Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ལྔ་བཅུ་པ།

1 occurrence of དྲིལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
 
བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
  


1 occurrence of དྲིལ་བུ་
[Clear Hits]

 
previousབྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།next

བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།

བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས་བཞུགས་སོ། །འཕགས་པ་འཇམ་དཔལ་དང་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །བྱ་སྤྱོད་ཀྱི་སྔགས་སྒྲུབ་པའི་ཚུལ་གནད་མདོར་བསྡུས་བཤད་པ་ལ། དང་པོ་འཇུག་པའི་སྤྱོད་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ནོད་ལ་དམ་ཚིག་ཚུལ་བཞིན་བཟུང་བའི་སྒྲུབ་པ་པོས། ཆོ་གའི་ཡན་ལག་མ་ཉམས་པར་སྔོན་དུ་མཚན་མ་དུས་གྲངས་ཀྱི་བསྙེན་པ་ལེགས་པར་བྱས་ཤིང་། ཇི་སྐད་གསུངས་པའི་བརྟུལ་ཞུགས་དག་ཀྱང་སྤྱད་པར་བྱའོ། །དེ་ནས་སྒྲུབ་པའི་སྤྱོད་པ་ལ་བརྩམ་པར་བྱ་སྟེ། དེ་ཡང་སྒྲུབ་པའི་གནས་དང་དུས་དང་གྲོགས་དང་ཡོ་བྱད་རྣམས་ལེགས་གྲུབ་སོགས་ལས་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པར་བྱས་ལ། གང་དུ་ལྷ་དེ་དག་གི་དཀྱིལ་འཁོར་ལེགས་པར་བྱ་སྟེ། དེ་ཡང་སྔར་མ་དུལ་བའི་ས་ཡིན་ན་བརྟག་པ་བྱས་ཤིང་རུང་བར་མཐོང་ན་ས་བསླང་བར་བྱ་ཞིང་། དེར་གསང་བ་སྤྱི་རྒྱུད་ལས་གསུངས་པ། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་པ་དང་། །ཁང་ཐོག་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་ཞིང་བརྟག་པ་དང་། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་མི་དགོས་ཏེ། །མཐོ་དམན་ལ་སོགས་སྐྱོན་རྣམས་ཀྱང་། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་པ་ལྟར་དམིགས་བསལ་ཅན་འདི་རྣམས་མ་གཏོགས་གཞན་དུ་དཀྱིལ་འཁོར་གང་དུ་བྱ་བ་དེར་ལྟོ་འཕྱེ་བརྟག་ལས་ཁྲུ་གང་རྐོ། དེར་ས་དཀར་པོ་བྱུང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་དྲག་པོའི་ལས་ལ་ཤིས། ཁྲུ་གང་བརྐོས་པའི་ས་དེ་ཉིད་སླར་དོང་དེ་ཉིད་དུ་བླུག་པས། ཁ་ད་ཚད་དུ་གང་ན་བཟང་། ལྷག་པོ་བྱུང་ན་མཆོག་ཏུ་བཟང་། མ་གང་ན་ངན་པས་སྤང་། རྭ་དང་རུས་པ་སོགས་བྱུང་ན་ངན། དེ་ལྟར་ས་པྲ་བརྟག་ཅིང་། དེར་སའི་ཟུག་རྔུ། རྭ་དང་རུས་པ། ཐལ་བ། གྱོ་མོ། རྡོ་དང་སྡོང་དུམ་གཟེག་མ་ཚེར་མ་སྐྲ་ཤད་བོང་བ་ཕུབ་མ་སོགས་རད་རོད་དུ་གྱུར་པ་ཐམས་ཅད་ས་ཡི་ཟུག་རྔུ་ཡིན་པས་ལེགས་པར་དབྱུང་ལ་གྲོག་སྦུར་སྲིན་བུ་སྲོག་ཆགས་བསལ་ཏེ་མེད་པར་བྱས་ནས་ས་གཙང་མ་རྣམས་དོང་དེར་སླར་བླུགས་ལ་ཐོ་བས་ཏོད་རྣམས་བཅག་སྟེ་ཤིན་ཏུ་འཐད་པར་བཅག་ཅིང་། བ་གཅིན་གྱིས་ཆག་ཆག་གདབ་ནས་མེ་ལོང་གི་ངོས་ལྟར་མཉམ་པ་ཅུང་ཟད་ཤར་དང་བྱང་དུ་གཞོལ་བ་ཙམ་བྱས་བ་ལང་གི་ལྕི་བ་ཆུར་སྦྱར་བས་ཤར་ནས་བརྩམས་ཏེ་ཁྱབ་པར་བྱུག །དེའི་དཀྱིལ་དུ་ཁུང་བུ་ཅུང་ཞིག་བརྐོས་པར་འབྲུ་རྣམས་དང་རིན་པོ་ཆེ་ཀུན་ལྷ་དེའི་སྔགས་ཀྱིས་བཏབ་ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿཞེས་པས་སྔགས་ཀྱང་རུང་སྟེ་གཞག་པ་ནི་གཏེར་སྦ་བའོ། །ཟུག་རྔུ་དབྱུང་མི་ནུས་པ་ཡོད་ན་གསང་སྔགས་ཁོ་ནས་སྦྱངས། དེ་ཡང་གཉུག་མར་གནས་པའི་གཞིར་ས་ལག་པས་བྲམས་ཤིང་སྔགས་བཟླས་པས་སྦྱང་ངོ་། །བརྟན་པར་གྱུར་པའི་ལས་རྣམས་དང་གདོན་ཚར་གཅོད་པ་སོགས་དྲག་ཤུལ་གྱི་ལས་ལའང་ས་བརྟག་མི་དགོས་པར་གསུངས། དེ་ནས་ལས་སྔགས་ཀྱི་དྲི་ཆུས་བསང་གཏོར་བྱ། ལག་གཡས་ས་ལ་བྲིམ་སྟེ་སྔགས་བཟླས་པས་སྲུང་ཞིང་བློས་དཀྱིལ་འཁོར་གྱི་གཞི་ཉིད་དུ་ས་ཡོངས་སུ་བཟུང་བར་བྱའོ། །ལས་ཐམས་ཅད་པའི་སྔགས་ནི་རྒྱལ་བའི་རིགས་ལ་འཁོར་ལོས་སྒྱུར་བའི་ཡི་གེ་གཅིག་པ་བྷྲཱུྃ། པདྨའི་རིགས་ལ་རྟ་མགྲིན་གྱི་ཡི་གེ་བཅུ་པ། རྡོ་རྗེའི་རིགས་ལ་གནོད་མཛེས་ཀྱི་ཧཱུྃ་བཞིའམ། ཡང་ན་ཐམས་ཅད་ལ་ཡང་བདུད་རྩི་འཁྱིལ་པས་བྱའོ། །དེ་ནས་སྟ་གོན་ལ་ལྷ་དང་བུམ་པ་སློབ་མ་སྟ་གོན་གསུམ་ལས། དང་པོ་ལྷ་སྟ་གོན་བྱ་བའི་སྔོན་དུ་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་དཀྱིལ་འཁོར་བཞེངས་པར་གསོལ་བ་གདབ་པར་བྱ་བ་ནི་རྒྱས་པར་གཞན་ལས་གསུངས་པའམ། བསྡུ་ན་འཇམ་དཔའ་རྩ་རྒྱུད་ལས། སློབ་དཔོན་དང་ལྷན་ཅིག་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་ལ་རྗེས་སུ་འཇུག་པར་འཚལ་ན། སློབ་དཔོན་གྱིས་བདག་ཅག་རྣམས་ལ་ཐུགས་བརྩེ་བའི་སླད་དུ་ཕན་པའི་ཐུགས་དང་བརྩེ་བའི་ཐུགས་ཀྱིས་དཀྱིལ་འཁོར་དམ་པ་དེ་བཤད་དུ་གསོལ། ཞེས་པས་གསོལ་བ་བཏབ་པ་འདི་སོ་སོའི་འདི་ལྷ་གང་ཡིན་ལ་ཁ་བསྒྱུར་བྱས་ཏེ་གསོལ་བ་བཏབ། དཀྱིལ་འཁོར་ལ་ལར་གསོལ་གདབ་དེ་མེད་པ་ཡང་ཡོད་དོ། །དེ་ནས་དཀྱིལ་འཁོར་གྱི་གནས་སུ་དྲི་བཟང་གི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་པར་སྐད་ཅིག་གིས་རྟེན་དང་བརྟེན་པའི་ལྷ་རྣམས་གསལ་བཏབ་ལ། འདི་ཞེས་བྱ་བའི་བཅོམ་ལྡན་འདས། རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་སོགས་གསང་བ་སྤྱི་རྒྱུད་ལས་གསུང་བ་ལན་གསུམ་གྱིས་དཀྱིལ་འཁོར་འདྲི་བར་གསོལ་བ་བཏབ། ཕྱག་རྒྱས་བསྟོད་ནས་གཤེགས་སུ་གསོལ་བར་བྱའོ། །བུམ་པ་སྟ་གོན་ནི་རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས་བཀྲུ་ཞིང་ལྷའི་ཕྱག་མཚན་བྲིས་པ་ལྷ་སོ་སོའི་མདོག་མཐུན་དར་གྱི་མགུལ་ཆིང་སྲོག་ལྔ་པ་བྱ། བདུད་རྩི་འཁྱིལ་པ་སོགས་ལས་ཐམས་ཅད་པའི་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ཏེ་བགེགས་བསལ། ཆུ་གཙང་མ་ལྔ་ཚན་ལྔའི་རྫས་བཅས་བླུག །ཤིང་འབྲས་ལྡན་ནམ་ཀུ་ཤ་རློན་པས་ཁ་རྒྱན་བྱས་པ་གདན་གཙང་མར་བཞག །དུང་ཆོས་སུ་དྲི་བཟང་གི་ཆུ་འོ་མར་བཅས་པ་རྣམ་བུམ་སྟེང་དུ་བཞག །དེ་སྟེང་ལས་ཀྱི་རྡོ་རྗེ་གཟུངས་ཐག་བཏགས་པ་བཞག །རང་ལྷའི་ང་རྒྱལ་དང་ལྡན་པས་ལས་སྔགས་བཟླ་ཞིང་། ལས་ཀྱི་རྡོ་རྗེས་ཀུ་ཤའི་ཆུན་པོས་བསང་ཆུ་འཐོར་བས་བུམ་པའི་བགེགས་བསལ། སྭ་བྷཱ་བས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ལྷའི་དཀྱིར་འཁོར་ཡོངས་རྫོགས་བསྐྱེད་པ་རྣམ་བུམ་དང་། ལས་བུམ་དུ་སོ་སོའི་ལས་ཀྱི་ཁྲོ་བོའམ། ཡང་ན་སྤྱིར་བདུད་རྩི་འཁྱིལ་པ་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་དེས་ཡུ་བ་བྱས་པའི་ དྲིལབུ ་བསྣམས་པ་བསྐྱེད་ལ་གནས་གསུ མ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག །དབང་བསྐུར་ཏེ་མཆོད་པར་བྱའོ། །དེ་ནས་གཟུངས་ཐག་བཟུང་ལ་སྔགས་བཟླ་བའི་ཚེ་བདག་གི་ཞལ་ནས་འོད་དམར་པོ་བྱུང་བ་གཟུངས་ཐག་ལ་འཁྲིལ་ཏེ་སོང་བ་བུམ་པའི་ལྷ་ལ་ཕོག །དེ་ཐམས་ཅད་དམར་ལམ་ལམ་སོང་ནས་བདག་གི་དབང་དུ་འདུས་ཤིང་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ལྷ་བུམ་ལ་ལྷ་དེའི་སྔགས་དང་། ལས་བུམ་ལ་སོ་སོའི་ལས་ཐམས་ཅད་པའི་སྔགས་སམ། ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་སོགས་བཟླས། མཐར་ཡེ་ཤེས་པ་ལ་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ། དུང་ཆོས་ཀྱི་ཆུ་ཐིགས་པ་རེ་བུམ་པའི་ནང་དུ་བླུག་པས་དམ་ཚིག་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་གཉིས་སུ་མེད་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་རྫས་ཐང་སྐུ་སོགས་དང་། བུམ་པ་སོགས་ཞལ་ཁེབ་བཀབ་སྟེ་བཞག་ལ། བར་ཆད་ཞི་བའི་གཏོར་མ་དང་། ཞི་བའི་སྦྱིན་སྲེག་མདོག་བཀླག་པ་རྣམས་གྲུབ་ན་བྱའོ། །སློབ་མ་སྟ་གོན་ནི་ཀུ་ཤ་དཔུང་སྐུད་སོ་ཤིང་སོགས་འདུ་བྱས་ལ། བདག་གི་རྣལ་འབྱོར་བཟླས་པ་བཅས་རྫོགས་ནས། སློབ་མ་དཀྱིལ་འཁོར་དུ་གཞུག་ཅིང་སྲུང་སྐུད་གདགས་པ་སོགས་དབང་ཆོག་རྣམས་ནས་འབྱུང་བ་ལྟར་བྱ་སྟེ། དཀྱིལ་འཁོར་བཞེངས་ཟིན་ནས་དེར་སློབ་མས་དབང་བསྐུར་བའི་དུས་སུ་དགོས་ཀྱི་སྐབས་འདིར་དགོས་པ་མ་ཡིན་ནོ། །སློབ་མ་ཡོངས་སུ་བཟུང་བ་གོང་སྟ་གོན་གྱི་ཚེ་མེད་ན་དེའི་གཟུགས་བརྙན་བྱས་ནས་ལས་བྱ་བ་དང་། རྐྱེན་འགས་དེ་ཚེ་མ་འོང་ན་དེའི་ཚབ་ཏུ་གཞན་བཞག་པར་སྤྱི་རྒྱུད་ལས་གསུངས་ལ་ལར་སློབ་དཔོན་སློབ་མར་བཅས་པས་སྤོས་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་བྱེད་པ་སོགས། གཞུང་གཞན་ནས་བཤད་པའི་སྒེར་ཆོས་རྣམས་དེ་དག་སོ་སོའི་སྐབས་སུ་བྱ་ཡི། དེ་གཞན་ཀུན་ལ་སྦྱར་བར་མི་བྱ་ཞེས་རྒྱུད་དེ་ལས་གསུངས་སོ། །དེ་ལྟར་སྟ་གོན་བྱས་ནས་དེའི་ཕྱིར་ནང་ཐིག་གདབ་པར་བྱ་སྟེ། ཐིག་གི་རྒྱུ་ནི་རིན་པོ་ཆེའམ། འབྲས་སཱ་ལུ་བཏགས་པའི་ཕྱི་མ་སོགས་རིགས་ལྔར་མོས་པ་དང་སྔགས་ཙམ་གྱིས་བརླབས་ལ། ཐོག་མར་ཐིག་སྐུད་ཡེ་ཤེས་ལྔ་ལྡན་དུ་མོས་པས། དང་པོ་སློབ་དཔོན་གྱི་ཁ་ཤར་དུ་བསྟན། ཐིག་སྣེ་འཛིན་པ་ཁ་ནུབ་ཏུ་བལྟས་ཏེ། ཤར་ནུབ་ཀྱི་ཚངས་ཐིག་བཏབ། དེ་བཞིན་བྱང་དང་ལྷོར་བལྟ་བས་ཐིག་གཉིས་པ་གདབ། དེ་ནས་མཚམས་བཞིའི་མེ་རླུང་། དབང་སྲིན་གྱི་ཐིག་གདབ། དེའི་སྐབས་སུ། ཐིག་སྐུད་ཆད་ན་སློབ་དཔོན་འཆི། །དམན་དང་ལྷག་པས་ནད་དུ་འགྱུར། །བསྐོར་ཕྱོགས་འཁྲུལ་ན་སློབ་མ་རྨོངས། །ཞེས་སོགས་གསུངས་པའི་སྐྱོན་རྣམས་སྤངས་ལ་གཞལ་ཡས་ཁང་ལྷ་གནས་དང་བཅས་པའི་ཐིག་ཡོ་འཁྲུལ་མེད་པར་བཏབ་ལ། སྐབས་འདིར་བྱ་བ་ཐམས་ཅད་གཡས་བསྐོར་འབའ་ཞིག་གི་ཚུལ་དུ་བྱ། ཚོན་དང་པོ་ནང་ནས་ཚོན་ལ་སངས་རྒྱས་བྱང་སེམས་བསྐྱེད་བསྟིམ་བྱས་ལ་བཀྱེ་སྟེ། ཐོག་མར་རྩིག་པའི་ཚོན་དཀར་པོ་བཀྱེ། དེ་ཡང་དང་པོར་བྱང་ཤར་ནས་བརྩམ་སྟེ། རྡོ་རྗེ་ཁུ་ཚུར་རམ་ལྕགས་ཀྱུའི་ཕྱག་རྒྱའམ། སྣོད་ཀྱི་ཕྱག་རྒྱའམ། རིག་བྱེད་འདོན་པའི་ལག་པས་རིམ་པས་གཡས་བསྐོར་བར་མ་ཆད་པས་སྦོམ་ཕྲ་སོགས། མི་སྙོམས་པ་མེད་པར་གདབ། ཚོན་དཀར་པོ་བཀྱེ་ཟིན་པའི་འོག་ཏུ་དམར་པོ། སེར་པོ། ལྗང་གུ་དང་། ཀུན་གྱི་ཐ་མར་ནག་པོ་གདབ། ལྷ་གནས་སུ་སྐུ་གཟུགས་རྫོགས་པའམ། ཕྱག་མཚན་ཕྱག་རྒྱའམ། གདན་ཚོན་སྤུངས་སམ་ཐིག་ལེ་གང་རུང་བཀོད། སྐུ་བྲིས་ན་གཟུགས་ཡོངས་སུ་མ་རྫོགས་ན་ཉེས་པ་འབྱུང་བས་འགོར་ཕྱིར། ཕྱག་རྒྱ་བྲིས་ནའང་འཚམ་མོ། །དེ་ལྟར་ལེགས་པར་བྲིས་ཟིན་ནས་ཚོན་ལྷའི་ཡེ་ཤེས་པ་གཤེགས། དབུས་སུ་རས་བྲིས་སོགས་རྟེན་ཡོད་ན་བཤམས་ལ། རྣམ་བུམ་ཤར་དང་ལས་བུམ་བྱང་ཤར་བཞག །ཤར་དུ་ཤེར་ཕྱིན། ལྷོར་སྡོང་པོ་བརྒྱན་པ་བཀོད་པ། ནུབ་ཏུ་དེ་བཞིན་གཤེགས་པའི་གསང་བའི་མདོའམ་ཟླ་སྒྲོན། བྱང་དུ་གསེར་འོད་དམ་པའི་པུ་སྟི་བཞག་ལ། མཆོད་པ་སྣ་ཚོགས་པས་ལྷ་དང་དཀྱིལ་འཁོར་མཆོད་ཅིང་མདོ་དེ་དག་བཀླག་ན་སྲུང་བ་མཆོག་ཏུ་འགྱུར་རོ། །དཀྱིལ་འཁོར་དེའི་ཕྱི་རོལ་དུ་མཆོད་སྟེགས་བྱས་པ་ལ་ཤར་དུ་དེ་བཞིན་གཤེགས་པའི་རིགས། བྱང་དུ་པདྨ། ལྷོར་རྡོ་རྗེའི་རིགས། ནུབ་ཏུ་འཇིག་རྟེན་པ་རྣམས་ཀྱི་མཆོད་པ་བཤམས་ཤིང་འབུལ། མཆོད་པའི་གོ་རིམ་དང་པོར་དྲི། དེ་ནས་མེ་ཏོག །བདུག་སྤོས། ལྷ་བཤོས་དང་། ཀུན་གྱི་ཐ་མར་མེ་འབུལ་བར་གསུངས། དེ་ལྟར་དཀྱིལ་འཁོར་དང་མཆོད་པའི་རྫས་རྣམས་བཤམས་པ་གྲུབ་ནས། བདག་ཉིད་དཀྱིལ་འཁོར་དེའི་མདུན་དུ་འདུག་སྟེ། སྐྱབས་སེམས་དང་། ཚོགས་བསགས། ཕྱོགས་བཅིངས་པ་ལྷ་བསྒོམ་པ་རྣམས་སོ་སོའི་ཆོ་ག་ཇི་ལྟར་གཞུང་བསྲིངས་ལ་བཟླས་པ་ཅི་འགྲུབ་བྱ། སྐབས་སུ་བྱ་སྤྱོད་དང་མཐུན་པའི་བསང་ཆུ་སྒྲུབ་པ་ནི། དུང་ཕོར་དུ་དྲི་བཟང་དང་སྦྱར་བའི་ཆུ་བཞག་ལ། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཤཾ་ལས་བྱུང་བའི་དུང་ངོར་ཆེན་གསུང་བསྡུར་རྒྱུད་བ ལྟ། ཕོར་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུྃ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བསང་ཆུ་མ་དག་པ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་བསམ་ལ། དཀྱིལ་འཁོར་གང་ཡིན་དེའི་གཙོ་བོའི་སྙིང་པོ་ཉེར་གཅིག་དང་། ལས་ཐམས་ཅད་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབས་ལ། དེ་ནམ་དགོས་སུ་ཀུ་ཤའི་འཐོར་གཡབ་ཀྱིས་བསང་གཏོར་བྱ་བ་ཡིན་ནོ། །དེ་ཡང་མཆོད་པ་ནི་ཐུན་གྱི་མཐའ་སོགས་དང་། དུས་ནམ་ནམ་བྱེད་པ་བྱུང་ན་མཆོག་ཏུ་ལེགས་ཤིང་། ཚེས་བརྒྱད་བཅུ་བཞི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ཡང་མཆོད་པ་བྱ། །ཞེས་རྒྱུད་ལས་གསུངས་སོ། །མཆོད་པའི་རྫས་ནི། གཏོར་མ་ལ། སྒོག་པ་དང་ལ་ཕུག་སོགས་དང་། རོ་ཁ་བ་དང་། རོ་མེད་པ་སྤངས་ཏེ། འབྲས་ཆེན་དང་། ཧྭགས་ལ་སོགས་པའི་བཟའ་བ་སྣ་ཚོགས་དབྱིབས་བཀྲ་ཤིས་པའི་རྫས་དང་། ངང་པའི་རྒྱལ་པོ་དང་ཁྱིམ་བྱ་ལ་སོགས་པའི་དབྱིབས་སྣ་ཚོགས་ཅན་དང་། རྩ་བ་རྡོག་གུ་འབྲས་བུ་ཆུང་ཕེད་སོགས་བཟའ་བ་སྣ་ཚོགས་ཚོད་མར་བཅས་པ། ཐུག་པ་སྐོམ་སོགས་བཏུང་བ་སྣ་ཚོགས་ཏེ། དེ་ཡང་ཞི་བའི་ལས་ལ་རོ་མངར་བ། རྒྱས་པར་མངར་སྐྱུར། སྣ་ཚོགས་པའི་རོ་གཞན་དྲག་པོ་ལ་བསྔགས། གང་འབྲས་བུ་དང་རྩ་བ་སོགས་མོ་ཡི་མིང་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་ལྷ་ལྷག་པར་དགྱེས་པར་གསུངས་པས་དེ་འདྲའི་རིགས་དང་། གྲོ་ལས་བྱས་པའི་ཟས་ཐམས་ཅད་རྒྱས་པའི་ཟས་སུ་འབུལ་བར་གསུངས། སྭ་སྟི་ཨུ་ལོ་སུ་པ་རྣམས། རིགས་གསུམ་ལ་ནི་རིམ་བཞིན་འབུལ། །འཇིག་རྟེན་དག་ན་གང་བཟང་དང་། །རང་ཉིད་གང་ལ་དགའ་བ་སྟེ། །སངས་རྒྱས་ལ་ནི་ཐོག་མར་འབུལ། །ཞེས་གསུངས། གོ་རིམ་ནི་སྔོན་དུ་སྭ་སྟི་འབུལ་བ་སོགས་སུ་གསུངས། གཏོར་མ་སྣ་ཚོགས་པ་དང་། ཇི་སྙེད་པ་མང་དུ་བཤམས་པ་ལ་གཏོར་མ་རྒྱ་ཆེན་ཞེས་བྱའོ། །མེ་ཏོག་ནི་པདྨ་ཨུཏྤལ་སོགས་དྲི་ཞིམ་མདོག་མཛེས་ཡིད་འོང་མཆོད་པར་འོས་པ་ཀུན་དང་། ཁྱད་པར་སྣ་མ་ཀུནྡ་སོགས་བདེ་གཤེགས་རིགས་ལ་འབུལ། ཨུཏྤལ་ཀུ་མུ་ད་པདྨ་སོགས་པདྨའི་རིགས། ཨུཏྤལ་སྔོན་པོ་དང་པྲི་ཡངྐུ་སོགས་རྡོ་རྗེའི་རིགས་ལ་འབུལ། ཡང་དྲི་ཞིམ་མདོག་དཀར་བའི་རིགས་ཞི་བའི་ལས་ལ་འབུལ། སེར་པོ་སྣུམ་བག་ཅན་རྒྱས་པ། དམར་པོ་ཡིད་འོང་དབང་། སྔོ་ནག་དྲི་ངད་ཅན་དྲག་པོའི་ལས་ལ་བསྔགས། རོ་ཡིད་དབང་དུ་བྱས་ན་རོ་མངར་བ་ཞི་བ། རོ་ལྡན་སེར་པོ་བཅུད་ལྡན་རྒྱས་ས། མངར་སྒྱུར་ལན་ཚ་དབང་། ཁ་བ་ཚ་བ་དང་སྔོན་པོ་དྲག་པོའི་ལས་ལ་འབུལ། དྲི་ནི་གུར་གུམ་ཙན་དན་ཨ་ག་རུ་ག་བུར། ལི་ཤི་ཛ་ཏི་སུག་སྨེལ། ཤུག་པ། རུ་རྟ། རྒྱ་སྤོས་སྤང་སྤོས། ཤིང་ཚ་གླ་སྒང་། པྲི་ཡངྐུ་ཀ་ཀོ་ལ། མཁན་པ། དུས་རུས། ཐང་ཆུ་སོགས་དྲི་ཞིམ་རྣམས་སྤྱི་དང་། བྱེ་བྲག་ཏུ་མེ་ཏོག་གི་རིགས་ཀྱི་སྤོས་ཐང་ཆུ་དང་བཅས་པ་དེ་བཞིན་གཤེགས་པའི་རིགས་ལ་འབུལ། ཤུན་པ་དང་སྙིང་པོའི་སྤོས་རྣམས་པདྨའི་རིགས། རྩ་བ་དང་སྡོང་བུའི་སྤོས་ཀྱི་རིགས་རྣམས་རྡོ་རྗེའི་རིགས་ལའོ། །ཡང་བདེ་གཤེགས་རིགས་ལ་ཨ་ག་རུ་གཅིག་པུ། པདྨར་ཙན་དན་དཀར་པོ་ཁོ་ན། རྡོ་རྗེའི་རིགས་ལ་གུར་གུམ་ཁོ་ན་བཟང་། འདི་དག་ག་བུར་གྱིས་བགོ་བར་བྱའོ། །ཁ་དོག་ཞི་བ་དཀར་པོ་སོགས་རིགས་མཐུན་པའོ། །བདུག་སྤོས་ནི་ཙན་དན་གུར་གུམ་ཨ་གར་སྦྱར་བའི་བདུག་སྤོས་དང་ག་བུར་ལྕེ་པོག་སྲ་རྩི་པོ ག་གུ་གུལ་དུ་རུ་ཀ་རྣམས་སྦྱར་བ་འམ། ཡང་ག་བུར་དུ་རུས། ཨ་ག་རུ་གསུམ་སྦྱར་བ་དྲི་ཞིམ་མཆོག་གོ། །གཞན་ཡང་ཙན་དན་དང་བུ་རམ་སྦྱར་བ་སོགས། དྲི་ཞིམ་ཡིད་འོང་གཙང་མའི་སྤོས་སྦྱོར་གྱི་བདུག་པ་འདི་རིལ་བུ་གོང་བུ་ཕྱེ་མ་རེང་བུ་བཞི་གང་འདོད་བྱ། ཁྱད་པར་དུ་ཞི་བར་རིལ་བུ། རྒྱས་པར་གོང་བུ། དྲག་པོར་ཕྱེ་མ། ཐམས་ཅད་དུ་རེང་བུ་ཤིས་གསུངས། ཁ་དོག་ནི་ཞི་སོགས་དང་མཚུངས་པ་བྱུང་ན་ཤིས་སོ། །མར་མེ་ནི་གསེར་དངུལ་སོགས་རིན་པོ་ཆེའི་སྣོད་ནས་ས་སྣོད་གཙང་མའི་བར་གྱི་སྣོད་གང་རུང་གི་ཀོང་བུར། ཤིང་བལ། རས་དཀར། དུ་ཀུ་ལ། གསོ་རས་སོགས་དཀྲིས་པའི་སྙིང་པོ་བྱ། མར་ནི་དྲི་ཞིམ་ཤིང་ལས་བྱུང་བའི་མར་ཞི་བའི་ལས་ཀྱི་དོན་དུ་འབུལ། དེ་བཞིན་ཏིལ་མར་རྒྱས་པ། དྲག་པོར་ཡུངས་མར། ཀུན་ལ་ཟར་མའི་མར། ཤ་ཟ་རྣམས་ལ་ཉ་ཚིལ། གནོད་སྦྱིན་རྣམས་ལ་ཚིལ་བུ། དུར་ཁྲོད་པར་ཚིལ་ཆེན་གྱི་མར་མེ་བྱ། ལས་ཐམས་ཅད་ལ་བ་དམར་སེར་གྱི་མར་མཆོག་གོ། །མར་དེ་དག་ཞི་སོགས་ལ་དྲི་ཞིམ་པ། དྲག་པོར་དྲི་ང་བ་བྱ་བར་གསུངས། གཞན་མཆོད་པར་འོས་པའི་རྒྱན་གྱི་རྣམ་གྲངས། རྒྱལ་མཚན་ནི་རྨ་བྱའི་མདོངས་ཀྱི་ཏོག་ཅན་དར་གྱི་འཕྱན་འཕྲུལ་ཅན་ཁ་དོག་སོ་སོ་ས་ཕྱོགས་སོ་སོར་གཟུགས་པར་གསུངས་པས་མཚོན་ནས། བ་དན་དང་། བླ་རེ། ལྡ་ལྡི། རྒྱན་ཕྲེང་རོལ་མོ་སོགས་ཇི་ལྟར་འོས་ཤིང་རྙེད་པའི་མཆོད་པ་ཅི་འབྱོར་བར་བྱའོ། །དེ་ཡང་མཆོད་པ་རྣམས། ལས་སྔགས་ཀྱིས་བསང་ཆུས་བྲན་ཏེ་བསངས། སྭ་བྷཱ་བས་སྦྱང་ལ། སྟོང་པའི་ངང་ལས་བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པའི་མཆོད་པ་ཀུན་ཏུ་བཟང་པོའི་རྣམ་པར་རོལ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམ་ལ། ༀ་ཨ་ནུ་ཏྟ་ར་སརྦ་པུ་ཛ་མེ་གྷ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུམ་མམ་བདུན་བརྗོད་པས་བྱིན་གྱིས་བརླབས་ལ། ཐོག་མར་མཆོད་ཡོན་ཕུལ་ཏེ། དད་པ་སྤྱི་རྒྱུད་ལས་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ༀ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་དང་། ཕྱག་དང་ཞབས་ནི་བསིལ་ནས། ༀ་ཨཱ་ཧ་ར་སོགས་གོང་བཞིན། དེ་ནས་དྲི་འབུལ་ཏེ། གཙང་སྤྱི་རྒྱུད་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་དམ་པའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཨཱ་ཧ་ར་ཨ་ཧ་ར་གནྦྷེ་གནྡྷེ་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། མེ་ཏོག་འབུལ་བ་ནི། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་ཀྱི་ནི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ༀ་ཨཱ་ཱཧ་ར་ཨཱ་ཧ་ར་པུཥྤེ་པུཥྤེ་སརྦ་སོགས་གོང་བཞིན། བདུག་སྤོས་ནི། དྲི་ཡིས་རྒྱས་པ་ལྷ་ཡི་ཟས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས་སོགས། དྷཱུ་པེ་དྷཱུ་པེ་སྦྱར་བ་མ་གཏོགས་གཞན་གོང་བཞིན། ལྷ་བཤོས་ནི། སྨན་རྣམས་བཅུད་ནི་ཡིད་གར་འོང་། །སྔགས་ཀྱི་ཟས་ཀྱི་བཅུད་འདི་དག །བདག་གིས་སོགས། ནཻ་ཝི་དྱེ་ནཻ་ཝི་དྱེ་སྦྱར། མར་མེ་ནི། གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམ་སེལ་འདི། །བདག་གིས་སོགས༴ ༀ་ཨཱ་ཧ་ར་ཨཱ་ཧ་ར་ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་སརྦ་བིདྱཱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། གཞན་ཡང་རོལ་མོ་སོགས་མཆོད་པའི་ཚིགས་བཅད་དང་། མཆོད་གཟུངས་རྣམས་སྤྲོ་ན་བྱ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་བསྟོད་པ་དང་སྨོན་ལམ་བཅས་ལེགས་གྲུབ་ལས་བྱུང་བ་ལྟར་རམ། ལྷ་དེ་ཉིད་ཀྱི་བསྟོད་པ་རྒྱས་བསྡུས་དང་སྨོན་ལམ་ཅི་རིགས་བྱ། དེ་ནས་བཟླས་པའི་ཕྲེང་བ་ནི། བོ་དྷི་ཙི་རྒྱལ་བའི་རིགས། པདྨའི་སྙིང་པོ་པདྨའི་རིགས། རུ་རཀྴ་རྡོ་རྗེའི་རིགས་སོགས་ལྷ་སོ་སོར་བསྔགས་པའམ། དུང་དང་ཤེལ་སོགས་ཞི་བ། གསེར་དང་སྤོས་ཤེལ་སོགས་རྒྱས་པ། བྱེ་རུ་དང་ཟངས་སོགས་དབང་། ལྕགས་དང་ལུང་ཏང་སོགས་དྲག་པོའི་ལས་ཀྱིས་ཕྱེ་བའམ། གཞན་ཡང་ཏ་པའི་འབྲས་བུ། མུ་ཏིག །བ་སོ། ནོར་བུ། ས་བོན་སྣ་ཚོགས། ཁམ་ས་ལས་བྱས་པ་སོགས་བགྲང་ཕྲེང་བཟུང་ལ། ཐལ་མོ་སྦྱར་ཏེ་བླ་མར་ཡིད་ཀྱིས་ཕྱག་འཚལ་ནས། རིག་སྔགས་རྒྱལ་པོ་དྲན་བཞིན། སྔགས་ཀྱི་ནོར་བུ་ཕྲེང་བ་དེ་ལག་གཉིས་ཀྱི་སྙིམ་པར་བཅུག་ནས། ཕྲེང་བ་བྱིན་རླབས་སྔགས་ནི་སྔགས་འགྲུབ་པའི་ཐབས་སུ་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ལ། ༀ་ན་མོ་བྷ་ག་ཝ་ཏེ་སིདྡྷེ་སཱ་དྷ་ཡ་སཱ་དྷཱ་ཡ་སི་དྡྷཱེ་རྠ་སྭཱ་ཧཱ། པདྨའི་རིགས་ལ། ༀ་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལ། ༀ་བཛྲ་ཨ་ཛི་ཏཉྫ་ཡེ་སྭཱ་ཧཱ། ཞེས་པས་བརླབ། སྤྲོ་ན་ཕྲེང་བ་སྦྱང་བའི་རིགས་གསུམ་སོ་སོའི་སྔགས་ཀྱང་ལེགས་གྲུབ་ལས་གསུངས་པ་ལྟར་བྱ། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཕྲེང་བ་བྱིན་བརླབས་ཀྱི་སྔགས་སོགས་སོ་སོའི་ཆོ་གར་བྱུང་བ་ཡོད་ན་དེ་ལྟར་བྱ། སྤྱི་ལ། ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་པའི་ཕྲེང་སྔགས་ཀྱིས་ཆོག་པར་བླ་མ་དག་བཞེད། དེ་ཡང་ཕྲེང་བ་དེ་ཞི་བར་མཐེབ་མཛུབ་ཀྱིས་བགྲང་། རྒྱས་པར་གུང་མཐེབ། དབང་ལ་མཐེབ་སྲིན། དྲག་པོར་མཐེ་བོང་དང་མཐེའུ་ཆུང་གིས་བགྲང་བར་རྒྱུད་དུ་མར་གསུངས། ལས་ཀུན་ལ་མཐེབ་སྲིན་གྱིས་བགྲང་། དྲག་པོར་མཛུབ་མོས་བགྲང་ཡང་གསུངས། དེ་ནས་སྨྲ་བ་བཅད་དེ་ཡན་ལག་མི་འགྱུར་ཞིང་སེམས་མི་གཡེང་བར་རྩེ་གཅིག་པའི་ཏིང་ངེ་འཛིན་དང་ལྡན་པའི་བཟླས་པ་བྱ། དེ་ཡང་འགོག་བཟླས་དང་རྡོར་བཟླས་དང་བུམ་ཅན་ལྟ་བུའི་རླུང་བཟླས་སོགས་མིན་པའི་བཟླས་པ་ལ་ཡིད་བཟླས་སམ་ཤུབ་བུར་བཟླས་པ་དང་། དབྱངས་སུ་བཟླས་པ་ལ་སྒྲ་མི་ཆེ་མི་ཆུང་ཧ་ཅང་མི་མྱུར་མི་བུལ་བར་སྔགས་དག་ཅིང་སྒྲ་ཟུར་ཐོན་པར་བཟླ་བ་ནི་ལེགས་པ་རབ་ལྡན་གྱི་བཟླས་པར་ཕྱག་རྡོར་དབང་བསྐུར་རྒྱུད་ལས་གསུང་། ཞི་བར་ༀ་བཅས་སྒྲ་དལ་ལ་འཇམ་པ་ཆུང་ངུ་དང་། དྲག་པོར་མཐའ་རྟེན་ཧཱུྃ་ཕཊ་བཅས་གཞན་གྱིས་ཐོས་པར་བཟླ་བར་ལེགས་གྲུབ་ལས་གསུང་། སྔགས་བཟླ་ཚེ་ལྷ་དང་སྔགས་ལ་སེམས་པ་འབའ་ཞིག་མ་གཏོགས་ཆགས་སྡང་ཞུམ་འཇིགས་ང་རྒྱལ་སོགས་རྟོག་པ་གཞན་ཐམས་ཅད་སྤང་། སྒྲུབ་པའི་དུས་དག་ཏུ་ཁྲུས་གསུམ་བྱེད་པ་སོགས་གཙང་སྦྲ་མ་ཉམས་པར་བྱ་ཞིང་། གཉིད་རྨུག་ལེ་ལོས་བར་བཅད་པ་དང་ཉམས་པ་དང་། གྲིབ་ཅན་གྱི་གྲོགས་དང་འགྲོགས་པ་དང་། ཟས་ངན་པ་མི་གཙང་བ་རྣམས་སྤང་། གལ་ཏེ་སྒོག་པ་སོགས་བཟའ་བར་བྱ་བ་མིན་པ་ཟོས་ན། དམར་སེར་བ་ཡི་རྣམ་ལྔ་ཀུ་ཤ་དང་བཅས་པའི་ཆུ་ལ། སྔགས་འདིས་ལན་བརྒྱར་བསྔགས་ནས་འཐུང་། སྔགས་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས། ན་མོ་བྷ་ག་ཝ་ཏེ་ཨུཥྞཱི་ཥ་ཡ། ༀ་བི་ཤུདྡྷེ་བི་ར་ཛེ། ཤི་བེ་ཤཱནྟི་ཀ་རི་སྭཱ་ཧཱ། རིགས་གཞན་གྱི་སྔགས་གསུངས་ཀྱང་འདིས་འཐུས་པར་བྱས་ཀྱང་རུང་། གཞན་ཡང་དབྱངས་གསལ་རྟེན་སྙིང་ཚར་གསུམ་སོགས་བཟླས་པས་ཀྱང་སྦྱོང་བར་འགྱུར་རོ། །བགེགས་སྲུང་བ། ༀ་ཀུ་ལནྡྷཱ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། མཱ་མ་ཀིའི་སྔགས་འདིས་ལག་གདུབ་བསྔགས་ཏེ་བཅིང་། དེ་བཞིན་དེས་སྔགས་པའི་སྲུང་སྐུད་རྐེད་པར་དཀྲིས་པས་ཁུ་ཆུ་དགག་གི། གཞན་འཇམ་དཔལ་རྩ་བའི་རྟོགས་པ་ལས་གསུང་བའི་ཁུ་ཆུ་དགག་པའི་སྲུང་སྐུད་ཀྱང་སྤྲོ་ན་བྱ། གཙུག་ཏོར་རམ་རྒྱལ་བའི་རིགས་ལ། ༀ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིངྔྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ཱདྷ་ནི་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་འདིས་སྲུང་བ་དང་བྱིན་རླབས་བྱས་པས་ནད་ཞི་བ་དང་ཚེ་དང་ལུས་གསོ་བར་འགྱུར། པདྨའི་རིགས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། མཐོང་བ་དང་ནི་ཐོས་པ་དང་། །རེག་པ་དང་ནི་དྲན་པའང་རུང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏ དྱ་ཐཱ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊ་བི་ཀ་ཊ། ཀ་ཊཾ་ཀ་ཊེ་བྷ་ག་ཝ་ཏི་བི་ཛ་ཡ་སྭཱ་ཧཱ། ཞེས་གོས་དཀར་མོའི་སྔགས་བཟླས་པས་ནད་སོགས་བར་ཆད་ཞི་ཚེ་འཕེལ་ལོ། །དེས་ན་རིགས་ཀྱི་རྒྱལ་མོ་འདི་གསུམ་ཀ་ཅི་རིགས་སུ་དྲན་ཅིང་གསོལ་བ་བཏབ་པ་དང་། རིགས་ཀྱི་རྒྱལ་པོ་ཆེན་པོའི་སྙིང་པོ་འབྲུ་གསུམ་ནི། ཛི་ན་ཛིཀ྄ །ཨཱ་རོ་ལི ཀ྄ །བཛྲ་དྷྲིཀ྄ །ཞེས་པའང་བགེགས་སྲུང་བ་དང་བྱིན་གྱིས་རླབས་པའི་དོན་དུ་དྲན་ཅིང་ཅི་རིགས་བཟླ་བར་བྱའོ། །དེ་ཡང་ཐུན་གྱི་ཐོག་མ་སོགས་སུ་རིག་སྔགས་ཀྱི་ལྷ་དེ་དྲན་ཅིང་གུས་པས་ཐལ་མོ་སྦྱར་ཏེ། ཚུར་བྱོན་ཚུར་བྱོན་བརྟུལ་ཞུགས་བཟང་། །བདག་གི་ལུས་ལ་མྱུར་ཞུགས་ནས། །རྐང་གི་བར་དུ་གནས་ནས་སུ། །འདིར་ནི་ཡུན་རིང་རྒྱུ་བར་མཛོད། །ཅེས་གསོལ་བ་རྩེ་གཅིག་བཏབ་ལ། ཤིན་ཏུ་སྤྲོ་བའི་ཡིད་ཀྱིས། གཡེང་བ་དང་ལྷོད་པ་བག་མེད་པ་ཐམས་ཅད་སྤངས་ཏེ་སྒྲིམ་ནས་སྔགས་བཟླ་བར་བྱའོ། །གལ་ཏེ་དུས་རྒྱུན་ནམ་ཁྱད་པར་སྒྲུབ་པ་ཆེན་པོའི་མཚན་ཐོག་ཐག་ལྟ་བུར་གཉིད་བྱུང་ན་དེ་སྲུང་བ་ལེགས་གྲུབ་ཀྱི་རྒྱུད་ལས། སུག་སྨེ ལ་ག་བུར་སྲོ་ཙན་ཏ། །ཞིང་ཚ་ཏ་ཀར་པི་པི་ལིང་། །ཁ་ར་ཏ་ཡི་ཁ་ཆུར་སྦྱར། །ལན་བརྒྱར་བསྔགས་པའི་མིག་སྨན་གྱིས། །གཉིད་སེལ་ཞིང་བསྒྲུབ་པའི་ཚེ་འདི་མིག་ལ་བསྐུ་ཞིང་འཐོར་འཐུང་ཁ་གདོང་བཀྲུས་ན་གཉིད་དང་སྙོམས་པའི་འཇིགས་པ་སེལ་བ་དང་། བསྒྲུབ་པའི་མིག་སྨན་དེས་བསྐུས་ན་བགེགས་རྣམས་ཀྱང་མཐོང་ངོ་གསུངས། མིག་སྨན་གྱི་སྔགས་ནི། བདེ་གཤེགས་རིགས་ཀྱི། ༀ་ཛྭ་ལ་ལོ་ཙཱ་ནི་སྭ་ཧཱ། པདྨ་རིགས་ཀྱི། ༀ་བི་ལོ་ཀི་ནི་སྭཱ་ཧཱ། རྡོ་རྗེའི་རིགས་ཀྱི། ༀ་བནྡྷུ་ནི་རི་དྷི་བ་ཏེ་སྭཱ་ཧཱ། ཡང་ན་སྟང་ཟིལ་སྦྲང་རྩི་པི་ལིང་རྣམས་སྤྱན་མའི་སྔགས་སམ་གོང་གི་སྔགས་ཀྱིས་བཏབ་པས་མིག་ལ་བསྐུས་ན་བགེགས་ལས་བྱུང་བའི་གཉིད་སེལ་ཞེས་གསུངས་སོ། །གཞན་ཡང་སྔགས་བསྒྲུབ་པ་ལ་བགེགས་སྣ་ཚོགས་འབྱུང་ཞིང་། དེས་སེམས་གཡེངས་པ་དང་ཆགས་སོགས་རྟོག་པ་ངན་པ་བསྐྱེད་ནས་སྔགས་མི་འགྲུབ་ཅིང་བསོད་ནམས་ཟད་པར་བྱེད་པ་དང་། སྔོན་མཆོད་སྦྱིན་ལ་འཇུག་པའི་ལས་ཀྱིས་ད་ལྟ་གཏོར་མ་སོགས་མཆོད་པ་རྣམས་བགེགས་ཀྱིས་བཟུང་ནས་ལྷ་མི་མཉེས་པར་བྱེད་པ་དང་། བགེགས་ཀྱི་རིགས་མང་རྣམས་རིགས་བཞིར་འདུ་ཞིང་། དེ་དག་གིས་ཟིན་པའི་རྟགས་དང་། དེ་ལས་པའི་ཆོ་ག་རྣམས་དཔུང་བཟང་གི་རྒྱུད་ལས་གསུངས་པ་སོགས་པ་ལྟར་ཤེས་པར་བྱ་ཞིང་། བགེགས་དེ་དག་སྲུང་བའི་ཕྱིར་ཕྱོགས་བཅིངས་པ་དང་རིག་སྔགས་ཀྱི་བདག་པོ་དང་ཁྲོ་བོ་རྣམས་ཀྱི་སྔགས་ཀྱིས་བསྲུང་བ་དང་། མཱ་མ་ཀིའི་སྔགས་བཟླ་བ་དང་། ཡང་ན་སྤྱོད་ལམ་ཐམས་ཅད་དུ་སྟོབས་པོ་ཆེའམ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱས་ན་བགེགས་མི་འབྱུང་བར་གསུང་། ༀ་དྷུ་ན་བཛྲ་ཧ་ཞེས་པའི་སྔགས་འདིས་བརྒྱ་འམ་སྟོང་དུ་བསྔགས་པའི་ལས་ཀྱི་རྡོ་རྗེ་དྲག་ཏུ་བཅངས་ལ། བཟླས་བརྗོད་དང་སྦྱིན་སྲེག་སོགས་ཀྱི་ཚེ་ལག་པ་གཡོན་པས་བཟུང་བར་བྱ་བ་ཤིན་ཏུ་གལ་ཆེ་སྟེ། དེ་འཆང་བས་བགེགས་དང་ལོག་འདྲེན་གནོད་བྱེད་རྣམས་སྐྲག་ནས་འབྲོས་པར་ལེགས་གྲུབ་ལས་གསུངས་རྡོ་རྗེའི་རྒྱུ་ཡང་གནམ་ལྕགས་བབ་པའི་ཤིང་ངམ། ནིམ་པའམ། དུར་ཁྲོད་མགལ་དུམ་མམ། ཙན་དན་དག་གམ་གཞན་གང་ཡང་རུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་ནི་སྔགས་ལེགས་པར་གྲུབ་བྱེད་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་རྨད་དུ་བྱུང་བའི་ལས་བྱེད་པས། སྒྲུབ་པོ་རྣམས་ཀྱིས་གཅིག་ཏུ་གཅེས་སྤྲས་བྱ་སྟེ་ཙན་དན་དམར་པོས་བསྐུས་ནས་བཞག་ཅིང་སྔགས་ཀྱིས་བརླབས། སྔགས་དེས་མཆོད་པར་བྱ་གསུངས། ཡང་དཔུང་བཟང་གི་རྒྱུད་ལས། སོར་བཅུ་ནས་བཅོ་བརྒྱད་པའི་བར་གྱི་རྡོ་རྗེ་དང་། མཆོག་གི་ཚད་སོར་ཉི་ཤུ་པ་སྟེ། དབྱིབས་ལེགས་འཇམ་ལ་མ་ཉམས་རྨ་མེད་པའི། རྡོ་རྗེ་རྩེ་ལྔ་སྲ་བ་བཅད་པར་བྱ། ཞེས་དང་། དེ་ཡང་རྡོ་རྗེའི་རྒྱུ་ནི་ལས་སོ་སོའི་ཁྱད་པར་གྱིས་དུ་མར་གསུངས། ཟློས་པའི་ཚེ་དེ་ཐོགས་པར་བྱ། བཟླས་བརྗོད་ཟིན་ནས་མྱུར་བར་དད་པས་ཕྱག་བྱས་ཏེ། དྲི་སོགས་ཀྱིས་མཆོད་ནས་རྒྱལ་བའི་ཞབས་དྲུང་དུ་བཞག་རྡོ་རྗེ་རིགས་ཀྱི་སྔགས་སྒྲུབ་པ་པོས་རྡོ་རྗེ་མེད་ན་མི་འགྲུབ། ཅེས་ཀྱང་མེད་ན་ཁུ་ཚུར་བཅང་ཞིང་སེམས་མ་ཡེངས་པར་བཟླ་བར་གསུངས། གཞན་ཡང་གདོན་རྣམས་ཞི་བའི་ཐབས་སུ་གཏོར་མ་བཏང་བ་དང་། སྔགས་ཀྱི་བུམ་ཆུས་ཁྲུས་བྱ་བ་དང་། དྲག་པོའི་སྦྱིན་སྲེག་སོགས་ཀྱི་དྲག་ཤུལ་གྱིས་ལས་ཐབས་སྦྱར་རྒྱུད་རྣམས་ལས་བྱུང་བ་བཞིན་བྱས་པས་གདོན་ལས་གྲོལ་བར་འགྱུར་རོ། །རྒྱུན་དུ་བགེགས་སྲུང་ཞིང་སྔགས་གྲུབ་པའི་ཕྱིར། ༀ་སུ་སིངྔྷི་ཀ་རི་སྭཱ་ཧཱ། ཞེས་གསང་སྔགས་ཐམས་ཅད་ལེགས་པར་གྲུབ་པར་བྱེད་པའི་ཁྲོ་བོའི་རྒྱལ་པོའི་སྔགས་ཀྱིས་གཙུག་ཕུད་བཅིང་བ་དང་། བཟླས་པའམ་སྲུང་སྐུད་སོགས་ཀྱིས་བགེགས་མེད་པར་བྱེད། ༀ་ཀཱི་ལི་ཀཱི་ལ་བཛྲ་ཧྲཱུྃ་ཕཊ༔ ཅེས་པ་ཕྱག་ན་རྡོ་རྗེ་རྡོ་རྗེ་ཀཱི་ལ་ཡའི་སྔགས་ཤིན་ཏུ་གསང་བ་བགེགས་མཐའ་དག་གཞོམ་པ་འདི་ཡང་བཟླས་པ་ནི་བགེགས་སྲུང་བའི་དམ་པ་ཡིན་ཏེ་རིག་པ་མཆོག་གི་རྒྱུད་ལས་གསུངས་པའོ། །རྟ་མགྲིན་གྱི་སྔགས། ༀ་ཨ་མྲྀ་ཏོཏྦྷ་བ་ཧྲུྃ་ཕཊ། ཞེས་པ་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྙིང་པོ། བྷྲཱུྃ་གཅིག་མ་དང་། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ ཅེས་བདུད་རྩི་འཁྱིལ་བའི་སྔགས་འདི་རྣམས་གང་ཡང་བགེགས་གཞོམ་པའི་གཙོ་བོ་ཡིན་ཏེ་བསྙེན་སྒྲུབ་གང་གི་དུས་སུའང་འདི་རྣམས་གལ་ཆེ་ཞིང་འདིས་ཆོག་པ་ཡིན་ནོ། །གཞན་དུ་རྒྱུད་སོ་སོའི་བགེགས་གཞོམ་པའི་སྔགས་ཤིན་ཏུ་མང་པོ་རྣམས་འདོད་ན་དེ་དག་ཏུ་ཤེས་པར་བྱའོ། །དེ་ཡང་དུས་གསུམ་ཁྲུས་བྱས་ལ་གོས་བརྗེ་ཞེས་པ། མཚན་མོའི་མཐའ་ནས་ཉི་མ་ཤར་ལ་ཁད་ཀྱི་བར་ནི་དུས་དང་པོའོ། །དེ་ནས་གུང་གི་བར་དུས་གཉིས་པ་དེ་ནས་ཉི་མ་ནུབ་པའི་ལྷག་ཅུང་ཟད་ལུས་པ་ཐུན་གསུམ་པའོ། །ཐུན་བཞི་འམ་དྲུག་གི་ངེས་ཆ་བྱས་ནས་བཟླས་པ་བར་མ་ཆད་པ་བྱ་ཞིང་། དེ་ཡང་སྔ་དྲོ་ཐུན་གཉིས། ཕྱི་དྲོ་མལ་ཚེ་ཐུན་གཅིག །གུང་ལ་ཐུན་ཕྱེད་དམ་སུམ་ཆའམ་བཞི་ཆ་ཙམ་བཟླ། མཚན་མོ་དང་སྲོད་དང་ཐོ་རངས་གསུམ་དུ་ཐུན་ཕྱེད་རེ་བཟླས་ན་ལྷག་པར་ལྷ་མཉེས་པར་འགྱུར་རོ་གསུངས་པས་ཅི་རིགས་རང་ཉམས་དང་སྦྱར་ལ་བཟླ། དྲག་པོ་དང་མི་སྣང་བ་སོགས་ལ་མཚན་མོར་ཟླས་ན་བཟང་། སྤྱིར་ཉིན་པར་བཟླས་པ་རྣམས་ལ་མཚན་མོར་སྦྱིན་སྲེག་དང་། མཚན་བཟླས་རྣམས་ལ་ཉིན་མོར་སྦྱིན་སྲེག་བྱས་ན་ལེགས་པར་གསུངས། སྦྱིན་སྲེག་ནི་སྔགས་ཀྱི་སྟོབས་བསྐྱེད་པ་དང་དངོས་གྲུབ་མྱུར་དུ་འགྲུབ་པའི་ཐབས་ཁྱད་པར་ཅན་ཡིན་པས་དུས་དང་སྐབས་སུ་ཅི་ནུས་བྱ། ཐུན་མཐར། རང་གི་བཟླས་བརྗོད་ཅི་ཙམ་གྲུབ་པ་བློས་བླང་སྟེ་ལྷ་ལ་འབུལ་ཞིང་། བགེགས་སྲུང་ལ་སྤྱོད་ལམ་དུ་ལྡང་། བཟླས་པའི་གྲངས་ནི་སྔགས་འབྲུ་བཅོ་ལྔ་པ་མན་ཆད་ལ། འབྲུ་དུ་ཡོད་ཀྱི་གྲངས་ཀྱི་འབུམ་དང་། ཡི་གེ་སོ་གཉིས་པ་མན་ཆད་ལ་བཟླས་བརྗོད་སུམ་འབུམ་གྱིས་ཆོག་པར་གསུངས། སྔགས་དེ་ལས་མང་བར་བྱུང་ན་ཁྲི་ཙམ་བཟླས་པས་བསྙེན་པར་བྱ་བར་གསུངས། གཞུང་གཞན་ལས་གོང་དུ་སྤྱིར་བསྟན་པ་འདི་དག་རྫོགས་ལྡན་གྱི་དུས་སུ་ཡིན་གྱི། རྩོད་ལྡན་བསོད་ནམས་ཆུང་བའི་དུས་སུ་བཞི་འགྱུར་བཟླ་གསུང་། སྔགས་ཀྱི་སྒྲུབ་པ་བྱས་ཀྱང་ཚད་དེས་མ་གྲུབ་ན། ཡང་བསྙེན་པ་སྔར་བཞིན་བསྐྱར་ཏེ་བསྒྲུབས་པས་ལན་བདུན་པ་ལ་མཚམས་མེད་ལྔ་བྱས་པས་ཀྱང་འགྲུབ་ཅེས་རྒྱུད་དུ་མར་གསུངས། མ་གྲུབ་ན་ཞི་བ་དང་དྲག་པོའི་སྤོག་ཆོག་ནི་ལེགས་གྲུབ་སོགས་ལས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ཡང་ཁྲུས་བྱ་བའི་ཚེ་ཁྲུས་རྩི་སྐྱུ་རུ་ར་སོགས་སྦྱར་བའི་ཆུ་གཙང་མས་ལུས་ཀུན་འཁྲུ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདུད་རྩིའི་ཁྲུས་བྱས་པས་སྒྲིབ་པ་དང་ཉེས་པ་ཐམས་ཅད་དག་པར་བསམ། ཁ་ཟས་ཟ་བའི་ཚེ་ཕུད་རྣམས། ན་མཿསརྦ་བུདྡྷཱ་བོ་དྷཱི་སཏྭཱ་ནཾ། ༀ་བ་ལི་ཏ་ཏེ་ཛྭ་མ་ལཱི་ནི་སྭཱ་ཧཱ། ཞེས་པ་ལན་བརྒྱད་ཀྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་དབུལ། ལྷག་མ་འཕྲོག་མ་མ་བུ་དང་འབྱུང་པོ་ལ་བསྔོས། ཉལ་བའི་ཚེ་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ་གུས་པར་བྱས་ཏེ་སྔགས་གྲུབ་པར་གསོལ་བ་བཏབ་ལ་ཉལ། སྔགས་བཟླ་བའི་ཚེ་སྦྲིད་པ་གླལ་བ་འོག་རླུང་སོགས་དོན་མེད་པས་བར་ཆོད་ན་དེ་དག་བྱུང་བའི་སྔགས་མདོ་འཛིན་ནས་དུ་ཡོད་པ་གྲངས་སུ་མི་རྩི་བར་བྱ་ཞིང་ཁྲུས་བྱ། དེ་ལྟར་བར་མ་ཆད་དུ་བསྙེན་པ་རྫོགས་པར་བྱེད་པ་ལས་ལྷོད་པ་དང་བག་མེད་པ་བྱ་བ་སྣ་ཚོགས་ཀྱིས་བཟླས་པའི་བར་ཆོད་པ། གནས་གཅིག་ཏུ་དུས་སྟབས་གཅིག་བསྙེན་པ་མ་རྫོགས་པར། དུས་དང་གནས་གཞན་གྱིས་བར་ཆོད་པས་བསྙེན་པ་མཚན་ཉིད་པའི་གོ་མི་ཆོད་པས་བར་མ་ཆོད་པར་བཟླས་གྲངས་རྫོགས་པར་བྱ་དགོས་སོ། །དེ་ལྟར་ཅིས་ཀྱང་མ་གྲུབ་ན་དེའི་ལྡབ་ཐེབས་སུ་འབུམ་གཅིག་ལྷག་པོར་བཟླ་བར་གསུངས། གཞན་ཡང་སྔགས་བསྒྲུབ་པའི་དུས་སུ་སྤང་བླང་གི་རིམ་པ་མཐའ་དག་ལེགས་གྲུབ་དང་དཔུང་བཟང་གི་རྒྱུད་སོགས་ལས་གསུངས་བཞིན་དུ་བྱ། དེ་ལྟར་བསྙེན་སྒྲུབ་ཀྱི་སྐབས་སུ་མཁོ་བའི་མན་ངག་འགའ་ཞིག་བཤད་པ་ལ། ཐོག་མར་སྔགས་གང་བསྒྲུབ་པ་བརྟག་པའི་ཆེད་དུ་རིན་པོ་ཆེའི་བུམ་པར་གི་ཝཾ་གིས་རིག་སྔགས་སྣ་ཚོགས་གང་འདོད་བྲིས་ཏེ། བཅུག་ལ་མཆོད་ཅིང་བསྟོད། གང་བསྒྲུབ་པ་དེ་ཉིད་ལག་ཏུ་སོན་པའི་བདེན་པའི་གསོལ་བ་བཏབ་ལ། ཁྲུས་བྱས་ནས་ཕྱག་རྒྱས་བསང་བའི་ལག་པ་གཡས་པས་གང་ལོན་གཅིག་བྱུང་བ་དེ་གུས་པས་རང་གི་སྤྱི་བོར་བཞག་ཅིང་སྔགས་དེ་བསྒྲུབ་ན་འགྲུབ་པར་གསུངས། གང་ཞིག་དཀྱིལ་འཁོར་གང་དུ་མེ་ཏོག་ཕོག་པའི་ལྷ་དེ་བསྒྲུབ་པས་སྔགས་དེའི་རིག་པ་གཏད་པ་ནོད་པར་བྱ་སྟེ། སློབ་དཔོན་གྱིས་སློབ་མ་ལ་བཟླས་ལུང་དང་། མེ་ཏོག་སྤྱི་བོར་བཞག་ནས་བཅོམ་ལྡན་འདི་ལ་སོགས་བརྗོད་ཅིང་བྱིན་གྱིས་བརླབ་པ་བྱ་བར་ལེགས་གྲུབ་ལས་གསུང་། ཡང་རྒྱུད་དེ་ལས་བཟླས་པའི་སྔགས་ལྷག་ཆད་དུ་གྱུར་བར་དོགས་ན། ཤོག་ཤོག་ལ་གི་ཝཾ་གིས་སྔགས་དེ་བྲིས། མཆོད་པས་མཆོད། རིག་སྔགས་ཀྱིས་བསྔགས། དེ་ཡི་མདུན་དུ་མར་གྱི་སྲེག་བླུགས་བརྒྱ་བྱས་ཏེ་རིག་སྔགས་དེ་ཁྲི་ལ་བཞག་ནས་སླར་ཡང་མཆོད་དེ་རིག་སྔགས་ཀྱི་ལྷག་ཆད་སྐོང་བར་གསོལ་བ་བཏབ། དེ་ཡི་མདུན་དུ་ཀུ་ཤའི་ཁྲེས་ལ་རང་ཉིད་ཤར་དུ་མགོ་བསྟན་ནས་ཉལ་བས་སྔགས་ལྷག་ཆད་མཉམ་ཏེ་བྲིས་པ་འོང་། མ་ཉམས་ན་སྔགས་སྔར་བཞིན་དུ་འཇོག་གི་གསར་དུ་བྲིས་པ་མི་འབྱུང་། ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ཡང་ཞག་གཅིག་གམ་གསུམ་དུ་སྨྱུང་བ་བྱས་ལ་ཡང་དེའི་དུས་བཟང་པོར་སྐྱུ་རུ་ར་དང་སྤོས་ཆུས་རང་ལུས་ཁྲུས་བྱས་ཏེ། སྲོད་ཀྱི་དུས་སུ་རང་གི་ལྷ་དང་སངས་རྒྱས་རྣམས་སྤྱན་དྲངས་ནས། མེ་ཏོག་སོགས་དང་མཆོད་ཡོན་དང་སྲེག་བླུག་ཕུལ། བུ་མོས་བཀལ་བའི་སྐུད་པར་མདུད་བོར་བ་སྔགས་ཀྱིས་བཏབ་པ་དཔུང་གཡོན་བཅིང་བས་བསྲུང་། ཀུ་ཤའི་འཁྲིས་ལ་མེ་ཏོག་བཀྲམ་པར་གློས་ཕབ་སྟེ་ཉལ་ནས་ལྷའི་གཟུགས་ལ་སེམས་ཤིང་ཡིད་ཀྱིས་སྔགས་འདོན་བཞིན་ཇི་ལྟར་སྒྲུབ་པར་བྱ་བའི་བཀའ་ལུང་གནད་པའི་གསོལ་བ་བཏབ་ན་འགྲུབ་པར་འགྱུར་བའི་རྨི་ལམ་བཟང་པོ་སྟ་གོན་གྱི་སྐབས་སུ་བཤད་པ་རྣམས་མཐོང་བའི་ཚེ་ན་སྒྲུབ་པ་བརྩམ་པར་བྱ་ཞེས་གསུངས། རིགས་སྔགས་ཐམས་ཅད་ལ་སྦྱིན་སྲེག་གིས་གཟི་བྱིན་བསྐྱེད་པར་བྱ་སྟེ། སྦྲང་རྩི་དང་འོ་ཐུག་དང་མར་རམ། ཏིལ་དང་མར་རམ། མར་གྱིས་བཏགས་པའི་མེ་ཏོག་གམ། སརྫ་ར་ས འམ། མར་དང་ཐང་ཆུའི་སྦྱིན་སྲེག་གིས་སྔགས་གཟི་བྱིན་ཆེ་བར་འགྱུར། ཡང་བ་ཡི་རྣམ་ལྔ་ཟོས་ནས་རི་ཡི་རྩེ་མོར་འཛེགས་ཏེ་མེ་ཏོག་འབུམ་དབུལ་བ་བྱས་པས་ལྷ་ཉིད་གཟི་བྱིན་སྐྱེ། ཡང་ཉིན་པར་དུས་གསུམ་དུ། དྲི་ཞིམ་པའི་བདུག་སྤོས་དང་མེ་ཏོག་ཕུལ་བས་ཀྱང་གཟི་བྱིན་ཆེ་བར་འགྱུར་། ཤིང་གི་སྙིང་པོའི་སྒྲོན་མ་སྦར་ཞིང་ཞག་བདུན་ལ་དུས་གསུམ་དུ་བཟླས་བརྗོད་བྱས་ན་གཟི་བྱིན་ཆེ་བའི་མཆོག་ཏུ་འགྱུར། ལྷ་བཤོས་བཟང་པོ་མཆོད་པས་ཀྱང་གཟི་བྱིན་ཆེན་པོ་བསྐྱེད་པར་འགྱུར། མེ་ཏོག་དྲི་དང་ལྷ་བཤོས་ཕུལ་བ་དང་། མར་ཏིལ་ཞོ་དང་སྦྲང་རྩི་དང་། སཱ་ལུའི་འབྲས་ཆན། བ་འོའི་ཟས་མཆོག་མར་བཅས་སྔགས་ཀྱིས་ལན་བརྒྱར་བཟླས་ཏེ་སྲེག་བླུག་ཕུལ་བའི་མཇུག་ཏུ་མཆོད་ཡོན་ཀྱང་ཕུལ་ན་རིག་སྔགས་ཀྱི་ལྷ་ཚིམ་པར་འགྱུར་རོ། །ཡང་སྤོས་ལ་ལྷའི་གཟུགས་བརྙན་བྱས་པར། མེ་ཏོག་མ་ཏ་ལིས་མཆོད་དེ་དུས་གསུམ་དུ་བཟླས་བརྗོད་བྱ། མཇུག་ཏུ་གཟུགས་དེར་ཤིང་གི་ཐང་ཆུས་བདུག་ཅིང་པདྨ་སོགས་མེ་ཏོག་འོ་མ་ལ་བཞག་པས་ཞག་གསུམ་མཆོད་ནས་ནང་པར་ཡང་མཆོད་ཅིང་བཟླས་ཏེ་ཆུ་ཀླུང་ཆེན་པོར་བསྐྱར་ན་དེས་ལྷ་ཚིམ་པར་འགྱུར་རོ། །ཡང་གསེར་དངུལ་ཟངས་སམ་ཁམ་སའི་བུ མ་པ་གསར་བར། མེ་ཏོག་དང་རིན་པོ་ཆེ་དང་། རྩ་བ་དང་འབྲས་སུ། འབྲུ་དང་སྤོས་ཆུས་བཀང་། མགུལ་པར་རས་གསར་པས་བཅིངས། ལྡུམ་བུ་གསར་པས་ཁ་བརྒྱན། རིག་སྔགས་ཀྱི་བདག་པོའམ་རང་སྔགས་ཀྱིས་ལན་བརྒྱར་བསྔགས་པ་བྱས་ལ་གསེར་སོགས་ཀྱི་རིག་སྔགས་ལྷའི་གཟུགས་བརྙན་རྒྱན་ཕྲེང་ན་བཟས་བརྒྱན་པ་འཁྲིལ་བཞག་ནས། བུམ་པ་དེས་དེ་ལ་དབང་བསྐུར་བྱ་ཞིང་། མེ་ཏོག་སོགས་ཀྱིས་མཆོད། དེའི་མདུན་དུ་བཟླས་བརྗོད་དང་སྦྱིན་སྲེག་གིས་ཀྱང་མཆོད་པར་བྱ་སྟེ། ཆོ་ག་འདིས་རིགས་སྔགས་དེ་ཉིད་མཐུ་ཆེ་བར་འགྱུར་རོ། །འདི་རྣམས་སྔགས་ཀྱི་སྟོབས་བསྐྱེད་ཅིང་མྱུར་དུ་འགྲུབ་པའི་ཐབས་ཁྱད་པར་ཅན་ཡིན་ཏེ་ལེགས་གྲུབ་གསུངས་པའོ། །གཞན་ཡང་སྒྲུབ་པའི་རྫས་འབྱུང་པོས་འཕྲོག་ན་སླར་དགུག་པའི་སྦྱིན་སྲེག་སོགས་རྒྱུད་ལས་གསུངས་པ་བཞིན་ནོ། །སྒྲུབ་པའི་ཚེ་དངོས་གྲུབ་ཀྱི་མཚན་མ་ལེགས་པར་མཐོང་བ་ན་སྒྲུབ་པ་ཆེན་པོའམ། གྲུབ་པའི་སྤྱོད་པའི་དངོས་རྒྱུ་བརྩམ་པར་བྱ་ལ། དེ་ལྟར་མིན་ཡང་དུས་དང་གྲངས་ཀྱི་བསྙེན་པ་ལེགས་པར་རྫོགས་པའི་ཚེ་དངོས་གྲུབ་བསྒྲུབ་པ་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ། དཀྱིལ་འཁོར་བྲིས་ནས་དེར་རིགས་བདག་དང་ཡུམ་སོགས་བཀའ་ཉན་གྱི་བར་གང་འདོད་པའི་ལྷ་རྣམས་བཀོད་ཅིང་མཆོད་པ་སོགས་རྒྱ་ཆེར་བྱ་དགོས་ཤིང་། སྨྱུང་བ་སོགས་བཤད་པ་ཡོད་ན་དེ་ལྟའི་བརྟུལ་ཞུགས་ལའང་གནས་པར་བྱ། སྒྲུབ་པའི་རྫས་ནི་ཨུར་མོའི་ལྕགས་ལས་བྱས་པའི་འཁོར་ལོ་མཛུ བ་གང་རྩིབ་དྲུག་གམ་བརྒྱད་པ་རྣོ་བ་རྡར་བྱས་པའམ། ཡང་ན་གསེར་གྱི་འཁོར་ལོ་དང་། རལ་གྲི་མཐེའུ་ཆུང་གི་མཐོ་དོ་བ། ཞེང་སོར་བཞི་བརྡར་བ་ལེགས་པ། བ་སོའི་དོང་ཅན་དང་། གཞན་ཡང་མདུང་དང་རྩེ་གསུམ་དབྱུག་ཐོ་སོགས་མཚོན་ཆ་སྣ་ཚོགས་དང་། ཨུར་མོའི་ལྕགས་སམ་གསེར་དངུལ་ཟངས་ལས་བྱས་པའི་རྡོ་རྗེ་སོར་བཅུ་དྲུག་པ་རྩེ་མོ་གསུམ་པ་དང་། ཙན་དན་ནམ་གསེར་ལས་བྱས་པའི་པདྨ་མཐོ་གང་པ་སྡོང་བུ་དངུལ་ལས་བྱས་པ་འདབ་མ་བརྒྱད་ཅན་མཛེས་པ་དང་། པད་རག་གམ་ཤེལ་གྱི་ནོར་བུ་གསེར་དངུལ་ལས་བྱས་པའི་ཡུ་བ་ཁྲུ་གང་བའི་རྩེར་བཞག་པ་དང་། རྒྱུ་དེ་འདྲ་བའི་བུམ་པ་བཟང་པོ་དང་། གཙུག་ཏོར་གྱི་ཕྱག་རྒྱ་གསེར་ལས་བྱས་པ་ཡིད་བཞིན་ནོར་བུའི་ཡུ་བ་བྱས་པ་དང་། རྨ་བྱའི་གདུགས་སྨྱུག་མའི་ཡུ་བ་རིང་པོ་ལ་བཀོད་པ་གཡེར་ཁ་བཏགས་པ་དང་། ཡམ་ཤིང་ལེགས་བཞོག་མཐེབ་རྟེན་ཅན་སོགས་རྫས་སྣ་ཚོགས་དང་། རས་ཕྲན་འཇམ་པོ་ཁོ་ལག་ཆེ་བ་གུར་གུམ་གྱིས་བཙོས་པ་དགོན་པའི་ཕྱུགས་ཀྱི་ལྕི་བའི་ཐལ་བ་དང་། ག་བུར་གྱིས་བགོས་པའི་གོས་དང་། ཤྲི་པ་ཎ་ཡི་ཤིང་གི་ལྷྭམ་དང་། མཆོད་ཕྱིར་ཐོགས་ཀྱི་སྲད་བུ་སྲ་ཞིང་སུམ་སྒྲིལ་ལེགས་པར་བཀའ་བའམ། ཡང་ན་གསེར་སྐུད་ལེགས་བསྙོད་སུམ་དཀྲིས་ཡོན་ཏན་ཅན་དང་། སྣ་མའི་མེ་ཏོག་གི་ཕྲེང་བ་བུ་མོས་བཀལ་བའི་སྐུད་པ་ལ་བརྒྱུས་པ་དང་། དེས་མཚོན་ནས་ཞགས་པ་སོགས་ཡོ་བྱད་ཀྱི་རྣམ་པ་སྣ་ཚོགས་ཀྱི་རྫས་རྒྱུད་གཞན་ལས་གསུངས་པ་དང་། གཟུགས་མཛེས་དྭངས་བ་ནད་མེད་དར་བབ་རང་ཤིའི་རོ་རྨ་མེད་མ་ཉམས་པ་རོ་ལང་སྒྲུབ་པའི་རྫས་དང་། གི་ཝཾ་ནི་བ་སེར་སྐྱ་ལས་བྱུང་བའི་མདོག་ཤིན་ཏུ་སེར་བ་མཆོག །བ་བླ་སེར་པོ་ལྗིད་ཆེ་བ། སྡོང་རོས་དང་། གཞན་བཙག་ནི་གསེར་མདངས་ཅན་བཅག་ན་ཨུཏྤལ་སྔོན་པོའི་མདོག་འདྲ་བ། ཆུ་རྒྱུན་ལས་བྱུང་བ་ཨཉྫའོ། །དེ་སོགས་དངོས་གྲུབ་རྫས་སྣ་ཚོགས་འཇིག་རྟེན་པའི་གཙུག་ལག་བཞིན་བརྟག་པར་བྱའོ། །ཞེས་གསུངས། སྒྲུབ་རྫས་དང་སྒྲུབ་ཐབས་ཀྱི་ཚུལ་རྣམས་རང་རང་སོ་སོའི་ལས་བཤད་པ་དང་། དེར་མ་གསལ་བ་རྒྱུད་ཀྱི་ཆོ་ག་ཞིབ་མོ་གཞན་ལས་བྱུང་བ་བཞིན་རིགས་མཐུན་སྦྱར་བས་འགྲུབ་ཅེས་རྒྱུད་ལས་གསུངས་སོ། །རྫས་དེ་དག་དང་པོར་བཙལ་བའི་དུས་ན། དེ་ཡི་བདག་པོས་ལན་གཅིག་སྨྲས་པ་ལྟར་རིན་བྱིན་པ་ནི། རིན་ལ་མ་གཙེག་པར་བྱས་པས་དཔའ་བོའི་རིན་གྱིས་ཉོས་པ་ཞེས་བྱ་ལ། རྫས་དེ་རྣམས་དྲི་བཟང་དང་བ་ཡི་རྣམ་ལྔས་བཀྲུ་ཞིང་ལས་ཐམས་ཅད་པའི་སྔགས་ཀྱིས་སྦྱང་བར་བྱ། དེ་ནས་སྒྲུབ་པའི་དུས་སུ་ཆོ་ག་ཕལ་ཆེར་ལ་སྨྱུང་བ་བྱ་ཞིང་མཆོད་པ་རྒྱ་ཆེར་བཤམས། གི་ཝཾ་བ་བླ་སོགས་ཞིབ་བཏགས་རབ་སྲང་ལྔ། འབྲིང་གསུམ། ཐ་མ་སྲང་གང་གི་ཚད་ཙམ་བྱ། དེ་ནས་རྡོ་རྗེ་སོགས་རྫས་གང་སྒྲུབ་པར་འདོད་པ་དེ་རས་བྲིས་ཀྱི་མདུན་དུ་བཞག ། དེ་དག་གི་བར་དུ་རྫས་གཞན་མི་བཞག །རྫས་ལ་བསང་གཏོར་བྱས་ནས་དངོས་གྲུབ་བསྒྲུབ་པར་བྱ། དེ་ཡང་སྒྲུབ་པ་ཆེན་པོའི་དངོས་གྲུབ་ནམ་ལེན་པ། དེ་ལ་ཞག་བདུན་ཡོད་པ་ལྟ་བུ་ལ་མཚོན་ན། ཞག་སྔ་མ་རྣམས་སུ་ཉིན་རེ་བཞིན་དུས་གསུམ་དུ་བསང་གཏོར་ཁྲུས་བགེགས་སྲུང་བ་བཟླས་པ་མཆོད་པ་སྦྱིན་སྲེག་རྣམས་ནན་ཏན་བར་མ་ཆད་པར་བྱས་ལ་སྲོད་ཀྱི་དུས་སུ་འདི་སྐད་དུ་ཚིག་འདིས་ཕྱོགས་བཞིར་བརྗོད་པར་བྱ་སྟེ། རིགས་གསུམ་གྱི་ནི་རིག་སྔགས་ལྷ། །བདག་པོར་བཅས་པ་གང་བཞུགས་དང་། །སྔགས་རྒྱུད་འདི་ལ་ལྷ་རྣམས་ནི། །གང་དག་ཡོངས་སུ་བསྒྲགས་པ་དང་། །གསང་སྔགས་རྣམས་ནི་གང་དག་ཅིག །བདག་ཉིད་ཉོན་མོངས་ཆེན་པོ་ཡིས། །ཆོ་ག་འདི་བཞིན་བསྙེན་པ་དང་། །བཟླས་བརྗོད་སྦྱིན་སྲེག་གིས་མཉེས་པ། །ཞག་བདུན་ན་ནི་སྒྲུབ་པའི་ཚེ། །བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ། །འདི་ན་ལྷ་དང་འབྱུང་པོ་དང་། །འཁོར་རྣམས་དང་ནི་བཅས་པ་དག །ཅི་ནུས་པར་ནི་མཆོད་བྱས་པས། །མཆོད་པ་ལ་ནི་ཕན་འདོགས་རྣམས། །ཡོངས་སུ་མཉེས་ཤིང་ཀུན་འདུས་ན། །བདག་ལ་དངོས་གྲུབ་མྱུར་གནས་མཛོད། ། ཅེས་བརྗོད་ཉིན་ཞག་རེ་རེ་སོང་བ་དང་། ཞག་དྲུག་ན་ནི་སོགས་བརྗོད། ཞག་གསུམ་དང་གཉིས་དང་། ཐ་མར་དེ་རིང་ཉིད་དུ་ཞེས་བརྗོད་དེ་ཞག་ཇི་ཙམ་བསྒྲུབ་འདོད་པ་དེ་ལྟར་བྱ། གཉིས་པ་ཞག་ཐ་མའི་ཉིན་མོ་སོང་ནས་མཚན་གཅིག་པོ་དེ་ལ་དངོས་གྲུབ་དངོས་སུ་འཐོབ་པའི་སྒྲུབ་པ་ཆེན་པོ་བྱ་བ་ཡིན་ཏེ། ཇི་སྐད་དུ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གསང་སྔགས་གཟུགས་ནི་མངོན་དུ་མཐོང་ན་འགྲུབ། །མ་ཉམས་མེ་ཏོག་དབྱིག་དང་ཆུར་བསྲེས་ཤིང་། །བསྟོད་དང་བཅས་པར་མཆོད་ཡོན་རྒྱུན་བསྲིངས་ནས། །རྩེ་གཅིག་སེམས་ཀྱིས་མགོ་བཏུད་ཕྱག་བྱས་ཏེ། །དད་དང་འབད་པས་རྗེས་མཐུན་མཆོག་བསླང་ངོ་། །མཆོག་ཐོབ་ནས་ནི་དག་པས་ཕྱག་བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ་ཞེས་གསུངས་པ་ལྟར། སྒྲུབ་པ་ཆེན་པོ་དངོས་གྲུབ་སྒྲུབ་པའི་དུས་སུ་ཕྱི་དྲོ་ཕྱོགས་བཅིངས་པ་བྱས་ལ། ཕྱོགས་བཅིང་པ་ནི། རིགས་པའི་སྙིང་པོ་བཟླས་ཏེ་ཕྱོགས་བཅུར་སྤོས་ཆུས་འཁོར་ཡུག་ཏུ་གཏོར་བས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ས་གཞི་ར་བ། དྲ་བ་གུར་གྱིས་མཚམས་བཅད་དེ་སྲུང་འཁོར་སྒོམ། འདི་ལ་སོ་སོའི་ལས་ཀྱི་སྔགས་སམ། ཀུན་ལ་བདུད་རྩི་ཐབས་སྦྱོར་དང་མཱ་ཀཱི་ལེགས་གསུངས། མཚན་མོ་གཅིག་པོ་དེར་དངོས་གྲུབ་བསྒྲུབ་པར་བྱ། དེ་ཡང་མཆོད་ཡོན་གྱི་སྣོད་ནི། གསེར་དངུལ་ཟངས་སམ་ཤེལ་དང་ནོར་བུ་དུང་དང་ཉ་ཕྱིས་སོགས་སམ། མ་འབྱོར་ན་རྡོའམ་ཁམ་སའི་ཕོར་བ་གཙང་མར་བསང་གཏོར་བྱས་ལ། དེར་སྣ་མའི་མེ་ཏོག་སོགས་མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། ཙནྡན་གུར་གུམ་སོགས་དྲི་བཟང་པོའི་ཆུ་དང་ཆུ་གཙང་བླུག །རིན་པོ་ཆེའི་རིགས་སིལ་བུ་འབྱོར་ན་བཏབ། དེ་ལ་ལག་གིས་རེག་ཅིང་བདུག་སྤོས་ཀྱིས་བདུག་ནས། ཡིད་ཀྱིས་ལྷའི་སྔགས་གང་ཡིན་བརྗོད་དེ་བཞག་པ་ནི་མཆོད་ཡོན་དམ་པའོ། །གཞན་ཡང་ལས་སོ་སོའི་དབང་དུ་བྱས་ཏེ་ལེགས་གྲུབ་ལས། མཆོད་ཡོན་གྱི་ཆུ་ནི། ཞི་བར་འོ་མ་རྒྱས་པར་ཞོ། དྲག་པོར་བ་གཅིན་ནམ་ཁྲག་གིས་བྱ། མཆོད་ཡོན་གྱི་སྣོད་ནི་ཟངས་མཆོག །མ་རྙེད་ན་ས་སོགས་ཀྱིས་བྱ། རྫས་ནི་ཞི་བར་ནས། རྒྱས་པར་ཏིལ། དྲག་པོར་ཀོ་ཊ་པ་ཡིན་ལ། སྤོས་དང་མེ་ཏོག་ཀུ་ཤ་ཏིལ་རྣམས་དང་བཅས་པའི་ཆུ་ནི་ལས་གང་ལ་ཡང་བྱེ་བྲག་མེད་པར་བཟང་། དེ་བཞིན་འབྲས་ཡོས་ཀྱང་ལས་ཀུན་ལ་ཤེས་གསུངས། དངོས་གྲུབ་ཀྱི་རྫས་གོང་བཤད་རྣམས་ཀྱིས་མཚོན་ནས་གང་བསྒྲུབ་པར་འདོད་པ་དེ་དང་། ཕལ་བའི་ཆོ་ག་ཙམ་ལ་ནོར་བུའི་གཟུགས་སོགས་ཟས་སྣ་བཟང་པོ་ལས་བཅོས་པ་དང་། ཟས་སྣ་ཚོགས་ཀྱིས་བརྒྱན་པ་བཤམས། དེ་ནས་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲངས་མཆོད་པ་སོགས་བྱས་ལ། ལྷ་དེའི་སྔགས་བཟླས་པས་བསྐུལ་བས། དཀྱིལ་འཁོར་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་མངོན་སུམ་བྱོན་ནས། མེ་ཏོག་གི་ཆར་འབེབ། བཀྲ་ཤིས་པའི་གླུ་དབྱངས་སྒྲོགས། ཡུལ་བསྐྱོད་ཅིང་ལྷ་ཡི་རོལ་མོའི་སྒྲ་འབྱིན་པ་སོགས་ཆོ་འཕྲུལ་ཆེན་པོ་སྣ་ཚོགས་པ་དང་བཅས་ཏེ་སྔོན་གྱི་དམ་བཅའ་ཆེན་པོ་བཞིན་དུ་བདག་ལ་བརྩེ་བའི་ཐུགས་ཀྱིས་མཆོག་གང་དང་ཅི་བསླང་བ་གནང་བར་བསམ་ལ། གཟི་བརྗིད་ལྡན་པས་རྫས་ནང་དུ། །ཕྱི་བཤོལ་མ་མཛད་བཞུགས་ནས་ཀྱང་། །ཀུན་གྱི་གཟི་བརྗིད་སྤེལ་བ་དང་། །བྱིན་རླབས་ཅན་དུ་མཛད་དུ་གསོལ། །ཞེས་བྱས་ལ། རྫས་དེ་ལ་ལག་པས་བྲིམ་བཞིན་དུའམ། མིག་གིས་བལྟ་ཞིང་མ་ཡེངས་བར་རིག་སྔགས་བཟླ། བར་སྐབས་སུ་གོང་གི་འདོད་གསོལ་ཚིགས་བཅད་བརྗོད་ལ་ཀཱ་ར་ཝི་རའི་མེ་ཏོག་དམར་པོ་དང་། ཡུངས་ཀར་དང་སྣ་མའི་མེ་ཏོག་གིས་བྲབ་ཅིང་སྔགས་བཟླས་པས་རྫས་ལ་གཟི་བྱིན་བསྐྱེད་པར་བྱ་སྟེ་སྔགས་ནི། ༀ་ཏེ་ཛ་ཏེ་ཛ་ས་ནི་སིདྡྷི་སཱ་དྷཱ་ཡ་ཧཱུྃ་ཕཊ། དེ་བཞིན་གཤེགས་པའི་རིགས་ཀྱི་རྫས་ཀྱི་གཟི་བྱིན་བསྐྱེད་པའི་སྔགས་སོ། །ༀ་དཱི་བྱ་དཱི་བྱ། དཱི་པ་ཡ། ཨ་བི་ཤ་མ་ཧཱ་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ཀྱིའོ། །ༀ་ཛྭ་ལ་ཛྭ་ལ། ཛྭ་ལ་ཡ་བནྡྷུ་རི་ཧཱུྃ་ཕཊ། རྡོ་རྗེའི་རིགས་ཀྱི་རྫས་བྱིན་བསྐྱེད་སྔགས་སོ། །གསུམ་ཀ་བཟླས་ཀྱང་འགལ་བ་མེད་དམ་སྙམ། དེ་ལྟར་བྱས་ནས་དམིགས་པ་མ་ཡེངས་ཤིང་གཉིད་ཀྱིས་མི་ལོག་པར་བསྒྲུབ་བྱའི་ལྷའི་རིག་སྔགས་བར་མ་ཆད་པས་བཟླས་པར་ཐོ་རངས་ཀྱི་དུས་སུ། དྲོ་བ་སོགས་མཚན་མ་མངོན་དུ་གྱུར་བ་ན་དེ་མ་ཐག་ཏུ་དངོས་གྲུབ་ལེན་པར་བྱ། གལ་ཏེ་སྲོད་ཀྱི་དུས་ནས་འོད་སོགས་མཚན་མ་འབྱུང་བའང་སྲིད་པས། དེ་ལྟ་ན་དངོས་གྲུབ་མི་ཡལ་བར་དེ་ཉིད་དུ་མནན་དགོས་ཏེ་སྙིང་པོའི་སྔགས་བཟླས་པའི་བ་ཡི་གེ་ཝཾ་གིས་བྲིམ་པ་སྟེ་བྲབས་པའམ་བྱུག་པར་བྱའོ། །ཡང་ན་ལག་པས་བྲིམ་ནས་མནན་ཏེ་བཞག །ཡང་ན་མར་རམ་མེ་ཏོག་གམ་རྫས་ཀྱི་རིགས་ལ་བཟླས་སྟེང་དུ་གཏོར་ཏེ་མནན་ཀྱང་རུང་བར་གསུངས། སྐབས་འགར་དངོས་གྲུབ་ཆེ་བ་ལ་བགེགས་ཀྱང་ཆེ་བས་མཚན་མོ་ཕྱེད་ཀྱི་དུས་སུ་ཕྱོགས་སོ་སོ་ནས་འཇིགས་པའི་གཟུགས་དང་སྒྲ་དང་རྡོ་ཆར་འབེབ་པ་སོགས་བགེགས་ཀྱི་རྣམ་པ་སྣ་ཚོགས་བྱུང་ན་འཇིགས་པ་མེད་པར་བྱ་ཞིང་རིག་པའི་རྒྱལ་པོ་དང་རྒྱལ་མོ་འམ། རིགས་ཀྱི་ཁྲོ་བོའམ་རང་སྔགས་ཀྱིས་བསྲུང་བས། ཐོ་རངས་མེ་ཏོག་གི་ཆར་སོགས་ཡ་མཚན་པའི་ལྟས་དང་བཅས་ཏེ་འགྲུབ་པར་འགྱུར་རོ། །དེ་ཡང་སྤྱིར་རང་གི་ལུས་གདོས་པ་སྦྱངས་ཏེ་རིག་འཛིན་དུ་གྱུར་པ་སོགས་ལུས་ལས་བྱུང་བའི་དངོས་གྲུབ་ནི་རབ། རྫས་ལས་བྱུང་བ་འབྲིང་། རང་བཞིན་འཁོར་དང་ནོར་འདུ་བ་སོགས་ལོངས་སྤྱོད་ལས་བྱུང་བ་དངོས་གྲུབ་ཐ་མར་གསུངས་ལ། རྫས་ཀྱི་དངོས་གྲུབ་ལའང་རྫས་ལས་དྲོ་བ་བྱུང་ན་ཐ་མ། དུ་བ་བྱུང་བ་འབྲིང་པོ། འབར་བ་རབ་ཡིན་ལ། གོ་རིམ་ནི་དྲོ་བ་སོགས་རིམ་པས་འབྱུང་བའམ། ངེས་མེད་དུ་འབྱུང་བའང་ཡོད་པར་གསུངས། གཞན་ཡང་སྤྱིར་རྒྱལ་བའི་རིགས་ཀྱི་དངོས་གྲུབ་ཆེ་སྟེ་སངས་རྒྱས་ནི་ཐམས་ཅད་ཀྱི་གཙོ་བོའོ། །པདྨའི་རིགས་ནི་འབྲིང་། རྡོ་རྗེའི་རིགས་ཀྱི་ཆུང་བར་གསུང་མོད། ངེས་པ་མེད་དེ། ལྷ་རབས་ཀྱིས་ཀྱང་སྒྲུབ་པ་པོའི་སྐལ་པ་དང་། མཚུངས་པར་དངོས་གྲུབ་ཐ་མ་རྩོལ་བ་དང་། འཇིག་རྟེན་པའི་ལྷ་སོགས་ཕལ་བས་ཀྱང་མཆོག་གི་ལྷ་ལས་བསླངས་ནས་དངོས་གྲུབ་རབ་རྩོལ་བ་ཡོད་པར་གསུངས། རྟགས་ཀྱང་སྲོད་དང་ནམ་ཕྱེད་ཐོ་རངས་བྱུང་བ་རིམ་བཞིན་དངོས་གྲུབ་ཐ་མ་དང་འབྲིང་དང་རབ་ཡིན་པས། རབ་ལ་ནངས་པར་དེ་ཉིད་ཀྱི་དུས་སུ་སྤྱོད། མཚན་མོར་བྱུང་བ་དེ་ཡི་དུས་ལས་ནངས་པར་མི་སྤྱད། ཐ་མའི་མཚན་མ་ཅན་ནངས་པར་སྤྱད་ཀྱང་འགལ་བ་མེད། མནན་པ་མིན་པའི་དངོས་གྲུབ་ཀྱི་རིགས་ཕལ་ཆེར་དུས་ལས་འདས་ཏེ་རྫས་མ་སྤྱད་པས་དངོས་གྲུབ་ཡལ་བར་གྱུར་པ་ཡོད་ཅིང་། གལ་ཏེ་རྫས་གྲུབ་ཀྱང་དེ་དུས་མ་སྤྱད་པར་ཐལ་ན་སླར་སྒྲུབ་པ་བསྐྱར་ཏེ་གྲུབ་ནས་སྤྱད། སྤྱིར་ནི་ཇི་ལྟར་ཡང་ལོ་གསུམ་བསྒྲུབ་ན་འགྲུབ། དེ་ལས་ཐལ་ན་མི་འགྲུབ་པས་སྤང་བར་བྱ། ཅིས་ཀྱང་བྱ་ན་དྲག་ཤུལ་གྱིས་སྤོགས་པ་དང་། རང་གི་ཤས་སྲེག་བླུག་བྱས་པས་ཞག་དགུ་ན་མི་འགྲུབ་པའི་དབང་མེད་པར་ལེགས་གྲུབ་ལས་གསུངས། གང་ལྟར་ཡང་རྟགས་མཐོང་བ་སོགས་དངོས་གྲུབ་ལེན་པའི་ཚེ། པུས་མོ་གཉིས་ས་ལ་བཙུགས་ནས་ལག་པས་མཆོད་ཡོན་བཟུང་སྟེ། གོང་ལྟར་དད་པ་དང་ནི་སོགས་ཚིགས་བཅད་སྔགས་བཅས་རྗེས ། ལྷ་དེའི་སྔགས་གསུམ་མམ་བདུན་བརྗོད་པས་སྤྱན་དྲངས་བཞིན། བདུག་སྤོས་བཅས་མཆོད་ཡོན་གྱི་རྒྱུན་བསྒྲེང་བར་བྱ་སྟེ། དེ་ཡང་ལྷའི་མཆོག་སངས་རྒྱས་རྣམས་ལ་སྤྱི་བོ་ནས་ལག་པ་གཉིས་སྦྱར་ཏེ་དབུལ། བར་མའི་ལྷ་རྣམས་ལ་སྙིང་གའི་ཐད་ནས་དང་། འཇིག་རྟེན་པ་སོགས་ལ་ལྟེ་བའི་ཐད་ནས་འབུལ། དེ་ལྟར་སྤྱན་དྲངས་པའི་ལྷ་ལ་མཆོད་པ་འབུལ་བ་ནི། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་པ་བཞེས་ནས་ཀྱང་། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །བདག་ནི་གུས་དང་ལྡན་པ་ལ། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ༀ་ཨཱ་ཧཱ་ར་སོགས་སྔགས་བརྗོད་པས། དྲི་དང་མེ་ཏོག་སོགས་མཆོད་པ་རྒྱ་མཚོ་ཕུལ་བས་མཉེས་པར་བསམ། ལོངས་ཁོམ་ཡོད་ན་གོང་བཤད་ལྟར་མཆོད་པའི་ཚིག་སོ་སོ་བྱས་ཀྱང་རུང་། དེ་ནས་ལྷ་དེའི་བསྟོད་པ་བརྗོད་ཅིང་གུས་པས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལྷ་ཆེ་གེ་མོའི་བདག་ལ་ཇི་ལྟར་འདོད་པའི་མཆོག་ཆེ་གེ་མོ་འདི་སྩལ་དུ་གསོལ་ཞེས་རྩེ་གཅིག་གསོལ་བ་བཏབ། གཞན་ཡང་དངོས་གྲུབ་ལེན་པའི་ཚིགས་བཅད་ཅི་རིགས་བྱས་ཀྱང་ཆོག །ལྷ་དེའི་སྔགས་དང་ཀཱ་ཡ་སིདྡྷི་སོགས་དངོས་གྲུབ་ཀྱི་ཤམ་སྦྱར་བཟླས་ལ་སྐུ་སྤྱི་བོར་བཞག་བཟའ་བཏུང་། རོལ་རྫས་ཐོགས་པ་སོགས་རྫས་རྣམས་ཇི་འོས་སུ་སྤྱད་པར་བྱ། མཆོག་ཐོབ་ནས་སླར་ཡང་དགའ་བས་ཕྱག་འཚལ་ཞིང་བསྟོད་པ་བརྗོད་ལ་མཆོད་ཡོན་ཕུལ་ནས། ལྷ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །སྒྲུབ་རྫས་རྣམས་ཆ་ལྔར་བྱས་པའི་དང་པོ་སངས་རྒྱས་ཀྱི་སྐུ་སྐལ་དུ་ཕུལ། ཆ་གཉིས་པ་བླ་མར་ཕུལ་དེ་མི་བཞུགས་ན་ཡིད་ཀྱིས་ཕུལ་ལ་རང་གིས་ཞུ། ཆ་གསུམ་པ་སྔར་ནས་གྲུབ་པ་དག་དེར་ཡོན་ན་ཕུལ། མེད་ན་སྒྲུབ་གྲོགས་པར་བཞག །བཞི་པ་སྒྲུབ་གྲོགས་ཀྱི་སྐལ་བར་བྱ། ལྔ་པ་རང་གིས་སྦྱང་། རལ་གྲི་རས་བྲིས་སོགས་བགོ་བཤའ་བྱར་མེད་པའི་རིགས་ལ་ཡིད་ཀྱིས་མཆོད་གནས་དང་སེམས་ཅན་ལ་ཕན་བཏགས་པའི་མོས་པ་བྱ། རས་བྲིས་དང་རལ་གྲི་འབར་བ་སོགས་གཟུང་བ་ཙམ་གྱིས་ཐ་མལ་པའི་ལུས་སྦྱང་ནས་འདོད་པའི་ལྷའམ་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་ལུས་ཉི་མ་གཉིས་པ་བཞིན་དུ་ལྷམ་ཞིང་མཛེས་པ་འཁོར་ལྷ་ཀླུ་གནོད་སྦྱིན་གྱི་བུ་མོ་སོགས་འབུམ་ཕྲག་དུ་མས་བསྐོར་བའི་རིག་འཛིན་གྱི་རྒྱལ་པོ་ནམ་མཁའ་ལ་འགྲོ་བ་ཚེ་བསྐལ་པར་གནས་ཤིང་མཐུ་སྟོབས་སུས་ཀྱང་མི་ཐུབ་པ་ལོངས་སྤྱོད་རྣམས་བསམ་པ་ཙམ་གྱིས་འགྲུབ་པ་སངས་རྒྱས་ཀྱི་ཞིང་ནས་ཞིང་དུ་འགྲོ་ཞིང་རྫོགས་སྨིན་སྦྱང་བ་ལ་རིམ་གྱིས་འཇུག་པའི་སྐལ་བ་ཅན་དུ་འགྱུར་བ་སོགས། རྒྱུད་སོ་སོ་ནས་གསུངས་པ་བཞིན་མངོན་དུ་འགྱུར་རོ། །དེ་ཡང་ལེགས་གྲུབ་ལས། སྟེང་དང་བར་སྣང་ས་པ་དག །གནས་ནི་རྣམ་པ་གསུམ་དུ་འདོད། །རིག་སྔགས་འཆང་དང་ནམ་མཁར་འགྲོ། །སྣ་ཚོགས་གཟུགས་ཀྱི་དངོས་གྲུབ་དང་། །དེ་བཞིན་མངོན་ཤེས་མཐོང་བ་དང་། །ཞི་བའི་བློ་དང་ཡེ་ཤེས་ཐོབ། །བསྟན་བཅོས་ཀུན་ཤེས་བློ་དག་དང་། །སྨྲ་མཁས་ཐོས་པ་འཛིན་པ་དང་། །རོ་ལངས་འགྲུབ་དང་མངོན་ཕྱོགས་དང་། །གནོད་སྤྱིན་མོ་ལ་སོགས་གྲུབ་དང་། །ས་སྟེང་རྒྱལ་སྲིད་ཡིད་བཞིན་ནོར། །གཏེར་ཆེན་དག་ནི་རྙེད་པ་སྟེ། །དེ་དག་ལ་སོགས་བསྟན་པ་རྣམས། །རིག་སྔགས་དངོས་གྲུབ་རབ་ཡིན་ནོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཕུག་གི་དངོས་གྲུབ་བཅུད་ཀྱིས་ལེན། །མངག་གཞུག་ལྷ་མིན་དངོས་གྲུབ་དང་། །ཤ་ཟ་ས་ལ་བྷཉྫི་ཀ །མང་དུ་ཐོས་པའི་ཤེས་ཐོབ་དང་། །རྐང་མགྱོགས་པ་ཡི་དངོས་གྲུབ་དང་། །དེ་དག་ལ་སོགས་དངོས་གྲུབ་རྣམས། །འབྲིང་པོའི་ནང་ནས་རབ་ཏུ་བསྟན། །འགྲོ་བ་ཐམས་ཅད་དགའ་བ་དང་། །འཇིག་རྟེན་པ་རྣམས་དབང་བསྒྱུར་དང་། །དྲག་ཤུལ་སྤྱོད་པའི་ཆོ་ག་ནི། །བསྐྲད་པ་ལ་སོགས་ཐམས་ཅད་དང་། །གང་གཞན་ཅུང་ཟད་ཕལ་གྱི་རྣམས། །མཁས་པས་ཐ་མར་རིགས་པར་བྱ། །ཞེས་དང་། ལྷ་རྣམས་ལ་ཡང་དབུལ་པོ་ཡོད། །ཡི་དྭགས་ལ་ཡང་མཐུ་ཆེན་ཡོད། །དེ་བཞིན་དངོས་གྲུབ་དག་ལ་ཡང་། །རྣམ་པ་སྣ་ཚོགས་ཡོད་པར་འགྱུར། །རབ་འབྲིང་ཐ་མ་རེ་རེ་ལའང་། །དངོས་གྲུབ་རྣམས་པ་གསུམ་དུ་ཕྱེ། །གསང་སྔགས་རྣམས་ཀྱི་མཐུ་ཤེས་ནས། །བསྙེན་པ་ལས་ནི་དངོས་གྲུབ་བསྩལ། །ཞེས་གསུངས་ཤིང་གཞན་ཡང་། རལ་གྲི་རིལ་བུ་རོ་ལངས་སོགས་ཀྱི་དངོས་གྲུབ་ཀྱི་བྱེ་བྲག་བརྒྱད་དང་། དགུ་དང་བཅུ་གཉིས་སོགས་ཀྱི་གྲངས་སུ་བཞག་པའི་རྣམ་གྲངས་རྒྱུད་སྡེ་སོ་སོར་གསུངས་པས་མཚོན་ནས་དངོས་གྲུབ་ཀྱི་རྣམ་གྲངས་མཐའ་ཡས་པར་འགྱུར་བ་དེ་དག་རིག་སྔགས་ཀྱི་ལྷ་མཉེས་པའི་སྟོབས་ཀྱིས་བདེ་བླག་ཏུ་འགྲུབ་ཅིང་། གནས་སྐབས་ཐུན་མོང་གི་དངོས་གྲུབ་དེ་དག་ལ་བསྟེན་ནས་མཐར་ཐུག་གི་ས་ལ་སྦྱོར་བར་བྱེད་དེ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ལས། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །དེ་གྲུབ་ན་ནི་འགྲུབ་གྱུར་ཏེ། །སྔགས་པ་ལུས་ནི་རྣམ་དག་དང་། །གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ། །སྣོད་དུ་གྱུར་པའི་ལུས་ལ་ནི། །དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པ་སྐྱེ། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །རྟག་ཏུ་སེམས་ཅན་དོན་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་དག་གིས་སྔགས་ཕྱི་རྒྱུད་པ་དག་གིས། དེ་ལྟར་བསྙེན་སྒྲུབ་བྱ་བའི་ཆོ་གའི་སྤྱི་ཁོག་མདོ་ཙམ་བརྗོད་ནས། ད་ནི་ལམ་གྱི་དངོས་གཞི་ཅུང་ཟད་བཤད་ན། ལམ་དངོས་ནི་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་རྣམ་པ་གཉིས་ཁོ་ན་ཡིན་ཞིང་། དང་པོ་མཚན་བཅས་ཀྱི་རྣལ་འབྱོར་ནི་ལྷ་དང་སྔགས་ལ་དམིགས་པ་ཡིན་ཏེ། ཇི་ལྟར་ན་ཀུན་རྫོབ་ཏུ་ཡོངས་སུ་དག་པའི་ལྷ་ཡེ་ཤེས་པ་ཉིད་བསྙེན་ཅིང་སྒྲུབ་ན། དངོས་གྲུབ་ངེས་པར་སྩོལ་བའི་མཐུ་དང་ལྡན་པས་རྗེ་བོ་ལྟ་བུ་དང་། རང་ཉིད་ལྷ་དེ་མཉེས་པར་བསྒྲུབ་པའི་སྒོ་ནས་དངོས་གྲུབ་ནོད་པ་པོ་ཁོལ་པོ་ལྟ་བུར་བལྟ་ཞིང་། དོན་དམ་པར་མཐའ་བཞི་དང་བྲལ་བའི་ཆོས་ཉིད་ལ་བཟང་ངན་མེད་པ་དང་། ཆོས་ཅན་ཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ལྷ་སྔགས་ཕྱག་རྒྱས་རང་ལ་རྒྱས་བཏབ་སྟེ་སྒྲུབ་ན་ཇི་ལྟར་དམིགས་པའི་འབྲས་བུ་བསླུ་མེད་དུ་ཐོབ་པའི་ངེས་ཤེས་ཁྱད་པར་ཅན་གྱི་ལྟ་བ་དང་རྗེས་སུ་མཐུན་པར། བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དབང་ནོད་ལ་དམ་ཚིག་དང་ལྡན་པའི་སྒྲུབ་པ་པོ་དེས་ལྷ་དང་སྔགས་ལ་སེམས་པ་འབའ་ཤིག་མ་གཏོགས་པའི་བསམ་པ་གཞན་སྤངས་ནས་ལྷ་ཡི་སྐུ་དང་སྔགས་ཀྱི་ཚུལ་ལ་དམིགས་པ་ལས་སུ་རུང་བའི་སྒོ་ནས་བསྒོམ་པ་ཡིན་ལ། ཚུལ་ཇི་ལྟར་ན། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བདག་གི་ལྷ་དང་། བདག་གི་གཟུགས་ཐ་མི་དད་བར་བྱས་པས་མཚན་མ་མ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །ཞེས་དང་། ཞི་བའི་བློ་གྲོས་གང་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོར་སྤྱོད་ལ། བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས། ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། རྟག་ཏུ་དུས་ཐམས་ཅད་དུ། བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞེས་སོགས་དང་། འཇམ་དཔལ་གང་གི་ཚེ་རང་གི་གཟུགས་ཡོངས་སུ་སྤངས་ཏེ་ལྷའི་ང་རྒྱལ་ལ་ཐེ་ཚོམ་མེད་པ་ཐོབ་པ་དེའི་ཚེ་གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟོན་ཏེ་ཞེས་སོགས་མཚན་བཅས་ཀྱི་རྣལ་འབྱོར་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པ་ལས། སེམས་ཅན་ཀུན་གྱི་བདག་ཆེ་ནི། །བདག་ཉིད་ལ་ཡང་གནས་སོ་ཞེས། །བྱིན་གྱིས་བརླབས་ནས་སེམས་དཔའ་བདག །ཡིན་ཞེས་ང་རྒྱལ་བ སྒོམ་པར་བྱ། །ཞེས་དང་། རང་སེམས་སོ་སོར་བརྟག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་ཡིན། །ཞེས་དང་། འཇིག་རྟེན་གསུམ་པོ་དེ་ཉིད་དོ། །ཞེས་དང་། འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་དང་། དེ་ཉིད་ཕྱག་ན་རྡོ་རྗེ་ཡིན། །ཞེས་དང་། སངས་རྒྱས་རིགས་ཀྱང་དེ་ཉིད་དེ། །ཞེས་རྡོ་རྗེ་པདྨ་ནོར་བུའི་རིགས་ཀྱང་དེ་ཉིད་ཡིན་པར་གསུངས། སེམས་དཔར་བྱིན་བརླབས་སྦྱོར་བ་ཡི། །རྡོ་རྗེ་སེམས་དཔར་ཡང་འགྱུར་རོ། །བཅོམ་ལྡན་རྡོ་རྗེ་དེ་ཉིད་ནི། །བསྒོམས་པས་སེམས་དཔའ་ཉིད་དུ་འགྱུར། །ཞེས་དང་། ཡང་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་པས་མཚོན་ཏེ་བྱ་སྤྱོད་ཀྱི་རྒྱུད་རྣམས་སུ་བདག་ཉིད་ལྷར་བསྒོམ་པ་མཚན་བཅས་ཀྱི་རྣལ་འབྱོར་མང་དུ་གསུངས་པས་བྱ་རྒྱུད་ཁྱད་པར་ཅན་གྱི་ལམ་བསྒོམ་པ་ལ། བདག་ཉིད་ལྷར་བསྒོམ་ཞིང་ང་རྒྱལ་བྱེད་པ་མེད་དུ་མི་རུང་བ་ཡིན་ནོ། །སྤྱིར་བྱ་རྒྱུད་ལ་ཙམ་པོ་པ་དང་ཁྱད་པར་ཅན་གཉིས་ལས། དང་པོ་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་དོ། །ཞེས་གསུངས་པ་ལྟར་ཐུན་མོང་མདོ་སྡེའི་གཟུངས་རྣམས་དང་ཚུལ་འདྲ་བ་རུ་གསུངས་པ་དང་། རྟོག་པ་ཕྲ་མོའི་སྔགས་ཕལ་ཆེ་ལ་རང་ལྷར་མི་བསྒོམས་པར་ལྷ་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ་མཆོད་ཅིང་བཟླས་པ་བྱེད་པ་དང་། རས་བྲིས་ལ་རྟེན་བྱས་ཏེ་སྒྲུབ་པ་སོགས་ཚུལ་གྱི་གསུངས་པ་ཡོད་ལ། དེ་དག་གི་ཆོ་ག་པཎ་གྲུབ་རྣམས་ཀྱིས་གསང་སྔགས་མདོ་སྡེའི་ཚུལ་དུ་བཀྲལ་བའང་ཡོད་ཅིང་། དེ་དག་བྱ་རྒྱུད་དུ་གཏོགས་པར་ཡང་བཞེད་དོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བྱ་རྒྱུད་ལ་ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང་། བདག་ཉིད་ལྷའི་སྙེམས་པ་མེད་པ་ཞེས་གསུངས་པ་ནི། འདི་བས་རྣལ་འབྱོར་རྒྱུད་བཞིན་དུ་རང་དང་ལྷ་ཐ་མི་དད་དུ་བྱས་ཏེ། རང་ལ་ཡེ་ཤེས་པ་གཞུག་པར་མ་བསྟན་ཅིང་། མདུན་བསྐྱེད་གཙོ་བོར་བྱས་པའི་ཕྱིར་རྣལ་འབྱོར་རྒྱུད་ལྟར་ལྷའི་སྙེམས་པ་མི་བྱ་བའི་དོན་ཡིན་གྱི། བདག་ཉིད་ལྟ་བ་སྒོམ་པ་གཏན་མེད་པའི་དོན་མ་ཡིན་ཏེ་བྱ་རྒྱུད་པས་ཀུན་རྫོབ་ཏུ་བདག་དང་ལྷ་ལ་བཟང་ངན་དུ་བལྟ་བའི་ཕྱིར་བདག་ཉིད་ལྷའི་ང་རྒྱལ་གྱི་གསལ་སྣང་བསྐྱེད་ཀྱང་ལྷ་དངོས་ཡིན་པའི་འདུ་ཤེས་རྒྱུད་གོང་མ་ལྟར་མི་ནུས་པའི་དོན་ཏོ། །དེ་ལྟར་ན་བདག་གི་སྒོ་གསུམ་དང་ལྷའི་གསང་གསུམ་དབྱེར་མེད་དུ་སྣང་བའི་ཚེ་སྔགས་འགྲུབ་པར་གསུངས་པའི་ལུང་རང་གིས་དྲངས་པ་དང་འགལ་ལོ་སྙམ་ན། ཀུན་རྫོབ་ཏུ་ལྷ་དངོས་ཀྱི་རང་བཞིན་མིན་ཡང་ཡིན་པའི་ང་རྒྱལ་སྒོམ་ནས་གསལ་སྣང་བྱུང་ནས་ལྷའི་གསང་གསུམ་གྱི་དངོས་གྲུབ་ཐོབ་པ་མི་འགལ་ཏེ། དེང་སང་གི་སྔགས་གསར་མ་བ་ཕལ་མོ་ཆེས། སྔགས་བླ་མེད་ཀྱི་བསྐྱེད་རིམ་འཆད་པའི་ཚེ། རང་གདོད་ནས་ལྷའི་རང་བཞིན་དུ་རྣམ་པར་དག་པ་མིན་ཡང་ལྷ་ཡིན་པར་སྒོམ་པས་གོ་ཆོད་པར་ཁས་ལེན་པ་ཡིན་ན་བྱ་རྒྱུད་པ་ལའང་དེ་ལྟ་བུ་འོང་བ་ཅི་ལ་འགལ། གཞན་ཡང་རང་ཉིད་ལྷའི་རྣམ་པར་བསྒོམ་པ་དང་། མ་བྲལ་བའི་སྒོ་ནས་བལྟས་པའི་བདེ་བ་ལམ་དུ་བྱེད་པ་དང་། གཞན་ལ་དབང་བསྐུར་བ་དང་། ཕྱོགས་བཅིངས་པ་སོགས་ཀྱི་ལས་ཕལ་མོ་ཆེ་དང་། རིག་འཛིན་གྱི་འཁོར་ལོས་སྒྱུར་བ་སོགས་དངོས་གྲུབ་ཆེན་པོ་དང་། མངག་གཞུག་པ་བསྒྲུབ་པ་སོགས་དངོས་གྲུབ་སྣ་ཚོགས་བསྒྲུབ་པ་ཡིན་གྱི་ཐ་མལ་རང་ག་བའི་བློ་མ་བོར་བས་དེ་ལྟར་བྱས་ཀྱང་དོན་ཆུང་བར་ཟད་དོ། །གལ་ཏེ་རང་ཐ་མལ་བ་ལྷ་མིན་པའི་གནས་ཀྱིས་ལྷར་བསྒོམ་མི་རུང་ན། བུམ་ཆུ་སོགས་དང་། བྲིས་སྐུ་དཀྱིལ་འཁོར་སོགས་ལྷར་བསྐྱེད་མི་རུང་བར་མཚུངས་ཏེ་དེ་དག་ཀྱང་ལྷ་དངོས་མིན་པའི་ཕྱིར་རོ། །མདུན་གྱི་ལྷ་བསྒོམ་པ་དེ་ཡང་རང་སེམས་ཀྱིས་བརྟག་སྟེ་བྱས་མོད། དེ་ལ་གསལ་སྣང་གྲུབ་རྒྱུ་ཡོད་ན་རང་སེམས་དང་རང་ལུས་ལྷར་གསལ་སྣང་གྲུབ་པ་ཡོད་པར་མཚུངས་སོ། །མདུན་གྱི་ལྷའི་རྣམ་པ་དེ་ཡང་རང་སེམས་ཀྱི་གསལ་ཆ་ཙམ་གྱི་རྣམ་པ་ཡིན་ན་ཡང་། དེ་བདག་དང་རྒྱུད་ཐ་དད་པའི་ལྷ་ཡེ་ཤེས་པ་དངོས་སུ་ཞེན་ཅིང་རང་དངོས་གྲུབ་ནོད་པ་པོའི་ཚུལ་གྱིས་མཆོག་དམན་གྱི་འདུ་ཤེས་ཤས་ཆེ་བའི་གདུལ་བྱ་དག་གི་ངོར་རེ་ཤིག་མདུན་བསྐྱེད་གཙོ་བོར་བྱེད་པའི་བྱ་རྒྱུད་རྣམས་བསྟན་པ་ཡིན་ཀྱང་། རྣམ་པ་ཀུན་ཏུ་ཐ་མལ་བ་དང་ལྷ་ཡེ་ཤེས་པ་འདྲེ་མི་རུང་བར་བཟུང་ན། ཐ་མལ་པའི་སྣང་བ་གང་ཡང་ལྷར་བ སྒོམ་མི་རུང་བའི་གཉིས་སྣང་དམ་པོ་དེས་དངོས་གྲུབ་འབྱུང་བ་ལ་བགེགས་པ་ཡིན་ཅིང་། བྱ་རྒྱུད་པ་ལའང་ནམ་ཞིག་ལྷ་དང་རང་གཉིས་སུ་མེད་པའི་ངེས་པ་སྐྱེས་པའི་ཚེ་བློ་ན་འཕར་ཏེ་རྒྱུད་སྡེ་གོང་མའི་དགོངས་དོན་ལ་འཇུག་པ་ཡིན་ནོ། །དེས་ན་སྔགས་བླ་མེད་ནས་ཇི་ལྟར་གསུངས་པའི་དགོངས་དོན་ཉམས་སུ་མ་ལོན་བར་དུ་འབྲས་བུ་མཐར་ཐུག་འཐོབ་པ་མིན་ཡང་། གནས་སྐབས་སུ་གདུལ་བྱའི་བློ་དང་མཐུན་པར་འཇུག་པའི་མདོ་དང་རྒྱུད་འོག་མ་རྣམས་ཀྱི་ལམ་ལ་ཞུགས་པའང་རིམ་གྱིས་མཐར་འབྲས་འཐོབ་པ་ཡོད་མོད་ཀྱི་ལམ་ལ་ཉེ་རིང་གི་ཁྱད་པར་གོང་ནས་གོང་དུ་འཕགས་པའང་། ལྟ་བ་ཤེས་རབ་དང་ལམ་བསྒོམ་པའི་ཐབས་གཉིས་ཀས་འཕགས་པ་ཡིན་པའི་ཕྱིར་རོ། །རྣམ་སྣང་དང་འཇམ་དཔལ་སོགས་ལྷའི་ངོ་བོ་ལ་རྒྱུད་གོང་འོག་གི་ཁྱད་པར་གྱི་མཆོག་དམན་མེད་པས་འཕགས་ཡུལ་བའི་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོ་སོགས་ཀྱིས་རྒྱུད་སྡེ་འོག་མའང་གོང་མའི་ཆོ་ག་སྦྱར་རུང་བར་བཞེད་ལ། ས་སྐྱ་པ་དག་གིས་བྱ་རྒྱུད་གཅིག་ལ་རྒྱུད་སྡེ་བཞི་ཀར་བཀྲལ་རུང་བར་བཞེད། འོན་ཀྱང་གདུལ་བྱའི་བསམ་པ་དང་མཐུན་པར་ཐ་མལ་པའི་དངོས་ཞེན་ཆེ་ཆུང་དང་བསྟུན་ཏེ། གཙང་སྦྲ་དགོས་མི་དགོས། བདག་ཉིད་ལྷའི་སྙེམས་པ་དོན་མཐུན་ལམ་དུ་བྱེད་ནུས་མི་ནུས་སོགས་ཀྱི་རྒྱུད་སྡེ་བཞིའི་ཆོ་གའི་སྒྲུབ་ཚུལ་ཐ་དད་དུ་ཕྱེ་བ་བཞིན་དུ། རྒྱུད་གང་ན་དེ་ལྟར་དངོས་སུ་བསྟན་པ་རྣམས་ལ་དེ་དང་དེའི་རྒྱུད་ཀྱི་རྣམ་བཞག་བྱེད་དགོས་པ་ཡིན་ནོ། །དེ་ལྟར་རིགས་པས་དཔྱད་ན་བྱ་རྒྱུད་ཡིན་ན་བདག་བསྐྱེད་མེད་པའི་ངེས་པ་མི་འགྲུབ་ལ། བདག་བསྐྱེད་ཡོད་ན་འཐད་པའང་དུ་མ་ཡོད་མོད་མང་དུ་མ་སྤྲོས་སོ། །ལུང་གི་དབང་དུ་བྱས་ན་ཡང་བྱ་རྒྱུད་ལ་བདག་བསྐྱེད་མི་བཞེད་པ་དེ་དག་གིས་བྱ་རྒྱུད་དངོས་གནས་པར་ཞལ་གྱིས་བཞེས་པའི་ལག་ན་རྡོ་རྗེ་དབང་བསྐུར་བ་སོགས་ཀྱི་ལུང་སྔར་དྲངས་པ་དང་། བྱ་རྒྱུད་ཀྱི་སྤྱི་རྒྱུད་བཞིར་བཞེད་པའི་ནང་ཚན་བསམ་གཏན་ཕྱི་མ་ལས། གཞི་གཉིས་གསུངས་པའི་གཞི་གཅིག་ནི་རང་ཉིད་ལྷར་བ སྒོམ་པ་ཡིན་པ་སོགས་དང་། བྱ་རྒྱུད་འབའ་ཞིག་ཏུ་འདོད་པའི་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་བདག་ཉིད་ཕྱག་རྡོར་དུ་བསྐྱེད་པར་གསུངས་པ་སོགས་དེ་འདྲ་འགའ་ཡོད་པ་དང་། གལ་ཏེ་དངོས་སུ་བདག་ལྷར་བསྒོམ་པ་གསུངས་པ་མེད་ཀྱང་དེ་ཙམ་གྱིས་བྱ་རྒྱུད་ཡིད་ངེས་སུ་མི་འགྲུབ་སྟེ། བླ་མེད་རྒྱུད་ཀྱི་སྔགས་ཁོལ་བྱུང་དང་། རྟོག་པའི་རྒྱུད་འགའ་ཞིག་ལ་སོགས་པ་བཞིན་ནོ། །གཞན་ཡང་བྱ་རྒྱུད་ལུགས་ཀྱི་ཆུ་ཅོད་པཎ་གྱིས་དབང་བསྐུར་བ་དང་། གཙང་སྦྲ་དང་ཁྲུས་སོགས་ཀྱང་བྱ་རྒྱུད་དུ་གཏོགས་ཚད་ལ་དེ་དག་གི་གསལ་ཁ་མ་བྱུང་ཡང་བྱ་རྒྱུད་ཡིན་པར་འདོད་དགོས་པ་བཞིན་ཏེ། བདག་བསྐྱེད་མ་བསྟན་པས་བདག་བསྐྱེད་སྒོམ་མི་རུང་ན་དབང་སོགས་ལ་མཚུངས་པར་ཁས་ལེན། དགོས་སོ། །བདག་བསྐྱེད་དངོས་སུ་མ་བསྟན་པའི་རྒྱུད་ཕལ་ཆེན་མདུན་བསྐྱེད་ཀྱང་དངོས་སུ་མ་བསྟན་པ་ཡོད་པས་དེ་ག་བྱ་རྒྱུད་མིན་པར་ཡང་འགྱུར་བའི་ཕྱིར་དང་། རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་རྒྱུད་ཡིན་པ་འགའ་ལའང་སྔགས་དང་ཆོ་ག་སོགས་བསྟན་གྱི་བདག་བསྐྱེད་སོགས་ལྷའི་མངོན་རྟོགས་མེད་པའང་ཡོད་པ་ཡིན་ནོ། །སྔགས་བཟླ་རྒྱུ་ཡོད་པ་ཙམ་གྱིས་རྒྱུད་སྡེའི་ཁོངས་སུ་གཏོགས་ངེས་པའང་མིན་ཏེ། དཔེར་ན་ཆུ་ཅོད་པཎ་གྱི་དབང་ནོད་པ་སོགས་སྔོན་དུ་འགྲོ་བ་དང་མདུན་བསྐྱེད་སོགས་མི་དགོས་པར་དད་པས་བཟླ་རུང་པ་འདུལ་བ་དང་མདོ་ནས་བྱུང་བའི་སྔགས་དང་། དྲང་སྲོང་སོགས་བདེན་ཚིག་གྲུབ་པ་དང་། ལྷ་མཐུ་བོ་ཆེ་སོགས་ཀྱིས་བརླབས་པའི་ནད་ཞི་བ་དང་མིག་འཕྲུལ་སྟོན་པ་སོགས་ཀྱི་སྔགས་མཐའ་ཡས་པ་ཡོད་པ་བཞིན་ནོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དཀྱིལ་འཁོར་གང་དུ་ལྷ་སོགས་ཀྱི་རིག་སྔགས་ཕུལ་བ་ཕལ་མོ་ཆེ། རྒྱུད་དང་དཀྱིལ་འཁོར་དེ་ལ་བརྟེན་པའི་རིག་སྔགས་ཀྱི་འཁོར་ཡིན་པས་དེའི་རིགས་སུ་གཏོགས་ལ། དེ་ལྟར་མིན་པ་རྣམས་ནི་དཔུང་བཟང་གི་རྒྱུད་ལས། གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམས་ཞེས་གསུངས་པ་ལྟ་བུའོ། །དེས་ན་རྒྱུད་ཀྱི་ཚིག་རིས་ལ་བདག་བསྐྱེད་ཡོད་མེད་ཙམ་ཞིག་གིས་བྱ་རྒྱུད་ཡིན་མིན་དཔྱད་དཀའ་བས་སྔགས་ཕལ་མོ་ཆེ་དག་བླ་མེད་ཀྱི་རྫོགས་རིམ་སོགས་ཕལ་ཆེ་བ་རྒྱུད་དེར་དངོས་སུ་གསལ་པོར་བསྟན་པ་མེད་ཀྱང་། དེ་དག་གི་བཤད་རྒྱུད་དང་རྒྱུད་རྒྱས་པ་སོགས་དང་རྒྱུད་གཞན་ན་གསལ་བ་དང་། རྒྱུད་ཀྱི་བཀའ་བསྡུ་བ་པོ་གསང་བདག་དང་མཁའ་འགྲོ་མ་སོགས་ཀྱི་མན་ངག་ལ་བརྟེན་ཏེ་བཀྲལ་བའི་ལུགས་ཟབ་མོ་ཤིན་ཏུ་མང་བའི་ཕྱིར་ན། ལམ་འདིའི་ཤིང་རྟ་ཆེན་པོ་དངོས་གྲུབ་བརྙེས་ཤིང་མཁས་པའི་དབང་པོར་འཛམ་གླིང་ན་ཡོངས་སུ་གྲགས་པ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་རིགས་པ་དང་ལྡན་ཞིང་དངོས་གྲུབ་ཀྱི་ལམ་པོ་ཆེ་ཡིན་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་རང་ཉིད་ལྷ་སྐུར་བསྒོམ་པའི་གསལ་སྣང་ལ་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་ཚེ་ན་སྔགས་རྣམས་ཉེ་བར་འགྲུབ་བོ། །དེ་ལ་ལྷ་ཡི་སྙིང་པོ་སྲོག་ལྟ་བུ་ནི་གསང་སྔགས་ཡིན་ལ་སྔགས་དེ་ཡང་བསྒོམ་པ་དང་བཟླས་པ་གཉིས་ཀྱི་ཚུལ་གྱིས་བསྒྲུབ་པ་ཡིན་ནོ། །བསྒོམ་པ་ནི་ལྷའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སོགས་ལ་ས་བོན་དང་སྔགས་ཕྲེང་བཀོད་དེ་འཕྲོ་འདུའི་དམིགས་པ་བྱ་བ་སྤྱིར་བཏང་། ཁྱད་པར་མན་ངག་གི་དབང་དུ་བྱས་ན། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པའི་ཡིད་ལ་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་སོམས། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་བཀོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །ཞེས་དང་། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ཞེས་དང་། རིག་སྔགས་དེ་ཉིད་མ་ལུས་དང་། །བདག་གི་དེ་ཉིད་ཆོ་ག་དང་། །བཟླས་བརྗོད་དེ་ཉིད་མཆོག་ཤེས་ན། །མེས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་བ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སོགས་ཀྱི་བསྟན་པ་བཞིན་དུ་ཉམས་སུ་བླངས་དགོས་སོ། །བཟླས་པ་ལ་ཡང་འགོག་བཟླས་དང་། དབྱངས་བཟླས་གཉིས་ཀྱི་དང་པོ་ནི་མཆོག་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམས་པ་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །ཞེས་དང་། བསམ་གཏན་ཕྱི་མ་ལས། སླར་སྡུད་པ་ཡི་བཀུག་ནས་ནི། །སྲོག་དང་སྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པས་སྔགས་ལ་སྦྱར། །ཡིད་ཀྱིས་བཟླས་བརྗོད་བརྩམ་པར་བྱ། །འདི་ཉིད་ཀྱི་ནི་ཆོ་ག་ཡིས། །ཡང་ན་ཤུབ་བུར་བྱ་ཡང་རུང་། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །ཞེས་གསུངས་པ་ལྟར། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཞེས་པའི་ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས། ཡི་གེ་གཉིས་པ་སྔགས་ཀྱི་སྒྲ། གཞི་དང་པོ་རང་ལུས་ལྟར་བསྒོམ་པ། གཞི་ཕྱི་མ་མདུན་དུ་བསྒོམ་པའི་ལྷ་ཡེ་ཤེས་ཏེ། བཞི་པོ་དེ་ལ་དམིགས་པའི་སྒོ་ནས་སྔགས་བཟླ་བར་གསུངས་པ་དེ་ཉིད་བསམ་གཏན་ཕྱི་མར། སྒྲ་དང་སེེམས་དང་སོགས་ཀྱི་ཚིགས་བཅད་ཀྱིས་བསྟན་པ་ལྟར། སྒྲ་ནི་སྔགས་ཀྱི་ཡི་གེའི་ཕྲེང་བའོ། །སེམས་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ཤིན་ཏུ་རྣམ་དག་དྲི་མེད་བརྟན་ཞིང་མི་གཡོ་བ་ཐབ་ཅིང་ཕྲ་བ་མེ་ལོང་ལྟ་བུ་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །གཞི་ནི་མདུན་དུ་བཞུགས་པ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་རྩེ་གཅིག་ཏུ་གཞོལ་བའོ། །གསང་སྔགས་མི་འགྱུར་ཞེས་པ་ནི་གཞི་བཞི་པོ་གསལ་ཞིང་བརྟན་པར་གྱུར་པ་ལ་བྱའོ། །གཞི་ལ་གནས་ཞེས་པའི་གཞི་ཕྱི་མ་ནི་བདག་གི་གཞི་སྟེ་བདག་ལྷར་གསལ་བ་ལ་དམིགས་པ་རྩེ་གཅིག་ཏུ་གནས་པའོ། །དེ་ལྟར་ཡན་ལག་བཞི་པོ་མ་ཉམས་པའི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་གསང་སྔགས་བཟླས་པར་བྱ་ཞེས་གསུངས་ཤིང་། དེ་ཡང་མིག་སོགས་དབང་པོ་དང་བ་སྤུའི་མཐར་ཐུག་པར་རྒྱུ་བའི་རླུང་ཐམས་ཅད་ལུས་ཀྱི་ནང་དུ་སླར་སྡུད་པ་ཡིས་བཀུག་ནས། སྲོག་ཅེས་བྱ་བ་རླུང་དང་སྩོལ་བ་ཞེས་པ་ཡིད་ཀྱི་དྲན་པ་འགྱུ་བ་སྟེ་དེ་གཉིས་ཀ་བསྡམས་ནས་བཟླས་པ་བྱ་དགོས་པར་གསུངས་སོ། །དེ་ལ་བཟླས་བརྗོད་ཀྱི་དེ་ཉིད་གསུམ་གྱི་དང་པོ་གསང་སྔགས་མེར་གནས་ཞེས་པ་གང་ཞེ་ན། རང་ཉིད་དང་མདུན་གྱི་ལྷའི་ཐུགས་ཀར་རྣམ་པར་མི་རྟོག་པའི་གཟུགས་ཅན་ཐོགས་རེག་དང་བྲལ་བ་དྭངས་ཤིང་འོད་གསལ་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། མི་གནོད་ཅིང་ཟུག་རྔུ་མེད་ལ་ཡིད་དུ་འོང་བའི་རང་བཞིན་ཅན། རབ་ཏུ་ཞི་བའི་མེ་ལྕེ་འོད་རབ་ཏུ་བཟང་བར་བསམ་པ་ཡིན་ལ། མེ་ལྕེ་དེའི་ནང་ན་གནས་པ། དེ་ཉིད་གཉིས་པ་སྒྲར་གནས་ཞེས་པ་ནི། སྔགས་ཀྱི་ཡི་གེའི་ཕྲེང་བ་བརྒྱུད་མར་གནས་པའི་སྒྲ་གདངས་གསལ་ཞིང་ཟུར་ཕྱིན་པ་དྲིལ་བུའི་སྒྲ་ལྟ་བུར་བར་མ་ཆད་དུ་ཡིད་ངོར་སྣང་བ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལ། གསལ་སྣང་བརྟན་པ་ནི་གསང་སྔགས་མི་འགྱུར་བའི་གཞི་ཞེས་གསུངས་ཏེ་ངག་གི་བཟླས་བརྗོད་མེད་པར་ལྷའི་ངོ་བོ་སྔགས་ཀྱི་སྒྲ་ཡིད་ལ་ཞེན་པར་བསམ་པའོ། །དེ་ཉིད་གསུམ་པ་སྒྲ་མཐའ་ཞེས་པ་ནི། སྒྲར་སྣང་ཡལ་ཞིང་མི་དམིགས་པ་སྟེ། ཡལ་བའི་གནས་ནི་མཐའ་དང་བྲལ་བ་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་སྒྲར་སྣང་ཡལ་བར་གཏོང་ན་སྒྲར་སྣང་གི་གནས་ཡིག་འབྲུའི་གཟུགས་ཀྱི་རྣམ་པར་སྣང་བ་བཏང་བ་དང་། སྒྲ་མངོན་དུ་བྱས་པ་ཡིད་བཟླས་དང་ཤུབ་བཟླས་ཀྱང་བཏང་། རང་བཞིིན་ནི་སྒྲར་སྣང་བ་དེ་ཡང་ཡལ་ཏེ་མི་དམིགས་པ་ཞི་བ་གདོད་ནས་མ་སྐྱེས་པའི་བསམ་གཏན་པ་བྱེད་པ་སྟེ། དེ་ནི་སྟོས་པ་དང་བཅས་པའམ་རྩོལ་བ་དང་བཅས་པ་ཐམས་ཅད་སྤངས་པ་ཡིན་ནོ། །མདོར་ན་གསང་སྔགས་ཀྱི་གཞི་བཞི་པོ་མི་འགྱུར་བསམ་གཏན་ནི་ཡན་ལག་མ་ཉམས་པའི་བཟླས་བརྗོད་ཡིན་པས་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་སྟེ་དེ་ལྟར་བཟླ་དགོས་སོ། །བདག་གི་དེ་ཁོ་ན་ཉིད་ནི་བདག་དང་ཕུང་པོ་རྣམ་རིག་གི་སྤྲོས་པ་ལས་འདས་པ་གཟུང་འཛིན་མེད་ཅིང་མི་གཡོ་བ་རབ་ཏུ་འོད་གསལ་བ་ཉིད་དུ་རང་རིག་པས་གསལ་བར་རྗེས་སུ་མྱོང་བའོ། །དེ་ལྟ་བུའི་དོན་ལ་བློ་བཞག་ནས། རིག་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ལྷར་བསྒོམ་པ་སྟེ། དང་པོ་སྟོང་པའི་ལྷ་ནི་བདག་དང་ལྷའི་དེ་ཉིད་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི་ངེས་ཤེས་སམ་ང་རྒྱལ་དུ་བྱ་བ་སྣང་བ་མེད་པའི་ཏིང་འཛིན་ནོ། །དེའི་ངང་ལས་ལྷ་གང་ཡིན་གྱི་སྔགས་ཀྱི་ཡི་གེའི་སྒྲ་གདངས་ཙམ་ནམ་མཁའ་ལས་གྲགས་པར་བསམ་པ་སྒྲའི་ལྷའོ། །གདངས་དེ་ལས་སྔགས་ཀྱི་ཡི་གེའི་གཟུགས་ཀྱི་རྣམ་པར་ནམ་མཁར་སྣང་བ་ཡི་གེའི་ལྷའོ། །དེ་ནས་གཟུགས་ཀྱི་ལྷ་སྐུ་མངོན་དུ་རྫོགས་པའི་ཕྱིར། བདག་གི་ཁོ་ན་ཉིད་ཟླ་བའ ི་དཀྱིལ་འཁོར་གྱི་རྣམ་པར་གྱུར་བའི་སྟེང་དུ་ལྷའི་ངོ་བོ་སྔགས་ཀྱི་ཡི་གེ་ནམ་མཁར་གནས་པ་དེ་དག་འདུས་ཏེ་དག་པའི་དངུལ་ཆུ་གསེར་གྱི་ཕྱེ་མར་ཞེན་པ་ལྟར་འདྲེས་པ་ལས། བདག་དང་ལྷ་གཉིས་སུ་མེད་པ་གཅིག་ཏུ་གྱུར་པའི་རང་བཞིན་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྒྲིབ་པ་སྦྱང་ཚུར་འདུས་པས་ལྷག་པའི་ལྷ་ཡི་གཟུགས་གང་ཡིན་པ་གསལ་ཞིང་དེ་ཉིད་དུ་ང་རྒྱལ་བྱ་བ་ནི་གཟུགས་ཀྱི་ལྷའོ། །དེ་ནས་མཚོག་མ་སྤྱི་གཙུག་སོགས་སུ་ལྷ་གང་ཡིན་པའི་རིགས་ཀྱི་ཕྱག་རྒྱས་བཏབ་པས་བརྟན་ཞིང་བྱིན་གྱིས་བརླབ་པ་ནི་ཕྱག་རྒྱའི་ལྷའོ། །དེ་ནས་དེ་ལྟ་བུའི་ལྷ་དེའི་སྐུ་དང་ཡན་ལག་གི་ཆ་ཤས་རེ་རེ་ནས་ཀྱང་གསལ་བཏབ་ལ། དེའི་མཚན་མ་ལ་སེམས་བཟུང་ཞིང་འདི་དང་འདི་ལྟ་བུ་ཞེས་བརྟག་ཅིང་རྒྱུན་དུ་ཞེན་པ་ནི་མཚན་མའི་ལྷའོ། །དེ་ནས་བདག་དང་ལྷ་ཐ་དད་མེད་པར་བྱས་ཏེ་སྲོག་རྩོལ་བསྡམས་ནས་བསྒོམ་པས་མཐར་སྩོལ་བ་མེད་ཅིང་རྟོག་མེད་ངང་གིས་གསལ་བ་ན་ཏིང་ངེ་འཛིན་ལ་གནས་པའོ། །དེ་ལྟར་དེ་ཉིད་གསུམ་ཤེས་ན་དངོས་གྲུབ་ཐོབ་པར་གསུངས་སོ། །མེར་གནས་ལ་སོགས་པ་དེ་ཉིད་གསུམ་ནི་བཟླས་བརྗོད་ཀྱི་དེ་ཉིད་ལས་མན་ངག་གི་དབང་དུ་བྱས་པའི་སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཡིན་ནོ། །གཞན་ཡང་རྣམ་སྣང་མངོན་བྱང་གི་རྒྱུད་སོགས་ལས། ལྷའི་གཟུགས་རྣམ་པ་གསུམ་གསུངས་ཏེ། ཡི་གེ་དང་། ཕྱག་རྒྱ་དང་། སྐུ་གཟུགས་གསུམ་པོ་དེ་རེ་རེ་ལའང་སྒྲ་དང་མཚན་མ་དང་གཟུགས་སུ་སྣང་བ་ནི་མཚན་བཅས་ཀྱི་ཕྱོགས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེ་སྟེ་སྒྲ་མེད་པ་དང་། མཚན་མའི་གཟུགས་མེད་པའི་ཕྱག་རྒྱ་དང་། ཡོངས་སུ་དག་པའི་ལྷ་མཚན་མ་མེད་པ་མི་རྟོག་པའི་ངོ་བོ་གསུམ་ནི་མཚན་མེད་ཡིན་པས་ཟུང་འཇུག་ཏུ་བསྟན་ཏོ། །དེས་ན་དེ་ལྟར་འགོག་བཟླས་གཙོ་བོར་བྱ་ཞིང་། དེ་ཙམ་མ་གྲུབ་ན་ཤུབ་བཟླས་བྱ་ཡི། ངག་ཏུ་བཟླས་པ་ནི་རླུང་ཕྱིར་འཕྲོ་བ་ནང་དུ་བསྡམ་པ་མིན་པས་སྐབས་འདིར་མི་བྱའོ། །དེ་ལྟར་མ་གྲུབ་ན་ངག་བཟླས་ནི་སོ་སོའི་སྒྲུབ་ཐབས་ཀྱི་ཆོ་ག་ལས་བྱུང་བ་ལྟར་བྱ་ཞིང་། སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་སོགས་སྐྱོན་བཅུ་སྤངས་ནས་མཚན་མ་དུས་གྲངས་ཀྱི་བསྙེན་པ་མཐར་འདོན་པར་བྱ་སྟེ། དཔུང་བཟང་གིས་ཞུས་པ་ལས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང་། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེངས་བཞིན་མིན། །ཞེས་དང་། གུག་སྐྱེད་ཀླད་ཀོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །ཞེས་གསུངས་པ་ལྟར་བྱ་སྟེ་དེ་ལ་གུག་སྐྱེད་ཅེས་བྱ་བ་འདིའི་སྐད་དོད་ནི་མཱ་ཏྲྀ་ཏེ། མ་དང་ཕྱི་མོ་སྐྱེད་གཞི་ལྟ་བུར་འཇུག་པས་བརྗོད་བྱ་དུ་མ་འཇུག་ཀྱང་གཙོ་ཆེར་དབྱངས་ཡིག་རྣམས་ལ་གོ་རུང་ན་ཡང་། སྐབས་འདིར་དབྱངས་རིང་པོ་རྣམས་དང་། ཨི་ཨུ་ཨེ་ཨོ་རྀ་ལྀ་རྣམས་གསལ་བྱེད་ཀྱི་ཡི་གེ་ལ་སྲོག་ཏུ་ཞུགས་པའི་ཚེ་ལུས་གསལ་བྱེད་དེ་ཉིད་ལ། ཡན་ལག་ཏུ་གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་རིང་ཆ་དག་གི་རྣམ་པར་གནས་པ་ལ་གུག་ཀྱེད་ཅེས་བྱ་ཞིང་། ཀླད་ཀོར་ནི་ཐིག་ལེ། ཚེག་ནི་རྣམ་བཅད་ཡིན་པས་དེ་དག་ཇི་ལྟར་ཐོབ་པ་ལྟར་སྒྲ་མ་ཉམས་པར་བརྗོད་པ་ན་ཚང་བ་ཡིན་ཞིང་། གཞན་ཡང་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་རྐྱང་པ་དང་ཚོགས་པ་གང་ཡིན་པའི་རིག་སྔགས་དེ་དག་གི་སྒྲ་གདངས། སོ་སོའི་སྐྱེ་གནས་དང་མཐུན་པར་སྒྲ་མ་ཉམས་པར་དག་ལ་གསལ་བོར་བརྗོད་པས་ཟུར་ཕྱིན་ལ། སྔགས་ཀྱི་ཡི་གེ་ལ་ལྷག་ཆད་དང་ནོར་བ་མེད་པས་དག་ཅིང་ཚུལ་ཇི་ལྟ་བུས་བཟླ་བར་བྱ་བའི་ཆོ་གར་བཅས་ཏེ་བཟླས་པ་ནི་ཚུལ་བཞིན་ལེགས་པར་བཟླས་པ་ཡིན་ནོ། །ཞེས་སོ། །འཇམ་དཔལ་རྩ་རྒྱུད་ལས། སྔགས་འདི་ཡོངས་སུ་མདོར་བསྡུ་ན། །རང་གི་ཆོ་གས་འདིར་བཟླས་ན། །སྔགས་རྣམས་ཇི་ལྟར་འདོད་པ་བཞིན། །རྟག་ཏུ་འབྲས་བཅས་བྱེད་པར་འགྱུར། །ཞེས་དང་། སྔགས་པ་སྔགས་ནི་མི་སྒྲོགས་ན། །སྔགས་མིན་པ་ཡང་སྔགས་པར་འགྱུར། །མ་གསལ་བརྗོད་ལས་ལྡོག་གྱུར་པ། །ལེགས་པ་རབ་ལྡན་བརྗོད་པ་ཡིན། །ཡོངས་རྫོགས་ཚིག་དང་སྒྲ་དག་དང་། །ཡང་དག་ལྡན་པས་བསྒྲུབ་པར་བྱ། །སྒྲུབ་པ་ཉམས་དང་བྱ་བ་ཉམས། །སྒྲ་དང་དོན་དང་རྣམ་བྲལ་ན། །མྱུར་དུ་སྔགས་རྣམས་མི་འགྲུབ་སྟེ། །ཡུན་རིང་དུས་སུ་འགོར་བ་ཡིན། །ཞེས་དང་། སྔགས་ནི་དོན་ཀུན་སྒྲུབ་པ་སྟེ། །རྩེ་གཅིག་སེམས་ཀྱིས་འགྲུབ་པར་འགྱུར། །རྨོངས་པའི་བདག་ཉིད་གཡེངས་པའི་སེམས། །དེ་ལ་གྲུབ་པ་འགྲུབ་མི་འགྱུར། །ཞེས་དང་། འཁོར་ལོ་མེད་པའི་ཤིང་རྟ་ནི། །རིགས་པར་འགྲོ་བ་མ་འབྱུང་སྟེ། །དེ་བཞིན་སྔགས་རྣམས་གང་སྒྲུབ་པ། །ཕྱག་རྒྱ་མེད་པར་ལས་མི་བྱེད། །ཕྱག་རྒྱ་སྔགས་ནི་མཉམ་ལྡན་ན། །ཡང་དག་ལྡན་པས་ལས་མྱུར་བྱེད། །ཅེས་དང་། སྔགས་རྣམས་ཕྱག་རྒྱ་དེ་ཡིས་བཏབ། །སྔགས་ཀྱིས་ཀྱང་ནི་རྒྱ་དེ་བཏབ། །སྔགས་ནི་ཕྱག་རྒྱ་མེད་པས་མིན། །ཕྱག་རྒྱ་ཡང་ནི་སྔགས་ཡང་མིན། །ཞེས་དང་། ཟློས་པ་དཀའ་ཐུབ་ལྡན་པ་དང་། །སྔགས་ཟླས་པ་ལ་མཁས་པ་དང་། །ཕྱག་རྒྱ་སྔགས་སུ་རང་ལྡན་ན། །བསྒྲུབ་བྱ་མིན་པའང་ཅུང་ཟད་མེད། །ཅེས་གསུངས་པ་ལྟར། དད་པ་དང་དམ་ཚིག་ཏིང་ངེ་འཛིན་དང་ལྡན་པས་སྔགས་ཀྱི་བཟླས་པ་ཉིད་ལ་ནན་ཏན་བྱ་ཞིང་། དེའི་ཡན་ལག་ཏུ་གྱུར་པ་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་དང་། སྦྱིན་སྲེག་སོགས་ཀྱིས་ལྷ་མཆོད་པས་མཉེས་པར་བྱ་སོགས་མཐུན་པའི་རྐྱེན་རྣམས་ཚང་བ་དང་། བག་མེད་པ་དང་མ་བསྡོམ་པ་དང་འབྱུང་པོའི་ཟས་སོགས་མི་མཐུན་པའི་སྐྱོན་རྣམས་སྤངས་ཏེ། ཆོ་ག་བཞིན་དུ་བཟླ་བ་ལས་མ་ཉམས་པར་བྱ་བ་ཡིན་ནོ། །གཉིིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། བདག་དང་ལྷས་མཚོན་པའི་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་དོན་དམ་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་དུ་རྟོགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དོན་ལ་གནས་པ་ཡིན་ལ། དོན་དེ་ལྟ་བུ་ལ་ཚེགས་ཆུང་ངུའི་སྒོ་ནས་འཇུག་ནུས་པའི་ཐབས་དམ་པ་ནི་རང་གི་སེམས་རང་བཞིན་མེད་པའི་དོན་ལ་ཤེས་རབ་ཀྱིས་བརྟག་ནས་ངེས་པ་རྙེད་པར་བྱ་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བ་པའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད་ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ན་ཡང་མི་དམིགས་སོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་འདི་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཆོས་སྣང་བའི་ཚུལ་དང་པོ་སྟེ། གང་ལ་གནས་ན་ཚེགས་ཆུང་ངུས་སྒྲིབ་པ་ཐམས་ཅད་སྤང་བའི་ཏིང་ངེ་འཛིན་དང་། སངས་རྒྱས་ཐམས་ཅད་དང་ལྷན་ཅིག་འགྲོགས་པ་དང་། མངོན་ཤེས་ལྔ་དང་། གཟུངས་ཐོབ་པ་དང་། ཡོངས་སུ་མི་ཉམས་པ་དང་། སེམས་ཅན་གྱི་དོན་ལ་མི་སྐྱོ་བ་དང་། འདུས་མ་བྱས་ཀྱི་ཚུལ་ཁྲིམས་དང་། ཡང་དག་ལྟ་བ་རྟོགས་པ་སོགས་མོས་པའི་སྟོབས་ཀྱིས་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཀུན་ཡོངས་སུ་རྫོགས་པར་བྱེད་པས། རིགས་ཀྱི་བུའམ་བུ་མོ་དེས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཞེས་དང་། སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་ནི་སེམས་ཡོངས་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་ལས་མིན། །ཞེས་དང་། ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་པ་ལྟར། །དེ་བཞིན་རྣམ་པར་ད ག་པའི་ཆོས་ཉིད་འདི། །སྲིད་གསུམ་མ་ལུས་འབྱོར་བ་འབྱུང་བར་བྱེད། །མཆོག་སྐྱེས་མཁས་པ་གང་ཞིག་འདིར་སྤྱོད་ན། །རྒྱལ་བ་ཀུན་དང་སྤྱོད་ཡུལ་གཅིག་པར་འགྱུར། །རྒྱལ་བས་ཇི་སྐད་གསུངས་པའི་ཆོས་ཉིད་ནི། །ཤིན་ཏུ་རྣམ་དག་ཐམས་ཅད་སྣང་བྱེད་པ། །དེ་ལས་གོ་འཕང་རྙེད་དཀའ་གཞན་མེད་དོ། །ཡངས་པའི་ཆོས་ཉིད་ཟབ་ལ་འགྲིབ་མེད་ཅིང་། །མཉམ་མེད་འཇིག་རྟེན་ཕན་བྱེད་དེ་ལ་ནི། །རྣམ་རྟོག་རྣམ་པར་སྤངས་ཏེ་སྤྱད་པར་གྱིས། །ཞེས་གསུངས་ཤིང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང་། ཞི་བའི་བློ་གྲོས་བྱང་ཆུབ་ཀྱི་སེམས་བསྒོམ་ན་མཚན་མ་མེད་པ་ལ་གནས་པ་ཡིན་ཏེ། ཞི་བའི་བློ་གྲོས་གང་ལ་མཚན་མ་རྣམས་མི་འབྱུང་ཞིང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་དམིགས་སོ། །ཞི་བའི་བློ་གྲོས་སེམས་མི་དམིགས་པའི་ཕྱིར། སེམས་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའི་ངོ་བོ་ཉིད་དམིགས་སུ་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །ཞེས་དང་། རྟོག་དང་བྲལ་བའི་ཡེ་ཤེས་ནི། །སྔོན་གྱི་རྒྱལ་བས་མངོན་སངས་རྒྱས། །རྟོག་དང་བྲལ་བ་དེ་ལ་ནི། །གསང་སྔགས་འགྲུབ་པར་བསྟན་པ་ཡིན། །དེ་ཡི་འབྲས་བུ་རྣམ་དག་པ། །རང་བཞིན་གྱིས་ནི་འོད་གསལ་འགྱུར། །གང་ཞིག་རྟོག་ལ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ་། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་དང་། འཇམ་དཔལ་གྱི་རྩ་བའི་རྟོགས་པ་ལས། ཆོས་གཅིག་ཡང་དག་པར་བསམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་གསུངས་པ་མཚོན་སྔགས་ཕྱི་བའི་རྒྱུད་གཞན་རྣམས་སུ་མཚན་མེད་སྟོང་ཉིད་ཀྱི་རྣལ་འབྱོར་ལེགས་པར་གསུངས་པ་བཞིན། དམིགས་པ་གང་གི་ཡང་མཚན་མ་མེད་པའི་རྣལ་འབྱོར་ལ་གནས་པར་བྱས་ན། ཇི་སྐད་དུ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཇི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་བྱུང་བ་ཐོབ། །ཅེས་དང་། གསང་བའི་བདག་པོ། ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པས་དེའི་ཚེ། དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །ཞེས་དང་། རྒྱུད་གཞན་ལས་ཀྱང་དེ་དང་མཚུངས་པར་གསུངས་པ་བཞིན། མཚན་མེད་ཀྱི་རྣལ་འབྱོར་དང་ལྡན་པ་ལ་གསང་སྔགས་ཀྱི་མཐུ་མངོན་དུ་སྣང་བར་འགྱུར་ཏེ། རྣམ་སྣང་མངོན་བྱང་ལས། གསང་སྔགས་ཀྱི་མཐུ་དེ་ཡང་གང་ཞེ་ན། གསང་སྔགས་རྣམས་ལས་བྱུང་བ་མ་ཡིན། རྫས་ལས་འཇུག་པ་ཡང་མ་ཡིན། སྦྱོར་བ་པོ་ལས་དམིགས་པ་ཡང་མ་ཡིན་མོད་ཀྱི། རིགས་ཀྱི་བུ་དག་འོན་ཀྱང་གསང་སྔགས་ཀྱི་བྱིན་གྱིས་རླབས་ཀྱི་ཆོས་ཉིད་འབྱུང་བ་ལས་འདའ་བར་མི་འགྱུར་ཏེ་དུས་གསུམ་ལས་འདས་པའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས། མངོན་པར་བསྒྲུབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པས། རྟག་ཏུ་རྒྱུན་མི་འཆད་པར་གསང་སྔགས་ཀྱི་ཚུལ་གྱི་རྗེས་སུ་འཇུག་པར་བྱའོ། །ཞེས་གསུངས་པ་ལྟར། གསང་སྔགས་ཀྱི་མཐུས་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པ་སོགས་ཐུན་མོང་དང་། ས་དང་ལམ་གྱི་རྟོགས་པ་ཐོབ་པའི་མཆོག་གི་དངོས་གྲུབ་རྣམས་ཀྱང་སྔགས་ཀྱི་སྦྱོར་བ་མི་བསླུ་བའི་ཐབས་ཀྱི་མཐུས་རང་གི་སེམས་ལ་སྣང་བ་ཙམ་དུ་ཟད་དེ། ལུང་གོང་མ་དེ་ལས། གསང་བ་པའི་བདག་པོ་གཞན་ཡང་རིགས་ཀྱི་བུའམ་བུ་མོ་ཐབས་དང་ལྡན་པས་ཡིད་ལ་འདོད་པའི་དངོས་པོ་བསྒྲུབ་ན། དེ་དག་རང་གི་སེམས་ཀྱི་དབང་ཙམ་ཁོ་ནས་ཡོངས་སུ་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཤིང་། དེ་དང་ཚུལ་མཚུངས་པར་སྔགས་རྒྱུད་ཟབ་མོ་རྣམས་སུ་སྒྲུབ་པོ་དང་སྔགས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་ཚུལ་དུ་བསྟན་པ་ཐམས་ཅད་དོན་གྱི་དགོངས་གནད་གཅིག་ཏུ་འགྱུར་རོ། །དེས་ན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་རྣམ་པ་གཉིས་པོ་འདི་སྔགས་ཕྱི་ནང་ཐམས་ཅད་ཀྱི་ལམ་གྱི་དངོས་གཞི་ཡིན་པར་མཚུངས་ཀྱང་། ལྟ་བ་དང་ཐབས་ཁྱད་པར་ཟབ་མི་ཟབ་ཀྱི་དབང་ལས་གོང་མ་གོང་མ་དག་ཁྱད་པར་འཕགས་ཚུལ་གྱི་གནད་ཡོད་པའང་ཤེས་པར་བྱའོ། །དེ་ལ་མཚན་མ་མེད་པའི་རྣལ་འབྱོར་གྱིས་ནི་མཆོག་འགྲུབ་ཅིང་དངོས་གྲུབ་ཕལ་པ་དག་ཀྱང་བདེ་བླག་ཏུ་འགྲུབ་པར་ནུས་ལ། མཚན་བཅས་ཀྱི་རྣལ་འབྱོར་གྱིས་ནི་ཐུན་མོང་གི་དངོས་གྲུབ་གཙོ་བོར་བསྒྲུབ་ཅིང་། བརྒྱུད་ནས་མཆོག་གི་དངོས་གྲུབ་འགྲུབ་པའི་རྟེན་བྱེད་དོ། །ཡང་དག་པའི་དོན་དུ་མཚན་བཅས་ཐབས་ཀྱི་རྣལ་འབྱོར་དང་། མཚན་མེད་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཐ་དད་མེད་པར་མཉམ་པའི་དོན་ཉིད་རྟོགས་ཤིང་གོམས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ལྟར་ཤེས་ནས་ཇི་སྐད་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སངས་རྒྱས་འབྱུང་བ་རྙེད་པར་དཀའ། །མི་ཡི་ལུས་ཀྱང་རྙེད་པར་དཀའ། །གསང་སྔགས་འབྱུང་བ་རྙེད་པར་དཀའ། །དད་པ་ཕུན་སུམ་ཚོགས་པར་དཀའ། །ཞེས་གསུངས་པ་ལྟར་བསམ་ནས་སྔགས་བསྒྲུབ་པ་ལ་སྤྲོ་བ་ཆེན་པོ་བྱ་དགོས་ཏེ། རྒྱུད་དེ་ལས། རིགས་ཀྱི་བུ་དེ་ལ་གསང་སྔགས་སྤྱོད་པ་གང་ཞེ་ན་འདི་ལྟ་སྟེ། ཡིད་ཡོངས་སུ་མི་སྐྱོ་བ་དང་། སྤྲོ་བ་དང་། ཡི་དམ་ལ་བརྟན་པར་གསང་སྔགས་ཀྱི་གཞི་རེ་རེ་ནས་སྤྱོད་པར་བྱའོ། །ཇི་ཙམ་དུ་འགྲོ་ཡང་རུང་། འདུག་ཀྱང་རུང་། ཉལ་ཀྱང་རུང་སྟེ། དེ་སེམས་རྩེ་གཅིག་ཁོ་ནས་འཇུག་སྟེ་གཉིས་སུ་ནི་མ་ཡིན་ནོ། །ཞེས་དང་། ཞི་བའི་བློ་གྲོས་གསང་སྔགས་སྒྲུབ་པ་དང་འདྲ་བ་ནི་འཇིག་རྟེན་གསུམ་པོ་དག་ན་སུ་ཡང་མེད་དོ། །ཞེས་གསུངས་པ་ལྟར། སྡོན་དུ་ཆོ་ག་བཞིན་དུ་བསྙེན་པ་ལེགས་པར་བྱས་ལ། ལྷ་མཉེས་པའི་བརྟུལ་ཞུགས་ཀྱི་རིམ་པ་དང་མཆོད་པ་སོགས་བྱས་ནས། དེ་ནས་རྫས་ཀྱི་དངོས་གྲུབ་སྒྲུབ་པ་བྱས་ན་གྲུབ་པར་འགྱུར་ཏེ། དེ་ཡང་རལ་གྲི་དང་རས་བྲིས་མིག་སྨན་ལ་སོགས་པ་ཇི་ལྟར་སྒྲུབ་ཚུལ་གྱི་ཆོ་ག་རང་གཞུང་ན་བཤད་པ་དང་། རང་གཞུང་ན་ཆོ་ག་ཞིབ་མོ་མེད་ན་རིགས་མཐུན་གྱི་གཞུང་གཞན་གྱི་ཆོ་ག་ཞིབ་མོ་བཞིན་བསྒྲུབ་པར་བྱ་སྟེ། རྒྱུད་སྔ་མ་ལས་ཞི་བའི་བློ་གྲོས། མདོར་ན་ཇི་ལྟར་བསྒྲུབ་ཀྱང་རུང་། ཆོ་ག་ཞིབ་མོ་གཞན་ལས་འབྱུང་བས་བསྒྲུབ་ཀྱང་རུང་སྟེ་ངེས་པར་གྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཆོ་གའི་ཡན་ལག་ཚང་བའི་བཟླས་བརྗོད་བགྱིས་ན། མཚན་མ་གསུམ་འབྱུང་ཞིང་རང་སྐལ་དང་འཚམས་པའི་དངོས་གྲུབ་རབ་འབྲིང་ཐ་མ་ཐོབ་པར་འགྱུར་བ་ནི་མི་བསླུ་བའོ། །བྱ་སྤྱོད་ཀྱི་ལམ་རྣམ་པར་བཞག་པ་ལ་རྣམ་གྲངས་ཤིན་ཏུ་རྒྱ་ཆེ་ཡང་གནད་མདོར་བསྡུས་ཙམ་བརྗོད་པ་འདིས་ཀྱང་། ཆོ་གའི་འགྲོས་དང་ལམ་གྱི་ཆིངས་ལེགས་པར་རྟོགས་ནུས་པར་འགྱུར་རོ། །སྤྱིན་སྲེག་གི་ཆོ་ག་དང་། མེ་པྲ་བརྟག་པ་དང་། གནས་དུས་སྒྲུབ་གཡོག་སོགས་ཀྱི་མཚན་ཉིད་དང་། བསྲུང་བྱའི་དམ་ཚིག་དང་སྤང་བླང་གི་རིམ་པ། སྒྲུབ་པའི་དུས་ཀྱི་མཚན་མ་དང་སྒྲུབ་པའི་ཡན་ལག་རྣམས་གཞན་དུ་གསལ་ལོ། །འདི་ནི་བྱ་སྤྱོད་གཙོར་གྱུར་ཆོ་ག་ཀུན་ལ་མཁོ་བའི་ཕྱིར་གསང་བ་སྤྱི་རྒྱུད་དང་དཔུང་བཟང་གིས་ཞུས་པ་ལེགས་གྲུབ་རྣམ་སྣང་མངོན་བྱང་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ལས་གསུང་པ་བཞིན་ཤིང་འབྲུག་གྲོ་བཞིན་ཟླ་བར་མི་ཕམ་པས་བཀོད་པ་འདིས་གཞན་ལ་ཕན་པ་འབྱུང་བར་གྱུར་ཅིག །མངྒལཾ།། །།


previousབྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།next