན་དྲི་མ་མེད་པའོ་ཞེས་གསུངས་པ་ནི་མི་འཐད་དེ། དེ་རང་གི་ངོ་བོ་དྲི་མ་མེད་པར་མ་དགོངས་པའི་ཕྱིར་དང་། བློ་ངོ་ན་དྲི་མ་ཡོད་མེད་ཀྱིས་མ་དག་པ་དང་དག་པར་འཇོག་མི་ནུས་པའི་ཕྱིར་རོ། །གལ་ཏེ་མཉམ་བཞག་དེའི་བློའི་ངོ་བོ་ལ་དྲི་མ་མེད་ན་དེ་ལ་དྲི་མའི་ས་བོན་ཡང་མེད་དམ་ཞེ་ན། དེ་ཡང་ཀུན་གཞིའ་ལ་ཡོད་ཀྱི་མཉམ་བཞག་ལ་མེད་དེ་ས་བོན་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་དྲི་མས་དག་པ་ལ་སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་པར་མེད་དོ། །གལ་ཏེ་རང་གི་ངོ་བོ་ལ་སྒྲིབ་པ་མེད་ན་དེས་ཤེས་བྱ་ཐམས་ཅད་མཁྱེན་པར་འགྱུར་ཏེ་ཤེས་བྱ་ཐམས་ཅད་ལ་ལྟོས་ནས་རང་གི་ངོ་བོ་སྒྲིབ་པས་དག་པའི་ཡེ་ཤེས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཡེ་ཤེས་བཞིན་ནོ། །འདོད་ན་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། རང་གི་ངོ་བོ་དྲི་མས་དག་ཀྱང་སེམས་ཀྱི་རྒྱུད་དྲི་མས་མ་དག་པའི་ཕྱིར། དཔེར་ན་མིག་གི་དབང་པོ་སྒྲིབ་བྱེད་ཀྱིས་མ་རེག་ཀྱང་རྩིག་པ་ལ་སོགས་པས་ཆོད་པས་གཟུགས་མི་མཐོང་བ་བཞིན་ནོ། །གཉིས་པ་གསལ་བ་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡི་ཤེས་ཀྱིས་ཤེས་བྱ་བདེན་པ་གཉིས་ཀྱི་མཚན་ཉིད་ཇི་ལྟར་གནས་པ་བཞིན་མངོན་སུམ་དུ་མཁྱེན་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པ་སྟེ་གསལ་བར་རྟོགས་ཞེས་པའོ། །རྣམ་ངེས་ལས། འཇིགས་སོགས་བཞིན་དུ་བསྒོམ་པ་ཡི། །སྟོབས་ཀྱིས་གསལ་བར་སྣང་གྱུར་པའི། །ཤེས་གང་བསླུ་བ་ཅན་མིན་པ། །རྟོག་མེད་དེ་ནི་མངོན་སུམ་མོ། །ཞེས་སོ། །དོན་འདི་ལ་ཁ་གཅིག་ན་རེ། ཐེག་ཆེན་འཕགས་པའི་མཉམ་བཞག་གིས་ཆོས་ཅན་ཏེ་སྣང་བ་ཡུལ་དུ་གཏན་མི་བྱེད་དེ། མདོ་ལས། སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་སོ། །དེས་ན་སྣང་བ་མེད་པའི་ཆོས་ཉིད་ནམ་མཁའ་ལྟ་བུར་རྟོགས་པ་ཡིན་ནོ། །ཞེས་སོ། །འདི་ནི་བློ་ཡི་འཇུག་པའི་ཚུལ་ཁོང་དུ་མ་ཆུད་པར་ཟད་དེ། འདི་ལྟར་མཐོང་བའི་ལམ་གྱི་མཉམ་གཞག་དེས་ཡུལ་ཆོས་ཉིད་དེ་བཞིན་ཉིད་དེ་དངོས་སུ་རྟོགས་སམ་ཤུགས་ལ་རྟོགས། དང་པོ་ལྟར་ན་ཡུལ་དེ་ཡོངས་གཅོད་དུ་གྲུབ་པར་འགྱུར་ཏེ་མངོན་སུམ་གྱི་དངོས་ཡུལ་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཤུགས་རྟོགས་འཕེན་བྱེད་ཀྱི་དངོས་རྟོགས་གང་ཞིག་ཡིན་བརྫུན་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པ་ཡིན་ནོ་ཞེ་ན། དེ་གཉིས་བློ་ངོ་བོ་མི་གཅིག་ན་དངོས་རྟོགས་དང་དེའི་ཤུགས་རྟོགས་སུ་འགལ་ལ། གཅིག་ན་དེས་སྣང་བ་ཡུལ་དུ་མི་བྱེད་པ་ཉམས་སོ། །དངོས་ཤུགས་གང་ལ་ཡང་མ་རྟོགས་ན་ཆོས་ཉིད་རྟོགས་པར་མི་འཐད་དོ། །གལ་ཏེ་སྒྱུ་མ་ལྟ་བུར་རྟོགས་པ་སྣང་བ་ཡུལ་དུ་བྱེད་པས་རྗེས་ཐོབ་ཡིན་ནོ་ཞེ་ན། ཅི་ཐུབ་པའི་ཇི་སྙེད་པ་མཐའ་དག་རྗེས་ཐོབ་ཏུ་འགྱུར་རོ། །དེ་ལྟར་ན་མཉམ་པར་མ་བཞག་པའི་བློ་མངའ་བར་འགྱུར་ན་འདི་ཉིད་ལས། མཉམ་པར་མ་བཞག་ཐུགས་མི་མངའ། །ཞེས་པ་དང་འགལ་ལོ། །ཁ་ཅིག་ན་རེ། མཐོང་བསྒོམ་མཉམ་བཞག་ལ་སོགས་ཇི་ལྟ་བ་མཁྱེན་པའི་རྣལ་འབྱོར་མངོན་སུམ་གྱིས་ཆོས་ཅན་ཡུལ་དུ་མི་བྱེད་ཅིང་ཆོས་ཉིད་ཤེས་བྱ་མ་ཡིན་པས་ཡུལ་རྟོགས་པ་མེད་ལ། དེ་ཉིད་ཀྱིས་ན་བློ་ཡང་མ་ཡིན་ཏེ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ་ཞེས་སྨྲ་བ་ནི་བློ་གྲོས་རྣམ་པར་འཁྱམས་པ་ཡིན་ཏེ། མཐོང་བསྒོམ་མཉམ་པར་བཞག་པའི་གང་ཟག་དེ་ལ་ཡིད་ཤེས་ཡོད་དམ་མེད། དང་པོ་ལྟར་ན་དེས་ཡུལ་བདག་མེད་མ་རྟོགས་ན་མཐོང་བསྒོམ་མཉམ་བཞག་གི་ཡིད་ཤེས་སུ་འགལ་ལ་རྟོགས་ན་དེ་ཉིད་བློ་ཡིན་པས་ཁས་བླངས་ཉམས་སོ། །གཉིས་པ་ལྟར་ན་གང་ཟག་ལ་ཡིད་ཤེས་མེད་པའི་གནས་སྐབས་འགོག་པའི་སྙོམས་འཇུག་ལ་སོགས་ལྔར་ངེས་པ་མ་ཡིན་པར་འགྱུར་ཏེ། ལྔ་པོ་དེ་དག་མ་ཡིན་པའི་མཐོང་བསྒོམ་མཉམ་བཞག་ནའང་ཡིད་ཤེས་མེད་པའི་ཕྱིར་རོ། །འདོད་ན་སུམ་བཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་པ་དང་འགལ་ལོ། །གཞན་ཡང་བློ་མ་ཡིན་ན་ཏིང་ངེ་འཛིན་མ་ཡིན་པས་མཉམ་བཞག་ཏུ་མི་འཐད་པ་དང་། བདག་མེད་མ་རྟོགས་པས་བདག་གཉིས་སུ་འཛིན་པའི་སྒྲོ་འདོགས་མི་ཆོད་པ་དང་། ཤེས་རབ་མ་ཡིན་པས་སྤང་བྱའི་ས་བོན་གྱི་གཉེན་པོ་མི་བྱེད་པར་འགྱུར་ཏེ་སྒྲིབ་པ་གཉིས་ལས་གྲོལ་བའི་རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། མི་རྟོག་པ་དང་རྗེས་འགྲོ་དང་། །ཤེས་རབ་ལས་གཞན་འདི་དག་གི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཞེས་ལྡོག་པ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བཟོད་སྐད་ཅིག་མ་གཅིག་དང་བཅུ་དྲུག་ལ་སོགས་པའི་རྣམ་གཞག་མི་རུང་བ་དང་། བྱེད་པ་པོ་མེད་པས་ཆོས་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་དང་རྟོགས་ཟིན་གོམས་པ་དང་། དེའི་སྟོབས་ཀྱིས་ཡུལ་གསལ་བར་རྟོགས་པ་ལ་སོགས་ཐེག་པ་ཆེན་པོའི་ལམ་གྱི་རྣམ་པར་བཞག་པ་ཐམས་ཅད་ནུས་པར་འགྱུར་ན། ཀྱེ་མ་ལྟ་བ་ངན་པའི་གདོན་ཆེན་པོ་འདི་སྐལ་བ་དམན་པ་སུ་ཞིག་གི་བྱུར་དུ་འགྱུར། དེས་ན་ཐེག་པ་མཆོག་གི་ལམ་ལ་གཅེས་པར་འཛིན་པ་རྣམས་ཀྱིས་དྲི་ང་བའི་འདམ་རྫབ་ལྟར་རྒྱང་རིང་དུ་སྤང་བར་བྱའོ། །དེ་ལྟར་བས་ན་གནས་ལུགས་ནི་འདི་ཡིན་ཏེ་ཚོགས་ལམ་དུ་ཐོས་བསམ་གྱི་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་གནས་ལུགས་བདེན་པ་གཉིས་ཀྱི་དོན་ལེགས་པར་རྟོགས་ཏེ་འཇིག་རྟེན་ཆོས་མཆོག་མན་ཆད་དུ་བསམ་གཏན་གྱི་སེམས་ལ་བརྟེན་ནས་བསྒོམས་པས་མཐོང་ལམ་དུ་གོམས་ཡུལ་གསལ་བར་རྟོགས་པའི་རྣལ་འབྱོར་མངོན་སུམ་འགྱུར་ཏེ། སློབ་དཔོན་དཔལ་སྦས་ཀྱིས། འགའ་ཞིག་བསྒོམ་པ་གོམས་པ་ཡི། །མཐུ་ཡིས་ཆོས་ཀུན་བདག་མེད་པར། །མཐོང་བ་དེ་བཞིན་བདག་ཉིད་དུ། །འགྱུར་ཏེ་དངོས་པོ་མཐོང་བ་བཞིན། །ཞེས་སོ། །དེ་ཡང་རྟེན་འབྲེལ་གྱི་སྣང་བ་འདི་བརྫུན་པ་སྒྱུ་མ་ལྟ་བུར་དངོས་སུ་རྟོགས་པས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུར་ཤུགས་ལ་རྟོགས་ཏེ་སྤྲོས་པས་མཚན་མར་འཛིན་པའི་སྒྲོ་འདོགས་གསལ་བའི་ཕྱིར་རོ། །རྣམ་ངེས་ལས། རང་བཞིན་ཁྱད་པར་ཅན་མྱོང་བས། །གཞན་གསལ་བ་ནི་གཞན་མ་ཡིན། །དེ་ཕྱིར་དེ་མི་དམིགས་པ་ཡང་། །དེ་ལས་ཁྱད་པར་ཅན་དམིགས་ཉིད། །ཅེས་པ་བཞིན་ནོ། །དེ་ལ་དངོས་ཡུལ་སྣང་བ་བརྫུན་པ་ལ་ཇི་སྙེད་པ་མཁྱེན་པ་དང་། ཤུགས་ལ་སྤྲོས་པའི་སྒྲོ་འདོགས་ཆོད་པའི་ཆ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ཞིང་། དེ་གཉིས་ཀ་ཞི་གནས་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་གནས་པ་ནི་མཉམ་བཞག་དང་ཏིང་ངེ་འཛིན་གྱིས་མ་ཟིན་པར་ཡུལ་ལ་འཕྲོ་ཞིང་གཡེངས་པ་ནི་རྗེས་ཐོབ་ཡིན་ནོ། །དེ་ལ་ཇི་ལྟ་བ་དང་ཇི་སྙེད་པའི་མངོན་སུམ་གཉིས་ནི། ངོ་བོ་གཅིག་པ་ཡིན་ཏེ། དེའི་དངོས་རྟོགས་དང་ཤུགས་རྟོགས་ཡིན་པའི་ཕྱིར་རོ། །མཉམ་བཞག་དང་རྗེས་ཐོབ་གཉིས་ནི་ངོ་བོ་མི་གཅིག་སྟེ། སྔ་ཕྱི་ཡིན་པའི་ཕྱིར་རོ། །འདི་ཉིད་ལས། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་རྣམས་དང་མཚུངས། །ཞེས་པ་དང་། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་སོ། །གང་དག་མཉམ་བཞག་དང་རྗེས་ཐོབ་ཀྱི་དོན་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་ལ་བྱེད་ཅིང་གཞན་དག་དེ་གཉིས་ཀྱང་ངོ་བོ་མི་གཅིག་པར་འདོད་པ་ནི་གསུང་རབ་ཀྱི་དོན་ལ་བློ་གྲོས་རྒྱབ་ཀྱིས་ཕྱོགས་པར་ཟད་དེ། མི་སྡུག་པ་དང་རྒྱལ་བའི་སྐུ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལ་སོགས་མཉམ་བཞག་མ་ཡིན་པར་འགྱུར་ན། བསླབ་བཏུས་ལས། མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །མི་སྡིག་ལ་སོགས་བསྒོམ་པར་བྱ། །ཞེས་པ་དང་། མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་ མགོནཔོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང ་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་པ་དང་ཇི་ལྟར་མི་འགལ། རྒྱན་ལས་ཀྱང་། དཀར་པོའི་ཆོས་ཀུན་རྣམ་པར་གཡེངས་པ་དང་། །མཉམ་པར་བཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ཞེས་བསམ་གཏན་དང་བསྒོམ་བྱུང་གི་ཤེས་རབ་གཉིས་ཀ་མཉམ་པར་བཞག་པའི་སས་བསྡུས་པར་གསུངས་སོ། །གཞན་ཡང་བདག་མེད་རྟོགས་པའི་ཐོས་བསམ་གྱི་ཤེས་རབ་མཉམ་བཞག་ཏུ་ཐལ་བའི་ཕྱིར་དང་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་མངོན་སུམ་ངོ་བོ་མི་གཅིག་པ་ལ་སྔར་གྱི་རིགས་པས་གནོད་པའི་ཕྱིར་རོ། །གལ་ཏེ་ཐེག་ཆེན་འཕགས་པའི་མཐོང་བསྒོམ་མཉམ་བཞག་ཏུ་ཀུན་རྫོབ་བརྫུན་པ་ཡུལ་དུ་བྱེད་ན་འཁྲུལ་པར་འགྲོ་སྟེ་བརྫུན་པའི་ཡུལ་ཡིན་པའི་ཕྱིར། རྨི་ལམ་གྱི་ཤེས་པ་བཞིན་ནོ་ཞེ་ན། མི་འགྱུར་ཏེ། བརྫུན་པ་ལ་བརྫུན་པར་རྟོགས་པས་བློ་དོན་མཐུན་པར་འཇུག་པའི་ཕྱིར་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པ་བཞིན་ནོ། །དེ་ལྟར་མ་ཡིན་ན་རྟེན་འབྲེལ་གྱི་སྣང་བ་འདི་ཀུན་རྫོབ་ཏུ་བརྫུན་པ་མ་ཡིན་པར་འགྱུར་ཏེ། ཀུན་རྫོབ་ཏུ་བརྫུན་པར་རྟོགས་པ་འཁྲུལ་པའི་ཕྱིར་རོ། །འདོད་ན་མདོ་ལས། འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་པ་དང་། དབུ་མ་རྩ་བ་ལས། བཅོམ་ལྡན་འདས་ཀྱིས་ཆོས་གང་དག །བསླུ་བ་དེ་ནི་བརྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་བསླུ་བས་ན། །དེས་ན་དེ་ཀུན་རྫུན་པ་ཡིན། །ཞེས་གསུངས་སོ། །དེས་ན་བརྫུན་པ་ལ་བདེན་པར་འཛིན་པ་ནི་དེ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པ་ཡིན་ཡང་བརྫུན་པ་ལ་དེར་རྟོགས་པ་ནི་འཁྲུལ་པར་མི་འགྱུར་ཏེ། ཡུལ་ལ་གནོད་པ་མེད་ཅིང་བློ་དོན་མཐུན་པར་འཇུག་པའི་ཕྱིར་རོ། །མདོ་ལས། ཀུན་རྫོབ་རྟོག་པས་བཏགས་པ་སྟེ། །དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་ཀུན་རྫོབ་ཡུལ་དུ་མི་བྱེད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་ཀུན་རྫོབ་ཀྱི་རང་གི་ངོ་བོ་བདེན་པ་མེད་པ་ལ་རྟོགས་པས་བདེན་པར་སྒྲོ་བཏགས་པ་ཡིན་ལ་དེ་འཕགས་པའི་མཉམ་བཞག་གིས་མེད་པར་རྟོགས་པ་ལ་དགོངས་པ་ཡིན་ནོ། །སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ཅིང་སེམས་དཔའ་མཐོང་མེད་པ། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་བདེ་བར་གཤེགས་པས་བསྟན། །ཞེས་ཕུང་པོ་ལྔ་མི་དམིགས་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་སྐད་དུ་གསུངས་པ་ནི་གཟུགས་མེད་ཅེས་པའང་གཟུགས་ཀྱི་རང་གི་ངོ་བོ་མེད་པ་ཡིན་གྱི་དེར་སྣང་བ་འགོག་པ་མ་ཡིན་པ་ལྟར་བློས་རང་གི་ངོ་བོ་མ་མཐོང་བ་ལ་དགོངས་པ་ཡིན་ཏེ། མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་ཉིད་མཐོང་བའོ་ཞེས་པ་དང་། འགྲེལ་པ་ལས། གང་གི་ཚེ་རྒྱུ་མཚན་ནམ་དམིགས་པ་མི་མཐོང་བ་དེའི་ཚེ་ཡང་དག་པར་མཐོང་བ་ཡིན་ནོ་ཞེས་སོ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་སྣང་བ་ཡུལ་དུ་མི་བྱེད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ཡང་ཇི་ལྟ་བ་མཁྱེན་པའི་རང་ལྡོག་ལ་དགོངས་པས་ཉེས་པ་མེད་དེ། དེས་ན་ཡུལ་གྱི་གནས་ལུགས་བདེན་གཉིས་ཟུང་འཇུག་ཡིན་པ་ལྟར་བློས་ཀྱང་དེ་ལྟར་རྟོགས་པ་མི་འགལ་ཏེ། ཡུལ་གྱི་ཡིན་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །མན་ངག་གི་བསྟན་བཅོས་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་སོ། །གསུམ་པ་གཉེན་པོ་ནི། དམིགས་པ་སྟེ་ཡུལ་ཀུན་ལ་ཡིད་དུ་འོང་བ་ལ་སྡུག་པའི་རྣམ་པར་འཛིན་པའི་ཆགས་པ་དང་། ཡིད་དུ་མི་འོང་བ་ལ་སེམས་འཁྲུག་པའི་སྡང་བ་དང་། བར་མ་ལ་རྨོངས་པའི་རབ་རིབ་སྟེ་གཏི་མུག་རྣམས་རྣམ་པར་འཇོམས་པར་མཛད་ཅེས་པས་མཚོན་པས་སྒྲིབ་པ་གཉིས་ས་བོན་དང་བཅས་པ་སེལ་བའོ། །དམ་ཆོས་ཉི་མ་དེ་ལ་འདུད་ཅེས་པ་ནི། ལམ་གྱི་བདེན་པའི་ཆོས་གསུམ་པོ་དེ་དག་ཉི་མའི་དཀྱིལ་འཁོར་གྱི་ངོ་བོ་དག་པ་དང་། གཟུགས་གསལ་བ་དང་། མུན་པ་སེལ་པ་གསུམ་དང་ཆོས་མཐུན་པས་དེར་བཀོད་པའོ། །དོན་འདི་ལ་ཡང་སྤང་བྱ་དང་། གཉེན་པོ་དང་། སྤོང་ཚུལ་གསུམ་གྱིས་ངེས་པར་བྱ་བ་ལས། དང་པོ་ལ་ངོ་བོ་དང་། དབྱེའ་བ་གཉིས་སོ། །དང་པོ་ལ་གཉིས་སྟེ། ཐར་པའི་གེགས་ཉོན་སྒྲིབ་དང་། ཀུན་མཁྱེན་གྱི་གེགས་ཤེས་སྒྲིབ་བོ། །དང་པོ་ནི་གང་ཟག་གི་བདག་ཏུ་རྨོངས་པའམ། དེའི་དབང་གིས་སེམས་བྱུང་རབ་ཏུ་མ་ཞི་བ་མ་རིག་པ་ལ་སོགས་པའོ། །གཉིས་པ་ནི་ཆོས་ཀྱི་བདག་ཏུ་རྨོངས་པའམ་དེའི་དབང་གིས་ཆོས་ཙམ་ལ་བདེན་པའི་མཚན་མར་འཛིན་པ་ཐམས་ཅད་དེ། འདི་ཉིད་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །ཉོན་མོངས་པ་ཡི་སྒྲིབ་པར་འདོད། །ཅེས་སོ། །གཉིས་པ་དབྱེ་བ་ལ། ཉོན་མོངས་པ་དང་། ཤེས་སྒྲིབ་ཀྱི་དབྱེ་བའོ། །དང་པོ་ལ་ངོ་བོ་རྩ་བའི་ཉོན་མོངས་པ་དྲུག་གམ་ལྟ་བ་ལྔར་ཕྱེ་ནས་བཅུ་ཡིན་ལ། དེ་ལས་ཀྱང་ལྟ་བ་ལྔ་ལས་འཇིག་ཚོགས་ལ་ལྟ་བ་ནི་ཉེར་ལེན་གྱི་ཕུང་པོ་ལ་རྟག་པ་གཅིག་པུའི་བདག་དང་བདག་གིར་ལྟ་བ་སྟེ་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །མཐར་འཛིན་ལྟ་བ་ནི་ཕུང་པོ་ལ་རྟག་པའམ་ཆད་པར་མཐའ་གཅིག་ཏུ་ལྟ་བ་སྟེ་ངེས་པར་འབྱུང་བའི་བར་དུ་གཅོད་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་ནི་རྒྱུ་དང་འབྲས་བུའི་བྱ་བ་ལ་སོགས་པ་མ་མཐོང་བའི་དོན་ལ་བསྐུར་པ་འདེབས་པ་སྟེ་དགེའ་བའི་རྩ་བ་གཅོད་ཅིང་མི་དགེའ་བ་ལ་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ལྟ་བ་དང་དེའི་གནས་ཕུང་པོ་ལ་མཆོག་དང་གཙོ་བོ་དང་དམ་པར་ལྟ་བ་སྟེ་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་དག་དང་དེའི་གནས་ཕུང་པོ་ལ་དག་གྲོལ་གྱི་རྒྱུ་དང་ངེས་འབྱིན་དུ་ལྟ་བ་སྟེ་ངལ་བ་འབྲས་བུ་མེད་པར་བྱེད་པའི་ལས་ཅན་ནོ། །ལྟ་བ་མ་ཡིན་པ་ལྔ་ལས། འདོད་ཆགས་ནི་ཡང་དག་པ་མ་ཡིན་པའི་ཡོན་ཏན་ལ་མངོན་པར་དགའ་བ་སྟེ། སྲིད་པའི་དབང་གིས་ཕུང་པོ་འགྲུབ་པ་དང་སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ། །ཁོང་ཁྲོ་བ་ནི་མི་འདོད་པའི་ཡུལ་ལ་ཀུན་ནས་མནར་སེམས་པ་སྟེ་སྡུག་བསྔལ་དང་ཉེས་སྤྱོད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །མ་རིག་པ་ནི་གནས་ལུགས་ཀྱི་དོན་ལ་རྨོངས་པ་སྟེ་ཉོན་མོངས་པ་རྣམས་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ང་རྒྱལ་ནི་བདག་ལྟ་ལ་བརྟེན་ནས་སེམས་ཁེངས་པ་སྟེ་མ་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། །ཐེ་ཚོམ་ནི་བདེན་པ་དང་ལས་འབྲས་ལ་ཡིད་གཉིས་ཟ་བ་སྟེ། དགེའ་བའི་ཕྱོགས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །དེ་དག་ལ་ལོག་པའི་བསྟན་བཅོས་ཉན་པ་ལ་སོགས་པས་འཕྲལ་དུ་རྙེད་པ་རྣམས་ནི་ཀུན་བཏགས་པ་ཡིན་པས་མཐོང་སྤང་ཡིན་ལ། དེ་ལྟ་བུ་ལ་མ་ལྟོས་པར་ཡོད་པ་རྣམས་ནི་ལྷན་སྐྱེས་ཡིན་པས་བསྒོམ་སྤངས་ཡིན་ནོ། །འདི་ལྟར་གྲུབ་པའི་མཐའ་ལ་བརྟེན་ནས་བདག་མཚན་ཉིད་ལྔ་དང་ལྡན་པར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་ནི་ཀུན་བཏགས་ཡིན་ལ། གྲུབ་མཐའ་ལ་མི་ལྟོས་པར་བདག་ཏུ་རློམ་པའི་འཇིག་ཚོགས་ལ་ལྟ་བ་ནི་ལྷན་སྐྱེས་ཡིན་པ་བཞིན་ནོ། །དེ་ལ་མཐོང་སྤངས་ནི་ཉོན་མོངས་པ་བཅུ་ཆར་ཡིན་ལ། དེ་དག་ཀྱང་ཁམས་གསུམ་དུ་བདེན་པ་བཞི་ལ་ལོག་པར་འཇུག་ཚུལ་གྱི་སྒོ་ནས་ཕྱེ་ན་བརྒྱ་དང་བཅུ་གཉིས་སུ་འགྱུར་རོ། །བསྒོམ་སྤང་ནི་ལྟ་བ་ཕྱི་མ་གསུམ་དང་ཐེ་ཚོམ་མཐོང་སྤངས་ཁོ་ན་ཡིན་པས་གཞན་རྣམ་པ་དྲུག་ལས། འདོད་པ་ན་དྲུག་ཆར་དང་། གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་ཁམས་གསུམ་ན་ཉོན་མོངས་པ་བཅུ་དྲུག་ཡོད་ལ། དེ་དག་ས་དང་ཆེ་འབྲིང་གིས་ཕྱེ་ན་ཁམས་གསུམ་གྱི་ས་དགུའ་ལ་ས་རེ་རེ་ལ་ཡང་ཁོང་ཁྲོ་མ་གཏོགས་པ་ལྔ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་དགུའ་སྟེ་བརྒྱ་བཅུ་གྱ་གཅིག་རེ་ཡོད་ཅིང་། འདོད་པའི་ཁོང་ཁྲོ་ཆེ་འབྲིང་དགུ་སྟེ་ཐམས་ཅད་བསྡོམས་ན་བཞི་བརྒྱའ་དང་བཅུ་བཞིའོ། །ཉན་ཐོས་སྡེ་པ་ནི་ལྟ་བ་ལྔ་ཆར་དང་ཐེ་ཚོམ་དེ་མཐོང་སྤངས་ཁོ་ནར་འདོད་པས་བསྒོམ་སྤང་གི་ངོ་བོ་དུག་གསུམ་དང་ང་རྒྱལ་ཏེ་བཞི་དང་ཁམས་ཀྱི་སྒོ་ནས་ཕྱེ་ན་བཅུ་དང་། མཐོང་སྤངས་བརྒྱད་ཅུ་རྩ་བརྒྱད་བསྡོམས་པས་དགུ་བཅུ་རྩ་བརྒྱད་དང་། ཐམས་ཅད་བསྒོམ་སྤང་དུ་དྲིལ་ཏེ་ས་དང་ཆེ་འབྲིང་གིས་ཕྱེ་ན་བརྒྱད་ཅུ་རྩ་གཅིག་དང་། སོ་སོར་ཕྱེ་ནས་ཁམས་དང་ཆེ་འབྲིང་གིས་ཕྱེ་ན་དགུ་བཅུ་ཐམ་པ་དང་། ས་དང་ཆེ་འབྲིང་གིས་ཕྱེ་ན་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སུ་འགྱུར་རོ། །མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གཉིས་གསུམ་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་དང་། མཐོང་སྤངས་བརྒྱད་ཅུ་རྩ་བརྒྱད་དང་། །བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཁོང་ཁྲོ་མ་གཏོགས་དེ་དག་ནི། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་སོ། །གཉིས་པ་ཤེས་སྒྲིབ་ཀྱི་སྒོ་ནས་དབྱེ་བ་ནི་སྤང་བྱ་ཀུན་ནས་ཉོན་མོངས་པ་དང་གཉེན་པོ་རྣམ་བྱང་གི་ཆོས་རྣམས་ལ་བླང་དོར་བྱ་དང་བྱར་རྟོག་པའི་གཟུང་རྟོག་དང་། དེ་དག་ལ་དངོས་པོ་རྫས་ཡོད་ཀྱི་བྱེད་པ་པོ་དང་། བཏགས་པ་ཙམ་གྱི་བྱེད་པ་པོར་རྟོག་པའི་འཛིན་རྟོག་གཉིས་དང་། གཟུང་རྟོག་ལ་ལྡོག་པ་ཕྱོགས་དང་འཇུག་པ་ཕྱོགས་ཀྱི་ཡུལ་ཅན་གཉིས་དང་། འཛིན་རྟོག་ལ་རྫས་ཡོད་དང་བཏགས་ཡོད་ཀྱི་ཡུལ་ཅན་གཉིས་ཏེ་བཞི་དང་། ཡང་དེ་དག་རེ་རེ་ལ་དགུ་དགུ་སྟེ་སུམ་ཅུ་རྩ་དྲུག་དང་། དེ་ཁམས་གསུམ་གྱི་སྒོ་ནས་བརྒྱ་རྩ་བརྒྱད་དུ་གསུངས་སོ། །དེ་དག་ལ་གཉེན་པོ་མཐོང་བའི་ལམ་གྱི་ས་བོན་དང་བཅས་པ་གཞོམ་པར་བྱ་བ་ནི་མཐོང་སྤངས་ཡིན་ལ། གཉེན་པོ་བསྒོམ་པའི་ལམ་གྱི་ས་བོན་དང་བཅས་པ་གཞོམ་པར་བྱ་བ་ནི་བསྒོམ་སྤང་ཡིན་ནོ། །གལ་ཏེ་ལས་དང་སྐྱེ་བའི་སྒྲིབ་པ་ལ་སོགས་མང་དུ་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་ཀྱང་གཉེས་པོ་འདིར་འདུས་པ་ཡིན་ཏེ་དེ་གཉིས་སྤངས་ན་དེ་དག་ལས་ཀྱང་གྲོལ་བར་འགྱུར་བའི་ཕྱིར། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་སོ། །གཉིས་པ་སྤོང་བྱེད་གཉེན་པོ་ལ་སྤྱིར་གཉེན་པོ་རྣམ་པ་བཞིར་གསུངས་ཏེ། སུམ་འབྱིན་པའི་གཉེན་པོ་དང་། རྟེན་གྱི་གཉེན་པོ་དང་། སྤོང་བའི་གཉེན་པོ་དང་། རྣམ་པར་དག་པའམ་ཐག་བསྲིངས་པའི་གཉེན་པོའོ། །དང་པོ་ནི་སྤང་བྱ་ལ་ཉེས་དམིགས་སུ་ལྟ་བ་གང་ཡིན་པའོ། །གཉིས་པ་ནི་བར་ཆད་མེད་ལམ་གྱི་སྦྱོར་བའི་ལམ་གང་ཡིན་པའོ། །གསུམ་པ་ནི་བར་ཆད་མེད་པའི་ལམ་མོ། །བཞི་པ་ནི་རྣམ་གྲོལ་གྱི་ལམ་དང་། དེའི་གོང་མའི་ལམ་དང་གང་ཡིན་པའོ། །ཡང་ན་གཉིས་ལས་མངོན་འགྱུར་མགོ་མནོན་པ་ནི། འཕགས་པ་དཔུང་བཟང་གིས་ཞུས་པ་ལས། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་སོགས། །པགས་པ་རྐང་རུས་ལྟ་བས་རྣམ་པར་བཟློག །ཞེ་སྡང་ལ་ནི་སྙིང་རྗེའི་ཆུ་ཡིས་སོ། །གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་དུག་གསུམ་སོ་སོའི་གཉེན་པོ་དང་། དེ་བཞིན་དུ་ང་རྒྱལ་ཤས་ཆེ་བ་ལ་ཁམས་ཀྱི་རབ་ཏུ་དབྱེ་བ་བསྒོམ་སྟེ། མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་དང་རེག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཀྱི་ཉེ་བར་ལོངས་སྤྱོད་པ་བཅོ་བརྒྱད་དོ། །ཞེས་གསུངས་པ་ལྟ་བུ་སྟེ་ཆོས་དུ་མར་ཤེས་ན་གཅིག་པུའི་བདག་མེད་པར་ཤེས་ཏེ་བདག་ལྟ་ལ་བརྟེན་ནས་སེམས་ཁེངས་པའི་ང་རྒྱལ་ལྡོག་པར་འགྱུར་རོ། །རྣམ་རྟོག་ཤས་ཆེ་བ་ལ་རླུང་གི་དམིགས་པ་ཡིད་ལ་བྱེད་པར་གསུངས་ཏེ། མཛོད་ལས། དབུགས་རྔུབ་དབུགས་འབྱུང་དྲན་པ་འདི། །བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །དེ་དག་ཀྱང་ཕྱོགས་རེའི་མགོ་གནོན་པ་ཙམ་བྱེད་ཀྱི་མཐའ་དག་དྲུང་ནས་འབྱིན་པ་ནི་མ་ཡིན་ཏེ། རྩ་བ་བདག་ཏུ་རྨོངས་པ་དང་མི་འགལ་བའི་ཕྱིར་རོ། །རྣམ་འགྲོལ་ལས། བྱམས་སོགས་རྨོངས་དང་མི་འགལ་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་སོ། །གཉིས་པ་ས་བོན་དྲུང་ནས་འབྱིན་པའི་གཉེན་པོ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་ཡིན་ཏེ། འདི་ཉིད་ལས། སྒྲིབ་པ་གཉིས་ལས་གྲོལ་བའི་རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །ཞེས་པ་དང་། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོངས་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་སོ། །དེ་ཡང་ས་བོན་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་ནི་མཐོང་སྒོམ་གཉིས་ཡིན་གྱི་དེ་དག་ལས་གཞན་མ་ཡིན་ཏེ། སྤང་བྱ་ལ་མཐོང་སྤངས་བསྒོམ་སྤངས་གཉིས་ལས་གཞན་མེད་པའི་ཕྱིར་རོ། །མན་ངག་གི་བསྟན་བཅོས་ལས། མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །ཞེས་སོ། །དེ་ལ་ཡང་གང་ཟག་གི་བདག་མེད་པར་རྟོགས་པས་ཉོན་སྒྲིབ་སྤོང་སྟེ། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་པ་དང་། རྣམ་འགྲེལ་ལས། བདག་དང་བདག་གིར་འཛིན་བྱས་ལ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་སོ། །ཤེས་སྒྲིབ་ནི་ཆོས་ཀྱི་བདག་མེད་པར་རྟོགས་པས་སྤོང་སྟེ། དབུ་མ་རྩ་བ་ལས། སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགགས་པར་འགྱུར། །ཞེས་པ་དང་། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་གང་ཟག་གི་བདག་ཏུ་འཛིན་པའང་ཁེགས་པས་ཉོན་སྒྲིབ་ཀྱི་གཉེན་པོའང་བྱེད་དེ། དེ་ཉིད་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །སྟོང་པ་ཉིད་ནི་ཅིས་མི་བསྒོམ། །ཞེས་སོ། །གང་དག་སྟོང་པ་ཉིད་ཤེས་བྱ་མ་ཡིན་པ་ལ་ནི་དེ་རྟོགས་པ་མེད་པས་ཤེས་སྒྲིབ་སྤངས་པ་མི་འཐད་དེ། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་པ་ལྟར་རོ། །གལ་ཏེ་སྒྲིབ་པའི་ས་བོན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ཡིན་ན་ལམ་གཞན་གོམས་པ་དོན་མེད་པར་འགྱུར་རོ་ཞེ་ན། དེ་དག་གིས་མངོན་གྱུར་ཟིལ་གྱིས་མནན་ནས་ཤེས་རབ་སྟོབས་བསྐྱེད་པའི་ཕྱིར་དོན་ཡོད་དེ། ཟས་ཀྱིས་ལུས་སྟོབས་བསྐྱེད་ནས་སྨན་གྱིས་ནད་འཇོམས་པ་བཞིན་ནོ། །ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་དང་། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་སོ། །གསུམ་པ་ཇི་ལྟར་སྤོང་བའི་ཚུལ་ནི་སྤྱིར་འཇིག་རྟེན་པའི་ཤེས་རབ་ཀྱིས་སྤང་བྱ་མངོན་གྱུར་སྤོང་བར་བྱེད་ཀྱི་ས་བོན་སྤོང་མི་ནུས་ཏེ་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཁ་ཅིག་གཉེན་པོ་གཏན་མི་བྱེད་ཅེས་ཟེར་བ་ནི་མདོ་ལས། དེ་ལ་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། མོས་པས་སྤྱོད་པའི་གནས་སྐབས་ན་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་སྟེ་དེ་སྤོང་བར་བྱེད་པ་ནི་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཞེས་པ་དང་། མན་ངག་གི་བསྟན་བཅོས་ལས། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་དང་འགལ་ལ། ས་བོན་མི་སྤོང་བའི་གཉེན་པོ་མ་ཡིན་ན་ཚུ་རོལ་མཐོང་བའི་ཚད་མ་སྒྲོ་འདོགས་ཀྱི་གཉེན་པོ་མ་ཡིན་པར་འགྱུར་བ་ལས། རྣམ་ངེས་ལས། ཚད་མས་ཚད་མ་མ་ཡིན་པ་ལ་གནོད་པའི་ཕྱིར་རོ་ཞེས་པ་དང་། དེས་ན་གཉེན་པོ་དང་བཅས་པ་སྲིད་པ་སེལ་བར་བྱེད་དོ་ཞེས་པས་གནོད་དོ། །དེས་ན་ས་བོན་གྱི་གཉེན་པོ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡིན་ཏེ་སྤང་བྱའི་རྩ་བ་བདག་འཛིན་གཉིས་ཀྱི་ཡུལ་མ་གྲུབ་པར་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེ་ལ་མཐོང་སྤངས་དང་། བསྒོམ་སྤངས་སྤོང་ཚུལ་གཉིས་ལས། དང་པོ་ལ་ཁ་ཅིག་ན་རེ། རང་གི་རྒྱུད་ལ་དང་པོར་མཐོང་སྤང་ནུས་ལྡན་དང་ཆོས་མཆོག་འབྲིང་པོའི་ཡེ་ཤེས་ཕྲད་ཅིང་དེ་དག་གིས་རྒྱུ་དང་རྐྱེན་བྱས་ནས་དུས་གཉིས་པར་སྤང་བྱ་ནུས་ལྡན་ནུས་མེད་དུ་གྱུར། ཆོས་མཆོག་འབྲིང་པོ་ཆེན་པོར་གྱུར་ལ། གསུམ་པར་སྤང་བྱ་རང་ཉིད་སྐད་ཅིག་མ་ཡིན་ཅིང་རིགས་འདྲ་ཕྱི་མ་སྐྱེད་མི་ནུས་པས་རྒྱུན་འགག་ལ། ཆོས་མཆོག་ཆེན་པོའི་ཡེ་ཤེས་མཐོང་ལམ་དུ་འགྱུར་བས་རྣམ་གྲོལ་གྱི་ལམ་དུ་སྐྱེ་བ་ཡིན་ཞེས་གསུངས་སོ། །དེ་མི་འཐད་དེ་སྦྱོར་ལམ་གྱི་ཡེ་ཤེས་དེ་ལམ་བདེན་མཚན་ཉིད་པར་འགྱུར་ཏེ། སྤང་བྱའི་ས་བོན་དངོས་སུ་སྤོང་བྱེད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །ཡང་མཐོང་སྤངས་ཀྱི་ས་བོན་དང་བྲལ་བའི་འགོག་པ་དེ་ལམ་བདེན་གྱི་འབྲས་བུ་མ་ཡིན་པར་འགྱུར་ཏེ་དེའི་སྔ་རོལ་ན་ལམ་བདེན་མེད་པའི་ཕྱིར། རྟགས་ལུང་གིས་གྲུབ་ཅིང་། འདོད་ན་སློབ་དཔོན་སེང་གེ་བཟང་པོས། འདི་ནས་ཡིག་ཕྲེང་གཅིག་ཆད། ྅྅྅པའི་བདེན་པ་དག་ནི་འབྲས་བུ་ཡིན་པར་དོན་གྱི་སྒོ་ནས་བསྟན་ཏེ་ཞེས་གསུངས་པ་དང་འགལ་ལོ། །མཐོང་ལམ་དེ་མཐོང་སྤང་གི་ས་བོན་སྤོང་བྱེད་ཀྱི་གཉེན་པོ་མ་ཡིན་པར་འགྱུར་ཏེ། དེའི་ས་བོན་ལ་གནོད་པ་ཅི་ཡང་མ་བྱས་པའི་ཕྱིར་རོ། །དེས་ན་གནོད་པ་ནི་འདི་ཡིན་ཏེ་འདིར་ཉན་ཐོས་པ་ལྟར་སྤང་བྱ་བདེན་པ་བཅོམ་པ་ཅི་ཡང་མེད་ཀྱི་འོན་ཀྱང་བརྫུན་པ་བློ་བུར་བ་སྒྱུ་མ་ལྟ་བུ་སྤངས་པ་ཡིན་ཏེ། རྒྱན་ལས། སྒྱུ་མའི་རྒྱལ་པོ་སྒྱུ་མ་ཡི། །རྒྱལ་པོ་གཞན་གྱིས་ཕམ་པ་ལྟར། །གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད། །ཅེས་སོ། །དེ་ལ་སྦྱོར་ལམ་དུ་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གོམས་པས་སྤང་བྱ་མངོན་གྱུར་ཟིལ་གྱིས་མནན་ཅིང་ས་བོན་ཉམས་དམས་པར་བྱས་ནས་མཐོང་ལམ་སྐྱེས་སྟོབས་ཀྱིས་སྤང་བྱའི་ས་བོན་ལྡོག་པར་འགྱུར་ཏེ། ཞི་བྱེད་ཀྱི་སྨན་གྱིས་ནད་ཀྱི་ནུས་པ་བཅོམ་ནས་འཁྲུགས་པའི་སྨན་གྱིས་ནད་འདོན་པ་བཞིན་ནོ། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ། །ཚུལ་འདི་ནི་ཉན་ཐོས་སྡེ་པའང་འདོད་པ་ཉིད་དེ། མཛོད་ལས། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང་། །ཞེས་སོ། །དེས་ན་བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་དངོས་སུ་སྤོང་ལ་རྣམ་གྲོལ་ལམ་གྱིས་བག་ཆགས་སམ་གནས་ངན་སྦྱོང་བར་བྱེད་དོ། །བར་ཆད་མེད་ལམ་དང་རྣམ་གྲོལ་གྱི་ལམ་གང་ཞེ་ན། སློབ་དཔོན་ཐོགས་མེད་ཀྱིས་ནི་བདེན་པ་བཞི་ལ་ཆོས་ཤེས་པའི་བཟོད་པ་རྣམས་བར་ཆད་མེད་ལམ་དང་ཆོས་ཤེས་པའི་ཡེ་ཤེས་རྣམ་གྲོལ་གྱི་ལམ་དུ་གསུངས་ལ་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་རྣམས་ནི་ཡེ་ཤེས་ཀྱི་ཡུལ་ཅན་དུ་གསུངས་ཀྱི་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་གསལ་ཁ་མ་མཛད་ཀྱང་རྣམ་གྲོལ་གྱི་ལམ་དུ་མངོན་ཏེ་རང་རང་གི་སྤང་བྱ་ལས་རྣམ་གྲོལ་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཉན་ཐོས་སྡེ་པ་ནི། བཟོད་པ་ཐམས་ཅད་བར་ཆད་མེད་ལམ་དང་ཤེས་པ་ཐམས་ཅད་རྣམ་གྲོལ་གྱི་ལམ་དུ་འདོད་དེ། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་སོ། །དེ་ཡང་ཆོས་ཤེས་པའི་བཟོད་པས་འདོད་ཁམས་ཀྱི་སྤང་བྱ་སྤོང་ལ། །རྗེས་སུ་ཤེས་པའི་བཟོད་པས་གོང་མ་གཉིས་ཀྱི་སྤང་བྱ་སྤོང་སྟེ། ཆོས་ཤེས་བྱ་བའི་སྤྱོད་ཡུལ་ནི། །འདོད་སྡུག་ལ་སོགས་རྗེས་ཤེས་པའི། །སྤྱོད་ཡུལ་གོང་མའི་སྡུག་བསྔལ་སོགས། །ཞེས་སོ། །ཐེག་པ་ཆེན་པོ་བ་ནི་འདི་མི་འདོད་དེ་ཁམས་གསུམ་གསུམ་ཆར་གྱི་མཐོང་སྤངས་གཅིག་ཆར་སྤོང་བའི་ཕྱིར་རོ། །དེ་ལྟ་ན་མཐོང་ལམ་བར་ཆད་མེད་ལམ་རྣམས་གཅིག་ཆར་སྐྱེ་བར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་བདེན་པ་བཞིའི་ཆོས་ཉིད་རིམ་གྱིས་རྟོགས་ཤིང་སྤང་བྱ་རིམ་གྱིས་སྤོང་བའི་ཕྱིར་རོ། །གལ་ཏེ་མཐོང་ལམ་གྱི་སྤང་བྱ་བར་ཆད་མེད་ལམ་གྱིས་སྤོང་ན། མདོ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་རྟེན་ཅིང་འབྲེལ་འབྱུང་བ། །སྐྱེ་མེད་ཟད་པ་མེད་པས་ཤེས་རབ་འདི་ཤེས་ནས། །ཉི་མ་སྤྲིན་མེད་འོད་ཟེར་འཕྲོ་བའི་མུན་སེལ་ལྟར། །མ་རིག་འཐེབ་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་སོགས་པ་དང་འགལ་ལོ་ཞེ་ན། དེ་ནི་སྤང་བྱའི་ས་བོན་མངོན་གྱུར་ལས་གྲོལ་བ་ལ་དགོངས་པ་ཡིན་ལ་འདིར་ས་བོན་སྤོང་ཚུལ་ཡིན་པས་མི་འགལ་ལོ། །གལ་ཏེ་མཐོང་སྤངས་ཀྱིས་ཆོས་ཉིད་མཐོང་བ་ལ་མི་སྒྲིབ་པ་དང་གེགས་མི་བྱེད་པར་འགྱུར་ཏེ། དེ་མ་སྤངས་ཀྱང་ཆོས་ཉིད་མངོན་སུམ་དུ་མཐོང་བས་ལམ་སྐྱེ་བའི་ཕྱིར། འདོད་ན་སློབ་དཔོན་སེང་གེ་བཟང་པོས། འཛིན་པའི་རྣམ་པར་རྟོག་པ་གེགས་བྱེད་པ་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་སྤང་བྱ་མངོན་གྱུར་ལ་དགོངས་པ་ཡིན་ཏེ། དེས་ཡུལ་ལ་བསྒྲིབ་ཅིང་སྐྱེ་བ་ལ་གེགས་བྱེད་དོ། །དེས་ན་སྤང་བྱ་མངོན་གྱུར་དང་གཉེན་པོ་གཉིས་གནོད་པ་བྱེད་པ་ལ་ས་བོན་དང་རང་གི་ངོ་བོས་གནོད་པ་བྱེད་པར་རིགས་ཏེ། གཉེན་པོ་སྐྱེས་དུས་ན་རང་གི་སྤང་བྱ་མངོན་འགྱུར་ཡོད་པ་མི་འཐད་ཅིང་། ས་བོན་ཡོད་པ་མི་འགལ་བའི་ཕྱིར་རོ། །གཉིས་པ་བསྒོམ་སྤངས་སྤོང་བའི་ཚུལ་ནི་དེ་ཡང་ཐེག་ཆེན་འཕགས་པའི་ལམ་དུ་ཤེས་སྒྲིབ་ཀྱི་གཉེན་པོ་ཆེད་དུ་གཉེར་ནས་སྒོམ་པར་བྱེད་ཀྱི་ཉོན་མོངས་པ་ནི་ཆེད་དུ་གཉེར་ནས་མི་སྤོང་སྟེ། ཐེག་དམན་གྱི་ལམ་སྔོན་དུ་སོང་བ་འགའ་ཞིག་ལ་སྤང་དུ་མེད་པ་ཡང་སྲིད་པ་དང་། ཡོད་ཀྱང་དེས་ཉེས་པ་མི་བསྐྱེད་པས་སྤང་བྱའི་གཙོ་བོ་མ་ཡིན་པའི་ཕྱིར་རོ། །ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་ཤེས་བྱའི་སྒྲིབ་པའི་གཉེན་པོའི་ལམ་བསྒོམ་པར་བྱེད་ཀྱི་ཉོན་མོངས་པའི་གཉེན་པོའི་ལམ་ནི་མ་ཡིན་ནོ། །དེ་ནི་མ་སྤངས་ཀྱང་སྤངས་པ་བཞིན་ཏེ་སྔགས་ཀྱིས་བཅོམ་པའི་དུག་དང་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་སྐྱེད་དོ། །ཞེས་གསུངས་སོ། །དེ་ལྟར་ན་རྩ་བ་ལས། དམིགས་པ་ཀུན་ལ་ཆགས་པ་དང་། །སྡང་དང་རབ་རིབ་རྣམ་པར་འཇོམས། །ཞེས་པ་དང་། འགྲེལ་པ་ལས་ཀྱང་། དུག་གསུམ་སྤོང་བར་གསུངས་པ་དང་འགལ་ལོ་ཞེ་ན། སྤང་བྱ་རྣམ་པར་གསལ་བ་དཔེར་བརྗོད་པ་ཡིན་གྱི་གཙོ་བོ་བརྗོད་པ་ནི་མ་ཡིན་ནོ། །དེས་ན་ཉོན་མོངས་པ་བཞི་བརྒྱ་དང་བཅུ་བཞི་དང་། ཤེས་སྒྲིབ་རྣམ་རྟོག་བརྒྱ་རྩ་བརྒྱད་དེ་ཁམས་གསུམ་གྱིས་བསྒོམ་སྤངས་ཐམས་ཅད་གཅིག་ཏུ་བསྡོམས་ནས་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་དགུར་ཕྱེ་སྟེ། དེ་དག་གི་གཉེན་པོ་བསྒོམ་ལམ་ཆེ་འབྲིང་དགུ་རིམ་གྱིས་བསྐྱེད་ནས་སྤོང་སྟེ། མན་ངག་གི་བསྟན་བཅོས་ལས། །དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་སོ། །དེ་ཡང་གཉེན་པོ་ཆུང་རིམ་ནས་སྐྱེ་ཞིང་སྤང་བྱ་ཆེ་རིམ་ནས་སྤོང་བ་ཡིན་ཏེ་དེ་ཉིད་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལས། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་སོ། །འདི་ལྟར་ས་དང་པོར་མཐོང་བའི་ལམ་ཐོབ་པས་དེའི་བར་ཆད་མེད་ལམ་གྱིས་མཐོང་སྤངས་ཀྱི་ས་བོན་སྤོང་ཞིང་། རྣམ་གྲོལ་གྱི་ལམ་གྱིས་དེའི་བག་ཆགས་རྣམས་སྦྱོང་ལ། རྗེས་ཐོབ་ཏུ་སའི་ཡོངས་སྦྱོངས་རྣམས་རྫོགས་པར་བྱས་པས་ས་གཉིས་པར་བསྒོམ་ལམ་ཆུང་ངུའི་ཆུང་ངུའི་བར་ཆད་མེད་ལམ་གྱིས་བསྒོམ་སྤངས་ཆེན་པོའི་ཆེན་པོའི་ས་བོན་དངོས་སུ་སྤོང་ཞིང་སྐད་ཅིག་གཉིས་པ་ནས་རྣམ་གྲོལ་གྱི་ལམ་དུ་འགྱུར་རོ། །ཚུལ་འདི་ནི་ཕྱི་མ་རྣམས་ལའང་མཚུངས་པས་ས་གཉིས་པ་ལ་སོགས་པ་དགུའ་ལ་བསྒོམ་ལམ་དགུའ་རིམ་པ་བཞིན་བཞག་གོ། །རྒྱན་ལས། དེ་འདི་གནས་ཡོངས་པར་འགྱུར་ཏེ། །ས་ནི་དང་པོ་ཡིན་པར་འདོད། །འདི་དེ་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །ཞེས་མཐོང་ལམ་ས་དང་པོ་ལ་བཞག་ཅིང་། དེ་ནས་དེ་ཡི་ལྷག་མ་ཡི། །ས་རྣམས་བསྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །ཅེས་བསྒོམ་ལམ་ས་གཉིས་པ་ལ་སོགས་ལ་བཞག་པའི་ཕྱིར་རོ། །དེས་ན་བསྒོམ་ལམ་དགུའི་གྲངས་དེས་ནི་རྫས་སྐད་ཅིག་དགུར་ངེས་པ་ཡིན་གྱི་ལྡོག་པ་ནི་རེ་རེ་ལའང་གྲངས་མེད་ལ་སོགས་གསུངས་པའི་ཕྱིར་རོ། །མན་ངག་གི་བསྟན་བཅོས་ལས། གྲངས་མེད་ལ་སོགས་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་སོ། །དེའི་དབྱེ་གཞི་ཡང་བར་ཆད་མེད་ལམ་གྱི་བསྒོམ་ལམ་ཙམ་ནི་མ་ཡིན་ཏེ། ཆུང་ངུའི་ཆུང་ངུ་ལྟ་བུ་གཅིག་གི་རྒྱུན་ལའང་རྫས་གྲངས་མེད་པའི་ཕྱིར་རོ། །གང་ཡང་མཛོད་ལས། ས་དང་ས་ན་ཉེས་རྣམས་དགུའ། །དེ་བཞིན་དུ་ནི་གཉེན་པོ་ཡིན། །ཞེས་ཁམས་གསུམ་ས་དགུ་ལ་རེ་རེ་ཞིང་བསྒོམ་སྤངས་ཆེ་འབྲིང་དགུའ་དགུའ་སྟེ་བརྒྱད་ཅུ་རྩ་གཅིག་དང་། གཉེན་པོ་ཡང་བརྒྱད་ཅུ་རྩ་གཅིག་རིམ་གྱིས་བསྒོམས་པས་སྤོང་བར་བྱེད་པ་ནི་ཉན་ཐོས་དབང་པོ་རྟུལ་པོའི་ཚུལ་ཡིན་པའི་ཕྱིར་རྣམ་པར་བཞག་པ་གཞན་ཡིན་ནོ། །གཉིས་པ་དེ་ལ་ཐ་སྙད་གདགས་པ་ནི། རང་བཞིན་གྱིས་དག་པའི་འགོག་པ་བསམ་དུ་མེད་པ་དང་བློ་བུར་དྲི་བྲལ་གཉིས་སུ་མེད་པ་དང་རྟོག་པ་མེད་པ་དང་། ལམ་གྱི་དག་པ་དང་། གསལ་བ་དང་གཉེན་པོའི་ཕྱོགས་ཉིད་དང་། གང་ཞིག་ཆགས་པ་དང་བྲལ་བ་འགོག་པ་དང་། གང་གིས་ཆགས་པ་དང་བྲལ་བ་ལམ་གྱི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་གྱི་དོན་བརྒྱད་པོ་དེ་ཆོས་དཀོན་མཆོག་ཡིན་ནོ། །དེ་དག་ཀྱང་རྣམ་བྱང་གི་བདེན་པ་གཉིས་ཀྱིས་བསྡུས་པ་ནི་འདོད་ཆགས་དང་བྲལ་བའི་ཆོས་དཀོན་མཆོག་ཉིད་ནི་འབྲས་བུ་འགོག་པ་དང་རྒྱུ་ལམ་གྱི་བདེན་པ་དག་གིས་བསྡུས་ཤིང་། དེ་དག་ཀྱང་གོ་རིམ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དང་པོ་གསུམ་ས་ཕྱི་མ་གསུམ་གྱིས་རིག་པར་བྱའོ། །གཉིས་པ་དོན་དང་ཐ་སྙད་སྦྱར་བ་ལ་རང་བཞིན་རྣམ་དག་གི་འགོག་པ་ནི་བློས་རང་བཞིན་འདིའོ་ཞེས་བསམ་དུ་མེད་པ་ཉིད་དེ་མེད་པ་དང་ཡོད་པ་དང་གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་གང་དུ་ཡང་མ་གྲུབ་པར་རྟོག་གེས་བརྟག་པའི་ཡུལ་མ་ཡིན་ཕྱིར། སྒྲས་ཀྱང་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དང་། ཐེག་ཆེན་འཕགས་པའི་མཉམ་བཞག་མི་རྟོག་ཡེ་ཤེས་ཀྱིས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་མཁྱེན་པ་ཡིན་གྱི་གཞན་གྱི་སྒྲ་དང་རྟགས་ལ་བརྟེན་ནས་རྟོག་བཅས་ཀྱི་བློས་རྟོགས་པར་མི་ནུས་པའི་ཕྱིར་རོ། །བློ་བུར་གྱི་དྲི་མ་ཞི་བ་ཉིད་ནི་ལས་དང་ཉོན་མོངས་པ་གཉིས་མེད་པ་དང་དེ་དག་འབྱུང་བའི་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟོག་པ་མེད་པའོ། །མདོ་ལས། ཤཱ་རིའི་བུ་འགོག་པ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུ་སྟེ་གཉིས་སུ་མེད་པའི་ཆོས་ཅན་དོན་རྣམ་པར་མི་རྟོག་པའི་ཆོས་སོ་ཞེས་སོ། །དེ་ཡང་སྤང་བྱ་དེ་དག་རང་བཞིན་གྱིས་འགགས་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཁྱེན་པའི་ཕྱིར་རྣམ་པར་རྟོག་པ་དང་ལས་དང་ཉོན་མོངས་པ་མི་སྐྱེ་བར་བྱས་པའི་འབྲས་བུ་སྡུག་བསྔལ་གཏན་མི་འབྱུང་བ་ནི་སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱ་སྟེ། མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་ལ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་གོ། །གང་ལ་སེམས་དང་ཡིད་དང་རྣམ་པར་ཤེས་པ་མི་འཇུག་པ་དེ་ལ་ནི། ཀུན་ཏུ་རྟོག་པ་གང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པར་འགྱུར་བ་ཀུན་དུ་རྟོག་པ་འགའ་ཡང་མེད་དོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་རབ་ཏུ་སྦྱོར་བ་དེ་ནི་མ་རིག་པས་ཀུན་ནས་སློང་བར་མི་བྱེད་དོ། །མ་རིག་པ་ཀུན་ནས་ལྡང་བ་མེད་པ་གང་ཡིན་པ་དེ་ནི་སྲིད་པའི་ཡན་ལག་བཅུ་གཉིས་ཀུན་ནས་ལྡང་བར་མི་བྱེད་དོ། །དེ་ནི་མི་སྐྱེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉན་ཐོས་སྡེ་པའི་ལྟར་སྤང་བྱ་བདེན་པ་སྔར་ཡོད་འགའ་ཞིག་བཅོམ་པ་ནི་མ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཆོས་འཇིག་པ་ནི། །སྡུག་བསྔལ་འགོག་པ་མ་ལགས་སོ། །ཞེས་པ་དང་། མན་ངག་གི་བསྟན་བཅོས་ལས། འགོག་པ་མེད་པའི་རང་བཞིན་ལ། མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་པ་དང་། དབུ་མ་རྩ་བ་ལས་ཀྱང་། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་ཐོབ་པར་བྱ་བ་དང་། །སྡུག་བསྔལ་ཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །ཅེས་སོ། །ལམ་གྱི་བདེན་པའི་དག་པ་དང་སོགས་པ་གཉེན་པོ་བྱེད་པ་གསུམ་ནི་ཉི་མའི་དཀྱིལ་འཁོར་གྱི་ངོ་བོ་དག་པ་དང་། གཟུགས་གསལ་བ་དང་། མུན་པ་སེལ་བ་བཞིན་ནོ། །འགྲེལ་པ་ལས། སྡུག་བསྔལ་འགོག་པའི་མིང་ཅན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཐོབ་པའི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་བ་དང་བསྒོམ་པའི་ལམ་ནི་ཆོས་མཐུན་པ་རྣམ་པ་གསུམ་གྱི་ཉི་མ་དང་འདྲ་བར་རིག་པར་བྱ་སྟེ། དཀྱིལ་འཁོར་རྣམ་པར་དག་པར་ཆོས་མཐུན་པས་ནི་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གཟུགས་གསལ་བར་བྱེད་པའི་ཕྱིར་རོ། །མུན་པའི་གཉེན་པོར་ཆོས་མཐུན་པས་ནི་དེ་ཁོ་ན་མཐོང་བའི་གེགས་ཀྱི་རྣམ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་གསུམ་སྟེ། དོན་གྱི་དངོས་པོ་དགོད། དེ་ལ་ཐ་སྙད་གདགས། དོན་དང་ཐ་སྙད་སྦྱར་བའོ། །དང་པོ་ནི་ཐེག་པ་ཆེན་པོའི་སྐྱབས་གནས་དགེ་འདུན་དེ་ལ་འདུད་ཅེས་པའོ། །དེའི་ཡོན་ཏན་དྲན་པ་གཉིས་ཏེ། རིག་པ་དང་། གྲོལ་བའོ། །དང་པོ་ལ་ཇི་ལྟ་བ་རིག་པ་ནི་ཡང་དག་རྟོགས་ནས་ཞེས་པའོ། །གང་གིས་རྟོགས་ཞེ་ན། གང་དག་ཅེས་པ་སྤྱིར་བརྗོད་ཀྱང་སྐབས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པས་སོ། །གང་རྟོགས་ཞེ་ན་འགྲོ་བ་ཀུན་གྱི་གནས་ལུགས་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཐའ་སྤྲོས་པས་མཚན་མ་ཉེ་བར་ཞི་བའོ། །དེ་ལ་གང་ཟག་གི་བདག་ནི་འཇིགས་ཚོགས་ལ་ལྟ་བའི་རློམ་ཡུལ་རྟག་པ་གཅིག་པུ་རང་དབང་བའི་དངོས་པོ་བདེ་སྡུག་ལ་སོགས་པ་ལ་ལོངས་སྤྱོད་པ་པོར་གྱུར་པ་ཡིན་ལ། དེ་ལ་ཡང་འཇིགས་ཚོགས་ལྟ་བ་ལྷན་སྐྱེས་ཀྱི་ཡུལ་དང་ཀུན་བཏགས་ཀྱི་ཡུལ་གཉིས་ཡིན་ཅིང་ཕྱི་མ་ལའང་ཉན་ཐོས་ཀྱི་སྡེ་པས་བཏགས་པ་བརྗོད་དུ་མེད་པའི་བདག་དང་། མུ་སྟེགས་པས་བཏགས་པའི་མཚན་ཉིད་ལྔ་ལྡན་ལ་སོགས་པའོ། །ཆོས་ཀྱི་བདག་ནི་ཡོད་པ་དང་མེད་པ་དང་རྒྱུ་དང་འབྲས་བུ་ལ་སོགས་པ་ཆོས་ཙམ་ལ་བདེན་པའི་མཚན་མར་རློམ་པའི་ཡུལ་གང་ཡིན་པའོ། །དེ་ལ་གང་ཟག་དང་ཆོས་ནི་ཀུན་རྫོབ་ཙམ་དུ་ཡོད་ཀྱི་བདག་གཉིས་ནི་ཀུན་རྫོབ་ཙམ་དུའང་མ་གྲུབ་པའོ། །དེ་དག་ཇི་ལྟར་རྟོགས་ན་རང་གི་སེམས་དེ་དྲི་མ་རྣམས་གདོད་མ་ནས་དག་པས་རང་བཞིན་གྱི་འོད་གསལ་བ་དང་དེ་ཉིད་ཀྱིས་ན་བློ་བུར་གྱི་ཉོན་མོངས་པ་སྟེ་སྒྲིབ་པ་རྣམས་ངོ་བོ་ཉིད་མེད་ཅིང་འགག་པར་མངོན་སུམ་གྱིས་གཟིགས་པས་སོ། །ཇི་སྙེད་པ་རིག་པ་ནི་རྗེས་སུ་ཞུགས་པ་སྟེ་ཁྱབ་བྱེད་དུ་ཡོད་པར་གཟིགས་པ་ཞེས་པའོ། །གང་རྗེས་སུ་ཞུགས་ན་རྫོགས་པའི་སངས་རྒྱས་ཞེས་པ་སྟེ་དྲི་མ་གདོད་མ་ནས་དག་ཅིང་ཡོན་ཏན་དབྱེར་མེད་དུ་ཡོད་པའི་ཆོས་ཀྱི་སྐུའམ་དེ་བཞིན་གཤེགས་པའི་སྙིང་པོའོ། །གང་ལ་ཞུགས་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡན་ཆད་ལུས་ཅན་ཐམས་ཅད་ལ་འོད་དེ་དག་ཀྱང་གཞན་གྱི་སྒྲ་དང་རྟགས་ལ་མི་ལྟོས་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་པའི་ནང་རིག་པར་ཡང་དོན་གྱིས་བལྟའོ། །གཉིས་པ་གྲོལ་བ་ནི། ཇི་ལྟ་བ་རིག་པས་ཆགས་པ་དང་ཇི་སྙེད་པ་རིག་པས་ཐོགས་པའི་སྒྲིབ་པ་ལས་གྲོལ་བས་དེ་དག་མེད་པའི་བློ་མངའ་བའོ། །དེ་དག་བསྡུས་ཏེ་བསྟན་པ་ནི་སེམས་ཅན་གྱི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་དང་། དེ་སེམས་ཅན་མཐའ་ཡས་པ་ལ་ཡོད་པའི་ཡུལ་ཅན་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི། ཡོན་ཏན་དེ་དག་ཡོན་ཏན་གཞན་ལས་མཆོག་ཏུ་གྱུར་པས་དམན་པའི་སྒྲིབ་པ་ལས་གྲོལ་བ་ཡང་དོན་གྱིས་བལྟའོ། །གཉིས་པ་དེ་ལ་ཐ་སྙད་གདགས་པ་ནི། རིག་པའི་ཡོན་ཏན་ལ་སེམས་ཀྱི་བདག་མེད་པའི་གནས་ལུགས་ཇི་ལྟ་བ་བཞིན་རིག་པ་དང་། དེ་ཐམས་ཅད་ལ་ཁྱབ་པའི་ཇི་སྙེད་པ་རིག་པ་དང་སོ་སོ་རང་གིས་རིག་པའི་ནང་རིག་པའི་ཡེ་ཤེས་སོ། །གྲོལ་བའི་ཡོན་ཏན་གྱི་ཡེ་ཤེས་ཀྱི་གཟིགས་པས་སྒྲིབ་པ་གསུམ་དག་པའི་ཕྱིར་རོ། །བླ་ན་མེད་པའི་ཡོན་ཏན་དེ་དག་དང་ལྡན་པ་ཉིད་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་ཡིན་ནོ། །གསུམ་པ་དོན་དང་ཐ་སྙད་སྦྱར་བ་ལ། རིག་པ་དང་། གྲོལ་བའི་ཡོན་ཏན་ནོ། །དང་པོ་ལ་གསུམ་ལས། ཇི་ལྟ་བ་རིག་པ་ནི། འགྲོ་བ་བདག་གཉིས་ཀྱི་སྤྲོས་པ་ཉེ་བར་ཞི་བའི་བདག་མེད་པའི་ཆོས་ཉིད་དུ་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཡིན་ལ། ཡུལ་ཇི་ལྟ་བ་ཉིད་དེ་ཡང་རྒྱུ་གཉིས་ཀྱིས་ཡིན་ཏེ། སེམས་རང་བཞིན་གྱིས་དྲི་མས་ཡོངས་སུ་དག་པའི་ཕྱིར་འོད་གསལ་བར་རྟོགས་པ་དང་། བློ་བུར་གྱི་ཉོན་མོངས་པ་ལ་སོགས་པའི་དྲི་མ་རྣམས་གདོད་ནས་ཟད་ཅིང་འགགས་པར་མཐོང་བའི་ཕྱིར་རོ། །དེ་ལ་སེམས་རང་བཞིན་གྱིས་འོད་གསལ་བ་ནི་རང་བཞིན་གྱིས་གནས་པའི་ཡེ་ཤེས་ཡིན་ལ་ཉོན་མོངས་པ་གདོད་མ་ནས་ཟད་པ་དང་བློ་བུར་འགགས་པ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ཡང་སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་པ་དང་བློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པའང་ཡིན་པ་ནི་འགལ་བར་སྣང་ཡང་མི་འགལ་བ་ནི་རྟོགས་པར་དཀའ་བ་ལས་འདིར་ནི་མི་འགལ་བར་རྟོགས་པ་ཡིན་ནོ། །དཔལ་འཕྲེང་གི་མདོའ་ལས། བཅོམ་ལྡན་འདས་དེ་ལྟ་ལགས་མོད་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའི་སེམས་ཀྱི་ཉེ་བར་ཉོན་མོངས་པའི་དོན་ནི་རྟོགས་པར་དཀའོ་ཞེས་སོ། །གཉིས་པ་ཇི་སྙེད་པ་རིག་པ་ནི། ཡོད་པ་མཐོང་བའི་ཕྱིར་ཇི་སྙེད་ཡོད་པ་ཉིད་རིག་པ་ཡིན་ནོ་ཞེས་སོ། །གང་ལ་ཡོད་པར་མཐོང་ཞེ་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལའོ། །གང་ཡོད་པར་མཐོང་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཉིད་ཡོན་ཏན་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ནི་ཞེས་པའོ། །བློ་གང་གིས་མཐོང་ན་ཤེས་བྱའི་དངོས་པོའི་རིགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་མཐར་ཐུག་པར་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བློས་ཞེས་པའོ། །དུས་ནམ་གྱི་ཚེ་མཐོང་ན་ས་དང་པོར་ཆོས་ཅན་མཐའ་དག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ཡིན་ཏེ། འགྲེལ་པ་ལས། བྱང་ཆུབ་སེམས་དཔའི་མཐོང་བ་དེ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ཉིད་ལ་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཕྱིར་རོ། །ཞེས་སོ། །གལ་ཏེ་ས་དང་པོར་སེམས་ཅན་ཐམས་ཅད་ཀྱི་སེམས་མངོན་སུམ་དུ་རྟོགས་སམ་མ་རྟོགས། དང་པོ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འགྱུར་ཏེ་ཤེས་བྱ་གཞན་རྣམས་ལའང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་རྟེན་ཆོས་ཅན་མ་གཏོགས་པས་དེ་ལ་བརྟེན་པའི་ཆོས་ཉིད་མི་རྟོགས་པར་འགྱུར་ལ། འདོད་ན་ཆོས་ཉིད་དེས་སེམས་ཅན་ཐམས་ཅད་ཁྱབ་པར་རྟོགས་པ་ཉམས་སོ་ཞེ་ན། ཕྱོགས་སྔ་མ་ཁས་མི་ལེན་པའི་ཉེས་པ་དང་པོ་མེད་ལ། ཉེས་པ་གཉིས་པའང་མེད་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་མངོན་སུམ་དུ་མ་རྟོགས་ཀྱང་རང་གི་སེམས་ཀྱི་གནས་ལུགས་དྲི་མ་གདོད་མ་ནས་དག་ཅིང་ཡོན་ཏན་དབྱེར་མེད་དུ་གནས་པའི་ཆོས་ཀྱི་སྐུར་མངོན་སུམ་དུ་རྟོགས་པས་རང་གི་སེམས་དང་རིག་ཙམ་དུ་ཁྱད་པར་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་གནས་ལུགས་ཀྱང་དེ་ལྟར་མ་ཡིན་པའི་དོགས་པ་ཆོད་པའི་ཕྱིར་རོ། །དཔེར་ན་རྒྱ་མཚོ་ཆེན་པོའི་ཆུའི་ཕྱོགས་གཅིག་གི་རོ་རྟོགས་པས་ཆུ་ཐམས་ཅད་ཀྱི་རོ་ལ་དོགས་པ་ཆོད་པ་བཞིན་ནོ། །སློབ་དཔོན་འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་པ་དང་། མདོ་ལས་ཀྱང་། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ནང་རིག་པ་ནི། དེ་ལྟར་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་གང་ཡིན་པ་དེ་ཡང་གཞན་གྱི་སྒྲ་དང་རྟགས་ལས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཙམ་མ་ཡིན་གྱི་འཕགས་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་མཐོང་བ་ཉིད་ཡིན་པའི་ཕྱིར་ནང་གི་ཡེ་ཤེས་ཀྱི་རིག་པ་ཉིད་དོ། །གཉིས་པ་གྲོལ་བའི་ཡོན་ཏན་ལ་གསུམ་ལས། དག་པའི་གཞི་དྲི་མ་མེད་པའི་སེམས་ཀྱི་ཆོས་དབྱིངས་ལ་ཇི་ལྟ་བ་རྟོགས་པས་ཆགས་པ་ཉོན་མོངས་པའི་སྒྲིབ་པ་མེད་པ་དང་ཇི་སྙེད་པ་རྟོགས་པས་ཤེས་བྱ་ལ་ཐོགས་པར་བྱེད་པ་ཤེས་བྱའི་སྒྲིབ་པ་མེད་པའི་ཕྱིར་ཡེ་ཤེས་དེ་སོ་སོ་སྐྱེ་བོ་དང་ཉན་ཐོས་དང་རང་རྒྱལ་བའི་ཉི་ཚེ་བའི་ཡུལ་ཅན་གྱི་ཡེ་ཤེས་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་འཕགས་པ་ཕྱིར་མི་ལྡོག་པའི་ཡེ་ཤེས་དེ་ནི་དེ་ལས་གཞན་དུ་གྱུར་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྣམས་ལས་མཆོག་ཏུ་བླ་ན་མེད་པ་ཉིད་ཡིན་ལ། དེས་ན་དམན་པའི་སྒྲིབ་པ་ལས་ཀྱང་གྲོལ་བ་ཡིན་ནོ། །དེ་དག་གི་ཡེ་ཤེས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བར་གནས་པའང་དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་ཡེ་ཤེས་གཟིགས་པ་དག་པས་ཏེ་ཆོས་ཀྱི་སྐུ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །ཡང་རྒྱུ་མཚན་གཉིས་པ་ནི་ཡེ་ཤེས་དེ་དང་ལྡན་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལུས་ཅན་ཀུན་གྱི་སྐྱབས་གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །འདིར་ཐེག་པ་དམན་པའི་དགེ་འདུན་མི་སྨོས་པ་ནི་དེ་མཆོད་པར་འོས་པ་ཙམ་ཡིན་གྱི། ཐེག་པ་ཆེན་པོས་སྐྱབས་གནས་མ་ཡིན་པའི་ཕྱིར་ཏེ་རང་ཉིད་འཁོར་བའི་འཇིགས་པས་སྐྲག་པས་གཞན་དེ་ལས་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་དགེ་འདུན་གྱི་རྗེས་ཐོགས་སུ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ནི་མ་སྨོས་ཏེ་དེ་མཆོད་པར་འོས་པ་མ་ཡིན་པའི་ཕྱིར་རོ། །ཞེས་སོ། །ཁ་ཅིག་ན་རེ། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་མཆོད་པར་འོས་པ་ཡིན་གྱི་ཉན་ཐོས་ཏེ་མཆོད་པར་མི་འོས་པའི་ཕྱིར་རོ་ཞེས་འཆད་པ་ནི་གཞུང་གི་དོན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ནི་ཕྱག་བྱ་བའི་ལེགས་པར་ཞུགས་པ་ཕྱག་བྱ་བའི་འོས་སུ་གྱུར་པ་ཞེས་པ་དང་། སྤྱོད་འཇུག་ལས། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལ་གུས་པར་ཕྱག་འཚལ་ཏེ། །ཞེས་ཕྱག་གི་གནས་སུ་བཤད་པའི་ཕྱིར་རོ། །གལ་ཏེ་འགྲེལ་པ་ལས། ཕྱག་གི་ཡུལ་མ་ཡིན་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་དོར་ནས་ཉན་ཐོས་ལ་སྐྱབས་སུ་བཟུང་ནས་ཕྱག་བྱེད་པ་བཀག་པ་ཡིན་ཏེ། ཕྱག་བྱེད་པ་པོ་བྱང་ཆུབ་སེམས་དཔའ་གཞན་ལ་ཕན་པའི་བསམ་པ་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཟླ་བ་ཚེས་པ་དོར་ནས་ཉི་ཚེ་བའི་ཡེ་ཤེས་ཀྱི་མཐར་ཐུག་པ་སྐར་མའི་གཟུགས་ལྟར་རང་གི་རྒྱུད་སྣང་བར་ཉེ་བར་གནས་པའི་ཉན་ཐོས་ལ་ཕྱག་བྱེད་པ་ནི་མ་ཡིན་ཏེ་གཞན་ལ་ཕན་པར་བྱེད་པའི་བསམ་པ་རྣམ་དག་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་སྐྱབས་སུ་འཇོག་པའི་རྒྱུ་མཚན་ལ་གཉིས་སྟེ། ཐེག་པ་གསུམ་གྱི་སྐྱབས་གནས་སྤྱིར་བསྟན། འབྲས་བུའི་སྐྱབས་གནས་མཐར་ཐུག་ངོས་བཟུང་བའོ། །དང་པོ་ནི། གལ་ཏེ་དགོས་པ་གང་གི་དོན་དུ་གང་ཟག་གང་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་སྐྱབས་གསུམ་དུ་རྣམ་པར་བཞག་ཅེ་ན། སྟོན་པ་སངས་རྒྱས་དང་། བསྟན་པ་དམ་པའི་ཆོས་དང་། སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་སྒོ་ནས་ཐེག་པ་གསུམ་གྱི་འབྲས་བུ་སོ་སོ་ལ་སྐྱབས་གནས་སུ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་འབྲས་བུའི་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་ཡིན་ལ་ཐེག་པ་གསུམ་ཆར་གྱི་གང་ཟག་ལ་ལྟོས་ནས་དཀོན་མཆོག་གསུམ་གྱི་བྱེད་པ་ཐ་དད་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་རྒྱུའི་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་ཡིན་ཏེ། སྤྱིར་སྐྱབས་སུ་འགྲོ་བ་ཙམ་ནི་རང་ངམ་གཞན་འཇིགས་པ་དང་བྲལ་བར་འདོད་པའི་བསམ་པས་འགའ་ཞིག་ལ་འཇིགས་པ་ལས་སྐྱོབ་བྱེད་ཀྱི་སྐྱབས་གནས་སུ་བསམ་པ་ཐག་པས་ཁས་ལེན་པའོ། །བྱེ་བྲག་ཏུ་དམན་པའི་སྐྱབས་འགྲོ་ནི་རང་ཉིད་འཁོར་བའི་འཇིགས་པ་ཐམས་ཅད་དང་བྲལ་བར་འདོད་པའི་བསམ་པས་དཀོན་མཆོག་གསུམ་ལ་རྒྱུ་དང་འབྲས་བུའི་སྐྱབས་གནས་སུ་ཁས་ལེན་པའོ། །ཆེན་པོའི་སྐྱབས་འགྲོ་ནི་རང་དང་གཞན་འཁོར་བ་དང་ཐེག་པ་དམན་པའི་འཇིགས་པ་མན་ཆད་ལས་ཐར་བར་འདོད་པས་དཀོན་མཆོག་གསུམ་ཁྱད་པར་ཅན་ལ་རྒྱུ་དང་འབྲས་བུ་སྐྱབས་གནས་སུ་ཁས་ལེན་པའོ། །དེ་ལ་མོས་པ་གསུམ་གྱིས་སྐྱབས་གསུམ་དུ་རྣམ་པ་བཞག་པ་ནི། རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་པ་དང་། འཇིག་རྟེན་ཇི་སྲིད་སེམས་ཅན་གྱི། །གནོད་དང་ཕུན་སུམ་ཚོགས་པ་ཀུན། །བཟློག་ཅིང་འབྱོར་པར་བྱ་བའི་ཕྱིར། །སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད། །ཅེས་པ་ལྟར་ཐེག་པ་ཆེན་པོ་པ་ནི་དམན་པའི་འཇིགས་པ་དང་སྒྲིབ་པ་ཕྲ་ཞིང་ཕྲ་བའི་འཇིགས་པ་ལས་ཀྱང་སྐྱོབ་པར་བྱེད་པ་ནི་རང་གིས་འཐོབ་པར་འགྱུར་བའི་སངས་རྒྱས་ཆོས་ཀྱི་སྐུ་ཅན་ཁོ་ན་ཡིན་པར་ཡིད་ཆེས་པའི་མོས་པས་དེ་འཇིགས་པ་ལས་སྐྱོབ་བྱེད་དུ་ཁས་ལེན་པའི་ཕྱིར་སངས་རྒྱས་སྐྱབས་གནས་སུ་བཞག་གོ། །རང་རྒྱལ་གྱི་ཐེག་པ་པས་མ་འོངས་པ་ན་རང་གི་རྒྱུད་ལ་རྟོགས་པ་རང་བྱུང་དུ་སྐྱེ་བའི་ཆོས་དཀོན་མཆོག་འཇིགས་པ་ལས་སྐྱོབ་བྱེད་དུ་ཁས་ལེན་པ་དེ་སྐྱབས་གནས་སུ་བཞག་གོ། །ཉན་ཐོས་ཀྱི་ཐེག་པ་པས་རང་ལ་མ་འོངས་པ་ན་འབྱུང་བའི་དགྲ་བཅོམ་པའི་དགེ་འདུན་དཀོན་མཆོག་འཇིགས་པ་ལས་སྐྱོབ་བྱེད་དུ་ཁས་ལེན་པ་དེ་སྐྱབས་གནས་སུ་བཞག་གོ། །དེ་ལྟར་ན་ཐེག་པ་གསུམ་སོ་སོ་ལ་འབྲས་བུའི་སྐྱབས་གནས་ནི་རེ་རེ་ཡིན་ནོ། །བྱེད་པ་གསུམ་ལ་སྐྱབས་གསུམ་དུ་རྣམ་པར་བཞག་པ་ནི། སངས་རྒྱས་ཀྱིས་འཇིགས་པ་སྐྱོབ་པའི་ལམ་སྟོན་པས་སྟོན་པའི་བྱ་བ་བྱེད་པ་དང་། ཆོས་ཀྱིས་འཇིགས་པ་མེད་པའི་སར་བགྲོད་པའི་ལམ་གྱི་བྱ་བ་བྱེད་པ་དང་། དགེ་འདུན་གྱིས་འཇིགས་པ་ལས་སྒྲོལ་བའི་གྲོགས་ཀྱི་བྱ་བ་བྱེད་པ་ཡིན་ཏེ། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་དགེ་འདུན་དང་འགྲོགས་ནས་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་བའི་ཕྱིར་རོ། །དེས་ན་རྒྱུའི་སྐྱབས་གནས་ནི་ཐེག་པ་གསུམ་ཀ་ལ་དཀོན་མཆོག་གསུམ་ཆར་དགོས་པར་བལྟའོ། །གང་ལ་རྒྱུའི་སྐྱབས་འགྲོ་མེད་ན་ཡང་འཇིགས་པ་ལས་མི་ཐར་ཏེ། དཔེར་ན་དབུལ་བ་ལས་ཐར་པར་འདོད་པའི་ཚོང་པ་དག་དེད་དཔོན་དང་གཟིངས་དང་ཚོང་གྲོགས་མེད་ན་ནོར་བུའི་གླིང་དུ་མི་ཕྱིན་པ་བཞིན་ནོ། །འབྲས་བུའི་སྐྱབས་འགྲོ་མེད་ན་ཡང་འཇིགས་པས་གྲོལ་མི་ནུས་ཏེ་ཚོང་པ་རྒྱ་མཚོ་ལས་བརྒལ་ཡང་ནོར་བུའི་གླིང་དུ་མ་ཕྱིན་ན་དབུལ་བ་སེལ་མི་ནུས་པ་བཞིན་ནོ། །དེས་ན་གཉིས་ཀ་དགོས་པར་བལྟའོ། །དོན་འདི་ལ་སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ། སྐྱབས་སུ་འགྲོ་བའི་རང་བཞིན་ནི་རྒྱུ་དང་འབྲས་བུའི་སྐྱབས་གནས་ཀྱི་མཚན་ཉིད་གཏན་ལ་ཕབ་ནས་གང་ཟག་སོ་སོར་ངེས་པ་དང་ཐོབ་པ་གཅིག་གིས་བརྟེན་པར་བྱའོ་ཞེས་དམ་འཆའ་བ་སྟེ། ཐེག་པ་ཆེན་པོ་པས་མ་འོངས་པ་ན་རང་ལས་འབྱུང་བའི་སངས་རྒྱས་ཐོབ་པར་བྱའོ་ཞེས་དམ་འཆའ་བ་དང་། དེ་བཞིན་དུ་རང་རྒྱལ་བའི་རང་ལ་འབྱུང་བའི་རྟོགས་པའི་ཆོས་ཐོབ་པར་བྱའོ་ཞེས་དམ་འཆའ་ལ། ཉན་ཐོས་པའི་རང་ལ་འབྱུང་བའི་དགེ་འདུན་ཐོབ་པར་བྱའོ་ཞེས་དམ་འཆའ་བར་འབྲས་བུའི་སྐྱབས་འགྲོ་དང་། དེ་དག་གི་ཐབས་སུ་གཞན་གྱི་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་སྟོན་པ་དང་ལམ་དང་གྲོགས་སུ་བརྟེན་པར་བྱའོ་ཞེས་རྒྱུར་དམ་འཆའ་བ་རྒྱུའི་སྐྱབས་འགྲོ་ཡིན་ནོ་ཞེས་པ་ནི་མི་འཐད་དེ། འབྲས་བུ་དེ་དག་ཐོབ་པར་དམ་འཆའ་ནི་ཐེག་པ་གསུམ་གྱི་སེམས་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་དམ་བཅའི་ལྕགས་ཀྱུ་སྔ་ཕྱིའི་ཁྱད་པར་ཡོད་གསུངས་པའང་རང་ལྡོག་ཁྱད་པར་མེད་ན་དམ་བཅའ་སྔ་ཕྱི་ཙམ་གྱིས་ཐ་དད་དུ་བྱེད་མི་ནུས་པའི་ཕྱིར་རོ། །གལ་ཏེ་རྒྱན་ལས། གང་ཞིག་དཀའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར་དང་ཞེས་པ་དང་། འདི་ནི་དེ་དངོས་འདོད་པས་ཁས་ལེན་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཐེག་པ་གསུམ་གྱི་སྐྱབས་འགྲོ་ལ་སངས་རྒྱས་འདོད་པ་གྲོགས་སུ་དགོས་ཞེས་བསྟན་པ་ཡིན་གྱི་དེའི་རང་ལྡོག་ཏུ་བསྟན་པ་ཡིན་ཏེ། དཔེར་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་འདུན་པ་སེམས་བསྐྱེད་མ་ཡིན་པ་བཞིན་ནོ། །ཁ་ཅིག་འབྲས་བུའི་སྐྱབས་འགྲོ་མེད་དེ། རང་ལ་རང་སྐྱབས་སུ་མི་འགྲོ་བའི་ཕྱིར་ཞེས་སྨྲ་བའང་གཞུང་ལུགས་ཟབ་མོའི་དོན་ལ་བློ་ཁ་མ་ཕྱོགས་པ་ཡིན་ཏེ། མཐར་ཐུག་གི་སྐྱབས་གནས་ངོས་འཛིན་པ་ནི་འབྲས་བུའི་སྐྱབས་འགྲོ་ལ་དགོངས་པ་ཡིན་པའི་ཕྱིར་ཏེ་རྒྱུའི་སྐྱབས་འགྲོ་ལ་དཀོན་མཆོག་གསུམ་ཀ་ཡང་སྐྱབས་གནས་སུ་དགོས་པའི་ཕྱིར་རོ། །གལ་ཏེ་འབྲས་བུའི་སྐྱབས་འགྲོའི་ཡུལ་བྱང་ཆུབ་རང་གིས་ཐོབ་ཟིན་ན་སྐྱབས་སུ་མི་དགོས་ལ་མ་ཐོབ་ན་སྐྱོབ་བྱེད་མེད་པས་དེ་ལ་སྐྱབས་སུ་འགྲོ་བ་མི་འཐད་དོ་ཞེ་ན། སེམས་བསྐྱེད་པ་གཞན་དོན་དུ་རང་གིས་བྱང་ཆུབ་ཐོབ་པར་འདོད་པ་ཡིན་ན་དེ་ཡང་རང་གིས་ཐོབ་ཟིན་ན་ཐོབ་པར་བྱ་མི་དགོས་ལ་མ་ཐོབ་ན་འདོད་པས་ཡུལ་དུ་བྱེད་པ་མི་འཐད་དེ། ཐོབ་བྱ་མ་གྲུབ་པའི་ཕྱིར་རོ་ཞེས་བརྗོད་ན་ཅི་ཞིག་སྨྲ། དེ་སྟེ་རང་གིས་མ་ཐོབ་ཀྱང་གཞན་གྱིས་ཐོབ་པ་མཐོང་བའི་དེ་དང་རིགས་མཐུན་པ་ཐོབ་བྱའི་ཡུལ་དུ་བྱེད་པ་མི་འགལ་ལོ་སྙམ་ན། ཚུལ་འདི་ནི་ཁོ་བོ་ཅག་ལ་ཡང་ཇི་ལྟར་འགལ། དེས་ན་རྒྱན་ལས། གང་ཞིག་དགའ་བ་མང་པོས་བྱང་ཆུབ་མཆོག་དོན་གཉེར། །གང་ཞིག་སྐྱོ་བ་མེད་པར་དཀའ་བ་ཡང་དག་སྤྱོད། །གང་ཞིག་རྣམ་སངས་རྒྱས་ནས་སངས་རྒྱས་ཀུན་མཉམ་འགྱུར། །བློ་ལྡན་དེ་ནི་ཁས་ལེན་མཆོག་ཏུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རྟོག་གེ་ངན་པའི་རླུང་གིས་གསུང་རབ་ཟབ་མོའི་དོན་དཀྲུག་པར་མི་བྱའོ། །གཉིས་པ་འབྲས་བུའི་སྐྱབས་གནས་མཐར་ཐུག་ངོས་བཟུང་བ་ལ་གཉིས་སྟེ། ཆོས་དང་དགེ་འདུན་སྐྱབས་གནས་མ་ཡིན་པར་བསྟན། སངས་རྒྱས་ཁོ་ན་སྐྱབས་གནས་ཡིན་པར་བསྟན་པའོ། །དང་པོ་ནི་ལུང་དང་རྟོགས་པའི་ཆོས་རྣམ་པ་གཉིས་དང་ཐེག་པ་གསུམ་གྱི་འཕགས་པའི་ཚོགས་ཞེས་པ་དགེ་འདུན་དཀོན་མཆོག་ནི་གནས་སྐབས་ཀྱི་སྐྱབས་གནས་ཡིན་ཡང་གཏན་གྱི་ཞེས་པ་མཐར་ཐུག་གི་འབྲས་བུའི་སྐྱབས་གནས་མཆོག་མ་ཡིན་ནོ་ཞེས་པའོ། །ཇི་ལྟར་མ་ཡིན་ཞེ་ན། འདི་ལྟར་ཆོས་ནི་རྣམ་པ་གཉིས་སྟེ། བསྟན་པའི་ཆོས་དང་། རྟོགས་པའི་ཆོས་སོ། །གྲུབ་པའི་མཐའ་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལ་དང་པོ་ནི། སྡེ་སྣོད་གསུམ་མམ་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ཡང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་སམ་འདུ་བྱེད་དག་ཏུ་འདུ། །ཞེས་པ་ལྟར་སྒྲ་རང་མཚན་པའང་མི་ལྡན་པའི་འདུ་བྱེད་ཅེས་པ་སེམས་ལས་དོན་གཞན་དུ་གྱུར་པ་མ་ཡིན་གྱི་མིང་ཚིག་གི་ཡི་གེའི་རྣམ་པར་སྣང་བ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་བརྗོད་བྱའི་དོན་ལ་ཞེན་པར་བྱེད་པ་ཡིན་ལ། དེ་ཡང་ཆུའི་ཕ་རོལ་དུ་ཕྱིན་པའི་གཟིངས་ལྟར་རྟོགས་པའི་ཆོས་མཐོང་ལམ་ལ་སོགས་ཐོབ་པ་ན་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །རྟོགས་པའི་ཆོས་ལ་ཡང་གང་གིས་རྟོགས་པ་ལམ་གྱི་བདེན་པ་དང་། གང་རྟོགས་པ་འགོག་པའི་བདེན་པ་སྟེ་རྣམ་པ་གཉིས་སོ། །དང་པོ་ལ། སློབ་པའི་ལམ་བདེན་ནི་འབད་པས་བསྒྲུབས་ཤིང་བོགས་དབྱུང་དུ་མེད་པ་མ་ཡིན་པས་གནས་སྐབས་སུ་འགྱུར་ཞིང་མི་རྟག་པའི་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། རྟོགས་པའི་འགོག་པ་ལ་ཡང་ཉན་རང་གི་མྱ་ངན་ལས་འདས་པ་མཐར་ཐུག་པ་ནི་སྡུག་བསྔལ་ཀུན་འབྱུང་ཉེ་བར་ཞི་བ་ཙམ་གྱི་མེད་པ་དགག་པ་ཡིན་གྱི་ཡོན་ཏན་དབྱེར་མེད་པའི་ཆོས་སྐུ་མ་ཡིན་ལ་མེད་པ་དགག་པ་ནི་སྐྱབས་གནས་སུ་འོས་པ་མ་ཡིན་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་དགེ་འདུན་ལ་ཡང་རང་ཉིད་འཇིགས་པ་དང་བཅས་པས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་བའི་ཕྱིར་རོ། །འདི་ལྟར་ཉན་ཐོས་དགྲ་བཅོམ་པ་ཡང་མ་རིག་པ་བག་ཆགས་ཀྱི་ས་མ་སྤངས་ཤིང་འཁོར་བ་རང་བཞིན་མེད་པར་མ་རྟོགས་པས་སྲིད་པ་ལ་འཇིགས་པ་དང་བཅས་པ་ཡིན་ཏེ་རལ་གྲི་གདེངས་པའི་གཤེད་མ་ལ་སྐྲག་པ་བཞིན་ནོ། །བྱང་ཆུབ་དམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །ཞེས་སོ། །བྱང་ཆུབ་སེམས་དཔའ་ལའང་ས་བདུན་པ་མན་ཆད་དུ་ནི་ཐེག་པ་དམན་པའི་འཇིགས་པ་དང་བཅས་ཏེ་ལང་ཀར་གཤེགས་པ་ལས། བྱང་ཆུབ་སེམས་དཔའི་ས་ཐོབ་ཀྱང་། །བློ་བརྟན་པ་ནི་མ་ཡིན་ཏེ། །ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་གྱིས་འཇིགས། །ཞེས་སོ། །ས་བརྒྱད་པ་ཡན་ཆད་དུ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་བཅས་པས་འཇིགས་པ་དང་བཅས་པའི་ཕྱིར་རོ། །གཉིས་པ། སངས་རྒྱས་དེ་ཁོ་ན་སྐྱབས་གནས་ཡིན་པར་བསྟན་པ་ནི་དམ་པའི་དོན་དུ་ཞེས་པ་ནི་འཇིགས་པ་ཐམས་ཅད་ལས་ཐར་བའི་མྱ་ངན་ལས་འདས་པ་ཡིན་ལ་དེར་སྐྱབས་སུ་འགྲོ་བའི་སྐྱབས་གནས་མཐར་ཐུག་པ་ནི་སངས་རྒྱས་ཉག་ཅིག་དེ་ཁོ་ན་ཡིན་ནོ། །ཅི་སྟེ་ན་ཐུབ་པའི་དབང་པོ་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ་སྤང་བྱ་བློ་བུར་གྱི་དྲི་མ་མཐའ་དག་གིས་དག་པའི་འགོག་བདེན་མཐར་ཐུག་པའི་ཆོས་སྐུ་སྟོབས་སོགས་ཀྱི་ཡོན་ཏན་ཚད་མེད་པའི་ལམ་བདེན་མཐར་ཐུག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། ཐེག་པ་གསུམ་གྱི་དགེ་འདུན་གྱི་ཚོགས་ཀྱི་སྤང་རྟོགས་ཀྱང་སངས་རྒྱས་ཀྱི་ཆོས་སྐུ་རྣམ་པར་དག་པ་དེའི་མཐར་ཐུག་པ་ཐོབ་པ་ན་མཐར་ཕྱིན་པའི་ཕྱིར་རོ། །གསུམ་པ་སྒྲའི་དོན་ནི། ལེགས་པར་སྦྱར་བའི་སྒྲ་ལས་རཏྣ་ཞེས་པ་རིན་པོ་ཆེའམ་དཀོན་མཆོག་ལ་འཇུག་པ་ལས་དེ་དག་ཆོས་དྲུག་གིས་ཆོས་མཐུན་པ་ཡིན་ཏེ། འབྱུང་བར་དཀོན་པར་ཆོས་མཐུན་པ་ནི་བསྐལ་པ་མང་པོར་དགེ་བ་མ་བསྐྲུན་ན་དེ་དང་ཕྲད་པ་ཙམ་ཡང་མི་ཐོབ་པའི་ཕྱིར་རོ། །དྲི་མ་མེད་པ་ནི་རྣམ་པ་ཐམས་ཅད་དུ་དྲི་མ་དང་བྲལ་བའི་ཕྱིར་རོ། །མཐུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ནི་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཅོས་མ་ལས་མཆོག་ཉིད་དུ་གྱུར་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །བསྟོད་པ་དང་སྨད་པས་འགྱུར་བ་མེད་པ་ནི་འདུས་མ་བྱས་པའི་གོ་འཕང་བརྙེས་པའི་ཕྱིར་དཀོན་མཆོག་ཉིད་དོ། །གཉིས་པ་སྒྲུབ་བྱེད་ཀྱི་རིགས་ངོས་བཟུང་བ་ལ་གཉིས་སྟེ། སྤྱིའི་རྣམ་བཞག་དང་གཞུང་གི་དོན་ཏོ། །དང་པོ་ལ་གཉིས་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་བཞག་གོ། །དང་པོ་ལ་གསུམ་སྟེ། རིགས་དུ་མ་ཡོད་པའི་སྒྲུབ་བྱེད། འཕགས་པའི་རིགས་ཀྱི་རང་བཞིན། རིགས་དང་བྲལ་བའི་རྣམ་དབྱེའོ། །དང་པོ་ལ་སེམས་ཅན་ལ་རིགས་ཐ་དད་པ་དུ་མ་ཡོད་པའི་སྒྲུབ་བྱེད་ནི། ལུང་གཅིག་དང་རིགས་པ་གསུམ་ལས། ལུང་ནི་བ་རུ་རའི་ཕུང་པོའི་མདོ་ལས། དགེ་སློང་དག་དཔེར་ན། བ་རུ་རའི་ཕུང་པོ་འཕང་དུ་ཡང་དཔག་ཚད་ཙམ་ཡོད་ལ་རྒྱར་ཡང་དཔག་ཚད་ཙམ་ཡོད་པར་གྱུར་ལ། དེ་ལ་ལོ་བརྒྱ་བརྒྱ་ཞིག་ན་བ་རུ་རའི་འབྲས་བུ་རེ་རེ་བླངས་ཏེ་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ་ཞེས་བརྗོད་ན་བ་རུ་རའི་ཕུང་པོ་དེ་ཟད་ཅིང་གཏུགས་པར་འགྱུར་གྱི་ཁམས་ནི་དེ་ལྟར་མ་ཡིན་ནོ་ཞེས་གསུངས་སོ། །རིགས་པའི་སྒྲུབ་བྱེད་གསུམ་ནི། སྐྱེ་བོ་ལམ་ལ་མ་ཞུགས་པ་རྣམས་ལ་ཐེག་པ་གསུམ་གྱི་ཁམས་ཐ་དད་པ་གསུམ་ཡོད་དེ་ལམ་ལ་གཏན་མ་ཞུགས་པ་ནས་ཐེག་པ་སོ་སོ་ལ་མོས་པ་ཐ་དད་པའི་ཕྱིར་རོ། །ཡང་ལམ་ལ་ཞུགས་པ་རྣམས་ལ་རིགས་ངེས་པ་གསུམ་ཡོད་དེ། རྐྱེན་གཞན་གྱིས་ལམ་གཞན་དུ་བཀྲི་བར་མི་ནུས་པའི་བསྒྲུབ་པ་སོ་སོར་ངེས་པ་གསུམ་ཡོད་པའི་ཕྱིར་རོ། །མ་ངེས་པའང་ཡོད་དེ་ལམ་གཞན་ལ་མོས་པ་བསྐྱེད་ནས་རང་གི་ལམ་ལས་ལོག་ནས་ལམ་གཞན་བསྒྲུབ་པ་ཡོད་པའི་ཕྱིར་རོ། །ཡང་འབྲས་བུ་ཐོབ་པ་རྣམས་ལ་རིགས་ཐ་དད་གསུམ་སྔོན་དུ་སོང་སྟེ་འབྲས་བུ་བྱང་ཆུབ་གསུམ་ཐ་དད་དུ་དམིགས་པའི་ཕྱིར་རོ། །རྟགས་དེ་དག་ཀྱང་དོན་གཞན་སྔ་མ་རིགས་མེད་ན་མི་འབྱུང་བའི་ཕྱིར་དེའི་འབྲས་བུ་ཡིན་པས་འབྲས་བུའི་རྟགས་སོ། །རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང་། །བསྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་སོ། །གཉིས་པ་འཕགས་པའི་རིགས་ཀྱི་རང་བཞིན་ལ། མཚན་གཞི་ནི་རང་བཞིན་དུ་གནས་པ་དང་བསྒྲུབས་པ་ལས་བྱུང་བའི་རིགས་སྟེ་གཉིས་ཡིན་ལ། དང་པོ་ནི་འཕགས་པའི་རིགས་རྐྱེན་གྱིས་མ་བསྒྲུབས་ཤིང་གདོད་མ་ནས་གནས་པའོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་ནི་མ་ཆགས་པའི་དགེ་བ་ལ་འདོད་ཅིང་། མདོ་སྡེ་པས་ནི་སེམས་ལ་ཡོད་པའི་ས་བོན་བྱང་ཆུབ་གསུམ་འགྲུབ་པའི་ནུས་པ་ལ་འདོད་ལ། རྣམ་རིག་པ་དག་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཟག་མེད་ཀྱི་ས་བོན་དང་སྒྲིབ་པ་སྤང་རུང་གསུམ་ལ་འདོད་པ་དང་། དབུ་མ་པ་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་འདོད་ཅེས་ཟེར་རོ། །བསྒྲུབས་པ་ལས་བྱུང་བ་ནི་འཕགས་པའི་རིགས་ཐ་དད་པ་ལ་སོགས་པའི་རྐྱེན་གྱིས་གསར་དུ་བསྒྲུབས་པའོ། །དེ་ལ་རང་བཞིན་དུ་གནས་པ་ནི་རྟེན་ཡིན་ཅིང་བསྒྲུབས་པ་ལས་བྱུང་བ་ནི་བརྟེན་པ་ཡིན་ནོ། །རིགས་ཀྱི་མཚན་ཉིད་ནི། དྲི་མ་དང་བཅས་པའི་གནས་སྐབས་ཀྱི་ཆོས་གང་ཞིག་འཕགས་པའི་སྤང་རྟོགས་འབྱུང་དུ་རུང་བའོ། །སྒྲ་དོན་ནི་གོ་ཏྲ་ཞེས་པ་ལ་གོའི་བར་ནས་གུ་བྱུང་སྟེ། གུ་ན་ཞེས་པ་ཡོན་ཏན་ཡིན་ལ་ཏ་དང་ར་ཕྲལ་བས་ཏ་ར་ཞེས་པ་སྒྲོལ་བ་སྟེ་གུ་ན་ཏ་ར་ཞེས་པ་ཡོན་ཏན་སྒྲོལ་ཞིང་འབྱུང་བས་ན་རིགས་སོ། །རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་བརྟེན་པ་དང་། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་རིགས་དང་བྲལ་བའི་དབྱེ་བ་ལ་གཉིས་ཏེ། རེ་ཞིག་རིགས་ཆད་པ་དང་། གཏན་དུ་རིགས་ཆད་པའོ། །དང་པོ་ལ་འགལ་རྐྱེན་སྡིག་ཏོས་ཟིན་པ་དང་། མཐུན་རྐྱེན་དགེའ་བ་ལ་མ་ཞུགས་པའོ། །དང་པོ་ལ་སྡིག་ཏོའི་སྤྱོད་པ་དང་ལྡན་པ་ནི། ལས་བྱེད་པར་ངེས་པས་རང་བཞིན་གྱིས་ཕ་མ་གསོད་པ་ལ་སོགས་པ་ལ་ཞུགས་པ་ལྟ་བུའོ། །སྡིག་ཏོའི་ལྟ་བ་དང་ལྡན་པ་ནི། ལོག་ལྟ་ཆེ་འབྲིང་དགུ་དང་ལྡན་པའོ། །དེ་གཉིས་ཀྱིས་གེགས་བྱས་པས་ཐར་པ་ཆ་མཐུན་གྱི་དགེ་བ་རྒྱུད་ལ་སྐྱེར་མི་སྟེར་བའོ། །དགེ་བ་ལ་མ་ཞུགས་པ་ལ་གཏན་མ་ཞུགས་པ་ནི། འཁོར་བ་འབའ་ཞིག་དོན་དུ་གཉེར་གྱི་མྱ་ངན་ལས་འདས་པའི་བསམ་པ་མེད་པས་ཐར་པ་ཆ་མཐུན་གྱི་དགེ་བ་མེད་པའོ། །ཞུགས་ཀྱང་ནུས་པ་མ་རྫོགས་པ་ནི། མྱ་ངན་ལས་འདས་པ་དོན་དུ་གཉེར་ཡང་དགེ་བ་བསྒྲུབ་པ་ལ་སྙོམ་ལས་ཀྱིས་ཟིན་པའོ། །གཉིས་པ་གཏན་དུ་རིགས་ཆད་པ་ནི། འཕགས་པའི་སྤངས་རྟོགས་འབྱུང་དུ་རུང་བའི་རང་བཞིན་དུ་གནས་པའི་རིགས་གཏན་མེད་པའོ། །དེ་ཡང་རྣམ་རིག་པའི་ཚུལ་ཡིན་གྱི་དབུ་མ་པ་ནི་མི་འདོད་དེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པའི་ཕྱིར་རོ། །ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པའང་རྒྱུ་དང་བྲལ། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་རྣམ་བཞག་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། བླ་མ་གོང་མ་རྣམས་གསུང་མཐུན་པར། རང་བཞིན་དུ་གནས་པའི་རིགས་ནི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཁོ་ན་ཡིན་ཏེ། དྲི་བཅས་དེ་བཞིན་ཉིད་དང་ཞེས་འབྱུང་བའི་ཕྱིར་ཞེས་གསུངས་པ་ནི་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ཅན་གྱི་སེམས་རིག་པ་ཙམ་པོ་དེ་སངས་རྒྱས་ཀྱི་རང་བཞིན་དུ་གནས་པའི་རིགས་མ་ཡིན་པར་འགྱུར་ཏེ། སེམས་ཀྱི་ཆོས་དབྱིངས་མ་ཡིན་པའི་ཕྱིར་ཏེ་ཆོས་ཅན་རིག་པ་ཡིན་པའི་ཕྱིར་རོ། །འདོད་ན་རང་གི་རྒྱུད་ལ་འབྲས་བུ་སངས་རྒྱས་འབྱུང་བའི་ཉེར་ལེན་རྒྱུའི་ཁྱད་པར་མ་ཡིན་པར་འགྱུར་ཏེ། སངས་རྒྱས་ཀྱི་རང་བཞིན་དུ་གནས་པའི་རིགས་དང་རྒྱས་འགྱུར་གྱི་རིགས་གང་ཡང་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་གནས་པ་མ་ཡིན་པར་འགྱུར་རོ། །འདོད་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། སེམས་ཀྱི་རྡོ་རྗེ་བསྟོད་པ་ལས། །ཁམས་བསྐྱེད་ལུས་ནི་སེམས་ཀྱིས་བཅིངས། །སེམས་མེད་ཁམས་ནི་མེད་པར་འཇུག །དེ་ཕྱིར་སེམས་ནི་ཀུན་དུ་བསྲུང་། །བདེ་ལེགས་སེམས་ལས་སངས་རྒྱས་འབྱུང་། །ཞེས་པ་དང་། སློབ་དཔོན་གྱི་བླ་མའི་ཞལ་སྔ་ནས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་འགལ་ལོ། །ཡང་ཁ་ཅིག་ན་རེ་ཆོས་ཅན་རིག་པ་ཙམ་པོ་ཁོ་ན་རང་བཞིན་དུ་གནས་པའི་རིགས་ཡིན་ཞེས་ཟེར་བ་ཡང་མི་འཐད་དེ། ཆོས་ཀྱི་དབྱིངས་དེ་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་གཞི་མ་ཡིན་པར་འགྱུར་ཏེ། དྲི་མ་དང་བཅས་པའི་གནས་སྐབས་ན་རང་བཞིན་དུ་གནས་པའི་རིགས་མ་ཡིན་པའི་ཕྱིར། འདོད་ན་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་པ་དང་འགལ་ལོ། །གཉིས་པ་རང་གི་ལུགས་ནི་གསུམ་ལས། དབྱིངས་ཀྱི་ཆ་ནི་བདེ་བར་གཤེགས་པའི་ཁམས་དང་། སྙིང་པོ་ནི་དབྱིངས་ཀྱི་ཆ་ནས་ངོས་བཟུང་ན་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་དང་དབྱེར་མེད་པ། གདོད་མ་ནས་གྲུབ་པའི་ཆོས་སྐུ་ཡིན་ཏེ། མདོའ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚིག་གི་དོན་ནི་དོན་མེད་པའོ། །ཞེས་པ་དང་། དེའི་དོན་ནི་མན་ངག་གི་བསྟན་བཅོས་ལས། བསྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་བྱ་བ་གསུངས་སོ། །ཆོས་ཅན་རིག་པའི་ཆ་ནས་ངོས་བཟུང་ན་ཆོས་སྐུ་དེ་དང་དབྱེར་མེད་དུ་གནས་པའི་རིག་པ་བློ་བུར་གྱི་དྲི་མ་དང་བཅས་ཀྱང་རང་བཞིན་གྱིས་དག་པའི་ཡེ་ཤེས་གདོད་མ་ནས་གྲུབ་པ་སྟེ། བསྟོད་པ་ལས། ཉོན་མོངས་པ་ཡི་གཡོགས་པས་ན། །སེམས་ཞེས་བརྗོད་པར་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་པ་དང་། སའི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པ་དང་། སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་ཚིག་པར་མི་འགྱུར་ལྟར། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་སོ། །དེ་བཞིན་ཉིད་ཀྱི་དོན་ནི་དེ་ལྟར་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ། དག་པ་མ་དག་པའི་གནས་སྐབས་ཐམས་ཅད་དུ་མི་འགྱུར་བ་ལ་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ཉིད་ལས། ཉེས་པ་བློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་དང་། རང་བཞིན་འགྱུར་བ་མེད་པ་དང་། །དགེའ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་འདི་ཉིད་གསེར་གྱི་ནི། །གཟུངས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་སོ། །དེ་ལ་དབྱིངས་དང་ཡེ་ཤེས་གདོད་མ་ནས་གྲུབ་པ་ནི་རང་བཞིན་དུ་གནས་པའི་རིགས་ཡིན་ལ་སངས་རྒྱས་ཀྱི་རྒྱུར་རུང་བའི་དགེ་བ་རྐྱེན་གྱིས་གསར་དུ་བསྒྲུབས་པ་ནི་རྒྱས་འགྱུར་གྱི་རིགས་ཡིན་ཏེ། གཏེར་དང་ལྗོན་པའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱས་ཏེ། །ཞེས་འཆད་པར་འགྱུར་རོ། །རྒྱས་འགྱུར་གྱི་རིགས་འཇོག་པ་ནི་དེ་བཞིན་གཤེགས་པ་ལ་དད་པས་མཆོད་པ་ལ་སོགས་པ་དགེ་བ་ཅུང་ཟད་ཙམ་གྱིས་ཀྱང་ནུས་སྟེ། ཆེད་དུ་བརྗོད་པ་ལས། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང་། །ལྷ་མིའི་བདེ་བ་ཀུན་བགྲོད་ནས། །འཆི་མེད་བདུད་རྩི་ཐོབ་པར་འགྱུར། །ཞེས་སོ། །འཕེལ་བའི་རྐྱེན་ནི་ཕ་རོལ་དུ་ཕྱིན་པའི་དགེ་བ་སྟེ། བསྟོད་པ་ལས། དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང་། །ཚུལ་ཁྲིམས་སེམས་ཅན་དོན་སྡུད་དང་། །སེམས་ཅན་གནོད་བྱེད་བཟོད་པ་སྟེ། །གསུམ་པོ་དེས་ནི་ཁམས་རྒྱས་འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང་། །བསམ་གཏན་ལ་སེམས་འཇུག་པ་དང་། །རྟག་ཏུ་ཤེས་རབ་བསྟེན་པ་སྟེ། །འདི་ཡང་བྱང་ཆུབ་རྒྱལ་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང་། །སྨོན་ལམ་རྣམ་པར་སྦྱངས་པ་དང་། །སྟོབས་ལས་དེ་གནས་ཡེ་ཤེས་ཏེ། །ཁམས་སངས་རྒྱས་བྱེད་ཆོས་བཞིའོ། །ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ལ། ཆོས་ཀྱི་དབྱིངས་དེ་དངོས་པོར་འགྱུར་ཏེ། སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། དག་པ་གཉིས་ལྡན་གྱི་ཆོས་སྐུ་ལ་ལྟོས་ནས་གནས་གྱུར་གྱི་རྒྱུ་ཡིན་ཞིང་སྟོབས་སོགས་ཀྱི་ཡོན་ཏན་དང་ཚོགས་པ་ལ་ལྟོས་ནས་ཡོད་ན་འབྱུང་དུ་རུང་ལ་མེད་ན་འབྱུང་དུ་མི་རུང་བས་ཕྱིས་བྱུང་གིས་རྗེས་སུ་འགྲོ་ལྡོག་བྱས་པར་གྱུར་པའི་རྒྱུ་ཡིན་ཡང་བསྐྱེད་བྱ་ལ་ནུས་པ་ཉེ་བར་སྦྱོར་བའི་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པས་དངོས་པོར་ཐལ་བར་མི་འགྱུར་རོ། །སངས་རྒྱས་ཀྱི་ཡེ་ཤེས་གདོད་མ་ནས་གྲུབ་ན་ལམ་ལ་འབད་པ་དོན་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དྲི་མ་བློ་བུར་བས་བསྒྲིབས་པས་དེ་སེལ་དགོས་པའི་ཕྱིར་རོ། །རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །ཞེས་སོ། །རྒྱུ་ལ་འབྲས་བུ་གནས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དྲི་མ་ཐམས་ཅད་ཀྱིས་རྣམ་པར་དག་པའི་ཡེ་ཤེས་འབྲས་བུ་ཡིན་ཡང་སེམས་ཅན་ལ་མེད་ཅིང་དྲི་མ་དང་བཅས་པའི་ཡེ་ཤེས་སེམས་ཅན་གྱི་རྒྱུད་ལ་ཡོད་ཀྱང་དེ་འབྲས་བུ་མ་ཡིན་ནོ། །སེམས་ཅན་གྱི་རྒྱུད་ལ་སྟོབས་སོགས་ཀྱི་ཡོན་ཏན་ཡོད་ན་མི་རྟོགས་པར་མི་རིགས་སོ་ཞེ་ན། ཡོད་ཀྱང་རྟོགས་པར་མི་འགྱུར་ཏེ་དྲི་མས་བསྒྲིབས་པའི་ཕྱིར་ས་འོག་གི་གཏེར་བཞིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་ཏེ། ཐུན་མོང་གི་རྣམ་བཞག་སྤྱིར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། རིགས་ལ་མོས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སོ་སོའི་ངོ་བོ་ངོས་བཟུང་། དེ་དག་བསམ་གྱིས་མི་ཁྱབ་པའི་ཚུལ། རྒྱུ་དང་རྐྱེན་དུ་རྣམ་པར་བཞག་པའོ། །དང་པོ་ནི་གང་ཞིག་ཡོད་ན་འབྲས་བུ་དཀོན་མཆོག་གསུམ་པོ་དེ་སྐྱེ་བར་འགྱུར་བའི་རྒྱུ་དང་རྐྱེན་ལ་བཞི་ལས། དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཐོག་མ་མེད་པའི་དུས་ཅན་དྲི་མ་བློ་བུར་བ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་སྟོབས་སོགས་ཀྱི་ཡོན་ཏན་དང་དབྱེར་མེད་པའི་དེ་བཞིན་གཤེགས་པའི་སྙིང་པོའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་ཁམས་དེ་ཉིད་སངས་རྒྱས་ཀྱི་སར་དྲི་མ་བློ་བུར་བ་དང་བྲལ་བས་རྣམ་པར་གནས་གྱུར་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་རྣམ་པར་དག་པའི་ཆོས་སྐུ་དེ་ཉིད་ལ་ཡོད་པའི་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་སོ། །རྒྱལ་བའི་མཛད་པ་ནི་སྟོབས་ལ་སོགས་པའི་བདག་རྐྱེན་ལས་སངས་རྒྱས་ཀྱི་འཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་འབྱུང་བའོ། །དོན་བཞི་པོ་གང་ལས་འབྲས་བུ་གོང་དུ་བཤད་པའི་དཀོན་མཆོག་དགེའ་བ་གསུམ་འབྱུང་བས་ན་དཀོན་མཆོག་གསུམ་གྱི་སྒྲུབ་བྱེད་ཀྱི་རིགས་ཡིན་ནོ། །དེ་དག་དོན་དམ་པའི་གནས་ལུགས་མངོན་སུམ་དུ་གཟིགས་པའི་ཐེག་པ་ཆེན་པོའི་འཕགས་པ་རྣམས་ཀྱི་ཡུལ་ཉིད་ཡིན་གྱི་དེ་ལས་གཞན་གྱི་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ལ་གཉིས་སྟེ། དོན་དགོད་པ་དང་། རྒྱུ་མཚན་དགོད་པའོ། །དང་པོ་ནི་འབྲས་བུ་གོང་དུ་བསྟན་པའི་དཀོན་མཆོག་གསུམ་པོ་འདི་ཡི་སྒྲུབ་པར་བྱེད་པའི་རིགས་རྒྱུ་དང་རྐྱེན་བཞི་པོ་འདི་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པ་ནི་ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ་ཡིན་གྱི་རྣམ་པ་བཞི་པོ་དེ་ཡང་གོ་རིམ་བཞིན་དུ་རྒྱུ་མཚན་བཞི་ཡིས་ནི་གང་ཟག་གཞན་གྱིས་བསམ་གྱིས་མི་ཁྱབ་ཅིང་རྟོགས་དཀའ་བའོ། །གཉིས་པ་ནི་དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་དུས་གཅིག་གི་ཚེ་རང་བཞིན་གྱིས་དག་པས་རྣམ་པར་དག་པ་ཡང་ཡིན་པ་དང་དྲི་མ་བློ་བུར་བ་དང་བཅས་པས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཡང་ཡིན་པ་ནི་འགལ་བ་ལྟར་སྣང་ཡང་དོན་ལ་མི་འགལ་བ་ནི་རྟོགས་པར་དཀའ་བའི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཟབ་མོའི་ཚུལ་ལ་མོས་པ་རང་སངས་རྒྱས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །དཔལ་འཕྲེང་གི་མདོ་ལས། ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་བ་དང་། སེམས་དེ་ཉིད་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ནི་ཁྱོད་དམ་ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ་ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱེད་པ་ཉིད་དོ་ཞེས་སོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་རང་བཞིན་གྱིས་དག་པས་སྔར་ཀུན་ནས་ཉོན་མོངས་པར་གྱུར་པ་མེད་པ་ཡིན་ལ་དྲི་མ་བློ་བུར་བ་དང་བྲལ་བས་ཕྱིས་དྲི་མས་རྣམ་པར་དག་པ་ཡང་ཡིན་པའི་ཕྱིར་སྔ་མ་བཞིན་བསམ་གྱིས་མི་ཁྱབ་བོ། །མདོ་ལས། གང་གི་ཕྱིར་སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་ཉོན་མོངས་མཐའ་དག་དང་བཅས་པའི་སོ་སོ་སྐྱེ་བོ་མཐའ་དག་ལའང་རྣམ་པར་དབྱེ་བ་མེད་པར་ཡོད་པའི་ཆོས་ཡིན་པས་སྔོན་འཁོར་བ་དང་ཕྱིས་མྱ་ངན་ལས་འདས་པའི་དུས་ཁྱད་པར་མེད་པ་ཡིན་ལ་གཉེན་པོས་དྲི་མ་བསལ་བས་ཐོབ་པ་ཡང་ཡིན་པའི་ཕྱིར་སྔ་མ་བཞིན་དུ་བསམ་གྱིས་མི་ཁྱབ་བོ། །མདོ་ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་བྱུང་ངོ་ཞེས་པ་དང་། ཡང་དར་ཡུག་ཆེན་པོ་ལ་སྟོང་གསུམ་གྱི་བཀོད་པ་བྲིས་པ་རྡུལ་ཕྲ་རབ་ཏུ་བཅུག་པ་དཔེར་བཀོད་དེ། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་ཞེས་སུ་ཞུགས་ཏེ་སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་སོ། །རྒྱལ་བའི་མཛད་པ་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་གདུལ་བྱའི་ཁམས་དང་དབང་པོ་དང་བསམ་པ་ཇི་ལྟ་བར་མ་ཚང་བ་མེད་པར་འཇུག་པའི་ཕྱིར་སྔ་མ་བཞིན་དུ་བསམ་གྱིས་མི་ཁྱབ་བོ། །མདོ་ལས། སེམས་ཅན་རྣམས་བཞུགས་པའི་དོན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་ཡིན་ཡང་ཚད་དང་ལྡན་པར་བསྟན་མོད་ཀྱི། རིགས་ཀྱི་བུ་འོན་ཀྱང་དེ་བཞིན་གཤེགས་པའི་ཕྲིན་ལས་གང་ཡིན་པ་དེ་དག་ནི་བསམ་གྱིས་མི་ཁྱབ་པ་ཚད་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་མ་ཡིན་པ། ཡི་གེས་བརྗོད་དུ་མེད་པ། གཞན་གྱིས་བསྒྲུབ་པར་དཀའ་བ་ཞེས་པ་ནས། རིགས་ཀྱི་བུ་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པའི་དུས་གསུམ་དུ་རྗེས་སུ་འབྲེལ་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱེད་པའོ་ཞེས་སོ། །འཕྲིན་ལས་མཛད་པ་པོའི་སངས་རྒྱས་དེ་ཡང་། དེ་ཉིད་ལས། བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པའི་འཕྲིན་ལས་གང་ལ་རབ་ཏུ་ཞུགས་པའི་དེ་བཞིན་གཤེགས་པ་ནི་སྐུ་ནམ་མཁའི་རང་བཞིན་མི་འདོར་ལ་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་ཡང་ཀུན་ཏུ་སྟོན་ཏོ། །གསུང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱང་མི་འདོར་ལ་སྒྲ་རྣམ་པར་རིག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སེམས་དམིགས་པ་ཐམས་ཅད་དང་ཡང་བྲལ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་བསམ་པ་ཡང་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །གསུམ་པ་རྒྱུ་དང་རྐྱེན་དུ་རྣམ་པར་བཞག་པ་ནི། རྟོགས་བྱ་ཞེས་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡིན་ཏེ། ཁམས་རང་བཞིན་གྱིས་དག་པ་འབྲས་བུ་དཀོན་མཆོག་འདོད་པས་ཤེས་པར་བྱ་དགོས་ཤིང་སྣང་མེད་ཀྱི་ཤེས་རབ་ཀྱི་དམིགས་པ་ཡང་ཡིན་པའི་ཕྱིར་རོ། །རྟོགས་པ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་དེ། སྣང་མེད་ཀྱི་ཤེས་རབ་ཀྱིས་རྟོགས་ཤིང་ཐོབ་པའི་དོན་ཡིན་པའི་ཕྱིར་རོ། །རྟོགས་པ་དེའི་ནི་ཡན་ལག་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ཏེ། བྱང་ཆུབ་ལ་དབྱེར་མེད་པའི་ཡོན་ཏན་གྱི་ཆོས་ཡིན་ཞིང་གཞན་གྱི་ཁམས་རྟོགས་པའི་འཕྲིན་ལས་ཀྱི་བདག་རྐྱེན་བྱེད་པའི་ཕྱིར་རོ། །རྟོགས་པར་བྱེད་པ་ནི་སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཏེ། ཡོན་ཏན་གྱི་བདག་རྐྱེན་ལས་འཕྲིན་ལས་ཀྱིས་གཞན་གྱི་ཁམས་རྟོགས་པར་བྱེད་པའི་ཕྱིར་རོ། །དོན་བཞི་པོ་དེ་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་གནས་ཤིག་ཅེས་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་དྲི་མ་དག་པའི་དཀོན་མཆོག་གསུམ་གྱི་ཉེར་ལེན་གྱི་རྒྱུ་ཡིན་ཏེ། འགྲེལ་པ་ལས། དེ་ལ་གནས་བཞི་པོ་འདི་དག་ལས་དང་པོ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ཀྱིས་དེ་རྣམ་པར་དག་པ་ལ་བརྟེན་ནས། དཀོན་མཆོག་གསུམ་གྱི་རྒྱུར་རྟོགས་པར་བྱ་སྟེ་དེ་ལྟར་ན་གནས་གཅིག་ནི་རྒྱུ་ཡིན་ནོ་ཞེས་སོ། །འདི་དག་ལ་རིགས་པའི་དབང་ཕྱུག་ཕྱྭ་པའི་ཞལ་ནས། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པའི་ཕྱིར་ཞེས་པ་ནི་ཐར་པ་ཆ་མཐུན་གྱི་དགེའ་བའི་བག་ཆགས་འཇིག་རྟེན་ལས་འདས་པའི་དགེ་བའི་ཆོས་སྐྱེ་བའི་རྒྱུ་ཡིན་པས་སོ། །རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ནི་ཡུལ་ཅན་ཚུལ་བཞིན་ཡིད་ལ་བྱེད་པ་སྣང་བ་མེད་པའི་ཤེས་རབ་ཀྱི་རྒྱུ་ཡིན་པས་ཡུལ་དེ་བཞིན་ཉིད་ཀྱང་རྒྱུར་བཏགས་པ་ཡིན་ལ། དེས་ན་རང་བཞིན་དུ་གནས་པའི་རིགས་ནི་རྒྱུ་བཏགས་པ་བ་དང་བསྒྲུབ་པ་ལས་བྱུང་བའི་རིགས་རྒྱུ་མཚན་ཉིད་པ་ཡིན་པས་དེ་ལྟར་གཅིག་ནི་རྒྱུ་ཡིན་ནོ་ཞེས་གསུངས་སོ། །དེ་ནི་མི་འཐད་དེ་རང་བཞིན་དུ་གནས་པའི་རིགས་ལས་འབྲས་བུ་དཀོན་མཆོག་གསུམ་མི་འབྱུང་བར་འགྱུར་ཏེ་དེ་དག་གི་རྒྱུ་མ་ཡིན་པའི་ཕྱིར། འདོད་ན། གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །ཞེས་པ་དང་འགལ་ལོ། །གཞན་ཡང་དཀོན་མཆོག་གསུམ་འབྱུང་བའི་རྒྱུ་ལ་ཐོག་མ་ཡོད་པར་འགྱུར་ཏེ། རྒྱས་འགྱུར་གྱི་རིགས་ལ་ཐོག་མ་ཡོད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ན་རྒྱུ་གཉིས་ལས་རང་བཞིན་གྱིས་གནས་པ་རྒྱུ་མཚན་ཉིད་པ་མ་ཡིན་ལ། རྒྱས་འགྱུར་ཉིད་རྒྱུ་མཚན་ཉིད་པ་ཡིན་པ་ཉམས་སོ། །འདོད་ན། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་པ་དང་འགལ་ལོ་དེས་ན་འཇིག་རྟེན་འདས་པའི་ཆོས་ཀྱི་ས་བོན་ཡིན་པ་ནི་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ལ་དྲི་མ་མེད་པའི་དཀོན་མཆོག་གསུམ་འབྱུང་དུ་རུང་བའི་ཕྱིར་རོ། །སོ་སོ་རང་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་གནས་ནི་ཁམས་དེ་ཉིད་ཡུལ་ཅན་ཤེས་རབ་ཀྱིས་རྟོགས་ནས་བསྒོམ་པ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལས་འབྲས་བུ་འབྱུང་བའི་ཚུལ་ནི་དེ་རྣམ་པར་དག་པ་ལ་བརྟེན་ནས་ཞེས་པ་སྟེ་ཤེས་རབ་ཀྱིས་ཁམས་ཀྱི་དྲི་མ་སྦྱང་བ་ལ་བརྟེན་ནས་དྲི་མ་མེད་པའི་དཀོན་མཆོག་གསུམ་འབྱུང་དུ་རུང་བའི་ཕྱིར་རོ། །གལ་ཏེ་རང་བཞིན་དུ་གནས་པའི་རིགས་རྒྱུ་མཚན་ཉིད་པ་ཡིན་ན་དངོས་པོར་འགྱུར་རོ་ཞེ་ན། དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་ཐོག་མ་མེད་པའི་དུས་ཅན་གྱི་དྲི་མ་དང་བཅས་པའི་ཆོས་ཉིད་སྟོང་པ་ཉིད་ཡོན་ཏན་ཚད་མེད་པ་དབྱེར་མེད་དུ་གནས་པ་ཡིན་ཅིང་། དེ་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་ཆ་ནི་དྲི་མ་མེད་པའི་ཆོས་ཀྱི་སྐུའི་གནས་གྱུར་པའི་རྒྱུ་ཡིན་ཡང་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་པས་དངོས་པོར་མི་འགྱུར་རོ། །ཡེ་ཤེས་ཀྱི་ཆ་ནི། རིགས་འདྲ་ཕྱི་མ་སངས་རྒྱས་ཀྱི་སྟོབས་སོགས་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་དངོས་པོ་ཡིན་པ་ལ་གནོད་པ་མེད་དོ། །གཉིས་ཀའི་ཚོགས་པ་ནི་དེ་དག་ཡོད་ན་དྲི་མ་བློ་བུར་བས་དག་པའི་སྤངས་རྟོགས་འབྱུང་དུ་རུང་ལ། མེད་ན་འབྱུང་དུ་མི་རུང་བས་ཕྱིས་འབྱུང་གི་རྗེས་སུ་འགྲོ་ལྡོག་བྱས་པའི་རྒྱུ་ཡིན་ཡང་དངོས་པོར་ངེས་པ་མེད་དེ། ཇི་ལྟར་ནམ་མཁའ་རླུང་ལ་སོགས་པའི་རྟེན་བྱེད་ཀྱང་དངོས་པོར་མེད་པ་བཞིན་ནོ། །ཡུམ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་རྟེན་དེ་ལ་འགྲོ་བ་བརྟེན། །ཞེས་སོ། །དྲི་མ་མེད་པའི་བྱང་ཆུབ་དང་དེའི་ཡོན་ཏན་དང་འཕྲིན་ལས་གསུམ་ནི་ཁམས་ལས་དཀོན་མཆོག་གསུམ་འབྱུང་བའི་རྐྱེན་ཡིན་ཏེ། བྱང་ཆུབ་ཀྱི་ཡོན་ཏན་སྟོབས་སོགས་ཀྱི་བདག་རྐྱེན་ལས་འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པ་ན་རྒྱ་ཆེ་བའི་སྟོན་པའི་གསུང་རབ་ཀྱི་བདག་རྐྱེན་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱི་ཁམས་ཀྱི་གནས་ལུགས་རྟོགས་ཏེ་བསྒོམ་པས་ཁམས་ཀྱི་དྲི་མ་སྦྱངས་ནས་རྣམ་པར་དག་པའི་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་རོ། །འགྲེལ་པ་ལས། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་དེ་བཞིན་གཤེགས་པའི་འཕྲིན་ལས་སུམ་ཅུ་རྩ་གཉིས་མཛད་པ་ན་གཞན་གྱི་སྒྲ་དང་རྟགས་ལ་བརྟེན་པས་དེ་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་འབྱུང་བས་རྐྱེན་དུ་རྟོགས་པར་བྱ་སྟེ། དེ་ལྟར་གསུམ་པོ་འདི་ནི་རྐྱེན་ཡིན་ནོ་ཞེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། ཁམས་དང་། བྱང་ཆུབ་དང་། ཡོན་ཏན་དང་། འཕྲིན་ལས་སོ། །དང་པོ་ལ་གསུམ་སྟེ། རྟོགས་བྱ་ཁམས་ཀྱི་རང་བཞིན། ཁམས་ངེས་བྱེད་ཀྱི་ཚད་མ། ཁམས་དེ་བསྟན་པའི་དགོས་པའོ། །དང་པོ་ལ་གསུམ་སྟེ། ལུས་ཅན་ཀུན་ལ་ཁམས་ཀྱིས་ཁྱབ་པར་བསྟན། ཁྱབ་བྱེད་ཁམས་ཀྱི་རང་བཞིན་གཏན་ལ་དབབ། གནས་སྐབས་མ་དག་པ་དཔེས་ཉེ་བར་མཚོན་པའོ། །དང་པོ་ལ། རྫོགས་སངས་སྐུ་ནི་ཡེ་ཤེས་དང་དབྱེར་མེད་པའི་ཆོས་ཀྱི་སྐུ་ཡིན་ལ་འཕྲོ་ཕྱིར་ཞེས་པ་ནི་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའོ། །དེ་བཞིན་ཉིད་ནི་དབྱིངས་དང་ཡེ་ཤེས་དེ་དག་ནམ་ཡང་གཞན་དུ་མི་འགྱུར་བ་ཡིན་ལ་དབྱེར་མེད་ཕྱིར་ཅེས་པ་ནི་སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་ཁྱད་མེད་དུ་གནས་པའོ། །རིགས་ནི་རྣམ་པར་དག་པའི་སྐུ་གསུམ་འབྱུང་དུ་རུང་བ་ཡིན་ཅིང་ཡོད་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ཁྱབ་པའོ། །རྒྱུ་མཚན་གསུམ་པོ་དེའི་ཕྱིར་ན་ལུས་ཅན་ཀུན་དུས་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནོ། །མདོ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་སོ། །འདིར་སློབ་དཔོན་འགའ་ཞིག་ན་རེ། དེ་ལ་ཁམས་ནི་རྣམ་པར་དག་པའི་འབྲས་བུ་ཐོབ་པའི་ལྡོག་པ་ནས་ཆོས་ཀྱི་སྐུ་ཞེས་བྱ་ལ། དེ་ཐོབ་ཏུ་རུང་བའི་ནུས་པའི་ཆ་ནས་རྒྱུ་རིགས་ཞེས་བྱ་ཞིང་། དེ་གཉིས་ལ་ཁྱབ་པ་ཆོས་ཅན་གྱིས་ཁྱད་པར་དུ་མ་བྱས་པའི་དེ་བཞིན་ཉིད་ཙམ་གྱི་ལྡོག་པ་ནས་དེ་བཞིན་ཉིད་དོ། །དེ་ལ་འབྲས་བུའི་སྙིང་པོ་ནི་རྫོགས་སངས་སྐུ་ནི་རྣམ་པར་དག་པའི་གནས་སྐབས་ཀྱི་འབྲས་བུ་ཆོས་སྐུ་ཡིན་ལ་དེ་ལ་འཕྲོ་བ་ནི་ཁྱབ་པ་སྟེ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་ཏུ་རུང་བའི་ཕྱིར་ཁྱབ་པ་ཡིན་ནོ། །འདི་ལ་དེ་བཞིན་གཤེགས་པ་ནི་དངོས་ཡིན་ལ་སེམས་ཅན་གྱི་སྙིང་པོ་ནི་བཏགས་པ་སྟེ་ཐོབ་པའི་སྐལ་བ་ཡོད་པ་ལ་དེས་ཁྱབ་པར་བཏགས་པའི་ཕྱིར་རོ། །དེ་བཞིན་ཉིད་དབྱེར་མེད་ཕྱིར་ཞེས་པ་ནི་སྟོང་པ་ཉིད་ལ་ཐ་དད་མེད་པའི་རང་བཞིན་ཉིད་ཀྱི་སྙིང་པོ་སྟེ་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་པོ་གཉིས་ཀ་དངོས་སུ་ཡིན་ཏེ། དེ་བཞིན་ཉིད་དྲི་མས་དབེན་པ་ནི་བློ་བུར་གྱི་དྲི་མ་དང་བཅས་པའི་ཚེའང་སངས་རྒྱས་ཀྱི་རང་བཞིན་ཡིན་པ་དང་སེམས་ཅན་གྱི་རྒྱུད་ལ་ངེས་པའི་ཕྱིར་རོ། །རིགས་ཡོད་ཕྱིར་ན་ཞེས་པ་ནི་དེ་བཞིན་ཉིད་ཐོབ་པས་རྒྱུ་དགེ་བའི་བག་ཆགས་ཤེས་རབ་དང་སྙིང་རྗེའི་ས་བོན་དེ་བཞིན་གཤེགས་པའི་རྒྱུ་ཡིན་པས་དེ་བཞིན་གཤེགས་པར་བཏགས་པ་ཡིན་ལ་སེམས་ཅན་གྱི་སྙིང་པོ་ནི་དངོས་ཁོ་ནར་ཡིན་ནོ་ཞེས་གསུངས་སོ། །དེ་ནི་མི་འཐད་དེ། ཆོས་ཀྱི་སྐུ་ནི་ཡོན་ཏན་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཡིན་ལ་དེ་སེམས་ཅན་ཐམས་ཅད་ལ་བདག་གཅིག་ཏུ་ཁྱབ་བྱེད་དུ་ཡོད་པའི་དངོས་ཡིན་པ་ལ་གནོད་བྱེད་མེད་པའི་ཕྱིར་བཏགས་པ་བར་འཇོག་པ་དེ་མི་འཐད་པ་དང་། ཆོས་སྐུ་འཕྲོ་བའི་དོན་དེ་ཐོབ་ཏུ་རུང་བ་ཡིན་ན་རིགས་ཡོད་པ་ལས་ལོགས་སུ་མེད་པའི་ཕྱིར་རོ། །གལ་ཏེ་རིགས་ཡོད་པ་བསྒྲུབས་པ་ལས་བྱུང་བ་ཡིན་ནོ་ཞེ་ན། འོ་ན་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པར་འགྱུར་ཏེ། དེ་ཁྱབ་བྱེད་དུ་ཡོད་པའི་རྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྒྲུབས་ནུས་པའི་ཕྱིར་རོ། །འོག་ནས་ཀྱང་། གཏེར་དང་ལྗོན་པའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱས་ཏེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་ལ་དེ་གཉིས་ལས་སེམས་ཅན་ལ་ཁྱབ་པ་ནི་རང་བཞིན་དུ་གནས་པའི་རིགས་ཡིན་ནོ། །དེས་ན་དངོས་སུ་གསུངས་པའི་དེ་བཞིན་གཤེགས་པའི་སྙིང་པོ་བོར་ནས་སེམས་ཅན་གྱི་སྙིང་པོ་འཆད་པ་ནི་ངེས་པའི་དོན་གྱི་གསུང་རབ་ཀྱི་དགོངས་པ་མ་ཡིན་ནོ། །གཉིས་པ་ཁྱབ་བྱེད་ཁམས་ཀྱི་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། དབྱེ་བ་རྒྱས་པར་བཤད། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་སྡོམ་ནི་ངོ་བོ་ཞེས་པ་ལ་སོགས་པ་སྟེ་ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཏེ་རང་བཞིན་གསུམ་གྱི་བདག་ཉིད་ཁམས་ནི་ངོ་བོའོ། །ཁམས་ལ་ཡོད་པའི་བློ་བུར་གྱི་སྒྲིབ་པ་སེལ་བར་བྱེད་པ་ནི་རྒྱུའོ། །བློ་བུར་གྱི་དྲི་མ་བསལ་བའི་སངས་རྒྱས་ཀྱི་སའི་ཕ་རོལ་ཏུ་ཕྱིན་པ་བཞི་ནི་འབྲས་བུའོ། །སྲིད་པའི་སྡུག་བསྔལ་གྱི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང་ཞི་བ་མྱ་ངན་ལས་འདས་པའི་ཡོན་ཏན་མཐོང་ནས་དེ་ཐོབ་པར་འདོད་པ་ལ་སོགས་པ་ནི་ལས་སོ། །རྒྱུའི་ཡོན་ཏན་མོས་པ་ལ་སོགས་པ་དང་འབྲས་བུའི་ཡོན་ཏན་མངོན་ཤེས་ལ་སོགས་ཡོད་པ་ནི་ལྡན་པའོ། །རྟེན་གང་ཟག་གསུམ་གྱིས་དབྱེ་བའི་བརྟེན་པ་ཁམས་གསུམ་གྱི་དབྱེ་བ་ནི་འཇུག་པའོ། །གནས་སྐབས་ལ་སོགས་པ་ནི་འཇུག་པའི་དོན་དེ་ཉིད་གཏན་ལ་འབེབས་པ་ནི་སྟེ། རང་བཞིན་ཐ་དད་མེད་ཀྱང་དྲི་མ་བློ་བུར་བས་མ་དག་པ་དང་། དག་མ་དག་གཉིས་ཀ་དང་ཤིན་ཏུ་དག་པའི་སྒོ་ནས་ཕྱེ་བ་ནི་གནས་སྐབས་སོ། །གནས་སྐབས་གསུམ་པོ་ཐམས་ཅད་དུ་ཁམས་ཀྱིས་ཁྱབ་པ་ནི་ཀུན་དུ་འགྲོ་བའི་དོན་ཏོ། །གནས་སྐབས་ཐམས་ཅད་ཁམས་སྤངས་པ་དང་རྟོགས་པ་དབྱེར་མེད་དུ་ཡོད་པ་ནི་ཡོན་ཏན་དབྱེར་མེད་པའོ། །དེ་ལྟར་ན་དོན་དམ་པའི་དབྱིངས་ཁམས་རང་བཞིན་གྱིས་དག་པའི་དགོངས་པ་ནི་དོན་བཅུ་ཡིན་པར་ཤེས་པར་བྱའོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་བཞི་སྟེ། ངོ་བོ་དང་རྒྱུ། འབྲས་བུ་དང་ལས། ལྡན་པ། འཇུག་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དུ་བསྟན། སོ་སོར་བཤད་པའོ། །དང་པོ་ལ་གཉིས་ལས། ངོ་བོ་ནི་ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་གསུམ་ནི་འདོད་པའི་དོན་བསྒྲུབ་པ་དང་། རང་བཞིན་དུ་མི་འགྱུར་བ་དང་སྙིང་རྗེའི་རླན་དང་བཅས་པའི་ཕྱིར་རང་གི་མཚན་ཉིད་ནི་གོ་རིམ་བཞིན་དུ་རིན་པོ་ཆེ་དང་ནམ་མཁའ་དང་ཆུ་དག་པ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་སྤྱིའི་མཚན་ཉིད་དུས་རྟག་དུ་རང་བཞིན་གྱི་ཉོན་མོངས་པ་མེད་པ་ནི་དཔེ་གསུམ་ཀ་དང་ཆོས་མཐུན་ནོ། །གཉིས་པ་རྒྱུ་ནི་ཆོས་ལ་སྡང་བའི་གཉེན་པོ་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་བདག་ལྟའི་གཉེན་པོ་བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པའི་གཉེན་པོ་ཏིང་ངེ་འཛིན་ཚད་མེད་པ། རང་སེམས་ཅན་གྱི་དོན་ལ་མི་ལྟོས་པའི་གཉེན་པོ་སྙིང་རྗེ་ཚད་མེད་པ་སྟེ་བཞི་ནི་ཁམས་ཀྱི་དྲི་མ་དང་བྲལ་བའི་རྒྱུ་ཡིན་ལ་དེ་རྣམས་ལས་བྱུང་བ་ནི་བྲལ་བའི་འབྲས་བུ་ཡིན་ནོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ལས། ངོ་བོ་ལ་ཆོས་ཀྱི་སྐུ་ནི་བསམ་པའི་དོན་ཐམས་ཅད་འགྲུབ་པའི་ཕྱིར་མཐུ་ཕུན་སུམ་ཚོགས་པ་དང་། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་མི་འགྱུར་བ་དང་། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླན་པའི་ངོ་བོའི་རང་བཞིན་ཡིན་པའི་ཕྱིར་འདི་དག་རང་གི་མཚན་ཉིད་ཀྱི་སྒོ་ནས་རིམ་པ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་འདོད་པའི་དོན་བསྒྲུབ་པ་དང་ནམ་མཁའ་གཞན་དུ་མི་འགྱུར་བ་དང་། ཆུ་རླན་པའི་བདག་ཉིད་དུ་གནས་པ་དང་ཡོན་ཏན་ཆོས་མཐུན་པ་ཉིད་ཡིན་ལ། ཐམས་ཅད་ཀྱང་སྤྱིའི་མཚན་ཉིད་དྲི་མ་རང་བཞིན་གྱིས་དག་པའི་སྒོ་ནས་དཔེའ་གསུམ་དང་ཆོས་མཐུན་པ་ཉིད་དོ། །གཉིས་པ་རྒྱུ་ལ་གཉིས་ཏེ། དག་བྱ་སྒྲིབ་པ། དག་བྱེད་གཉེན་པོའོ། །དང་པོ་ལ་གཉིས་ལས། སྒྲིབ་པའི་དབྱེ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་ཞེ་སྡང་བའི་ཁོང་ཁྲོ་དང་ཕུང་པོ་ལྔ་ལ་རྟག་པ་གཅིག་པུ་ལ་སོགས་བདག་ཏུ་ལྟ་བ་དང་རང་ཉིད་འཁོར་བའི་སྡུག་བསྔལ་རྣམས་ཀྱིས་འཇིགས་ཤིང་སྐྲག་པ་དང་སེམས་ཅན་རྣམས་ཀྱི་དོན་ལ་ལྟོས་པ་མེད་པར་རང་གཞན་དོན་ཡལ་བར་འདོར་བ་ཉིད་དེ་ཁམས་རྣམ་པར་དག་པ་ལ་སྒྲིབ་པར་བྱེད་པའི་དྲི་མ་བཞིའོ། །གཉིས་པ། དེ་དང་ལྡན་པའི་གང་ཟག་ནིི་སྤྱིར་སེམས་ཅན་ཐམས་ཅད་རིགས་བསྡུ་ན་གསུམ་དུ་འདུས་ཏེ། སྲིད་པ་འདོད་པ་དང་། སྲིད་པ་དང་བྲལ་བར་འདོད་པ་དང་། དེ་གཉིས་ཀ་མི་འདོད་པའོ། །དང་པོ་ལ་གཉིས་ཏེ། ཐར་པའི་ལམ་དང་ཞེ་འགྲས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་འཁོར་བ་འབའ་ཞིག་དོན་དུ་གཉེར་བར་བྱེད་ཀྱི་མྱ་ངན་ལས་འདས་པ་དོན་དུ་མི་གཉེར་བའི་འདོད་ཆེན་པོ་དང་། དེ་དང་རྗེས་སུ་མཐུན་པའི་ཆོས་འདི་པ་ལས་ཀྱང་སེན་དྷ་བ་ལ་སོགས་པའི་ཉན་ཐོས་སྡེ་པ་ཁ་ཅིག་ཐེག་པ་ཆེན་པོའི་ཆོས་ལ་སྡང་བའི་བཀའ་མ་ཡིན་ཞེས་སྤོང་བར་བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་། ང་ནི་དེ་དག་གི་སྟོན་པ་མ་ཡིན་ལ་དེ་དག་ཀྱང་ང་ཡི་ཉན་ཐོས་མ་ཡིན་ནོ། །ཤཱ་རིའི་བུ། དེ་དག་ནི་མུན་པ་བས་ཀྱང་ཆོས་མུན་པ། མུན་པ་ནས་མུན་པ་ཆེན་པོར་འགྲོ་བ་མུན་པ་ཆེན་པོ་དང་ལྡན་པ་ཞེས་ང་སྨྲའོ་ཞེས་གསུངས་སོ། །གལ་ཏེ་འདོད་ཆེན་པོ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། རིགས་ཡོད་པ་ནི་རང་བཞིན་དུ་གནས་པ་ཡིན་ལ་འདིར་རྒྱས་འགྱུར་གྱི་རིགས་མེད་པས་དུས་ནམ་ཡང་མྱ་ངན་ལས་འདས་པ་མི་ཐོབ་པ་ཡིན་ཏེ་འཁོར་བ་ལ་མཐའ་མེད་པའི་ཕྱིར་རོ། །དེ་ལ་ཡང་ཐེག་པ་ཆེན་པོས་ཆོས་ལ་སྡང་བ་ནི་ཆོས་སྤོང་གི་ལས་ཀྱིས་གེགས་བྱས་པས་ཐར་པ་ཐོབ་པ་ལ་དུས་རིང་དུ་ཐོགས་པའི་དུས་ལ་དགོངས་པ་ཡིན་གྱི་གཏན་མི་འཐོབ་པ་ནི་མ་ཡིན་ཏེ། དད་པས་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་ལ་སོགས་པའི་རྒྱས་འགྱུར་གྱི་རིགས་ཀྱིས་བསྡུས་པའི་དགེའ་བའི་ས་བོན་ཅུང་ཟད་ཡོད་པའི་ཕྱིར་རོ། །འགྲེལ་པ་ལས། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་ལོག་སྲེད་ཅན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་བཟློག་པའི་དོན་དུ་དུས་གཞན་ལ་དགོངས་ནས་གསུངས་པ་ཡིན་ནོ། །ཞེས་སོ། །སྲིད་པ་དང་བྲལ་བར་འདོད་པ་ལ་རྣམ་པ་གཉིས་སྟེ། ཐབས་མ་ཡིན་པ་ལ་ཞུགས་པ་དང་། ཐབས་ལ་ཞུགས་པའོ། །དང་པོ་ལ་གསུམ་སྟེ། ཆོས་འདི་ལས་ཕྱི་རོལ་དུ་གྱུར་པའི་ཙ་ར་ཀ་པ་ལ་སོགས་པའི་མུ་སྟེགས་བྱེད་རྣམས་དང་། དེ་དང་ལྟ་བ་རྗེས་སུ་མཐུན་པ་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པས་ཆོས་འདི་པར་གཏོགས་ཀྱང་བདག་མེད་པའི་གནས་ལུགས་ལ་རྨོངས་པའི་བརྗོད་དུ་མེད་པའི་གང་ཟག་གི་བདག་ཏུ་ལྟ་བ་དང་། དེ་ལ་དགོངས་ནས་སྟོང་པ་ཉིད་ལ་མོས་པ་མེད་པ་ནི་མུ་སྟེགས་པ་དག་དང་ཁྱད་པར་མེད་པ་ཡིན་ནོ་ཞེས་གསུངས་པ་དང་། ཡང་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་ལ་མཚན་མར་ལྟ་བ་སྟེ། གང་དག་སྤང་བྱའི་ཆོས་སྔར་ཡོད་གཉེན་པོས་བཅོམ་པས་མེད་པར་གྱུར་པ་ལ་རྟོགས་པ་ཉིད་དུ་བལྟ་བའོ། །དེ་ལ་དགོངས་ནས་དཀོན་མཆོག་བརྩེགས་པ་ལས། འོད་བསྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་སོ། །དེ་གཉིས་ཀ་ཡང་གྲུབ་མཐའ་འཛིན་པའི་ཉན་ཐོས་ཡིན་གྱི་ལམ་ལ་ལེགས་པར་ཞུགས་པ་ནི་མ་ཡིན་ནོ། །ཐབས་ལ་ཞུགས་པ་ལ་གཉིས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་ངེས་པ་ཉིད་དུ་ཡང་དག་པར་ཞུགས་པའོ། །དེ་གཉིས་ཀ་མངོན་པར་མི་འདོད་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་མཆོག་ཏུ་དབང་པོ་རྣོན་པོའི་གང་ཟག་སྟེ། འདོད་ཆེན་པོ་བཞིན་དུ་འཁོར་བ་འབའ་ཞིག་ཀྱང་མི་འདོད་པ་ལ་མུ་སྟེགས་པ་ལྟར་འཁོར་བ་སྤང་བར་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་མ་ཡིན་ཞིང་། ཉན་ཐོས་དང་རང་རྒྱལ་ལྟར་ཐབས་དང་ལྡན་པར་རྟོགས་པ་ཙམ་ཡང་མ་ཡིན་ཏེ། འོན་ཀྱང་འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ལམ་དུ་ཞུགས་པ་སྟེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པས་བསམ་པ་མི་གནས་པའི་མྱ་ངན་ལས་འདས་པ་ལ་བརྟེན་པ་ཅན་ཡིན་ཞིང་། སྙིང་རྗེ་ཆེན་པོས་སེམས་ཅན་བསྒྲལ་བར་བཞེད་པས་སྦྱོར་བ་ཉོན་མོངས་པས་མ་གོས་པར་འཁོར་བ་ལ་བརྟེན་པ་ཅན་ཡིན་ནོ། །དེ་ལྟར་ན་གང་ཟག་བརྒྱད་ལས་དང་པོ་གཉིས་ནི་ལོག་པ་ཉིད་དུ་ངེས་པས་སེམས་ཅན་གྱི་ཕུང་པོའོ། །བར་པ་གསུམ་ནི་མ་ངེས་པའི་སེམས་ཅན་གྱི་ཕུང་པོའོ། །ཕྱི་མ་གསུམ་ནི་ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཕུང་པོའོ། །ཞེས་བྱའོ། །དེ་དག་ལས་ཐ་མ་གཏོགས་པ་རྣམས་ཀྱི་རྒྱུད་ལ་རང་བཞིན་གསུམ་གྱིས་བསྡུས་པའི་ཁམས་རྟོགས་ཤིང་མངོན་དུ་བྱེད་པའི་གེགས་སྒྲིབ་པ་རྣམ་པ་བཞི་ཡོད་དེ་འདི་ལྟར་སྲིད་པ་འདོད་པའི་འདོད་ཆེན་པོ་ལ་ཆོས་ལ་ཁོང་ཁྲོ་བ་དང་མུ་སྟེགས་པ་ལ་སོགས་པ་ཐབས་མ་ཡིན་པ་ལ་ཞུགས་པ་བདག་ཏུ་ལྟ་བ་དང་། ཐབས་ལ་ཞུགས་པའི་ཉན་ཐོས་པ་ལ་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། རྟོགས་པ་རང་བྱུང་དུ་སྐྱེ་བའི་རང་སངས་རྒྱས་རྣམས་ལ་སེམས་ཅན་གྱི་དོན་ལ་མི་ལྟོས་པའོ། །ཐ་མ་གཉིས་ཀ་དང་མི་འདོད་པ་ནི་གཉེན་པོ་དང་ལྡན་པའི་རྟེན་ཡིན་ནོ། །གཉིས་པ་དག་བྱེད་གཉེན་པོ་ལ་དངོས་དང་། དེའི་འབྲས་བུའོ། །དང་པོ་ནི་སྒྲིབ་པ་དེ་དག་གིས་དག་པའི་རྒྱུ་གཉེན་པོའི་ཆོས་ནི་རྣམ་པ་བཞི་ཉིད་དོ། །གང་ཞེ་ན་ཆོས་ལ་ཁོང་ཁྲོ་བ་ལ་སོགས་པའི་གཉེན་པོ་ཐེག་ཆེན་གྱི་ཆོས་ལ་ལྷག་པར་མོས་པ་དང་ལ་སོགས་པའི་བདག་མེད་རྟོགས་པའི་ཤེས་རབ་དང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོའོ། །གཉིས་པ། གཉེན་པོ་བཞི་བསྒོམས་པས་གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའ་དེ་དག་ཐུབ་པ་སངས་རྒྱས་ཀྱི་རྗེས་སུ་སྐྱེས་པའི་སྲས་འཕགས་པའི་གང་ཟག་ཏུ་འགྱུར་རོ། །འདི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་ནི་ཕའི་ས་བོན་དང་། ས་བོན་འཛིན་པའི་མ་དང་ས་བོན་མི་ཉམས་ཤིང་འཕེལ་བར་བྱེད་པ་མའི་མངལ་དང་། སྐྱེས་ནས་སྐྱེད་བསྲིང་བའི་མ་མ་ལས་སྐྱེ་བར་ལྟར་འདིར་ཡང་ཐེག་པ་མཆོག་གི་ཆོས་ལ་མོས་པའི་ས་བོན་དང་། ཆོས་ཐམས་ཅད་བདག་གཉིས་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་མ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་གྱི་བསམ་གཏན་གྱི་བདེ་བའི་མ་ལ་ན་གནས་པ་དང་། སྙིང་རྗེ་ཆེན་པོའི་མ་མས་བསྐྱེད་ཅིང་བསྲིང་བ་ཅན་གང་ཡིན་པའོ། །གཉིས་པ་འབྲས་བུ་དང་ལས་ཀྱི་དོན་ལ་གཉིས་ཏེ། ཐུན་མོང་དུ་བསྟན། སོ་སོར་བཤད་པའོ། །དང་པོ་ལ་གཉིས་ལས། འབྲས་བུ་ནི་དེ་བཞིན་གཤེགས་པའི་ཆོས་སྐུ་ལ་ཡོད་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ནི་སྒྲིབ་པ་དེ་དག་གཉེན་པོས་གསལ་བའི་ཁམས་ཀྱི་བྲལ་བའི་འབྲས་བུ་ཡིན་ནོ། །བཞི་གང་ཞེ་ན་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་ཉིད་དོ། །གཉིས་པ་ལས་ནི་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་དང་ཞི་བ་མྱ་ངན་འདས་པ་ཐོབ་པར་དོན་དུ་གཉེར་བའི་འདུན་པ་དང་སྨོན་པའི་ལས་ཅན་ནོ། །ཞེས་པའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས་ཏེ། འབྲས་བུ་དང་། བྱེད་ལས་སོ། །དང་པོ་ལ་གསུམ་ཏེ། རྒྱུ་ལ་འབྲས་བུ་འགྲུབ་པའི་ཚུལ། འབྲས་བུའི་རང་བཞིན་ངོས་གཟུང་། རྒྱུའི་གཙོ་བོའི་བྱེད་ལས་སོ། །དང་པོ་ནི་མོས་པ་ལ་སོགས་པ་གོང་དུ་བཤད་པ་འདི་དག་གི་འབྲས་བུ་ནི་མདོར་བསྡུས་ཏེ་བསྟན་ན་ཆོས་ཀྱི་སྐུ་ལ་མི་གཙང་བ་ལ་སོགས་པ་ཕྱིན་ཅི་ལོག་རྣམ་པ་བཞི་ལས་བཟློག་པ་གཉེན་པོ་གཙང་བ་ལ་སོགས་པར་རྟོགས་པས་རབ་ཏུ་ཕྱེ་བ་ཡི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་བཞི་ཉིད་ཡིན་ནོ། །དེ་ལ་སྤང་བྱ་ཕྱིན་ཅི་ལོག་ལ་གཉིས་ལས། ཆོས་ཀུན་རྫོབ་པ་ལས་ཕྱིན་ཅི་ལོག་པ་ནི་སེམས་ཅན་ཐ་མལ་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ལ་དམིགས་ཏེ་འདུས་བྱས་མི་རྟག་པ་ལ་རྟག་པ་དང་ཚོར་བ་སྡུག་བསྔལ་བ་ལ་བདེ་བ་དང་། ཆོས་བདག་མེད་པ་ལ་བདག །ལུས་མི་གཙང་བ་ལ་གཙང་བར་འཛིན་པའོ། །དཔལ་འཕྲེང་གི་མདོའ་ལས། །བཅོམ་ལྡན་འདས་སེམས་ཅན་རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དང་། མི་གཙང་བ་ལ་གཙང་བར་འདུ་ཤེས་པའོ་ཞེས་སོ། །དེ་དག་ལས་བཟློག་པའི་གཉེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་དྲན་པ་ཉེ་བར་བཞག་པ་བཞི་སྟེ། སེམས་ནི་རྟག་པ་དང་། ཚོར་བ་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ལུས་མི་གཙང་བར་རྟོགས་པའོ། །དེ་དག་ཀྱང་ཆོས་ཀྱི་སྐུའི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་བཞི་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ། །མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱིས་སྔར་མ་མཐོང་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའོ་ཞེས་སོ། །དེ་དག་གི་གཉེན་པོ་ནི་ཆོས་ཀྱི་སྐུ་རྟག་པ་ལ་སོགས་པར་རྟོགས་པ་སྟེ། དེ་ཉིད་ལས། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ། བདེའ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་པའི་སེམས་ཅན་དེ་དང་། དེ་དག་ནི་དེ་བཞིན་གཤེགས་པའི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་སོ་སྟེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རྟག་པའི་ཕ་རོལ་དུ་ཕྱིན་པ། བདེའ་བའི་ཕ་རོལ་དུ་ཕྱིན་པ། བདག་གི་ཕ་རོལ་དུ་ཕྱིན་པ། གཙང་བའི་ཕ་རོལ་དུ་ཕྱིན་པའོ་ཞེས་སོ། །དེ་ལ་རྒྱུ་གང་གིས་འབྲས་བུ་གང་ཐོབ་ཅེ་ན། ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་འདོད་ཆེན་པོ་རྣམས་ཀྱིས་མི་གཙང་བའི་འཁོར་བ་ལ་མངོན་པར་དགའ་བ་བཟློག་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་བསྒོམས་པས་འབྲས་བུ་གཙང་བའི་ཕ་རོལ་དུ་ཕྱིན་པ་དང་། མུ་སྟེགས་ཅན་གྱི་བདག་ཏུ་ལྟ་བའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་བསྒོམས་པས་བདག་གི་ཕ་རོལ་དུ་ཕྱིན་པ་དང་། ཉན་ཐོས་ཀྱི་འཁོར་བའི་སྡུག་བསྔལ་ལ་འཇིགས་པའི་གཉེན་པོར་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམས་པས་བདེའ་བ་དམ་པའི་ཕ་རོལ་དུ་ཕྱིན་པ་དང་། རང་སངས་རྒྱས་ཀྱི་སེམས་ཅན་གྱི་དོན་ལ་མི་ལྟོས་པའི་གཉེན་པོར་སྙིང་རྗེ་ཆེན་པོ་བསྒོམས་པས་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའོ། །གལ་ཏེ་ཉན་རང་དགྲ་བཅོམ་པ་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབྲས་བུའི་ཕ་རོལ་དུ་ཕྱིན་པ་བཞི་མངོན་སུམ་དུ་བྱས་སམ་ཞེ་ན། མ་བྱས་ཏེ་དེ་དག་ལ་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་གེགས་མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་དང་བཅས་པའི་ཕྱིར་རོ། །དེ་ཉིད་ལས། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ཅན་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ནི་ས་གསུམ་པོ་འདི་དག་ཏུ་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་པོ་འདི་དག་འབྱུང་བ་དང་། ཟག་པ་མེད་པའི་ལས་མངོན་པར་འགྲུབ་པའི་རྐྱེན་ལགས་སོ། །ཞེས་གསུངས་སོ། །དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་ཡིན་ལ། ཟག་མེད་ཀྱི་ལས་ནི་མ་རིག་བག་ཆགས་ཀྱི་ས་དེ་དང་དེ་ལ་བརྟེན་ནས་མཚན་མའི་སྤྲོས་པ་ཀུན་དུ་སྤྱོད་པ་ཕྲ་མོ་ཀུན་བསླང་བའི་ཟག་མེད་ཀྱི་དགེ་བ་སྟེ། ཇི་ལྟར་ཟག་མེད་ཀྱི་ལས་བརྒྱད་བཤད་པ་ལྟ་བུའོ། །ཡིད་ཀྱི་རང་བཞིན་གྱི་ལུས་ནི་དེ་དག་གིས་བསྐྱེད་པའི་འབྲས་བུ་ཟག་མེད་ཀྱི་ཀུན་གཞི་ཉིད་ལུས་སུ་སྣང་བའམ་ཡང་ན་ཡིད་ཀྱི་ཤེས་པའི་ཡུལ་ན་ལུས་སུ་སྣང་གི་དབང་ཤེས་ཀྱི་ངོ་ན་ཐོག་བཅས་ཀྱི་ལུས་སྣང་བ་མ་ཡིན་པས་ཡིད་ཀྱི་རང་བཞིན་གྱི་ལུས་ཤེས་བྱའོ། །བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་བ་ནི་ཟག་བཅས་ཀྱི་ལས་ཀྱིས་མ་འཕངས་པས་ཟག་བཅས་ཀྱི་སྐྱེ་འཆི་ལས་གྲོལ་བ་ཡང་ཟག་མེད་ཀྱི་ལས་ཀྱིས་འདུས་བྱས་པས་རྟག་པའི་ཕ་རོལ་དུ་ཕྱིན་པ་མ་ཐོབ་པའི་ཕྱིར་བསམ་བཞིན་དུ་ལུས་སུ་སྣང་བ་གཞན་འདོར་ཞིང་གཞན་ལེན་པའོ། །གལ་ཏེ་དག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་དང་དེས་ཀུན་ནས་བསླང་བའི་མཚན་མར་འཛིན་པ་ཡོད་པ་མི་འཐད་དེ་མི་རྟོག་ཡེ་ཤེས་རྒྱུན་མི་འཆད་པ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་ཟག་མེད་ཀྱི་ལས་དང་ཡིད་ཀྱི་རང་བཞིན་གྱི་ལུས་ལ་སོགས་པའང་མི་འཐད་དོ་ཞེ་ན། སྐྱོན་འདི་མེད་དེ་སྤྱིར་ས་བཅུ་ལ་སྤང་བྱ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་བཅུ་ཡོད་དེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་སོ། །དེ་དག་ལས་ས་གཉིས་པ་ལ་སོགས་པ་དགུའ་ལ་བསྒོམ་སྤངས་ཆེ་འབྲིང་དགུ་ཡོད་པའི་དང་པོ་དྲུག་མེད་ཀྱང་ཕྱི་མ་རྣམས་ཡོད་དེ་བསྒོམ་སྤང་ཆུང་གསུམ་གྱིས་བསྡུས་པའི་ཤེས་སྒྲིབ་རྣམ་རྟོག་རྣམས་ཡོད་པའི་ཕྱིར་རོ། །ཇི་ལྟར་ཉོན་མོངས་པ་ཆགས་སོགས་ཀྱི་རྟེན་དུ་གང་ཟག་གི་བདག་ཏུ་རྨོངས་པའི་མ་རིག་པ་དགོངས་པ་ལྟར་ཤེས་སྒྲིབ་མཚན་མར་འཛིན་པའི་རྟེན་དུའང་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་དགོས་པས་ཁྱབ་པ་ཡོད་དོ། །རྟགས་ནི་དགོངས་འགྲེལ་ལས། གསང་བ་ཕྲ་མོ་ལ་རྗེས་སུ་འཇུག་པ་དང་། མངོན་པར་ཤེས་པ་ཆེན་པོ་ལ་གེགས་བྱེད་པའི་ཀུན་དུ་རྨོངས་པ་དག་དང་། དེའི་ས་བོན་ནི་ས་བཅུ་པ་ལ་སྤོང་ངོ་ཞེས་སོ། །དེ་ཡང་མཉམ་བཞག་མི་རྟོག་ཡེ་ཤེས་ཀྱི་འཁོར་ན་མེད་ཀྱི། རྗེས་ཐོབ་ཀྱི་འཁོར་ན་ཡོད་དོ། །དེས་ན་སངས་རྒྱས་པའི་ཚེ་མཚན་མར་འཛིན་པ་མེད་དེ་རྗེས་ཐོབ་ཡོད་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་རང་བཞིན་ངོས་གཟུང་བ་ལ། ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དེ་ནི་གཙང་བ་དམ་པའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ། སྤྱིའི་མཚན་ཉིད་སྒྲིབ་པ་རང་བཞིན་གྱིས་དག་པའི་ཕྱིར་དང་། ཁྱད་པར་གྱི་མཚན་ཉིད་དྲི་མ་བློ་བུར་བ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །ཡང་དེ་ནི་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ་མུ་སྟེགས་པས་བཏགས་པའི་བདག་དང་ཉན་ཐོས་པས་བཏགས་པའི་བདག་མེད་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཕྱིར་རོ། །དེ་ལ་མུ་སྟེགས་བྱེད་ཀྱིས་བཏགས་པའི་བདག་ནི་བློས་བཟུང་བ་ལྟར་དོན་ལ་མི་གནས་པས་གནོད་བྱེད་ཀྱིས་ཡུལ་ཅན་གྱི་བློ་ལྡོག་པའི་ཕྱིར་བདག་ཏུ་གྲུབ་པ་མེད་དོ། །དེ་བཞིན་གཤེགས་པས་བདག་མེད་པའི་གནས་ལུགས་ཇི་ལྟ་བ་བཞིན་གཟིགས་པ་ནི་གནོད་བྱེད་ཀྱིས་མི་ལྡོག་པའི་མི་བསླུ་བའི་ཕྱིར་བདག་མེད་པ་ཉིད་ལ་བདག་ཏུ་བྱས་པ་སྟེ་མི་གནས་པའི་ཚུལ་གྱིས་གནས་པ་ཞེས་པ་ལྟ་བུའོ། །དེ་ནི་བདེ་བ་དམ་པའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ། སྡུག་བསྔལ་མཐའ་དག་འགགས་པའི་འགོག་པ་མངོན་སུམ་དུ་མཛད་པས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་ཕུང་པོ་དང་ཀུན་འབྱུང་མཐའ་དག་སྤངས་པས་ཡིད་ལུས་དེའི་རྒྱུ་མ་རིག་པའི་བག་ཆགས་ཀྱི་འཚམས་སྦྱོར་བ་དང་། ཟག་མེད་ཀྱི་ལས་ལོག་ཅིང་སྤངས་པའི་ཕྱིར་རོ། །དེ་ནི་རྟག་པ་དམ་པའི་ཕ་རོལ་དུ་ཕྱིན་པ་ཡིན་ཏེ། འཁོར་བ་དང་ནི་མྱ་ངན་ལས་འདས་པ་གཉིས་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དུ་རྟོགས་པ་མཐར་ཐུག་པའི་འཁོར་བ་མི་རྟག་པ་ལ་དོར་བྱར་མི་འཛིན་ཅིང་མྱ་ངན་ལས་འདས་པ་རྟག་པ་ལ་བླང་བྱའི་མཚན་མར་མི་འཛིན་པའི་ཕྱིར་རོ། །འཁོར་འདས་ལ་བླང་དོར་དུ་འཛིན་ན་རྟག་ཆད་ཀྱི་ལྟ་བར་འགྱུར་བ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་མི་རྟག་གོ་ཞེས་བགྱི་བར་ལྟ་ན་དེ་ནི་ཆད་པའི་ལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་ཞེས་བགྱི་བར་ལྟ་ན་དེ་ནི་དེའི་རྟག་པར་བལྟ་བར་འགྱུར། དེ་ནི་དེའི་ཡང་དག་པ་མ་ལགས་པའི་ལྟ་བར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་རྒྱུའི་གཙོ་བོ་བྱེད་ལས་ནི་བྱང་ཆུབ་སེམས་དཔའ་འཕགས་པ་ནི་འཁོར་བའམ་མྱ་ངན་ལས་འདས་པའི་མཐར་ལྟུང་བར་མི་འགྱུར་རོ། །ཅི་སྟེ་ན་དེ་ལྟར་ཕ་རོལ་དུ་ཕྱིན་པ་བཞིའི་བདག་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་བཞི་ལས་གཙོ་བོར་ནི་ཆོས་ཐམས་ཅད་བདག་མཐའ་དག་གིས་སྟོང་པར་རྟོགས་པའི་བློ་སྟེ་ཤེས་རབ་དང་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་བརྩེ་བ་ཆེན་པོ་ལ་བརྟེན་ནས་གནས་པའི་ཕྱིར་རོ། །དེ་དག་གི་ཁྱབ་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་བཞིན་དུ་འཁོར་བ་ལ་ཆགས་པས་གནས་པ་མ་ཡིན། དེ་བདེ་བ་ལ་སྲེད་པ་མ་ལུས་པ་ཤེས་རབ་ཀྱིས་བཅད་པའི་ཕྱིར་རོ། །ཞི་བ་བགྲོད་པའི་རིགས་ཅན་བཞིན་དུ་རང་ཉིད་ཞི་བ་མྱ་ངན་ལས་འདས་པ་ལ་ཐོབ་བྱར་གནས་པ་མ་ཡིན་ཏེ་བརྩེ་བ་ཆེན་པོར་ལྡན་པས་སེམས་ཅན་ཐམས་ཅད་ལ་སྲེད་པ་སྟེ་མི་འདོར་བར་བསམ་པས་རྗེས་སུ་འཛིན་པའི་ཕྱིར་རོ། །གཉིས་པ་ཁམས་ཀྱི་བྱེད་པ་ལ་གཉིས་སྟེ། ལྡོག་པའི་སྒོ་ནས་བསྟན། རྗེས་འགྲོའི་སྒོ་ནས་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ནི་ཐ་ན་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་བྱེད་དེ་འཁོར་བ་ལ་སྡུག་བསྔལ་གྱི་ཉེས་པ་མཐོང་ནས་སྐྱོ་བ་བསྐྱེད་པར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་བདེ་བའི་ཕན་ཡོན་ཡོད་པར་མཐོང་ནས་དེ་མངོན་པར་འདོད་པའི་འདུན་པ་དང་། དོན་ཐོབ་པ་ལ་ཕྱོགས་པའི་འདོད་པ་དང་། འདོད་པའི་དོན་ཐོབ་པའི་ཐབས་ཚོལ་བའི་དོན་དུ་གཉེར་བ་དང་། འདོད་པའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་སྨོན་པ་བསྐྱེད་པར་བྱེད་དོ། །ཅི་སྟེ་ན་གལ་ཏེ་སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་དག་པ་མེད་ན་ཐར་པའི་རྒྱུར་རུང་བའི་དགེའ་བ་གཏན་མི་སྐྱེ་བའི་འཁོར་བའི་སྡུག་བསྔལ་སྤྱི་ལའང་མཐོང་ནས་སྐྱོ་བ་སྐྱེ་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པའི་ཡོན་ཏན་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་མེད་པར་འགྱུར་རོ། །མདོ་ལས་བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་ནི་སྡུག་བསྔལ་ལའང་སྐྱོ་བར་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི་སྲིད་པ་སྟེ་འཁོར་བ་ལ་སྡུག་བསྔལ་གྱི་སྐྱོན་མཐོང་ནས་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་དེའི་བདེ་བའི་ཡོན་ཏན་མཐོང་ནས་འདོད་པ་ལ་སོགས་པ་སྐྱེ་བ་གང་ཡིན་པ་འདི་དག་ཐེག་པ་ཆེན་པོའི་རིགས་ཡོད་པའི་བྱེད་ལས་ཡིན་ཏེ་གང་གི་ཕྱིར་ན་དེ་དག་ཐེག་པ་ཆེན་པོའི་རིགས་མེད་པ་རྣམས་ལ་མེད་པའི་ཕྱིར་རོ། །གལ་ཏེ་རིགས་ཀྱི་བྱེད་ལས་དེ་གཉིས་རང་བཞིན་དུ་གནས་པའི་རིགས་ཡིན་ནམ་འོན་ཏེ་རྒྱས་འགྱུར་གྱི་ཡིན་ཞེ་ན། རང་བཞིན་དུ་གནས་པའི་རིགས་མེད་ན་རྒྱས་འགྱུར་གྱི་རིགས་ཉིད་ཀྱང་མེད་པའི་ཕྱིར་རྒྱུད་ནས་སྔ་མའི་བྱེད་ལས་ཀྱང་ཡིན་མོད་ཀྱི། འོན་ཀྱང་དངོས་སུ་ཕྱི་མའི་བྱེད་ལས་ཡིན་ཏེ་འཁོར་ལོ་བཞི་འབྱོར་པའི་ཚུལ་གྱིས་ཐེག་པ་གསུམ་གང་རུང་བ་ལ་མོས་པར་མ་གྱུར་གྱི་བར་དུ་མི་འགྱུར་བའི་ཕྱིར་རོ། །འགྲེལ་པ་ལས། གལ་ཏེ་སྡིག་ཏོ་སེལ་བའི་ཚུལ་གྱི་རྒྱུ་མེད་རྐྱེན་མེད་པར་དེར་འགྱུར་ན་ནི་ལོག་སྲེད་ཅན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་རིགས་ཅན་རྣམས་ལ་ཡང་དེར་འགྱུར་ན། ཇི་སྲིད་བློ་བུར་གྱི་དྲི་མ་རྣམ་པར་དག་པའི་རིགས་སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་འཁོར་ལོ་བཞི་ཡང་དག་པར་འབྱོར་པའི་ཚུལ་གྱིས་གསུམ་ལས་གང་ཡང་རུང་བའི་ཆོས་ལ་མོས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་སྲིད་དུ་ནི་འགྱུར་བ་ཡང་མ་ཡིན་ནོ། །ཞེས་སོ། །དེ་ལ་འཁོར་ལོ་ཆེན་པོ་བཞི་ནི་སློབ་དཔོན་གྱི་སྤྲིངས་ཡིག་ལས། མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་གིས་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་པའོ། །གལ་ཏེ་སེམས་ཅན་ཐམས་ཅད་རིགས་དང་ལྡན་པའི་ཕྱིར་འཁོར་བའི་སྡུག་བསྔལ་ལ་སྐྱེ་བ་དང་མྱ་ངན་འདས་པའི་ཡོན་ཏན་ལ་འདུན་པ་ལ་སོགས་པ་འགྱུར་ལ་དེས་ན་མཐར་ཐམས་ཅད་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐེག་པ་གསུམ་གྱི་གང་ཟག་བཞིན་ནོ་ཞེ་ན། ཅི་ས་བོན་ལ་མྱུ་གུ་བསྐྱེད་པའི་ནུས་པ་ཡོད་ན་ཐམས་ཅད་ཀྱིས་དེ་ལྟར་འགྱུར་རམ། དེས་ན་སེམས་ཅན་ཐམས་ཅད་རིག་དང་ལྡན་པས་རྣམ་པར་དག་པའི་སྐལ་བ་ཅན་ཡིན་ཡང་ཐར་པ་ཐོབ་པ་རྐྱེན་ལ་ལྟོས་པའི་ཕྱིར་རྐྱེན་དང་ཕྲད་ན་ཐར་པར་འགྱུར་གྱི་མ་འཕྲད་ན་མི་འགྱུར་རོ། །མདོ་ལས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་སོ། །གསུམ་པ་ལྡན་པའི་དོན་ལ་གཉིས་ཏེ། ཐུན་མོང་དུ་བསྟན། སོ་སོར་བཤད་པའོ། །དང་པོ་ལ་རྒྱུའི་ཡོན་ཏན་དང་ལྡན་པ་ནི་ཇི་ལྟར་རྒྱ་མཚོ་ཆེན་པོ་སྣོད་ཡངས་ཤིང་རྒྱ་ཆེ་བར་རིན་པོ་ཆེ་དང་ཆུ་དཔག་ཏུ་མེད་པ་འདུ་བ་བཞིན་དེ་བཞིན་གཤེགས་པའི་ཁམས་ཀྱང་མོས་པའི་སྣོད་དུ་ཤེས་རབ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་པོ་ཆེ་དང་ཐུགས་རྗེའི་ཆུ་མི་ཟད་པའི་གནས་སུ་གྱུར་པའོ། །འབྲས་བུའི་ཡོན་ཏན་དང་ལྡན་པ་ནི་མངོན་པར་ཤེས་པ་དང་པོ་ལྔ་དང་ཟག་པ་ཟད་པའི་ཡེ་ཤེས་དང་ཟག་པ་ཟད་པའི་སྤངས་པ་རྣམས་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། ཇི་ལྟར་མར་མེ་ལ་སྣང་བ་དང་དྲོ་བ་དང་མདོག་དབྱེར་མེད་དུ་ཡོད་པ་བཞིན་ནོ། །གཉིས་པ་ལ་གཉིས་སྟེ། རྒྱུ་དང་འབྲས་བུའི་ཡོན་ཏན་ལྡན་པའོ། །དང་པོ་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་ཐོབ་པའི་རྒྱུ་མོས་པ་དང་རྒྱལ་བའི་ཡེ་ཤེས་འཐོབ་པའི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་གཉིས་དང་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་སྙིང་རྗེ་ཆེན་པོས་སངས་རྒྱས་ཀྱི་ཁམས་ནི་བསྡུས་པའི་ཕྱིར་འདི་དག་རྒྱ་མཚོ་ཆེན་པོ་དང་ནི་མཚུངས་པར་བསྟན་ཏོ། །འདི་ལྟར་ཐེག་པ་ཆེན་པོ་ལ་མོས་པ་བསྒོམ་པ་ནི་སྣོད་དང་མཚུངས་ཏེ་ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དཔག་ཏུ་མེད་པ་དེར་འདུ་བའི་ཕྱིར་རོ། །ཤེས་རབ་དང་ཏིང་ངེ་འཛིན་བསྒོམ་པ་ནི་རིན་པོ་ཆེ་དང་མཚུངས་ཏེ་རྣམ་པར་རྟོག་པ་མེད་པར་འདོད་པའི་དོན་བསྒྲུབ་པའི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཆུ་དང་མཚུངས་ཏེ་འགྲོ་བ་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་རླན་པའི་རང་བཞིན་དུ་རོ་གཅིག་པའི་ཕྱིར་རོ། །དེ་ལྟར་ན་ཁམས་རང་བཞིན་གྱིས་དག་པ་ལ་འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་ལ་སོགས་པ་གསུམ་གྱི་རྒྱུ་མོས་པ་ལ་སོགས་པ་དང་ལྡན་པས་ལྡན་པ་ཞེས་བརྗོད་དོ། །གཉིས་པ་ནི། དྲི་མེད་པའི་གནས་ཞེས་པ་ཁམས་ལ་རྫུ་འཕྲུལ་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་སྟེ་མངོན་པར་ཤེས་པ་ལྔ་དང་། ཟག་པ་ཟད་པའི་ཡེ་ཤེས་དང་། དྲི་མེད་དེ་ཉིད་ཅེས་པ་ཟག་པ་ཟད་པའི་སྤངས་པ་སྟེ་དེ་རྣམས་རྣམ་པར་དབྱེར་མེད་པའི་ཕྱིར་མར་མེ་དང་ཆོས་མཚུངས་པ་ཅན་ཡིན་ནོ། །འདི་ལྟར་མངོན་པར་ཤེས་པ་ལྔ་ནི་སྣང་བ་དང་མཚུངས་ཏེ་རང་རང་གི་ཡུལ་ཉམས་སུ་མྱོང་བའི་མི་མཐུན་ཕྱོགས་ཀྱི་མུན་པ་འཇོམས་པའི་ཕྱིར་རོ། །ཟག་པ་ཟད་པའི་ཡེ་ཤེས་ནི་དྲ་བ་དང་མཚུངས་ཏེ་ལས་དང་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེགས་པའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་ཟག་པ་ཟད་པའི་སྤངས་པ་ནི་མདོག་དང་མཚུངས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་མེད་པའི་ཤིན་ཏུ་དྲི་མ་མེད་ཅིང་རྣམ་པར་དག་པ་ལ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །འབྲས་བུ་མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་དག་ཟག་པ་མེད་པའི་དབྱིངས་ལ་དབྱེར་མེད་པ་ནི་ལྡན་པའོ། །མདོ་ལས། ཤཱ་རིའི་བུ། དཔེར་ན་མར་མེ་ནི་འདི་ལྟ་སྟེ། སྣང་བ་དང་དྲོ་བ་དང་མདོག་དག་གིས་སམ། ནོར་བུའི་སྣང་བ་དང་མདོག་དང་དབྱིབས་དག་གིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ཡོན་ཏན་ཅན་ནོ། །ཤཱ་རིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྟན་པའི་ཆོས་ཀྱི་སྐུ་ནི་འདི་ལྟ་སྟེ། གང་གའི་ཀླུང་གི་བྱེ་མ་ལས་འདས་པའི་དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱིས་རྣམ་པར་དབྱེར་མེད་པའི་ཆོས་ཅན་མ་བྲལ་བའི་ཡེ་ཤེས་ཀྱི་ཡོན་ཏན་ཅན་ནོ་ཞེས་གསུངས་སོ། །བཞི་པ་འཇུག་པ་ལ་ལྔ་སྟེ་རྟེན་གྱི་སྒོ་ནས་དབྱེ་བ། གནས་སྐབས་ཀྱི་སྒོ་ནས་དབྱེ་བ། ཀུན་དུ་འགྲོ་བའི་དོན་གཞན་དུ་མི་འགྱུར་བའི་དོན། ཡོན་ཏན་དབྱེར་མེད་པའི་དོན་ཏོ། །དང་པོ་ལ་གཉིས་ལས་བསྟན་པ་ནི། བསྟན་ཏེ་ཅེས་དྲང་ངོ་། །གང་གིས་ན་དེ་ཁོ་ན་ཉིད་གཟིགས་པའི་དེ་བཞིན་གཤེགས་པས་སོ། །གང་ལ་ན་སེམས་ཅན་རྣམས་ལའོ། །གང་ན་རྒྱལ་བའི་སྙིང་པོ་ཏེ་ཁམས་དེ་བཞིན་ཉིད་འདིའོ། །ཇི་ལྟར་ན་རྟེན་འཕགས་པའི་ལམ་མ་ཐོབ་པའི་སོ་སོ་སྐྱེ་བོ་དང་། བྱང་ཆུབ་སེམས་དཔའི་འཕགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབྱེ་བས་དེ་དག་ལ་ཡོད་པའི་བརྟེན་པ་དེ་བཞིན་ཉིད་གསུམ་གྱི་དབྱེ་བའི་འཇུག་པ་ཐ་དད་པ་ལས་སོ། །གཉིས་པ་བཤད་པ་ནི་རྟེན་གང་ཟག་གསུམ་པོ་དེ་ལ་སོ་སོ་སྐྱེ་བོ་ནི་དེ་བཞིན་ཉིད་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ་དེ་ལ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཕྱིན་ཅི་ལོག་ལས་བཟློག་པ་ཕྱིན་ཅི་མ་ལོག་པ་སྟེ་ཕྱིན་ཅི་ལོག་གསུམ་པོ་དེ་སྤངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཁམས་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་པ་ནི་ཕྱིན་ཅི་མ་ལོག་ཅིང་སྤྲོས་པ་མེད་པ་ཉིད་ཡིན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་བཅོམ་པའི་ཕྱིར་རོ། །གཉིས་པ་གནས་སྐབས་ཀྱི་སྒོ་ནས་དབྱེ་བ་ལ་གཉིས་ལས། བསྟན་པ་ནི། ཟག་པ་མེད་པའི་ཁམས་ནི་རང་བཞིན་གྱིས་ཐ་དད་མེད་ཀྱང་གནས་སྐབས་ཀྱི་སྒོ་ནས་གསུམ་དུ་བརྗོད་དོ། །འདི་ལྟར་མཐོང་སྤང་གི་དྲི་མ་མཐའ་དག་གིས་མ་དག་པའི་ཚེ་ན་གོ་རིམ་བཞིན་དུ་སེམས་ཅན་གྱི་ཁམས་དང་། དྲི་མ་ཕྱོགས་གཅིག་གིས་མ་དག་ཅིང་ཕྱོགས་གཅིག་གིས་དག་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་ཡི་ཁམས་དང་། དྲི་མ་བག་ཆགས་དང་བཅས་པས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །གཉིས་པ་བཤད་པ་ནི། གོང་དུ་བསྟན་པའི་ངོ་བོ་ཉིད་དང་ལ་སོགས་པ་རྒྱུ་དང་འཇུག་པའི་བར་གྱི་དོན་འདི་དྲུག་གིས་ནི་བསྡུས་པའི་ཁམས་ནི་མ་དག་པ་ལ་སོགས་པའི་གནས་སྐབས་གསུམ་པོ་དག་ཏུ་སེམས་ཅན་གྱི་ཁམས་ལ་སོགས་པའི་མིང་གསུམ་གྱིས་ནི་ཐ་དད་དུ་བསྟན་པ་ཉིད་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་སྡུག་བསྔལ་གྱི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་སྐྱོ་བར་གྱུར་པ། འདོད་པའི་ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་དུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ། ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ་ཞེས་པ་ནས། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ་ཞེས་སོ། །གསུམ་པ་ཀུན་ཏུ་འགྲོ་བའི་དོན་ལ་གཉིས་ལས། བསྟན་པ་ནི། དཔེ་ཇི་ལྟར་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་ས་དང་ཟངས་དང་གསེར་གྱི་སྣོད་ཀུན་དུ་ཁྱབ་པར་རྗེས་སུ་སོང་བ་ལྟར་སེམས་ཅན་གྱི་རང་བཞིན་དྲི་མ་གདོད་མ་ནས་དག་པའི་ཟག་མེད་ཀྱི་དབྱིངས་ཀྱང་ནམ་མཁའ་དེ་བཞིན་དུ་སོ་སོ་སྐྱེ་བོ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའི་གནས་སྐབས་ཀུན་དུ་ཁྱབ་པར་རྗེས་སུ་འགྲོ་བ་ཉིད་དོ། །བཤད་པ་ནི། ཟག་མེད་ཀྱི་ཁམས་དེ་ཉེས་པ་དང་བཅས་པ་སོ་སོ་སྐྱེ་བོ་དང་ཡོན་ཏན་ཅི་རིགས་པ་དང་བཅས་པ་བྱང་ཆུབ་སེམས་དཔའ་དང་། ཡོན་ཏན་མཐར་ཐུག་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་ཐམས་ཅད་ལ་ཁྱབ་པ་སྟེ་དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་ས་དང་བར་མ་ཟངས་དང་མཆོག་གསེར་གྱི་སྣོད་ལ་ནམ་མཁའ་ཁྱབ་པར་ཡོད་པ་བཞིན་ནོ། །མདོ་ལས། ཤཱ་རིའི་བུ། དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ཀྱང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཏེ་སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ་འདི་ནི་དོན་གྱིས་གཉིས་སུ་མེད་དེ་ཡི་གེ་ཙམ་ཐ་དད་པ་ཡིན་ནོ་ཞེས་སོ། །བཞི་པ་གཞན་དུ་མི་འགྱུར་བའི་དོན་ལ་གཉིས་ཏེ་མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ཀྱི་ཁམས་ནི་མ་དག་པ་སོ་སོ་སྐྱེ་བོའི་གནས་སྐབས་དང་། དག་མ་དག་འདྲེས་པ་བྱང་ཆུབ་སེམས་དཔའི་གནས་སྐབས་དང་། རྣམ་པར་དག་པ་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་དུ་རང་གི་ངོ་བོ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ན་སྔར་ཡོད་པ་ཇི་ལྟ་བ་བཞིན་དུ་ཕྱིས་ཀྱང་དེ་བཞིན་དུ་གནས་པའི་ཕྱིར་རོ། །གལ་ཏེ་སྔར་མ་དག་པའི་ཚེ་ན་ཉེས་པ་དང་བཅས་པ་དང་། ཕྱིས་དག་པའི་ཚེ་ན་ཡོན་ཏན་དང་ལྡན་པའི་ཕྱིར་འགྱུར་བ་མེད་པར་མི་འཐད་དོ་ཞེ་ན། སྔར་ཉེས་པ་ཡོད་ཀྱང་བློ་བུར་བ་དང་ལྡན་པ་ཡིན་གྱི་རང་བཞིན་གྱིས་དག་པ་དང་། སྟོབས་སོགས་ཀྱི་ཡོན་ཏན་རྣམས་རང་བཞིན་གྱིས་གདོད་མ་ཉིད་ནས་ལྡན་པའི་ཕྱིར་དྲི་མ་སྔར་ཡོད་གསར་དུ་སྤངས་པ་དང་། ཡོན་ཏན་སྔར་མེད་གསར་དུ་བསྒྲུབས་པ་མེད་པས་དེ་དག་ཡོད་མེད་ཀྱི་ཁམས་གཞན་དུ་འགྱུར་བ་མེད་དོ། །གཉིས་པ་ལ་གསུམ་སྟེ། མ་དག་པའི་གནས་སྐབས་དང་། གཉིས་ཀའི་གནས་སྐབས་དང་། དག་པའི་གནས་སྐབས་ན་འགྱུར་བ་མེད་པའོ། །དང་པོ་ལ་བཞི་སྟེ། ཉོན་མོངས་པས་མ་གོས། སྐྱེ་འཇིག་གིས་མ་གོས་པ། དེ་དག་གི་དོན་བསྡུ། ཕུང་པོ་འཇིག་པའི་རྒྱུའོ། །དང་པོ་ནི་ཇི་ལྟར་ནམ་མཁའ་སྣོད་ཀྱི་བྱེ་བྲག་ཀུན་ཏུ་ཁྱབ་པར་སོང་ཡང་སྣོད་ཐ་དད་པ་ལ་བརྟེན་པའི་རོ་ཐ་དད་པའི་ཉེས་པས་ཉེ་བར་གོས་པ་མེད་དེ་ཕྲ་བ་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་རོ། །དཔེའ་དེ་བཞིན་དུ་གནས་ཞེས་པ་ཁམས་འདི་ཡང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སོང་ཡང་སེམས་ཅན་གྱི་ཉེས་པས་ཉེ་བར་གོས་པ་མེད་དེ་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། མདོར་བསྟན་པ་ནི། དཔེ་ཇི་ལྟར་ཕྱི་རོལ་གྱི་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་འཇིག་པ་ན་ཐམས་ཅད་དུ་ནམ་མཁའ་ལ་ནི་དང་པོར་སྐྱེ་ཞིང་མཐར་འཇིག་པ་དེ་བཞིན་དུ་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་ལ་ཡང་ནང་སེམས་ཅན་གྱིས་དབང་པོ་རྣམས་ནི་དང་པོར་སྐྱེ་ཞིང་མཐར་འཇིག་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ནི་ནམ་མཁའ་བཞིན་དུ་སྐྱེ་འཇིག་མེད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། འཇིག་པ་མེད་པ་དང་སྐྱེ་བ་མེད་པ་བཤད་པའོ། །དང་པོ་ནི། ཇི་ལྟར་སྣོད་ཀྱི་འཇིག་རྟེན་མེས་འཇིག་ཀྱང་ནམ་མཁའ་ཐ་མལ་དང་དམྱལ་བའི་དང་དུས་མཐའི་མེ་རྣམས་ཀྱིས་སྔོན་ཆད་དུས་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་ནང་སེམས་ཅན་རྣམས་འཇིག་ཀྱང་ཁམས་འདི་ནི་འཆི་བ་དང་ན་བ་དང་རྒས་པས་མེས་དུས་ནམ་ཡང་མི་ཚིག་གོ། །གཉིས་པ་ལ་བཞི་སྟེ། དཔེའ་དགོད། དོན་དགོད། དཔེའ་དོན་སྦྱར། ཆོས་མཐུན་བསྟན་པའོ། །དང་པོ་ནི། མདོ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར་སྣོད་ཀྱི་འཇིག་རྟེན་ཐོག་མར་ཆགས་པ་ན་ནམ་མཁའ་ལ་སེམས་ཅན་རྣམས་ཀྱིས་ཐུན་མོང་བའི་ལས་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་རྔམས་སུ་དཔག་ཚད་ས་ཡ་ཕྲག་གཅིག་དང་འབུམ་ཕྲག་དྲུག་ཡོད་པ་ས་རྒྱར་ནི་གྲངས་མེད་པ་ཆགས་ཏེ། ཆོས་མངོན་པ་མཛོད་ལས། དེ་ལ་སྣོད་ཀྱི་འཇིག་རྟེན་ལས། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་སོ། །དེའི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ཏེ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་ལ་སོགས་པ་བབ་པས། ཆུའི་དཀྱིལ་འཁོར་རྔམས་སུ་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་གཉིས་སུ་ཡོད་པ་ཆགས་ལ་སེམས་ཅན་གྱི་ལས་ཀྱི་མཐུས་རླུང་གིས་འཛིན་པས་ཐད་ཀར་མི་འབོ་ཞིང་ཐུར་དུ་ལྟུང་བར་ཡང་མི་འགྱུར་རོ། །ཆུ་དེ་རླུང་གིས་བསྲུབས་པ་ལས་འོ་མ་བསྲུབས་པ་ལས་མར་འབྱུང་བ་ལྟར། གསེར་གྱི་ས་གཞིའ་ཆགས་ཏེ་ཆུ་རྔམས་འབུམ་ཕྲག་བརྒྱད་དུ་འགྱུར་ལ་གསེར་གྱི་རྔམས་སུམ་འབུམ་ཉི་ཁྲིར་འགྱུར་རོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཞེས་སོ། །དེ་དག་གི་ཞིང་ནི་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ཕྱེད་དང་ལྔའོ། །ཁོར་ཡུག་ཏུ་འབུམ་ཕྲག་སུམ་ཅུ་རྩ་དྲུག་དང་ཁྲི་ཕྲག་གཅིག་དང་བརྒྱ་ཕྲག་ཕྱེད་བཞིའོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཁོར་ཡུག་ཏུ་ནི་གསུམ་གསུམ་འགྱུར། །ཞེས་སོ། །དེའི་སྟེང་དུ་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུས་ཁམས་སྣ་ཚོགས་པ་ཅན་གྱི་སྤྲིན་གྱི་ཕུང་པོ་ལས་ཆར་ཆེན་པོ་བབ་པས་ཆུའི་ཕུང་པོ་ཆེན་པོ་ཆགས་ཤིང་དེ་ལས་ཀྱི་རླུང་གིས་བསྲུབས་པ་ལས་རི་རབ་དང་། གསེར་གྱི་རི་བདུན་དང་། གླིང་རྣམས་དང་། ཁོར་ཡུག་གི་རི་ལྕགས་ཀྱི་རང་བཞིན་ཅན་འགྲུབ་སྟེ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའི་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི། །ཕྱི་རོལ་ན་ནི་འཁོར་ཡུག་སྟེ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ཞེས་སོ། །དེ་ལ་ལྷུན་པོ་ཆེན་པོ་ནི་རིན་པོ་ཆེ་བཞི་ལས་གྲུབ་པ་དེའི་འོད་ཀྱིས་རྒྱ་མཚོ་དང་ནམ་མཁའ་ཡང་ཁ་དོག་བཞིར་གནས་ཞེས་འདོད་དོ། །ཚད་ནི་ཐམས་ཅད་ཀྱང་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་སྟེང་དུ་རི་རབ་ལ་བརྒྱད་ཁྲི་དང་རི་གཞན་བརྒྱད་ལ་བཞི་ཁྲི་ལ་སོགས་པ་ཕྱེད་ཕྱེད་བྲི་བ་འཕགས་སོ། །དེ་དག་གི་རྔམས་སུ་ཡང་འཕང་དང་མཉམ་པར་བརྒྱད་ཁྲི་ལ་སོགས་པའོ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །ཆུའི་ནང་དུ་བརྒྱད་ཁྲི་དག །ནུབ་པོ་ཆུའི་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། །དེ་དག་རྔམས་སུ་འཕང་དང་མཉམ། །ཞེས་སོ། །རི་བརྒྱད་པོ་དེ་དག་གི་བར་ན་ཀླུ་ཆེན་པོ་བརྒྱད་རོལ་ཞིང་རྩེ་བའི་གནས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པས་གང་བའི་མཚོ་དང་། མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་ནི་བ་ཚ་ཅན་གྱིས་གང་བའི་ཕྱིའི་རྒྱ་མཚོའོ། །དེ་དག་བར་བདུན་རོལ་མཆོད་ཡིན། །དང་པོ་སྟོང་ཕྲག་བརྒྱད་བཅུའོ། །དེ་ནི་ནང་གི་མཚོ་ཆེན་ཡིན། །དེའི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །ལྷག་མ་ཕྱི་ཡི་མཚོ་ཆེན་ཡིན། །ཞེས་སོ། །དེའི་བར་ན་གླིང་རྣམས་གནས་སོ། །འཇིག་པ་ནི་བསམ་གཏན་དང་པོ་མན་ཆད་མེ་དང་། གཉིས་པ་མན་ཆད་ཆུ་དང་། གསུམ་པ་མན་ཆད་རླུང་གིས་འཇིག་སྟེ་རིམ་པ་བཞིན་ནང་གི་སྐྱོན་རྟོག་དཔྱོད་མེ་དང་འདྲ་བ་དང་། དགའ་བདེ་ཆུ་དང་འདྲ་བ་དང་། དབུགས་འབྱུང་རྔུབ་རླུང་དང་འདྲ་བ་ཡོད་པའི་ཕྱིར་རོ། །བཞི་པ་ན་ཕྱི་རོལ་གྱི་སྣོད་འཇིག་པ་མེད་དེ་ཏིང་ངེ་འཛིན་གྱི་སྐྱོན་བརྒྱད་ལས་གྲོལ་བས་མི་གཡོ་བའི་ཕྱིར་རོ། །རྒྱུན་གྱིས་རྟག་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ་སྐྱེ་བ་དང་འཇིག་པ་ན་གཞལ་མེད་ཁང་དང་བཅས་པ་འབྱུང་ཞིང་འཇིག་པའི་ཕྱིར་རོ། །མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་ནི་རྩེ་གོ་རིམ་བཞིན། །དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེའི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་སོ། །འཇིག་པའི་གོ་རིམ་ནི་མེའི་བསྐལ་པ་བདུན་བཏུད་མར་འཇིག་ལ་བསྐལ་ཆེན་བརྒྱད་འདས་ནས་འོད་གསལ་མན་ཆད་ཆུ་ཡིས་འཇིག་པ་ལན་གཅིག་འབྱུང་ལ་མེས་འཇིག་པ་བདུན་གྱིས་ཐལ་ཏེ་ལྔ་བཅུ་རྩ་དྲུག་སོང་ནས་མེས་ལན་བདུན་འཇིག་ལ། མཇུག་ཏུ་དྲུག་ཅུ་རྩ་བཞི་པ་ལ་རླུང་གིས་འཇིག་པར་བྱེད་དོ། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་སོ། །འདིར་དེ་དག་དཔེར་བཀོད་པ་ནི་སའི་དཀྱིལ་འཁོར་ནི་ཆུའི་ཕུང་པོ་ལ་བརྟེན་ཅིང་ཆུ་ནི་རླུང་གི་དཀྱིལ་འཁོར་ལ་རླུང་གི་ནམ་མཁའ་ལ་རབ་ཏུ་གནས་པ་ཡིན་གྱི་དེ་ལས་གཞན་པའི་རྟེན་མེད་དོ། །ནམ་མཁའ་ནི་རླུང་དང་ཆུ་དག་དང་སའི་ཁམས་ལ་སོགས་པ་གང་ལའང་བརྟེན་ནས་གནས་པ་མ་ཡིན་ཏེ་རྒྱུ་དང་རྐྱེན་ལ་མི་བརྟེན་པའི་ཕྱིར་རོ། །གཉིས་པ་དོན་དགོད་པ་ནི་དེ་བཞིན་དུ་ཟག་བཅས་ཀྱི་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་། དབང་པོ་སྟེ་སྐྱེ་མཆེད་བཅུ་གཉིས་རྣམས་ནི་སྐྱེད་བྱེད་ཀྱི་རྒྱུ་ཟག་བཅས་ཀྱི་ལས་གསུམ་དང་དེས་ཀུན་ནས་བསླང་བའི་ཉོན་མོངས་པ་དག་ལ་བརྟེན་ནས་གནས་ཤིང་ལས་དང་ཉོན་མོངས་པ་དེ་དག་ནི་ལུས་མི་གཙང་བ་ལ་གཙང་བར་འཛིན་པ་ལ་སོགས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རྟག་ཏུ་བརྟེན་ནས་གནས་ལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སེམས་ཀྱི་ཆོས་དབྱིངས་རང་བཞིན་གྱིས་དག་པ་ལ་བརྟེན་ནས་རབ་ཏུ་གནས་སོ། །སེམས་ཀྱི་རང་བཞིན་ཁམས་རྣམ་པར་དག་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་ཀུན་རྫོབ་པའི་ཆོས་རྣམས་ནི་ཐམས་ཅད་ལ་ཡང་བརྟེན་ནས་གནས་པ་མེད་དེ་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །གསུམ་པ་དཔེ་དོན་སྦྱར་བ་ནི་ཟག་བཅས་ཀྱི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ནི་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་དང་འདྲ་བར་ཤེས་པར་བྱའོ། །ལུས་ཅན་རྣམས་ཀྱི་ལུས་དང་ཉོན་མོངས་པ་ནི་ཕུང་པོ་ལ་སོགས་པ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་ཆགས་པའི་རྒྱུ་ཆུའི་ཁམས་དང་འདྲ་བར་ཤེས་པར་བྱའོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ལས་དང་ཉོན་མོངས་པས་ཀུན་ནས་བསླང་བའི་ཕྱིར་རླུང་གི་ཁམས་དང་འདྲ་བར་ལྟ་བར་བྱའོ། །སེམས་ཀྱི་རང་བཞིན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྟེན་བྱེད་པའི་ཕྱིར་ནམ་མཁའི་ཁམས་བཞིན་དུ་དེ་ནི་རང་ཉིད་གཞི་འགའ་ཞིག་ལ་བརྟེན་པ་ཅན་མིན་ཅིང་གང་ལ་ཡང་གནས་པ་མེད་དོ། །བཞི་པ་ཆོས་མཐུན་སྦྱར་བ་ནི། ཇི་ལྟར་ནམ་མཁའ་ལ་བརྟེན་པའི་རླུང་གིས་ཆུའི་ཕུང་པོ་བསྲུབས་པ་ལས་སའི་དཀྱིལ་འཁོར་ཆགས་པ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་ལ་རབ་ཏུ་གནས་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་ལས་དང་ཉོན་མོངས་པ་རབ་ཏུ་ཕྱེ་བ་སེམས་བསྐྱེད་དོ། །ལས་དང་ཉོན་མོངས་པ་ཆུ་དང་འདྲ་བ་ལས་ནི་ས་དང་འདྲ་བའི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་འབྱུང་ངོ་། །ཕྱི་སྣོད་ཀྱི་འཇིག་རྟེན་དེ་འཇིག་པ་དང་ཆགས་པ་ལྟར་ན་སེམས་ཅན་ཡང་སྐྱེ་བ་དང་འཇིག་པར་འགྱུར་བ་ཡིན་ནོ། །མདོ་ལས་སྣོད་ཀྱི་འཇིག་རྟེན་དེ་ཐམས་ཅད་ཀྱི་རྟེན་ནམ་མཁའི་ཁམས་ནི་སྐྱེ་བ་དང་འཇིག་པ་མེད་པ་ལྟར་ནང་སེམས་ཅན་གྱི་རྟེན་སེམས་ཀྱི་རང་བཞིན་ཁམས་ལའང་ཉེར་ལེན་གྱི་རྒྱུ་མེད་ཅིང་ལྷན་ཅིག་བྱེད་པའི་རྐྱེན་མེད་དེ་དེས་ན་རྒྱུ་རྐྱེན་གཉིས་ཚོགས་པ་མེད་ཅིང་དེས་ན་དང་པོར་སྐྱེ་བ་དང་བར་དུ་གནས་པ་དང་མཐར་འཇིག་པ་ཡོད་པ་མ་ཡིན་ནོ། །མདོ་ལས། ནམ་མཁའི་ཁམས་ཇི་ལྟ་བ་དེ་ལྟར་ན་རང་བཞིན་ནོ། །རླུང་གི་ཁམས་ཇི་ལྟ་བ་དེ་ལྟར་ན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །ཆུའི་ཁམས་ཇི་ལྟ་བ་དེ་ལྟར་ན་ལས་དང་ཉོན་མོངས་པའོ། །སའི་ཁམས་ཇི་ལྟ་བ་དེ་ལྟར་ན་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་སོ། །དེས་ན་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ་སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་པའི་རྩ་བ་ཅན། རྩ་བ་མེད་པའི་རྩ་བ་ཅན་ཞེས་བརྗོད་དོ་ཞེས་གསུངས་སོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ལ་གཉིས་ལས། ཉོན་མོངས་པས་མ་གོས་པའི་དོན་བསྡུ་བ་ནི། སེམས་ཀྱི་རང་བཞིན་གདོད་མ་ནས་འོད་གསལ་བ་གང་ཡིན་པའི་ཁམས་དེ་ནི་སྒྲིབ་པ་ཡོད་མེད་ཀྱིས་རང་གི་ངོ་བོ་བཟང་ངན་ལ་སོགས་པ་གཞན་དུ་འགྱུར་བ་མེད་དེ་ཡང་དག་པ་མ་ཡིན་པ་ཚུལ་བཞིན་མ་ཡིན་པའི་རྟོག་པ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་བློ་བུར་གྱི་དྲི་མས་ཁམས་དེ་ཉོན་མོངས་པར་མི་འགྱུར་བའི་ཕྱིར་རོ། །དཔེར་ན་ནམ་མཁའ་སྤྲིན་དང་ཁུག་རྣ་ལ་སོགས་པའི་ཉེས་པས་མི་འགྱུར་བ་བཞིན་ནོ། །གཉིས་པ་སྐྱེ་འཇིག་མེད་པའི་དོན་བསྡུ་བ་ནི། ནམ་མཁའ་སྐྱེ་བ་མེད་པ་ལྟར་ལས་དང་ཉོན་མོངས་པའི་ཆུའི་ཚོགས་ཀྱིས་ཁམས་འདི་ནི་མངོན་པར་འགྲུབ་པ་སྟེ་སྐྱེ་བ་མིན་ཏེ་འདུས་མ་བྱས་པའི་ཕྱིར་རོ། །ནམ་མཁའ་འཇིག་པ་མེད་པ་ལྟར་ཁམས་ཀྱང་འཆི་བ་དང་ན་བ་དང་རྒས་པའི་མེ་མི་ཟད་པས་ཀྱང་ཚིག་པ་སྟེ་འཇིག་པར་མི་འགྱུར་ཏེ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །བཞི་པ་ཕུང་པོ་འཇིག་པའི་རྒྱུ་ནི་ཕུང་པོའི་རྒྱུན་འཇིག་པའི་རྒྱུ་འཆི་བའི་མེ་ནི་རིམ་པ་བཞིན་དུ་དུས་མཐའི་མེས་འཇིག་པར་བྱེད་པ་དང་འདྲ་བར་ཤེས་པར་བྱ་སྟེ་ཕུང་པོའི་རྒྱུན་འཇིག་པར་བྱེད་པའི་ཕྱིར་རོ། །ན་བའི་མེ་ནི་དམྱལ་བའི་མེས་སྡུག་བསྔལ་བསྐྱེད་པ་དེ་དང་འདྲ་བར་ཤེས་པར་བྱ་སྟེ། ཕུང་པོ་ལ་སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད་པའི་ཕྱིར་རོ། །རྒ་བའི་མེ་ནི་ཐ་མལ་གྱི་མེས་འབྱུང་བ་སྨིན་པར་བྱེད་པ་དང་འདྲ་བར་ཤེས་པར་བྱ་སྟེ་འདུ་བྱེད་ཀྱི་ཕུང་པོ་སྨིན་པར་བྱེད་པའི་ཕྱིར་རོ། །ཁམས་ནི་མེ་གསུམ་པོ་དེ་དག་གིས་འཇིག་པ་མ་ཡིན་ཏེ། དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་དང་སྐྱེ་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དོ། །བཅོམ་ལྡན་འདས་འཆི་བ་ཞེས་བགྱི་བ་འདི་ནི་དབང་པོ་འགགས་པའོ། །བཅོམ་ལྡན་འདས་སྐྱེ་བ་ཞེས་བགྱི་བ་འདི་ནི་དབང་པོ་གསར་རྣམས་ཐོབ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ། འཆི་བའམ། འཆི་འཕོ་དང་སྐྱེ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པ་སྟེ། རྟག་པ་བརྟན་པ། ཞི་བ་གཡུང་དྲུང་ངོ་། །ཞེས་སོ། །གཉིས་པ་གཉིས་ཀའི་གནས་སྐབས་ན་འགྱུར་བ་མེད་པ་ལ་གཉིས་སྟེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཟག་བཅས་ཀྱི་ལས་ཀྱི་འཕངས་པའི་སྐྱེ་བ་དང་སོགས་པ་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་གྱིས་ཕོངས་པ་དང་བྲལ་བས་དག་པ་ཡིན་ཏེ་ཁམས་འདིའི་རང་བཞིན་ནི་གནས་ལུགས་ཇི་ལྟ་བ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །ཁམས་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། ཕུང་པོ་གསར་དུ་འགྲུབ་པའི་སྐྱེ་བ་དང་ཕུང་པོའི་རྒྱུན་འགགས་པའི་འཆི་བ་དང་བདེ་བ་འཇོམས་པའི་ན་བ་དང་རྒྱུན་འགྱུར་བའི་རྒ་བ་ལས་གྲོལ་བའོ། །དེ་ལྟར་ན་ཡང་སྐྱེ་བ་ལ་སོགས་པའི་ཚུལ་གྱི་འཁོར་བར་བརྟེན་པར་བྱེད་དོ། །རྒྱུ་གང་ལས་ཞེ་ན་འགྲོ་བ་ཐམས་ཅད་ལ་སྡུག་བསྔལ་མཐའ་དག་ལས་བསྒྲལ་བར་འདོད་པའི་སྙིང་བརྩེ་བ་ཆེན་པོ་བསྐྱེད་པའི་ཕྱིར་དེའི་རྒྱུ་ལས་སོ། །དེ་ཉིད་ཀྱང་རྒྱུ་གང་ལས་ཞེ་ན་ཁམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོག་པ་དེའི་རྒྱུ་ལས་དེ་ལྟར་མ་རྟོགས་པ་རྣམས་ལ་ཐུགས་རྗེ་འཁྲུངས་པའོ། །བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་གོམས་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་ལ་གསུམ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་དག་པའི་ཚུལ། སྙིང་རྗེའི་དབང་གིས་མ་དག་པའི་ཚུལ། དེ་དག་ལས་སྤྱོད་པ་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ཟག་བཅས་ཀྱི་འཁོར་བའི་སྡུག་བསྔལ་ལ་རང་དབང་མེད་པར་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་མ་ལུས་པ་རྩ་བ་ནས་སྤངས་པས་དག་པ་ཡིན་ཏེ་ཟག་བཅས་ཀྱི་ལས་ཀྱི་དབང་གིས་རང་དབང་མེད་པར་སྐྱེ་བ་དེ་མེད་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་དེ་དག་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྔོན་དུ་བཏང་བའི་ལས་དང་ཉོན་མོངས་པ་དེ་མེད་པའི་ཕྱིར་རོ། །དེ་དག་གི་ཁྱབ་པ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྔོན་དུ་བཏང་བའི་ལས་དང་ཉོན་མོངས་པའི་དབང་གིས་ཟག་བཅས་ཀྱི་སྐྱེ་བ་ལེན་ཞིང་དེ་ལ་འཆི་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཤེས་རབ་ཀྱིས་ཁམས་ཇི་ལྟ་བ་བཞིན་ཡང་དག་པར་མངོན་སུམ་དུ་མཐོང་བའི་ཕྱིར་རང་ཉིད་ཟག་བཅས་ཀྱི་སྐྱེ་བ་ལ་སོགས་པའི་རྒུད་པ་རྣམས་ལས་འདས་པར་གྱུར་ཀྱང་ཁམས་ཇི་ལྟ་བ་བཞིན་མ་རྟོགས་པའི་སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པས་བསམ་བཞིན་དུ་སྲིད་པར་ཉིང་འཚམས་སྦྱར་ཏེ་སྐྱེ་བ་དང་འཆི་བ་དང་རྒ་བ་དང་ན་བར་ཀུན་དུ་སྟོན་པར་བྱེད་དེ་སེམས་ཅན་སྨིན་པར་བྱེད་པའི་ཕྱིར་རོ། །རྒྱལ་བའི་ཡུམ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིས། །ཁམས་གསུམ་ཡང་དག་འདས་ལས་རྣམ་པར་གྲོལ་བའང་མིན། །ཉོན་མོངས་ཟད་པར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། །རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་སོ། །དེ་ལ་སྐྱེ་བ་འགྲུབ་པའི་རྒྱུ་ནི་ཟག་མེད་ཀྱི་ལས་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། དེ་དག་གི་འཁོར་བའི་རྒྱུ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན་འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་མི་སྐྱོ་བ་དང་། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་། ཕ་རོལ་དུ་ཕྱིན་པའི་ཀུན་དུ་སྦྱོར་བ་རྣམས་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ་གང་གིས་བྱང་ཆུབ་སེམས་དཔའ་ཀུན་དུ་སྦྱོར་བར་བྱེད་ཀྱང་ཉེས་པའི་སྐྱོན་གྱིས་མི་གོས་པ་དགེའ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ་ཞེས་གསུངས་སོ། །མ་རིག་བག་ཆགས་ཀྱི་ས་ལ་བརྟེན་ནས་ཟག་མེད་ཀྱི་ལས་དེ་དག་གིས་ཁམས་གསུམ་དུ་ཉིང་འཚམས་སྦྱོར་བར་བྱེད་པས། ཉོན་མོངས་པ་དང་འདྲ་བའི་དེར་བཏགས་པ་མ་ཡིན་གྱི་ཉོན་མོངས་པ་དངོས་ནི་མ་ཡིན་ཏེ། དེ་ཉིད་ལས། བློ་གྲོས་རྒྱ་མཚོ། འདི་ལྟར་འདི་ལྟ་བུའི་རང་བཞིན་གྱིས་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་པར་ཀུན་དུ་སྦྱོར་བ་ཁམས་གསུམ་པ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་དགེའ་བའི་རྩ་བའི་སྟོབས་སྐྱེད་པས་བསམ་བཞིན་དུ་ཁམས་གསུམ་དུ་ཀུན་དུ་སྦྱོར་ཏེ། དེས་ན་དགེའ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པར་སྦྱོར་བ་ཡིན་གྱི་སེམས་ཉེ་བར་ཉོན་མོངས་པ་མ་ཡིན་ནོ། །ཞེས་སོ། །འཁོར་བའི་སྐྱེ་བ་ནི་འདིར་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་ཅིང་དེ་ཉིད་ཟག་པ་དང་བཅས་པའི་ལས་ཀྱིས་མ་བསྐྱེད་པས་མྱ་ངན་ལས་འདས་པ་ཡིན་ཡང་ཟག་མེད་ཀྱི་ལས་ཀྱིས་འདུས་བྱས་པའི་ཕྱིར་འཁོར་བ་ཡང་ཡིན་པའི་དག་པ་དང་མ་དག་པ་འདྲེས་པའི་གནས་སྐབས་ཞེས་བྱ་སྟེ། འགྲེལ་པ་ལས། འཁོར་བ་ནི་འདིར་ཟག་པ་མེད་པའི་དབྱིངས་ན་ཁམས་གསུམ་པའི་གཟུགས་བརྙན་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་ཡིན་པར་འདོད་དོ། །དེ་ནི་ཟག་པ་མེད་པའི་དགེའ་བའི་རྩ་བས་མངོན་པར་འདུས་བྱས་པའི་ཕྱིར་འཁོར་བ་ཡིན་ལ། ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པས་མངོན་པར་འདུས་བྱས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཡང་དེ་ཉིད་དོ་ཞེས་པ་དང་། མདོ་ལས། བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ། །ཞེས་སོ། །དེ་ལ་ཤེས་རབ་ཀྱི་སྟོབས་ཀྱིས་སྲིད་པ་ལས་གྲོལ་ཡང་སྙིང་རྗེའི་དབང་གིས་འཁོར་བར་སྐྱེ་བ་འཛིན་པ་ནི་ས་ཐམས་ཅད་ན་ཡང་ཡོད་མོད་ཀྱི། འོན་ཀྱང་གཙོ་ཆེར་ས་དྲུག་པ་ལ་རྣམ་པར་བཞག་སྟེ། འགྲེལ་པ་ལས། དེ་ཡང་ཐོག་མ་མེད་པའི་ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པ་བསྒོམས་པ་དང་། སྙིང་རྗེ་ཆེན་པོ་བསྒོམས་པས་ཟག་པ་ཟད་པའི་མངོན་པར་ཤེས་པ་ལ་མངོན་དུ་ཕྱོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱབས་པའི་སེམས་ཅན་དུ་མངོན་དུ་མི་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་དུ་གྱུར་པ་ལ་གཙོ་བོར་རྣམ་པར་བཞག་པ་ཡིན་ནོ་ཞེས་པ་དང་། རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །ས་དེ་ལ་རྟེན་འབྲེལ་ལུགས་འབྱུང་ཤེས་པས་བསམ་བཞིན་དུ་སྲིད་པར་སྐྱེ་བ་འཛིན་ཡང་ལུགས་ལྡོག་ཤེས་པས་ཀུན་ནས་ཉོན་མོངས་པས་གོས་པར་མི་འགྱུར་ཏེ། དེ་ཉིད་ལས། ཆེད་དུ་བསམས་ཏེ་སྐྱེ་བས་ན། །ཀུན་ནས་ཉོན་མོངས་རྗེས་སུ་བསྲུང་། །ཞེས་སོ། །གསུམ་པ་དེ་དག་ལ་སྤྱད་པ་སྤྱོད་པའི་ཚུལ་ལ་བཞི་སྟེ། དོན་དམ་པའི་སེམས་དང་པོ་བསྐྱེད་པ་དང་། མ་གོས་པའི་སྤྱོད་པ་ལ་ཞུགས་པ་དང་། རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་ཀྱི་སྤྱོད་པའོ། །དང་པོ་ལ་གཉིས་ཏེ། འཕགས་པའི་སྤྱོད་པ་ངོ་མཚར་བ། །དེ་སྙིང་རྗེའི་བྱེད་པར་བསྟན་པའོ། །དང་པོ་ནི། ས་དང་པོ་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་གང་ཡིན་པ་དེ་རྨད་དུ་བྱུང་ཞིང་ངོ་མཚར་བ་ཉིད་སྤྱོད་པ་ཇི་ལྟ་བུ་ཞེ་ན་སྐྱེ་བ་ལ་སོགས་པས་སམ། འགྱུར་བ་མེད་པའི་ཁམས་ཀྱི་ཆོས་ཉིད་འདི་མངོན་སུམ་དུ་རྟོགས་ནས་རང་ཉིད་སྐྱེ་འཆི་ལས་གྲོལ་ཡང་གདུལ་བྱ་བདག་གཉིས་སུ་རྨོངས་པའི་མ་རིག་པས་མིག་མདོངས་པའི་སེམས་ཅན་རྣམས་ཀྱིས་སྐྱེ་བ་དང་འཆི་བ་ལ་སོགས་པ་དག་ཏུ་མཐོང་ནས་སེམས་ཅན་སྨིན་པར་བྱེད་པའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་དེ་འཕགས་པའི་སྤྱོད་ཡུལ་སྐྱེ་འཆི་ལས་གྲོལ་བའི་གོ་འཕང་ཐོབ་པ་གང་ཡིན་པ་དེ་སྙིང་རྗེའི་དབང་གིས་སྐྱེ་འཆི་ལ་གནས་པའི་བྱིས་པའི་སེམས་ཅན་གྱི་སྣང་ངོར་སྐྱེ་བ་ལ་སོགས་པའི་སྤྱོད་ཡུལ་ཅན་དུ་སྟོན་ཏེ་དེ་ཉིད་ཀྱི་ཕྱིར་ན་འགྲོ་བའི་གཉེན་དུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་བྱེད་པའི་ཐབས་དང་དེའི་ཀུན་སློང་སྙིང་རྗེ་ཆེན་པོ་ནི་མཆོག་ཏུ་གྱུར་པའོ། །རྒྱན་ལས། སྙིང་རྗེ་དང་ནི་བཟོད་དང་སེམས་དཔའ་དང་། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །དེ་ནི་སྙིང་རྗེ་ཆེན་པོའི་ལྗོན་ཤིང་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་མ་གོས་པའི་སྤྱོད་པ་ལ་ཞུགས་པའི་སྤྱོད་པ་ནི། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་རང་ཉིད་འཇིག་རྟེན་གྱི་སྤྱོད་པ་ཐམས་ཅད་ལས་འདས་ཀྱང་སྙིང་རྗེའི་དབང་གིས་འཇིག་རྟེན་ལས་མ་གཡོས་ཏེ་མྱ་ངན་འདས་པ་མངོན་དུ་མི་མཛད་ལ། སྙིང་རྗེའི་གདུལ་བྱའི་འཇིག་རྟེན་གྱི་དོན་དུ་འཇིག་རྟེན་ན་སྐྱེ་བ་ལ་སོགས་པའི་ཚུལ་བཟུང་ནས་སྤྱོད་ཀྱང་ཤེས་རབ་ཀྱིས་འཇིག་རྟེན་གྱི་ཉེས་པའི་དྲི་མས་མ་གོས་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་དོ། །དེས་དཔེའ་མཚོན་པ་ནི་ཇི་ལྟར་པདྨ་ཆུའི་ནང་སྐྱེས་ཀྱང་ཆུ་ཡིས་གོས་པ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ནི་གཞན་དོན་དུ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་སོ། །གསུམ་པ་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་སྤྱོད་པ་ནི། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཏུ་སྙིང་རྗེས་གཞན་དོན་གྱི་བྱ་བ་བསྡུ་བའི་དངོས་པོ་བཞི་བསྒྲུབ་པ་ལ་དུས་རྟག་ཏུ་བློ་འབད་རྩོལ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པར་འབར་བ་སྟེ་དཔེར་ན་བུད་ཤིང་སྐམ་པོ་ལ་མེ་སྟོབས་སུ་གྱུར་པ་དང་མེ་ཐུར་གྱིས་འབར་བ་བཞིན་དུའོ། །རྒྱན་ལས། ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་ཡོད་ཤེས་བྱས་ཏེ། །ཞེས་གཞན་དོན་གྱི་བྱ་བ་ཐམས་ཅད་དོན་ཡོད་པར་གསུངས་པའི་ཕྱིར་རོ། །མཉམ་བཞག་ཇི་ལྟ་བ་རྟོགས་པའི་ཤེས་རབ་རབ་ཀྱིས་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་བསམ་གཏན་ལ་སྙོམས་པར་འཇུག་པ་ལ་ཡང་དུས་རྟག་ཏུ་སྙོམས་པར་ཞུགས་ཤིང་མཉམ་པར་བཞག་པ་ཡིན་ནོ། །དེ་ལ་ས་བདུན་པ་མན་ཆད་དུ་ནི་མཚན་མ་མེད་པའི་མཉམ་བཞག་དང་། རྗེས་ཐོབ་ཀྱིས་གཞན་དོན་ལ་འབད་རྩོལ་དང་བཅས་པའི་ཕྱིར་རྒྱུད་གཅིག་ལ་དུས་གཅིག་ཆར་མཉམ་དུ་མི་འཇུག་པས་རེས་འཇོག་ཡིན་ཅིང་དེ་སྲིད་དུ་དུས་རྟག་ཏུ་ཆོས་ཉིད་ལ་མཉམ་པར་འཇོག་པ་ཡང་དཀའ་བ་ཡིན་ཏེ། རྒྱལ་བའི་ཡུམ་ལས། སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱང་བར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་ནི་མི་བྱའོ་ཞེས་སོ། །ས་བརྒྱད་པ་ཡན་ཆད་དུ་ནི་མི་རྟོག་ཡེ་ཤེས་དང་རྗེས་ཐོབ་ཀྱིས་གཞན་དོན་གཉིས་ཀ་ལྷུན་གྱིས་གྲུབ་པའི་ཕྱིར་དུས་གཅིག་ཆར་མཉམ་དུ་འཇུག་པ་ཡིན་ཏེ། རྒྱན་ལས། མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་བ་སྟེ། །ཞེས་སོ། །དེས་ན་ས་དྲུག་པ་མན་ཆད་ཀྱི་མཚན་མའི་འདུ་ཤེས་དང་བདུན་པའི་མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བ་ཞེས་བྱ་སྟེ། དེ་ཉིད་ལས། འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་སོ། །དེ་ཡང་བློའི་ངོ་བོ་གཅིག་ཏུ་སྐྱེ་བ་ནི་མ་ཡིན་ཏེ་མི་རྟོག་ཡེ་ཤེས་ཀྱི་ངོ་བོ་ལ་མཚན་མར་འཛིན་པ་མེད་ཅིང་རྗེས་ཐོབ་ཀྱི་འཁོར་ན་མཚན་མར་འཛིན་པ་ཡོད་པའི་ཕྱིར་རོ། །བཞི་པ་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་ལྔ་སྟེ། འཕྲིན་ལས་འབད་པ་ལ་མི་ལྟོས་པའི་རྒྱུ། འཕྲིན་ལས་སྣ་ཚོགས་པའི་ཚུལ། ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ། གཞན་དོན་སངས་རྒྱས་དང་མཚུངས་པ། རང་དོན་སངས་རྒྱས་དང་མི་མཚུངས་པའོ། །དང་པོ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་ནི་གདུལ་བྱ་ལུས་ཅན་རྣམས་སྨིན་པར་བྱ་བའི་དོན་དུ་འབད་པ་དང་རྩོལ་བ་བྱེད་པ་མ་ཡིན་ནོ། །ཅི་སྟེ་ན་ཀུན་སློང་གི་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །འོ་ན་གཞན་དོན་རྒྱུ་གང་ལས་བྱེད་ཅེ་ན། ས་དགུ་པ་མན་ཆད་དུ་གཞན་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག་ཅེས་པའི་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་སྟེ་མཐུ་དང་ནི་ཞེས་པས་དེའི་རྒྱུ་ལས་སོ། །གཉིས་པ་ནི། གདུལ་བྱ་གང་ཞིག་ཐབས་གང་གིས་ཚུལ་ཇི་ལྟར་འདུལ་བའི་ཐབས་གསུང་གི་འཕྲིན་ལས་ཆོས་བསྟན་པ་དང་། གཟུགས་སྐུའི་འཕྲིན་ལས་སྤྲུལ་པའི་སྐུས་མཛད་པ་བཅུ་གཉིས་ཀྱི་སྣང་བ་སྟོན་པ་དག་དང་། ཆགས་ཅན་འདུལ་བའི་དོན་དུ་འདོད་ཆགས་ལ་སྤྱོད་པ་ལྟར་སྟོན་པ་དང་། འགྲོ་ཆགས་ལ་སོགས་པའམ་རྫུ་འཕྲུལ་ལ་སོགས་པའི་སྤྱོད་ལམ་གྱིས་འདུལ་བ་ཡིན་ཀྱང་རུང་སྟེ་མཛད་པ་པོ་ལ་རྩོལ་བ་དང་རྟོག་པ་མེད་ཀྱང་དེས་ཐབས་དེ་ཚུལ་དེ་ལྟ་བུ་ཉིད་དུ་ཤེས་སོ། །གསུམ་པ་ནི། དེ་ལྟར་ན་ཡུལ་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གདུལ་བྱའི་འགྲོ་བ་རྣམས་ལ་དུས་རྟག་ཏུ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཅན་གྱི་དོན་ལ་ཡང་དག་པར་འཇུག་གོ། །ཚུལ་ཇི་ལྟར་ན་ལྷུན་གྱིས་གྲུབ་པར་འཕྲིན་ལས་ཐམས་ཅད་དོན་ཡོད་པའི་ཐོགས་པ་མེད་པར་རོ། །བཞི་པ་ནི། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་འཕྲིན་ལས་འཇུག་པའི་ཚུལ་འདི་ནི་དེ་བཞིན་གཤེགས་པ་རྣམས་དང་འཇིག་རྟེན་ན་ནི་མཉམ་པ་ཉིད་དོ། །དེ་ཡང་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་འཆད་པ་དང་སྣ་ཚོགས་པར་འབྱུང་བ་ཙམ་དུ་མཉམ་པ་ཡིན་གྱི་གཏན་ནས་ཁྱད་པར་མེད་པ་ནི་མ་ཡིན་ཏེ་དེ་བཞིན་གཤེགས་པས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བར་མཛད་ལ། བྱང་ཆུབ་དེ་ལྟ་བུ་མཛད་པར་མ་གསུངས་པའི་ཕྱིར་རོ། །ལྔ་པ་ནི། གཞན་དོན་དེ་བཞིན་གཤེགས་པ་དང་མཚུངས་པ་དེ་ལྟ་མོད་ཀྱི་རང་དོན་སྤངས་པ་དང་རྟོགས་པའི་ཡོན་ཏན་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ་ཇི་ལྟར་ས་ཆེན་པོའི་དཀྱིལ་འཁོར་དང་རྡུལ་ཕྲན་ནམ་རྒྱ་མཚོ་ཆེན་པོ་དང་བ་གླང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ཡང་དེ་ཙམ་ཉིད་དོ། །གསུམ་པ་དག་པའི་གནས་སྐབས་ན་འགྱུར་བ་མེད་པའི་དོན་ལ་གསུམ་སྟེ། རྟག་པ་ལ་སོགས་པའི་དོན་དགོད། དོན་རྟགས་སོགས་ཀྱིས་བསྒྲུབ་བྱ་བསྒྲུབས། །དོན་དང་ཐ་སྙད་སྦྱར་བའོ། །དང་པོ་ལ། རྟག་པའི་དོན་ནི་ཟག་པ་མེད་པའི་ཁམས་དེ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་ལུས་སྔ་མ་དོར་ནས་གཞན་ཕྱི་མར་འགྱུར་བ་མིན་པའི་བདག་ཉིད་ཡིན་ཏེ་ཕུང་པོ་ལྷག་མ་མེད་པའི་གནས་སྐབས་ན་ཡང་མི་ཟད་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་རོ། །བརྟན་པའི་དོན་ནི་འགྲོ་བ་རྣམས་ཀྱི་མི་བསླུ་བའི་གཏན་གྱི་སྐྱབས་ཡིན་ཏེ་ཕྱི་མའི་མཐའ་མེད་པའི་མུར་ཐུག་པ་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་མི་འགྱུར་བའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཞི་བའི་དོན་ནི་ཁམས་དེ་ནི་དུས་རྟག་ཏུ་སྒྲོ་འདོགས་བསྐུར་འདེབས་ཀྱི་མཐའ་གཉིས་སུ་འཁྲུལ་པ་མེད་དེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །གཡུང་དྲུང་གི་དོན་ནི་ཟག་བཅས་ཟག་མེད་ཀྱི་ལས་ཀྱིས་མངོན་པར་འདུས་བྱས་པས་གནས་སྐབས་གཞན་དུ་འགྱུར་བའི་འཇིག་པ་མེད་པའི་ཆོས་ཀྱང་ཡིན་ཏེ། ལས་ཀྱིས་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་བསྟན་པ་དང་། བཤད་པ་གཉིས་ལས། དང་པོ་ནི། རྣམ་པར་དག་པའི་ཟག་མེད་ཀྱི་ཁམས་དེ་ནི་ཞེས་པ་གཞི་ཆོས་ཅན་ཡིན་ལ། དང་པོར་སྐྱེ་བ་མེད་ཅིང་མཐར་འཆི་བ་མེད་ལ་བར་དུ་ན་བས་གནོད་པ་མེད་པ་དང་རྒ་བས་གཞན་དུ་གྱུར་པ་མེད་པ་སྟེ་ཞེས་པ་ནི་བསྒྲུབ་བྱ་ཡིན་ཅིང་རྟག་པའི་ཕྱིར་དང་བརྟན་པའི་ཕྱིར་དང་ཞི་བའི་ཕྱིར་དང་གཡུང་དྲུང་ཡིན་པའི་ཕྱིར་ཞེས་པ་རྣམས་ནི་རིམ་པ་ལྟར་གཏན་ཚིགས་ཡིན་ནོ། །གཉིས་པ་ནི། དག་པའི་གནས་སྐབས་ཀྱི་ཁམས་དེ་དག་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཕུང་པོ་སྐྱེ་བ་མེད་དེ་རྟག་པའི་ཕྱིར་རོ། །ཁམས་དེ་བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡིད་འཆི་འཕོ་བས་མི་འཆི་སྟེ་བརྟན་པའི་ཕྱིར་རོ། །ཉོན་མོངས་པ་དང་ཤེས་སྒྲིབ་ཀྱི་བག་ཆགས་ཕྲ་མོ་ཙམ་གྱི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་དེ་ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ལས་ཀྱིས་མངོན་པར་འདུ་བྱེད་པའི་འབྲས་བུ་སྨིན་པའི་རྒ་བ་མེད་དེ་གཡུང་དྲུང་ཡིན་པའི་ཕྱིར་རོ། །གསུམ་པ་ལའང་བསྟན་པ་དང་བཤད་པ་གཉིས་ལས། དང་པོ་ནི། རྟག་པ་ལ་སོགས་པ་སྐྱེ་བ་མེད་པ་ལ་སོགས་པས་བསྒྲུབས་པ་དེ་ལ་གཞན་གྱུར་མིན་བདག་ཅེས་པ་དང་། དེ་ནི་ཡིད་ཀྱི་ཞེས་པའི་བསྟན་བཤད་ཀྱི་ཚིག་གཉིས་དང་དེ་བཞིན་དུ་འགྲོ་སྐྱབས་ཞེས་བསྟན་པ་དང་བསམ་གྱིས་མི་ཁྱབ་ཅེས་བཤད་པའི་ཚིག་གཉིས་དང་དེ་ནི་རྟག་ཏུ་ཞེས་བསྟན་པ་དང་བག་ཆགས་ཕྲ་མོའི་ཞེས་བཤད་པའི་ཚིག་གཉིས་དང་འཇིག་མེད་ཅེས་བསྟན་པ་དང་ཟག་མེད་ཅེས་བཤད་པའི་ཚིག་གཉིས་ཀྱིས་གོ་རིམ་བཞིན་དུ་གཞི་འདུས་མ་བྱས་ཀྱི་དབྱིངས་ལ་སྐྱེ་བ་མེད་པ་ལ་སོགས་པ་བསྒྲུབ་པའི་རྟགས་ལ་སོགས་པའི་དོན་མདོ་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། ཕུང་པོ་ལྷག་མེད་ཀྱི་གནས་སྐབས་ན་མི་ཟད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་ནི་ཁམས་ཀྱི་རྟག་པའི་དོན་ཡིན་ནོ། །ཕྱི་མའི་མཐའ་མུ་དང་མཚུངས་པར་རྒྱུན་མི་འཆད་པའི་ཕྱིར་སྐྱབས་ཀྱི་བདག་ཉིད་ནི་བརྟན་པའི་དོན་ཡིན་ནོ། །རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར་མཐའ་གཉིས་མེད་པའི་ཆོས་ཉིད་ནི་ཞི་བའི་དོན་ཡིན་ནོ་འདུ་བྱེད་ཀྱི་ལས་ཀྱིས་མ་བཅོས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ན་འཇིག་པ་མེད་པའི་དོན་ནི་གཡུང་དྲུང་ཉིད་ཀྱི་དོན་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། མི་ཟད་པའི་ཆོས་ཉིད་ཀྱིས་གཞན་དུ་མི་འགྱུར་བའི་ཆོས་ཀྱི་སྐུ་འདི་ནི་རྟག་པའོ། །ཤཱ་རིའི་བུ། ཕྱི་མའི་མཐའི་མུ་དང་མཚུངས་པ་ཉིད་ཀྱིས་བསྟན་པའི་སྐྱབས་སུ་གྱུར་པའི་ཆོས་ཀྱི་སྐུ་འདི་ནི་བརྟན་པའོ། །ཤཱ་རིའི་བུ། རྣམ་པར་རྟོག་པ་ཉིད་ཀྱིས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་འདི་ནི་ཞི་བའོ། །ཤཱ་རིའི་བུ། མ་བཅོས་པའི་ཆོས་ཉིད་ཀྱིས་འཇིག་པ་མེད་པའི་ཆོས་ཀྱི་སྐུ་འདི་ནི་གཡུང་དྲུང་ངོ་། །ཞེས་གསུངས་སོ། །ལྔ་པ་ཡོན་ཏན་དབྱེར་མེད་པའི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་དག་རྫོགས་པའི་སངས་རྒྱས་ཉིད་མྱ་ངན་ལས་འདས་པ་ཡིན་གྱི་གཉིས་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་གཞན་མེད་དོ། །ཅི་སྟེ་ན་ཇི་ལྟར་ཉི་མའི་དཀྱིལ་འཁོར་དང་དེ་ལས་འོད་ཟེར་འཕྲོ་བ་ཐ་དད་མེད་པ་བཞིན་དུ་སངས་རྒྱས་ཀྱི་ཡོན་ཏན་བཞི་དང་སྤངས་པ་མྱ་ངན་ལས་འདས་པ་གཉིས་ཟག་མེད་ཀྱི་ཁམས་ལ་རང་བཞིན་དབྱེར་མེད་པས་སོ། །དེ་ཡང་གང་གི་ཕྱིར་ན་ཁམས་དེ་ནི་ཆོས་ཀྱི་སྐུ་ཡང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་ཞིང་དེ་ཉིད་ནི་འཕགས་པའི་དོན་དམ་པའི་བདེན་པ་དང་མྱ་ངན་ལས་འདས་པ་ཡང་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཁམས་ཀྱི་ཐ་སྙད་ཀྱི་རྣམ་གྲངས་སྤང་རྟོགས་ཀྱི་ཡོན་ཏན་དབྱེར་མེད་པ། དེས་ན་མྱང་འདས་གཅིག་ཏུ་གྲུབ་པའོ། །དང་པོ་ནི། མདོར་ན་སངས་རྒྱས་ཀྱི་ཁམས་ཟག་པ་མེད་པའི་དབྱིངས་ལ་ནི་ཆོས་ཀྱི་སྐུ་དང་དེ་བཞིན་གཤེགས་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་གྲངས་བཞིར་ནི་རིག་པར་བྱའོ། །ཐ་སྙད་ཀྱི་རྒྱུ་མཚན་ནི་དོན་གྱིས་རབ་ཏུ་ཕྱེ་བ་བཞིས་སོ། །དོན་བཞི་པོ་གང་ཡིན་ཟེར་ན། དེ་ལ་ཟག་པ་མེད་པའི་དབྱིངས་ནི་སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཀྱི་ཡོན་ཏན་དང་དབྱེར་མེད་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་བྱ་སྟེ། མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པས་མ་སྟོང་པའོ་ཞེས་སོ། །དེ་བཞིན་གཤེགས་པའི་དེའི་རིགས་ཁམས་དེ་ཇི་ལྟ་བ་བཞིན་ཐོབ་པ་སྟེ་རྟོགས་པའི་ཡེ་ཤེས་ཀྱི་ཆ་ནས་རྒྱུད་ནས་འོངས་པ་ཐོག་མ་མེད་པའི་ཆོས་ཉིད་ཀྱིས་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཏེ་དེ་འདྲ་བ་ཡིན་ནོ་ཞེས་སོ། །ཁམས་དེ་ཉིད་བརྫུན་པའི་ཆོས་སུ་མེད་ཅིང་གཞན་དུ་མི་འགྱུར་བས་བསླུ་བ་མེད་པའི་ཆོས་ཉིད་དུ་གནས་པའི་ཆ་ནས་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། དེ་ལ་དོན་དམ་པའི་བདེན་པ་ནི་མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པ་གང་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་གཏན་དུ་བའི་ཆོས་ཉིད་ཀྱིས་ན་རྟག་པའོ་ཞེས་སོ། །དེ་ཉིད་སྤང་བྱ་སྒྲིབ་གཉིས་གདོད་མ་ནས་རང་བཞིན་གྱིས་ཞི་བ་དང་བློ་བུར་བས་ཀྱང་དག་པ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ནི་གདོད་མ་ནས་ཡོངས་སུ་མྱ་ངན་འདས་པ་ཉིད་དེ་སྐྱེ་བ་མེད་ཅིང་འགགས་པ་མེད་པའོ་ཞེས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་དོན་གཅིག་ཉིད་ལྡོག་པའི་ཆ་ཐ་དད་ལས་ཐ་སྙད་ཀྱི་རྣམ་གྲངས་བཞིར་བསྟན་པ་ཡིན་གྱི་དེ་དག་དོན་གྱི་རང་བཞིན་ཐ་དད་པ་ནི་མ་ཡིན་ཏེ། དཔེར་ན་ལྟོ་ལྡིར་ཞབས་ཞུམ་གྱི་དངོས་པོ་གཅིག་ཉིད་རྒྱུ་དང་རྐྱེན་ལས་བྱུང་པའི་ཆ་ནས་བྱས་པ་དང་དུས་གཉིས་པར་མི་གནས་པས་མི་རྟག་པ་དང་འབྲས་བུ་འབྱིན་པས་དངོས་པོ་དང་བློའི་ཡུལ་དུ་རུང་བས་ཤེས་བྱའི་ཐ་སྙད་དུ་བྱས་པ་བཞིན་ནོ། །མདོ་ལས། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ལགས་ཀྱིས། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ལགས་སོ་ཞེས་པ་དང་། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བགྱི་བ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ་ཞེས་པ་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་གསུངས་སོ། །གཉིས་པ་སྤང་རྟོགས་ཀྱི་ཡོན་ཏན་དབྱེར་མེད་པ་ལ་བཞི་སྟེ། སྤང་རྟོགས་ཀྱི་ཡོན་ཏན་དབྱེར་མེད་དུ་བསྟན། ཐར་པའི་དོན་ངོས་གཟུང་། ཡོན་ཏན་འགྲུབ་པའི་རྒྱུ། དེ་དག་དབྱེར་མེད་པའི་དཔེའོ། །དང་པོ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཀུན་མངོན་པར་བྱང་ཆུབ་པ་སྟེ་མངོན་སུམ་དུ་མཁྱེན་པའི་རྟོགས་པ་སངས་རྒྱས་དང་སྒྲིབ་པ་གཉིས་ཀྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་པའི་མྱ་ངན་ལས་འདས་པ་གཉིས་ཐ་སྙད་པ་ཙམ་དུ་ཟད་ཀྱི་དམ་པའི་དོན་ཞེས་པ་རང་བཞིན་གཉིས་སུ་དབྱེར་མེད་པ་ཉིད་དོ། །གཉིས་པ་ནི། ཡོན་ཏན་གྱི་རིགས་མ་ཚང་བ་མེད་པས་རྣམ་པ་ཐམས་ཅད་དང་། གསལ་བའི་བྱེ་བྲག་མཐའ་ཡས་པའི་ཕྱིར་གྲངས་མེད་པས་རྒྱ་ཆེ་བ་དང་། གྲངས་དང་མཐུ་རྟོགས་པར་དཀའ་བའི་ཕྱིར་བསམ་དུ་མེད་པས་ཟབ་པ་དང་། མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་དྲི་མ་མེད་པས་རྣམ་པར་དག་པའི་ཡོན་ཏན་དང་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཟག་མེད་ཀྱི་དབྱིངས་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི་ཐར་པ་མྱ་ངན་ལས་འདས་པ་སྟེ་ཆོས་ཀྱི་སྐུའི་བདག་ཉིད་ཉིད་ཀྱི་ཐར་པ་གང་ཡིན་པ་དེ་ཉིད་དེ་མངོན་སུམ་དུ་རྟོགས་པའི་ཡོན་ཏན་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་དག་དབྱེར་མེད་པ་ཡིན་ནོ། །དེས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་ལམ་རིང་པོས་དུབ་པའི་མགྲོན་པོ་དབུགས་འབྱུང་བའི་ཕྱིར་འབྲོག་དགོན་པར་གྲོང་ཁྱེར་སྤྲུལ་པ་ལྟར་གདུལ་བྱ་ཐར་པ་ལ་རིམ་གྱིས་གཞུག་པའི་ཕྱིར་རེ་ཞིག་ངལ་བ་གསོ་བའི་མྱ་ངན་ལས་འདས་པ་ཡིན་གྱི་ཐར་པ་རྣལ་མ་ཐོབ་པ་ནི་མ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་ལགས་སོ་ཞེས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཐམས་ཅད་པ། གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ། རྣམ་པར་དག་པའི་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པའོ་ཞེས་སོ། །གསུམ་པ་ནི། ཐར་པ་དང་དབྱེར་མེད་པའི་ཡོན་ཏན་བཞི་འགྲུབ་པ་ནི་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་ལ་དེ་འགྲུབ་པའི་རྒྱུ་དཔེ་མཚོན་པ་ནི་ཇི་ལྟར་རི་མོ་བྲི་བར་བྱེད་པ་ཡི་མཁན་པོས་མགོ་དང་ལག་པ་ལ་སོགས་པའི་ཡན་ལག་གཞན་དང་། གཞན་ལ་བྱེ་བྲག་ཏུ་མཁས་པ་དག་གི་རི་མོ་མཁན་གང་ཞིག་མགོ་བོ་ལྟ་བུའི་ཡན་ལག་གང་དང་གང་ཤེས་པ་དེ་ལག་པ་ལ་སོགས་གཞན་ངོས་ཟིན་མེད་པ་སྟེ་མི་ཤེས་པར་གྱུར་ལ་དེ་ནས་སའི་མངའ་བདག་རྒྱལ་པོས་དེ་དག་ལ་རི་མོའི་བྲི་གཞི་རས་ནི་བྱིན་ཅིང་གཏད་ནས་བཀའ་ཡིས་འདི་སྐད་ཅེས་ཀྱེ་རས་འདི་ལ་རི་མོ་མཁན་ཁྱོད་ཀུན་ཅེས་པ་ཐམས་ཅད་ཀྱིས་རྒྱལ་པོ་ངའི་གཟུགས་རྫོགས་པ་ཞིག་གྱིས་ཤིག་ཅེས་བསྒོ་ལ་དེ་ནས་རི་མོ་མཁན་དེ་དག་གིས་ཚིག་དེ་ནི་ཐོས་པར་གྱུར་ཏེ། རང་རང་གི་ཤེས་པའི་རི་མོ་བྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་ལ་མངོན་པར་སྦྱོར་བ་སྟེ་བྲི་བ་པོ་རྣམས་ལས་མགོ་བོ་ཤེས་པ་ལྟ་བུ་གཅིག་རི་མོ་བྲི་བའི་གནས་དེ་ལས་ཡུལ་གཞན་དུ་སོང་བར་གྱུར་པ་ན་དེ་ནི་ཡུལ་གཞན་དུ་སོང་བར་གྱུར་པས་ན་དེ་ནི་ཡུལ་གཞན་དུ་སོང་བས་ན་དེས་འབྲི་བར་བྱ་བའི་ཡན་ལག་དེ་མ་ཚང་བའི་ཕྱིར། རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་ཞེས་དོན་འདི་ཉེ་བར་མཚོན་པས་དཔེར་བྱས་སོ། །ཡན་ལག་དེ་རྣམས་བྲི་བར་བྱེད་པའི་རི་མོ་མཁན་གྱིས་མཚོན་པའི་དོན་གང་དག་ཡིན་ན་བདག་གི་ཡོ་བྱད་གཞན་ལ་མ་ཆགས་པའི་བསམ་པས་གཏོང་བའི་སྦྱིན་པ་དང་ཉེས་པར་སྤྱོད་པ་ལས་བཟློག་པའི་ཚུལ་ཁྲིམས་དང་གནོད་པ་དང་སྡུག་བསྔལ་གྱིས་སེམས་མི་འཁྲུགས་པའི་བཟོད་པ་དང་སོགས་པ་དགེ་བ་ལ་ཡང་དག་པར་སྤྲོ་བའི་བརྩོན་འགྲུས་དང་དགེའ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པ་རྫོགས་པའི་སངས་རྒྱས་འགྲུབ་པའི་ཐབས་གང་ཇི་སྙེད་པ་རྣམས་སོ། །སྦྱིན་པ་ལ་སོགས་པ་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པའི་ཡོན་ཏན་ནི་གཟུགས་སུ་བརྗོད་དོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་ནི་རེ་རེ་ལ་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱིར་ཚད་མེད་པ་དང་གྲངས་དང་མཐུ་དཔག་པར་མི་ནུས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་ཕྱིར། སེར་སྣ་ལ་སོགས་པའི་མི་མཐུན་ཕྱོགས་བསལ་བའི་ཕྱིར་རྣམ་པར་དག་པ་ཡིན་ནོ། །དེ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པས་ས་བརྒྱད་པ་ལ་མི་རྟོག་པའི་ཡེ་ཤེས་རྒྱུན་མི་འཆད་པར་རང་གི་ངང་གིས་འཇུག་པའི་ལམ་ཤེས་ལ་བརྟེན་པས་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་པ་ཉིད་ཡང་དག་པར་འགྲུབ་བོ། །ས་དགུ་པ་ལ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྒྱ་མཚོ་ལྟ་བུ་གྲངས་མེད་པས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་འཛིན་པའི་ཕྱིར་ཡོན་ཏན་ཚད་མེད་པ་ཉིད་ཡང་དག་པར་འགྲུབ་བོ། །ས་བཅུ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་ལ་ལྐོག་ཏུ་མ་གྱུར་པའི་ཡེ་ཤེས་ལ་བརྟེན་པས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཉིད་ཡང་དག་པར་འགྲུབ་བོ། །སངས་རྒྱས་ཀྱི་ས་ལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བའི་ཡེ་ཤེས་ལ་བརྟེན་པས་རྣམ་པར་དག་པ་མཐར་ཕྱིན་པའི་ཡོན་ཏན་ཡང་དག་པར་འགྲུབ་བོ། །དེ་ནས་རི་མོ་མཁན་མ་ཚང་ན་རི་མོའི་གཟུང་རྫོགས་པར་མི་འགྱུར་བ་ལྟར་ཐབས་ཀྱི་ཆ་མ་ཚང་ན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པའི་ཡོན་ཏན་གཞི་རྫོགས་པར་མི་འགྲུབ་ལ་དེ་མ་གྲུབ་ན་ནི་དེ་དང་དབྱེར་མེད་པའི་ཐར་པ་མི་འགྲུབ་པས་ཉན་ཐོས་དང་རང་སངས་རྒྱས་ལ་ཐབས་ཀྱི་ཆ་མ་ཚང་བས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྟོགས་པའང་མེད་ལ་དེ་མེད་པས་མྱ་ངན་ལས་འདས་པ་ལས་ཀྱང་རིང་བ་ཡིན་ནོ། །བཞི་པ་ནི། དེ་ལྟར་ཡོན་ཏན་བཞི་ཐོབ་པ་དང་དབྱེར་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་ཇི་ལྟ་བ་མཁྱེན་པའི་ཤེས་རབ་ལ་ཇི་ལྟ་བའི་གནས་ལུགས་གསལ་བ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཤེས་བྱ་ཇི་སྙེད་པ་ལ་འཕྲོ་བ་དང་དེ་གཉིས་ཀ་སྤང་བྱ་ལས་རྣམ་པར་གྲོལ་བ་སྒྲིབ་པས་དག་པའི་ཕྱིར་དང་དེ་གསུམ་ཀ་ཡང་རང་བཞིན་ཐ་དད་མེད་པའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་འོད་གསལ་དང་གཞན་གསལ་བར་བྱེད་པའི་ཟེར་སྤྲོ་བ་དང་། མུན་པས་དག་པ་དང་དེ་གསུམ་ཀ་ཡང་ཐ་དད་མེད་པ་དག་ཆོས་མཚུངས་པ་ཡིན་ནོ། །འགྲེལ་པ་ལས། དེའི་རྗེས་ལ་ཐོབ་པ་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཞེས་གསུངས་ཀྱང་ཇི་སྙེད་པ་མཁྱེན་པ་ལ་བཏགས་པ་ཡིན་གྱི་སངས་རྒྱས་ལ་རྗེས་ཐོབ་དངོས་མེད་དེ་དེ་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བའི་ཕྱིར་རོ། །གསུམ་པ། དེས་ན་མྱང་འདས་གཅིག་ཏུ་གྲུབ་པ་ནི་ཐོག་མ་མེད་པ་ནས་ཉེ་བར་གནས་པའི་ཁམས་ལ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་དབྱེར་མེད་པ་དེས་ན་འབྲས་བུ་དྲི་མ་མེད་པའི་སངས་རྒྱས་ཀྱི་རྟོགས་པའི་ཡོན་ཏན་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་མྱ་ངན་ལས་འདས་པ་མི་འཐོབ་སྟེ། དཔེར་ན་འོད་དང་འོད་ཟེར་སྤངས་ནས་ནི་ཉི་མའི་དཀྱིལ་འཁོར་མིག་གིས་བལྟ་བར་མི་ནུས་པ་བཞིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་སངས་རྒྱས་ཀྱི་ཐེག་པ་བཙལ་བར་བྱའོ། །པདྨ་དཀར་པོ་ལས། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་སོ། །དཔལ་འཕྲེང་གི་མདོ་ལས་ཀྱང་། བཅོམ་ལྡན་འདས་དམན་པ་དང་གྱ་ནོམ་པའི་ཆོས་ལ་ནི་མྱ་ངན་ལས་འདས་པར་རྟོགས་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྟོགས་པ་ནི་མཚུངས་པའི་ཆོས་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་མྱ་ངན་འདས་པ་ནི་ཡེ་ཤེས་མཚུངས་པ་དང་རྣམ་པར་གྲོལ་བ་མཚུངས་པ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཚུངས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་མྱ་ངན་ལས་འདས་པའི་དབྱིངས་ནི་རོ་གཅིག་པ་རོ་མཚུངས་པ་ཞེས་བརྗོད་དོ། །འདི་ལྟ་སྟེ། རིག་པ་དང་རྣམ་པར་གྲོལ་བའི་རིས་སོ་ཞེས་སོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་ལྟར་ན་རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཁམས་རང་བཞིན་གྱིས་རྣམ་པར་དག་པ་ནི་ངོ་བོ་ནས་ཡོན་ཏན་དབྱེར་མེད་པའི་བར་གྱི་རྣམ་པར་བཞག་པ་རྣམ་པ་བཅུ་ཞེས་བརྗོད་པར་ཤེས་པར་བྱའོ། །གསུམ་པ་གནས་སྐབས་མ་དག་པ་དཔེས་མཚོན་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟན། ཐུན་མོང་གི་དཔེའ། སོ་སོའི་དཔེའོ། །དང་པོ་ནི། རང་བཞིན་གྱིས་དག་ཀྱང་ཉོན་མོངས་པ་བློ་བུར་བའི་སྦུབས་ཀྱི་ནང་ན་གནས་པའི་ཁམས་དེ་མདོ་ལས་འབྱུང་བ་ལྟར་དཔེའ་དག་གིས་ནི་མཚོན་ནས་ཤེས་པར་བྱའོ། །གཉིས་པ་ནི། ཁམས་དེ་བཞིན་གཤེགས་པའི་སྙིང་པོ་འདི། ཁྱབ་པར་གནས་ཞེས་བྱའོ། །གང་ལ་ཞེ་ན་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་རྣམས་ལའོ། །སེམས་ཅན་ཇི་ལྟ་བུ་ཞེ་ན་ཁམས་ཡོད་ཀྱང་དེ་བློ་བུར་གྱི་ཉོན་མོངས་པ་ལ་སོགས་པའི་དྲི་མས་བསྒྲིབས་པའོ། །ཁམས་ཇི་ལྟར་གནས་ཞེ་ན་པདྨ་ངན་པ་སྟེ་ཁ་ཟུམ་པའི་ནང་ན་མཚན་གྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་གཟུགས་དང་། སྦྲང་མས་བསྲུངས་པའི་ཚང་ལ་སྦྲང་རྩི་དང་། སྦུན་པའི་ནང་ན་འབྲས་བུའི་སྙིང་པོ་དང་། མི་གཙང་བའི་ལྗན་ལྗིན་གྱི་ནང་ན་གསེར་གྱི་སྦྲམ་དང་། ས་ལ་ཡོད་པའི་གཏེར་དང་ཨ་མྲ་ལ་སོགས་པའི་ཤིང་གི་འབྲས་ཤུན་ཞེས་པ་ས་བོན་གྱི་སྦུབས་ན་ཡོད་པའི་མྱུ་གུ་དང་། གོས་རུལ་པའི་ནང་ན་བཏུམས་པའི་རིན་པོ་ཆེའི་རྒྱལ་བའི་སྐུ་རང་བྱུང་དང་། བུད་མེད་མདོག་དང་ཆ་ལུགས་ངན་པའི་ལྟོ་ན་གནས་པའི་མིའི་བདག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། སའི་འདམ་ལ་རིན་ཆེན་གསེར་ལས་བྱས་པའི་གཟུགས་ཡོད་པ་ཇི་ལྟ་བ་དེ་བཞིན་དུའོ། །གསུམ་པ་ལ། སྒྲིབ་བྱེད་ཀྱི་དྲི་མ་ནི་པདྨ་དང་། སྲོག་ཆགས་སྦྲང་མ་དང་། སྦུན་པ་དང་། མི་གཙང་བ་དང་། ས་དང་། འབྲས་ཤུན་དང་། གོས་རུལ་དང་། སྡུག་བསྔལ་འབར་བའི་མངོན་པར་གདུངས་པའི་བུད་མེད་དང་། ས་འདམ་གྱི་ཁམས་དང་མཚུངས་ཤིང་། བསྒྲིབ་བྱ་དྲི་མ་མེད་པའི་ཁམས་མཆོག་ནི་སངས་རྒྱས་དང་སྦྲང་རྩི་དང་། འབྲས་བུའི་སྙིང་པོ་དང་། གསེར་དང་། གཏེར་དང་། ནྱ་གྲོ་ཏའི་ཤིང་དང་། རིན་པོ་ཆེའི་སྐུ་གཟུགས་དང་། གླིང་བཞིའི་བདག་མཆོག་དང་། རིན་ཆེན་གསེར་གྱི་གཟུགས་དང་མཚུངས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྒྲིབ་བྱ་སྒྲིབ་བྱེད་ཐུན་མོང་། སོ་སོའི་དཔེའ། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། དཔེ་དགུ་སོ་སོར་བཤད། དེ་དག་གི་དོན་བསྡུ་བའོ། །དང་པོ་ལ་དཔེ་དགུའ་ལས་རེ་རེ་ཞིང་དཔེའ་དང་དོན་དང་དཔེ་དོན་སྦྱར་བ་གསུམ་གསུམ་གྱིས་འཆད་པ་ལ། དང་པོ་དཔེའི་ནི། ཇི་ལྟར་མདོག་ངན་པའི་པདྨའི་ཁོང་ན་གནས་པའི་དེ་བཞིན་གཤེགས་པའི་སྐུ་ལ་མཚན་སྟོང་གིས་གཟི་བརྗིད་འབར་བ་ནི་དྲི་མ་མེད་པའི་ལྷའི་མིག་དང་ལྡན་པའི་མིས་མཐོང་ནས་ཆུ་ལས་སྐྱེས་པའི་པད་མའི་སྦུབས་ནས་སྐུ་དེ་འབྱིན་པར་བྱེད་པ་དེ་བཞིན་དུ་དོན་ནི་གཟིགས་ཏེ་ཞེས་པའོ། །གང་གིས་ཞེ་ན། བདེ་བར་གཤེགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་སོ། །གང་ན་རང་གི་ཆོས་ཉིད་ཆོས་ཀྱི་སྐུའོ། །གང་ལ་ན་ཐ་ན་མནར་མེད་པའི་སེམས་ཅན་དམྱལ་བ་ན་གནས་པས་མཚོན་ཏེ་སེམས་ཅན་རྣམས་ལའོ། །དེའི་བྱེད་ལས་ནི་གདུལ་བྱ་རྣམས་ཀྱི་ཁམས་ཀྱི་བློ་བུར་གྱི་སྒྲིབ་པ་ལས་ལས་ནི་གྲོལ་བར་བྱེད་ཅེས་པའོ། །གང་གིས་ན་ཐུགས་རྗེའི་བདག་ཉིད་ཅན་བདེ་བར་གཤེགས་པས་སོ། །དེ་ཇི་ལྟ་བུ་ཞེ་ན་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་མེད་ཅིང་དུས་ཕྱི་མའི་མུར་གནས་པ་སྟེ་འཁོར་བ་ཇི་སྲིད་པར་བཞུགས་པའོ། །དཔེ་དོན་སྦྱར་བ་ནི། ཇི་ལྟར་ཁ་དོག་མི་སྡུག་པའི་པད་མ་ཁ་ཟུམ་པ་ལ་བདེ་བར་གཤེགས་པའི་སྐུ་པད་མའི་ཁོང་ན་གནས་པ་ནི་ལྷའི་མིག་གིས་མཐོང་ནས་སྐུ་གསལ་བར་བྱ་བའི་ཕྱིར་སྒྲིབ་བྱེད་པདྨའི་འདབ་མ་གཅོད་ཅིང་གསལ་བར་བྱེད་པ་ལྟར་སྒྲིབ་བྱེད་ཆགས་སྡང་ལ་སོགས་པའི་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའི་ཁམས་འགྲོ་བ་ལ་ཡོད་པར་གཟིགས་ཏེ། སྒྲིབ་པ་དང་བྲལ་བར་བཞེད་པའི་ཐུགས་རྗེས་ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྐུའི་སྒྲིབ་བྱེད་པདྨ་སེལ་བ་དེ་བཞིན་དུ་བློ་བུར་གྱིས་སྒྲིབ་པ་དེ་དག་ནི་འཇོམས་པའི་འཕྲིན་ལས་མཛད་དོ། །དཔེ་གཉིས་པ་ལ་དཔེ་ནི། ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱི་བསྐོར་བའི་སྦྲང་རྩི་མཐོང་ནས་སྐྱེས་བུ་མཁས་པ་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས་དུ་བ་གཏོང་བ་ལ་སོགས་པ་ཐབས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་སྦྲང་མའི་ཚོགས་ཀུན་ནས་བྲལ་བར་རབ་ཏུ་འབྱེད་པ་བཞིན་དུའ་དོན་ནི་འདི་གཟིགས་ནས་ཞེས་པའོ། །གང་གིས་ན་དྲང་སྲོང་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་བྱ་ཀུན་མཁྱེན་པའི་སྤྱན་གྱིས་སོ། །གང་ན་རིག་པའི་ཆོས་ཉིད་ཁམས་འདིའོ། །དེ་ཅི་འདྲ་ན་སྦྲང་རྩི་རོ་གཅིག་པ་དང་འདྲ་བའོ། །གཟིགས་པའི་བྱེད་ལས་ནི་ཁམས་དེའི་སྒྲིབ་པ་བློ་བུར་བ་སྦྲང་མ་དང་འདྲ་བ་དེ་ས་བོན་དང་བཅས་པ་གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན་ནོ། །དཔེ་དོན་སྦྱར་བ་ནི། ཇི་ལྟར་སྦྲང་རྩི་ལ་སྲོག་ཆགས་སྦྲང་མ་བྱེ་བ་ཁྲག་ཁྲིག་སྟོང་གིས་བསྒྲིབས་པ་མཐོང་ནས་ནང་གི་སྦྲང་རྩི་དོན་དུ་གཉེར་བའི་མེས་ཕྱིའི་སྦྲང་མ་དེ་དག་གསལ་ཏེ་རང་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བ་སྒྲུབ་པར་བྱེད་པ་དེ་བཞིན་དུ་ལུས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པའི་ཟག་པ་མེད་པ་སྟེ་དྲི་མ་རང་བཞིན་གྱིས་དག་པའི་ཤེས་པ་ནི་སྦྲང་མའི་རྩི་དང་འདྲ་བ་སྟེ། བསྒྲིབ་བྱ་ཡིན་ལ་ཉོན་མོངས་པ་སྟེ་བློ་བུར་གྱི་དྲི་མ་ནི་སྦྲང་མ་དང་འདྲ་བ་དཔེ་ས་བོན་དང་བཅས་པ་སྒྲིབ་བྱེད་ཡིན་ཅིང་། སྒྲིབ་པ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་ནི་སྐྱེས་བུ་བཞིན་དུ་སྒྲིབ་པ་སེལ་བར་མཛད་པ་པོ་ཡིན་ནོ། །དཔེའ་གསུམ་པ་ལ་དཔེ་ནི། ཇི་ལྟར་འབྲས་ལ་སོགས་པའི་ཕྱིའི་སྦུན་པ་དང་ལྡན་པའི་ནང་གི་འབྲས་བུའི་སྙིང་པོ་ནི་སྦུན་པ་མ་བསལ་གྱི་བར་དུ་མི་རྣམས་ཀྱིས་ནི་ཡོངས་སུ་ལོངས་སྤྱོད་པའི་བཟའ་བའི་དངོས་པོར་མི་འགྱུར་བས། ཟས་ལ་སོགས་པ་དོན་དུ་གཉེར་བའི་མི་གང་ཡིན་པ་དེ་དག་གིས་ནི་སྦུན་པའི་ནང་ནས་སྙིང་པོ་དེ་འབྱིན་པ་ལྟར་དོན་ནི་དེ་བཞིན་དུ་སེམས་ཅན་ལ་གདོད་མ་ནས་ཡོད་པའི་རྒྱལ་བའི་སྙིང་པོ་དེའང་བློ་བུར་གྱི་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ཇི་སྲིད་དུ་གེགས་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་འཕྲིན་ལས་མི་བྱེད་དོ། །གནས་གང་དུ་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་དུའོ། །ཡང་ན་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་དུ་འདོད། དཔེའ་དོན་སྦྱར་བ་ནི། ཇི་ལྟར་ས་ལུ་དང་བྲ་བོ་དང་ནས་ལ་སོགས་པའི་བཟང་ངན་བར་མའི་འབྲས་བུའི་སྙིང་པོ་སྣ་ཚོགས་པ་སྦུན་པ་ལས་མ་བྱུང་ཞིང་གྲ་མ་ཅན་ལོངས་སུ་སྤྱོད་རུང་དུ་ལེགས་པར་མ་བསྒྲུབས་པ་དག་ནི་མི་རྣམས་ཀྱིས་ནི་ལོངས་སྤྱད་བྱའི་གཟའ་བ་རོ་ཞིམ་པོར་མི་འགྱུར་བ་ལྟར་དེ་བཞིན་དུ་སེམས་ཅན་ལ་ཁྱབ་པར་ཡོད་པའི་ཆོས་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པའི་སྙིང་པོ་ཡང་། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ལུས་ཅན་ལ་ཡོད་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བྲུ་བས་ཉེན་པ་སྟེ་བཀྲེས་པས་གདུངས་པའི་འགྲོ་བ་ལ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱིས་དགའ་བའི་རོ་རྒྱ་ཆེན་པོ་སྟེར་བར་འགྱུར་བ་མིན་ནོ། །དཔེ་བཞི་པ་ལ་དཔེ་ནི། ཇི་ལྟར་གསེར་དང་བཅས་པའི་མི་རབ་ཏུ་རྒྱུ་བའི་ཚེ་མིའི་གསེར་དེ་མི་གཙང་བའི་ལྗན་ལྗིན་རུལ་པས་གང་བའི་གནས་སུ་ལྷུང་བར་གྱུར་ལ་མི་གཙང་བའི་འདམ་དུ་ལྷུང་བ་ཙམ་གྱིས་མི་འཇིག་པའི་ཆོས་ཅན་གྱི་གསེར་དེ་ནི་གནས་དེར་ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་དེ་ཕྱིས་ལྷའི་མིག་དག་པ་དང་ལྡན་པའི་ལྷ་ཡིས་གནས་དེར་གསེར་དེ་ནི་ཡོད་པར་མཐོང་ནས་གསེར་སྟོར་བའི་མི་དེ་ལ་འདི་སྐད་ཅེས་གནས་འདི་ན་ཁྱོད་ཉིད་ཀྱིས་གསེར་རིན་པོ་ཆེ་མཆོག་ཡོད་པ་འདི་ལོང་ལ་འདམ་རྫབ་རྣམས་ལེགས་པར་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བ་རྒྱན་ལ་སོགས་པ་གྱིས་ཤིག་ཅེས་སྨྲས་པ་ལྟར་དེ་བཞིན་དུ་དོན་ནི་མི་གཙང་བ་དང་འདྲ་བའི་འདོད་ཆགས་ལ་སོགས་ཉོན་མོངས་པའི་ཚོགས་སུ་བྱིང་བའི་སེམས་ཅན་གྱི་ཡོན་ཏན་ཁམས་དེ་བཞིན་ཉིད་ནི་ཐུབ་པས་མངོན་དུ་གཟིགས་ནས་སྒྲིབ་བྱེད་ཉོན་མོངས་པའི་འདམ་དེ་དག་པར་བྱ་བའི་ཕྱིར་སྐྱེ་དགུའ་རྣམས་ལ་དམ་པའི་ཆོས་ཀྱི་ཆུ་དང་ཆར་འབེབས་པར་མཛད་དོ། །དཔེའ་དོན་སྦྱར་བ་ནི། ཇི་ལྟར་མི་གཙང་བའི་ལྗན་ལྗིན་རུལ་པའི་གནས་སུ་ལྷུང་བ་སྟེ་སྟོར་བར་གྱུར་པའི་གསེར་ནི་ཕྱིས་ལྷ་ཡི་མཐོང་བར་གྱུར་ནས་མི་གཙང་བའི་ལྗན་ལྗིན་ཀུན་ཏུ་དག་པར་བྱ་བའི་ཕྱིར་མཆོག་ཏུ་མཛེས་པ་སྟེ་རང་བཞིན་གྱིས་བཟང་བའི་གསེར་མི་ལ་ནན་ཏན་གྱིས་སྟོན་པ་ལྟར། དེ་བཞིན་དུ་རྒྱལ་བས་ཀྱང་ཉོན་མོངས་པའི་མི་གཙང་བའི་འདམ་རྫབ་ཆེན་པོར་ལྷུང་བར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་ཁམས་རིན་པོ་ཆེ་སེམས་ཅན་རྣམས་ལ་ཁྱད་པར་མེད་པར་ཡོད་པར་གཟིགས་ནས་ཁམས་དེའི་མ་དག་པར་བྱ་བའི་ཕྱིར་གདུལ་བྱ་ལུས་ཅན་རྣམས་ལ་ལམ་གྱི་ཆོས་སྟོན་ཏོ། །དཔེའ་ལྔ་པ་ལ་དཔེའ་ནི། ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་གི་སའི་འོག་ན་ལོངས་སྤྱད་པས་མི་ཟད་པའི་གཏེར་ཆེན་པོ་ནི་ཡོད་པར་གྱུར་ཏེ། འོན་ཀྱང་མི་དབུལ་པོ་དེས་ཀྱང་སའི་བསྒྲིབས་པས་གཏེར་དེ་རང་གི་ཁང་པ་ན་ཡོད་པར་མ་ཤེས་ཤིང་གཏེར་དེས་ཀྱང་མི་དེ་ལ་ང་སའི་འོག་འདིར་ཡོད་པས་ལོངས་ལ་སྤྱོད་ཅིག་ཅེས་མི་སྨྲ་བ་ལྟར་དོན་ནི་དེ་བཞིན་དུ་འགྲོ་བ་རྣམས་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་རིན་ཆེན་གྱི་གཏེར་དང་འདྲ་བའི་རང་བཞིན་གྱིས་དག་པས་དྲི་མ་མེད་པའི་ཡོན་ཏན་གདོད་མ་ནས་གྲུབ་པས་སྔར་མེད་གསར་དུ་བཞག་པ་མེད་ཅིང་སྒྲིབ་པ་སྔར་ཡོད་བདེན་པ་བསལ་དུ་མེད་པའི་ཆོས་ཉིད་ཆོས་ཀྱི་སྐུ་ཡང་རང་གི་སེམས་ལ་ཡོད་ཀྱང་དྲི་མ་བློ་བུར་བས་བསྒྲིབས་པའི་ཕྱིར་མ་རྟོགས་པས་ན་སྐྱེ་དགུ་འདིས་ཡོན་ཏན་གྱི་འབྱོར་པས་དབུལ་བའི་སྲིད་པའི་སྡུག་བསྔལ་ནི་རྣམ་པ་མང་པོ་དུས་རྒྱུན་དུ་ཉམས་སུ་མྱོང་ངོ་། །དཔེའ་དོན་སྦྱར་བ་ནི། ཇི་ལྟར་མི་དབུལ་པོའི་ཁྱིམ་གྱི་ནང་དུ་རིན་པོ་ཆེ་མང་པོའི་གཏེར་ཆུད་པར་གྱུར་ཀྱང་ཁྱིམ་བདག་གི་མི་དེ་ལ་ནི་རང་རིན་པོ་ཆེ་གཏེར་གྱིས་བདག་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་ལ་གཏེར་དེ་ནི་མི་དེ་ཡིས་ཀྱང་ཡོད་པར་ཤེས་པ་མིན་པས་དབུལ་བ་ལས་མ་ཐར་བ་ལྟར། དེ་བཞིན་དུ་ཆོས་ཀྱི་སྐུའི་གཏེར་རང་གི་ཡིད་ཀྱི་ཁྱིམ་ན་གནས་པའི་སེམས་ཅན་དག་ནི་དྲི་མས་བསྒྲིབས་པས་གཏེར་མ་རྙེད་པ་ནི་ཁྱིམ་ན་གཏེར་ཡོད་ཀྱང་མ་རྙེད་པའི་དབུལ་པོ་ལྟ་བུ་སྟེ་སེམས་ཅན་དེ་དག་རྣམས་ཀྱིས་ཁམས་ཀྱི་གཏེར་དེ་ཐོབ་པ་སྟེ། མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར་འཇིག་རྟེན་དུ་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཡང་དག་པར་བལྟམས་ནས་སྒྲིབ་པ་སེལ་བའི་ཐབས་སྟོན་པར་མཛད་དོ། །དཔེ་དྲུག་པའི་དཔེ་ནི། ཇི་ལྟར་ཨ་མྲ་དང་ནྱ་གྲོ་ཏ་ལ་སོགས་པའི་ཤིང་གི་འབྲས་བུ་ལ་ཡོད་པའི་ས་བོན་རྐྱེན་དང་ཕྲད་ནས་མྱུ་གུ་བསྐྱེད་ནུས་སུ་ཡོད་པ་འཇིག་མེད་ཆོས་ཅན་ཏེ་གཞན་དུ་མི་འགྱུར་བ་ནི་ས་ལ་བཏབ་ནས་རྨོས་ཏེ་ཆུ་དང་ལུད་ལ་སོགས་པ་དང་ལྡན་པ་ལས་ནུས་པ་ཅེ་ཆེར་འཕེལ་བ་ལས་རིམ་གྱི་ཨ་མྲ་ལ་སོགས་པའི་ལྗོན་ཤིང་གི་རྒྱལ་པོའི་དངོས་པོར་འཇུག་པ་ལྟར་དོན་ནི་སེམས་ཅན་རྣམས་ཀྱི་མ་རིག་པ་དང་འདོད་ཆགས་ལ་སོགས་འབྲས་བུའི་ལྤགས་པའི་སྦུབས་དང་འདྲ་བའི་ནང་དུ་ཆུད་པའི་ཆོས་ཁམས་དགེའ་བ་རྒྱུར་ཐར་པའི་རྒྱུར་གྱུར་པ་ཡང་། ལྗོན་ཤིང་སྐྱེ་བ་དེ་བཞིན་དུ་བསྒྲུབ་པ་ལས་བྱུང་བའི་དགེའ་བ་དེ་དང་དེ་ལ་བརྟེན་ནས་ས་དང་ལམ་རིམ་གྱིས་བསྒྲོད་དོ། །ཐུབ་པའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་ཀྱི་དངོས་པོར་འགྱུར་རོ། །དཔེའ་དོན་སྦྱར་བ་ནི། ཇི་ལྟར་རྐྱེན་རླན་པར་བྱེད་པའི་ཆུ་དང་སྨིན་པར་བྱེད་པའི་ཉི་མའི་འོད་དང་འཕེལ་བར་བྱེད་པའི་རླུང་དང་འཛིན་པའི་ས་དང་འབྲས་བུ་སྐྱེ་བའི་དུས་དང་གོ་སྐབས་འབྱེད་པའི་ནམ་མཁའི་རྐྱེན་རྣམས་ཀྱིས་འབྲས་བུ་ཏ་ལ་དང་ནི་ཨ་མྲའི་འབྲས་བུའི་ས་བོན་གྱི་སྦུབས་ཀྱི་གསེབ་ནས་འབྲས་བུ་ལྗོན་ཤིང་གི་དངོས་པོ་སྐྱེ་བ་ཇི་ལྟ་བར་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བློ་བུར་བའི་འབྲས་བུའི་ལྤགས་པའི་སྦུབས་ཀྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་གྱི་མྱུ་གུ་ཡང་དེ་བཞིན་དུ་ཐར་པའི་རྒྱུར་གྱུར་པའི་དགེའ་བའི་རྐྱེན་དེ་དང་དེ་ཡིས་འབྲས་བུ་ཆོས་མཐོང་ལམ་དུ་མངོན་སུམ་དུ་མཐོང་བས་མཐོང་བ་དང་བསྒོམས་པའི་ལམ་དུ་འཕེལ་བ་དང་མཐར་ཕྱིན་པའི་ལམ་དུ་རྫོགས་པར་འགྱུར་བ་ཡིན་ནོ། །དཔེའ་བདུན་པ་ལ་དཔེའ་ནི། ཇི་ལྟར་རིན་པོ་ཆེ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་གོས་རུལ་པ་དྲི་མ་ངན་པ་ཅན་གྱིས་བཏུམས་པར་གྱུར་པ་ལ་ལམ་ལ་གནས་པའི་ལྷ་ཡིས་དོན་དེ་མཐོང་ནས་སྒྲིབ་གཡོགས་ངན་པ་དེ་ལས་གྲོལ་བར་བྱ་བའི་ཕྱིར་ལམ་ན་གནས་པའི་ལྷས་དོན་དེ་མི་དེ་ལ་སྨྲ་བར་བྱེད་པ་ལྟར། དོན་ནི་དེ་བཞིན་དུ་གཟིགས་ནས་ཞེས་པའོ། །གང་ན་བདེ་བར་གཤེགས་པའི་དངོས་པོ་ཉིད་ཡོད་པའོ། །གང་ལ་ཞེ་ན། ཐ་ན་དུ་འགྲོ་ལ་ཡང་ཞེས་པས་གཞན་ལ་ལྟ་ཅི་སྨོས་ཏེ་སེམས་ཅན་ཐམས་ཅད་ལའོ། །གལ་ཏེ་ཡོད་ན་ཅི་སྟེ་མི་མཐོང་ཞེ་ན་བློ་བུར་གྱི་སྒྲིབ་པ་རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་ཀྱིས་བཏུམས་པའི་ཕྱིར་རོ། །གང་གིས་གཟིགས་ན་ཡུལ་དང་དུས་ལ་ཐོགས་པ་མེད་པའི་སྤྱན་མངའ་བའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སོ། །གཟིགས་པར་བྱེད་པ་ནི་ཁམས་དེ་སྒྲིབ་པ་ལས་ཐར་བ་སྟེ་གྲོལ་བར་བྱ་བའི་དོན་དུ་སྒྲིབ་པ་སེལ་བའི་ཐབས་སྟོན་པར་མཛད་དོ། །དཔེ་དོན་སྦྱར་བ་ནི། ཇི་ལྟར་རིན་ཆེན་གྱི་རང་བཞིན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་སྒྲིབ་གཡོགས་དམན་པ་དྲི་ངན་པ་ཅན་གྱི་གོས་ཀྱིས་བཏུམས་པ་དག་ལམ་ན་གནས་པའི་ལྷའི་མིག་གིས་མཐོང་ནས་སྒྲིབ་གཡོགས་དེ་ལས་ཐར་བར་བྱ་བའི་ཕྱིར་མི་ལ་དོན་དེ་སྟོན་པ་ལྟར་དེ་བཞིན་དུ་ཉོན་མོངས་པའི་གོས་རུལ་པ་ལྟ་བུའི་སྒྲིབ་པས་བཏུམས་པའི་འཁོར་བའི་ལམ་ལ་གནས་པའི་སེམས་ཅན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ལ་ཡང་ཆོས་སྐུའི་བདག་ཉིད་ཀྱི་ཁམས་འདི་ཡོད་པར་གཟིགས་ནས་དེ་བློ་བུར་གྱི་སྒྲིབ་པ་ལས་ཐར་བར་བྱ་བའི་ཕྱིར་རྒྱལ་བའི་སངས་རྒྱས་རྣམས་ཀྱིས་སྒྲིབ་པ་སེལ་བའི་ཐབས་ཆོས་སྟོན་ཏོ། །དཔེ་བརྒྱད་པ་ལ་དཔེ་ནི། ཇི་ལྟར་མི་མོ་སྟེ་བུད་མེད་གཟུགས་ངན་ཞིང་མགོན་སྐྱབས་མེད་པ་འགའ་ཞིག་མགོན་སྐྱབས་མེད་པའི་ཁྱིམ་གྱི་འདུག་གནས་སུ་ནི་འདུག་པར་གྱུར་ལ་རང་གི་མངལ་གྱིས་མཚན་དང་ལྡན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔལ་ནི་འཛིན་པར་བྱེད་ཀྱང་མངལ་གྱིས་བསྒྲིབས་པས་རང་གི་ལྟོ་ན་ཡོད་པའི་སེམས་ཅན་མིའི་བདག་པོ་ཡིན་པར་མི་ཤེས་པས་འཇིགས་པ་དང་བཅས་པར་གནས་པ་ལྟར་དོན་ནི་སྲིད་པར་སྐྱེ་བའི་འཁོར་བ་ནི་མགོན་སྐྱབས་མེད་པའི་ཁྱིམ་བཞིན་དུ་འཇིགས་པ་དང་བཅས་པས་ཕྱིར་རོ། །དྲི་མས་མ་དག་པའི་སེམས་ཅན་རྣམས་ནི་མངལ་དང་ལྡན་པའི་བུད་མེད་བཞིན་དུ་མགོན་དང་བཅས་ཀྱང་མ་རྟོགས་པས་འཇིགས་པ་དང་བཅས་པའི་ཕྱིར་རོ། །སེམས་ཅན་དེ་ལ་གང་ཞིག་ཡོད་པས་མགོན་དང་བཅས་པ་དྲི་མ་མེད་པའི་ཁམས་ནི་བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་བཞིན་ཏེ་དྲི་མ་བྲལ་ན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཕྱིར་རོ། །དཔེའ་དོན་སྦྱར་བ་ནི། ཇི་ལྟར་བུད་མེད་ལུས་ལ་དམན་པ་དྲི་མ་དང་བཅས་པའི་གོས་གྱོན་ཅིང་མི་སྡུག་པའི་གཟུངས་དང་ལྡན་པ་སའི་བདག་པོ་མངལ་གྱི་ནང་ན་གནས་ཀྱང་མ་རྟོགས་པས་མགོན་སྐྱབས་མེད་པའི་ཁང་པར་གཞན་གྱིས་བརྙས་པ་ལ་སོགས་པའི་སྡུག་བསྔལ་མཆོག་མྱོང་བ་ལྟར་དེ་བཞིན་དུ་བདག་རང་གི་ནང་ན་རང་བཞིན་གྱིས་གནས་པའི་སངས་རྒྱས་ཀྱི་མགོན་ཡོད་པར་གྱུར་ཀྱང་མ་རྟོགས་པའི་རྐྱེན་གྱིས་མགོན་མེད་པའི་བློ་དང་ལྡན་པའི་འགྲོ་བ་ཉོན་མོངས་པ་བློ་བུར་བའི་དབང་གིས་ཡིད་མ་ཞི་བ་འཇིགས་པ་དང་བཅས་པའི་སྡུག་བསྔལ་གྱི་གཞི་ལ་གནས་སོ། །དཔེའ་དགུ་པ་ལ་དཔེ་ནི། ཇི་ལྟར་ས་འདམ་ནང་གི་གསེར་ཞུན་མ་ལས་བྱས་པའི་གཟུགས་རྒྱས་པ་སྟེ་མཛེས་པ། ཞི་བ་སྟེ་རང་བཞིན་དྲི་མ་མེད་ཀྱང་ཕྱི་རོལ་གྱི་སྒྲིབ་གཡོགས་སའི་རང་བཞིན་དག་ཅན་དག་མཐོང་ནས་གསེར་དེ་ཤེས་པའི་སྐྱེས་བུ་དག་ནང་གི་གསེར་དེ་སྒྲིབ་པའི་ས་སྦྱངས་པའི་ཕྱིར་ཕྱི་རོལ་གྱི་སྒྲིབ་པ་དེ་སེལ་བའི་ཐབས་བྱེད་པ་ལྟར། དོན་ནི་རྣམ་པར་གཟིགས་ནས་ཞེས་པའོ། །གང་ན་སེམས་རང་བཞིན་གྱིས་འོད་གསལ་བའི་ཁམས་དང་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་ཀྱང་བློ་བུར་བར་ནི་གཟིགས་སོ། །གང་གིས་ན་བྱང་ཆུབ་མཆོག་དྲི་མ་མེད་པའི་སངས་རྒྱས་ཀྱིས་སོ། །གཟིགས་པའི་བྱེད་པ་ནི་རིན་ཆེན་གྱི་འབྱུང་ཁུངས་ཀྱི་གནས་བཟང་པོ་ནས་རིན་པོ་ཆེ་བཟང་པོ་འབྱུང་བ་ལྟ་བུའི་འགྲོ་བ་རྣམས་ལ་བློ་བུར་གྱི་སྒྲིབ་པ་ལས་སྦྱོང་བའི་འཕྲིན་ལས་མཛད་དོ། །དཔེ་དོན་སྦྱར་བ་ནི། ཇི་ལྟར་རང་བཞིན་གྱིས་དྲི་མ་མེད་པའི་གསེར་འོད་འབར་བ་ལས་བྱས་པའི་གཟུགས་སའི་འདམ་གྱི་ནང་དུ་ཆུད་པར་གྱུར་པ་ཞི་བ་སྟེ། དྲི་མ་མེད་པའི་གསེར་དེའི་རང་བཞིན་སྐྱེས་བུ་མཁས་པས་རིག་ནས་ཕྱི་རོལ་གྱི་ས་དག་སེལ་བར་བྱེད་པ་ལྟར་དེ་བཞིན་དུ་ཀུན་མཁྱེན་གྱི་ཡེ་ཤེས་ཀྱི་དྲི་མས་དག་པའི་གསེར་དང་འདྲ་བའི་དྲི་མ་རང་བཞིན་གྱིས་ཞི་བའི་ཡིད་ཀྱི་ཁམས་དེ་ནི་མཁྱེན་པར་གྱུར་ནས་གསེར་གྱི་དྲི་མ་སེལ་བས་རྟོག་དཔྱོད་བྱེད་པ་དང་འདྲ་བར་ཆོས་འཆད་པའི་ཚུལ་བསྒྲུབས་པས་ཡིད་ལ་ཡོད་པའི་བློ་བུར་གྱི་སྒྲིབ་པ་དག་ནི་སེལ་བར་མཛད་དོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ནི། པདྨ་སྲོག་ཆགས་བུང་བ་དང་། །སྦུན་པ་དང་ནི་མི་གཙང་བ། །འབྲས་བུ་གོས་རུལ་བུད་མེད་ཀྱི། །མངལ་དང་སའི་སྦུབས་ན་ཡང་། །ཞེས་པ་ནི་སྒྲིབ་བྱེད་ཀྱི་དཔེའོ། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་ཟངས་བཞིན། །ཅེས་པ་ནི་བསྒྲིབ་བྱའི་དཔེའ་ཡིན་ལ། དེ་དག་གི་ཚིག་དོན་ནི་གོ་བར་སླའོ། །དེ་དག་གི་དོན་ནི་སེམས་ཅན་རྣམས་ཀྱི་ཁམས་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་སྦུབས་ན་བློ་བུར་བ་ཡིན་གྱི་དུས་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་དུ་མ་འབྲེལ་ལོ། །རང་བཞིན་གྱིས་དྲི་མ་མེད་པའི་དབྱིངས་དང་ཡོན་ཏན་དབྱེར་མེད་པའི་ཐོག་མ་མེད་པ་ནས་སེམས་ཀྱི་དབྱེར་མེད་ཅིང་ལྡན་པ་གཅིག་ཏུ་འགྲུབ་པའི་རང་བཞིན་ཡིན་པར་བརྗོད་དོ། །དེས་ན་མདོ་ལས། སེམས་ཀུན་ནས་ཉོན་མོངས་པའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་ལ། སེམས་ཅན་རྣམ་པར་བྱང་བའི་ཕྱིར་རྣམ་པར་བྱང་བ་ཡིན་ནོ། །ཞེས་སོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། སྒྲིབ་བྱེད་ཀྱི་དབྱེ་བ། བསྒྲིབ་བྱའི་རང་བཞིན་ནོ། །དང་པོ་ལ་གསུམ་སྟེ། སྒྲིབ་པའི་ངོ་བོ་ངོས་བཟུང་། དེ་དང་ལྡན་པའི་གང་ཟག །དཔེ་དང་ཆོས་མཐུན་སྦྱར་བའོ། །དང་པོ་ནི་སེམས་ཅན་ལ་ཡོད་པའི་ཁམས་ལ་སྒྲིབ་པར་བྱེད་པའི་ཀུན་ནས་ཉོན་མོངས་པ་དེ་དག་གང་ཡིན་ཞེ་ན། འདོད་ཆགས་དང་ཞེ་སྡང་དང་རྨོངས་པའི་གཏི་མུག་གསུམ་གྱི་བག་ལ་ཉལ་གསུམ་དང་། གསུམ་པོ་དེའི་ཀུན་ནས་ལྡང་བ་དྲག་པོ་དང་མ་རིག་པའི་བག་ཆགས་ཀྱི་སས་བསྡུས་པ་དང་། མཐོང་བའི་ལམ་གྱི་སྤང་བྱ་དང་། བསྒོམ་པའི་ལམ་གྱི་སྤང་བྱ་དང་། མ་དག་པའི་ས་བདུན་ལ་བརྟེན་པ་དང་། དག་པའི་ས་གསུམ་ལ་བརྟེན་པའོ། །དེ་ལ་བག་ལ་ཉལ་གསུམ་ནི་ཁམས་གོང་མའི་སེམས་ལ་ཡོད་པ་མི་གཡོ་བའི་ལས་གསོག་པའི་རྒྱུའི་ཉོན་མོངས་པ་སྟེ། འདོད་པའི་ཆགས་སྡང་མངོན་འགྱུར་བ་ཡིན་ལ་དེ་དག་དང་རྗེས་སུ་མཐུན་པའམ་དེ་དག་གི་ས་བོན་ནོ། །ཀུན་ནས་ལྡང་བ་དྲག་པོ་ནི་འདོད་པ་ཁམས་པའི་རྒྱུད་ཡོད་པ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་གསོག་པའི་རྒྱུ་ཆགས་སྡང་མངོན་འགྱུར་བ་སྟེ་གཉེན་པོ་མི་སྡུག་པ་བསྒོམ་པ་ལ་སོགས་སྤང་བར་བྱ་བའོ། །མ་རིག་པའི་བག་ཆགས་ཀྱི་ས་ནི་བཤད་ཟིན་ལ་མཐོང་སྤངས་གཉིས་ནི་འདིར་ཐེག་པ་དམན་པའི་ལམ་གྱི་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་ཡིན་པར་གསལ་ཏེ་ཐེག་པ་ཆེན་པོ་ཡི་ནི་མ་དག་པ་དང་དག་པའི་ས་ལ་བརྟེན་པའི་ནང་དུ་འདུ་བའི་ཕྱིར་རོ། །དེ་དག་ཀྱང་བཤད་ཟིན་ཏོ། །མ་དག་པའི་ས་བདུན་ལ་བརྟེན་པ་ནི་ས་བདུན་པ་མན་ཆད་ཀྱི་མཐོང་སྤངས་དང་བསྒོམས་སྤངས་གཉིས་ཀ་ཡིན་ལ་གཉེན་པོ་ནི་བྱང་ཆུབ་སེམས་དཔའ་མཐོང་ལམ་དང་བསྒོམ་ལམ་དང་པོ་དྲུག་ཡིན་ནོ། །འགྲེལ་པ་ལས་བརྒྱད་པ་ལ་སོགས་པ་གསུམ་བསྒོམ་པའི་ཤེས་པས་གཞོམ་པར་བྱ་ཞེས་གསུངས་པ་ནི་ཐག་བསྲིང་བ་ཙམ་ལ་དགོངས་པ་ཡིན་གྱི་དངོས་སུ་གནོད་བྱེད་ནི་མ་ཡིན་ཏེ། ཡེ་ཤེས་ཀྱི་ས་རྣམ་པ་བདུན་གྱི་མི་འཐུན་པའི་ཕྱོགས་ཞེས་གསུངས་པའི་ཕྱིར་རོ། །དག་པའི་ས་ལ་བརྟེན་པ་ནི་དག་པ་ས་གསུམ་ན་ཡོད་པའི་བསྒོམ་སྤངས་ཆུང་ངུ་གསུམ་སྟེ་བསྒོམ་ལམ་ཆེན་པོ་གསུམ་གྱིས་སྤང་བར་བྱ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གཉེན་པོ་སྟོབས་ཆེ་བ་བསྟན་པ་ཡིན་གྱི་དེ་ཁོ་ན་གཉེན་པོར་བསྟན་པ་མ་ཡིན་ཏེ་བརྒྱད་པ་ལ་སོགས་པ་ས་གསུམ་བསྒོམས་པའི་ཤེས་པའི་མི་མཐུན་ཕྱོགས་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དྲི་མ་རྣམ་པ་དགུ་ནི་པདྨའི་སྦུབས་ལ་སོགས་དཔེས་ནི་མཚོན་ནས་རབ་ཏུ་བསྟན་ཏེ་དཔེས་ཉེ་བར་མཚོན་ན་རྟོགས་པར་སླ་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་དགུར་ངེས་པ་ཡིན་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་གཡོག་པ་ཞེས་བརྗོད་པ་དང་འགལ་ལོ་ཞེ་ན། དགུ་ནི་སྤྱི་རིགས་ཀྱིས་བྱེ་བ་ཡིན་ལ་ནང་ཚན་གྱི་བྱེ་བྲག་ཏུ་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱིས་དབྱེ་བས་བརྒྱད་ཁྲི་བཞི་སྟོང་ངམ་བྱེ་བ་མཐའ་ལས་འདས་པར་འགྱུར་རོ། །གཞུང་འགའ་ཞིག་ལས། ཆགས་སོགས་ཉོན་མོངས་དགུ་པོ་འདི། །མདོར་བསྡུས་ནས་ནི་གོ་རིམ་བཞིན། །པདྨའི་སྦུབས་ལ་སོགས་པ་ཡི། །དཔེའ་དགུ་དག་གིས་ཡང་དག་བསྟན། །ཞེས་པ་ནི། དྲི་མ་རྣམ་དགུའ་པདྨ་ཡི། །སྦུབས་སོགས་དཔེས་ནི་རབ་བསྟན་ཏེ། །ཞེས་པའི་འགྲེལ་པར་གསལ་བས་མ་བཀྲོལ་ལོ། །གཉིས་པ། སྒྲིབ་པ་དང་ལྡན་པའི་གང་ཟག་ནི་དྲི་མ་དགུ་པོ་འདི་དག་གིས་མ་དག་པ་ཉིད་དོ། །ཞེས་པའོ། །གང་ཟག་གང་ན་ལམ་ལ་མ་ཞུགས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཉན་ཐོས་དགྲ་བཅོམ་པ་དང་། དེའི་ལམ་ལ་སློབ་པ་དང་། བློ་ལྡན་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་སོ། །ཇི་ལྟར་མ་དག་ཞེ་ན་གོ་རིམ་བཞིན་དུ་དང་པོ་བཞི་དང་དེ་ནས་གཉིས་དང་དེ་ནས་གཅིག་དང་དེ་ནས་གཉིས་ཀྱིས་སོ། །དེ་ལ་བྱིས་པ་ལ་ཡང་ཁམས་གོང་མ་གཉིས་ཀྱི་རྒྱུད་ལ་དུག་གསུམ་གྱི་བག་ལ་ཉལ་གསུམ་ཡོད་པ་ལ་འདོད་པ་ལ་འདོད་པའི་རྟེན་ལ་དེ་དག་གི་ཀུན་ནས་ལྡང་བ་དྲག་པོའོ། །ཉན་རང་གི་དགྲ་བཅོམ་པའི་རྒྱུད་ལ་ལྔ་པའོ། །སློབ་པ་ལ་རྣམ་པ་གཉིས་ཏེ། སོ་སོ་སྐྱེ་བོ་དང་། འཕགས་པའོ། །དང་པོ་ལ་དྲུག་པ་དང་། གཉིས་པ་ལ་བདུན་པ་སྟེ་འདི་དག་ནི་དམན་པའི་གང་ཟག་གོ། །མཐར་མ་ཐུག་པ་དང་མཐར་ཐུག་པའི་བྱང་ཆུབ་སེམས་དཔའ་ལ་བརྒྱད་པ་དང་དགུ་པའོ། །ཅི་སྒྲིབ་པ་འདི་དག་རྟེན་འདི་དག་ཁོ་ན་ལ་ཡོད་ཀྱི་གཞན་ལ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་རྟེན་འདི་ལ་སྒྲིབ་པ་དེ་དང་དེ་དག་ཡོད་ཅེས་མི་ལྡན་རྣམ་གཅོད་དུ་ཡིན་གྱི་འདི་དག་ཁོ་ན་ལ་ཡོད་ཅེས་གཞི་གཞན་ལྡན་རྣམ་གཅོད་དེ་དང་དེ་དག་ཁོ་ན་ལ་ཡོད་ཅེས་ཆོས་གཞན་ལྡན་རྣམ་གཅོད་ནི་མ་ཡིན་ནོ། །གསུམ་པ་དཔེ་དང་ཆོས་མཐུན་སྦྱར་བ་ལ་གཉིས་ཏེ། དཔེ་སོ་སོའི་ཆོས་མཐུན། སྤྱིའི་དོན་བསྡུ་བའོ། །དང་པོ་ནི་གལ་ཏེ་སྒྲིབ་པ་དང་བསྒྲིབ་བྱ་དེ་དག་དཔེ་དང་གང་གི་སྒོ་ནས་ཆོས་མཐུན་ཞེ་ན། ཇི་ལྟར་པདྨ་མི་གཙང་བའི་འདམ་ལས་སྐྱེས་ཤིང་གསར་པའི་ཚེ་མདུན་དུ་གྱུར་ན་ཡིད་དགའ་བ་དང་ཕྱི་ནས་རྙིང་པ་ན་དགའ་བ་མེད་པར་འགྱུར་བ་ལྟར། འདོད་ཆགས་བག་ལ་ཉལ་ཡང་རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་ཤིང་འབྲས་བུ་འདོད་པ་མངོན་དུ་རྒྱུ་བའི་དུས་ན་དགའ་བ་དང་ཕྱིས་མི་དགའ་བ་པད་མ་དེ་བཞིན་ནོ། །ཇི་ལྟར་སྦྲང་རྩི་ལ་ཆགས་པའི་སྲོག་ཆགས་སྦྲང་མ་ནི་ཤིན་ཏུ་འཁྲུགས་ཏེ་མདུང་གཞན་ལ་རྡེག་ཅིང་སྡུག་བསྔལ་བསྐྱེད་པ་ལྟར་དེ་བཞིན་དུ་ཞེ་སྡང་བག་ལ་ཉལ་ལས་ཀྱང་ཞེ་སྡང་མངོན་དུ་རྒྱུ་སྐྱེ་བ་ན་རང་གཞན་གྱི་སྙིང་ལ་སྡུག་བསྔལ་བསྐྱེད་པར་བྱེད་དོ། །ཇི་ལྟར་འབྲས་ལ་སོགས་པའི་ནང་གི་སྙིང་པོ་ནི་ཕྱི་རོལ་གྱི་སྦུན་པས་བསྒྲིབས་པས་མི་མཐོང་བ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་དོན་མཐོང་བ་ལ། མ་རིག་པའི་བག་ཆགས་ཀྱི་སྒོ་ངའི་སྦུབས་ཀྱིས་ཀྱང་བསྒྲིབས་སོ། །ཇི་ལྟར་མི་གཙང་བའི་ལུས་ལ་དགོས་ན་དྲི་ང་བར་བྱེད་པའི་མི་མཐུན་པ་སྟེ་ཡིད་དུ་མི་འོང་བ་དེ་བཞིན་དུ་ཀུན་ནས་ལྡང་བ་དྲག་པོས་ཀྱང་ཆགས་པ་དང་བཅས་པ་རྣམས་ཀྱིས་འདོད་པ་བརྟེན་པའི་རྒྱུ་ཡིན་པ་སྟེ་ཉེས་སྤྱོད་ལ་སྦྱོར་བའི་ཕྱིར་མི་གཙང་བ་དང་འདྲའོ། །ཇི་ལྟར་གཏེར་དུ་སྦས་པའི་ནོར་ནི་སས་བསྒྲིབས་པས་དེ་ཡོད་པར་མི་ཤེས་པའི་མིས་གཏེར་མི་འཐོབ་པ་ལྟར། དེ་བཞིན་དུ་སྐྱེ་དགུ་རྣམས་ལ་ཡོད་པའི་རང་བཞིན་ཉིད་ཀྱི་ཁམས་ཀྱང་མ་རིག་པའི་བག་ཆགས་ཀྱི་ས་ཡིས་བསྒྲིབས་པས་མ་མཐོང་ངོ་། །ཇི་ལྟར་ཨ་མྲ་ལ་སོགས་པའི་ས་བོན་ལས་མྱུ་གུ་ལ་སོགས་པ་རིམ་གྱིས་སྐྱེས་པས་ས་བོན་གྱི་ཀུན་པ་རིམ་གྱིས་གཅོད་པ་ལྟར། དེ་བཞིན་དུ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་མཐོང་ལམ་རིམ་གྱིས་སྐྱེས་པ་ཡིས་ཀྱང་མཐོང་སྤངས་ཀྱི་ཉོན་མོངས་པ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ། །འཕགས་པའི་ལམ་ཞེས་པ་མཐོང་ལམ་དང་འབྲེལ་བ་ལས་འཇིག་ཚོགས་ལ་ལྟ་བས་མཚོན་པ་ཉོན་མོངས་པ་རྣམས་ཀྱི་སྙིང་པོ་སྟེ་རགས་པ་མཐོང་སྤངས་རྣམས་བཅོམ་པ་རྣམས་ཀྱི་ལྷག་མ་བསྒོམ་ལམ་གྱི་ཡེ་ཤེས་ཀྱི་སྤང་བྱ་བསྒོམ་སྤང་གི་ཉོན་མོངས་པ་ནི་ཇི་ལྟར་གོས་རུལ་ཞིང་རྙིང་པ་དག་དང་མཚུངས་པར་བསྟན་ཏེ་རགས་པ་ཟད་པའི་ལྷག་མ་ཡིན་པའི་ཕྱིར་རོ། །མ་དག་ས་བདུན་ལ་བརྟེན་པའི་དྲི་མ་རྣམས་ནི་རང་ལ་ཡོད་པའི་མི་རྟོག་པའི་ཡེ་ཤེས་ལ་བསྒྲིབ་པས་བུད་མེད་ཀྱི་མངལ་སྦུབས་ཀྱི་དྲི་མས་དེ་ན་ཡོད་པའི་ས་བདག་ལ་སྒྲིབ་པ་དང་མཚུངས་ལ་མངལ་གྱི་དྲི་མ་བྲལ་བ་དང་འདྲ་བར་དྲི་མ་དེ་དག་ལས་གྲོལ་བས་ན་ས་བརྒྱད་པ་ལ་སོགས་སུ་མི་རྟོག་པའི་ཡེ་ཤེས་རྣམ་པར་སྨིན་པ་སྟེ་རྒྱུན་མི་འཆད་པ་ནི་ལུས་ལ་མ་སྐྱེས་པ་བཞིན་ནོ། །དག་པ་ས་གསུམ་དང་རྗེས་སུ་འབྲེལ་བའི་དྲི་མ་རྣམས་ནི་འབད་རྩོལ་མེད་པར་སྤངས་ནུས་པས་གསེར་ལ་ས་འདམ་ཅུང་ཟད་ཀྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ་གཉེན་པོ་ནི་བདག་ཉིད་ཆེན་པོ་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་བག་ཆགས་དང་བཅས་པ་གཞོམ་ཞིང་སྤང་བར་བྱ་བ་ཡིན་ནོ། །དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་འདིར་བསྒོམ་ལམ་ཆེན་པོའི་ཆེན་པོ་ཡིན་ཅིང་དེའི་བར་ཆད་མེད་ལམ་གྱིས་བསྒོམ་སྤངས་ཆུང་ངུའི་ཆུང་ངུའི་ས་བོན་སྤོང་ལ་རྣམ་གྲོལ་གྱི་ལམ་གྱིས་བག་ཆགས་སམ་གནས་ངན་ལེན་སྦྱོང་བར་བྱེད་དོ། །ཁ་ཅིག་གཉེན་པོ་བཏགས་པ་བ་བཞིན་ཞེས་གསུངས་པ་ནི་མི་འཐད་དེ། འདི་ཡི་བསྒོམ་སྤངས་དགུ་པ་ལ་གཉེན་པོ་མེད་པར་ཐལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་གཉེན་པོ་མ་ཡིན་ལ་དེ་ལས་གཉེན་པོ་གཞན་མེད་པའི་ཕྱིར་རོ། །ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་སློབ་པའི་ལམ་མཚན་ཉིད་པ་མ་ཡིན་པར་འགྱུར་ཏེ། སྤང་བྱའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ནི་དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི་ཞེས་པའི་གྲུབ་བོ། །གང་དག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་རྒྱུན་མཐའི་ཡེ་ཤེས་ཁོ་ན་ཡིན་པར་སེམས་པ་ནི་བློ་གྲོས་དམན་པ་ཡིན་ཏེ། གྲུབ་པའི་མཐའ་ལས། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུའ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་པ་ལྟར། བསྒོམ་ལམ་ཆེན་པོའི་ཆེན་པོ་ཐམས་ཅད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པ་མ་རྟོགས་པའི་ཕྱིར་རོ། །གཉིས་པ་སྤྱིའི་དོན་བསྡུ་བ་ནི་དེ་ལྟར་འདོད་ཆགས་ལ་སོགས་པའི་སྒྲིབ་པའི་དྲི་མ་དགུ་ནི་པདྨ་ལ་སོགས་པའི་དཔེ་དག་དང་མཚུངས་སོ་ཞེས་པའོ། །གལ་ཏེ་དེ་དག་བསྒྲིབ་བྱ་སྒྲིབ་བྱེད་སོ་སོར་ངེས་པ་ཡིན་ནམ་འོན་ཏེ་ཐམས་ཅད་ལ་ཐམས་ཅད་ཀྱིས་བསྒྲིབ་པ་ཡིན། དང་པོ་ལྟར་ན་འདོད་ཆགས་བག་ལ་ཉལ་གྱིས་ཆོས་སྐུ་ལ་སྒྲིབ་ཀྱི་གཞན་ལ་མི་སྒྲིབ་པའི་ངེས་པ་ཅི་ཞིག་ཡོད། གཉིས་པ་ལྟར་ན་དཔེའ་ལ་བསྒྲིབ་བྱ་སྒྲིབ་བྱེད་ངེས་པ་ཡོད་ལ་དོན་ལ་མེད་པས་དཔེ་དོན་མི་མཚུངས་པར་འགྱུར་རོ་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་ལ་སྒྲིབ་པས་ཉེས་པ་དང་པོ་མེད་ལ་དཔེའ་དོན་མི་མཚུངས་པ་ཡང་མ་ཡིན་ཏེ། སོ་སོར་ངེས་པའི་ཆ་ནས་དཔེར་མི་ལེན་གྱི་མངོན་དུ་གྱུར་ན། ཡིད་དགའ་བ་ལ་སོགས་པ་སྒྲིབ་བྱེད་ཀྱི་དཔེ་དང་། འཇིག་རྟེན་ན་དཔེ་ཟླ་མེད་པ་ལ་སོགས་པའི་བསྒྲིབ་བྱའི་དཔེར་བཀོད་པ་ཡིན་ཏེ། ཇི་ལྟར་བུམ་པ་དང་སྒྲ་ལུས་ཅན་དང་དེ་མ་ཡིན་པ་མི་འདྲ་ཡང་བྱས་པ་དང་མི་རྟག་པར་འདྲ་བས་དཔེར་བྱས་པ་བཞིན་ནོ། །དཔེའ་དང་དོན་བདག་ཉིད་ཐམས་ཅད་ཀྱིས་འདྲ་བ་ནི་གང་ནའང་མེད་པའི་ཕྱིར་རོ། །གཉིས་པ་བསྒྲིབ་བྱའི་རང་བཞིན་ལ་གསུམ་ཏེ། དོན་གྱི་དངོས་པོ་དགོད། དེ་དག་དཔེ་དང་སྦྱར། དཔེ་དང་དོན་གྱི་ཆོས་མཐུན་ནོ། །དང་པོ་ནི། རང་བཞིན་རྣམ་པ་གསུམ་གྱིས་བསྡུས་པའི་ཁམས་ནི་སངས་རྒྱས་ལ་སོགས་པའི་དཔེ་དགུའ་དང་ཆོས་མཚུངས་པར་རྟོགས་པར་བྱའོ། །རང་བཞིན་གསུམ་པོ་གང་ཞེ་ན། ཁམས་འདིའི་རང་བཞིན་གསུམ་ནི་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱང་སྟེ་དེ་ལྟར་གསུམ་མོ། །གཉིས་པ་ནི། གསུམ་པོ་དེ་དག་ནི་དཔེ་དང་པོ་གསུམ་དང་དེ་ནས་གཅིག་དང་ཕྱི་མ་ལྔ་རྣམས་ཀྱིས་ནི་རིམ་པ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་གསུམ་སྟེ། ཆོས་སྐུ་དང་། དེ་བཞིན་ཉིད་དང་། རིགས་ཀྱི་ཆོས་མཐུན་ནོ། །དང་པོ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་། དེའི་ཆོས་མཐུན་ནོ། །དང་པོ་ནི། ཆོས་ཀྱི་སྐུ་ནི་རྟོགས་པ་དང་། བསྟན་པ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཞེས་པའོ། །དེ་ལ་དང་པོ་ནི་སེམས་ཀྱི་རང་བཞིན་གྱིས་སྟོང་པའི་ཆོས་དབྱིངས་ཤིན་ཏུ་སྟེ་གདོད་མ་ནས་དྲི་མ་མེད་པའི་སྟོབས་སོགས་ཀྱི་ཡོན་ཏན་དང་དབྱེར་མེད་པའོ། །དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རྟོགས་པའི་ཆོས་སྐུའོ། །ཆོས་སྐུ་དེ་རྟོགས་པའི་རྒྱུ་མཚན་རྒྱུ་མཐུན་པ་ནི་བསྟན་པའི་ཆོས་སྐུ་སྟེ་དེ་ལ་ཡང་ཟབ་པ་སྟོང་པ་ཉིད་ཀྱི་ཚུལ་སྟོན་བྱང་ཆུབ་སེམས་དཔའ་སྡེ་སྣོད་དང་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་མདོ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བརྗོད་བྱ་རྒྱ་ཆེ་བ་རྣམ་པ་སྣ་ཚོགས་ཀྱི་ཚུལ་སྟོན་པ་སྟེ་གཉིས་སོ། །གསུང་རབ་ཡན་ལག་བཅུ་གཉིས་ནི་བརྒྱད་སྟོང་པའི་འགྲེལ་པ་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ལ་ཕབ་དང་རྨད་བྱུང་ཆོས། །དེ་ལྟར་ཡན་ལག་བཅུ་གཉིས་གསུངས། །ཞེས་འབྱུང་ངོ་། །དེ་ལ་མདོར་བསྟན་པའི་ཚུལ་གྱིས་རྐྱང་པར་གསུངས་པ་ནི་མདོའི་སྡེའོ། །དེ་ཉིད་དབུ་དང་མཐར་ཚིགས་སུ་བཅད་པས་གསུངས་པའམ་དྲང་དོན་སྟོན་པ་ནི་དབྱངས་ཀྱིས་བསྙད་པའོ། །ཉན་ཐོས་འདས་པ་དང་འབྱུང་བ་ལུང་སྟོན་པའམ་ཡང་ན་ངེས་དོན་སྟོན་པ་ནི་ལུང་བསྟན་པའོ། །རྩ་བ་གཉིས་པ་ནས་དྲུག་པའི་བར་གྱི་ཚིགས་སུ་བཅད་པར་སྦྱར་ནས་གསུངས་པ་ནི་ཚིགས་སུ་བཅད་པའོ། །གང་ཡིད་རངས་ནས་བརྗོད་པ་ནི་ཆེད་དུ་བརྗོད་པའོ། །བྱུང་བ་དང་བཅས་པའི་བསླབ་པ་བཅས་པའི་གསུངས་ནི་གླེང་གཞིའི་སྡེའོ། །དཔེ་དང་བཅས་པར་གསུངས་པ་ནི་རྟོགས་པ་བརྗོད་པའོ། །སྔོན་གྱི་སྦྱོར་བ་དང་ལྡན་པ་ནི་དེ་ལྟ་བུ་བྱུང་བའོ། །བྱང་ཆུབ་སེམས་དཔའ་སྤྱོད་པ་དང་ལྡན་པ་ནི་སྐྱེས་པའི་རབས་ཀྱི་སྡེའོ། །བྱང་ཆུབ་སེམས་དཔའ་སྡེ་སྣོད་དང་ལྡན་པ་ནི་ཤིན་ཏུ་རྒྱས་པའོ། །རྣམ་པར་འཐག་པ་དང་མཚུངས་བྲལ་ཡང་དེ་ཡིན་ནོ། །ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་ནི་རྨད་དུ་བྱུང་བའོ། །གང་དུ་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ནི་གཏན་ལ་ཕབ་པ་བསྟན་པའི་སྡེའོ། །དེ་དག་སྡེ་སྣོད་གསུམ་གྱིས་བསྡུས་པའི་ཚུལ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་དུ་བསྟན་པ་དང་ཚིགས་སུ་བཅད་པ་དང་ཆེད་དུ་བརྗོད་པ་དང་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེ་ཡིན་ལ། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ལ་མདོ་སྡེ་ཡིན་ནོ། །གཏན་ལ་ཕབ་པར་བསྟན་པ་ནི་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །གླེང་གཞི་དང་རྟོགས་པ་བརྗོད་པ་དང་དེ་ལྟ་བུ་བྱུང་བ་དང་སྐྱེས་པའི་རབ་དང་བཞི་ནི་གཉིས་ཀའི་འདུལ་བ་ཡིན་ལ་དེའང་སྔ་མ་གཉིས་ཉན་ཐོས་དང་ཕྱི་མ་གཉིས་བྱང་ཆུབ་སེམས་དཔའི་འདུལ་བའི་སྡེ་སྣོད་ཡིན་ཞེས་གསུངས་སོ། །གཉིས་པ་དེའི་ཆོས་མཐུན་ནི། རྟོགས་པའི་ཆོས་སྐུ་འདི་ལ་འཇིག་རྟེན་ན་དཔེའ་གཞན་ནི་འགའ་ཡང་མ་དམིགས་ཤིང་མེད་པས་ཁམས་ཆོས་ཀྱི་སྐུ་ནི་པད་མའི་ནང་གི་དེ་བཞིན་གཤེགས་པ་ཉིད་དང་འདྲ་བ་ཉིད་དུ་བསྟན་པ་ཡིན་ཏེ་གཉིས་ཀ་ཡང་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །བརྗོད་བྱ་ཕྲ་མོ་ཟབ་མོའི་ཚུལ་བསྟན་པ་ནི་སྦྲང་རྩི་མངར་བར་རོ་གཅིག་པ་བཞིན་ཏེ་སྟོང་པ་ཉིད་དུ་རོ་གཅིག་པར་སྟོན་པའི་ཕྱིར་རོ། །རྒྱ་ཆེ་བ་སྤྱོད་པ་རྣམ་པ་སྣ་ཚོགས་པའི་ཚུལ་བསྟན་པ་ནི་འབྲས་བུ་སྣ་ཚོགས་པའི་སྦུན་པའི་སྦུབས་ནས་སྙིང་པོ་ནས་དང་འབྲས་ལ་སོགས་པ་བྱུང་བ་བཞིན་དུ་བརྗོད་བྱ་ཀུན་རྫོབ་སྣ་ཚོགས་པ་སྟོན་པར་ཤེས་པར་བྱའོ། །དེ་ལྟར་དཔེའ་རྣམ་པ་གསུམ་གྱིས་དེ་བཞིན་གཤེགས་པའི་ཁམས་སེམས་ཅན་མཐའ་དག་ལ་ཁྱབ་པར་ཡོད་པའི་ཕྱིར། མདོ་ལས། སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་ཏེ། སེམས་ཅན་གྱི་ཁམས་ནི་དེ་བཞིན་གཤེགས་པའི་ཆོས་སྐུ་ལས་ཕྱི་རོལ་དུ་གྱུར་པ་ནི་འགའ་ཡང་མེད་དེ་ནམ་མཁའི་ཁམས་ལས་གཟུགས་བཞིན་ནོ། །རྒྱན་ལས། ཇི་ལྟར་ནམ་མཁའི་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ནི་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་སོང་བ། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང་། །ཞེས་སོ། །གཉིས་པ། དེ་བཞིན་ཉིད་ཀྱི་ཆོས་མཐུན་ནི་དེ་བཞིན་ཉིད་འདི་མ་དག་པ་དང་དག་མ་དག་གཉིས་ཀ་དང་ཤིན་ཏུ་དག་པའི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུར་བ་མེད་པ་དང་རང་བཞིན་གྱིས་བཟང་ཞིང་དགེའ་བ་དང་དྲི་མ་གདོད་མ་ནས་རྣམ་པར་དག་པའི་ཕྱིར་གསེར་གྱི་གཟུགས་རང་བཞིན་གཞན་དུ་མི་འགྱུར་ཞིང་ངོ་བོ་བཟང་ལ་དྲི་མས་དག་པ་དང་མཚུངས་པར་བརྗོད་པ་ཡིན་ནོ། །དེས་ན་གསེར་གྱི་དཔེའ་ནི་འགྱུར་བ་མེད་པའི་དེ་བཞིན་ཉིད་དེ། སེམས་ཅན་ཐམས་ཅད་ལ་དབྱེར་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་ཡིན་ཏེ། འཇམ་དཔལ། དེ་ལ་དེ་བཞིན་གཤེགས་པ་ནི་བདག་གི་ཉེ་བར་ལེན་པའི་གཞི་རྩ་ཡོངས་སུ་མཁྱེན་པ་བསྲུང་བ་མཛད་དེ། བདག་རྣམ་པར་དག་པའི་སེམས་ཅན་ཐམས་ཅད་རྣམ་པར་དག་པར་རྟོགས་སོ། །བདག་རྣམ་པར་དག་པ་གང་ཡིན་པ་དང་སེམས་ཅན་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་སོ། །གལ་ཏེ་དེ་བཞིན་ཉིད་དབྱེར་མེད་དུ་ཡོད་པས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། སེམས་ཅན་དང་དེ་བཞིན་གཤེགས་པ་ཉིད་ལ་ཁྱད་པར་ཅི་ཡོད་ཅེ་ན་དེ་དག་གི་རང་བཞིན་དབྱིངས་དང་ཡོན་ཏན་དབྱེར་མེད་པའི་དེ་བཞིན་ཉིད་ལ་ཁྱད་མེད་ཀྱང་བློ་བུར་གྱི་སྒྲིབ་པས་མ་དག་པ་དང་དག་པ་ལ་སེམས་ཅན་དང་དེ་བཞིན་གཤེགས་པ་ཞེས་ཐ་སྙད་བྱས་ཏེ་དྲི་མ་མ་དག་པ་ན་དེ་བཞིན་ཉིད་མ་རྟོགས་ལ་དག་པ་ན་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་རོ་ཞེས་བཤད་པ་ལྟར་རོ། །རྒྱན་ལས། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། །བྱང་ཆུབ་རིང་མིན་ཉེ་བའང་མིན། །འགྲོ་མིན་འོང་བའང་མ་ཡིན་ཞིང་། །ཉོན་མོངས་གཟེབ་གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་སོ། །གསུམ་པ་རིགས་ཀྱི་ཆོས་མཐུན་ལ་གཉིས་ཏེ། རིགས་གཉིས་ཀྱི་ངོ་བོའི་ཆོས་མཐུན། འབྲས་བུ་སྐུ་གསུམ་གྱི་ཆོས་མཐུན་ནོ། །དང་པོ་ནི། འབྲས་བུ་རྣམ་པར་དག་པའི་སྐུ་གསུམ་འབྱུང་དུ་རུང་བའི་སངས་རྒྱས་ཀྱི་རིགས་དེ་ཡང་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཇི་ལྟར་ན་ས་འོག་གི་གཏེར་རྩོལ་བས་མ་བསྒྲུབས་པ་རང་བཞིན་གྱིས་གནས་པ་བཞིན་དུ་ཐོག་མ་མེད་པའི་དུས་ནས་འབད་རྩོལ་གྱིས་གསར་དུ་མ་བསྒྲུབས་པར་རང་བཞིན་གྱིས་གནས་པ་དང་འབྲས་བུ་དང་བཅས་པའི་ཤིང་སྐྱེས་བུའི་རྩོལ་བས་གསར་དུ་བསྐྱེད་པ་བཞིན་དུ་ཐར་པའི་རྒྱུར་གྱུར་པའི་དགེ་བ་སྐྱེས་བུའི་རྩོལ་བས་གསར་དུ་ཡང་དག་པར་བླངས་པ་སྟེ་སྔ་མ་ནུས་པ་ཙམ་པོ་ལས་ཕྱི་མ་ནུས་པ་མཐུ་ཅན་དུ་བྱས་པས་མཆོག་ཉིད་དོ། །མདོ་ལས་ཀྱང་། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །དེ་ལ་ཐོག་མ་མེད་དུས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཐོག་མའི་མཐའ་མེད་པ་སྟེ་སྔོན་གྱི་མཐའ་མི་དམིགས་སོ་ཞེས་སོ། །ཁམས་ཞེས་པ་ནི་སེམས་ཅན་ལ་ཡོད་པའི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས་པ་འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ་རང་བཞིན་གྱིས་ཡོངས་སུ་དག་པའི་སྙིང་པོའོ་ཞེས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ་ཞེས་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་བ་རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤིས་པ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱིས་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འབྲེལ་བ་རྣམ་པར་དབྱེ་བ་མེད་པ་དང་བཅས་པའི་ཆོས་བྲལ་མི་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ཀྱིའང་གནས་དང་གཞི་དང་རྟེན་ལགས་སོ། །ཞེས་སོ། །དེ་ཡོད་ན་ནི་འགྲོ་ཀུན་དང་ཞེས་པ་ནི་དེ་ཉིད་ལ་དྲི་མ་བློ་བུར་བ་བརྟེན་ཞིང་དེས་འཁོར་བར་འཁོར་བའི་ཕྱིར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན་དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །ཞེས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར་ཞེས་པ་ནི་དེ་ཉིད་ཡོད་ན་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་དང་མྱ་ངན་ལས་འདས་པའི་ཡོན་ཏན་འདོད་པ་ལ་སོགས་པའི་བྱུང་ལ་དེ་ལས་དེའི་ཐབས་ལ་ཞུགས་ནས་དྲི་མ་བློ་བུར་བ་སྦྱངས་པ་ན་རྣམ་པར་དག་པར་འགྱུར་བའི་ཕྱིར་ཏེ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལའང་ཡིད་འབྱུང་བར་མི་འགྱུར་རོ་ཞིང་མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ། །ཞེས་ལྡོག་པའི་སྒོ་ནས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུ་དང་འབྲས་བུའི་ངེས་པ་དང་། དཔེའ་དང་ཆོས་མཐུན་སྦྱར་བའོ། །དང་པོ་ནི། རང་བཞིན་དུ་གནས་པ་དང་བསྒྲུབས་པ་ལས་བྱུང་བའི་རིགས་འདི་གཉིས་ལས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་དག་པའི་སྐུ་གསུམ་ཐོབ་པར་འགྱུར་བས་དེ་དག་གི་རྒྱུ་ཡིན་པར་འདོད་པ་ཡིན་དེས་ན་ཁམས་སམ་རིགས་ནི་རྒྱུ་ཡིན་ནོ། །རིགས་གང་ལས་འབྲས་བུ་སྐུ་གང་ཐོབ་ཅེ་ན་དང་པོ་རང་བཞིན་དུ་གནས་པས་སྐུ་ནི་དངོས་པོ་ངོ་བོ་ཉིད་ཀྱི་སྐུ་ཐོབ་སྟེ་སྔར་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཡོད་ན་དེའི་དྲི་མ་སྦྱངས་པས་རྣམ་པར་དག་པར་གྱུར་པའི་ཆོས་ཀྱི་སྐུར་གནས་གྱུར་པ་འཐོབ་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཁ་ཅིག་ན་རེ་སྟོང་པ་ཉིད་ལ་དམིགས་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གོམས་པས་རྣམ་པར་མི་རྟོག་པའི་ཤེས་རབ་སྐྱེ་བས་ཡེ་ཤེས་ཀྱི་རྒྱུར་བཏགས་པ་ཡིན་ཞེས་གསུངས་པ་ནི་མི་འཐད་དེ་འགྲེལ་པ་ལས། དེ་བཞིན་གཤེགས་པས་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ནི་དེ་ཐོབ་པའི་རྒྱུ་ཡིན་པས་འདིར་ཁམས་ཀྱི་དོན་ནི་རྒྱུའམ་དོན་ཏེ། ཞེས་རྒྱུར་གསུངས་པ་དང་འགལ་ལ་སྔར་རང་བཞིན་དུ་གནས་པའི་རིགས་ཡོད་ན་ཕྱིས་རྣམ་པར་དག་པའི་ཆོས་སྐུ་འབྱུང་དུ་རུང་ལ་སྔར་རིགས་མེད་དེ་མེད་ན་ཕྱིས་སངས་རྒྱས་ཀྱི་སྐུ་དེ་འབྱུང་དུ་མི་རུང་བས་ཕྱི་མ་སྐུ་དེའི་རྗེས་སུ་འགྲོ་ལྡོག་བྱས་པར་འདུག་པའི་ཕྱིར་རོ། །རིགས་པའི་དབང་ཕྱུག་གིས། གང་ཞིག་ཡོད་ན་གང་གྱུར་པ། །དེ་ལས་གཞན་པ་དེ་ཡི་རྒྱུར། །རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས། དེས་ན་གནས་གྱུར་གྱི་རྒྱུ་ཡིན་ནོ། །གཉིས་པ་རྒྱས་འགྱུར་གྱི་རིགས་ཀྱིས་ནི་ཕྱི་མ་གཟུགས་ཀྱི་སྐུ་གཉིས་ཐོབ་པ་སྟེ་ཐར་པའི་རྒྱུར་གྱུར་པའི་དགེ་བ་བསྒྲུབས་ཤིང་སྨོན་ལམ་བཏབ་པས་སངས་རྒྱས་པའི་ཚེ་གདུལ་བྱ་ཉེ་བ་དང་རིང་བ་ལ་གཟུགས་སྐུ་གཉིས་སུ་སྣང་བའི་ཕྱིར་རོ། །སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱིས། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་སོ། །གཉིས་པ་ལ། འབྲས་བུ་དང་ངོ་བོ་ཉིད་ཀྱི་སྐུ་ཡོན་ཏན་གྱིས་མཛེས་པ་ནི་རིན་ཆེན་གྱི་སྐུ་རང་བྱུང་དང་འདྲ་བར་ཤེས་པར་བྱ་སྟེ་གདོད་མ་ནས་རང་བཞིན་གྱིས་གྲུབ་པའི་རྐྱེན་གྱིས་གསར་དུ་བྱས་པ་མིན་པའི་ཕྱིར་དང་། སྟོབས་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཆེན་པོ་ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ཆེ་བ་ལ་ལོངས་སྤྱོད་པ་དང་ལྡན་པའི་ཕྱིར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླིང་བཞིའི་འབྱོར་པ་ལ་ལོངས་སྤྱོད་པ་བཞིན་ནོ། །སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་དབང་གིས་གདུལ་བྱའི་བློ་ངོར་དེའི་གཟུགས་བརྙན་ཤར་བའི་ཚུལ་གྱིས་ནི་རང་བཞིན་ཡིན་པའི་ཕྱིར། གསེར་ལས་བྱས་པའི་བཅོས་མའི་གཟུགས་ལྟ་བུའོ། །དེ་ལྟར་ན་དཔེའ་ལྷག་མ་ལྔས་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་སྐྱེ་བའི་རིགས་ཡོད་པའི་ཕྱིར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པ་ཡིན་ཏེ། འགྲེལ་པ་ལས། ཆོས་ཀྱི་སྐུ་ལྟར་ན་རྒྱ་ཆེ་བ་དེ་ས་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི་རང་བཞིན་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ་ཞེས་བྱ་བར་ནི་ཆོས་ཉིད་ཚད་མར་བྱས་ནས་ལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་ཤེས་བྱེད་དང་བཅས་པ་གསུངས་པ་བཞིན་ནོ། །དེ་ལྟར་ན་རང་བཞིན་གསུམ་གྱིས་བསྡུས་པའི་དོན་དགུ་ལས་ཆོས་ཀྱི་སྐུ་དང་དེ་བཞིན་ཉིད་དང་རང་བཞིན་དུ་གནས་པའི་རིགས་གསུམ་ནི་སྒྲ་ཇི་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་ལ་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་ཟབ་པ་དང་རྒྱ་ཆེ་བར་སྟོན་པ་གཉིས་དང་རིགས་ཀྱི་འབྲས་བུ་སྐུ་གསུམ་ནི་འབྲས་བུའི་ས་ན་ཡོད་པ་བསྟན་པ་ཡིན་ལ། དེ་དག་སེམས་ཅན་ལ་ཡོད་པ་དང་ཡོད་ཀྱང་སྒྲིབ་པས་བསྒྲིབས་པ་ནི་གསུང་རབ་གཉིས་ཀྱི་བདག་རྐྱེན་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་། སྐུ་གཉིས་འབྱུང་བའི་བདག་པོ་ཡེ་ཤེས་བཞི་ཡོད་པས་དེ་ལྟར་གསུངས་ཏེ་ཡེ་ཤེས་དེ་དག་དྲི་མ་བློ་བུར་བས་དག་པ་ན་དེའི་དབང་གིས་གདུལ་བྱ་ལ་གསུང་རབ་གཉིས་དང་སྐུ་གཉིས་སུ་སྣང་བ་འབྱུང་བའི་ཕྱིར་རོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཀྱི་སྐུ་དང་དང་དོན་གཅིག་ཡིན་ཅིང་རྒྱས་འགྱུར་གྱི་རིགས་ནི་རྐྱེན་གྱིས་རིགས་གསར་དུ་བསྒྲུབས་པ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་མེད་དོ། །གཉིས་པ་ཁམས་ཇི་ལྟར་རྟོགས་པའི་ཚུལ་ལ་གཉིས་ཏེ། གང་ཟག་གཞན་གྱིས་རྟོགས་པའི་ཚུལ། ཐེག་ཆེན་འཕགས་པས་རྟོགས་པའི་ཚུལ་ལོ། །དང་པོ་ལ་ཐ་དད་པས་སྤྱིའི་ཚུལ་དུ་རྟོགས་པ་ནི་རང་བྱུང་ཞེས་པ་སངས་རྒྱས་ཏེ་དེ་ཡང་གཞིའི་དུས་སུ་རྐྱེན་གྱིས་གསར་དུ་མ་བསྒྲུབས་པར་གདོད་མ་ནས་ཡོད་པ་ཡིན་ལ་འབྲས་བུའི་དུས་སུ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་རྟོགས་པ་རང་བྱུང་དུ་སྐྱེ་བའི་ཕྱིར་རང་བྱུང་སྟེ། ལུང་ལས། ང་ལ་སློབ་དཔོན་འགའ་མེད་དོ། །ང་ནི་རང་བྱུང་སངས་རྒྱས་ཡིན། །ཞེས་སོ། །དེ་རྣམས་ཀྱི་དོན་དམ་སྟེ་ཞེས་པ་ཁམས་དེ་སོ་སོའི་སྐྱེ་བོ་དང་ཉན་རང་འཕགས་པས་ཇི་ལྟར་རྟོགས་པར་བྱ་ཞེ་ན། དེ་བཞིན་གཤེགས་པའི་ངེས་པའི་དོན་ཅན་གྱི་གསུང་རབ་ལ་ཡིད་ཆེས་པའི་དད་པ་ཉིད་ཀྱིས་སྤྱི་ཙམ་དུ་རྟོགས་པར་བྱ་བ་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། དོན་འདི་ནི་རེ་ཞིག་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རང་རང་གི་ཤེས་རབ་ཀྱིས་ཡང་དག་པར་ཤེས་པའམ་ལྟ་བའམ་བརྟག་པར་མི་ནུས་ན། བྱིས་པ་སོ་སོའི་སྐྱེ་བོ་དག་གིས་ལྟ་ཅི་སྨོས་ཏེ་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པ་ནི་མ་གཏོགས་སོ། །ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི་སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་སོ། །ཞེས་སོ། །མྱོང་བའི་མངོན་དུ་མི་རྟོགས་པ་ནི་སོ་སོ་སྐྱེ་བོ་དང་ཉན་རང་འཕགས་པ་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཁམས་གསལ་བཞག་ལས་འདས་པ་མངོན་སུམ་དུ་མི་རྟོགས་ཏེ་དེ་ལ་ལྟོས་ནས་བློའི་མིག་དང་མི་ལྡན་པའི་ཕྱིར་རོ། །དཔེར་ན། ཉི་མའི་དཀྱིལ་འཁོར་འོད་ཟེར་རབ་ཏུ་འབར་བ་མིག་མེད་པས་ནི་མངོན་སུམ་དུ་མཐོང་བ་མེད་པ་བཞིན་ནོ། །འགྲེལ་པ་ལས། མདོར་བསྡུ་ན་གང་ཟག་བཞི་པོ་འདི་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟ་སྟེ། སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟེ་ཞེས་སོ། །དེ་ལ་སོ་སོ་སྐྱེ་བོ་རྣམས་ནི་བདག་དང་བདག་གིར་འཛིན་པའི་འཇིག་ཚོགས་ལ་ལྟ་བ་དང་བཅས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བ་དང་། བདག་དང་བདེའ་བ་དང་། རྟག་པར་བསྒོམ་པར་བྱ་བ་ཡིན་པ་ལས་ཕྱིན་ཅི་ལོག་ཏུ་མི་གཙང་བ་ལ་སོགས་པར་བསྒོས་པ་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལ་སེམས་གཡེངས་པའི་ཕྱིར་དེ་དག་གིས་དེ་བཞིན་གཤེགས་པའི་སྙིང་པོ་མི་རྟོགས་ཏེ། མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིགས་ཚོགས་ལ་ལྟ་བར་ལྷུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ་ཞེས་གསུངས་སོ། །སྟོང་པ་ཉིད་ལ་སེམས་རྣམ་པར་གཡེངས་པ་ཡང་གང་དག་སྔར་ཡོད་པའི་ཆོས་དུས་ཕྱིས་རྒྱུན་ཆད་ཅིང་ཞིག་པ་ལ་མྱ་ངན་ལས་འདས་པར་འཛིན་པ་དང་། གང་དག་གང་ཞིག་རྟོགས་པར་བྱ་བ་དང་བསྒོམ་པར་བྱ་བའི་སྟོང་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ཅན་ལས་ཐ་དད་པའི་ཆོས་སུ་དམིགས་པ་སྟེ། ཟླ་བ་སྒྲོན་མེ་ལས། རྒྱལ་བའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱིས། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་པའི་དོན་ཁོང་དུ་མ་ཆུད་པའོ། །གཉིས་པ་ཐེག་ཆེན་འཕགས་པའི་རྟོགས་པའི་ཚུལ་ལ་གསུམ་སྟེ། རྟོགས་བྱ་ཁམས་ཀྱི་གནས་ལུགས། རྟོགས་པ་བློ་ཡི་འཇུག་ཚུལ། མཐའ་དང་བྲལ་བའི་རྒྱུ་མཚན་ནོ། །དང་པོ་ནི། ཁམས་དེ་བཞིན་ཉིད་འདི་ལ་གསལ་བར་བྱ་བའི་སྒྲིབ་པ་རང་བཞིན་པ་སྔར་ཡོད་སྤང་རྒྱུ་ཅི་ཡང་མེད་ཅིང་བཞག་པར་བྱ་བའི་སྟོབས་སོགས་ཀྱི་ཡོན་ཏན་སྔར་མེད་གསར་དུ་བསྒྲུབ་བྱ་ཅུང་ཟད་ཀྱང་མེད་པས་བསལ་བཞག་གི་མཐའ་ལས་འདས་པའོ། །འདིར་སློབ་དཔོན་ཆེན་པོ་དག་འདི་ལ་བསལ་བྱ་ཅི་ཡང་མེད་ཅེས་པ་ཀུན་ནས་ཉོན་མོངས་པའི་རྩ་བ་གང་ཟག་དང་ཆོས་སུ་འཛིན་པ་ཡིན་ལ་དེའི་དམིགས་པ་གང་ཟག་དང་ཆོས་དོན་དམ་པ་གསལ་བར་བྱ་བ་སྔར་ཡོད་ཕྱིས་གསལ་བ་ཅི་ཡང་མེད་ཅེས་པ་དང་། གཞག་པར་བྱ་བ་ཅུང་ཟད་མེད་ཅེས་པ་སྟོབས་ལ་སོགས་པ་དག་པ་འཇིག་རྟེན་པའི་རྗེས་ཤེས་ཀྱི་དམིགས་པ་སྒྱུ་མ་ལྟ་བུ་དེ་ཕྱིས་བསྐྱེད་མི་དགོས་པར་ཡེ་ནས་ཡོད་པའོ་ཞེས་གསུངས་པ་ནི་མ་ཡིན་ཏེ། བློ་བུར་དག་གིས་ཁམས་སྟོང་ཞེས་པ་དང་། བླ་མེད་ཆོས་ཀྱིས་སྟོང་མ་ཡིན་ཞེས་བསྒྲིབ་པས་སྟོང་པ་དང་ཡོན་ཏན་གྱིས་མི་གཏོང་བར་བཤད་ལ། མདོ་ལས་ཀྱང་དེ་ལྟར་བཤད་པ་དང་མི་འགལ་བའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ་བསལ་བ་ཅི་ཡང་མེད་ཅེས་པ་སྒྲིབ་པ་བདེན་པའི་སྟོང་པས་སྤང་དུ་མེད་པའི་ཕྱིར་སྒྲོ་འདོགས་དང་བྲལ་བའོ་ཞེས་པ་ཡང་མ་ཡིན་ཏེ། སྒྲིབ་པ་བདེན་པས་སྟོང་པ་བཞིན་དུ་ཡོན་ཏན་ཡང་བདེན་པས་སྟོང་པའི་ཕྱིར་རོ། །གཉིས་པ་ནི། ཡུལ་མཐའ་གཉིས་དང་བྲལ་བའི་ཡང་དག་པ་ཉིད་ལ་ཡུལ་ཅན་མཉམ་པར་བཞག་པའི་ཤེས་རབ་ཀྱིས་ཡང་དག་པར་ལྟ་སྟེ་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་མཐོང་བའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ལུས་ཅན་མཐའ་དག་གི་ཆོས་ཀྱི་སྐུ་མངོན་སུམ་དུ་མཁྱེན་པའི་ཕྱིར་ནམ་མཁའ་ལྟར་རྒྱ་ཆེ་ཞིང་དེ་ལ་ལྟོས་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཆོས་སྐུ་རྟོགས་པ་ཡང་ཉི་ཚེ་བའི་སེམས་ཅན་གྱི་ཆོས་སྐུ་རྟོགས་པ་ཡིན་པའི་ཕྱིར་སྤྲིན་གྱི་བར་ལ་ཤར་བའི་ཉི་མའི་འོད་ལྟར་རྒྱ་ཆུང་སྟེ། མདོའ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །འོག་ནས་ཀྱང་། བཙས་པའི་ཁྱིམ་ན་བུ་ཆུང་གིས། །ཉི་མའི་གཟུགས་བཞིན་འཕགས་པས་ཀྱང་། །ཞེས་འཆད་པར་འགྱུར་རོ། །དེ་ལྟར་རྟོགས་པའི་བྱེད་ལས་ནི་སེམས་ཀྱི་ཡང་དག་པའི་དོན་བསལ་བཞག་གི་མཐའ་ལས་འདས་པ་མངོན་སུམ་དུ་མཐོང་ནས་ཁམས་ལ་སྒྲིབ་པར་བྱེད་པའི་དྲི་མ་བློ་བུར་བ་ལས་རྣམ་པར་གྲོལ་བར་གྱུར་རོ། །དེ་ཡང་མཐོང་ལམ་དུ་མཐོང་སྤངས་དང་བསྒོམ་ལམ་དུ་བསྒོམ་སྤངས་དང་མཐར་ཕྱིན་པའི་ལམ་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བར་འགྱུར་རོ། །གསུམ་པ་ནི། སེམས་ཅན་གྱི་རྒྱུད་ཀྱི་ཁམས་དེ་ལ་དྲི་མ་སྔར་ཡོད་པའི་རང་བཞིན་གསལ་དུ་མེད་དེ་རྣམ་པར་དབྱེ་བ་དང་བཅས་པ་སྟེ་འབྲལ་དུ་རུང་བའི་མཚན་ཉིད་ཅན་གྱི་བློ་བུར་གྱི་དྲི་མ་དག་གིས་གདོད་མ་ནས་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཡང་སྟོབས་སོགས་ཡོན་ཏན་སྔར་མེད་བཞག་པར་བྱར་མེད་དེ་རྣམ་པར་དབྱེ་བ་མེད་པ་སྟེ་འབྲལ་དུ་མི་རུང་བའི་མཚན་ཉིད་ཅན་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་ཀྱིས་སྟོང་པ་མིན་ཞེས་པ་གདོད་མ་ནས་དབྱེར་མེད་དུ་ཡོད་པའི་ཕྱིར་རོ། །མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ་རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་གསུངས་སོ། །གཉིས་པ་ཁམས་བསྟན་པའི་དགོངས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་ཤད་པའོ། །དང་པོ་ལ་གཉིས་ལས་དྲི་བ་ནི། བཅོམ་ལྡན་འདས་ཀྱི་རྒྱལ་བའི་ཡུམ་དེ་དང་དེར་ཤེས་བྱའི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྤྲིན་དང་རྨི་ལམ་དང་སྒྱུ་མ་བཞིན་དུ་རྫུན་པ་དང་། དོན་དམ་པར་སྐྱེ་འགགས་ལ་སོགས་པའི་རྣམ་པ་ཀུན་གྱིས་སྟོང་པ་ཞེས་གསུངས་པ་མ་ཡིན་ནམ་དེ་ལྟར་གསུངས་ནས་ཡང་རྒྱུད་བླ་མའི་མདོ་དང་བསྟན་བཅོས་འདིར་རྒྱལ་བ་རྣམས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཁྱབ་པར་ཡོད་ཅེས་ཅི་སྟེ་གསུངས་ཞེས་པ་དེ་དག་སྔ་ཕྱི་འགལ་བར་འགྱུར་རོ་སྙམ་དུ་བསམ་པའོ། །གཉིས་པ་དེའི་ལན་ལ་ཉེས་པའི་སྐྱོན་ལྔ་ཡོད་པའི་གང་ཟག་དེ་དག་གི་ཉེས་པ་དེ་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གསུངས་སོ་ཞེས་སོ། །སྐྱོན་ལྔ་པོ་གང་ལ་ཡོད་ཅེ་ན་གང་དག་ལ་ཞེས་སྤྱིར་བསྟན་པ་སྟེ་གང་ཟག་གང་ཡང་རུང་བ་ལའོ། །སྐྱོན་ལྔ་གང་ཞེ་ན་སངས་རྒྱས་ཀྱི་སྙིང་པོ་རང་གཞན་ཐམས་ཅད་ལ་ཁྱབ་པར་མ་ཤེས་ན་སེམས་བསྐྱེད་སྐྱེ་བའི་གེགས་བདག་ལྟ་བུས་བྱང་ཆུབ་ཐོབ་པར་མི་ནུས་སྙམ་དུ་སེམས་ཞུམ་པ་དང་། སྤྱོད་པ་ཉམས་སུ་ལེན་པའི་གེགས་སེམས་མ་བསྐྱེད་པའི་སེམས་ཅན་དམན་པ་ལ་བརྙས་པ་དང་། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་གེགས་སྒྲིབ་པ་བློ་བུར་བ་ལ་ཡང་དག་པ་མ་ཡིན་པར་འཛིན་ཏེ་སེམས་ཅན་གྱི་རང་བཞིན་དུ་བདེན་པར་སྒྲོ་འདོགས་པ་དང་། སྟོབས་ལ་སོགས་པ་ཡང་དག་པའི་ཡོན་ཏན་གྱི་ཆོས་ལ་སེམས་ཅན་གྱི་རྒྱུད་ལ་མེད་ཅེས་སྐུར་པ་འདེབས་པ་དང་། ཕན་སེམས་སྐྱེ་བའི་གེགས་བདག་ལ་ལྷག་པར་ཆགས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཞན་དུ་བདེན་གཉིས་གསུངས་པའི་ཚུལ་འདིར་ཁམས་བསྟན་པའི་དགོངས་པའོ། །དང་པོ་ནི། རྒྱལ་བའི་ཡུམ་དུ་ཡང་དག་པའི་མཐའ་སྟེ་དོན་དམ་པའི་བདེན་པ་ནི་འདུས་བྱས་ཀྱི་ཆོས་སྐྱེ་བ་དང་འགགས་པ་དང་གནས་པ་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱི་རང་བཞིན་གྱིས་དབེན་ཞིང་སྟོང་པ་སྟེ་ངོ་བོ་གང་དུའང་མ་གྲུབ་ལ། ཀུན་རྫོབ་ཏུ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མི་དགེ་བ་ལ་སོགས་པའི་ལས་དང་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུའི་དོན་རྣམ་སྨིན་གྱི་ཕུང་པོ་ནི་སྤྲིན་ལ་སོགས་པ་བཞིན་དུ་བརྗོད་དོ། །དེ་དག་བཤད་པ་ཉོན་མོངས་པ་ནི་བློ་བུར་དུ་འབྱུང་ཞིང་སེམས་ལ་ཁྱབ་པར་བྱེད་ལ་རང་བཞིན་མ་གྲུབ་པས་སྤྲིན་དང་འདྲའོ། །བྱ་བའི་ལས་ནི་ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་པའི་ཡུལ་ཡིན་པས་རྨི་ལམ་གྱི་ལོངས་སྤྱོད་བཞིན་ནོ། །ཉོན་མོངས་དང་ལས་གཉིས་ཀྱི་རྣམ་པར་སྨིན་པའི་འབྲས་བུའི་དོན་ཟག་བཅས་ཀྱི་ཕུང་པོ་ནི་རྐྱེན་ལ་ལྟོས་ཤིང་ཡང་དག་པར་མེད་པས་སྒྱུ་མ་སྤྲུལ་པ་བཞིན་དུ་བརྫུན་པར་གསུངས་སོ། །གཉིས་པ་ལ་གསུམ་སྟེ། དགོས་པ་སྤྱིར་བསྟན། རྣམ་གཅོད་དང་། ཡོངས་གཅོད་ཀྱི་དགོས་པའོ། །དང་པོ་ནི། སྔར་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་དུ་ནི། དེ་ལྟར་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་རྣམ་པར་བཞག་ནས་སླར་ཡང་བླ་མའི་རྒྱུད་ཀྱི་མདོ་དང་བསྟན་བཅོས་འདིར་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཁམས་ཁྱབ་བྱེད་དུ་ཡོད་པ་ཉིད་ཅེས་བསྟན་པ་ཡིན་ནོ། །དགོས་པ་ཅིའི་དོན་དུ་ཞེ་ན། རྣམ་གཅོད་ལ་ཉེས་པ་ལྔ་དག་སྤངས་ནས་ཡོངས་གཅོད་ལ་ཡོན་ཏན་གྱི་ཆོས་ལྔ་བསྐྱེད་པའི་ཕྱིར་རོ། །རྒྱལ་བའི་ཡུམ་དང་འགལ་བར་མི་འགྱུར་ཏེ་དེ་ལས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གསུངས་པ་ནི་འདིར་བསྟན་པའི་ཆོས་ཀྱི་སྐུ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ཉོན་མོངས་པ་དང་ལས་དང་ཕུང་པོ་རྣམས་སྤྲིན་ལ་སོགས་པ་བཞིན་དུ་གསུངས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་བློ་བུར་བ་ཡིན་གྱི། སེམས་ཀྱི་རང་བཞིན་མ་ཡིན་པར་བསྟན་ལ་དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། སེམས་སྒྲིབ་པ་དང་རང་བཞིན་གྱིས་བྲལ་བ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གདོད་མ་ནས་གྲུབ་པའི་ཕྱིར་རོ། །ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པའི་དོན་ཡང་དེ་ཉིད་ཡིན་ནོ། །དེས་ན་མདོ་དོན་སྔ་ཕྱི་མི་འགལ་ཞིང་དགོངས་པ་མཐུན་པ་ཉིད་ཡིན་ཏེ་གཉིས་ཀ་ངེས་དོན་གྱི་གསུང་རབ་ཡིན་པའི་ཕྱིར་རོ། །འདིར་བློ་གྲོས་ཀྱི་སྐལ་བ་མི་དམན་པའི་སྐྱེས་བུ་འགའ་ཞིག་གཞན་ནས་སྟོང་པར་བསྟན་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་ལ། འདིར་ཁམས་སངས་རྒྱས་ཀྱི་རྒྱུར་ཡོད་པར་བསྟན་པ་ཡང་དགོངས་པ་ཅན་ཡིན་པས་མི་འགལ་ཏེ་འདི་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །འོ་ན་དགོངས་ཏེ་གསུངས་པའི་དགོངས་གཞི་གང་ཡིན་ཞེ་ན་ཡུལ་སྟོང་པ་ཉིད་རྒྱུར་མི་རུང་ཡང་ཡུལ་ཅན་ཚུལ་བཞིན་ཡིད་ལ་བྱེད་པ་སངས་རྒྱས་ཀྱི་རྒྱུ་ཡིན་པ་ལ་དགོངས་པས་དགོངས་གཞིའ་དེ་ཡིན་ནོ། །དགོས་པ་ནི་ཉེས་པ་ལྔ་སྤོང་བ་ཡིན་ཞེས་དགོས་པ་བརྗོད་པའི་ཚུལ་གྱིས་སྒྲ་ཇི་བཞིན་པ་བཀག་པས་དགོངས་གཞི་ཟབ་མོ་དང་མདོའི་དོན་གཞན་མི་འགལ་བར་བསྟན་པའི་ཕྱིར་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་སྒྲོགས་པར་མཛད་དོ། །དེ་ནི་མི་འཐད་དེ་དགོས་པ་བརྗོད་པས་སྒྲ་ཇི་བཞིན་པ་མ་ཡིན་པར་འགྱུར་ན་བདེ་བར་གཤེགས་པའི་གསུང་རབ་ལ་དགོས་པ་མེད་པ་གང་ཞིག་ཡོད། རྒྱལ་བའི་ཡུམ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཉིད་ཡོད་བཞིན་དུ་ཡང་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་ན་ཇི་ལྟར་སྒྲ་ཇི་བཞིན་པ་མ་ཡིན། ཆོས་ཐམས་ཅད་སྣང་ཙམ་དུ་ཡོད་པ་ནི་ཡུམ་ལས་ཀྱང་མ་བཀག་ལ་རང་བཞིན་གྱིས་སྟོང་པར་གསུངས་པ་སྒྲ་ཇི་བཞིན་མ་ཡིན་རང་བཞིན་གྱིས་མི་སྟོང་པ་འགའ་ཞིག་ཡོད་དགོས་ན་དེ་ཡང་བསྟན་པར་ནུས་པ་མ་ཡིན་ནོ། །ཡུལ་སྟོང་པ་ཉིད་བསྐྱེད་བྱའི་འབྲས་བུ་ལ་སྐྱེད་བྱེད་ཀྱི་ནུས་པ་སྦྱོར་བའི་རྒྱུ་མ་ཡིན་ཡང་སྔར་སེམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཡོད་ན་ཕྱིས་རྣམ་པར་དག་པའི་ཆོས་སྐུ་འབྱུང་དུ་རུང་བས་གནས་གྱུར་གྱི་རྒྱུ་ཡིན་ཏེ། མདོ་ལས། འདོད་པའི་ཁམས་དེ་བཞིན་ཉིད་ཅེས་པ་ནས་རྟག་ཅིང་བརྟན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་གྱི་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ངེས་པར་མི་འབྱུང་བ་ཞིག་ན་ཞེས་པ་དང་། དབུ་མ་རྩ་བ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་སོ། །སྤྱིར་ཡང་གསུང་རབ་ནང་འགལ་བར་སྣང་ན་གང་ཡང་རུང་བ་གཅིག་དགོངས་པ་ཅན་དུ་བཤད་པར་བྱ་བ་ཡིན་གྱི་གཉིས་ཀ་དགོངས་པ་ཅན་དུ་བཤད་པས་ཅི་ཞིག་བྱ། དེས་ན་འདི་དག་ནི་དགོངས་པ་ཅན་མ་ཡིན་ཏེ། དངོས་ཀྱི་དོན་ལ་གནོད་བྱེད་མེད་པའི་ཕྱིར་རོ། །གལ་ཏེ་མདོ་གཞན་ལས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དགོངས་པ་ཅན་དུ་གསུངས་པ་དང་དབུ་མ་འཇུག་པ་ལས་ཀྱང་དེ་ལྟར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་ནི་རིགས་པས་དཔྱད་བཟོད་པའི་དོན་མེད་པ་ལ་དགོངས་ནས་བདེན་པའི་རང་བཞིན་དུ་རྟོག་པ་འགོག་པའི་ཕྱིར་གསུངས་པས་དེ་ཉིད་དགོངས་པ་ཅན་ཡིན་ཏེ། ཇི་ལྟར་ཐེག་པ་གཅིག་ཏུ་གསུངས་པ་དྲང་བའི་དོན་དུ་བསྟན་པ་བཞིན་ནོ། །གཉིས་པ་རྣམ་གཅོད་ཀྱི་དགོས་པ་ནི། འདི་ལྟར་དྲི་མ་བློ་བུར་བ་ཡིན་པ་དང་ཡོན་ཏན་ཐོག་མ་ནས་ཡོད་པའི་ཁམས་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཚུལ་དེ་ནི་མ་ཐོས་པས་བདག་ཉིད་ལ་སྒྲིབ་པ་ཡོད་ཅིང་ཡོན་ཏན་མེད་པའི་དམན་པ་ཡིན་སྙམ་པའི་བརྙས་པའི་ཉེས་པ་ཡིས་སྒྲིབ་པ་སྤང་བར་མི་ནུས་ཤིང་ཡོན་ཏན་ཐོབ་པར་མི་ནུས་སམ་སྙམ་དུ་སེམས་ནི་ཞུམ་པར་གྱུར་པའི་གང་ཟག་འགའ་ཞིག་ལ་སྤངས་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ནི་སྐྱེ་བར་མི་འགྱུར་རོ། །ཡང་གང་ཟག་གང་ལ་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པས་སེམས་ཅན་གཞན་རྣམས་ལས་བདག་སངས་རྒྱས་ཐོབ་ཏུ་རུང་བས་ཡིན་པས་མཆོག་ཡིན་ཞེས་རློམ་ཞིང་ཁེངས་པ་ན་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་རྣམས་ལ་སངས་རྒྱས་ཐོབ་རུང་གི་ཁམས་མེད་སྙམ་དུ་དམན་པའི་འདུ་ཤེས་རབ་ཏུ་འཇུག་པས་བརྙས་ཤིང་བདག་བྱང་ཆུབ་ལ་དགོད་པའི་སྤྱོད་པ་ཉམས་སུ་མི་ལེན་ཏོ། །ཡང་དེ་ལྟར་སངས་རྒྱས་ཐོབ་རུང་གི་ཁམས་མེད་པར་སེམས་པའི་གང་ཟག་དེ་ལ་ནི་ཁམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ཡང་དག་པའི་ཤེས་པ་ནི་སྐྱེ་ལ་དེས་ན་ཡང་དག་མིན་པ་སྟེ་དྲི་མ་རྣམས་སེམས་ཀྱི་རང་བཞིན་དུ་ཡོད་པར་འཛིན་ཅིང་ཡང་དག་པའི་དོན་ཡོན་ཏན་ཡེ་ཤེས་རྣམས་སེམས་ཀྱི་ཆོས་དབྱིངས་ལ་གདོད་མ་ནས་དབྱེར་མེད་དུ་ཡོད་པ་ནི་རིག་པར་མི་འགྱུར་རོ། །གལ་ཏེ་ཉེས་པ་མེད་པ་དང་ཡོན་ཏན་ཡོད་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། སེམས་ཅན་གྱི་ཉོན་མོངས་པ་ལ་སོགས་པའི་སྐྱོན་དེ་ཡང་དག་པ་སྟེ་སེམས་ཀྱི་རང་བཞིན་དུ་གནས་པ་མ་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་སྣང་བ་ཡུལ་དུ་གྱུར་པ་ལ་སོགས་པའི་རྐྱེན་གྱིས་བཅོས་མ་ཡིན་ཞིང་བློ་བུར་དུ་སེམས་ལ་རེས་འགའ་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་བློ་བུར་བའི་དོན་རྒྱུ་མེད་ལ་མི་བརྗོད་ཀྱི་རིགས་འདྲ་སྔ་མའི་ཉེར་ལེན་ལས་ཕྱི་མ་སྐྱེ་བ་མ་ཡིན་པར་བག་ཆགས་དང་རྐྱེན་གྱི་དབང་གིས་རེས་འགའ་འབྱུང་བ་ལ་བརྗོད་དོ། །དཔེར་ན་ནམ་མཁའ་ལ་སྤྲིན་བློ་བུར་དུ་བྱུང་བ་བཞིན་ནོ། །ཡང་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་གྱིས་དག་པ་སྟེ་དང་པོ་ནས་ཡོད་པ་ཡིན་ཏེ་སེམས་ཀྱི་སྒྲིབ་པའི་ཉེས་པ་དེ་དག་ཡང་དག་པའི་བདག་མེད་པའི་ཞེས་པ་སེམས་དྲི་མ་དང་རང་བཞིན་གྱིས་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཡང་དག་པ་མིན་པའི་ཉེས་པ་སེམས་ཀྱི་རང་བཞིན་དུ་འཛིན་ཅིང་ཡང་དག་པའི་ཡོན་ཏན་ལ་མེད་ཅེས་སྐུར་པ་འདེབས་པས་ཤེས་རབ་དང་ཡེ་ཤེས་མ་སྐྱེས་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་བདག་དང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་མཐོང་བ་ལ་བརྟེན་ནས་བདག་དང་ཆོས་མཚུངས་པ་ལ་དགའ་བས་ཕན་པ་བསྒྲུབ་པར་འདོད་པའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་རོ། །དེས་ན་བྱང་ཆུབ་ཐོབ་པའི་གེགས་ཉེས་པ་ཆེན་པོ་ལྔ་ཡོད་པས་དེ་རྣམས་སྤང་བའི་དོན་དུ་ཁམས་གསུངས་པ་ཡིན་ནོ། །གསུམ་པ་ཡོངས་གཅོད་ཀྱི་དགོས་པ་ནི། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བཤད་པ་འདི་ལ་བཤད་པ་དེ་ནི་ཐོས་པ་ལས་ཕན་ཡོན་ལྔ་སྐྱེ་བར་འགྱུར་ཏེ། རང་ལ་ཁམས་ཡོད་པར་ཤེས་ནས་དེ་དྲི་མས་དག་པའི་སངས་རྒྱས་ཐོབ་པར་སྤྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གཞན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ཤེས་པས་སེམས་ཅན་ཐམས་ཅད་ལ་སྟོན་པ་སངས་རྒྱས་བཞིན་དུ་གུས་པར་འགྱུར་བ་དང་། སྒྲིབ་པ་རང་བཞིན་གྱིས་དག་པ་རྟོགས་པའི་ཤེས་རབ་དང་ཡོན་ཏན་དབྱེར་མེད་དུ་ཡོད་པར་རྟོགས་པའི་ཡེ་ཤེས་དང་། བདག་དང་ཆོས་མཚུངས་པ་ལ་ཕན་པར་འདོད་པའི་བྱམས་པ་ཆེན་པོ་སྐྱེའོ། །དེ་ལྟར་ཆོས་ལྔ་པ་དེ་དག་སྐྱེས་པའི་ཕྱིར་དེ་ལས་ནི་རང་དང་གཞན་ལ་བརྙས་པའི་ཁ་ན་མ་ཐོ་བ་མེད་ཅིང་བདག་གཞན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་ལྟ་བ་དང་། སེམས་ཀྱི་གནས་ལུགས་སྐྱོན་རང་བཞིན་གྱིས་མེད་པ་དང་ཡོན་ཏན་གདོད་མ་ནས་ལྡན་པ་དང་། བདག་དང་སེམས་ཅན་ཐམས་ཅད་བསལ་བཞག་གི་མཐའ་གཉིས་ལས་འདས་པར་མཚུངས་པར་རྟོགས་ནས་བྱམས་པ་ཆེན་པོ་གོམས་པར་བྱས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉམས་སུ་བླངས་པས་འབྲས་བུ་རྣམ་པར་དག་པའི་སངས་རྒྱས་ཉིད་ནི་མྱུར་དུ་འཐོབ་པར་འགྱུར་རོ། །གལ་ཏེ་འགྲེལ་པ་ལས། ཁམས་དེ་ལྟར་འཕགས་པས་ཀྱང་རྟོགས་པར་དཀའ་བ་ཡིན་ན་བྱིས་པ་ལ་བསྟན་པ་དོན་མེད་དོ། །ཞེས་རྩད་པའི་ལན་མ་བཏབ་བོ་ཞེ་ན་བྱིས་པས་ཁམས་མངོན་སུམ་དུ་མི་རྟོགས་ཀྱང་དོན་སྤྱིའི་ཚུལ་དུ་རྟོགས་ལ། ཉེས་པ་ལྔ་སྤོང་བའི་དགོས་པ་ཡང་བྱིས་པ་ལ་ལྟོས་ནས་ཡིན་གྱི་འཕགས་པ་ཁམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ལ་མ་ཡིན་པའི་ཕྱིར་འགྲེལ་པར་རྒོལ་བའི་ལན་དུ་ཤིན་ཏུ་ཡང་འབྲེལ་བའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གསུམ་གྱི་རིགས་ཞེས་པ་ཁམས་ཀྱི་རྣམ་པར་དབྱེ་བ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་དང་པོའི་བཤད་པའོ། །གཉིས་པ་བྱང་ཆུབ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། ཐེག་པ་དམན་པ་དང་། མཆོག་གི་རྣམ་བཞག་གོ། །དང་པོ་ལ་གཉིས་ཏེ། འདོད་པའི་དོན་དགོད་པ་ནི་ཉན་ཐོས་སྡེ་པ་དག་སངས་རྒྱས་ཐོབ་པའི་ཚུལ་ནི་བདག་ཅག་གི་སྟོན་པ་ལ་མཚོན་ན། ཇི་སྲིད་སྲིད་པ་ཐ་མ་པའི་རྟེན་དོན་ཐམས་ཅད་གྲུབ་པར་གྱུར་པའི་བར་དུ་ནི་སོ་སོའི་སྐྱེ་བོ་ཚོགས་ལམ་ལ་གནས་པར་འདོད་ཀྱི་འཕགས་པ་མ་ཡིན་ཏེ་དེའི་ལམ་མ་ཐོབ་པའི་ཕྱིར་རོ། །གྲུབ་པའི་མཐའ་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པའོ། །ཞེས་པ་དང་ལམ་མ་ཐོབ་པ་སོ་སོ་སྐྱེ་བོར་འདོད་ཅེས་སོ། །དེས་ལམ་མངོན་དུ་བྱེད་པའི་ཚུལ་ནི་རྡོ་རྗེའི་གདན་དུ་སོང་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་བླངས་པའི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་མཉམ་པར་བཞག་པས་སྦྱོར་ལམ་དྲོད་ནས་མཐར་ཕྱིན་པའི་ལམ་གྱི་བར་ཏིང་ངེ་འཛིན་གཅིག་གི་ངང་ལས་བསྐྱེད་དེ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་དོ། །དེ་ཉིད་ལས། སྟོན་དང་བསེ་རུ་བྱག་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །དེ་ནས་བཟུང་སྟེ་ཇི་སྲིད་གྲོང་ཁྱེར་རྩྭ་མཆོག་ཏུ་མྱ་ངན་ལས་མ་འདས་ཀྱི་བར་དེ་སྲིད་དུ་ཕུང་པོའི་ལྷག་མ་དང་བཅས་པ་ཡིན་ཞིང་དེའི་བར་དུ་སྡུག་བསྔལ་དང་བཅས་པའང་ཡིན་ཏེ་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་ལ་སོགས་པ་སྔོན་གྱི་མི་དགེ་བའི་རྣམ་པར་སྨིན་པ་མྱོང་བར་གསུངས་པའི་ཕྱིར་རོ། །གང་གི་ཚེ་ཤིང་ས་ལ་ཟུང་གི་ཚལ་དུ་མྱ་ངན་ལས་འདས་པ་དེའི་ཚེ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པ་ཡིན་པས་དེ་ལ་ནི་སྡུག་བསྔལ་ཀུན་འབྱུང་མེད་དེ་ཕུང་པོ་ཐམས་ཅད་འགགས་པའི་ཕྱིར་རོ། །དེས་ན་རྒྱལ་པོ་ཟས་གཙང་མའི་སྲས་ཤཱཀྱ་ཐུབ་པ་ནི་སངས་རྒྱས་དངོས་ཡིན་ལ་དྲི་ཟའི་རྒྱལ་པོ་རབ་དགའི་དོན་དུ་དྲི་ཟའི་ཆ་བྱད་དུ་མཛད་པ་དང་། གསེར་སའི་རྒྱལ་པོ་ཀ་པི་ནའ་ད་གདུལ་བའི་དོན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་སུ་མཛད་པ་ལྟ་བུ་ནི་སྤྲུལ་པ་ཡིན་ནོ། །ཐེག་པ་ཆེན་པོ་པ་ལྟར་སྐུ་གསུམ་དུ་རྣམ་པར་བཞག་པ་ནི་ཡོད་པ་མ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་དེ་ངེས་དོན་མ་ཡིན་པར་བསྟན་པ་ནི། འཛམ་བུའི་གླིང་དུ་སངས་རྒྱས་པ་ནི་སྤྲུལ་པའི་སྐུ་ཡིན་ལ་དེ་ཡང་ཁྱོད་འདོད་པའི་དོན་ལྟར་ཚོགས་ལམ་པའི་རྟེན་ལས་སངས་རྒྱས་པ་མ་ཡིན་ཏེ་ཐབས་ལ་མཁས་པའི་མདོ་དང་འཇིག་རྟེན་ལས་འདས་པའི་ལེའུ་ལས། འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དེ་ཇི་སྲིད་སྐུའི་རྩེ་མོས་བཟུང་བའི་ཚད་ཀྱིས་བསྟན་པ་ཙམ་གྱིས་མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པ་ནི་གནས་མ་ཡིན་པར་ཤེས་ཏེ་ཞེས་གསུངས་པས་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་མ་བྲལ་བས་བྱང་ཆུབ་ཀྱི་སྙིང་པོར་སོང་སྟེ་བདུད་ཀྱི་སྡེ་ཕམ་པར་མཛད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་མི་སྲིད་པའི་ཕྱིར་རོ། །སངས་རྒྱས་ནས་སྐུ་ལ་སེང་ལྡེང་གི་ཚལ་པ་ཟུག་པ་ལ་སོགས་སྡུག་བསྔལ་སྨིན་པར་གསུངས་པ་ཡང་ཐབས་མཁས་པས་གདུལ་བྱ་འདུལ་བའི་ཕྱིར་ཀུན་དུ་བསྟན་པ་ཡིན་ཏེ། མདོ་དེ་དག་ལས། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ལས་ཀྱི་རྣམ་པར་སྨིན་པ་བཅུ་བསྟན་པ་འདི་དག་ནི་ཐབས་མཁས་པ་དང་ལྡེམ་དགོངས་ཀྱི་བཀའ་ཡིན་པར་རྟོགས་པར་བྱའོ་ཞེས་པ་དང་། འཇིག་རྟེན་མཐུན་འཇུག་གི་མདོ་ལས། སྡིག་པ་ཐམས་ཅད་ཡོངས་ཟད་དང་། །བསོད་ནམས་ཀུན་གྱིས་མངོན་འཕགས་ཀྱང་། །ལས་ཀྱི་རྒྱུད་ནི་སྟོན་མཛད་པ། །འདི་ནི་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་པ་དང་། དཔེའ་མེད་པར་བསྟོད་པ་ལས་ཀྱང་། ལས་ཀྱི་སྒྲིབ་པའི་སྐྱོན་རྣམས་ནི། །སྡིག་མེད་ཁྱོད་ཀྱིས་ཀུན་སྤངས་ཀྱང་། །ཁྱོད་ཀྱིས་སེམས་ཅན་རྗེས་བཟུང་ཕྱིར། །ལས་སྤངས་པ་ཡང་རབ་ཏུ་བསྟན། །ཅེས་སོ། །དེ་ལྟ་མ་ཡིན་ན་ཡང་སྤང་བྱ་མ་ལུས་པ་མ་སྤངས་པའི་ཕྱིར་སངས་རྒྱས་སུ་མི་འགྱུར་ཏེ། ལུང་ལས། ཡོངས་སུ་ཤེས་བྱ་ཡོངས་ཤེས་ཤིང་། །སྤང་བྱ་སྤངས་ཤིང་མངོན་སུམ་བྱས། །བསྒོམ་བྱ་དག་ནི་བསྒོམས་པས་ན། །དེ་ཕྱིར་བཟོད་ལྡན་ང་སངས་རྒྱས། །ཞེས་སོ། །ཡང་མྱ་ངན་ལས་འདས་པར་བསྟན་པ་ཡང་གདུལ་བྱ་སྲིད་པ་ལ་སྐྱོ་བ་བསྐྱེད་ཅིང་རྟག་པར་འཛིན་པ་བཟློག་པའི་དོན་དུ་སྤྲུལ་པ་མཛད་པ་ཡིན་ཏེ། དཔེར་ན་འཕགས་པ་ལེགས་འོངས་སྤྲང་པོར་གྱུར་པ་ཞུམ་པ་གསལ་བའི་ཕྱིར་སྤྲང་པོའི་རྣམ་པར་བསྟན་པ་ཡང་དེ་བཞིན་གཤེགས་པ་ལ་དེ་ལྟ་བུ་མི་མངའ་བ་བཞིན་ནོ། །མདོ་དེ་དང་དེ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཞིང་། །དེ་ནི་གདུལ་བྱའི་སྣང་བ་ལ། །སངས་རྒྱས་མྱ་ངན་འདས་པར་སྟོན། །ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། རྟག་ཅིང་བརྟན་ལ་ཞི་བ་ཡི། །ཆོས་ཀྱི་རང་བཞིན་ཁྱོད་ཀྱི་སྐུ། །རྒྱལ་བས་གདུལ་བྱའི་འགྲོ་བའི་ཕྱིར། །ཁྱོད་ཉིད་མྱ་ངན་འདས་པར་བསྟན། །ཞེས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུང་པོ་མཐའ་དག་རྒྱུན་མི་འཆད་པའི་ལྷག་མེད་ནི་མི་སྲིད་ཅིང་སྤང་བྱའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པ་ནི་སངས་རྒྱས་པའི་དུས་དེ་ཉིད་དུ་ཐོབ་པ་ཡིན་ནོ། །གང་ཡང་འཛམ་བུའི་གླིང་དུ་མངོན་པར་སངས་རྒྱས་པ་ཉིད་སངས་རྒྱས་དངོས་ཡིན་ཞེས་པ་ལ་ཡང་དཔྱད་པར་བྱ་སྟེ། ཐུབ་པའི་ཞིང་ཁམས་མི་མཇེད་འདིར་གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན་འཛམ་བུའི་གླིང་ཡང་དེ་སྙེད་ཡོད་པ་དག་ལས་བདག་ཅག་གནས་པའི་གླིང་འདིར་ཐུབ་པའི་དབང་པོ་སངས་རྒྱས་པ་ལྟར་འཛམ་བུ་གླིང་གཞན་དུ་ཡིན་ནམ་མ་ཡིན། དང་པོ་ལྟར་ན་དེ་དག་རྒྱུད་གཅིག་ན་གང་ཟག་གཅིག་སངས་རྒྱས་པའི་ཚེ་སངས་རྒྱས་དུ་མ་འབྱུང་བར་འགྱུར་བ་ལས། སྔོན་གྱི་ལུས་རྗེས་འབྲེང་བའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་འབྱུང་བས་རིགས་པ་མ་ཡིན་ནོ། །རྒྱུད་ཐ་དད་ན། ཞིང་ཁམས་གཅིག་ཏུ་དུས་གཅིག་གི་ཚེ་སངས་རྒྱས་དུ་མ་འབྱུང་བར་འགྱུར་ན། འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་མང་པོ་འབྱུང་བ་ནི་གནས་མེད་ཅིང་། སྐབས་མེད་དོ་ཞེས་འདོད་པ་དེ་ཡང་འཐད་པ་མ་ཡིན་ནོ། །གཉིས་པ་ཡང་མི་རིགས་ཏེ། གླིང་འདིར་འབྱོན་ལ་གཞན་དུ་མི་འབྱོན་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གལ་ཏེ་གཞན་དུའང་སངས་རྒྱས་འབྱུང་མོད་ཀྱི་དེ་དག་སྤྲུལ་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ་འདིར་བྱོན་པ་དང་རྣམ་དབྱེ་མི་རྙེད་པའི་ཕྱིར་རོ། །གཉིས་པ་ཐེག་པ་མཆོག་གི་རྣམ་པར་བཞག་པ་ལ་དུས་དང་། གནས་དང་། མངོན་དུ་མཛད་པའི་ཁྱད་པར་གསུམ་ལས། དང་པོ་ལ་སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ནི་རྒྱལ་པོ་ཟས་གཙང་མའི་སྲས་པོ་དོན་ཐམས་ཅད་གྲུབ་པས་དཀའ་ཐུབ་མཛད་པ་ཡན་ཆད་བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ནས་ཡིད་ཀྱི་ལུས་འོག་མིན་དུ་སངས་རྒྱས་ནས་དེའི་རྗེས་སུ་སྤྲུལ་པས་འདིར་སངས་རྒྱས་པར་བསྟན་པའོ་ཞེས་འདོད་ལ། གཞན་དག་དེ་ནི་ཡང་དག་པ་མ་ཡིན་ཏེ། མདོའ་ལས། བཅོམ་ལྡན་འདས་ནི་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཞེས་སུན་འབྱིན་པར་མཛད་དོ། །དུས་ཀྱི་སྔ་ཕྱིའི་ཁྱད་པར་བསམ་གྱིས་མི་ཁྱབ་ཀྱང་འཚང་རྒྱ་བའི་ཚུལ་ནི་དེ་ལྟ་མ་ཡིན་ཏེ། དཀའ་བ་སྤྱོད་པའི་དུས་ན་རྩ་བའི་སྐུ་འོག་མིན་ན་མེད་ན་དེར་འཚང་རྒྱ་བར་མི་ནུས་ལ། ཡོད་ན་འདིར་དཀའ་བ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་སྤྲུལ་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་རང་རྒྱུད་པ་མ་ཡིན་ཏེ་ཇི་ལྟར་དེ་སངས་རྒྱས་པ་དེ་སྤྲུལ་པ་ཡིན་པ་བཞིན་ནོ། །དེས་ན་སྤྲུལ་པའི་སྐུ་ནི་མཛད་པ་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་ཐམས་ཅད་སྤྲུལ་པ་ཡིན་པར་མངོན་ནོ། །ཡང་སློབ་དཔོན་ཟླ་བ་གྲགས་པ་ནི་དེ་བཞིན་གཤེགས་པ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྤྲུལ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ནི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་འཚང་རྒྱ་བའི་ཚུལ་བསྟན་པར་བཞེད་དེ། དབུ་མ་འཇུག་པ་ལས། བདེའ་བར་གཤེགས་པ་ལ་ལུས་ཕྱོགས་ཞིང་ཐ་དད་ན། ཕྲ་རབ་རྡུལ་གྱི་རྡུལ་རྣམས་གདོག་པ་ཇི་སྙེད་པ། བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་པ་དེ་སྙེད་དེ། འོན་ཀྱང་གསང་བ་འདི་ནི་གཞན་ལ་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་སོ། །ཁོ་བོ་ནི་འདི་སྙམ་དུ་སེམས་ཏེ། གང་གི་ཚེ་ས་བཅུ་པ་ལ་འོག་མིན་དུ་ལྷའི་བུ་དབང་ཕྱུག་ཆེན་པོར་གྱུར་ཏེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བའི་རྗེས་སུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱ་ཕྲ་ཞིང་ཕྲ་བ་ཡང་མ་ལུས་པར་སྤངས་པ་དེའི་ཚེ་ཐོག་མར་སངས་རྒྱས་པ་ཞེས་བརྗོད་ཀྱི། དེ་ལས་གཞན་དུ་མཐའ་གཅིག་ཏུ་ངེས་པར་མི་ནུས་ཏེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་སྟོབས་ནི་དབང་ཕྱུག་ཆེན་པོའི་ལྷའི་འཇིག་རྟེན་དུ་སྐྱེས་ཤིང་གནས་པ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཤེས་རབ་ཀྱི་ཁྱད་པར་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཉིད་དོ། །ཞེས་པ་དང་། ཐེག་བསྡུས་ལས་ཀྱང་། ཡང་ཇི་ལྟར་ཆོས་ཀྱི་སྐུའི་རིག་པས་ཐོག་མ་ཉིད་དུ་ཐོབ་ཅེ་ན། ཐེག་པ་ཆེན་པོའི་ཆོས་འདྲེས་པ་ལ་དམིགས་པ་རྣམ་པར་མི་རྟོག་པ་དང་དེའི་རྗེས་ལ་ཐོབ་པ་ལྔ་བསྒོམས་པས་རྣམ་པ་ཐམས་ཅད་དུ་ཚོགས་ལེགས་པར་བསགས་པ་དང་། སྒྲིབ་པ་ཕྲ་མོ་བཞིག་པར་དཀའ་བ་ཤིག་པའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེའི་འཇུག་ཐོགས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་དེ་དག་གིས་ས་དེའི་གནས་སུ་གྱུར་པ་ཐོབ་བོ་ཞེས་གསུངས་སོ། །གཉིས་པ་གནས་ཀྱི་ཁྱད་པར་ནི། འོག་མིན་སྟུག་པོ་བཀོད་པའི་གནས་སུ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དག་ལ་འདི། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེ་ནས་སངས་རྒྱས་རྣམས་ཀྱི་ཆོས་རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་པ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་བསྒོམ་པའི་རིམ་པ་ལས། གནོད་པ་ཐམས་ཅད་རྣམ་སྤངས་པའི། །འོག་མིན་གནས་ནི་བཟང་པོ་རུ། །རྟོགས་པ་དང་བྲལ་རྟག་ཏུ་སྦྱོར། །སེམས་དང་སེམས་བྱུང་རྣམ་པར་སྤངས། །སྟོབས་དང་མངོན་ཤེས་དབང་ཐོབ་ཅིང་། །དེ་ཡི་ཏིང་འཛིན་གྱུར་པ་ཡི། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཞེས་པ་དང་། ངག་གི་དབང་ཕྱུག་གྲགས་པས་འཆི་བསླུའི་ཤིས་བརྗོད་ལས། དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་གནས་སུ་དོན་མཛད་ངོར་ནི་དམ་པ་རྟོགས་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་རྟོགས་གྱུར་གང་། །འཆི་བདག་ལས་རྒྱལ་སྒྱུ་མའི་སྐུར་སྟོན་དེ་ནི་རྒྱལ་གྱུར་ཅིག །ཅེས་སོ། །དེ་ལྟ་མོད་ཀྱི་འོག་མིན་གྱི་གནས་དེ་ཉིད་གང་ན་ཡོད་ཅེ་ན། ཁ་ཅིག་ན་རེ། གནས་གཙང་མའི་སྟེང་མ་ནི་འོག་མིན་ཞེས་བྱ་བ་ཡིན་ལ། དེ་དག་སྤངས་པའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་གཞན་ཡོད་འོག་མིན་ཆེན་པོ་ཞེས་བྱ་བ་ཡོད་ཅེས་ཟེར་རོ། །གཞན་དག་ན་རེ། དེ་ནི་མ་ཡིན་ཏེ་དེ་ལྟར་བཤད་པའི་གཞུང་མ་མཐོང་ལ་དེའི་སྟེང་ན་གནས་གཞན་ཡོད་ཀྱང་ས་བཅུ་པ་རྣམས་ཀྱི་གནས་སུ་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་གནས་སུ་མ་བཤད་དོ། །དེས་ན་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་ཆུང་ངུ་ཡིན་ཞིང་འཇིག་པ་ལ་བརྟེན་པས་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་མི་རྟག་པ་ཡིན་ལ་སྟུག་པོ་བཀོད་པ་ནི་མི་འཇིག་པ་ཡིན་ནོ་ཞེས་སུན་འབྱིན་བརྗོད་དོ། །དེས་ན་སངས་རྒྱས་ཕལ་པོ་ཆེ་ལས་འབྱུང་བ་ལྟར་འཇིག་རྟེན་གྱི་ཁམས་མི་འཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བ་ལ། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོའ་ཞེས་བྱ་བ་སྟེ་དེ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཡེ་ཤེས་གང་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། །བཅོམ་ལྡན་འདས་འཁོར་དང་བཅས་པ་གང་ན་བཞུགས་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཡིན་ལ། དེའི་ནང་ན་གནས་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པའི་སྐུའི་སངས་རྒྱས་ཀྱི་གནས་ཡིན་ནོ། །ཞེས་སོ། །དེ་ལ་གནས་གཙང་མའི་འོག་མིན་གྱི་གོང་ན་འོག་མིན་གཉིས་པ་ཡོད་པ་ལ་ནི་ཤེས་བྱེད་མེད་ལ། གལ་ཏེ་ཡོད་ན་ས་བཅུ་པ་རྣམས་ཀྱི་གནས་སུ་བཤད་ཀྱི་ལོངས་སྤྱོད་རྫོགས་པའི་གནས་མ་ཡིན་ཞེས་སུན་འབྱིན་པ་ནི་མ་ཡིན་ཏེ། ས་བཅུ་པ་བ་རང་གི་གནས་དེ་ཉིད་དུ་འཚང་རྒྱ་བར་འགྱུར་གྱི་གནས་གཞན་དུ་འཕོས་ནས་འཚང་རྒྱ་བ་ལ་ཤེས་བྱེད་མེད་པའི་ཕྱིར་རོ། །དེ་དག་འཇིག་པ་ལ་བརྟེན་པས་མི་རྟག་ཅེས་པའང་སྐད་ཅིག་གིས་འཇིག་པ་ནི་ཞིང་ཁམས་ཐམས་ཅད་ཡིན་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །མེ་དང་ཆུ་དང་རླུང་གིས་འཇིག་པ་ནི་དེ་དག་ལ་བཤད་པ་མེད་པའི་ཕྱིར་ངེས་པར་དཀའོ། །དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་ཞིང་དང་འཕྲིན་ལས་ཀྱི་ཚད་འདི་ཁོ་ན་ཡིན་ནོ་ཞེས་མཐའ་ཅིག་ཏུ་ངེས་མི་ནུས་ཤིང་བསམ་གྱིས་མི་ཁྱབ་ཏེ། མདོ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་དང་། དབུ་མ་འཇུག་པ་ལས། དག་པ་འདི་ནི་བཞེད་པར་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་འཁས་གཏུག་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་པ་ལྟར་རོ། །འོན་ཀྱང་མི་མཇེད་ཀྱི་ཞིང་འདིར་སངས་རྒྱས་པའི་གནས་ནི་གཟུགས་ཁམས་ཀྱི་འོག་མིན་ཡིན་པར་མངོན་ཏེ། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་འཚང་རྒྱ། །གཙང་མའི་གནས་གཞན་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་འདོད་པ་དང་གཟུགས་མེད་པ་ལས། །དམིགས་ཀྱིས་བཀར་བ་དོན་མེད་པའི་ཕྱིར་རོ། །དེར་ས་བཅུ་པའི་དབང་ཕྱུག་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་ཀྱི་སྐུ་མངོན་དུ་མཛད་དེ། སངས་རྒྱས་པ་ན་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་གཟུགས་བརྙན་གྱི་ཚུལ་དུ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་བར་འགྱུར་ཏེ། སྤྲིན་མེད་པའི་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་མངོན་པར་ཤར་བ་ན་ཆུ་དང་བཅས་པའི་སྣོད་ཐམས་ཅད་དུ་གཟུགས་བརྙན་འཆར་བ་བཞིན་ནོ། །འདི་ཉིད་ལས། དག་ལས་རིང་དང་ཉེ་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །དོན་དུ་ན་གང་དུ་དྲི་མའི་ཚོགས་ཐམས་ཅད་དང་བྲལ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅིང་ཤེས་བྱ་དང་ཤེས་པ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པའི་གནས་དེ་ཉིད་ལ་འོག་མིན་ཞེས་བརྗོད་ཀྱི་གནས་ཀྱི་བཀོད་པ་ཐ་དད་པ་ནི་གདུལ་བྱའི་སྣང་བ་ཙམ་དུ་ཟད། ཆོས་ཀྱི་དབྱིངས་ལ་བསྟོད་པ་ལས། །དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་པ་དང་། ཐེག་པ་ཆེན་པོ་བསྡུས་པ་ལས། །བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲེངས་པས་ན། །དེ་ལ་གདགས་པ་ཐ་དད་འབྱེད། །ཅེས་སོ། །གསུམ་པ་བྱང་ཆུབ་མངོན་དུ་མཛད་པའི་ཁྱད་པར་ནི། གོང་དུ་བཤད་པ་ལྟར་ས་བཅུ་པར་སྐད་ཅིག་མའི་སྦྱོར་བ་བསྒོམས་པས་སྤང་བྱ་དྲི་མའི་ཚོགས་ཐམས་ཅད་རྣམ་པར་དག་ནས་དྲི་མ་མེད་པའི་དེ་བཞིན་ཉིད་དག་པ་མཐར་ཐུག་པར་གནས་གྱུར་པ་ཡིན་ཏེ། རྒྱན་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེ་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་ཤིན་ཏུ་རབ་དག་ཡུལ་ཅན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་པ་དང་། བསྟོད་པ་ལས། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུ་ཡོངས་འཛིན་པ། །གནས་ནི་ཡོངས་སུ་གྱུར་པ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ཡང་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དེ་བཞིན་ཉིད་གདོད་མ་ནས་གྲུབ་པ་དྲི་མ་བློ་བུར་བ་ཡོད་མེད་ཙམ་གྱིས་སེམས་ཅན་དང་སངས་རྒྱས་སུ་བསྙད་ཀྱི་སྤང་བྱ་སྔར་ཡོད་རང་བཞིན་པ་གསར་དུ་བསྒྲུབ་པ་ནི་ཅི་ཡང་མེད་དོ། །རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་པ་དང་། བསྟོད་པ་ལས། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པ་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །བྱང་ཆུབ་རིང་མིན་ཉེ་བའང་མིན། །འོང་མིན་འགྲོ་བ་མ་ཡིན་ཞིང་། །ཉོན་མོངས་གཟེབ་གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་པ་དང་། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་གྱུར་པའོ། །ཞེས་སོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུས་མངོན་དུ་མཛད་པ་ན་སངས་རྒྱས་ཀྱི་ཆོས་སྐུ་མཉེས་ཞེས་བརྗོད་དེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་སོ། །དེ་ཉིད་མ་རིག་པའི་གཉིད་མཐའ་དག་སངས་པ་དང་ཤེས་བྱ་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་རྟོགས་པ་སངས་རྒྱས་ཞེས་བརྗོད་དེ། དབུ་མའི་སྙིང་པོ་ལས། མི་རྟོག་ཕྱིར་ན་གང་ཞིག་ལ། །བློ་སྐྱེ་མེད་པ་སངས་རྒྱས་དངོས། །རྣམ་རྟོག་ཉིད་ནི་སངས་ཕྱིར་དང་། །རྟོག་པ་མེད་པས་རྒྱས་ཕྱིར་རོ། །ཞེས་སོ། །དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དེ་བཞིན་བསལ་བཞག་མེད་པ་མངོན་སུམ་དུ་མཁྱེན་པའི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་ཉིད་ལས། ཆོས་རྣམས་བསལ་དང་གཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་དེ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །ཞེས་སོ། །དེར་ཤེས་བྱ་ཇི་ལྟ་བ་རྟོགས་པས་མཛེས་པར་རྟོགས། ཇི་སྙེད་རྟོགས་པས་མ་ལུས་པར་རྟོགས་ཤིང་རྟོགས་པ་མཐར་ཐུག་པས་སླར་མི་ལྡོག་པ་དང་། ཉོན་མོངས་པ་སྤངས་པས་མཛེས་པ་དང་། ཤེས་སྒྲིབ་སྤངས་པས་མ་ལུས་པ་དང་། བག་ཆགས་དང་བཅས་པ་སྤངས་པས་སླར་མི་ལྡོག་པའི་ཕྱིར་བདེའ་བར་གཤེགས་པ་སྟེ། རྟོག་བྱ་བརྟན་དང་མ་ལུས་དང་། །མཐར་ལྟུང་རྣམ་པར་སྤངས་པ་དང་། །རྟོག་མེད་ཚུལ་གྱིས་རྟོགས་པ་ཡིས། །བདེ་གཤེགས་ཕྱིར་ན་བདེ་བར་གཤེགས། །ཞེས་སོ། །ཉོན་མོངས་པ་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྟེ་མི་མཐུན་པའི་ཕྱོགས་ཐམས་ཅད་བཅོམ་པའང་། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་ཞེས་བརྗོད་དོ། །རྣམ་བཤད་རིག་པ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། །དེ་ཕྱིར་བཅོམ་ལྡན་འདས་སུ་བཤད། །ཅེས་པ་དང་། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། དོན་གྱི་དངོས་པོ་དགོད། དེ་དག་སྡོམ་དུ་བསྟན་པའོ། །དང་པོ་ནི། ཉེར་ལེན་གྱི་རྒྱུ་དྲི་མ་དང་བཅས་དེ་བཞིན་ཉིད་ཀྱི་དྲི་མ་བློ་བུར་བར་རྣམ་པར་སྦྱོང་བར་བྱེད་པའི་རྐྱེན་དྲི་མ་མེད་པའི་དེ་བཞིན་ཉིད་ནི་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་བློ་བུར་གྱི་དྲི་མ་དང་བྲལ་བས་རྣམ་པར་དག་པར་གནས་གྱུར་པ་སྟེ། དེ་ཡང་དོན་བརྒྱད་ཀྱིས་རྟོགས་པར་བྱའོ། །འདི་ལྟར་གོང་དུ་བསྟན་པའི་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དྲི་མ་བློ་བུར་བས་ཀྱང་དག་པ་ནི་ངོ་བོ་ཡིན་ཏེ། དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་རང་བཞིན་ཐ་དད་མོད་ཀྱང་དྲི་མ་དང་བྲལ་བས་ཁྱད་པར་དུ་བྱས་པའོ། །མདོ་ལས། བཅོམ་ལྡན་འདས་གང་ཞིག་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་དག་གིས་གཡོག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་འགོས་པ་མ་མཆིས་པ་དེ་ནི་ཉོན་མོངས་པ་བྱེ་བ་མཐའ་དག་གི་སྦུབས་ལས་གྲོལ་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་ཡང་འགོས་པ་མ་མཆིས་པ་ལགས་སོ་ཞེས་པ་དང་། འགྲེལ་པ་ལས་ཀྱང་། དེ་ལ་ཁམས་གང་ཞིག་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་དེ་རྣམ་པར་དག་པ་ནི་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་དུ་རིག་པར་བྱའོ་ཞེས་སོ། །ཐོབ་པ་ནི་རྒྱུ་ཡིན་ཏེ་མཐོང་བསྒོམ་གྱི་མཉམ་བཞག་རྗེས་ཐོབ་ཀྱི་ཡེ་ཤེས་གཉིས་ལས་རྣམ་པར་དག་པ་འབྱུང་བས་རྒྱུ་འདིས་ཐོབ་པས་ན་ཐོབ་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་བྲལ་བ་ནི་འབྲས་བུའོ། །ཉོན་མོངས་པའི་སྒྲིབ་པ་སྤངས་པས་རང་ཉིད་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་ལས་འདས་ཤིང་ཟག་མེད་ཀྱི་བདེ་བ་ཐོབ་པ་ནི་རང་གི་དོན་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པར་འཇུག་པའི་གཞན་དོན་གཉིས་ནི་བྱེད་ལས་སོ། །རང་གཞན་གྱི་དོན་བསྒྲུབ་པའི་ཡོན་ཏན་གྱི་དེའི་རྟེན་བྱེད་པ་ནི་ལྡན་པའོ། །ཟབ་པ་ཆོས་ཀྱི་སྐུ་དང་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་གསུམ་ནི་རབ་ཏུ་དབྱེ་བ་འཇུག་པའི་བདག་ཉིད་དོ། །གསུམ་པོ་དེ་ཡང་འཁོར་བ་ཇི་སྲིད་ཀྱི་དུས་སུ་འབྱུང་བ་ནི་རྟག་པའོ། །དེ་ཉིད་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་ཉིད་མི་རྟོགས་པ་ནི་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ནི། སྡོམ་ལ་ངོ་བོ་དག་པ་འཐོབ་པའི་རྒྱུ་དང་རྒྱུ་དེའི་བྲལ་བའི་འབྲས་བུ་དང་རང་གཞན་གྱི་དོན་བྱེད་པའི་ལས་དང་ཡོན་ཏན་གྱི་རྟེན་བྱེད་པའི་ལྡན་པ་དང་། སྐུ་གསུམ་དུ་དབྱེ་བའི་འཇུག་པ་དང་དེ་དག་རྒྱུན་མི་འཆད་པའི་རྟག་པ་དང་རྟོགས་པར་དཀའ་བའི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་འབྲས་བུ་སངས་རྒྱས་ཀྱི་ས་ནི་རྣམ་པར་བཞག་པ་རྣམ་པར་གནས་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་ལས། དང་པོར་ངོ་བོ་དང་རྒྱུ་གཉིས་ལྷན་ཅིག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། ངོ་བོ་ལ་རང་བཞིན་གྱིས་དག་པའི་སངས་རྒྱས་ནི་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པའི་སངས་རྒྱས་གང་ཡིན་པ་ནི་ཉི་མ་བཞིན་དུ་ཤེས་བྱའི་དེ་ཁོ་ན་ཉིད་གསལ་བའི་རྟོགས་པ་དང་ནམ་མཁའ་བཞིན་དུ་རང་བཞིན་གྱིས་དག་པའི་སྤངས་པ་གཉིས་དང་ལྡན་པའོ། །གལ་ཏེ་མངོན་སུམ་དུ་མི་རྟོགས་པ་ཇི་ལྟར་ཡིན་ཞེ་ན། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤྲིན་གྱི་ཚོགས་དང་འདྲ་བ་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་པར་གྱུར་པ་ཞེས་པའོ། །སྒྲིབ་པ་ཇི་ལྟ་བུ་ཞེ་ན། རང་བཞིན་པ་མེད་པས་བློ་བུར་གྱི་ཞེས་པའོ། །བློ་བུར་རྣམ་དག་ནི་དྲི་མ་ཐམས་ཅད་མེད་པར་གྱུར་པའི་སྤངས་པ་དང་སྟོབས་སོགས་སངས་རྒྱས་ཀྱི་རྟོགས་པའི་ཡོན་ཏན་ཀུན་དང་དབྱེར་མེད་དུ་ལྡན་པ་ནི་སངས་རྒྱས་ཉིད་དོ། །ཞེས་པའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན་སྐྱེ་བ་དང་འཆི་བ་དང་རྒས་པ་དང་བྲལ་བས་རྟག་ཅིང་བརྟན་ལ་གཡུང་དྲུང་ཉིད་དོ་ཞེས་པའོ། །གཉིས་པ་རྒྱུ་ནི་དྲི་མ་བློ་བུར་བ་རྣམ་པར་དག་པའི་སངས་རྒྱས་དེ་ནི་མཐོང་བསྒོམ་མཉམ་བཞག་ཏུ་ཆོས་ཐམས་ཅད་ལ་སྤྲོས་པའི་མཚན་མ་གང་དུའང་མི་རྟོགས་པའི་ཡེ་ཤེས་དང་རྗེས་ཐོབ་ཏུ་ཤེས་བྱ་ཇི་སྙེད་པ་རྣམ་པར་འབྱེད་པའི་ཡེ་ཤེས་དག་ལ་བརྟེན་ནས་འཐོབ་ཅེས་མངོན་སུམ་དུ་གྱུར་ཅེས་པའོ། །རྒྱས་པར་བཤད་པ་ལ་གཉིས་ལས། ངོ་བོ་ནི་འབྲས་བུ་རྣམ་པར་དག་པའི་སངས་རྒྱས་ཉིད་ནི་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི་ཉི་མ་བཞིན་དུ་ཤེས་བྱའི་གནས་ལུགས་གསལ་བའི་ཡེ་ཤེས་ཀྱི་རྟོགས་པ་དང་ནམ་མཁའ་བཞིན་དུ་སྒྲིབ་པས་དག་པའི་ཆོས་ཀྱི་རབ་ཏུ་ཕྱེ་བའི་སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཞེས་པའོ། །དེ་དག་བཤད་པ་ནི་ཟག་པ་མེད་པའི་དབྱིངས་དེ་སྒྲིབ་པ་རང་བཞིན་གྱིས་དག་པས་འོད་གསལ་བ་ཡིན་ལ་ཡོན་ཏན་གདོད་མ་ནས་གྲུབ་པས་རྐྱེན་གྱིས་གསར་དུ་བྱས་པ་མིན་ཅིང་དབྱེར་མེད་པར་འཇུག་པ་ཅན་གྲངས་གངྒཱའི་ཀླུང་གི་ནི་རྡུལ་གྱིས་གྲངས་ལས་འདས་ཤིང་ཚད་མེད་པའི་སངས་རྒྱས་ཀྱི་སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཆོས་རྣམས་ཀུན་དང་ལྡན་པ་ཉིད་ཡིན་ནོ། །གང་ཞིག་མ་སྤངས་པ་དང་སྤངས་པ་ལས་མ་དག་པ་དང་དག་པའི་སངས་རྒྱས་སུ་འཇོག་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ནི་ཟག་པ་མེད་པའི་དབྱིངས་དེར་སྤྲིན་དང་འདྲ་བར་བརྗོད་པ་ཡིན་ནོ། །ཆོས་མཐུན་པ་གང་གིས་འཇོག་ན་རང་བཞིན་གྱིས་དང་པོ་ནས་མ་གྲུབ་པ་དང་ཐམས་ཅད་ལ་ཁྱབ་པར་བྱེད་པ་དང་། རྐྱེན་འགའ་ཞིག་ལས་བློ་བུར་དུ་འབྱུང་བ་ཉིད་ཀྱིས་སོ། །གཉིས་པ། རྒྱུ་ལ་སྒྲིབ་པ་དེ་གཉིས་དང་བྲལ་བར་བྱེད་པའི་རྒྱུ་ནི་མཐོང་བསྒོམ་ན་ཡོད་པའི་ཡེ་ཤེས་རྣམ་པ་གཉིས་ཡིན་ཏེ་འདི་ལྟར་བསམ་གཏན་ལ་བརྟེན་ནས་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་པའི་མི་རྟོག་པའི་ཡེ་ཤེས་དང་དེའི་རྗེས་ལ་ཐོབ་པའི་ཤེས་བྱ་ཇི་སྙེད་པ་རྟོགས་པ་དེ་ནི་ཡེ་ཤེས་ཡིན་པར་འདོད་ལ་དེ་ལྟར་ན་རྣམ་པ་གཉིས་སོ། །འབྲས་བུའི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས་ལས། ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བ་ནི་དྲི་མ་མེད་པའི་ཆུ་དང་ལྡན་ཞིང་རིམ་གྱིས་རྒྱས་པའི་པདྨས་ཁེབས་པའི་མཚོ་བཞིན་དུ་འདོད་ཆགས་ལས་གྲོལ་བ་དང་། སྒྲ་གཅན་གྱི་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུར་ཞེ་སྡང་ལས་གྲོལ་བ་དང་། སྤྲིན་གྱི་ཚོགས་ལས་གྲོལ་བའི་ཉི་མ་ལྟ་བུར་ནི་གཏི་མུག་གི་ཉོན་མོངས་པ་དག་ལས་གྲོལ་བའི་བློ་བུར་གྱི་དྲི་མ་མེད་པའི་སྤང་རྟོགས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་འོད་ཟེར་གྱི་སྣང་བ་དང་ལྡན་པ་འབྲས་བུའི་སངས་རྒྱས་དེ་ཉིད་དོ། །གཉིས་པ་ཤེས་བྱའི་སྒྲིབ་པ་དང་བྲལ་བ་ནི། དཔེར་ན་པདྨའི་སྦུབས་ལས་འཐོན་པའི་ཐུབ་པ་ཁྱུ་མཆོག་ཅེས་པ་དེ་བཞིན་གཤེགས་པ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་། སྦུན་པ་ལས་བྱུང་བའི་འབྲས་བུའི་སྙིང་པོ་དང་། ས་འདམ་དང་བྲལ་བའི་རིན་ཆེན་གསེར་དང་། ས་འོག་ནས་ཕྱུང་བའི་གཏེར་དང་། ས་བོན་ལས་སྐྱེས་པའི་ལྗོན་པའི་ཤིང་བཞིན་དང་། གོས་རུལ་པ་དང་བྲལ་བའི་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་དང་ནི། མངལ་ན་བཙས་པའི་སའི་བདག་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། ལྗན་ལྗིན་དང་བྲལ་བའི་གསེར་གྱི་གཟུགས་དང་འདྲ་བར་ཤེས་སྒྲིབ་དང་བྲལ་བའི་ཡོན་ཏན་དང་ལྡན་པའི་འབྲས་བུའི་རྒྱལ་བ་སངས་རྒྱས་ཉིད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྒྱུ་དང་འབྲེལ་བ་བསམ། ཉོན་སྒྲིབ་ལས་གྲོལ་བ། ཤེས་སྒྲིབ་ལས་གྲོལ་བའོ། །དང་པོ་ནི། ཆུ་དང་ལྡན་པའི་མཚོ་དང་སྒྲ་གཅན་ལས་ཐར་པའི་ཟླ་བ་ལ་སོགས་པ་བཞིན་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་བློ་བུར་གྱི་ཉོན་མོངས་པས་དག་པ་ནི་མདོར་ན་མཉམ་བཞག་མི་རྟོག་ཡེ་ཤེས་ཀྱི་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་དོ། །ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་ངེས་པར་ཐོབ་པ་དེ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོབ་པ་ལ་སོགས་གོམས་པར་བྱས་པས་ཤེས་བྱའི་སྒྲིབ་པ་གསལ་བའི་འབྲས་བུ་ཡིན་པར་བསྟན་ཏོ། །གཉིས་པ་ནི། མཉམ་པར་བཞག་པ་ན་འདོད་པའི་འདོད་ཆགས་རྡུལ་དང་འདྲ་བ་ནི་སྤངས་པའི་ཕྱིར་དང་གདུལ་བྱའི་ནི་རྒྱུད་པདྨ་དང་འདྲ་བ་ལ་བསམ་གཏན་གྱི་ཆུ་ནི་འབབ་ཅེས་ཏིང་ངེ་འཛིན་ལས་མ་གཡོས་པར་རྫུ་འཕྲུལ་གྱིས་གཞན་ལ་ཕན་འདོགས་པའི་ཕྱིར་འདོད་ཆགས་ལས་གྲོལ་བའི་སངས་རྒྱས་དེ་པདྨས་ཁེབས་པའི་ཆུ་དག་པའི་རྫིང་དང་མཚུངས་པ་ཡིན་ནོ། །ཞེ་སྡང་སྒྲ་གཅན་ལྟ་བུ་ལས་གྲོལ་བས་སྙིང་རྗེ་དང་བྱམས་པ་ཆེན་པོའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཞེ་སྡང་ལས་གྲོལ་བའི་སངས་རྒྱས་དེ་དྲི་མ་མེད་པའི་ཟླ་བ་ཉ་བ་གཟའ་ལས་ཐར་བ་བཞིན་ནོ། །གཏི་མུག་གི་སྒྲིབ་པ་སྤྲིན་གྱི་ཚོགས་ལྟ་བུ་ལས་གྲོལ་བས་གདུལ་བྱའི་འགྲོ་བ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བློའི་མུན་པ་སེལ་བའི་ཕྱིར་གཏི་མུག་ལས་གྲོལ་བའི་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་པའི་ཉི་མ་སྤྲིན་ལས་གྲོལ་བ་བཞིན་ནོ། །གསུམ་པ་ནི། ཤེས་བྱའི་སྒྲིབ་པ་ལས་གྲོལ་བའི་སངས་རྒྱས་དེ་འཇིག་རྟེན་ན་གཞན་གང་དང་ཡང་མི་མཉམ་པའི་སངས་རྒྱས་ཉིད་དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང་། གདུལ་བྱ་རྣམས་ལ་དམ་པའི་ཆོས་ཟབ་མོའི་རོ་ནི་སྦྱིན་པར་མཛད་པའི་ཕྱིར་དང་། སྒྲིབ་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར་སངས་རྒྱས་དེ་གོ་རིམ་བཞིན་དུ་བདེ་བར་གཤེགས་པ་དང་སྦྲང་རྩི་དང་འབྲའི་སྙིང་པོ་བཞིན་ནོ། །དྲི་མ་རང་བཞིན་དང་བློ་བུར་བ་གཉིས་ཀས་དག་པའི་ཕྱིར་དང་། ཡོན་ཏན་གྱི་རྫས་ཀྱིས་གདུལ་བྱའི་དབུལ་བ་སེལ་བར་བྱེད་པའི་ཕྱིར་དང་། གདུལ་བྱ་རྣམས་ལ་རྣམ་པར་གྲོལ་བའི་ཡོན་ཏན་གྱི་འབྲས་བུ་སྦྱིན་པར་བྱེད་པའི་ཕྱིར་རིམ་པ་ལྟར་སངས་རྒྱས་དེ་གསེར་དང་གཏེར་དང་ལྗོན་པ་ཤིང་བཞིན་ནོ། །རིན་ཆེན་ལྟ་བུའི་ཡོན་ཏན་གྱིས་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་དང་གདུལ་བྱ་རྐང་གཉིས་རྣམས་ཀྱི་བདག་པོ་མཆོག་ཡིན་པའི་ཕྱིར་དང་། རིན་པོ་ཆེ་ལས་གྲུབ་པའི་གཟུགས་ཀྱི་རྣམ་པ་ཡིན་པའི་ཕྱིར་གོ་རིམ་བཞིན་དུ་སངས་རྒྱས་དེ་ནི་རིན་ཆེན་གྱི་སྐུ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་གསེར་ལས་བྱེས་པའི་གཟུགས་བཞིན་ནོ། །ལས་ཀྱི་དོན་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། རང་དོན་ཕུན་སུམ་ཚོགས་པ་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཆོས་ཀྱི་སྐུ་ཐོབ་པ་སྟེ་དེ་ལ་ཟག་པ་མེད་པ་ནི་སྤངས་པའོ། །ཁྱབ་པ་ནི་རྟོགས་པ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པའོ། །དེ་གཉིས་ཀ་ཡང་རྒྱུ་དང་རྐྱེན་གྱིས་གསར་དུ་འདུས་མ་བྱས་པས་འཇིག་པ་མེད་པའི་ཆོས་ཅན་ཡིན་ཏེ་རྒས་པ་ལ་སོགས་པ་ལས་གྲོལ་བས་བརྟན་ཞིང་རྟག་པ་འཕོ་བ་མེད་པའོ། །གཉིས་པ་གཞན་གྱི་དོན་ནི། ཆོས་ཀྱི་སྐུ་བརྙེས་པ་ལ་བརྟེན་ནས་འཁོར་བ་ཇི་སྲིད་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་གཟུགས་སྐུ་གཉིས་ཀྱི་སྣང་བ་དང་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་ཀྱི་སྣང་བ་སྟོན་པས་ཏེ། དེ་ལ་གཟུགས་སྐུ་གཉིས་ནི་གཞན་དོན་འབྱུང་བའི་རྟེན་ནམ་གནས་ཡིན་ནོ་ཞེས་པའོ། །ཇི་ལྟར་ན་ནམ་མཁའི་གོ་སྐབས་ཡོད་ན་གཟུགས་མཐོང་བ་ལ་སོགས་པ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་གཉིས་ཀྱང་དམ་པ་སྟེ་མཆོག་ཏུ་གྱུར་པའི་དབང་པོ་དྲུག་གི་དོན་ཞེས་པ་ཡུལ་ཉམས་སུ་མྱོང་བའི་རྒྱུ་ཡིན་ནོ། །དེ་བཤད་པ་འདི་ལྟར་མིག་གིས་འབྱུང་བ་ལས་གྱུར་པ་མེད་པའི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་དོན་ལྟ་བ་དང་། རྣ་བས་དམ་པའི་ཆོས་ཀྱི་གཏམ་བཟང་པོ་འཇིག་རྟེན་གྱི་ཆོས་མ་འདྲེས་པས་གཙང་མ་ཉན་པ་དང་། སྣས་བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་འཆལ་པའི་དྲི་མས་མ་གོས་པས་གཙང་མ་མནོས་པ་དང་། ལྕེས་འཕགས་པ་ཆེན་པོ་རྣམས་ཀྱི་ལོངས་སྤྱོད་དམ་པའི་ཆོས་བདུད་རྩིའི་རོ་མྱོང་བ་དང་། ལུས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པའི་ཤིན་ཏུ་སྦྱངས་པའི་རེག་པའི་བདེའ་བ་ཉམས་སུ་མྱོང་བ་དང་། ཡིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས། རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་སྟོང་པ་ཉིད་ཀྱི་ཚུལ་རྟོགས་པའི་རྒྱུར་གྱུར་པ་ཡིན་ལ། ཡང་དག་པར་ན་རྣམ་པར་གཅོད་པའི་ཤེས་རབ་ཀྱིས་ཞིབ་མོར་བསམ་པས་ནི་དེ་བཞིན་གཤེགས་པ་ནི་རང་བཞིན་གྱི་རྒྱུ་མཚན་རྣམས་དང་བྲལ་བའི་ཕྱིར་ནམ་མཁའ་བཞིན་དུ་རང་བཞིན་གང་དུ་ཡང་མ་གྲུབ་པས་དོན་དམ་པའི་བདེ་བ་ཉམས་སུ་མྱོང་བར་མཛད་དོ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། རང་དོན་ནི། མདོར་ན་སློབ་ལམ་གྱི་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་སུ་བྱ་བའི་འབྲས་བུ་འདི་ནི་གཉིས་སུ་ཤེས་པར་བྱ་སྟེ། བློ་བུར་གྱི་དྲི་མ་ལས་གྲོལ་བའི་སྐུ་ནི་ཞེས་པ་སྤངས་པ་ཡོངས་སུ་རྫོགས་པ་ཐོབ་པ་དང་། སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཀྱི་སྐུ་ནི་དྲི་མ་ཡོངས་སུ་སྦྱོངས་བ་སྟེ་རྟོགས་པ་ཡོངས་སུ་རྫོགས་པའོ། །དེ་ལ་འབྲས་བུ་རྣམ་གྲོལ་གྱི་སྐུ་དང་ཡོན་ཏན་གྱི་ཆོས་ཀྱི་སྐུ་དག་ནི་ཆོས་རྣམ་པ་གཉིས་ལས་རེ་རེ་དང་ཐུན་མོང་དུ་རྣམ་པ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེ། ཇི་ལྟར་ན་རྣམ་གྲོལ་གྱི་སྐུ་ནི་ཟག་པ་མེད་པའི་ཕྱིར་དང་ཆོས་ཀྱི་སྐུ་ནི་མཁྱེན་པས་ཤེས་བྱ་ལ་ཁྱབ་པའི་ཕྱིར་དང་གཉིས་ཀ་ཡང་རྐྱེན་གྱིས་གསར་དུ་འདུས་མ་བྱས་ཀྱི་གནས་ཉིད་ཡིན་པའི་ཕྱིར་རོ། །དེ་དག་བཤད་པ་རྣམ་གྲོལ་གྱི་སྐུ་ནི་ཟག་པ་མེད་དེ་དེ་ཉིད་ཉོན་མོངས་པ་སྟེ་བློ་བུར་གྱི་དྲི་མ་རྣམས་ནི་བག་ཆགས་དང་བཅས་པ་འགགས་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱིས་ཤེས་བྱ་ལ་ཁྱབ་པ་ཉིད་དུ་འདོད་པ་ཡིན་ཏེ། ཇི་ལྟ་བ་མཁྱེན་པ་ཤེས་བྱ་ལ་ཕྱིན་ཅི་ལོག་ཟད་པས་ཆགས་པ་མེད་པའི་ཕྱིར་དང་ཇི་སྙེད་པ་མཁྱེན་པའི་ཡུལ་དང་དུས་ལ་ཐོགས་པ་མེད་པའི་ཕྱིར་རོ། །དེ་གཉིས་ཀ་ཡང་འདུས་མ་བྱས་པ་ཡིན་ཏེ། གཏན་དུ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། འཇིག་པ་མེད་པ་ཉིད་ནི་མདོར་བསྟན་པ་སྟེ་བརྟན་པ་ལ་སོགས་པ་རྣམས་ཀྱིས་དེ་རྒྱས་པར་བཤད་དོ། །འདི་ལྟར་དགག་བྱ་འཇིག་པ་ནི་ཚུལ་རྣམ་པ་བཞིར་ཤེས་པར་བྱ་སྟེ། དེ་དག་བརྟན་པ་ལ་སོགས་པ་དག་ལས་བཟློག་པའི་ཕྱིར་རོ། །བཞི་གང་ཞེ་ན། མྱགས་པ་སྟེ་རྒས་པ་དང་རྣམ་པར་འགྱུར་བ་སྟེ་ན་བ་དང་ཆད་པ་སྟེ་སྐྱེ་བ་དང་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་སྟེ་དེ་ལྟར་བཞིའོ། །སྐུ་རྣམ་པ་གཉིས་ལ་དེ་དག་མེད་པའི་ཕྱིར་བརྟན་པ་དང་། ཞི་བ་དང་རྟག་པ་དང་འཕོ་བ་མེད་པར་ཤེས་པར་བྱའོ། །གཉིས་པ་གཞན་དོན་ལ་སྤྱིར་བསྟན་པ་ནི། དྲི་མ་མེད་པའི་ཡེ་ཤེས་དེ་ཉིད་གདུལ་བྱའི་བློ་ངོར་གཟུགས་སྐུ་གཉིས་སུ་སྣང་བ་ལ་བརྟེན་ནས་དཀར་པོ་དགེ་བའི་ཆོས་སྐྱེ་བའི་རྟེན་ཡིན་པའི་ཕྱིར་ན་གཞན་དོན་གྱི་གནས་ཡིན་ནོ། །བྱེ་བྲག་ཏུ་བཤད་པ་ནི། ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་ཡང་ནམ་མཁའ་ཡོད་ན་གཟུགས་མཐོང་བ་དང་སྒྲ་ཐོས་པ་དང་ལ་སོགས་པ་དྲི་ཚོར་བ་དང་། རོ་མྱོང་བ་དང་རེག་བྱ་ལ་རེག་པ་དང་ཆོས་རྣམས་ནི་རྟོགས་ལ་ནམ་མཁའ་མེད་ན་དེ་དག་མི་རྟོགས་པས་རྒྱུ་ཡིན་འཇོག་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཀྱང་ཟག་པ་མེད་པའི་ཡོན་ཏན་སྟོབས་ལ་སོགས་པ་དག་སྐྱེ་བ་ཡི་ནི་རྒྱུ་དང་རྐྱེན་ཡིན་ནོ། །ཚུལ་ཇི་ལྟར་རྐྱེན་བྱེད་ན་འབད་རྩོལ་གྱི་སྒྲིབ་པ་མེད་པར་ལྷུན་གྱིས་གྲུབ་པའི་སྦྱོར་བས་སོ། །གང་གི་རྒྱུད་ལ་བསྐྱེད་ན་ཉེར་ལེན་གྱི་རྒྱུ་ཁམས་དང་ལྡན་པའི་བརྟན་པ་བྱང་ཆུབ་སེམས་དཔའི་དབང་པོ་དྲུག་གི་དོན་ཞེས་པ་ཡུལ་ལའོ། །ལྡན་པའི་དོན་ལ་གཉིས་སྟེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ། བྱང་ཆུབ་ལ་བྲལ་བའི་ཡོན་ཏན་དང་སྨིན་པའི་ཡོན་ཏན་གཉིས་དང་ལྡན་པ་ལས། དང་པོ་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ཏེ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། སངས་རྒྱས་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཅེས་སོ། །གཉིས་པ་ནི། ཐུན་མོང་མ་ཡིན་པའི་ཡོན་ཏན་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །གལ་ཏེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་དེ་བཞིན་གཤེགས་པ་བལྟ་བར་འགྱུར་ན་ནི་དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་སོ། །དེ་ལ་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པ་ནི་ཐོས་པ་ལ་སོགས་པའི་ཡུལ་མ་ཡིན་པས་བསམ་དུ་མེད་པ་དང་། སྐྱེ་བ་མེད་པས་རྟག་པ་དང་རྒ་བ་མེད་པས་བརྟན་པ་དང་ན་བ་མེད་པས་ཞི་བ་དང་འཆི་བ་མེད་པས་གཡུང་དྲུང་ཉིད་དང་། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང་། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་དང་། ཇི་ལྟ་བ་མཁྱེན་པས་རྟོག་པ་དང་བྲལ་བ་དང་། ཉོན་སྒྲིབ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུན་ཏུ་ཤེས་བྱ་ལ་ཐོགས་པ་མེད་པ་དང་། བྱིང་རྒོད་ལ་སོགས་པ་སྙོམ་པར་འཇུག་པའི་སྒྲིབ་པ་སྤངས་པས་བྱིང་རྒོད་ཀྱི་རྩུབ་པའི་རེག་པ་སྤངས་པ་དང་། ཡང་དག་པར་ན་མངོན་སུམ་དུ་བྱར་མེད་པས་བལྟར་མེད་པ་དང་རྟགས་ལས་དཔག་པར་མི་ནུས་པས་བཟུང་དུ་མེད་པ་དང་རང་བཞིན་གྱིས་དག་པས་དགེ་བ་དང་། བློ་བུར་གྱི་དྲི་མ་མེད་པས་སངས་རྒྱས་དྲི་མ་མེད་པའོ། །གཉིས་པ་ལ་གསུམ་སྟེ། སྤྱིར་བརྗོད་པ་དང་། གཉེན་པོས་ཐོབ་པ་དང་། རང་བཞིན་དུ་གནས་པའི་ཡོན་ཏན་ནོ། །དང་པོ་ནི། རྣམ་གྲོལ་གྱི་སྐུ་དག་གིས་རང་གི་དོན་བསྟན་ཏེ། རང་ཉིད་འཆིང་བ་ཐམས་ཅད་ལས་གྲོལ་བའི་ཕྱིར་རོ། །ཡོན་ཏན་གྱིས་ཆོས་ཀྱི་སྐུ་དག་གི་གཞན་གྱི་སྐུ་བསྟན་ཏེ་ཡོན་ཏན་ལས་འཕྲིན་ལས་འབྱུང་བའི་ཕྱིར་རོ། །རང་དང་གཞན་གྱི་དོན་གྱི་རྟེན་དུ་གྱུར་པའི་སྐུ་དེ་ལ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ནོ། །གཉིས་པ་ལ་ལྔ་སྟེ། ཟབ་པ་དང་། རྟག་པ་དང་། བདེའ་བ། ཡེ་ཤེས། སྤངས་པའོ། །དང་པོ་ལ་གསུམ་ལས། སྤྱིར་བསྟན་པ་ནི། དྲི་མ་མེད་པའི་སངས་རྒྱས་དེ་རྟོགས་པར་བྱའོ། །ཞེས་སོ། །ཇི་ལྟར་ན་བསམ་གྱིས་མི་ཁྱབ་པར་རོ། །གང་གིས་ཞེ་ན། ཡེ་ཤེས་ཀྱི་ལུས་ཅན་ས་བཅུ་ལ་གནས་པ་རྣམས་ཀྱིས་ནི་ཞེས་པ་སྟེ་དེས་མཚོན་པ་སངས་རྒྱས་ལས་གཞན་པའི་གང་ཟག་རྣམས་ཀྱིས་སོ། །དེའི་རྒྱུ་མཚན་ནི་སངས་རྒྱས་ལས་གཞན་པའི་ཐོས་པ་ལ་སོགས་པའི་ཤེས་རབ་གསུམ་གྱིས་ཇི་ལྟ་བ་བཞིན་དུ་རྫོགས་པར་རྟོགས་པའི་ཡུལ་མིན་པའི་ཕྱིར་རོ། །འོ་ན་ཇི་ལྟ་བ་བཞིན་དུ་རྫོགས་པར་གང་གིས་རྟོགས་ཞེ་ན། ཐམས་ཅད་མཁྱེན་པ་ཁོ་ནའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ཡིན་ཞེས་པའོ། །བྱིས་པས་གཏན་ནས་མི་རྟོགས་པ་ནི་སངས་རྒྱས་ཀྱི་ཡོན་ཏན་དེ་སྒྲ་ལ་བརྟེན་ནས་དོན་རྟོགས་པའི་ཐོས་པའི་ཤེས་རབ་ཀྱི་ཡུལ་མ་ཡིན་ཏེ་ཤིན་ཏུ་ཕྲ་བའི་དོན་ཡིན་པའི་ཕྱིར་རོ། །རྟགས་ཀྱི་རྗེས་སུ་འབྲང་བའི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་རྟོགས་པའི་ཡུལ་མིན་ཏེ་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །ཆོས་ཉིད་དེ་འཇིག་རྟེན་པའི་བསྒོམ་པ་ལ་སོགས་པའི་བློ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ་ཟབ་པའི་ཕྱིར་རོ། །སངས་རྒྱས་དེ་བྱིས་པ་སོ་སོའི་སྐྱེ་བོས་སྔོན་མངོན་སུམ་དུ་མཐོང་བ་མྱོང་སྟེ། གང་གི་ཕྱིར་ན་བྱིས་པའི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། དཔེར་ན་གཟུགས་ལ་དམུས་ལོང་བཞིན་ནོ། །འཕགས་པས་རང་མཚན་རྟོགས་པའི་ཚུལ་ནི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པས་ཀྱང་རང་མཚན་ཅུང་ཟད་ཙམ་རྟོགས་ཀྱི་ཡོངས་སུ་རྫོགས་པར་མི་རྟོགས་ཏེ་དཔེར་ན་བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས་ཉི་མའི་འོད་ཀྱིས་གཟུགས་ཅུང་ཟད་མཐོང་གི་རྒྱ་ཆེན་པོ་མི་མཐོང་བ་བཞིན་ནོ། །གཉིས་པ་རྟག་པ་ནི། སངས་རྒྱས་དེ་རྟག་པ་སྟེ་སྐྱེ་བ་དང་བྲལ་བའི་ཕྱིར་རོ། །རྒྱུན་འགགས་པ་མེད་པའི་ཕྱིར་ཅུང་ཟད་ན་བརྟན་པ་ཡིན་ལ་སྐྱེ་འགགས་གཉིས་མེད་པའི་ཕྱིར་སངས་རྒྱས་དེ་ཞི་བའོ། །འགྱུར་བ་མེད་པའི་གཡུང་དྲུང་ཡིན་ཏེ་འདུས་མ་བྱས་པའི་ཆོས་ཉིད་དུ་གནས་པའི་ཕྱིར་རོ། །གསུམ་པ་བདེ་བ་ནི། སྡུག་བསྔལ་རབ་ཏུ་ཞི་བ་ཡིན་ཏེ་སྤང་བྱ་ཐམས་ཅད་སྤངས་པའི་འགོག་པའི་བདེན་པ་ཡིན་པའི་ཕྱིར་རོ། །བཞི་པ་ཡེ་ཤེས་ནི། ཇི་སྙེད་པ་མཁྱེན་པའི་ཤེས་བྱ་ཐམས་ཅད་རྟོགས་པའི་ཕྱིར་ཤེས་བྱ་ལ་ཁྱབ་པ་ཉིད་ཡིན་ཅིང་། ཇི་ལྟ་བ་མཁྱེན་པ་ལ་ཆོས་ཅན་གྱི་མཚན་མ་གང་ཡང་བློ་ཡུལ་དུ་གནས་པ་མེད་པའི་ཕྱིར་རྟོགས་པ་མེད་པ་ཡིན་ནོ། །ལྔ་པ་སྤངས་པ་ནི། སངས་རྒྱས་དེ་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ཤེས་བྱ་ཇི་ལྟ་བ་ལ་ཆགས་པ་མེད་ལ་ཤེས་བྱའི་སྒྲིབ་པ་ཀུན་དག་པའི་ཕྱིར་ཇི་སྙེད་པའི་ཡུལ་དུས་ཐམས་ཅད་དུ་ནི་ཐོགས་པ་མེད་ཅིང་སྙོམས་འཇུག་གི་སྒྲིབ་པ་བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་ལ་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་པ་དང་བྲལ་བ་ཡིན་ནོ། །གསུམ་པ་རང་བཞིན་དུ་གནས་པའི་ཡོན་ཏན་ནི། སངས་རྒྱས་དེ་ཡང་དག་པར་ན་མངོན་སུམ་གྱིས་ལྟར་མེད་དེ་གཟུགས་ལ་སོགས་པའི་རང་བཞིན་གང་དུ་ཡང་གྲུབ་པ་མེད་པའི་ཕྱིར་རོ། །རྟགས་ལ་བརྟེན་པའི་བློས་རང་བཞིན་གང་དུའང་གཟུང་དུ་མེད་དེ་རྒྱུ་མཚན་གྱི་མཚན་མ་མེད་པའི་ཕྱིར་རོ། །ངོ་བོ་དགེ་བ་ཡིན་ཏེ། ཉེས་པ་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར་རོ། །དྲི་མ་མེད་པ་ཡིན་ཏེ། བློ་བུར་གྱི་དྲི་མ་སྤངས་པའི་ཕྱིར་རོ། །འཇུག་པའི་དོན་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་ཏེ། སྐུའི་རྣམ་དབྱེ་བསྟན་པ་ངེས་པའི་དོན་ངོས་བཟུང་བ། དེ་ལ་རྩོད་པ་སྤངས་པའོ། །དང་པོ་ལ་གཉིས་དང་གསུམ་དང་། བཞི་དང་། ལྔར་དབྱེ་བའོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐུ་རྣམ་པ་གཉིས་སུ་མཛད་དེ། རང་དོན་དོན་དམ་བདེན་པའི་ཆོས་སྐུ་དང་། གཞན་དོན་ཀུན་རྫོབ་པ་གཟུགས་ཀྱི་སྐུའོ། །རིག་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་སོ། །དེ་ལ་ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་སར་དག་པ་གཉིས་ལྡན་གྱི་ཆོས་ཀྱི་དབྱིངས་ཏེ། བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་སོ། །དེ་ཉིད་སྟོབས་སོགས་ཀྱི་ཡོན་ཏན་ཚད་མེད་པའི་རྟེན་བྱེད་དེ་དག་ལ་བརྟེན་ནས་གཟུགས་ཀྱི་སྐུས་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་བསྒྲུབ་པར་མཛད་དེ། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་རྣམ་པར་གནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཅེས་སོ། །གཟུགས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུའི་དབྱེ་བས་རྣམ་པ་གཉིས་སུ་གནས་ཏེ། སྣ་ཚོགས་ནོར་བུ་ཇི་བཞིན་དུ། །ཞེས་པས་ཤེས་སོ། །གཉིས་པ་ནི། དབུ་མ་པ་ཁ་ཅིག་རིག་པ་མ་རིག་པའི་ཁྱབ་བྱ་ཡིན་པས་རྡོ་རྗེ་ལྟ་བུས་ཏིང་ངེ་འཛིན་གྱི་རྗེས་ཐོགས་སུ་ཁྱབ་བྱེད་མ་རིག་པ་ལོག་པས་དེའི་ཁྱབ་བྱ་མ་རིག་པ་ཙམ་ཡང་ལོག་པའི་ཕྱིར་ཤེས་པ་དང་ཤེས་བྱ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་ཀྱི་སྐུ་ཡིན་ཏེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་བསྲེགས་པས་མེས། །ཞི་དེ་ཚུལ་གྱི་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་སོ། །ཡེ་ཤེས་མེད་ཀྱང་གཟུགས་སྐུ་གཉིས་ནི་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དབང་གིས་འབྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱིས། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་སོ། །གལ་ཏེ་དེ་ནི་དཔེའ་དང་མི་མཚུངས་ཏེ། ནོར་བུ་ལ་སོགས་པ་ནི་ད་ལྟ་ཡོད་པས་དོན་བྱེད་ལ་འདིར་ནི་གཟུགས་ཀྱི་སྐུ་ལ་ཡེ་ཤེས་མེད་ཅིང་། སྨོན་ལམ་འདེབས་པ་པོ་བྱང་ཆུབ་སེམས་དཔའ་འདས་ནས་མེད་པའི་ཕྱིར་རོ། །བྱེད་པ་པོ་འདས་ཀྱང་དེའི་མཐུས་གཞན་དོན་བྱེད་པ་མི་འགལ་ཏེ། དཔེར་ན་བྲམ་ཟེ་ཤམ་ཀུས་ནམ་མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་པ་བཞིན་ནོ། །དེ་ཉིད་ལས། དཔེར་ན་ནམ་མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །བྱང་ཆུབ་སྤྱོད་དང་རྗེས་མཐུན་པས། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །ཅེས་ཟེར་རོ། །གསུམ་པ་ནི། སློབ་དཔོན་སེངྒེ་བཟང་པོ་ལ་སོགས་པ་དག་སྐུ་རྣམ་པ་བཞི་སྟེ་ངོ་བོ་ཉིད་ཀྱི་སྐུ་ནི་ཟག་མེད་ཀྱི་ཡེ་ཤེས་དང་སྒྲིབ་པ་ཐམས་ཅད་ཀྱིས་དག་པའི་སྤངས་པ་གཉིས་ཀྱི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། མན་ངག་གི་བསྟན་བཅོས་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་སོ། །ཆོས་ཀྱི་སྐུ་ནི་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་ཡོད་པ་རྣམས་ཡིན་ལ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ནི་གཞན་དང་འདྲའོ། །བཞིར་ངེས་པའི་ཤེས་བྱེད་ཀྱང་། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པའི་ཕྱིར་ཞེས་བཞེད་དོ། །བཞི་པ་ནི། མཚན་ཡང་དག་པར་བརྗོད་པ་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པས་དེ་ལ་སློབ་དཔོན་འཇམ་དཔལ་གྲགས་པ་ནི་ངོ་བོ་ཉིད་ལ་སོགས་པ་སྔར་གྱི་བཞི་པོ་དང་བྱ་བ་ཐམས་ཅད་ཐུགས་སུ་ཆུད་ཅིང་སེམས་ཅན་གྱི་དོན་མཛད་པའི་བྱ་བ་གྲུབ་པའི་ཡེ་ཤེས་ལ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ་སྔར་བཞེད་དོ། །གཉིས་པ་ངེས་པའི་དོན་ངོས་གཟུང་བ་ལ་སྐུ་གཉིས་སུ་རྣམ་པར་བཞག་པ་ནི། གཟུགས་སྐུ་གཅིག་ཏུ་བསྡུས་པར་ཟད་ཀྱི་དོན་ལ་འཕགས་པ་མ་ཕམ་པས་གསུམ་དུ་མཛད་པ་དང་མཐུན་ནོ། །གསུམ་དུ་བཞག་པ་ནི་མ་ཡིན་ཏེ། སློབ་དཔོན་དག་གི་དགོངས་པ་མ་ཡིན་ཞིང་ལུང་དང་རིགས་པས་གནོད་པའི་ཕྱིར་རོ། །འདི་ལྟར་སློབ་དཔོན་དེ་དག་སྐུ་གསུམ་དུ་བཞེད་པ་ཡིན་མོད་ཀྱི། ཡེ་ཤེས་མེད་པར་མི་བཞེད་ལ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །ཞེས་པའང་ཡེ་ཤེས་མེད་པར་སྟོན་པ་མ་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུས་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱ་སྐྱེ་བ་མེད་པས། སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས་པའོ། །དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་ཞེས་ཡེ་ཤེས་ཀྱི་ཡུལ་ཆོས་སྐུ་སྟོང་པ་ཉིད་ལ་སྐྱེ་འགགས་ལ་སོགས་པའི་མཚན་མར་འཛིན་པ་མི་འཇུག་ཅེས་ཆོས་སྐུ་དྲི་མ་དང་བྲལ་བར་བསྟན་པ་ཡིན་ལ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློའི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པ། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པའི་དོན་ཡང་དེ་ཡིན་ནོ། །ནོར་བུ་ལ་སོགས་པའང་ཡེ་ཤེས་མེད་པའི་དཔེ་མ་ཡིན་གྱི་རྣམ་རྟོག་དང་རྩོལ་བ་མེད་ཀྱང་གཞན་དོན་མཛད་པའི་དཔེར་བརྗོད་པ་ཡིན་ཏེ། རྒྱན་ལས། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་བཟོའ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཞེས་པ་དང་། འདི་ཉིད་ལས་ཀྱང་། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་ཀྱང་གཅིག་ཆར་དུ། །སྤྱོད་པ་ཡུལ་གནས་རྣམས་ཀྱི་ནི། །བསམ་ཀུན་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟེན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ནི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་རྣམ་མི་རྟོག །ཅེས་གསུངས་པ་ལྟར་རོ། །སྐུ་བཞིར་རྣམ་པར་བཞག་པ་ཡང་མ་ཡིན་ཏེ། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཆོས་ཀྱི་རབ་ཕྱེར་རང་བཞིན་ལ། །སོགས་པའི་སྐུ་གསུམ་དག་གིས་འཇུག །ཅེས་དབྱེ་བ་གསུམ་དུ་གསུངས་པ་དང་། རྒྱན་ལས་ཀྱང་། སངས་རྒྱས་རྣམས་ཀྱི་སྐུ་ཕྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་སྐུ་གསུམ་དུ་དུགསུངས་པ་དང་འགལ་བའི་ཕྱིར་རོ། །སྐུ་རྣམ་པ་ལྔར་གསུངས་པ་ཡང་སྤྲོས་པ་ལ་དགའ་བའི་ངོར་རྣམ་པར་ཕྱེ་བར་ཟད་ཀྱི་སྐུ་གསུམ་དུ་མ་འདུས་པ་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་ཆོས་སྐུའི་ཡོན་ཏན་ཡིན་པའི་ཕྱིར་རོ། །དེས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ནི་གསུམ་ཉིད་ཡིན་ཏེ། རང་དང་གཞན་གྱི་དོན་བསྒྲུབ་པ་ལ་དེ་དག་ལས་ཉུང་ན་ནི་མི་ནུས་ཤིང་མང་བ་མི་དགོས་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་སྐལ་བ་མེད་པའི་འགྲོ་བ་རྣམས་ལ་ནི་སྐུ་གསུམ་གང་ཡང་མི་སྣང་ཏེ། རྒྱན་ལས། ཇི་ལྟར་ཆུའི་སྣོད་ཆག་ལ། །ཟླ་བའི་གཟུགས་བརྙན་མི་སྣང་ལྟར། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་སོ། །འཕྲིན་ལས་འཇུག་པ་ལའང་རང་གཞན་གཉིས་ལས་རང་གི་དོན་བསྒྲུབ་པ་ནི་ཆོས་སྐུ་ཡིན་ཏེ། བདག་ཉིད་ཟག་བཅས་ཀྱི་རྒུད་པ་སྤངས་ནས་ཟག་མེད་ཀྱི་འབྱོར་པ་ཐོབ་པའི་ཕྱིར་རོ། །གཞན་གྱི་དོན་བསྒྲུབ་པ་ནི་གཟུགས་ཀྱི་སྐུ་ཡིན་ཏེ། འདི་ཉིད་ལས། བདག་ཉིད་ཀྱི་ནི་འབྱོར་བའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་སོ། །གཟུགས་སྐུའི་གདུལ་བྱ་ལ་ཡང་ཉེ་བ་དང་རིང་བ་གཉིས་ལས་ཉེ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ལ་རིང་བ་ཉན་རང་དང་སོ་སོའི་སྐྱེ་བོ་ལ་སྤྲུལ་པའི་སྐུ་སྣང་སྟེ། དག་ལས་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །ཡང་ན་ལོངས་སྤྱོད་རྫོགས་པའི་སྐུས་རང་ཉིད་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བྱེད་པའི་ཕྱིར་རང་གི་དོན་བྱེད་ལ། སྤྲུལ་པའི་སྐུ་ནི་གཞན་ལ་ཟབ་པ་རྒྱ་ཆེ་བའི་ཆོས་སྟོན་པར་བྱེད་པའི་ཕྱིར། གཞན་གྱི་དོན་ཡིན་ཅིང་ཆོས་ཀྱི་སྐུ་ནི་དེ་གཉིས་ཀའི་རྟེན་ཡིན་ཏེ། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱས་ཏེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ལ། གལ་ཏེ་སྐུ་བཞི་མ་ཡིན་གསུམ་དུ་གནས་ན་སངས་རྒྱས་ཀྱི་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་རྣམས་སངས་རྒྱས་ལ་མེད་པར་འགྱུར་ཏེ། ཁྱེད་འདོད་པའི་སྐུ་གསུམ་གྱིས་མ་བསྡུས་པའི་ཕྱིར། འདོད་ན་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་རྟགས་མ་གྲུབ་ཏེ། ཆོས་ཀྱི་སྐུའི་ཡོན་ཏན་ཡིན་པས་དེར་འདུས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་མཚན་དང་དཔེ་བྱད་རྣམས་སངས་རྒྱས་ལ་མེད་པར་འགྱུར་ཏེ། ཁྱོད་འདོད་པའི་སྐུ་བཞིར་མ་འདུས་པའི་ཕྱིར་ཞེས་སྨྲས་ན་ལན་ཅི་ཞིག་ཡོད། དེ་དག་གཟུགས་ཀྱི་སྐུའི་ཡོན་ཏན་ཡིན་པས་དེར་འདུའོ་ཞེ་ན། སྔ་མ་ཡང་ཆོས་ཀྱི་སྐུའི་ཡོན་ཏན་ཡིན་པས་དེར་འདུ་བར་རྒྱུ་མཚན་མཚུངས་ཏེ། འདི་ཉིད་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་སོ། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཆོས་སྐུ་ཞེས་པ་ནི། སྐུའི་འཇུག་བསྡུ་བ་ཡིན་ལ། རྣམ་པ་བཞི་ཞེས་པ་ནི། མཛད་པ་འཕྲིན་ལས་དང་བཅས་པའི་ཆོས་བཞི་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་གསང་སྔགས་ལ་སོགས་པ་ལས་སྐུ་བཞིར་གསུངས་པ་ཡང་སྤྲོས་པ་ལ་དགའ་བའི་ངོར་ནང་ཚན་ལས་ཕྱེ་བར་ཟད་ཀྱི་གསུམ་དུ་མ་འདུས་པའི་བཞི་པ་ཡོད་པ་ནི་མ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་དབྱེའ། འཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུའོ། །དང་པོ་ལ་གཉིས་ལས། མཚན་ཉིད་ངོས་གཟུང་བ་ནི། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་ཁྱད་པར་ལྔ་དང་ལྡན་པ་སྟེ། འདུས་མ་བྱས་པ་ནི། འདུས་བྱས་ཀྱི་ཆོས་ཐོག་མར་སྐྱེ་བ་དང་དབུས་སུ་གནས་པ་དང་མཐར་འགགས་པ་རྣམས་མེད་ཅིང་ཞེས་པའོ། །ཐ་དད་མེད་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ལ་གཅིག་དང་ཐ་དད་དུ་རྣམ་པར་དབྱེར་མེད་པའོ། །ཕྱིན་ཅི་མ་ལོག་པ་ནི། བདག་དང་བདག་མེད་པའི་སྤྲོས་པའི་མཐའ་གཉིས་སུ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་གཉིས་མེད་པའོ། །རྣམ་པར་དག་པ་ནི། ཉོན་མོངས་པ་དང་ཤེས་བྱ་དང་སྙོམ་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བའོ། །རང་བཞིན་གྱིས་འོད་གསལ་བ་ནི་རང་བཞིན་གྱིས་དག་པས་དྲི་མ་མེད་པ་དང་རྟོག་གེའི་ཡུལ་ལས་འདས་པས་རྣམ་པར་རྟོག་པ་མེད་པ་དང་སྣང་བ་མེད་པའི་ཤེས་རབ་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པའི་ཆོས་སྐུ་དེ་རྟོགས་པ་ནི་བསྒོམ་བྱུང་གི་ཤེས་རབ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཉིས་པ་དེའི་ཡོན་ཏན་ལ་རྟོགས་པའི་ཡོན་ཏན་ནི། རྒྱ་ཆེ་བ་ཚད་ལས་གཞལ་བར་དཀའ་བས་གཞལ་དུ་མེད་པ་དང་། གཅིག་དང་གཉིས་ལ་སོགས་པའི་གྲངས་ལས་འདས་པས་གང་གའི་བྱེ་མའི་གྲངས་ལས་འདས་པ་དང་རྟོག་གེའི་ཡུལ་མ་ཡིན་པས་བསམ་དུ་མེད་པ་དང་། གཞན་དང་ཐུན་མོང་མ་ཡིན་པས་མཉམ་པ་མེད་པའི་ཡོན་ཏན་རྣམས་དང་ལྡན་ཞེས་པའོ། །སྤངས་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པའི་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་དེ་ནི་བག་ཆགས་དང་བཅས་པའི་ཉེས་པ་མཐའ་དག་རྣམ་པར་སྤངས་ཞེས་པའོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཁྱད་པར་ལྔ་དང་ལྡན་པ་སྟེ། གསུང་བརྗོད་པ་རྒྱུན་མི་འཆད་པ་དང་། སྐུའི་སྣང་བ་རྒྱུན་མི་འཆད་པ་གཉིས་ནི་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་དམ་པའི་ཆོས་ཀྱི་འོད་ཟེར་མངའ་བའི་སྐུས་ཞེས་པས་གསུང་གི་སྣང་བ་མཛད་པ་པོ་སྐུ་ཡིན་པར་བསྟན་ནོ། །ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་ནི་གདུལ་བྱའི་འགྲོ་བ་རྣམས་ཀྱིས་རྣམ་པར་གྲོལ་བའི་དོན་གྲུབ་པར་མཛད་པ་ལ་བརྩོན་པ་ཞེས་པའོ། །དེ་དག་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པ་ནི་མཛད་པ་འཕྲིན་ལས་བསྒྲུབ་པ་ལ་འབད་རྩོལ་དང་བྲལ་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ཏེ་ཞེས་པའོ། །གདུལ་བྱ་ལ་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་དང་བྲལ་བ་ནི་ཁ་དོག་དང་ཚད་ལ་སོགས་པས་གདུལ་བྱའི་དབང་གིས་སྣ་ཚོགས་པའི་དངོས་པོར་སྣང་བ་དང་། སྣང་ཡང་དོན་ལ་སྣ་ཚོགས་དེའི་རང་བཞིན་མ་ཡིན་ཏེ་གཅིག་ཉིད་དུ་མར་སྣང་བའི་ཕྱིར་རོ། །གསུམ་པ་སྤྲུལ་པའི་སྐུ་ནི་ལམ་ལ་མ་ཞུགས་པའི་འཇིག་རྟེན་པ་རྣམས་ཞི་བ་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པ་དང་། ཐར་པའི་ལམ་ལ་ཞུགས་པ་རྣམས་ཐེག་པ་ཆེན་པོ་ལ་བཀོད་ནས་རབ་ཏུ་སྨིན་པར་མཛད་པ་དང་། ཐེག་ཆེན་པ་རྣམས་ས་བརྒྱད་པ་ལ་སོགས་པ་ལ་བཀོད་ནས་ལུང་སྟོན་པར་མཛད་ལ་དེ་ལྟ་བུའི་འཕྲིན་ལས་ཀྱི་རྒྱུའི་གཟུགས་སྐུ་གང་ཡིན་པ་དེ་ཡང་འཇིག་རྟེན་འདིར་ནི་འཁོར་བ་ཇི་སྲིད་དུ་རྟག་པར་གནས་ཏེ་དཔེར་ན་ནམ་མཁའི་ཁམས་སུ་ཟླ་བའི་གཟུགས་ཀྱི་ཁམས་གནས་པ་བཞིན་ནོ། །མན་ངག་གི་བསྟན་བཅོས་ལས། གང་གི་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །གཉིས་པ་རྒྱས་པར་དབྱེ་བ་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བ། སོ་སོའི་རང་བཞིན། འཇུག་བསྡུ་བའོ། །དང་པོ་ལ་དབྱེ་བའི་གཞི་ནི། གཞན་ལ་མ་ལྟོས་པར་རང་ཉིད་ཀྱིས་རྟོགས་པའི་རང་བྱུང་རྣམས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་ཅིང་མ་རིག་པའི་གཉིད་ལས་སངས་པས་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་སྤང་བྱ་ཐམས་ཅད་སྤངས་པས་མཆོག་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་གཞན་གྱི་བློའི་ཡུལ་ལས་འདས་པ་བསམ་དུ་མེད་པ་འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ་གཞན་གྱིས་རྟོགས་པར་མི་ནུས་པས་སོ་སོ་རང་གིས་རིག་པའི་བདག་ཉིད་དུ་གྱུར་པའོ། །དབྱེ་བའི་དངོས་པོ་ནི་སངས་རྒྱས་དེའི་དབྱེ་བ་ནི་རང་བཞིན་ཆོས་ཀྱི་སྐུ་དང་ལ་སོགས་པ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་དག་གིས་འཇུག་ཅེས་པའོ། །འབྱེད་པའི་རྒྱུ་མཚན་ནི་རྟོགས་པར་དཀའ་བས་ཟབ་པ་དང་མཐུ་དང་ལྡན་པས་རྒྱ་ཆེ་བ་དང་གཞན་དོན་ཕུན་སུམ་ཚོགས་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་ཀྱིས་རབ་ཏུ་ཕྱེ་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུའོ། །དང་པོ་ལ་གཉིས་ཏེ། བསྟན་པ། བཤད་པའོ། །དང་པོ་ནི། སྐུ་གསུམ་ཡོད་པ་དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་ཀྱི་སྐུ་ནི་རང་ལྡོག་མཚན་ཉིད་ཅེས་པ་ཆོས་ལྔ་དང་ལྡན་པ་དང་མདོར་ན་ཡོན་ཏན་ལྔ་དང་དབྱེར་མེད་དུ་ལྡན་པ་ཉིད་དུ་རིག་པར་བྱའོ། །གཉིས་པ་ལ་གཉིས་ལས། མཚན་ཉིད་ནི་སྐྱེ་བ་ལ་སོགས་པ་དང་བྲལ་བས་འདུས་མ་བྱས་ཤིང་ཆོས་ཀྱི་དབྱིངས་ལ་གཅིག་དང་ཐ་དད་དུ་རྣམ་པར་དབྱེར་མེད་པ་དང་། བདག་དང་བདག་མེད་པའི་སྤྲོས་པའི་མཐའ་གཉིས་དག་ན་རྣམ་པར་སྤངས་པ་དང་། ཉོན་མོངས་པ་དང་། ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་གསུམ་ལས་ངེས་པར་གྲོལ་བས་རྣམ་པར་དག་པ་དང་། དྲི་མ་གདོད་མ་ནས་མེད་པ་དང་འབད་རྩོལ་གྱི་རྣམ་པར་རྟོག་པ་མེད་པ་དང་རྣལ་འབྱོར་གྱི་དབང་ཕྱུག་སངས་རྒྱས་རྣམས་ཀྱི་མཉམ་བཞག་ཇི་ལྟ་བ་མཁྱེན་པའི་ཡུལ་ཡིན་པའི་ཕྱིར་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་འོད་གསལ་བ་ཡིན་ཏེ་ངོ་བོ་ཉིད་ཀྱིས་དག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ལ་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་དང་དབྱེར་མེད་དུ་ཡང་དག་པར་ལྡན་ཏེ་ཞེས་པའོ། །ཡོན་ཏན་ཇི་ལྟ་བུ་ཞེ་ན། ཚད་གཞལ་དུ་མེད་པ་དང་ནང་ཚན་གྱིས་དབྱེ་བ་གྲངས་ཀྱི་གནས་གཞན་རྣམས་ཀྱི་བགྲང་དུ་མེད་པ་དང་རྒྱུ་མཚན་ལ་བརྟེན་ནས་བསམ་དུ་མེད་པ་དང་། ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པས་མཉམ་པ་མེད་པ་དང་། སྒྲིབ་པ་ཐམས་ཅད་སྤངས་པས་རྣམ་པར་དག་པའི་མཐར་ཐུག་པའོ། །དེ་དག་གི་རྒྱུ་མཚན་ནི་ཚད་རྒྱ་ཆེ་བའི་ཕྱིར་དང་གྲངས་ཡོངས་སུ་ཆད་པ་མེད་པའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་དང་སངས་རྒྱས་འབའ་ཞིག་གི་ཡོན་ཏན་ཡིན་པའི་ཕྱིར། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་གོ་རིམ་བཞིན་དུ་གཞལ་དུ་མེད་པ་དང་གྲངས་མེད་པ་ལ་སོགས་པ་ཡིན་ནོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་སྟེ། མཚན་ཉིད་ལྔ་ངོས་གཟུང་། དེ་དག་བསྡུས་ཏེ་བསྟན། སྣང་བ་དངོས་མཚོན་པའོ། །དང་པོ་ནི། གསུང་གི་བརྗོད་པ་ཟབ་པ་དང་སྣ་ཚོགས་པ་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་པ་དང་། སྐུ་སྟོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་དེའི་རང་བཞིན་གྱི་ཆོས་མཚན་དང་དཔེའ་བྱད་ཀྱིས་བརྒྱན་པའི་སྐུར་སྣང་བའི་ཕྱིར་ཞེས་པ་སྟེ། མན་ངག་གི་བསྟན་བཅོས་ལས། མཚན་ནི་སུམ་བཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་བཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །ཐུགས་ཀྱི་མཛད་པ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་རྣམ་པར་དག་པས་དེའི་རྒྱུ་མཐུན་པའི་འབྲས་བུ་འགྲོ་བའི་དོན་རྒྱུན་མི་འཆད་པའི་ཕྱིར་དང་། འབད་པ་མེད་པ་ནི་རྣམ་པར་རྟོག་པ་མེད་ཅིང་རྩོལ་བ་ལ་མི་ལྟོས་པས་ལྷུན་གྱིས་གྲུབ་པར་གདུལ་བྱའི་འདོད་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་བསྐོང་བ་དང་། རས་ཀྱི་ཁ་དོག་གི་དབང་གིས་ཡིད་བཞིན་གྱི་ནོར་བུའི་མཐུའི་ཞེས་པ་ཁ་དོག་སྣ་ཚོགས་སུ་སྣང་ཡང་དེ་དང་བྲལ་བ་ལྟར་གདུལ་བྱའི་མོས་པའི་དབང་གིས་རྫུ་འཕྲུལ་སྣ་ཚོགས་པའི་རྣམ་པར་སྣང་ཡང་དེའི་རང་བཞིན་དང་བྲལ་བ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུའི་ཚུལ་རྣམ་པར་གནས་སོ། །གཉིས་པ་ནི། གསུང་བརྗོད་པ་དང་སྐུ་སྟོན་པ་དང་ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་དང་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་པ་དང་། སྣ་ཚོགས་པ་དེའི་ངོ་བོ་མིན་ཡང་དེར་སྟོན་པར་མཛད་པས་ན་འདིར་ནི་སྣ་ཚོགས་སུ་སྣང་བ་དང་རྣམ་པར་ལྔར་བརྗོད་དོ། །གསུམ་པ་ནི། དཔེའ་ཇི་ལྟར་རས་ཀྱི་ཚོན་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པའི་དེའི་དངོས་པོ་མིན་ཡང་སྣ་ཚོགས་པར་སྣང་བ་ལྟར་དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཁམས་དང་མོས་པའི་རྐྱེན་སྣ་ཚོགས་པས་ཁྱབ་བདག་ཅེས་པས་སངས་རྒྱས་ཀྱང་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་སྣ་ཚོགས་དེའི་ངོ་བོར་སྣང་ཞེས་པའོ། །གསུམ་པ་སྤྲུལ་པའི་སྐུ་ལ་གཉིས་ཏེ། སྤྱིའི་རྣམ་བཞག་དང་། གཞུང་གི་དོན་ཏོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་འཕྲུལ་ལོ། །དང་པོ་ནི་ཐུབ་པའི་སྐུ་གང་གིས་དག་པ་དང་མ་དག་པའི་ཞིང་སྣ་ཚོགས་སུ་གདུལ་བྱ་སོ་སོ་སྐྱེ་འཕགས་ལ་ཆོས་སྣ་ཚོགས་གསུངས་པའོ། །གཉིས་པ་ལ་གསུམ་སྟེ། དྲི་ཟའི་རྒྱལ་པོ་རབ་དགའི་དོན་དུ་པི་ཝང་ལེན་པའི་རྣམ་པར་མཛད་པ་ལྟ་བུ་བཟོའ། རི་དྭགས་རུ་རུར་སྐྱེ་བ་བསྟན་པ་ལྟ་བུ་སྐྱེ་བ་དང་། ཤཱཀྱ་ཐུབ་པ་ལྟ་བུ་མཆོག་གི་སྤྲུལ་པའི་སྐུའོ། །རྒྱན་ལས། བཟོའ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །གསུམ་པ་ལ་གསུམ་སྟེ། ཞིང་འདིར་མཆོག་གི་སྤྲུལ་པའི་རྣམ་འཕྲུལ། ཞིང་ཁམས་གཞན་དུ་རྣམ་པར་འཕྲུལ་མཛད་ཚུལ། དེ་དག་གང་གི་མཛད་པ་ཡིན་བསམ་པའོ། །དང་པོ་ནི། མཆོག་གི་སྤྲུལ་པ་སྐུའི་མཛད་པ་བཅུ་གཉིས་ཀྱི་རྣམ་འཕྲུལ་གྱིས་སེམས་ཅན་གྱི་དོན་མཛད་ལ་དེ་དག་གི་གཞུང་ལས་སྟོན་ཏོ། །གཉིས་པ་ནི། ཇི་ལྟར་བདག་ཅག་གི་སྟོན་པས་གླིང་འདིར་འཕྲིན་ལས་རྨད་དུ་བྱུང་བས་གདུལ་བྱའི་དོན་མཛད་པ་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱའི་འཛམ་བུའི་གླིང་རྣམས་སུའང་མཛད་པ་ཕྲིན་ལས་བསྒྲུབས་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ནའང་དེ་བཞིན་གཤེགས་པའི་མཚན་ཐ་དད་པ་རྣམས་ཀྱིས་གདུལ་བྱའི་དོན་མཛད་པར་གསུངས་ཏེ། འཕགས་པ་དཀོན་མཆོག་འབྱུང་གནས་ལས། འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཞི་བཅུའི་རྡུལ་རྙེད་ཀྱི་ཞིང་འདས་པ་ན་ཟིལ་གྱིས་ནོན་པ་ཞེས་བྱ་བའི་འཇིག་རྟེན་ཁམས་ཤིན་ཏུ་རྣམ་པར་དག་པ་ཡོད་དོ། །དེ་ན་ང་ལ་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཤེས་སོ། །ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་བཞི་ཅུའི་མཚན་ཞིང་དང་བཅས་པ་དངོས་སུ་སྨོས་ཤིང་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐ་དད་པ་རྣམས་སུ་སངས་རྒྱས་ཀྱི་བྱ་བ་བྱེད་པའི་ཚེ་ང་ལ་སེམས་ཅན་རྣམས་ཀྱིས་མིང་ཐ་དད་པར་ཤེས་པ་ནི་བརྗོད་དུ་མེད་པའི་བསྐལ་པར་སྨྲས་ཀྱང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གི་མཐའ་རྟོགས་པར་མི་ནུས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་མཛད་པ་ཡང་ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱ་གང་ན་གནས་པ་དེར་འབྱུང་གི་གཞན་དུ་མི་འབྱུང་སྟེ་དོན་མེད་པའི་ཕྱིར་རོ། །རྒྱན་ལས། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་གྱུར་པ་ལྟར། །དེ་བཞིན་སངས་རྒྱས་རྣམས་ལ་ཡང་། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་སོ། །དེ་ཡང་གདུལ་བྱའི་བློ་ལ་འཚམ་པར་སྣང་ནས་མཛད་ཀྱི་མི་འཚམ་པས་མ་ཡིན་ཏེ་དོན་དུ་མི་འགྱུར་བའི་ཕྱིར་རོ། །འདི་ཉིད་ལས། རྟག་ཏུ་ཐམས་ཅད་ལ་ཁྱབ་པ། །ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ནི། །སངས་རྒྱས་ཉི་མ་གདུལ་བྱ་ཡི། །རི་ལ་ཇི་ལྟར་འོས་བཞིན་འབབ། །ཅེས་སོ། །གསུམ་པ་ནི། མཛད་པ་བཅུ་གཉིས་པོ་འདི་དག་བྱང་ཆུབ་སེམས་དཔའི་མཛད་པ་ཡིན་ནམ་སངས་རྒྱས་ཀྱི་མཛད་པ་ཡིན་ནམ་ཞེ་ན། ཉན་ཐོས་སྡེ་པ་དག་ནི་དང་པོ་དགུའམ་བཅུ་བྱང་ཆུབ་སེམས་དཔའ་ཡིན་ལ་དེ་ཡང་སོ་སོ་སྐྱེ་བོ་སྲིད་པ་ཐ་མ་པའི་ཡིན་པར་འདོད་དོ། །ཐ་མ་གསུམ་མམ་གཉིས་ནི་སངས་རྒྱས་ཀྱི་ཡིན་པར་འདོད་དོ། །སློ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པ་འགའ་ཞིག་ནི་དང་པོ་བཅུ་བྱང་ཆུབ་སེམས་དཔའི་ཡིན་ལ་ཐ་མ་གཉིས་སངས་རྒྱས་ཉིད་ཡིན་པར་བཞེད་དོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་དཀའ་བ་སྤྱོད་པའི་ཚེ་རྣམ་པར་སྨིན་པའི་སྐུ་དེ་ཉིད་དུ་བཞག་ནས་སྤྲུལ་པའི་སྐུས་འོག་མིན་དུ་སོང་སྟེ་དེར་སངས་རྒྱས་ནས་སླར་ཡང་སྔར་གྱི་སྐུ་ལ་བཞུགས་ཏེ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་སོགས་པ་མཛད་པས་དང་པོ་བདུན་བྱང་ཆུབ་སེམས་དཔའ་ཡིན་ལ་ཕྱི་མ་ལྔ་སངས་རྒྱས་ཀྱི་ཡིན་པར་འདོད་དེ། ཐེག་པ་ཆེན་པོ་བ་ཕལ་ཆེར་གྱིས་ཐམས་ཅད་སངས་རྒྱས་ཀྱི་ཡིན་པར་བཞེད་དོ། །འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས། ཞིང་དུ་མར་སྤྲུལ་སྐུའི་མཛད་པ་སྟོན་པའི་ཕྱིར་རོ། །ཞེས་བཞེད་དོ། །འདི་དག་གི་དོན་དཔྱད་པ་ནི་གོང་དུ་བརྗོད་པས་ཡང་ཟློས་པར་མི་བྱའོ། །གང་གི་ལྷར་ཡང་མངོན་པར་བྱང་ཆུབ་པས་ནི་མངོན་དུ་མཛད་པ་ལ་ལྟོས་ནས་བྱང་ཆུབ་སེམས་དཔའི་ཡིན་ལ་བྱང་ཆུབ་པ་ཉིད་ལ་ལྟོས་ནས་སངས་རྒྱས་ཀྱི་ཡིན་ནོ། །འཕགས་པ་མ་ཕམ་པའི་དགོངས་པས་རིག་གསུམ་དུ་གནས་ཏེ། ས་དགུའ་པ་དང་བཅུ་པར་ཡང་མཛད་པ་བཅུ་གཉིས་སྟོན་པར་གསུངས་པས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡིན་པ་དང་། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་བཅུ་གཉིས་ཡང་ཡང་སྟོན་པས་ཐམས་ཅད་སངས་རྒྱས་ཀྱི་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གཅིག་མངོན་པར་བྱང་ཆུབ་པའི་དུས་ཉིད་དུ་སྐུ་གསུམ་གཅིག་ཆར་བརྙེས་པས་དང་པོ་བཅུ་བྱང་ཆུབ་སེམས་དཔའི་དང་ཐ་མ་གཉིས་སངས་རྒྱས་ཀྱི་ཡིན་པར་མི་འགལ་ལོ། །འོན་ཀྱང་འདི་ནི་གདུལ་བྱ་ལ་ཇི་ལྟར་སྣང་བ་བཞིན་བཞག་པར་བྱ་ལ་དེ་ལས་ནི་བཅུ་བྱང་ཆུབ་སེམས་དཔའ་དང་གཉིས་སངས་རྒྱས་ཀྱི་མཛད་པར་སྣང་ངོ་། །གཉིས་པ་གཞུང་གི་དོན་གཉིས་ཏེ། མཛད་པ་དངོས་དང་། དེའི་འཕྲིན་ལས་སོ། །དང་པོ་ནི་མཛད་པ་སྟོན་པར་མཛད་དོ་ཞེས་གྲང་ངོ་། །རྒྱུ་གང་ལས་ན་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོས་སོ། །ཇི་ལྟར་ན་འཇིག་རྟེན་པའི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་འཇིག་རྟེན་ཀུན་ལ་གཟིགས་ནས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལ་མཉམ་པར་བཞག་པ་མ་གཡོས་པར་རོ། །གནས་གང་དུ་ན་ཡོངས་སུ་མ་དག་པའི་ཞིང་ཁམས་རྣམས་སུའོ། །དུས་ཇི་སྲིད་དུ་ན་སྲིད་པ་ཇི་སྲིད་གནས་ཀྱི་བར་དུའོ། །གང་སྟོན་ན་སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི་མཛད་པ་རྣམས་སོ། །དེ་དག་ཀྱང་གང་ཞེ་ན། དགའ་ལྡན་གྱི་གནས་སུ་སྐྱེ་བ་མངོན་པར་སྐྱེ་བ་དང་། དགའ་ལྡན་གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ཟླ་བ་བཅུ་ཚང་ནས་སྐུ་བལྟམས་པ་དང་། ཡི་གེ་ལ་སོགས་པ་བཟོའ་ཡི་གནས་རྣམས་ལ་མཁས་པར་བསྟན་པ་དང་། བཙུན་མོ་བརྒྱད་ཁྲི་ལ་སོགས་པའི་འཁོར་གྱི་ནང་དུ་དགྱེས་པར་རོལ་པའི་ཚུལ་བསྟན་པ་དང་། ཁབ་ཀྱི་གནས་ནས་ངེས་པར་རབ་ཏུ་འབྱུང་བ་དང་། ཆུ་ཀླུང་ནེ་རཉྫ་ནའི་དྲུང་དུ་དཀའ་བ་སྤྱད་པ་དང་། རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་བསྟིང་པའི་སྟན་ལ་བཞུགས་ནས་བདུད་ཀྱི་སྡེ་དཔུང་དང་བཅས་པ་འཇོམས་པ་དང་། དེའི་རྗེས་སུ་ཡོངས་སུ་མ་དག་པའི་བསམ་གཏན་བཞི་རྫོགས་པར་མཛད་དེ་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་རྫོགས་པར་བྱང་ཆུབ་པ་དང་། ལྔ་སྡེ་བཟང་པོ་དགེའ་སློང་དུ་གྱུར་པ་ལ་བོས་ཏེ། དགེའ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བའི་འཇུག་པར་བྱ་བ་ཡིན་ཏེ་འདོད་པ་བསོད་ཉམས་ལ་སྦྱོར་བའི་མཐའ་དང་ངལ་ཞིང་དུབ་པར་གྱུར་པའི་མཐའ་སྟེ་མཐའ་འདི་དག་སྤངས་ནས་དབུ་མའི་ལམ་ཉིད་ཀྱིས་ཆོས་སྟོན་ཏེ། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏོ། །བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྩྭ་མཆོག་གི་གྲོང་ཤིང་ས་ལ་ཟུང་གི་དྲུང་དུ་བྱོན་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གཤེགས་པར་མཛད་པ་རྣམས་སོ། །གཉིས་པ་དེའི་འཕྲིན་ལས་ལ་གསུམ་ལས། ལམ་ལ་མ་ཞུགས་པར་ཐར་པ་ལ་དགོད་པ་ནི་རབ་ཏུ་འཇུག་པར་མཛད་ཅེས་པའོ། །གང་ལ་ན་ཞི་བ་མྱ་ངན་ལས་འདས་པ་ལའོ། །གང་གིས་ན་གདུལ་བྱ་འདུལ་བའི་ཐབས་མཁྱེན་པའི་སངས་རྒྱས་ཀྱིས་སོ། །གང་ན་ལམ་ལ་མ་ཞུགས་པའི་སེམས་ཅན་རྣམས་སོ། །ཇི་ལྟར་ན་སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་སོ། །གང་གི་སྒོ་ནས་སྐྱོ་བ་བསྐྱེད་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བར་བསྟན་པའི་སྒྲ་ཡིས་སོ། །གཉིས་པ་དམན་པ་ཐེག་ཆེན་ལ་དགོད་པ་ལ་གཉིས་ཏེ། སྤྱིའི་རྣམ་བཞག །གཞུང་གི་དོན་ཏོ། །དང་པོ་ལ་གསུམ་སྟེ། གང་འཇུག་པའི་གང་ཟག །གང་ནས་འཇུག་པའི་ས་མཚམས། ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ལ། ཐོས་སྒྲོག་པ་ནི་སྦྱོར་ལམ་དྲོད་པོ་དང་རྩེ་མོ་ལ་གནས་པ་དེ་ལས་ལོག་ནས་ཐེག་ཆེན་དུ་འཇུག་ལ། རང་སངས་རྒྱས་ཀྱི་ལམ་དུ་ནི་བཟོད་པ་འབྲིང་ལ་གནས་པའང་འཇུག་པར་འདོད་དེ། གྲུབ་པའི་མཐའ་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་སོ། །དེ་དག་གི་གོང་མ་རྣམས་མི་འཇུག་སྟེ། འདི་ལྟར་བཟོད་ཐོབ་ངན་སོང་ཡོངས་མི་ལྟུང་ཞེས་པས་བཟོད་པ་ཐོབ་ནས་ངན་སོང་དུ་སྐྱེ་བ་མི་ལེན་ལ། བྱང་ཆུབ་སེམས་དཔའ་ནི་གཞན་དོན་དུ་ངན་སོང་དུ་སྐྱེ་བ་ཚད་མེད་པ་ལེན་དགོས་པའི་ཕྱིར་རོ། །བཟོད་པ་ཆེན་པོ་ཐོབ་པ་ནི་རང་རྒྱལ་གྱི་ཐེག་པར་ཡང་མི་འཇུག་སྟེ། ཆེན་པོ་འདོད་རྟོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་རེ་བཞིན། །ཆོས་མཆོག་ཅེས་པས་དེ་དག་ལ་སྐད་ཅིག་རེ་རེ་ལས་མེད་ལ་དེའི་རྗེས་ཐོགས་ལ་མཐོང་ལམ་སྐྱེ་ཞིང་འཕགས་པ་ནི་ཐེག་པ་སོ་སོར་ངེས་པའི་ཕྱིར་རོ། །རྣམ་རིག་པ་ནི་ཕུང་པོ་ལྷག་བཅས་ཀྱི་དགྲའ་བཅོམ་པ་མན་ཆད་འཇུག་པར་འདོད་དེ། །རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་བྲལ་མིན་འདི་དམན་པའོ། །ཞེས་ཕྱིར་མི་འོང་མན་ཆད་འཇུག་པ་དང་། བསྡུ་བ་རྣམ་པར་གཏན་ལ་དབབ་པ་ལས། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་དེ་ཅི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བླ་ན་མེད་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་རྩོམ་པ་ཐམས་ཅད་དང་བྲལ་ཞིང་འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་ལྷག་བཅས་འཇུག་པར་བྱེད་ཀྱི་ལྷག་མེད་ནི་མ་ཡིན་ཏེ། མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ཕྱིར་རོ། །དབུ་མ་པ་ནི་ཕུང་པོ་ལྷག་མེད་དུ་ཞུགས་ཀྱང་སྔོན་གྱི་དགེ་བའི་བག་ཆགས་ཀྱི་ནུས་པ་བརྟས་པ་ན་རྐྱེན་སངས་རྒྱས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ནས་ཐེག་པ་ཆེན་པོར་འཇུག་པར་བཞེད་དེ། བྱང་ཆུབ་སེམས་འགྲེལ་ལས། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་རྒྱལ་གྱུར་པའི། །ཉན་ཐོས་པ་དག་གནས་པར་འགྱུར། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་རབ་ཆགས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དེ། །དཔེར་ན་སྐྱེས་བུ་མྱོས་པ་ནི། །མྱོས་འགྱུར་མེད་ནས་འཚང་པ་ལྟར། །དེ་ནི་དེ་དག་པ་ཡི་སྐུ། །སངས་རྒྱས་ཆོས་ཤེས་བྱ་བ་ཐོབ། །ཅེས་སོ། །གཉིས་པ་ལ་གསུམ་ལས། གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ། ཉན་རང་དགྲ་བཅོམ་པ་ཐེག་ཆེན་གྱི་ལམ་དུ་འཇུག་པ་ན་དང་པོ་མཐོང་ལམ་དུ་འཇུག་དགོས་ཀྱི་ལམ་དང་པོ་གཉིས་སུ་མི་འཇུག་སྟེ། འཕགས་པ་སོ་སོ་སྐྱེ་བོར་ལྷུང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་པ་ནི་མ་ཡིན་ཏེ། འདི་ལྟར་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་ཀ་མ་དེ་ལ་ལམ་ཤེས་ཀྱི་མཐོང་ལམ་དངོས་སུ་མི་སྐྱེ་བར་འགྱུར་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྐྱེས་ལ་མ་ཉམས་པ་མེད་པའི་ཕྱིར། ཁྱབ་པ་ནི། རྒྱལ་བའི་ཡུམ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་ལ། དེའི་དོན་མན་ངག་གི་བསྟན་བཅོས་ལས། ཡུལ་ངེས་པ་དང་ཞེས་འབྱུང་ལ། དེའི་འགྲེལ་པར། དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་པས་ཡུལ་སོ་སོར་ངེས་པ་ཡིན་ནོ་ཞེས་པས་གྲུབ་བོ། །རྟགས་མ་གྲུབ་ན། བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར་ཏེ། སྤྱོད་པ་འཇུག་ལས། བྱང་ཆུབ་སེམས་སྐྱེས་འགྱུར་ན་སྐད་ཅིག་གིས། །འཁོར་བའི་བརྩོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པས་སོ། །དེས་ན་སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། རྒྱལ་སྲས་གང་ཞིག་དེའི་འཕགས་པའི་ལམ་མ་ཐོབ་པའི་ཕྱིར་རོ། །གཞན་ཡང་ཐེག་ཆེན་གྱི་སྦྱོར་ལམ་ཐེག་པ་གསུམ་ཆར་གྱི་རྟོགས་པ་ཚང་བའི་མཐོང་ལམ་གྱི་ཐེག་ཆེན་གྱི་རྒྱུད་མ་ཡིན་པར་འགྱུར་བས། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པ་དང་འགལ་བ་དང་། གང་ཟག་དེའི་མཐོང་ལམ་དེ་ཐེག་པ་ཆེན་པོའི་ཐབས་དང་ཤེས་རབ་གོམས་པ་སྔོན་དུ་མ་སོང་བར་སྐྱེས་པའི་ཐེག་ཆེན་གྱི་བསྒོམ་བྱུང་གི་ཤེས་རབ་མ་ཡིན་པ་ལ་སོགས་སྐྱོན་དུ་མ་ཡོད་ཀྱང་ཧ་ཅང་མ་སྤྲོས་སོ། །གཉིས་པ་རང་གི་ལུགས་ནི། ཐེག་ཆེན་ཚོགས་ལམ་ནས་འཇུག་དགོས་ཏེ། སྙིང་རྗེ་བསྐྱེད་ནས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་འདུན་ལྡན་པའི་སེམས་བསྐྱེད་དང་པོ་གསུམ་ཐོབ་པར་བྱ་དགོས་པའི་ཕྱིར་ཐེག་ཆེན་གྱི་ཚོགས་ལམ་གྱིས་བསྡུས་པའི་ཆོས་བཞི་གསུམ་བཅུ་གཉིས་རྫོགས་པར་བྱ་དགོས་པའི་ཕྱིར། སློབ་དཔོན་སེང་གེ་བཟང་པོས་དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་། འབྲིང་དང་ཆེན་པོ་ཉིད་ཀྱིས་ལས་དང་པོ་བའི་ས་བསྡུས་སོ། །ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ལ། དེ་ལྟར་ན་འཕགས་པ་སོ་སོ་སྐྱེ་བོར་ལྷུང་བ་སྲིད་པར་འགྱུར་ན། མཛོད་ལས། བཞི་ནི་རིགས་ལས་ལྔ་འབྲས་ལ། །ཉམས་འགྱུར་དང་པོ་ལས་མ་ཡིན། །ཞེས་པ་དང་འགལ་ལོ་ཞེ་ན། ཅི་དམངས་ཀྱི་ཚིག་གིས་རྒྱལ་པོའི་བཀའ་འགོག་པར་བྱེད་དམ། དེ་ལྟ་མོད་ཀྱི་ཁྱེད་ཀྱི་ལུགས་ལ་དགྲ་བཅོམ་མི་གཡོ་བའི་ཆོས་ཅན་མཐོང་ལམ་དུ་འཇུག་པ་ན་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་པར་འགྱུར་ན། མི་གཡོའི་ཆོས་ཅན་མི་གཡོ་བ། །ཞེས་པ་དང་འགལ་བར་འགྱུར་རོ། །འོན་ཏེ་དགྲ་བཅོམ་གྱི་སྤང་རྟོགས་ལས་ཉམས་ནས་མཐོང་ལམ་དུ་འཇུག་ན་དེར་འགྱུར་ཡང་། འདིར་སྔར་གྱི་སྤང་རྟོགས་ཐོབ་ཟིན་མི་ཉམས་པར་དེ་དག་ཁྱད་པར་དུ་འགྱུར་བའི་ཕྱིར་འོག་ཏུ་ལྷུང་བར་ག་ལ་འགྱུར་ཞེ་ན། ཚུལ་དེ་ནི་ཁོ་བོ་ཅག་ལ་ཡང་མཚུངས་སོ། །གལ་ཏེ་ཉན་རང་འཕགས་པ་ཐེག་ཆེན་ཚོགས་ལམ་དུ་ཞུགས་པ་དེ་འཕགས་པ་གཏན་ནས་མ་ཡིན་པར་འགྱུར་ཏེ། ཐེག་དམན་དང་ཐེག་ཆེན་གྱི་འཕགས་པ་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། དགྲ་བཅོམ་ལམ་དུ་ཞུགས་པ་དེ་དགྲ་བཅོམ་གཏན་ནས་མ་ཡིན་པར་འགྱུར་བ་ཡང་མཚུངས་སོ། །གསུམ་པ་ཇི་ལྟར་འཇུག་པའི་ཚུལ་ལ་སོ་སོ་སྐྱེ་བོའི་འཇུག་ཚུལ་ནི་ལས་དང་པོ་བ་དང་མཚུངས་པས་ལོགས་སུ་མ་བཤད་དོ། །འཕགས་པ་ལ་ཡང་སློབ་པ་དང་མི་སློབ་པ་གཉིས་ལས། དང་པོ་ལ་ཡང་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་བ་གཉིས་སོ། །དང་པོ་ནི་རྒྱུན་ཞུགས་དང་། ལན་གཅིག་ཕྱིར་མི་འོང་གཉིས་སོ། །དེ་གཉིས་ཀ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐབས་དང་སྨོན་ལམ་གྱི་མཐུས་འཕགས་པའི་ལམ་གྱི་དགེའ་བ་འཁོར་བའི་རྒྱུར་བསྔོས་ནས་སྐྱེ་བ་ལེན་པས་བསམ་གྱིས་མི་ཁྱབ་པའི་བསྒྱུར་བ་དང་ལྡན་པ་ཡིན་ཏེ། རྒྱན་ལས། དེ་གཉིས་འཕགས་པའི་ལམ་ཐོབ་པས། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །ཞེས་སོ། །དེ་ལ་ཡང་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་ལ་ནི་འདོད་པའི་བསྒོམས་སྤངས་ཀྱི་སྲེད་ལེན་ཅན་གྱི་སྨོན་ལམ་གྱིས་དགེ་བ་འདི་སྐྱེ་བ་འདི་ཡི་རྒྱུར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་འདོད་པའི་ཁམས་སུ་ཟག་བཅས་ཀྱི་སྐྱེ་བ་མཚན་ཉིད་པ་ལེན་པར་བྱེད་ལ་གཞན་ནི་འདོད་པའི་བསྒོམས་སྤངས་ཟད་པས་སྤྲུལ་པའི་སྐྱེ་བ་ལེན་པར་བྱེད་ཀྱི་མཚན་ཉིད་པ་མི་ལེན་ནོ། །གཅིག་ནི་སྨོན་ལམ་དབང་གིས་ན། །སྐྱེ་བ་རབ་ཏུ་བསྒྱུར་བར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་བསྒྲུབ། །ཅེས་སོ། །དེ་དག་ཀྱང་སྔོན་ཉན་ཐོས་ཀྱི་རྟེན་ལ་སྲིད་པ་ལ་སྐྱོ་བ་དང་མྱ་ངན་ལས་འདས་པ་ཐོབ་འདོད་ཡང་ཡང་གོམས་པར་བྱས་པའི་རྒྱུ་མཐུན་གྱིས་བྱང་ཆུབ་སེམས་དཔའི་ལམ་དུའང་དེ་འབྱུང་བའི་དང་པོ་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་པ་བས་ལམ་བུལ་བར་འགྱུར་རོ། །དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་དུ་འབྱུང་ལྡན་ཡང་། །མྱ་ངན་འདས་ལ་མངོན་དགའ་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་སོ། །མི་སློབ་པ་འཇུག་ཚུལ་ལ་གཉིས་ལས། རྣམ་རིག་པའི་ལུགས་ནི་དགྲ་བཅོམ་པ་ལྷག་བཅས་ཐེག་ཆེན་དུ་འཇུག་པ་ཡང་སྐྱེ་བ་རྒྱུད་པས་མ་ཡིན་ཏེ་དགྲ་བཅོམ་ཡང་སྲིད་ལེན་ན་ཐེག་པ་གསུམ་དུ་ངེས་པ་མི་འཐད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། སྐུ་ཚེ་དེ་ཉིད་རིང་དུ་བསྲིང་བ་སྟེ་རྩ་བའི་ལུས་དེ་ཉིད་མི་ཉམས་པར་བྱིན་གྱིས་བརླབས་ནས་གཞན་གྱིས་མི་མཐོང་བས་དབེན་པའི་གནས་སུ་ཞུགས་ཏེ། སྤྲུལ་པའི་ལུས་ཀྱིས་འགའ་ཞིག་ལ་མྱ་ངན་ལས་འདས་པར་ཡང་སྟོན་ལ་ཚོགས་རྣམས་ཀྱང་སྒྲུབ་པར་བྱེད་དོ། །བསྡུ་བ་ལས། ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན་སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཞེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ། །ཞེས་སོ། །ཚེའི་འདུ་བྱེད་བསྲིང་བ་ཡང་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་ལ་བརྟེན་པ་ཡིན་ཏེ། དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་བྱང་ཆུབ་ཏུ་འགྱུར་བ་ལ་ཤས་ཆེར་དགོངས་ནས་རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ནས་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པར་འགྱུར་རོ་ཞེས་གསུངས་ཏེ། བསྐལ་པ་བས་ལྷག་པ་ཞེས་བྱ་བ་ནི་འདིར་བསྐལ་པ་བས་ཕ་རོལ་ཡིན་པར་དགོངས་སོ་ཞེས་སོ། །དབུ་མ་པའི་ཚུལ་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་བཞུགས་པ་ན་ཡང་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་ས་བོན་མ་སྤངས་པར་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ཏེ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཅིང་མ་རིག་པའི་བག་ཆགས་ཀྱི་ས་དང་། དེ་ལ་བརྟེན་པའི་མཚན་མར་འཛིན་པ་ཕྲ་མོས་ཀུན་ནས་བསླང་སྟེ་ཟག་མེད་ཀྱི་ལས་བསགས་པས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཟག་མེད་ཀྱི་སྐྱེ་བ་བླངས་ནས་ཚོགས་གཉིས་སྒྲུབ་པར་བྱེད་དོ། །འཕགས་པ་དཔལ་འཕྲེང་གི་མདོ་ལས། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་ནི་གསུམ་འབྱུང་སྟེ་ཞེས་སོ། །གལ་ཏེ་དེ་ལྟ་ན་གང་ཡང་དེ་དག་གི་སྐྱེ་བ་ཟད་དོ། །སྲིད་པ་གཞན་མི་ཤེས་སོ། །ཞེས་པ་དང་། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ་ཞེས་པ་དང་འགལ་ལོ་ཞེ་ན། དེ་ཟག་བཅས་ཀྱི་ཡང་སྲིད་མི་ལེན་པ་ལ་དགོངས་པ་ཡིན་ནོ། །དེ་ཉིད་ལས། འཆི་འཕོ་བ་ནི་རྣམ་པ་གཉིས་ལགས་ཏེ། རྣམ་པར་ཆད་པའི་འཆི་འཕོ་བ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་ཆད་པའི་འཆི་འཕོ་བ་ནི་སེམས་ཅན་ཉིང་འཚམས་སྦྱོར་བ་དང་བཅས་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དབང་ཐོབ་པའི་ཡིད་ཀྱི་ལུས་ཅན་རྣམས་ཀྱི་འཆི་འཕོ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བསམ་གྱིས་མི་ཁྱབ་པའི་ཡོངས་སུ་བསྒྱུར་བ་ལགས་སོ། །བཅོམ་ལྡན་འདས་འཆི་འཕོ་བ་འདི་གཉིས་ལས་རྣམ་པར་ཆད་པའི་འཆི་འཕོ་བའི་དབང་དུ་བགྱིས་ཏེ་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་བདག་གི་སྐྱེ་བ་ཟད་དོ་སྙམ་པའི་ཤེས་པ་འབྱུང་ལགས་སོ། །ཞེས་སོ། །སྐྱེ་བ་གཏན་མི་ལེན་པ་ནི་མ་ཡིན་ཏེ། དེ་ཉིད་ལས། བཅོམ་ལྡན་འདས་དེ་ལྟར་ལགས་པས། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱང་སྐྱེ་བའི་ལྷག་མ་དང་བཅས་པའི་ཆོས་ཅན་ལགས་ཏེ། བཅོམ་ལྡན་འདས་དེ་དག་གིས་སྐྱེ་བ་ཟད་པ་མ་ལགས་ཏེ་མཆིས་ལགས་སོ། །ཞེས་སོ། །གཉིས་པ་གཞུང་གི་དོན་ལ་སྨིན་པར་མཛད་དེ་ཞེས་དྲང་ངོ་། །གང་ན། རང་ཉིད་ཀྱི་སྲིད་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཉན་ཐོས་དང་རང་རྒྱལ་གྱི་ལམ་ལ་རབ་ཏུ་ཞུགས་པ་རྣམས་སོ། །དེ་དག་ཇི་ལྟ་བུ་ཞེ་ན། དགྲ་བཅོམ་པ་ཐོབ་པ་ནའང་སྤང་བྱ་མ་ལུས་པ་སྤངས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱང་ཐོབ་པའི་འདུ་ཤེས་ཅན་ནོ། །དམ་ཆོས་པད་དཀར་ལས། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང་། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བསོ། །ཞེས་སོ། །གང་ལ་ན། ཐེག་པ་མཆོག་གི་ལམ་ལའོ། །ཐབས་གང་གིས་ན། དམ་པའི་ཆོས་པདྨ་དཀར་པོ་དང་དཔལ་འཕྲེང་དང་མྱ་ངན་ལས་འདས་པའི་མདོ་ལ་སོགས་པར་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐེག་པ་གཅིག་ཏུ་ངེས་པའི་ཚུལ་བསྟན་པ་ཡིས་ཞེས་པའོ། །དེ་ཉིད་ལས། ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག །ཡིད་ཆེས་པར་གྱིས་ཤིག །རྟོགས་པར་གྱིས་ཤིག །ཤཱ་རིའི་བུ་དེ་བཞིན་གཤེགས་པ་རྣམས་ལ་བརྫུན་དུ་སྨྲ་བ་མེད་དེ། ཤཱ་རིའི་བུ། ཐེག་པ་འདི་ནི་གཅིག་ཏུ་ཟད་དེ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་སོ། །ཚུལ་ཇི་ལྟར་ན་འགལ་རྐྱེན་བསལ་བ་ནི། ཇི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང་། །ཁྱེད་ནི་ད་རུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་རྩལ་བར་གྱིས། །ཞེས་བསྟན་པས་དམན་པའི་གང་ཟག་དེ་དག་སྔར་རང་ཉིད་ཀྱིས་སྤང་བྱ་ཐམས་ཅད་ཟད་པའི་ཐར་པ་ཐོབ་པར་འཛིན་པའི་འདུ་ཤེས་ལས་བཟློག་ཏེ་ཞེས་པའོ། །དེ་ཉིད་ལས། གང་ཡང་ཚུལ་འདི་གསུངས་པ་ནི། །སངས་རྒྱས་རྣམས་ཀྱི་ཐབས་འདི་སྟེ། །ཐམས་ཅད་མཁྱེན་པ་མ་གཏོགས་པར། །མྱ་ངན་འདས་མེད་འདི་རྩོམས་ཤིག །ཅེས་སོ། །མཐུན་རྐྱེན་ཐམས་ཅད་བསྒྲུབ་པ་ནི། ཐེག་པ་ཆེན་པོའི་ཐབས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང་ཤེས་རབ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡོངས་སུ་བཟུང་བ་ལ་བཀོད་ནས་སོ། །དེ་ཉིད་ལས། དུས་གསུམ་ཡེ་ཤེས་མཐའ་ཡས་དང་། །ཕ་རོལ་ཕྱིན་དྲུག་དགེའ་བ་དང་། །སྟོང་པ་ཉིད་དང་མཚན་མ་མེད། །སྨོན་པ་རྣམ་པར་སྤངས་པ་དང་། །བྱང་ཆུབ་སེམས་དང་གཞན་གང་ཡང་། །མྱ་ངན་འདའ་བར་འགྲོ་བའི་ཆོས། །ཚངས་པའི་གནས་པ་རྣམ་བཞི་དང་། །བསྡུ་བ་རྣམས་སུ་གང་བརྗོད་པ། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །དྲང་སྲོང་མཆོག་གིས་རབ་ཏུ་བརྗོད། །ཅེས་སོ། །གསུམ་པ་རྒྱལ་སྲས་བྱང་ཆུབ་ཏུ་ལུང་སྟོན་པ་ནི། ལུང་སྟོན་ཏོ་ཞེས་དྲང་ངོ་། །གང་དུ་ན། མཆོག་བླ་ན་མེད་པའི་བྱང་ཆུབ་ཏུ་གང་ན་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཞེས་དོན་གྱིས་གནས་སོ། །འདི་ལའང་གང་ཟག་གི་སྒོ་ནས་ཕྱེ་ན་འདི་ཞེས་མངོན་སུམ་དུ་ལུང་སྟོན་པ་དང་ག་གེ་མོ་ཞིག་ན་ཡོད་པ་ཞེས་ལྐོག་ཏུ་ལུང་བསྟན་པའོ། །དུས་ཀྱི་སྒོ་ནས་དབྱེ་ན་དུས་འདི་སྙེད་གཅིག་ན་ཞེས་ཡོངས་སུ་འཆད་པ་དང་། ནམ་ཞིག་ན་ཞེས་ཡོངས་སུ་མ་འཆད་པར་ལུང་སྟོན་པའོ། །རྣམ་པའི་སྒོ་ནས་དབྱེ་ན་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་གཞོན་ནུར་སྤྲིན་ལུང་བསྟན་པ་ལྟར་བྱང་ཆུབ་ཏུ་ལུང་སྟོན་པ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལུང་བསྟན་པ་ལྟར་སངས་རྒྱས་འདིས་ལུང་སྟོན་པར་འགྱུར་རོ་ཞེས་ལུང་སྟོན་པའོ། །ལུང་བསྟན་ཆེན་པོ་ནི་ས་བརྒྱད་པ་ཐོབ་པའི་ཚེ་བདག་སངས་རྒྱས་སུ་འགྱུར་རོ། །སྙམ་པའི་ང་རྒྱལ་དང་མཚན་མའི་རྩོལ་བ་ཐམས་ཅད་སྤངས་ན་ལུང་སྟོན་པའོ། །ཞིང་ལ་སོགས་པས་ལུང་སྟོན་པ་ནི་དུས་འདི་ཙམ་ཞིག་ན་བསྐལ་པ་འདི་ཞེས་བྱ་བ་ལ་ཞིང་འདི་ཞེས་བྱ་བར་མཚན་འདི་ཞེས་བྱ། འཁོར་འདི་སྙེད་གཅིག་དམ་པའི་ཆོས་འདི་སྲིད་དུ་གནས་པར་འགྱུར་རོ་ཞེས་ལུང་སྟོན་པའོ། །རྒྱན་ལས། གང་ཟག་དུས་ཀྱི་བྱེ་བྲག་གིས། །བློ་ལྡན་ལུང་སྟོན་རྣམ་པ་གཉིས། །བྱང་ཆུབ་དང་ནི་ལུང་སྟོན་པར། །གཞན་ཡང་ཆེན་པོར་བརྗོད་པ་ནི། །མི་སྐྱེ་བཟོད་པ་ཐོབ་པ་ཡིས། །ང་རྒྱལ་རྩོལ་བ་སྤངས་པ་དང་། །སངས་རྒྱས་སྲས་རྣམས་ཐམས་ཅད་དང་། །ངོ་བོ་གཅིག་ཏུ་གྱུར་པ་ལས། །ཡང་དེ་ཞི་དང་མིང་དང་ནི། །དུས་དང་བསྐལ་པའི་མིང་དང་ནི། །འཁོར་དང་དམ་པའི་ཆོས་དག་ཀྱང་། །གནས་པའི་སྒོ་ནས་དེར་འདོད་དོ། །ཞེས་སོ། །གསུམ་པ་འཇུག་བསྡུ་བ་ལ་སྒྲའི་དོན་ནི། སྐུ་གསུམ་པོ་འདི་དག་ལ་ཆོས་ཀྱི་སྐུ་ནི་ཟབ་ཅིང་རྟོགས་པར་དཀའ་བས་གྲངས་རིམ་བཞིན་དུ་ཟབ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ། གཞན་དོན་གྱི་མཐུ་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི་སྐུ་དང་། སྤྲུལ་པའི་སྐུ་ནི་གདུལ་བྱ་བྱིས་པའི་སྐྱེ་བོ་ལས་དག་པ་ཡན་ཆད་ཀྱི་བསམ་པའི་དོན་དང་མཐུན་པར་ལུས་ཅན་རྣམས་རབ་ཏུ་འདྲེན་པའི་ཕྱིར་བདག་ཉིད་ཆེན་པོའི་སྐུར་ཤེས་པར་བྱའོ། །རྟེན་དང་བརྟེན་པའི་ཚུལ་ནི་སྐུའི་དབྱེ་བ་འཆད་པའི་སྐབས་འདིར་ནི་དང་པོ་ཟབ་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་ཅིང་ཕྱི་མ་དག་ནི་གཟུགས་ཀྱི་སྐུ་ཡིན་པ་ཇི་ལྟར་ནམ་མཁའ་ལ་གཟུགས་གནས་པ་བཞིན་དུ་དང་པོ་ཆོས་ཀྱི་སྐུ་ལ་ཐ་མ་གཟུགས་ཀྱི་སྐུ་བརྟེན་ནས་གནས་ཞེས་པའོ། །རྟག་པའི་དོན་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ནི། རྒྱུ་རྣམ་པ་བཅུས་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ། །བཅུ་པོ་གང་ཞེ་ན། བསྐལ་པ་གྲངས་མེད་པ་གསུམ་དུ་རྒྱུ་ཚོགས་མཐའ་ཡས་པ་བསགས་པ་དང་གདུལ་བྱའི་སེམས་ཅན་ཟད་པ་མེད་པའི་བཞུགས་པ་དོན་ཡོད་པ་དང་། སེམས་ཅན་ཐམས་ཅད་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་དང་། རྫུ་འཕྲུལ་གྱི་རྐང་པ་བརྙེས་པས་སྐུ་ཚེ་ལ་མངའ་བརྙེས་པ་དང་། མཁྱེན་པས་འཁོར་འདས་གཉིས་སུ་མེད་པར་ཐུགས་སུ་ཆུད་པ་དང་། ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྲིད་པར་ཞུགས་ཀྱང་གནོད་པ་མེད་པ་དང་། ཆོས་ཀྱི་དབང་ཕྱུག་ཅེས་པ་འཇིག་རྟེན་དུ་བཞུགས་ཀྱང་དེའི་ཉེས་པས་མི་གོས་པ་དང་བདུན་གྱིས་གཟུགས་ཀྱི་སྐུ་རྟག་པ་དང་། སྲོག་འཕྲོག་པའི་འཆི་བའི་བདུད་ཐམས་ཅད་བཅོམ་པ་དང་། རང་བཞིན་ནམ་ངོ་བོ་ཅིར་ཡང་གྲུབ་པ་མེད་པའི་ཕྱིར་དང་། ཕྱི་མའི་མཐར་ཐུག་པར་འཇིག་རྟེན་གྱི་མགོན་པོ་སྟེ་སྐྱབས་སུ་གྱུར་པ་གསུམ་གྱིས་ཆོས་ཀྱི་སྐུ་རྟག་པའོ། །རྟག་པའི་ཚུལ་ནི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་སྐད་ཅིག་གིས་འཇིག་པ་མེད་པས་རང་བཞིན་གྱིས་རྟག་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་སྐད་ཅིག་མ་ཡིན་ཡང་ལྷུན་པོ་ལྟར་རྒྱུན་ཆགས་པས་རྟག་པ་དང་། སྤྲུལ་པའི་སྐུ་ཉི་མ་ལྟར་རེས་འགའ་ལ་ལར་མི་སྣང་ཡང་གདུལ་བྱའི་དབང་གིས་ཡང་དང་ཡང་དུ་འབྱུང་བས་རྟག་པ་སྟེ། རྒྱན་ལས། དེ་དག་རྟེན་དང་དགོངས་པ་དང་། །འཕྲིན་ལས་ཀྱང་ནི་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་སོ། །རྟག་པ་ནི་དུས་ནི་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་ཡིན་ཏེ། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་རྩེམ་མ་ཡིས། ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། གཟུགས་སྐུ་དང་ཆོས་སྐུ་རྟག་པ་རྒྱུའོ། །དང་པོ་ལའང་གཉིས་ཏེ། འཇིག་རྟེན་ཡོངས་སུ་འཛིན་པ་དང་། མི་འདོར་བའི་རྒྱུའོ། །དང་པོ་ལ་བཞི་ལས། རྒྱུ་ཚང་བ་ནི་སློབ་པ་ལམ་གྱི་གནས་སྐབས་ན་རང་གི་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་ཕངས་པ་མེད་པར་བཏང་ནས་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་རོ། །དགོངས་པ་མི་ལྡོག་པ་ནི། གདུལ་བྱ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དང་པོར་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་ཞེས་དམ་བཅས་པའི་དོན་མཐར་ཕྱིན་པའི་ཕྱིར་རོ། །བཞེད་པ་མངའ་བ་ནི། རྫོགས་པའི་སངས་རྒྱས་ཉིད་ནི་སེམས་ཅན་ཐམས་ཅད་ལ་གཙང་བ་དང་དག་པའི་ཐུགས་རྗེས་རབ་ཏུ་འཇུག་པའི་ཕྱིར་རོ། །ནུས་པ་མངའ་བ་ནི། རྫུ་འཕྲུལ་གྱི་རྐང་པ་སྟོན་པ་སྟེ་ཐོབ་པ་ནི་སེམས་ཅན་གྱི་དོན་དེའི་འཇིག་རྟེན་ན་གནས་པར་སྤྱོད་པ་སྟེ་ནུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས། རིགས་ཀྱི་བུ་ནོར་གྱི་རང་བཞིན་ཅན་ནི་རྫུ་འཕྲུལ་གྱི་རྐང་པ་ཞི་བསྒོམས་ནས་བསྐལ་པའམ་བསྐལ་པ་བས་ལྷག་པར་གནས་པར་འགྱུར་རོ། །ཞེས་གསུངས་སོ། །ཞེས་སོ། །གཉིས་པ་མི་འདོར་བའི་རྒྱུ་ལ་གསུམ་ལས། བླང་དོར་གྱི་ཡུལ་མ་དམིགས་པ་ནི། མཁྱེན་པའི་ཤེས་རབ་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་མི་དམིགས་པར་གཟིགས་པས་དེ་དག་ལ་བླང་དོར་གཉིས་སུ་འཛིན་པ་ལས་གྲོལ་བའི་ཕྱིར་རོ། །སྡུག་བསྔལ་གྱིས་མི་གནོད་པ་ནི། དུས་རྟག་ཏུ་བསམ་ཡས་ཏིང་ངེ་འཛིན་གྱི་བདེའ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་རོ། །ཉེས་པས་མི་གོས་པ་ནི། འཇིག་རྟེན་ན་ནི་བཞུགས་ཤིང་སྤྱོད་པ་ན་འཇིག་རྟེན་པའི་སྐྱོན་གྱི་ཆོས་ཀྱིས་གོས་པ་མེད་པའི་ཕྱིར་རོ། །གཉིས་པ་ཆོས་ཀྱི་སྐུ་རྟག་པའི་རྒྱུ་ལ་གསུམ་ལས། གཉེན་པོས་ཐོབ་པ་ནི། འཆི་བ་མེད་པ་ནི་རྒྱུ་ཟག་བཅས་དང་ཟག་མེད་ཀྱི་ལས་དང་། སྐྱེ་བ་བཅོམ་པས་འབྲས་བུ་ཚེ་གཏུགས་པའི་འཆི་འཕོ་བ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་ཉེ་བར་ཞི་བའི་གནས་ཐོབ་པ་ལ་འཆི་བའི་བདུད་རྒྱུ་བ་མེད་པའི་ཕྱིར་རོ། །རང་བཞིན་གྱིས་གྲུབ་པ་ནི། འདུས་མ་བྱས་པའི་རང་བཞིན་གྱི་ཐུབ་པ་གདོད་མ་ནས་རབ་ཏུ་ཞི་བའི་ཕྱིར་རོ། །དེ་གཉིས་མི་བསླུ་བའི་སྐྱབས་ཡིན་པ་ནི། སྐྱབས་མེད་པའི་སེམས་ཅན་རྣམས་ཀྱི་རྟག་པ་སྟེ་གཏན་གྱི་སྐྱབས་དང་མགོན་ལ་སོགས་པར་འཐད་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ནི། དང་པོ་ཡི་ནི་རྒྱུ་བདུན་གྱིས་གཟུགས་ཀྱི་སྐུའི་རྟག་པ་ཉིད་དེ། ཕྱི་མ་གསུམ་གྱིས་སྟོན་པ་སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིས་རྟག་པ་ཉིད་དོ་ཞེས་པའོ། །བསམ་གྱིས་མི་ཁྱབ་པའི་དོན་ལ་གསུམ་སྟེ་མདོར་བསྟན། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ནི། རྒྱལ་བའི་ཡུལ་དུ་གྱུར་པའི་སངས་རྒྱས་ཀྱི་སྐུ་གསུམ་པོ་འདི་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་ཏེ། ངག་གི་ཡུལ་མིན་ཞེས་པ་སྒྲའི་བརྗོད་བྱ་ལས་འདས་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་དོན་དམ་གྱི་བདེན་པས་བསྡུས་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་རྣམ་པར་རྟོག་པས་བརྟག་པར་བྱ་བའི་གནས་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་རྟགས་དང་དཔེའ་ལས་འདས་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་བླ་ན་མེད་པ་སྟེ་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ན་སྲིད་པ་དང་ཞི་བས་མ་བསྡུས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན། རྟགས་དང་། རྟགས་ཅན་སྦྱར་བའོ། །དང་པོ་ནི། རྟོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་དུ་མེད་དེ་སྒྲས་བརྗོད་དུ་མེད་པའི་ཕྱིར་རོ། །སྒྲས་བརྗོད་དུ་མེད་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །དོན་དམ་པ་ཡིན་ཏེ། རྟོག་པས་བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྟོག་པས་བརྟག་པར་བྱ་བ་མ་ཡིན་ཏེ། རྟག་ལས་རྗེས་སུ་དཔག་པར་བྱ་བ་མིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་མ་ཡིན་ཏེ། བླ་ན་མེད་པ་ཡིན་པའི་ཕྱིར་རོ། །བླ་ན་མེད་པ་ཡིན་ཏེ། སྲིད་པ་དང་ཞི་བར་སྣང་ཡང་དེ་གཉིས་ཀྱིས་མ་བསྡུས་པའི་ཕྱིར་རོ། །སྲིད་ཞིས་མ་བསྡུས་པ་ཡིན་ཏེ། སྲིད་ཞི་གཉིས་ལ་གནས་པ་མེད་པའི་ཕྱིར་ཏེ་ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། བརྗོད་དུ་མེད་པ་ལ་སོགས་པའི་མཚན་དང་པོ་ལྔ་པོ་དག་གིས་ཤིན་ཏུ་ཕྲ་བའི་ཕྱིར་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་ནོ། །དྲུག་པ་སྲིད་ཞིའི་མ་བསྡུས་པའི་ཕྱིར་ཞེས་པའི་རྟགས་ཀྱིས་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ་སྲིད་པའི་ཆོས་སྐྱེ་འགག་ཏུ་སྣང་ཡང་སྲིད་པ་དེའི་དངོས་པོ་མིན་པའི་ཕྱིར་རོ། །གསུམ་པ་མཇུག་བསྡུ་བ་ནི། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་བོ། །རྒྱུ་མཚན་གང་གིས་ན་ཡོན་ཏན་གྱི་ཕ་རོལ་དུ་བྱོན་པ་སྟེ་ཕུལ་དུ་ཕྱིན་པའི་ཕྱིར་རོ། །ཡོན་ཏན་ཇི་ལྟ་བུ་ཞེ་ན། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་གྱིས་ཞེས་པའོ། །དེས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་རྣམ་བཞག་རྣམ་པ་བརྒྱད་ཀྱི་ཐ་མ་བསམ་གྱིས་མི་ཁྱབ་པའི་འདི་ནི་དྲང་སྲོང་ཆེན་པོ་བྱང་ཆུབ་སེམས་དཔའི་དབང་ཐོབ་པ་ས་བརྒྱད་པ་ཡན་ཆད་པ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་རིག་པ་མིན་ཅེས་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་བྱང་ཆུབ་ཀྱི་སྐབས་ཏེ་ལེའུ་གཉིས་པའི་བཤད་པའོ།། །།གསུམ་པ་ཡོན་ཏན་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དཔེའ་དང་ཆོས་མཐུན་སྦྱར་བའོ། །དང་པོ་ལའང་བསྟན་བཤད་གཉིས་ལས། དང་པོ་རྟེན་སྐུ་ནི། རང་དོན་དོན་དམ་པའི་སྐུ་དང་ནི་དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་པའི་སྐུ་ཉིད་དེ་རྣམ་པ་གཉིས་སོ། །བརྟེན་པ་ཡོན་ཏན་ནི་བྲལ་བའི་འབྲས་བུ་སྟོབས་སོགས་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། རྣམ་པར་སྨིན་པའི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ། དབྱེ་བ་དྲུག་བཅུ་རྩ་བཞི་པོ་འདི་དག་གོ་ཞེས་པའོ། །གཉིས་པ་ལའང་རྟེན་སྐུ་ནི། བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་འབྱོར་པའི་གནས་དང་གཞི་ནི་དམ་པའི་དོན་ཞེས་པ་སངས་རྒྱས་རྣམས་ཀྱི་བརྡའ་དང་ཐ་སྙད་པའི་གཟུགས་ཀྱི་སྐུ་ནི་ཕ་རོལ་པོ་གདུལ་བྱ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པའི་གནས་ཡིན་ནོ། །བརྟེན་པ་ཡོན་ཏན་ནི། དང་པོ་ཆོས་ཀྱི་ནི་སྤང་བྱ་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ན་སྟོབས་བཅུ་ལ་སོགས་པ་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ནོ། །གཉིས་པ་གཟུགས་ཀྱི་སྐུ་ནི། དགེའ་བའི་འབྲས་བུ་སྨིན་པས་ན་སྐྱེས་བུ་ཆེན་པོའི་མཚན་རྣམ་པར་སྨིན་པའི་ཡོན་ཏན་རྣམས་དང་ལྡན་ནོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། སྡོམ་དུ་བསྟན་པ་དང་། སོ་སོའི་རང་བཞིན་ནོ། །དང་པོ་སྡོམ་ནི་སྟོབས་བཅུ་པོ་ཉིད་ནི་མ་རིག་པ་ལ་སོགས་པའི་སྒྲིབ་པ་འཇོམས་པ་ལ་ལྷའི་དབང་པོའི་རྡོ་རྗེ་བཞིན་ནོ། །མི་འཇིགས་པ་བཞི་ཉིད་ནི་འཁོར་གྱི་ནང་དུ་བག་ཚ་བ་མེད་པས་སེང་གེ་བཞིན་ནོ། །དེ་བཞིན་གཤེགས་པའི་མ་འདྲེས་པ་བཅོ་བརྒྱད་ནི་གཞན་དང་ཐུན་མོང་མ་ཡིན་པས་ནམ་མཁའ་བཞིན་ཏེ། ཐུབ་པའི་གཟུགས་ཀྱི་སྐུའི་བསྟན་པ་རྣམ་པ་གཉིས་ནི་གདུལ་བྱ་རྒྱུད་དག་པ་ལ་སྣང་བའི་ཆུ་དང་ནམ་མཁའ་ལ་ཤར་བའི་ཟླ་བ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། བྲལ་བའི་ཡོན་ཏན། སྨིན་པའི་ཡོན་ཏན། ལུང་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་རྣམ་གཞག །གཞུང་གི་དོན་ཏོ། །དང་པོ་ལ་གསུམ་སྟེ། གཞན་གྱིས་བརྟག་པ་དགག །འཐད་པས་གྲུབ་པ་དགོད། དེ་ལ་ཀླན་ཀ་སྤངས་པའོ། །དང་པོ་ལ་ཁས་བླངས་བརྗོད་པ་ནི། དབུ་མ་པར་ཁས་འཆེ་བ་ཁ་ཅིག་ན་རེ། སངས་རྒྱས་པའི་ཚེ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་འཐད་དེ། རིག་པ་མ་རིག་པའི་ཁྱབ་བྱ་ཡིན་པས་ཁྱབ་བྱེད་མ་རིག་པ་ལོག་པ་ན་རིག་པ་ལྡོག་པའི་ཕྱིར་རོ། །དེས་ན་སངས་རྒྱས་པའི་ཚེ་ཡུལ་དང་ཡུལ་ཅན་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། སློབ་དཔོན་དག་གིས། དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་སོ། །ཞེས་ཟེར་རོ། །འདི་ནི་སློབ་དཔོན་དག་གི་དགོངས་པ་མ་ཡིན་ཞིང་བདེ་བར་གཤེགས་པའི་གསུང་རབ་ཀྱི་ཚུལ་དང་འགལ་བས་མི་འཐད་དེ། སློབ་དཔོན་དེ་དག་སངས་རྒྱས་ལ་ཡེ་ཤེས་མེད་པར་མི་བཞེད་དེ། སྤྱོད་འཇུག་ལས་ཀྱང་། མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །སྟོང་པ་ཉིད་ནི་ཅིས་མི་བསྒོམ། །ཞེས་པ་དང་། འཇུག་པ་ལས་ཀྱང་། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཀ་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གང་གི་དོན་དུ་འབད་པ་འདི་མཛད་པ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་པར་མཛད་དོ་ཞེས་པ་དང་། གནས་དང་གནས་མིན་མཁྱེན་སྟོབས་དང་། །ཞེས་སྟོབས་བཅུ་ལ་སོགས་པའི་རྣམ་པར་བཞག་པ་རྣམས་རང་གི་རྣམ་བཞག་ཡིན་ན་ཕན་ཚུན་འགལ་བར་འགྱུར་ལ་གཞན་གྱི་རྣམ་བཞག་ཡིན་ན་ཡང་ཀུན་རྫོབ་ཏུ་འདོད་ན་ཅི་སྟེ་སྤོང་། མི་འཐད་ན་ཅིའི་ཕྱིར་འགོག་པར་མི་བྱེད། ཡང་རྒྱུན་མཐའི་དུས་གཉིས་པར་མ་རིག་པ་ལོག་ཀྱང་རིག་པ་ཙམ་དང་ཡེ་ཤེས་ལྡོག་པར་མི་འགྱུར་ཏེ། འདི་ལྟར་མ་རིག་པ་ནི་རིག་པ་ཙམ་གྱི་བདག་གཅིག་པའི་ཁྱབ་བྱེད་མ་ཡིན་ཏེ་བག་ཆགས་དང་རྐྱེན་གྱི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་གནས་སྐབས་བློ་བུར་བ་ཡིན་པའི་ཕྱིར་དང་། རིག་པ་ནི་རང་བཞིན་གྱིས་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །རྒྱལ་བའི་ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། འདི་ཉིད་ལས་ཀྱང་མང་དུ་གསུངས་ལ། རྣམ་འགྲེལ་ལས་ཀྱང་། སེམས་དེའི་རང་བཞིན་འོད་གསལ་ཏེ། །ཉོན་མོངས་རྣམས་ནི་བློ་བུར་བ། །ཞེས་སོ། །ཟག་བཅས་ཀྱི་ཕུང་པོ་ལྟར་རྒྱུ་ལོག་པས་བཟློག་པ་ཡང་མ་ཡིན་ཏེ། རྒྱུ་ཡེ་ཤེས་སྔ་མ་ཡིན་ལ་དེ་ནི་རྒྱུན་མཐའ་ནའང་མ་ཚང་བ་མེད་པར་ཡོད་པའི་ཕྱིར་རོ། །མ་ཚང་མེད་རྒྱུ་དེ་ལས་ནི། འབྲས་བུ་གང་གིས་བཟློག་པར་ནུས། །ཞེས་སོ། །གཉེན་པོ་སྐྱེས་པས་བཟློག་པ་ཡང་མ་ཡིན་ཏེ། སེམས་ཀྱི་རང་བཞིན་གནས་ལུགས་ཡིན་པས་སྤོང་བྱེད་ཀྱི་གཉེན་པོ་མེད་པའི་ཕྱིར་རོ། །གང་དག་ས་བཅུའི་མཉམ་བཞག་ཇི་སྙེད་པ་མཁྱེན་པའི་གཉེན་པོར་འདོད་པ་ནི་འཇིག་རྟེན་གྱི་སྤང་གཉེན་གྱི་ཚུལ་ཡང་ཁོང་དུ་མ་ཆུད་པར་ཟད་ན་འཕགས་པའི་ལམ་གྱི་སྤང་གཉེན་ཇི་ལྟར་རྟོགས། འདི་ལྟར་འཇིག་རྟེན་ལའང་གཉེན་པོ་སྟོབས་ཆེས་ཆེར་འཕེལ་བ་ན་སྤང་བྱའི་ཕྱོགས་འགྲིབ་པར་སྣང་གི་འཕེལ་བ་ནི་གང་ན་ཡང་མི་སྣང་བའི་ཕྱིར་རོ། །གཞན་ཡང་རྫོགས་པའི་སངས་རྒྱས་ཀྱི་གདུལ་བྱ་མཐའ་ཡས་པ་རྣམས་ལ། གང་ལ་གང་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་འཐད་པར་འགྱུར་ཏེ། བདག་རྐྱེན་ཡེ་ཤེས་མེད་པའི་ཕྱིར་རོ། །ཁྱབ་པ་ནི་མདོ་ལས། དེ་བཞིན་གཤེགས་པའི་ཆོས་བསྟན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྟེན་པ་ཡིན་ཏེ་ཞེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་ཞེས་གསུངས་པས་གྲུབ་བོ། །གལ་ཏེ་སངས་རྒྱས་ལ་ཡེ་ཤེས་མེད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་མཐུས་བློ་ངོར་སྣང་བ་ཙམ་ཡིན་ནོ་ཞེ་ན། དེ་ལྟ་ན་བདེ་བར་གཤེགས་པའི་གསུང་རབ་ལ་གདུལ་བྱ་རྣམས་ཐུན་མོང་དུ་ཡིད་ཆེས་པའི་སྒྲུབ་བྱེད་དང་གནོད་བྱེད་ཀྱི་ལུང་དུ་མི་འགྱུར་ཏེ། རང་གི་བློའི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །ཇི་ལྟར་རང་གི་རྣམ་པར་རྟོག་པས་བཀོད་པའི་ཚིག་བཞིན་ནོ། །ཡང་རྣམ་རིག་པ་འགའ་ཞིག་ན་རེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་ཀྱང་དེས་ཕྱི་རོལ་གྱི་དོན་མཁྱེན་པ་མི་འཐད་དེ། རྣམ་པ་དང་བཅས་པར་མཁྱེན་ན་གཟུང་འཛིན་དང་བཅས་པར་འགྱུར་ལ། རྣམ་པ་མ་ཤར་ཡང་མཁྱེན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྣམ་པ་ཤར་ཡང་གཟུང་འཛིན་དང་བཅས་པར་མི་འགྱུར། དོན་བདེན་པའི་རྣམ་པར་མི་སྣང་གི་ཀུན་རྫོབ་ཏུ་ཇི་ལྟར་གནས་པའི་རྣམ་པར་འཆར་བའི་ཕྱིར་རོ། །རྣམ་པ་མ་ཤར་ཡང་ཧ་ཅང་ཐལ་བར་མི་འགྱུར་ཏེ། གེགས་སྒྲིབ་པ་དང་བྲལ་བས་ཤེས་བྱ་ལ་ཡོད་ཙམ་གྱིས་མཁྱེན་པའི་ཕྱིར་རོ། །བདེན་གཉིས་ལས། བརྟགས་པའི་དངོས་པོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་སོ། །མཐའ་གཅིག་ཏུ་ངེས་པར་མི་ནུས་ཏེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རྣམ་འགྲེལ་ལས་ཀྱང་། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་སྤྱོད་པ་ནི། །མ་དག་བློ་ཅན་མ་ཡིན་ཏེ། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་སོ། །དེ་ལྟར་མ་ཡིན་ན་ཁྱེད་ཀྱི་ཕྱོགས་ལ་ཐམས་ཅད་མཁྱེན་པ་མེད་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་དུ་སྣང་བ་མི་མཁྱེན་ལ་ཤེས་པ་ལའང་རྣམ་པ་ཡོད་མེད་ཀྱི་རྟགས་མཚུངས་པའི་ཕྱིར་རོ། །བདེན་གཉིས་ལས། གང་ལ་དོན་གཞན་ཡོངས་སྤྱོད་པའི། །ཤེས་པ་ཅུང་ཟད་ཀྱང་མེད་པ། །དེ་ཡི་ཀུན་མཁྱེན་རྟག་པར་འགྱུར། །འདིར་ནི་ཅུང་ཟད་འགལ་བ་མེད། །ཅེས་སོ། །ཡང་འགའ་ཞིག་ན་རེ། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་དག་པའི་སྣོད་བཅུད་མཁྱེན་དུ་ཆུག་ཀྱང་མ་དག་པའི་སྣོད་བཅུད་མཁྱེན་པ་མི་འཐད་དེ། དེ་དག་སེམས་ཅན་གྱིས། ཉོན་མོངས་པ་དང་ལས་ཀྱིས་བསྐྱེད་པ་ཡིན་པའི་ཕྱིར་དང་། མ་དག་པའི་སྣང་བ་ཐམས་ཅད་དག་པར་གནས་གྱུར་པར་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ཡང་མ་ཡིན་ཏེ། མ་དག་པའི་སྣོད་བཅུད་ཤེས་བྱ་ལ་ཡོད་དམ་མེད། དང་པོ་ལྟར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མི་མཁྱེན་པ་མི་འཐད་དེ་ཤེས་བྱ་ཡིན་པའི་ཕྱིར། རྒྱན་ལས། དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཆར་སྣང་། །ཞེས་སོ། །གཉིས་པ་ལྟར་ན་འཁོར་བ་མེད་པའི་ཕྱིར་མྱ་ངན་ལས་འདས་པའང་མེད་པར་འགྱུར་ཏེ། དེ་གཉིས་ཕན་ཚུན་ལྟོས་པའི་ཕྱིར་རོ། །གལ་ཏེ་ཤེས་བྱ་ལ་ཡོད་ཀྱང་མི་མཁྱེན་ན་སངས་རྒྱས་ཀྱིས་མ་མཁྱེན་པའི་རྒྱུ་མཚན་གྱིས་ཡོད་པ་འགོག་མི་ནུས་པར་འགྱུར་ཏེ། ཡོད་ཀྱང་མི་མཁྱེན་པའི་ཕྱིར་དམུས་ལོང་གི་གཟུགས་བཞིན་ནོ། །འདོད་ན་མ་ཕམ་པས། ཅི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །མན་ངག་ནས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པ་མཛད། །ཅེས་པ་དང་། རིགས་པའི་དབང་ཕྱུག་གིས་ཀྱང་། ཐམས་ཅད་གཟིགས་པའི་གཟིགས་པ་ལོག་པས་ནི་ཐམས་ཅད་ན་མེད་གོ་བར་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ། །དེས་ན་གང་དག་བདེ་བར་གཤེགས་པ་ལ་སྲིད་པའི་སྡུག་བསྔལ་མངའ་བར་འདོད་པ་དང་། གང་དག་མ་དག་པའི་སྣང་བ་མི་མཁྱེན་པར་འདོད་པ་གཉིས་ཀ་ཡང་བློ་གྲོས་རྣམ་པར་འཁྱམས་པ་ཡིན་ནོ། །གཉིས་པ་འཐད་པས་གྲུབ་པའི་དོན་དགོད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་དབྱེ་བ། ཤེས་བྱ་མཁྱེན་ཚུལ། འཐོབ་པའི་རྒྱུའོ། །དང་པོ་ལ་གཉིས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དང་པོ་ནི། ཤེས་བྱའི་རྣམ་པ་ཐམས་ཅད་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུར་འགའ་ཡང་གཟིགས་པ་མེད་པའི་ཚུལ་གྱིས་མངོན་སུམ་དུ་མཁྱེན་པ་སྟེ། མདོ་ལས། ཆོས་གཅིག་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་ཆོས་ཉིད་ཞི་བའི་རྣམ་པས་སོ། །ཞེས་པ་དང་། དཔེའ་མེད་པར་བསྟོད་པ་ལས། གང་ཞིག་ཁྱོད་ཀྱིས་ཅུང་ཟད་ཀྱང་། །སངས་རྒྱས་སྤྱན་གྱིས་མ་གཟིགས་པ། །ཁྱོད་ཀྱི་གཟིགས་པ་བླ་མེད་དེ། །དེ་ཉིད་དོན་ནི་རིག་པ་ལགས། །དོན་དམ་པ་ཡི་ཡོད་པ་ཉིད། །རྟོགས་དང་རྟོགས་བྱ་མི་མངའ་ཞིང་། །ཨེ་མ་ཧོ། མཆོག་ཏུ་རྟོགས་པར་དཀའ་བ་ཡི། །ཆོས་ཉིད་སངས་རྒྱས་རྣམས་ཀྱིས་རྟོགས། །ཞེས་སོ། །གཉིས་པ་ལའང་གསུམ་སྟེ། སྤྱིའི་མཚན་ཉིད། ཐུན་མོང་གི་དབྱེ་བ། སོ་སོའི་རང་བཞིན་ནོ། །དང་པོ་ནི། ངོ་བོ་རྒྱུ་འབྲས་ལ་སོགས་པའི་ཤེས་བྱའི་རྣམ་པ་ཐམས་ཅད་མ་ལུས་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཁྱེན་པ་སྟེ། མདོ་ལས། རྣམ་པ་གང་དག་དང་རྟགས་གང་དག་དང་མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང་རྟགས་དེ་དག་དང་མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་ཞེས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་ཅི་ཡང་མ་མཁྱེན་པའམ་མ་གཟིགས་པའམ་ཐུགས་སུ་མ་ཆུད་པའམ་མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ནི་གང་ཡང་མེད་དོ། །ཞེས་པ་དང་། ཆོས་ཚུལ་འདི་དག་སྒྱུ་མ་སྨིག་སྒྱུ་དང་། །ཆུ་ཟླ་འདྲ་བར་གང་གིས་རྟོགས་གྱུར་པ། །ཞེས་སོ། །གཉིས་པ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་བཞི་སྟེ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལ་དང་པོ་ནི་ཕྱི་མ་གསུམ་གྱི་རྟེན་ཡིན་ཅིང་སྐད་ཅིག་བར་མ་ཆད་པར་འཇུག་པའོ་མི་གཡོ་བའོ། །ཕྱི་མ་གསུམ་ནི་དེ་ལ་བརྟེན་པ་དང་། རེས་འགའ་བ་ཡིན་པས་གཡོ་བའོ། །རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གཞན་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་བསྒྲུབ་པ་ཁོ་ན་འོ། །ཞེས་སོ། །ཡེ་ཤེས་འདི་དག་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ལས་གྲོལ་བ་ཙམ་དུ་ཉན་རང་གི་ཡེ་ཤེས་དང་འདྲ་ཡང་སྨོན་ལམ་ལ་སོགས་པའི་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཡུན་རིང་དུ་གོམས་པ་ལས་བྱུང་བས་དེ་དག་གི་ཡེ་ཤེས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་འདུད་པའི་དབང་གིས་ན། །གོས་ལ་མཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་པ་དང་། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལས་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཐུགས་ཀྱང་རབ་ཏུ་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཞེས་སོ། །གསུམ་པ་ལ་བཞི་ལས། དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ལྔ་དང་ལྡན་པ་སྟེ། སངས་རྒྱས་རྣམས་སྣང་བཅད་ཀྱི་བློའི་རྒྱུན་མ་འདྲེས་ཀྱང་ངར་འཛིན་གྱི་རིས་སུ་བཅད་པ་མེད་པས་རྒྱུད་ཡོངས་སུ་མ་ཆད་པ་དང་། ཡུལ་དེ་ན་ཡོད་ན་ཤེས་ལ་གཞན་དུ་ཕྱིན་ན་མི་ཤེས་པ་མེད་པས་ཡུལ་མ་ཆད་པ་དང་། སྐད་ཅིག་བར་མ་ཆད་ཅིང་མཐར་ཐུག་པ་མེད་པས་དུས་མ་ཆད་པ་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་མ་ལུས་པ་མཁྱེན་པས་དམིགས་པ་མ་ཆད་པ་དང་། དོན་གྱིས་ཤེས་པ་ལ་རྣམ་པ་འཇོག་པ་ལ་མི་ལྟོས་པར་ཤེས་བྱ་ལ་ཡོད་ཙམ་གྱིས་མཁྱེན་པས་རྣམ་པ་སོ་སོར་མ་ཆད་པའོ། །རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །རིན་པོ་ཆེའི་འབྱུང་གནས་ནས་རིན་པོ་ཆེ་ཐམས་ཅད་འབྱུང་བ་ལྟར་ཡེ་ཤེས་གཞན་གསུམ་ཡང་འདི་མ་བརྟེན་ནས་འབྱུང་བས་ཡེ་ཤེས་གཞན་གྱི་རྟེན་བྱེད་པ་དང་། རང་གིས་རྒྱ་ཆེན་པོ་མངོན་པར་བྱང་ཆུབ་པ་ཡིན་པས་རང་དོན་གྱི་ལོངས་སྤྱོད་རྫོགས་པ་དངོས་ཡིན་ལ་དེས་བདག་རྐྱེན་བྱས་ཏེ་གདུལ་བྱ་ལ་མཚན་དཔེས་བརྒྱན་པའི་སྐུས་ཆོས་སྟོན་པར་སྣང་བ་འབྱུང་བ་ལྟར་གཞན་ལ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའི་རྒྱུ་ཡིན་ཅིང་། ཇི་ལྟར་མེ་ལོང་གཡའ་དག་པ་ལ་བཞིན་དང་ཕྲད་ན་གཟུགས་བརྙན་འབྱུང་བ་ལྟར། ཡེ་ཤེས་རྣམ་པར་དག་པ་འདི་ལའང་གདུལ་བྱ་དང་ཕྲད་ན་ཡེ་ཤེས་གཞན་གསུམ་གཟུགས་བརྙན་གྱི་ཚུལ་དུ་འབྱུང་བས་མེ་ལོང་ལྟ་བུ་ཞེས་བྱའོ། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་སོ། །གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། རྒྱུ་སློབ་པའི་ལམ་དུ་བདག་གཞན་མཉམ་པ་ཉིད་ཀྱི་ཐུགས་རྗེ་གོམས་པར་བྱས་པས་སངས་རྒྱས་པའི་ཚེ་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །བསྒོམ་པ་དག་པ་ལ་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་སོ། །དུས་ཐམས་ཅད་དུ་བྱམས་པ་དང་ཐུགས་རྗེའི་ཡོན་ཏན་དང་ལྡན་པས་གདུལ་བྱའི་བསམ་པ་དང་མཐུན་པར་གཟུགས་སྐུའི་སྣང་བ་སྟོན་པའི་མཛད་པ་ཅན་ནོ། །དུས་རྣམས་ཀུན་དུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་སོ། །གསུམ་པ་སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་ཡེ་ཤེས་གདུལ་བྱ་དང་ཕྲད་དེ། ཆོས་སྟོན་པ་ནི་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་ཐོགས་པ་མེད་པ་སྟེ་ལྡོག་པའི་ཆ་དེ་ལ་བྱའི་གཞན་དུ་ན་མེ་ལོང་ལྟ་བུ་དང་ཐ་དད་མེད་པར་འགྱུར་རོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །ཏིང་ངེ་འཛིན་དང་གཟུངས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་དང་འདྲ་བ་ཁོ་ན་ཡིན་ཞེས་སོ། །མཛད་པ་ནི། ས་བཅུའི་འཁོར་གྱི་དཀྱིལ་འཁོར་དུ་སྐུའི་འབྱོར་པ་ཕུན་སུམ་ཚོགས་པ་སྟོན་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པ་སྟེ། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པའི། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་སོ། །བཞི་པ་བྱ་བ་བསྒྲུབ་པའི་ཡེ་ཤེས་ལ་ངོ་བོ་ནི། ཡེ་ཤེས་གང་གིས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྤྲུལ་པ་དཔག་ཏུ་མེད་པ་སྤྲུལ་ཏེ་སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབས་པའོ། །བྱ་བ་བསྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་དུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་བསྒྲུབས་པའོ། །ཞེས་སོ། །མཛད་པ་ནི། གདུལ་བྱའི་དོན་བྱ་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། དེ་རེ་རེ་ལ་ཡང་གྲངས་བསམ་གྱིས་མི་ཁྱབ་པ་དང་། འཕྲིན་ལས་མཛད་པས་ཞིང་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གིས་རྣམ་ཀུན་དུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །གཉིས་པ་ཤེས་བྱ་མཁྱེན་པའི་ཚུལ་ལ་གཉིས་ཏེ། གཞན་ལུགས་དགག །རང་ལུགས་དགོད་པའོ། །དང་པོ་ལ། ཉན་ཐོས་སྡེ་པ་དག་གྲུབ་པའི་མཐའ་ལས། རྒྱུན་གྱིས་འཇུག་པའི་ཕྱིར་ན་དཔེར། །མེ་ཡིས་ཐམས་ཅད་བསྲེག་འདོད་ལྟར། །དེ་བཞིན་ཐམས་ཅད་མཁྱེན་པར་འདོད། །ཐམས་ཅད་གཅིག་ཆར་རིག་ཕྱིར་མིན། །ཞེས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱ་ཐམས་ཅད་མཁྱེན་པ་མ་ཡིན་གྱིས་རྒྱུན་རིམས་ཀྱིས་འཇུག་པ་ཡིན་ཏེ། དཔེར་ན་མེས་ནགས་ཐམས་ཅད་བསྲེགས་པར་བརྗོད་པ་བཞིན་ནོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཡེ་ཤེས་སྐད་ཅིག་གཅིག་པོ་དེ་གང་ལ་མཁྱེན་པའི་ཤེས་བྱ་དེ་ལ་ལྟོས་ཏེ་སྒྲིབ་པ་དང་བཅས་པར་འགྱུར་ཏེ། ཤེས་བྱ་དེ་མ་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། སློབ་པའི་ཡེ་ཤེས་བཞིན་ནོ། །འདོད་ན། རྒྱན་ལས། ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང་འགལ་ལོ། །ཁ་ཅིག་ན་རེ། ད་ལྟ་བ་དངོས་སུ་མཁྱེན་པས་འདས་མ་འོངས་ཤུགས་ལ་མཁྱེན་ཅེས་གསུངས་པ་ཡང་ངེས་པར་དཀའ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ཚུལ་ལོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་བརྫུན་པ་སྒྱུ་མ་ལྟ་བུར་མངོན་སུམ་དུ་དངོས་སུ་མཁྱེན་པས་སྐྱེ་བ་དང་། འགག་པ་ལ་སོགས་པ་མཚན་མར་འཛིན་པའི་སྒྲོ་འདོགས་ཐམས་ཅད་ཆོད་པས་སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་པར་བརྗོད་དེ་ཡུལ་སྐྱེ་བ་མེད་པ་དང་བློའང་སྐྱེ་བ་མེད་པའི་རྣམ་པར་ཞུགས་པས་ཡུལ་དང་བློ་རྣམ་པ་མཐུན་པའི་ཕྱིར་རོ། །དཔེར་ན་ཡུལ་སྔོན་པོར་གནས་པ་ལ་བློའང་སྔོན་པོའི་རྣམ་པ་ཅན་དུ་བྱུང་བས་སྔོན་པོ་རྟོགས་ཞེས་ཐ་སྙད་བརྗོད་པ་བཞིན་ནོ། །དེ་ལས་གཞན་དུ་རྟོགས་པ་འགའ་ཡང་མེད་དེ། སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ། །འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ཅན་གང་གི་རྣམ་པ་ཅན་དུ་གྱུར་པ་དེའི་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་སོ། །གཉིས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནི་གཅིག་སྐྱེས་པ་ན་ཐམས་ཅད་འབྱུང་བ་ཡིན་ཏེ། རྒྱན་ལས། དཔེར་ན་ཉི་མའི་འོད་ཟེར་གཅིག །བྱུང་ན་འོད་ཟེར་ཀུན་འབྱུང་བ། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང་། །ཡེ་ཤེས་འབྱུང་བར་ཤེས་པར་བྱ། །ཞེས་སོ། །དེ་ཡང་དུས་གསུམ་གྱི་ཤེས་བྱ་རྣམས་དབང་ཤེས་ལྟར་སྔ་ཕྱི་རིམ་ཅན་དུ་མཁྱེན་པ་མ་ཡིན་གྱི་དུས་གཅིག་ཆར་མཁྱེན་པ་ཡིན་ཏེ། དུས་གསུམ་གྱི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཉི་མའི་འོད་ཟེར་གཅིག་བཏང་བའི། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཆར་སྣང་། །ཞེས་སོ། །དེ་ཡང་དབང་ཤེས་ལྟར་ཤེས་པ་རེ་རེས་ཡུལ་སོ་སོར་ངེས་པ་འཛིན་པ་མ་ཡིན་གྱི་ཡེ་ཤེས་ངོ་བོ་གཅིག་གིས་ཀྱང་ཤེས་བྱ་མ་ལུས་པར་མཁྱེན་པ་ཡིན་ཏེ། ཤེས་བྱ་གང་ལ་ལྟོས་ནས་ཀྱང་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོ། །དེ་དག་ཀྱང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་མ་གཡོས་པའི་ངང་ལས་གཟིགས་པ་ཡིན་གྱི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ནི་མ་ཡིན་ཏེ། མཚན་མའི་རྣམ་གཡེངས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་རོ། །དེས་ན་ཇི་སྲིད་རྗེས་ཐོབ་ཡོད་པ་དེ་སྲིད་དུ་མཚན་མར་འཛིན་པའི་བག་ཆགས་མ་སྤངས་པ་ཡིན་ནོ། །དེ་ཉིད་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་པ་དང་། མདོ་ལས། གླང་ཆེན་བཞུགས་ཀྱང་མཉམ་པར་བཞག །གླང་ཆེན་བཞུད་ཀྱང་མཉམ་པར་བཞག །གླང་ཆེན་གཟིམས་ཀྱང་མཉམ་པར་བཞག །མནལ་ནའང་མཉམ་པར་བཞག་པ་ཡིན། །ཞེས་སོ། །གསུམ་པ་དེ་དག་གི་རྒྱུ་ལ་གནས་གྱུར་གྱི་རྒྱུ་ནི་མ་དག་པའི་དུས་ཀྱི་རྣམ་ཤེས་བརྒྱད་རྟེན་དང་བཅས་པ་ཡེ་ཤེས་བཞི་འཁོར་དང་བཅས་པར་གནས་གྱུར་པ་ཡིན་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོ། །དེ་ཡང་ཤེས་པ་དེ་དག་གི་རང་བཞིན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་དྲི་བཅས་ཀྱི་དེ་བཞིན་ཉིད་དྲི་མ་མེད་པའི་དེ་བཞིན་དུ་གནས་གྱུར་པ་ཡིན་གྱི། ཤེས་པ་དེ་དག་ཉིད་གནས་གྱུར་པ་མ་ཡིན་ཏེ། དེ་དག་དག་བྱ་དྲི་མ་ཡིན་པའི་ཕྱིར་རོ། །གནས་གྱུར་པ་ནི་གསེར་གྱི་གར་བུ་ལས་གསེར་གྱི་རྒྱན་ལྟར་རིགས་མི་ལྡོག་ཅིང་། གནས་སྐབས་ཐ་དད་པ་ལ་བྱ་སྟེ། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར་རོ། །རྣམ་པར་ཤེས་པ་དེ་དག་གནས་གྱུར་པར་གསུངས་པ་ནི་དེ་དག་མཚོན་པ་ཡིན་ཏེ། དཔེར་ན་སྨན་གྱི་ནུས་པས་ནད་སེལ་བ་ལ་སྨན་གྱིས་ནད་སེལ་ཞེས་བསྙད་པ་བཞིན་ནོ། །སྒྲུབ་བྱེད་ཀྱི་རྒྱུ་ནི་སློབ་ལམ་དུ་ཐེག་པ་ཆེན་པོའི་མདོ་སྡེ་འབུམ་ཕྲག་དུ་མ་ཐོས་ནས་གཟུངས་པ་དང་། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དང་། རང་གིས་ཐོས་པའི་ཆོས་གདུལ་བྱ་ལ་དཔེ་མཁྱུད་མེད་པར་སྟོན་པ་དང་། གཞན་གྱི་དོན་བསྒྲུབ་པའི་གྲོགས་བྱས་པས་རིམ་པ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་འབྱུང་སྟེ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང་། །བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། དང་པོ་ཇི་ལྟ་བ་རྟོགས་པ་ལ་རྩོད་པ་སྤང་བ་ནི། །གལ་ཏེ་ཇི་ལྟ་བ་རྟོགས་པས་ཆོས་ཉིད་ཡུལ་དུ་བྱེད་པ་མི་འཐད་དེ། ཆོས་ཉིད་དེ་གང་དུའང་མ་གྲུབ་པའི་ཕྱིར་རོ་ཞེ་ན། རང་གཞན་གང་དུ་ཡང་མ་གྲུབ་པས་ཡོངས་གཅོད་དུ་མ་རྟོགས་ཀྱང་རྣམ་བཅད་ལ་སྤྲོས་པའི་སྒྲོ་འདོགས་གསལ་བའི་ཚུལ་གྱིས་རྟོགས་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟར་ན་ཆོས་ཉིད་ཤེས་བྱ་ཡིན་པར་འགྱུར་ཏེ། བློའི་ཡུལ་དུ་བྱ་རུང་བའི་ཕྱིར། འདོད་ན་མདོ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ཡོང་མི་ནུས། །ཞེས་པ་དང་འགལ་ཞེ་ན། ཐ་སྙད་པའི་བློས་ཡོངས་གཅོད་དུ་གྲུབ་པའི་ཤེས་བྱར་ཐལ་བ་ནི་ཁྱབ་པ་མེད་ལ། དོན་དམ་པའི་བློས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་རྟོགས་པའི་ཤེས་བྱར་ཐལ་བ་ནི་འདོད་པ་ཡིན་ཏེ་དེའི་ཤེས་བྱ་དེ་ཡིན་པའི་ཕྱིར་རོ། །མདོ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཞེས་གསུངས་པ་ནི་སངས་རྒྱས་ཀྱི་ཆོས་སྐུ་དེ་གཞན་གྱིས་ཇི་ལྟ་བཞིན་མི་རྟོགས་ཞེས་པ་ཡིན་ཏེ་འདི་ཉིད་ལས་རྒྱ་ཆེར་བཤད་པ་བཞིན་ནོ། །གལ་ཏེ་སློབ་དཔོན་ཟླ་བ་གྲགས་པས་བློ་ཡང་སྐྱེ་བ་དང་བྲལ་བ་ཞེས་བློ་མ་སྐྱེས་པར་བཤད་པ་མ་ཡིན་ནམ་ཞེ་ན། བློ་ཀུན་རྫོབ་ཏུ་སྐྱེ་བ་དང་བྲལ་བར་བརྗོད་པ་མ་ཡིན་གྱི་ཡང་དག་པར་སྐྱེ་བའི་རྣམ་པ་ཡུལ་དུ་བྱེད་པ་དང་བྲལ་བར་བརྗོད་པ་ཡིན་ལ་དེས་སྐྱེ་བ་སྣང་ཙམ་པ་མི་ཁེགས་སོ། །གཉིས་པ་ཇི་སྙེད་པ་མཁྱེན་པ་ལ་རྩོད་པ་སྤང་བ་ལ། གལ་ཏེ་ཇི་སྙེད་པ་མཁྱེན་པའི་ཡུལ་བདེན་པར་གྲུབ་པ་མི་འཐད་ལ། རྫུན་པ་ཡིན་ན་འཁྲུལ་པར་འགྱུར་རོ་ཞེ་ན། བློ་གྲོས་རྣམ་པར་བསླད་པའི་རྩོད་པ་འདི་ལ་ལན་སྔར་བརྗོད་ཟིན་ཏོ། །གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་མི་འཐད་དེ། ཤེས་བྱའི་མཐའ་དང་སེམས་ཅན་གྱི་གྲངས་མ་མཁྱེན་པའི་ཕྱིར་རོ། །ཞེ་ན། དེ་དག་ཤེས་བྱ་ལ་སྲིད་ནས་མ་མཁྱེན་པ་མ་ཡིན་གྱི་མི་སྲིད་ནས་མ་མཁྱེན་པ་ཡིན་ཏེ་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་ཡེ་ཤེས་གཅིག་གིས་ཤེས་བྱ་ཐམས་ཅད་མཁྱེན་ན་ཤེས་བྱ་རྣམས་ལ་གྲངས་ཡོངས་སུ་ཆད་པ་ཡོད་པར་འགྱུར་ཏེ། ཤེས་པ་རྫས་གཅིག་གི་ཡུལ་དུ་གྱུར་པ་ལས་གཞན་མེད་དོ་ཞེས་ངེས་པའི་ཕྱིར་རོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་གཅིག་གིས་ཤེས་བྱ་འདི་དང་འདི་ནི་མི་མཁྱེན་ནོ་ཞེས་རྣམ་པར་དབྱེ་བར་མི་ནུས་པས་ཡུལ་ཅན་ཡེ་ཤེས་ལ་ཚད་མེད་པའི་ཕྱིར་དེའི་ཤེས་བྱ་ལའང་ཚད་དང་བཅས་པར་ག་ལ་འགྱུར། ཡུལ་དང་ཡུལ་ཅན་རྫས་གྲངས་མཉམ་པ་མ་ཡིན་ནོ། །གལ་ཏེ་ཡེ་ཤེས་དེ་འགལ་བར་འགྱུར་ཏེ་ཡུལ་དུས་རྣམ་པ་འགལ་བའི་ཤེས་བྱ་རྣམས་བློ་གཅིག་གིས་རྟོགས་པས་སོ་ཞེ་ན། ཐ་དད་དེ་རྣམས་གཅིག་ཏུ་བཟུང་ན་དེ་ལྟར་འགྱུར་ཡང་ཐ་དད་རྣམས་ཇི་ལྟར་གནས་པ་བཞིན་དུ་མ་འདྲེས་པར་མཁྱེན་པས་འཁྲུལ་པར་མི་འགྱུར་ཏེ། ཁྲོ་བོ་འཛིན་པའི་མིག་ཤེས་གཅིག་ལ་ཁ་དོག་སྣ་ཚོགས་སྣང་བ་བཞིན་ནོ། །གལ་ཏེ་མ་དག་པའི་སྣང་བ་ཡུལ་དུ་བྱེད་པ་ཡོད་ན་སྒྲིབ་པ་མ་སྤངས་པར་ཐལ་བ་དང་མ་དག་པའི་སྣང་བ་ཐམས་ཅད་གནས་གྱུར་པར་གསུངས་པ་དང་འགལ་ལོ་ཞེ་ན། མ་དག་པའི་སྣང་བ་ཡུལ་དུ་བྱེད་ཀྱང་སྒྲིབ་པ་དང་བཅས་པར་མི་འགྱུར་ཏེ། དེར་རང་གི་ལས་ཀྱི་སྣང་བ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དྭངས་པའི་ཆུ་ནང་དུ་དུད་འགྲོ་ཡི་གཟུགས་བརྙན་ཤར་བ་མི་ལ་སྣང་ཡང་མི་དུད་འགྲོར་མི་འགྱུར་བ་བཞིན་ནོ། །མ་དག་པའི་སྣང་བ་གནས་གྱུར་པ་དང་ཡང་མི་འགལ་ཏེ། རང་གི་གནས་དང་དོན་དང་ལུས་སུ་སྣང་བ་གནས་གྱུར་ཀྱང་དེ་དག་གནས་གྱུར་པ་མ་ཡིན་ཏེ་འདོད་པའི་ལྷ་ལ་དམྱལ་བའི་གནས་དོན་ལུས་སུ་སྣང་བ་ཡུལ་དུ་བྱེད་པ་མི་འགལ་བ་བཞིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་དོ། །དང་པོ་ལ་གཉིས་ལས། ངོ་བོ་ནི། སྟོབས་ཞེས་པ་དབྱེ་གཞི་ཡིན་ལ་རྣམ་པ་བཅུ་ཞེས་པ་གྲངས་ཀྱི་དབྱེ་བའོ། །བཅུ་པོའི་ངོ་བོ་ནི་གནས་དང་བཅས་པའི་སྟེ་དེ་ལ་གནས་དང་གནས་མ་ཡིན་པ་ནི་སྲིད་པ་དང་མི་སྲིད་པ་སྟེ་རང་བྱུང་གཉིས་དང་འཁོར་ལོས་བསྒྱུར་བ་སྐྱེས་པའི་རྟེན་ལ་སྲིད་པ་བུད་མེད་ཀྱི་རྟེན་ལ་མི་སྲིད་པ་ལྟ་བུའོ། །ལས་རྣམས་ཀྱི་རྣམ་པར་སྨིན་པ་སོ་སོར་ངེས་པ་ནི་རྒྱུ་འབྲས་སོ་སོར་ངེས་པ་སྟེ། དགེའ་བ་སྤྱད་པས་བདེ་བ་འབྱུང་ལ་མི་དགེའ་བ་སྤྱད་པས་སྡུག་བསྔལ་འབྱུང་བ་ལྟ་བུའོ། །དབང་པོ་ནི་ཤེས་རབ་ཀྱི་ཁྱད་པར་ཏེ་ཐེག་པ་ཆེན་པོ་བ་དབང་པོ་མཆོག་དང་དམན་པ་དབང་པོ་མཆོག་མ་ཡིན་པ་ལྟ་བུའོ། །ཁམས་སྣ་ཚོགས་པ་རྣམས་ནི་རིགས་དུ་མ་སྟེ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ལྟ་བུའོ། །མོས་པ་སྣ་ཚོགས་པ་ནི་བསམ་པའི་བྱེ་བྲག་གིས་མོས་པ་ཐ་དད་པ་སྟེ་ཐེག་པ་གསུམ་ལ་མོས་པ་ཐ་དད་པ་ལྟ་བུའོ། །འབྲས་བུ་བྱང་ཆུབ་གསུམ་ཀུན་དུ་འགྲོ་བའི་ལམ་ནི་ཐེག་པ་གསུམ་གྱི་ལམ་ཐ་དད་པ་ལྟ་བུའོ། །བསམ་གཏན་དང་གཟུགས་མེད་ལ་སོགས་པའི་སྙོམས་པར་འཇུག་པ་ཉོན་མོངས་པ་ཅན་ནི་བསམ་གཏན་གཟུགས་མེད་ཀྱི་སེམས་གང་ལ་བརྟེན་ནས་སྲིད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་ཤས་ཆེར་གྱུར་པ་སྟེ། གོ་རིམ་བཞིན་དུ་ཏིང་ངེ་འཛིན་གྱི་བདེ་བ་ལ་རོ་མྱང་བ་དང་ལྟ་བ་ངན་པའི་གནས་སམ་རྟེན་དུ་གྱུར་པ་དང་། དེའི་ཡོན་ཏན་གྱིས་སེམས་ཁེངས་པ་དང་། དེ་ཁོ་ན་ཉིད་མ་རྟོགས་པ་དང་། ཐར་པའི་ལམ་ལ་ཐེ་ཚོམ་དུ་གྱུར་པའོ། །དྲི་མ་མེད་པ་བ་ནི་བསམ་གཏན་གཟུགས་མེད་ཀྱི་དངོས་གཞི་གང་དག་འཇིག་རྟེན་པ་ཡིན་དུ་ཟིན་ཀྱང་ཀུན་ནས་བཀྲ་ཤིས་པའི་དྲི་མ་དང་བྲལ་ཞིང་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་དོན་དུ་ཏིང་ངེ་འཛིན་ལས་སུ་རུང་བར་གྱུར་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི་རང་དང་གཞན་གྱི་ཚེ་རབས་སྔ་མ་རྣམས་དྲན་པའི་མངོན་པར་ཤེས་པའོ། །ལྷའི་མིག་ནི་འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པའོ། །ཞི་བ་དག་མཁྱེན་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པའོ། །ཡུལ་དེ་དག་མངོན་སུམ་དུ་མཁྱེན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པའོ། །གཉིས་པ་དཔེའ་དང་སྦྱར་བ་ནི་གནས་དང་གནས་མ་ཡིན་པ་དང་ལས་ཀྱི་རྣམ་པར་སྨིན་པ་དང་། ཁམས་དུ་མ་དང་། གདུལ་བྱའི་འགྲོ་བའི་མོས་པ་ཐ་དད་པ་དང་། ཐར་པའི་ལམ་སྣ་ཚོགས་པ་དང་། བསམ་གཏན་ལ་སོགས་ཉོན་མོངས་པ་ཅན་དང་རྣམ་པར་བྱང་བ་སྟེ་དག་པ་བ་མཁྱེན་པའི་སྟོབས་གང་ཡིན་པ་དེ་མི་ཤེས་པ་སྟེ་ཤེས་བྱའི་སྒྲིབ་པའི་གོ་ཆ་སྲ་བ་འབིགས་པའི་ཕྱིར། ལྷ་མ་ཡིན་གྱི་གོ་ཆ་འབིགས་པའི་རྡོ་རྗེ་བཞིན་ནོ། །དབང་པོ་རྣོ་བརྡུལ་གྱི་ཚོགས་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་མིག་གི་སྟོབས་ཀྱིས་སྙོམས་པར་འཇུག་པའི་སྒྲིབ་པའི་རྩིག་པ་བརྟན་པོ་འཇིག་པའི་ཕྱིར་ལྷ་མ་ཡིན་གྱི་རྩིག་པ་འཇིག་པའི་རྡོ་རྗེ་བཞིན་ནོ། །ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་ཀྱིས་ཉོན་མོངས་པའི་བག་ཆགས་དང་བཅས་པའི་ཤིང་རྣམས་གཅོད་པའི་ཕྱིར་ལྷ་མ་ཡིན་གྱི་ནགས་ཐིབས་པོ་གཅོད་པའི་རྡོ་རྗེ་བཞིན་ནོ། །གཉིས་པ་མི་འཇིགས་པ་ལ་གསུམ་ལས། དང་པོ་རང་གི་ངོ་བོ་ནི། མི་འཇིགས་པ་ནི་ཞེས་པ་དབྱེ་གཞི་ཡིན་ཅིང་རྣམ་པ་བཞི་ཞེས་པ་གྲངས་སོ། །བཞི་པོའི་ངོ་བོ་ལ་རང་དོན་གྱི་རྟོགས་པ་ལ་དམ་འཆའ་བ་ནི། རང་ཉིད་ཀྱིས་ཤེས་བྱའི་ཆོས་ཀུན་རྫོགས་པར་ཏེ་མ་ལུས་པར་བྱང་ཆུབ་སྟེ་ཐུགས་སུ་ཆུད་ཅེས་པ་དང་། གཞན་དོན་དུ་སྤང་བྱ་བར་དུ་གཅོད་པའི་ཆོས་ལུང་སྟོན་པ་ནི། ཐར་པའི་གེགས་འདོད་ཆགས་ལ་སོགས་པ་ནི་ལམ་འགོག་པར་བྱེད་པའི་སྟེ་མི་མཐུན་ཕྱོགས་ཡིན་ནོ་ཞེས་སྟོན་པ་ནི། དགེ་སློང་དག་འདོད་ཆགས་ཀྱིས་ནི་ཚངས་པའི་འཇིག་རྟེན་ལའང་བར་དུ་གཅོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ལྟ་ཅི་སྨོས་ཞེས་པ་ལྟ་བུའོ། །གཉེན་པོ་ལུང་སྟོན་པ་ནི། མཁྱེན་པ་གསུམ་སྤང་བྱ་ལས་ངེས་པར་འབྱུང་བའི་ལམ་དུ་ལུང་སྟོན་པའོ། །རང་དོན་གྱི་སྤངས་པ་ལ་དམ་འཆའ་བ་ནི། འགོག་པ་སྟོན་པ་སྟེ་ང་ནི་སྤང་བྱ་ཐམས་ཅད་སྤངས་པའོ་ཞེས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ལ་འགྲོ་བས་ཁྱད་པར་དུ་འཕགས་པ་ལྷ་དང་། དབང་ཕྱུག་གིས་ཁྱད་པར་དུ་འཕགས་པ་བདུད་དང་། རྣམ་པར་དག་པས་ཁྱད་པར་དུ་འཕགས་པ་ཚངས་པ་དང་། རྟོག་གེས་ཁྱད་པར་དུ་འཕགས་པ་དགེ་སྦྱོང་དང་བྲམ་ཟེ་གང་གིས་ཀྱང་ཤེས་བྱ་འདི་མི་མཁྱེན་ཞེས་པ་དང་། ཉོན་མོངས་པ་འདིས་བར་དུ་མི་གཅོད་ཅེས་པ་དང་། མཁྱེན་པ་འདིས་སྤང་བྱ་སྤོང་མི་ནུས་ཞེས་པ་དང་། སྤང་བྱ་འདི་མ་སྤངས་ཞེས་ཆོས་མཐུན་པར་དངོས་སུ་རྒོལ་བ་མེད་ཅིང་བརྒྱུད་ནས་རྒོལ་བའི་མཚན་མ་ཙམ་ཡང་མེད་པས་སེམས་མི་འཇིགས་པ་དང་ངག་བག་ཚ་བ་མེད་པ་ཐོབ་པའོ། །གཉིས་པ་བྱེད་པ་ནི། དྲང་སྲོང་ཞེས་པ་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གང་དུའང་ཐོགས་པ་སྟེ་འཇིགས་ཤིང་བག་ཚ་བ་མེད་ཅེས་པའོ། །གང་གི་ཚེ་ན་རང་དང་གཞན་གྱི་དོན་དུ་བདེན་པ་བཞི་གསུངས་པའི་ཕྱིར་ཞེས་པ་དེའི་ཚེ་ནའོ། །བདག་དང་གཞན་གྱི་དོན་གང་ཞེ་ན། ཤེས་པར་བྱ་བའི་དངོས་པོ་ཉིད་སྡུག་བསྔལ་གྱི་བདེན་པའི་རྣམ་པ་ཀུན་རང་གིས་མངོན་སུམ་དུ་ཤེས་པ་དང་གཞན་གྱིས་ཤེས་པར་མཛད་པའི་ཕྱིར་དང་སྤང་བྱ་ཀུན་འབྱུང་གི་དངོས་པོ་ཀུན་རང་གིས་སྤོང་བ་དང་གཞན་གྱིས་སྤོང་བར་མཛད་པའི་ཕྱིར་རྒྱུད་ལ་བརྟེན་པར་བྱ་བའི་ལམ་གྱི་དངོས་པོ་རང་གིས་བརྟེན་ཅིང་གཞན་གྱིས་བརྟེན་པར་བྱེད་པའི་ཕྱིར་དང་། ཐོབ་བྱ་བླ་ན་མེད་པ་ཤིན་ཏུ་དྲི་མ་མེད་པའི་འགོག་པ་རང་གིས་ཐོབ་པ་དང་གཞན་གྱིས་ཐོབ་པར་མཛད་པའི་ཕྱིར་ཞེས་པའོ། །གསུམ་པ་དཔེའ་དང་སྦྱར་བ་ནི། ཇི་ལྟར་རི་དྭགས་ཀྱི་དབང་པོ་སེང་གེ་ནགས་ཀྱི་མཐར་དུས་རྟག་ཏུ་རི་དྭགས་རྣམས་ལ་འཇིགས་པ་མེད་ཅིང་སྐྲག་པ་མེད་པར་རྒྱུ་ཞིང་གནས་པར་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་སེང་གེ་ཡང་དགེ་འདུན་གྱི་ཚོགས་ཀྱི་ནང་ན་འཇིགས་པ་མེད་པས་ལེགས་པར་གནས་པ་དང་། གཞན་ལ་རག་མ་ལུས་པ་ལྟོས་པ་མེད་པ་དང་། ཏིང་ངེ་འཛིན་ལ་གནས་པས་བརྟན་པ་དང་། སྤང་བྱ་ཤིན་ཏུ་སྤང་དཀའ་བའང་བཅོམ་པའི་ཕྱིར་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་སེང་གེ་ལྟར་གནས་སོ། །གསུམ་པ་མ་འདྲེས་པ་ལ་གསུམ་སྟེ། རང་གི་ངོ་བོ། དེའི་བྱེད་པ། དཔེའ་དང་སྦྱར་བའོ། །དང་པོ་ལ་སྤྱོད་པའི་བསྡུས་པ་དྲུག་ནི། སྐུ་ལ་གླང་པོ་ཆེ་དང་ཤིང་རྟ་ལ་སོགས་དང་འདོམ་ཐུག་བྱེད་པ་ལ་སོགས་པའི་འཁྲུལ་པ་མེད་པ་དང་། གསུང་ལ་ལུང་སྟོང་དུ་སྒྲ་ཆེན་པོ་འབྱིན་པ་ལ་སོགས་པའི་ཅ་ཅོ་མི་མངའ་བ་དང་། སྟོན་པའི་ཐུགས་ལ་འདས་པའི་དོན་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང་། དུས་རྟག་པར་མཉམ་པར་མ་བཞག་པའི་རྗེས་ཐོབ་རྣམ་པར་གཡེངས་པའི་ཐུགས་མི་མངའ་བ་དང་། འཁོར་འདས་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་བ་དང་། གདུལ་བྱའི་རྒྱུད་ལ་གདུལ་བའི་དུས་ལ་བབ་མ་བབ་མ་བརྟགས་པར་གདུལ་བྱ་སྨིན་རུང་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ། མདོ་ལས། རྒྱ་མཚོའ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་པ་ལྟར་རོ། །རྟོགས་པས་བསྡུས་པ་དྲུག་ནི། དོན་དུ་གཉེར་བའི་འདུན་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། འདྲིས་པའི་དོན་མ་བརྗེད་པའི་དྲན་པ་དང་། རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། སྒྲིབ་པ་དང་བྲལ་བའི་རྣམ་པར་གྲོལ་བ་དང་། དག་པའི་མཁྱེན་པ་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བའོ། །འདིར་ཏིང་ངེ་འཛིན་ཉམས་པ་མེད་པ་མ་བགྲངས་པ་ནི་མཉམ་པར་མ་བཞག་པ་མི་མངའ་བར་འདུས་པར་དགོངས་པའོ། །མདོ་ལས། ཏིང་ངེ་འཛིན་བགྲངས་པ་ལྟར་ན་འདུན་པ་དང་བརྩོན་འགྲུས་གཅིག་ཏུ་བརྩི་བའོ། །ཡང་ཁ་ཅིག་ཏུ་དེ་གཉིས་སོ་སོར་བགྲང་ནས་དྲན་པ་མི་བརྩི་བ་ནི་བསྙེལ་བ་མི་མངའ་བར་འདུས་པར་དགོངས་པའོ། །མདོ་སྡེ་རྒྱན་ལས། དྲན་པ་དང་། ཏིང་ངེ་འཛིན་དང་། འདུན་པ་དང་། བརྩོན་འགྲུས་རྣམས་བགྲངས་ཏེ་རྣམ་པར་གྲོལ་བའི་ཡེ་ཤེས་མ་བརྩིས་པ་ནི་རྣམ་པར་གྲོལ་བ་ཉམས་པ་མེད་པར་འདུས་པར་དགོངས་པའོ། །འཕྲིན་ལས་ཀྱིས་བསྡུས་པ་གསུམ་ནི། སྐུ་ཡིས་རྫུ་འཕྲུལ་སྟོན་པ་དང་། གསུང་གི་ཆོས་སྟོན་པ་དང་། ཐུགས་ཀྱིས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལ་སོགས་པའི་འཕྲིན་ལས་རྣམས་ཐམས་ཅད་ཀྱི་དང་པོར་ཡེ་ཤེས་མངོན་དུ་འགྲོ་ཞིང་ཕྱི་ནས་ཡེ་ཤེས་རྗེས་སུ་འཇུག་པས་ཐམས་ཅད་དུ་ཡེ་ཤེས་ཀྱིས་ཟིན་པའོ། །ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། འདས་པའི་དུས་ཐུག་པ་མེད་པ་དང་། མ་འོངས་པའི་དུས་མུ་མཐའ་མེད་པ་དང་། ད་ལྟར་གྱི་དུས་ཀྱི་ཤེས་བྱ་མཐའ་ཡས་པ་ལ་ཡེ་ཤེས་སྒྲིབ་པ་མེད་པར་འཇུག་པའོ། །སྤྱིའི་དོན་བསྡུ་བ་ནི། དེ་ལྟར་ན་བཅོ་བརྒྱད་པོ་འདི་དག་ནི་སྟོན་པ་སངས་རྒྱས་ཀྱི་གང་ཟག་གཞན་དང་མ་འདྲེས་པ་སྟེ། ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་ནོ། །གཉིས་པ་བྱེད་པ་ནི། རྒྱལ་བ་ཉིད་ཅེས་དྲང་ངོ་། །ཇི་ལྟ་བུ་ཞེ་ན། དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དང་། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །གང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ན། འགྲོ་བ་ཞེས་པ་གདུལ་བྱའི་འཁོར་དུའོ། །ཇི་ལྟར་ན་འཇིག་པ་སྟེ། བག་ཚ་བ་མེད་པར་རོ། །རྒྱུ་གང་ལས་ན་མ་འདྲེས་པའི་ཡོན་ཏན་གང་རྟོགས་པ་ལ་བརྟེན་ནས་སོ། །དེ་དག་གང་ཞེ་ན། གོང་དུ་སྐུའི་འཁྲུལ་པ་དང་། གསུང་གི་ཅ་ཅོ་དང་འདས་པ་བསྙིལ་བ་དང་ཐུགས་གཡོ་བ་སྟེ་མཉམ་པར་མ་བཞག་པ་དང་། འཁོར་འདས་ཐ་དད་ཀྱི་འདུ་ཤེས་དང་གདུལ་བྱ་ལ་ངང་གིས་མ་བརྟགས་པའི་བཏང་སྙོམས་རྣམས་དྲང་སྲོང་ལ་མེད་ལ། འདུན་པ་དང་བརྩོན་འགྲུས་དང་དྲན་པ་རྣམ་པར་དག་པ་དང་། དྲི་མ་མེད་པའི་ཤེས་རབ་དང་། རྟག་ཏུ་ཞེས་པ་གཏན་དུ་སྤང་བྱ་ལས་རྣམ་པར་གྲོལ་བ་དང་། ཤེས་བྱའི་དོན་ཀུན་མངོན་སུམ་དུ་གཟིགས་པ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་པ་མི་མངའ་ཞིང་། གང་གིས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་པོ་ཐམས་ཅད་ལ་དང་པོར་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཕྱི་ནས་རྗེས་སུ་འཇུག་པ་དང་། འདས་པ་ལ་སོགས་པའི་དུས་གསུམ་པོ་དག་ཏུ་ཡེ་ཤེས་ཐོགས་པ་མེད་པར་ངེས་པར་མཁྱེན་པ་རྒྱ་ཆེན་པོ་ཤེས་བྱ་ལ་ཁྱབ་པར་འཇུག་པས་ཏེ་ཞེས་པའོ། །ཡོན་ཏན་དེ་དག་གང་གིས་ཐོབ་ཅེ་ན། སངས་རྒྱས་རྣམས་ཀྱིས་བརྙེས་ཞེས་པའོ། །གསུམ་པ་དཔེ་དང་སྦྱར་བ་ནི། ས་ལ་སོགས་པའི་འབྱུང་བ་བཞི་ལ་ཡོད་པའི་ཆོས་ཉིད་སྲ་བ་དང་གཤེར་བ་དང་། གཡོ་བ་དང་ཚ་བ་གང་ཡིན་པ་དེ་ནི་ནམ་མཁའི་ཆོས་ཉིད་མ་ཡིན་ལ། ཡང་ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པ་དང་། ཐོགས་པ་མེད་པ་དང་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་འབྱུང་བ་བཞིའི་གཟུགས་ལ་མེད་དོ། །དེ་བཞིན་དུ་གང་ཟག་གཞན་ལ་ཡོད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་མེད་ཅིང་། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་རྣམས་ནི་གང་ཟག་གཞན་ལ་མེད་དོ། །དཔེའ་བས་ཀྱང་ཁྱད་པར་དུ་འཕགས་ཏེ་ས་དང་མེ་དང་ཆུ་དང་རླུང་དང་ནམ་མཁའ་ནི་འབྱུང་བ་ཙམ་མམ་ཤེས་པ་མ་ཡིན་པར་མཚུངས་པ་ནི་འཇིག་རྟེན་ན་ཐུན་མོང་བ་སྟེ། སངས་རྒྱས་ཀྱི་ཡོན་ཏན་མ་འདྲེས་པ་ཉིད་ནི་འཇིག་རྟེན་ན་རྡུལ་ཕྲན་ཙམ་ཡང་ཐུན་མོང་བ་མ་ཡིན་ནོ། །གཉིས་པ་སྨིན་པའི་ཡོན་ཏན་ལ་གཉིས་ཏེ། སོ་སོའི་ངོ་བོ་དང་། དཔེའི་ཆོས་མཐུན་ནོ། །དང་པོ་ལ། ཞབས་ལེགས་པར་གནས་པ་སྟེ་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོའི་མཚན་པ་དང་ཞབས་ཀྱི་རྟིང་པ་ཡང་བ་དང་། ཞབས་ཀྱི་ལོང་བུ་འབུར་དུ་མི་མངོན་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་རིང་བ་དང་མཐེ་བོང་ལས་གཞན་པའི་སོར་མོའི་བར་རིན་པོ་ཆེའི་དྲ་བ་ཡིས་ནི་འབྲེལ་བ་དང་། ལྤགས་པ་ཤིན་ཏུ་འཇམ་ཞིང་བྱིས་པ་གཞོན་ནུ་ལྟར་གཞོན་ཤ་ཅན་དུ་ལེགས་པ་ཉིད་དང་། སྐུ་ནི་ཕྱག་དང་ཞབས་ཀྱིས་བོལ་བཞི་དང་། མགུལ་གྱི་ལྷུན་གཉིས་དང་། ལྟག་པའི་ཕྱོགས་ཏེ་བདུན་མཐོ་བ་དང་། བྱིན་པ་རི་དྭགས་ཨེ་ན་ཡ་དང་འདྲ་བར་རིམ་གྱིས་ཕྲ་བ་དང་། གསང་བའི་གནས་གླང་པོ་ཆེའམ་རྟ་ཅང་ཤེས་བཞིན་དུ་སྦུབས་སུ་ནུབ་པ་དང་། སྐུའི་རོ་སྟོད་སེང་གེ་དང་འདྲ་བར་རྒྱས་ཤིང་འཕེལ་ཀ་ཆེ་བ་དང་། ཕྲག་པའི་ཐལ་གོང་བར་ན་སྒྲོག་རུས་ཀོང་མོ་མེད་པར་རྒྱས་པ་དང་། དཔུང་པའི་མགོ་བོ་ཟླུམ་ཞིང་ཕྲག་པའི་ལྷུན་མཛེས་པ་དང་། ཕྱག་གཉིས་རེག་པ་འཇམ་ལ་དབྱིབས་ཟླུམ་ཞིང་ཚད་མཐོ་དམན་དང་རིང་ཐུང་མེད་པའི་ཕྱག་རིང་བ་སྟེ་མ་བཏུད་པར་ཡང་པུས་མོར་སླེབས་པ་དང་། ཉེས་པ་ཡོངས་སུ་དག་པའི་སྐུ་ལ་འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང་ལྡན་པ་དང་། མགྲིན་པ་དྲི་མ་མེད་པའི་དུང་དང་འདྲ་བ་སྟེ་རིམ་པ་གསུམ་དང་ལྡན་པ་དང་། འདི་ནི་ཕ་རོལ་དུ་ཕྱིན་པ་ལས་མི་འབྱུང་ངོ་། །འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བར་རྒྱས་པ་དང་། ཚེམས་ནི་ཡས་ཉི་ཤུ་མས་ཉི་ཤུ་སྟེ་བཞི་བཅུ་ཐམ་པ་ཚང་ཞིང་བླ་འོག་གྲངས་མཉམ་པ་དང་། བར་འཚམས་མེད་པས་རབ་དང་ཚེམས་ཐག་བཟང་བ་དང་། རྣམ་པར་དག་པའི་ཚེམས་མཉམ་པ་སྟེ། རིང་ཐུང་དང་སྦོམ་ཕྲ་མེད་པ་དང་། མཆེ་བ་རབ་མཆོག་དཀར་བ་སྟེ་དུང་གི་བཅག་འཕྲོ་ལྟ་བུ་དང་། ལྗགས་རིང་བ་སྟེ་རང་གི་ཞལ་གྱི་དཀྱིལ་འཁོར་ཁེབས་པ་དང་། མཐའ་མེད་ཚད་མེད་ཅིང་གཞན་གྱིས་བསམ་དུ་མེད་པའི་རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དེ་ཁ་ཟས་རོ་མི་ཞིམ་པ་ཡང་རོ་བརྒྱ་དང་ལྡན་པར་སྣང་བ་དང་། རང་བྱུང་སངས་རྒྱས་ཀྱི་ཀ་ལ་པིང་ཀའི་སྒྲ་ལྟར་གཏང་མི་བྲ་ཞིང་ཚངས་པའི་དབྱངས་ལྟར་སྙན་ཅིང་རྒྱང་དུ་གྲགས་པ་དང་། སྤྱན་བཟང་པོ་དཀར་ནག་འབྱེས་པ་དང་། ཨུད་པལ་ལའི་འདབ་མ་ལྟར་དཀྱུས་རིང་བ་དང་། ཁྱུ་མཆོག་གི་རྫི་མ་དང་འདྲ་བར་སྟུག་ཅིང་གནག་ལ་མ་འཛིངས་པ་དང་ཞལ་གྱི་དཀྱིལ་འཁོར་མཛེས་ཤིང་དྲི་མ་མེད་ལ། སྨིན་མཚམས་ན་མཛོད་སྤུ་དཀར་པོ་འཐེན་ན་ཁྲུ་གང་ཡོད་པ་བཞག་ན་སྦྲུལ་སྒོང་ལྟར་གཡས་ཕྱོགས་སུ་འཁྱིལ་ཏེ་གནས་པ་དང་ལྡན་པ་དང་། དབུ་ལ་བྱིང་པོ་ལས་རང་གི་སོར་བཞིས་མཐོ་བའི་གཙུག་ཏོར་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སྤྱི་གཙུག་ལྟར་མི་མཐོང་བ་དང་། ལྤགས་པ་ལ་ས་རྡུལ་ལ་སོགས་པ་མེད་པས་དག་ཅིང་མ་ཁེབས་པས་སྲབ་པ་དང་། ཁ་དོག་ཤིན་དུ་དྭངས་པས་གསེར་གྱི་མདོག་དང་འདྲ་བ་དང་། སེམས་ཅན་མཆོག་ཅེས་པ་རྫོགས་པའི་སངས་རྒྱས་ཀྱི་བ་སྤུ་རྣམས་ལེགས་པར་ཕྲ་བ་འཇམ་ཞིང་རེ་རེ་ནས་སྐུའི་གྱེན་དུ་ཕྱོགས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང་། དབུ་སྐྲ་དྲི་མ་མེད་ཅིང་རིན་པོ་ཆེ་མཐོན་མཐིང་གི་མདོག་བཞིན་དུ་ནག་པ་དང་། སྐུ་ནྱ་གྲོ་ཏའི་ལྗོན་ཤིང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་འདྲ་བར་ཆུ་ཞེང་ཡོངས་སུ་གབ་པ་དང་། ཀུན་དུ་བཟང་པོ་དཔེའ་མེད་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ལ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་ཤིན་ཏུ་མཁྲེགས་པའི་སྐུ་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན་མཐུ་བོ་ཆེའི་སྐུ་ཀུན་ནས་མཛེས་པའོ། །འདི་ལ་སྐུ་ཆེ་ཞིང་དྲང་བ་ཞེས་ཀྱང་འབྱུང་སྟེ་སྐུ་ཁྲུ་བདུན་དུ་འཕགས་ཤིང་དྲང་བའོ། །ཡང་མདོ་ཁ་ཅིག་ལས་སྐུའི་བདུན་མཐོ་བ་ཞེས་པ་མེད་པར་ལྤགས་པ་དག་ཅིང་སྲབ་པ་དང་། གསེར་མདོག་འདྲ་བ་ལ་གཉིས་སུ་ཕྱེ་སྟེ་སུམ་བཅུ་རྩ་གཉིས་སུ་བརྗོད་དོ། །བསམ་གྱིས་མི་ཁྱབ་པའི་གཟི་བརྗིད་ཀྱི་དཔལ་འབར་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་སྟོན་པ་སངས་རྒྱས་ཀྱིས་མི་དབང་ཞེས་པ་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་དུ་གསུངས་སོ། །དཔེ་བྱད་བཟང་པོ་བརྒྱད་བཅུ་ནི་མཚན་རྣམས་ཀྱི་འཁོར་རམ་ཡན་ལག་ཡིན་པའི་ཕྱིར་གཙོ་བོ་སྨོས་པས་གོ་སླ་བའི་ཕྱིར་མ་གསུངས་སོ། །གཉིས་པ་དཔེ་ཡི་ཆོས་མཐུན་ནི་ཇི་ལྟར་སྤྲིན་མེད་པའི་ནམ་མཁའ་ཟླ་བའི་གཟུགས་དང་དེའི་གཟུགས་བརྙན་སྟོན་གྱི་ཆུ་སྔོན་པོས་མཚོར་ནི་མཐོང་བ་ལྟར། དེ་བཞིན་དུ་རྒྱལ་བའི་སྲས་ཀྱི་ཚོགས་ས་བཅུ་ལ་གནས་པ་དང་། མོས་སྤྱོད་ལ་གནས་པ་རྣམས་ཀྱིས་ཁྱབ་བདག་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་གཟུགས་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། །གསུམ་པ་ལུང་དང་སྦྱར་བ་དང་། དེ་ལྟར་ན་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་སྨིན་པའི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་སོ་སོར་རེ་རེ་ཞིང་རྒྱུ་དང་བཅས་ཏེ་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ཡི་རྗེས་སུ་འབྲང་ནས་རྒྱས་པར་ཤེས་པར་བྱའོ། །གསུམ་པ་དཔེའ་དང་ཆོས་མཐུན་སྦྱར་བ་གཉིས་ཏེ། སྤྱིར་བསྟན། སོ་སོར་བཤད་པའོ། །དང་པོ་ལ་སྟོབས་བཅུ་ནི། མི་ཕྱེད་པས་རྡོ་རྗེ་བཞིན་ནོ། །མི་འཇིགས་པ་བཞི་ནི། སྤོབས་པ་མི་ཞན་པས་སེང་གེ་བཞིན་ནོ། །མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེད་པས་ནམ་མཁའ་དག་པ་བཞིན་ནོ། །མཚན་དང་ལྡན་པས་གཟུགས་སྐུ་གཉིས་ཆོས་ཀྱི་སྐུ་ལས་གཡོ་བ་མེད་པའི་ཕྱིར་ཆུའི་ནང་གི་ཟླ་བའི་དཔེས་བསྟན་ཏོ། །གཉིས་པ་ལ་གཉིས་ཏེ། བྲལ་བའི་ཡོན་ཏན་དང་། སྨིན་པའི་ཡོན་ཏན་དཔེའ་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། སོ་སོའི་ཆོས་མཐུན། ཐུན་མོང་གི་རྟེན་ནོ། །དང་པོ་ལ་གསུམ་ལས། དང་པོ་སྟོབས་ཀྱི་ཆོས་མཐུན་སྦྱར་བ་ནི། སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ལས་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པའི་སྟོབས་དང་པོ་དྲུག་གིས་རིམ་པ་བཞིན་དུ་ཤེས་བྱའི་སྒྲིབ་པ་ཀུན་བསལ་བས་གོ་ཆ་བཞིན་དུ་ཕུག་པའི་ཕྱིར་རྡོ་རྗེ་དང་འདྲའོ། །བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་མཁྱེན་པའི་སྟོབས་ལ་སོགས་པ་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་ཀུན་སེལ་བས་རྩིག་པ་དང་འདྲ་བ་བཤིག་པའི་ཕྱིར་རྡོ་རྗེ་དང་འདྲའོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་གཅིག་གི་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་བསལ་བའི་ཤིང་དང་འདྲ་བ་བཅད་པའི་ཕྱིར་རྡོ་རྗེ་དང་འདྲའོ། །དེ་དག་གི་རྒྱུ་མཚན་ནི་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་སྟོབས་ནི་རྡོ་རྗེ་དང་འདྲའོ། །ཅི་སྟེ་ན་རླིང་བ་དང་སྙིང་པོ་དང་བརྟན་པ་དང་། མི་ཕྱེད་པ་ཡིན་པས་སོ། །དེ་བཤད་པ་ནི་གང་གི་ཕྱིར་ན་རླིང་བ་ཡིན་ཏེ་སྙིང་པོ་ཡིན་པའི་ཕྱིར་རོ། །དེ་ཡང་གང་གི་ཕྱིར་ན་བརྟེན་པ་ཡིན་ཏེ་མི་ཕྱེད་པའི་ཕྱིར་རོ། །དེས་ན་སྟོབས་ཀྱིས་སྤང་བྱ་འཇོམས་ལ་སྤང་བྱས་སྟོབས་རྫི་བར་མི་ནུས་པས་མི་ཕྱེད་པའི་ཕྱིར་ན་རྡོ་རྗེ་བཞིན་ནོ། །མི་འཇིགས་པའི་ཆོས་མཐུན་ན་འཁོར་ལ་འཇིགས་པ་མེད་པའི་ཕྱིར་དང་། གཞན་ལ་ལྟོས་པ་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་བརྟན་པའི་ཕྱིར་དང་། སྒྲིབ་པ་ཕྲ་མོ་ཡང་འཇོམས་པས་རྩལ་ཕུན་སུམ་ཚོགས་པའི་ཕྱིར་ཐུབ་པའི་སེང་གེ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་བཞིན་དུ་འཁོར་གྱི་ཚོགས་སུ་འཇིགས་པ་དང་བག་ཚ་བ་མི་མངའོ། །དེ་དག་བཤད་པ་ནི། ཤེས་བྱའི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པ་དྲི་བ་ཐམས་ཅད་ལུང་སྟོན་ནུས་པའི་ཕྱིར་གང་ཟག་གང་ལ་ཡང་འཇིགས་པ་མེད་པར་ནི་རྣམ་པར་གནས་སོ། །ཉོན་མོངས་པས་དག་པའི་སེམས་ཅན་ཉན་ཐོས་ལ་སོགས་པ་དང་ཡང་བདག་ཉིད་མི་མཉམ་ཞིང་ལྷག་པར་གཟིགས་པའི་ཕྱིར་གཞན་ལ་ལྟོས་པ་མེད་དོ། །ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཐུགས་ནི་ཤེས་བྱའི་ཆོས་རྣམས་ཐམས་ཅད་ལ་རྣམ་པ་རྩེ་གཅིག་ཏུ་གནས་པའི་ཕྱིར་བརྟན་པ་ཉིད་དོ། །མཆོག་ཏུ་སྤང་བར་དཀའ་བ་མ་རིག་པའི་བག་ཆགས་ཀྱི་ས་ལས་ཀྱང་རྒལ་བའི་ཕྱིར་རྩལ་དང་ལྡན་པའོ། །མ་འདྲེས་པའི་ཆོས་མཐུན་ནི་འཇིག་རྟེན་སོ་སོ་སྐྱེ་བོ་དང་ཉན་ཐོས་འཕགས་པ་དང་མཐའ་གཅིག་ཏུ་སྤྱད་པ་རང་སངས་རྒྱས་དང་བློ་ལྡན་བྱང་ཆུབ་སེམས་དཔའ་དང་རང་བྱུང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གོང་ནས་གོང་དུ་བློ་དག་ཕྲ་བ་ཡིན་ཏེ། རིམ་པ་བཞིན་དུ་གང་ཟག་ཏུ་འཛིན་པ་དང་། གང་ཟག་མེད་པ་དང་། གཟུང་བ་མེད་པ་དང་། འཛིན་པ་མེད་པ་དང་། ཤེས་བྱ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །དེས་ན་དེ་དག་དཔེའ་ནི་ས་ཆུ་མེ་རླུང་ནམ་མཁའ་སྟེ་རྣམ་པ་ལྔ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་མཚན་ཉིད་ཕྲ་བ་དང་ཆོས་མཚུངས་ལ། ཡང་སངས་རྒྱས་ཀྱང་འཇིག་རྟེན་ཀུན་གྱི་ཉེ་བར་འཚོ་བའི་གཞི་ཡིན་པའི་ཕྱིར། ས་ཆུ་མེ་རླུང་རྣམས་འཇིག་རྟེན་གྱི་ཉེར་འཚོ་ཡིན་པས་ཆོས་མཚུངས་སོ། །ཡང་ན་རྫོགས་པའི་སངས་རྒྱས་འཇིག་རྟེན་སོ་སོའི་སྐྱེ་བོ་དང་འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པའི་མཚན་ཉིད་ལས་འདས་པའི་ཕྱིར། ནམ་མཁའ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་བཞིན་ནོ། །གཉིས་པ་ཐུན་མོང་གི་རྟེན་ནི། དེ་ལྟར་ན་སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་བཅུ་རྩ་གཉིས་པོ་འདི་རྣམས་རྟེན་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཡོན་ཏན་ཡིན་ཏེ། དེ་ཡང་གཟུགས་ལ་རྒྱན་བཏགས་པ་ལྟར་ཐ་དད་པ་མ་ཡིན་ཏེ། ཇི་ལྟར་ན་ནོར་བུ་རིན་པོ་ཆེའི་འོད་དང་མདོག་དང་དབྱིབས་བཞིན་དུ་རང་བཞིན་དབྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་སྨིན་པའི་ཡོན་ཏན་དཔེའ་དང་སྦྱར་བ་ལ་གཉིས་ལས། གནས་པའི་རྟེན་ནི་མཐོང་བར་གྱུར་ན་གདུལ་བྱའི་ཡིད་ཚིམ་པར་བྱེད་པ་ནི་མཚན་གྱི་བྱེད་ལས་ཡིན་ཏེ། རྒྱན་ལས། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་ཡོན་ཏན་གང་ཡིན་པ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ཞེས་བྱ་བ་ནི་རྟེན་སྤྲུལ་པའི་སྐུ་དང་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་སྟེ། གཟུགས་ཀྱི་སྐུ་གཉིས་ལ་བརྟེན་པའི་ཡོན་ཡིན་ནོ། །དཔེའ་དང་ཆོས་མཐུན་སྦྱར་བ་ནི། ཆོས་ཀྱི་སྐུ་དག་པའི་བདག་པོ་ལས་གཟུགས་ཀྱི་སྐུ་དེ་མཐོང་བའི་ཚུལ་རྣམ་པ་གཉིས་སོ། །གདུལ་བྱ་རིང་བ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པ་ལ་འཇིག་རྟེན་དུ་སྤྲུལ་པའི་སྐུར་སྣང་ལ་གདུལ་བྱ་ཉེ་བ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱལ་བའི་འཁོར་གྱི་དཀྱིལ་འཁོར་དུ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་སྟེ། དཔེར་ན་ཆུའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་དང་ནམ་མཁའི་ཟླ་བའི་གཟུགས་མཐོང་བ་བཞིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡོན་ཏན་བཤད་པའི་སྐབས་ཏེ་ལེའུ་གསུམ་པའི་བཤད་པའོ།། །།ལས་མཛད་པ་འཕྲིན་ལས་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དཔེའ་སྒྲུབ་པའོ། །དང་པོ་ལ་གཉིས་ལས། ལྷུན་གྱིས་གྲུབ་པ་ནི། རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་ལ་འཕྲིན་ལས་བསྒྲུབ་པ་ན་གདུལ་བྱའི་ཁམས་ནི་རིགས་ཐ་དད་པ་དུ་མ་དང་གདུལ་བྱ་དེ་དག་འདུལ་བའི་ཐབས་ནི་འདུལ་བའི་རྣམ་པ་སྟེ་ཞི་བ་དང་དྲག་པོ་ལ་སོགས་པའི་སྦྱོར་བའམ། ཆ་ལུགས་དང་སྤྱོད་ལམ་ལ་སོགས་པའི་རྣམ་པའོ། །གདུལ་བྱའི་ཁམས་ཐ་དད་པ་རྣམས་ཀྱི་གང་དང་གང་གིས་འདུལ་བའི་བྱ་བའམ་ལས་དང་། གདུལ་བྱ་དེ་གང་ན་གནས་པའི་ཡུལ་དང་གང་གི་མཚན་ཉིད་འདུལ་བའི་དུས་སུ་བབ་པ་ན་འདུལ་བའི་ཕྱིར་གཤེགས་པ་ན་ཁྱབ་བདག་རྟག་ཏུ་འབད་རྩོལ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པར་འཇུག་གོ། །གཉིས་པ་རྒྱུན་མི་འཆད་པ་ནི། ཡོན་ཏན་རིན་པོ་ཆེའི་མཆོག་ཏུ་གྱུར་པའི་ཚོགས་དང་ལྡན་པའི་ས་བཅུའི་ཡེ་ཤེས་ཆུས་གང་བའི་མཚོའ་ལྟ་བུ་ནི་ངེས་པར་འབྱིན་པའི་རྒྱུའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་ཉི་མའི་འོད་ལྟ་བུ་ཅན་ནི་སྟོན་པའི་རྒྱུའོ། །དེ་ལྟར་ན་ས་བཅུ་དང་ཚོགས་གཉིས་ཀྱིས་འདིས་འགྲོ་བ་ན་ཐེག་པ་སྟེ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབ་སྟེ་ཞེས་པའོ། །དེ་དག་གི་འབྲས་བུ་ནི་མཐའ་དང་དབུས་མེད་ཅིང་རྒྱ་ཆེ་བ་ནམ་མཁའ་ཐམས་ཅད་ལ་ཁྱབ་པའི་བྱང་ཆུབ་བོ། །ཡོངས་སུ་འཛིན་པ་ནི་སངས་རྒྱས་ཉིད་ཅེས་པ་ཁམས་ནི་ཡོན་ཏན་དྲི་མ་མེད་པ་དང་པོ་ནས་ཡོད་པ་གཏེར་དང་འདྲ་ལ་དེ་སེམས་ཅན་ཀུན་ལ་ཁྱད་པར་མེད་པར་ཡོད་པར་རྣམ་པར་གཟིགས་ཏེ་ཞེས་པའོ། །དེའི་སྒྲིབ་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་གྱི་དྲ་བ་དང་འདྲ་བའོ། །དེ་སེལ་བའི་རྐྱེན་ནི་སྒྲིབ་པ་དེ་དག་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་རླུང་དང་འདྲ་བས་རྣམ་པར་གཏོར་ཞེས་པའོ། །རྒྱས་པར་བཤད་པ་ལ་གཉིས། ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་པའོ། །དང་པོ་ལ་གཉིས་ལས། བསྟན་པ་ནི། གདུལ་བྱ་གང་གི་ཐབས་གང་གིས་འདུལ་བའི་བྱ་བ་གང་དང་ཡུལ་གང་དུ་དུས་གང་གི་ཚེ་འཕྲིན་ལས་འཇུག་པ་ལ་གདུལ་བྱ་ལ་སོགས་པ་དེའི་རྣམ་པར་རྟོག་པ་སྐྱེ་བ་མེད་པའི་ཕྱིར། ཐུབ་པ་རྟག་ཏུ་འཕྲིན་ལས་ལྷུན་གྱིས་གྲུབ་པར་འཇུག་གོ། །བཤད་པ་ནི། འཕྲིན་ལས་འཇུག་པའི་ཡུལ་གདུལ་བྱའི་ཁམས་ནི་གང་ཞིག་གི་འདུལ་བའི་ཚུལ་ནི་ཐབས་མང་པོ་གང་དང་གང་དག་གིས་འདུལ་བའི་བྱ་བ་སྟེ་དགོས་པ་གང་དང་གང་དུ་འཇུག་པའི་ཡུལ་དང་གང་གི་ཚེ་འཇུག་པའི་དུས་དེ་དག་ལ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པའོ། །གཉིས་པ་རྒྱུན་མི་འཆད་པ་ལ་བཞི་སྟེ། བསྟན་པ་དང་། བཤད་པ་དང་། དཔེའ་སྦྱར་བ་དང་། དོན་བསྡུ་བའོ། །དང་པོ་ནི། འཕྲིན་ལས་འབྱུང་བའི་ངེས་པར་འབྱིན་པའི་རྒྱུ་དང་། དེའི་སྟོན་པ་སྟེ་རྐྱེན་དང་དེའི་འབྲས་བུ་དང་འཕྲིན་ལས་དེའི་འཇུག་པའི་ཡུལ་གྱི་རྒྱུ་ཡོངས་སུ་འཛིན་པ་དང་ཡུལ་དེའི་སྒྲིབ་པ་དང་སྒྲིབ་དེ་གཅོད་པའི་རྐྱེན་དང་ཆོས་དྲུག་པོ་རྣམས་ལ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རྒྱུན་མི་འཆད་དོ། །གཉིས་པ་ནི། འཕྲིན་ལས་རྒྱུ་གང་ལ་བརྟེན་ནས་རྒྱུན་མི་འཆད་ཅེ་ན་འབྲས་བུའི་སར་ངེས་པར་འབྱིན་པའི་རྒྱུ་ནི་ས་བཅུ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དག་ནི་འཕྲིན་ལས་དེ་འགྲུབ་པའི་རྒྱུ་ཡིན་ནོ། །འབྲས་བུ་གང་ཐོབ་པས་རྒྱུན་མི་འཆད་ཅེ་ན། འཕྲིན་ལས་དེའི་འབྲས་བུ་ནི་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ་ཞེས་པའོ། །བྱང་ཆུབ་རང་གིས་ཐོབ་ཀྱང་གཞན་ལ་འཕྲིན་ལས་འཇུག་པའི་རྒྱུ་མེད་པས་བྱང་ཆུབ་ཐོབ་པར་བྱེད་མི་ནུས་སོ་སྙམ་ན་བྱང་ཆུབ་ཀྱི་བདག་ཉིད་ཁམས་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པས། འཕྲིན་ལས་འཇུག་ཏུ་རུང་ངོ་ཞེས་པའོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཡོད་པས་སངས་རྒྱས་ཀྱི་འཕྲིན་ལས་དོན་མེད་དོ་སྙམ་ན་བྱང་ཆུབ་དེ་ལ་སྒྲིབ་པར་བྱེད་པ་ནི་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སོ་ཞེས་པས་འཕྲིན་ལས་དོན་ཡོད་དོ་ཞེས་པའོ། །གལ་ཏེ་སྒྲིབ་པ་དེ་སེལ་བའི་ཐབས་མེད་པས་སེལ་བར་མི་ནུས་སོ་སྙམ་ན། སྒྲིབ་པ་དེ་འཇོམས་པའི་རྐྱེན་ནི་དུས་ཀུན་དུ་འཇུག་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན་ནོ། །ཞེས་པའོ། །གསུམ་པ་ནི། ངེས་པར་འབྱིན་པ་ལ་སོགས་པའི་དོན་གྱི་གནས་དྲུག་པོ་འདི་དག་རྣམས་གོ་རིམ་བཞིན་དུ་རྒྱ་མཚོ་དང་ཉི་མ་དང་ནམ་མཁའ་དང་། གཏེར་དང་སྤྲིན་དང་རླུང་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་ན་དྲི་མ་དག་པར་བྱེད་པའི་ཤེས་རབ་ཀྱི་ཆུ་དང་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་དང་ལྡན་པའི་ཕྱིར་ས་བཅུ་རྣམས་ནི་རྒྱ་མཚོ་ཆེན་པོ་བཞིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་སྟེ་ཕན་པར་བྱེད་པའི་ཕྱིར་ཚོགས་གཉིས་པོ་དག་ནི་ཉི་མ་བཞིན་ནོ། །རྒྱ་ཆེན་པོ་མཐའ་དང་དབུས་མེད་པ་ཡིན་པའི་ཕྱིར། འབྲས་བུ་བྱང་ཆུབ་ནི་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་དུ་དང་པོ་ནས་ཡོད་པའི་ཕྱིར་སེམས་ཅན་གྱི་ཁམས་ནི་གཏེར་དང་འདྲའོ། །བློ་བུར་དུ་འབྱུང་བ་དང་སེམས་ལ་ཁྱབ་པར་བྱེད་པ་དང་། རྩ་བ་མ་གྲུབ་པའི་ཕྱིར་ཁམས་དེའི་སྒྲིབ་བྱེད་ཉོན་མོངས་པ་ནི་སྤྲིན་གྱི་ཚོགས་བཞིན་ནོ། །སྒྲིབ་པའི་སྤྲིན་དེ་མཐོང་བར་ན་བྱེད་པ་ནི་ཉེ་བར་གནས་པའི་ཕྱིར་ཐུགས་རྗེ་མི་ཟད་པ་སྟེ་ཆེན་པོ་ནི་སྤྲིན་གཏོར་བར་བྱེད་པའི་ཕྱིར་རླུང་དང་འདྲའོ། །བཞི་པ་ནི། དུས་འཁོར་བ་ཇི་སྲིད་དུ་མཛད་པ་འཕྲིན་ལས་རྒྱུན་མི་འཆད་དོ། །ཞེས་བྱའོ། །རྒྱུ་མཚན་གང་ལས་ཞེ་ན། དང་པོ་ཐུགས་བསྐྱེད་པ་ན་གཞན་དོན་དུ་འཚང་རྒྱ་བར་དམ་བཅས་ལ་དེའི་ཐབས་སུ་ས་བཅུ་དང་ཚོགས་གཉིས་བསྒྲུབ་པས་རྒྱུ་ཕུན་སུམ་ཚོགས་པའི་གཞན་གྱི་དབང་གིས་ངེས་པར་འབྱུང་བ་དང་། མཁྱེན་པའི་བདག་དང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པས་གདུལ་བྱ་ལ་འཕྲིན་ལས་འཇུག་པའི་རྒྱུ་ཡོད་པའི་ཕྱིར་ཞུགས་པ་དོན་ཡོད་པ་དང་། ཐུགས་རྗེའི་མཛད་པ་སྒྲིབ་པ་སྤྲིན་ལྟ་བུ་སེལ་བའི་འཕྲིན་ལས་ཡོངས་སུ་རྫོགས་པའི་ཕྱིར་རོ། །གསུམ་པ་དཔེའ་བསྒྲུབ་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སྐུའི་ངོ་བོ་བརྒྱ་བྱིན་དང་འདྲ་བ་དང་། གསུང་གི་ངོ་བོ་ལྷའི་རྔ་དང་འདྲ་བ་དང་། ཐུགས་ཀྱི་ངོ་བོ་སྤྲིན་དང་འདྲ་བ་དང་། སྐུའི་མཛད་པ་ཚངས་པ་དང་འདྲ་བ་དང་། ཐུགས་ཀྱི་མཛད་པ་ཉི་མ་དང་འདྲ་བ་དང་། ཐུགས་ཀྱི་གསང་བ་ནོར་བུ་རིན་ཆེན་བཞིན་དང་། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་བཞིན་དང་སྐུའི་གསང་བ་ནམ་མཁའ་དང་འདྲ་བ་དང་། དགེ་བ་བསྐྱེད་པ་ས་གཞི་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། དཔེའ་སོ་སོའི་རང་བཞིན། དཔེས་བསྟན་པའི་དགོས་པ། དཔེའི་གོ་རིམ་ངེས་པའོ། །དང་པོ་ལ་དཔེ་དགུ་ལས། དང་པོ་སྐུའི་ངོ་བོ་བརྒྱ་བྱིན་དང་འདྲ་བ་ལ་གཉིས་ཏེ། རྣམ་རྟོག་མེད་པ། སྐྱེ་འགགས་མེད་པའོ། །དང་པོ་ལ་གཉིས་ཏེ། དཔེའ་དང་། དོན་ནོ། །དང་པོ་ལ་བཞི་ལས། གཞི་ལ་གཟུགས་བརྙན་སྣང་བའི་ཚུལ་ནི་དཔེའི་ཇི་ལྟར་འཛམ་བུའི་གླིང་གི་སའི་སྟེང་འདི་རིན་པོ་ཆེ་བཻཌཱུརྱ་དག་པའི་རང་བཞིན་དུ་གྱུར་ཏེ་གཞིའ་ཤིན་ཏུ་དག་པའི་ཕྱིར་དེར་སུམ་བཅུ་རྩ་གསུམ་གྱི་གནས་ན་ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་མོའི་འཁོར་གྱི་ཚོགས་དང་བཅས་པ་དང་། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དང་། དེ་ལས་གཞན་ཉེ་དབང་རྣམས་ཀྱི་ལྷ་གནས་དག་དང་། ཉེ་དབང་དེའི་གཞལ་ཡས་ཁང་སྣ་ཚོགས་རྣམས་དང་། དེ་དག་གི་ལོངས་སྤྱོད་གྱུར་པ་ལྷ་རྫས་ཀྱི་དངོས་པོ་རྣམ་པ་མང་པོ་དེ་དག་འཛམ་བུ་གླིང་པའི་མི་རྣམས་ཀྱིས་མཐོང་ངོ་ཞེས་པའོ། །རྐྱེན་དེས་ཕན་པ་ལ་འཇུག་པ་ནི་གཟུགས་བརྙན་དེ་རྣམས་མཐོང་བ་དེ་ནས་འཛམ་བུ་གླིང་གི་སའི་སྟེང་ན་གནས་པའི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་རྣམས་བསམ་པ་སྨོན་ལམ་འདེབས་པར་བྱེད་ཅིང་སྦྱོར་བའི་བརྒྱ་བྱིན་དེ་ཐོབ་པའི་དོན་དུ་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་ནི་ཡང་དག་པར་བླངས་ཏེ་གནས་པར་འགྱུར་རོ། །རྐྱེན་གང་ལ་ན་གཟུགས་བརྙན་སྣང་བ་དེ་ནི་མཐོང་བར་གྱུར་ཏེ་དེའི་རྐྱེན་ལས་སོ། །སྨོན་ལམ་ཇི་ལྟ་བུ་ཞེ་ན། ངེད་ཀྱང་དུས་རིང་པོ་མི་ཐོགས་པར་ལྷའི་དབང་པོ་འདི་འདྲ་བར་གྱུར་ཅིག་ཅེས་དེ་འདྲའི་སྨོན་ལམ་མོ། །ཕན་པ་ལ་ཞུགས་པའི་འབྲས་བུ་ནི་གང་ཟག་དེ་དག་ལྷའི་དབང་པོའི་གཟུགས་བརྙན་འདི་སྣང་བ་ཙམ་ཡིན་གྱི་ལྷ་དབང་ཉིད་སྣང་བ་མ་ཡིན་ཞེས་དེ་ལྟ་བུར་ཤེས་པ་མེད་ཀྱང་སའི་སྟེང་འདི་ནས་ཤི་འཕོས་ཏེ་ལྷའི་དབང་པོར་སྐྱེ་བར་འགྱུར་རོ། །རྒྱུ་གང་ལས་ན་གཟུགས་བརྙན་སྣང་བའི་ཚུལ་རྐྱེན་ལས་སྨོན་ལམ་བཏབ་ཅིང་དགེའ་བའི་ལས་བསྒྲུབས་སོ། །ཞེས་པའོ། །སྣང་བ་ལ་རྣམ་རྟོག་མེད་པ་ནི་གཟུགས་བརྙན་སྣང་བ་དེ་ནི་འཛམ་བུའི་གླིང་པ་རྣམས་དགེའ་བ་ལ་གཞུག་པར་བྱ་སྙམ་པའི་ཀུན་སློང་གི་རྟོག་པ་མེད་ཅིང་འབད་རྩོལ་གྱི་གཡོའ་བ་མེད་པ་དེ་ལྟ་མོད་ཀྱི་འོན་ཀྱང་གོང་དུ་བཤད་པ་ལྟར་སའི་སྟེང་ན་དོན་ཆེན་གྱིས་ནི་ཉེ་བར་གནས་སོ། །གཉིས་པ་དོན་ལ་ཡང་བཞི་ལས། སེམས་ལ་སངས་རྒྱས་སྣང་བའི་ཚུལ་ནི། དེ་བཞིན་དུ་དཔེའ་རྫོགས་པའི་སངས་རྒྱས་མཐོང་བར་འགྱུར་རོ་ཞེས་པའོ། །ཇི་ལྟར་ན། དད་པ་དང་མོས་པ་ལ་སོགས་པའི་དྲི་མ་མ་དད་པ་ལ་སོགས་པ་མེད་པ་ཅན་གྱི་རང་གི་སེམས་ལ་སྣང་བའོ། །དེ་གང་ལས་བྱུང་ན། དད་པ་ལ་སོགས་པའི་ཡོན་ཏན་བསྒོམ་པའི་རྒྱུ་ལས་བྱུང་བའོ། །སངས་རྒྱས་ཇི་ལྟ་བུ་ཞིག་མཐོང་ཞེ་ན། སྐུའི་ངོ་བོ་མཚན་དང་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་པ་སྤྱོད་ལམ་འཆག་པ་དང་ནི་བཞེངས་པ་དང་བཞུགས་པ་དང་ནི་མནལ་གཟིམས་པ་དང་གཞན་ཡང་ཕྱག་སྐྱོང་བ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་མཛད་པ་ཅན་ནོ། །གདུལ་བྱ་ལ་ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་གསུང་བ་དང་རེས་འགའ་ཆོས་མི་གསུང་བར་ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པར་གྱུར་པ་དང་། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་མཛད་པ་གཟིའ་མདངས་ཅན་ནོ། །གང་གིས་མཐོང་ན་ལས་དག་པའི་སེམས་ཅན་རྣམས་ཀྱིས་སོ། །རྒྱུ་དེ་ཡིས་ཕན་པ་ལ་འཇུག་པའི་འབྲས་བུ་འདོད་པས་ཡུལ་དུ་བྱས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་དོ། །ཞེས་པའོ། །རྒྱུ་གང་ལས་ཞེ་ན། སངས་རྒྱས་དེའི་རྒྱུ་ཡང་དག་པར་བླངས་ནས་ནི་ཞེས་པའོ། །དེ་ཉིད་གང་ཡིན་ཞེ་ན། བསམ་པ་སངས་རྒྱས་དེ་ཐོབ་པར་འདོད་པ་དང་ལྡན་པའི་སྨོན་ལམ་དང་སྦྱོར་བ་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་དགེ་བ་ལ་རབ་ཏུ་སྦྱོར་ཏེ་ཞེས་པའོ། །རྐྱེན་གང་ལས་ན་སངས་རྒྱས་ཀྱི་གཟུགས་སྐུ་དེ་མཐོང་བས་ཀྱང་དེའི་རྐྱེན་ལས་སོ། །སྣང་བ་ལ་རྟོག་པ་མེད་པ་ནི་སངས་རྒྱས་ཀྱི་གཟུགས་སྐུ་སྣང་བ་དེ་ནི་ཤིན་ཏུ་ཡང་གདུལ་བྱ་ལ་སྐུའི་སྣང་བ་ཡང་སྟོན་པ་དང་ཆོས་གསུངས་པ་ལ་སོགས་པ་ཀུན་སློང་གི་རྟོག་པ་མེད་ཅིང་འབད་རྩོལ་གྱི་ཆོས་སྐུ་ལས་གཡོ་བ་མེད་ལ་དེ་ལྟ་ན་ཡང་གདུལ་བྱའི་འཇིག་རྟེན་ན་དོན་ཆེན་པོ་ཉེ་བར་གནས་སོ། །ཕན་པའི་འབྲས་བུ་ལ་ཞུགས་པའི་འབྲས་བུ་ནི་གཟུགས་ཀྱི་སྐུའི་སྣང་བ་འདི་ནི་རང་གི་སེམས་ལ་སྣང་བའི་རྣམ་པ་ཙམ་ཡིན་གྱི་རྫོགས་པའི་སངས་རྒྱས་ཉིད་ནི་མ་ཡིན་ནོ། །ཞེས་སོ་སོ་སྐྱེ་བོས་མི་ཤེས་མོད་དེ་ལྟ་ན་ཡང་གཟུགས་སྐུ་མཐོང་བ་དེ་གདུལ་བྱ་དེ་དག་ལ་ནི་དོན་ཆེན་པོར་ཡོད་པར་འགྱུར་ཏེ། ཇི་ལྟར་ན་གཟུགས་སྐུ་དེ་མཐོང་བ་ལ་བརྟེན་ནས་ཐེག་པ་ཆེན་པོ་འདི་ལ་གནས་པའི་གང་ཟག་རྣམས་ཀྱིས་ཕ་རོལ་དུ་ཕྱིན་པ་དྲུག་ལ་བསླབས་པས་ས་དང་པོ་ཡན་ཆད་དུ་རིམས་ཀྱིས་རང་གི་ནང་སེམས་ཀྱི་དམ་པའི་ཆོས་སྐུ་ནི་ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་མཐོང་བར་འགྱུར་རོ། །ཞེས་པའོ། །གཉིས་པ་སྐྱེ་འགགས་མེད་པ་ལ་གཉིས་ཏེ། དཔེའ་དང་། དོན་ཏོ། །དང་པོ་ནི་གཉིས་ལས། སྐྱེ་འགགས་སུ་སྣང་བའི་ཚུལ་ནི། དཔེ་ཇི་ལྟར་འཛམ་བུ་གླིང་གི་ས་གཞི་ཀུན་ནས་གཡང་སའམ་ངམ་གྲོག་ལ་སོགས་པ་ཉམ་ང་བའི་གནས་གཞན་དང་བྲལ་ནས་དྲི་མ་མེད་པའི་རིན་པོ་ཆེ་བཻཌཱུརྱ་འོད་གསལ་ཞིང་མཛེས་པ་ལས་གྲུབ་པའི་སའི་སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ་དེར་བརྒྱན་པའི་ཁྱད་པར་ནི་དྲི་མ་དང་བྲལ་བའི་ནོར་བུ་རིན་པོ་ཆེ་བཀོད་པའི་ཡོན་ཏན་གྱི་དཔལ་དང་ལྡན་པའོ། །དེར་གཟུགས་འཆར་བའི་ཚུལ་ནི་གང་གི་ཕྱིར་ཅེས་པ་གཞི་དག་པ་དེའི་ཕྱིར་གཞི་དེ་ནི་ལྷའི་བདག་པོ་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་ཚོགས་དང་བཅས་པ་ལྷའི་དབང་པོ་དང་ལྷ་གཞན་གྱི་གཟུགས་ཤར་ཏེ་ཞེས་པའོ། །འགགས་པའི་ཚུལ་ནི་ཕྱིས་རིམ་གྱིས་སའི་ཡོན་ཏན་དག་པ་དང་བྲལ་བའི་ཕྱིར་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བར་འགྱུར་རོ་ཞེས་པའོ། །སྣང་བའི་བྱེད་པ་ནི། བརྒྱ་བྱིན་དེའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་བསྙེན་གནས་དང་དེ་ལས་གཞན་པའི་བརྟུལ་ཞུགས་དང་སྦྱིན་པ་ལ་སོགས་པའི་དགེ་བ་ལ་ངེས་པར་ཕྱོགས་པའི་བུད་མེད་དང་སྐྱེས་པའི་ཚོགས་རྣམས་བརྒྱ་བྱིན་ལ་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བར་བྱེད་པ་ལྟར་རོ། །ཞེས་པའོ། །གཉིས་པ་དོན་ལ་གསུམ་ལས། གཟུགས་སྐུ་སྣང་བའི་བྱེད་པ་ནི། དྲི་མས་དག་པའི་བཻཌཱུརྱ་དང་འདྲ་བའི་རང་གི་སེམས་དག་པ་ལ་སྣང་བའི་ཐུབ་པའི་དབང་པོ་དེ་ཐོབ་པར་བྱ་བའི་ཕྱིར་བསམ་པ་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་པ་དང་བུད་མེད་དང་བརྒྱ་བྱིན་ལསྨོན་ལམ་འདེབས་པ་དེ་བཞིན་དུ་བྱང་ཆུབ་སེམས་རབ་ཏུ་བསྐྱེད་པར་བྱེད་དོ། །རྐྱེན་གཟུགས་བརྙན་སྣང་བའི་ཚུལ་ནི། དཔེའ་ཇི་ལྟར་བཱཻཌཱུརྱའི་ས་གཞི་གཙང་མ་ལ་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར་དེ་བཞིན་དུ་གདུལ་བྱའི་འགྲོ་བའི་དད་པའི་སེམས་ཀྱི་ས་གཞི་གཙང་བ་ལ་ཐུབ་པའི་དབང་པོའི་ལོངས་སྤྱོད་རྫོགས་པའི་སྐུའ་གཟུགས་བརྙན་སྤྲུལ་པའི་སྐུའི་སྣང་བ་འཆར་རོ་ཞེས་པའོ། །སེམས་དབང་གིས་སྐྱེ་འགགས་སུ་སྣང་བ་ནི་གདུལ་བྱའི་འགྲོ་བར་ཐུབ་པའི་སྐུའི་གཟུགས་བརྙན་འཆར་བ་ན་མ་དད་པའི་རྙོག་པ་མེད་པའི་དད་པའི་རང་གི་སེམས་ཀྱིས་དབང་གིས་འཇུག་ཅིང་། ཡང་གཟུགས་བརྙན་ནུབ་ཏེ་མྱ་ངན་འདས་པར་སྣང་བ་ཡང་མ་དད་པ་ལ་སོགས་པ་སྒྲིབ་པའི་རྙོག་པ་དང་བཅས་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་འཇུག་གོ། །ཇི་ལྟར་འཇིག་རྟེན་དག་ན་འཛམ་བུ་གླིང་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བར་སྣང་བ་དང་ནུབ་པར་སྣང་ཡང་བརྒྱ་བྱིན་འཕོས་པ་མེད་པ་ལྟར་དེ་བཞིན་དུ་གདུལ་བྱའི་སེམས་ལ་གཟུགས་སྐུ་སྐྱེ་བ་དང་འགགས་པར་སྣང་བ་ཡང་དེ་བཞིན་གཤེགས་པ་ཉིད་ལ་ཡོད་པ་སྟེ་སྐྱེ་བ་དང་ཞིག་པ་སྟེ་འཆི་འཕོ་བ་ཞེས་དེ་ལྟར་མི་ལྟ་སྟེ་མི་བསམ་མོ། །གཉིས་པ་གསུང་གི་ངོ་བོ་ལྷའི་རྔ་དང་འདྲ་བ་ལ་གསུམ་སྟེ། ཕན་འདོགས་པའི་རྣམ་པ། ཁྱད་པར་དུ་འཕགས་པའི་ཆོས། དེ་དམིགས་པའི་རྒྱུ་མཚན་ནོ། །དང་པོ་ལ་གཉིས་ཏེ། བག་ཡོད་པ་ལ་སྦྱོར་བ། འཚེ་བ་ལས་སྐྱེ་བའོ། །དང་པོ་ལ་གཉིས་ཏེ། ཆོས་སྟོན་པ་དང་། དེའི་བྱེད་ལས་སོ། །དང་པོ་དཔེ་ནི། ཇི་ལྟར་ལྷའི་ནང་དུ་ཆོས་ཀྱི་རྔས་ནི་བསྐུལ་བར་བྱེད་པ་ལྟར་ཞེས་པའོ། །རྔ་དེ་རྒྱུ་གང་ལས་བྱུང་ན། ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡིས་ནི་བྱུང་བའོ། །ཇི་ལྟར་བསྐུལ་བར་བྱེད་ན། འབད་རྩོལ་དང་གནས་དང་ཡིད་དང་བཅས་པའི་གཟུགས་དང་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུའོ། །གང་གིས་བསྐུལ་ན་འདུས་བྱས་ཐམས་ཅད་མི་རྟག་པ་དང་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའི་སྒྲ་ཡིས་སོ། །གང་བསྐུལ་ན། འདོད་པའི་ཡོན་ཏན་ལ་གཡེངས་པས་བག་མེད་པའི་ལྷ་རྣམས་ཐམས་ཅད་དོ། །དུས་ནམ་ན། ཡང་དང་ཡང་དུའོ། །དོན་ནི་དེ་བཞིན་དུ་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཆོས་སྟོན་ཏོ། །ཇི་ལྟར་ན། འབད་རྩོལ་ལ་སོགས་པ་དང་བྲལ་ཡང་འགྲོ་བ་མ་ལུས་པ་ལ་སངས་རྒྱས་གསུང་གིས་ཁྱབ་པར་མཛད་དེ་སྟོན་ཏོ། །གང་ལ་ན། གདུལ་བྱ་གསུང་གི་འཕྲིན་ལས་འཇུག་པའི་སྐལ་བ་དང་ལྡན་པ་རྣམས་ལའོ། །གཉིས་པ་ནི་དཔེ་ཇི་ལྟར་ལྷའི་གནས་ན་ལྷ་རྣམས་བསྐུལ་བར་བྱེད་པའི་རྔ་སྒྲ་དེ་རང་གི་སྔོན་གྱི་དགེ་བའི་ལས་ལས་བྱུང་བ་དེ་བཞིན་དུ་འཇིག་རྟེན་ན་ཐུབ་པའི་ཆོས་གསུང་བའང་གདུལ་བྱ་རྣམས་ཀྱི་རང་གི་དགེའ་བའི་ལས་བསགས་པ་ལས་བྱུང་བ་ཡིན་ནོ། །ཡང་ཇི་ལྟར་འབད་རྩོལ་དང་གནས་དང་། ལུས་དང་། སེམས་དང་བྲལ་བའི་རྔའི་སྒྲ་དེ་ལྷ་རྣམས་ལ་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་འབད་རྩོལ་ལ་སོགས་དེ་བཞིན་དང་བྲལ་བའི་སངས་རྒྱས་ཀྱི་ཆོས་གསུང་བ་འདི་གདུལ་བྱ་ལ་ཞི་བ་སྒྲུབ་པར་བྱེད་དོ། །གཉིས་པ་འཚེ་བ་ལས་སྐྱོབ་པ་ལ་གཉིས་ལས། དེས་ནི་ཇི་ལྟར་སེལ་བར་བྱེད་པ་བཞིན་ནོ་ཞེས་པའོ། །གནས་ནི། ལྷའི་གྲོང་ཁྱེར་ལྟ་ན་སྡུག་ལ་སོགས་པ་ནའོ། །རྒྱུ་གང་གིས་ན། རྔ་སྒྲའི་རྒྱུ་ལས་བྱུང་བའི་མི་འཇིགས་པ་སྦྱིན་པ་ནི་ཞེས་པའོ། །དུས་གང་གི་ཚེ་སེལ་ན། ཉོན་མོངས་ཞེས་རྩུབ་འགྱུར་གྱི་ཚལ་དུ་ལྷ་མ་ཡིན་དང་འཐབ་མོའི་གཡུལ་དུ་འཇུག་པའི་ཚེ་ནའོ། །གང་སེལ་ན། ལྷ་མིན་གྱི་དཔུང་རྒྱལ་ཏེ་ལྷ་རྣམས་སྐྲག་པའི་འཇིགས་པ་དང་ཞར་ལ་འོངས་པ་བག་ཡོད་པ་ལ་སྦྱོར་བ་ལ་བག་མེད་པའི་རྩེ་མོའོ། །གཉིས་པ་དོན་ནི། དེ་བཞིན་དུ་གནས་འཇིག་རྟེན་དག་ན་རྒྱུ་བསམ་གཏན་དང་གཟུགས་མེད་ལ་སོགས་པའི་དགེ་བའི་རྒྱུ་ལས་བྱུང་བའི་འབྲས་བུ་སེམས་ཅན་གྱི་ཉོན་མོངས་པ་དང་སྡུག་བསྔལ་རབ་ཏུ་འཇོམས་པར་བྱེད་པའི་རང་གི་ངོ་བོ་ཞི་བ་མྱ་ངན་ལས་འདས་པ་བླ་ན་མེད་པའི་ལམ་གྱི་ཚུལ་བརྗོད་དེ་ཞེས་པའོ། །གཉིས་པ་ཁྱད་པར་དུ་འཕགས་པའི་ཆོས་ནི་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ། གལ་ཏེ་ལྷའི་རྔ་སྒྲ་དཔེར་བྱེད་ཀྱི་སིལ་སྙན་གཞན་དཔེར་མི་བྱེད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཐུབ་པའི་གསུང་དབྱངས་ལྷ་རྫས་ཀྱི་སིལ་སྙན་རྣམས་ལས་ཁྱད་པར་དུ་འཕགས་པའོ། །རྒྱུ་མཚན་གང་གི་ཕྱིར་ན་སྐྱེ་བོ་ཀུན་ལ་ཁྱབ་པ་ཉིད་དང་། མ་འོངས་པ་ན་ཕན་པ་དང་ཚེ་འདིར་བདེ་བ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་སྟོན་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་གསུམ་དང་ལྡན་པའི་སྡུག་བསྔལ་ངེས་པར་འབྱིན་པའི་ཕྱིར་རོ། །ལྷའི་སིལ་སྙན་རྣམས་ནི་ཉི་ཚེ་བ་དང་ཕན་པ་མ་ཡིན་པ་དང་། ངེས་པར་འབྱིན་པ་མ་ཡིན་པས་དཔེར་མི་རུང་ངོ་། །ལྷའི་རྔ་སྒྲ་ནི་བག་མེད་པ་ཐམས་ཅད་བག་ཡོད་པ་ལ་བསྐུལ་བ་དང་། དུས་ལས་མི་འདའ་བས་ཉི་རྩེ་མ་ཡིན་པ་དང་། ལྷ་མ་ཡིན་ལ་སོགས་པའི་ཉེ་བར་འཚེ་བའི་འཇིགས་པ་ལས་སྐྱོབ་པ་དང་། བག་ཡོད་པ་ལ་སྦྱོར་བས་ཕན་པ་དང་། འདོད་པའི་བདེ་བ་ལ་ཆགས་པ་སྤོང་ཞིང་ཆོས་ཀྱི་དགའ་བདེ་ཉེ་བར་སྒྲུབ་པས་ན་བདེའ་བ་དང་། མི་རྟག་པ་ལ་སོགས་པ་སྒྲོགས་ཤིང་འཕོངས་པ་ཉེ་བར་ཞི་བར་བྱེད་པའི་ངེས་པར་འབྱིན་པ་ཡིན་པའི་ཕྱིར་སངས་རྒྱས་གསུང་གི་དཔེར་མི་རུང་ངོ་། །རྒྱས་པར་བཤད་པ་དང་། ལྷའི་སིལ་སྙན་ལས་དེ་བཞིན་གཤེགས་པའི་གསུང་ཁྱད་པར་བཞིས་ཁྱད་པར་དུ་འཕགས་ཏེ་ལྷའི་ནང་གི་རྔའི་སྒྲ་ཆེན་པོ་ཞེས་འབྱུང་ཡང་སིལ་སྙན་རྣམས་ནི་ས་ལ་གནས་པའི་ལྷ་རྣམས་ཀྱི་རྣ་བར་མི་འགྲོ་བས་ཁྱབ་པ་མ་ཡིན་ལ་སངས་རྒྱས་ཀྱི་གསུང་རྔ་སྒྲ་ནི་དུས་ལ་བབས་པའི་གདུལ་བྱ་ལ་འཁོར་བའི་ས་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་འགྲོ་བའི་ཁྱབ་པ་དང་ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང་པོ་ཡང་འདོད་ཆགས་ཀྱི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མ་ཡིན་པ་ལ་ཐུགས་རྗེའི་བདག་ཉིད་སངས་རྒྱས་རྣམས་ཀྱི་གསུངས་དབྱངས་གཅིག་ཀྱང་སྡུག་བསྔལ་གྱི་མེ་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་མ་འོངས་པ་ན་ཕན་པ་དང་། ལྷར་ནི་མཛེས་ཤིང་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་ནི་སེམས་ཀྱི་རྒོད་པ་དང་རྣམ་གཡེང་འཕེལ་བར་བྱེད་པའི་རྒྱུ་ཡིན་པས་བདེ་བ་ཡིན་ལ་ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ནི་གདུལ་བྱ་ཏིང་ངེ་འཛིན་ལ་སེམས་གཏོད་པའི་བསམ་པ་བསྐུལ་བར་བྱེད་པ་ཉིད་ཡིན་པས་བསམ་གཏན་གྱི་བདེ་བ་བསྐྱེད་པར་བྱེད་པ་དང་། མདོར་ན་མ་ལུས་འཇིག་རྟེན་གྱི་ཁམས་རྣམས་སུའང་ལྷ་དང་སའི་སྟེང་ན་གནས་པའི་མི་ལ་སོགས་པའི་སྡུག་བསྔལ་རྒྱུར་བཅས་ཟད་ནས་ཟག་པ་མེད་པའི་བདེ་བའི་རྒྱུ་གང་ཡིན་པ་དེ་ནི་མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པར་སྣང་བའི་ཐུབ་པའི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟན་པར་བརྗོད་དོ། །ཞེས་པའི་སྡུག་བསྔལ་ངེས་པར་འབྱིན་པའི་ཁྱད་པར་འཕགས་སོ། །གསུམ་པ་མི་དམིགས་པའི་རྒྱུ་མཚན་ནི་གལ་ཏེ་དེ་བཞིན་གཤེགས་པའི་གསུང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ་ཡིན་ན་འགའ་ཞིག་གིས་མི་ཐོས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་སངས་རྒྱས་ཀྱི་གསུང་གི་ཉེས་པ་མ་ཡིན་གྱི་སེམས་ཅན་ཉིད་ཀྱི་ཉེས་པ་ཡིན་ཏེ་ཇི་ལྟར་རྣ་བ་འདི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་ནི་ཡོད་ཀྱང་མི་མྱོང་བཞིན་མི་ཐོས་པ་བཞིན་ནམ་སྒྲ་ཐམས་ཅད་མ་ལུས་པ་ལྷའི་རྣ་བར་ཡང་རྣ་ལམ་དུ་ནི་མི་འགྲོ་ཡང་སྒྲའི་ཉེས་པ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་བློ་མཆོག་ཏུ་ཞིབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡང་གདུལ་བྱ་ཉོན་མོངས་པ་མེད་པའི་ཡིད་ཅན་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་གྱི་ཡོད་ཀྱང་ཐམས་ཅད་ཀྱིས་ཐོས་པར་མི་འགྱུར་རོ། །ཐུགས་ཀྱི་ངོ་བོ་སྤྲིན་དང་འདྲ་བ་ལ་བཞི་སྟེ། ཡོངས་སུ་སྨིན་པར་བྱེད་པ། སྣོད་ཀྱི་དབང་གིས་ཐ་དད་དུ་སྣང་བ། ཕན་པ་དང་གནོད་པ་ལ་ལྟོས་མེད་དུ་འཇུག་པ། སྡུག་བསྔལ་གྱི་མི་འཇིལ་བའོ། །དང་པོ་ལ་གཉིས་ལས། བསྟན་པ་ནི་ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ཕུང་པོ་ལས་ས་གཞི་ལ་ལོ་ཏོག་ཕུན་སུམ་ཚོགས་པ་སྐྱེ་བའི་རྒྱུ་ཆུའི་ཕུང་པོ་ཆེན་པོ་འབད་རྩོལ་མེད་པར་མངོན་པར་འབེབས་པ་ལྟར། དེ་བཞིན་དུ་རྒྱལ་བའི་དམ་པའི་ཆོས་ཀྱི་ཆུའི་ཆར་འབེབས་སོ་ཞེས་པའོ། །རྒྱུ་གང་ལས་ན། ཚད་མེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ནི་ཞེས་པའོ། །དགོས་པ་གང་གི་དོན་དུ་ན། གདུལ་བྱའི་འགྲོ་བའི་རྒྱུད་ལ་དགེ་བའི་ལོ་ཏོག་བསྐྱེད་པའི་རྒྱུ་ཞེས་པ་དེའི་དོན་དུའོ། །ཚུལ་ཇི་ལྟར་ན། ཀུན་སློང་གི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའོ། །བཤད་པ་ནི། ཇི་ལྟ་འཇིག་རྟེན་པའི་སྐྱེ་བོ་རྣམས་དགེ་བའི་ལམ་དུ་འཇུག་ཅིང་བརྩོན་པ་ན་ལྷ་རྣམས་ཀྱིས་རླུང་གིས་བསྲུབས་པ་ལས་སྐྱེས་པའི་ཆུའི་ཆར་པ་སྤྲིན་གྱི་ཚོགས་ལས་འབེབས་པ་ལྟར་དེ་ནི་ཐུགས་བརྩེ་བའི་རླུང་གིས་བསྐྱོད་པའི་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་འབེབས་སོ། །དགོས་པ་གང་གི་ཕྱིར་ན་གདུལ་བྱའི་འགྲོ་བའི་རྒྱུད་ལ་དགེ་བའི་ལོ་ཏོག་མངོན་པར་སྤེལ་བའི་ཕྱིར་རོ། །དེའི་ཚུལ་བཤད་པ་སྲིད་པ་ན་གནས་པའི་སེམས་ཅན་ལ་དགེ་བའི་ལོ་ཏོག་བསྐྲུན་པའི་རྒྱུད་ཡིན་ནོ་ཞེས་པའོ། །གང་ན་ཐུབ་པའི་དབང་པོའི་ཐུགས་ཀྱི་སྤྲིན་ནི་ཞེས་པའོ། །དེ་ཇི་ལྟ་བུ་ཞེ་ན། དྲི་མ་མེད་པའི་ཏིང་ངེ་འཛིན་དང་གཟུངས་ཀྱི་ཆུའི་སྙིང་པོ་ཅན་ནོ། །དེ་གནས་གང་ལ་གནས་ཞེ་ན། མཁྱེན་པ་དང་བརྩེ་བ་ཆེན་པོའི་ནམ་མཁའི་དཀྱིལ་ན་གནས་པའོ། །ནམ་མཁའ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱིས་འགྱུར་བ་དང་བཅས་པའི་འཁོར་བའི་ཉེས་པ་དང་སྙིང་རྗེས་མི་འགྱུར་བ་ཞི་བ་མྱ་ངན་ལས་འདས་པའི་སྤྲོས་པས་མ་གོས་པའོ། །གཉིས་པ་སྣོད་ཀྱི་དབང་གིས་ཐ་དད་དུ་འགྱུར་བ་ནི། ཇི་ལྟར་ནམ་མཁའ་ལ་ཆར་འབབ་པ་ན་ཐོག་མར་སྤྲིན་དེ་ལས་བསིལ་ཞིང་རོ་མངར་བ་དང་ལུས་ལ་མི་གནོད་པས་འཇམ་པ་དང་རེག་པ་ཡང་བ་ལ་སོགས་པའི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ནི་རོ་གཅིག་པ་ཐོན་ཞིང་འབབ་པར་གྱུར་ན་ཡང་ཕྱིས་ས་ལ་བབ་པ་ན་བ་ཚ་ཅན་ལ་སོགས་པའི་གནས་སོ་སོ་དང་འབྲེལ་པ་ལས་བ་ཚ་དང་ཁ་བ་ལ་སོགས་པའི་ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་བཞིན་དུ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་གསུངས་པ་ན་ཐོག་མར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཟབ་མོ་སྟོང་པ་ཉིད་དུ་རོ་གཅིག་པའི་ཆོས་ཀྱི་ཆར་ཐོན་ཞིང་ཕབ་ཀྱང་གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་རྒྱུད་ཀྱི་ཁམས་ཐ་དད་པའི་གནས་ཀྱི་དབང་པོ་རྣོ་རྟུལ་ལ་སོགས་པའི་དབྱེ་བ་ལས་ཐེག་པ་ལ་སོགས་པའི་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་ཏེ། དཔེར་ན་སྟོན་པས་འདུས་བྱས་ཐམས་ཅད་མི་རྟག་ཅེས་གསུངས་པ་ལ་ཉན་ཐོས་པ་དག་གིས་མི་རྟག་པའི་ཆོས་བདེན་པར་གོ་ལ། དབུ་མ་པས། བྱང་ཆུབ་སེམས་འགྲེལ་ལ། མདོར་ན་སངས་རྒྱས་རྣམས་ཀྱི་ནི། །སེམས་ཀྱི་མི་རྟག་ཉིད་བཞེད་ན། །དེ་དག་སེམས་ནི་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་མི་བཞེད་འགྱུར། །ཞེས་སྟོང་པ་ཉིད་དུ་གོ་བ་ལྟ་བུ་དང་། དེ་བཞིན་དུ་སྟོན་པས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལ་ཉན་ཐོས་པས་ལས་འབྲས་བདེན་པའི་རང་བཞིན་དུ་ཡོད་ཅིང་ལས་བྱེད་པ་པོས་འབྲས་བུ་ཉམས་སུ་མྱོང་བའི་བདག་ཡོད་པར་རྟོགས་པའི་བར་དུ་འགྱུར་ལ། དབུ་མ་པས་ནི་རྩ་བ་ལས། སྟོང་པ་ཉིད་དང་ཚད་མེད་དང་། །འཁོར་བ་དང་ནི་རྟག་པ་མའི། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་ཀྱིས་ནི་བསྟན་པ་ཡིན། །གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་ལས་རང་བཞིན་མེད་པར་གོ་བ་བཞིན་ནོ། །སློབ་དཔོན་དཔའ་བོས་བསྟོད་པ་ལས། མོས་པ་དུ་མ་དང་ལྡན་པ། །མང་པོ་འཁོད་པར་གྱུར་པ་ལ། །གསུང་གཅིག་བཀའ་ནི་སྩལ་པ་ལས། །དུ་མ་ལྟ་བུར་སྣང་གྱུར་ཏེ། །ཞེས་སོ། །གསུམ་པ་ཕན་གནོད་ལ་ལྟོས་མེད་དུ་འཇུག་པ་ལ་གསུམ་ལས། སྣོད་ཀྱི་དབྱེ་བ་དཔེས་བསྟན་པ་ནི། ཆོས་བསྟན་པའི་ཚེ་གདུལ་བྱ་ཐེག་པ་མཆོག་ལ་དང་བ་དང་བར་ལ་སྡང་བའི་སེམས་ཅན་གྱི་ཕུང་པོ་གསུམ་ནི་རིམ་པ་བཞིན་མི་དག་དང་རྨ་བྱ་དང་ཡི་དྭགས་དང་འདྲའོ། །དེ་དག་གི་ཆོས་མཐུན་པ་ནི་དཔྱིད་ཀྱི་མཐར་ཞེས་པ་སོས་ཀའི་དུས་སུ་སྤྲིན་མེད་པའི་ཆར་མི་འབབ་པ་ན་མི་རྣམས་མི་དགའ་ཞིང་ཡི་དྭགས་རྣམས་དགའ་ལ་དབྱར་གྱི་དུས་ཀྱི་ཚེ་ས་ལ་ཆར་འབབ་པ་ན་ཡི་དྭགས་དག་ནི་བྱེ་ཚན་གྱི་ཆར་དུ་འབབ་པས་སྡུག་ཅིང་མི་རྣམས་དགའ་ལ་མཁའ་ལ་མི་རྒྱུ་བའི་བྱ་ནི་རྨ་སྟེ་བཏང་སྙོམས་སུ་གནས་པ་ལྟར་ཞེས་པའོ། །ཡང་ན་རྨ་བྱ་ལ་ཆར་གྱིས་ཕན་པའི་དགའ་ལ་མི་ལ་ཕན་གནོད་གང་ཡང་མེད་པས་གཏང་སྙོམས་ཞེས་སྔ་ཕྱི་གོ་རིམ་བསྣོལ་བར་བྱ་སྟེ། སྙན་ངག་གི་བསྟན་བཅོས་ལས། སྤྲིན་གྱི་འཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོགས་པའི་སྒྲ་ལྡན་པའི། །རྨ་བྱ་ཡི་ནི་འཇུག་མ་དག །ཟླུམ་པོར་བྱས་ནས་གར་བྱེད་དོ། །ཞེས་འབྱུང་བས་སོ། །དོན་ནི་རྫོགས་པའི་སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོའི་སྤྲིན་གྱི་ཚོགས་དག་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་ཆུའི་ཆར་བྱུང་བ་ལས་ཐེག་པ་ཆེན་པོའི་ཆོས་འདོད་པའི་གང་ཟག་རྣམས་དགའ་ཞིང་ཐེག་ཆེན་གྱི་ཆོས་ལ་སྡང་བའི་གང་ཟག་རྣམས་མི་དགའ་བ་དང་། ཡང་ཆོས་ཀྱི་ཆར་མ་བྱུང་བ་ལས་ཀྱང་ཆོས་འདོད་པ་མི་དགའ་ཞིང་ཆོས་ལ་སྡང་བ་དགའ་བ་དང་། བར་མ་ཉན་ཐོས་ལ་སོགས་པ་རྣམས་གཉིས་ཀ་ལ་བཏང་སྙོམས་སུ་གནས་པ་འཇིག་རྟེན་ལ་ནི་དཔེའ་གོང་དུ་བསྟན་པ་དེ་ཉིད་ཀྱིས་མཚོན་ནོ། །ཉེས་པ་དབང་གིས་མི་ལྡོག་པ་ནི་ཇི་ལྟར་སྤྲིན་གྱི་ཚོགས་ཆུའི་ཐིགས་པ་རགས་པ་འཆེས་པ་རྡོ་ཚན་དང་རྡོ་རྗེའི་མེ་ཞེས་པ་ཐོག་འབེབས་པ་དང་ཆར་བསིལ་བ་འབེབས་པའི་སྲོག་ཆགས་ཕྲ་མོ་ལ་གནོད་པ་དང་རི་སུལ་དུ་སོང་བའི་རྨ་བྱ་དག་ལ་ཕན་པ་ལ་ལྟོས་པ་མེད་པ་ལྟར། དེ་བཞིན་གཤེགས་པའི་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་ཡང་ཕྲ་བ་ཟབ་མོ་སྟོང་པ་ཉིད་རྒྱ་ཆེན་པོའི་ཆོས་ཀྱི་ཐིགས་པ་སྟེ་ཆར་གྱི་ཐབས་ཚུལ་གྱིས་ཐེག་པ་མཆོག་ལ་མོས་པའི་གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་དག་པར་འགྱུར་བ་དང་། ཆོས་ལ་སྡང་བའི་བདག་ལྟའི་བག་ལ་ཉལ་ལས་ཉོན་མོངས་པ་འཕེལ་བར་འགྱུར་ཡང་དེ་དག་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་དེ་ཉེས་པ་ལྡོག་པར་མི་འགྱུར་རོ། །བཞི་པ་སྡུག་བསྔལ་གྱི་མི་འཇིལ་བ་ནི་བཞི་སྟེ། ཐུགས་རྗེའི་དམིགས་པ་སྡུག་བསྔལ་གྱི་རང་བཞིན། དེ་སེལ་བའི་ཐབས་སྟོན་པའི་ཁྱད་པར། བསྟན་པ་ལས་ཡོངས་སུ་ཤེས་པའི་ཁྱད་པར། ཤེས་པ་དེ་རྗེས་སུ་བསྒྲུབ་པའི་ཁྱད་པར་རོ། །དང་པོ་ནི། འཁོར་བ་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔ་སྟེ་ངན་སོང་གསུམ་དང་མི་དང་ལྷ་རྣམས་སོ། །ལྷ་མ་ཡིན་རྣམས་ནི་དུད་འགྲོར་འདུ་བའམ་ཡང་ན་ལྷར་གཏོགས་པ་ཡིན་ཡང་ཆང་འཐུང་བས་ལྷ་གཞན་གྱིས་ལྷ་མ་ཡིན་ཞེས་སྨད་པའོ། །མདོ་ལས། སྲེད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་སོ། །འཁོར་བ་ཅི་འདྲ་ཞེ་ན། སྐྱེ་བ་དང་འཆི་བའི་སྡུག་བསྔལ་ལ་ཐོག་མ་དང་ཐ་མའི་མཐའ་མེད་པའོ། །ལམ་ལྔ་པོ་ཅི་འདྲ་ཞེ་ན། དེ་དག་ན་བདེའ་བ་མེད་དེ་སྡུག་བསྔལ་གསུམ་ལས་མ་འདས་སོ། །དཔེར་ན་མི་གཙང་བ་ལ་དྲི་ཞིམ་པོ་མེད་པ་བཞིན་ནོ། །སྡུག་བསྔལ་ཇི་ལྟ་བུ་ཞེ་ན། ལམ་ལྔ་པོ་དེའི་སྡུག་བསྔལ་གསུམ་ལས་ཚོར་བ་སྡུག་བསྔལ་རྟག་ཏུ་མེས་བསྲེགས་པ་དང་མཚོན་གྱིས་ཕོག་པ་དང་། ཁ་བས་འཁྱགས་པ་དང་། རྨ་ལ་རྒྱ་ཚ་ལ་སོགས་པའི་འགྱུར་བྱེད་ཀྱི་སྨན་གྱིས་བཏབ་པའི་སྡུག་བསྔལ་རེག་པའི་སྡུག་བསྔལ་སྐྱེས་པ་བཞིན་དུ་ཤིན་ཏུ་བཟོད་པར་དཀའ་ལ། འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་ཀྱང་དེའི་རྒྱུར་གྱུར་པའོ། །གཉིས་པ་ནི་རབ་ཏུ་འབེབས་ཞེས་པའོ། །གང་ལས་ན། ཐུགས་རྗེའི་སྤྲིན་ལས་སོ། །གང་ན། དམ་པའི་ཆོས་ཀྱི་ཆར་ཆེན་པོའོ། །གང་གི་ཕྱིར་ན། སྡུག་བསྔལ་དེ་མཐའ་དག་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། ལྷ་དང་མིའི་དབང་ཕྱུག་མཆོག་རྒྱལ་པོའི་དཔལ་ལ་ཡང་མངོན་པར་འདོད་པ་མེད་དེ་གཞན་ལ་ལྟ་ཅི་སྨོས་ཞེས་པའོ། །གང་ཟག་གང་ཞེ་ན། བདེན་བཞི་རྟོགས་པའི་ཤེས་རབ་དང་ལྡན་པའོ། །རྒྱུ་མཚན་གང་ལས་ན་ལྷ་ལ་འཆི་འཕོ་བའི་ལྟས་རྣམ་པ་ལྔ་འབྱུང་སྟེ། བཤེས་སྤྲིང་ལས། མཐོ་རིས་དག་ནའང་བདེ་ཆེ་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་པ་དང་། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་འཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་དག་འབྱུང་ཞེས་བགྱི། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ཞེས་པ་བཞིན་ནོ། །སྡུག་བསྔལ་གྱི་ཁྱད་པར་ཡང་། དྲན་པ་ཉེར་གཞག་ལས། ལྷའི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་ནི། །དེའི་ཁྱད་པར་སེམས་ཅན་དམྱལ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སོ། །དེ་བཞིན་དུ་མི་ལ་ཡང་འདོད་པའི་ཡོན་ཏན་ཡོངས་སུ་འཚོལ་བ་ན་ངལ་དུབ་དང་འཐབ་རྩོད་ལ་སོགས་པའི་སྡུག་བསྔལ་དང་ལྡན་པ་ཞེས་བྱར་རྟོགས་པའི་ཕྱིར་ཏེ། མདོ་ལས། འདོད་པའི་རྐྱེན་རྣམས་མཐའ་ཡས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཛིན་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །ཞེས་སོ། །དེ་དག་ནི་ཉེ་བར་མཚོན་པ་སྟེ་མཐོ་རིས་ཀྱི་རྟེན་ལ་ཡང་དེ་ལྟར་སྡུག་བསྔལ་ན་ངན་སོང་ལ་ལྟ་ཅི་སྨོས་ཞེས་པའོ། །གང་ལས་རྟོགས་ཞེ་ན། ཐོས་བསམ་གྱིས་ཤེས་རབ་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་ཡིད་ཆེས་པའི་དད་པའི་རྗེས་སུ་འབྲངས་ནས་བདེན་པ་བཞི་ལ་ཟག་པ་དང་བཅས་པའི་ཕུང་པོ་འབྲས་བུར་གྱུར་པའམ་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་བསྡུས་པ་འདི་ནི་སྡུག་བསྔལ་ལོ་ཞེས་པ་དང་། ཟག་པ་དང་བཅས་པའི་ཕུང་པོ་རྒྱུར་གྱུར་པའམ་ལས་དང་ཉོན་མོངས་པ་འདི་ནི་སྡུག་བསྔལ་གྱི་ཀུན་འབྱུང་ངོ་ཞེས་པ་དང་། ཟག་པ་དང་བཅས་པ་འགགས་པ་འདི་ནི་སྡུག་བསྔལ་འགོག་པའོ་ཞེས་པ་དང་བདག་མེད་པར་རྟོགས་པའི་ཤེས་རབ་འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཤེས་པས་མཐོང་ཞིང་རྟོགས་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་བདེན་པ་ཤེས་ནས་རྗེས་སུ་བསྒྲུབ་པའི་ཚུལ་ནི་ཇི་ལྟར་སྨན་པ་མཁས་པས་ཐོག་མར་ནད་ཀྱི་ངོ་བོ་ནི་ཤེས་པར་བྱ་ཞིང་ནད་ཀྱི་རྒྱུ་ནི་སྤང་བར་བྱ་ལ་ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་དང་། དེའི་རྒྱུ་སྨན་ནི་རྒྱུད་ལ་བརྟེན་པར་བྱ་བར་ཡུལ་དུ་བྱེད་པ་ལྟར། དེ་བཞིན་དུ་ལམ་ལ་མཁས་པས་ཀྱང་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བར་ཤེས་པར་བྱ་ལ་དེའི་རྒྱུ་ཀུན་འབྱུང་ཐམས་ཅད་སྤངས་པར་བྱ་ཞིང་ཟག་བཅས་དེ་སྤངས་པའི་འགོག་པ་རྒྱུ་བཅས་རིག་ཅིང་ཐོབ་པར་བྱ་ཞིང་དེའི་ལམ་ནི་རྒྱུད་ལ་བརྟེན་པར་བྱའོ་ཞེས་པའོ། །མཛད་པ་འབད་མེད་དུ་འབྱུང་བ་ཚངས་པ་དང་འདྲ་བ་ལ་གཉིས་ཏེ། འབད་པ་མེད་ཀྱང་སྣང་བ་འབྱུང་བའི་ཚུལ། གདུལ་བྱ་མེད་ན་སྣང་བ་ལྡོག་པའི་ཚུལ་ལོ། །དང་པོ་ལ་གསུམ་ཏེ། གདུལ་བྱ་ལ་སྣང་བའི་ཚུལ། སྣང་བའི་འཕྲིན་ལས་མཛད་པའི་ཚུལ། དེ་ལྟར་སྣང་བའི་རྒྱུའོ། །དང་པོ་ནི། དཔེ་ཇི་ལྟར་གཟུགས་ཁམས་ཀྱི་གནས་ན་ལྷའི་དབང་པོ་ཚངས་པ་བསམ་གཏན་དང་པོའི་ཚངས་པའི་གནས་ནས་གཞན་དུ་འཕོ་བ་མེད་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷའི་གནས་ནི་དྲུག་པོ་ཐམས་ཅད་དུ་ལུས་ཀྱི་སྣང་བ་འབད་པ་མེད་པར་སྟོན་པ་ལྟར། དེ་བཞིན་དུ་ཐུབ་པ་ཡང་སྣང་བ་སྟོན་པར་མཛད་ཅེས་པའོ། །ཇི་ལྟར་ན་ཆོས་ཀྱི་སྐུ་ལས་བསྐྱེད་པ་མེད་པར་རོ། །གནས་གང་དུ་ན། གདུལ་བྱ་གནས་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཀུན་ཏུའོ། །གང་ཟག་གང་ལ་ན། སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལའོ། །གང་གིས་སྟོན་ན། འབད་རྩོལ་མེད་པར་སྤྲུལ་པའི་སྐུ་དག་གིས་སོ། །གཉིས་པ་ནི། ཇི་ལྟར་ལྷ་ཚངས་པ་ནི་དུས་རྟག་ཏུ་རང་གི་གཞལ་ཡས་ཁང་ནས་མི་གཡོའ་བར་གནས་གཞན་དུ་སྤྲུལ་པའི་ལུས་ཀྱིས་འདོད་པའི་ཁམས་ཀྱི་ལྷའི་གནས་རྣམས་སུ་ཁྱབ་པར་ཞུགས་པར་གྱུར་ཅིང་དེ་འདོད་པའི་ལྷ་རྣམས་ཀྱིས་མཐོང་ལ་དེ་མཐོང་བའི་ལྷ་དེ་ཡང་འདོད་པའི་ཡུལ་ལ་དགའ་བའི་ཆགས་པ་སྤོང་བར་བྱེད་པ་ལྟར། དེ་བཞིན་དུ་བདེ་བར་གཤེགས་པ་ཡང་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་བཞུགས་བཞིན་དུ་སྤྲུལ་པའི་སྐུས་འཇིག་རྟེན་ཀུན་ཏུ་ཁྱབ་པར་ཡོད་ལ་དེ་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་མཐོང་ཞིང་དེ་མཐོང་བའི་གདུལ་བྱ་དེ་ཡང་རྟག་ཏུ་སྒྲིབ་པའི་དྲི་མ་ཀུན་སེལ་བར་བྱེད་དོ། །གསུམ་པ་ནི། ཚངས་པ་རང་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་ལྷ་རྣམས་ཀྱི་ནི་སྔོན་གྱི་དགེ་བའི་མཐུས་ཇི་ལྟར་ཚངས་པ་འབད་པ་མེད་པར་སྣང་བ་སྟོན་པ་ལྟར། རང་བྱུང་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ཀྱི་མཐུ་ལས་སྣང་བའི་ཚངས་པ་དེ་བཞིན་ནོ། །སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱིས། །དབང་གི་རྒྱལ་བའི་སྐུར་སྣང་ངོ་། །ཞེས་སོ། །གཉིས་པ་གདུལ་བྱ་མེད་ན་སྣང་བ་ལྡོག་པའི་ཚུལ་ནི། སྐལ་བ་དང་ལྡན་པའི་གདུལ་བྱ་ལ་དགའ་ལྡན་ནས་འཛམ་བུའི་གླིང་དུ་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལུམ་བི་ནིའི་ཚལ་དུ་སྐུ་བལྟམས་པ་དང་། ཚལ་ནས་ཡབ་ཀྱི་ཁབ། སེར་སྐྱའི་གྲོང་དུ་གཤེགས་པ་དང་། བཙུན་མོའི་འཁོར་དུ་དགྱེས་པར་རོལ་པའི་ཚུལ་དང་། རབ་ཏུ་བྱུང་ནས་དབེན་པར་དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་བདུད་ཀྱི་སྡེ་བཅོམ་པ་དང་། བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་པ་དང་། ཞི་བ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དག་བསྟན་ནས་མཐར་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཐུབ་པའི་དབང་པོ་སེམས་ཅན་སྐལ་བ་མེད་པ་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་འགྱུར་ཏེ་རྒྱུ་མཚན་མ་ཚང་བའི་ཕྱིར་རོ། །རྒྱན་ལས། ཇི་ལྟར་ཆུའི་སྣོད་ཆག་ལ། །ཟླ་བའི་གཟུགས་བརྙན་མི་སྣང་ལྟར། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་བརྙན་མི་སྣང་ངོ་། །ཞེས་སོ། །ཐུགས་ཀྱི་མཛད་པ་ཉི་མ་དང་འདྲ་བ་ལ་ལྔ་ལས། དང་པོ་ཕན་གནོད་ལ་རྣམ་རྟོག་མེད་པ་ནི། ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པས་དུས་སྐད་ཅིག་གི་ཚེ་ཉིད་ལ་པད་མ་ལ་སོགས་རྒྱས་པ་དང་ཀུ་མུ་ཏ་ནི་རབ་ཏུ་ཟུམ་པར་གྱུར་ཀྱང་ཆུ་སྐྱེས་ཁ་བྱེ་བའི་ཡོན་ཏན་དང་ཀུ་མུ་ཏ་ཁ་ཟླུམ་པའི་རྐྱེན་དག་ལ་ཉི་མ་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་འདིར་ཡང་འཕགས་པའི་ཉི་མ་གདུལ་བྱ་ལ་ཕན་པ་དང་གདུལ་བྱ་མ་ཡིན་པ་ལ་མི་ཕན་ཡང་དེ་ལ་རྣམ་པར་རྟོག་པ་མེད་དོ། །དེ་ཉིད་བཤད་པ་ཇི་ལྟར་ཉི་མའི་དཀྱིལ་འཁོར་རྟོག་པ་མེད་པ་རང་གི་འོད་དུས་གཅིག་ཆར་སྤྲོས་པ་ཡིས་པད་མ་འདབ་མ་རྒྱས་པར་བྱེད་པ་དང་། གཞན་ལོ་ཏོག་དག་སྨིན་པར་བྱེད་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་ཀྱང་དམ་པའི་ཆོས་ཀྱི་འོད་ཟེར་དག་གདུལ་བྱའི་སྐྱེ་བོའི་པད་མ་ལ་ཕན་པར་བྱེད་ཀྱང་དེ་ལ་རྣམ་པར་རྟོག་པ་མེད་པར་འཇུག་གོ། །མུན་པ་སེལ་བའི་འོད་འགྱེད་པ་ནི་འོད་ཟེར་སྤྲོ་མཛད་ཅེས་པའོ། །གང་གིས་ན། ཀུན་མཁྱེན་གྱི་ཉི་མ་ཡིས་སོ། །དེ་གང་དུ་ཤར་ན། བྱང་ཆུབ་ཀྱི་སྙིང་པོའི་ནམ་མཁར་ཤར་བའོ། །དེ་ཉིད་གང་ཞེ་ན། ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་དག་གིས་ཞེས་པ་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །གང་ལ་འོད་ཟེར་སྤྲོ་ན། གདུལ་བྱའི་འགྲོ་བར་ནི་ཞེས་པའོ། །གང་གི་འོད་ཟེར་སྤྲོ་ན། ཡེ་ཤེས་ཀྱི་ཞེས་པའོ། །སྣོད་ཀྱི་རྗེས་སུ་བྱེད་པ་ནི་གང་གི་ཕྱིར་གདུལ་བྱ་རྒྱུད་དག་པའི་ཆུའི་སྣོད་ནི་ཐམས་ཅད་ལ། །བདེ་བར་གཤེགས་པའི་ཉི་མའི་གཟུགས་བརྙན་ནི་གྲངས་དཔག་ཏུ་མེད་པ་དུས་ན་གཅིག་ཆར་དུ་འཆར་རོ། །འོས་པར་འཆར་བ་ནི་འབབ་ཅིང་འཆར་རོ། །ཞེས་པའོ། །གང་ན། རྫོགས་པའི་སངས་རྒྱས་ཀྱི་ཉི་མའོ། །དེ་གང་དུ་འཆར་ན། ཆོས་ཀྱི་དབྱིངས་ཀྱི་ནམ་མཁའི་དཀྱིལ་དུ་ནི་འཆར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། དུས་རྟག་ཏུ་ཆོས་ཅན་ཐམས་ཅད་ལ་ཁྱབ་པའོ། །གང་ལ་འཆར་ན། གདུལ་བྱ་རི་ལའོ། །ཇི་ལྟར་འཆར་ན། ཇི་ལྟར་འོས་པར་སྐལ་བ་དང་འཚམས་པར་འཆར་ཞེས་པའོ། །དེ་ཉིད་དཔེའ་སོར་སོར་ཕྱེ་ན། ཇི་ལྟར་རྒྱ་ཆེན་པོའི་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་མཁའ་ལ་ཤར་བ་ནམ་མཁའི་ཁོངས་སུ་འོད་ཟེར་འཇིག་རྟེན་ཀུན་དུ་སྣང་བར་བྱས་ནས་རིམ་གྱིས་ནི་ཐོག་མར་འཛམ་བུ་གླིང་གི་རི་མཆོག་དང་དེའི་རྗེས་སུ་རི་བར་མ་དང་མཐར་དམན་པའི་རི་ལ་འབབ་པ་དེ་བཞིན་དུ་རྒྱལ་བ་སངས་རྒྱས་ཀྱི་ཉི་མ་ཡང་གདུལ་བྱ་ཐ་དད་པ་ལ་སོགས་པ་དགེ་བའི་རྩ་བ་རབ་དང་བར་མ་དང་ཐ་མ་དང་ལྡན་པ་དང་ཐ་ན་ལོག་པར་ངེས་པའི་སེམས་ཅན་གྱི་ཚོགས་ལ་ཡང་རིམ་གྱིས་འབབ་ཅིང་འཕྲིན་ལས་འཇུག་པར་བྱེད་དོ། །ལྔ་པ་ཉི་མ་ལས་ཁྱད་པར་དུ་འཕགས་པ་ནི། ཉི་མའི་དཀྱིལ་འཁོར་བས་སངས་རྒྱས་ཁྱད་པར་དུ་འཕགས་ཏེ་སངས་རྒྱས་ཀྱི་ཞིང་ཀུན་ཏུ་ནམ་མཁའི་དཀྱིལ་ཅེས་པ་མཐར་ཐུག་པར་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་པའི་ཁྱབ་པ་མ་ཡིན་ལ། མི་ཤེས་པའི་གཏི་མུག་གི་མུན་པས་བཀབ་པ་གསལ་ནས་ཤེས་བྱའི་གནས་ལུགས་ཀྱི་དོན་གསལ་བར་སྟོན་པ་ཡང་ཡོད་པ་མ་ཡིན་པས་དོན་ཆེ་བ་མ་ཡིན་ནོ། །ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱི་ཉི་མ་ལས་བརྗོད་བྱ་ཇི་ལྟ་བ་དང་ཇི་སྙེད་པ་སྣ་ཚོགས་སྟོན་པའི་མདོག་བཀྱེ་བའི་གསུང་རབ་ཀྱི་འོད་ཀྱི་ཚོགས་ཀྱི་གསལ་བ་དག་ནི་ཞིང་ཐམས་ཅད་དུ་གདུལ་བྱའི་འགྲོ་བ་མཐའ་དག་ལ་འཇུག་པས་ཁྱབ་པ་ཡིན་ལ་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་སྟོན་པར་མཛད་པས་དོན་ཆེ་བ་ཡང་ཡིན་ནོ། །སྡུག་བསྔལ་སེལ་བ་ནི། སངས་རྒྱས་གྲོང་ཁྱེར་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་དེ་བཞིན་དུ་འོན་པས་སྒྲ་ཐོས་པ་ལ་སོགས་པས་མཐོ་རིས་ཀྱི་ཉེ་བ་འཚེ་བ་སེལ་བ་དང་། དོན་མེད་པ་ངན་སོང་གི་ཚོགས་དང་བྲལ་ཞིང་སངས་རྒྱས་ཀྱི་དོན་དེ་མཐོང་བ་ལས་ནི་བདེ་བ་ཉམས་སུ་མྱོང་ནས་ངན་སོང་ལས་སྐྱབས་པ་དང་། དེ་དག་གི་མཇུག་བསྡུ་བ་ནི། གང་ཟག་དང་ཆོས་ཀྱི་བདག་ཏུ་རྨོངས་པའི་གཏི་མུག་གིས་བློ་མིག་མདོངས་པར་གྱུར་ཏེ་སྲིད་པའི་རྒྱ་མཚོར་ལྟུང་བས་སྡུག་བསྔལ་གྱི་བརླབས་ཀྱིས་བཙེས་པར་གྱུར་ཅིང་ལྟ་བ་ངན་པའི་མུན་པ་སྒྲིབ་པའི་འགྲོ་བ་རྣམས་ཀྱི་བློ་སྟེ་ཤེས་རབ་ཀྱི་སྣང་བས་སྔར་མ་མཐོང་བའི་ཤེས་བྱའི་གནས་གང་ཟག་དང་ཆོས་ཀྱི་བདག་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །རྒྱུ་གང་ལ་བརྟེན་ནས་མཐོང་ན། སངས་རྒྱས་ཀྱི་ཉི་མའི་འོད་ཀྱིས་ཤེས་བྱ་གསལ་བར་བྱས་པ་ལས་སོ། །ཐུགས་ཀྱི་གསང་བ་ནོར་བུ་དང་འདྲ་བ་ལ་གསུམ་ལས། དང་པོ་རྟོག་པ་མེད་པས་རང་དོན་བྱེད་པ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཀྱང་དུས་གཅིག་ཆར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་ན་གནས་པ་མཆོད་པ་ལ་སོགས་པ་བྱེད་པའི་སྐྱེས་བུ་རྣམས་ཀྱི་ནི་ཟས་གོས་ལ་སོགས་པ་ཇི་ལྟར་འདོད་པའི་བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཀྱང་སྐལ་བ་དང་ལྡན་པའི་གདུལ་བྱ་ཁམས་དང་མོས་པའི་བསམ་པ་ཐ་དད་པ་རྣམས་རང་རང་གི་བསམ་པ་དང་མཐུན་པའི་ཐེག་པ་སྣ་ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཡང་སངས་རྒྱས་དེ་ནི་ཆོས་གསུང་བ་དེ་ལ་ཀུན་སློང་མེད་པས་རྣམ་པར་མི་རྟོག་ཅེས་པའོ། །འབད་པ་མེད་པ་ནི་ཇི་ལྟར་ནོར་བུ་རིན་པོ་ཆེ་རྟོག་པ་མེད་པར་འདོད་པའི་ནོར་རྣམས་གཞན་པ་དག་ལ་རབ་ཏུ་སྟེར་བ་ན་འབད་པ་དང་རྩོལ་བ་མེད་པ་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་ཡང་འབད་པ་དང་རྩོལ་བ་མེད་པར་གདུལ་བྱ་ལ་ཇི་ལྟར་འོས་ཤིང་འཚམས་པར་ནི་གཞན་གྱི་དོན་བསྒྲུབ་པའི་ཆེད་དུ་ཞུགས་སོ། །དུས་ཇི་ཙམ་ཞེ་ན། སྲིད་པ་ཇི་སྲིད་གནས་ཀྱི་བར་དག་ཏུ་འོ། །རྙེད་པར་དཀའ་བ་ནི་རབ་ཏུ་རྙེད་པར་དཀའ་ཞེས་པའོ། །གང་རྙེད་པར་དཀའ་ན། ཇི་ལྟར་ནོར་བུ་བཟང་པོ་བསམ་པ་བསྐོང་བ་དེའོ། །གང་གིས་རྙེད་པར་དཀའ་ན། ནོར་བུ་དེ་ལ་ཐོབ་པར་འདོད་པ་སྟེ་དོན་དུ་གཉེར་བའི་འགྲོ་བ་མི་ལ་སོགས་པ་འདིར་རོ། །གང་གིས་རྙེད་དཀའ་ན། རྒྱ་མཚོ་བར་མ་ལོངས་སྤྱོད་ལྡན་ན་ས་འོག་ན་གནས་པའི་ཕྱིར་རོ། །དེ་བཞིན་དུ་མཐོང་བ་རྙེད་དཀའ་བར་ཤེས་པར་བྱ་ཞེས་པའོ། །གང་ན་བདེ་བར་གཤེགས་པ་མཐོང་བ་འོ། །གང་གིས་ན་འགྲོ་བ་ཤིན་དུ་སྐལ་བ་ངན་པའི་ཡིད་འདིར་རོ། །གང་གི་ཕྱིར་ན་སྒྲིབ་བྱེད་ཉོན་མོངས་པ་དུ་མས་ཟིན་པའི་ཕྱིར་ཞེས་པའོ། །གསུང་གི་གསང་བ་སྒྲ་སྙན་དང་འདྲ་བ་ནི། ཇི་ལྟར་བྲག་དང་སྒྲའི་རྐྱེན་ལས་སྒྲ་སྙན་གྱི་སྒྲ་གཞན་གྱི་རྣམ་རིག་ལས་བྱུང་བ་སྟེ་དེ་ལ་སྣང་བ་རྣམ་པར་རྟོག་པ་མེད་ཅིང་བརྗོད་པར་བཟོའ་བའི་རྩོལ་མེད་ཅིང་རང་གིས་ངོ་བོ་དེ་ཁོ་ནར་ཕྱིའི་དོན་དང་། ནང་ན་སེམས་ཀྱི་བདག་ཉིད་དུ་གནས་པ་མ་ཡིན་ནོ། །སྐུའི་གསང་བ་ནམ་མཁའ་དང་འདྲ་བ་ལ་དཔེ་ཇི་ལྟར་མཁའ་ལ་མཐོ་དང་དམའ་བའི་རྣམ་པར་མཐོང་ཡང་ནམ་མཁའ་དེ་ནི་དེ་ལྟར་མཐོ་དམན་ཡོད་པ་མ་ཡིན་ནོ། །ནམ་མཁའ་ཇི་ལྟ་བུ་ཞེ་ན། མཚན་ཉིད་དམ་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་ཅིང་བློ་ལ་སྣང་བ་མེད་ལ་བློའི་དམིགས་པའི་ཡུལ་དུ་གྱུར་པ་མེད་ཅིང་རྟེན་གཞན་ཡང་མེད་ལ། མིག་གི་ལམ་ལས་རབ་ཏུ་འདས་ཤིང་ཐོགས་བཅས་ཀྱི་གཟུགས་མེད་པ་གཞན་ལ་བརྟེན་དུ་མེད་པའོ། །དོན་ནི་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ལ་སྐུ་བལྟམས་པ་དང་མྱ་ངན་འདས་པ་དང་དམན་མཆོག་ལ་སོགས་པ་ཐམས་ཅད་མཐོང་ཡང་སངས་རྒྱས་དེ་ནི་སྐྱེ་འགགས་ལ་སོགས་དེ་ལྟར་ཡོད་པ་མ་ཡིན་ནོ། །དགེ་བའི་རྟེན་དུ་གྱུར་པ་ས་དང་འདྲ་བ་ནི། ཇི་ལྟར་རྟོག་པ་མེད་པའི་ས་ལ་བརྟེན་ནས་ནི་ས་ལ་སྐྱེ་བའི་རྩི་ཤིང་དང་ལོ་ཏོག་ལ་སོགས་པ་ཀུན་དང་པོར་སྐྱེ་ཞིང་བར་དུ་གོང་ནས་གོང་དུ་རྒྱས་པའི་འཕེལ་བ་དང་། རྒྱུན་མི་ཉམས་པའི་བརྟན་པ་དང་། མཐར་ཡོངས་སུ་སྨིན་པའི་གནས་སྐབས་ཀྱི་ཡངས་པར་འགྱུར་བ་ལྟར་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པར་རྟོག་པ་མེད་པ་ལ་བརྟེན་ནས་ཀྱང་འགྲོ་བའི་དགེ་བའི་རྩ་བ་ནི། མ་ལུས་པར་ནི་སྐྱེ་ཞིང་འཕེལ་བར་འགྱུར་རོ། །གཉིས་པ་དཔེས་བསྟན་པའི་དགོས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་ལས། དང་པོ་དགོས་པ་དངོས་ནི། དེ་བཞིན་གཤེགས་པའི་མཛད་པ་འཕྲིན་ལས་ཉེ་བར་མཚོན་པའི་དེས་རྣམ་པ་དགུས་ནི་བསྟན་པ་ཡིན་ཅེས་པའོ། །དགོས་པ་གང་གི་ཕྱིར་ན། མཛད་པ་འཕྲིན་ལས་ལ་གདུལ་བྱའི་ཐེ་ཚོམ་གཅད་པའི་ཕྱིར་རོ། །རྒྱུ་མཚན་གང་ལས་ཐེ་ཚོམ་སྐྱེས་ན། འབད་རྩོལ་དང་ཀུན་སློང་མེད་པར་མཛད་པ་འཕྲིན་ལས་ཀྱི་བྱ་བ་འགའ་བྱེད་པར་མཐོང་བས་དེ་དག་འགལ་སྙམ་དུ་དགོས་པ་དེ་བས་ན་ཞེས་དེ་འཕེན་པའི་ལུགས་ནི་མདོ་གང་དུ་དཔེའ་རྣམ་པ་དགུ་པོ་འདི་དག་རྒྱས་པར་རབ་ཏུ་བསྟན་པར་གྱུར་པ་འདི་མདོ་སྡེ་འདིའི་ནི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་བརྒྱན་ཅེས་བྱ་བ། དེ་ཉིད་ཀྱིས་དཔེ་བསྟན་པ་དེའི་དགོས་པ་བསྟན་པ་ཉིད་དོ། །དེ་བཤད་པ་ནི། འདི་ལྟར་དཔེའ་དགུས་བསྟན་པ་ཐོས་པ་ལས་བྱུང་བའི་ཤེས་པའི་སྣང་བ་རྒྱ་ཆེན་པོའི་ཤེས་རབ་ཀྱིས་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་ཀུན་ཞེས་པ་འབད་རྩོལ་ལ་མི་ལྟོས་པར་འཕྲིན་ལས་ལ་འཇུག་པ་རྟོགས་པ་ལ་འཇུག་པར་འགྱུར་ཞེས་པའོ། །དཔེའ་དོན་བཤད་པ་ནི། མཛད་པ་འཕྲིན་ལས་དེའི་དོན་རྟོགས་པར་བྱ་བའི་ཕྱིར་བཻཌཱུརྱའི་ས་གཞིའི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་དཔེའ་དག་ནི་རྣམ་པ་དགུ་བརྗོད་པ་དེ་ལ་ནི་དཔེ་བསྟན་པའི་དོན་དེ་བཞིན་བསྡུས་པའི་དོན་ངེས་པར་བཟུང་ཞེས་པའོ། །དེ་དག་གང་ཞེ་ན་སྐུ་བསྟན་པ་དང་གསུང་བརྗོད་པ་དང་ཐུགས་ཁྱབ་པ་དང་སྐུ་དང་གསུང་གི་མཛད་པ་སྤྲུལ་པ་དང་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བ་དང་། ཐུགས་དང་གསུང་དང་སྐུའི་གསང་བ་དང་དེ་སེམས་ཅན་ཐམས་ཅད་ཀྱི་རྟེན་ཐུགས་རྗེས་བདག་ཉིད་སངས་རྒྱས་ཀྱི་སར་གནས་གྱུར་པ་ཐོབ་པ་ཉིད་དེ། དོན་དེ་སྒྲུབ་པའི་རྟགས་ནི་རྫོགས་པའི་སངས་རྒྱས་ཆོས་ཅན་ལོངས་སྤྱོད་རྒྱུན་ཀུན་འབད་རྩོལ་དང་སྐྱེ་འགགས་ལ་སོགས་པ་རབ་ཏུ་ཞི་བ་ཡིན་ཏེ། ཀུན་སློང་གིས་རྣམ་པར་རྟོག་པ་མེད་པའི་ཐུགས་མངའ་བའི་ཕྱིར། འབད་རྩོལ་མེད་ཀྱང་དོན་བྱེད་པ་དཔེར་ན་དྲི་མ་མེད་པའི་བཻཌཱུརྱའི་ས་གཞིའ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་བཞིན་ནོ། །དེ་ལ་དམིགས་བཅས་ཀྱི་ལོངས་སྤྱོད་པ་སྟེ་འབད་རྩོལ་ཞི་བ་ནི་དམ་བཅས་ཏེ་རྟོག་པ་མེད་པའི་ཐུགས་མངའ་བ་ནི་སྒྲུབ་བྱེད་ཀྱི་གཏན་ཚིགས་སོ། །འབད་རྩོལ་ལ་སོགས་མེད་ཀྱང་འཕྲིན་ལས་འཇུག་པའི་རང་བཞིན་གྱི་དོན་ནི་བློ་ངོར་གྲུབ་པའི་དོན་དུ་དཔེར་ནི་བརྒྱ་བྱིན་གྱི་གཟུགས་སོགས་བཀོད་པ་ཡིན་ནོ། །དོན་གང་ཡིན་ཞེ་ན། འདིར་ནི་སྐབས་ཀྱི་དོན་འདི་ཡིན་ཏེ་སྐུ་སྟོན་པ་ལ་སོགས་པའི་དོན་རྣམ་པ་དགུ་ནི་སྟོན་པ་རྫོགས་པའི་སངས་རྒྱས་སྐྱེ་འཆི་དང་བྲལ་ཞིང་། འབད་པ་མེད་པར་འཕྲིན་ལས་རབ་ཏུ་འཇུག་གོ། །ཞེས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དཔེའ་བསྟན་པ་ནི་སངས་རྒྱས་གང་ཞིག་སྐུའི་ངོ་བོ་བརྒྱ་བྱིན་བཞིན་དང་། གསུང་གི་ངོ་བོ་ལྷའི་རྔ་དང་། ཐུགས་ཀྱི་ངོ་བོ་སྤྲིན་བཞིན་ནོ། །སྐུ་དང་གསུང་གི་མཛད་པ་ཚངས་པ་དང་ཐུགས་ཀྱི་མཛད་པ་ཉི་མ་དང་། ཐུགས་ཀྱི་གསང་བ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ནོ། །གསུང་གི་གསང་བ་སྒྲ་བརྙན་དང་། སྐུའི་གསང་བ་ནམ་མཁའ་དང་། གནས་གྱུར་པའི་ངོ་བོ་ས་བཞིན་དུ་འབད་རྩོལ་དང་རྣམ་རྟོག་མེད་པར་སྲིད་པ་གནས་ཀྱི་བར་དུ་གཞན་གྱི་དོན་བྱེད་པ་དེ་གང་གིས་རྟོགས་ན་ཐོས་པའི་ཤེས་རབ་ཀྱི་སྣང་བས་བརྒྱན་པའི་རྣལ་འབྱོར་པ་ཡིས་རིག་ཅེས་པའོ། །དོན་དང་སྦྱར་བ་ནི། རིན་པོ་ཆེ་བཻཌཱུརྱའི་ས་གཞིའ་ལ་ལྷའི་དབང་པོའི་གཟུགས་བརྙན་སྣང་བ་བཞིན་དུ་སྐུའི་སྣང་བ་སྟོན་པ་དང་། གསུང་གིས་ལེགས་པར་འདོམ་པར་མཛད་པ་ནི་ལྷའི་རྔ་དང་འདྲ་བ་དང་། ཐུགས་ཤེས་བྱ་ལ་ཁྱབ་པའི་བདག་ཉིད་མཁྱེན་པ་དང་བརྩེ་བ་ཆེན་པོའི་སྤྲིན་གྱི་ཚོགས་དང་འདྲ་བ་ནི་གདུལ་བྱའི་འགྲོ་བ་མཐའ་ཡས་པ་ལ་སྲིད་རྩེའི་བར་དུ་ཁྱབ་པར་འཇུག་པའོ། །སྐུ་དང་གསུང་གི་མཛད་པ་ནི་ཚངས་པའི་སྤྲུལ་པ་བཞིན་དུ་ཟག་པ་མེད་པའི་གནས་ཆོས་ཀྱི་སྐུ་ལས་མ་བསྐྱོད་པར་གདུལ་བྱའི་བསམ་པ་བཞིན་དུ་སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན་པ་དང་། ཐུགས་ཀྱི་མཛད་པ་ཉི་མ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་སྤྲོ་བ་གང་ཡིན་པ་དང་། ཐུགས་ཀྱི་གསང་བ་རྣམ་པར་དག་པ་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཐུགས་དང་། རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་དང་བྲག་ཆ་བཞིན་དུ་བརྗོད་པར་སྣང་ཡང་བརྗོད་པའི་ཡི་གེ་མེད་པ་དང་། སྐུའི་གསང་བ་ནི་ནམ་མཁའ་ལྟ་བུ་ཐམས་ཅད་ལ་ཁྱབ་པར་སྣང་ཡང་གཟུགས་མེད་ཀྱི་རྟག་པ་ཉིད་དང་། ས་བཞིན་གནས་གྱུར་པ་སངས་རྒྱས་ཀྱི་ས་ནི་འགྲོ་བའི་དཀར་པོ་དགེའ་བའི་ཆོས་ཀྱི་སྨན་རྣམས་མ་ལུས་པ་བསྐྱེད་པ་དང་འཕེལ་བ་ལ་སོགས་པའི་རྣམ་པ་ཀུན་དུ་གཞིར་གྱུར་པ་ཡིན་ནོ། །དཔེའ་དོན་གྱི་ཆོས་མཐུན་ལ་གལ་ཏེ་རྫོགས་པའི་སངས་རྒྱས་ལ་སྐྱེ་འགགས་སུ་མཐོང་བ་རྒྱུ་གང་ལས་ཡིན་ཞེ་ན་བཻཌཱུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་བ་དང་འདྲ་བའི་དགེའ་བའི་སེམས་ལ་འབྲས་བུ་སངས་རྒྱས་མཐོང་བའི་རྒྱུ་སེམས་དེ་དག་པ་ནི་གཞན་གྱིས་མི་བཟློག་པའི་དད་པའི་དབང་པོ་བརྟས་པ་ཉིད་དོ། །ཇི་ལྟར་གཞིའ་དག་པ་དང་མ་དག་པའི་དབང་གིས་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་བ་དང་ནུབ་པ་ལྟར་དད་པའི་དབང་པོ་བརྟས་པའི་དགེའ་བའི་སེམས་སྐྱེ་བ་དང་འཇིག་པས་ན་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་སྐྱེ་བ་དང་འཇིག་པར་སྣང་ངོ་། །ཡང་བརྒྱ་བྱིན་སུམ་བཅུ་རྩ་གསུམ་གྱི་གནས་ནས་མ་འཕོས་པ་བཞིན་དུ་ཐུབ་པ་ནི་ཆོས་ཀྱི་སྐུ་ཡིས་སྐྱེ་བ་དང་འཇིག་པ་མེད་དོ། །གལ་ཏེ་སངས་རྒྱས་ལ་འབད་རྩོལ་མེད་ན་འཕྲིན་ལས་ཇི་ལྟར་སྟོན་ཞེ་ན། བརྒྱ་བྱིན་ལ་འཛམ་གླིང་དུ་གཟུགས་བརྙན་སྟོན་པའི་ཀུན་སློང་དང་འབད་རྩོལ་མེད་ཀྱང་གཟུགས་བརྙན་འཆར་བ་དེ་བཞིན་དུ་ནི་སངས་རྒྱས་ཀྱང་འབད་རྩོལ་མེད་པར་ཆོས་སྐུ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་ལས་མ་གཡོས་པར་དུས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་སྟོན་པ་ལ་སོགས་པ་མཛད་པ་འཕྲིན་ལས་འཇུག་གོ་ཞེས་སོ། །གསུམ་པ་དཔེ་རྣམས་ཀྱི་གོ་རིམ་ནི་གཉིས་ལས། མདོར་བསྟན་པ་ནི། དཔེའ་རྣམས་ཀྱི་ནི་མཇུག་བསྡུ་བའི་དོན་ནི་འོག་ནས་འབྱུང་བ་འདི་ཡིན་ཞིང་། རིམ་པར་ཡང་བརྗོད་པ་ཡིན་ནོ། །ཇི་ལྟར་ན་དང་པོ་ཆོས་འགའ་ཞིག་གི་སྒོ་ནས་དཔེར་བརྗོད་ན་ཕྱིས་སྔ་མ་རྣམས་ཕྱི་མ་ཕྱི་མས་ཆོས་མཐུན་པར་བསྟན་པས་དཔེའ་ཡིན་པ་སྤངས་པའི་སྒོ་ནས་སོ། །རྒྱས་པར་བཤད་པ་ལ། སངས་རྒྱས་ཀྱི་སྐུ་སྟོན་པ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུ་སྟེ་ཐམས་ཅད་དུ་མཚུངས་སམ་ཞེ་ན། གཟུགས་བརྙན་ལ་ཆོས་སྟོན་པའི་སྒྲ་དབྱངས་དང་མི་ལྡན་པའི་ཕྱིར་དེ་དང་འདྲ་བ་མ་ཡིན་ནོ། །དེས་ན་གསུང་གིས་ཆོས་སྟོན་པས་ལྷའི་རྔ་བཞིན་ནོ། །དེ་ཡང་སའི་སྟེང་ཐམས་ཅད་དུ་ཁྱབ་པར་དོན་བྱེད་པ་མིན་པས་དེ་དང་འདྲ་བ་མ་ཡིན་ལ། ཐུགས་ཐམས་ཅད་དུ་ཁྱབ་པར་འཇུག་པའི་སྤྲིན་ཆེན་པོ་དང་མཚུངས་སོ། །དེ་ཡང་ཚེ་རབས་གཞན་ལ་ཕན་པའི་དོན་མེད་པའི་ས་བོན་འདོད་ཡོན་ལ་ཆགས་པ་སྤོང་བ་མ་ཡིན་པའི་ཕྱིར་དེ་དང་འདྲ་བའང་མ་ཡིན་ནོ། །དེས་ན་སངས་རྒྱས་ཀྱི་འདོད་ཆགས་སྤོང་བར་བྱེད་པའི་ཚངས་པ་ཆེན་པོ་བཞིན་ཏེ་ཞེས་པའོ། །དེ་ཡང་ལན་གཅིག་ཆགས་པ་དང་བྲལ་བར་བྱེད་པ་ཙམ་ཡིན་གྱི་གཏན་དུ་རྒྱུད་སྨིན་པར་བྱེད་པ་མིན་པའི་དེ་དང་འདྲ་བའང་མ་ཡིན་ནོ། །གཏན་དུ་སྨིན་པར་བྱེད་པས་ཉི་མའི་གཟུགས་བཞིན་ནོ། །དེ་ཡང་རེས་འགའ་སྣང་བ་ཡིན་གྱི་གཏན་དུ་ཞེས་པ་རྟག་པར་མུན་པ་འཇོམས་པ་མ་ཡིན་པས་དེ་དང་འདྲ་བའང་མ་ཡིན་ནོ། །དེས་ན་རྟག་པར་མུན་པ་འཇོམས་པ་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །དེའང་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས་འབྱུང་བས་ནི་རྙེད་པར་མི་དཀའ་བའི་ཕྱིར་དེ་དང་འདྲ་བ་མ་ཡིན་ནོ། །དེས་ན་ལུས་ཅན་མ་ཡིན་པ་སུས་ཀྱང་ཐོབ་པར་མི་ནུས་ཕྱིར་སྒྲ་སྙན་བཞིན་ནོ། །དེ་ཡང་རྐྱེན་ལས་ནི་འབྱུང་བ་ཡིན་པས་དེ་དང་འདྲའང་མ་ཡིན་ནོ། །དེས་ན་དབྱིངས་འདུས་མ་བྱས་པས་ན་ནམ་མཁའ་དང་འདྲའོ། །དེ་ཡང་དགེའ་བའི་གཞི་མ་ཡིན་པས་དེ་དང་འདྲའང་མ་ཡིན་ནོ། །དེས་ན་རྫོགས་པའི་སངས་རྒྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ཡིན་པའི་ཕྱིར་སའི་དཀྱིལ་འཁོར་དག་དང་འདྲའོ། །ཇི་ལྟར་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་རྟེན་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་གསུམ་གྱི་ལམ་འབྱུང་བའི་ཕྱིར་རོ། །ཇི་ལྟར་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་རྟེན་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེའ་བའི་ལས་ཀྱི་ལམ་བཅུ་དང་གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་། གཟུགས་མེད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་ཀྱི་ཏིང་ངེ་འཛིན་བཞི་འབྱུང་བའི་ཕྱིར་རོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་དེ་བཞིན་གཤེགས་པའི་འཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའི་བཤད་པའོ།། །།གསུམ་པ་རིགས་ལ་ལྷག་པར་མོས་པའི་ཕན་ཡོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཕན་ཡོན་སྤྱིར་བརྗོད། བྱེ་བྲག་ཏུ་བཤད། དེའི་འཐད་པའོ། །དང་པོ་ལ་མོས་པའི་ཡུལ་ནི་སངས་རྒྱས་ཀྱི་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་བྱང་ཆུབ་དྲི་མ་མེད་པའི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཏེ་བཞི་པོ་སངས་རྒྱས་ཀྱི་རྒྱུ་རྐྱེན་ཚོགས་པ་ཡིན་པས་མོས་པའི་ཡུལ་ཡིན་ནོ། །དེ་དག་བསམ་གྱིས་མི་ཁྱབ་པའི་ཚུལ་ནི། གནས་བཞི་པོ་འདི་དག་པའི་སེམས་ཅན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་བྱ་མིན་ཞེས་པ་བསམ་གྱིས་མི་ཁྱབ་བོ། །འོ་ན་སུས་རྟོགས་པར་ནུས་ཞེ་ན། དཀོན་མཆོག་གསུམ་གྱི་རྒྱུ་དང་རྐྱེན་འདི་ནི་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་འདྲེན་པ་སངས་རྒྱས་རྣམས་ཀྱི་གཅོད་ཡུལ་ཡིན་ནོ། །མོས་པའི་ཕན་ཡོན་ལ་ཡོན་ཏན་གྱི་སྣོད་དུ་འགྱུར་བ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཡུལ་ཁམས་ལ་སོགས་པ་བཞི་པོ་འདི་ལ་ཡིད་ཆེས་པས་མོས་པ་ཐོབ་ནས་ཐེག་པ་ཆེན་པོའི་རིགས་སད་པས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་ཚོགས་སྐྱེ་བར་གྱུར་པའི་ཕྱིར། དེའི་སྣོད་དུ་འགྱུར་ཏེ་ཞེས་པའོ། །བསོད་ནམས་གཞན་ཟིལ་གྱིས་གནོན་པ་ནི། གཞན་གྱི་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་ལ་མངོན་པར་དགའ་ཞིང་མོས་པས་དེ་ལས་གཞན་པ་དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །འདིར་གོང་མ་དག་ཟིལ་གྱིས་གནོན་པར་བྱ་བའི་དགེའ་བ་ཐར་པ་ཆ་མཐུན་མ་ཡིན་པར་བསོད་ནམས་ཆ་མཐུན་དུ་འཆད་པ་ནི་མ་ཡིན་ཏེ། གང་ཞིག་བྱང་ཆུབ་དོན་དུ་གཉེར་བའི་ཞེས་པ་ལ་སོགས་པ་གསུངས་ལ་དེ་ནི་ཐར་པའི་རྒྱུར་གྱུར་པ་ཡིན་ཏེ། སེམས་བསྐྱེད་ཀྱི་ཀུན་ནས་བསླང་བའི་དགེའ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན་པའོ། །དང་པོ་ལ་སྦྱིན་པའི་རང་བཞིན་ནི་གཏོང་བ་པོ་གང་ཞིག་འབུལ་བ་བྱེད་དོ་ཞེས་པའོ། །ཀུན་སློང་གི་བསམ་པ་གང་གིས་ཞེ་ན། གཏམ་སྙན་དང་ལོངས་སྤྱོད་ལ་སོགས་པ་ཟང་ཟིང་དང་བཅས་པའི་མ་ཡིན་ཏེ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བས་སོ། །དངོས་པོ་ཇི་ལྟ་བུ་ཞེ་ན། ཁ་ཟས་ལ་སོགས་པ་དམན་པ་མ་ཡིན་ཏེ་གསེར་ལས་གྲུབ་པའི་གཞོང་པ་ནང་དུ་ནོར་བུས་སྤྲས་པའོ། །གྲངས་ཇི་སྙེད་ཅིག་ཅེ་ན། ཉུང་ཟད་མ་ཡིན་ཏེ་སངས་རྒྱས་ཀྱི་ཞིང་གི་རྡུལ་གྲངས་དང་མཉམ་པའོ། །དུས་ནམ་ཞེ་ན། རེས་འགའམ་ལན་གཅིག་ཙམ་མ་ཡིན་ཏེ་ཉིན་རེ་བཞིན་དུ་རྟག་པར་རོ། །ཡུལ་གང་ལ་ན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལའོ། །གལ་ཏེ་དེ་ལས་ཁྱད་པར་དུ་འཕགས་པའི་བསོད་ནམས་ཡོད་དམ་ཞེ་ན། གང་ཟག་གཞན་གང་རྒྱུད་བླ་མ་འདི་ལས་ཁམས་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་མ་རྟོགས་ནའང་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་ཡིད་ཆེས་པའི་དད་པས་མོས་ན་ནི་གོང་དུ་བཤད་པའི་གང་ཟག་འདི་སྦྱིན་པ་ལས་བྱུང་བའི་དགེའ་བ་དེ་ལས་བསོད་ནམས་ཆེས་མང་པོ་ཐོབ་པར་འགྱུར་རོ། །གཉིས་པ་ལ། ཚུལ་ཁྲིམས་ཀྱི་རང་བཞིན་བློ་ལྡན་གང་ཞིག་ཚུལ་ཁྲིམས་དྲི་མ་མེད་པ་སྲུང་བར་བྱེད་དོ་ཞེས་པའོ། །ཀུན་སློང་གི་བསམ་པ་ནི་བླ་མེད་བྱང་ཆུབ་འདོད་པས་སོ། །དུས་ཀྱི་ཁྱད་པར་ནི། བསྐལ་པ་དུ་མར་ཡང་ངོ་། །རང་བཞིན་ནི་ལུས་ངག་ཡིད་ཀྱིས་ཏེ་སྒོ་གསུམ་གྱིས་སོ། །སྦྱོར་བའི་ཁྱད་པར་ནི། འབད་པ་མེད་པར་རང་གི་ངང་གིས་འཇུག་པའོ། །དེ་ལྟ་བུའི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཤིན་ཏུ་མང་མོད་ཀྱིས་དེ་ལས་ཀྱང་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་རོ། །གང་གིས་རྒྱུ་གང་ལས་ན་གང་ཟག་གཞན་གང་རྒྱུད་བླ་མ་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་རྒྱུ་དེ་ལས་མོས་པ་དང་ལྡན་པའི་གང་ཟག་འདི་ཞེས་པའོ། །གསུམ་པ་ནི། གང་ཟག་གང་ཞིག་བསམ་གཏན་ནི་སྒོམ་པར་བྱེད་ལ་ཞེས་པའོ། །འབྲས་བུའམ་བྱེད་ལས་ནི་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བ་སྟེ་ཞི་བར་བྱེད་པའོ། །རང་བཞིན་ལྷའི་གནས་ས་བསམ་གཏན་བཞི་དང་ཚངས་པའི་གནས་ས་ཚད་མེད་པའི་མཐར་སོན་པ་ནི་ཕུལ་དུ་བྱུང་བའོ། །བསམ་པ་ནི་རྫོགས་པའི་བྱང་ཆུབ་འཕོ་བ་མེད་པའི་ཐབས་སུ་གྱུར་པའོ། །དེ་ལྟ་བུའི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་ཆེས་མང་བའི་བསོད་ནམས་ཐོབ་པར་འགྱུར་རོ། །གང་གིས་གང་ལས་ན་རྒྱུད་བླ་མ་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི་ཞེས་པའོ། །གསུམ་པ་དེའི་འཐད་པ་ནི། གང་གིས་ཕྱིར་ན་སྦྱིན་པ་གཏང་བ་བས་འབྲས་བུ་ལོངས་སྤྱོད་དག་ནི་སྒྲུབ་པར་བྱེད་ཅིང་ཚུལ་ཁྲིམས་ཀྱིས་ནི་འབྲས་བུ་མཐོ་རིས་ཀྱི་གོ་འཕང་ཐོབ་པར་བྱེད་ལ་བསྟན་བཅོས་བསྒོམས་པས་འབྲས་བུ་ཁམས་གསུམ་པའི་ཉོན་མོངས་པ་སྤོང་བར་བྱེད་པ་ཡིན་ལ་རྒྱུད་བླ་མ་ལ་བརྟེན་ནས་ཁམས་ལ་སོགས་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་སྤོང་བར་བྱེད་དེ་དེའི་ཕྱིར་ན་ཤེས་རབ་འདི་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་མཆོག་ཉིད་དེ་ཤེས་རབ་དེའི་རྒྱུ་ནི་རྒྱུད་བླ་མ་འདི་ཐོས་པ་ཡིན་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ། མོས་པའི་ཡུལ་གདོད་མ་ནས་གནས་པའི་ཁམས་དང་ཁམས་དེ་ཉིད་ནི་དྲི་མ་མེད་པར་གནས་གྱུར་པ་ནི་བྱང་ཆུབ་དང་བྱང་ཆུབ་དེའི་ཡོན་ཏན་སྟོབས་ལ་སོགས་པ་དང་། དེ་ལས་གདུལ་བྱའི་དོན་བསྒྲུབ་པའི་འཕྲིན་ལས་ཏེ་རྒྱལ་བའི་ཡི་ནི་མཁྱེན་པའི་ཡུལ་དུ་གྱུར་པ་རྣམ་པ་བཞི་ཇི་སྐད་བརྗོད་པ་འདི་ལའོ། །མོས་པ་རྣམ་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ཁམས་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་དང་བདག་ཉིད་ཀྱིས་དེ་ཐོབ་པར་ནུས་པ་ཉིད་དང་། རང་ཉིད་ལ་ཡོན་ཏན་གདོད་མ་ནས་ལྡན་པར་ཡིད་ཆེས་པའི་མོས་པས་ན་ཞེས་པའོ། །དེའི་ཕན་ཡོན་ནི་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །ཞེས་པའོ། །གཉིས་པ་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་སྐྱེ་བ་དང་། སྦྱོར་བས་སྦྱིན་སོགས་བསྒྲུབ་པའོ། །དང་པོ་ནི། བསམ་གྱིས་མི་ཁྱབ་པའི་ཡུལ་ཁམས་འདི་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་དང་གནས་གྱུར་པའི་བྱང་ཆུབ་ནི་དྲི་མ་བློ་བུར་བ་ཡིན་པས་དེ་བསལ་ནས་བདག་འདྲ་བས་ཀྱང་ཐོབ་པར་ནུས་པ་དང་། ཐོབ་པར་གྱུར་ན་འདི་འདྲ་བའི་སྟོབས་སོགས་དང་འཕྲིན་ལས་ཀྱི་ཡོན་ཏན་དང་ལྡན་ཞེས་ཡིད་ཆེས་པའི་དད་པས་མོས་པའི་ཕྱིར་དེ་དག་ལ་རྟག་ཏུ་གཞན་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ནི་ཉེ་བར་གནས་པར་འགྱུར་ཞེས་པའོ། །སེམས་དེ་ཇི་ལྟ་བུ་ཞེ་ན་ཡོན་ཏན་གྱི་སྣོད་དུ་གྱུར་པའོ། །ཡོན་ཏན་གང་ཡིན་ཞེ་ན་དགེ་བའི་ཆོས་ལ་འདུན་པ་དང་། སྤྲོ་བའི་བརྩོན་འགྲུས་དང་། དེ་མ་བརྗེད་པའི་དྲན་པ་དང་། དེ་ལ་རྩེ་གཅིག་པའི་བསམ་གཏན་དང་། རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པའོ། །གཉིས་པ་ལ་བཞི་སྟེ། སྤྱིར་བསྟན་པ། དེ་བཤད་པ། རིགས་བསྡུ་བ། དག་པའི་རྒྱུའོ། །དང་པོ་ནི། བསམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་དེ་འབྲས་བུ་བྱང་ཆུབ་ལས་ཕྱིར་མི་ལྡོག་ལ། དེའི་རྒྱུ་བསོད་ནམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་། དེ་དག་ཡོངས་སུ་དག་པ་ཉིད་དུ་འགྱུར་རོ། །གཉིས་པ་ནི། བསོད་ནམས་ཀྱི་ཚོགས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དང་པོ་ལྔ་ཡིན་ལ་ལྔ་པོ་དེ་ལ་སྦྱིན་པ་བྱ་བ་ལ་སོགས་པའི་འཁོར་རྣམ་པ་གསུམ་རྟོག་པ་མེད་པས་བསོད་ནམས་དེ་རྫོགས་པར་འགྱུར་ལ། དེ་དག་ཡོངས་སུ་དག་པའི་སྦྱིན་སོགས་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་སྤངས་པའི་ཕྱིར་རོ། །གསུམ་པ་ནི། བསོད་ནམས་ཀྱི་ཚོགས་ནི། སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་དང་གསུམ་ཡིན་ཏེ། དབུའ་མ་འཇུག་པ་ལས། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ། །བདེ་བར་གཤེགས་པའི་ཁྱིམ་པ་རྣམས་ལ་གསུངས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུད། །ཅེས་སོ། །དེ་ལ་ཕ་རོལ་དུ་ཕྱིན་པ་ལྔ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་སྟེ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་བསམ་གཏན་གཉིས་ནི་བསྒོམས་པ་ལས་བྱུང་བ་ཡིན་ལ། བརྩོན་འགྲུས་ནི་ཀུན་གྱི་གྲོགས་སུ་འགྲོ་བའོ། །བཞི་པ་ལ། སྤང་བྱའི་ནི་བྱ་བའི་ཡུལ་དང་བྱེད་པ་པོ་དང་བྱ་བ་ལ་སོགས་པའི་འཁོར་གསུམ་གྱི་མཚན་མར་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པར་འདོད་ལ། ལོངས་སྤྱོད་ལ་ཆགས་པའི་སེར་སྣ་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པར་འདོད་དོ། །གཉེན་པོ་ནི་སྒྲིབ་པ་འདི་དག་གི་ས་བོན་ནི་སྤོང་བའི་རྒྱུ་གཉེན་པོ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་ཡིན་གྱི་དེ་ལས་གཞན་པའི་གཉེན་པོ་མེད་དོ། །དེའི་ཕྱིར་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་ཀྱང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་མཆོག་ཡིན་ཞིང་དེའི་གཞིའམ་རྒྱུ་ནི་རྒྱུད་བླ་མ་ཐོས་པ་ཡིན་ལ་དེའི་ཕྱིར་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལས་ཐོས་པ་མཆོག་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་མཐར་ཐུག་པ་གཟུགས་སྐུ་ཡིན་ལ། ཁམས་སོགས་ཐོས་པའི་འབྲས་བུ་ནི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གཉིས་ཏེ། རྫོགས་པའི་བྱ་བ་ཉིད་བརྗོད་པ། དེ་དག་གི་བསྡུས་དོན་ནོ། །དང་པོ་ལ་གསུམ་སྟེ། གསུང་རབ་ཇི་ལྟར་བཤད་པའི་ཚུལ། ཆོས་སྤོང་གི་ལས་ལ་བག་བྱ་བ། གསུང་རབ་བཤད་པའི་བསོད་ནམས་བསྔོ་བའོ། །དང་པོ་ལ་གསུམ་སྟེ། རྒྱུ་གང་ལ་དགོས་པ་གང་གི་ཕྱིར་བཤད་པ་དང་། ཚུལ་ཇི་ལྟར་བཤད་པ། དོན་གང་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུད་བླ་མའི་བསྟན་བཅོས་འདི་བཤད་དོ་ཞེས་པའོ། །རྒྱུ་གང་ལས་ན་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ཡིད་ཆེས་པའི་ངེས་པའི་དོན་གྱི་མདོ་སྡེ་དུ་མའི་ལུང་དང་། འགལ་བ་དང་འབྲེལ་བ་ལ་སོགས་འཐད་པའི་རིགས་པ་ལ་བརྟེན་ནས་སོ། །ཁ་ཅིག་སྤྲོས་པའི་རྗེས་དཔག་ལའང་བརྟེན་པར་འཆད་པ་ནི་བསྟན་བཅོས་མཛད་པ་པོ་ས་བཅུའི་དབང་ཕྱུག་ཡིན་པས་རྗེས་དཔག་མི་སྲིད་པའི་ཕྱིར་མི་འཐད་དོ། །དགོས་པ་གང་གི་ཕྱིར་ན་རང་དོན་ནི་དངོས་སུ་བདག་ཉིད་འབའ་ཞིག་སྒྲིབ་པ་ཕྲ་ཞིང་ཕྲ་བས་ཀྱང་དག་པར་བྱ་བའི་ཕྱིར་དང་། གཞན་དོན་ནི་རྒྱུད་ནས་ཀྱང་གདུལ་བྱ་གང་དག་གོང་དུ་བཤད་པ་ལྟར་ཟབ་མོའི་དོན་ལ་མོས་པ་དང་། དེ་ལ་བརྟེན་པའི་དགེའ་བ་ཕུན་སུམ་ཚོགས་པའི་བློ་ཅན་དེ་དག་ལ་ཐེག་པ་ཆེན་པོའི་རྒྱས་འགྱུར་གྱིས་དགེའ་བ་སྐྲུན་པས་རྗེས་སུ་བཟུང་བའི་ཕྱིར། གཉིས་པ་ནི་རྒྱུད་བླ་མའི་བསྟན་བཅོས་འདི་ནི་རབ་ཏུ་བཤད་ཅེས་པའོ། །ཚུལ་ཇི་ལྟར་ན་ཕྱིའི་རྐྱེན་སྒྲོན་མེ་དང་གློག་དང་ནོར་བུ་དང་ཉི་ཟླའི་འོད་ལ་བརྟེན་ནས་ནང་གི་རྐྱེན་མིག་དང་ལྡན་པས་གཟུགས་ལ་ལྟ་བ་བཞིན་དུའོ། །གང་ལ་བརྟེན་ནས་བཤད་ན་དེ་བཞིན་དུ་བརྗོད་བྱ་འབྲས་བུ་དོན་ཆེན་པོ་དང་ལྡན་པའི་རྗོད་བྱེད་གསུང་རབ་ཀྱིས་ཆོས་ཀྱི་སྤོབས་པའི་འོད་མཛད་པའི་ཐུབ་པ་ལ་བརྟེན་ནས་ཞེས་པ་སྟེ་རང་དགར་བྱས་པ་མ་ཡིན་ཞེས་པའི་དོན་ནོ། །གསུམ་པ་ལ་གཉིས་ལས། བཤད་བྱ་དངོས་ནི། གལ་ཏེ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བདེ་བར་གཤེགས་པའི་གསུང་རབ་བཤད་ན་གསུང་རབ་འདི་ཇི་ལྟ་བུ་ཞེ་ན་གསུང་རབ་གང་ཞིག་བླང་བྱ་དང་དོར་བྱའི་དོན་ལ་རིགས་པས་སྒྲུབ་ནས་གྲུབ་པའི་དོན་དང་ལྡན་པའི་བརྗོད་བྱ་རྣམ་པར་དག་པ་དང་། རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཞིང་སྤང་བྱ་ཁམས་གསུམ་པ་ལ་ཀུན་ནས་ཉོན་མོངས་པ་སྤོང་བར་བྱེད་ལ་འབྲས་བུ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པས་དེ་ལ་སྦྱོར་བར་མཛད་པའི་གསུང་རབ་གང་ཡིན་པ་དེ་ནི་དྲང་སྲོང་རྫོགས་པའི་སངས་རྒྱས་ཀྱི་གསུང་རབ་ཡིན་ལ་དེ་དག་ལས་བཟློག་པ་གཞན་ཞེས་པ་གསུང་རབ་མ་ཡིན་ནོ། །གཉིས་པ་དེའི་རྒྱུ་མཐུན་པ་ནི། དེ་ལས་གཞན་མི་འཆད་དམ་ཞེ་ན། བསྟན་བཅོས་གང་ཞིག་རྒྱལ་བ་འབའ་ཞིག་ལ་སྟོན་པར་གཟུང་བའི་དབང་དུ་བྱས་ཏེ། དེའི་གསུང་གི་རྗེས་སུ་ཞུགས་ཤིང་རྣམ་པར་གཡེང་བ་སྟེ་ཕྱིན་ཅི་ལོག་གི་བློ་མེད་པའི་ཡིད་ཅན་གྱིས་བཤད་པའི་འབྲས་བུ་ཐར་པ་ཐོབ་པའི་ལམ་སྟོན་པས་བརྗོད་བྱ་དེ་དང་རྗེས་སུ་མཐུན་པ་གང་ཡིན་པ་དེ་ཡང་དྲང་སྲོང་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོའི་བླང་ཞེས་པ་ཡིད་ཆེས་པའི་གནས་སུ་གཟུང་ངོ་། །གཉིས་པ་ཆོས་སྤོང་བའི་ལས་ལ་བག་བྱ་བ་ལ་གསུམ་སྟེ། ཆོས་སྤོང་གི་ལས་སྤོང་བར་གདམས་པ། ལས་ཀྱི་རྒྱུ་ངོས་གཟུང་། ལས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་ངོ་བོ་ཡང་། རྒྱུ་ཞེན་ལྟ་ཡང་བའོ། །དང་པོ་ནི། དྲང་སྲོང་རང་ཉིད་ཀྱིས་རྣམ་པར་བཞག་པའི་ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་དྲང་དོན་གྱི་མདོ་སྡེ་དང་ལུང་དང་རང་གི་རྟོག་གེ་ལ་བརྟེན་ནས་མི་དཀྲུག་ཅེས་པ་ལུང་གི་དོན་གཞན་དུ་བཅོས་པར་མི་བྱའོ། །རྒྱུ་མཚན་གང་གི་ཕྱིར་ན་རྒྱལ་བ་སངས་རྒྱས་ལས་ཆོས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་འདི་ན་ཡོད་པ་མིན་པའི་ཕྱིར་ཏེ། ཤེས་བྱ་ཇི་སྙེད་པ་མ་ལུས་པ་དང་ཇི་ལྟ་བའི་དེ་ཉིད་མཆོག་ནི་ཚུལ་བཞིན་དུ་ཀུན་མཁྱེན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་གྱི་དེ་ལས་གཞན་གྱིས་མཁྱེན་པ་མིན་པ་དེའི་ཕྱིར་རོ། །གལ་ཏེ་དཀྲུགས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ཡང་དམ་པའི་ཆོས་ལ་ནི་གནོད་པ་བྱེད་ཅིང་སྤོང་བར་འགྱུར་ཏེ་ཐུབ་པའི་གསུང་རབ་ཀྱི་ཚུལ་བཤིག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རང་གི་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་ཞེན་པའི་ལྟ་བའི་དྲི་མ་ཅན་དེ་ལ་བློ་མི་སྦྱར་རོ་ཞེས་པའོ། །ཞེན་ལྟ་ལ་ཉེས་པ་ཅི་ཡོད་ཅེ་ན་ཉེས་པ་གཉིས་པ་ལས། ཉེས་སྤྱོད་ལ་འཇུག་པ་ནི། ཉོན་མོངས་པའི་མ་རིག་པས་རྨོངས་པའི་བདག་ཉིད་ཀྱི་གང་ཟག་རྣམས་ཀྱིས་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང་དེས་གསུངས་པའི་ཆོས་ལ་བརྙས་ཤིང་སྤངས་པ་གང་ཡིན་པ་དེ་ཀུན་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་བདེན་པར་ཞེན་པས་བྱས་ཏེ་དེས་ན་ཞེས་པའོ། །ཡོན་ཏན་གྱི་རྟོགས་པ་སྐྱེར་མི་རུང་བ་ནི་དཔེར་ན་གོས་གཙང་མ་དྲི་མ་མེད་པ་ཚོན་གྱིས་ཁ་དོག་རྣམ་པར་བསྒྱུར་བར་ནུས་ཀྱི་སྣུམ་གྱིས་གོས་པ་ནི་དྲི་མ་ཅན་བསྒྱུར་བར་ནུས་པ་མིན་པ་བཞིན་དུ་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་དྲི་མ་ཅན་ལ་ཡང་དག་པའི་ལྟ་བ་མི་སྐྱེ་བའི་ཕྱིར་རོ། །གཉིས་པ་རྒྱུ་ངོས་གཟུང་བ་ནི། རྣམ་པ་བཅུས་དགྲ་བཅོམ་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་རབ་དམ་པའི་ཆོས་སྤོང་བར་བྱེད་དོ། །བཅུ་གང་ཞེ་ན། ལྷན་ཅིག་སྐྱེས་པའི་ཤེས་རབ་ཞན་པའི་བློ་དམན་པ་དང་། དད་པ་གསུམ་དང་མི་ལྡན་པའི་དཀར་པོའི་ཆོས་ལ་མོས་པ་དང་བྲལ་བ་དང་། དམན་པའི་དོན་ལ་མཆོག་ཏུ་འཛིན་པས་ལོག་པའི་ང་རྒྱལ་ལ་བརྟེན་པ་དང་། ཚེ་རབས་གཞན་དུ་དམ་པའི་ཆོས་ཀྱིས་འཕོངས་པའི་ལས་ཀྱིས་སྒྲིབ་པ་བསགས་པའི་བདག་ཉིད་དང་། དྲང་དོན་དགོངས་པ་ཅན་གྱི་གསུང་རབ་ལ་སྒྲ་ཇི་ལྟ་བ་དེ་ཉིད་དུ་འཛིན་པ་དང་། ཟང་ཟིང་གི་རྙེད་པ་ལ་བརྐམ་ཞིང་ཆགས་པ་དང་། རང་གི་ལྟ་བ་ལ་ལྷག་པར་ཞེན་པའི་དབང་དུ་གྱུར་པ་དང་། དམ་པའི་ཆོས་སུན་འབྱིན་ཅིང་སྤོང་བའི་སྡིག་པའི་གྲོགས་པོ་བརྟེན་པ་དང་། དམ་པའི་ཆོས་འཛིན་པའི་དགེ་བའི་བཤེས་གཉེན་རིང་དུ་བསྲིངས་ཏེ་དེས་ཡོངས་སུ་འཛིན་པ་དང་བྲལ་བ་དང་། ཟབ་པ་དང་རྒྱ་ཆེ་བའི་དོན་ལ་མོས་པ་དམན་པ་དང་བཅུའོ། །རྒྱལ་བའི་ཡུམ་ལ་རྒྱུ་བཞིར་གསུངས་ཏེ། སྐྱེས་བུ་གླེན་པ་དེ་དག་རྒྱུ་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྤོང་བར་འགྱུར་རོ་ཞེས་གསུངས་ལ་དེ་ཉིད་མན་ངག་གི་བསྟན་བཅོས་སུ་བཀོད་པ། ཆོས་ཀྱིས་འཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་པ་དང་། རྒྱན་ལས་ཀྱང་། རིགས་མེད་གྲོགས་ངན་མངོན་དགེའ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང་། །ཞེས་སོ། །གསུམ་པ་ཆོས་སྤོང་གི་ལས་ཀྱི་འབྲས་བུ་ལ་གཉིས་ཏེ། གནས་སྐབས་ངན་འགྲོར་སྐྱེ་བ་དང་། གཏན་དུ་ཐར་པ་ལ་སྒྲིབ་པའོ། །དང་པོ་ནི། བླང་དོར་ལ་མཁས་པའི་སྐྱེས་བུ་རྣམས་ཀྱིས་ཇི་ལྟར་ཟབ་མོའི་ཆོས་ལས་ཉམས་ཤིང་སྤངས་པ་ལ་འཇིགས་པའི་བག་བྱ་བ་དེ་བཞིན་འཇིག་རྟེན་ལ་གནོད་པ་ཆེན་པོ་མེ་དང་ནི་མི་ཟད་པའི་སྦྲུལ་གདུག་པ་དང་གསོད་པའི་གཤེད་མ་དང་ཐོག་ལའང་དེ་ཙམ་དུ་ཤིན་ཏུ་འཇིགས་པར་མི་བྱའོ། །ཅི་སྟེ་ན་མེ་དང་སྦྲུལ་དང་སྒྲ་དང་རྡོ་རྗེའི་མེ་ནི་གནོད་པ་ཤིན་ཏུ་ཆེ་ནའང་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི་དེ་དག་ལས་ཕྱི་མར་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ་ཆོས་སྤངས་པས་ནི་མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཡུམ་ལས། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བསྐུར་བྱས་ཀྱང་། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་སོ། །གཉིས་པ་ནི། མ་སྐྱེས་དགྲ་ལྟ་བུ་གང་ཞིག་ལྷས་སྦྱིན་ལྟ་བུའི་སྡིག་པའི་གྲོགས་པོ་ཡང་ནས་ཡང་དུ་བརྟེན་པས་སངས་རྒྱས་ལ་ངན་སེམས་དང་ལྡན་པར་གྱུར་ཏེ་བཀྲོངས་པར་བརྩམས་པ་དང་། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་བྱ་བ་མ་ཡིན་པ་བྱེད་པ། མཆོག་གི་ཚོགས་དགེའ་འདུན་འབྱེད་པའི་དབྱེན་བྱེད་པའི་མི་དེ་ཡང་གཉེན་པོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་ངེས་པར་བསམས་ཤིང་བསྒོམ་ན་མྱུར་དུ་འཚམས་མེད་པའི་སྡིག་པ་དེ་ལས་ཐར་བར་འགྱུར་ཏེ། མདོ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །གང་ཟག་གང་ཞིག་ཡིད་ནི་ཐེག་པ་ཆེན་པོའི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་དེ་ཞེས་པ་མེད་དེ་ཉེས་པའི་གཉེན་པོ་དང་བྲལ་བའི་ཕྱིར་རོ། །གསུམ་པ་བཤད་པའི་བསོད་ནམས་བསྔོ་བ་ལ། བསྔོ་རྒྱུའི་དགེ་བ་ནི། འབྲས་བུ་དཀོན་མཆོག་གསུམ་དང་རྒྱུ་རྣམ་པར་བྱང་བའི་ཁམས་དང་རྐྱེན་དྲི་མ་མེད་པའི་བྱང་ཆུབ་དང་སྟོབས་སོགས་ཀྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་ཏེ་རྡོ་རྗེ་ལྟ་བུའི་དོན་གནས་རྣམ་པ་བདུན་ངེས་པའི་དོན་གྱི་གསུང་རབ་ཀྱི་ཚུལ་ཇི་ལྟ་བ་བཞིན་དུ་བཤད་པ་ལས་འཆད་པ་པོ་བདག་གིས་དགེའ་བ་གང་ཐོབ་པ་དེས་ནི་ཞེས་པའོ། །ཆེད་དུ་བྱ་བ་ནི་ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་ཞེས་པའོ། །བསྔོ་བའི་འབྲས་བུ་ལ་གནས་སྐབས་ཀྱི་འབྲས་བུ་ནི། མཐའ་ཡས་པའི་འོད་མངའ་བའི་དྲང་སྲོང་མགོན་པོ་སྐུ་ཚེ་དཔག་ཏུ་མེད་པ་མངོན་སུམ་དུ་མཐོང་ཞིང་དེ་མཐོང་ནས་ཀྱང་ནི་འབྲས་བུ་ཆོས་ཀྱི་མིག་དྲི་མ་མེད་པའི་མཐོང་ལམ་སྐྱེས་ཏེ་ཞེས་པའོ། །མཐར་ཐུག་གི་འབྲས་བུ་ནི་བྱང་ཆུབ་མཆོག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤོག །བསྔོ་བའི་རང་བཞིན་ནི། རྒྱན་ལས། བསྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་ཡིན། །ཞེས་འབྱུང་བས་ཀུན་རྫོབ་ཏུ་རྒྱུ་འདིས་གཞན་དོན་དུ་བྱང་ཆུབ་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་པ་འདུན་པ་དང་བཅས་པའོ། །དོན་དམ་པར་བསྔོ་རྒྱུའ་དགེ་བ་དང་། ཆེད་དུ་བྱ་བ་དང་། བསྔོ་བ་འབྲས་བུ་དང་། བསྔོ་བའི་སེམས་རྣམས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བསྔོ་བ་སྟེ། བསྡུད་པ་ལས། གང་གིས་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱི་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །ཞེས་སོ། །དེ་ལྟར་བསྔོ་བའི་བྱེད་པ་ནི། དགེའ་བའི་རྩ་བ་དེ་བར་མ་དོར་ཟད་པར་མི་འགྱུར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ན་ལྷུང་། །རྒྱ་མཚོ་མ་སྐམས་བར་དུ་དེར་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་སོ། །གཉིས་པ་དེ་དག་གི་བསྡུས་དོན་ལ། དེ་ལྟར་ཡིད་ཆེས་ཞེས་པའི་ཚིགས་སུ་བཅད་པ་ནི་གང་ལས་རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་བཤད་པ་དང་། ཇི་ལྟར་སྒྲོན་གློག་ཅེས་པ་ཚུལ་ཇི་ལྟ་བུར་ནི་བཤད་པ་དང་། གང་ཞིག་དོན་ལྡན་ཞེས་པས་དོན་གང་ཞིག་བརྗོད་པ་དང་། གང་ཞིག་རྒྱལ་བས་ཞེས་པ་བཤད་བྱ་དེའི་རྒྱུ་མཐུན་པ་ནི་གང་ཡིན་པ་དེ་རྗོད་དེ་དེ་དག་ཚིགས་སུ་བཅད་པ་བཞིས་བསྟན་ཏེ། གང་ཕྱིར་རྒྱལ་ལས་ཞེས་པ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་ཆོས་སྤོང་བའི་ལས་སྤོང་བར་བསྟན་པས་བདག་ཉིད་དག་པའི་ཐབས་དང་། བློ་དམན་ཞེས་པའི་ཚིགས་སུ་བཅད་པ་གང་གིས་ཆོས་སྤོང་གི་ལས་ཀྱིས་ཉམས་པའི་རྒྱུ་དང་། དེ་ནས་ཇི་ལྟར་ཟབ་མོའི་ཞེས་པ་ནས་ཚིགས་སུ་བཅད་པ་ནི་གཉིས་ཀྱིས་ཉམས་པའི་འབྲས་བུ་བསྟན་པ་ཡིན་ཏེ། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་པའི་ཚིགས་སུ་བཅད་པ་ཐ་མ་ཡིས་ནི་གནས་སྐབས་ཀྱི་འབྲས་བུ་འོད་དཔག་མེད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་བཟོད་པ་ཐོབ་པ་དང་། མཐར་ཐུག་གི་འབྲས་བུ་བྱང་ཆུབ་མཆོག་ཐོབ་པའི་ཆོས་བརྗོད་པས་མདོར་ན་བསྟན་བཅོས་བཤད་བའི་བསྔོ་བའི་འབྲས་བུ་རྣམ་པ་གཉིས་ནི་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཕན་ཡོན་གྱི་ལེའུ་སྟེ་ལེའུ་ལྔ་པའི་བཤད་པའོ།། །།འགྱུར་མཐར་ཕྱིན་པའི་བྱ་བ་ནི་གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཞེས་པའོ། །གང་གི་ཐུགས་ནི་དཔག་ཡས་བསྐལ་པར་གཞན་དོན་དཀའ་སྤྱད་རྨད་བྱུང་དང་། །ཇི་སྙེད་ཆོས་ཀུན་ཇི་བཞིན་ཐུགས་ཆོས་མཁྱེན་རབ་ཕུལ་བྱུང་གོམས་པའི་མཐུས། །བློ་བུར་སྒྲིབ་ཀུན་མཁའ་ལ་སྤྲིན་ལྟར་ཟག་མེད་དབྱིངས་སུ་ཉེར་ཞི་ནས། །དབྱིངས་དང་ཡེ་ཤེས་རོ་གཅིག་ཐུགས་ཆུད་སྐུ་གསུམ་ཡོངས་རྫོགས་སངས་རྒྱས་གྱུར། ༡ །གང་དེས་འགྲོ་ཀུན་གདོད་ནས་རང་བཞིན་འོད་གསལ་ཡང་། །བློ་བུར་ཉེས་པའི་སྲིད་པའི་རྒྱ་མཚོར་འཁྱམས་གྱུར་ཏེ། །རབ་དྲག་སྡུག་བསྔལ་རྦ་རླབས་འཕྲེང་བས་གཙེས་གྱུར་པར། །རྣམ་པར་གཟིགས་ནས་ཐུགས་རྗེའི་དབང་གིས་སྲིད་མཐར་རོལ། ༢ །གང་ཞིག་གདོད་ནས་རྣམ་སངས་རྒྱས་ཀྱང་སྒྲིབ་ཀུན་བཅོམ་ནས་བྱང་ཆུབ་བརྙེས། །གཅིག་དང་ཐ་དད་མཚན་མ་མེད་ཀྱང་མ་འདྲེས་དངོས་ཀུན་གཅིག་ཏུ་མཁྱེན། །རང་བཞིན་མཆོག་ལྟར་འབད་པ་མེད་ཀྱང་རྣམ་སྤྲུལ་དུ་མས་འགྲོ་བ་འདུལ། །ཆོས་ཀུན་བརྗོད་དུ་མེད་པར་གཟིགས་ཀྱང་གདུལ་བྱའི་བསམ་བཞིན་ཆོས་སྒྲ་སྒྲོགས། ༣ །དེ་ཡིས་རབ་བརྟན་ལྷུན་པོའི་ལྷོ་ཕྱོགས་འདིར། །རྣམ་འཕྲུལ་དུ་མས་བྱང་ཆུབ་ཚུལ་བསྟན་ཏེ། །ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཕབ་པས། །སྐལ་བ་ཇི་བཞིན་བྱང་ཆུབ་ལོ་ཐོག་བསྐྲུན། ༤ །དེ་ཚེ་གདོང་བཞི་པད་དཀར་མིག་ཅན་མིག་སྟོང་པ་དང་བདེ་འབྱུང་སོགས། །རིག་བྱེད་སྒྲོགས་པའི་ངལ་བ་བཏང་ནས་ཐུབ་པའི་གསུང་རབ་གཙུག་གིས་ལེན། །སེར་སྐྱ་ལ་དད་ནམ་མཁའི་གོས་ཅན་ལྷ་ཡི་བླ་མའི་རྗེས་འབྲང་བཅས། །ལམ་ངན་ཆགས་པའི་འབད་པ་སྤངས་ནས་རྒྱལ་བའི་བསྟན་པ་དད་པར་གྱུར། ༥ །འོན་ཀྱང་གསུང་གི་གསང་བ་ནི། །རྡུལ་བྲལ་དགྲ་བཅོམ་ཚོགས་ཀྱིས་ཀྱང་། །ཇི་བཞིན་རྟོགས་པར་རབ་དཀའ་ན། །བྱིས་པའི་སྐྱེ་བོས་ཇི་ལྟར་འཚལ། ༦ །དེ་སླད་འཕགས་པ་མ་ཕམ་མགོན་པོ་ས་བཅུའི་སྤོ་ལ་རྣམ་མཛེས་ཤིང་། །རིན་ཆེན་དོ་ཤལ་ཅོད་པན་གཡོ་བའི་སྐབས་གསུམ་སྐྱེ་བོས་གུས་མཆོད་པས། །སྐལ་བཟང་འགྲོ་ལ་ཐེག་མཆོག་གསུང་རབ་བདུད་རྩིའི་དགའ་སྟོན་སྩོལ་སླད་དུ། །རོ་བརྒྱའི་བཅུད་ལྡན་ངེས་དོན་འབྲས་སྟེར་དཔག་བསམ་རྐང་འཐུང་གཞུང་འདི་བསྐྲུན། ༧ །གང་དེ་རྒྱལ་བའི་བསྟན་པ་ལ། །བློ་གྲོས་སྤོབས་པ་ཐོགས་མེད་པས། །ཐུབ་པའི་གསུང་བཞིན་རབ་ཕྱེ་བས། །བློ་ལྡན་ལོངས་སྤྱོད་མཆོག་ཏུ་འགྱུར། ༨ །སླར་ཡང་གངས་རིའི་འཕྲེང་ལྡན་འདིར། །སྐྱེས་ཆེན་དག་གིས་ལེགས་བསྒྱུར་ཅིང་། །བློ་མཆོག་རྣམས་ཀྱིས་གསལ་མཛད་པ། །ཟབ་མོའི་གཏམ་འདི་ཡུན་རིང་གནས། ༩ །དེ་སླད་བདག་གིས་སྔོན་རབས་ཀྱི། །སྐྱེས་མཆོག་རྣམས་ཀྱིས་མ་བགྲོད་པའི། །སྔོན་མེད་ཚིག་དང་དོན་གྱི་ལམ། །ཅུང་ཟད་དེང་འདིར་བགྲོད་དུ་མེད། ༡༠ །འོན་ཀྱང་གང་དུ་དམ་པའི་སྐྱེ་བོ་རྣམས། །བགྲོད་པའི་ལམ་འདིར་འཇུག་ལ་མི་རིགས་མེད། །དེ་སླད་གཞུང་འདིར་ངེས་དོན་གསུང་རབ་བཞིན། །རྣམ་པར་དཀྲོལ་བའི་ངལ་འདི་བདག་གིས་སོ། ༡༡ །ཚུལ་འདི་མཁྱེན་རབ་མཐུ་སྟོབས་མཆོག་གིས་ཤཱཀྱ་སེང་གེའི་བསྟན་པའི་ཁུར། །གཞོན་ནུའི་དུས་ནས་ཡུན་རིང་འཛིན་ཡང་བསྙེལ་མེད་ཐུགས་མངའ་ཐུགས་རྗེ་ཅན། །གང་དེའི་དྲིན་ལས་ལུང་རིགས་དོན་ལ་བློ་གྲོས་སྤོབས་པ་མྱུར་འཇུག་ཅིང་། །མཁས་པའི་བྱ་བས་མཁས་རྣམས་དགའ་སྐྱེ་མཚུངས་མེད་བློ་ཅན་དེ་ཡིས་བཀོད། ༡༢ །བདག་བློའི་རྣམ་དཔྱོད་ཁང་བཟངས་སུ། །ལུང་རིགས་ལེགས་བཤད་རིན་ཆེན་ཚོགས། །འཇིག་རྟེན་མེས་པོའི་བཀའ་མེད་པར། །མཐའ་དག་གཅིག་ཏུ་བསྡུས་པ་བཞིན། ༡༣ །དེ་ཡི་བྱ་བས་ཡིད་འཕྲོག་པས། །ཕྲག་དོག་བསམ་པས་ལོངས་སྤྱོད་ཀྱིས། །འབྱོར་པ་བཀག་པས་དུས་མཐའ་ཡི། །སྐྱེ་བོ་ཡིས་ཀྱང་སྤངས་པ་སྙམ། ༡༤ །དེ་ཚེ་དེ་ཡིད་མི་གཡོའ་བར། །སྙིང་པོ་མེད་པའི་ལོངས་སྤྱོད་དང་། །དུས་མཐའི་སྐྱེ་བོས་སྤངས་ཀྱང་སླ། །ལེགས་བཤད་འབྱོར་པ་ཐོབ་པས་ཚིམ། ༡༥ །གང་དག་སྔོན་རབས་ལེགས་བྱས་གོམས་པ་དམན་གྱུར་པ། །ལོག་པའི་རྒྱུན་ཕྱོགས་དམ་པ་རིང་སྤངས་སྐྱེ་བོ་ཡིས། །རྨད་བྱུང་གཏམ་འདི་རྣ་བའི་ལམ་དུ་འཇུག་དཀའ་ན། །ཟབ་མོའི་དོན་རྣམས་འདི་ཞེས་རྣམ་འབྱེད་ག་ལ་ནུས། ༡༦ །མཁས་པའི་ཉི་མས་ལེགས་བཤད་འོད་ཟེར་སྟོང་འཕྲོ་བས། །བསྟན་པའི་པད་ཚལ་ཀུན་ནས་རྒྱས་བྱེད་ཤར་བའི་ཚེ། །བླུན་པོའི་རྗེས་ཕྱོགས་མུན་སྤྲུལ་ཚིག་ལ་མངོན་དགའ་བའི། །སྐྱེ་བོ་ཕལ་ཆེར་མཚན་རྒྱུའི་གཉིས་སྐྱེས་བརྟུལ་ཞུགས་འཛིན། ༡༧ །བློ་གྲོས་ལུས་ལྡན་དད་པའི་གཤོག་རྩལ་རབ་བསྐྱེད་དེ། །གསུང་རབ་གླུ་དབྱངས་དར་དིར་སྒྲོགས་སླད་ལེགས་བཤད་ཀྱི། །སྦྲང་རྩི་དོན་གཏེར་མཁས་པའི་སྐྱེད་ཚལ་རྒྱུ་བ་ན། །ལས་ཀྱི་རླུང་གིས་མི་གཙང་ཁྲོད་དུ་བདས་པ་མཚར། ༡༨ །སྐལ་བཟང་རྣམ་དཔྱོད་བློ་ལྡན་པ། །ཐེག་མཆོག་དེ་ཉིད་འཚོལ་འདོད་རྣམས། །གསུང་རབ་ངེས་དོན་གསལ་བྱེད་པའི། །རིན་ཆེན་སྒྲོན་འདི་གུས་པར་ཟུངས། ༡༩ །དེ་ལྟར་རྒྱལ་དང་རྒྱལ་སྲས་མཆོག་གི་གསུང་གི་གསང་བ་བླ་ན་མེད། །མཆོག་ཏུ་རྟོགས་དཀའ་ཕུལ་ཕྱུང་དོན་འདི་གསུང་རབ་ཇི་བཞིན་གསལ་བྱས་པའི། །ལེགས་བྱས་གང་དེས་ནམ་མཁའི་རྗེས་འགྲོ་ལུས་ཅན་ཀུན་གྱི་སྲིད་ཞི་ཡི། །རྒུད་པ་མཐའ་དག་ཉེ་བར་ཞི་ནས་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག ༢༠ །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་པའི་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་ཡུལ་དབུས་ཀྱི་གཡོ་རུ་གྲའི་ཆ་སྟོད་གྲོང་ཞེས་པར་སྐུ་འཁྲུངས་ཆར་བྱུང་བ། རིགས་པར་སྨྲ་བ་བློ་གྲོས་མཚུངས་མེད་ཀྱིས། སྐྱེས་བུ་མཁས་པའི་ཚོགས་ཀྱིས་བརྟེན་པའི་བསྟི་གནས་དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །ༀ་སྭ་སྟི། མཐའ་ཀླས་འགྲོ་ལ་མ་མ་སྡུག་གུ་ལྟར། །མ་འདྲིས་མཛའ་བཤེས་སྲིད་གསུམ་མགོན་གཅིག་པུ། །ཚད་མེད་མཁྱེན་རྩེ་ནུས་པའི་དཔལ་ཡོན་ཅན། །སྟོན་པ་མཚུངས་མེད་ཤཱཀྱ་སེང་གེར་འདུད། །གང་གིས་གསུང་རབ་བདུད་རྩིའི་རྒྱ་མཚོ་ལས། །འཁོར་ལོ་དང་པོས་འཁོར་འདས་བླང་དོར་དང་། །བར་པས་གནས་ལུགས་ངོ་བོ་སྤྲོས་བྲལ་དང་། །ཐ་མས་རང་བཞིན་འོད་གསལ་རྒྱས་པར་བསྟན། །དེ་ཡང་འཁོར་ལོ་ཐ་མའི་ངེས་དོན་མདོ། །ལྷག་བསམ་བསྟན་མདོ་དེ་བཞིན་གཤེགས་སྙིང་མདོ། །དཔལ་ཕྲེང་སེངྒེའི་ང་རོའི་མདོ་སྡེ་དང་། །འཕེལ་འགྲིབ་མེད་པར་བསྟན་པའི་མདོ་སྡེ་དང་། །རྔ་བོ་ཆེ་མདོ་ཡེ་ཤེས་སྣང་རྒྱན་མདོ། །སོར་ཕྲེང་མདོ་དང་གཙུག་ན་རིན་ཆེན་མདོ། །མྱ་ངན་ལས་མདོ་ཕལ་པོ་ཆེ་སོགས་གསུངས། །ཟབ་མོ་ལྟ་བའི་ཤིང་རྟ་ཀླུ་སྒྲུབ་རྗེས། །ཐེག་ཆེན་ངེས་དོན་འཁོར་ལོ་ཐ་མའི་མདོ། །སེམས་ཅན་རྣམས་ལ་གཤེགས་སྙིང་ཡོད་པའི་ཚུལ། །དབུ་མ་ཆོས་དབྱིངས་བསྟོད་པའི་གཞུང་ཆེན་ནང་། །འོ་མར་འབར་དང་བུམ་ནང་མར་མེ་དང་། །རྡོ་སྙིང་བཻཌཱུརྱ་དང་གསེར་རྡོ་དང་། །སྦུན་སྙིང་འབྲུ་དང་ཆུ་ཤིང་འབྲས་བུ་དྲུག །གཞི་ལམ་འབྲས་བུར་གཉིས་རེ་སྦྱར་ནས་གསུངས། །རྒྱ་ཆེན་སྤྱོད་པའི་ཤིང་རྟ་ཐོགས་མེད་རྗེས། །རྒྱལ་ཚབ་བྱམས་པའི་མན་ངག་ལ་བརྟེན་ནས། །གཤེགས་སྙིང་སེམས་ཅན་ཀུན་ལ་ཡོད་པའི་ཚུལ། །ཐེག་པ་ཆེན་པོ་རྒྱུད་བླའི་བསྟན་བཅོས་ནང་། །པད་ནང་སངས་རྒྱས་སྦྲང་མའི་སྦྲང་རྩི་དང་། །སྦུན་ནང་སྙིང་པོ་མི་གཙང་འདམ་དུ་གསེར། །ས་འོག་གཏེར་དང་པགས་སྦུབས་ལྗོན་ཤིང་དང་། །གོས་རུལ་ནང་བསྟུམས་རིན་ཆེན་སྐུ་གཟུགས་དང་། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་འདམ་ཁྲོད་ནང་གསེར་བཟང་གཟུགས་མཛེས་དགུ། །ལམ་ལ་ཞུགས་པའི་སེམས་ཅན་ལ་དགོངས་ནས། །དུག་གསུམ་ཆ་མཉམ་དང་པོས་དཔེ་བཞིས་བསྟན། །མ་རིག་བག་ཆགས་ཉན་རང་དགྲ་བཅོམ་ལ། །ལྔ་པས་བསྟན་ཅིང་བྱང་སེམས་སྐྱེ་འཕགས་རྒྱུད། །མཐོང་སྒོམ་སྤང་བྱ་དྲུག་དང་བདུན་པ་དང་། །ས་བདུན་ས་གསུམ་བརྒྱད་དང་དགུ་དཔེས་བསྟན། །གངས་རི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་སུ། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ། །མེས་དབོན་གསུམ་དང་མཁན་སློབ་ཆོས་གསུམ་གྱིས། །དྲིན་ལས་དམ་ཆོས་ཉི་འོད་ཐང་མར་བརྡལ། །དེ་ཕྱིར་ཁྱད་ཆོས་དྲུག་ལྡན་སྔ་འགྱུར་བའི། །རྒྱལ་བསྟན་བཤད་སྒྲུབ་སྲོལ་ཆེན་ལས་འོངས་པའི། །བོད་ཡུལ་གསར་རྙིང་མཁས་པ་སོ་སོ་ཡིས། །མ་ཕམ་དགོན་གྱི་དགོངས་དོན་སོ་སོར་བཀྲལ། །གང་འདིར་རྒྱལ་གསུང་གཏིང་ཟབ་རྒྱ་མཚོ་ཆེར། །གཟུངས་སྤོབས་བློ་གྲོས་མཚུངས་མེད་དེད་དཔོན་ཆེས། །བླངས་པའི་ཐེག་ཆེན་རྒྱུད་བླའི་བསྟན་བཅོས་ཀྱི། །ངེས་དོན་གསལ་བྱེད་རིན་ཆེན་སྒྲོན་མེ་ཡིན། །འགྲེལ་འདི་རྒྱལ་དབང་ཀུན་མཁྱེན་ཀློང་ཆེན་པས། །མཛད་ཚུལ་རིང་ནས་ལོ་རྒྱུས་མེ་ལོང་ངོགས། །མཁས་རྣམས་མགྲིན་དབྱངས་གཅིག་གཟུགས་བཀྲ་ན་ཡང་། །ཁོར་ཡུག་གངས་ཅན་སྒེག་མོའི་དབྱིག་འཛིན་ཐོད། །མི་ལོ་དྲུག་བརྒྱ་ལྷག་ཙམ་ཉེར་བརྒལ་བའི། །མི་སྣང་རྒྱས་བཏབ་གཟིམས་པའི་ཟབ་གཏེར་གང་། །ཕྱི་མའི་དུས་འདིར་མཁན་སློབ་ཆོས་གསུམ་དང་། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཐུགས་བསྐྱེད་ལས། །འབྱོར་རྒྱས་ཨ་མེ་རི་ཀའི་རྒྱལ་ཁབ་ནས། །སངས་རྒྱས་པདྨའི་ཐུགས་རྗེས་ཉེར་འཚོ་མཁན། །དཔལ་ལྡན་ཤེས་རབ་གང་གིས་སླར་ཡང་བཏོན། །དེ་ཡང་རྒྱལ་དབང་ཀློང་ཆེན་རབ་འབྱམས་ལ། །མཚན་གྱི་རྣམ་གྲངས་བློ་གྲོས་མཚུངས་མེད་གྲགས། །རྫོགས་ཆེན་ཐལ་འགྱུར་རྩ་བའི་རྒྱུད་ལས་ཀྱང་། །དེ་འོག་བློ་གྲོས་མཆོག་གིས་འཛིན་ཅེས་གསུངས། །སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་ཀྱང་། །ཀུན་མཁྱེན་ཆེན་པོའི་མཚན་བསྟོད་ནང་དུ་ཡང་། །བློ་གྲོས་མཚུངས་མེད་ཅེས་པས་བསྟོད་ཕྱིར་དང་། །མཆོག་དང་མཚུངས་མེད་སྒྲ་དོན་མཉམ་ཕྱིར་རོ། །མ་ཟད་བོད་ཡུལ་མཁས་རྒན་ཞལ་རྒྱུན་ལས། །བྱམས་ཆོས་སྡེ་ལྔར་སྤྱི་དོན་ཤེར་མདོ་དང་། །རྒྱུད་བླར་འགྲེལ་པ་རིན་ཆེན་སྒྲོན་མེ་དང་། །རིན་ཆེན་ཐེམ་སྐས་ཞེས་སོགས་ཡོད་སྐད་གསུངས། །མདོར་ན་འགྲེལ་འདི་འཁྲུངས་ཡུལ་ཆོས་གྲྭ་དང་། །གསུང་གི་སྒྲོས་དང་བརྗོད་བྱའི་བཞེད་དོན་དང་། །སློབ་དཔོན་མཚན་སོགས་གཏན་ཚིགས་ཡང་དག་ལས། །ཀུན་མཁྱེན་ཆེན་པོས་མཛད་བསྒྲུབས་བསླུ་བ་མེད། །གཞན་ཡང་ཀུན་མཁྱེན་ཆེན་པོས་དབུ་འཇུག་འགྲེལ། །ཀོང་པོར་ཁྱིམ་ཚག་ཞིག་ནང་མཆིས་པ་ཉིད། །ཕྱིས་སུ་མཐོང་ཡང་ཅི་བྱ་བྲལ་སོང་ཞེས། །སྤོ་ལུ་མཁན་པོ་རྡོ་རྗེས་བདག་ལ་གསུངས། །དེ་སོགས་བོད་ཡུལ་ཐུབ་བསྟན་སྲོལ་འབྱེད་པའི། །སྔ་འགྱུར་མཁས་གྲུབ་རྣམས་ཀྱི་ལེགས་བཤད་ཀུན། །ཕྱིས་སུ་རྙིང་མའི་བསྟན་འཛིན་རྣམས་ཀྱིས་ནི། །ཕ་ཆོས་བདག་བཟུང་མ་ནུས་ཆེས་མང་མཆིས། །བོད་ཡུལ་གཞན་ཕྱོགས་གསར་མ་པ་ཕལ་ཆེར། །རང་ཕྱོགས་གཙིགས་འཛིན་སྔ་འགྱུར་བསྟན་པ་དང་། །བསྟན་པ་འཛིན་ལ་སྡང་མིག་ཆེར་བགྲད་ནས། །སྒྲོ་སྐུར་ཀུ་ཅོ་སྒྲོག་ལ་རྣམ་ཀུན་བྲེལ། །འདི་དང་འདི་འདྲའི་ཟབ་རྒྱས་གཞུང་ཆེན་རྣམས། །དོར་ནས་ཉུང་ངུའི་མན་ངག་གཙིགས་ཆེ་ཚུལ། །ཤུབ་བུར་ཟློ་བཞིན་རྙིང་བསྟན་འཛིན་རློམ་རྣམས། །སྔ་འགྱུར་གསང་ཆེན་ཀློང་དུ་བསྙལ་ལ་བྲེལ། །དེ་སླད་ལ་འུར་བློ་གསལ་ཐར་འདོད་རྣམས། །ཐོས་བསམ་ཕྱོགས་རེས་བློ་མིག་མི་ཚིམ་པར། །ཡོངས་རྫོགས་དྲི་མེད་འོད་ཟེར་གསུང་རབ་ལ། །བརྟེན་ནས་ཟབ་དོན་དགོངས་པ་ཚོལ་མཛོད་ཀྱེ། །དེ་ལྟར་རྒྱལ་དབང་གཉིས་པ་བསམ་ཡས་པའི། །འཆོས་སྐྱོབ་གཉིས་ལྡན་བསྟན་བཅོས་ཡིད་བཞིན་ནོར། །ངོ་སྤྲོད་ཚད་མ་གཉིས་ལྡན་གྱིས་མཚོན་དགོས། །འགྲོ་ཀུན་སངས་རྒྱས་སྐུ་གཉིས་མྱུར་ཐོབ་ཤོག །འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་སྙིང་པོའི་བཅུད། །མདོ་སྔགས་ཟུང་འབྲེལ་བོད་ཡུལ་ཐུབ་པའི་བསྟན། །བཤད་སྒྲུབ་ཟུང་འབྲེལ་དགེ་འདུན་སྡེ་གཉིས་ཀྱིས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་འགེངས་གྱུར་ཅིག །དེ་སྐད་ནུབ་གླིང་རྒྱ་མཚོའི་ཕ་རོལ་མཐར། །གྲོང་ཁྱེར་ཆེན་པོའི་ནིའུ་ཡོར་ཀ་རུ། །ཆོས་སྨྲའི་མཁན་མིང་འཛིན་པ་རྒྱལ་ཁམས་པ། །ཤྲིམནྡ་པྲཛྙཱས་བྲིས་པ་དགེ་ལེགས་འཕེལ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། ༈ ཡིད་འཕྲོག་ཚིགས་སུ་བཅད་པའི་ཨནླ་རྙིལ། །སྡེབས་སྦྱོར་གསེར་གྱི་རྒྱུན་ཐག་ལ་བརྒྱུས་ཏེ། །དཔྱོད་ལྡན་སྒེག་མོའི་རྒྱན་དུ་སྤེལ་མཁས་པ། །བློ་གྲོས་མཚུངས་མེད་ཞབས་ལ་ཕྱག་འཚལ་ལོ། །ཞེས་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་གསུངས་པའོ། །


previousརྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ། next