དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་བ།
དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་བ་སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱིས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་གརྦྷ་བི་པུ་ལ་ཊཱི་ཀ་ནཱ་མ། བོད་སྐད་དུ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་དེ། གཅིག་གི་རང་བཞིན་དུ་གནས་ཤིང་ཉེས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་དེས། དང་པོ་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཐམས་ཅད་ནི་སྤངས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། རྣམ་པར་དག་པའི་ཕྱོགས་ཀྱི་བསོད་ནམས་ཀྱི་ཚོགས་དང་། སྟོང་པ་ཆེན་པོ་བཅོ་བརྒྱད་ལ་སོགས་ཏེ། ཡེ་ཤེས་ཀྱི་ཚོགས་ལ་སོགས་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་ནས། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་རྡོ་རྗེ་ལྟ་བུའི་ཡེ་ཤེས། ཡེ་ཤེས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དེས། ཉོན་མོངས་པའི་ལྷག་མ་མ་ལུས་པར་བྱས་ཏེ། ས་བཅུ་གཅིག་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་ནས་གནས་པ་ལ། ཆོས་ཀྱི་སྐུས་གཞན་གྱི་དོན་མི་འགྲུབ་པར་དགོངས་ནས། གཟུགས་ཀྱི་སྐུ་རྣམ་གཉིས་ཀྱིས་ལྷ་དང་མིའི་དོན་མཛད་པའི་ཚུལ་ཡང་། དང་པོ་འོག་མིན་གྱི་གནས་སུ་རྣམ་པར་སྣང་མཛད་ལོངས་སྤྱོད་རྫོགས་པའི་སྐུས། ལྷའི་གནས་སུ་ལྷ་ཐམས་ཅད་ལ་ཐེག་པ་ཆེན་པོའི་ཆོས་བསྟན་པའི་སྒོ་ནས་དོན་མཛད་དོ། །དེ་ནས་མིའི་འཇིག་རྟེན་འདུལ་བར་དགོངས་ནས། སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་དང་པོ་དགའ་ལྡན་གྱི་གནས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཕྱིར། ཡུམ་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་གཤེགས་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་བཅུ་མཐར་ཕྱིན་པར་བསྟན་པའི་ཕྱིར། བློ་གྲོས་ཆེན་པོ་ཟླ་བ་བཅུར་ཡུམ་གྱི་ལྷུམས་སུ་གནས་པ་དང་། དགེ་བའི་མྱུ་གུ་བསྐྱེད་ཅིང་བྱང་ཆུབ་ཀྱི་ལྗོན་ཤིང་རྫོགས་པར་བྱ་བའི་ཕྱིར། ཡུམ་གྱི་ལྷུམས་ནས་བལྟམས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པར་བསྟན་པའི་ཕྱིར། ཕྱོགས་བཞིར་གོམ་པ་བདུན་བདུན་ལས་པདྨ་བདུན་བདུན་དུ་གྱུར་པ་དང་། སྐྱེས་བུ་རྣམས་ཤེད་གཅག་པའི་ཕྱིར། གཞོན་ནུ་རོལ་པའི་མཛད་པ་དང་། གཞན་གྱི་དཔྱད་ཀ་གཅག་པའི་ཕྱིར་ཁབ་བཞེས་ནས་སྲས་བལྟམས་པ་དང་། འཁོར་བའི་ཆོས་ལ་ཐག་བསྲིང་ཞིང་དེ་ལ་མི་གནས་པར་བསྟན་ཏེ། རབ་ཏུ་བྱུང་བར་གཟས་ན་སངས་རྒྱས་མི་བཞུགས། རབ་ཏུ་བྱུང་བའི་ཚུལ་འཛིན་པའི་དྲང་སྲོང་རྣམས་ནི། རྒྱལ་པོའི་ཆད་པས་འཇིགས་པས་མི་ཉན་ལ། གཉིས་སུ་ན་ལ་ལ་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པས། སངས་རྒྱས་ཡིན་པར་ཆ་ཡོད་པས་སངས་རྒྱས་ཀྱི་བྱིན་མི་བཟོད་དོ། །གསུམ་དུ་ན་གཞན་དེ་དག་ངག་གཅག་པའི་ཕྱིར་ཡིན་གྱི། སངས་རྒྱས་ཐམས་ཅད་ནི་རབ་ཏུ་བྱུང་བ་ཁོ་ནའོ། །དེ་ནས་རྒྱལ་བུ་ཉིད་ཀྱིས་དབང་མི་ཟ་བའི་ཕྱིར། ཕྱག་གཡོན་པ་ཨུཏྤ་ལ་དེར་བྱིན་གྱིས་བརླབས། །གཡས་པ་ནི་ཨ་ཙར་འདྲ་མཁན་དུ་བྱིན་གྱིས་བརླབས་ནས་རབ་ཏུ་བྱུང་ངོ་། །དེ་ནས་ཆུ་བོ་ནཻ་རཉྫཱ་ནའི་འགྲམ་ན་དཀའ་ཐུབ་མཛད་པ་ལ་རིགས་བཞིའི་སངས་རྒྱས་ཀྱིས་བསྐུལ་ནས་ཞུས་བས། བཏགས་པའི་ལུས་ནི་དེར་བཞག་ནས། ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་གཤེགས་ཏེ། དོན་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔའ་བྱ་བ་རྫོགས་པའི་སྐད་ཅིག་མར་གནས་པས། རང་གི་ལུས་ལས་འོད་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས། ཕྱོགས་བཞིའི་སངས་རྒྱས་ཀྱིས་མངོན་པར་བྱང་ཆུབ་པ་ལྔས་བྱིན་གྱིས་བརླབས་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །གལ་ཏེ་དེ་ལྟར་མ་ཡིན་དུ་ཟིན་ན། སློབ་དཔོན་མེད་པའི་ཡེ་ཤེས་ནི་མི་འཐད་པ་ཉིད་ཀྱི་ཕྱིར་ཏེ། མཚན་ཡང་རྡོ་རྗེ་དབྱིངས་ཆེན་པོར་གསོལ་ལོ། །དེ་ནས་ཡང་ཤུགས་བཞིན་དུ་ཡེ་ཤེས་ཀྱི་དབང་གིས་བབས་ནས། རི་རབ་རིའི་རྩེ་མོ་རྡོ་རྗེ་དང་ནོར་བུ་ལ་སོགས་པའི་ཁང་པར་བྱོན་ནས། དེ་ཁོ་ན་ཉིད་འདུས་པའི་སྡེ་ལ་སོགས་པ་ཡོ་གའི་ཐེག་པ་ཆེན་པོ་རྣམས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་མི་ཡུལ་གཤེགས་ནས་ཀྱང་། །དགོངས་ཕྱིར་སེམས་ཅན་ཀུན་གྱི་དོན། །རྡོ་རྗེ་འཁོར་ལོ་མཆོག་སྐོར་ཞིང་། །མགོན་པོ་རབ་ཏུ་བསྐོར་བར་མཛོད། །དེ་བཞིན་དུ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་གསོལ་བ་བཏབ་པ། པདྨའི་འཁོར་ལོ་བསྐོར་དུ་གསོལ། རྡོ་རྗེ་རིན་ཆེན་གྱིས་ཀྱང་ནོར་བུའི་འཁོར་ལོ་བསྐོར་བར་རོ། །རྡོ་རྗེ་ལས་ཀྱིས་ནི་རྒྱ་གྲམ་འཁོར་ལོ་བསྐོར་བར་གསོལ་བ་བཏབ་བོ། །དེ་ལྟར་ཞུས་པས་དཔལ་རྡོ་རྗེ་སེམས་དཔའ་ལྷོའི་འཛམ་བུ་གླིང་གི་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཁང་བཟང་རབ་ཏུ་དྭངས་པའི་ནང་དུ་བྱོན་ནོ། །དེའི་ཚེ་རྒྱལ་པོ་ཆེན་པོའི་རྨི་ལམ་ན་དཔལ་རྡོ་རྗེ་སེམས་དཔའ་རང་གི་ཁང་བཟང་དུ་བྱོན་པ་རྨིས་ནས། དེ་ཉིད་དུ་སད་པར་གྱུར་པ་ལས་བསྟས་པ་ན། དཔལ་རྡོ་རྗེ་སེམས་དཔའ་འོད་ཀྱི་དཀྱིལ་འཁོར་དང་བཅས་པར་གདའ་ནས། ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ཏེ། མཆོད་ཅིང་བསྟོད་དེ་བཀུར་རོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔས་གསང་བའི་དབང་དང་། གསང་བའི་རྒྱུད་སྡེ་ཐམས་ཅད་བཤད་པས། ས་གཉིས་པ་དྲི་མ་མེད་པའི་ཡེ་ཤེས་མངོན་དུ་གྱུར་ཏོ། །དེ་ལ་ཞུ་བ་གསོལ་ཏེ་ཞུས་པའི་འཁོར་ལོ་ཆེན་པོ་རྣམས་ཀྱང་སྟོན་པ་གང་གིས་བཤད་པའི་རྒྱུད་ཐམས་ཅད་དོ། །ཡང་ན་རྒྱུད་རེ་རེ་ལ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་འདུལ་བའི་ཤས་སུ་གནས་སོ། །དེ་ལ་དཔལ་གསང་བའི་སྙིང་པོ་འདི་ལ་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་སྟོན་པའི་ཕྱིར་གཏི་མུག་འདུལ་བ། ཐབས་དང་ཤེས་རབ་ཀྱི་རང་བཞིན་སྟོན་པས་འདོད་ཆགས་འདུལ་བ། དྲག་པོ་རུ་ཏྲ་ལ་སོགས་པ་འདུལ་བས་ཞེ་སྡང་འདུལ་བ། དེ་བཞིན་དུ་ང་རྒྱལ་དང་ཕྲག་དོག་ལ་རྣམ་པར་དག་པར་བྱེད་པར་ཡང་མངོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ང་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལོན་ནས། གསང་བའི་རྒྱུད་སྡེ་ཐམས་ཅད་ཕྱུང་ལ། ཁུངས་ནི་ལྷ་ཡུལ་དུ་བབས་པར་སྟོན། བཀའ་ཉིད་དང་མི་འགལ་པའི་ཕྱིར་ནི། དཔལ་ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས་ཀྱིས་མཐུས་བསྟན་ཏོ་བར་སྟོན་ཅིག་པའོ། །འདི་ལྟར་མི་ཡུལ་དུ་བཀའ་སྩལ་པ་ལགས་ན། འོག་མིན་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་ཁུངས་གསངས་ཀྱིས་དོགས་པ་དང་། རྣམ་གཅིག་ཏུ། གང་གི་ཚེ་འོག་མིན་དུ་གསང་སྔགས་རྡོ་རྗེ་ཐེག་པ་འཆད་པར་གྱུར་པ་དེའི་ཚེ་དེའི་དུས་ན་མིའི་ཡུལ་དུ་ཡང་གསང་སྔགས་རྡོ་རྗེ་ཐེག་པ་འཆད་པར་འགྱུར་བར་ཏ་ཐཱ་ཨ་བ་ལོ་ཀི་ཀ་ར་ལས་གསུངས་ཡང་རྒྱུད་གསང་སྔགས་ཐམས་ཅད་ནི། འོག་མིན་གཙོར་སྨོས་པ་ཡིན་ལ། འདིར་ཡང་རང་བཞིན་གྱི་འོག་མིན་དང་། རིག་པའི་འོག་མིན་གཙོར་སྨོས་པ་ཡིན་ནོ། །དེ་ལྟར་སྔོན་འབྱུང་ལོ་རྒྱུས་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་གསུངས་པ། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བརྒྱད་དང་བཅུ་གཉིས་ན། བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །ཕྱག་ན་རྡོ་རྗེས་མཐུ་སྟོན་ཅིང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་གསུངས་སོ། །དེའང་ལྟར་སྣང་གིས་བཏགས་པའི་ལུས་ལ། ཡེ་ཤེས་ཀྱི་སྐུ་ཞུགས་ནས་མཛད་པ་རྫོགས་པ་དང་། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་ཕྱིན་པ་ན། ཀུ་ཀུ་རཱ་ཙ་ཞེས་བྱ་བའི་དགེ་སློང་གྲུབ་པ་པོ་ཞིག་བྱུང་སྟེ། ཉིན་མོ་ནི་ཁྱི་རྣམས་ལ་ཆོས་སྟོན་མཚན་མོ་ནི་ཁྱི་རྣམས་ལྷ་མོར་བྱིན་གྱིས་བརླབས་ནས། ཐབས་དང་ཤེས་རབ་ཀྱི་ལོངས་སྤྱོད་མཛད་པ་དེས། དཔལ་འཕྲེང་དམ་པ་དང་། དཔལ་གསང་བ་འདུས་པ་དང་། དཔལ་གསང་བ་སྙིང་པོ་ལ་སོགས་པ་གནང་བ་ལྟར་ཕྲད་ཀྱང་གོ་ནི་མ་གོ། །དེ་ནས་ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་བཞག་ཅིང་། ཉིན་པར་ནི་ཡང་དང་ཡང་དུ་བལྟས། མཚན་མོ་ནི་རས་དྲི་མ་མེད་པའི་ནང་དུ་དྲིལ་ནས། རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་བསྒོམས་པ་ལས། ལྷས་བྱིན་གྱིས་བརླབས་པའི་རྨི་ལམ་ན། རང་གི་གནས་ཁང་དུ་དཔལ་རྡོ་རྗེ་སེམས་དཔའ་ཡང་བཞུགས། །དམ་པའི་ཆོས་དེ་དག་ཀྱང་མངོན་སུམ་དུ་གྱུར་པ་སྙམ་བྱེད་ནས། སད་པ་དང་བལྟས་པ་ན་དཔལ་རྡོ་རྗེ་སེམས་དཔའ་མི་གདའ་ཡིས་ཀྱང་། དམ་པའི་ཆོས་དེ་དག་ནི་མངོན་དུ་གྱུར་ཏེ། དཔལ་འཕྲེང་དམ་པའི་འབྲེལ་པ་མཛད་དོ། །དེ་ནས་དམ་པའི་ཆོས་འདི་དག་བསྟན་ཅིང་བཤད་པར་བྱ་ན། སྣོད་དང་ལས་འཕྲོ་ལྡན་པ་སུ་ཡོད་ཅེས་ཏིང་ངེ་འཛིན་གྱིས་བརྟགས་པ་ན། འཕགས་པ་ཡོངས་སུ་སྣང་བའི་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་གཟིགས་སོ། །ལ་ལ་ན་རེ་ཨིནྡྲ་བྷོ་དྷི་ནི་དེའི་དུས་སུ་འདས་ཏེ། དེའི་སྲས་ཤཱཀྱ་པུ་ཏྲི་ལ་བསྟན་ཞེས་ཨུ་རྒྱན་གྱི་ཡི་གེ་ལས་བྱུང་ངོ་། །ཞེས་སོ། །ཤཱཀྱ་པུ་ཏྲིས་སྲས་མོ་གོ་མ་དེ་བི་ལ་བསྟན་ཏེ། དེ་དག་ཀྱང་འཁོར་སྟོང་སྟོང་འཕུར་ཞེས་སོ། །དེ་ཡང་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། རྒྱུད་ཐམས་ཅད་ཀྱི་དབུ་ལ། ཕུན་སུམ་ཚོགས་པ་ལྔ་དང་། གཞུག་ཏུ་མངོན་པར་བསྟོད་པ་ཡང་ཐོགས་ཤིག་ཅེས་གསུངས་པས་ན། དེའི་འོག་ཏུ་ཕུན་སུམ་ཚོགས་པ་ལྔ་སྨོས་ཏེ། ཅིའི་ཕྱིར་ཞེ་ན་དེ་ནི་ཤེས་རབ་ཅན་དང་གཞན་དང་གཞན་དག་ན་རེ། ཁྱོད་ཀྱི་རྒྱུད་འདིའི་སྟོན་བ་ནི་སུ། སྡུད་པ་ནི་སུ། གནས་ནི་གང་། འཁོར་རམ་ཆེ་གཞི་ནི་སུ་ཡོད་ཅེས་བརྟག་པའི་བློ་སྔོན་དུ་བཏང་བ་དེ་བསལ་བའི་ཕྱིར། ཕུན་སུམ་ཚོགས་བ་ལྔ་བརྗོད་པར་བྱ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་ནི། ཐེག་པ་ཆུང་ངུའི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། མདོ་སྡེའི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའོ། །ཀྲི་ཡ་ནི་ཤཱཀྱ་ཐུབ་པས་གསུངས་པ་ཡོད་དེ། དེའི་བྱིན་གྱིས་བརླབས་ཀྱིས་ཕྱག་ན་རྡོ་རྗེས་གསུངས་པ་ཡང་ཡོད། ཡོ་ག་ནི་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཆེན་པོས་གསུངས་པ་ཡང་ཡོད། ཤཱཀྱ་ཐུབ་པས་གསུངས་པ་ཡང་ཡོད་དོ། །མ་ཧཱ་ཡོ་གའི་རྒྱུད་གང་དང་གང་སྟོན་པ་དེ་དང་དེ་ཉིད་འདུལ་ཐབས་ཀྱིས་རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་དང་། རྣམ་པར་སྣང་མཛད་ཆེན་པོ་དང་། བུད་མེད་སྒྱུ་འཕྲུལ་ལ་སོགས་པ། སྟོན་པ་དོན་གཅིག་ན་ཡང་། རྒྱུད་རེ་རེ་ལ་གདུལ་བྱའི་དབང་གིས། མཚན་དང་སྐུ་མདོག་གི་རིམ་པ་སོ་སོར་སྟོན་པའོ། །དེ་ལས་རྒྱུད་འདིའི་སྟོན་པ་ཕུན་སུམ་ཚོགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ། ཆོས་ཀྱི་སྐུའི་རང་བཞིན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྡུལ་ཕྲ་རབ་སྙེད་ལས་བཞེངས་སུ་གསོལ་བའི་བདག་ཉིད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཤེས་པར་བྱའོ། །གནས་ཕུན་སུམ་ཚོགས་པ་ནི། ཐེག་པ་ཆུང་ངུའི་ནི་ཝ་ར་ཎ་སིར་དང་། མདོ་སྡེའི་ཐེག་པ་ཆེན་པོ་རྣམས་ནི་བྱ་རྒོད་ཕུང་པོའི་རི་ལ་སོགས་པ་དང་། ཀྲི་ཡ་ནི་དུར་ཁྲོད་བསིལ་བའི་ཚལ་ལ་སོགས་པ་དང་། ཡོ་ག་ནི་རི་རབ་རིའི་རྩེ་མོ་ལ་སོགས་པ་དང་། རྡོ་རྗེ་དབྱིངས་ཀྱི་ཁང་བཟང་ལ་སོགས་པ་དང་། མ་ཧཱ་ཡོ་ག་ནི་འོག་མིན་རྣམ་གཉིས་སོ། །དེ་ལ་འདིའི་རང་བཞིན་གྱིས་མཐའ་དང་དབུས་མེད་པ་དང་། རིག་པའི་འོག་མིན་ལ་ཤེས་པར་བྱའོ། །རྒྱུད་ཕུན་སུམ་ཚོགས་པ་ནི་རྒྱུད་གང་དང་གང་འདྲ་བར། འདི་སྐད་ཅེས་པ་ནས། མཇུག་རྫོགས་པའི་བར་ལ་ཤེས་པར་བྱའོ། །འདིར་ཡང་འདི་སྐད་ཅེས་པ་ནས་མཇུག་རྫོགས་པའི་བར་ལའོ། །སྡུད་པ་ཕུན་སུམ་ཚོགས་པ་ནི། ཐེག་པ་ཆུང་ངུ་ནི་ཀུན་དགའ་བོ་དང་ཉེ་བར་འཁོར་ལ་ཤེས་པར་བྱའོ། །མདོ་སྡེའི་ཐེག་པ་ཆེན་པོ་ནི་བྱམས་པ་ལ་ཤེས་པར་བྱའོ། །གསང་བ་ནང་གི་ནི་ཕྱག་ན་རྡོ་རྗེ་ལ་ཤེས་པར་བྱའོ། །འདིའི་དུས་སུ་དོན་དུ་བདག་དང་ཐ་མི་དད་ན་ཡང་ཀུན་རྫོབ་ཏུ་མྱུ་གུ་དང་། གྲིབ་མའི་ཚུལ་ཏུ་རྡོ་རྗེ་གསང་བ་ལ་ཤེས་པར་བྱའོ། །འཁོར་ཕུན་སུམ་ཚོགས་ནི། ཐེག་པ་ཆུང་ངུའི་ནི་ཚེ་དང་ལྡན་པ་རྣམས་དང་། ཐེག་པ་ཆེན་པོའི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་འཁོར་རྣམ་བཞི་ལ་བྱ། ཡོ་གའི་ནི་ཡེ་ཤེས་ཀྱི་བྱིན་བརླབས་ལས་སྐྱེས་པའི་སེམས་དཔའ་ཆེན་པོ་རྣམས་དང་། གསང་བ་ནང་གི་ནི་དམ་ཚིག་རྡོ་རྗེ་ལ་སོགས་པ་དང་། ལྷ་མོ་བདེ་མཆོག་ལ་སོགས་པ་ལ་བྱ། འདིའི་དུས་སུ་དོན་དུ་བདག་དང་ཐ་མི་དད་ན་ཡང་། ཀུན་རྫོབ་ཏུ་ལུས་དང་ཡན་ལག་ལྟར་རྣམ་པར་སྣང་མཛད་གཟུགས་ཀྱི་རྒྱལ་པོ་ནས། མཚན་མའི་རྣམས་པ་གསུམ་དག་པའི་བར་དུའོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་ན། འཕགས་པའི་བཀའ་ཡང་དག་པའི་ཆོས་ཡིན་པར་ཡིད་ཆེས་པར་འགྱུར་རོ། །དེ་ལ་ཡང་དག་པའི་དད་པ་དང་ལྡན་པ་རྣམས་ནི་དགོས་འབྲེལ་ལྔ་བརྗོད་མི་དགོས་ཏེ། གཞུང་ལ་འཇུག་པར་འགྱུར་ཏེ། ཡང་དག་པའི་དད་པ་དང་མི་ལྡན་པ་རྣམས་ནི། འདིའི་དོན་ཅི་ལྟ་བུ་ཡིན། དགོས་ཆེད་ཅི་ཡོད་ཅེས་རྟོག་པའི་བློ་སྔོན་དུ་འགྲོ་བ་རྣམས་ཀྱི་རྟོག་པ་བསལ་བའི་ཕྱིར། དགོས་འབྲེལ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རྒྱུད་འདིའི་བརྗོད་བྱ་ནི་ཅི། རྗོད་པར་བྱེད་པ་ནི་ཅི། འབྲེལ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པའོ། །དགོས་འབྲེལ་འདི་རྣམས་མེད་ན། ཤེས་རབ་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དད་པར་མི་འགྱུར་བས། དེ་རྣམས་བརྗོད་པར་བྱའོ། །དེ་ལ་རྒྱུད་འདིའི་བརྗོད་བྱ་ནི། གསང་པའི་སྙིང་པོའོ། །དེ་ཡང་ནམ་མཁའི་དབྱིངས་བཞིན་དུ་རྟག་པར་བཞུགས་པའི་དཔལ་ཀུན་ཏུ་བཟང་པོ་ཉིད་དེ། དེ་ནི་བརྗོད་པར་བྱ་བའོ། །དེ་རྟོགས་པར་བྱེད་པའི་ཡི་གེ་སྒྲས་བཏགས་པའི་མིང་གི་ཚོགས་ལ་བརྟེན་པའི་ཚིགས་གིས་རབ་ཏུ་མཚོན་ཏེ། སྟོན་པ་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་པའི་དོན་གབ་ཅིང་སྦས་པ་ཐམས་ཅད་འབྱིན་ཅིང་གསལ་བར་མཛད་པའི་ཚིག་ཐམས་ཅད་རྗོད་པར་བྱེད་པ་ཉིད་དོ། །དེ་ལ་ཡང་ཚིག་དང་དོན་ཏེ། ཚིག་གི་སྒོ་ནས་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་དུ་མ་གྱུར་པའི་ཚིག་སྦས་པ་དང་། ཡི་གེ་སྦས་པ་ལ་སོགས་པ་ལ་གསང་བ་ཞེས་བྱ་བར་བསྙད་པ་ཡིན་ལ། དོན་གྱི་སྒོ་ནས་ནི་རང་བཞིན་གྱི་དཀྱིལ་འཁོར་དང་། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་འགྲེལ་པ་ཡིན་ཏེ། དེ་ཡང་རང་བཞིན་གྱི་དཀྱིལ་འཁོར་ནི་གཡོ་བ་དང་མི་གཡོ་བའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོ་ཉིད་དེ། འཁོར་བའི་ཆོས་འཁྲུལ་པ་ཐམས་ཅད་མ་ལུས་པར་མྱ་ངན་ལས་འདས་པའི་དཀྱིལ་འཁོར་ཉིད་དུ་ཡོངས་སུ་དག་པར་གནས་པ་སྟེ། དེ་ལྟར་ལེའུ་བཅུ་གསུམ་པ་ལས། རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་གསུངས་པའི་དོན། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་པ་དང་། རང་བཞིན་དང་བྱང་ཆུབ་སེམས་གཉི་གའི་དོན་བསྟན་པ། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །དབང་པོ་ཡུལ་དུས་རིག་པ་རྣམས། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཀུན་བཟང་ཆེན་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡི། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །ཞེས་གསུངས་ཏེ། ཇི་སྙེད་པའི་ཆོས་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་དུ་དགོངས་པའོ། །རང་བཞིན་གྱི་དཀྱིལ་འཁོར་གྱི་སྒོ་ནས་སྙིང་པོར་བརྗོད་པ་ནི། གརྦྷ་ཞེས་པའི་སྒྲ་ནི་འདུས་པའི་སྙིང་པོ་ཡིན་ལ། ས་ར་ཞེས་བྱ་བའི་སྒྲ་ནི་འཕྲོ་ཞིང་འབྱུང་བའི་གནས་སུ་བསྟན། དེ་ལྟར་ཡང་གསུངས་པ། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་ཏེ། ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་ཏོ། །གསང་བ་བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པའི་སྒོ་ནས། གསང་བ་དང་སྙིང་པོར་བརྗོད་པ་ནི། གསང་བ་ནི་ཡུམ་ཀུན་ཏུ་བཟང་མོའི་བྷ་ག་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཡུམ་གྱི་པདྨ་ལ་བྱའོ། །སྙིང་པོ་ནི་པདྨ་དེའི་སྙིང་པོ་ནས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ཆུ་ཟླ་ལྟ་བུའི་ངོ་བོ་ཟླ་བ་ལྟར་དག་ཅིང་དཀར་བར་གནས་སོ། །དེ་དག་གི་དོན་ཡང་གསུངས་པ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་དཀྱིལ་འཁོར་ཐིག་ལེའི་དབྱིངས། །ཞེས་གསུངས་པ་དང་། དོན་དམ་ལྟ་བའི་ངོ་བོ་ཟླ་བ་ལྟར་དག་ཅིང་དཀར་བའི་ཚུལ་དུ། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། ཞེས་བྱ་བ་ལ་སོགས་པ་གོང་དུ་སྨོས་པ་དག་སྟེ། རྫོགས་པའི་དཀྱིལ་འཁོར་ལས་ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་བར་བསྟན་པ་ཡིན་ཏེ། སྒྱུ་མ་སྤྲུལ་པའི་དཀྱིལ་འཁོར་ལ་མ་རྟོགས་ཤིང་། ལོག་པར་རྟོགས་པས་མ་རིག་པའི་འདམ་དུ་བྱིང་ཞེས་བྱའོ། །དེ་ཁོ་ན་ཉིད་ཀྱི་དོན་ཡང་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། རང་བཞིན་དང་གསང་བ་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་འགྲེལ་པ་སྟེ། དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ནི་རྒྱུའི་དེ་ཁོ་ན་ཉིད་དོ། །སྐྱེ་བ་མེད་པའི་དབྱིངས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སོ། །འབྲས་བུའི་དེ་ཁོ་ན་ཉིད་ནི་དཔལ་ཀུན་ཏུ་བཟང་པོ་ཉིད་དེ། ངོ་བོ་ཉིད་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། རང་བཞིན་གྱིས་འོད་གསལ་བའི་སྐུའི་དཀྱིལ་འཁོར་ལ་གནས་ཤིང་། ཕྱོགས་དུས་ཀྱི་དཀྱིལ་འཁོར་ཐམས་ཅད་ལྷུན་གྱིས་གྲུབ་པ་སྟེ། ཡེ་ཤེས་རིན་པོ་ཆེའི་དབུ་རྒྱན་གྱི་ཁྱད་པར་གྱིས་ཀྱང་བརྒྱན་པ་སྟེ། དེ་ལྟར་ཡང་གསུངས་པ། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་རྒྱུའི་དེ་ཁོ་ན་ཉིད་ནི། གསང་བ་བྱང་ཆུབ་སེམས་ཀྱི་ཡི་གེ་ཕྲེང་བ་དང་བཅས་པ་ལ་བྱ་སྟེ། ཅིའི་ཕྱིར་ན། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་གསུངས་པའི་ཕྱིར་རོ། །འབྲས་བུའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྒྱུའི་ཡིག་འབྲུ་ལས་གྲུབ་པའི། །འབྲས་བུའི་དེ་ཁོ་ན་ཉིད་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་ཤེས་པར་བྱ་སྟེ། དེ་ལྟར་ཡང་གསུངས་པ། འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། ཞེས་གསུངས་པའོ། །དེ་ལྟར། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འབྱིན་པའི་དམ། འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན་ཧོཿ ཞེས་གསུངས་སོ། །དེ་ལྟར་རྒྱུ་དང་འབྲས་བུའི་ཁྱད་པར་ལ་སོགས་པ། ཐེག་པ་ཆེན་པོའི་ཡང་ཆེན་པོ་རྫོགས་པ་ཆེན་པོའི་ལུང་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ནང་ནས་ཀྱང་། ངེས་པའི་དོན་གཏན་ལ་ཕབ་པ་སྟེ། ཅེས་པའི་ཐ་ཚིག་པས་ངེས་པའོ་ཞེས་གསུངས་པས། དེས་ནི་རྒྱུ་དང་འབྲས་བུ་དང་ཐེག་པ་ཆེན་པོ་ཉིད་ངེས་པའི་དོན་དུ་བརྗོད་པ་ཡིན་ནོ། །འདིའི་དོན་རྟོགས་པར་བྱེད་པ་ནི་རྗོད་པར་བྱེད་པའོ། །ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་གནས་པ་ནི་འབྲེལ་བའོ། །མ་རིགས་པའི་སེམས་ཅན་གབ་པའི་གསང་བ་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བའི་སེམས་ཅན་ཆེན་པོ་དང་། དེས་ཉེན་པའི་སེམས་ཅན་རྣམས་དབུགས་འབྱིན་པར་མཛད་པ་ནི་དགོས་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་པ་ནི་དགོས་པའི་ཡང་དགོས་པའོ། །ད་ནི་ལེའུ་ཉི་ཤུ་རྩ་གཉིས་པའི་དོན་བླ་མའི་མན་ངག་གིས་བཤད་པར་བྱ་སྟེ། དེ་ལ་ཡང་རྒྱུད་གཞན་གྱི་ལུགས་ཀྱིས་ནི། ཞུ་བ་པོས་ཞུ་ནས་སྟོན་པས་བཀའ་སྩལ་རྒྱུ་ཡིན་པ་ལས། འདིར་ཞུ་བ་པོ་མ་སྨོས་པ་ཅིའི་ཕྱིར་ན། དེ་ནི་རྒྱུད་འདིའི་དོན་རང་བཞིན་རྫོགས་པ་ཆེན་པོའི་གནས་སྐབས་ལ་གང་ཡང་དབྱེར་མེད་པར་སྟོན་པའི་ཕྱིར། ཞུ་བ་པོ་དང་སྟོན་པ་སོར་སོར་མ་ཕྱེ་སྟེ། འདི་སྐད་བཤད་པའི་དུས་ཞེས་སྨོས་སོ། །དེ་གསང་བའི་རྒྱུད་མཐའ་དག་དཀྲུགས་པ་ནི་མུ་སྟེགས་པ་ལ་ཕན་གདགས་པའི་ཕྱིར་ཏེ། ཇི་སྐད་དུ། མུ་སྟེགས་པ་ལ་ཕན་དོན་དུ། །སངས་རྒྱས་བཙུན་མོ་རབ་ཏུ་གསང་། །ཞེས་བྱ་སྟེ་དེ་ནི་སྣོད་མ་ཡིན་པར་བྱས་སོ། །གཉིས་སུ་ན་དད་པའི་རྗེས་སུ་མི་འབྲང་ཞིང་ཤེས་རབ་ཀྱི་རྗེས་སུ་འབྲང་བ་རྣམས་སློབ་དཔོན་དང་སློབ་བུའི་འབྲེལ་བ་ཡོད་པར་བྱ་བའི་ཕྱིར་ཡང་དཀྲུགས་ནས་གསུངས་སོ། །དེ་ལ་དང་པོ་གསང་སྔགས་ཀྱི་ལུགས་ཀྱིས། དམ་ཚིག་དང་སྡོམ་པ་སྔོན་དུ་འགྲོ་བ་ཡིན་པས། ལེའུ་བཅུ་དགུ་པ་ལས་དམ་ཚིག་གི་སྡོམ་པ་རྣམ་པར་དག་པ་རྩ་བ་དང་ཡན་ལག་ཏུ་བཅས་པ་གསུངས་སོ། །དེ་ནས་མ་རིག་པའི་སེམས་ཅན་ཕྱིན་ཅི་ལོག་ལ་གནས་པ་ལ། གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོ་སྐྱེས་ནས། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་པའི་དོན་གྱིས་ཡུད་ཙམ་གྱིས་ཏིང་ངེ་འཛིན་གྱིས་བདག་ཉིད་དཔལ་ཀུན་ཏུ་བཟང་པོར་གནས་པར་བྱས་ལ། འོག་གི་ཕྱོགས་སུ་ཡེ་ཤེས་ཀྱི་ས་གཞི་བསྐྱེད་ནས། ལེའུ་བདུན་པ་སྔགས་ཀྱི་ལེའུ་ལས་བྷྲཱུྃ་ཞེས་པའམ། ལེའུ་དྲུག་པ་དཀྱིལ་འཁོར་སྤྲོས་པ་ལས་ཡེ་ཤེས་ཕྱོགས་བཞི་ཞེས་པའི་དོན་གྱིས། གཞལ་ཡས་ཁང་བསྐྱེད་ལ། སེང་གེ་གླང་ཆེན་ལ་སོགས་པའི་གདན་བཏིང་ལ། ཉི་ཟླའི་དབུས་སུ་མཉམ་པའི་དཀྱིལ་འཁོར་སྐྱིལ་མོ་ཀྲུང་གི་གནས་ནས། ལེའུ་གཉིས་པ་བྱང་ཆུབ་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱིས་སྟོང་པ་ཆེན་པོའི་ཡེ་ཤེས་ཆོ་ག་དང་པོ་བསྒོམས་ལ། དེའི་ངང་ལས་ལེའུ་བཞི་པ་ལས་གསུངས་པའི་རབ་ཏུ་བརྟན་པའི་ཨའི་ངོ་བོར་རང་གི་སེམས་བསྒོམས་ནས། དེའི་འཕྲོ་འདུ་རྫོགས་པ་དང་ཉི་ཟླའི་དཀྱིལ་ལ། ཨཱ་ལི་དང་ཀཱ་ལི་བཀོད་པ་མཚན་དང་དཔེ་བྱད་དང་། ལྷ་དང་ལྷ་མོའི་ས་བོན་ཉི་ཟླ་བརྩེགས་མ་ནི་ཆོ་ག་གཉིས་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་འདུས་ནས་འོད་ཀྱི་གོང་བུར་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འོད་ཀྱི་གོང་བུ་ལས་ཧཱུྃ་དུ་གྱུར་པ་ནས་ཧཱུྃ་གི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབས་པ་ནི་ཆོ་ག་བཞི་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་རྣམ་པར་ཐར་པའི་དབུ་གསུམ་དང་ལྡན་པའི་དཔལ་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་ནི་ཆོ་ག་ལྔ་པ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ལྟར་ཡང་གསལ་ལྡན་མ་ཞེས་པས་ཡུམ་བསྐྱེད་བའོ། །དེ་ལྟར་ཡབ་ཡུམ་བསྐྱེད་པ་དེ། ལེའུ་གཉིས་པ་ལས། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། བདག་ཡབ་ཡུམ་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་རུ་རྣམ་པར་དག་པར་གསུངས་སོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་དཀྱིལ་འཁོར་ལྡན་པའི་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཟླ་གསང་ཐིག་ལེར་གྱུར་པ་དང་། ལེའུ་བཅུ་གཅིག་པ་ཚོགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི། བསྙེན་བསྒྲུབ་རྣམ་བཞི་ལ་སོགས་པའི་དོན་གྱི་ལྷག་པའི་བྱང་ཆུབ་སེམས་ལས་འཕགས་པ་མཆོད་པ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རང་ཉིད་ལོངས་སྤྱོད་པ་དང་། གསང་བའི་དཀྱིལ་འཁོར་དུ་འགྲོ་བ་བསྒྲལ་ཞིང་དབང་བསྐུར་བ་དང་། དེ་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལས། ལེའུ་བཞི་པའི་ཟླ་བའི་དཀྱིལ་འཁོར་ལས་གསུངས་པའི། ཐབས་དང་ཤེས་རབ་དགྱེས་སྤྲིན་ཞེས་བྱ་བ་ལ་སོགས་པའི་དོན་གྱིས། ཟླ་བའི་དཀྱིལ་འཁོར་ལ་ཨ་ཡིག་དང་ཀ་ཡིག་བཀོད་དེ། དེ་འཕྲོ་འདུ་མཐར་ཐུག་པ་གསང་བ་དང་། སྤྲིན་དང་སྤྲིན་ཕྱེ་བ་ལྟར་སོ་སོའི་སྐུ་ཕྱག་རྒྱ་གསལ་བར་བསྐྱེད་ནས། ལེའུ་བདུན་པ་ལས་འབྱུང་བའི་བཛྲ་ངྷྲིཀ྄་ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕྱིར་ཕྱུང་ལ། ཕྱིའི་དཀྱིལ་འཁོར་དུ་དགོད་པར་བྱའོ། །ༀ་ཨེ་ཧྱེ་ཧི་བྷ་ག་བཱན་ཞེས་བྱ་བ་ལ་སོགས་པས་སྙན་གསན་བྱ་ཞིང་གསོལ་བ་བཏབ་པ་དང་། ཡེ་ཤེས་རྒྱལ་པོ་དབྱིངས་ནས་བསྐུལ་ཏེ་གསང་བའི་དཀྱིལ་འཁོར་དང་དབྱེར་མེད་པར་གྱུར་ནས། ཤཱུནྱ་ཏཱ་ཞེས་བྱ་བ་ལ་སོགས་པས་དབང་བསྐུར་བར་བྱའོ། །ཕྱིའི་དཀྱིལ་འཁོར་ལ་བློ་ཡོངས་སུ་རྒོད་པ་དང་། ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར། དགུ་པ་གསང་བ་དམ་ཚིག་གི་ལེའུ་ལས་ཕྲ་མོའི་ཏིང་ངེ་འཛིན་གསུངས་སོ། །ཡང་བློ་ཉམ་ཆུང་བ་བྱིང་གིས་དོགས་པ་དང་ཏིང་ངེ་འཛིན་གྱི་རྩལ་སྦྱང་ཞིང་བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར། དགུ་པ་གསང་བ་དམ་ཚིག་གི་ལེའུ་ལས་མཆོད་པའི་ཕྱག་རྒྱ་གསུངས་པ་དང་། ལེའུ་བཅུ་བཞི་པ་ལས་གསུངས་པ་གླུས་བསྟོད་པ་གསུངས་སོ། །དེ་ཙམ་བདག་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དུ་གནས་སོ། །དེ་ལྟ་བུའི་དཀྱིལ་འཁོར་དང་རྡུལ་ཚོན་གྱི་དཀྱིལ་འཁོར་གསུངས་པ་ལ། ཡོན་ཏན་ཚད་དུ་ལྡན་པའི་སློབ་མ་འཇུག་པར་བྱ་བ་སྟེ་སློབ་མའི་ཚད་ནི་རྒྱུད་ལས། དད་བརྩོན་ཞེས་བྱ་བ་ལ་སོགས་པས་བརྟག་པར་བྱའོ། །དམ་ཚིག་སྦྱིན་པ་ཡང་དམ་ཚིག་དང་སྡོམ་པའི་དོན་ལེའུ་བཅུ་དགུ་པ་ལས་རྟོགས་པར་བྱའོ། །མཚན་མ་ངན་པ་ཐམས་ཅན་ཞི་བར་བྱ་བ་དང་བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར། ལེའུ་དགུ་པའི་སྦྱིན་སྲེག་གི་ཆོ་ག་ལས་ཤེས་པར་བྱའོ། །དེ་ནས་ལེའུ་བཅུ་དགུ་པ་ལས་རྒྱལ་པོ་སྦྱིན་པའི་དོན་གྱིས་དབང་སྦྱིན་པར་བྱའོ། །སློབ་མའི་ལས་ནི་ལེའུ་བཅུ་གཅིག་པ་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་ལས་ཤེས་བར་བྱའོ། །ཕྲིན་ལས་དང་ཡོན་ཏན་གྱི་དོན་ལ་སོགས་པ་ནི། ལེའུ་བཅུ་གཉིས་པ་ཚོགས་བསྒྲུབ་པའི་ལེའུ་ལས་གསུངས་པ་སྟེ། དེ་ལ་སོགས་པ་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །ཁྲོ་བོའི་དཀྱིལ་འཁོར་ནི་ཕལ་དཀྱུས་མ་བཞིན་དུ་གནས་ཏེ། དོན་འགའ་ཙམ་སྒོམ་ཁོག་གི་རིམ་པ་ལས་ཤེས་པར་བྱའོ། །ད་ནི་སྡུད་པ་པོས། བཅོམ་ལྡན་འདས་ཀྱི་བཀའ་དང་མཐུན་པར་རྒྱུད་ཀྱི་གླེང་གཞི་མཛད་པ་བླ་མའི་མན་ངག་གིས་བཤད་པར་བྱ་སྟེ། དེ་ཡང་འདི་སྐད་བཤད་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་པས་རྒྱུད་ཕུན་སུམ་ཚོགས་པ་བསྟན་ཏོ། །འདིས་ཅིའི་ཕྱིར་རྒྱུད་ཕུན་སུམ་ཚོགས་པ་བསྟན་ཞེ་ན། འདི་སྐད་ཞེས་པ་སྨོས་པས་མགོ་གཞུག་གི་དོན་རྫོགས་པར་བསྟན་པའི་ཕྱིར། རྒྱུད་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ཡང་དག་པར་སྡུད་པར་བྱེད་པ་རྡོ་རྗེ་གསང་བས་རྒྱུད་ཀྱི་དོན་མཐའ་དག་རང་གི་སེམས་ལ་བཀོད་ནས་བསྐྱེད་པ་དང་ཕྲི་བ་སྤངས་པའི་ཕྱིར་ཏེ། དེ་ལྟར་ཡང་གསུངས་པ། སྒྲོ་དང་སྐུར་པ་ཞི་བའི་ཕྱིར། །རང་བཞིན་གསང་བའི་སྙིང་པོ་འདྲི། །ཞེས་སྨོས་པའི་ཕྱིར་རོ། །བདག་གིས་ཞེས་པ་ཅིའི་ཕྱིར་མ་སྨོས་ཤེ་ན། རྒྱུད་གཞན་ལ་སྨོས་པའི་འཕགས་པ་འཇམ་པའི་དབྱངས་དང་བྱམས་པ་ལ་སོགས་པའི་ཐེག་པ་ཆེན་པོའི་སྡུད་པ་པོར་གྲགས་པ་དེ་དག་གིས་བསྡུས་པ་ལས། འདི་ནི་བདག་གིས་ཐོས་ཞེས་ཟེར་ན། འདིར་བདག་ཀྱང་མ་སྨོས་ཐོས་པ་ཡང་མ་སྨོས་པ་ནི། འཕགས་པ་འཇམ་པའི་དབྱངས་དང་། བྱམས་པ་ལ་སོགས་པ་ལས་རྡོ་རྗེ་གསང་བ་ཁྱད་པར་དུ་གྱུར་པ་མ་ཡིན་ན་ཡང་། བཅོམ་ལྡན་འདས་ཀྱིས་གསུངས་པའི་གདུལ་བྱའི་གནས་སྐབས་ཀྱི་རིམ་པ་ཡིན་པས། འོན་ཏང་ན་བདག་གི་ཐོས་སོ་ཞེས་མ་སྨོན་ན་ཡང་འགལ་བ་མེད་དོ། །ཅིའི་ཕྱིར་ན་བདག་གིས་ཞེས་སོ་སོར་ཕྱེ་ན་ནི། སྟོན་པའི་བཀའ་ཡང་དག་པ་དང་འགལ་ཏེ་ཅི་སྟེན། དེ་ཉིད་དང་གཞན་གཉིས་ནི་འགལ་བའི་ཕྱིར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ནི་གཉིས་ཀྱི་རྣམ་པར་འབྱུང་པར་མི་འགྱུར་ཏེ། དེ་སྐད་དུ། རང་བཞིན་ལ་ནི་ཡོད་པ་དང་། །མེད་པར་རིག་པ་མ་ཡིན་ཏེ། །ཕན་ཚུན་དུ་ནི་འགལ་བས་ན། །ཡོད་མེད་གཉིས་སུ་ག་ལ་རུང་། །གལ་ཏེ་རང་བཞིན་གྱིས་ཡོན་ན། །དེ་ནི་མེད་པར་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བར་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འདིའི་དོན་གསང་བའི་སྙིང་པོ་སྟེ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། ཇི་སྙེད་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བསྟན་ཏོ། །དེར་བརྒལ་བ། ཇི་སྙེད་པའི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བསྟན་པ་ཡིན་ན། ནམ་མཁའི་སྐར་མ་ཇི་སྙེད་ཅིག་ཡོད་པ་ལས་ཁྱད་པར་དུ་གཅིག་ཅིག་ཁོ་ན་ལ་སྨྲ་བ་ལྟར། འདི་ཞེས་བྱ་བ་འགལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་ཟླ་བ་མཛུབ་མོས་མཚོན་པས་མཛུབ་མོའི་རྩེ་མོ་ལ། ཟླ་བ་ཡོད་པ་མ་ཡིན་ན་ཡང་དེའི་ཕྱོགས་སུ་མཚོན་པའོ། །དེ་ལྟར་འདིར་ཡང་ཞེས་པའི་ཐ་སྙད་ཕྲ་མོས་འཁོར་བའི་ཆོས་ཇི་སྙེད་པ་ཐམས་ཅད། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་མཚན་ཉིད་གཅིག་ཅིང་དབྱེར་མེད་པར་བསྟན་པ་ཡང་། ཐ་སྙད་ཕྲ་མོས་ཕྱོགས་ཀུན་མཚོན་པ་འདྲའོ། །གླང་པོ་ཆེའི་རྒྱུས་ལ་མཁས་པའི་མི་ལ། གླང་པོ་ཆེའི་སྣ་གཅིག་བུ་ཙམ་བསྟན་ན། འདི་གླང་པོ་ཆེ་ཡིན་ནོ་ཞེས་སྨས་པ་ན་སྣ་དེ་གླང་པོ་ཆེ་ཡིན་ནམ། འོན་ཏེ་སྣ་མ་ཡིན་པ་གཞན་ཞིག་གླང་པོ་ཆེ་ཡིན། ལན་བཏབ་པ། སྣ་ཡང་གླང་པོ་ཆེ་མ་ཡིན་ལ། སྣ་མ་ཡིན་པ་ཡང་གླང་པོ་ཆེ་མ་ཡིན། །དེ་བཞིན་དུ་རྒྱུད་འདིའི་ཚིག་གི་ཐ་སྙད་ཕྲ་མོ་ཡང་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་མ་ཡིན། དེ་མ་ཡིན་པ་གཞན་ཡང་མ་ཡིན་ནོ། །སྐད་ཚིག་ཏུ་བཤད་ཅེས་པ། དཔལ་ཀུན་ཏུ་བཟང་པོའི་ཚིག་དང་དོན་ཡོངས་སུ་དག་པར་བཤད་པའི་དུས་ན་ཞེས་བྱ། བརྒལ་བ། སྐད་ཚིག་ནི་སྒྲའི་ཐ་སྙད་ཡིན་པའི་འགལ་ཏེ། རང་བཞིན་རྫོགས་པ་ཆེན་པོའི་དོན་ནི། དོན་དམ་པར་བརྗོད་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། ཀུན་རྫོབ་ཏུ་བརྗོད་པ་ལས་འདས་པའི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་དང་། འཁོར་བའི་ཆོས་སུ་བསྟན་པ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་དབྱེར་མེད་པ་ལས། སྐད་སྒྲའི་ཐ་སྙད་དུ་བསྟན་པ་ལགས་སོ། །ཡང་གཉིས་སུ་ན་རང་བཞིན་རྫོགས་པ་ཆེན་པོའི་དབང་དུ་བཤད་བྱ་བ་ཡང་མི་རུང་ལ། འདི་སྐད་བྱ་བ་ཡང་འགལ་ལོ། །ཅིའི་ཕྱིར་ཞེ་ན། འདི་སྐད་ཅེས་སྨྲས་པའང་། གཞན་ལས་འོངས་པའི་ཚིག་ཏུ་སྣང་ལ། བཤད་ཅེས་བྱ་བ་ཡང་། བཤད་པའི་སྐྱེས་བུ་ཡོད་པ་དང་། ཉན་པའི་སློབ་བུ་ཡང་ཡོད་པས་འགལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་ཐ་སྙད་དེ་ཙམ་ལ་མ ི་བརྟེན་དུ་མི་རུང་ཞེས་བྱ། ཡང་གསུམ་དུ་ན། དེ་བཞིན་གསུངས་མཆོག་མི་སྨྲ་སྟེ། སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །ཞེས་པས་ཀྱང་སྐད་སྒྲའི་ཐ་སྙད་དང་འ གལ་ལོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ། །སྐད་སྒྲའི་ཐ་སྙད་ཀྱིས་བཤད་བྱ་བ་འགལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་། །དེ་བཞིན་ཉིད་བརྗོད་དུ་མེད་པ་ལས། ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་བྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། །བྲག་ཅའི་སྒྲ་བཞིན་དུ་བཅོམ་ལྡན་འདས་ཀྱི་དབང་གིས་དེ་ལྟར་སྣང་བའི་ཕྱིར་རོ། །རྒྱ་ཆེ་བའི་ཚིག་ཡོངས་སུ་དག་པ་ནི་ཚིག་སྒྲའི་ཐ་སྙད་ལས་འདས་ཀྱང་། གསུང་གི་རྡོ་རྗེ་བརྗོད་པ་མེད་པའི་སྒོ་ནས། བྲག་ཅའི་སྒྲ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བཤད་པའི་ཕྱིར་རོ། །རྒྱ་ཆེ་བའི་དོན་ཡོངས་སུ་དག་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་སྟོན་པ་སྟེ། དོན་དམ་པའི་དོན་དམ་པར་ནི། སྐྱེ་བ་མེད་པར་སྟོན་པ་དང་། དོན་དམ་པའི་ཀུན་རྫོབ་ཏུ་ནི་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་བཤད་པ་ནི་དོན་ཡོངས་སུ་དག་པར་བཤད་པའོ། །ཟབ་མོའི་དོན་གྱི་སྒོ་ནས་ནི་ཨེ་བྃ་ཞེས་བྱ་སྟེ། དེ་ལ་ཨེ་ནི་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཀུན་ཏུ་བཟང་མོའི་བྷ་ག་སྟེ་ཡུམ་གྱི་པདྨ། བྃ་ནི་རྡོ་རྗེ་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། དེ་ལྟར་དཔལ་ཀུན་ཏུ་བཟང་པོ་དང་ཡུམ་ཀུན་ཏུ་བཟང་མོ་གཉིས་ཐབས་དང་ཤེས་རབ་ཏུ་ལྡན་པའི་དུས་དེར་བཤད་ཅེས་བྱའོ། །དེ་ལ་བཤད་ཅེས་པ་ནི་རྒྱུད་གསང་བའི་སྙིང་པོ་འདིའི་དོན་དང་། རང་བཞིན་ཅི་ལྟར་བཤད་ཅེ་ན། ཡེ་ཤེས་ལྔ་དང་རིགས་ལྔ་ནི་ཆོ་ག་ཆེན་པོ་ལྔའི་རང་བཞིན་དུ་བཤད་ཅེས་བྱའོ། །དེ་ཡང་ཐོས་ཞེས་བྱ་བ་ནི། སྟོན་པ་དང་འཁོར་སོ་སོ་ན་ཡོད་པ་མ་ཡིན་ལ། བཤད་ཅེས་པས་འཁོར་དང་སྟོན་པ་གཉིས་སུ་མེད་པར་བཤད་པ་ཡིན་ལ། དེ་ལྟར་ན་འཁོར་དང་སྟོན་པ་གཉིས་སུ་མེད་པར་མ་ཟད་དེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་དབྱེར་མེད་པ་ཁྱད་པར་དུ་བསྟན་པའི་ཕྱིར་ཏེ། དེ་ནི་རྒྱུད་གང་དང་གང་ལའང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དུས་ཞེས་བྱ་བ་ཀུན་རྫོབ་ཀྱི་དབང་དུ་ཐེག་པ་ཆུང་ངུ་བ་ན་རེ། དུས་བཞི་ཁོ་ན་ལ་ནི་འདི་ལྟར་བཞུགས་པ་མ་ཡིན་ཏེ། སྟོན་པ་ཐུགས་རྗེ་ཆེ་བའི་རང་བཞིན་ལས། དུས་དང་རྒྱུད་དང་གནས་ཀྱང་། གཞན་དང་གཞན་ལ་ཡོད་པས་གཅིག་ཏུ་མི་འཆད་དོ། །མ་ཧཱ་ཡོ་གའི་དབང་དུ་ན། ས་མ་ཡ་ཞེས་སྨོས་པའི་སྒྲས། ཐབས་དང་ཤེས་རབ་ཏུ་ལྡན་པའི་དུས་དེར་བཤད་ཅེས་བྱའོ། །ཤིན་ཏུ་རྫོགས་པ་ཆེན་པོའི་དབང་དུ་ནི། དུས་ན་ཞེས་པ། བཅོམ་ལྡན་འདས་ནི་ཅི་དང་ཅི་ལྟར་མཛད་ཀྱང་། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་གཡོས་པར་ཤེས་པར་བྱའོ། །དཔལ་དེ་ཉིད་འདུས་པའི་རྒྱུད་ལས། རྣམ་སྣང་མཛད་ཆེན་གྱི་ཡེ་ཤེས་བསྟན་པའམ། དཔལ་ཡེ་ཤེས་སེམས་དཔའི་མཚན་གྱི་ཁྱད་པར་ལྟ་བུའོ། །དེ་ཡང་འདི་སྐད་བཤད་པའི་དུས་ན་ཞེས་པ་སྨོན་ནས། སྡུད་པ་པོས་ཀྱང་འདི་སྐད་བདག་གིས་ཐོས་པའི་ཞེས་སྨོས་ན་ནི། སྟོན་པའི་བཀའ་ཡང་དག་པའི་དོན་དང་འགལ་ལ། སྟོན་པས་ཀྱང་། གསང་བའི་སྙིང་པོ་དེ་ཁོ་ན། ཉིད་དེ་གསང་བའི་དབྱིངས་ནས་ཕྱུང་། དེ་ནི་ངེས་པར་ལུང་བསྟན་ཏེ། སྲས་ནི་ཐུགས་ལས་བསྐྱེད་པ་ཡི། ས་རབ་རིག་པ་འཛིན་ལ་གནས། ཞེས་གསུངས་པས་སོ། །གཏད་ཅེས་གསུངས་ན་ནི། སྟོན་པ་པོ་རང་ཉིད་ཀྱི་ཚིག་སུན་པར་གྱུར་པའི་ཕྱིར་མ་སྨོས་སོ། །དེ་ཡང་གནས་སོ་ཞེས་པ་ཙམ་གྱི་ཚིག་མ་གསུངས་ན་ནི། སྡུད་པ་པོ་མེད་ན་ཆོས་མི་འབྱུང་བའི་སྐྱོན་དུ་འགྱུར་བ་དང་། ཤེས་རབ་ཅན་གྱི་མི་རྣམས་ཡིད་མི་ཆེས་པའི་སྐྱོན་དུ་འགྱུར་ཏེ། དཔེར་ན་མི་གཅིག་གིས་ལུང་སྟོང་ཞིག་ཏུ་གཏམ་རང་ལ་རང་བྱས་པ་དང་འདྲའོ། །ཞེས་རྒོལ་བ་པོ་འབྱུང་བའི་རྟོག་པ་བསལ་བའི་ཕྱིར་རོ། །སྟོན་པ་དང་སྡུད་པ་གཉིས་ཚིག་དགག་པའི་མཚམས་སྦྱོར། གཅིག་ཅེས་པ་ཅིའི་ཕྱིར་མ་སྨོས་ཤེ་ན། དེ་ཡང་གོང་གི་རྒོལ་བ་དང་འདྲ་སྟེ། དགོས་པ་མེད་པའི་ཕྱིར་རོ། །ད་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཚིགས་ལ་སོགས་པ། ཕུན་སུམ་ཚོགས་པ་ལྔའི་ཚིག་དོན་ཅི་ལྟ་བ་དེ་བརྗོད་པར་བྱ་སྟེ། དེ་ཡང་ཅི་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རྡོ་རྗེ་ཐེག་པ་ཐམས་ཅད་མཐར་ཕྱིན་ཅིང་རྫོགས་པའི་ཕྱིར་ན་ནི་དེ་བཞིན་གཤེག་པ་ཞེས་བྱའོ། །ཐེག་པ་ཆུང་ངུ་པའི་ཐེག་པ་མཐར་ཕྱིན་ཅིང་རྫོགས་པའི་ཕྱིར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །མདོ་སྡེའི་ཐེག་པ་མཐར་ཕྱིན་ཅིང་རྫོགས་པའི་ཕྱིར་ནི། བཅོམ་ལྡན་འདས་ཞེས་བྱའོ། །དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་དེ་ཐེག་པ་ཆུང་ངུའི་སངས་རྒྱས་ལྟར་འདོད་པའི་ལོངས་སྤྱོད་མི་མཐུན་པའི་ཕྱོགས་སུ་བལྟས་ནས་གནས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལོངས་སྤྱོད་ཅེས་སོ། །ལོངས་སྤྱོད་ནི་ཀྲི་ཡོག་གི་ཐེག་པ་ལ་ཡང་འདོད་པའི་ལོངས་སྤྱོད་སྤྱོད་དོ་ཞེས་རྒོལ་པ་པོ་བསལ་བའི་ཕྱིར། ཆེན་པོ་ཞེས་སྨོས་ཏེ། ཐབས་དང་ཤེས་རབ་ཀྱི་དགའ་བདེ་ལ་བཞུགས་སོ། །ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཇི་ལྟ་བུའི་རང་བཞིན་ཡིན་ཞེ་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ་ཞེས་བྱ་བ་སྨོས་ཏེ། ཆོས་ཀྱི་སྐུའི་རང་བཞིན་དུ་གནས་སོ། །ཞེས་བྱ་བའི་ཐ་ཚིག་གོ། །གནས་ཕུན་སུམ་ཚོགས་པ་གང་ཞེ་ན་ཞེས་པ་ལ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་བྱ་བ་སྨོས་སོ། །དེ་ལ་རྒོལ་ཏེ། ཐེག་པ་ཆུང་ངུ་བ་ན་རེ། འོག་མིན་ལ་མཐའ་དང་དབུས་ཡོད་དོ། །འོག་གི་རླུང་གི་དཀྱིལ་འཁོར་དང་མཐའ་དབུས་མཉམ་སྟེ། སྟེང་གི་འོག་མིན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོ་ཁྱད་པར་གནས་ལ། འོག་གི་རླུང་གི་དཀྱིལ་འཁོར་གྱིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མས་ནས་ཡར་བརྟེན་པའི་ཚད་དང་མཉམ་ཞེས་གསུངས་ཤེ་ན། དེ་ནི་ཐེག་པ་ཆུང་ངུ་བ་ཤེས་རབ་ཆུང་བའི་ཕྱིར་རམ་དོན་དུ་བཅོམ་ལྡན་འདས་ཀྱིས་འོག་མིན་ཡང་རྒྱ་ཆུང་བར་བསྟན་ཏོ། །གལ་ཏེ་རྒྱ་ཆུང་བར་མ་བསྟན་དུ་ཟིན་ན་ནི་སྐྲག་གམ་སྒྱིད་ལུག་གིས་དོགས་ནས། སྟོང་གི་ཚད་ཀྱང་ཆུང་བ། སྤྲུལ་པའི་སྐུ་ཡང་བྱེ་བ་ཕྲག་བརྒྱ་བསྟན་ཏོ། །ཐེག་པ་ཆེན་པོའི་གནས་སྐབས་ན་ཤེས་རབ་མཆོག་དང་ལྡན་པའི་འབྲས་བུ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། དེ་བཞིན་གཤེག་པས་འོག་མིན་མཐའ་དང་དབུས་མེད་པར་བསྟན་ལ། འཇིག་རྟེན་གྱི་ཁམས་ཡང་རྡུལ་སྙེད་དུ་བསྟན། སྤྲུལ་པ་ཡང་རྡུལ་ཕྲན་བསམ་ཡས་སོ། །དེའི་ཕྱིར་མཐའ་དང་དབུས་མེད་ཅེས་བྱའོ། །གནས་དེེ་ལྟ་བུ་ན་གནས་སུ་ཟིན་ཀྱང་། །གཞལ་ཡས་ཁང་ནི་ཅི་ལྟ་བུ། འོག་མིན་མང་ངམ་མི་མང་། ཞེས་པའི་རྟོག་པ་བསལ་བའི་ཕྱིར། གཞི་ཚད་མེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །གནས་དང་གདན་དེ་ལ་བཞུགས་པའི་ལྷ་དང་། དེའི་འཁོར་ཕུན་སུམ་ཚོགས་པ་ནི་གང་། རྒྱུད་རིགས་གང་གི་ལྷ་ཡིན། གང་དང་གང་ནི་བཞུགས་སྙམ་པའི་རྟོག་པ་བསལ་བའི་ཕྱིར། རྣམ་པར་ཤེས་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཟག་པ་དང་བཅས་པའི་ཕུང་པོ་ལ་སོགས་པ་གནས་སུ་དག་པ་ནི་དེ་བཞིན་གཤེགས་པ་རིགས་ལྔར་གྱུར་ཏོ། །དེ་ཡང་རིགས་ལྔ་ཡང་འཁོར་ལས་སྟོན་པར་འགྲོ་བ་དང་། སྟོན་པ་ལས་འཁོར་དུ་འགྲོ་བ་ཡང་རྟོགས་པར་བྱའོ། །སྐུ་མདོག་གི་རིགས་ནི་ཇི་ལྟ་བུ་ཞེ་ན། མཐིང་ག་ལ་སོགས་པ་སྟེ། ཁ་དོག་ཚོན་གྱིས་མ་ཕྱེ་ན་རིགས་ངོ་མི་ཤེས་པའི་ཕྱིར་རོ། །འཁོར་གྱི་དཀྱིལ་འཁོར་ཅི་ལྟ་བུ་སྙམ་པའི་ཕྱིར། སྣང་བའི་དབྱིངས་ནས་རྟག་ཆད་ཀྱི་བར་དུ་སྟེ། འཇིག་རྟེན་གྱི་ཆོས་ཕྱིན་ཅི་ལོག་ཏུ་རྟོགས་པ་མྱ་ངན་ལས་འདས་པའི་ཆོས་ཀྱི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གནས་སོ། །ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཚིག་དོན་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་ནི། སྟོན་པ་པོ་དཔལ་ཀུན་ཏུ་བཟང་པོའི་ཁྱད་པར་གྱི་ཡོན་ཏན་བསྟན་པ་ཡིན་ཏེ། དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་དུ་ཇི་སྙེད་པའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཡོན་ཏན་གྱི་རྣམ་གྲངས་བཞི་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་། ཡོ་ག་དང་། མ་ཧཱ་ཡོ་ག་དང་། ཨ་ཏི་ཡོ་ག་བཞིའི་ཁྱད་པར་བསྟན་པར་བྱ་བ་ཁོ་ན་ཡིན་གྱི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ནི། དེ་བཞིན་གཤེགས་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་རོ། །ཡང་དག་པར་རྫོགས་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་ཞེ་ན། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་བའི་ཕྱིར་རོ། །སངས་རྒྱས་ཞེས་ཀྱང་བྱའོ། །ཅིའི་ཕྱིར་ཞེ་ན། ཚོགས་ཆེན་པོ་གཉིས་རྫོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཞེས་ཀྱང་བྱའོ། །ཅིའི་ཕྱིར་ཞེ་ན། ཀུན་ཏུ་སྦྱོར་བའི་ཉོན་མོངས་པ་སྤངས་པའི་ཕྱིར་རོ། །འདི་ནི་ཐེག་པ་ཆེན་པོ་མདོ་སྡེ་དང་སྦྱར་བའི་ལུགས་སོ། །གཉི་གའི་རྒྱུད་ལས་ནི། ཡེ་ཤེས་ཕུན་སུམ་ཚོགས་པ་མངའ་བའི་ཕྱིར་ཡང་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ཇི་ལྟར་ན། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོ་བསྟན་དུ་མེད། །ཡེ་ཤེས་རང་རིག་ཙམ་ལ་ནི། །དེ་ལ་དེ་བཞིན་གཤེགས་ཞེས་བྱ། །ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་ཏནྟྲ་ལས་གསུངས་སོ། །མ་ཧཱ་ཡོ་གའི་དོན་གྱི་སྒོ་ནས་ནི། ཅི་ལྟར་འོངས་པ་བཞིན་དུ་འགྲོ་བའི་ཕྱིར་ཡང་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དཔེར་ན་ཟངས་དང་འཁར་བ་ལ་སོགས་པ་རྫས་གཅིག་གི་རང་བཞིན་ལས། ཆོལ་ཟངས་སུ་བྱས་པའི་དུས་ན་ནི་བཙོག་པར་འཛིན་ཅིང་དྲི་མ་དང་མཆིལ་སྣབས་ལ་སོགས་པ་འདོར་བར་བྱེད་ལ། དེ་ལ་སྣོད་ལ་སོགས་པ་བྱས་པའི་དུས་ན་ནི། གཙང་བར་འཛིན་ལ་ཟས་སྐོམ་ལ་སོགས་པ་གཡོ་བར་བྱེད་དོ། །སྐུ་གཟུགས་ལ་སོགས་པ་བྱས་པའི་དུས་ན་ནི། ཕྱག་འཚལ་ཞིང་མཆོད་གནས་སུ་བྱེད་དོ། །དེ་དང་འདྲ་བར་འཁོར་བའི་རྒྱུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་བཅས་པའི་དུས་ན་ནི། སྨད་ཅིང་སྤང་བར་བྱ་བ་ཡང་ཡིན་ལ། དེ་ཉིད་ཐབས་དང་ཤེས་རབ་ཏུ་རྣམ་པར་དག་པའི་ཚུལ་དུ་སྦྱངས་པའི་དུས་ན་ནི། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ལ་སོགས་པ་གྲུབ་པར་བྱེད་པས་འདི་དག་དགའ་བའི་ལོངས་སྤྱོད་ཀྱི་གནས་ཀྱང་ཡིན་ལ། དེ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་གྱི་ལོངས་སྤྱོད་གོམས་པའི་དབང་གིས་འབྲས་བུ་དཔལ་རྡོ་རྗེ་སེམས་དཔའ་ཉིད་གྲུབ་པར་བྱེད་དོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་འདི་དག་ཀྱང་། དང་པོའི་ཚུལ་ལྟར་སྤྱད་ན་ངན་སོང་གི་རྒྱུ་ཡང་ཡིན། དེ་ཉིད་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་རྣམ་པར་དག་པར་བསྒོམས་ན། དཔལ་ཀུན་ཏུ་བཟང་པོའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པའི་རྒྱུ་ཡང་འདི་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དགྲ་བཅོམ་པ་ཅིའི་ཕྱིར་མ་སྨོས་ཤེ་ན། དེ་ནི་དགོས་པ་མེད་པའི་ཕྱིར་ཏེ། དཔེར་ན་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ན། ཉན་ཐོས་མིང་ཡང་མེད་པའི་ཕྱིར། ཐེག་པ་ཆེན་པོ་ཤིན་ཏུ་རྫོགས་པ་ཆེན་པོའི་དུས་དེ་དག་དགོས་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་ཞེས་པ་ཡང་དག་པའི་སྒྲས་ཡང་དག་ལ་མ་རྫོགས་པ་ཡང་ཡོད་དེ། དེ་ནི་ཐེག་པ་ཆུང་ངུ་པ་ལས་དགྲ་བཅོམ་པ་དང་། རང་སངས་རྒྱས་འབྲས་བུ་མཆོག་ཐོབ་བ་དག །རང་གི་གནས་སྐབས་ན་བྱ་བ་བྱས་པར་རྩི་བ་དེ་དག་ལས། ཐེག་པ་ཆེན་པོ་ཆེ་བ་རྣམ་པ་བདུན་གྱིས་འཕགས་ཤིང་ཁྱད་པར་དུ་གྱུར་པའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། ཚོགས་ཆེན་པོ་གཉིས་རྫོགས་ཤིང་ཉོན་མོངས་པ་ཉིད་དབང་དུ་བྱས་ནས། ལྷུན་གྱིས་གྲུབ་པ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་སྨོས་པ་ནི་ཉོན་མོངས་ལ་སོགས་བའི་བདུད་སྡེ་བཞི་བཅོམ་པའི་ཕྱིར་ཏེ། བག་ལ་ཉལ་གཞོམ་པའི་སྒྲ་ཡོད་པའི་ཕྱིར་རོ། །ཡང་ན་ཡེ་ཤེས་ཕུན་སུམ་ཚོགས་པ་ཕྱིར་ཡང་། བཅོམ་ལྡན་འདས་ཀྱི་སྒྲར་གསུངས་པའི་དོན་ནི། རྟོག་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་བདག་ཉིད་སྟོང་པ་ཆེན་པོའི་ཡེ་ཤེས་སུ་རྟོགས་པས། བཅོམ་ལྡན་འདས་ལ་གྲགས་པའི་དབང་ཕྱུག་ཅེས་བྱའོ། །བདག་དང་གཞན་གྱི་དོན་གཉིས་འབྱུང་བའི་ཕྱིར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པར་སྟེ། ཡེ་ཤེས་ཐམས་ཅད་ཀྱང་གསལ་ཞིང་འབྱུང་བར་བྱེད་པས་གཟུགས་བཟང་ཞེས་བྱའོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་དེའི་མཚན་ཉིད་དུ། ཡེ་ཤེས་ཐམས་ཅད་ཀྱང་གཅིག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། སྙིང་རྗེ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་ན། འགྲོ་བ་ཐམས་ཅད་ལ་རྗེས་སུ་བརྩེ་བ་ནི་གྲགས་པ་ཐམས་ཅད་འབྱུང་བའི་གཙོ་བོར་གྱུར་པས། དཔལ་དང་གྲགས་པ་ཞེས་བྱའོ། །སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ནི་བསམ་གཏན་གི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་པས། དངོས་པོ་ཐམས་ཅད་ཀྱི་དོན་རྟོགས་པར་བྱེད་པའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལས་བྱུང་བ། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བརྩོན་འགྲུས་མཆོག་ཅེས་བྱའོ། །དེ་ལྟར་སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ཡང་ཡོད་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་བསྟན་པའི་ཕྱིར། ལོངས་སྤྱོད་ཅེས་སྨོས་ཏེ། ལོངས་སྤྱོད་ནི་འདོད་པའི་ཡོན་ཏན་ལྔ་དང་དེ་ལ་སོགས་ཏེ། དེ་ཡང་འདོད་པའི་ཡོན་ཏན་གྱི་དབང་དུ་བྱས་པའོ། །དེ་ཉིད་རྣམས་པར་དག་པའི་ངང་ཚུལ་དང་ལྡན་པར་བསྟན་པའི་ཕྱིར། ཆེན་པོ་ཞེས་བྱ་བ་སྟེ། ཐབས་དང་ཤེས་རབ་ཀྱི་ལོངས་སྤྱོད་ལ་ཤེས་པར་བྱའོ། །དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་དེ། ཅི་ལྟ་བུའི་རང་བཞིན་དང་ལྡན་པ་ཡིན་ཞེ་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟོང་པ་ཉིད་ཀྱི་རྡོ་རྗེ་དང་། གསུང་མཚན་མ་མེད་པའི་རྡོ་རྗེ་དང་། ཐུགས་སྨོན་པ་མེད་པའི་རྡོ་རྗེའོ། །དེ་ལྟར་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་དང་། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་འདས་པའི་དུས་སུ་སྔར་མ་ལུས། ད་ལྟར་གྱི་དུས་སུ་མི་ལུས། མ་འོངས་པ་དང་། ཕྱིས་འབྱུང་བ་ཐམས་ཅད་དུ་ལུས་པ་མེད་པ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་སྐུ་སྟོང་པ་ཉིད་དུ་སོ་སོ་མ་ཡིན། གསུང་མཚན་མ་མེད་པར་ཐ་མི་དད། ཐུགས་སྨོན་པ་མེད་པར་དབྱེར་མི་ཕྱེད་དེ། དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་གཅིག་ཅིང་དབྱེར་མེད་དེ་ཞེས་བྱ་སྟེ། དེས་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ནོ། །ཡང་ཨ་ཏི་ཡོ་གའི་གཞུང་གིས་ནི། བརྗོད་ཀྱི་མི་ལང་བའི་ཆོས་ཐམས་ཅད་སོ་སོ་རང་རིག་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སྦྱོར་བའི་ཕྱིར་ན་ནི། དེ་བཞིན་གཤེགས་པ་ཞེས་བྱའོ། །རྣམ་པར་དག་པ་དང་མ་དག་པའི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཆོས་ཉིད་དུ་སྦྱོར་བར་མཛད་པས་ནི། ཡང་དག་པར་རྫོགས་པ་ཞེས་བྱའོ། །ཆོས་ཐམས་ཅད་དོན་དམ་པར་ནི་སྟོང་པ་ཉིད་དུ་དགོངས་ལ། ཀུན་རྫོབ་ཏུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་ཚུལ་དུ་དགོངས་པ་དང་། གང་རི་རབ་སྟོང་གསུམ་དང་བཅས་པའི་རྡུལ་ཕྲ་རབ་རྒྱ་མཚོ་ཆེན་པོར་འདྲེས་པ་ཡང་སོ་སོར་འབྱེད་མཁྱེན་པས་ནི། སངས་རྒྱས་ཞེས་བྱའོ། །སྒྱུ་མའི་སྤྲུལ་པ་སྣ་ཚོགས་སྟོན་པར་མཛད་ན་ཡང་། དོན་དམ་པ་བྱང་ཆུབ་སེམས་སྐྱེ་བ་མེད་པའི་དབྱིངས་ཆེན་པོ་ལ་དུས་བཞི་རྟག་པར་བཞུགས་པས་ན། བཅོམ་ལྡན་འདས་ཞེས་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་པར་ལོངས་སྤྱོད་པར་མཛད་པས་ནི། ལོངས་སྤྱོད་ཆེན་པོ་ཞེས་བྱའོ། །བདག་ཉིད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་སྟེ་གནས་པའི་ཕྱིར་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། ཞེས་བྱ་བ་སྨོས་པ་ཡིན་ཏེ། དཔལ་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་དང་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར་རོ། །དེས་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཚིག་གི་དོན་ཇི་སྙེད་པ་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞུགས་པའི་གནས་གང་ན་བཞུགས་ཞེས་བྱ་ན། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་ཞེས་བྱ་བ་སྨོས་ཏེ། ཡུམ་ཆོས་ཀྱི་དབྱིངས་ཇི་སྙེད་པ་ལ་གཙོར་སྨོས་པ་ཡིན་ནོ། །དེ་འོག་མིན་གྱི་གནས་ཞེས་བྱ་བ་སྨོས་པ་ལ་གསུམ་སྟེ། རང་བཞིན་གྱི་འོག་མིན་དང་། གནས་ཀྱི་འོག་མིན་དང་། རིག་པའི་འོག་མིན་དང་གསུམ་དུ་དགོངས་པ་ཡིན་ནོ། །དེ་ལ་རང་བཞིན་གྱི་འོག་མིན་ནི། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་གཅིག་དང་དུ་མར་བྲལ་བའི་བདག་ཉིད་གཉིས་སུ་མེད་པའི་དབྱིངས་ཏེ། ཡུལ་འདི་ལྟ་བུ་ཞིག་ཅེས་བསྟན་དུ་མེད་པ་སྟེ། ཡུལ་ཆོས་ཀྱི་དབྱིངས་མཐའ་ཀླས་པ་ལ་བྱ་སྟེ། དེ་ལྟར་བཞུགས་པའི་དཀྱིལ་འཁོར་ནི་སྣོད་དང་བཅུད་དུ་བཅས་པའི་རྣམ་པར་སྣང་བའི་རྣམ་པ་ཐམས་ཅད་ལ། གང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་རུ་རྣམ་པར་དག་པ་སྟེ། དེ་ལྟར་ཡང་ལེའུ་གཉིས་པ་ཡབ་ཡུམ་གྱིས་གླེང་བསླངས་པ་ལས་ཤེས་པར་བྱའོ། །གནས་ཀྱི་འོག་མིན་ནི་གཙང་མ་རིགས་ལྔའི་ཡང་ཐོག་དང་། དབང་ཕྱུག་ཆེན་པོའི་གནས་ལ་ཤེས་པར་བྱའོ། །དེ་ལྟར་ཡང་གསུངས་པ། གཙང་མའི་གནས་དག་སྤངས་ནས་ནི། འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་ཏེ། གཙང་མ་རིགས་ལྔའི་ཡང་ཐོག་ན་དབང་ཕྱུག་ཆེན་པོའི་གནས་ལ་ཤེས་པར་བྱའོ། །དེར་བཞུགས་པའི་དཀྱིལ་འཁོར་ནི། ཆོས་ཀྱི་རྒྱལ་སྲིད་ཐམས་ཅད་ལ་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུ་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་ཏེ་གནས་པ། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད་པའི་རྟེན་དུ་བཞུགས་པ་དེ་ལ་ཤེས་པར་བྱའོ། །རིག་པའི་འོག་མིན་ནི་ཡུམ་གྱི་བྷ་ག་ལྷ་ཐམས་ཅད་ཀྱི་འབྱུང་གནས། མངལ་གྱི་སྐྱེ་གནས་པ་ཐམས་ཅད་སྐྱེས་ཏེ། ཡུམ་གྱི་པདྨ་ལ་ཤེས་པར་བྱའོ། །དེར་བཞུགས་པའི་དཀྱིལ་འཁོར་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡི་གེ་ཐམས་ཅད་སངས་རྒྱས་པའི་འབྲས་བུ་ལྷག་པའི་བྱང་ཆུབ་སེམས་སུ་རིག་པའི་གསང་བའི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། དེ་ལྟར་ལེའུ་བཞི་པ་ཡི་གེ་ཕྲེང་བ་བཀོད་པ་ལས་རྟོགས་པར་བྱའོ། །དེ་ལྟར་གནས་ཐ་དད་པས་ནི་ལྷ་ཡང་ཁྱད་པར་སོ་སོ་ན་ཡོད་པར་ཤེས་པར་བྱའོ། །དེ་ཡང་ཆོས་ཀྱི་སྐུའི་རང་བཞིན་གྱིས་ཀུན་ལ་ཁྱབ་པའི་ཕྱིར་ན། མཐའ་མེད་པ་ཞེས་བྱའོ། །སངས་རྒྱས་དང་སེམས་ཅན་གཉིས་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་མཉམ་པའི་རང་བཞིན་དང་ལྡན་པ་ནི་དབུས་མེད་ཅེས་བྱའོ། །དེ་ལྟ་བུའི་གནས་ན་བཞུགས་སུ་ཟིན་ཀྱང་། གཞལ་ཡས་ཁང་ནི་ཇི་ལྟ་བུ། འོག་མིན་མངའ་འམ་མི་མངའ་སྙམ་པའི་རྟོག་པ་བསལ་པའི་དོན་དུ། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་སོགས་སྨོས་པས། ཐེག་པ་མཆོག་གི་ཁྱད་པར་བསྟན་པ་ཡིན་ཏེ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་བྱ་བའི་བར་དུ་ཇི་སྙེད་པའོ། །དེ་ལ་གཞི་ཞེས་བྱ་བ་ཡང་གཉིས་ཏེ། རང་བཞིན་གྱི་དཀྱིལ་འཁོར་གྱི་གཞི་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་གཞིའོ། །དེ་ལ་རང་བཞིན་གྱི་དཀྱིལ་འཁོར་གྱི་གཞི་ནི། ནམ་མཁའ་དང་ཆོས་ཀྱི་དབྱིངས་སོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་གཞི་ལ་ཡང་གཉིས་ཏེ། ནང་དང་། གསང་བའོ། །དེ་ལ་ནང་གི་ཏིང་ངེ་འཛིན་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱིས་བསྐྱེད་པའོ། །དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་དང་། སེ་མ་ཡོ་ག་ལ་སོགས་ཏེ་མ་ཧཱ་ཡོ་གའི་གཞུང་ངོ་། །ཡེ་ཤེས་ཉིད་དང་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞི། དེ་རེ་རེ་ལ་ཡང་བཞི་བཞིར་འགྱུར་ཏེ། དེ་བཞིན་དུ་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས་བྱུང་བའི་གཞལ་ཡས་ཁང་ཡིན་པས་ན། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་ཞེས་བྱ་སྟེ། དེས་ནི་ཐེག་པ་ཆེན་པོ་ཨ་ཏི་ཡོ་གའི་ཕྱོགས་བཟུང་བ་ཡིན་ནོ། །མཛེས་བྱའི་ཕྱིར་ཞེས་པ། སྤྱིའི་གཙུག་ལག་གི་གཞུང་གིས་ཀྱང་། གློ་འབུར་ནི་མཛེས་པ་ཡིན་ལ། དེ་དང་མཐུན་པར་ཡང་གློ་འབུར་དུ་འགྱུར་པ་ཡིན་ཏེ། དེ་ལྟར་མཛེས་པར་གྱུར་པ་ལ་ཡང་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བ་ཡིན་པས་གློ་འབུར་དེ་ལ་མཛེས་ཞེས་བྱའོ། །དེ་དག་གིས་ནི་གྲུ་བཞི་པའི་གཞལ་ཡས་ཁང་དང་པོ་བསྟན་པ་ཡིན་ནོ། །ད་ནི་གཞལ་ཡས་ཁང་གཉིས་པ་རྡོ་རྗེ་ཀུན་ཏུ་བཟང་མོའི་ངང་ཉིད་བསྟན་པ་ཡིན་པའི་ཕྱིར། ཡང་གསུངས་པ། རྩེ་མོ་ཞེས་པ་ནས་ཀུན་ཏུ་འཁྱིལ་ཞེས་པའི་བར་འབྲེལ་ལོ། །དེ་ལ་དང་པོས་ནི་བྷ་ག་བསྟན་པ་ཡིན་ལ། གཉིས་པས་ནི་ཡུམ་ཉིད་དུ་མ་ཧཱ་ཡོ་གའི་ཕྱོགས་སུ་བསྟན་པ་ཡིན་ནོ། །ཞེས་མཁས་པ་ལ་ལ་དག་གླེང་ངོ་། །དེ་ལ་རྩེ་མོ་ཞེས་པ་ནི་རྡོ་རྗེ་ཀུན་ཏུ་བཟང་མོ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་དབུའི་གཙུག་ཏོར་ལ་བྱ་སྟེ། དེ་ཡང་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཁོ་ན་ཡིན་པས། ཕྱོགས་བཅུའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ་ཞེས་སྨོས་པ་ཡིན་ཏེ། སྟོང་པ་ཆེན་པོའི་ཡེ་ཤེས་ལ་ནི། ཡེ་ཤེས་ཀུན་ཏུ་འཁྱིལ་བ་བཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཤེས་པའི་རྒྱུད་མ་བྱུང་བའི་ཕྱིར། དེ་ཡང་མཆོད་རྟེན་གྱི་བུམ་པ་དང་ཡུམ་གྱི་དབུའི་གཙུག་ཏོར་ལ་སྨོས་པ་ཡིན་ཏེ། དེ་ཡང་ཡུམ་སྨོས་པ་ནི་མ་ཧཱ་ཡོ་གའི་ཕྱོགས་བཟུང་བ་ཡིན་ནོ། །མཆོད་རྟེན་སྨོས་པ་ནི་ཨ་ཏི་ཡོ་གའི་ཕྱོགས་བཟུང་བ་ཡིན་ནོ། །དེར་ཡང་མ་ཟད་དེ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས་བྱུང་བའི་དབྱིབས་དང་ཁ་དོག་རིན་པོ་ཆེར་གནས་ལ། འཁྱིལ་བ་སོགས་ཀྱི་སྤྱི་མང་པོ་གཅིག་ཏུ་བསྡུས་སམ་ཡོད་པར་གསུངས་པ་ལ། མདོའི་དབྱིབས་དང་ཁ་དོག་གཉིས་སུ་བཟུང་བ་ཡིན་ནོ། །དེ་ཡང་རྣམ་པ་ནི་མང་པོ་ལ་ཐ་དད་པ་ནི་མི་མཐུན་པ། བྱེ་བྲག་ནི་སོ་སོར་མ་འདྲེས་པ། ཁྱད་པར་དུ་གྱུར་པ་ནི་དཀར་པོའི་ས་ནས་ཁྱད་པར་དུ་གྱུར་པ། དེ་བཞིན་དུ་དཀར་ལྗང་གི་ས་ན་ཁྱད་པར་དུ་གྱུར་པ་སྟེ། དེ་བཞིན་དུ་ཉི་ཤུ་རྩ་ལྔའི་བར་དུ་གཟུང་བར་བྱའོ། །ཡང་ལ་ལའི་གཞུང་གིས་གོང་དུ་སྨོས་པའི་ཡུམ་དེ་འདྲ་ན། རང་བཞིན་མེད་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞེས་སྨོས་པ་ཡིན་ནོ། །ཡེ་ཤེས་རིན་པོ་ཆེ་ཞེས་པའི་ཚིག་གིས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དབུ་རྒྱན་དང་དཔུང་རྒྱན་དང་། ཕྱག་དང་ཞབས་ཀྱི་གདུ་བུ་དག་གི་དབུས་ན་ཡང་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ཁོ་ན་བཞུག་པ་ཡིན་པས། ཡེ་ཤེས་རིན་པོ་ཆེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་ཞིང་དབྱིབས་དང་ཁ་དོག་རིན་པོ་ཆེར་གནས་པའི་ཕྱིར་རོ། །སྤགས་པ་ཞེས་པ་ནི་ཁྱད་པར་དུ་གྱུར་པ་དང་། ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་ཏེ། དེ་ལྟར་ཡང་གསུངས་པ། ཁྱད་པར་ཕྱིན་སྤགས་ཞེས་དང་། ཕྱི་དང་ནང་དང་ཁམས་གསུམ་མོ་ཞེས་གསུངས་པ་ཡིན་ཏེ། ལྷའི་གཞལ་ཡས་ཁང་དང་། ཉི་མ་དང་། ཟླ་བ་དང་། འཁོར་ལོས་སྒྱུར་བའི་བདག་པོ་ལས་ཀྱང་ཁྱད་པར་དུ་གྱུར་པ་དང་། ནང་ཟབ་པའི་ཁམས་གསུམ་ནི། མ་ཧཱ་ཡོ་གའི་གཞུང་སྟེ། ཡུམ་དེ་ཉིད་ཀྱང་འདོད་པའི་ཁམས་ཀྱི་ཡུལ་དྲུག་དང་། གཟུགས་ཀྱི་ཁམས་ཀྱི་དབང་པོ་དྲུག་དང་། གཟུགས་མེད་པའི་རྣམ་པར་ཤེས་པ་དྲུག་སྟེ། དེ་ལྟར་ཁམས་བཅོ་བརྒྱད་པོ་དག །སེམས་དཔའ་དང་སེམས་མ་ཉིད་དུ་གནས་པའོ། །ཕྱིའི་ཁམས་གསུམ་ནི། འདོད་པའི་ཁམས་ཉི་ཤུ་དང་། གཟུགས་ཀྱི་ཁམས་བཅུ་བདུན་དང་། གཟུགས་མེད་པའི་ཁམས་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཡུལ་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་དུ་འདུས་པས། རྟོག་པའི་ཡུལ་ཅན་ཐམས་ཅད་ལས་སྤགས་ཏེ། དེའི་རྟགས་སུ་ནང་གི་གཞལ་ཡས་ཁང་ཡང་སུམ་བརྩེགས་སུ་གནས་ལ། ཕྱི་རོལ་གྱི་མཆོད་རྟེན་ལ་ཡང་ཁྲི་འཕང་དུ་བཅས་པའོ། །དེ་ལྟར་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་པའི་ཕྱིར་སྤགས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། བདག་དང་གཞན་གྱི་དོན་རྒྱ་དང་། ཡོན་ཏན་དཔག་ཏུ་མེད་པའོ། །མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པའི་ཕྱིར་སྤགས་པ་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར། ཕྲེང་བ་དང་ཞེས་ཏེ། བརྒྱ་རྩ་བརྒྱད་ཀྱི་རྒྱུད་ནས་ཕྲེང་བ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར། ཆུན་འཕྱང་སྟེ། བཀུག་ནས་འདུད་པའི་ཆུན་འཕྱང་དང་། ཕྱ་བ་ནན་ཏན་གྱི་རྒྱུ་ལས་བྱས་པའི་ཕྱིར་ཤར་བུ་སྟེ། རྐྱང་བའི་སྣ་ལ་རིན་པོ་ཆེའི་རྩེར་གསེར་གྱི་ དྲིལ་བུ ་གཡེར་ཁ་སྟོང་པ་ཉིད་ཀྱི་སྒྲ་འབྱིན་པ་དང་། ཡང་གཟུགས་ལ་སོགས་པ་འདི་དག་མ་ཧཱ་ཡོ་གའི་དབང་དུ་བཀྲལ་བ་ནི། བསྒོམ་ཁོག་གི་རིམ་པ་ལས་ཤེས་སོ། །ཞེས་པས་གཞལ་བའི་ཡུལ་མ་ཡིན་པས་ན། ཚད་དཔག་ཏུ་མེད་པ་ཞེས་བྱ་བ་སྟེ། དེས་ཀྱང་རང་བཞིན་གྱི་འོག་མིན་བཟུང་བར་བྱ་བ་ཁོ་ན་ཡིན་ནོ། མ་ཧཱ་ཡོ་གའི་དབང་དུ་ན་ནི། ལྷ་མོའི་གཟུགས་སུ་བཞུགས་ཀྱང་། ཚད་དཔག་ཏུ་མེད་པ་ཡིན་ནོ། ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ཀྱི་ངང་ཉིད་པས་སོ། །ཡེ་ཤེས་ལྔའི་རྒྱན་གྱིས་བརྒྱན་པའི་ཁྱད་པར་ཁོ་ནར་སྨོས་པའི་ཕྱིར། ཡེ་ཤེས་རིན་པོ་ཆེའོ། །དེ་ཡང་རིགས་ལྔ་ཁོ་ནའི་རང་བཞིན་པས། སྣ་ཚོགས་ཀྱི་ཕྲེང་བ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོ་སྟེ་རིམ་པ་བཞིན་དུ། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། ཐུགས་ཀྱི་རྡོ་རྗེའི་རིགས་རྣམས་སོ། །དེར་ཡང་མ་ཟད་དེ། ཐེག་པ་མཆོག་གི་ཁང་པར། དེ་ཉིད་ཀྱི་ཡོན་ཏན་གྱི་རྣམ་པ་གཞན་ཡང་བསྟན་པའི་ཕྱིར། གཟུགས་སྣ་ཚོགས་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་གཞལ་ཡས་ཁང་གི་བཀོད་པ་བསྟན་པའི་ཕྱིར། མི་བསྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་ཀླུབས་པ་ཞེས་པ་དང་འབྲེལ་ཏོ། །དེ་ལ་གཟུགས་སྣ་ཚོགས་ལ་སོགས་པ་འདི་དག་ཀྱང་། ཨ་ཏི་ཡོ་གའི་དབང་དུ་སྣང་ལ་རང་བཞིན་མེད་པ་ཡིན་ལ། མ་ཧཱ་ཡོ་གའི་དབང་དུ་ལྷ་མོའི་རང་བཞིན་དུ་ལྟ་བ་དང་བདག་ཉིད་དང་ལྷ་གཉིས་སུ་མེད་པའོ། །དེ་བཞིན་དུ་སྒྲ་སྣ་ཚོགས་དང་ཞེས་པ་ཡང་དངོས་པོ་མེད་པ་ཆོས་ཀྱི་སྒྲ་དང་། ལྷ་མོའི་རང་བཞིན། དྲི་ཡང་རང་བཞིན་མེད་པ་ཆོས་ཀྱི་དྲི་དང་། ལྷ་མོའི་རང་བཞིན། རོ་ཡང་དངོས་པོ་མེད་པ་ཆོས་ཀྱི་རོ་དང་། ལྷ་མོའི་རང་བཞིན། རེག་བྱ་ཡང་དངོས་པོ་མེད་པ་ཆོས་ཉིད་ཀྱི་རེག་བྱ་དང་། ལྷ་མོའི་རང་བཞིན་ཏེ། དེ་དག་ཀྱང་དོན་དམ་པ་དང་། ཀུན་རྫོབ་ཀྱི་དབང་དུ། ཨ་ཏི་ཡོ་ག་དང་། མ་ཧཱ་ཡོ་གའི་དབང་དུ་འདུ་བར་བྱ་བ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་འདུས་ཤིང་གཉེན་པོ་དང་བྱེད་པ་པོའི་ཕྱོགས་སུ་གསུངས་པ་དང་བྲལ་བའི་ཕྱིར། ཕྱོགས་བཅུར་འཁྲིགས་པར་རང་བྱུང་བ་སྟེ་ཞེས་བྱ་སྟེ། དེ་ལྟར་ཡང་ཞེས་བྱ་བའི་དོན་ནི། །གཉེན་པོ་བྱེད་པ་པོ་སྤངས་བར་ངེས་པ་ཉིད་དུ་ཡང་གསུངས་ལ། འབྲེལ་པ་ལྷག་མ་དང་བཅས་པ་ཉིད་དུ་མངོན་ནོ། །བླ་རེ་དང་། འཕན་དང་། རྒྱལ་མཚན་དང་། གདུགས་དང་། ཁྱུང་མགོ་དང་། ཟར་ཚག་དང་། གོས་ལ་སོགས་པའི་རྒྱན་གྱིས་ཁྱད་པར་ཐམས་ཅད་དང་ཡང་ལྡན་པའི་ཕྱིར། མི་སྒྲིབ་པར་གསལ་བའམ། རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རྒྱུ་ལས་བྱུང་ཞིང་དྲི་མའི་ཕྱོགས་སུ་གསུང་པ་ཐམས་ཅད་དང་བྲལ་བའི་ཕྱིར་མི་སྒྲིབ་པ་བྱའོ། །དེ་ལྟར་མི་སྒྲིབ་པར་ཡང་མ་ཟད་དེ། རྒྱན་དེ་དག་ཡོན་ཏན་དུ་གསུང་པ་ཐམས་ཅད་དང་ལྡན་པའི་ཕྱིར། གསལ་བ་སྟེ་འོད་དང་ཡང་ལྡན་ནོ། །ཞེས་པའོ། །རྣམ་པའི་བྱེ་བྲག་ཏུ་བརྗོད་པ་མེད་པ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བརྒྱན་པ་སྟེ། རྒྱན་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་གོས་ལ་སོགས་པས་འཚམས་མི་ཕྱེད་པ་དང་ལྡན་པའི་ཕྱིར་ཀླུབས་པ་སྟེ། དེ་ཡང་ཚད་མེད་པའི་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་དང་ལྡན་པའི་ཕྱིར་རོ། །རྣམ་པའི་ཁྱད་པར་གྱི་ཡོན་ཏན་གཞན་དང་ཡང་ལྡན་པར་བསྟན་པའི་ཕྱིར། རྣམ་པར་ཐར་པའི་སྒོ་ནས་འཇུག་པའི་སྒོ་ཁྱུད་དང་། ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོ་མཆོག་གི་ཁང་པ་དེར་བགྲོད་པ་མེད་པར་འཇུག་པའི་ཕྱིར། སྒོ་དང་སྒོ་ཁྱུད་ལ་སོགས་པ་སྨོས་པ་ཡིན་ཏེ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་པ་དང་འབྲེལ་ཏོ། །དེ་ལ་རྣམ་པར་ཐར་པ་བཞི་ཞེས་པ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་བཞིའོ། །དེ་ལྟར་རྣམ་པར་ཐར་པའི་སྒོ་དེ་བཞིན་སྨོས་པ་ཡང་། ཐེག་པ་ཆེན་པོ་ཉིད་དུ་བརྗོད་པར་བྱ་བ་ཡིན་པས་རྣམ་པར་ཐར་པ་བཞིས་ཞེས་སྨོས་པ་ཡིན་ནོ། །འི་ཞེས་པའི་སྒྲ་ནི་ངེས་པར་བསྟན་པ་སྟེ། ཐེག་པ་ཆེན་པོའི་རྣམ་པར་ཐར་པ་དེ་བཞི་ཡིན་གྱི། གཞན་ཐེག་པ་ཆུང་ངུ་སེམས་ཙམ་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་ཞེས་པ་ནི། ཆེ་བའི་གནས་རྟ་བབས་ཀྱང་སྨོས་ཏེ། དེ་ཡང་དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་། ཐེག་པ་ཕྱི་པའི་ཐེག་པ་ཆེན་པོའི་བབས་ཞོན་གྱི་རྟ་བབས་བརྒྱད་ཅེས་སྨོས་ཏེ། ཐེག་པ་ཕྱི་པའི་ཐེག་པ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། དེ་དག་ཀྱང་རྫོགས་པ་ཆེན་པོའི་དཀྱིལ་འཁོར་འདིར་འཇུག་དགོས་པ་ཡིན་པས། དེ་དག་གིས་ཡར་ཡར་འདས་པའི་ཚེ་ཞོན་པ་ཡིན་ལ། ཕྱིར་ཕྱིར་འགྲོ་བའི་ཚེ་བབས་པ་ཡིན་ཏེ། དོན་དུ་ནི་སྒོ་བཞི་ལ་གཡས་གཡོན་གཉིས་ན། གཉིས་གཉིས་བརྒྱད་དེ། དེ་ཡང་ནང་གཟུགས་མེད་པ་ལ་སོགས་པ་བརྒྱད་ཡིན་ནོ། །དེ་ལ་རྣམ་པར་ཐར་ཞེས་བྱ་བའི་སྒྲ་ནི། འཁོར་བ་ལས་ཐར་ཞིང་མྱ་ངན་ལས་འདས་པ་ལ་ཞུགས་པ་ཡིན་ནོ། །དེ་ཡང་འཁོར་བ་སྤངས་པ་ཡིན་ཏེ། སརྦ་འབུ་ཏ་ལས་ཀྱང་མི་བརྟན་པ་དང་འདུད་དུ་མི་འགྱུར་ཞེས་གསུངས་ཏེ། ཕྱིན་ཅི་ལོག་གི་དབང་གིས་འཁོར་བར་མི་འགྱུར་ཞེས་བྱའོ། །དེ་ལྟར་རྒྱུད་ཕྱི་མ་ལས་ཀྱང་། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་གྱུར་པ་ཡིན། །ཞེས་འབྱུང་ངོ་། །མ་ཧཱ་ཡོ་གའི་ནི་གཞུང་གཞན་ནོ། །སྡོམ་ལ། ཡུལ་ཆོས་ཀྱི་དབྱིངས་ནི་ནམ་མཁའ་ཀུན་ཏུ་བཟང་མོ། སྣོད་འབྱུང་བ་ཆེན་པོ་བཞི་ནི་ལྷག་པའི་ཡེ་ཤེས་གློ་འབུར་ཡུམ་བཞི། བཅུད་འགྲོ་བ་རིགས་དྲུག་ནི། བྱང་ཆུབ་ཀྱི་སེམས་ལྷ་སུམ་ཅུ་རྩ་དྲུག་ཏུ་ཡེ་ནས་སངས་རྒྱས་པའི་ཕྱིར་ནི། ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་བྱ་སྟེ། ཤེལ་དང་ཤེལ་གྱི་ནང་དུ་བཞུགས་པའི་གཟུགས་བཞིན་དུའོ། །ན་ཞེས་པའི་ཚིག་ནི་ལྷག་མ་དང་བཅས་པ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ཁྱད་པར་དུ་འཕགས་པའི་གནས་དེ་ན། ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་འཇིགས་སེང་གེའི་ཁྲི་དང་ཞེས་བྱ་བ་ལ་སོགས་ཏེ། འབྲས་བུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ། སྨོན་ལམ་དང་དགོས་པའི་དབང་གིས་དེ་བཞིན་གཤེགས་པའི་གདན་དུ་བྱས་པ། གོས་པ་མེད་པ་པདྨའི་རིན་པོ་ཆེའི་གདན་ལ་ཞེས་པའི་བར་དུ་ཇི་སྙེད་པའོ། །དེ་ལྟར་རྣམས་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་ཏནྟྲ་ལས་ཀྱང་། བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་གདན་ཁྲི་ལ་བཞུགས་ཏེ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། ཞེས་བྱ་བ་ལ་སོགས་པ་སྟེ། འོ་ན་བྱང་ཆུབ་སེམས་དཔའ་དངོས་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ནི་མུ་སྟེགས་པའི་ཕྱིར་དགོས་པ་མེད་ཅེའོ། །དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་། སྟོབས་བཅུ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་བཅུ་དང་། ཤེས་བྱ་གངས་ཆེན་གྱི་མཚོ་ལྔའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱས་པར་བྱ་ཡིས་ཀྱང་། འདིར་ཚིག་མང་གིས་དོགས་པས་མ་བྲིས་སོ། །གཞན་གྱིས་མ་བྱས་པས་རང་བཞིན་གྱིས་འོད་གསལ་ཞིང་སྣང་བར་བྱེད་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བར་བྱེད་པ་སྟེ། ཉི་མས་ནི་ཐམས་ཅད་སྲེག་ཅིང སྨིན་པར་བྱེད། ཟླ་བ་ནི་བསིལ་བ་ཡིན་པས་དགེ་བའི་ལོ་ཏོག་སྐྱེས་པར་བྱེད་པ་ཡིན་པས། དེ་ཡང་ཕྱི་དང་ནང་དུ་ཤེས་པར་བྱའོ། །ཞི་བའི་དཀྱིལ་འཁོར་གྱི་ཚུལ་དང་ལྡན་པས་མདོར་ན་མ་རིག་པའི་མུན་པ་སེལ་བའི་ངང་ཅན་ནོ། །གོས་པ་མེད་པ་པདྨ་ཞེས་པ། པདྨ་འདམ་ནས་སྐྱེས་ཀྱང་ཉེས་པས་མི་གོས་པ་དང་འདྲ་ཞེས་བྱ། པདྨ་རིན་པོ་ཆེ་ཞེས་པ་ནི། བི་ཤྭ་སྟེ་སྣ་ཚོགས་ཀྱི་པདྨ་ལ་ཤེས་པར་བྱའོ། །དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་གདན་དེ་ལ་སུ་བཞུགས་ཞེ་ན། སྐུ་ལྔ་བཞུགས་སོ། །ཞེས་བྱའོ། །དེ་ལ་སྐུ་ལྔ་པོ་འདི་དག་གང་ཞེ་ན། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། རང་བཞིན་གྱི་འོད་གསལ་བའི་སྐུའོ། །དེ་ལ་དཔལ་ཀུན་ཏུ་བཟང་པོ་ནི་ཆོས་ཀྱི་སྐུ་ཡིན་པས། དེའི་ཁྱད་པར་རམ་ངོ་བོ་ཉིད་ནི་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་དོན་ནོ། །ངོ་བོ་ཉིད་ཀྱི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གང་དང་ལྡན་ཞེ་ན། སྐུ་མདུན་དང་རྒྱབ་མེད་པ། ཐམས་ཅད་དུ་ཞལ་ཐ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དང་ལྡན་པ། ཞེས་བྱ་བ་ལ་སོགས་པས་བསྟན། སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལས་བྱུང་བ་སྟེ། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་གྱིས་འོད་གསལ་བའི་སྐུ་ནི། རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་སྟེ། འདིར་ནི་སྐུ་ལྔ་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་རོ། །འདི་ལ་ཅིའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སྐུ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡོད་པར་བསྟན་པ་སྟེ། དེ་ཡང་དོན་དམ་པའི་དབང་དུ་ནི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རྒྱུ་རྡོ་རྗེ་ལྟ་བུ་ཅིས་ཀྱང་མི་ཤིགས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་ཡེ་ནས་སངས་རྒྱས་པར་བསྟན་པ་ཡིན་ལ། ཀུན་རྫོབ་ཕྱིན་ཅི་ལོག་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་སངས་རྒྱས་པར་བསྟན་པ་སྟེ། དེ་ལྟར་ལེའུ་དང་པོ་དང་གཉིས་པ་ལས་ཀྱང་དེ་ལྟར་བསྟན་ལ། རྒྱུད་འདིའི་དོན་ཡང་འདི་ལྟར་རོ། །དེ་ལྟར་མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་ལ་ཡེ་ནས་སངས་རྒྱས་པའི་རང་བཞིན་རྡོ་རྗེ་ལྟར་མི་ཤིགས་པའི་མཐུ་བོ་ཆེ་ཡོད་དོ། །ཞེས་རྒྱས་པར་གསུངས་སོ། །དེ་ལ་རང་བཞིན་གྱིས་འོད་གསལ་བ་སྐུ་ལྔའི་ཁྱད་པར་གང་ཞེ་ན། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཞེས་བྱ་བ་ལ་སོགས་པ་སྟེ། དབུ་གསུམ་དང་ལྡན་པ། ཞེས་བྱ་བའི་བར་དུ་འབྲེལ་ཏོ། །དེ་ལ་ཐེག་པ་ཆེན་པོ་ཨ་ཏི་ཡོ་ག་པས་ནི། ཉན་ཐོས་ལ་སོགས་པ་བཟུང་པའི་ཡུལ་སྤང་བ་ལ་སོགས་པ་དེ་ཉིད་སྐྱོན་དུ་ལྟ་ཏེ། སྣང་བ་མི་འགོགས་པས་གཟུགས་ལ་སོགས་པའི་དངོས་པོར་གྱུར་པ་ཐམས་ཅད་ནི། ཡབ་ཐབས་ཀྱི་ཕྱག་རྒྱར་གྱུར་པ་སྟེ། རགས་པ་དེ་ཉིད་རང་བཞིན་མེད་པར་ཤེས་པ་ནི་ཤེས་རབ་ཡུམ་གྱི་ངོ་བོར་བཞེད་པ་ཡིན་ནོ། །མ་ཧཱ་ཡོ་ག་པས་ནི་འབྱུང་བ་ཆེན་པོ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་སྲ་བ་དང་གཤེར་བ་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་འཛིན་པ་ཐམས་ཅད་ཐབས་ཡབ་ཀྱི་ངོ་བོ་ཡིན་ལ། དེ་དག་དངོས་པོ་མེད་པར་ཤེས་པ་ནི་ཤེས་རབ་ཡུམ་དུ་འདོད་དོ། །དེ་ནི་སྤྱིའི་འོ། ཁྱད་པར་དུ་ཀུན་རྫོབ་ཀྱི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ནི། ཡབ་ཡུམ་ཐབས་ཤེས་རབ་རོལ་པའོ། །དེ་ལྟར་ཡང་གསུངས་བ། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་རྟོགས་ཤེས་རབ་ཉིད། །གང་ཞིག་དངོས་མེད་ཤེས་རབ་སྟེ། །རང་གི་མཚན་ཉིད་ཐབས་ཡིན་ནོ། །ཞེས་གསུངས་པའོ། །དེ་ལྟར་ཐབས་དང་ཤེས་རབ་དེའི་སྐྱིལ་མོ་ཀྲུང་ནི། གང་དང་གང་ལ་བྱ་བ་ཡིན་ཞེ་ན། པདྨའི་སྐྱིལ་མོ་ཀྲུང་དང་། རྡོ་རྗེ་དང་། བཀྲ་ཤིས་དང་། སེམས་དཔའི་སྐྱིལ་མོ་ཀྲུང་ལ་སོགས་པ་ལ་མི་བྱ་སྟེ། ཐབས་དང་ཤེས་རབ་རོལ་པའི་སྐྱིལ་མོ་ཀྲུང་སྟེ། ཕྱག་དང་ཞལ་སྦྱོར་བ་སྒྲོག་གི་དོན་ནོ། །དེ་ལྟར་སྐྱིལ་མོ་ཀྲུང་ནི་སྤྱོད་ལམ་རྣམ་བཞིར་བཞུགས་སོ། །མཉམ་ཞེས་པ་ནི་ཞལ་ནས་ཞལ་དང་། ཐུགས་ནས་ཐུགས་དང་། མཚན་ནས་མཚན་དུ་མཉམ་པས་སོ། །ཡང་བཅོམ་ལྡན་འདས་དེ་ཉིད་ཀྱི་ཡན་ལག་གི་ཁྱད་པར་བསྟན་པའི་ཕྱིར། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན་ཞེས་ཏེ། སྟོང་པ་ཆེན་པོའི་ཡེ་ཤེས་ལ་སོགས་པ། ཡེ་ཤེས་ཆེན་པོ་དྲུག་གི་ཕྱག་གི་རྟགས་མཚན་མའི་ངོ་བོ་ཡེ་ཤེས་ཆེན་པོའི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པ་དྲུག་དང་ལྡན་ཏེ། དེ་ཡང་ཁམས་དྲུག་གསུམ་བཅོ་བརྒྱད་པོ་དག་པ་དང་། འགྲོ་བ་དྲུག་པོ་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ལྔ་དང་། དངོས་པོ་དང་མཚན་མ་ལ་སོགས་པ་རྣམ་པར་ཐར་པ་དང་མི་མཐུན་པ་ལྔ་ལ་དམིགས་པའི་ངོ་བོ་ཉིད་ཁོ་ནའོ། །སྐུ་ཕྱག་རྒྱ་ཆེན་པོའི་ཁྱད་པར་སྨོས་པའི་ཕྱིར་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། ཞེས་བྱ་བ་ནི་འཕྲོས་པ་དང་བཅས་པ་སྟེ། དེ་ཉིད་གང་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ་ལ་སོགས་པ་ཇི་སྙེད་པའོ། །དེ་ལ་རང་བཞིན་གྱིས་འོད་གསལ་བའི་སྐུ་དང་། རིགས་ལྔ་དེ་ཁོ་ན་ཉིད་ཀྱང་གང་ཞེ་ན། ཞེ་སྡང་རྣམ་པར་དག་བའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པའི་ཐུགས་རྡོ་རྗེ་ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན། མི་བསྐྱོད་པའི་དཀྱིལ་འཁོར་ཆོས་ཀྱི་སྐུའི་ངོ་བོ་གཙོར་སྨོས་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་དུ་གཏི་མུག་ལ་སོགས་པ་ཉོན་མོངས་པ་བཞི་དང་། གཟུགས་ལ་སོགས་པ་ཕུང་པོ་བཞི་དང་། མེ་ལོང་ལྟ་བུ་ལ་སོགས་ཡེ་ཤེས་བཞི་དང་རྣམ་པར་སྣང་མཛད་ལ་སོགས་ཏེ་རིགས་བཞི་དང་། སྐྱེ་ཤི་མེད་པའི་སྐུ་ལ་སོགས་ཏེ་སྐུ་བཞི་རྣམས་ཇི་ལྟར་རིམ་པ་བཞིན་དུའོ། །དེ་ལ་བཅོམ་ལྡན་འདས་ཀྱང་ཡིན་ལ། དེ་བཞིན་གཤེགས་པའང་ཡིན་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་དང་དེ་དག་གི་ཚིག་གི་དོན་ཨ་ཏི་ཡོ་གའི་དབང་དུ་བཤད་པ་གོང་དུ་ཐལ་ལོ། །མ་ཧཱ་ཡོ་གའི་རྣལ་འབྱོར་གྱི་དབང་དུ་བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་པ་ནི། རྡོ་རྗེའི་ཆོ་ག་ཆེན་པོ་རྣམ་པ་ལྔས། རིག་པའི་སྐྱེས་བུ་རང་འབྱུང་བར་འགྱུར་ཞིང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལྷའི་རང་བཞིན་དུ་རྣམ་པར་དག་པར་བཞུགས་པས་ནི་ཕུང་པོའི་བདུད་བཅོམ། ཐབས་དང་ཤེས་རབ་རྣམ་པར་དག་པའི་ངོ་བོ་ཉིད་དུ་དུས་བཞིར་མཉམ་པ་ཉིད་དུ་བཞུགས་པས་ནི་ཉོན་མོངས་པའི་བདུད་བཅོམ། ཆོས་ཉིད་བྱང་ཆུབ་སེམས་སྐྱེ་བ་མེད་པའི་དབྱིངས་ལ་དུས་བཞིར་འབྱུང་འཇུག་མེད་པར་བཞུགས་པ་ཡིན་པས་ནི་འཆི་བདག་གི་འདུད་བཅོམ། ཕྲག་དོག་ཡོངས་སུ་དག་པས་ལྷའི་བུའི་བདུད་བཅོམ། ཞེས་བྱ་སྟེ། དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་རྣམ་པར་དག་པའི་རང་བཞིན་གྱིས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་། དཔེ་བྱད་དུ་ལྡན་པའི་སྒོ་ནས། ཐབས་དང་ཤེས་རབ་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ལྡན་པར་ཞེས་བྱའོ། །ཡང་དག་པར་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་ལ་ན་རེ། སྐྱེ་བ་མེད་པའི་དབྱིངས་ཀྱི་ངང་ལ་དུས་བཞིར་རྟག་ཏུ་བཞུགས་པས་ནི། སྐྱེ་བའི་རྟོག་པ་བཅོམ་པ་ཡིན་ལ། ཀུན་རྫོབ་ཏུ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ལྡན་པར་བཞུགས་པ་དང་། དོན་དམ་པར་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་ལྡན་པར་བཞུགས་པའོ། །དེ་ཉིད་ཀྱང་གང་ཞེ་ན། རྣམ་པར་ཤེས་པའི་རྒྱལ་པོ་དང་། །ཞེས་པ་དང་། འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཡོངས་སུ་དག་པ་རྒྱལ་བ་རིགས་ལྔར་བཞུགས་པའོ། །དེ་ནི་སྤྱིའོ། །ཁྱད་པར་དུ་འགྲེལ་བ། རྣམ་པར་ཤེས་པའི་རྒྱལ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་དག་པ་དཔལ་རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་ཡང་ཡོངས་སུ་མ་དག་པའི་དུས་ན་ནི་འཁོར་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། ཡོངས་སུ་དག་པའི་དུས་ན་ནི་མྱ་ངན་འདས་པ་ཐམས་ཅད་ཀྱི་རྩ་བའོ། །གཟུགས་ཀྱི་རྒྱལ་པོ་དང་བྱ་བ་ནི། སྤྱིའི་དབང་དུ་ནི་རྣམ་པར་སྣང་མཛད་དུ་བཞེད་ལ། ཁྱད་པར་དུ་འབྲེལ་བའི་དུས་སུ་ནི། རྒྱུའི་གཟུགས་བཞི་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་ལྷ་མོ་བཞི་དང་། འབྲས་བུའི་གཟུགས་བཅུ་གཅིག་སྟེ། དེ་ཡང་སེམས་དཔའ་དང་སེམས་མའི་ངང་ཉིད་དུ་ལྟའོ་ཞེས་གསུངས་པ་ལ། ལུས་དང་རེག་བྱ་ནི་ཁྲོ་བོའི་ངང་ཉིད་དུ་འགྲེལ་པ་ཡིན་ནོ། །ཆོས་མངོན་པའི་མདོ་ལས་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་གསུངས་པ་དེ། ཅི་ལྟར་རྣམ་པར་གཞག་པ་ཡིན་ཞེ་ན། ཞེས་བརྒལ་བ་དང་། དེ་ནི་ཐེག་པ་ཆུང་ངུ་བས་ནི་རྣམ་པར་རིག་བྱེད་དུ་བཞེད་པ་སྟེ། ཐེག་པ་ཆེན་པོ་རབ་ཏུ་བསྡུས་བ་དང་། ཐེག་པ་ཆེན་པོ་གཞན་དག་ནི། ལས་ཀྱི་བག་ཆགས་བསོག་པར་བྱེད་པ་ཞེས་གསུངས་ཏེ། ཐེག་པ་ཆུང་ངུ་བས་ནི་རྒྱུ་དང་བྱེད་པའི་རང་བཞིན་ཙམ་དུ་ཤེས་ལ། ཐེག་པ་ཆེན་པོས་ནི་ཕྱི་མའི་ལས་ཀྱི་བག་ཆགས་སུ་དགོངས་པ་ཡིན་ནོ། །འ་ོན་དེ་ལ་ཅིའི་ཕྱིར་གཟུགས་ཤེ་ན། དེ་ལས་བྱུང་པ་དང་ཕྱི་མ་དེའི་རྒྱུར་བྱེད་པའི་མཚན་ཉིད་ཅན་ཡིན་ནོ། །དེར་བརྒལ་བ། ཕྱི་རོལ་ཏུ་གྱུར་པ་ཐེག་པ་ཐམས་ཅད་ཀྱང་ཕུང་པོའི་གོ་རིམ་དང་པོར་གཟུགས་ཀྱི་ཕུང་པོ་གཙོར་སྨོས་པ་ཡིན་ནོ། །འདིར་རྣམ་པར་ཤེས་པ་དང་པོར་སྨོས་པ་རུང་ངམ་ཞེ་ན། དེ་ནི་ཕྱི་རོལ་པ་དག་བཟུང་བའི་དོན་རགས་པ་ལ་གཙོར་འདོད་པ་ཡིན་ལ། འདིར་འཛིན་པའི་གཞི་རྩ་བའི་རྣམ་པར་ཤེས་པ་གཙོར་འདོད་པ་ཡིན་པས་འགལ་བ་མ་ཡིན་པ་དང་། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བཞེད་པ་ཡིན་ནོ། །ཚོར་བའི་རྒྱལ་པོ་དང་། ཞེས་པ་ཚོར་བའི་རང་བཞིན་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའོ། །ཚོར་བ་འབྱུང་བའི་གནས་ནི་དབང་པོ་དྲུག་གོ །དེ་ལ་ཁམས་འོག་མ་གཉིས་ན་ནི། རྣམ་པར་ཤེས་པ་ལྔའི་ཁོངས་སུ་བསྡུ་བ་ཡོད་ལ། གོང་མ་ནི་ཡིད་ཀྱི་ཁོངས་སུ་བསྡུ་བ་ཡོད་དོ། །དེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་བརྟེན་པའི་མཚན་ཉིད་དགེ་བ་དང་མི་དགེ་བའི་འབྲས་བུ་ཅན་ཏེ། དེ་དག་རྣམ་པར་དག་པ་ནི་ཡོངས་སུ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་ཆེན་འབྱུང་ལྡན་ནོ། །ཁྱད་པར་དུ་ནི་རྣམ་པར་ཤེས་པ་དྲུག་དང་མཚུངས་པར་ལྡན་ཏེ། དེ་ཡང་སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོའི་ངང་ཉིད་དུ་བལྟའོ། །འདུ་ཤེས་ཀྱི་རྒྱལ་པོ་དང་། ཞེས་པ་མཚན་མ་དང་། མཚན་མ་མེད་པ་དང་། རྒྱ་ཆེ་བ་དང་། རྒྱ་ཆུང་བ་དག་སྟེ། མདོར་ན་དམིགས་པ་ལ་མཚན་མར་འཛིན་པའོ། །བརྒལ་བ། དེ་ལྟར་ཚོར་བ་དང་འདུ་ཤེས་གཉིས་ཁམས་གསུམ་དུ་ཡང་ཁྱབ་པར་འདྲ་ཞིང་སེམས་ལས་བྱུང་བར་འདྲ་བ་ཡིན་ན། ཅིའི་ཕྱིར་ཕུང་པོ་རེ་རེར་བྱ་སྟེ། དེ་ནི་ཁྱད་པར་མེད་པ་ཡིན་ནོ། །ཞེ་ན། དེ་ཉིད་ཁྱད་པར་ཡོད་དེ་ཚོར་བ་ནི་འདོད་པ་ལ་ཞེན་པ་ཡིན་པས། ཁྱིམ་པ་རྣམས་རྩོད་དོ་ཞེས་འབྱུང་སྟེ། དེ་སྐད་དུ་ཆོས་མངོན་པའི་མདོ་ལས། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་དང་རིམ་རྒྱུ་ཕྱིར། །ཞེས་གསུངས་ཏེ། དཔལ་གསང་བ་འདུས་པ་ལས་ཀྱང་། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །ཞེས་གསུངས་པས། ཚོར་བ་ནི་འདོད་པའི་འདོད་ཆགས་ཀྱིས་མྱོས་པ་ཡིན་ནོ། །འདུ་ཤེས་ནི་ལྟ་བ་ལ་ལྷག་པར་ཞེན་པ་ཡིན་པས། རབ་ཏུ་བྱུང་བ་དང་རབ་ཏུ་མ་བྱུང་བ་རྣམས་རྩོད་དོ། །མུ་སྟེགས་དང་སངས་རྒྱས་པ་རྣམས་རྩོད་དོ། །ཡང་ཐེག་པ་སོ་སོ་པ་རྣམས་ཀྱང་འདུ་ཤེས་ལ་རྩོད་དོ། །དེ་རྣམས་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སོ། །འདུ་བྱེད་ཀྱི་རྒྱལ་པོ་དང་། ཞེས་པ་དེ་ཡང་སེམས་ལས་བྱུང་བ་རྣམས། མཛོད་ཀྱི་བསྟན་ཆོས་ལས། ལྔ་ཀུན་ཏུ་འགྲོ་བ་ལ་སོགས་པ་སྟེ། ལྔ་བཅུ་རྩ་གཅིག་སྟེ། དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ཏེ། དོན་ཡོད་གྲུབ་པ་ལ། ཁྱད་པར་དུ་ནི། སེམས་དཔའ་དང་། སེམས་མ་དང་། ཁྲོ་བོ་དང་། ཁྲོ་མོའོ། །དེ་སྐད་དུ་ཆོས་མངོན་པ་མཛོད་ལས་གསུངས་པ། དབང་དོན་དེ་དག་ཁོ་ན་ལས། སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། ཚོར་བ་མྱོང་བ་འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་སྤྱོད་ཡུལ་དུས་བཞིར་བཞུགས་པའི་ཕྱིར། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ཀུན་གྱི་གོ་འབྱེད་པ་དང་། ཕན་པ་དང་གནོད་པར་མི་བྱེད་པ་དང་། རྟག་པའི་ཕྱིར་ཏེ། གང་ནམ་མཁས་གོ་མ་ཕྱེ་ན། འདོད་པ་ཐམས་ཅད་མི་འབྱུང་བས་སྣང་བའི་དབྱིངས་སོ། །འབྱུང་བ་ཆེན་པོ་བཞི་ལྟར་ཕན་པ་དང་གནོད་པ་ཉེ་བར་མི་བསྒྲུབ་པ་དང་། སྐྱེ་བ་དང་འཇིགས་པ་མེད་པས་རྟག་པ་ཡིན་པའོ། །དེ་རྣམ་པར་དག་ཅིང་ཡོངས་སུ་དག་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། དེ་ཡང་ཕྱི་དང་ནང་གི་ནམ་མཁའི་རང་བཞིན་ནོ། །དེ་ལ་ཕྱིའི་ནམ་མཁའ་ནི་སྣང་བ་དང་གྲིབ་མ་དང་བཅས་པའོ། །ནང་གི་ནམ་མཁའ་ནི་ཁོང་པའི་ནང་ན་འབྱུང་བ་དག་འཕེལ་འགྲིབ་མེད་པ་དང་། བ་སྤུའི་བུ་ག་དང་དབང་པོའི་བུ་ག་དག་གོ །དེ་སྐད་དུ་ཆོས་མངོན་པའི་མདོ་ལས་གསུས་པ། བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ནོ། །ཞེས་བྱའོ། །སྲ་བའི་དབྱིངས་དང་། ཞེས་གསེར་གྱི་ས་གཞི་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་དང་། ནང་གི་ལུས་ལ་ཡོད་པ་གང་ཡིན་པ་དེ་སའི་ཁམས་སོ། །དེ་རྣམ་པར་དག་ཅིང་ཡོངས་སུ་དག་པ་ནི་སངས་རྒྱས་སྤྱན་གྱི་ངང་ཉིད་དུ་ལྟའོ། །མཉེན་པའི་དབྱིངས་དང་། ཞེས་ཆུའི་དཀྱིལ་འཁོར་ལ་སོགས་པ་དང་། ནང་གི་ལུས་གཤེར་བ་དང་མཉེན་པའི་བདག་ཉིད་དོ། །དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་མཱ་མ་ཀཱིའི་ངང་ཉིད་དུ་ལྟའོ། །དྲོ་བའི་དབྱིངས་དང་། ཞེས་པ་ནི། ཕྱིར་མེའི་ཁམས་དང་། ནང་དུ་ལུས་ཀྱི་ཁམས་ཀྱི་ཚ་བ་དང་དྲོ་བའི་བདག་ཉིད་ཡིན་ནོ། །དེ་རྣམ་པར་དག་པ་ནི་ལྷ་མོ་གོས་དཀར་མོའི་ངང་ཉིད་དུ་ལྟའོ། །བསྐྱོད་པའི་དབྱིངས་དང་ཞེས་བྱ་བ་ཕྱི་སྣོད་ཀྱི་འཇིག་རྟེན་རླུང་གི་ཁམས་ལ་སོགས་པ་དང་། ནང་གི་རླུང་ཁམས་ཡང་བ་དང་། གཡོ་བ་དང་། ཨུ་ད་ན་དང་། བྱ་ན་ཞེས་བྱ་བའི་རླུང་གིས་ལུས་ཀྱི་དབང་པོ་རྒྱས་པར་བྱེད་དོ། །དབྱིངས་ཞེས་བྱ་བའི་སྒྲ་ནི་མི་ཟད་པ་ལ་བྱའོ། །དེ་རྣམ་པར་དག་ཅིང་ཡོངས་སུ་དག་པ་ནི་ལྷ་མོ་དམ་ཚིག་སྒྲོལ་མའི་ངང་ཉིད་དུ་ལྟའོ། །སོགས་ཀྱི་སྒྲ་ནི་མང་པ་ལ་བྱ་སྟེ་མཐའ་ཡས་པ་ལ་གཟུང་ངོ་། །དེ་ལྟ་བུའི་བཙུན་མོའི་ཚོགས་དང་ལྡན་པར་བཞུགས་སོ། །སུ་བཞུགས་ཤེ་ན། གོང་དུ་གསུངས་པའི་དེ་བཞིན་གཤེགས་པ་དེ་དག་བཞུགས་སོ་ཞེས་བྱའོ། །ཐབས་ཅི་ལྟར་བཞུགས་ཤེ་ན། གཉིས་སུ་མེད་པར་བཞུགས་སོ་ཞེས་བྱ་སྟེ། དེ་ཡང་རང་བཞིན་ཆོས་ཀྱི་དབྱིངས་མཐའ་ཡས་པར་བཞུགས་པ་དང་། ཕྱི་ལུས་ཀྱི་དཀྱིལ་འཁོར་མཐའ་ཡས་པར་ཁྱབ་པར་བཞུགས་པ་དང་། གསང་བ་བྱང་ཆུབ་སེམས་མཐའ་ཡས་པར་ཁྱབ་པར་གཉིས་སུ་མེད་པར་བཞུགས་པ་སྟེ། དཔེ་ཏིལ་གྱི་གང་བུ་བཞིན་དུ་ཆོས་ཀྱི་དབྱིངས་ཁྱབ་པར་བཞུགས་སོ་ཞེས་བྱ་སྟེ། ཏིལ་གྱི་གང་བུ་ཏིལ་འབྲུས་ཁྱབ་པའམ། ཏིལ་འབྲུ་མར་གྱིས་ཁྱབ་པའམ། ཡང་ཏིལ་གོང གི་ནང་ན་གནས་པའི་གཟུགས་བཞིན་དུ་སོ་སོའི་གཟུགས་ཀྱང་མ་འདྲེས་ལ། མཚམས་ཀྱང་མི་ཕྱེད་པར་གནས་པ་དེ་བཞིན་དུ། ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱིས་ཁྱབ་ནས་བཞུགས་སོ་ཞེས་བྱ། དེ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པ་ཞེས་སྨོས་པ་ནི། ཡུལ་ལམ་སྣོད་སྨོས་པ་ཡིན་ནོ། །ཁྱབ་པ་ཞེས་པ་ནི་བཅུད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་སྨོས་པ་ཡིན་ནོ། །དཔེ་ཇི་ལྟར་ཞེ་ན་ཏིལ་གྱི་གང་བུའོ། །ཅི་དེ་བཞིན་གཤེགས་པ་ཡབ་ཡུམ་ཉི་ཚེ་བཞུགས་སམ། འོན་ཏེ་འཁོར་ཡང་ཡོད་ཅེ་ན། འཁོར་དང་ལྡན་པར་བཞུགས་པར་བསྟན་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱ་བ་ལ་སོགས་པའོ། །དེ་ལ་བྱང་ཆུབ་ཅེས་བྱ་བ་ནི། ཐེག་པ་ཆེན་པོ་ཕྱི་པ་དག་གིས་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་བྱང་ཆུབ་ཅེས་བྱ་བའི་སྒྲར་བཞེད་ལ། གསང་བ་མ་ཧཱ་ཡོ་ག་ནི། ཐབས་དང་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་ཅེས་བྱ་བའི་སྒྲར་བཞེད་པའོ། །ཤིན་ཏུ་རྫོགས་པ་ཆེན་པོའི་གནས་སྐབས་སུ་ནི། ནམ་མཁའ་ལྟ་བུའི་བྱང་ཆུབ་མངོན་དུ་གྱུར་པ་ལ་བྱང་ཆུབ་ཅེས་བྱ་བར་གསུངས་སོ། །ཆེན་པོ་ཞེས་པ་ནི། ཕྱི་པས་ནི་ཆེན་པོ་རྣམ་པ་བདུན་གྱི་བདག་ཉིད་ཆེན་པོར་བཞེད་ལ། མཧཱ་ཡོ་གས་ནི་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོར་བཞེད་ལ། འདིར་ནི་དོན་དམ་པ་དང་ཀུན་རྫོབ་སྐྱེ་བ་མེད་པའི་དབྱིངས་དང་། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རྒྱུ་འབྲས་དབྱེར་མེད་པ་ལ་ཆེན་པོར་བཞེད་དོ། །སྟོང་པ་ཆེན་པོའི་ངོ་བོ་ལ་ཡང་རྡོ་རྗེ་ཞེས་བྱ་བར་རྫོགས་པ་ཆེན་པོའི་དབང་དུ་བཞེད་པ་ཡིན་པ་ལས། གླེང་གཞི་བསྡུས་པའི་གནས་སྐབས་ལ། སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་ཞེས་སྨོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་པའི་ཡེ་ཤེས་ཆེན་པོ་ལྔ་ལ་རྡོ་རྗེ་ཞེས་བྱ་བའོ། །དེ་སྐད་དུ་དཔལ་གསང་བ་འདུས་པའི་ལེའུ་བཅོ་བརྒྱད་པ་ལས་ཀྱང་གསུངས་པ། རྒྱུ་ལྔ་དག་གི་འབྲས་བུ་ནི། རྡོ་རྗེ་ཞེས་སུ་བསྟན་པ་ཡིན། །ཞེས་གསུངས་ཏེ། དེ་ནི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། མ་ཧཱ་ཡོ་གའི་དབང་ངོ་། །བརྒལ་བ། རྒྱུ་ཡེ་ཤེས་ལྔ་ལ་རྡོ་རྗེ་ཞེས་པ་རུང་ན། འབྲས་བུའི་བྱང་ཆུབ་སེམས་དཔའ་ལ་རྡོ་རྗེ་ཞེས་བྱ་བ་མི་འགལ་ལམ། སྨྲས་པ་དེ་ནི་འགལ་བ་མ་ཡིན་ཏེ། འདི་དག་ཀྱང་ཡེ་ཤེས་ཆེན་པོ་ལྔ་ལ་འབྱུང་བ་ཡིན་ནོ། །དེར་ནི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཁྱད་མེད་པ་ཡིན་ནོ་ཞེ་ན། དེ་བཞིན་གཤེགས་པ་ནི་ཡེ་ཤེས་དབང་དུ་གྱུར་པ་དང་མངོན་དུ་བྱས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་དེ་ལ་སྦྱར་བ་ཡིན་ནོ། །གཉིས་སུ་ན་སྒོ་འདིར་ནི་ཀུན་རྫོབ་ཏུ་དེ་ལྟར་སྣང་ན་ཡང་། དོན་དམ་བར་ཁྱད་མེད་པ་ཡིན་ཏེ། སྐུ་དང་ཡན་ལག་ཙམ་དུ་བས་སོ། །དེ་ལ་མཐོང་བ་ནི་རྣམ་པར་ཤེས་པ་སྟེ། གང་ལ་གནས་ན། དབང་པོ་གཟུགས་ལ་གནས། གང་ལ་དབང་བྱེད་ན་ཡུལ་གཟུགས་ལ་དབང་བྱེད་དེ། མཐོང་བ་ནི་རྣམ་པར་ཤེས་པས་མཐོང་ལ། མཐོང་བྱེད་ནི་རྣམ་པར་ཤེས་པ་ལ་དབང་པོས་རྟེན་བྱེད་པས་མཐོང་བྱེད་དེ། དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་། རྣམ་པར་ཤེས་པ་དང་སྔར་སའི་སྙིང་པོ་སྦྱར་ལ་ཕྱིས་དབང་པོ་སྨོས་ཏེ། དེ་ཉིད་མཐོང་བར་བྱེད་པའི་དབང་པོ་དང་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་མཐོང་བ་ཞེས་བྱ་བ་ནི། མིག་གི་རྣམ་པར་ཤེས་པར་སྟེ། གང་མིག་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པ་སྟེ། དེ་ཡང་གནས་བཞི་དང་ལྡན་པ་སྟེ། མིག་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་གྱི་གནས་སོ། །དམིགས་པའི་གནས་གཟུགས་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པ་སྟེ། ཁ་དོག་དང་དབྱིབས་སོ། །དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་སྟེ་ས་ཡི་སྙིང་པོར་ཤེས་པར་བྱའོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་ཞེས་པ། རྣ་བའི་རྣམ་པར་ཤེས་པ་སྟེ། གང་རྣ་བ་ལ་བརྟེན་ནས་སྒྲ་སོ་སོར་རྣམ་པར་རིག་པ་སྟེ། གནས་བཞིའོ། ལྷན་ཅིག་འབྱུང་བའི་གནས་རྣ་བ་དང་། ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དམིགས་པའི་གནས་སྒྲ་མང་པོ་དག་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ། །དེ་ལྟར་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ། ཕྱག་ན་རྡོ་རྗེ་ལ་ཤེས་པར་བྱའོ། །ཡང་ལ་ལ་ན་རེ ། མཐོང་བ་ནམ་མཁའི་སྙིང་པོ་ལ་ཤེས་པར་བྱ་སྟེ། གཞན་གྱི་དུས་སུ་ནི་རྣ་བའི་དབང་པོ་སྡུད་པ་པོས་ཐོས་བྱར་རུང་ན། འདིར་ནི་ཆོས་ཉིད་ནམ་མཁའ་ལྟ་བུ་བཤད་པས་ནམ་མཁའི་སྙིང་པོ་ལ་བྱ། གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས། གཡས་ནས་མཐོང་ཐོས་སྣོམ་པ་དང་། ཞེས་གསུངས་པས། ནམ་མཁའི་སྙིང་པོ་ལ་བྱའོ་ཞེས་སྨྲའོ། །ཡང་གསུམ་དུ་ན་དབང་གི་དཀྱིལ་འཁོར་གྱི་དུས་སུ་ཡང་། རྣ་བའི་འཁོར་ལོ་ལ་ཏྲཱྃ་ལས་རིན་པོ་ཆེའི་དཀྱིལ་འཁོར་དུ་བསྒོམ་ཞིང་ཉན་པའི་དབང་བསྐུར་བར་གསུངས་སོ་ཞེ་ན། དེ་ལྟར་བཀག་པ་ནི་མ་ཡིན་མོད་ཀྱི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཙམ་ན་ནི། སྤྱན་རས་གཟིགས་ཀྱི་དབང་པོ་གསུང་གི་རིགས་ཀྱང་ལས་ཀྱི་རིགས་སུ་འགྱུར་པས་གོ་རིམ་རང་གི་ཕྱོགས་སུ་ངེས་སོ། །ཡང་སྣོམ་པ་དང་ཞེས་པ། སྣའི་རྣམ་པར་ཤེས་པ་སྟེ། སྣ་ལ་བརྟེན་ནས་དྲི་སོ་སོར་རྣམ་པར་རིག་པ་སྟེ། དེ་ཡང་གནས་བཞིའོ། །སྣ་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དམིགས་པའི་གནས་ནི་དྲིའི་རྣམ་པ་དུ་མ་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྟེ། ནམ་མཁའི་སྙིང་པོའོ། །ཅིའི་ཕྱིར་ཞེ་ན། སྣ་རིན་པོ་ཆེ་ཡིན་པའི་ཕྱིར་རོ། །མྱོང་བ་དང་ཞེས་པ། ལྕེའི་རྣམ་པར་ཤེས་པ་སྟེ། ལྕེ་ལ་བརྟེན་ནས་རོ་སོ་སོར་རྣམ་པར་རིག་པའོ། །དེ་ཡང་གནས་བཞི་སྟེ། ལྕེ་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །དམིགས་པའི་གནས་ནི་རོ་རྣམ་པ་དུ་མ་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་སྟེ། འཇིག་རྟེན་དབང་ཕྱུག་ལ་ཤེས་པར་བྱའོ། །དེ་ཉིད་ལས་ཐབས་དང་ཤེས་རབ་ཀྱི་ངོ་བོར་བཞུགས་པའི་ཕྱིར། བཙུན་མོ་མཐོང་བར་བྱ་བ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མིག་གི་ཡུལ་གཟུགས་ཡིན་པས་མཐོང་བར་བྱ་བ་དང་། རྣ་བའི་ཡུལ་སྒྲ་ཡིན་པས་ཐོས་པར་བྱ་བ་དང་། སྣའི་ཡུལ་དྲི་ཡིན་པས་སྣོམ་པར་བྱ་བ་དང་། ལྕེའི་ཡུལ་རོ་ཡིན་པས་མྱོང་བར་བྱ་བ་དང་། ཡུལ་དང་དབང་པོ་སྤྲོད་ལུགས་དེ་ལྟར་ཡིན་ཡང་། རྒྱུད་འདིར་ནི་རིགས་ཁོ་ན་གཙོར་བྱ་སྟེ། མཉན་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཡང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཀྱིས། འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱ། སྣོམ་པ་སྣའི་ཡུལ་དྲི་ཡིན་ཡང་། རིགས་ཀྱི་དུས་སུ་རིན་ཆེན་ཕྲེང་བ་མར་ཡང་ཤེས་པར་བྱ། མྱོང་བ་ལྕེའི་ཡུལ་རོ་ཡིན་ཡང་། རིགས་ཀྱི་དུས་སུ་ཕྱག་ན་རྡོ་རྗེའི་ཡུམ་རྡོ་རྗེ་གར་མ་ལ་ཤེས་པར་བྱ། དེ་ལྟར་རིགས་སུ་འདོད་པའི་དུས་ཡོད་དེ། དཔལ་གསང་བ་འདུས་པ་ལས་ཀྱང་། སྒྲའི་ལྷ་མོ་ཕྱག་ན་རྡོ་རྗེའི་ཡུམ་ཡིན་ཡང་རིགས་སྡུད་པའི་དུས་སུ་གསུང་གི་རིགས་ཏེ། ཡུམ་དུ་འདོད་པའི་གནས་སྐབས་དང་། རིགས་སུ་འདོད་པའི་གནས་སྐབས་སོ་སོ་ན་ཡོད་དོ། །དེ་ལ་འདིར་ནི་ཚིག་སྦས་དང་དོན་སྦས་ཁོ་ནའོ། །དབང་པོའི་དེ་ཁོ་ན་ཉིད་སྨོས་པའི་ཕྱིར། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། ཞེས་བྱ་བ་ལ་སོགས་པ་སྟེ། མིག་གི་རྣམ་པར་ཤེས་པས་ཡུལ་གཟུགས་མཐོང་བའི་ཚེ། རྟེན་མིག་གི་དབང་པོས་བྱེད་པ་ན། མཐོང་བྱེད་ཅེས་བྱའོ། །དེ་ཡང་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་མིག་གི་རྣམ་པར་ཤེས་པའི་རྟེན་བྱེད་གཟུགས་དྭངས་པ་སྟེ། བསྟན་དུ་མེད་པ་ཐོགས་པ་དང་བཅས་པའོ། །དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དེ་བྱམས་པ་ལ་ཤེས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་བྱ་བ། རྣ་བའི་དབང་པོ་སྟེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། རྣ་བའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དྭངས་པ་བསྟན་དུ་མེད་པ་ཐོག་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་རྡོ་རྗེ་ཐོས་བྱེད་དེ་སྒྲིབ་པ་རྣམ་སེལ་ལ་ཤེས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། ཞེས་པ། སྣའི་དབང་པོ་སྟེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་སྣའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དྭངས་པ་སྟེ། བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དེ་ཀུན་ཏུ་བཟང་པོ་ལ་ཤེས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། ཞེས་པ་ལྕེའི་དབང་པོ་སྟེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་ལྕེའི་རྣམ་པར་ཤེས་པའི་རྟེན་པོ་གཟུགས་དྭངས་པ་སྟེ། བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དེ་འཇམ་དབྱངས་ལ་ཤེས་པར་བྱའོ། །དེ་ཉིད་ཀྱང་ཡིད་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་ལྷ་མོ་དང་དུས་བཞི་མཉམ་པ་ཉིད་དུ་ཐབས་དང་ཤེས་རབ་ཀྱི་ངོ་བོར་བཞུགས་པའི་ཕྱིར་འདས་པ་དང་། ད་ལྟར་དང་། མ་བྱུང་བ་དང་། མ་བྱོན་པ་དང་ཞེས་གསུངས་ཏེ། རྡོ་རྗེ་བདུག་པ་དང་། མེ་ཏོག་དང་། མར་མེ་དང་། དྲི་ཆབ་དང་། བཞིའི་ངང་ཉིད་དུ། བར་གྱི་བསྐལ་པ་བཞི་དང་། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་དང་། ཡིད་ཀྱི་ཡུལ་གྱི་སླད་མའི་དུས་བཞི་ལ་སོགས་པ་དབྱེར་མེད་པར་བསྒོམ་ཞིང་མཉམ་པ་ཉིད་ཀྱི་ངང་དུ་ལྟ་བར་བྱ་བ་ཁོ་ན་ཡིན་ནོ། །འདིར་སྨྲས་པ། འོག་ནས། ཡ་ནི་སྐྱེ་བ་རྣམ་པར་དག །ཅེས་འབྱུང་ན། འདིར་འདས་པ་དང་པོར་སྦྱོར་བ་ཅིའི་ཕྱིར་ཞེས་བརྒལ་བ་དང་། ལན་དུ་འཇིག་ཆགས་སྟོང་གནས་བཞི་ལས། ད་ལྟར་གནས་པའི་དུས་འདི་ཉིད་ལ་ལྟོས་ན། སྔོན་དུ་ཆགས་པ་སྐྱེ་བའི་དུས་དེ་ནི། ད་ལྟར་གྱི་དུས་ཀྱི་སྔོན་དུ་བྱུང་བས་འདས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དང་པོ་སྐྱེ་བ་མེད་ན། ད་ལྟར་གྱི་དུས་ཀྱི་སྔོན་དུ་འདས་པའི་རྒྱུ་ཡང་མེད་པས་དེ་སྐད་ཅེས་བྱའོ། །དེ་ལ་དུས་སུ་ནི་རྣམ་པར་ཤེས་པས་ཡུལ་གཟུགས་མཐོང་སྟེ། དང་པོ་ཡུལ་གཟུགས་དཀར་པོ་མཐོང་། དཀར་པོ་གང་ཡིན་ཨུཏྤ་ལའམ། པདྨ་དཀར་པོ་ཞེས་བྱ་བར་མཐོང་ལ། དེ་ཡང་ཤུན་པ་དང་འདབ་མ་དག་སོ་སོར་ཞིག་པར་འགྱུར་ལ། དེ་ཉིད་དངོས་པོ་མེད་པ་ནི་སྟོང་པའི་དུས་སོ། །ཡང་ན་ཤོ་མང་ལ་ཁབ་བརྒྱབ་པའི་དུས་སུ་རྣམ་པ་ལྟ་བུ་ཡང་ལྷ་མོ་བཞིའི་ངང་ཉི་དུ་བལྟའོ། །དེ་ལྟར་ཡང་བུད་མེད་སྒྱུ་འཕྲུལ་ལས་ཀྱང་། དུས་བཞི་ནི་ལྷ་མོ་བཞི་རྣམས་སོ་ཞེས་གསུངས་པའི་ཕྱིར་རོ། །ཡང་རིལ་པོར་འདུ་ཤེས་པའི་གཉེན་པོ་ཅན་དུ་རང་བཞིན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར་ཡང་གསུངས་པ། འཇོམས་པ་ཆེན་པོ་རེག་པ་དང་། ཞེས་བྱ་བ་ལ་སོགས་པ་འདི་དག་ལུས་ཀྱི་དཀྱིལ་འཁོར་དང་། རྫོགས་པ་ཆེན་པོའི་དཀྱིལ་འཁོར་རྣམ་གསུམ་གྱི་སྒོ་སྲུང་པ་དང་། བདུད་བཞི་འདུལ་བར་བྱེད་པའོ། །དེ་ལུས་ཀྱི་རྣམ་པར་ཤེས་པའི་གནས་བཞི་དང་ལྡན་པ་སྟེ། ས་བོན་ཐམས་ཅད་ལ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་གྱི་གནས་རེག་པ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་ཁྲོ་བོ་གཤིན་རྗེ་གཤེད་དོ། །ཅིའི་ཕྱིར་ཞེ་ན། གཤིན་རྗེ་ནི་ཞེ་སྡང་གི་དབང་གི་བྱུང་སྟེ། དེའི་ཕྱིར་འཆི་བདག་གི་བདུད་དོ། །འཇོམས་པ་ཆེན་པོ་རྡོ་རྗེ་རེག་བྱ་དང་། ཞེས་པ། ལུས་ཀྱི་ཡུལ་རེགས་བྱ་རྣམ་པར་དག་པ་ནི། ཁྲོ་བོ་ཤེས་རབ་མཐར་བྱེད་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ན་ཕུང་པོའི་བདུད་ནི་ང་རྒྱལ་གྱི་དབང་གིས་བྱུང་ངོ་། །འཇོམས་པ་ཆེན་པོ་རེག་བྱེད་དང་། ཞེས་བྱ་བ། འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པའི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་བྱེད་པའི་གཟུགས་དྭངས་པ་སྟེ། བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ། །དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་ཁྲོ་བོ་རྟ་མགྲིན་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་བདུད་ནི། ཆགས་པའི་དབང་གིས་འབྱུང་བའི་ཕྱིར་རོ། །འཇོམས་པ་ཆེན་པོ་རེག་ཤེས་དང་། ཞེས་བྱ་བ་སྟེ། དེ་མ་ཐག་པའི་གནས་ཡིད་ཀྱི་དབང་པོ་ལ་བྱ་སྟེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ལྷའི་བུའི་བདུད་ནི་ཕྲག་དོག་གི་དབང་གིས་བྱུང་བ་སྟེ། དེ་ལྟར་ཉོན་མོངས་པ་ལྔ་དང་། བདུད་རྣམ་བཞི་འཇོམས་པར་བྱེད་པས་ན་ཆེན་པོ་སྟེ། དེའི་དོན་དང་རྟགས་སུ་ཚངས་བ་ལ་སོགས་པ་ཡང་བདག་ཏུ་བྱས་ཤིང་། དེ་དག་གི་ཉོན་མོངས་པ་ཡང་འཇོམས་པར་བྱེད་པའི་ངང་ཚུལ་དང་ལྡན་པ་ཁོ་ན་ཉིད་ཡིན་ནོ། །དེ་ལྟར་ཡང་ཞེ་སྡང་འཇོམས་བྱེད་ལ་སོགས་པ་བཞི་ཞེས་དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་གསུངས་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་ཁྲོ་བོ་ཆེན་པོ་འདི་དག་ཀྱང་ཡན་ལག་དང་ཉིང་ལག་ཏུ་བློས་རྣམ་པར་བརྟག་པར་བྱའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་དབང་གིས། ཕྱིན་ཅི་ལོག་གི་ལྟ་བ་དྲུག་ཅུ་རྩ་གཉིས་བྱུང་ཡང་། མདོའི་རྟག་ཆད་གཉིས་སུ་འདུ་བ། ཕྱི་མ་ཡན་ལག་དྲུག་ཅུ་ཐམ་པ་ཡང་། བདག་དང་མཚན་མ་གཉིས་སུ་འདུས་པས། དེའི་གྲོགས་བདག་ཏུ་ལྟ་བ་དང་། མཚན་མར་ལྟ་བ་གཉིས་ཏེ་བཞིའོ། །དེ་ལྟར་ཉོན་མོངས་པ་ཅན་གྱི་ཡིད་འཁོར་རྣམ་བཞི་པོ་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་ལྷ་མོ་བཞི་སྟེ། དེ་ཡང་གང་ཞེ་ན། རྟག་པར་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་རྟག་པར་ལྟ་བ་དང་། ཞེས་བྱ་བ་ནི། ཚེ་རབས་ཐམས་ཅད་དུ་བདག་མི་འགྱུར་བར་ཡོད་པར་ལྟ་བ་སྟེ། དཔེར་ན་ཕུང་པོ་ནི་སྦྲུལ་ལྤགས་བརྗེས་པ་བཞིན་དུ་བོར་ན་ཡང་། ཚེ་རབས་ཐམས་ཅད་དུ་བདག་དེ་མི་འགྱུར་བར་འདོད་པའོ། །དེ་ལྟ་བའི་ལྟ་བ་དེ་དེ་བཞིན་ལྟར་རྟག་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཙམ་དུ་གནས་པའི་ཕྱིར་རྟག་པར་མ་ཡིན་པ་ཞེས་བྱའོ། །དེ་དེ་ལྟར་རྣམ་པར་དག་པ་ནི་ལྷ་མོ་ལྕགས་ཀྱུ་མའོ། །ཆད་པར་ལྟ་བ་དང་། ཞེས་བྱ་བ་ཚེ་སྔ་ཕྱི་དང་ལས་དགེ་སྡིག་འབྲས་བུ་དང་བཅས་པ་མི་ཤེས་པ་སྟེ། ད་ལྟར་གྱི་ཚེ་འདི་འབའ་ཞིག་ཏུ་ཟད་དེ། འབྱུང་བ་བཞི་འདུས་པ་ལས་སེམས་གློ་བུར་དུ་རང་འོངས་པར་ཟད་པས་ཤི་ཕན་ཆད་ཐལ་བ་བཞིན་དུ་མེད་པར་ལྟ་བ་སྟེ། དེ་ལྟ་བུ་དེ་དེ་ལྟར་ཆད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་རྒྱུ་དང་འབྲས་བུ་ལ་ལྟོས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་དུམ་བུ་གསུམ་དུ་འབྲེལ་པ་ལས་ཐམས་ཅད་འབྱུང་བར་ལྟ་བ་ཡིན་པས་དེ་དེ་ལྟར་རྣམ་པར་དག་པ་ན་ཡོངས་སུ་དག་པའི་རྡོ་རྗེ་ཞགས་པ་མའོ། །བདག་ཏུ་ལྟ་བ་གང་ཞེ་ན། འདི་ན་ཁ་ཅིག་བདག་ཡོད་པར་ལྟ་སྟེ། ཕུང་པོ་ནང་ན་བདག་ཅེས་བྱ་བ་ཞིག་ཡོད་པར་ལྟ་ཏེ། དེ་ཡང་ཆེ་སྟེ་ཤེལ་སྒོང་ཙམ། ཆུང་སྟེ་ཡུངས་འབྲུ་ཙམ། གསལ་བ་དྲི་མ་མེད་པ་དེ་ཉིད་བདག་ཡིན་ཏེ། བདག་གི་ལུས་ངག་གི་ལས་གཡོ་བ་མེད་པར་བྱེད་པ་ཡང་དེ་ཡིན་ནོ། །ཞེས་བྱ་བར་འདོད་པ་སྟེ། དེ་དེ་ལྟ་བུའི་ལྟ་བ་སྟེ། དེ་ལྟར་བདག་ཏུ་མ་ཡིན་ཏེ་ཆོས་ཐམས་ཅད་ཀྱི་རྩ་བ་ནི་རང་གི་སེམས་ཡིན་ན། སེམས་ནི་ནམ་མཁའ་དྲི་མ་མེད་པ་ལྟར་རང་བཞིན་གྱི་འོད་གསལ་བ་ཡིན་པས་བདག་ཏུ་ལྟ་བ་མ་ཡིན་ཏེ། དེ་དེ་ལྟར་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་རྡོ་རྗེ་ལྕགས་སྒྲོག་མར་ཤེས་པར་བྱའོ། །མཚན་མར་མ་ཡིན་པ་ཞེས་བྱ་བ་ནི། སྤྱི་ཁྱབ་ཀྱི་ལྟ་བ་སྟེ། འདི་ན་ཁ་ཅིག་ནི་ཕོའི་མཚན་མར་ངེས་སོ། །ཁ་ཅིག་མོའི་མཚན་མར། དེ་བཞིན་དུ་ཕ་དང་མ་དང་བུ་དང་སྲིང་མོ་དང་དགྲ་དང་མཛའ་བཤེས་དང་། དཀར་པོ་དང་སྔོན་པོ་ལ་སོགས་པ་སོ་སོའི་མཚན་མ་རྣམ་པ་སྣ་ཚོགས་པར་འཛིན་པའི་སྒྲ་ཐ་སྙད་ཀྱི་རྣམ་གྲངས་དེ་ཐམས་ཅད་ཆོས་སྟོང་པ་ཉིད་ཀྱི་ངང་ཉིད་དུ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་རྡོ་རྗེ་ དྲིལ་བུ ་མའི་ངང་ཉིད་དོ། །སོགས་ཀྱིས་ནི་མཐའ་ཡས་པའི་ཆོས་དང་ཆོས་ཉིད་ཐམས་ཅད་ཀྱང་དེ་བཞིན་དུ་རྣམ་པར་དག་པ་དང་། ཡོངས་སུ་དག་པའི་ལྷའི་རང་བཞིན་དུ་ཤེས་པར་བྱ་བའི་ཚིག་དང་འབྲེལ་ཏོ། །དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་ཞེས་པ་རང་བཞིན་གྱི་དུས་ནི་མཐའ་ཡས་མུ་མེད་པའི་སྟོང་པ་ཆེན་པོ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་བསྙེད་ན། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་དེ་རེ་རེ་ཡང་ལྷ་སུམ་ཅུ་རྩ་དྲུག་གི་རང་བཞིན་དུ་གནས་ཞེས་བྱའོ། །དེའི་ཕྱིར་ན་བརྗོད་པ་ནི་གྲངས་ཡིན་ལ། བརྗོད་ཀྱིས་མི་ལང་བ་ནི་གྲངས་ལས་འདས་པའི་དོན་དུ་བསྟན་པ་ཡིན་ནོ། དེ་ལྟ་བུ་དེ་དག་ཀྱང་ཚུལ་ཇི་ལྟར་བཞུགས་ན། གཉིས་སུ་མེད་པར་བཞུགས་སོ་ཞེས་བྱ་སྟེ། དེ་དག་གི་དོན་ཡང་གོང་དུ་བཀྲལ་ཟིན། བཞུགས་ཞེས་བྱ་བ་ནི། རྣམ་པར་གནས་པ་སྟེ་སེམས་ཙམ་གྱི་རྣལ་འབྱོར་ལྟར་སྤྱན་དྲངས་ནས་བཞུགས་པ་ནི་མ་ཡིན་ཏེ། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན་གཉིས་སུ་མེད་པའི་རང་བཞི ན་དུ་བཞུགས་པའོ། །དེ་ལྟར་ཡང་གསུངས་པ། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་ཏེ། ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བལྟ་བའོ། །དེ་ལྟར་ཡང་གོང་དུ་གསུངས་པ་ལྟར། རིག་པའི་འོག་མིན་ནི་ཡུམ་གྱི་བྷ་ག་ལྷ་ཐམས་ཅད་ཀྱི་འབྱུང་གནས་ལ་ཤེས་པར་བྱ་སྟེ། དེ་ལྟར་ཡང་གསུངས་པ། བུད་མེད་ཡུལ་ནི་བདེ་ཆེན་ལ། །རྡོ་རྗེ་པདྨ་མཉམ་བཞག་སྟེ། །ཆོས་འབྱུང་གསང་བའི་བྷ་ག་ལ། །ལྷ་རྣམས་ཐམས་ཅད་བཞུགས་པའོ། །ཞེས་གསུངས་ཏེ། དེར་བཞུགས་པའི་དཀྱིལ་འཁོར་ནི། ཏིང་ངེ་འཛིན་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡི་གེ་བཞི་བཅུ་རྩ་གཉིས་ལ། སངས་རྒྱས་པའི་འབྲས་བུ་ལྷ་བཞི་བཅུ་རྩ་གཉིས་ལ་ཤེས་པར་བྱའོ། །དེ་ལྟར་ཡང་། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་པས་ནི་མཐའ་དང་དབུས་མེད་ཅེས་བྱའོ། །གཞི་ཞེས་པ་ནི་ཡུམ་གྱི་བྷ་ག་སྟེ། ཕྱིའི་ནམ་མཁས་སྣོད་དང་བཅུད་དུ་བཅས་པའི་གཞི་བྱེད་དེ། མཁའ་དེ་ལ་རྟེན་ཅེས་བྱ་བ་གསུངས་ལ། ཡུམ་གྱི་བྷ་ག་ལ་ཡང་གཞི་ཞེས་བྱ་བ་སྨོས་སོ། །དེ་ལ་ཅི་རྟེན་ཞེ་ན། ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་རྟེན་ཏེ། དེ་ལ་ཚད་མེད་པ་ལ་ཡང་ལ་ལ་ན་རེ་ཆེ་ཆུང་ཚད་མེད་དེ་ཕྲ་རྒྱས་ཀྱི་ཚད་ཀྱི་ཡུངས་ཀར་ཙམ་དང་། ཚད་དཔག་ཏུ་མེད་པར་གྱུར་པའོ་ཞེས་བྱ་ན། སྤྱིར་རྒྱ་ཆེ་བ་ཁོ་ན་བཟུང་བར་བྱ་བ་ཡིན་ནོ། །དེ་ཡང་གཟུང་འཛིན་གྱི་དྲི་མ་མེད་ཅིང་འདོད་ཆགས་ཀྱི་ཉོན་མོངས་པའི་སྐྱོན་དང་བྲལ་བའི་ཕྱིར། ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་སྟེ། ཤེལ་གྱི་ནང་ནས་གནས་པའི་གཟུགས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ནི། གསེར་ཤིན་ཏུ་སྦྱངས་པའི་མདོག་ལྟར་གནས་ཞེས་སོ། །ཡང་དེ་ཉིད་གང་གི་ནང་ན་གནས་ཤེ་ན། ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་སོ་ཞེས་བྱ་སྟེ། ནང་གི་དུས་སུ་ཧཱུྃ་དཀར་པོ་ལས་ཡུམ་ཀུན་ཏུ་བཟང་མོར་གྱུར་ནས། དེ་འོད་དུ་ཞུ་བ་ལས་མཆོད་རྟེན་དུ་གྱུར་པ་ཡིན་ལ། གསང་བའི་དུས་སུ་ནི་ཡུམ་ཀུན་ཏུ་བཟང་མོ་ལ་ཤེས་པར་བྱ་སྟེ། དེ་ཡང་ཕུང་པོ་ལྔ་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཅན་ཡིན་པས་ཡེ་ཤེས་རིན་པོ་ཆེ་ཞེས་བྱའོ། །མཐའ་ཡས་པའི་རིགས་འཕྲོ་བའི་ངང་ཚུལ་ཅན་ཡིན་པས་ན་འབར་བ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིན་པས་གཞལ་ཡས་ཁང་ཞེས་བྱའོ། །ནམ་མཁའི་དབྱིངས་ཀྱི་རང་བཞིན་ཡིན་པས་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་བྱ་སྟེ། ཁྱབ་པ་དང་མ་ཁྱབ་པ་མེད་ཅེས་བྱ་བའི་ཕྱིར་རོ། །ད་ནི་ཡུམ་དེ་ལ་གཞལ་ཡས་ཁང་གཉིས་པའི་རང་བཞིན་དུ་སྟོན་པས། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་ཞེས་བྱའོ། །དེ་ཡང་གྲུ་བཞི་ནི་མཉམ་པ་ཡིན་པ་དང་། ཁྱབ་པ་ཡིན་པ་དང་། རྒྱས་པ་ཡིན་པ་དང་འདྲ་བར། ཆོས་ཀྱི་སྐུ་ནམ་མཁའ་ཉིད་དང་ལྡན་པས་ནི། ཁྱབ་པ་དང་ཟབ་པ་དང་། རྒྱ་ཆེ་བ་གཉིས་ཀྱིས་རྒྱས་པའི་ཕྱིར་ནི་རྒྱས་པ་སྟེ། དེ་ལ་ཟབ་པས་རྒྱས་པ་ནི། བདུད་རྩི་ལྔ་དང་ཐབས་དང་ཤེས་རབ་རོལ་པའི་གཟུགས་ལ་སོགས་པའི་ཡོན་ཏན་ལྔ་དང་། རབ་ཏུ་གསང་བའི་མ ཆོད་པ་བཞི་ལ་སོགས་པ་སྟེ། དེ་ལྟ་དཔལ་གསང་བ་འདུས་པའི་ལེའུ་བཅོ་བརྒྱད་པ་ལས་གསུངས་པ། རང་བཞིན་ལུས་ཀྱི་བདག་ཉིད་ལ། དྲི་མ་ལྔ་པོ་འབབ་པར་འགྱུར། ཡེ་ཤེས་ལྔས་ནི་བྱིན་བརླབས་པར། བདུད་རྩི་ལྔ་ཞེས་བྱ་བར་བཤད། ཅེས་གསུངས་པའོ། །རྒྱ་ཆེ་བས་རྒྱས་པ་ནི། གཞུང་འདི་ཉིད་ལས། གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔར་རང་བྱུང་ངོ་། །ཞེས་པའོ། །སངས་རྒྱས་དང་སེམས་ཅན་གཉིས་སྐྱེ་བ་མེད་པའི་དབྱིངས་སུ་མཉམ་པས་ན་མཉམ་པའོ། །ཡབ་ཡུམ་དེའི་ཡེ་ཤེས་ཀྱི་ཁྱབ་པར་གཞན་ལས་ལྷག་པ་སྨོས་པའི་ཕྱིར། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་ཞེས་པ་སྟེ། དཔལ་གསང་བ་འདུས་པ་ལས་ཀྱང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རྣམ་པར་ཤེས་པའི་ཕུང་པོ་སྐྱེ་བ་མེད་པའི་དབྱིངས་སུ་དགོངས་ཤིང་། ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ངང་དུ་དབྱེར་མེད་པ་ལ་དགོངས་ནས། ཡེ་ཤེས་ཀྱི་སྐུ་ཆོས་གཟུགས་ཀྱི་འོད་དཀར་ལ་དམར་ཞིང་། ཁ་དོག་ལྔ་དང་ལྡན་པར་ཤེས་པའི་ཚེ། མཱ་མ་ཀཱི་ལ་སོགས་པའི་ཡུམ་བཞིས་ཀུན་རྫོབ་ཀྱི་བརྡའ་ཉེ་བར་བཟུང་ནས། ཤིན་ཏུ་ཆགས་པའི་དབྱིངས་སུ་བསྐུལ་ནས། ཡེ་ཤེས་ཀྱི་ལུས་ཆོས་ཀྱི་ཆོས་ཉིད་དང་ལྡན་པ་ལས་བཞེངས་ནས། ཡང་འདོད་ཁམས་ལ་གནས་པའི་སེམས་ཅན་ལ་དགོངས་ནས། ཡུམ་བཞིའི་བྷ་ག་ཐབས་དང་ཤེས་རབ་རོལ་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱིན་པའི་ངང་ཚུལ་ལ་གནས་པར་བཞུགས་སོ། །དེའི་རྟགས་གློ་འབུར་དུ་བཤད་པ་དེ། གློ་འབུར་ཡང་རྟགས་ཡིན་ལ། ཡུམ་ཡང་གནས་ཡིན་པའི་ཕྱིར་རོ། །ཡང་དེ་དང་འདྲ་བར་རང་བཞིན་མེད་པའམ། ཅི་འདྲ་བ་ཞིག་ཅེ་ན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཞེས་པ་སྟེ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དབང་སྒྱུར་བའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །ཆོས་ཉིད་རང་བཞིན་གྱིས་དག་པ་ཡིན་པའི་ཕྱིར། རྒྱན་གྱི་ཁྱད་པར་ཐམས་ཅད་ཀྱང་། ཤེལ་གྱི་དྲུང་ན་གནས་པའི་གཟུགས་བཞིན་དུ། མི་སྒྲིབ་པར་གསལ་བ་ཡིན་ནོ། །ད་ནི་ཐར་པ་མཆོག་གི་ཁང་པ་དེར་འཇུག་པར་བྱ་བའི་ཡན་ལག་བསྟན་པའི་ཕྱིར། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། ཞེས་སྨོས་ཏེ། བྷ་གའི་གཞལ་ཡས་ཁང་དེར་འཇུག་ན། རྣམ་པར་ཐར་པའི་སྒོ་ནས་འཇུག་དགོས་ཏེ། དེ་ཡང་འདིར་ནི་ཡུམ་གྱི་གསང་བའི་ཡན་ལག་བཞི་ལ་བྱ་སྟེ། དེ་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྒྱུ་དང་འབྲས་བུར་བཅས་པ་རྣམ་པར་དག་པའི་མཛེས་པར་དགོངས་པའི་ཕྱིར་རྣམ་པར་ཐར་པ་ཞེས་བྱའོ། །དེ་ལྟར་རྣམ་པར་ཐར་པ་བཞིའི་སྒོ་ཁྱུད་དང་ལྡན་གྱིས་ཀྱང་། རྣམ་པར་ཐར་པ་བརྒྱད་དུ་ལྡན་པའི་དུས་ན་བྱང་ཆུབ་ཆེན་པོའི་འབྲས་བུ་མི་འགྱང་བས། ཆེ་བའི་ཡོན་ཏན་རྟ་བབས་བརྒྱད་དུ་སྨོས་ཏེ། ཡབ་ཀྱི་ཡན་ལག་བཞི་ཡང་བསྟན་ཏེ་བརྒྱད་དུ་གྱུར་པ་ཡིན་ནོ། །དེ་ལ་རྟ་ཞེས་པའི་དོན་ནི། འདིར་གསང་བའི་རྡོ་རྗེ་ལིང་ག་རྟ་ཞེས་བྱ། དེ་ཡང་རིག་པའི་སྐྱེས་བུ་གནས་སུ་ཕྱིན་པར་བྱེད་པའི་ངང་ཚུལ་དང་ལྡན་པ་ཉིད་ཁོ་ན་ལའོ། །དེ་ཉིད་བགྲོད་པར་བྱ་བའི་གནས་སུ་བྱོན་པར་བྱེད་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་ནི། བབས་ཞེས་བྱ་བར་འོས་སོ། །ས་བོན་རྒྱུ་བའི་དུས་ན་ནི། དཔལ་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་ཆུ་ཟླ་ལྟ་བུའི་ངོ་བོ་ཉིད་ཟླ་བ་ལྟར་དག་ཅིང དཀར་པོའི་ཚུལ་དུ་བབས་ནས་བཞུགས་སོ་ཞེས་བྱའོ། །དེ་དག་གི་དོན་ནི་འཁོར་བ་ཅན་གྱི་རྒྱུ་དང་། སྤྱོད་ཡུལ་དང་འབྲས་བུར་བསྟན་པ་ཡིན་ཏེ། དཔལ་ཀུན་ཏུ་བཟང་པོ་ནི་གཞན་དུ་མ་ཡིན་ཏེ་བདག་ཉིད་དོ། །ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ནི། གཞན་དུ་མ་ཡིན་ཏེ་ཡུམ་མོ། །དཔལ་རྡོ་རྗེ་སེམས་དཔའ་ནི་གཞན་དུ་མ་ཡིན་ཏེ། ས་བོན་བྱང་ཆུབ་སེམས་སོ། །འབྱུང་བ་ཆེན་པོ་དང་། དབང་པོ་དང་། རྣམ་བར་ཤེས་པ་དང་། ཡུལ་དང་དུས་ནི་གཞན་དུ་མ་ཡིན་ཏེ། སངས་རྒྱས་སྤྱན་ལ་སོགས་པ་དང་སེམས་དཔའ་དང་སེམས་མ་སྟེ། དེ་ཡང་ལེའུ་བཅུ་གསུམ་པས་རྟོགས་པར་བྱའོ། །དེ་ལྟར་ཡུམ་ཡེ་ཤེས་ཀྱི་ལྷ་མོ་ནི་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ། རྒྱུ་འབྱུང་བ་ཆེན་པོ་བཞི་ནི་ལྷག་པའི་ཡེ་ཤེས་ཀྱི་གློ་འབུར། ས་བོན་བྱང་ཆུབ་སེམས་ནི་དཔལ་རྡོ་རྗེ་སེམས་དཔའ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་ལྷ་སུམ་ཅུ་རྩ་དྲུག་གི་རང་བཞིན་དུ་ཡེ་ནས་སངས་རྒྱས་ཏེ་གནས་པས་ན། ཕྱི་དང་ནང་མེད་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་བྱའོ། །ཐུབ་པ་དྲུག་ནི་དཀྱིལ་འཁོར་གྱི་ལྷ་ཡིན་ཡང་། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པའི་ལྷ་མ་ཡིན་ནོ། །འོ་ན་གསང་བའི་དཀྱིལ་འཁོར་ལས་བཀོད་པ་མི་འགལ་ལམ་ཞེ་ན། མི་འགལ་ཏེ་ཐེག་པ་ཆུང་ངུ་ནི་དགོངས་པའི་དབང་གིས། ཆེན་པོའི་ནང་དུ་མི་འགྲོ་བའོ། །ཡང་ས་བོན་བྱང་ཆུབ་ཀྱི་སེམས་ཆུ་ཟླ་ལྟ་བུའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་རྒྱུ་དང་གནས་ཀྱི་ངོ་བོར་སྨོས་པའི་ཕྱིར། མི་འཇིགས་པ་སེང་གེའི་ཁྲི་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཡང་ཡུལ་ཅན་ཁོ་ན་ལ་ཤེས་པར་བྱའོ། །འདོད་པའི་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་ཕྱིར་གོས་པ་མེད་པ་པདྨའོ། །སྤྲུལ་པའི་དཀྱིལ་འཁོར་སྣ་ཚོགས་ཀྱི་ཕྲེང་བ་རྒྱུན་མི་ཆད་བས་ན། པདྨ་རིན་པོ་ཆེའི་སྣ་ཚོགས་ཀྱི་པདྨའོ། །རང་བཞིན་རྫོགས་པ་ཆེན་པོ་དཀྱིལ་འཁོར་གྱི་རྒྱུ་དང་གདན་གྱི་ངོ་བོ་བས་ན། རང་བཞིན་གྱིས་འོད་གསལ་བའི་ཉི་ཟླའི་དཀྱིལ་འཁོར་ཏེ། དེ་ཡང་འདིར་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཉི་ཟླ་རྩེག་མ་ལ་ཤེས་པར་བྱའོ། །དེ་ཡང་འདིར་ནི་སྐབས་ཀྱི་དོན་བསྡུས་པ་རྣམ་པ་གཉིས་ཏེ། བདུན་གྱིས་མདོར་བསྡུས་པ་དང་། དེ་ཉིད་ཡང་གསུམ་གྱིས་མདོར་བསྡུས་པར་ཤེས་པར་བྱ་སྟེ། དེ་ལ་དང་པོ་བདུན་གྱིས་མདོར་བསྡུས་པ་ནི། དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དང་ཁྱད་པར་བསྟན་པ་དང་། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་དང་ཁྱད་པར་བསྟན་པ་དང་། དེ་ཐབས་དང་ཤེས་རབ་རོལ་པའི་ཡན་ལག་བསྟན་པ་དང་། ས་བོན་བྱང་ཆུབ་སེམས་འབྱུང་བར་བསྟན་པ་དང་། བྷ་གའི་རང་བཞིན་བསྟན་པ་དང་། གསང་བའི་བྷ་གར་བྱང་ཆུབ་སེམས་བྱུང་བར་བསྟན་པ་ལས་གདན་བསྟན་པ་དང་། གདན་དེ་དག་ལ་བཞུགས་པའི་དཀྱིལ་འཁོར་བསྟན་པའོ། །དེ་ལ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནས། དེ་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་གྱིས་ནི། དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དང་ཁྱད་པར་བསྟན་ཏོ། །འོག་མིན་གྱི་གནས་ཞེས་པ་ལ་སོགས་པ་སྟེ། ཀུན་ཏུ་བཟང་མོའི་རང་བཞིན་དང་ཁྱབ་པར་བསྟན་ཏོ། །རྣམ་པར་ཐར་པ་བཞི་དང་བརྒྱད་ལ་སོགས་པས་ནི། ཐབས་དང་ཤེས་རབ་རོལ་པའི་ཡན་ལག་བསྟན་པའོ། །རྟ་བབས་ཞེས་གསུངས་པ་ལས་འདིར་གཅུས་ནས་བསྟན་ཏེ། རྟ་ནི་གུ་ཧྱ་གསང་བའི་རྡོ་རྗེ་ལ་བྱ་སྟེ། དེས་ནི་ས་བོན་བྱང་ཆུབ་སེམས་འབྱུང་བར་བསྟན་པའོ། །ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན་ཞེས་བྱ་བའི་བར་གྱིས་ནི། བྷ་གའི་རང་བཞིན་བསྟན་པའོ། །མི་འཇིགས་པ་སེང་གེའི་ཁྲི་དང་། ཞེས་བྱ་བ་ལ་སོགས་པར་ནི། གསང་བའི་བྷ་གར་བྱང་ཆུབ་སེམས་བྱུང་བ་ལས་གདན་བསྟན་པའོ། །རྣམ་པར་ཤེས་པའི་རྒྱལ་པོ་ནས་རྟག་ཆད་ཀྱི་བར་གྱིས་ནི། གདན་དེ་དག་ལ་བཞུགས་པའི་དཀྱིལ་འཁོར་བསྟན་པའོ། །དེ་ཉིད་ཡང་ཡིག་འབྲུའི་དབང་ལས་གསུམ་གྱིས་མདོར་བསྡུ་བར་བྱ་བའི་ཕྱིར། ཡང་གསུངས་པ། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་གསུངས་ཏེ། རྒྱུད་ཀྱི་དབུ་ལ་ཕུན་སུམ་ཚོགས་པའི་གླེང་གཞི་མེད་ན་ནི། བཀའ་ཡང་དག་པའི་ཆོས་སུ་མི་འགྱུར་ལ། གསུང་རབ་ཀུན་གྱི་དབུར་བྲི་དགོས་པར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་བྱ་བའི་ཚིག་གསུམ་གསུངས་པ་ཡིན་ནོ། །དེ་ལ་མགོ་ནི་ཡི་གེ་ཨ་འདྲ་ལ། ཡི་གེ་ཨའི་སྒྲ་ནི་དབུ་མ་ལ་ཡང་དམིགས་སུ་མེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་མགོ་དང་ལྡན་གྱིས་ཀྱང་ཤད་མེད་ན་ཚིག་གི་མཚམས་མི་ཕྱེད་པས། ཇི་ལྟར་ན་ཀ་རི་ཀ་བྱེད་པར་མི་འགྱུར་བར་ཤད་དགོས་པའི་ཕྱིར། ཤད་ནི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པའི་བདག་པོ་ཉིད་དཔལ་ཀུན་ཏུ་བཟང་པོའོ། །དེ་ལྟར་ཀ་རི་ཀ་རབ་ཏུ་གསལ་བར་བྱེད་པ་དེ་སྙེད་ཀྱང་། ཏིག་གིས་ཡིག་འབྲུ་རབ་ཏུ་དབྱེ་བ་མ་བྱས་ན། ཀ་རི་ཀར་མི་འགྱུར་པས་ཏིག་དགོས་པའི་ཕྱིར། ཏིག་ནི་ཤེས་རབ་མིང་དུ་སྨྲ། ཞེས་བྱ་བ་གསུངས་ཏེ། ཏིག་ནི་ལྷག་པའི་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ཡི་གེ་ཕྲེང་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཚེག་དྲག་ཟླ་བ་གང་བའོ། །ཞེས་གསུངས་པས། དེ་ཙམ་གྱིས་ཀྱང་ཤེས་རབ་མཆོག་དང་ལྡན་པའི་མི་རྣམས་ཀྱིས། མ་ཧཱ་ཡོ་གའི་གཞུང་དང་དོན་གོ་ཞིང་རྟོགས་པར་འགྱུར་རོ། །དེ་ལྟར་དཔལ་གསང་བ་སྙིང་པོ་ལ། མ་ཧཱ་ཡོ་གའི་དབང་དུ་བཤད་པར་འདོད་པའི་རྣམ་འབྱོར་པས་གོང་དུ་བསྡུས་པའི་དོན་སུམ་ཅུ་ཐམ་པ་ལས། ས་བོན་བྱང་ཆུབ་སེམས་ལས་གསང་བའི་བྷ་གར་གདན་ལ་བཞུགས་པའི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བའི་སྐུ་ལྔའི་དོན་བསྟན་པར་བཞེད་དེ། དེ་ཡང་བཅོམ་ལྡན་འདས་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིན་ཅི་ལོག་ཏུ་འཁྲུལ་པའི་ཆོས་ཇི་སྙེད་པ་ཐམས་ཅད་ནི་རྣམ་པར་དག་པའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་ཏེ་གནས་པའི་ངོ་བོ་ཉིད་རྣམ་པར་ཤེས་པ་སྟེ། ཕ་མ་གཉིས་ཀ་ཆགས་ཏེ་འདོད་ཆགས་དྲག་པོའི་སྐབས་སུ་བབས་པ་ན། འཇུག་ཁའི་བྱང་ཆུབ་སེམས་སྐ་བ་འབྱུང་བར་འགྱུར། དེའི་རྗེས་གཉིས་ཀ་ལས་བྱང་ཆུབ་ཀྱི་སེམས་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་བར་འགྱུར་ཏེ། དེ་གཉིས་འདྲེས་ནས་འོ་མ་བསྐོལ་བའི་སྤྲིས་མ་དྲངས་པ་བཞིན་དུ་སྤྲིས་མ་ལྟ་བུ་ཆགས་ཤིང་འདུས་པར་འགྱུར་ཏེ། དེ་ལ་ས་བོན་ཐམས་ཅད་རྣམ་པར་སྨིན་པས་བསྡུས་བའི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ས་བོན་ལ་ཀུན་གཞི་རྣམ་པར་ཤེས་པ་གདོན་མི་ཟ་བར་འཇུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དེ་གཉིས་འདུས་པ་ལས། སྤྲིས་མ་ལྟ་བུ་དེ་དང་ལྷན་ཅིག་ཏུ་སྟེ། དེའི་དུས་སུ་ཕྱིན་ཅི་ལོག་ཏུ་དམིགས་པ། བར་མ་དོའི་སྲིད་པ་དེ་འགགས་པར་གྱུར་ལ། དེ་འགགས་པ་དང་དུས་གཅིག་ཏུ་རྣམ་པར་ཤེས་པའི་ས་བོན་ཐམས་ཅད་པ་དེའི་མཐུས་དེ་ལས་གཞན་པའི་དབང་པོ་འབྱུང་བ་ཆེན་པོ་ཆ་ཕྲ་བ་དག་འདྲེས་པ་དང་། མཐུན་པའི་ཁུ་ཁྲག་འདུས་པ་ལུས་ཀྱི་དབང་པོ་དང་བཅས་པ་གཞན་འབྱུང་བར་འགྱུར་ཏེ། དེའི་དུས་སྐབས་སུ་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱ་སྟེ། དེ་ནི་མེར་མེར་པོའི་དུས་ཡིན་ནོ། །དེ་ལྟར་མེར་མེར་པོའི་གཟུགས་དེ་ཉིད་སེམས་ཀྱི་དབང་གིས་རུལ་བ་དང་ཟགས་པར་མི་སྟེར་ལ། རྐྱེན་གཞན་གྱིས་བཅོམ་ན་ནི། ས་བོན་ཐམས་ཅད་པ་དེ་ཡང་གཞན་དུ་འགྲོ་བར་འགྱུར་ལ། མེར་མེར་པོའི་ཕྱོགས་གང་དུ་རྣམ་པར་ཤེས་པ་ཞུགས་པ་དེ་ཉིད་ཀྱི་ཕྱོགས་སུ་ཡིན་ཏེ། དེས་རླུང་སོགས་བསྡུས་པར་བཞེད་དོ། །དེའི་ཕྱིར་ན་ཀུན་གྱི་རྩ་བ་རྣམ་ཤེས་ཏེ་ཞེས་གསུངས་ཏེ། དེ་ལྟར་དེ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་སྟེ། རྒྱུ་ས་བོན་གྱི་དུས་ན་ནི་དཔལ་རྡོ་རྗེ་སེམས་དཔའ། འབྲས་བུ་ཕྱག་རྒྱ་ཆེན་པོའི་དུས་ན་ནི་མི་བསྐྱོད་པ་ལ་ཤེས་པར་བྱའོ། །དེ་ལྟར་མེར་མེར་པོ་དང་ནུར་ནུར་པོ་གཉིས་རྡོ་རྗེའི་ཆོ་ག་དང་པོའོ། །ལྟར་ལྟར་འཁྲང་འགྱུར་གཉིས་རྡོ་རྗེའི་ཆོ་ག་གཉིས་པའོ། །རྐང་ལག་དང་སྐྲ་དང་བ་སྤུའི་དུས་སུ་ནི་རྡོ་རྗེའི་ཆོ་ག་གསུམ་པའོ། །དབང་པོ་དང་མཚན་མ་དོད་པ་ནི་རྡོ་རྗེའི་ཆོ་ག་བཞི་པའོ། །སླར་རྫོགས་ནས་མངལ་ནས་འབྱུང་བ་ནི་རྡོ་རྗེའི་ཆོ་ག་ལྔ་པའོ། །དེ་ལྟར་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་་པོ་རྣམ་པར་སྣང་མཛད་དུ་བཞེད་པ་ཡིན་ནོ། །མ་ལ་གནས་པ་དེ་ལ་རང་བཞིན་གྱིས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་སྐྱེ་བར་འགྱུར་ཏེ། དེ་ནི་རྣམ་པར་སྨིན་པས་བསྡུས་པ་ཡིན་ལ། དེ་ལས་གཞན་པའི་བདེ་སྡུག་གི་ཚོར་བ་ཐམས་ཅད་ནི། རྣམ་པར་སྨིན་པ་ལས་གདོད་འབྱུང་བའམ་ཡུལ་གྱི་རྐྱེན་གྱིས་འབྱུང་བ་ཡིན་ནོ། །དེ་བཞིན་དུ་དེ་ལྟར་དེའི་དུས་སུ་ཚོར་བ་རྣམ་གསུམ་འབྱུང་བ་རྣམ་པར་དག་པ་ནི། ཡོངས་སུ་དག་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། བཅོམ་ལྡན་འདས་ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་ནོ། །འདུ་ཤེས་ནི་ཡུལ་དང་དབང་པོ་འགག་ན་ཡང་མའི་རྐྱེན་གྱིས་ཉོན་མོངས་པ་འབྱུང་བ་དང་། ཡང་རྣམ་པར་སྨིན་པ་ལས་གཞན་པའི་སྡུག་བསྔལ་གྱི་འདུ་ཤེས་དག་འབྱུང་བ་ལ་སོགས་པ་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་ཚེ་དཔག་ཏུ་མེད་པ་ལ་ཤེས་པར་བྱའོ། །འདུ་བྱེད་ནི་དུས་བརྒྱད་པོ་ཁོ་ནས་སྐྱེ་བ་འཕེལ་བའི་འདུ་བྱེད་པ་སྟེ། དེ་ལྟར་རྣམ་པར་དག་པ་ནི་ཡོངས་སུ་དག་པའི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དོན་ཐམས་ཅད་ཡོངས་སུ་གྲུབ་པའོ། །བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། ཞེས་བྱ་བ་གསུངས་པ། ཅིའི་ཕྱིར་སྣང་བ་ཞེ་ན། བྱང་ཆུབ་སེམས་དངོས་པོ་ཐམས་ཅད་གསལ་བ་དང་། སྣང་བར་བྱེད་པའི་གོ་འབྱེད་པའི་ཕྱིར་ཏེ། ནམ་མཁའི་ཁམས་ཆོས་ཀྱི་འབྱུང་གནས་ཡུམ་གྱི་བྷ་ག་དང་བ་སྤུའི་བུ་ག་ལ་སོགས་པའོ། །སྲ་བའི་དབྱིངས་དང་། ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དེ་ཉིད་རྒྱུར་བྱས་ནས། ལུས་ཀྱི་རྒྱུར་བྱས་པའི་གཟུགས་ཆེ་ཞིང་རྒྱ་ཆེན་པོ་འགྱུར་པའོ། །མཉེན་པའི་དབྱིངས་ནི། བྱང་ཆུབ་སེམས་དེ་ཉིད་སྡུད་པར་བྱེད་པའོ། །དྲོ་བ་མེའི་ཁམས་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་སྨིན་པར་བྱེད་དེ། འཛག་པར་མི་འགྱུར་པའི་ཚུལ་གྱིས་བརྟན་པར་བྱེད་དོ། །སྐྱོད་པ་རླུང་གི་ཁམས་ནི་བྱང་ཆུབ་ཀྱི་སེམས་ཉིད་ལས་ཡན་ལག་རྣམས་རྣམ་པར་འབྱེད་ཅིང་ལུས་བསྐྱོད་པར་བྱེད་པའོ། །དེ་དག་ཀྱང་རིམ་བཞིན་དུ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྤྱན་མ་དང་། མཱ་མ་ཀཱི་དང་། ན་བཟའ་དཀར་མོ་དང་། དམ་ཚིག་སྒྲོལ་མ་རྣམས་སུ་སྦྱར་རོ། །དེ་ལྟར་ས་བོན་བྱང་ཆུབ་སེམས་ལས། ནང་ལུས་ཀྱི་དཀྱིལ་འཁོར་དང་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་པར་གྲུབ་བར་འགྱུར་ཏེ། བདག་དང་སེམས་ཅན་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་མངོན་པར་གྲུབ་པར་བལྟ་ཞིང་། དཀྱིལ་འཁོར་ལས་དཀྱིལ་འཁོར་འབྱུང་ཞིང་། ཇི་ལྟར་གཞན་དག་གིས་ནི་འཁོར་བར་མཐོང་བ་དེ། རྣམ་འབྱོར་པས་ནི་དཀྱིལ་འཁོར་ལས་དཀྱིལ་འཁོར་འབྱུང་བར་ལྟ་བར་བྱའོ། །ད་ནི་དབང་པོ་དྲུག་དང་ཡུལ་དྲུག་འབྱུང་བ་ལས། ཡིད་ཀྱི་དབང་པོ་ནི་གཞན་དུ་བརྗོད་ལ། ཕྱི་མ་ལྔ་དུས་གཅིག་ཏུ་བརྗོད་པར་བྱའོ། །དེ་ཡང་ཕྱིན་ཅི་ལོག་ཏུ་དམིགས་པའི་བར་མ་དོའི་སྲིད་པ་འགགས་པ་དང་། དེ་དང་དུས་གཅིག་ཏུ་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཞུགས་པས། དབང་པོ་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ་དེ་དང་མཐུན་པའི་བྱང་ཆུབ་ཀྱི་སེམས་གཉིས་འདུས་པས། ལུས་ཀྱི་དབང་པོ་དང་བཅས་པ་དག་འབྱུང་བར་འགྱུར་ཏེ། དེའི་གནས་སྐབས་སུ་རྣམ་པར་ཤེས་པ་གནས་གྱུར་པ་ནི། ཉིང་མཚམས་སྦྱོར་བ་ཞེས་བྱའོ། །དབང་པོ་དེའི་རྟེན་འབྱུང་བ་ཆེན་པོ་རྣམས་ཀྱང་། མིག་ལ་སོགས་པ་འབྱུང་བ་ཆེན་པོ་དག་དང་། ལུས་ཀྱི་དབང་པོ་ཡང་ལྷན་ཅིག་འབྱུང་བར་འགྱུར་རོ། །དེ་ནས་དབང་པོ་འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས། མིག་གི་དབང་པོ་ལ་སོགས་ཏེ། རིམ་གྱིས་འགྲུབ་པར་འགྱུར་རོ། །དབང་པོ་རྟེན་གྱི་འབྱུང་བ་ཆེན་པོ་དག་ཀྱང་རྒྱུར་བྱས་ནས། རིམ་གྱིས་དབང་པོའི་རྟེན་རྣམས་ཀྱང་འགྲུབ་བར་འགྱུར་རོ། །དེ་ལྟར་དབང་པོ་རྣམས་དང་། དེའི་དོན་རྣམས་འབྱུང་བ་ལས། ལུས་ཐམས་ཅད་གྲུབ་ཅིང་རྫོགས་བར་འགྱུར་རོ། །དེ་ལྟར་གྲུབ་པ་དང་། དེའི་དུས་སུ་སྒྱུར་བའི་དབང་གིས་འགྲམ་ཆུ་སློང་བ་ལྟར། དབང་པོ་དྲུག་ལ་རྟེན་པའི་རྣམ་པར་ཤེས་པ་དྲུག་ཀྱང་ཡིད་ཀྱི་དབང་པོའི་དབང་གིས་འཇུག་སྟེ། དཔེར་ན་སྣོད་དང་བཅུད་དང་འཇིག་རྟེན་ལྟ་བུའོ། །དེ་ལྟར་དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ལས། སེམས་དཔའ་སེམས་མའི་ཚོགས་དང་། ཁྲོ་བོ་དང་ཁྲོ་མོའི་དཀྱིལ་འཁོར་དུ་རང་བྱུང་བར་བསྟན་པ་ཡིན་ཏེ། གང་སེམས་ཅན་རྣམས་ཀྱིས་ནི་འཁོར་བར་མཐོང་ལ། འཕགས་པ་རྣམས་ཀྱིས་ནི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཟིགས་ན། འགྲོ་བ་འདུལ་བའི་དཀྱིལ་འཁོར་མ་རྟོགས་ཤིང་ལོག་པར་རྟོགས་པས་མ་རིག་པའི་འདམ་དུ་བྱིང་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། དཔེར་ན་ཁྱུང་དང་སེང་གེའི་བུས་ཀླུ་དང་། གླང་པོ་ཆེ་འདུལ་བའི་མཐུ་སྟོབས་རང་གི་རྒྱུད་ལ་ཡོད་ན་ཡང་། མངལ་དང་སྒོ་ངས་བསྒྲིབས་པ་དང་འདྲ་བར། ཚིག་དེ་དག་གིས་ནི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རང་བྱུང་བར་བསྟན་པ་ཡིན་ནོ། །དཔལ་གསང་བའི་སྙིང་པོ་ལས་ཡོངས་སུ་དག་པའི་ལྷ་དང་བཞུགས་པའི་དཀྱིལ་འཁོར་སྤྱིའི་གཞུང་དང་སྤྱི་དང་ཁྱད་པར་སོ་སོར་ཕྱེ་སྟེ་བཀྲལ་བ། གསང་སྔགས་མ་ཧཱ་ཡོ་གའི་གཞུང་དུ་བཀྲལ་ལོ། །ད་ནི་རྒྱུད་ཀྱི་གཞུང་ཨ་ཏི་ཡོ་གར་བཀྲལ་བ་ནི། རྒྱུད་ཕྱི་མའི་གཞུང་ལས་བཀྲལ་བར་བྱ་སྟེ། དེ་ཡང་གང་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། སྣོད་དང་བཅུད་དུ་བཅས་པའི་ཆོས་དང་ཆོས་ཉིད་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྲིད་པ་དང་། ཁམས་དང་སྙིགས་མ་དང་དུས་དང་ལྟ་བ་དང་། གཡོ་བ་དང་མི་གཡོ་བ་དང་སྤྱོད་ཡུལ་དང་སྤྱོད་ཡུལ་ལས་འདས་པ་དང་། ཤེས་པ་དང་ཤེས་བྱའི་ངོ་བོ་ལ་སོགས་པ་ཐམས་ཅད་ཡོངས་སུ་དག་པའི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དབྱིངས་སུ་འདུས་པར་བསྟན་པ་སྟེ རྟག་པར་མ་ཡིན་པ་དང་། ཞེས་པའི་བར་དུ་འབྲེལ་ཏོ། །དེ་ཡང་གང་ཞེ་ན་དབྱིབས་དང་ཁ་དོག་དང་བྲལ་ཏེ་གང་གི་ངོ་བོ་ཡང་མ་ཡིན་ན་ཡང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཀྱི་རྒྱུ་འཁོར་བ་དང་མྱ་ངན་ལས་འདས་པའི་འབྱུང་གནས་སུ་གྱུར་ཅིང་། དགེ་བ་དང་སྡིག་པའི་ལས་ཀྱི་བག་ཆགས་ཀྱི་ས་བོན་འཛིན་པའི་ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ། །ཅིའི་ཕྱིར་ཞེ་ན་རྐྱེན་འཁོར་བའི་དྲི་མ་ཡོངས་སུ་དག་པ་ཅན་ཡིན་ནོ། །དོན་དམ་པར་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་ལས་ཀུན་རྫོབ་འགྲོ་བའི་དོན་དུ་ཕྱི་ནང་གཟུང་འཛིན་དུ་འཁྲུལ་པ་དཀྱིལ་འཁོར་གྱི་ངོ་བོ་སྣང་ཡང་། སྣང་བ་དང་ཆོས་ཀྱི་དབྱིངས་ཉིད་གཉིས་སུ་མེད་པའི་རང་བཞིན་གཟུགས་ཀྱི་རྒྱལ་པོ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །ཚོར་བ་གསུམ་གྱི་རང་བཞིན་ནི། སྟོང་པ་ཉིད་ཀྱི་རང་བཞིན་བདེ་སྡུག་དབྱེར་མེད་དོ། །དེ་ནི་ཐམས་ཅད་དབྱེར་མེད་པ་མཉམ་པ་ཉིད་ཀྱི་སྐུ། ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་ནོ། །ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་ལྟར་སྣང་དུས་ན་འདུ་ཤེས་པ་ཡང་། ཡུལ་དང་དབང་པོ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ལ། རྡུལ་ཕྲན་གཅིག་ཀྱང་ཕྱོགས་ཆ་དང་བྲལ་བས་གཟུང་བའི་ཡུལ་སྟོང་ངོ་། །རྣམ་པར་ཤེས་པ་རང་བཞིན་གྱིས་འོད་གསལ་བས་སྟོང་སྟེ། དེ་ལྟར་དངོས་པོ་མེད་པ་ནི་མངོན་པར་བྱང་ཆུབ་པའི་སྐུ་འདུ་ཤེས་ཀྱི་རྒྱལ་པོ་སྟེ། སྣང་བ་མཐའ་ཡས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པའི་ཆོས་མ་ཡིན་པ་རྣམས་ཏེ། འདུ་བྱེད་ལྔ་བཅུ་རྩ་གཅིག་པོ་དག་ཀྱང་། རྩ་བ་ཚོགས་བརྒྱད་ལ། དེ་ནི་ཀུན་གཞི་ལ། ཀུན་གཞི་ས་བོན་ཐམས་ཅད་པ་དེ་ཡང་སྒྱུ་མའི་དཔེ་བརྒྱད་དུ་མཚུངས་པས་དངོས་པོ་མེད་ལ། དངོས་པོ་མེད་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་སྟེ། འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་བོ། ཁ་དོག་ལྔ་ཤེས་པར་བྱ་བའི་དམ་ཚིག་ཀྱང་གང་ཞེ་ན། སེམས་ཅན་གྱི་ཤེས་པའི་ཚོགས་བརྒྱད་ལ་ཡེ་ཤེས་ལྔས་ཁྱབ་ཀྱང་། འཁྲུལ་པའི་དྲྭ་བས་བསྒྲིབས་པས་མ་མཐོང་སྟེ། དེ་ལྟ་བུ་གཏི་མུག་གི་མུན་པས་རྨོངས་པ་ཅན་ལ་ཡེ་ཤེས་ཀྱི་སྣང་བ་རང་བཞིན་གྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར་མཚོན་ཞེས་གསུངས་སོ། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཅིས་ཀྱང་མི་འགྱུར་བའི་དཔེ་མཐིང་གའོ། །སེམས་ཅན་ལ་ཆོས་ཉིད་བྱང་ཆུབ་སེམས་ཡེ་ནས་སངས་རྒྱས་པའི་རྒྱུ་ཡོད་པར་བསྟན་པའི་ཕྱིར་དཀར་པོའོ། །བདག་དང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པའི་ཕྱིར་སེར་པོའོ། །མ་ཧཱ་ཡོ་གའི་དབང་དུ་སེམས་ཅན་དང་ཆོས་ཉིད་བྱང་ཆུབ་སེསམ་ལ་ཆགས་པ་ཉིད་ཨ་ཏི་ཡོ་གའི་དབང་དུ་དེ་ཙམ་ལ་ཡང་ཆགས་པ་མེད་པར་བསྟན་པའི་ཕྱིར་ལེ་བརྒན་ནོ། །ཚོན་སྣ་ཚོགས་འདུས་ན་ལྗང་ཁུ་དང་འདྲ་བར། མཚན་མ་ཐམས་ཅད་མཚན་མ་མེད་པའི་དབྱིངས་སུ་འདུས་པར་བསྟན་ཅིང་། མཚན་མ་མེད་པའི་སྤྱོད་ཡུལ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར་ལྗང་གུའོ། །ནམ་མཁའ་ནི་ཀུན་ལ་ཁྱབ་པ་དང་འདྲ་བར། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་པ་དང་། ནམ་མཁའ་ཀུན་གྱི་གོ་འབྱེད་པ་དང་འདྲ་བར། ཀུན་གཞི་ས་བོན་གྱི་སེམས་ཀྱིས་སྣོད་བཅུད་སྐྱེ་བ་ཀུན་གྱི་གོ་འབྱེད་པའི་ཕྱིར་རོ། །བརྒལ་བ། བཅུད་ཀྱི་འཇིག་རྟེན་ལྟར་ཀུན་གཞིས་བྱས་སོ་ཞེས་བྱར་རུང་ན། སྣོད་ཀུན་གཞིས་བྱས་སོ། །ཞེས་པ་འགལ་ལོ། །དེ་ནི་འཇིག་རྟེན་ཐམས་ཅད་ལས་ལས་སྐྱེས་པ་དང་། ཀུན་གཞི་ལས་ཀྱི་བག་ཆགས་ཀྱི་གནས་ཡིན་པས་འགལ་བ་མ་ཡིན་ནོ། །དེ་ལྟར་ནམ་མཁའ་ཀུན་གྱི་གོ་འབྱེད་པའི་ཕྱིར། སྣང་བའི་དབྱིངས་སོ། །ཅི་ལྟར་ས་ལ་སེམས་ཀྱིས་ཟིན་པ་ཀུན་བརྟེན་པ་ལྟར། ཐེག་པ་ཆེན་པོ་སྐྱེ་བ་མེད་པའི་དབྱིངས་སུ་ཡེ་ཤེས་འདི་ལ་ཡང་། ཐེག་པ་ཐམས་ཅད་འདུས་ཤིང་རྟེན་པའི་ཕྱིར། སྲ་བའི་དབྱིངས་སོ། །གཟུང་བ་དང་འཛིན་པའི་རྟོག་པ་དང་། སྒྲིབ་པ་གཉིས་ཀྱི་དྲི་མ་དང་དྲལ་ཞིང་སྐྱེ་བ་མེད་པའི་དབྱིངས་བྱང་ཆུབ་སེམས་ཀྱི་ཆུ་ཀླུང་ཆེན་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་ཆེན་པོ་བཅུ་གསུམ་གྱི་སྙིང་རྗེ་ཆེན་པོས་རླན་པའི་མཚོ་ཆེན་པོ་ལ་ཞུགས་པས་མཉེན་པའི་དབྱིངས་སོ། །སྟོང་པ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་མེས། དངོས་པོ་དང་དངོས་པོ་མེད་པ་དང་། སེམས་ཀྱི་ལྟ་བའི་བག་ཆགས་ཀྱི་ཕྲ་རྒྱས་ཀྱི་ངོ་བོ་བསྲེགས་ཤིང་། བྱང་ཆུབ་ཆེན་པོའི་འབྲས་བུ་སྨིན་པར་མཛད་པས་དྲོ་བའི་དབྱིངས་སོ། །བདག་ཏུ་འཛིན་པའི་ལྟ་བའི་རི་བོ་རྡུལ་གྱི་དྲི་མ་འཐོར་བར་མཛད་ཅིང་ཤིན་ཏུ་རྣམ་པར་དག་པའི་བྱང་ཆུབ་སེམས་ཀྱིས། སེམས་ཅན་དག་བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྐྱོད་པར་མཛད་པས་བསྐྱོད་པའི་དབྱིངས་སོ། །དོན་དམ་པར་ན་ཆོས་ཉིད་བྱང་ཆུབ་སེམས་ནི་ཁ་དོག་དང་དབྱིབས་མ་ཡིན་པས། མིག་གིས་མཐོང་བར་ཡང་བྱར་མེད་པས། མིག་གི་དབང་པོ་དང་རྣམ་པར་ཤེས་པ་སྟེ། ཡུལ་གཟུགས་དང་མཐོང་བར་བྱར་མེད་བཞིན་དུ། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། མཐོང་བྱེད་དང་། བཙུན་མོ་མཐོང་བར་བྱ་བར་ཡང་སྣང་ངོ་། །དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ནི། གང་ལས་ཐོས། གང་ཐོས། གང་གིས་ཐོས་ཏེ། ཚིག་དང་ཡེ་གེ་ལས་འདས་ཏེ། རྣ་བའི་དབང་པོ་དང་རྣམ་པར་ཤེས་པ་དང་། ཡུལ་སྒྲ་ལས་ཀྱང་འདས་ཀྱང་། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། ཐོས་བྱེད་དང་། ཡུལ་མཉན་པར་བྱ་བའི་སེམས་དཔའ་དང་སེམས་མ་ལྟ་བུར་སྣང་ངོ་། །དོན་དམ་པར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དྲི་དང་སྣའི་ཡུལ་མ་ཡིན་པས། སྣའི་དབང་པོ་དང་རྣམ་པར་ཤེས་པ་དང་། ཡུལ་དྲི་ལས་འདས་ཀྱང་། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། བྱང་ཆུབ་ཆེན་པོ་རྡོ་རྗེ་བསྣོམ་པ་དང་། སྣོམ་བྱེད་དང་། བཙུན་མོ་སྣམ་པར་བྱ་བ་མོ་ལྟ་བུར་ཡང་སྣང་ངོ་། །དོན་དམ་པར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནི་ཚིག་དང་། སྒྲ་མ་ཡིན་པས། ལྕེའི་དབང་པོ་དང་རྣམ་པར་ཤེས་པ་མྱོང་བར་བྱ་བའི་མཐའ་དང་ཡང་བྲལ་བཞིན་དུ་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བྱང་ཆུབ་ཆེན་པོ་རྡོ་རྗེ་མྱང་བ་དང་། མྱོང་བྱེད་དང་། བཙུན་མོ་མྱོང་བར་བྱ་བར་ཡང་སྣང་ངོ་། །དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ནི། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་རང་བཞིན་ལས། དུས་བཞིའི་ངོ་བོར་སྣང་ཡང་། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། ལྷ་མོ་བཞིའི་རང་བཞིན་ལྟ་བུར་ཡང་སྣང་ངོ་། །དོན་དམ་པར་ཆོས་ཐམས་ཅད་སྟོང་པ་བཅོ་བརྒྱད་ཀྱི་ངོ་བོ་ལྟ་བུ་ལ། ས་བོན་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་གྱི་གནས་ལྦུ་བ་རྡོས་པ་ལྟ་བུ་ལྷན་ཅིག་འབྱུང་བའི་རེག་པ་དང་། ཆུའི་ཆུ་བུར་ལྟ་བུའི་རྟེན་གྱི་གནས་རེག་བྱ་དང་། སྒྱུ་མ་འཕྲུལ་པ་ལྟ་བུ་དམིགས་པའི་གནས་རེག་བྱེད་དང་། སྨིགས་རྒྱུ་ལྟ་བུའི་དེ་མ་ཐག་པའི་གནས་རེག་ཤེས་དག་ཀྱང་འཇོམས་པ་ཆེན་པོ་ཁྲོ་བོ་ལྟར་ཡང་སྣང་ངོ་། །དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ནམ་མཁའ་ལྟ་བུའི་རང་བཞིན་ལས། འཁྲུལ་བའི་ལོག་རྟོག་གི་མུ་བཞིར་རྟོག་པ་དེ་དག །མཐའ་རྣམ་བཞི་ལས་བཟློག་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཁྲོ་མོ་ཆེན་མོ་བྱང་ཆུབ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངང་ལྟ་བུར་ཡང་སྣང་ངོ་། །འདི་ནས་བཟུང་སྟེ་ལེའུ་དྲུག་པ་ཡན་ཆད་དུ། གོང་དུ་གསུངས་བའི་ཚིག་དོན་ཐམས་ཅད། ཚིག་བཞི་པ་རེ་རེས་གསུངས་པ་ལས་འདིར་ཡང་གོང་གི་དོན་རྣམས་ཚིག་བཞི་པ་འདིར་ཡང་འདུས་པར་བྱ་བའི་ཕྱིར་ཡང་གསུངས་པ། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་གོང་གི་དེ་དག་ཉིད་ཀྱི་གསང་བ་འོག་ནས་འབྱུང་བའི་དོན་འདི་དག་ཉིད་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསྡུས་པའི་སྒོ་ནས་ཕྱུང་ངོ་། །དེ་ལ་སྐུའི་རིགས་ལ་སོགས་པ་འབྲས་བུ་རིགས་ལྔ་ཉིད། རྒྱུ་ཡེ་ཤེས་ལྔ་ལས་བྱུང་བའི་ཕྱིར་ཏེ། རྒྱུ་འབྲས་དབྱེར་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་རྡོ་རྗེ་དེ་ཉིད་དཔལ་ཀུན་ཏུ་བཟང་པོ་ཉིད་ཡིན་པས། དེའི་ཕྱིར་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་འོག་ནས་གསུངས་པའི་དོན་འདི་ཕྱུང་ངོ་། །ཞེས་བྱའོ། །དེ་ལ་ཨེ་མའོ། །ཞེས་པའི་སྒྲས་ནི། རྨད་དུ་བྱུང་བ་སྟེ། ཧི་ཡ་ས་མ་དར་ཏི་ཞེས་པའི་སྒྲས་ཅིའི་ཕྱིར་ཞེས་པའི་དོན་ཏེ། གོང་དུ་གསུངས་པའི་དོན་ལ་ངམ་པའོ། །ཨེ་ཨེ་ཨེ་ཞེས་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། གནས་དང་སྟོན་པ་དང་འཁོར་དང་གསུམ་ལ་ངོ་མཚར་སྐྱེས་པའོ། །བསྡུས་པའི་དོན་གྱིས་ཕྱུང་བ་དེ་ཉིད་ཀྱང་གང་ཞེ་ན། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། །རང་སྣང་བ་ཉིད་ཏིང་འཛིན་སྒྱུ་མ་གཟུགས་བརྙན་རྣམ་དག་གསལ་བ་ནི། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡིད་བཞིན་རིན་པོ་ཆེ། མི་ཟད་པར་ལྡན་རྒྱན་གྱི་དཀྱིལ་འཁོར་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་གསུངས་ཏེ། དེ་ལ་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཀྱང་། དེ་བས་དེ་སྐད་ཅེས་གསུངས་སོ། །དེ་བཞིན་ཉིད་ཅེས་བྱ་བ་ནི། ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཅིའི་ཕྱིར་ཞེ་ན། མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དེའི་དབྱིངས་ཉིད་ཅེས་བྱ་བ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། ཡུལ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་བྱའོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ཅེས་གསུངས་སོ། །མི་ཟད་པ་ཉིད་ཀྱི་ཕྱིར་ཞེ་ན། དེ་ཡང་གང་ཞེ་ན། གནས་ཀྱི་དཀྱིལ་འཁོར་སྨོས་པ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ཞེས་བྱ་བ་ནས། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ། ཞེས་པའི་བར་ལ་ཤེས་པར་བྱ་སྟེ། དེ་ལྟ་བུའི་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཀྱི་དཀྱིལ་འཁོར་ན་བཞུགས་སོ་ཞེས་བྱ་བའོ། །སུ་བཞུགས་ཤེ་ན། ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷའི་དཀྱིལ་འཁོར་བཞུགས་པའི་ཕྱིར། དབང་སྒྱུར་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དབང་སྒྱུར་བ་ནི་གང་ཞེ་ན། ཡེ་ཤེས་ཐམས་ཅད་འདུས་པའི་སྐུ་དཔལ་ཀུན་ཏུ་བཟང་པོ་ཉིད་དེ། །སྤྱོད་ཡུལ་གྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་དབང་བསྒྱུར་བའོ། །དེ་ཡང་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པ་ནས། དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་ཚིག་དང་དོན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ལ་ཤེས་པར་བྱའོ། །དེའི་ཡེ་ཤེས་དཀྱིལ་འཁོར་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་གནས་པ་སྟེ། རྣམ་པར་ཤེས་པའི་རྒྱལ་པོ་ནས་རྟག་ཆད་ཀྱི་བར་ལ་སྨོས་པ་སྟེ། དེ་ཡང་དཔལ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཆེན་པོ་ལྔ་ལས་བྱུང་ཞིང་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གནས་པའི་ཕྱིར། ཨེ་མའོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟ་བུའི་དཀྱིལ་འཁོར་ལགས་སུ་ཟིན་གྱིས་ཀྱང་མ་རིག་པའི་སེམས་ཅན་རྟོག་པའི་གཟུང་འཛིན་མུན་པ་དང་འདྲ་བས་གཡོགས་པ་དག་ལ་འགྲེལ་པས་མི་འགྱུར་རོ་སྙམ་པའི་ཕྱིར་རོ། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། རང་སྣང་བ་ཉིད་ཏིང་འཛིན་སྒྱུ་མ་ཞེས་གསུངས་ཏེ། སྒྲའི་གཙུགས་ལག་དང་མཐུན་པར་གང་སྣང་ཡེ་ཤེས་དཀྱིལ་འཁོར་ཞེས་བྱའོ། །གང་ལས་སྣང་ན་ཐུགས་རྗེའི་ངང་ལས་ཞེས་བྱའོ། །དྭངས་པའི་ཆུ་ལ་གཟུགས་བརྙན་བཞིན་དུ་སྟེ། འདི་ཉིད་ལས་ཀྱང་། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོ་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་ཐུགས་རྗེ་དང་། སེམས་ཅན་གྱི་ལས་འབྲེལ་ཞེས་པའོ། །དེ་ལྟར་གང་སྣང་ཞེ་ན། བྱེད་པ་པོའམ་གཉེན་པོའི་ཕྱོགས་སུ་གསུངས་པ་མེད་པར་སུན་ཕྱུང་བ་སྟེ། དེ་ཡང་འདི་ཉིད་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པ། །ཞེས་པ་ནས། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །ཞེས་བྱ་བ་ལ་སོགས་པའོ། །གང་ལ་སྣང་ན་ཏིང་ངེ་འཛིན་ཞེས་པ་སྟེ། རྣལ་འབྱོར་པའི་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སྣང་ངོ་། །དེ་ལྟར་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ཀྱི་དཀྱིལ་འཁོར་ན་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷའི་དཀྱིལ་འཁོར་བཞུགས་པ་སྟེ། རྣལ་འབྱོར་པའི་དཀྱིལ་འཁོར་ལ་སྣང་བ་སྟེ། དཔེའམ་ཚུལ་ཇི་ལྟར་སྣང་ཞེ་ན། ཐེག་པ་ཆེན་པོའི་དཔེ་བཅུ་སྣང་སྟེ། དེ་ལྟར་ཡང་ཅིས་མངོན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་དང་། སྟོང་ཕྲག་བརྒྱ་པ་གཉིས་ལས་ཀྱང་། སྒྱུ་མ་སྣ་ལ་སྨོས་ནས་འགབ་ཏུ་གཟུགས་བརྙན་འབྱུང་སྟེ། དེའི་བར་ན་བརྒྱད་དེ་བཅུའོ། །འདིར་གཟུགས་བརྙན་སྣ་ལ་བྱུང་ནས། འགབ་ཏུ་སྒྱུ་མ་འབྱུང་བ་ནི། ཀ་རི་ཀའི་རིམ་པའོ། །ཡང་ན་ཚིག་སྦས་ཀྱི་དབང་ངོ་། །དེ་ཡང་འཁོར་བའི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་རྒྱུས། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འདི་ལྟར་སྣང་ཞིང་རྟོག་པར་འགྱུར་རོ། །དེ་ལ་དངོས་པོ་མེད་ཀྱང་དངོས་པོར་སྣང་བའི་དཔེ་གང་ཞེ་ན། སྒྱུ་མ་དང་ཞེས་ཏེ། སྒྱུ་མ་ཅི་ལྟར་སྨན་དང་སྔགས་ལ་སོགས་པ་རྐྱེན་ཚོགས་པའི་དབང་གིས་རྫུས་པ་ཡིན་ཡང་དངོས་པོའི་རྣམ་པར་འབྱུང་བ་དེ་ལྟར། ནང་གི་དབང་བོ་དེ་ལས་བྱུང་བའི་ལྷ་ཐམས་ཅད་ནི་སྒྱུ་མ་དང་མཚུངས་ཏེ། རང་བཞིན་མེད་ཀྱང་རྫས་སུ་ཡོད་པའི་རྣམ་པར་སྣང་བའི་ཕྱིར་རོ། །རང་བཞིན་མེད་ཀྱང་གདགས་སུ་རུང་བའི་དཔེ་གང་ཞེ་ན་སྨིག་རྒྱུ་དང་ཞེས་ཏེ། རྣམ་པར་ཤེས་པའི་ཁམས་དང་དེ་ལས་བྱུང་བའི་ལྷ་ཐམས་ཅད་ནི་སྨིག་རྒྱུ་དང་མཚུངས་ཏེ། དེ་དག་སྨིག་རྒྱུ་བཞིན་དུ་རང་བཞིན་མེད་པའི་རྣམ་པར་སྣང་བའི་ཕྱིར་རོ། །བཀོད་པ་མེད་པར་སྣང་བའི་དཔེ་གང་ཞེ་ན། ཆུ་ཟླ་དང་ཞེས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པས་བསྡུས་པ་རྣམས། རྣལ་འབྱོར་བ་ལ་སྣང་བ་ནི་ཆུའི་ཟླ་བ་དང་མཚུངས་ཏེ། སྒྲིབ་པའི་དྲི་མ་རྣམས་དང་བྲལ་བའི་སེམས་ཀྱི་ཚུལ། འཕགས་པའི་ཐུགས་རྗེ་ཆེན་པོ་དང་འབྲེལ་བའི་དབང་གི་ཡེ་ཤེས་ཀྱི་བྱིན་རླབས་ཟླ་བའི་གཟུགས་བརྙན་བཞིན་དུ་གཟུགས་ལ་སོགས་པར་རྣམ་པར་སྣང་ཡང་། དོན་དམ་པ་རང་བཞིན་མེད་ལ། ཀུན་རྫོབ་ཏུ་དེ་ལྟར་སྣང་བའི་ཕྱིར་རོ། །ཀུན་རྫོབ་ཀྱིས་དོན་དམ་པ་ཐོབ་པའི་དཔེ་གང་ཞེ་ན། རྨི་ལམ་དང་ཞེས་ཏེ། དཔེར་ན་རྨི་ལམ་ན་འགྲོ་བ་བཟང་མོ་དག་ལ་སྤྱོད་ཅིང་དེ་ལྟར་རོལ་ཀྱང་མི་ཆགས་པའོ། །བྱིན་བརླབས་འབྱུང་བའི་དཔེ་གང་ཞེ་ན། སྒྲ་བསྙན་དང་ཞེས་ཏེ། འཁོར་གྱི་བྱང་ཆུབ་སེམས་དཔའ་དང་ལས་འཕྲོ་མཐུན་པའི་རྣལ་འབྱོར་པ་ལ་བསྟན་པའི་ཆོས་ཀྱི་གསུང་རྣམ་པར་དག་པ་རྡོ་རྗེ་ཆེན་པོ་མཐའ་ཡས་པ་ཐོས་པ་སྟེ། གསུང་གི་རྡོ་རྗེ་སྒོ་ནས་རྒྱ་ཆེར་གསུངས་པ་ལས། དོན་འབྱུང་བ་སྒྲ་བརྙན་དང་མཚུངས་ཏེ། བྲག་ཅ་བཞིན་དུ་བཅོམ་ལྡན་འདས་ཀྱི་དབང་གིས་ཐོས་པའི་ཕྱིར་རོ། །འཁྲུལ་པ་ཉིད་རྣམ་པར་དག་པའི་དཔེ་གང་ཞེ་ན། མིག་ཡོར་དང་ཞེས་ཏེ། སྐྱེས་བུ་ཆེན་པོའི་མཚན་ལ་སོགས་བས་བརྒྱན་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་བསྡུས་པ་རྣམས་ནི། མིག་ཡོར་དང་མཚུངས་ཏེ། ཡོངས་སུ་དག་པའི་ཆོས་ཀྱི་དབང་གིས་དེ་ལྟར་སྣང་བའི་ཕྱིར་རོ། །ཡོངས་སུ་དག་པའི་དཔེ་གང་ཞེ་ན། ནམ་མཁའ་དང་ཞེས་ཏེ། དེ་ལྟར་ཆོས་ཐམས་ཅད་མངོན་དུ་གྱུར་པའི་ཚེ་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བའི་ཡེ་ཤེས་ཐོབ་པར་གྱུར་པས། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་ནམ་མཁའ་དང་འདྲ་སྟེ། ཀུན་གྱི་གོ་འབྱེད་པས་ནམ་མཁའ་བཞིན་དུ་གནས་པའི་ཕྱིར་རོ། །གྲུབ་པ་གནས་ཀྱི་དཔེ་གང་ཞེ་ན། དྲི་ཟའི་གྲོང་ཁྱེར་དང་ཞེས་ཏེ། འཁོར་བའི་ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་མཚུངས་ཏེ། བརྟགས་ན་རང་བཞིན་མེད་པའོ། །དེ་ལྟར་རྟོགས་པ་འབྲས་བུ་འཁོར་བའི་རྒྱན་དང་། རོལ་མོའི་ཚོགས་ཀྱང་དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། ཆགས་པའི་དངོས་པོ་སྤངས་པའི་ཕྱིར་ཡང་ཤིན་ཏུ་ཆགས་པ་ཆེན་པོའི་དབང་གིས་རོལ་ཅིང་། དངོས་པོ་མེད་པའི་རང་བཞིན་དུ་ལོངས་སྤྱོད་པར་མཁྱེན་པའོ། །ཐུགས་རྗེ་ཆེན་པོ་འབྱུང་བའི་དཔེ་གང་ཞེ་ན། །སྤྲུལ་པ་དང་ཞེས་ཏེ། དེ་ལྟར་འཕགས་པའི་ཐུགས་རྗེ་ཉིད་སྤྲུལ་ཏེ། དོན་བྱེད་ནུས་པའི་དབང་གིས་རྣལ་འབྱོར་པ་དག་དངོས་ཀྱི་ལས་ཀྱི་འབྲས་བུ་རྣམས་ཡོངས་སུ་སྨིན་ཅིང་རྫོགས་པའི་ཕྱིར་རོ། །རྒྱུ་འབྲས་མཐུན་པའི་དཔེ་གང་ཞེ་ན། གཟུགས་བརྙན་དང་ཞེས་ཏེ། སྔོན་གྱི་ལས་ཀྱི་འབྲས་བུས་བསྡུས་ནས་རྣལ་འབྱོར་པ་དང་ཡེ་ཤེས་མཐུན་པའི་དཔེ་ནི། གཟུགས་བརྙན་དང་ཆོས་ཐམས་ཅད་མཚུངས་པར་ཆོས་ཐམས་ཅད་ནི་རྒྱུ་འབྲས་མི་བསླུ་བའི་དབང་གིས། ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་རོ། །དོན་དེ་ཉིད་ཀྱི་ཕྱིར་ན། རྣམ་དག་ཞེས་ཏེ། རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པའི་དཔེའི་སྒྱུ་མ་རྣམ་པར་དག་པ་ལྟར་གསལ་ཞེས་ཏེ། གསལ་བ་ནི་གཟུང་བ་དང་། འཛིན་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །དེ་ཉིད་གང་ཡིན་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཞེས་བྱ་སྟེ། དེ་ཡང་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཁོ་ན་ལ་ཤེས་པར་བྱ་སྟེ། དེ་ཉིད་གཟུང་བ་དང་། འཛིན་པའི་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཁོ་ནའི་རང་བཞིན་པས་སེལ་མེད་པ་ཞེས་བྱ་སྟེ། སེམས་ཀྱི་ཆོས་ཉིད་དང་རང་བཞིན་རྫོགས་པ་ཆེན་པོའི་ངོ་བོ་ཉིད་དུ་གནས་ཀྱི་ཀྱང་། མ་རིག་པའི་རྟོག་པའི་གཟུང་འཛིན་གྱི་སེལ་དང་ལྡན་པར་བྱས་པ་ཅན་ཡོད་པས། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་བའི་ཆོས་ཅན་ཡིན་པས། ཡོན་ཏན་རིན་པོ་ཆེ་གཉིས་སྨོས་པ་ཡིན་ཏེ། དེ་ཡང་འབྲས་བུ་སྟོབས་མི་འཇིགས་པ་དང་། ཐབས་དང་ཤེས་རབ་ཀྱི་ངོ་བོ་ཉིད་ཁོ་ན་བས། ཡོན་ཏན་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཆོས་ཀྱི་སྐུ་དང་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་པས་ཀྱང་། རིན་པོ་ཆེ་སྨོས་པ་ཡིན་ནོ། །འཇིག་རྟེན་པའི་རྒྱུ་དང་འབྲས་བུའི་ཁྱད་པར་གྱི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་དང་། རིགས་ལྔ་ཡབ་ཡུམ་གྱི་ཆེ་བའི་ཡོན་ཏན་གྱི་སྒོ་དང་། ཁ་དོག་ཡེ་ཤེས་ཀྱི་ངོ་བོར་གནས་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ཡང་གསུངས་པ་ཡིན་ནོ། །ཟད་པར་བྱ་བའི་རྒྱན་འཇིག་རྟེན་པའི་འཁོར་ལོས་སྒྱུར་བ་ལ་ཡང་རིན་པོ་ཆེ་སྣ་བདུན་རང་གི་འདུས་བྱས་པའི་བསོད་ནམས་ལས་བྱུང་བ་ཅན་ཡང་ཡོད་པའི་ཕྱིར། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་བྱ་བར་གསུངས་སོ། །དེ་ཡང་སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ཟག་པ་མེད་པའི་དགེ་བ་ལས་གྲུབ་པའི་ཕྱིར། རྒྱན་གྱི་འཁོར་ལོ་ཅན་ཁོ་ན་ཡིན་ནོ། །གསང་སྔགས་རྡོ་རྗེའི་ཐེག་པ་གཞན་ཐམས་ཅད་ཀྱང་། རྒྱུད་དང་། སྟོན་པ་དང་། འཁོར་མཆོག་ཏུ་གྱུར་པ་ཉིད་ཁོ་ན་བས་རྡོ་རྗེ་མཆོག་ཅེས་བྱ་བར་གསུངས་སོ། །དེ་ཡང་གཞན་མུ་གསུམ་འགོག་པར་བྱ་བ་ཁོ་ན་ཡིན་ནོ། །དེ་ལྟར་རང་གི་རིག་པའི་ཡེ་ཤེས་ལ་རང་སྣང་བར་གྱུར་པས་ན། ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ཀྱང་། དོན་དམ་པར་ནི་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་དབྱེར་མེད་པ་ཡིན་ལ། ཀུན་རྫོབ་ཏུ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་དག་པར་ལོངས་སྤྱོད་པས་མི་ཟད་པར། རྒྱལ་བའི་དཀྱིལ་འཁོར་དུ་ལྡན་པའི་ངོ་བོ་ཡིན་པས་ན། མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་བྱའོ། །རྒྱུ་དང་འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་ངོ་བོ་ལས། རྡོ་རྗེ་མཆོག་ཅེས་བྱ་སྟེ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཟུང་བ་ཁོ་ན་ཡིན་ནོ། །རང་བཞིན་གྱི་འོག་མིན་ཁོ་ན་གཙོར་གཟུང་བར་བྱ་བ་ཡིན་པས་ཀྱང་། དེའི་ཕྱིར་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་བྱ་སྟེ། གཙང་མ་རིགས་ལྔ་ལ་སོགས་པའི་གཅིག་ཏུ་ཚད་གཟུང་བ་མ་ཡིན་ནོ། །དོན་དམ་པའི་དབང་ཉེ་བར་གཟུང་སྟེ། འཁོར་དང་སྟོན་པ་གཉིས་སོ་སོར་དབྱེར་མེད་པ་ཉིད་ཡིན་དུ་ཟིན་གྱིས་ཀྱང་། ཟབ་མོའི་རྒྱུད་ལས་ཡེ་ཤེས་ཀྱི་སྡུད་པ་པོ་ཡང་ཡོད་པར་ངེས་བྱའི་ཕྱིར། རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བྱ་བ་གསུངས་པའི་ཕྱིར་ཏེ། དེ་ཡང་འདི་དུས་སྔོན་དུ་སངས་རྒྱས་པར་གྱུར་པ་བཞིན་དུ། ཀུན་ཏུ་བཟང་པོས་དབང་བསྐུར་བ་འདི་ཉིད་དུ་ཡང་བྱས་པས། གསང་བའི་མཚན་རྡོ་རྗེ་གསང་བ་ཞེས་བྱ་སྟེ། ཕྱི་རོལ་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་གྲགས་པ་ཡིན་ནོ། །འདིར་སྨྲས་པ། སྟོན་པས་ནི་སྟོན་པ་དང་སྡུད་པ་པོ་སོ་སོར་མ་ཕྱེས་ན། འདིར་ཁྱོད་ཀྱིས་སྡུད་པ་རྡོ་རྗེ་གསང་བ་ཡོད་པས་སྡུས་སོ་ཞེས་བྱ་བར་འགལ་ལོ། །དེ་དེ་ལྟར་ཡིན་གྱིས་ཀྱང་། སྟོན་པས་བཀའ་སྩལ་པ་ཉིད་སྡུད་པ་པོ་བདག་གིས་བཤད་པ་ཡིན་ནོ། །གཉིས་སུ་ན་ནི་སྡུད་པ་པོ་མེད་ན་འདི་ཅི་ལྟར་བྱུང་། གཏམ་ལྐུགས་པ་དང་འདྲ་བས་ཕྱིས་མི་འབྱུང་བའི་སྐྱོན་དུ་འགྱུར་བས། སྡུད་པ་པོ་མ་སྨོས་ན་ཡང་དོན་གྱིས་ཡོད་པར་མངོན་ནོ། །ཡང་སྡུད་པ་པོ་མེད་ན་གཞན་དག་ན་རེ། ཁྱོད་ཀྱི་སྡུད་པ་པོ་མེད་ན་རྒྱུད་འདི་ཇི་ལྟར་འབྱུང་། གནས་གང་གི་ཚེ་གཞི་སུ་ཡོད། སུས་སུ་ལ་གཏད་དེ། དེ་ནས་གང་གིས་སྤེལ་ཞེས་རྒོལ་བ་པོ་འབྱུང་བའི་ཕྱིར་སྡུད་པ་པོ་སྨོས་སོ། །དེ་ཡང་ཐོས་པ་དང་བཤད་དོ། །བསྡུས་སོ་ཞེས་པའ་ིསྒྲོ་སྐུར་སྤངས་པའི་ཕྱིར་ཚིག་ཏུའོ་ཞེས་ཏེ། མཐའ་གཉིས་ཀྱི་སྐྱོན་སྤངས་པའི་ཚིག་དག་པའོ། །ཞེས་སྡུད་པ་པོས་གསུངས་སོ། །གླེང་གཞིའི་ཕུན་སུམ་ཚོགས་པ་ལྔ་ཚང་བར་ཤེས་པར་བྱའོ། །ལེའུ་ཞེས་པ་པ་ཏ་ལའི་སྒྲས་དྲངས་ན། པ་པ་ར་མཱརྠ་སྟེ་དོན་དམ་པ། ཏ་པ་ར་མ་བུ་སྟེ་བྱང་ཆུབ་ཀྱི་སེམས། ལ་ལ་བ་ཏ་ཐོས་པ་སྟེ་དོན་དམ་པ་དང་བྱང་ཆུབ་ཀྱི་སེམས་འཛིན་ཅིང་མི་གཏོང་བའི་ཕྱིར་ལེའུའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་སློབ་དཔོན་ཉི་མའི་སེང་གེ་འོད་ཀྱིས་མཛད་པའི་འགྲེལ་པ། ཐེག་པ་གསུམ་ལུང་བཞུགས་པའི་ལེའུ་དང་པོའི་རྣམ་པར་བཤད་པ་ཇི་སྙེད་པ་རྫོགས་སོ།། །། ༈ །དེ་ལྟར་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་པར། སྡུད་པ་པོས་ཀྱང་གཉིས་སུ་དབྱེར་མེད་པའི་དཀྱིལ་འཁོར་ཆེན་པོའ་ིརང་བཞིན་ལེའུ་དང་པོ་གསུངས་པ་བཀྲལ་ནས། ད་ནི་ཇི་ལྟར་ཐེག་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པའི་ཕྱིར། མ་ཧཱ་ཡོ་གའི་གཞུང་གིས་བསྒོམ་ཁོག་ལས་འབྱུང་བའི་རིམ་པས་བདག་ལྷར་བསྐྱེད་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་པར་བྱ་བ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཡང་བྱའོ། །ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ་གསུངས་སོ། །དེ་ལ་དེ་ནས་ཞེས་པ་ནི་བཀྲལ་ཟིན་པའི་ཚིག་སྟེ། བར་ཆད་པ་མེད་པར་བསྟན་པའི་ཕྱིར་རོ། །ཡང་སྒྲའི་གཙུག་ལག་ལས། ཚོགས་རྣམ་པར་གཉིས་དང་ཟབ་པ་དང་རྒྱ་ཆེ་བ་དང་། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་ཡང་འདྲེན་པ་ཡིན་ཏེ། བཅོམ་ལྡན་འདས་ཞེས་བྱ་བ། སྐལ་བ་དང་ལྡན་པ་དང་མངའ་ཐང་རྫོགས་པའི་ཕྱིར་ཏེ། ཉོན་མོངས་པ་ལྔ་དང་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཀྱང་། ཚོགས་ཆེན་པོ་གཉིས་སུ་འགྱུར་བའི་ཕྱིར་ནི། སྐལ་ལྡན་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་དང་། ཆོས་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་པར་ལོངས་སྤྱོད་པར་མཛད་པས་མངའ་ཐང་རྫོགས་པའི་ཕྱིར་ཡང་བཅོམ་ལྡན་འདས་ཞེས་བྱའོ། །དེ་ཉིད་གང་ཡིན་པ་སྨོས་པའི་ཕྱིར་ཡིད་ཅེས་བྱ་བ་སྨོས་ཏེ། དེ་ཡང་གཞུང་གཞན་དག་ལས། རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་གསུངས་པ་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རྒྱལ་པོར་བསྟན། སྒོ་ལྔའི་རྣམ་པར་ཤེས་པ་ནི་སེམས་དཔའ་དང་ཁྲོ་བོར་བཞག །ཐེག་པ་ཕྱི་པ་ལས་ཉོན་མོངས་པ་ཅན་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་ཕྱེ་བ་དེ། ཐེག་པ་ཆེན་པོ་འདིར་ནི་ཉོན་མོངས་པ་ཉིད་ཡེ་ནས་རྣམ་པར་དག་པའི་རང་བཞིན་དུ་སྟོན་པ་ཡིན་པས། ཡིད་གཉིས་ལ་ལྷ་སོ་སོ་གཉིས་སུ་མ་ཕྱེ་སྟེ། ཡིད་བྱེད་པ་པོ་ཁོ་ན་ཉིད་དུ་ཟད་དོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེ་ཀུན་ཏུ་བཟང་པོ་མ་ཡིན་ན་ནི། ཀུན་ཏུ་བཟང་པོ་ཞེས་བྱ་བ་གོང་གི་དོན་དང་ཡང་འགལ་ན། དེ་མེད་དུ་ཟིན་ན་ནི་དེའི་འཁོར་རྟག་ཆད་བདག་དང་མཚན་མ་བཞི་ཡང་མེད་པར་འགྱུར་བས། དེ་ཡོད་པ་ཡང་རྣམ་པ་ལྔ་པོ་ཁོ་ནའི་བདག་ཉིད་དུ་བསྟན་ཏེ། ངོ་བོ་ཉིད་དང་། གནས་དང་། དམིགས་པ་དང་། གྲོགས་དང་། ལས་སོ། །ངོ་བོ་ཉིད་གང་ཞེ་ན། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་གང་ཡིན་པའོ། །སེམས་གང་ཡིན་ས་བོན་ཐམས་ཅད་དང་ལྡན་པ་དང་། གནས་ཀྱི་དངོས་པོར་གྱུར་པ་དང་། ལེན་པར་བྱེད་པ་དང་། རྣམ་པར་སྨིན་པས་བསྡུས་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པའོ། །ཡིད་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པ་གང་ཡིན་པ་དང་། ཉོན་པ་ཅན་གྱི་ཡིད་མ་རིག་པ་དང་། བདག་ཏུ་ལྟ་བ་དང་། ངོའོ་སྙམ་པའི་ང་རྒྱལ་དང་། བདག་ལ་སྲེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་རྣམ་པ་བཞི་དང་རྟག་ཏུ་ལྡན་པ་གང་ཡིན་པའོ། རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པར་བྱེད་པས་ཉེ་བར་གནས་པ་གང་ཡིན་པའོ། གནས་གང་ཞེ་ན། ཡིད་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་གྱི་གནས་སོ། །ཕྱི་མ་ནི་འོག་ནས་འགྲེལ་ཏོ། །དམིགས་པ་གང་ཞེ་ན། ཆོས་ཐམས་ཅད་ནི་ཡིད་ཀྱི་ཡུལ་ལ་དམིགས་པ་སྟེ། ཁྱད་པར་དུ་ཡང་རྣམ་པར་ཤེས་པ་གཞན་དང་མ་འདྲེས་པའི་ཡིད་འབའ་ཞིག་གི་ཡུལ་ནི། ཚོར་བའི་ཕུང་པོ་དང་། འདུ་ཤེས་དང་། འདུ་བྱེད་དང་། འདུས་མ་བྱས་དང་། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་དང་། ནང་གི་སྐྱེ་མཆེད་དྲུག་དང་། ས་བོན་ཐམས་ཅད་པའོ། །དམིགས་པ་དེ་ཡང་ཅི་ལྟར་རྣམ་པར་རྟོག་ཅེ་ན། མཚན་མ་དང་། མཚན་མ་མ་ཡིན་པ་དང་། ཡུལ་ཉེ་བར་གནས་པ་ལ་རང་འཇུག་པ་དང་། ཆོས་ཐམས་ཅད་ཡོངས་སུ་ཚོལ་ཞིང་སྤྱོད་པའི་རྣམ་པར་རྟོག་པ་དང་། ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་དང་། ཡོངས་སུ་བཙལ་ཞིང་དཔྱད་དེ་བཞག་པ་ལས་སོ་སོར་རྣམ་པར་རྟོག་པ་དང་བདུན་ནོ། །གྲོགས་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ། །ལས་ནི་བདག་དང་གཞན་གྱི་ཡུལ་དམིགས་པ་རྣམ་པར་རིག་པར་བྱེད་པ་དང་། རང་དང་སྤྱིའི་མཚན་ཉིད་རྣམ་པར་རིག་པར་བྱེད་པ་དང་། དུས་གསུམ་དང་སྐད་ཅིག་མའི་རྒྱུན་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་དང་། རྣམ་པར་ཤེས་པའི་ཆོས་ས་གཞན་གྱི་སྡུག་པ་དང་སྡུག་པའི་འབྲས་བུ་ཡོངས་སུ་འཛིན་པ་དང་། ར་རོ་བ་དང་། སྨྱོ་བ་དང་། བརྒྱལ་བ་དང་། བརྒྱལ་སངས་པ་ལ་སོགས་པའོ། །དེ་ཉིད་ཀྱི་ངོ་བོ་ཉིད་དང་ལས་སྨོས་པའི་ཕྱིར་ནི། བྱེད་པ་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པ་ནི། ལས་དེའི་བྱེད་མཁན་སུ་ཡིན་ན། དེ་འདུ་བྱེད་སེམས་པས་བྱས་སོ། །དེ་སུས་བྱས་ན་འདུ་བྱེད་སེམས་པ་ནི་ཡིད་ཀྱི་ཡིན་ཏེ། དེའི་ཕྱིར་ནི་འདུ་བྱེད་ལ་ནི་བྱེད་པ་པོ་ཞེས་བྱའོ། །དེ་ལྟར་གསུངས་པ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ལས་ནི་སེམས་པ་དེ་ཡིས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་བྱའོ། །དེ་ལྟར་ན་མུ་སྟེགས་ཀྱི་བྱེད་པ་པོ་ཉིད་དུ་ཐལ་ཏེ་འོང་ངོ་ཞེས་སྨྲ་བའི་ཕྱིར། རྡོ་རྗེ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱི་ངོ་བོ་དཔལ་རྡོ་རྗེ་ཀུན་ཏུ་བཟང་པོ་ཁོ་ན་ཡིན་ནོ། །ཞེས་བྱའོ། །དེ་ཡང་དངོས་པོ་དང་མཚན་མ་ལ་སོགས་པ་རྣམ་པར་ཐར་པའི་མི་མཐུན་པའི་ཕྱོགས་ལྔ་བསལ་བའི་སྙིང་པོ་ཉིད་ལ་སོགས་ཏེ། རྣམ་པར་ཐར་པའི་སྒོ་ལྔ་དང་། རྒྱུ་མཐུན་པའི་ཆོས་ཀྱི་དབྱིངས་ལ་སོགས་པའི་རྒྱུ་ཡེ་ཤེས་ཆེན་པོ་ལྔ་ལ་སོགས་པའི་འབྲས་བུ་རིགས་ལྔ་ལ་ནི་རྡོ་རྗེ་ཞེས་བྱའོ། །དེ་ཉིད་ཀྱི་ཕྲིན་ལས་ཀྱི་ངོ་བོ་སྨོས་པའི་ཕྱིར་ན་ནི། ཀུན་ཏུ་བཟང་པོ་ཞེས་བྱ་བ་སྨོས་ཏེ། མི་ཆགས་མི་སྡང་མི་རྨོངས་མི་རྒྱལ་མི་དོག་གིས་ཀྱང་། ཡུལ་དང་ཐུགས་རྗེའི་དབང་གིས། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གི་སྤྱོད་བ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་སྟོན་ཅིང་སེམས་ཅན་རྣམས་བྱང་ཆུབ་ཆེན་པོའི་འབྲས་བུ་ལ་བཀོད་པའོ། །དུས་གསུམ་གྱི་ངོ་བོས་ཀྱང་ཀུན་ཏུ་བཟང་པོ་སྟེ། སེམས་ཅན་རྣམས་ཀྱི་སེམས་དང་པོ་ཀུན་ཏུ་བཟང་པོའོ། །བར་དུ་དུག་ལྔའི་དྲི་མས་གཡོགས་པ་རྣམས་ལ་དུག་ལྔའི་སྤྱོད་པ་དང་། ཆོས་བསྟན་པའི་སྒོ་ནས་རྣམ་པར་དག་ལ། དེ་ཉིད་ཕྱིས་འགྱུར་བའི་སྡུག་བསྔལ་དུ་མི་འགྱུར་ལ། བྱང་ཆུབ་ཆེན་པོའ་ིའབྲས་བུར་གྱུར་པའོ། །བཅོམ་ལྡན་འདས་ནི་དང་པོའི་སེམས་ཀྱང་ཀུན་ཏུ་བཟང་པོ་མ་སྐྱེས་པའི་བྱང་ཆུབ་སེམས་ཡིན་ནོ། །ད་ལྟའི་དུས་སུ་ཡང་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའོ། །ཕྱིས་འབྱུང་བ་དང་མ་འོངས་པའི་དུས་སུ་ཡང་འཇིགས་པ་མེད་པའི་ཀུན་ཏུ་བཟང་པོ་ཡིན་ནོ། །པོ་ཞེས་བྱ་བ་ནི་བྱེད་མཁན་དུ་མངོན་ཏེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་འདོད་ཆགས་ཆེན་པོའི་རང་བཞིན་གྱི་ཏིང་ངེ་འཛིན་གཅིག་ཏུ་དབྱེར་མེད་པར་གྱུར་ཏོ། །རྡོ་རྗེ་ཞེས་ཅིའི་ཕྱིར་ཞེ་ན། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་ཞེས་བྱའོ། །དེ་ཅིའི་ཕྱིར། རོལ་པས་ཅིར་འགྱུར་ཞེ་ན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་གི་རང་བཞིན་ཉིད་དུ་དབྱེར་མེད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་བྱ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་པ་ཆེན་པོའི་ངོ་བོ་ནི་དཔལ་ཀུན་ཏུ་བཟང་པོ། ཡེ་ཤེས་དེའི་ཡུལ་ཆོས་དེ་བཞིན་ཉིད་ནི་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོའོ། །དེ་ལྟར་ཆོས་དེ་བཞིན་ཉིད་ཀྱིས་བདག་གི་དོན་མཛད། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་གཞན་གྱི་དོན་མཛད་དེ། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ། གཞན་དུ་ན་དཔལ་ཀུན་ཏུ་བཟང་པོས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོའི་བྷ་ག་ལ། གསང་བའི་རྡོ་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་གྱིས་རོལ་པས། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། འགྲོ་བ་མ་ལུས་པ་ཐམས་ཅད་ཡུམ་གྱི་བྷ་ག་ལ་ཞུགས་ནས། བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་འོད་ཀྱི་གོང་བུ་གཅིག་གི་རང་བཞིན་དུ་དབྱེར་མེད་པར་གྱུར་པས། དེའི་ཚེ་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམ་གསུམ་ལ་ཆེད་དུ་གླེང་བ་འདི་ཆེད་དུ་བརྗོད་དོ་ཞེས་བྱའོ། །བསྡུས་པའི་དོན་ནི་འདི་ལྟར་གསུངས་པ་ཡིན་ནོ། །དཔལ་གསང་བའི་སྙིང་པོ་རྩ་བ་དང་ཡན་ལག་དང་། བཟའ་བ་དང་བསྲུང་བའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས། དང་པོར་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། བདག་གིས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་གནས་པར་བྱའོ། །ཞེས་སེམས་བསྐྱེད་པར་བྱའོ། །དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གཞིག་པར་བྱ་སྟེ། རྡུལ་ཕྲན་གྱི་བར་གྱི་ཕྱོགས་ཆ་དྲུག་གིས་གཞིགས་ན། དངོས་པོར་མི་འགྲུབ་པས་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་འབྱུང་བ་ཆེན་པོ་རྡུལ་ཕྲ་རབ་ཏུ་སོ་སོར་བརྟགས་ལ། རྡུལ་ཕྲ་རབ་ཀྱི་ཕྱོགས་ཆ་དྲུག་གིས་བཤིགས་ན། དངོས་པོར་མི་འགྲུབ། ཕྱི་སྣོད་ཀྱི་འཇིག་རྟེན་གཞིགས་ནས། ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིག་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱང་། འབྱུང་བ་ཆེན་པོའི་བཞིའི་དངོས་པོ་རྡུལ་ཕྲ་རབ་ལ་རྟེན་འབྲེལ་སྒྱུ་མ་ཙམ་དུ་སོ་སོར་བརྟག་གོ། །དེ་ལྟར་གཟུང་པའི་ཡུལ་གཞིགས་ནས་ནང་འཛིན་པའི་སེམས་ཀྱང་དབྱིབས་དང་ཁ་དོག་ཕོ་དང་མོའི་རྣམ་པ་གང་དུ་ཡང་མ་གྲུབ་པ་དང་། དུས་གསུམ་གྱི་ཆས་གཞིགས་པས་ཀྱང་མ་གྲུབ་པར་ཤེས་པར་བྱའོ། །དེ་ལྟར་གཟུང་འཛིན་གྱི་དྲི་མའི་སྐྱོན་རྣམ་པར་དག་པའི་སྟོང་པ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི། དཔེར་ན་གློ་བུར་གྱི་སྤྲིན་དེངས་ན། གསལ་བའི་འོད་རང་བཞིན་གྱིས་འབྱུང་བའི་ཚུལ་དུ། ཆོས་ཀྱི་སྐུའི་ཕྱག་རྒྱ་དཔལ་ཀུན་ཏུ་བཟང་པོར་བདག་ཉིད་སྐད་ཅིག་མས་གནས་པར་བྱའོ། །དེ་ལྟར་གསལ་ནས་འོག་གི་ཕྱོགས་སུ་ཐམས་ཅད་སྟོན་པར་ནུས་པ་རླུང་གི་དཀྱིལ་འཁོར་མཐའ་དང་རྔམས་སུ་དཔག་ཏུ་མེད་པ་ཡུམ་སྒྲོལ་མའི་རང་བཞིན་དུ་བསམ་མོ། །དེའི་སྟེང་དུ་ཡུམ་མཱ་མ་ཀཱིའི་ངོ་བོར་བདུད་རྩི་རྒྱ་མཚོ་ཆེན་པོར་བྱིན་གྱིས་བརླབས་བོ། །དེའི་སྟེང་དུ་ཡུམ་སངས་རྒྱས་སྤྱན་གྱི་ངོ་བོ་གསེར་གྱི་ས་གཞི་ཚད་དཔག་ཏུ་མེད་པ་གཅིག་སྒོམ་མོ། །གསེར་གྱི་ས་གཞི་སྟེང་དུ་གཞི་ཚད་མེད་པ་བསྒོམ་མོ། །དེ་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་ཕྱིར། ལྟེ་བ་དང་རྩིབས་དང་མུ་ཁྱུད་གསུམ་དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་སྤྲོས་པའི་མཐའ་རྣམ་པ་བརྒྱད་དང་བྲལ་བའི་ཕྱིར་ཏེ། ལྟེ་བ་ཟླུམ་པོ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་ཕྱིན་ཅི་ལོག་གི་མུ་བཞི་འཇོམས་པའི་ཕྱིར་རྩེ་མོ་རྣོ་བ། ཐེག་པ་ཆེན་པོའི་གཞུང་ཉིད་དང་ལྡན་པའི་ཕྱིར། མུ་ཁྱུད་དང་བཅས་པར་བསྒོམ་མོ། །འཁོར་ལོའི་ལྟེ་བ་ལ་བྷྲཱུྃ་དཀར་པོ་ལས་ཡེ་ཤེས་ལས་གྲུབ་པའི་ཡེ་ཤེས་རིན་པོ་ཆེའི་མཆོད་རྟེན་ཁ་དོག་ལྔ་དང་ལྡན་པ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་འཕགས་པའི་གཞལ་ཡས་ཁང་མཆོད་རྟེན་གྱི་དབྱིབས་སུ་གནས་པ། རྡོ་རྗེ་ཐེག་པའི་ནང་དུ་ཐེག་པ་ཐམས་ཅད་འདུས་པའི་ཕྱིར། ཁྲི་འཕང་དུ་བཅས་པ་། སངས་རྒྱས་ཀྱི་ས་བཅུ་མཐར་ཕྱིན་པའི་སྲོག་ཤིང་དང་འཁོར་ལོར་བཅས་པ། ཆོས་ཀྱི་སྐུ་ཀུན་ལ་ཁྱབ་ཅིང་ཉོན་མོངས་པའི་གདུང་བ་སེལ་བའི་རྒྱུར་གྱུར་པའི་ཕྱིར། གདུགས་སྙིང་རྗེ་ཆེན་པོའི་ཆར་ཁེབ་དུ་བཅས་པའོ། །དེ་ལྟར་ཡང་གསུངས་བ། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །ཕོ་བྲང་གནས་ཞེས་བཤད་པ་ཡིན། །ཞེས་གསུངས་པའོ། །དེའི་ནང་དུ་ཡང་བྷྲཱུྃ་སེར་པོ་ཡེ་ཤེས་ཀྱི་ས་བོན་ལས་སྐྱེས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྟེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་བའི་ཕྱིར། གྲུ་བཞིར་གྱུར་པ། མཐའ་དང་དབུས་མེད་པའི་ཕྱིར་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡེ་ཤེས་རེ་རེ་ལ་ཡང་ཡེ་ཤེས་བཞི་བཞིར་གྱུར་པའི་ཕྱིར། ལྷག་པའི་ཡེ་ཤེས་ཀྱི་གློ་འབུར་གྱི་མཛེས་བ། གཞལ་ཡས་ཁང་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་དང་པདྨ་དང་རལ་གྲི་དང་ཏྭ་ར་ཎས་ཀྱང་བརྒྱན་པ། ཕྱོགས་དུས་ཀྱི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་། ཡེ་ཤེས་སོ་སོ་མ་ཡིན་པའི་ཕྱིར། མཆོད་རྟེན་གྱི་བུམ་པ་ཟླུམ་པོར་འཁྱིལ་བ། ཐམས་ཅད་ཀུན་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར། ཡེ་ཤེས་རིན་པོ་ཆེའི་རྒྱན་ཐམས་ཅད། འཕན་དང་། རྒྱལ་མཚན་དང་། བླ་རེ་དང་། སྦྲང་ཡབ་དང་། རྔ་མ་དང་། དྲིལ་བུ ་རླུང་གིས་སྐྱོད་པ་དང་། གདུགས་དང་། དོ་ཤལ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། ཉི་མ་དང་། ཟླ་བ་དང་། ཆུན་འཕྱོང་དང་། ཏྭ་ར་ཎས་བརྒྱན་པའོ། །གཞལ་ཡས་ཁང་གི་ལོངས་སྤྱོད་ཀྱི་ཁྱད་པར། སྤྱན་གྱི་ལོངས་སྤྱོད་གཟུགས་སྣ་ཚོགས་ཏེ། མེ་ཏོག་མ་དང་། ཕྲེང་བ་མ་ལ་སོགས་པ་དང་། རིགས་གཅིག་པ་ལས་མཚན་དང་དབྱིབས་སོ་སོར་སྤྲུལ་པ་དང་། ཁ་དོག་ཉི་ཤུ་རྩ་ལྔའི་ཚོན་གྱིས་བྲིས་པའི་བྱེ་བྲག་གི་རྫས་འཛིན་པའི་ལྷ་དང་། ལྷ་མོ་མང་པོ། །ལ་ལས་ནི་ལྡིང་བ་ཐུར་དུ་འབེབས་པ་དང་། གྱེན་དུ་འཕྱོ་བ་དང་། གཡས་ནས་བསྐོར་བའི་རིམ་པས་འཁྲིགས་པ་དང་། ཤར་ནས་ནུབ་ཏུ་འགྲོ་བ་དང་། ནུབ་ནས་ཤར་དུ་འགྲོ་བ་དང་། ཕྱོགས་ནས་ཕྱོགས་སུ་འགྲོ་བ་དང་། མཚམས་ནས་མཚམས་སུ་འགྲོ་བ་དང་། རང་རང་དགའ་བའི་རྩེད་མོ་བྱད་པ་དང་། སྦྱོར་བ་དང་། སྟེགས་པ་དང་། དགེ་བའི་རོལ་པས་མེ་ཏོག་གི་ཞོང་བུ་ཐང་ལ་ཤོར་བ་དང་། རང་ཉིད་ཐང་ལ་སྒྲེས་པ་ལ་སོགས་པ་དང་། གར་གྱི་ཚུལ་སྟོན་པ་དང་། འདུད་པ་དང་། འགྱེད་པ་ལྟ་བུ་མང་པོ་རང་བྱུང་བས་འཁྲིགས་པར་བསམ་མོ། །འོག་ནས་འབྱུང་བ་རྣམས་ཀྱང་དེ་ཁོ་ན་བཞིན་ནོ། །སྒྲའི་བྱེ་བྲག་སྟེ། རྔ་དང་། རྫ་རྔ་དང་། མུར་རཉྫ་དང་། དར་དིར། གླིང་བུ་དང་། པིཝང་དང་། རྒྱུད་མངས་དང་། ཅང་ཏེའུ་དང་། དུང་དང་ཟངས་དུང་དང་། བྲོ་བརྡུང་བ་དང་། འབུད་པ་དང་བརྡབས་པ་དང་། རང་བཞིན་གྱི་སྒྲ་དེ་ལྟ་བུ་འཛིན་པའི་ལྷ་དང་ལྷ་མོ་མང་པོ་དང་། དྲིའི་བྱེ་བྲག་ཀྱང་རང་བཞིན་གྱི་དྲི་དང་། འགྱུར་བ་སྟེ། ཙན་དན་དང་། ཨ་ག་རུ་དང་། དུ་རུ་ཀ་དང་། གླ་རྩི་དང་། བསྒོས་པ་དང་། རང་བཞིན་དང་། འགྱུར་བའི་དྲི་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་བཀང་བ་འཛིན་པའི་ལྷ་དང་ལྷ་མོ་མང་པོ་དང་། རོའི་བྱེ་བྲག་ཀྱང་ཁ་བ་དང་། སྐ་བ་དང་། ཚ་བ་དང་། རྩུབ་པ་དང་། སྐྱུར་བ་དང་། མངར་བ་དང་། ལན་ཚྭ་བ་དང་། དེ་ལ་སོགས་ཏེ་རོ་བརྒྱ་འཛིན་པའི་ལྷ་དང་ལྷ་མོ་མང་པོ་དང་། གོས་ལ་སོགས་པའི་རྒྱན་ཐམས་ཅད་ཀྱང་། རང་བཞིན་གྱིས་འོད་གསལ་བའི་ཕྱིར་མི་སྒྲིབ་ཅིང་། དེ་དག་རང་གི་འོད་ཀྱིས་ཀྱང་གཅིག་བསལ་བར་བྱེད་དོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་སྒོ་དང་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཐར་པའི་རྟ་བབས་དང་། ཀ་བ་བརྒྱད་ཟླུམ་པའོ། །དེ་ནས་དབུས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ། སངས་རྒྱས་ཀྱི་ཞིང་དྲུག་ཁེབས་པའི་ཚད་དུ་ཁྱབ་པ། རྡོ་རྗེའི་བུམ་པའི་སྟེང་དུ་སིཾ་ལས་སེང་གེ །ཤར་གྱི་རྭ་སྟེང་དུ་ཧཱུྃ་ལས་གླང་པོ་ཆེ། ལྷོའི་རྭ་སྟེང་དུ་ཨཱ་ལས་རྟ། ནུབ་ཀྱི་རྭ་སྟེང་དུ་མཱཾ་ལས་ཁྱུང་། བྱང་གི་རྭ་སྟེང་དུ་ཁཾ་ལས་ནམ་མཁའ་ལྡིང་། དེ་དག་གི་སྟེང་དུ་བྷཱུྃ་ལས་འཁོར་ལོ་རྩིབས་བཞི་པར་གྱུར་ཏེ། སེམས་ཅན་དེ་དག་གིས་འདེགས་པའོ། །ལ་ལ་ན་རེ་འཁོར་ལོའི་སྟེང་དུ་སེང་གེ་ལ་སོགས་པ་འབྱུང་ལ། རྡོ་རྗེ་རྒྱ་གྲམ་ནི་གསེར་གྱི་ས་གཞི་དང་། གཞི་ཚད་མེད་པའི་འཁོར་ལོའི་བར་ན་གནས་སོ་ཞེས་འབྱུང་ངོ་། །དེ་ནས་དབུས་ཀྱི་ལྟེ་བ་ནས་བྱང་སྒོའི་བར་དུ་སྣ་ཚོགས་ཀྱི་པདྨ་སྟེ། རྫོགས་པ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ཡང་ལ་ལ་ན་རེ་སྒོ་བཞིར་ནི། ཚངས་པ་ལ་སོགས་པ་ལ་བཞི་དགོད་དེ། དེ་ལྟར་ཡང་། དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་། རིན་ཆེན་རྩེའུ་དུང་བཅས་པ་དང་། །ཚངས་པ་བརྒྱ་བྱིན་གཉིས་གཉིས་ཀྱིས། །འདེགས་པའི་ཁྲི་ལ་རྣམ་པར་བཞུགས། །ཞེས་འབྱུང་སྟེ། ཤར་གྱི་སྒོར་གཤིན་རྗེ་དང་བརྒྱ་བྱིན། ལྷོར་ཚངས་པ་དང་ཁྱབ་འཇུག །ནུབ་ཏུ་གཙུག་ན་རིན་ཆེན་དང་དུང་སྐྱོང་། བྱང་དུ་བཱི་ན་ཡ་ཀ་དང་མ་ཧཱ་དེ་བ། ཐུགས་ཀྱི་ཏནྟྲ་ཡིན་པས། དབུས་དང་ལྷོ་ནུབ་སྒོ་བཞིར་ནི་སྔ་མ་དག་གི་སྟེང་དུ་ཉི་མའོ། །ཕྱི་མ་རྣམས་སུ་ནི་ཟླ་བ་ཁོ་ནར་ཤེས་པར་བྱའོ། །དེ་ནས་དབུས་ཀྱི་གདན་ལ་གནས་ཏེ། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་ལྔ་ཁོ་ནར་བསྒོམ་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྟགས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་པ་ལས། སེམས་ཅན་གྱི་དབང་གིས་རྡུལ་ཕྲ་རབ་ཀྱི་ཕྱི་མོ་ལས། ཕྱི་ནང་སྣོད་བཅུད་ཀྱི་རྣམ་པ་ཐ་དད་པ་སྐྱེས་ནས། ཡང་རྡུལ་ཕྲན་དེ་ཉིད་ཟུང་དྲུག་ཏུ་མ་གྲུབ་པས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒོམ་པ་དང་། དབང་པོ་འགགས་ན་ཡང་ས་བོན་ཐམས་ཅད་དེ་རྟག་པ་ཐེར་ཟུག་པ་མིན་བཞིན་དུ། རང་བཞིན་གྱི་སྒོ་ནས་འགག་པ་མེད་པས། མཚན་མ་མེད་པའི་རྣམ་པར་ཐར་པ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྒོམ་པ་དང་། དབང་པོ་སྒྱུ་མ་ལྟ་བུ་ལ་རྣམ་པར་ཤེས་པ་གནས་ན་ཡང་། རྣམ་པར་ཤེས་པ་ཡུལ་ཐ་དད་པ་ལ་འགྲོ་ཞིང་གནས་པ་མེད་པ། སྨོན་པ་ནི་དམིགས་པའི་ཡུལ་ཡིན་ན། ཡུལ་དང་དབང་པོ་གཉིས་ཀ་རང་བཞིན་གྱིས་མ་གྲུབ་པས། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ། ཡུལ་དང་དབང་པོ་གཉིས་དབྱེར་མེད་པར་སྟོང་པར་མཉམ་པས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྒོམ་པ་དང་། རྣམ་པར་ཤེས་པའི་རང་བཞིན་མེད་པས་ཡུལ་འཁྲུལ་པ་ལ་བརྟག་ཀྱང་། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ནི་ངོ་བོ་ཉིད་ཀྱི་སྟོང་པ་ཡིན་པས། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སུ་བསྒོམ་པ་དང་། འདུས་བྱས་པའི་དབང་གིས་རྣམ་པར་ཤེས་པ་ཡུལ་ཐ་དད་པ་ལ་འགྲོ་ཞིང་འོང་ན། ཡུལ་གཞན་གྱིས་བར་བཅད་ཙམ་ན་སླར་འོང་བ་ཅི་ཡིན་ན། དང་པོ་འགྲོ་བ་ནི་སུས་མཐོང་། དེ་ནས་འོང་བ་ནི་སུས་མཐོང་བ་སྟེ། མོ་གཤམ་གྱི་བུ་དང་རི་བོང་རྭ་ལྟར་ཕན་ཚུན་ཡོད་པར་མི་འཐད་པས། དེ་ཉིད་འགྲོ་བ་དང་འོང་བ་མེད་པའི་ཕྱིར། མངོན་པར་འདུས་མ་བྱས་པ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྒོམ་པ་ཡིན་ནོ། །དེ་ལྟར་སྟོང་པ་ཆེན་པོའི་ངང་ཉིད་དུ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། །དེ་གཉིས་ཀྱི་དབུས་སུ་ཡང་དམིགས་སུ་མེད་པ་ནི། སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་ཆོ་ག་དང་པོའོ། །དེ་ཁོ་ན་ཉིད་ཀྱི་ངང་ལས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་དུ་གནས་པའི་རང་གི་སེམས་ཀྱི་ངོ་བོ་ཨ་དཀར་པོ་གསལ་ཞིང་འོད་འབར་བ་དང་ལྡན་པ་ཞིག་ཏུ་སྒོམ་མོ། །ཨ་དེ་ལས་ཤིན་ཏུ་ཕྲ་བའི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། རྀ་རཱྀ། ལྀ་ལཱྀ། ཨཾ་ཨ། དེ་རྣམས་སྟོང་གསུམ་གྱི་རྡུལ་སྙེད་དུ་སྤྲོས་པས། ཕྱོགས་བཅུའི་སེམས་ཅན་གྱི་དོན་བྱས་ནས། སླར་ཨ་གཞི་མོ་ལ་འདུས་པ་ལས། ཨ་ཨཱ་རྣམས་ཀྱིས་མཐའ་འཁོར་བ་ཡར་འགྲེང་བ། གཡའ་གཡོའི་ཕྲེང་བ་དང་ཀ་བར་ལྡན་པ། འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་བསྒོམ་མོ། །ཡང་ཨ་དེ་ལས་ཀ་ཡིག་རྣམས་སྤྲོས་ནས་ཕྱོགས་བཅུའི་འཇིག་རྟེན་དྲུག་ཏུ་ཁྱབ་པ་ལས་དེ་ན་གནས་པའི་སེམས་ཅན་གྱི་དོན་བྱས་ནས། སླར་ཨ་ལ་འདུས་པ་ལས། ཨ་ཨ་ཨཾ་ཞེས་བརྗོད་པས་མེ་མར་ལས་མེ་མར་བྱུང་བའི་ཚུལ་དུ། ཉི་མའི་དཀྱིལ་འཁོར་དུ་གྱུར་ཏེ། དེའི་དབུས་ན་ཀྵ་མདོག་དཀར་བ་ཡར་འགྲེང་བ། མཐའ་མ་ཀ་ཡིག་རྣམས་ཀྱིས་བསྐོར་ཏེ། དེ་ལྟར་ཐབས་དང་ཤེས་རབ་རྒྱ་ཆེ་བའི་བདག་ཉིད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉི་ཟླ་བརྩེགས་མ་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོ་ག་གཉིས་པའོ། །དེ་ནས་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་གང་ཡིན་པར་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཆོ་ག་གསུམ་པའོ། །འོད་ཀྱི་གོང་བུ་དེ་ལས་ཧཱུྃ་དུ་གྱུར། ཧཱུྃ་དཀར་པོ་ལས་རྒྱུ་དང་འབྲས་བུ་ཡེ་ཤེས་ལྔ་དང་རིགས་ལྔའི་བདག་ཉིད་དང་པོའི་རྡོ་རྗེ་རྩེ་ལྔ་པ་བུམ་པའི་ནང་དུ་ཧཱུྃ་གིས་བྱིན་གྱིས་བརླབས་པ་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ་ཆོ་ག་བཞི་པའོ། །རྡོ་རྗེ་དེ་ལས་འཕྲོ་ཞིང་འདུ་བའི་ཚུལ་གྱིས་སངས་རྒྱས་རྡུལ་ཕྲ་རབས་གྲངས་མེད་པ་མང་པོ་བཞུགས་ཏེ། མ་ཧཱ་བཛྲ་དང་ར་ཧཾ་ཞེས་བརྗོད་པས། དཔལ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་ཆོ་ག་ལྔ་པའོ། །དེ་ཡང་སྐུ་གསུང་ཐུགས་དང་ལྡན་པའི་ཕྱིར་རྣམ་པར་ཐར་པའི་དབུ་གསུམ་པ། དྲག་པོ་དང་ཞི་བ་དང་ཆགས་པ་དང་གསུམ་གྱི་རང་བཞིན་ཞལ་མདོག་མི་མཐུན་པ། ཡེ་ཤེས་དྲུག་གི་ཕྱག་གིས་ཡེ་ཤེས་རིན་པོ་ཆེ་འབར་བའི་ཕྱག་རྒྱ་འཛིན་པ། ཐབས་དང་ཤེས་རབ་ཀྱི་ཞབས་པདྨ་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་གནས་པ། རལ་པ་འདུས་པའི་དབུ་རྒྱན་ཅན། བྱིས་པའི་རྒྱན་གྱིས་བརྒྱན་པ། འཛུམ་པའི་ཞལ་གྱི་མདངས་ཀྱི་འགྲོ་བ་སེམས་ཅན་གྱི་རྒྱུད་རྒྱས་པར་བྱེད་པའོ། །སྐུ་མདོག་དཀར་པོའོ། །དེ་ལྟར་བདག་རིག་པའི་སྐྱེས་བུ་ཆོ་ག་ལྔས་རྫོགས་པར་བྱས་ནས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ནམ་མཁའ་དབྱིགས་ཀྱི་དབང་ཕྱུག་མ་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུ་ཡུལ་དང་རང་བཞིན་གྱིས་སྐྱེ་བའོ། །དེ་ནི་གསལ་ལྡན་མ་ཞེས་བྱ་སྟེ། བྱིན་བརླབས་ལ་ཞེས་པའི་དོན་གྱིས་ན། རྒྱུད་ལས་ལྗོན་ལ་སོགས་པ་གང་རིགས་ཀྱི་བྱེ་བྲག་གིས་བཟུང་བ་དེའི་སྙིང་གའི་དཀྱིལ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྲོ་བོའི་ས་བོན་ཧཱུྃ་ནག་པོ་ལས་བསྐྱེད་པའི་ཁྲོ་བོའི་རྡོ་རྗེ་ནག་པོའི་དཀྱིལ་དུ་ཧཱུྃ་གིས་བྱིན་གྱིས་བརླབས་པ། ཞིག་པའི་མེ་དཔུང་ཆེན་པོ་དང་འདྲ་བ་དེའི་འོད་ཟེར་གྱིས་རེག་ནས་དྲི་མ་དང་བཅས་པའི་ཕྱིན་ཅི་ལོག་གི་ཉེ་བར་ལེན་པའི་ཕུང་པོ་རྟོག་པ་དང་བཅས་པ་བསྲེགས་ནས། རྣམ་པར་ཤེས་པ་མར་མེ་བཞིན་དུ་སྣང་བ་དེ་ལ། བདག་གི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་རིག་མའི་ཚོགས་བཀུག་སྟེ་ཞུགས་པས། ཡུམ་གྱིས་ནམ་མཁའི་དབྱིངས་ཕྱུག་མའི་སྐུར་བསྐྱེད་དོ། །དེ་ནས་བདག་ཡབ་ཡུམ་གྱི་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་དུ་བྱིན་གྱིས་བརླབས། ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པ་ནི། ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་དུ་བྱིན་གྱིས་བརླབ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་མི་བསྐྱོད་པ་ལ་སོགས་པ་ལྔར་བྱིན་གྱིས་བརླབ། ཕྱི་ནང་གི་འབྱུང་བ་ཆེན་པོ་ལྔ་ནི་ཡུམ་ལྔར་བྱིན་གྱིས་བརླབ། དབང་པོ་དང་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའི་ཚོགས་སུ་བྱིན་གྱིས་བརླབ་པ་དང་། ཡུལ་དུས་ལྷ་མོར་བྱིན་གྱིས་བརླབ། ཡུལ་དང་དབང་པོ་རྣམ་པར་ཤེས་པ་དང་། དེ་མ་ཐག་པ་དང་། གནས་རྣམ་པ་བཞི་ཁྲོ་བོར་བྱིན་གྱིས་བརླབ། ཕྱིན་ཅི་ལོག་བཞི་ཁྲོ་མོར་བྱིན་གྱིས་བརླབ། སྤྱིར་ལུས་ལ་ལྷ་དགོད་པའི་ཐབས་ནི་རང་བཞིན་དང་མཚན་ཉིད་གཉིས་ལས། རང་བཞིན་ཁོ་ནར་ཤེས་པར་བྱའོ། །བདག་ཡབ་ཀྱི་གསང་བའི་རྡོ་རྗེ་ཧཱུྃ་གི་ས་བོན་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པར་བྱིན་གྱིས་བརླབ། ཡུམ་གྱི་གསང་བའི་གནས་ནི་ཨ་ལས་བསྐྱེད་པའི་པདྨ་དང་། ཡང་དག་པའི་འདོད་ཆགས་ཀྱི་དབང་དུ་བྱས་ཏེ། དམར་པོ་ཁ་ཟླུམ་པོ། ཅིའི་ཕྱིར་ན། རྟོགས་པ་ཐམས་ཅད་འདུས་པ་ལས་ཀྱང་། པདྨོ་སྨྱུང་མོ་བུད་མེད་བརྒྱ། །ཞེས་པ་དང་། འདིར་ཡང་ཕྱིས་གདོད་པདྨའི་འདབ་མ་ཕྲལ་བའི་ཕྱིར་རོ། །པདྨ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པའི་ལྟེ་བ་ཟླུམ་པོ། །སྤྲུལ་པ་མཐའ་ཡས་པས་འགྲོ་བ་སྣ་ཚོགས་པའི་དོན་མཛད་པའི་ཕྱིར། གེ་སར་དང་བཅས་པ། རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་འདབ་མ་བརྒྱད་དུ་གྱུར་པའོ། །དེ་ནས་ཛཿདྷཱུ་པེ་པྲ་བེ་ཤ་ཞེས་བརྗོད་པས། ཡུམ་གྱི་འདོད་པའི་དགའ་བའི་དྲི་རྣམ་པར་དག་པ་གང་ཡིན་པ་དེ་ཡང་བསྟན་ནས། རྡོ་རྗེས་པདྨ་ཟླུམ་པའི་འདབ་མ་ཁ་བྲལ་བའི་དགའ་བ་གང་ཡིན་པ་དེ་ཡང་ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་དང་། ཕྱོགས་དུས་ཀྱི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ལ་འབུལ་བར་བྱའོ། །དེ་ནས་ཡང་ཧཱུྃ་པུཥྤེ་ཨ་བེ་ཤ་ཞེས་པས་ཞགས་པའི་ཕྱག་རྒྱས་བཅིངས་ལ། ཡབ་ཀྱི་བྱང་ཆུབ་སེམས་ཡབ་ཡུམ་གྱི་གསང་གནས་སུ་མེ་ཏོག་ལྟར་བབས་པར་བྱས་ལ། ཨ་ནུ་རཱ་གའི་སྔགས་བརྗོད་ལ། དེ་ལྟ་བུའི་གསང་བའི་མཆོད་པ་གང་ཡིན་པ་དེ་ཡང་། ཕྱི་ནང་གི་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ། །བྃ་དཱི་བྃ་སུ་གི་རཱི་ཞེས་པས། ལྕགས་སྒྲོག་གི་ཕྱག་རྒྱས་དབང་དུ་བྱས་ཏེ། ལྷག་པའི་བྱང་ཆུབ་སེམས་མར་མེ་ལྟ་བུར་གྱུར་པ་དེ། གསང་གནས་སུ་འོད་འབར་བའི་དགའ་བ་གང་ཡིན་པ་དེ་ཡང་། ཕྱི་ནང་གི་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ། །ཧོཿགནྡྷེ་ཙིཏྟ་ཞེས་པས། དྲིལ་བུའི་ཕྱག་རྒྱས་བསྐྱེད་ཅིང་བསྐུལ་བས། བྱང་ཆུབ་སེམས་ལས་ཡུམ་གྱི་བྷ་གའི་གནས་སུ་བྷྲཱུྃ་གྱི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་གཞལ་ཡས་ཁང་གྲུ་བཞི་པར་གྱུར་ཏོ། །འདིར་མཆོད་རྟེན་ལྟ་བུའི་གཞལ་ཡས་ཁང་གི་ངོ་བོར་ནི། ཡུམ་ཀུན་ཏུ་བཟང་མོ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཀུན་བཟང་མཉམ་བཞག་ཆོས་ཀྱི་དབྱིངས། །ཞེས་གསུངས་པས། མཆོད་རྟེན་ཡང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །དེ་ལྟར་རོལ་པའི་སྒྲ་དང་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་འབེབས་པ་དེ་ལས་འོད་ཟེར་གྱི་སྤྲིན་གྱི་ཕྲེང་བ་ཡུམ་གྱི་བ་སྤུའི་བུ་ག་ནས་འཕྲོས་པས། འོད་ཟེར་གྱི་རྩེ་ལས་སྐྱེས་པའི་ལྕགས་ཀྱུས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་གནས་པ་ཐམས་ཅད་སྤྱན་དྲངས་ནས། མདུན་གྱི་བར་སྣང་ལ་ཆུའི་བསྐལ་པའི་རླན་ལྟར་འཁྲིགས་ནས། ལྷག་པའི་བྱང་ཆུབ་སེམས་ཀྱིས་མཆོད་དེ། པཱུ་ཙ་བཛྲ་གྱི་སྔགས་བརྗོད་ལ་འོད་ཟེར་སྣ་ལྔའི་ཕྲེང་བ་བར་མཚམས་མེད་པར་སྤྲིན་བཞིན་དུ་འཁྲིགས་པའི་རྩེ་ལས་སྐྱེས་པའི་ལྷ་མོ་རྣམས་ཀྱིས་ཀྱང་མཆོད་དོ། །དེའི་དུས་སུ་རྣལ་འབྱོར་པ་རང་གི་ལྕེ་ནི་ཧཱུྃ་དཀར་པོ་ལས་རྡོ་རྗེ་རྩེ་ལྔ་པར་བསམས་ལ། བུམ་པ་ལ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་བསྒོམས་ལ་བླངས་པས། ༀ་དཀར་པོར་བྱིན་གྱིས་བརླབས་ཏེ་ཟོས་པས། ནང་གི་དཀྱིལ་འཁོར་དེ་དག་ཐམས་ཅད་མཉེས་པའི་ཧོཾ་གྱི་ཆོ་ག་དེ་དག་བྱའོ། །དེ་ལྟར་ཡང་འོད་ཟེར་གྱི་ལྕགས་ཀྱུས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་གནས་སུ་བཀུག་ནས། ལྷ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉེ་བར་ལེན་པའི་ཕུང་པོ་དྲི་མ་དང་བཅས་པ་རྣམ་པར་དག་སྟེ། རྣམ་པར་ཤེས་པ་མར་མེ་ལྟ་བུ་དེ་ཧཱུྃ་ལས་སྐུ་ཕྱག་རྒྱ་རྡོ་རྗེའི་རིགས་སུ་ངེས་པར་བྱས་ལ། གོང་གི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དབུས་སུ་མི་བསྐྱོད་པས་དབུ་བརྒྱན་ལ། གསང་བའི་གནས་ནས་སླར་བྱུང་སྟེ། ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའི་ཐོག་ཏུ་བཞག་ནས། ཕཊ་ཀྱི་སྒྲས་འོག་མིན་ནམ་མངོན་དགའི་འཇིག་རྟེན་གྱི་ཁམས་སུ་གནས་པར་བྱའོ། །ཡང་བྱང་ཆུབ་ཀྱི་སེམས་དེ་ཉིད་ལས་གསང་བའི་དཀྱིལ་འཁོར་འཁོར་ལོའི་ལྟེ་བའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ཆ་ཡོངས་སུ་རྫོགས་པ་གང་ཞིང་རྒྱས་པ་ཐ་མ་འོད་ཀྱི་སྐུད་པས་ཡོངས་སུ་བསྐོར་བ་ཞིག་བསྒོམས་ལ། དེའི་དབུས་སུ་སྒྲ་ཡིག་དང་པོ་ཡར་བླངས་ལ་བཀོད་ལ། དེའི་མཐའ་མ་ནས་ཚུར་གཡས་ནས་བསྐོར་བའི་རིམ་པ་ལས་མཚན་གྱི་ཁྱད་པར་དབྱངས་ཡིག་བཅུ་དྲུག་ཉིས་འགྱུར་ལ། ཀ་བ་བཅུ་དྲུག་དང་། དཔེ་བྱད་ཀྱི་ས་བོན་མིང་གི་ཡི་གེ་སུམ་ཅུ་རྩ་བཞི་རྣམས་ཕྲེང་བའི་ཚུལ་དུ་རིམ་པ་གཉིས་ཡོངས་སུ་བསྐོར་བར་བསྒོམ་མོ། །དེ་དག་ལས་འོད་ཟེར་གྱི་ཕྲེང་བ་བར་མཚམས་མེད་པ་འཕྲོས་པས། འཇིག་རྟེན་དྲུག་གི་སངས་རྒྱས་ཀྱི་ཞིང་དྲུག་ཏུ་ཁྱབ་ནས། སླར་ཡབ་ཡུམ་གྱི་སྤྱི་བོ་དང་བ་སྤུའི་བུ་ག་ནས་ཡུམ་གྱི་གསང་བའི་གནས་སུ་ཐིམ་པ་ལས་ཊ་དང་ཏའི་སྡེ་པ་ལས་རིགས་ལྔ་ཡབ་ཡུམ་བཅུ་དང་། ཀ་དང་ཙའི་སྡེ་པ་ལས་སེམས་དཔའ་དང་སེམས་མ་བརྒྱད་དང་། པ་དང་ཡ་ཝ་ར་ལ་བཞི་ལས་སེམས་དཔའ་དང་སེམས་མ་བརྒྱད་དང་། ཨ་དང་ཀྴ་ལས་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། ང་དང་ཤ་དང་ཉ་དང་ཥ་དང་མ་དང་ས་དང་ཨོ་དང་ཉ་རྣམས་ལས་ཁྲོ་བོ་ཡབ་ཡུམ་བརྒྱད་དང་། ཨའི་སྡེ་པ་དྲུག་ལས་ཐུབ་པ་དྲུག་སྟེ། ལྷ་བཞི་བཅུ་རྩ་གཉིས་སུ་གྱུར་ཏོ། །དེ་ལྟར་ཡི་གེའི་དུས་ན་ཕྲེང་བར་གཅིག་ན་ཡང་། སྐུའི་དུས་ན་སྤྲིན་བྱེ་བའི་ཚུལ་དུ་རང་རང་གི་གནས་སུ་འཁྲིལ་བའི་ཚུལ་དུ་བཞུགས་སོ། །དེ་ལ་ཞལ་དང་མཚན་དང་། འདིར་དབུས་ཀྱི་གཙོ་བོ་རྣམས་མ་ཡིན་པ་ཕྱི་མ་ནི་ཞལ་གཅིག་ཕྱག་གཉིས་པ་ཁོ་ནའོ། །དེའང་ལ་ལ་ན་རེ་གུ་ཧྱ་ས་མནྟ་ཏནྟྲ་ལས་ནི། ལྷ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཏུ་གནས་སོ་ཞེས་པ་དང་། དེ་ཡང་གུ་ཧྱ་ས་མནྟ་ལས་ནི། སྐུ་གསུང་ཐུགས་ཁོ་ན་གཙོར་བྱས་པ་ཡིན་ལ། འདིར་ནི་ཡེ་ཤེས་ལྔ་རིགས་ལྔ་ཁོ་ན་གཙོར་སྨོས་པ་ཡིན་ནོ། །འོ་ན་སྐུ་གསུང་ཐུགས་ལ་ཡེ་ཤེས་ལྔ་དང་རིགས་ལྔ་མེད་དམ། རིགས་ལྔ་ལ་ནི་སྐུ་གསུང་ཐུགས་དང་མི་ལྡན་ནམ་ཞེ་ན། དེ་ལྟར་ཡིན་གྱིས་ཀྱང་། གདུལ་བྱའི་གནས་སྐབས་ལས་ཤས་ཆེ་ཆུང་ཙམ་དུ་བས་སོ། །སྐུ་མདོག་དང་ཕྱག་མཚན་ནི་དཀྱུས་ན་གསལ་ལོ། །དེ་ལྟར་ཡུན་རིང་དུ་བསྒོོམས་ནས། དེ་ནས་གསང་བའི་གནས་ནས་ཧཱུྃ་བཛྲ་དྷྲྀ་ཀ་ཅེས་པ་ལ་སོགས་པའི་སྔགས་ཀྱིས་སྤྱན་དྲངས་ནས། སྐད་ཅིག་མའི་རིམ་པ་དང་འདྲ་བས་ཕྱིར་ཕྱུང་སྟེ། རྟོགས་པ་ཐམས་ཅད་འདུས་པའི་ཏནྟྲ་ལས་གསུངས་པ་ལྟར་རིགས་ལྔ་ཡབ་ཡུམ་བཅུས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་གནས་བསྒྱུར་ཏེ། ཟག་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོར་བྱིན་གྱི་བརླབ། ཡུམ་བཞིས་སྡང་བ་དང་། བསོད་ནམས་ཆུང་བ་དང་། བདག་ཉིད་ཀྱི་དབང་དུ་མི་འདུ་བ་དང་། ཁེངས་པ་དག་ཞི་བ་ལ་སོགས་པ་བཞིར་བྱས་ནས། སེམས་དཔའ་དང་། སེམས་མ་རྣམས་ཀྱིས་ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་ལྔ་དང་ལྡན་པར་བྱས། ཁྲོ་བོ་དང་། ཁྲོ་མོ་རྣམས་ཀྱིས་ཞེ་སྡང་ལ་སོགས་པའི་དབང་གིས་བསྐྱེད་པའི་ཕུང་པོ་ལ་སོགས་པའི་བདུད་བཞི་དང་། ཕྱིན་ཅི་ལོག་གི་མུ་བཞི་ལ་གནས་པའི་སེམས་ཅན་གནས་བསྒྱུར་ནས། ཡང་དག་པ་མཉམ་པ་ཆེན་པོའི་དོན་རྟེན་འབྲེལ་དབུ་མ་ལ་གནས་པར་བྱས་ནས། ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས་སེམས་ཀུན་གཞིའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་ཡུལ་ལ་རང་ཐད་དུ་སྤྱོད་པ་དེ་གནས་གྱུར་ནས། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས་བསྒྱུར་རོ། །ཐུབ་པ་དྲུག་གིས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དོ། །དེ་ནས་རང་གི་གདན་མངོན་དུ་བཀོད་པ་ལ་བཞུགས་སོ། །འདི་ནས་མར་དོན་གསུམ་པ་སྔགས་ཀྱི་ཡན་ལག་རྣམས་དང་། སྦྱོར་བ་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་རྣམས་གཞུག་པར་བྱ་བ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བསྟིམ་པ་དང་། འདིའི་དུས་སུ་གསང་བའི་གནས་ནས་སྤྱན་དྲངས་པའི་དབུས་ཀྱི་གཙོ་བོ། མི་བསྐྱོད་པས་རྒྱུ་དང་འབྲས་བུ་དང་། སློབ་དཔོན་དང་སློབ་མའི་འབྲེལ་བར་རྟོགས་པར་བྱ་བའི་དོན་དུ། རང་གི་གཙོ་བོ་ལ་ཐིམ་པར་འདོད་པས། ཨེ་ཧ་ཡ་ཧི་བྷ་ག་བཱ ན་ཞེས་བརྗོད་ནས། སྦྱོར་བའི་བརྡ་ཛཿཧཱུྃ་བྃ་ཧོཿས་བསྐུལ་ནས། ཐབས་དང་ཤེས་རབ་སྦྱོར་བའི་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་བབས་པ་དང་། དམ་ཚིག་རྡོ་རྗེའི་སྔགས། ༀ་བཛྲ་ས་མ་ཡ་ༀ། ཞེས་པ་དང་བཅས་པའ་ིསྔགས་བརྗོད་དེ། ལྷག་པའི་བྱང་ཆུབ་སེམས་རིག་པའི་མེ་ཏོག་གཏོར་བར་བསམ་ལ། ཡེ་ཤེས་རྒྱལ་པོ་དབྱངས་ཀྱིས་བསྐུལ་ནས། ཐབས་དང་ཤེས་རབ་སྦྱོར་བ། འདོད་ཆགས་ཆེན་པོའི་མེས་འོད་དུ་བཞུ་སྟེ། མདུན་གྱི་བར་སྣང་ལ་འོད་ཀྱི་གོང་བུར་གནས་པ་ལ། གཙོ་བོ་ཡབ་ཡུམ་གྱིས་ཀྱང་རྡོ་རྗེ་དམ་ཚིག་གི་སྔགས་གསུམ་གྱི་ཡི་གེ་འབྲུ་གསུམ་གྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ཛཿཧཱུྃ་བྃ་ཧོཿབཞིས་མདུན་གྱི་བར་སྣང་ལས་འོད་ཀྱི་གོང་བུར་སྤྱན་དྲངས་ཏེ། བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་བྱ་བ་མོ་རྡོ་རྗེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་གསང་བའི་གནས་སུ་ཐིམ་པ་དང་། ཡབ་ཡུམ་གཉིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གནས་གྱུར་ཏེ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཡང་། སྐད་ཅིག་མའི་དུས་གསུམ་དུ་སྔགས་ཕྱུང་བའི་སྒྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དོན་དམ་པར་བདག་དང་ཐ་མི་དད་ན་ཡང་། ཀུན་རྫོབ་ཏུ་བདག་ཉིད་ཆེན་པོའི་ཡེ་ཤེས་སུ་བྱིན་སྡུད་པ་འདི་བྱ་སྟེ། ཡང་ཐབས་དང་ཤེས་རབ་རོལ་པའི་སྒྲ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་སེམས་ཆེན་པོ་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ། མདུན་གྱི་བར་སྣང་ལ་ཆུའི་བསྐལ་པའི་སྤྲིན་ལྟར་འཁྲིགས་ཏེ་གནས་པ་ལས། ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ཕྲེང་བའི་རྩེ་ལས་སྐྱེས་པའི་ལྷ་མོའི་ཚོགས་ཀྱིས་མཆོད་ནས། ལྷའི་དཀྱིལ་འཁོར་ཐམས་ཅད་ཀྱིས་བདག་དང་འཁོར་དུ་བཅས་པ་ཐམས་ཅད་ལ། བུམ་པའི་དབང་དང་པོར་བརྩམས་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་བར་དུ་བསྐུར་བར་མངོན་པར་རྟོགས་ཏེ། དེའི་འབྲས་བུ་ནི། བདག་གི་དབུ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ངམ། རིགས་ལྔར་གནས་སོ། །ཕྱི་མ་རྣམས་ལ་ཡང་དབང་གི་འབྲས་བུ་ནི་རིགས་ལྔ་སྟེ། དབུ་རྒྱན་ཡི་གེ་ལྔ་དང་ལྡན། །ཞེས་གསུངས་པའི་ཕྱིར་ཏེ། ཤཱུ་ནྱཱ་ཏ་ལ་སོགས་པའི་སྔགས་ཀྱང་བརྗོད་པར་བྱའོ། །ལ་ལ་ན་རེ་དང་པོར་བདག་ཉིད་བསྐྱེད་པའི་དུས་སུ། བདག་ཉིད་ལ་དབང་ཐམས་ཅད་རྫོགས་པར་བྱས་ཏེ། དེ་ནས་ཡང་དཀྱིལ་འཁོར་ཆེན་པོ་རྫོགས་པ་དང་། ཡང་བདག་གིས་ཐམས་ཅད་ལ་དབང་བསྐུར་བར་བྱ་བ་ཡིན་ནོ། །ཞེས་སྔགས་ཀྱི་རྒྱུད་ལ་མཁས་པའི་སློབ་དཔོན་དག་འཆད་དོ། །དེ་ལྟར་ལྷ་ཐམས་ཅད་བཀུག་སྟེ་བཅུག་ལ་བཅིངས་ཏེ་དབང་དུ་བྱས་ནས། དྭངས་མ་ལ་སོགས་པའི་ཁམས་ཀྱི་རོལ་པ་ཉེ་བར་གཅིག་ཏུ་སྦྱོར་བ་ལྟར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་ཐིམ་པས། ལྷ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་འབར་བར་གྱུར་ཏེ། གསུང་གི་ཕྱག་རྒྱ་འབར་བར་འགྱུར། ཐུགས་ཀྱི་ཕྱག་རྒྱ་ཐིམ་པར་གྱུར་ཏོ། །དེ་ལྟར་དེ་ཡང་བསྙེན་བསྒྲུབ་རྣམ་བཞི་དང་། ཆོ་ག་ལྔ་དང་། ཡོ་བྱད་ལྔ་ཐལ་བས། ད་ནི་སྔགས་ཀྱི་ཡན་ལག་ལྔ་བརྩམ་པར་བྱ་སྟེ། བདག་གི་ཐུགས་ཀར་ནི་ཉི་མའི་དཀྱིལ་འཁོར་གསེར་གྱི་པ་ན་འབྲིང་པོ་ཙམ་གྱི་སྟེང་དུ། བདག་དང་ཐ་མི་དད་པའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་དེའི་ཐུགས་ཀར་སྲན་མ་ཙམ་གྱི་ཉི་མའི་སྟེང་། རྡོ་རྗེ་ནས་ཙམ་གྱི་བུམ་པའི་ནང་དུ་ཧཱུྃ་གིས་བརྒྱན་པར་བསམ་མོ། །དེའི་མཐའ་མ་ནས་ཚུར་ཧཱུྃ་བཛྲ་དྷྲྀཀ྄་སྭཱ་ཧཱ་ཞེས་པ་བསྒོམ་མོ། །དེ་བཞིན་དུ་ཕྱི་མ་བཞི་ལ་ཟླ་བ། རིན་པོ་ཆེ་པདྨ་རྡོ་རྗེ་རྒྱ་གྲམ་གྱི་དབུས་ན་ཡང་། རང་རང་དང་མཐུན་པའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཡང་འཁོར་ལོ་རིན་པོ་ཆེ་པདྨ་དམར་པོ་རལ་གྲི་དང་། གདན་ཟླ་བ་ལ་བྱས་པའོ། །དེ་དག་གི་དཀྱིལ་འཁོར་རང་གི་ཆོས་ཀྱི་ཡི་གེས་མཐའ་མ་བསྐོར་བ་ལ། སྭཱ་ཧཱའི་གཉར་རང་ཉིད་ཀྱི་ཡི་གེ་བསྟབས་པའོ། །ཆེ་ཆུང་གི་ཚད་གོང་དུ་བཤད་པ་དང་མཐུན་ནོ། །ཡུམ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་ན། རང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར། ཟླ་བའི་སྟེང་ན་རང་རང་གི་ཆོས་ཀྱི་ཡི་གེ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་གྱི་མཐའ་མ་ནས་ཚུར་རང་རང་གི་སྤྱན་དྲངས་པའི་སྔགས་ཀྱིས་བསྐོར་བའོ། །སེམས་དཔའ་རྣམས་ནི་ཡབ་ལྟར་རོ། །སེམས་མ་རྣམས་ཡུམ་ལྟར་རོ། །དེ་ནས་སྔགས་ཀྱི་ཡན་ལག་བརྩམ་པ་ནི། ཏིང་ངེ་འཛིན་སྤྱིར་བཏང་བ་ནི་དབུགས་དགག་པ་དང་། གཏོང་བ་དང་། གཟུང་བ་དང་། སོ་སོར་སྤྱོད་པ་དང་། རྗེས་སུ་དྲན་པ་དང་། ཏིང་ངེ་འཛིན་ཞེས་གསུངས་སོ། །དེ་ལ་དང་པོ་ཡིད་ཀྱི་རྒྱན་ནང་དུ་ཕྱོགས་པའི་དགོས་པའི་ཕྱིར། དབུགས་དགག་པ་གང་ཞེ་ན། ཐམས་ཅད་ནམ་མཁའ་དང་འདྲ་བའི་ཚུལ་གྱིས། སངས་རྒྱས་འདྲ་བའི་རང་བཞིན་དུ་བདག་བསམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་བུམ་པའི་ཧཱུྃ་འོད་དུ་ཞུ་ནས། འོད་ཀྱི་གོང་བུར་གྱུར་ནས་རིན་པོ་ཆེ་སྣ་ལྔའི་ཁ་དོག་དང་། བདག་གི་སེམས་དང་དབུགས་གཅིག་ཏུ་དབྱེར་མེད་པར་བརྟགས་ཏེ། རང་གི་དབང་པོ་ནང་དུ་ཕྱོགས་པར་བྱས་པ་ནི། དབུགས་དགག་པའོ། །དེས་ཅིར་འགྱུར་ཞེ་ན། མཚན་མ་ལྔ་པོ་འབྱུང་བར་འགྱུར། ཞེས་གསུངས་སོ། །དེ་ནས་གཏོང་བ་གང་ཞེ་ན། དབུགས་དེ་ལས་ཡང་འོད་ཟེར་འབྱུང་བའི་ཚུལ་གྱིས་དབུགས་དང་འོད་ཟེར་གྱི་ཕྲེང་བ་གཅིག་ཏུ་བསྲེས་སྟེ། ཡེ་ཤེས་སེམས་དཔའི་ཁོག་པའི་ནང་ནས། བ་སྤུའི་བུ་ག་ནས་རིམ་བཞིན་དུ་འཕྲོ་བ་བྱ་བ་ནི་གཏོང་བའོ། །གཟུང་བར་བྱ་བ་གང་ཞེ་ན། སླར་འདུས་པ་དེ་དག་ཡང་རང་གི་གནས་ཀྱི་ཐིག་ལེ་ལ་དབྱེར་མེད་པར་འགྱུར་ཏེ། ཡུན་རིང་དུ་བསྒོམ་པ་ནི་གཟུང་བའོ། །རྗེས་སུ་དྲན་པ་གང་ཞེ་ན། དེ་དག་གསལ་བར་བརྟགས་ནས་སྤྲོས་པའི་ཚེ། བ་སྤུའི་བུ་ག་ཐམས་ཅད་དང་རྡོ་རྗེའི་ལམ་ནས་ནམ་མཁའི་ཁམས་གང་བར་སྤྲོས་པའི་ཚེ། ལྷ་དང་རིགས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྗེས་སུ་དྲན་པའོ། །དེ་ནས་སོ་སོར་སྤྱོད་པ་གང་ཞེ་ན། ནང་གི་དབང་པོ་ལྷའི་བདག་ཉིད་ཀྱིས། ཕྱིའི་ཡུལ་གཟུགས་ལ་སོགས་པ་ལ་སྤྱོད་ཅིང་གནས་ན་ཡང་། དེ་ཉིད་ལྷའི་རང་བཞིན་དུ་བསྒོམས་ཏེ། དབང་པོ་དང་ཡུལ་ཐབས་དང་ཤེས་རབ་ཐ་མི་དད་པའི་ཚུལ་གྱིས་ལྷའི་རང་བཞིན་དུ་སོ་སོར་དབྱེར་མེད་པ་ནི། དབང་པོ་དང་ཡུལ་དང་ཐབས་དང་ཤེས་རབ་སོ་སོར་སྤྱོད་པའོ། །དེ་ལྟར་སྔགས་ཀྱི་ཡན་ལག་ལྔ་བརྩམས་པའི། ཡོན་ཏན་ནི་ཅིར་འགྱུར་ཞེ་ན། ལྷའི་བདག་ཉིད་དང་དབྱེར་མེད་པའི་སྔགས་ཀྱིས་ཀྱང་བྱིན་གྱིས་བརླབས་ལ། མངོན་པར་ཤེས་པ་ལྔ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་སའི་སྙིང་པོ་ལ་སོགས་པས་ཀྱང་གཟིགས་པར་གྱུར་པ་དང་། གཟུགས་དང་ལྡན་པ་དང་། སྟོབས་དང་ལྡན་པ་དང་། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱང་། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་ལ་འཇུག་པ་དང་། རྗེས་སུ་དྲན་པ་བསྒོམས་པས་ནི། འོད་ཀྱི་དཀྱིལ་འཁོར་རང་ལས་འབྱུང་ངོ་། །འོ་ན་འོད་ཀྱི་དཀྱིལ་འཁོར་ལྟ་བུ་འབྱུང་བ་དག་སྲིན་པོ་ལ་ཡང་ཡོད་དོ་ཞེས་པ་དང་། འཇིག་རྟེན་ལས་འདས་ཞེས་ཏེ། མཚན་དང་དཔེ་བྱད་ཀྱི་གཞིའོ། །དེ་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། ཧཱུྃ་བཛྲ་དྷྲྀཀ྄་སྭཱ་ཧཱ་ཞེས་བརྗོད་པའི་ཚེ། ལྷ་ཕྱི་མ་ཀུན་ཡང་རང་རང་གི་སྔགས་ཟློས་པར་བརྟག་གོ། །ཧ་ཅང་སྒྲ་ཆེར་མ་ཡིན་ཆུང་བ་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བས་མིན། །ཞེས་འབྱུང་སྟེ། རྩེ་གཅིག་པས་འཕྲོ་འདུ་བྱ་བའི་རིམ་པ་ཡང་། ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། དེ་ཉིད་ཀྱི་བ་སྤུའི་བུ་ག་ནས། རིམ་བཞིན་དུ་གཞལ་ཡས་ཁང་ནས། ཕྱོགས་བཅུའི་ནམ་མཁའི་ཁམས་བཀང་ནས། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས། ཡང་དེ་བཞིན་དུ་སླར་འདུ་བ་དང་། ཕར་འཕྲོ་བ་དང་། རིམ་བཞིན་དུ་བྱས་ཏེ། དེ་ལྟར་ཡང་གསུངས་པ། དབུགས་དབྱུང་སྨྲ་བ་འཕྲོ་བྱ་སྟེ། དབུགས་སྡུད་སྔགས་ཀྱང་བསྡུ་བར་བྱ། བ་སྤུ་རྣམས་ཀྱི་བུ་ག་ནས། །མཁས་པས་ཆོས་ཀྱི་སྤྲིན་རྣམས་སྤྲོ། །ཞེས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་རྩལ་སྦྱང་བའི་ཕྱིར། ཤིན་ཏུ་ཕྲ་བའི་དམ་ཚིག་གིས་བློ་རྒྱ་ཆེ་ཆུང་དུ་སྦྱང་པར་ཡང་བྱའོ། །ཡེ་ཤེས་ཀྱི་རྫས་ཀྱི་དཀྱིལ་འཁོར་དེ་དང་། ལས་བཞིའི་ཧོཾ་ཡང་བྱ་སྟེ། མེ་ལྷ་དངོས་ལ་ཉི་ཤུ་རྩ་གཅིག །ཕྱི་མ་ལ་འབྱོར་ཐང་གིས་མཆོད་དེ། བསམ་ཡས་དག་ལ་ཡང་དེ་བཞིན་ནོ། །ཞེས་གསུངས་ཏེ། རིག་པས་དཔག་པ་ཙམ་དུའོ། །དེ་ནས་མཆོད་པའི་ཕྱག་རྒྱས་མཆོད་ལ། བསྟོད་པ་བྱས་ནས་ཡི་གེ་བརྒྱ་པ་བརྗོད། དཀྱིལ་འཁོར་ཐམས་ཅད་རང་ཉིད་ལ་རིགས་ཀྱི་བྱེ་བྲག་གིས་བསྡུའོ། །དེ་ནས་མཚན་གྱི་ཁྱད་པར་གཞན་གྱིས་ཀྱང་ཀུན་གྱི་རང་བཞིན་དུ་བྱས་ནས་བསྟོད་དེ་ཅི་བདེ་བར་ལངས་སོ། །དེའི་དུས་སུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྔགས་དང་ཕྱག་རྒྱ་ལ་གནས་ཏེ། སྙིང་རྗེ་ཆེན་པོའི་སེམས་ཀྱིས་བཅག་པར་བྱའོ། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་དེ་རྟོགས་པར་བྱའོ། །དཔལ་གསང་བའི་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་ལས། སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བའི་བཤད་པ་རྫོགས་སོ། །གོང་དུ་ཨ་ཏི་ཡོ་གའི་གཞུང་གིས་སེམས་ཅན་ཐམས་ཅད་ལ་རང་བཞིན་གྱི་དཀྱིལ་འཁོར་ཡོད་པར་བསྟན་པ་དང་། མ་ཧཱ་ཡོ་གའི་གཞུང་གིས་བསྒོམ་ཁོག་ལས་འབྱུང་བའི་རིམ་པས་བདག་བསྐྱེད་ནས། ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱ་བ་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཡང་བྱའོ། །ཞེས་བསྟན་པས་བྱ་བ་གང་ཡིན་པ་དེ་གཉིས་སྨོས་པའི་ཕྱིར། ཨེ་མའོ། །རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་ཏེ། ཧི་ཡཾ་ས་མ་དར་ཏིའི་སྒྲ་ལས་དྲངས་ནས། ངོ་མཚར་ནས་ཞེས་པར་ངམ་པ་སྟེ། ཅིའི་ཕྱིར་ཞེ་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དབྱིངས་ཆེན་པོ་ལས། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་ནི་ངོ་མཚར་ཆེའོ་ཞེས་པའོ། །དེ་ཡང་གང་ཞེ་ན། རྡོ་རྗེ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་སྣོད་དང་བཅུད་དུ་བཅས་པ་དང་། འདུས་བྱས་དང་འདུས་མ་བྱས་སུ་བཅས་པ་དང་། དག་པ་དང་མ་དག་པར་བཅས་པ་ཐམས་ཅད་ནི། དཔལ་ཀུན་ཏུ་བཟང་པོའི་སྐུ་དང་ཡན་ལག་ཏུ་ཡེ་ནས་སངས་རྒྱས་པར་གནས་པ་སྟེ། སངས་རྒྱས་ཉིད་ལས་གཞན་པའི་ཆོས། སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་བྱ་བའི་བར་དུ་ཇི་སྙེད་པའོ། །དེ་ལ་རྡོ་རྗེ་ཕུང་པོ་ཞེས་བྱ་བ་ནིེ། འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན་ལ། སྤྱིར་ནི་རྒྱུ་ཡེ་ཤེས་དང་། ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་དང་། རིགས་ལྔ་དབྱེར་མེད་པའི་རྡོ་རྗེ་ཞེས་བྱ་བ་ལ་དེ་འདིར་ནི་མ་ཧཱ་ཡོ་གའི་གཞུང་གིས་རྣམ་པར་ཤེས་པའི་ཕུང་པོ་ལ་བྱ། དེའི་ཡན་ལག་ནི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པར་བྱའོ། །ཡང་ན་གཉིས་སུ་ན། རྡོ་རྗེའི་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་བྱ་བ་ལས། འདིའི་ཡན་ལག་ནི། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་རོ། །ཞེས་བྱ་བར་ཡང་བཀག་པ་མ་ཡིན་ནོ། །ཞེས་ཏེ། དེ་ལྟར་ན་འཁོར་བ་ཅན་གྱི་ཕུང་པོ་ལྔ་རྫོགས་པའི་སངས་རྒྱས་ལྔ་རུ་ཐེག་པ་ཆེན་པོ་མ་ཧཱ་ཡོ་གའི་གཞུང་གིས་ཀྱང་གྲགས་ཞེས་བྱའོ། །དེ་བཞིན་དུ་སྤྱིའི་མདོ་སྡེ་དག་ལས། སྐྱེ་མཆེད་དང་ཁམས་སུ་བསྟན་པ་དག་ཀྱང་། སེམས་དཔའ་དང་སེམས་མའི་ངང་ཉིད་དོ་ཞེས་བྱའོ། །དེ་བཞིན་དུ་ས་ལ་སོགས་པ་ལྔ་དང་། གོང་དུ་རྣམ་པར་ཕྱེ་བ་དག་ཡུམ་ལྔའི་ངང་ཞེས་བྱ་བར་ངེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་ངང་ཉིད་ལས་ནི། སྲིད་པ་གསུམ་གྱི་ཆོས་ཐམས་ཅད་ཀྱང་། ཡེ་ནས་སངས་རྒྱས་ཤིང་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་དང་། དོན་དམ་པ་དང་། ཀུན་རྫོབ་དང་། སྣོད་དང་། བཅུད་དང་། དག་པ་དང་། མ་དག་པ་དང་། ཐ་སྙན་དང་། ཐ་སྙད་ལས་འདས་པ་དང་། སངས་རྒྱས་དང་། སེམས་ཅན་གྱི་བར་དུ་ཐམས་ཅད་ཀྱི་སྒྲ་ཇི་སྙེད་པ་ཐམས་ཅད་ཀྱང་། སངས་རྒྱས་ཉིད་ལས་གཞན་མ་ཡིན་ཏེ། སྨྲས་པའི་དོན་དེ་ལྟ་བུས་ན། སངས་རྒྱས་ཉིད་ལས་གཞན་པའི་ཆོས་གཞན་གྱིས་ལྟ་ཅི་སྨོས་ཏེ། སངས་རྒྱས་ཉིད་ཀྱིས་ཀྱང་མི་བརྙེས་སོ་ཞེས་བྱ་སྟེ། དོན་དམ་པར་ནི་ཆོས་ཀྱི་སྐུའི་ངང་ཉིད་དུ་དབྱེར་མེད་ལ། ཀུན་རྫོབ་ཏུ་ནི་ཉིད་ཀྱི་སྐུ་དང་ཡན་ལག་ཏུ་གནས་པའི་ཕྱིར་རོ། །དེ་ལ་ནི་སྐྱེ་མཆེད་ནི་བཅུ་གཉིས་སུ་གནས་པ་ཡིན་ནོ། །ཁམས་རྣམས་ཀྱང་བཅོ་བརྒྱད་དུ་ངེས་ན། མང་པོ་ཞེས་བྱ་བའི་ཚིག་འདི་ཅི་དགོས་ཤེ་ན། ཅིས་ཀྱི་སྒྲ་ནི་དེ་ནི་ལུང་ཐམས་ཅད་ལས་ནི་ཁམས་བཅོ་བརྒྱད་དུ་བསྟན་པ་ཡིན་ལ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དེ་ནི་ཀུན་གྱི་འབྱུང་གནས་སུ་བསྟན་པའི་ཕྱིར། ཁམས་ཉི་ཤུ་རྩ་གཅིག་ཏུ་བསྟན་ཏོ་ཞེས་རྒྱུད་ཕྱི་མ་ལས་འབྱུང་སྟེ། བདག་གི་གསང་བའི་རྡོ་རྗེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་པའི་ཕྱིར་རོ། །དེའི་ཡུལ་པདྨ་ནི་ཤེས་རབ་ཀྱི་ངོ་བོའོ། །དེ་གཉིས་ཀྱི་ཐུགས་ནི་ལྷག་པ་བྱང་ཆུབ་ཀྱི་སེམས་ལས་སྐྱེ་བ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེའི་ཕྱིར་ཡང་གསུངས་པ། ཐམས་ཅད་བྱང་ཆུབ་སེམས་དཔའ་རྡོ་རྗེའི་དབང་། །དབང་པོའི་ཡུལ་ནི་ཤེས་རབ་པདྨོའི་དབྱིངས། དབང་པོའི་གཟུགས་ནི་རྡོ་རྗེ་སེམས། ཅིའི་ཕྱིར་ཡང་དེ་ལྟར་ངེས་ཤེ་ན། ཡང་གསུངས་པ། དབང་པོ་རྡོ་རྗེ་གསང་བའི་རྒྱལ། །ཡུལ་ནི་པདྨ་བདེ་མ ཆོ ག་དབྱིངས། །སེམས་ནི་བྱང་ཆུབ་འབྱུང་བའི་གཏེར། །ཞེས་གསུངས་པའི་ཕྱིར་རོ། །སྲིད་གསུམ་ཞེས་པ་སྤྱི་གཞུང་གིས་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། །གསུམ་ཡང་ཡེ་ནས་སངས་རྒྱས་ཤིང་ཞེས་བྱའོ། །དེ་ལ་ཤིང་གི་སྒྲ་ནི་འདས་པ་ལ་སྙེགས་པ་སྟེ། ཕྱིས་གཉེན་པོ་བྱེད་པའི་ཕྱོགས་སུ་གསུངས་པས། སངས་རྒྱས་པར་གྱུར་པ་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ཡེ་ནས་སྐྱེ་བ་མེད་པའི་ངོ་བོས་དང་། རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་གནས་པ་ཡིན་ནོ་ཞེས་བྱའོ། །གསང་བ་མ་ཧཱ་ཡོ་ག་བས་ནི། འདོད་པའི་སྲིད་པ་ཡུམ་སྟེ། ཅིའི་ཕྱིར་ཞེ་ན། འདོད་ཅིང་ཆགས་པར་བྱ་བའི་ཡུལ་ཏེ། གཟུགས་ཀྱི་སྲིད་པ་ནི་ཡབ་སྟེ། ཅིའི་ཕྱིར་ཞེ་ན། སྐྱེ་བའི་རྒྱུ་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཟུགས་མེད་པའི་སྲིད་པ་ནི་བྱང་ཆུབ་ཀྱི་དབྱིངས་ཀྱི་བདེ་བ་ཆེན་པོ་ནས་འབྱུང་བའི་ཕྱིར་རོ། །དེ་དག་ཀྱང་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ། ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གནས་ཤིང་ཞེས་བྱའོ། །ཡང་ཕོའི་སྲིད་པ་དང་། མོའི་སྲིད་པ་དང་། སྐྱེ་བའི་སྲིད་པ་སྟེ། དེ་ཡང་ཐབས་དང་ཤེས་རབ་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྐྱེ་བའི་རང་བཞིན་ཅན་ནོ། །དེ་ལྟ་བས་ན་ཐབས་ཀྱི་སྒྲ་བསྡུ་བའི་ཆོས་སོ་ཅོག་གི་རང་བཞིན་ནི། སངས་རྒྱས་ཉིད་ལས་གཞན་མ་ཡིན་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱི་དཀྱིལ་འཁོར་གཉིས་ལས་གཞན་པའི་ཆོས་གཞན་ལྟ་ཡང་ཅི་སྨོས་ཏེ། སངས་རྒྱས་ཉིད་ཀྱིས་ཀྱང་མི་བརྙེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡབ་ཀྱི་དོན་དམ་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ལྟར་གླེང་བསླང་བ་ལྟར། ཡུམ་མཉེས་ཏེ། ཀྱེ་མའོ་ཞེས་བྱ་བ་ལ་སོགས་ཏེ། ཅི་ཕུང་པོ་དང་། ཁམས་དང་། སྐྱེ་མ ཆེད་དང་། སྣོད་དང་། བཅུད་དུ་བཅས་པ་ཐམས་ཅད་སངས་རྒྱས་སོ་ཞེས་བྱ་བར་གྲགས་པ་ནི། ཚིག་གི་ཐ་སྙད་དུ་ཐལ་ཏེ། ཕྱོགས་བཅུའི་སྟོང་ཁམས་མཐའ་ཡས་མུ་མེད་པ་ཐམས་ཅད་ནི། ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཡེ་ནས་དབེན་ཞེས་བྱ་སྟེ། གཟུང་འཛིན་གྱི་རྟོག་པའི་འགྲོ་འོང་དང་བྲལ་བའི་ཆོས་ཉིད་ཅན་ཡིན་ནོ། །ཞེས་བྱའོ། །གོང་དུ་བསྟན་པའི་སྲིད་པ་གསུམ་ཡེ་ནས་སངས་རྒྱས་པ་དེ་ཧ་ཅང་ཡང་ཆེས་ཏེ། སྲིད་པ་གསུམ་ཉིད་དག་པའི་ཞིང་ཡིན་ཏེ། མ་དག་པའི་སེམས་ཅན་དུ་མཐོང་བ་ནི་འཁྲུལ་པ་སྟེ། ཐམས་ཅད་ལྷ་སུམ་ཅུ་རྩ་དྲུག་གི་རང་བཞིན་དུ་ཡེ་ནས་སངས་རྒྱས་ཏེ་གནས་པ་དང་། དག་པའི་ཞིང་ཞེས་བྱའོ། །དེར་ཡང་མ་ཟད་དེ། སྙིགས་མ་ལྔར་གྲགས་པ་དེ་ཡང་འཕགས་པ་ཚེ་དཔག་ཏུ་མེད་པའི་བདེ་ལྡན་གྱི་གནས་དང་ཡང་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལ་སྙིགས་མ་ཡང་གང་ཞེ་ན། དུག་ལྔ་ལ་སོགས་པའི་ཉོན་མོངས་པ་དྲག་པོ་ནི་ཉོན་མོངས་པའི་སྙིགས་མའོ། །ལོག་པར་ལྟ་བ་ལ་སོགས་པའི་ལྟ་བའི་རི་བོ་དྲུག་ཅུ་རྩ་གཉིས་ནི་ལྟ་བའི་སྙིགས་མའོ། །བསོད་ནམས་ཀྱི་ཕུང་པོ་ལ་སོགས་པ་དང་བྲལ་བའི་སེམས་ཅན་ནི་སེམས་ཅན་གྱི་སྙིགས་མའོ། །ལུས་ཀྱི་སྡུག་བསྔལ་གྱི་ཞིང་དུ་གྱུར་པའི་བསྐལ་པ་ནི་བསྐལ་པའི་སྙིགས་མའོ། །ཚེ་ཐུང་བའི་ཕུང་པོ་ལ་སོགས་པ་རྣམས་ནི་ཚེའི་སྙིགས་མ་སྟེ། དེ་དག་ཀྱང་རང་གི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་དབང་དུ་གྱུར་པའི་དུས་ན། བདེ་བ་ཅན་གྱི་གནས་དང་ཐ་མི་དད་དོ་ཞེས་བྱའོ། །ཡང་ལྡེམ་པོའི་དགོངས་པས་ན། ཉོན་མོངས་པ་ལྔ་ལ་སོགས་པ་ལ་རོལ་ཅིང་དབང་དུ་བྱེད་དོ། །ཉོན་མོངས་པ་ལྔ་སངས་རྒྱས་པར་བྱས་ན། ཉོན་མོངས་པ་ལྔ་ལ་དྲིན་ལ་ལེན་གྱིས་གླན་པའི་ཕྱིར། སྦྲུལ་གྱིས་སྐུ་ལ་བརྒྱན་པ་དང་། ཐབས་དང་ཤེས་རབ་རྣམ་པར་དག་པའི་རང་བཞིན་དུ་རོལ་བ་དང་། གླང་ཆེན་གྱི་ཀོ་བ་དང་། སྟག་གི་པགས་པ་དང་། ལྷ་ཆེན་པོ་གདན་དུ་བཞག་པ་དང་། ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན་པ་ལ་སོགས་ཏེ། དེ་དག་གི་ཉོན་མོངས་པའི་སྙིགས་མ་ལ་སྤྱོད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་སྐྱེ་འཇིག་དང་བྲལ་ཏེ། རྟག་པར་ལྟ་བ་དང་། སྐྱེ་བ་མེད་པའི་དབྱིངས་ཆེན་པོ་ལ་འཇུག་པས་ཆད་པར་ལྟ་བ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཆོས་ཉིད་ཀྱི་རིགས་གཅིག་ཏུ་དགོངས་པས་བདག་ཏུ་ལྟ་བ་དང་། ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་ལྟ་བས། མཚན་མར་ལྟ་བ་སྟེ། དེའི་ཕྱིར་ན་མུ་སྟེགས་ཀྱི་རྟག་པར་ལྟ་བ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱའོ། །དེ་ནི་ལྟ་བའི་སྙིགས་མ་ལ་སྤྱོད་པ་ཡིན་ནོ། །ཕྱིའི་ཡུལ་ཐམས་ཅད་ནི་བསོད་ནམས་ཀྱི་ཕུང་པོ་ཡིན་ལ། ཕྱིའི་ཡུལ་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སྦྱོར་བས། སེམས་ཅན་གྱི་སྙིགས་མ་ལ་སྤྱོད་པ་ཡིན་ནོ། །ལུས་ཀྱི་ཕུང་པོ་འབྱུང་བ་ཆེན་པོ་བཞི་རྡུལ་ཕྲ་རབ་ཏུ་བཤིག་ཅིང་། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སྦྱོར་བར་མཛད་པ་ནི། བསྐལ་པའི་སྙིགས་མ་ལ་གནས་པའོ། །ཚེ་ཐུང་བའི་ཕུང་པོ་ནི་ཚེའི་སྙིགས་མ་ཡིན་ལ། འཁོར་བའི་སྲོག་ནི་ཉོན་མོངས་པ་ཉིད་ཀྱི་ཡིད་རྟག་ཏུ་གཟུང་བ་དང་། འཛིན་པའི་རྟོག་པ་ཅན་དེ་བཅོམ་པ་ནི། རྟག་ཏུ་ཚེ་ཐུང་བའི་ཕུང་པོ་ལ་གནས་པ་ཡིན་པས། སྙིགས་མ་ལྔ་པོ་དེ་ལྟ་བུ་དེ། དེ་ལྟར་བདེ་ལྡན་གྱི་གནས་སུ་དགོད་ཅེས་སོ། །ད་ནི་ཐེག་པ་ཆེན་པོ་ཨ་ཏི་ཡོ་གའི་གཞུང་གིས། ཆོས་ཐམས་ཅད་རང་གི་སྤྱོད་ཡུལ་དུ་སྟོང་པ་ཆེན་པོའི་ངང་ཉིད་དང་རྒྱུ་མཐུན་པའི་ཡེ་ཤེས་ཆེན་པོ་ལྔར་བསྒོམ་པ་དང་། མ་ཧཱ་ཡོ་གའི་གཞུང་གིས་དང་པོར་རྣལ་འབྱོར་བས་དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པར་ཡེ་ནས་སངས་རྒྱས་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཆེན་པོ་ལྔར་བསྐྱེད་དོ་ཞེས་བྱ་བའི་དོན་བསྟན་པའི་ཕྱིར་རོ། །སྐྱེ་བ་མེད་ལས་ཞེས་བྱ་བ་ལ་སོགས་པ་སྟེ། སྣོད་དང་བཅུད་དང་རྣམ་པར་ཤེས་པ་བརྒྱད་ནི། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབྱེར་མེད་པའི་ཡེ་ཤེས་ཆེན་པོ་ལྔར་བསྒོམ་པ་སྟེ། འགྲོ་བ་དང་འོང་བ་མེད་པ་ཇི་སྙེད་པའི་བར་དུའོ། །དེ་ལ་སྐྱེ་བ་མེད་ཅེས་བྱ་བ་ནི་སྟོང་པའི་ཆོས་ཉིད་ཤེས་པར་བྱའོ། །ལས་ཞེས་བྱ་བ་ནི་ལྷག་མ་བཅས་པའི་འབྲེལ་བའི་ཚིག་སྟེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་སྐྱེས་ཞེས་བྱ་སྟེ། དེ་ལ་ཐམས་ཅད་སྐྱེས་ཞེས་བྱ་བ་ནི། སྐྱེ་བོ་ཡོད་པའི་ཆོས་ཉིད་ཉེ་བར་གཟུང་བ་ཡིན་ནོ། །དེ་ལྟ་ན་ནི་རྟག་པ་ཞིག་ཡིན་ནམ་ཞེ་ན། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཞུགས་པས། ཡོད་པའི་ཆོས་ཕྱི་དང་ནང་ལ་སོགས་པ་སྟོང་པ་ཡིན་ནོ། །དེ་ལྟར་ཕྱི་དང་ནང་གི་རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱི་ཡེ་ཤེས་དེ་ཉིད་ཡབ་ཀྱི་གླེང་བསླང་བའི་ཀུན་རྫོབ་དང་། ཡུམ་གྱིས་གླེང་བསླང་བའི་དོན་དམ་པའི་བདེན་པ་གཉིས་སུ་དབྱེར་མེད་པའི་བྱང་ཆུབ་སེམས་ཆོས་ཀྱི་དབྱིངས་སུ་བསྐྱེད་པ་ཡིན་ནོ། །ཡང་སྤྱིར་གཙུག་ལག་གི་གཞུང་གིས་ཀྱང་། འཇིག་པ་དང་། ཆགས་པ་དང་། སྟོང་པ་དང་། གནས་པ་དག་ཡོད་དོ་ཞེས་གསུངས་པས་ཀྱང་། ཕྱི་ནང་གི་འཇིག་རྟེན་མི་རྟག་པ་མི་བརྟན་པ་ཉིད་དུ་ཤེས་པར་བྱ་བ་ཁོ་ན་ཡིན་ནོ། །འགག་པ་མེད་ཞེས་པ་ནི། ཀུན་གཞི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའི་གཟུང་བ་ཡིན་ནོ། །ལས་ཞེས་པ་ཡང་ལྷག་མ་དང་བཅས་པའི་འབྲེལ་པ་སྟེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་འགག་པ་ནི་འཆི་བའི་སྲིད་པ་སྟེ། དབང་པོ་དྲུག་ཡུལ་དང་རྣམ་པར་ཤེས་པ་དང་བྲལ་བ་ལ་བྱའོ། །ཅི་དེ་ལྟ་ན་ནི་གཏན་དུ་མི་འབྱུང་བའི་ཆོས་ཅན་ཡིན་ནམ་ཞེ་ན། འགག་པ་ཉིད་ན་འགག་པ་མེད། ཅེས་ཏེ། དབང་པོ་འགག་ན་ཡང་ཀུན་གཞི་བྱང་ཆུབ་ཀྱི་སེམས་ནི་མི་འགག་སྟེ། དེ་ལྟར་ཐེག་པ་ཆེན་པོའི་གཞུང་དག་ལས་ཀྱང་འདི་སྐད་དུ། ལ་ལར་རེ་འགའ་གཟུགས་དང་སེམས་ཀྱི་རྣམ་པ་རྒྱུན་བཅད་པ་ལྟར་སྣང་ཡང་། ཀུན་གཞི་ས་བོན་ཐམས་ཅད་པ་ནི། རང་བཞིན་གྱི་སྒོ་ནས་མི་དམིགས་པ་སྟེ། དེ་ཡང་མུ་སྟེགས་ཀྱི་རྟག་པ་ཐེར་ཟུག་པ་ལྟ་བུ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་འགགས་པ་དང་། འགག་པ་མེད་པ་གཉིས་མེད་པར་རྟོགས་པ་ནི། སྟོང་པ་ཉིད་ཀྱི་ཆོས་ཉིད་དོན་དམ་པ་དང་ཀུན་རྫོབ་བདེན་པ་གཉིས་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྐྱེད་པ་ཡིན་ནོ། །གནས་པ་མེད་ཞེས་པ་དང་། དབང་པོ་སྒྱུ་མ་ལྟ་བུ་ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་ལ་ཞེས་བྱའོ། །ཐམས་ཅད་གནས་ཞེས་པ་ནི་རྣམ་པར་ཤེས་པ་སྨིག་རྒྱུ་ལྟ་བུ་གནས་སོ་ཞེས་བྱའོ། །ཡང་དེ་ལྟར་ན་ནི་རྟག་པ་མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ནམ་ཞེ་ན། གནས་པ་ཉིད་ན་གནས་པ་མེད། །ཅེས་པ་སྟེ། དེ་ལྟར་རྣམ་པར་ཤེས་པ་དབང་པོ་དྲུག་ལ་གནས་པ་ཉིད་ན། རྣམ་པར་ཤེས་པ་ཡུལ་རང་ཐད་དུ་དད་པ་ལ་འཕྲོ་ཞིང་འགྲོ་བར་གནས་པ་ཡིན་ཏེ། དེ་ལྟར་ཉོན་མོངས་པ་ཅན་གྱི་ཡིད་གནས་པ་དང་། གནས་པ་གཉིས་མེད་པར་རྟོགས་ན་ནི། ནང་སྟོང་པ་ཉིད་ཀྱི་ཆོས་ཉིད་དོན་དམ་པ་དང་། ཀུན་རྫོབ་བདེན་པ་གཉིས་དབྱེར་མེད་པའི་བྱང་ཆུབ་སེམས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྐྱེད་པ་ཡིན་ནོ། །དམིགས་པ་མེད་ཅེས་པ་ནི་ཕྱི་གཟུང་བའི་ཡུལ་སྟོང་པ་ཉིད་དུ་འགྲེལ་བ་ཡིན་ནོ། ཐམས་ཅད་དམིགས་ཞེས་པ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཐམས་ཅད་ལ་དམིགས་ཞེས་བྱའོ། །དེ་ལྟར་ན་ནི་ཡུལ་རྟག་པ་ཐེར་ཟུག་མི་འགྱུར་བའི་རང་བཞིན་ཡིན་ནམ་ཞེ་ན། དམིགས་པ་ཉིད་ན་དམིགས་པ་མེད། །ཅེས་པ་སྟེ། རྣམ་པར་ཤེས་པ་ཡུལ་ཐ་དད་པ་ལ་དམིགས་ན་ཡང་། ཡུལ་སྟོང་པ་ཉིད་ཀྱིས་རང་བཞིན་དུ་མ་གྲུབ་པས་དམིགས་པའི་ཡུལ་མེད་དོ། །དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་དང་། དམིགས་པ་མེད་པ་གཉིས་མེད་པར་རྟོགས་པ། ཕྱི་སྟོང་པ་ཉིད་ཀྱི་ཆོས་ཉིད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་གཉིས་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ་སོར་རྟོག་པའི་ཡེ་ཤེས་སུ་བསྐྱེད་པ་ཡིན་ནོ། །སྒོ་ལྔའི་རྣམ་པར་ཤེས་པ་འགྲོ་བ་དང་འོང་བ་མེད་པ་ལས། ཀུན་གཞིས་ནི་གནས་སམ་ཁྱིམ་ལྟ་བུ་བྱས། ཡིད་ཀྱི་རྣམ་པར་ཤེས་པས་ནི་སྦྱིན་པ་ལྟ་བུ་བྱས། ཉོན་མོངས་པའི་ཡིད་ཀྱིས་ནི་བདག་པོ་ལྟ་བུ་བྱས། རྫས་ཀྱི་རང་བཞིན་ལྟ་བུ་གནས་པའི་སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་ཐ་དད་པ་ལ་འགྲོ་ཞིང་འོང་བའོ། །འགྲོ་འོང་ཉིད་ན་ཞེས་པ་སྟེ། དེ་ལྟར་འགྲོ་བ་དང་འོང་བ་ཉིད་ན། འོང་བ་དང་འགྲོ་བ་མེད་དེ། དང་པོ་རྣམ་པར་ཤེས་པ་ཡུལ་གྱི་རྣམ་པ་མཐོང་བ་ནི་འགྲོ་བ་ཡིན་ལ། དེ་ནས་ཡུལ་སྒྲ་ལ་སོགས་པ་གཞན་ན་དམིགས་ཙམ་ན་ནི། དུས་དང་པོ་འགགས་པ་ལ་འོང་ཞེས་བྱ་ན། དང་པོ་རྣམ་པར་ཤེས་པ་འགྲོ་བ་ནི་སུས་མཐོང་། དེ་ནས་ལར་འོང་བ་ནི་སུས་མཐོང་སྟེ། འགྲོ་འོང་མེད་དེ། རྣམ་པར་ཤེས་པ་ཡུལ་ཐ་དད་པ་ལ་འཕྲོ་ཞིང་འགྲོ་བ་ན། རྣམ་པར་ཤེས་པ་དབང་པོ་ལས་ཐད་ཀར་སོང་ན་ནི། སླད་ན་རྣམ་པར་ཤེས་པ་དབང་པོ་ལ་མེད་པར་རིགས། འོན་ཏེ་རྣམ་པར་ཤེས་པ་མ་འཕྲོས་ན་ནི། ཡུལ་ཐ་དད་པ་ལ་ཡང་གཅོད་པར་མི་རིགས་སོ་ཞེས། དེ་ནི་མར་མེ་དང་། མེ་ལོང་དང་། རྒྱ་དང་། མེ་ཤེལ་དང་། ས་བོན་དང་། སྐྱུང་དང་། བྲག་ཅ་བཞིན་ཏེ། འོད་གསལ་བའི་མཚན་ཉིད་ཅན་ནོ། །དེ་ལྟར་སྒོ་ལྔའི་རྣམ་པར་ཤེས་པ་འགྲོ་བ་དང་འོང་བ་མེད་པར་རྟོགས་པའི་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དབྱེར་མེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བསྐྱེད་པ་ཡིན་ནོ། །ད་ནི་རྒྱུད་འདིའི་མཚན་ཉིད་ཅི་ཞེ་ན། དཔལ་གསང་བའི་སྙིང་པོ་ཞེས་བྱ་བར་གསུངས་པ་དེ་ཡང་། གྱི་ནའམ་སྒྲ་བརྙན་ལྟ་བུ་བསྟན་པ་མ་ཡིན་ནམ། ཞེས་དཔྱོད་པའི་བློ་སྔོན་དུ་གཏོང་བ་དེ་དག་ལ། ངེས་པའི་ལུང་འདི་བསྟན་པར་བྱ་བའི་ཕྱིར། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་ཡེ་ཤེས་རང་ལ་ཡོད་པ། དེ་ལྟར་མ་རྟོགས་ཏེ་རང་གི་ཕྱིན་ཅི་ལོག་གི་རྟོག་པའི་ལས་ཀྱིས་སྤྲུལ་ཞེས་གསུངས། དེ་ཡང་ཅི་ལྟར་སྤྲུལ་ཞེ་ན། སྣ་ཚོགས་སྣང་ལ་ཞེས་བྱ་སྟེ། རྟོག་པའི་དབང་གིས་འགྲོ་བ་རིགས་བསམ་གྱིས་མི་ཁྱབ་ན། ལུས་དང་ལོངས་སྤྱོད་གནས་དང་བདེ་སྡུག་མི་མཐུན་པ་སྣ་ཚོགས་པ་ཞིག་ཏུ་སྣང་ཞིང་སྤྲུལ་ན་ཡང་། དེ་དག་གི་རང་བཞིན་ནི། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་ཏེ། གནས་པ་དེ་གཞན་དང་གཞན་གྱིས་རྟོགས་པ་དཀའ་བའི་ཕྱིར་གསང་ཞེས་བྱའོ། །དེ་ལྟར་ལེའུ་བཅུ་གཉིས་པ་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ལེའུ་ལས། རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་པའི་དོན་འགྲེལ་པ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་གསུངས་ཏེ། སྣོད་དང་བཅུད་དུ་བཅས་པ་ཐམས་ཅད་ནི། ཡེ་ནས་རྫོགས་པ་ཆེན་པོའི་ཀྱིལ་འཁོར་དུ་གནས་ན། འགྲོ་བ་ཕྱིན་ཅི་ལོག་གི་རྟོག་པས་བསྒྲིབས་པས་མ་མཐོང་ངོ་ཞེས་བྱའོ། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །ཞེས་བྱ་བ་ནི། སངས་རྒྱས་དང་སེམས་ཅན་དབྱེར་མེད་པའི་དོན་ལ་བྱའོ། །དེ་ནི་བཤད་པར་བྱ་བ་འདི་ཉིད་ལས་འགྲེལ་ཏེ། མྱ་ངན་ལས་འདས་པའི་དཀྱིལ་འཁོར། དེ་བཞིན་གཤེགས་པ་ཐམས་ཅད་དང་། འཁོར་བའི་ཆོས་ཐམས་ཅད་སོ་སོ་མ་ཡིན་ཐ་མི་དད་དོ། །ཡེ་ནས་སངས་རྒྱས་པའི་ངོ་བོ་གཅིག་པའི་མཚན་ཉིད་ཡིན་པས། སངས་རྒྱས་དང་སེམས་ཅན་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་དབྱེར་མེད་ནའང་། འགྲོ་བ་རྣམ་པར་རྟོག་པས་འགྲོ་ལ་དེ་ཉིད་ཀྱི་རྩ་བ་མ་རིག་པ་ལས་འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་ཅིང་འཁྱམས་ཞེས་བྱ་སྟེ། ཡང་དག་པའི་ཀུན་རྫོབ་ཀྱི་སྒོ་ནས་གཙོར་འཛིན་པ་རྣམས་ལ་ནི། གཞན་དུ་མིན་ལས་ཞེས་བྱ་སྟེ། ཉན་ཐོས་ལ་སོགས་པ་ལ་སྐྱེ་འགག་མེད་པའི་དོན་བསྟན་ན། སྐྲག་ཅིང་སྐུར་པ་འདེབས་ལ། རང་བཞིན་རྫོགས་པ་ཆེན་པོའི་དོན་བསྟན་ན། རང་གི་འདོད་གཞུང་ཕུང་པོ་སུན་འབྱིན་པ་དང་ཡང་འགལ་ལོ། །གཞན་ཕྱི་མ་དག་ནི་སྣོད་དུ་མ་གྱུར་ཏེ། གསང་བར་བྱ་བའི་ཡུལ་ཡིན་ནོ། །དེ་ལྟར་ཡང་གསུངས་བ། རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །སྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་སྣོད་དུ་མ་གྱུར་པ་ལ་གསང་ཞེས་བྱའོ། །ཤིན་ཏུ་གསང་ཞེས་བྱ་ནི། ཨེ་བྃ་གྱི་དོན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣམ་པར་དག་པའི་ཆོས་ཉིད། ཉོན་མོངས་པའི་ངོ་བོ་སངས་རྒྱས་པར་བསྟན་པ་སྟེ། དེ་ལྟར་ལེའུ་གསུམ་པ་ལ། གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་སངས་རྒྱས་དང་སེམས་ཅན་གཉིས་རྒྱུ་དང་རང་བཞིན་གཅིག་གམ་འོན་ཏེ་ཐ་དད། ཐ་དད་པ་ཞིག་ན་བསྒྲུབ་པར་བྱ་བའི་བརྩོན་པ་ཆུད་ཟ་བར་འགྱུར་ན་སྙམ་པའི་དོགས་པ་བསལ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་དང་འཁོར་བའི་ཆོས་ཐམས་ཅད་སོ་སོར་མ་ཡིན་ཐ་མི་དད་དེ། ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་ཡིན་པས། སངས་རྒྱས་དང་སེམས་ཅན་དབྱེར་མེད་ན། འགྲོ་བ་རང་གི་རྣམ་པར་རྟོག་པའ་ིརྩ་བ་མ་རིག་པས་རྒྱུ་བྱས་པ་ལས་བྱུང་བའི་འགྲོ་བ་རིས་བསམ་གྱིས་མི་ཁྱབ་པར་སྨིན་ཅིང་སྣང་ལ། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་ལས་བྱུང་བའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་འགྲོ་བའི་དོན་དུ་བསྐྱེད་དེ། གཞན་གྱིས་མ་ཞུས་པར་ཉིད་ཀྱིས་འགྲོ་བའི་ཆེད་དུ་བརྗོད་པ་ནི་འགྲོ་བའི་ཆེད་དུ་བརྗོད་དོ། །དེ་ཡང་ཞུས་ནས་གསུངས་པ་ལ་ནི། སླར་བཀའ་སྩལ་པ་ཞེས་བྱའོ། །གཞན་གྱིས་མ་ཞུས་པར་ཉིད་ཀྱིས་གསུངས་པ་ལ་ནི། ཆེད་དུ་བརྗོད་པ་ཞེས་བྱའོ། །དོན་དེ་ཉིད་ཀྱང་གང་ཞེ་ན། ཨེ་མའོ་བདེར་གཤེགས་སྙིང་པོ་ལས། །ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་སོ། །དེ་ལ་དེ་བཞིན་གཤེགས་པའི་སྙིང་པོ་ནི་གང་ལ་བྱ་ན། དེ་ནི་དོན་དམ་པའི་བྱང་ཆུབ་སེམས་ལ་བྱ་སྟེ། རང་གི་སེམས་ཀྱི་ཆོས་ཉིད་ལ་བྱའོ། །དེ་ལྟར་སེམས་ཅན་སངས་རྒྱས་ཡིན་ན། སངས་རྒྱས་ནི་བདག་ཁོ་ན་ཡིན་ནོ། །འོ་ན་སེམས་ཅན་སངས་རྒྱས་སུ་མ་གྱུར་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྐྱེན་གཉིས་ཏེ། མ་བསྒྲུབས་པ་དང་འཁྲུལ་པ་གཉིས་སོ། །དཔེར་ན་འོ་མའི་རང་བཞིན་མར་ཡིན་ཡང་། མ་བསྲུབས་ན་མར་མེད་དོ། །དེ་བཞིན་དུ་སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་ཡང་མ་བསྒྲུབས་ན་སངས་མི་རྒྱའོ། །འཁྲུལ་པ་ནི་སེམས་ཅན་དང་སངས་རྒྱས་གཉིས་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་ཡང་གཅིག །མཚན་ཉིད་དུ་ཡང་གཅིག་ཅིང་དབྱེར་མེད་པ་ཡིན་པ་ལས། སེམས་ཅན་ནི་མ་རིག་པ་རྣམ་པར་རྟོག་པས་འགྲོ་བ་རིས་བསམ་གྱིས་མི་ཁྱབ་པར་སྨིན་ཅིང་འཁྱམས་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་ནི་ཤེས་རབ་ཀྱི་རལ་གྲིས་མ་རིག་པའི་སྒོ་ངའི་སྦུབས་བརྟོལ་ནས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དང་ལྡན་པའི་ཆོས་ཉིད་ཅན་ཡིན་ནོ། །དེ་ལྟར་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་ལས། སེམས་ཅན་ནི་རང་གི་རྣམ་པར་རྟོག་པའི་ལས་ཀྱིས་སྤྲུལ་ཞེས་བྱ་སྟེ། སྤྲུལ་པའི་སྒྲས་ནི་ཇི་ལྟར་སྒྱུ་མ་མཁན་གྱིས་རྫས་ཀྱི་རྣམ་པ་གྱི་ན་ཙམ་ལས། སེམས་ཅན་གྱི་རྣམ་པ་ཐ་དད་པར་སྤྲུལ་ན་ཡང་། བྱིས་པ་བླུན་པོས་ནི་དེ་ལྟར་ཉིད་དུ་མཐོང་ངོ་། །སྒྱུ་མ་མཁན་དང་དེའི་རྒྱུས་ལ་མཁས་པ་དག་གིས་ནི། དེ་ཉིད་བརྫུན་པའི་རྣམ་པར་ཤེས་སོ། །དེ་བཞིན་དུ་མ་རིག་པའི་སྒྱུ་མ་མཁན་དང་། སྲེད་ལེན་གྱིས་རྫས་ཀྱི་ཕུང་པོར་གྲུབ་ན་ཡང་། འཕགས་པ་སྤྱན་ལྔ་དང་ལྡན་པ་དག་གིས་ནི་བརྫུན་པར་ཤེས་ལ། བྱིས་པས་ནི་དངོས་སུ་མཐོང་ངོ་། །དེའི་ཕྱིར་ན་སེམས་ཅན་ནི་སྤྲུལ་པ་ལྟ་བུའོ། །དེ་ཡང་ཅི་ལྟར་སྤྲུལ་ན། སྣ་ཚོགས་སུ་ཞེས་བྱ་སྟེ། རིགས་དྲུག་ཏུ་འདུས་པ་དེ་དག་ཀྱང་། ནང་གི་རིགས་ཐ་དད་པ་མི་འདྲ་བ་དག་ཀྱང་མང་སྟེ། དམ་པའི་ཆོས་དག་ལས། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དག་ངས་རྣམ་པར་མཐོང་སྟེ། མིའི་ལུས་ལ་འགྲོ་བ་ཐ་དད་པའི་མགོ་ཅན་མཐོང་བ་ཡང་བསམ་གྱིས་མི་ཁྱབ་ན། བྱོལ་སོང་ལ་སོགས་པ་གཞན་དག་ལྟ་ཅི་སྨོས་ཞེས་གསུངས་པའོ། །ལོངས་སྤྱོད་ནི་ལྷ་དང་མི་དང་སེམས་ཅན་གཞན་ཡང་སྦྱིན་པའི་རྒྱུ་མཐུན་པ་དག་ཀྱང་གཟུང་ངོ་། །སྤྱིར་འདོད་པའི་ཡོན་ཏན་ལ་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །གནས་ནི་གསུམ་སྟེ། ས་བླ་ས་སྟེང་ས་འོག་གོ །སྡུག་བསྔལ་ནི་གསུམ་སྟེ། ཕལ་དང་འདྲ་བར་ངན་སོང་གསུམ་ལ་གཟུང་བར་བྱ་བ་ཁོ་ན་ཡིན་ཏེ། སོགས་ཀྱི་སྒྲས་ནི་ཡན་ལག་གི་སྡུག་བསྔལ་མང་པོ་དག་ཀྱང་བསྡུ་བར་བྱ་བ་ཁོ་ན་ཡིན་ནོ། །འོ་ན་དེ་ལྟ་བུའི་སྲིད་པའི་རྩ་བར་གསུངས་པའི་ཉེས་པའི་སྐྱོན་མང་པོ་གསུངས་པ་སྟེ། རྒྱུ་གང་དང་གང་ལས་བྱུང་བ་ཡོད་ཅེ་ན། བདག་དང་བདག་གིས་སོ་སོར་འཛིན་པ་ལས་བྱུང་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་དབང་བྱས་པའོ། །ཡང་དེ་ལྟར་ན་ནི། འདི་ལྟ་བུ་འདིར་དབང་མེད་པར་བྱེད་པ་པོ་ཡོད་དམ་ཞེ་ན། དེ་ནི་སུས་ཀྱང་མ་བཅིངས་ཞེས་བྱ་སྟེ། གཉེན་པོའི་ཕྱོགས་སུ་གསུངས་པ་ཡང་མེད་ལ་བཅིངས་པ་ཡང་མེད་དོ་ཞེས་བྱ་སྟེ། སྔར་ཐལ་བའི་དུས་སུ་ཡང་བཅིངས་པ་མེད་ལ། ད་ལྟར་དང་ཕྱིས་འབྱུང་བའི་དུས་སུ་ཡང་བཅིང་བར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །འོ་ན་ཇི་ལྟར་ཞེ་ན། རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་གསུངས་སོ། །དེ་ལྟ་བུའི་དོན་གྱི་ཕྱིར། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྣམ་པར་རྟོག་པའི་མདུད་པ་དམ་པོ་ཅན་གྲོལ་བར་བྱ་བའི་ཕྱིར། བཅིངས་པ་མེད་པ་དང་། བཅིངས་པ་ཅན་དང་། རྣམ་པར་གྲོལ་བ་ཡང་མེད་པའི་དོན་དམ་པར་ནི་ཆོས་ཉིད་སྐྱེ་བ་མེད་པ་ལ། དོན་དམ་པའི་ཀུན་རྫོབ་ཏུ། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གྱི་ཆོས། ཐུགས་རྗེ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་གདུལ་བྱའི་འགྲོ་བ་སྣོད་དུ་རུང་བ་རྣམས་ལ། བསྟན་ཅིང་དགྲོལ་བར་བྱ་བའི་ཕྱིར་གདུལ་བྱའི་ཉོན་མོངས་པའི་འདུ་འཕྲོ་དང་སྦྱར་ནས། དེ་བཞིན་གཤེགས་པ་ཐུགས་རྗེ་བརྩེ་བ་ཆེན་པོ་དང་ལྡན་པས་ཀྱང་། དམ་པའི་ཆོས་སྤྲོ་བ་སྣ་ཚོགས་པ་ཞིག་གདུལ་བྱའི་ཉོན་མོངས་པ་གཞོམ་པའི་དོན་དུ་མཛད་ཅེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡུམ་གྱི་གླེང་བསླང་བའི་དོན་དམ་པ་དང་། ཡབ་ཀྱི་གླེང་བསླང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཡེ་ཤེས་ཆེན་པོ་ལྔར་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། ༈ །། དེ་ལྟར་ལེའུ་གཉིས་པ་ལས་གསང་སྔགས་རྡོ་རྗེའི་ཐེག་པ་ཨ་ཏི་ཡོ་ག་ཆོས་རྫོགས་པ་ཆེན་པོའི་རང་བཞིན་གྱི་དཀྱིལ་འཁོར་དུ་གཏན་ལ་ཕབ་ནས། ཡང་ལེའུ་གསུམ་པས་མདོ་སྡེའི་ཐེག་པ་ཆེན་པོ་ཐམས་ཅད་ཤེས་པའི་ཚོགས་བརྒྱད་སྐུ་གསུམ་དུ་འདུས་པར་གཏན་ལ་ཕབ་པ་ཡང་། ཇི་ལྟར་དཔལ་གསང་བའི་སྙིང་པོ་ལས། ཉིད་ལས་འབྱུང་བའི་སྐུ་ལྔར་གསུངས་པའི་ཆོས་ཐམས་ཅད་ཀྱི་དབྱིངས་དང་། ཐ་མི་དད་པའི་ཆོས་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་རྡོ་རྗེའ་ིརང་བཞིན་པོ་ཐམས་བཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ནི། ཆོས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ལ་ནི། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ། རྟོགས་པར་བྱེད་པའི་ཡེ་ཤེས་དང་། རྟོགས་པར་བྱ་བའི་ཆོས་ཉིད་ཀྱི་དབྱིངས་གཉིས་སུ་མེད་པར་གྱུར་པ་ལ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལས་བྱུང་བའི་རྣམ་པར་སྨིན་པའི་སྐུར་གྱུར་པའི་མཐར་ཕྱིན་པའི་རིགས་ཀྱི་དབང་ཕྱུག་ཆེན་པོ་འོག་མིན་ལྷའི་གནས་སུ་རྫོགས་ལོངས་སྤྱོད་པའི་སྐུའི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་གིས། ཡོངས་སུ་མ་དག་པའི་སེམས་ཅན་རྣམས་བསྐྱབ་པའི་ཕྱིར་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་རེ་རེ་ལ་ཐུབ་པ་ཆེན་པོ་རེ་རེས་དོན་མཛད་ཅིང་། ཀུན་རྫོབ་ཀྱི་ཆོས་ཉིད་ལ་ཉེ་བར་གནས་པའི་མཛད་པ་དག་ཡོངས་སུ་སྟོན་པར་མཛད་པ་དེ་སྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་ལེའུ་གསུམ་པ་རིག་པའི་སྐྱེས་བུ་མཆོག་གིས་མདོ་སྡེའི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཤེས་པའི་ཚོགས་བརྒྱད་སྐུ་གསུམ་ལ་སོགས་པའི་དོན་གཏན་ལ་ཕབ་ནས་གསུངས་སོ། །དེ་ལ་དེ་ནས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའོ། །ལས་ཞེས་བྱ་བ་ནི་ལྷག་མ་དང་བཅས་པ་དང་འབྲེལ་བའི་ཚིག་སྟེ། ཅིའི་ཕྱིར་ན་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ལས་བྱུང་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་འཐོན་ཏོ་ཞེས་བྱའོ། །དེ་ཡང་ཅིའི་ཕྱིར་དྲུག་ཅེ་ན། འགྲོ་བ་རིགས་དྲུག་གི་ཕྱིར་རོ་ཞེས་བྱའོ། །ཕྱི་ནང་གི་གནས་གང་ནས་ཐོན་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐོན་ཏོ་ཞེས་བྱའོ། །ཕྱིའི་གནས་ནི་དབུའི་གཙུག་ཏོར་ལ་སོགས་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པ་ལས་གསུངས་པ་ཡིན་ལ། ནང་གི་གནས་གསང་བའི་བྷ་ག་ལ། འདིར་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཞེས་བྱ་བ་སྨོས་པས་ཡེ་ཤེས་ཀྱི་གནས་སྨོས་པ་ཡིན་ནོ། དེ་ལྟར་འཐོན་ནས་ཀྱང་ཅིར་འགྱུར་ཞེ་ན། སེམས་ཅན་གྱི་ལས་ཀྱི་དབང་གིས་སྣྲེལ་གཞི་དང་། ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ལའང་། རིག་པ་དང་། བསོད་ནམས་དང་། ཆོ་འཕྲུལ་དང་། མངོན་སུམ་པའི་འདུལ་བ་རྣམ་བཞིས་འགྲོ་བ་རྣམ་པ་ལྔའི་དོན་མཛད་དོ་ཞེས་བྱ་བའོ། །དོན་མཛད་པའི་ཚུལ་ཇི་ལྟ་བུ་ཞེ་ན། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མྱ་ངན་ལས་འདས་པ་རྫོགས་པར་དོན་མཛད་དོ་ཞེས་བྱའོ། །དེ་ཡང་ཅི་ལྟ་བུའི་ཁྱད་པར་ཅན་དང་ལྡན་པ་ཡིན་ཞེ་ན། སྟོན་པའི་ཐུབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྟོན་པའི་ཐུབ་པ་ཞེས་བྱ་བས་ནི། མུ་སྟེགས་པའི་ཐུབ་པ་དགར་བར་བྱ་བ་ཡིན་ནོ། །འདས་པའི་དུས་དང་། ད་ལྟར་དང་། འབྱུང་བ་དང་། མ་ངེས་པའི་དུས་བཞི་པོ་དག་གི་སྣོད་དང་བཅུད་དུ་བཅས་པ་དང་། གང་ཟག་དང་། ལྟ་བ་དང་། ཟས་དང་། ཉོན་མོངས་པ་དང་། ཚེ་དང་། སྤྱོད་པ་ལ་སོགས་པ་མཁྱེན་པའི་ཕྱིར་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་ལ་འདོད་ཆགས་ལ་སོགས་པས་ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་ཕྲ་རྒྱས་ཀྱི་རིགས་མེ་ལོང་གི་གཟུགས་བརྙན་བཞིན་དུ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའི་ཕྱིར་ན་ནི། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་མཁྱེན་པ་དང་ཞེས་བྱའོ། །ཉོན་མོངས་པ་དེ་དག་འདུལ་བའི་གཉེན་པོའི་ཕྱོགས་སུ་གསུངས་པའི་དགོས་པའི་དགོངས་པ་དེ་དག །སེམས་ཅན་གྱི་རྒྱུད་གྱི་ཉོན་མོངས་པ་སྣ་ཚོགས་ཀྱི་བྱེ་བྲག་བཞིན་དུ་ཐེག་པའི་ཁྱད་པར་དང་སྦྱར་ནས་དོན་མཛད་པའི་ཕྱིར་ན། རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང་ཞེས་བྱའོ། །རྫུ་འཕྲུལ་ཞེས་བྱ་བའི་ཚིག་གི་དོན་ནི་ཡེ་ཤེས་ཀྱི་ཆོ་འཕྲུལ་གཟུང་བར་བྱ་བ་ཡིན་ནོ། །དེ་ཡང་རྫུ་འཕྲུལ་གྱི་སྤྱན་གྱིས་དུས་བཞི་མཐའ་ཡས་པ་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱི་དུས་བཞི་མཐའ་ཡས་པ་ཀུན་ཏུ་གསན་པ་སྟེ་དེ་ལྟར་དེ་དག་གི་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མངོན་པར་ཤེས་པ་ལྔ་གཟུང་བ་ཡིན་ནོ། །ཡང་ཐུང་མོང་མ་ཡིན་པའི་མངོན་པར་ཤེས་པ་དྲུག་གང་ཞེ་ན། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་ཅེས་སྨོས་ཏེ། དེ་ལ་ཟག་པ་མེད་ཅེས་བྱ་བ་ནི། འཇིག་རྟེན་གྱི་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །མངོན་པར་ཤེས་པ་དྲུག་པོ་དེ་ཉིད་ཀྱིས། རྣམ་པར་རྩེན་ཀྱང་མི་བརྟན་པ་དང་། བདུད་ཀྱི་སྤྱོད་པར་མི་འགྱུར་བའི་ཕྱིར། ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པ་ཞེས་གསུངས་ཏེ། ཕྲིན་ལས་ཀྱི་རྩ་བར་སྨོས་པ་ཡིན་ནོ། །སྣོད་དང་། བཅུད་དང་། ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པ་ཐམས་ཅད་གཞན་གྱིས་རྒྱུད་ཅིང་བྱིན་གྱིས་བརླབས་པ་ལས་མ་བྱུང་བ་སྟེ། སྐྱུ་རུ་རའི་འབྲས་བུ་བཞིན་མངོན་སུམ་པའི་ཚད་མས་གཟིགས་པའི་ཕྱིར། མངོན་པར་ཤེས་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཟག་པ་མེད་ཅིང་འཇིག་རྟེན་ལས་འདས་པ་དང་། དམིགས་བྱ་ཡུལ་ཆོས་ཀྱི་དབྱིངས་ཚད་མེད་པ་ཉིད་ལ་དགོངས་པའི་ཕྱིར། ཆེན་པོ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་དང་ཤེས་བྱ་ཚད་མེད་པ་གཉིས་ཀྱི་ཕྱིར་ནའོ། །གྲངས་ནི་མཐུན་པར་ངེས་པའི་ཕྱིར། དྲུག་དང་ཞེས་བྱ་སྟེ་ལྷའི་མིག་ལ་སོགས་པའོ། །ཡང་མང་ཉུང་གི་ཚད་ཇི་ཙམ་ཞེ་ན། དོན་མཛད་པའི་གནས་ཀྱི་ཞིང་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དང་། དོན་མཛད་མཁན་གྱི་སྤྲུལ་སྐུ་བསམ་གྱིས་མི་ཁྱབ་པའི་ཕྱིར། ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཀུན་ཏུ་ཞེས་བྱ་བ་ལ་སོགས་པས་གདུལ་བྱའི་ཞིང་ཀུན་ཏུ་ཐམས་ཅད་ཀྱི་ལུས་དང་མཐུན་པར་སྣང་བའི་སྐུ་བསམ་གྱི་མི་ཁྱབ་པ་དང་། དེ་དག་ཀྱང་འཇིག་རྟེན་པའི་སྒྱུ་མ་སྤྲུལ་པ་ལྟ་བུར་བྱིན་གྱི་བརླབས་པའི་སེམས་མེད་པ་མ་ཡིན་པའི་ཕྱིར་ཐུགས་དང་གསུང་ཡང་བསམ་གྱིས་མི་ཁྱབ་སྟེ། གདུལ་བྱའི་སེམས་ཀྱི་རྒྱུད་ཐ་དད་པ་མང་པོ་མཁྱེན་པའི་སྒོ་ནས། དམ་པའི་ཆོས་སྟོན་པ་ཐ་དད་པ་མང་པོ་གསུངས་ཤིང་སྟོན་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཀྱི་ཕྱིར་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་བ་དང་། ཐ་དད་པ་མང་པོའི་ཞལ་དང་ཡང་ལྡན་པའི་ཕྱིར། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དེས་ཅི་མཛད་ཅེ་ན། གདུལ་བྱའི་ཞིང་བསམ་གྱིས་མི་ཁྱབ་པ་སྟེ། ཡིད་ཀྱི་ཡུལ་ལས་འདས་པ་སྟེ། གྲངས་མེད་པ་དེ་དག་ནི་ཡུལ་ལས་འདས་པ་སྟེ། ཕྱོགས་བཅུ་སྟེ། གྲགས་པ་མཐའ་ཁྱབ་པ་སྟེ། སྐུའི་ཆོ་འཕྲུལ་འོད་ཀྱི་གཟི་བརྗིད་དང་ལྡན་པར་གདུལ་བར་བྱ་བ་ཤེས་པ་ཅན་དག་ལ་མངོན་སུམ་པའི་ཚད་མས་སྣང་བར་གྱུར་ཏོ་ཞེས་བྱའོ། །དེ་ལྟར་སྣང་བ་དེས་ཅི་མཛད་ཅེ་ན། སེམས་ཅན་གྱི་དོན་མཛད་དོ། །དོན་མཛད་པའི་ཆོས་ཀྱི་ཚུལ་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་དོན་དང་དགོངས་པ་མཐུན་པའི་ཕྱིར་ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་བྱའོ། །ཐེག་པའི་སྒོ་དང་ལྟ་བ་ཐ་དད་པ་མང་པོ་མི་མཐུན་པ་ལ་གཞན་དག་ཐེ་ཚོམ་ཟ་བའི་ཕྱིར། གདུལ་བྱའི་དབང་གིས་ཞེས་བྱའོ། །དེ་ལྟར་ཐ་དད་པ་མང་པོ་ཉིད་གང་དང་གང་གི་དོན་དུ་གསུངས་པ་ཡིན་པའི་ཕྱིར་ཡང་ཐེག་པ་སྟེ། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བུདྡྷའི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་དང་ཞེས་བྱའོ། །འདིས་འདེགས་པར་བྱེད་པས་ཐེག་པ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུའི་གོང་ནས་གོང་དུའོ། །འདིས་བགྲོད་པར་བྱེད་པའི་ཕྱིར་ཡང་ཐེག་པ་སྟེ། སངས་རྒྱས་ཀྱིས་ཀུན་ཏུ་འོད་དང་། པདྨ་ལྟ་བུའི་སྤྱན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར་རོ། །དེ་ལ་འགྲོ་བ་རིགས་དྲུག་སོ་སོའི་གནས་སུ་དོན་མཛད་པའི་ཚུལ་ཡང་། ལྷའི་དུས་སུ་ནི་ཁམས་གསུམ་གྱི་ལྷ་རང་གི་གཙོ་བོ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། བརྒྱ་བྱིན་གྱིས་འདུལ་བ་རྣམས་ལ་བརྒྱ་བྱིན་གྱིས་ཆ་བྱད། དེ་བཞིན་དུ་ཚངས་པ་དང་ཁྱབ་འཇུག་གིས་འདུལ་བ་རྣམས་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུ་ཆེན་པོས་གཞལ་མེད་ཁང་འབར་བར་བྱས་ནས། གྲོགས་པོ་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་མི་བརྟན་པ་སྟེ། ཡིད་བརྟན་དུ་མི་རུང་བའི་ཚད་མ་ཡིན་པས། འདི་ལ་སྐྱོ་བའི་འདུ་ཤེས་ཉེ་བར་བཞག་པར་བྱ་བ་ཁོ་ན་ཡིན་ནོ། །ཞེས་ལམ་ལ་འཇུག་པ་དང་འདོད་ཁམས་ཀྱི་ལྷ་ལ་དགེ་བ་བཅུ་སྟོན་པ་དང་། མི་ལ་ཡང་དགེ་བཅུ་སྟོན་པ་དང་། གཟུགས་ཁམས་ལ་ཚད་མེད་པ་བཞི། འཕགས་པ་ཉན་ཐོས་ལ་བདེན་པ་བཞི། རང་སངས་རྒྱས་ལ་རྟེན་འབྲེལ། བྱང་ཆུབ་སེམས་དཔའ་ལ་ས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་བདེན་པ་གཉིས་ཀྱི་ཚུལ་དུ་སྟོན་པར་མཛད་པ་དང་། བླ་ན་མེད་པའི་སངས་རྒྱ་ལ་མཉམ་པ་ཆེན་པོའོ། །མིའི་ནི་སོ་སོ་ཅི་ལ་དགའ་བ་དེ་ལྟར་སྟོན་པར་བྱེད་དེ། དེ་ལྟར་ཡང་དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་། ཡང་དག་པའི་ལམ་བསྟན་ན། དེ་ལ་སྔར་སྐུལ་མ་འདེབས་པའི་རང་ཐད་ཀྱི་ལམ་ལ་སྤྱོད་པའི་སྡུག་བསྔལ་བ་རྣམས་ལ། མི་གཡོའི་ཏིང་ངེ་འཛིན་གྱིས་འདུལ་བར་མཛད་དོ། །དྲག་ཤུལ་གྱི་བཙན་ཐབས་ཀྱིས་ལྷ་མ་ཡིན་རྣམས་ལ་ནི། ཐག་བཟངས་རིས་ཀྱི་གཟུགས་ལྟ་བུས་འདུལ་བར་མཛད་དོ། །གླིང་བཞིའི་དགེ་སྡིག་མི་ཤེས་པ་ལ་འཁོར་ལོས་སྒྱུར་བས་འདུལ་བར་མཛད་དོ། །གཞན་ལ་སྙིང་རྗེས་ཆེན་པོར་མ་གྱུར་པ་ཕྱོགས་གཅིག་པའི་རང་རྒྱལ་བ་རྣམས་ལ་ཡིད་བཞིན་གྱི་ནོར་བུའི་ཏིང་ངེ་འཛིན་གྱིས་འདུལ་བར་མཛད་དོ། །དེ་ལྟར་ཆོ་འཕྲུལ་གསུམ་གྱིས་འདུལ་བའི་དབང་གིས་མཛད་པ་བཅུ་གཉིས་ཀྱི་ཚུལ་ལྟར་འདུལ་བར་མཛད་དོ། །བྱོལ་སོང་ལ་རང་གི་གཟུགས་ཀྱིས་ཀྱང་འདུལ་ཏེ། ཀུན་ཏུ་སྐུ་སྣ་ཚོགས་ཞེས་བྱའི་དོན་དང་འབྲེལ་ལོ། །ཡང་བྱང་ཆུབ་སེམས་དཔས་བྱོལ་སོང་གི་གནས་རིས་དེ་དག་ལ། རང་གི་ཤ་བྱིན་པས་དེ་དག་གིས་ཤ་ཟོས་པས་དེའི་དབང་གིས་ཡང་དག་པའི་ཤེས་རབ་སྐྱེས་ནས་ལམ་ལ་འཇུག་པ་དང་། དེས་ཀྱང་མི་འདུལ་བ་གཉེན་པོ་དང་གཤེད་པོ་བྱེད་པའི་ཚུལ་གྱིས་ཀྱང་འདུལ་བར་བྱེད་དོ། །ཡི་དྭགས་ནི་ཤཱཀྱ་ཐུབ་པའི་འདུལ་བ་ཡང་ཡོད། རང་རང་གི་ཆ་ལུགས་ཀྱིས་འདུལ་བ་ཡང་ཡོད་དོ། །དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བཟའ་བའི་དབང་ཐོབ་པར་བྱས་ནས་སྦྱིན་པ་རྣམ་བཞིས་འདུལ་བ་དང་། བྱང་ཆུབ་སེམས་དཔའི་ཤ་ཟོས་ནས་དོན་བྱས་པ་ཡང་ཡོད་དོ། །དམྱལ་བ་ནི་ཤཱཀྱ་ཐུབ་པས་འདུལ་བ་ཡང་ཡོད་དེ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་པོ་གསུམ་གྱིས་ཚ་གྲང་གི་སྡུག་བསྔལ་རབ་ཏུ་སེལ་བར་བྱེད་དོ། །དམྱལ་བའི་མེ་རབ་ཏུ་འབར་བ་ཞི་བར་བྱས་ནས། བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་རབ་ཏུ་འཛུད་པ་དང་། དེས་ཀྱང་མི་འདུལ་བ་རྣམས་ལ་གཉེན་པོ་དང་གཤེད་པོ་དང་ཟངས་ཁྭ་ལ་སོགས་པའི་ཚུལ་གྱིས་ཀྱང་འདུལ་བར་མཛད་དོ། །དེ་ལྟར་མཛད་ནས་བྱང་ཆུབ་ཀྱི་ཚུལ་རྡོ་རྗེའི་ཐེག་པ་ཐམས་ཅད་ཀྱི་མཆོག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དགུའི་ཁྱད་པར་འཚམས་པ་ལ་དགོད་པར་མཛད་དོ། །དེ་ལ་འདུལ་བའི་ཐབས་ནི་ཉིད་དང་མཐུན་པ་དང་། མི་མཐུན་པ་དང་། གཉི་ག་མ་ཡིན་པ་དང་། ཀུན་ཏུ་བརྗོད་པ་དང་། རྗེས་སུ་བསྟན་པ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །ཡང་ཅིའི་ཕྱིར་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པ་ཅན་གྱིས་གསུང་བར་མཛད་པ་ཡིན་ཞེ་ན། རྩ་བ་མ་རིག་པ་ཀུན་ཏུ་གཏི་མུག་པའི་རྒྱུ་ལས་བྱུང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་བྱུང་བའོ། །ཐེག་པ་ཆུང་ངུའི་གཞུང་གིས་ཀྱང་། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དུས་གསུམ་དུ་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་བྱའོ། །དེ་ལྟར་ཐུབ་པ་དྲུག་གིས་འགྲོ་བའི་དོན་དུ་གསུངས་པའི་ཆོས་དེ་དག་ཐམས་ཅད་ཀྱང་། མདོ་གར་འདུས་ཤེ་ན། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་བསྒྱུར་བའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ནང་འཛིན་པའི་སེམས་ཀྱིས། ཕྱི་གཟུང་བའི་ཡུལ་ལ་འཁྲུལ་བར་འདོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འཕགས་པ་རང་རྒྱལ་བའི་གཞུང་དང་། ལས་དགེ་སྡིག་གི་འབྲས་བུ་ཆུད་མི་ཟ་བར་བསྟན་པས་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཉོན་མོངས་པ་ལྔ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་། ལས་དང་ལས་ཀྱི་འབྲས་བུས་དུས་གསུམ་དུ་མ་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པ་ནི་བླ་ན་མེད་པའི་ཐེག་པའི་མཐར་ཐུག་པའོ། །གཉིས་སུ་ན་ཉོན་མོངས་པ་ལྔ་དང་འདོད་པའི་ལོངས་སྤྱོད་ལྔ་ལ་སྤྱད་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་མ་ཧཱ་ཡོ་གའི་གཞུང་གིས་ནི། མི་གོས་ཞེས་གསུངས་ཏེ། དེ་ལྟར་ཡང་གཞུང་འདི་ལས། ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། བླ་མེད་ཐེག་པར་རབ་ངེས་ན། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པ་ཡིན་ནོ། །ཨ་ནུ་ཡོ་གའི་གཞུང་གིས་ནི། བསྒོམ་པར་བྱ་བ་དང་། སྒོམ་པར་བྱེད་པ་གཉིས། རལ་གྲིའི་སོས་རང་ལ་རང་མི་གཅོད་པ་བཞིན་དུ་གོས་པར་མི་འགྱུར་བ་དང་། ཤིན་ཏུ་རྫོགས་པ་ཆེན་པོའི་གཞུང་གིས་བསྒོམ་པར་བྱ་བ་དང་། སྒོམ་པར་བྱེད་པ་གཉིས་ནི་ནམ་མཁའི་ངོ་བོ་བཞིན་ཏེ། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ་ཞེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པས་དོན་མཛད་པར་བསྟན་པའི་ཚུལ་ཐེག་པ་ལྔར་བཀའ་སྩལ་པ་དེ་དག་ཀྱང་རྒྱས་པའི་སྒོ་ནས་བསྟན་པའི་ཕྱིར། ཇི་སྙེད་འཇིག་རྟེན་འཁྲུལ་བའི་ཆོས། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཏེ། རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་བྱ་བ་ལ་སོགས་པའོ། །དེ་ལ་འཇིག་རྟེན་འཁྲུལ་པའི་ཆོས་ཇི་སྙེད་པ་ཐམས་ཅད་ཀྱང་དང་པོ་རྒྱུ་གང་ནས་བྱུང་ན་མ་རིག་པ་ལས་བྱུང་ངོ་ཞེས་བྱའོ། །མ་རིག་པ་དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། རྟོག་པའི་གཟུང་འཛིན་གྱིས་ཞེས་བྱ་སྟེ། གཟུང་བ་དང་འཛིན་པ་རྣམ་པར་རྟོག་པའོ་ཞེས་བྱའོ། །ལས་ཅི་ཞེ་ན། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་བྱའོ། །འབྲས་བུ་ཅི་ཞེ་ན། བདེ་སྡུག་མི་མཐུན་མྱོང་བར་འགྱུར། །ཞེས་སོ། །དེས་འདི་སྟོན་པ་ཡིན་ཏེ། འཇིག་རྟེན་འཁྲུལ་བའི་ཆོས་ཇི་སྙེད་པ་ཐམས་ཅད་ཀྱང་། རྒྱུ་མ་རིག་པས་བྱས་པའི་གཟུང་འཛིན་གྱི་རྟོག་པ་དམ་པོ་ཡིས། ཕྱི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་སུ་འཁོར་ཞིང་བདེ་བ་དང་སྡུག་བསྔལ་བའི་རྣམ་པ་མི་མཐུན་པ་མང་པོ་ཞིག་ཀྱང་འབྱུང་བར་འགྱུར་རོ་ཞེས་བྱའོ། །དེ་ལྟར་མྱོང་ན་ཡང་དོན་དམ་པར་སྐྱེ་འཇིག་མེད་པའི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་དང་། དོན་དམ་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་རང་བཞིན་གྱི་དཀྱིལ་འཁོར་ཉིད་ལས་ནི་ཉམས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ན། སེམས་ཅན་ཉིད་མ་རིག་པའི་མུན་པ་འཐུག་པོས་ནོན་ཞེས་བྱའོ། །དེ་ལྟར་མ་རིག་པའི་རྟོག་པའི་གཟུང་འཛིན་གྱིས། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར་ཞིང་བདེ་སྡུག་མི་མཐུན་པ་མྱོང་བར་འགྱུར་ན། དེ་ཡང་གཟུང་འཛིན་གང་དང་གང་ཞེ་ན། བདག་སྟེ་རང་དང་། བདག་གི་བ་དང་། ཞེས་བྱ་བ་ནི། བདག་གི་བ་སྟེ་བདག་གི་གཉེན་དང་ལོངས་སྤྱོད་དང་། གཞན་ཏེ་ཕ་རོལ་པོར་སྤྱོད་པའི་རྟོག་པ་དམ་པོ་ཀུན་ཏུ་མནར་སེམས་པ་ལས་བྱུང་བའི་ཞེའམ། ཡང་ཐེག་པ་ཆེན་པོ་པས་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པའི་ཕུང་པོ་གསུམ་དུ་འདོགས་པ་སྟེ། བདག་དང་ཞེས་བྱ་བ་ནི་ཀུན་གཞི་ལ་གནས་པ་ཡིན་ནོ། །བདག་གི་ཞེས་བྱ་བས་ནི་གནས་བསྟན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་སྟེ། གཞན་ཞེས་བྱ་བ་ནི་ཡུལ་གཞན་དང་འབྲེལ་བ་སྟེ། འཇུག་པའི་རྣམ་པར་ཤེས་པའོ། །མེད་དེ་ཞེས་བྱ་བས་ནི། དེ་ལྟར་མ་རིག་པས་རྒྱུ་བྱས་པའི་འཇིག་རྟེན་གྱི་འཁྲུལ་བའི་ཆོས་ཇི་སྙེད་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པ་གསུམ་དུ་འདུས་ལ། ཤེས་པ་དེ་གསུམ་ཡང་། ཡང་དག་པའི་སྒྱུ་མའི་ཚུལ་གཉིས་སུ། རྣམ་པར་དག་ན་ཆོས་ཀྱི་དབྱིངས་ཉིད་དུ་ཚུལ་གཅིག་གོ་ཞེས་བྱའོ། །གཞན་དག་ན་རེ་རྣམ་པར་ཤེས་པའི་ཚོགས་གསུམ་དུ་བསྡུ་བ་ལྟ་རུང་ན། ཡིད་ཀྱི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་ཡིད་གཉིས་དོན་ཐ་དད་པ་ལ་དམིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་མ་ཐག་པའི་རྐྱེན་བྱེད་པས། རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་པའི་ཡིད་ཅེས་བྱ། རྣམ་པར་ཤེས་པ་སྐྱེ་བའི་གནས་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་ནི་ཉོན་མོངས་པའི་གཞི། འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་རྟག་ཏུ་མཚུངས་བར་ལྡན་པ་དེ། དེ་ནི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པར་བྱེད་པའི་གནས་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་དང་པོ་ཡིད་ཀྱི་རྣམ་པར་ཤེས་པས་ནི་སྐྱེད་ལ། གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་པ་སྟེ། ངེས་པའི་ཚུལ་དུ་ཡུལ་ལ་རྣམ་པར་རིག་པའི་རྣམ་པར་ཤེས་པའོ། །དེ་ལྟ་བས་ན་དེ་མ་ཐག་པ་དང་། ངར་འཛིན་པའི་ཕྱིར་ཡིད་ཀྱི་རྣམ་པ་གཉིས་སོ། །ཡང་དག་ཅེས་པ་ནི་ཚིག་གི་དོན་དང་སྒྲ་ཉིད་ཀྱང་། ཉོན་མོངས་པ་ཅན་གྱི་ཡིད་ཉིད་ཡིན་ལ། ཉོན་མོངས་པ་ཅན་གྱི་ཡིད་ཡོད་པར་ཇི་ལྟར་ངེས་ཤེ་ན་ཉོན་མོངས་པ་ཅན་གྱི་ཡིད་དེ་མེད་དུ་ཟིན་ན། མ་རིག་པ་མ་འདྲེས་པ་མེད་པའི་སྐྱོན་དུ་ཡང་འགྱུར་ལ། དེར་མ་ཟད་དེ་རྣམ་པར་ཤེས་པ་ལྔ་པོ་དང་འདྲེ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། རྣམ་པར་ཤེས་པ་ལྔའི་ཚོགས་དག་གི་ལྷན་ཅིག་འབྱུང་བའི་གནས་ནི་མིག་ལ་སོགས་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལྷན་ཅིག་འབྱུང་བའི་གནས་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ནའོ། །དེ་ཡང་མ་ཟད་དེ་ཉོན་མོངས་ཅན་དེ་མེད་ན། དེ་ཉིད་ངེས་པའི་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་རོ། །བཞི་པ་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་གཉིས་ཀྱི་བྱེ་བྲག་མེད་པའི་སྐྱོན་དུ་ཡང་འགྱུར་རོ། །ཇི་ལྟར་ཞེ་ན་འདི་ལྟར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང་ལྡན་པ་ཡིན་ལ། འགོག་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པ་འགག་སྟེ། འདི་ལྟར་འདི་གཉིས་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་མ་ཕྱེ་ན་བྱེད་བྲག་མེད་པའི་སྐྱོན་དུ་འགྱུར་ཏེ། གལ་ཏེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་མེད་ན་འདུ་ཤེས་མེད་པར་སྐྱེ་བ། དུས་རྟག་ཏུ་ཉོན་མོངས་པ་ཅན་དུ་མ་ཡིན་པའི་འཕགས་པ་དང་འདྲ་བར་ཐལ་བར་ཡང་འགྱུར་རོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ནི། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ཡང་ཡོད་དོ། །ཇི་ལྟར་ཞེ་ན། ངར་འཛིན་པའི་སེམས་དེ་དག་ཐམས་ཅད་ལ་འབྱུང་བའི་ཕྱིར་ཡང་། ཉོན་མོངས་ཅན་གྱི་ཡིད་དེ་ཡོད་པར་མངོན་ནོ། །དེའི་ཕྱིར་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་འབྱུང་གནས་སོ། །དེའི་ཕྱིར་གསུངས་པ། མ་འདྲེས་པའི་མ་རིག་པ་དང་། །ལྔ་པོ་དག་ཀྱང་འདྲ་བ་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་འགྱུར་དང་། །འདུ་ཤེས་མེད་པར་སྐྱེ་བའི་རྒྱུ། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་བ་ཀུན་ཏུ་མི་འཐད་དོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །གཉིས་མེད་གསུམ་པོ་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ན་ཡོད་པར་མི་འགྱུར་རོ། །ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གནས་སུ་རྟག་འབྱུང་ན། །དུས་གསུམ་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །དེ་བས་ཡིད་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར། བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། སྒྲིབ་པའི་ཉོན་མོངས་པ་བཞི་དང་རྟག་ཏུ་ལྡན་པའོ། །དེའི་ཕྱིར་ན་ཉོན་མོངས་པ་ཅན་གྱི་ཡིད་ལོགས་སུ་མེད་མི་རུང་ཞེ་ན། དེ་ལྟར་ཡིན་གྱིས་ཀྱང་འདི་གཉིས་རྣམ་པར་ཤེས་པའི་ཕུང་པོ་གསུམ་འདོད་པའི་དུས་སུ་འདི་གཉིས་གཅིག་ཏུ་བསྡུས་པ་ཡང་ཡོད་དེ། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཞེས་པའི་སྒྲས། སྲིད་པའི་རྩ་བ་ཉེས་དམིགས་ནི་བདག་ཏུ་རྟོག་པ་ལས་འཕྲོས་པ་ཡིན་ལ། དེ་སྟོང་པ་ཉིད་དུ་བདག་མེད་པར་གྱུར་པ་ནི། དཔལ་ཀུན་ཏུ་བཟང་པོ་ཡིན་པས། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་རྣམ་པར་དག་པ་དཔལ་ཀུན་ཏུ་བཟང་པོ་ཡིན་ལ། མཚན་ཉིད་སྐུ་གསུམ་གྱི་དུས་སུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ལ་ཡང་དག་པའི་དོན་རྣམ་པར་དག་པ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་། ཡེ་ཤེས་ཀྱི་དེ་བཞིན་ཉིད་དབྱེར་མེད་པའི་ཆོས་ཀྱི་སྐུ་སྟེ། དེ་བཞིན་ཉིད་ཀྱི་དབྱིངས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱའོ། །དེ་ལྟར་མདོ་ཐམས་ཅད་ཀྱི་དབང་པོ་ལས་གསུངས་པ་གང་ཡིན་པ་དེར་བལྟ་བར་བྱ་ཡི། ཚིག་མངས་སུ་དོགས་པས་མ་བྲིས་སོ། །ཡང་དག་པའི་ཀུན་རྫོབ་སྒྱུ་མའི་ཚུལ་དུ་རྣམ་པར་དག་པ་ནི། ལམ་གྱི་རྣམ་པར་ཤེས་པ་གསུམ་སྦྱངས་པས། སྐུ་གསུམ་མངོན་དུ་གྱུར་བ་ཡིན་ཏེ། སྦྱོར་བའི་ལམ་ལ་གཞན་ཞེས་བྱ་བའི་ཡུལ་གྱི་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་སྦྱངས་པས་སྤྲུལ་པའི་སྐུ་རྣམ་པར་དག་པར་འགྱུར་རོ། །མཐོང་བའི་ལམ་ལ་བདག་ཅེས་བྱ་བ་ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས། ལོངས་སྤྱོད་རྫོགས་པའི་སྐུར་རྣམ་པར་དག་པར་འགྱུར་རོ། །བསྒོམ་པའི་ལམ་ལ་བདག་གི་བ་ཞེས་བྱ་བ་ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ་ཆོས་ཀྱི་སྐུ་ཐོབ་སྟེ། དེ་ལྟར་ཡང་དག་པའི་དོན་དམ་པ་དང་། ཡང་དག་པའི་ཀུན་རྫོབ་སྒྱུ་མའི་ཚུལ་གཉིས་སུ་རྣམ་པར་ཤེས་པ་གསུམ་རྣམ་པར་དག་བ་ནི། སྐུ་གསུམ་ཡང་ཆོས་ཀྱི་དབྱིངས་ཉིད་དུ་ཚུལ་གཅིག་གོ་ཞེས་བྱའོ། །དེ་ལ་ཤིན་ཏུ་རྫོགས་པ་ཆེན་པོའི་གཞུང་གིས། བདག་སྟེ་ཀུན་གཞི་ལ་གནས་པའི་ཡིད་རྣམ་པར་དག་པ་ནི། བདག་ཏུ་རྟོག་པས་སྲིད་པའི་རྩ་བ་ཡིན་པས། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོའོ། །བདག་གི་སྟེ་ཀུན་གཞི་རྣམ་པར་དག་པ་ནི། རྣམ་པར་ཤེས་པའི་རྒྱལ་པོ་དཔལ་རྡོ་རྗེ་སེམས་དཔའོ། །གཞན་ཏེ་སྒོ་ལྔའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་སེམས་དཔའ་དང་ཁྲོ་བོའོ། །དེ་དག་ཀྱང་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་དུ་ཚུལ་གཅིག་གོ །ཞེས་བྱའོ། །ཡང་སྐུ་ལྔ་ཡང་ཚུལ་གཅིག་ཏེ། ངོ་བོ་ཉིད་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དེ་བཞིན་ཉིད་དུ་ཚུལ་གཅིག་གོ །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྐུར་ཚུལ་གཅིག་གོ །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དགོངས་པར་ཚུལ་གཅིག་གོ །སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྦྱོད་པར་ཚུལ་གཅིག་གོ །རང་བཞིན་གྱིས་འོད་གསལ་བའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་། སེམས་ཅན་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབྱེར་མེད་པར་ཚུལ་གཅིག་གོ །དེ་ལྟར་ན་བདག་དང་བདག་གི་གཞན་རྣམས་ནི། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཙམ་ཉིད་ལས་མ་རྟོགས་པ་གཞན་ལོགས་ཤིག་ན་འཕགས་པའི་སྤྱན་རྣམ་ལྔས་ཀྱང་མི་གཟིགས་པས་ཕྲ་བ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའི་གཏིང་ཟབ་པའང་ཡོད་པ་མ་ཡིན། ཞེས་བྱ་བའི་ཐ་ཚིག་གོ །ཕྱི་གཟུང་བའི་ཡུལ་ལོག་པར་རྟོག་པ་ཉིད་ལ་ནང་འཛིན་པའི་སེམས་ཀྱིས་ལོག་པར་རྟོག་པ་ཉིད་སྤྱོད་ཀྱིས་ཀྱང་། གཞན་ལོངས་ཤིག་ཏུ་སེམས་འཁྲུལ་པས་བློ་ཕྱིན་ཅི་ལོག་ཏུ་གཡོ་བ་ཡང་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱའོ། །ཅིའི་ཕྱིའི་ཞེ་ན། ཡུལ་གྱི་རྣམ་པ་ཐམས་ཅད་ནི། སེམས་འཁྲུལ་པས་ནན་གྱིས་བཏགས་པ་ཡིན་ཏེ། སེམས་འཁྲུལ་པས་ཡུལ་འཁྲུལ་པ་མེད་པ་ལ་ཡོད་པར་ནན་གྱིས་བཏགས་པ་ཡིན་གྱི། ཡུལ་ལོགས་ཤིག་ཏུ་གྲུབ་པ་དང་། སེམས་མ་འཁྲུལ་པར་རང་དབང་དུ་ཡོད་པ་ནི་ནམ་ཡང་མ་མྱོང་ངོ་། །འོ་ན་ལོག་པར་རྟོགས་པ་དེ་ཉིད་ལ་རྒྱུ་དང་འབྲས་བུ་དང་། རྒྱུ་འབྲས་བུ་འབྲེལ་བར་བྱེད་པ་ནི་ཡོད་དམ་ཞེ་ན། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཕྱིན་ཅི་ལོག་གི་རྟོག་པའི་རྒྱུན་ནི། ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་རྟོག་པ་ཅན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །ཞེས་གསུངས་པའི་ཕྱིར་རོ། །འབྲས་བུ་ནི་ཁམས་གསུམ་འགྲོ་བ་རིགས་དྲུག་གི་ཉོན་མོངས་པའི་ཕུང་པོ་ཇི་སྙེད་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། ཅེས་གསུངས་པའི་ཕྱིར་རོ། །རྒྱུན་ནི་སེམས་དང་སེམས་ལས་བྱུང་བའི་ལས་ཀྱི་བག་ཆགས་རྒྱུའི་དུས་ན་མི་མངོན་ལ་འབྲས་བུའི་དུས་ན་གསལ་བའི་མཚན་ཉིད་ཅན་ལ་བྱའོ། །ཡང་ལོག་རྟོག་དེ་ཉིད་ཀྱི་རྒྱུ་དང་འབྲས་བུ་དང་། རྒྱུན་དེ་ཉིད་ཀྱི་ཡང་རྒྱུ་དང་རྩ་བ་གང་དང་གང་ལས་བྱུང་བ་ཡིན་ཞེ་ན། གཞི་རྩ་མེད་དབྱིངས་སྐད་ཅིག་མ། ཞེས་བྱ་བ་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་དོན་བཞི་པོ་གཞི་མེད་པ་དང་། རྩ་བ་མེད་པ་དང། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཡིན་པ་དང་། ཀུན་གཞི་རྒྱུན་གྱི་སྐད་ཅིག་མ་ཡིན་པ་དང་། དེ་ནམ་མཁའ་ལ་ཉི་ཟླ་གནས་པའི་གཞི་མེད་པ་ལྟར། ཀུན་གཞི་ལ་རྟེན་དབང་པོ་མེད་པ་དང་། ཤིང་ལྗོན་པའི་རྩ་བ་གཞན་ལ་མི་བརྟེན་པ་ལྟར། ཀུན་གཞི་རྩ་བ་ཚོགས་དྲུག་གཞན་ལ་མི་བརྟེན་པ་དང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཀྱི་རྒྱུ་ཡིན་པ་དང་། བག་ཆགས་ཀུན་གྱི་སྐད་ཅིག་མ་དང་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་ཀུན་གཞི་ལ་གཞི་དང་རྩ་བ་མེད་པ་ཡིན་པས་ནི། ཐོག་མ་མེད་པ་དུས་ཀྱི་དབྱིངས་བྱ་བའི་ཚིག་དང་ཡང་འགལ། ཡང་ཐོག་མ་མེད་པའི་དུས་ནས་ཆོས་ཐམས་ཅད་ཀྱི་གནས་ཡིན་ན་ནི། སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག་གི་དོན་དང་ཡང་འགལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་། གཞི་དང་རྩ་བ་མེད་པ་ནི་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཀྱི་དབང་དུ་བྱས་པ་ཡིན་ལ། དབྱིངས་ཞེས་བྱ་བའི་ཚིག་གི་དོན་ནི། ཐོག་མ་མེད་པའི་དུས་ལ་ལྟོས་པའི་དབང་དུ་བྱས་པ་ཡིན་ནོ། །སྐད་ཅིག་མ་ཞེས་བྱ་བའི་ཚིག་གི་དོན་ནི། ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་མ་ལ། སེམས་ཀྱི་བག་ཆགས་རྒྱུན་གྱི་སྐད་ཅིག་མ་ལས་བསགས་པར་བྱེད་པའི་དབང་དུ་བྱས་པ་ཡིན་ནོ། །དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་གཞི་དང་རྩ་བ་མེད་པ་ཐོག་མ་མེད་པའི་དུས་ཀྱི་དབྱིངས། བག་ཆགས་རྒྱུན་གྱི་སྐད་ཅིག་མར་ཆད་པ་མེད་པ་དང་ལྡན་པ་ཡིན་པས། དེ་ནི་མཐུ་དང ལྡན་ཞིང་སྟོབས་སུ་རྟོགས་པས། འཕགས་པའི་ལམ་གྱི་ཡེ་ཤེས་ཀྱིས་བསྒྱུར་བར་དཀའོ། །ཞེས་པའི་དོགས་པ་བསལ་བ། རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་བྱ་བ་གསུངས་ཏེ། ངེས་པ་ཞེས་བྱ་བའི་སྒྲ་ཀུན་གཞི་ནི་དང་པོའི་དུས་ནས་བྱང་ཆུབ་སེམས་ཆོས་ཉིད་རྣམ་པར་དག་པ་ཅན་ཡིན་པ་ལས། བར་དུ་དུག་ལྔའི་དྲི་མའི་སྐད་ཅིག་མའི་རྒྱུན་གྱིས་གཡོགས་པ་ཡིན་ནོ་ཞེའོ། །འོ་ན་ཐོག་མ་མེད་པ་དུས་ཀྱི་དབྱིངས་ཞེས་བྱ་བ་ཡང་། འཁོར་བ་ཐོག་མ་མེད་པ་ཡིན་པས་ཀུན་གཞི་དང་པོའི་དུས་ནས་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཅན་ཡིན་ཞེས་བྱ་བ་ཡང་འགལ་ལོ། །གཉིས་སུ་ན་དུས་དང་པོ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཅན་ཡིན་ནོ། །འོ་ན་བྱང་ཆུབ་ཀྱི་སེམས་ཀྱི་ཆོས་ཉིད་ནི། །བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་པས། སེམས་ཅན་དང་པོ་ཉིད་ནས་སངས་རྒྱས་པར་འགྱུར་བར་རིགས་སོ་ཞེས་བྱའོ། །གསུམ་དུ་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཐལ་བ་ཡང་འགལ་ལོ། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་བླ་ན་མེད་པའི་སངས་རྒྱས་སུ་འགྱུར་བར་རིགས་སོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་ཏེ། སེམས་ཅན་དང་པོ་ཉིད་ནས་བྱང་ཆུབ་སེམས་དང་ལྡན་ནོ། །ཞེས་སྨྲས་ཀྱི། བྱང་ཆུབ་སེམས་དང་ལྡན་པས་སངས་རྒྱས་སུ་གྱུར་ཟིན་ཏོ་ཞེས་སྨྲས་པ་མ་ཡིན་ཏེ། དཔེ་འོ་མ་བཞིན་ནོ། །ཐོག་མ་མེད་པའི་དུས་འཁོར་བ་ཉི་ཚེ་བ་ཁོ་ནའི་ཐོག་མ་ཡིན་ཞེས་བྱ། དེ་ཡང་མིང་སྟེ། དེ་ནི་དང་པོའི་དུས་ཀྱི་ཀུན་གཞི་བྱང་ཆུབ་སེམས་ནི། ཆུ་དང་འོ་མ་བཞིན་ཏེ། ཕྱིས་འགྱུར་བའི་དུས་དང་ལྡན་པས་དཔེ་དྭངས་པ་བཞིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་ཐལ་བས། ཡང་ཀུན་གཞི་དང་པོའི་དུས་ནས་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཅན་ཡིན་པ་མི་རུང་ངོ་། །ཞེས་བྱ་བ་ཡང་འགལ་ཏེ། དཔེ་ཚིག་གུ་བཞིན་ནོ། །ཅིའི་ཕྱིར་ཡང་དེ་ལྟར་ཡིན་ཞེ་ན། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་པས་ཀྱང་ཆོས་ཐམས་ཅད་ནི། སེམས་འཁྲུལ་བས་ནན་གྱི་བཏགས་པ་ཡིན་པས་སེམས་སྣང་བར་འདོད་པ་ཡིན་ལ། འདི་ཡང་ཕྱི་གཟུང་བའི་ཡུལ་རྣམ་པར་དག་པ་སྟོང་པ་ཉིད་ཀྱི་ཆོས་ཉིད་སྒྱུ་མ་ལ། ནང་འཛིན་པའི་སེམས་རྣམ་པར་དག་པ་རང་རིག་པའི་ཡེ་ཤེས་སྒྱུ་མ་ཉིད་ཀྱིས་དམིགས་བྱ་དང་དམིགས་བྱེད་མེད་པར། ངོ་མཚར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་དུ་དབང་སྒྱུར་ཞིང་། ཆོས་ཐམས་ཅད་ཡེ་ཤེས་རྣམ་པར་དག་པའི་ཞིག་ཁམས་སུ་ལོངས་སྤྱོད་པའི་ཕྱིར། བདག་དང་གཞན་དང་། རྟོག་པའི་དབང་ཡང་དག་པའི་རྣམ་པར་དག་པར་འགྱུར་བས། གཞུང་འདི་ནི་བླ་ན་མེད་པའི་ཐེག་པའི་མཆོག་ཏུ་ངེས་པ་ཡིན་ནོ་ཞེས་བྱའོ། །འདི་ལྟར་གསུངས་པར་འགྱུར་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐེག་པའི་རིམ་པ་སྣོད་ཀྱི་ཁྱད་པར་བརྩོན་པར་བྱས་པ་ཡང་། ལ་ལར་ནི་ཕྱི་རོལ་དོན་གྱི་ཁྱད་པར་ལ་གསུངས་ཏེ། དགོངས་པའོ། །ལ་ལ་ནི་ནང་དང་དོན་གཉིས་ཀ་ལ་དགོངས་ཏེ། གསུངས་པ་ཡོད་ཀྱང་། ཀུན་གཞི་སྤང་བར་བྱ་བ་མ་གསུངས་སོ། །ལ་ལར་ནི་དེ་ལ་དགོངས་ཏེ་གསུངས་སུ་ཟིན་ཀྱང་། ཡོངས་སུ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཅན་མ་གསུངས་ལ། འདིར་ནི་ཕྱི་དང་ནང་ཀུན་གཞི་བག་ཆགས་དང་བཅས་པ་ཐམས་ཅད་དོན་དམ་པ་ཆོས་ཉིད་སྟོང་པ་ཉིད་ཀྱི་ངོ་བོར་བསྟན་ལ། དོན་དམ་པ་ཀུན་རྫོབ་ཏུ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་འདྲ་བར་གནས་པ་བསྟན་པ་ཡིན་ཏེ། དེའི་ཕྱིར་ཡང་། སྟོང་ཉིད་བདག་མེད་ཡེ་མཁྱེན་སྐུ་གསུང་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པའི་ཕྱིར། ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་བདག་དང་གཞན་དང རྟོག་པའི་རྒྱུན་གསུམ་རྣམ་པར་དག་པས་བླ་ན་མེད་པའི་ཐེག་པའི་མཆོག་ཏུ་ངེས་པ་ཡིན་ནོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་རྣམ་པ་ལྔ་བཀའ་སྩལ་བའི་རིགས་པའི་ཁྱད་པར་དེ་དག་གི་རྒྱུ་ལྔ་ཐ་དད་ན། ཅི་འབྲས་བུ་ཡང་ཐ་དད་པ་ཞིག་གམ། འོན་ཏེ་གཅིག་ཅེ་ན་སྨྲས་པ། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་བྱ་བ་གསུངས་ཏེ། གོང་དུ་གསུངས་པའི་ལྷ་དང་མིའི་ཐེག་པ་ལ་སོགས་པའི་བཞིས་ནི། འཁོར་བའི་རྒྱ་མཚོ་ལས་ངེས་པར་འབྱུང་བ་ལ། དེ་དག་སོ་སོའི་འབྲས་བུ་ནི་ཐོབ་ཀྱིས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པ་མ་ཡིན་ནོ་ཞེས་བྱའོ། །གཞན་དག་ན་རེ་བྱང་ཆུབ་སེམས་དཔའི་ཐེག་པས་འཁོར་བའི་རྒྱ་མཚོའི་ནང་ནས་ངེས་པར་འབྱུང་ཞེས་བྱར་རུང་ན། ལྷ་དང་མིའི་ཐེག་པས་འཁོར་བའི་རྒྱ་མཚོ་ལས་ངེས་པར་འབྱུང་ཞེས་བྱ་བ་ནི། ཅི་ལ་དགོངས་ཏེ་གསུངས། སྨྲས་པ། ལྷ་དང་མིའི་ཐེག་པས་འཁོར་བའི་རྒྱ་མཚོ་ལས་ངེས་པར་འབྱུང་ཞེས་བྱ་བ་ཡང་། དེ་ཉིད་ཀྱིས་འཁོར་བ་ལས་འབྱུང་བར་གསུངས་པ་ཁོ་ན་ནི་མ་ཡིན་ཡང་། དཔེར་ན་རྒྱལ་པོའི་བཙུན་མོ་བུ་སྦྲུམ་ཞེས་བྱ་བ་ཡང་། བཙས་པའི་དུས་སུ་བུའམ་བུ་མོ་གང་འབྱུང་ངེས་པ་མེད་ཀྱང་། དང་པོ་སྦྲུམ་པའི་དུས་སུ་བུ་སྤྲུམ་མོ་ཞེས་བྱ་བ་དང་འདྲ་བར་མི་དང་ལྷའི་ཐེག་པས་འཁོར་བའི་རྒྱ་མཚོ་ལས་ངེས་པར་འབྱུང་བ་ཁོ་ན་མ་ཡིན་ཡང་། བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གཞིའི་ཕྱོགས་གཅིག་ཡིན་པ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ཡང་འཁོར་བའི་ཕྱོགས་གཅིག་ཡིན་པས། དེ་ལས་ངེས་པར་འབྱུང་བ་ལ་དགོངས་པ་ཡིན་ནོ། །འཕགས་པ་རང་རྒྱལ་བ་ཡང་འོག་མ་གཉིས་ལས་རང་གི་ཡེ་ཤེས་ཟབ་པ་ལ་བརྟེན་པ་དང་། བསོད་ནམས་ཀྱི་ཚོགས་བསག་པར་བྱ་བ་ཡང་། རང་གི་ཡེ་ཤེས་མངོན་དུ་གྱུར་ནས། དེ་ཡང་འབད་པར་བྱ་བ་ལ་ཉེ་བར་དགོངས་པ་ཅན་ཡིན་ནོ། །ཞེས་བྱའོ། །ཡང་སྨྲས་པ། དེ་ལྟར་མི་དང་ལྷའི་ཐེག་པ་དང་། ཉན་ཐོས་དང་རང་རྒྱལ་བའི་ཞིང་ལ། བྱང་ཆུབ་སེམས་དཔའི་ཐེག་པ་འབྲས་བུའི་ངོ་བོར་མི་གནས་པ་ཅིའི་ཕྱིར། དེ་ཡང་བླ་ན་མེད་པའི་ཐེག་པ་ཞེས་པས། རྡོ་རྗེའི་ཐེག་པ་གཙོར་སྨོས་པ་དང་། ཁྱད་ཞུགས་པ་དང་། ས་གསུམ་གྱི་ཁྱད་པར་དུ་གྱུར་པའི་ཕྱིར་ཏེ། མ་ཧཱ་ཡོ་གའི་རྒྱུད་ཆེན་པོ་ལས་བྱང་ཆུབ་སེམས་དཔའ་བྱམས་པས་བསྡུས་པའི་ཕྱིར་རོ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལ། གི་ཞེས་བྱ་བའི་སྒྲ་ནི་ཐེག་པ་བཞི་རྒྱུ་ལ། གཅིག་འབྲས་བུར་གནས་པར་མ་ཡིན་པར་སྟོན་པ་སྟེ། ཐེག་པ་བཞི་སོ་སོའི་འབྲས་བུ་ཇི་ལྟ་བུ་བཞིན་གནས་པ་ཕྱི་རོལ་དུ་གྱུར་པ་དག་ལ་གྲགས་པ་ཡིན་ལ། གི་ཞེས་བྱ་བའི་སྒྲ་དེ་དག་ཀྱང་། རྫོགས་པ་ཆེན་པོའི་འབྲས་བུའི་ནང་དུ་འདུས་ཤིང་དེ་ལས་འབྱུང་བ་ཡང་འདི་ཉིད་ལས་གསུངས་ཏེ། དཔེ་ཆུ་ཇི་སྙེད་པ་རྒྱ་མཚོ་ཆེན་པོ་ལས་འབྱུང་ཞིང་། སླར་ཡང་རྒྱ་མཚོར་འདུས་པ་དང་འདྲའོ། །དེ་ལ་ཐེག་པ་ཆེན་པོ་འདི་ཉིད་ཀྱི་རྒྱུ་ནི། ཉོན་མོངས་པ་ལྔ་དང་འདོད་པ་ལྔ་ཡིན་ཏེ། དེ་ཡང་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཅན་དང་། འབྲས་བུའི་རིགས་དོན་ཉིད་དུའོ། །དེ་ལྟར་ཐེག་པའི་ཁྱད་པར་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི། ཡང་དག་པར་རྟོགས་པས་རབ་ཏུ་བརྟག་ན། དོན་དམ་པར་ནི་རང་བཞིན་མེད་པ་ཀུན་རྫོབ་ཏུ་ཅིར་ཡང་འགྲུབ་ཅེས་བྱའོ། །དེ་ལ་ཡང་དག་པར་རྟོགས་པ་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྣལ་འབྱོར་པ་ཆོས་ཀྱི་སྤྱན་དང་ལྡན་པའོ། །དེས་རྟོགས་པ་ཞེས་བྱའི་དོན་ནི། ཕྱི་རོལ་ལས་ནི་མཉམ་པར་བཞག་པའི་ཏིང་ངེ་འཛིན་ལས་བཞེངས་ནས། དག་པའི་འཇིག་རྟེན་པའི་ཡེ་ཤེས་འགྲོ་བའི་དོན་དུ་ཡང་དག་པར་རྟོགས་པའོ། །འདིར་ནི་ཆོས་ཀྱི་དབྱིངས་ཞིང་ཆེན་པོའི་ངང་ལས་བཞེངས་ནས། སོ་སོར་ཀུན་རྟོག་པའི་ཡེ་ཤེས་ཀྱིས་འགྲོ་བ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དང་། མཚན་ཉིད་ལ་རྣམ་པར་སྤྱོད་པའོ། །དེས་དེ་ལྟར་རྣམ་པར་སྤྱོད་ཅིང་བརྟགས་ན་ཇི་ལྟར་སྣང་ཞེ་ན། དོན་དམ་པར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས། རང་བཞིན་མེད་པ་ལས་ཀུན་རྫོབ་ཏུ་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ཅིར་ཡང་སྣང་བ་ལ། དེ་དག་རྣམ་པར་དག་སྟེ་དོན་དམ་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་མི་གནས་པའི་མྱ་ངན་ལས་འདས་པ་དང་། གསང་སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་ལ་སོགས་པ་ཅིར་ཡང་འགྲུབ་ཅེས་བྱའོ། །རྣལ་འབྱོར་པས་ནི་དེ་གཉིས་ཀྱི་རྗེས་སུ་འབྲངས་ནས། ལུང་དང་། ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ཅིང་། དོན་དེ་ཉིད་མངོན་པར་རྟོགས་པས། ཏིང་ངེ་འཛིན་ལ་དབང་ཐོབ་པས་གོང་ནས་གོང་དུ་ལྷག་མཐོང་རྣམ་པར་འབྲེལ་ཏེ། ཡང་དེ་ལྟར་ཆོས་ཐམས་ཅད་ཀུན་རྫོབ་ཏུ་མི་མཐུན་པའི་སྡུག་བསྔལ་མྱོང་བ་དང་། ཐེག་པ་མི་མཐུན་པའི་དབང་གིས། དེ་བཞིན་གཤེགས་པ་འགྲོ་བའི་དོན་དུ་མཛད་པ་རྫོགས་ནས་མྱ་ངན་ལས་འདས་ནས། དེའི་དབང་གིས་དམ་པའི་ཆོས་ཀྱང་ནུབ་པར་འགྱུར་རོ། །བྱ་བ་ཡོད་ན་ཅིའི་ཕྱིར། རང་བཞིན་ཉིད་ལས་ཉམས་པ་མེད། །ཅེས་གསུངས་ཏེ། དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ་ལས། ཀུན་རྫོབ་ཏུ་དེ་བཞིན་གཤེགས་པ་དང་པོ་ཡུམ་གྱི་ལྷུམས་ནས་བལྟམས་ཤིང་། བར་དུ་མཛད་པ་རྫོགས་ཏེ། ཐ་མར་མྱ་ངན་ལས་འདས་སོ། །ཞེས་གསུངས་པ་དེ་ཡང་། མ་རིག་པའི་སྐྱེ་བོ་འདུལ་བའི་ཕྱིར་དེ་ལྟར་བསྟན་གྱི། དོན་དམ་པའི་བདེན་པའི་དབང་དུ་ན། སངས་རྒྱ་མྱ་ངན་ལས་མི་འདའ་ལ། དེ་ལྟར་མྱ་ངན་ལས་མི་འདའ་བ་དང་། དེའི་ཞལ་ནས་གསུངས་པའི་ཆོས་ཀྱང་ནུབ་པར་མི་འགྱུར་རོ། །འོན་ཀྱང་ཀུན་རྫོབ་ཏུ་མ་རིག་པའི་སེམས་ཅན་འདུལ་བར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱང་། དང་པོ་ཡུམ་གྱི་ལྷུམས་ནས་བལྟམས་ནས། བར་དུ་མཛད་པ་རྫོགས་ཏེ། ཐ་མ་མྱ་ངན་ལས་འདའ་བར་སྟོན་པར་མཛད་དོ་ཞེས་གསུངས་སོ། །དེ་ལ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་བྱ་བར་གསུངས་པ་ནི། དོན་དམ་པའི་བདེན་པ་ལ་དགོངས་པའི་དུས་སུ་སྐུ་ཉིད་ཀྱི་དབང་གིས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་བྱ་བར་གསུངས་ལ། དེ་ལྟར་སངས་རྒྱས་མྱ་ངན་ལས་མི་འདའ་བ་དང་། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་ཏེ་ཞེས་བྱའོ། །འོ་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ནས་སྐུ་གདུང་བགོ་བ་ལ་སོགས་པ་ཡོད་དོ་ཞེ་ན། དེ་ཉིད་ཀྱི་ལན། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། དང་པོ་རྩ་བའི་ཉོན་མོངས་པ་མ་རིག་པ་ལས་བྱུང་བའི་ཕྱིར་དང་། དེ་ལྟར་མ་རིག་པའི་མུན་པ་འཐུག་པོ་ཀུན་ཏུ་གཏི་མུག་པ་ལ་གནས་པའི་སེམས་ཅན་འདུལ་བའི་ཕྱིར། དེ་བཞིན་གཤེགས་པ་བརྩེ་བ་ཆེན་པོ་དང་ལྡན་པས་ཀྱང་། འགྲོ་བ་མ་རིག་པའི་དོན་དུ་དང་པོ་ཡུམ་གྱི་ལྷུམས་ནས་འབྱུང་ཞིང་བལྟམས་པ་དང་། བར་དུ་མཛད་པ་རྫོགས་ནས་འཇིག་རྟེན་པ་དང་མཐུན་པའི་སྤྱོད་ལམ་རྣམ་བཞིས་གནས་པ་དང་། ཐ་མ་རྡོ་རྗེ་ལྟ་བུའི་སྐུ་གདུང་གིས་ཀྱང་འགྲོ་བ་ཡོངས་སུ་བསྐྱབ་པའི་ཕྱིར། ཐ་མར་མྱ་ངན་ལས་འདས་པར་ཡང་སྟོན་ཞེས་བྱའོ། །དེ་ཡང་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཕྱིར་ཏེ། དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ན། སེམས་ཅན་རྣམས་ཀྱིས་དཀོན་པ་དང་ཕྲད་པར་དཀའ་བའི་འདུ་ཤེས་ཉེ་བར་མི་འཇོག་པས། དེའི་ཕྱིར་མྱ་ངན་ལས་འདའ་བར་སྟོན་པ་སྟེ། དེ་དག་ཀྱང་མདོ་སྡེ་ཐམས་ཅད་ཀྱི་དབང་པོ་ལས་འབྱུང་བ་གང་ཡིན་པ་དེར་བལྟ་བར་བྱ་ཡི། འདིར་མང་གིས་དོགས་པས་མ་བྲིས་སོ། །ཡང་འདིའི་མཚན་དང་ཡོན་ཏན་གྱི་སྒོ་ནས་འདྲི་བ་ན་རེ། རྒྱུད་འདིའི་མཚན་གསང་བའི་སྙིང་པོ་ལས་འཕྲོས་ཏེ། དེ་ཡང་གྱི་ནའམ་སྒྲ་བརྙན་ཙམ་དུ་བསྟན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ་དཔལ་གསང་བའི་སྙིང་པོ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པའི་ཕྱིར་ཡང་གསུངས་པ། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་གྲུབ་དང་སྒྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །ཞེས་བྱ་བ་གསུངས་ཏེ། དཔལ་གསང་བའི་སྙིང་པོ་ཡེ་ཤེས་ཐམས་ཅད་གཟུགས་བརྙན་གྱི་འབྱུང་གནས་སུ་བསྟན་པའོ། །དེ་ལ་སྤྱོད་པའི་མཚན་ཉིད་བདུན་གྱི་ངོ་བོ་ལ་ནི་འདུལ་བ་ཞེས་བྱའོ། །མདོ་སྡེ་ལ་སོགས་པ་ལ་མདོ་སྡེ་ཞེས་བྱའོ། །འདྲི་བ་པོ་དོན་གསལ་བར་ཡང་ནས་ཡང་དུ་སྟོན་པ་དང་། ཟག་པ་མེད་པའི་ཤེས་རབ་རྒྱུ་དང་འབྲས་བུར་བཅས་པ་ལ་ནི་མངོན་པ་ཞེས་བྱའོ། ཁྲུས་དང་གཙང་སྤྲ་དང་བཟླས་བརྗོད་དང་སྲུང་བ་ལ་སོགས་པ་གཙོར་བྱེད་པའི་སྔགས་ཀྱི་རྒྱུད་ལ་ནི་དམ་ཚིག་ཅེས་པར་གསུངས་ཏེ་ཀྲྀ་ཡའོ། །ཡེ་ཤེས་དང་ཡེ་ཤེས་ཀྱི་ཡུལ་ཐམས་ཅད་ལ་འབད་པར་བྱ་བའི་བརྩོན་འགྲུས་དང་ལྡན་པར་བསྒྲུབ་པར་བྱེད་པས། བསྒྲུབ་པ་དང་ཞེས་བྱའོ། །ཡེ་ཤེས་ཀྱི་བྱིན་བརླབས་ཀྱིས་བདག་ཉིད་གྲུབ་པའི་དབང་དང་ལྡན་པས་གྲུབ་ཅེས་བྱ་སྟེ། དེ་ལྟར་ན་ཀྲྀ་ཡ་དང་ཨུ་པ་ཡ་དང་ཡོ་ག་དང་གསུམ་སྟེ། རིམ་བཞིན་དུ་ཐ་མ་དང་འབྲིང་དང་རབ་བོ། །བཅོམ་ལྔན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་དང་ཡེ་ཤེས་ཀྱི་ཡུལ་ཐམས་ཅད་རྣམ་པར་དག་པའི་རང་བཞིན་དུ་སངས་རྒྱས་པར་བསྟན་པ། གསང་བ་ནང་གི་རྒྱུད་ཐ་དད་པ་མང་པོ་ཞིག་གསུངས་པ་ཐམས་ཅད་ཀྱང་། །རྡོ་རྗེ་ལྟ་བུ་རྣམ་པར་དག་པ་གསུམ་དུ་འདུས་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་བྱ་བ་གསུངས་ཏེ། དེ་ཡང་རྟོག་པ་ཅན་གྱི་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ། །དེ་ལྟ་བུའི་ཐེག་པ་རིམ་པ་དགུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་གྲགས་པ་ཐམས་ཅད་ཀྱང་། གསང་བའི་སྙིང་པོ་ལས་འཕྲོས་པ་ཡིན་ནོ། །ཞེས་བྱ་སྟེ། ནམ་མཁའི་དབྱིངས་བཞིན་དུ་རང་བཞིན་དུ་གནས་པའི་ཕྱིར་རོ། །གཞན་དག་ན་རེ་ཐེག་པ་རྣམ་པ་ལྔར་བཀའ་སྩལ་པ་ལས་ཀྱང་ཐེག་པ་རིམ་པ་དགུར་བཀའ་སྩལ་བའི་ཕྱིར་སྨྲས་སོ། །གང་དུ་ནི་སྤྲུལ་པའི་སྐུའི་དབང་གིས་ཐེག་པ་ལྔར་བཀའ་སྩལ་པ་ཡིན་ལ། འདིར་ནི་དཔལ་གསང་བའི་སྙིང་པོ་ཆོས་ཀྱི་སྐུའི་རང་བཞིན་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་པ་ལས། ཐེག་པ་རིམ་པ་དགུར་བཀའ་སྩལ་པ་ལས། འོན་ཏང་འདིར་ཀུན་གྱི་འབྱུང་གནས་སུ་བསྟན་པའི་ཕྱིར། རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱིས། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་ཏེ། མ་དྲོས་པའི་མཚོ་ཆེན་པོར་ཆུ་བོ་ཐམས་ཅད་འབྱུང་བ་དང་གནས་པའི་གཞི་བྱེད་པ་དང་འདྲ་བར། ཐེག་པ་ཆེན་པོ་འདི་ཡང་སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི་འབྱུང་བ་དང་གནས་པའི་གཞི་བྱེད་པ་དང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་བག་ཆགས་ཐམས་ཅད་གཏན་ལ་འབེབས་པ་དང་འདྲ་བར། ཐེག་པ་ཆེན་པོ་ཨ་ཏི་ཡོ་གས་ཐེག་པ་ཐམས་ཅད་གཏན་ལ་འབེབས་པའོ། །དེ་ལྟར་ཐེག་པ་རིམ་པ་རྒྱས་པ་དང་བསྡུས་པའི་ཆོས་ཐམས་ཅད་སོ་སོའི་རིམ་པའམ། ནང་མི་མཐུན་པའི་ཐ་དད་པའི་ངོ་བོར་གནས་པ་ནི། ཅིའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་ཉིད་མཉམ་པ་ཉིད་དུ་འགྱུར་སྙམ་པའི་དགོངས་པ་གསུང་བར། ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན། །སྟོན་མིང་ཚིག་ལ་དངོས་པོ་མེད། །ཅེས་བྱ་སྟེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་མ་ཡིན་པ། གཞན་མུ་སྟེགས་པ་ལྟ་བུའི་ཚིག་ལ་དངོས་པོ་མེད་ཅེས་གསུངས་ཏེ། དོན་དམ་པར་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་དུ་གནས་ཀྱིས་ཀྱང་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ཚིག་གི་ཐ་སྙད་དུ་བཏག་པ་སྟེ། དཔེར་ན་ལྷ་བྱིན་མི་ཡིན་པ་འདྲ་ཡིས་ཀྱང་། མིང་དེ་ལས་ལྷ་བྱིན་དུ་རྣམ་བར་རྟོག་གོ །དེ་བཞིན་དུ་དངོས་པོ་མེད་པའི་མིང་དང་ཚིག་ལ་བརྟེན་ནས། སྟོན་པ་ཐུགས་བརྩེ་བ་དང་ལྡན་པས་ཀྱང་། གདུལ་བར་བྱ་བའི་ཉོན་མོངས་པའི་རིགས་དང་མཐུན་པར། གཉེན་པོ་འཕགས་པའི་ལམ་གྱིས་ཡེ་ཤེས་ཀུན་གྱིས་གོ་བདེ་བ་ལ་བརྟེན་ནས། མིང་དང་ཚིག་ཏུ་བཏགས་ནས་འགྲོ་བ་གཞན་གྱི་དོན་དུ་བསྟན་གྱི། །དོན་དམ་པའི་བདེན་པའི་དབང་དུ་ན་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་དང་། དེའི་ཞལ་ནས་གསུངས་པའི་དམ་པའི་ཆོས་དེ་དག་ཉིད་ཀྱང་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྟོན་པ་དང་བསྟན་བྱ་གཉིས་ཀ་ཡང་སྒྱུ་མ་སྨིག་རྒྱུ་མིག་ཡོར་དང་བྲག་ཅ་ལྟ་བུའི་ངོ་བོའོ། །དེ་ལྟར་རྒྱས་པའི་སྒོ་ནས་བསྟན་ཅིང་བཤད་པར་མཛད་པ་དེ་དག་ཉིད་ཀྱང་། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དེ་ཉིད་ཡང་བསྡུས་པའི་སྒོ་ནས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོས་གོང་དུ་གསུངས་པའི། སྤྲུལ་པའི་སྐུ་ཆོས་ཀྱི་དཀྱིལ་འཁོར་དེ་དག་ཉིད་ཀྱང་། གསང་བའི་དོན་འོག་ནས་འབྱུང་བ་འདི་ཉིད་དུ་བསྡུས་པའི་སྒོ་ནས། དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ། དེ་ཉིད་ཀྱི་དོན་ལ་དགྱེས་ཤིང་ངོ་མཚར་དུ་གྱུར་པའི་ཕྱིར། ཨ་ཧོ་ཞེས་བྱ་སྟེ། སྒྲའི་གཙུག་ལག་ལས་ནི་ཆོས་ཀྱི་དབྱིངས་དང་། ཟད་ལ་མི་སྐྱེ་བ་ཐོབ་པ་དང་། ཤེས་རབ་ཟབ་མོའི་ཡེ་ཤེས་དང་། ཐབས་རྒྱ་ཆེན་པོའི་བདག་ཉིད་དོ། །དེ་ཡང་འཁོར་བའི་ཆོས་སུ་འཁྲུལ་པ་ཇི་སྙེད་གསུངས་པ་ཐམས་ཅད་ཤློ་ཀ་གཅིག་པོར་འདུས་ཤིང་གཏན་ལ་འབེབས་པའི་ཕྱིར། སྲིད་རྩའི་ཉེས་དམིགས་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པ་གསུམ་དུ་འཁོར་ཞིང་འཁྱམ་པའི་རྒྱུར་ཉེས་དམིགས་དག་གང་དང་གང་ལས་བྱུང་བ་ཡིན་ཞེ་ན། ཉོན་མོངས་ཅན་གྱི་ཡིད་བདག་ཏུ་རྟོག་པ་དང་། འཛིན་པའི་བདག་ཉིད་ཅན་གྱིས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་ལ་ཕྱིན་ཅི་ལོག་ཏུ་བཟུང་བ་དང་། འཛིན་པའི་རྟོག་པ་དམ་པོའི་མདུད་པ་ལས་འཕྲོས་ཞེས་བྱའོ། །དེས་འབྲས་བུ་ཅི་ཉེ་བར་བསྒྲུབ་ཅེ་ན། ཁམས་གསུམ་དུ་འགྲོ་བ་རྒྱུད་དྲུག་ཏུ་ཀུན་གཞི་བག་ཆགས་དང་ལྡན་པའི་ས་བོན་ལས་མིང་དང་གཟུགས་ཀྱི་མྱུ་གུ་སྐྱེ་ཞིང་། དུས་དང་དུས་མ་ཡིན་པའི་འཆི་བས་སྲིད་པ་འགག་པ་དང་། འགྲོ་དྲུག་ཐ་དད་པ་མང་པོ་ནང་མི་མཐུན་པའི་ལུས་དང་། ལས་དགེ་བའི་དབང་གིས་འབྲས་བུ་དང་ལྡན་པས་ལྷ་དང་། མི་དང་། གནོད་སྦྱིན་ལ་སོགས་པའི་ལོངས་སྤྱོད་དང་། ལས་ལྕི་ཡང་གི་གནས་ས་བླ་ས་སྟེང་ས་འོག་དང་ཡང་ན་ཁམས་གསུམ་མོ། །རྒྱུ་མི་དགེ་བའི་དབང་གིས་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་དང་། སེམས་འཁྲུལ་པའི་དབང་གིས་ཆོས་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་དང་། ལས་མཐའ་ཡས་པའི་དབང་གིས་སོགས་ཀྱི་ཡན་ལག་གི་དབང་གིས། སྡུག་བསྔལ་མང་པོ་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱང་། རང་ཉིད་ཀྱི་ལོག་པར་རྟོག་པ་ཉིད་ཀྱིས་དེ་ལྟར་བྱས་པ་ཉིད་ཡིན་གྱི། དབང་ཕྱུག་ལ་སོགས་པ་བྱེད་པ་པོས། ལོག་པར་རྟོག་པ་ཉིད་ལས་རྒྱུ་དང་འབྲས་བུ་གཞན་དུ་བསྒྱུར་བ་ནི་ཅི་ཡང་མེད་དོ་ཞེས་བྱའོ། །དེ་ལྟར་ན་ནི་ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་རྟོག་པ་ཅན་དེ་མཐུ་དང་སྟོབས་སུ་ལྡན་པས་འཁོར་བ་མི་འགྱུར་བའི་ཆོས་ཉིད་ཅན་དུ་མི་འགྱུར་རམ་ཞེ་ན། དེ་ལྟར་མ་ཡིན་ཏེ་འཁོར་བ་སྒྱུ་མ་ལྟ་བུའི་ངོ་བོ་ཕྱི་གཟུང་བའི་ཡུལ་སྟོང་པ་ཉིད་ཀྱི་རང་བཞིན་ལ། ནང་འཛིན་པའི་སེམས་བདག་མེད་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་ནི་དང་པོ་ཉིད་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་ལ། རྣལ་འབྱོར་པས་ཀྱང་ཕྱི་གཟུང་བའི་ཡུལ་ནི་སྟོང་པ་ཉིད། ནང་འཛིན་པའི་སེམས་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱིས། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་དང་། དབྱེར་མེད་པར་མཁྱེན་པར་གྱུར་པའི་ཚེ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་སྒྱུ་མ་ཉིད་ལ་དབང་སྒྱུར་བའི་དུས་ན། འཁོར་བའི་ཆོས་དེ་ཉིད་མྱ་ངན་ལས་འདས་པ་རྨད་དུ་བྱུང་བའི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་དེ་དག་གི་རང་བཞིན་དུ་རྣམ་པར་དག་པ་མ་གཏོགས་པ། འཁོར་བའི་ཆོས་ཤེས་བྱའི་ཡུལ་ལོགས་ཤིག་ན་འཁོར་བའི་ཆོས་སུ་སྣང་བས་ན། མྱ་ངན་ལས་འདས་པའི་དཀྱིལ་འཁོར་དུ་ཞེས་བྱའོ། །དེས་ནི་གོང་དུ་གསུངས་བའི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དེ་དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་དབྱེར་མེད་པ་ལས། ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཏན་ལ་ཕབ་པའོ། །དེས་ནི་འདི་ལྟར་སྟོན་པ་ཡིན་ནོ། །རྩ་བ་མ་རིག་པ་ལས་བྱུང་བའི་འཁྲུལ་བའི་ཆོས་མཐའ་ཡས་པ་ཐམས་ཅད་བྱ་བ། གཟུང་འཛིན་གྱི་རྟོག་པ་བདག་དང་གཞན་དང་རྟོག་པའི་རྒྱུན་གསུམ་དུ་འདུས་ལ། དེ་དག་ཀྱང་དོན་དམ་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་འདུས་ལ། ཀུན་རྫོབ་ཏུ་དེ་གསུམ་རྣམ་པར་དག་པ་ནི། སྐུ་གསུམ་དུ་འགྱུར་བས་རྣལ་འབྱོར་བས་བདག་གི་གཟུང་འཛིན་གྱི་རྟོག་པ་དམ་པོའི་མདུད་པ་འགྲོལ་ཞིང་། ཕྱི་གཟུང་བའི་ཡུལ་དམིགས་པར་བྱ་བ་ནི་སྟོང་པ་ཉིད་ནང་འཛིན་པའི་ལོག་པར་རྟོག་པ་ལ་དམིགས་པར་བྱེད་པ་ནི་བདག་མེད་པར་དྲན་པ། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་བྱང་ཆུབ་ཀྱི་སེམས་བདེ་བ་ཉིད་ལས། གཞན་མེད་ན་ཡང་ཡང་དག་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ། དྲན་པའི་ཡེ་ཤེས་ནི་དཔལ་ཀུན་ཏུ་བཟང་པོ། ཆོས་ཉིད་སྟོང་པ་ཉིད་ནི་ཡུམ་ཀུན་ཏུ་བཟང་མོ། ཕུང་པོ་ཁམས་དང་། སྐྱེ་མཆེད་དང་། སྣོད་དང་། བཅུད་དང་། རྒྱུད་ཀྱིས་བསྡུས་བ་ཐམས་ཅད་ནི། ངོ་མཚར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཉིད་དུ་བལྟ་བར་བྱའོ། །ཞེས་བྱའོ། །དེ་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པར་འཕྲོ་བ་དང་། སྤྲུལ་པའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་བའི་དམ་པའི་ཆོས་དེ་དག་ཐམས་ཅད་ཀྱང་། དཔལ་གསང་བའི་སྙིང་པོའི་ལེའུ་གསུམ་པར་འདུས་ཏེ་ལེའུ་གསུམ་པའི་དོན་ཡང་ཚིགས་སུ་བཅད་པ་བཞི་པོ་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཁྱེན་ཏོ་ཞེས་བྱའོ། །གཞན་དག་ན་རེ་ཆོས་ཉིད་མཉམ་པ་ཆེན་པོའི་ངང་ཉིད་ལས། ཉིད་ཅེས་བྱ་བའི་ཚིག་གི་དོན་ནི། མཉམ་པ་ཆེན་པོ་དོན་དང་འགལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་། དེ་ཉིད་ཅེས་བྱ་བ་དེ་ཉིད་བདག་ཉིད་ཆེན་པོ་ཐབས་ཆེན་པོ་ཐམས་ཅད་ནས་ཐམས་ཅད་དུ་དབྱེར་མེད་པ་ལ་དགོངས་པ་ཡིན་ནོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དོན་དམ་པར་ནི་ཆོས་ཉིད་བྱང་ཆུབ་སེམས་སུ་འདུས་ལ། དོན་དམ་པའི་ཀུན་ཛོབ་ཏུ་རང་བཞིན་རྫོགས་པ་ཆེ་པོའི་དཀྱིལ་འཁོར་དུ་གཏན་ལ་ཕབ་པའི་ལེའུ། སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱིས་མཛད་པའི་འགྲེལ་པ་ལས། སྤྲུལ་པའི་དེ་བཞིན་གཤེགས་པས་གསུངས་པའི་ལེའུ་རྣམ་པར་བཤད་པའི་དོན་ཇི་སྙེད་པ་རྫོགས་སོ།། ༈ །།གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་གྱི་སྨད་ལེའུ་བཞི་པ་མན་ཆད་དང་། སྨིན་ལམ་སྟོན་པ་གསུམ། གྲོལ་ལམ་སྟོན་པ་བསྐྱེད་རྫོགས་ཀྱི་སྐོར་བཅུ་གསུམ་བཞུགས། དེ་ལྟར་དཔལ་གསང་བའི་སྙིང་པོ་ལས། ལེའུ་དང་པོའི་དོན་ནི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཡང་དག་པར་སྡུད་པར་མཛད་པའི་སྡུད་པ་པོས་གསུངས་པ་ལ། ལེའུ་གཉིས་པས་ནི་གསང་སྔགས་རྡོ་རྗེའི་ཐེག་པ་ཨ་ཏི་ཡོ་གའི་ཆོས་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གཏན་ལ་ཕབ་ནས། ལེའུ་གསུམ་པས་སྤྲུལ་པའི་དེ་བཞིན་གཤེགས་པས་གསུངས་པའི་མདོའི་ཐེག་པ་ཆེན་པོ་ཐམས་ཅད་རྣམ་པར་ཤེས་པའི་ཚོགས་བརྒྱད་སྐུ་གསུམ་དུ་གཏན་ལ་ཕབ་པའོ། །ཡང་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས། གསང་སྔགས་རྡོ་རྗེའི་ཐེག་པ་མ་ཧཱ་ཡོ་གའི་ཆོས་ཐམས་ཅད་བསྟན་ཅིང་བཤད་པར་བཞེད་དེ། ཡོངས་སུ་རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཡེ་ཤེས་ཐམས་ཅད་འདུས་པའི་སྐུར་ཡུད་ཙམ་གྱིས་ཏིང་འཛིན་གྱིས། དཔལ་ཀུན་ཏུ་བཟང་པོ་མངོན་དུ་བྱས་ནས། གནས་དང་གདན་བསྐྱེད་ལ། ལེའུ་གཉིས་པ་བྱང་ཆུབ་སེམས་ཀྱི་ལེའུ་ལས། བྱང་ཆུབ་སེམས་བསྒོམ་པར་བྱ་བའི་ཕྱིར་ཆོ་ག་དང་པོ་དང་། གཉིས་པ་རང་གི་སེམས་ཀྱི་ངོ་བོ་སྐྱེ་བ་མེད་པ་ཨའི་འཕྲོ་འདུས་ཐབས་དང་ཤེས་རབ་ཉི་ཟླ་བརྩེགས་མ་ཡེ་ཤེས་ཀྱི་ངོ་བོ་བསྒོམས་ནས། དེ་ལ་ཡིག་འབྲུ་གཏན་ལ་དབབ་པའི་དོན་བསྟན་པར་བྱ་བ་དང་། གསང་བའི་བྷ་གར་ལྷག་པའི་བྱང་ཆུབ་སེམས་ཉི་ཟླའི་དཀྱིལ་འཁོར་ལ། རྡོ་རྗེའི་ཆོ་ག་གཉིས་པའི་དོན་བསྟན་པས། ཆོས་ཐམས་ཅད་མིང་གི་ཐ་སྙད་ཙམ་དུ་གནས་ལ། མིང་གི་ཐ་སྙད་ཡིག་འབྲུ་ཡར་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་ལེའུ་བཞི་པ་ཕྲེང་བ་བཀོད་པའི་ལེའུ་གསུངས་ཏེ། དེ་ནས་ཞེས་པ་ནི་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི། རིགས་ཆེན་པོ་ལྔ་ནི་སྤྱི་དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །དགོངས་པ་གཅིག་ཏུ་གྱུར་ནས་ཞེས་པ། ཡུལ་ཆོས་ཉིད་བྱང་ཆུབ་སེམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཤེས་པའོ། །མཉམ་པ་ཆེན་པོའི་ཚུལ་ཞེས་པ། དོན་དམ་པར་སྐྱེ་བ་མེད་པར་མཉམ་པའི་ཚུལ་དུ་དེ་བཞིན་ཉིད་ལ་སོགས་པ་བཅུ་སྟེ། དེ་ཡང་གང་ཞེ་ན། དེ་བཞིན་ཉིད་དང་། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་དང་། མཚན་ཉིད་མེད་པ་དང་། དམིགས་སུ་མེད་པ་དང་། གཟུང་དུ་མེད་པ་དང་། སྨོན་པ་མེད་པ་དང་། ཡེ་ནས་མྱ་ངན་ལས་འདས་པ་ཡིན་པ་དང་། ནམ་མཁའ་ཉིད་ལ་ཡང་མཚན་ཉིད་མེད་པའོ། །དེ་ལྟར་ཆོས་ཐམས་ཅད་དོན་དམ་པར་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དུ་ཡིན་ཡང་། དོན་དམ་པའི་ཀུན་རྫོབ་ཏུ་མཉམ་པ་ཆེན་པོའི་ཚུལ་དེ་དང་མཐུན་པོའི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར། རྡོ་རྗེ་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་བཞུགས་བཞིན་དུ་ཡང་། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཡི་གེ་འདུས་པའི་ངོ་བོ་མིང་གི་ཐ་སྙད་ཙམ་དུ་གནས་པའོ། །ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཞེས་བྱའོ། །དེ་ཡང་དོན་དམ་པར་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུའམ་ཚུལ་དེ་བཞིན་ཉིད་ལ་སོགས་པ་བཅུར་སངས་རྒྱས་ལ། དོན་དམ་པའི་ཀུན་རྫོབ་ཏུ་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་ཏེ། སེམས་ཙམ་པའི་རྣལ་འབྱོར་པ་ལྟར་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ལྟ་བུ་མ་ཡིན་གྱི། དོན་དམ་པར་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་བཞུགས་ཞེས་བྱའོ། །དེ་ལ་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་ནི། ཨ་ཡིག་དང་ཀ་ཡིག་དེ་དག་ཀྱང་ཕྲེང་བའི་ཚུལ་དུ་འཁོར་ལོ་ལྟ་བུར་ཟླུམ་པོར་བཀོད་པ་དང་། འཁོར་ལོ་ལ་བཀོད་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། རབ་ཏུ་བརྟན་གྱུར་ཞེས་བྱ་བ་ལ་སོགས་ཏེ། སྐྱེ་བ་མེད་པའི་ངོ་བོ་ཡེ་ཤེས་ཐམས་ཅད་འབྱུང་བའི་རྒྱུ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐྱེ་གནས། སྔགས་འཆང་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྐྱབས་དང་རྟེན་དང་གླིང་། སྟོང་པ་ཆེན་པོ་དང་རྒྱུ་མཐུན་པའི་སྒྲ་ཡིག་དང་པོ་ཨ་དེ་ལ་ནི། རབ་ཏུ་བརྟན་གྱུར་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། འཕེལ་འགྲིབ་དང་སྐྱེ་འཇིག་མེད་པའི་ཕྱིར་རོ། །དེ་ཉིད་ཉོན་མོངས་པའི་རྡུལ་དང་བྲལ་ཞིང་དྲི་མ་གློ་བུར་བས་མ་གོས་པའི་ཕྱིར། ཨ་དཀར་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཁོ་ན་བས་སོ། །ལས་ཞེས་བྱ་བའི་ཚིག་གི་དོན་ནི། ལྷག་མ་དང་བཅས་པ་སྟེ། དེ་ལས་ཅི་ཞེ་ན། སྤྲོ་ཞེས་བྱ་བའི་ཚིག་སྟེ། གང་ལ་སྤྲོ་ཞེ་ན། རབ་ཏུ་བརྟན་པའི་ཨ་དཀར་པོ་ལས་སྤྲོ། གང་རྣམས་སྤྲོ་ཞེ་ན། ཤིན་ཏུ་ཕྲ་བའི་དུས་ན། ཨ་རྣམས་སྤྲོ། གང་དུ་སྤྲོ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲོ། མང་ཉུང་གི་ཚད་ཇི་ཙམ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་སྤྲོ། སྤྲོས་པས་ཅིར་འགྱུར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འགྱུར་ཞིང་། གསལ་བར་གྱུར་ནས་ཞེས་བྱ་བའོ། །དེ་ལྟར་སྤྲོས་ཀྱང་འཕེལ་བ་མེད་ལ། བསྡུས་ཀྱང་འགྲིབ་པ་མེད་དོ། །ཅིའི་ཕྱིར་ཞེ་ན། སྐྱེ་འཇིག་མེད་པའི་ཕྱིར། འཕེལ་འགྲིབ་མེད་དོ་ཞེས་བྱའོ། །རྣམས་ཀྱི་སྒྲ་དེ་ཡང་གང་ཞེ་ན། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾཨཿ ཡེ་ཤེས་ཀྱི་སྐུ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མ་ནིང་གི་ཡི་གེ་རྀ་རཱྀ་ལྀ་ལཱྀ་རྣམས་ཀྱང་བཀོད་དེ། འདི་དག་ནི་རྣམ་པར་སྨིན་པའི་ཟླ་བ་ལ། གཡས་ནས་བསྐོར་བའི་རིམ་པ་བཅུ་དྲུག་དང་། གཡོན་ནས་བསྐོར་བའི་རིམ་པ་བཅུ་དྲུག་དང་། ཀ་བ་བཅུ་དྲུག་དང་ལྡན་པར་བསྒོམ་མོ། །ཡང་ཟླ་བའི་དབུས་ཀྱི་གཞི་མོ་ཨ་དེ་ཉིད་ལས། མིང་ཐ་སྙད་དུ་འདོགས་པའི་ཡི་གེའི་ཚོགས་ཀ་ལ་སོགས་པ་སུམ་ཅུ་རྩ་བཞི་པོ་རྣམས་སྤྲོ་ཞིང་བསྡུ་བར་བྱ་བ་ཡང་སྒྲ་ཡིག་གི་རིམ་པ་ཇི་ལྟ་བ་བཞིན་བྱས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཁྱབ་ནས། དེ་ན་གནས་པའི་སེམས་ཅན་གྱི་དོན་བྱེད་ནས། སླར་འདུས་པ་ལས་ཉི་མའི་དཀྱིལ་འཁོར་གྱི་ཐོག་ན་ཀྵ་མདོག་དཀར་པོ་མགོ་ཡར་འགྲེང་བའི་ཐ་མ་ཀ་ཡིག་གིས་བསྐོར་བ་སྟེ་དེ་ལ་གསལ་བ་ཞེས་བྱ་བ་ནི། ཁ་དོག་ཡིན་ཏེ་སངས་རྒྱས་པའི་ངོ་བོ་ལས། ལྷ་རྣམས་ཀྱང་ཁ་དོག་དེ་བཞིན་ནོ། །འབར་བ་ནི་འོད་ཟེར་ཏེ། འཕྲོ་བ་དང་འདུ་བའི་ངང་ཚུལ་ཅན་ནོ། །ཨ་ཡིག་དང་ཀ་ཡིག་དེ་དག་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དུ་ལྡན་ཞིང་ལྷ་དང་ལྷ་མོ་སེམས་དཔའ་དང་སེམས་མའི་རང་བཞིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་ཡང་འདིའི་རྒྱུད་ཕྱི་མ་ལས་ཀྱང་། ཨ་ཡིས་ཀྱང་བུདྡྷ་རབ་ཏུ་བསྡུས་ཞེས་བྱ་བ་གསུངས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བའི་དོན་ཏོ། །རང་གི་སེམས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཡིག་འབྲུའི་ཡོན་ཏན་བསྟན་པ་དང་། རྡོ་རྗེ་ཆོ་ག་ཕྱི་མའི་དོན་བསྟན་པ་ཡིན་ཏེ། དང་པོ་ཡེ་ཤེས་ཀྱི་ཡིག་འབྲུའི་འཕྲོ་འདུ་འདི་ལྟ་བུ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས། རྡོ་རྗེ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ནོ་། ཞེས་བྱ་སྟེ། གཞན་གྱི་རྒྱུད་ལས་མ་བྱུང་ཞིང་རང་གི་རྒྱུད་ལས་བྱུང་བའི་ཕྱིར། དངོས་ཀྱིས་གྲུབ་པའོ། །རྡོ་རྗེ་ལྟ་བུའི་དངོས་གྲུབ་གྲུབ་པས། རྡོ་རྗེ་དངོས་གྲུབ་སྟེ། འགྱུར་བ་མེད་པའི་ཡེ་ཤེས་ཀྱི་འཕྲོ་འདུས། སྒྲིབ་པའི་དྲི་མའི་བག་ཆགས་ཐམས་ཅད་སྲེག་ཅིང་ཐལ་བར་བྱེད་པའི་ཕྱིར་རོ། །དེ་ནི་འོད་ཀྱི་གོང་བུ་ལས་ཧཱུྃ་ངོ་། ཧཱུྃ་ལས་དང་པོའི་རྡོ་རྗེའོ། །སྐྱེ་འཇིག་དང་འཕེལ་འགྲིབ་མེད་པའི་འབྲས་བུ་ཐམས་ཅད་འབྱིན་པའི་ཕྱིར་ནི། བརྟན་འབྱུང་ངོ་། །གོང་དུ་གསུངས་པའི་དེ་ལྟ་བུའི་ནི། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཀྱི་རྒྱུ་ཡིན་པའི་ཕྱིར། ཡེ་ཤེས་རྒྱུ་ཡིན་ནོ་ཞེས་བྱ་ཏེ། འཇིག་པ་མེད་པའི་དཔལ་ཀུན་ཏུ་བཟང་པོ་སྐྱེད་པའི་རྒྱུའི་ཡེ་ཤེས་ཡིན་ནོ་ཞེས་བྱ་སྟེ། དེས་ནི་དཔལ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོར་འགྱུར་པར་ཤེས་པར་བྱའོ། །དེ་དག་གི་དོན་ནི་འདི་ལྟ་སྟེ། དང་པོ་མཉམ་པ་ཆེན་པོ་རྡོ་རྗེ་དབྱིངས་ཀྱི་རང་བཞིན་སྟོང་པ་ཆེན་པོར་བསྒོམ་པ་དང་། དེ་ཁོ་ན་ཉིད་ལས་མ་འཕྲོས་པར་རང་གི་སེམས་ཀྱི་ངོ་བོ་མི་སྐྱེ་ཞིང་མི་འཇིག་པའི་རང་བཞིན་རབ་ཏུ་བརྟན་པའི་ཨ་ཡིག་དང་དེ་འཕྲོ་འདུ་མཐར་ཐུག་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས་ནས། དེ་ན་གནས་པའི་སེམས་ཅན་གྱི་དོན་བྱས་པ་དང་། སླར་འདུས་པ་ལས་ཟླ་བའི་དཀྱིལ་འཁོར་གང་ཞིང་རྒྱས་པ། ཨ་ཡིག་གཉིས་འགྱུར་ལ་ཀ་བ་བཅུ་དྲུག་དང་ལྡན་པ་དང་། ཡང་ཨ་ཡིག་དེ་ལས། མིག་གི་ཡི་གེ་རྣམས་འཕྲོས་པས། དེའི་འཕྲོ་འདུ་ལས། ཉི་མའི་དཀྱིལ་འཁོར་མཐའ་མ་ཀ་ཡིག་གིས་བསྐོར་བ་སྟེ། དེ་ལྟར་ཐབས་དང་ཤེས་རབ་དང་རྒྱ་ཆེ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ཉི་ཟླ་བརྩེགས་མ་དང་། དེ་ལྟར་འོད་དུ་ཞུ་བ་ལས་འོད་ཀྱི་གོང་བུ་དང་། ཧཱུྃ་དང་ཧཱུྃ་ལས་ཤིན་ཏུ་དཀར་ལ་དམར་བའི་དང་པོ་རྡོ་རྗེ་དང་། རྡོ་རྗེ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཀྱི་འཕྲོ་འདུས་བརྟན་པར་བྱས་ཤིང་། མ་ཧཱ་བཛྲ་དྷ་ར་ཧྃ་ཞེས་བརྗོད་པས། དཔལ་ཀུན་ཏུ་བཟང་པོའི་སྐུ་ཕྱག་རྒྱ་ཆེན་པོར་གྱུར་ཏེ། ཡུམ་ཡང་མྱུ་གུ་དང་གྲིབ་མའི་ཚུལ་དུ་བསྐྱེད་དོ། །དེ་ལྟར་ཆོ་ག་ལྔ་ཉེ་བའི་བསྙེན་པ་དང་ལྡན་པར་ཤེས་པར་བྱའོ། །དེ་ཡང་ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་གསང་བའི་ཟླ་བ་ལ། བྱང་ཆུབ་ཀྱི་སེམས་ཀྱི་ཡིག་འབྲུ་བཞི་བཅུ་རྩ་གཉིས་སུ་གྱུར་ཏེ། ཡིག་འབྲུ་དེ་དག་ཀྱང་གང་ཞེ་ན། ཨ་ནས་ཀྵའི་བར་དང་། ཨི་ནས་ཨཽའི་བར་དུ་ཤེས་པར་བྱའོ། །དེ་ཡང་འདི་དག་ཕྱུང་ངོ་ཞེས་བྱ་བ་ནི། གསང་བའི་བྷ་ག་ལ་གནས་པའོ། །དེ་ཡང་ཡིད་དང་ཆོས་ཀྱི་གསང་གནས་ནས་བྱུང་བའི་ཕྱིར། ཨ་དང་ཀྵ་གཉིས་དབུ་དང་ཞབས་ན་བཞུགས་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཀྱི་ཡིག་འབྲུ་འཕྲོ་བ་དང་འདུ་བའི་ཆོ་འཕྲུལ་ཕྱོགས་བཞི་དང་མཐའ་དབུས་ཕྱི་ནང་གི་འཇིག་རྟེན་གཡོས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀྱིས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ་ཞེས་བྱའོ། །དེ་ལྟར་ཡིག་འབྲུ་གཏན་ལ་དབབ་པ་དང་། དེ་དག་བྱིན་རླབས་སུ་བཅས་པ་གསུངས་ནས། ད་ནི་ཡེ་ཤེས་ཀྱི་ཡིག་འབྲུ་དེ་དག་ཆེ་བའི་ཡོན་ཏན་དང་བཅས་པར་གསུངས་པ། ཨ་ནི་སྟོང་དང་མི་སྟོང་གི །ཞེས་བྱ་བ་ལ་སོགས་པ་སྟེ་དེ་ལ་ཡི་གེ་ཨའི་སྒྲས་ནི་སྟོང་པ་ཁོ་ནའི་ཞེས་སྨྲས་ཏེ། དཔལ་དེ་ཉིད་འདུས་པའི་རྒྱུད་ལས་ཀྱང་། ཨ་ཞེས་བྱ་བ་ཆོས་རྣམས་ཀྱི། སྐྱེ་བ་མེད་པའི་དགོངས་པའོ། །ཞེས་གསུངས་ཏེ། སྟོང་པ་ཆེན་པོའི་སྒྲ་ཡིན་ནོ་ཞེ་ན། དེ་ལྟར་སྟོང་པ་ཁོ་ན་ཡང་མ་ཡིན་ཏེ། ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་ཡང་ཡིན་ཏེ། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་པ་འབྱུང་བའི་ཕྱིར་རོ། །འོ་ན་དེ་ལྟར་མི་སྟོང་པ་ཞིག་ཡིན་ནམ་ཞེ་ན། མི་སྟོང་པ་ཡང་མ་ཡིན་ཏེ། གདོད་ནས་མ་སྐྱེས་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །དེ་ལྟར་ན་སྟོང་པ་དང་མི་སྟོང་པ་དེ་གཉིས་ཀྱི་དབུ་མ་ཙམ་དུ་ཞེའམ་ཞེ་ན། དེ་ལྟར་མ་ཡིན་ཏེ། དབུ་མ་ཡང་དམིགས་སུ་ཡོད་པ་མ་ཡིན་ཞེས་བྱའོ། །དབུ་མ་ཞེས་བྱ་བའི་དོན་དེ་ཉིད་ཀྱང་གང་ཞེ་ན། སྤྲོས་པ་ཉེ་བར་ཞི་བའི་མཐའ་བརྒྱད། འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས་ཀྱང་གསུངས་པའི། དེ་བཞིན་ཉིད་ལ་སོགས་པའི་བྱང་ཆུབ་སེམས་ཀྱི་རྒྱུ་བཅུ་ཐམ་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། དེབཞིན་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ཞེས་བྱ་བ་ནི། ཡེ་ནས་གནས་པ་མ་བཅོས་པའི་ཆོས་ཉིད་ལ་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་སྙད་དེ་ཙམ་གྱིས། རེག་པར་མི་འགྱུར་བའི་ཕྱིར་དེ་ལ་ཡང་མི་གནས་པའོ། །སྟོང་པ་ཉིད་དང་ཞེས་བྱ་བ། མུ་སྟེགས་ཀྱིས་བརྟགས་པའི་གང་ཟག་དང་། ཉན་ཐོས་ཀྱིས་བརྟགས་པའི་ཆོས་ཐམས་ཅད་ཀྱིས་སྟོང་པ་ཉིད་དོ་ཞེས་བྱ་ན། དེ་ཙམ་ལ་ཡང་མི་གནས་པའོ། །ཡང་དག་པའི་མཐའ་དང་ཞེས་བྱ། བདེན་པའི་མུའམ་སྟེགས་ཡང་དག་པའི་ཆོས་ཉིད་ལས་གཞན་དུ་འགྱུར་བ་མེད་པ་ལ་བྱ་སྟེ། དེ་སྐད་དུ་བརྗོད་པ་དེས་ཀྱང་དོན་གྱི་ཐོག་ཏུ་མི་ཕེབས་པས་དེ་ལ་ཡང་མི་གནས་པའོ། །ཆོས་ཀྱི་དབྱིངས་དང་ཞེས་བྱ་བ། ཆོས་རྣམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་དབྱིངས་ཞེས་བྱ་མོད་ཀྱི། དེས་ཀྱང་ཐོག་ཏུ་མི་ཕེབས་པའི་ཕྱིར་རོ། །དེ་ལ་ཡང་མི་གནས་པའོ། །མཚན་ཉིད་མེད་པ་དང་ཞེས་བྱ་བ། དོན་དམ་པར་རང་གི་མཚན་ཉིད་བསམ་གྱིས་མི་ཁྱབ་པར་བརྗོད་པ་ཐམས་ཅད་དང་། སྤྱིའི་མཚན་ཉིད་དབྱེར་མི་ཕྱེད་པར་བསྟན་པ་ཐམས་ཅད་ཀྱང་། སྒྲོ་དང་སྐུར་བའི་རང་བཞིན་ཡིན་པས། རང་དང་སྤྱིའི་མཚན་ཉིད་གཉ་ི ག་མེད་པས། མཚན་ཉིད་མེད་པ་ཞེས་ཐ་སྙད་དུ་བྱ་མོད་ཀྱི། དེ་ལ་ཡང་མི་གནས་པའོ། །དམིགས་སུ་མེད་པ་དང་ཞེས་བྱ་བ། དམིགས་པར་བྱ་བའི་ཡུལ་དང་། དམིགས་པར་བྱེད་པའི་སེམས་གཉི་ག་ཡེ་ནས་མ་སྐྱེས་པ་དེ། རང་བཞིན་གྱིས་འོད་གསལ་བ་ཡིན་པ་ལ། དམིགས་སུ་མེད་ཅེས་བརྗོད་པ་ཡང་འགལ་ཏེ། དེ་ཙམ་ལ་ཡང་མི་གནས་པའོ། །གཟུང་དུ་མེད་པ་དང་ཞེས་པ། གཟུང་བར་བྱ་བའི་ཡུལ་ཉིད་ཐོག་མ་ནས་འཛིན་པར་འཁྲུལ་པ་ལས། ལོགས་ཤིག་ན་ཡུལ་མེད་ལ། གཟུང་དུ་མེད་དོ་ཞེས་བྱ་བའི་ཐ་སྙད་ཀྱང་སྒྲོས་བཏགས་པ་ཡིན་ཏེ། དེ་ལའང་མི་གནས་པའོ། །སྨོན་པ་མེད་པ་དང་ཞེས་བྱ་བ། སྨོན་པར་བྱ་བའི་ཡུལ་མྱ་ངན་ལས་འདས་པ་དང་དབྱིངས་ཞེས་བྱ་བ། དེ་ཡང་སྔོན་ནས་རང་བཞིན་མེད་པ་ཡིན་པས། དེ་ལ་སྨོན་པ་མེད་པའི་སེམས་ཀྱང་རང་བཞིན་མེད་དེ། འཕྲལ་ལ་སྨོན་པ་སྤང་དུ་མེད་པའི་ཕྱིར་དེ་ལ་ཡང་མི་གནས་པའི་ཕྱིར་རོ། །ཡེ་ནས་མྱ་ངན་ལས་འདས་པ་ཡིན་པ་དང་ཞེས་པ། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པ་ལ། ད་གཟོད་མྱ་ངན་ལས་འདས་པ་ཡིན་ཞེས་བྱ་བ་དེ་ཡང་སྒྲོ་བཏགས་པའི་ངོ་བོ་ཡིན་པས། དེ་ལ་ཡང་མི་གནས་པའོ། །ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུའི་མཚན་ཉིད་དང་ཞེས་བྱ་བ་དང་། དེ་ལྟར་གོང་དུ་སྨྲོས་པའི་དབུ་མའི་དོན་དགུ་པོ་དེ་དག་ཐམས་ཅད་ཀྱི། སྤྱིའི་མཚན་ཉིད་ཀྱང་དབུ་མའི་དོན་བཅུ་པ་ནམ་མཁའ་ལྟ་བུའི་དོན་འདིར་འདུས་ཏེ། ནམ་མཁའ་ནི་མཚན་ཉིད་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ནམ་མཁའི་མཚན་ཉིད་ཀྱིས་ཀྱང་དོན་དམ་པའི་ཐོག་ཏུ་མི་ཕེབས་ཏེ། སྒྲོ་བཏགས་པ་ཡིན་པའི་ཕྱིར་དེ་ལའང་མི་གནས་པའོ། །ནམ་མཁའ་ཡང་མཚན་ཉིད་མེད་པའོ་ཞེས་བྱ་བ་འདིས། དབུ་མ་བཅུ་པོ་ཉིད་ཀྱང་དམིགས་སུ་མེད་པར་སྟོན་ཏེ། གོང་དུ་སྨོས་པའི་དབུ་མའི་དོན་དགུ་པོ་རྣམས་ནི། ནམ་མཁའི་མཚན་ཉིད་དུ་འདུས་ལ། ནམ་མཁའི་མཚན་ཉིད་ནི་ཡི་གེ་ཨའི་ནང་དུ་འདུས་ལ། ཨའི་དོན་ནི་སྟོང་ཞེས་བྱའམ་མི་སྟོང་ཞེས་བྱ་བའི་མཐའ་གང་དུ་ཡང་དམིགས་སུ་མེད་པ་ལྟ་ཅི་སྨོས་ཀྱི། དེ་གཉི་གའི་དབུ་མ་ཞེས་བྱ་བའི་ངང་ཚུལ་ཅན་དུ་ཡང་། དམིགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་འཁོར་བའི་ཆོས་མིང་ཙམ་དུ་སྨྲ་བའི་འདོད་པ་ཐམས་ཅད་དང་། རྣམ་པར་དག་པ་མྱ་ངན་ལས་འདས་པའི་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་ཀྱང་ཡི་གེ་སྒྲ་ཡིག་དང་ཀའི་ཡི་གེ་ཕྲེང་བ་ཉིད་ལ་གནས་ཞེས་བྱའོ། །ཅིའི་ཕྱིར། ཨ་མི་སྟོང་པ་ཡིན་ཞེ་ན། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་གསུངས་ཏེ། དེ་ལ་ཨ་ཉིད་སྣ་ཚོགས་པར་སྣང་བའི་ཨ་ལ་སོགས་པ་བཅུ་གཉིས་དང་། མ་ནིང་བཞི་དང་། ཀ་ལ་སོགས་པ་དེ་དག་ཀྱང་དབྱིབས་ཐ་དད་དེ། ཨ་ནི་གཞལ་ཡས་ཁང་གི་སྒོ་འདྲ་བ་དང་། ཨཱ་ནི་སེང་གེའི་ཁ་འདྲ་བ་དང་། ཨི་ནི་གླང་པོ་ཆེའི་སྣ་འདྲ་བ་དང་། ཨཱི་ནི་དབང་ཕྱུག་དབུ་འདྲ་བ་དང་། ཨུ་ནི་རྔ་མོའི་མགོ་འདྲ་བ་དང་། ཨཱུ་ནི་ཤ་བའི་ཁ་འདྲ་བ་དང་། རྀ་ནི་བོང་བུའི་མགོ་འདྲ་བ་དང་། རཱྀ་ནི་སེང་གེའི་མགོ་འདྲ་བ་དང་། ལྀ་ནི་གླང་པོ་ཆེའི་ཐོད་ཁ་འདྲ་བ་དང་། ལཱྀ་ནི་དབང་ཕྱུག་ཁ་འདྲ་བ་དང་། ཨེ་ནི་དབང་ཕྱུག་ཁ་འདྲ་བ་དང་། ཨཻ་ནི་རྨ་བྱའི་ཁ་འདྲ་བ་དང་། ཨོ་ནི་བྱི་ལའི་ཁ་འདྲ་བ་དང་། ཨཽ་ནི་ཁྱིའི་ཁ་འདྲ་བ་དང་། ཨཾ་ནི་རླུང་དང་སྤྲིན་དང་འདྲ་བ་དང་། ཨཿནི་སྟག་གི་ཁ་འདྲའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཨའི་ཁྱད་པར་སྣ་ཚོགས་པར་སྣང་བའི་སྒྲའི་ཡི་གེ་དང་། མིང་གི་ཡི་གེ་ཀ་ལ་སོགས་པ་བཞི་བཅུ་གཉིས་ཀྱིས་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ཐ་སྙད་དུ་བསྟན་པ་ཀུན་ལ་ཡང་བསྡུས་ཤིང་གསལ་བར་བྱེད་པ་སྟེ། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ཨ་ནི་ཡིག་དྲུག་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུངས་ཏེ། དེ་ལ་ཡིག་འབྲུ་བཞི་བཅུ་རྩ་གཉིས་དོན་དམ་པའི་ཀུན་རྫོབ་ཏུ་ལྷ་སུམ་ཅུ་རྩ་དྲུག་གི་ས་བོན་ནམ་རྒྱུར་ངེས་པའི་ཕྱིར། མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཞེས་བྱ་སྟེ། དེ་ལྟར་དེ་ཡན་ཆད་ཀྱིས་ནི། ཉི་ཟླ་བརྩེགས་མ་ལ་ཨ་ཡིག་དང་ཀ་ཡིག་ཏུ་བཅས་པ་བཀོད་པ་འོད་དུ་ཞུ་བ་ལས། འོད་ཀྱི་གོང་བུ་དང་། དེ་ལས་དང་པོ་རྡོ་རྗེ་དང་། དེ་ལས་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི་ཚུལ་ཐམས་ཅད་སྤྱན་དྲངས་ནས་བཅུག་པས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་བསྒོམས་ལ། ཡང་ཡུམ་གྱི་གསང་གནས་སུ་རྡོ་རྗེ་ཆོ་ག་བཞིས། ཐབས་དང་ཤེས་རབ་དགྱེས་པའི་སྤྲིན་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླའི་དཀྱིལ་འཁོར་ལ། ཨ་ཡིག་དང་ཀ་ཡིག་བཞི་བཅུ་རྩ་གཉིས་བསྒོམས་ལ། དེའི་འཕྲོ་འདུ་ལས་གསལ་བར་གྱུར་པ་དང་། སྤྲིན་དང་སྤྲིན་དུ་བྱེ་བ་ལྟར་ལྷ་བཞི་བཅུ་རྩ་གཉིས་སུ་བསྒོམ་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཆེ་བའི་དཀྱིལ་འཁོར་དེ་ཉིད་ཀྱང་ཤིན་ཏུ་ངམ་པའི་ཕྱིར། ཨེ་མའོ་ངོ་མཚར་ཡ་མཚན་གྱི། །ཞེས་གསུངས་ཏེ། ཨེ་མ་གང་ཡིན་པ་ནི་ངོ་མཚར་རོ། །ངོ་མཚར་གང་ཡིན་པ་ནི་ཡ་མཚན་གྱིའོ་ཞེས་བྱའོ། །དེ་ལྟ་བུ་ཅིའི་ཕྱིར་ཞེ་ན། འཕྲུལ་ཆེན་ཞེས་བྱ་བ་གསུངས་ཏེ། སྟོང་པའི་ཡི་གེ་ཨ་མི་སྟོང་པའི་ཆོ་འཕྲུལ་ལྷ་བཞི་བཅུ་རྩ་གཉིས་ལ་སོགས་ཏེ། སྒྱུ་འཕྲུལ་བསྒྲུབ་པའི་ཆོ་འཕྲུལ་སྣ་ཚོགས་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་དང་། འཁོར་བའི་ཆོས་ཐམས་ཅད་ཀྱི། ཚིག་རྣམས་མ་ལུས་པ་ནི་འཛིན་པའི་གནས། མྱ་ངན་ལས་འདས་པའི་དོན་ཆེན་པོ་སྣ་ཚོགས་པ་ནི་སྨྲ་ཞིང་སྟོན་པར་བྱེད་པ་ཡང་། ངོ་མཚར་ཡ་མཚན་རྨད་དུ་བྱུང་བའི་ཆོ་འཕྲུལ་ཆེན་པོ་ཁྱོད་ཡིན་ནོ་ཞེས་བྱའོ། །བརྒལ་བ་སྒྲའི་ཐ་སྙད་ཀྱི་ཡི་གེ་ལས་སྣ་ཚོགས་པའི་དོན་འབྱུང་བ་ལ། བྱ་བ་འགལ་ལོ། །ལན་དུ་དེ་འགལ་བ་མ་ཡིན་ཏེ། དངོས་པོ་མེད་པ་ནི་ཡི་གེ་ལ། ཡི་གེའི་རང་བཞིན་ནི་སེམས་སོ། །ཅི་ལྟ་ཞེ་ན། སྟོང་ཕྲག་ཉི་ཤུ་པ་ལས་ཀྱང་། རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཅི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་འདོད་པའི་ཁམས་ནི་རྟོགས་པ། བསྒྲུབ་པའི་ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཅིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ངེས་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དེ་བཞིན་དུ། དངོས་པོ་མེད་པ་ནི་སེམས་མ་ཡིན་ལ། སེམས་ཀྱི་རང་བཞིན་ཡི་གེ་མ་ཡིན་ན་ནི། སྔོན་གྱི་སངས་རྒྱས་རྣམས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་ལ། ཕྱིས་དང་ད་ལྟའི་དུས་ཀྱི་སངས་རྒྱས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དངོས་པོ་མེད་པ་ནི་སེམས་ཡིན་ལ། སེམས་ཀྱི་རང་བཞིན་ནི་ཡི་གེ་ཡིན་པས། དེའི་ཕྱིར་ཕྱོགས་བཅུ་དང་དུས་བཞིར་གཤེགས་པའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་ཀྱང་། སྟོང་པ་ཉིད་དང་རྒྱུ་མཐུན་པས། གདོད་མ་ནས་མ་སྐྱེས་པའི་སེམས་ཀྱི་རང་བཞིན་ཡི་གེ་ལས་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །དེ་ལྟར་ཡང་སེམས་ཀྱི་རང་བཞིན་ནི་དངོས་པོ་བདག་ཏུ་ཡོད་པ་མ་ཡིན་པས། འཛིན་པའི་བདག་དང་ལྡན་པ་མ་ཡིན་ཞིང་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་ཏེ། དོན་དམ་པར་དབུ་མ་ཙམ་དུ་དམིགས་སུ་ཡོད་པ་མ་ཡིན་གྱིས་ཀྱང་། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་སྒོ་ནས་དབྱིབས་ཏེ། སྒྲ་ཡིག་དང་ཀ་ཡིག་གི་དབྱིབས་མི་མཐུན་པ་མང་པོ་ཨ་ལ་སོགས་པའི་གོང་དུ་གསུངས་པ་དང་། གཞན་ཡང་ཀ་ནི་རུས་སྦལ་འདྲ་བ་དང་། ཁ་ནི་བོང་བུ་བསྒུས་པ་འདྲ་བ་དང་། ག་ནི་སེངྒེ་འདྲ་བ་དང་། གྷ་ནི་བུམ་པ་འདྲ་བ་དང་། ང་ནི་ཀང་ཀའི་ཁ་འདྲ་བ་དང་། ཙ་ནི་ཙ་ཤའི་ཁ་འདྲ་བ་དང་། ཚ་ནི་གདུགས་ཀྱི་དབྱིབས་འདྲ་བ་དང་། ཛ་ནི་དྲ་བ་འདྲ་བ་དང་། ཛྷ་ནི་དྲ་བ་ཆེན་པོ་འདྲ་བ་དང་། ཉ་ནི་སེམས་ཅན་བ་ཏའི་ཁ་འདྲ་བ་དང་། ཏ་ནི་འཛམ་བུ་ཏི་བ་འདྲ་བ་དང་། ཐ་ནི་རི་དྭགས་ཐ་གུ་ཐུ་རའི་ཁ་འདྲ་བ་དང་། ད་ནི་མཁའ་འགྲོའི་ཁ་འདྲ་བ་དང་། དྷ་ནི་ངང་པའི་ཁ་འདྲ་བ་དང་། ན་ནི་སེམས་ཅན་ཏོ་ལེའི་ཁ་འདྲ་བ་དང་། ཊ་ནི་ཟ་བ་འདྲ་བ་དང་། ཋ་ནི་ཕ་ཝང་གི་མགོ་འདྲ་བ་དང་། ཊ་ནི་གནོད་སྦྱིན་གྱི་མཆེ་བ་འདྲ་བ་དང་། ཌྷ་ནི་གཞུ་བརྡུངས་པ་འདྲ་བ་དང་། ཎ་ནི་མ་ཧེའི་ཁའམ་མགོ་འདྲ་བ་དང་། པ་ནི་རི་རབ་ཀྱི་དབྱིབས་འདྲ་བ་དང་། ཕ་ནི་ཁྲུང་ཁྲུང་གི་ཁ་འདྲ་བ་དང་། བ་ནི་འདམ་བྱའི་ཁ་འདྲ་བ་དང་། བྷ་ནི་སེམས་ཅན་ཁལ་ཅན་འདྲ་བ་དང་། མ་ནི་སྤྲེའུ་འདྲ་བ་དང་། ཡ་ནི་སེམས་ཅན་ཨོ་ཡོའི་ཁ་དང་མགོ་འདྲ་བ་དང་། ཝ་ནི་རི་དྭགས་རི་དེ་ཁའི་ཁ་འདྲ་བ་དང་། ར་ནི་བྱ་ལ་ཀུ་ཅིའི་ཁ་འདྲ་བ་དང་། ལ་ནི་བྱ་རོག་ཤ་ལ་ཐེན་པ་འདྲ་བ་དང་། ཤི་ནི་རི་བོང་འདྲ་བ་དང་། ཥ་ནི་སེམས་ཅན་ཤ་ཏ་འདྲ་བ་དང་། ས་ནི་སྦྱང་ཀི་འདྲ་བ་དང་། ཧ་ནི་སེམས་ཅན་ཧ་ར་འདྲ་བ་དང་། ཀྵ་ནི་སེམས་ཅན་སྲིན་མོའི་ཁ་འདྲ་བ་དང་། དེ་ལྟ་བས་ན་དབྱིབས་སོ། །ཁ་དོག་ནི་སངས་རྒྱས་པའི་རང་བཞིན་པས། ཡི་གེས་མཚོན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཁ་དོག་ཉིད་དུ་གནས་པའོ། །མིང་ཚོགས་ནི་ཨ་ཡིག་དང་ཀ་ཡིག་དེ་དག་སོ་སོ་མི་མཐུན་པ་སྣ་ཚོགས་པ་ལ་ཤེས་པར་བྱའོ། །ལས་ཞེས་བྱ་བ་ནི་ལྷག་མ་དང་བཅས་པའི་འབྲེལ་བའི་ཚིག་སྟེ། ཅིའི་ཕྱིར་ཞེ་ན། དེ་ལྟར་ཨ་ཡིག་དང་ཀ་ཡིག་དབྱིབས་དང་ཁ་དོག་མིང་གི་ཐ་སྙད་ཀྱི་ཚོགས་མང་པོ་དེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རོལ་པ་སྣ་ཚོགས་པ་ཉིད་ལས་ཅིར་ཡང་སྤྲུལ་ཞིང་གཞན་ལ་སྣ་ཚོགས་པར་བསྟན་ནོ་ཞེས་བྱའོ། །ཅིའི་ཕྱིར་རོལ་པ་སྣ་ཚོགས་པར་སྤྲུལ་ཞིང་སྟོན་པར་བྱེད་པ་ཡིན་ཞེ་ན། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཉིད། །ཡིག་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་གསུངས་ཏེ། ཕྱོགས་བཅུ་དང་དུས་བཞིར་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡང་ཐུགས་ཡེ་ཤེས་སེམས་དཔའི་དེའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ནི། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཡིན་ལ། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་པོ་དེ་ཉིད་ཀྱང་། ཡི་གེ་མགོ་ནས་ཤད་ནས་ཚེག་ནས་ཤད་ཀྱི་བར་དུ་རྫོགས་ཤིང་དབྱེར་མེད་པར་གྱུར་བ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཕྱོགས་བཅུ་དང་དུས་བཞིར་གཤེགས་པའི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་བཞི་བཅུ་གཉིས་ནི་ཡི་གེ་མགོ་ནས་ཀྵའི་བར་དུ་རྫོགས་ཤིང་དབྱེར་མི་ཕྱེད་པ་ཡིན་ལ། དེ་དག་ཀྱང་དབྱེར་མི་ཕྱེད་པར་མ་ཟད་དེ། བདག་གི་སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་སྐྱེ་བ་མེད་པའི་ངོ་བོ་ཅན་གང་ཡིན་པ་དེ་ཡང་། ཡི་གེ་བཞི་བཅུ་རྩ་ལྔ་ཡིན་ཏེ། ཡི་གེ་དེ་ལ་ཡང་དངོས་པོ་ཡོད་པ་མ་ཡིན་ཞེས་བྱའོ། །དེ་ལྟར་དོན་དམ་པར་སེམས་དང་ཡི་གེའི་རང་བཞིན་དམིགས་སུ་མེད་པ་ཡིན་ཡང་། དེ་ཡང་དག་པའི་ཀུན་རྫོབ་ཀྱི་སྒོ་ནས། དམིགས་སུ་མེད་པའི་སེམས་ཀྱི་ཁྱད་པར་ལས་བྱུང་བའི། ཨ་ཡིག་དང་དང་ཀ་ཡིག་གི་དབྱིབས་དང་། སྒྲ་དང་ཁ་དོག་དང་མིང་སྣ་ཚོགས་པ་དེ་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་པོ་ཡང་ཡིན་ལ། སྐུ་གསུང་ཐུགས་ནི་དངོས་གྲུབ་ཡ་མཚན་དུ་གྱུར་ཞིང་ངོ་མཚར་འཕྲུལ་ཆེན་ཐམས་ཅད། ཕྱོགས་བཅུ་དུས་བཞི་ནས་རབ་ཏུ་འགུགས་པར་བྱེད་ཅིང་རྣལ་འབྱོར་པ་ལ་སོགས་པ་ལ་སྩོལ་བར་མཛད་པ་ཡང་། ཡ་མཚན་གྱི་འཕྲུལ་ཆེན་ཁྱོད་ཡིན་ནོ་ཞེས་བྱའོ། །དེའི་ངེས་པའི་ཚིག་ཏུ་བརྗོད་པར་བྱ་བ་ནི། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། ཅེས་བྱ་བ་གསུངས་ཏེ། དབྱིངས་ཀུན་གཞི་ལ་དབྱིངས་ཡིད་ཀྱིས་རྣམ་པར་ཤེས་པར་བྲིས་པ་སྟེ། ཡི་གེ་ཞེས་དེ་ཕྱིར་བརྗོད། །ཅེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་ལས་དང་བག་ཆགས་ཀྱི་གཞི་རྣམ་པར་དག་པར་བྱེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འཕགས་པའི་ལམ་གྱི་ཡེ་ཤེས་དང་ལྡན་པས། མེ་ལོང་ལྟ་བུའི་ཡེ་ཤེས་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང་། མཉམ་པ་ཉིད་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་དེ་གཉིས་ལས་འབྱུང་བར་རིག་པར་བྱ་ཞིང་ཉོན་མོངས་པ་ཅན་དང་སྒོ་ལྔ་ཡོངས་སུ་དག་པའི་བདག་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། རྫས་ཀྱི་ངོ་བོ་ལས་གྱུར་པ་མ་ཡིན་ཏེ། ཡེ་ཤེས་དེ་དག་གི་ཡུལ་དུ་གྱུར་པར་ཤེས་པར་བྱའོ། །དེ་ལྟ་བས་ན་སེམས་ཅན་གྱི་དུས་སུ་ནི་ཀུན་གཞི་དང་ཡིད་ལ། འཕགས་པའི་དུས་ན་ནི། མེ་ལོང་ལྟ་བུ་དང་། སོ་སོར་རྟོག་པའི་ཡེ་ཤེས་སུ་རིག་ལ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཞེས་གསུངས་པས། འདི་ཡང་རྣམ་པར་ཤེས་པའི་ཕུང་པོ་གསུམ་ལས། བདག་དང་རྟོག་པའི་རྒྱུན་གཉིས་གཙོར་བྱས་པ་ཡིན་ནོ། །དེ་ལྟར་ཕྱོགས་བཅུ་དུས་བཞིར་ཡེ་ཤེས་སེམས་པའི་ཚོགས་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་ངོ་བོ། ཡིག་འབྲུ་བཞི་བཅུ་རྩ་ལྔ་པོ་དེ་ཉིད་ཇི་ལྟར་ལྷ་དང་ཡིག་འབྲུར་དབྱེར་མེད་པ་ཡིན་ཞེ་ན། དེའི་ཕྱིར་ཡང་གསུངས་པ། མགོན་ནི་མ་ནོར་ལམ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་མགོ་ལ་ཕུན་སུམ་ཚོགས་པ་ལྔ་མེད་ན་ནི། བཀའ་ཡང་དག་པ་ཉིད་དུ་མི་འགྱུར་ལ། གསུང་རབ་ཀྱི་མགོ་ལ་མགོ་མེད་ན། ཚིག་དག་པར་ཡིད་མི་ཆེས་པར་འགྱུར་བའི་ཕྱིར། སྟོན་པས་ཀྱང་དང་པོར་མགོ་སྨོས་པ་ཡིན་ནོ། །དེ་ལ་མུ་སྟེགས་པ་ནི་ལམ་ནོར་བ་ཡིན་ལ། སངས་རྒྱས་ཀྱི་སྟོན་པ་ནི་ལམ་མ་ནོར་བ་ཡིན་པས། དང་པོ་མགོ་ཡི་ཡི་གེ་ཨ་དང་འདྲ་ལ། ཨའི་སྒྲས་ནི་སྐྱེ་འཇིག་དང་། རྟག་ཆད་དང་གཟུང་འཛིན་དང་བྲལ་བའི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དབུ་མ་ཡང་དམིགས་སུ་མེད་པ་སྟེ། ཕྱི་མ་ནི་ལེའུ་དང་པོ་ལ་གསུམ་གྱིས་མདོར་བསྡུས་པའི་གནས་སྐབས་སུ་བཀྲལ་ཟིན་ཏོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུའི་ཡི་གེ་ཨ་ལས་སྐྱེས་པའི་འབྲས་བུ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་དེ་ལ་ནི། སྐྱེ་མེད་དེ་བཞིན་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན་སྐྱེ་འཇིག་མེད་པའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དང་རོ་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདག་ཉིད། དང་པོ་རྡོ་རྗེ་ལས་བྱུང་བ་ཞེ་སྡང་རྣམ་པར་དག་པའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པའི་ཐུགས་ཀྱི་རྡོ་རྗེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཡིག་འབྲུ་ཋ་ལས་སྐྱེས་པའི་འབྲས་བུ་བཅོམ་ལྡན་འདས་མི་བསྐྱོད་པ་ལ་ནི། སྒྱུ་འཕྲུལ་རྡོ་རྗེ་ཉིད་ཅེས་བྱ་སྟེ། ཅིའི་ཕྱིར་ན། རྡོ་རྗེ་ཕུང་པོ་ཤེས་པ་ནི་ཉིད་རྣམ་པར་ཤེས་པའི་ཕུང་པོ་ལ་གསུངས་པའི་ཕྱིར་རོ། །གཉིས་སུ་ན། ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ལས་བྱུང་བ་ལས། སྒྱུ་འཕྲུལ་རྡོ་རྗེ་ཉིད་ཅེས་བྱའོ། །ཕྱི་མ་ཡང་དེ་བཞིན་དུ་རྒྱས་བར་སྦྱར་བར་བྱའོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུའི་ཡིག་འབྲུ་ཊ་ལས་བསྐྱེད་པའི་འབྲས་བུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ནི། སྣང་བའི་སྒྱུ་འཕྲུལ་ཉིད་ཅེས་བྱ་སྟེ། ཅིའི་ཕྱིར་ན། ཕུང་པོ་དང་ཡེ་ཤེས་དང་ཁ་དོག་ལ་གདགས་པའི་ཕྱིར་ཏེ། ཡང་ན་ས་བོན་ཟླ་བ་ལྟ་བུ་སྣང་ཞིང་གསལ་བའི་གོ་འབྱེད་པའི་ཕྱིར་རོ། །བྷ་ག་བཱན་ཀུན་ཏུ་བཟང་པོ་ཡབ་ཡུམ་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཌ་ལས་བསྐྱེད་པའི་འབྲས་བུ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་ལ་ནི། སྒྱུ་འཕྱུལ་ཡིད་བཞིན་ཉིད་ཅེས་བྱའོ། །ཅེས་ཕྱིར་ན། སྦྱིན་པ་རྣམ་བཞི་འགྲོ་བའི་དོན་མཐར་ཕྱིན་ཅིང་ཡིད་བཞིན་དུ་བྱེད་པའི་ཕྱིར་རོ། །ཡང་ན་ལྷག་པའི་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རང་བཞིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱེད་པའི་ངོ་བོ་འཕགས་པ་ཐམས་ཅད་ལ་མཆོད་པ་དང་འགྲོ་བའི་དོན་ཡིད་བཞིན་དུ་བྱེད་པའི་ཕྱིར་རོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ལྷག་པའི་བྱང་ཆུབ་སེམས་ཀྱི་རྒྱུའི་ཡིག་འབྲུ་ཌྷ་ལས་སྐྱེས་པའི་འབྲས་བུ། བྷ་ག་བཱ ན་སྣང་བ་མཐའ་ཡས་ལ་ནི། སྒྱུ་འཕྲུལ་རྣམ་དག་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། པདྨའི་རིགས་ཡིན་པས་པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་ཉེས་པའི་མི་གོས་པ་དང་འདྲ་བར། བྷ་ག་བཱན་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་པའི་ཕྱིར་རོ། །ཡང་ན་ཐབས་དང་ཤེས་རབ་འདོད་ཆགས་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཎ་ལས་སྐྱེས་པའི་འབྲས་བུ། དོན་ཡོད་པར་གྲུབ་པ་ལ་ནི། ཀུན་ཏུ་སྒྱུ་འཕྲུལ་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཐབས་སྣ་ཚོགས་དང་སྦྱར་ནས། ཕྲིན་ལས་སྣ་ཚོགས་པས་འགྲོ་བ་སྣ་ཚོགས་པའི་དོན་དུས་དང་གནས་སྐབས་ཀུན་ཏུ་མཐར་ཕྱིན་པའི་ཕྱི་རོ། །གཉིས་སུ་ན་ཐབས་དང་ཤེས་རབ་ཀྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་སྣ་ཚོགས་པས། དེ་བཞིན་གཤེགས་པའི་ཞིང་ཁམས་ཀུན་ཏུ་རྒྱས་པར་བྱེད་དོ། །ཞེས་དཔལ་གསང་བ་འདུས་པ་ལས་གསུངས་སོ། །ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཐ་ལས་སྐྱེས་པའི་འབྲས་བུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ། ནམ་མཁའི་ཁམས་ཀྱི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི། མངོན་རྫོགས་ཉིད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པའི་ཕྱིར། ཡེ་ནས་མངོན་པར་རྫོགས་པར་གནས་པའོ། །ཤྲཱི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཏ་ལས་སྐྱེས་པའི་འབྲས་བུ་སངས་རྒྱས་སྤྱན་ལ་ནི། བརྟན་མ་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། སའི་ཁམས་རྣམ་པར་དག་པ་ཉིད་ཀྱི་རང་བཞིན་པས་སོ། །ཡང་ན་ཡེ་ཤེས་ཀྱི་ས་བོན་བརྟན་པར་བྱེད་པས་སའི་ཁམས་ཁོ་ནའོ། །ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ད་ལས་སྐྱེས་པའི་མཱ་མ་ཀཱི་ལ་ནི། ལྷམ་མེ་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཆུ་ནི་སྡུད་ཅིག་མི་འཕྲོ་བར་བྱེད་པའི་ཕྱིར་ལྷམ་མེ་ཞེས་བྱའོ། །ཡང་ན་ཡེ་ཤེས་ཀྱི་ས་བོན་རྣམ་གཉིས་སྡུད་པའི་ཕྱིར་རོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱིི་སེམས་རྒྱུ་ཡིག་འབྲུ་དྷ་ལས་སྐྱེས་པའི་འབྲས་བུ་ན་བཟའ་དཀར་མོ་ལ་ནི། འཁྲིལ་བ་ཉིད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། འདོད་ཆགས་ཆེན་པོའི་མེ་ཡིས་འཁྲིལ་བའི་ཕྱིར་ན་འཁྲིལ་བའོ། །ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ན་ལས་སྐྱེས་པའི་འབྲས་བུ་ལྷ་མོ་དམ་ཚིག་སྒྲོལ་མ་ལ་ནི། ཀུན་ཏུ་འགྱུར་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན་རླུང་གི་ཁམས་དང་ཕྲིན་ལས་ཀྱི་བདག་ཉིད་དོ། །ཡང་ན་ཐབས་དང་ཤེས་རབ་བསྐྱོད་པའི་བདག་ཉིད་དོ། །ཡབ་ཡུམ་གྱི་ལྷག་པ་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཀ་ཁ་ག་གྷ་རྣམས་ལས་སྐྱེས་པའི་འབྲས་བུ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཐོས་པ་དང་། སྣོམ་པ་དང་། མྱོང་བ་རྣམས་ལ་ནི། སྤྱན་དང་སྙན་དང་ཤངས་དང་ལྗགས་རྣམས་ཀྱི་ཐུགས་ཀྱི་མཆོག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་གཟུགས་མེད་པར་རྣམ་པར་དག་པའི་ངོ་བོའོ། །ཡབ་ཡུམ་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ང་ལས་སྐྱེས་པའི་འབྲས་བུ་ཁྲོ་བོ་གཤིན་རྗེ་གཤེད་ཀྱིས་ནི་རྣལ་འབྱོར་པ་ལ་སོགས་པའི་འཆི་བ དག་ཏུ་གྱུར་པས་ཐུགས་འཇིག་པར་བྱེད་པའི་བགེགས་དེ་དག་ཉིད་འཇིག་པར་བྱེད་པའི་ཕྱིར་རོ། །ཡང་ན་འཇིག་པའི་རྟོག་པ་བཞི་རྣམ་པར་ཤེས་པའི་སེམས་ཉིད་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་འཇིག་པར་བྱེད་པའོ། །ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཙ་ཚ་ཛཛྷ་ལས་སྐྱེས་པའི་འབྲས་བུ་ལྷ་མོ་རྡོ་རྗེ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་དང་། གར་ལ་སོགས་པ་རྣམས་ལ་ནི། སྤྱན་དང་སྙན་དང་ཤངས་དང་ལྗགས་རྣམས་ཀྱི་སྐུའི་མཆོག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཕྱིའི་ཡུལ་གྱི་རྣམ་པའི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནོ། །ལྷག་པ་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཉ་ལས་སྐྱེས་པའི་འབྲས་བུ་ཁྲོ་བོ་ཤེས་རབ་མཐར་བྱེད་ལ་ནི། སྐུ་ཡང་འཇིགས་བྱེད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན་རྣལ་འབྱོར་པ་ལ་སོགས་པ་ཕུང་པོའི་བདུད་དུ་གྱུར་པའི། སྐུ་འཇིག་པར་བྱེད་པའི་བགེགས་དེ་ཉིད་འཇིག་པར་བྱེད་པའོ། །ཡང་ན་ཕྱི་གཟུང་བའི་ཡུལ་ལུས་ཀྱི་དབང་པོ་སྟོང་པ་ཉིད་དུ་སྦྱོར་བའོ། །བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་པ་ཕ་བ་བྷ་ལས་སྐྱེས་པའི་འབྲས་བུ་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། ཐོས་བྱེད་དང་། སྣོམ་བྱེད་དང་། མྱོང་བྱེད་རྣམས་ལ་ནི། སྤྱན་དང་སྙན་དང་ཤངས་དང་ལྗགས་རྣམས་ཀྱི་གསུང་གི་མཆོག་ཅེས་བྱ་སྟེ། ངག་གི་དབང་པོའི་གཟུགས་ཅན་ལས་བྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་ལས་སྒྲ་བྱུང་གི །གཟུགས་མེད་པ་ལ་ནི་མི་འབྱུང་ངོ་། །ཡང་ན་སྐུ་གསུང་ཐུགས་དབྱེར་མེད་པའི་དབང་དུ་བྱས་པའོ། །ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་མ་ལས་སྐྱེས་པའི་འབྲས་བུ་ཁྲོ་བོ་རྟ་མགྲིན་ལ་ནི་གསུང་ཡང་འཇིག་བྱེད་པའོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རྣལ་འབྱོར་པ་ལ་སོགས་པའི་ཉོན་མོངས་པའི་བདུད་དུ་གྱུར་པའི་གསུང་འཇིག་པར་བྱེད་པའི་བགེགས་དེ་ཉིད་འཇིག་པར་བྱེད་པའོ། །ཡང་ན་གཟུང་འཛིན་གཉིས་ཀྱི་ཆ་ལས་སྐྱེས་པའི་ངག་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སྦྱོར་བའོ། །བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཡ་ཝ་ར་ལ་བཞི་ལས་སྐྱེས་པའི་འབྲས་བུ། རྡོ་རྗེ་བདུག་པ་དང་མེ་ཏོག་དང་མར་མེ་དང་དྲི་ཆབ་རྣམས་ལ་ནི། སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། སྟོང་པ་རྣམ་པར་དག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལ་གྲགས་པའི་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོང་པ་སྟེ། བར་གྱི་བསྐལ་པ་བཞི་དང་། དཔྱིད་དང་དབྱར་དང་སྟོན་དང་དགུན་ཏེ། ནམ་ཟླའི་མཐའ་བཞི་དང་། འདས་པ་དང་། ད་ལྟར་དང་། འབྱུང་བ་དང་། མ་འོངས་པ་སྟེ། སྐད་ཅིག་མའི་དུས་ཀྱི་མཐའ་རིང་ཐུང་བཞི་ལ་སོགས་པ་དེ་དག་ཐམས་ཅད་དུས་བཞི་མཉམ་པ་ཉིད་ཀྱི་ངང་ཉིད་དུ་དབྱེར་མེད་པའི་ལྷ་མོ་བཞིར་ཤེས་པར་བྱ་བ་ཁོ་ན་ཡིན་ནོ། །གཞན་དག་ན་རེ་དབུར་ནི་འདས་པ་དང་སྦྱར་ལ། འདིར་ནི་བར་གྱི་བསྐལ་པ་དང་། ནམ་ཟླ་དང་དུས་ལ་སོགས་པའི་གདོད་སྐྱེ་བ་དང་སྦྱར་བ་ཅིའི་ཕྱིར། འོན་ཏུ་སྡུད་པ་པོ་སྟོན་པའི་དོན་དང་འགལ་བར་མི་འགྱུར་རམ། དེ་ལྟར་མི་འགྱུར་ཏེ། ད་ལྟར་གནས་པའི་དུས་བཞི་ཉིད་ལ་ལྟོས་ན། སྔོན་དུ་འདས་པ་ཉིད་དང་པོར་སྐྱེ་ཞེས་བྱའོ། །ཁ་ཆེ་བ་ན་རེ་སྐྱེ་བ་ཞེས་པའི་སྒྲས་སྐྱེས་པ་ཞེས་མངོན་ཏེ། ཅིའི་ཕྱིར་ཞེ་ན། ད་ལྟར་གནས་པའི་དུས་འདིའི་རྟིང་ལ་ནི། འཇིག་པ་འབྱུང་སྟེ། འཇིག་པའི་དུས་ལ་ནི་སྐྱེ་བ་ཞེས་མི་འཐད་དེ། སྔོན་དུ་ཐལ་བ་སྐྱེས་པ་ཞེས་བྱ་བ་ཁོ་ནར་རིག་པར་བྱའོ། །དེ་ཡང་ཡ་ནི་སྐྱེ་བའི་དུས་སོ། །ཝ་ནི་ད་ལྟར་གྱི་དུས་ཏེ་གནས་པའོ། །ར་ནི་གདོད་འབྱུང་བ་སྟེ་གནས་པའི་རྟིང་ལ། འཇིག་པ་འབྱུང་བའོ་ཞེས་པའོ། །ལ་ནི་ད་ལྟར་གྱི་དུས་འདི་ཉིད་དུ་མ་བྱོན་པ་སྟེ། དེ་ལྟར་དུས་བཞིའི་ཆོས་ཀྱང་སྔོན་མ་ལས་ལྟོས་ནས་སྦྱོར་ལ། སྐད་ཅིག་མ་ཡང་དེ་ཉིད་དོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཤ་དང་ཥ་དང་ས་དང་ཧ་རྣམས་ལས་སྐྱེས་པའི་འབྲས་བུ་རྡོ་རྗེ་ཀྱོ་བ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་དང་ དྲིལ་བུ ་མ་རྣམས་ལ་ནི། རྟག་པ་རྟག་པ་མེད་པར་དག་པ་དང་། ཆད་པའི་མཐའ་ཆད་པ་མེད་པར་དག་པ་དང་། བདག་དང་བྲལ་བས་བདག་མེད་པར་དག་པ་དང་། མཚན་མ་དང་བྲལ་བས་མཚན་མ་མེད་པར་དག་པ་ཞེས་བྱའོ། །ལྷག་པའི་བྱང་ཆུབ་སེམས་ཀྱི་རྒྱུ་ཡིག་འབྲུ་ཀྵ་གསང་སྔགས་ཀྱི་གནས་ལས་སྐྱེས་པའི་འབྲས་བུ་དཔལ་ཀུན་ཏུ་བཟང་པོ་དེ་ལ་ནི། ཡེ་ཤེས་ཐམས་ཅད་ཀྱི་ཡང་ཡེ་ཤེས་སུ་གྱུར་པའི། །ཐུགས་ཀྱི་རང་བཞིན་དཔལ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱི་ཡང་ཐུགས་རྡོ་རྗེ་བས། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་བྱའོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་རྒྱུ་ཡིག་འབྲུ། ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་རྣམས་ལས་སྐྱེས་པའི་འབྲས་བུ། ལྷ་དང་ལྷ་མ་ཡིན་དང་མི་དང་བྱོལ་སོང་དང་། ཡི་དྭགས་དང་དམྱལ་བ་རྣམས་ཀྱིས། མཐའ་ཡས་པ་མུ་མེད་པ་འཇིག་རྟེན་གྱི་གནས་ན་འགྲོ་བ་རིགས་དྲུག་པོ་ཡང་དེ་སྙེད་ཡོད་པའི་ཕྱིར། ཐུབ་པ་ཆེན་པོ་ཡང་དེ་སྙེད་སྤྲུལ་ལོ་ཞེས་བྱའོ། །དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་རྒྱུ་ཡིག་འབྲུ་ཨོ་ལས་སྐྱེས་པའི་འབྲས་བུ་ཁྲོ་བོ་བདུད་རྩི་འཁྱིལ་པ་དེས་ནི། ཕྲིན་ལས་ཐམས་ཅད་དང་སྦྱར་ནས། དུས་དང་གནས་སྐབས་ཐམས་ཅད་དུ་བགེགས་ཐམས་ཅད་འཇིག་པར་བྱེད་པ་སྟེ། རྣམ་པར་ཤེས་པའི་སེམས་ཉིད་ཀྱི་ཕྱིར་ཞེའོ། །ཡང་ན་གཟུང་འཛིན་དང་དངོས་པོ་དང་མཚན་མ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཡེ་ཤེས་སུ་རྣམ་པར་དག་པའི་ཕྱིར་རོ། །དེ་ལ་སྒྲ་དང་ཡི་གེ་བཅུ་དྲུག་ལས། ཨ་ཨཱ་ཞེས་བྱ་བ་དང་པོ་གཉིས་ནི། ཟླ་བའི་དཀྱིལ་འཁོར་བསྐྱེད་པ་དང་། དེའི་དབུས་སུ་བཀོད་པ་གཉིས་སུ་གྱུར་ཏོ། །ཕྱི་མ་གུ་གུའི་སྡེ་པ་གཉིས་དང་། ཞབས་སྐྱེད་ཀྱི་སྡེ་པ་གཉིས་དང་། འགྲེང་བུའི་སྡེ་པ་གཉིས་ཏེ་དྲུག་ནི། ཐུབ་པ་ཆེན་པོ་དྲུག་གི་ས་བོན་དུ་གྱུར་ཏོ། །ཨ་ནི་ཁྲོ་བོ་བདུད་རྩི་འཁྱིལ་བའི་རྒྱུར་གྱུར་ཏོ། །ཕྱི་མ་ༀ་དང་ཨ་དང་། ཨ་བཞི་པོ་ལས་ཨ་ཞེས་བྱ་བའི་ཞབས་བསྐྱེད་གཉིས། ༀ་གྱི་ལག་པ་ལ་བཏགས་པ་དང་། རིང་པོར་འདྲེན་པ་དང་། ཨཾ་ཞེས་བྱ་བའི་ཨའི་ཀླད་ལ་ཟླ་ཚེས་ཀྱི་ཕྱི་སྒན་དུ་གཞག་པས། ཨ་ཞེས་བྱ་བའི་ཚེག་དྲག་ཟླ་བ་གང་བ་ལས། ཐིག་ལེར་བྱས་ཏེ། དེ་གསུམ་གཅིག་ཏུ་བསྡུས་ཏེ། ༀ་གྱི་རྣ་རུ་ༀ་སོ་སོ་ནས་བཞག་ན། ཡེ་ཤེས་ཀྱི་ཡིག་འབྲུ་ཨཱོཾ་དུ་གྱུར་པ་དེས་ནི། ཐམས་ཅད་ཞིག་པ་ཡིན་ཞེས་བྱ་སྟེ། འཁོར་བའི་ཆོས་ཐམས་ཅད་དང་། མྱ་ངན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཡེ་ཤེས་ཆེན་པོ་ལྔར་འདུས་ལ། དེ་ལྟར་ཨ་གཅིག་ཏུ་བྱས་བས་ནི། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོའི་ཡེ་ཤེས་དང་། བཞི་པ་འགྲོ་བ་མི་སྤོང་བའི་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་མཚན་ཉིད་ཅན་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འདུས་ལ། ཤིན་ཏུ་རྣམ་བར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་སྟོང་པ་ཆེན་པོའི་ཡེ་ཤེས་སུ་འདུས་པས་ཐམས་ཅད་ཞིག་པ་ཡིན་ཞེས་བྱའོ། །དེ་ལྟ་བུའི་ཡི་གེ་ཕྲེང་བའི་འཁོར་ལོའི་ཚོགས་ཆེན་པོ་འདིས་ནི། །ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་ཕྲེང་བའི་འཁོར་ལོའི་ཚོགས་ཆེན་པོ་འདིས། བསྡུས་པ་ཡིན་ནོ་ཞེས་བྱའོ། །དོན་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་ཚོགས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་མཉེས་པའི་ཕྱིར་ཨ་ཧོ་ཞེས་བྱའོ། །དེ་བཞིན་གཤེགས་པའི་བཙུན་མོའི་ཚོགས་དང་བཅས་པའི་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་གོང་དུ་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ། འདི་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པ་སྟེ། ཡེ་ཤེས་ཆེན་པོ་བཞིའི་རང་བཞིན་གཉིས་སུ་མེད་པ་ཞེས་བྱའོ། །དེ་ཡང་གང་ཞེ་ན། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཐབས་ནི་ཐུགས་རྗེ་ཆེན་པོའི་རང་བཞིན་དཔལ་ཀུན་ཏུ་བཟང་པོའི་ངོ་བོ། ཡེ་ཤེས་ཐམས་ཅད་ཀྱི་གཟུགས་བརྙན་ཏེ། ཤེས་རབ་ནི་སྤྱི་དང་རང་གི་མཚན་ཉིད་འབྱེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་ཡུམ། དེ་ལྟར་དེ་གཉིས་ཐབས་དང་ཤེས་རབ་རོལ་པས། དགྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི། ཚོགས་རྒྱུ་ཡིག་འབྲུ་འཁོར་ལོར་གྱུར་པ་དེ་ལས། འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས། སྨིན་ཅིང་གྲུབ་པར་བྱེད་པ་དེ་ཡང་ངོ་མཚར་གྱི་ཚིག་དང་ཡི་གེའི་མིང་ཚོགས་བཞི་བཅུ་རྩ་གཉིས་ཁྱོད་ཡིན་ནོ་ཞེས་བྱའོ། །དེ་ལྟར་དོན་དམ་པར་འདུས་མ་བྱ ས་ཆོས་ཀྱི་དབྱིངས་དེ་ཉིད་ཡིན་ཡང་། དོན་དམ་པའི་ཀུན་རྫོབ་ཏུ། འདུས་བྱས་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཡིག་འབྲུ་ལས། དཀྱིལ་འཁོར་གྱི་ལྷ་ཐམས་ཅད། འབྱིན་པ་ལས་འདའ་བར་མི་མཛད་པས། དམ་ཚིག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། དབང་མེད་ཅེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་ཡང་ཕྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ས་གཞི་བཟང་པོ་ལ། རྐྱེན་ཆུ་ལུད་དང་རྒྱུ་ས་བོན་སྐྱོན་མེད་པ་བཏབ་ན་ནི། འབྲས་བུ་རིམ་གྱིས་འབྱུང་བ་ལས་མི་འདའ་དང་འདྲ་བར། ནང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས། རྒྱུ་ཡི་གེ་ཕྲེང་བའི་འཁོར་ལོ་ལས་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་བསྐྱེད་ཅིང་། འབྱིན་པ་ལས་འདའ་བར་མི་མཛད་དོ། །ཅིའི་ཕྱིར་ཞེ་ན། ཆོས་རྟེན་ཅིང་འབྲེལ་བར་འབྱུང་བའི་ནུས་པའི་མཐུ་ཆེན་པོ་ཡིན་ནོ་ཞེས་བྱའོ། །དེ་དག་གི་དོན་ནི་འདི་ལྟ་སྟེ། ཡེ་ཤེས་ཐམས་ཅད་ཀྱི་སྐུ་དཔལ་ཀུན་ཏུ་བཟང་པོར་གནས་པ་དང་། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་ཀྱི། ཐབས་དང་ཤེས་རབ་ལྡན་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས། ཡུམ་གྱི་གསང་གནས་སུ་སྤྲིན་ལྟར་འཁྲིགས་པའི་ཉི་ཟླའི་དཀྱིལ་འཁོར་ལས། ཡེ་ཤེས་ཀྱི་ཡིག་འབྲུ་བཀོད་ལ། དེའི་འཕྲོ་འདུ་མཐར་ཕྱིན་པ་ལས། རྒྱལ་བ་བཞི་བཅུ་རྩ་གཉིས་སུ་གྱུར་པ་འོག་ནས་འབྱུང་བའི་སྔགས་ཀྱི་སྒོ་ནས་འབྱུང་བ་ལྟར་ཕྱུང་ལ་ཕྱིའི་དཀྱིལ་འཁོར་དུ་བཀོད་པའི་རིམ་པ་ཇི་སྙེད་པའོ། །དཔལ་གསང་བའི་སྙིང་པོའི་ཁོ་ན་ཉིད་ངེ ས་པ་ལས་བྱང་ཆུབ་ཀྱི་སེམས་ཡི་གེ་ཕྲེང་བའི་འཁོར་ལོ། ཡུམ་གྱི་གནས་སུ་བཀོད་པའི་ལེའུ་སྟེ་བཞི་པ་རྫོགས་སོ། །སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱི་མཛད་པའི་ལེའུ་བཞི་པའི་རྣམ་པར་བཤད་པའོ།། ༈ །།དེ་ལྟར་རྣམ་པར་སྨིན་པའི་ཟླ་བ་དང་། གསང་བའི་ཟླ་བ་ཡི་གེ་ཕྲེང་བ་བཀོད་པ་ལས། དེའི་ཡོན་ཏན་གྱིས་ཐུན་མོང་གི་དངོས་གྲུབ་ཉི་ཤུ་དང་། མཆོག་གི་དངོས་གྲུབ་དང་། རྡོ་རྗེའི་ཆོ་ག་ལྔ་ལ་སོགས་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། ལྔ་པ་སྒྱུ་འཕྲུལ་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གསུངས་སོ། །དེ་ལ་དེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་ལ་ཡི་གེ་ཕྲེང་བའི་འཁོར་ལོའི་སྤྲིན་བཀོད་པ་ཞེས་གསུངས་པ་ལས། ཡི་གེ་ཞེས་བྱ་བ་གསུངས་པ་ནི། སྒྲ་ཡིག་དང་མིང་གི་ཡི་གེའོ། །འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོའི་ཚུལ་དུ་བཀོད་པ་དང་། འཁོར་ལོ་བཀོད་པའི་ཕྱིར་རོ། །ལྷག་པའི་བྱང་ཆུབ་སེམས་དཀར་དམར་གཉིས་ལས་འཕྲོས་པའི་ཕྱིར་སྤྲིན་ནོ། །སྤྲིན་དེ་ཉིད་གསང་བའི་ཟླ་བ་དང་། ཐུགས་ཀའི་ཟླ་བ་ལ་བཀོད་པ་སྟེ། དེ་ལ་བཀོད་པའི་ས་ནི་གསུམ་སྟེ། རྣམ་པར་སྨིན་པའི་ཟླ་བ་དང་། གསང་བའི་ཟླ་བ་དང་། ཐུགས་ཀའི་ཟླ་བའོ། །འདིར་ནི་ཐུགས་ཀའི་ཟླ་བ་དང་། གསང་བའི་ཟླ་ལ་བཀོད་པར་བྱའོ། །དེ་ལྟར་བཀོད་པས་དེ་ལས་ཅི་ཞེ་ན། ཐུན་མོང་དང་མཆོག་གི་དངོས་གྲུབ་འོག་ནས་འབྱུང་བ་རྣམས། རྣལ་འབྱོར་པ་ལ་སོགས་པའི་འདོད་པའི་དོན་དུ་སྒྱུ་འཕྲུལ་རྣམ་པར་འཕྲོ་བ་འདི་གཞན་གྱིས་མ་ཞུས་པར་ཉིད་ཀྱི་ཞལ་ནས་ཆེད་དུ་བརྗོད་དོ་ཞེས་བྱའོ། །དེ་ལྟར་ཆེད་དུ་བརྗོད་པ་དེ་ཉིད་ཀྱང་གང་ཞེ་ན། རྩ་བ་མེད་པའི་སེམས་ཉིད་ནི། ཞེས་བྱ་བ་ལ་སོགས་པ་སྟེ། རྩ་བ་མེད་པའི་སེམས་ཉིད་ལ་སེམས་ཉིད་ཀྱང་མེད་པ་དེ་བས་ན་དེ་སྐད་ཅེས་བྱའོ། །དེ་ལ་ཐེག་པ་ཆེན་པོ་པས་ནི་ཀུན་གཞི་ལ་རྩ་བ་ནི་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྩ་བ་ནི་ཀུན་གཞི་གནས་ལ། ཀུན་གཞི་དངོས་ནི་གཞན་གང་ལ་ཡང་མི་རྟེན་པའོ། །དེ་ལ་འོ་ན་སེམས་ཞེས་ཅིའི་ཕྱིར་ཞེ་ན། དེ་ལྡོག་པ་གཞན་དུ་ཐ་མི་དད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ས་བོན་ཐམས་ཅད་པ་དེ་ལས་ཡིད་དང་རྣམ་པར་ཤེས་པ་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་ན་ཀུན་གཞིའོ། །ཡང་གསུངས་པ་ཅིའི་ཕྱིར་ཀུན་གཞི་ཞེས་བྱ་ཞེ་ན། ཆོས་ཀྱི་བག་ཆགས་ཀྱི་ས་བོན་སྣ་ཚོགས་རྣམས་ཀྱིས། །ཀུན་ཏུ་བསགས་པའི་ཕྱིར། །ཆོས་རྣམས་ཀུན་གྱི་རྩ་བ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་འདིིར་གཙོར་སྨོས་སོ། །ལན་དུ་བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ལ་ཐོགས་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཤིན་ཏུ་ཕྲ་བའི་ཟབ་པའི་ཀུན་གཞི་བསྟན་པ་སྟེ། དེ་ཉིད་སྣོད་དུ་གྱུར་ཞིང་ཆུད་མི་ཟ་བར་རེ་བའི་ཕྱིར་རོ། །གཞན་དུ་ནི་ཞག་བདུན་པའི་བྱིས་པ་ལ། གཟུགས་སྣ་ཚོགས་བསྟན་པ་དང་། གླང་པོའི་ཁལ་རི་བོང་ལ་བསྐུར་བ་ལྟ་བུའོ། །འོ་ན་ཅིའི་ཕྱིར་ཀུན་གཞི་དང་སེམས་ཐ་མི་དད་དོ་ཞེ་ན། སེམས་ཀྱི་རང་བཞིན་དང་མཚན་ཉིད་བཤད་ན་ནི། ཀུན་གཞི་ཉིད་དུ་འདུ་ལ། ཀུན་གཞིའི་རང་བཞིན་དང་མཚན་ཉིད་བཤད་ན་ནི་སེམས་དང་སེམས་སུ་གྱུར་བས་འོན་ཀྱང་དེ་ཐ་མི་དད་པས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །དེར་རྒོལ་ཏེ། འོ་ན་ཚོགས་དྲུག་ལ་ཡང་རྣམ་པར་ཤེས་པ་ཞེས་ཟེར་ཏེ། དེ་དང་ཐ་དད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དེ་དག་གི་རྣམ་པར་ཤེས་པ་དེ་ཡང་ཀུན་གཞི་སེམས་དང་གཅིག་སྟེ་ཀུན་གཞི་ལས་ལངས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་ཞེ་ན། ཆོས་རྣམ་ཀུན་གྱི་རྩ་བ་སྟེ། རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ནོ་ཞེས་བྱའོ། །དེའི་ཕྱིར་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་ཤེས་བྱའི་གནས་ལ་ཚིག་གི་རྣམ་གྲངས་ནི་མང་སྟེ། ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་དགོངས་པ་རྣམ་པར་འགྲེལ་པ་ལས་གསུངས་པ། སེམས་ཉིད་དང་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དང་། རྩ་བའི་རྣམ་པ་རང་ཤེས་པ་ཉིད་དུ་ཡང་ཐེག་པ་ཆེན་པོ་ལས་བསྟན་ལ། ཡང་ཉན་ཐོས་ལ་ཡང་སྟེ་སྐྱེས་བུ་དེ་ལ་དགའ་བའི་ཤེས་རབ་ཅན་ལ་སྟེ། འཁོར་བ་ཇི་སྲིད་པའི་ཕུང་པོ་ཉིད་དུའོ། །རང་བྱང་ཆུབ་ཀྱི་ཐེག་པ་གང་དེ་ལ་དགའ་བ་ལ་ཡང་བསྟན་ཏེ། སྲིད་པའི་ཡན་ལག་ཏུ་བསྟན་པ་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །ཉན་ཐོས་ལ་ནི་ཇི་ལྟར་བསྟན་ཞེ་ན་གསུངས་པ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་སོ། །དེ་ལ་ཡང་ལ་ལ་འདི་སྙམ་དུ། སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་ནི་གཅིག་སྟེ། སྒྲ་ཐ་དད་དོོ་སྙམ་ན། དེ་ལྟར་མ་ཡིན་ཏེ། ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་དོན་ཐ་དད་པར་འགྱུར་རོ། །དེ་ཡང་ལུང་ལས། མདོར་བསྡུས་རྣམ་པ་གསུམ་དུ་འགྱུར། ཞེས་པ་ནི། རང་གི་མཚན་ཉིད་དང་། རྒྱུ་དང་འབྲས་བུའོ། །དེ་ལ་རང་གི་མཚན་ཉིད་ནི། ཀུན་ནས་ཉོན་མོངས་པའི་ཆོས་ཅན་ཐམས་ཅད་ཀྱི་བག་ཆགས་ལ་བརྟེན་ནས། ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས། དེ་དག་བསྐྱེད་པའི་རྒྱུའི་མཚན་ཉིད་དོ། །དེ་ལ་རྒྱུ་དེ་ཉིད་ཀྱི་མཚན་ཉིད་ནི། དེ་ལྟར་ཀུན་གཞི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་གི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་གནས་པ་ཡིན་ནོ། །འབྲས་བུར་གཞག་པ་ནི། ཀུན་གཞི་རྣམ་པར་ཤེས་པའི་ཀུན་ནས་ཉོན་མོངས་པའི་ཆོས་དེ་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །དེ་ལ་འོ་ན་བག་ཆགས་ནི་ཐ་དད་པ་མ་ཡིན་ལ། སྣ་ཚོགས་པ་ཡང་མ་ཡིན་ན། ཆོས་ཐ་དད་པ་སྣ་ཚོགས་པ་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན། དཔེར་ན་རས་སྣ་ཚོགས་པར་མི་སྣང་བ་ལ། ཚིག་གུ་རྩི་སྣ་ཚོགས་པའི་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ། ཕྱིར་ལ་ཚོན་སྣ་ཚོགས་པ་བྱེ་བྲག་ཐ་ད ད་པའི་རྣམ་པ་སྣ་ཚོགས་པ་དུ་མ་སྟོན་པ་དེ་བཞིན་དུ། ཀུན་གཞིའི་བག་ཆགས་སྣ་ཚོགས་ཀྱིས་བསྒོས་པ་ཡང་། བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ན་ཡང་། འབྲས་བུ་མངོན་པར་གྲུབ་པའི་ཚེ། ཆོས་སྣ་ཚོགས་ཚད་མེད་པ་དག་སྟོན་ཏེ། དེའི་ཕྱིར་ན། ཆོས་རྣམས་ཀྱི་རྩ་བ་ཡིན་ཞེས་བྱའོ། །འོ་ན་དེ་ལྟར་རྩ་མེད་པའི་སེམས་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ན། སེམས་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སེམས་ནི་བྱང་ཆུབ་ཆེན་པོའི་ངོ་བོ་གདོད་ནས་མ་སྐྱེས་ཀྱང་། སྐྱེ་བའི་ཆོ་འཕྲུལ་ཅན་ཐམས་ཅད་འབྱུང་བའི་བདག་ཉིད་ཅན་ཡིན་ཏེ། དེ་ལྟར་རྒྱུད་ཕྱི་མ་ལས་གསུངས་པ། སེམས་ཉིད་དེ་ནི་ཇི་ལྟ་བུ། །བྱང་ཆུབ་དེ་ནི་སེམས་ཡིན་ནོ། །སེམས་དང་བྱང་ཆུབ་དབྱེར་མེད་པས། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་དང་བྱང་ཆུབ་ཉིད་དུ་འདུས། །ཞེས་གསུངས་ཏེ། སེམས་སྐྱེ་བ་མེད་པའི་ངོ་བོ་ནི་བྱང་ཆུབ་ཆེན་པོའི་རང་བཞིན་ཡིན་ལ། སེམས་དང་བྱང་ཆུབ་ཀྱི་རང་བཞིན་དུ་ནི། འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་འདུས་ཤིང་དབྱེར་མེད་པར་བསྟན་པ་ཡིན་ནོ། །དེ་ལྟར་བས་ན། སེམས་ཉིད་རང་བཞིན་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཡི་གེའོ་ཞེ་ན། ཡི་གེའི་རང་བཞིན་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྤྲིན་ལྟ་བུ་ཡིན་ནོ། །ཞེས་བྱ་སྟེ་ཚིག་དེ་དག་གིས་ནི། སེམས་དང་ཆོས་དང་ཡི་གེ་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ལས། ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་འབྱུང་བར་སྟོན་པ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། སྒྱུ་འཕྲུལ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱང་། དྲྭ་བའི་དཀྱིལ་འཁོར་གྱི་ལྷ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོར་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟ་ཡང་གནས་སྐབས་ཀྱི་དབང་ངོ་། །དེའི་ཕྱིར་ན། ཕྱོགས་བཅུ་དུས་བཞིར་གཤེགས་པའི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི། །དཀྱིལ་འཁོར་ཐམས་ཅད་ཀྱང་སེམས་དང་ཡི་གེ་བྱང་ཆུབ་ཏུ་དབྱེར་མེད་པ་ལས་གྲུབ་པར་གྱུར་ན། ཐུན་མོང་གི་དངོས་གྲུབ་ལ་སོགས་པ་ལྟ་ཅི་སྨོས་ཞེས་བྱའོ། །ཅིའི་ཕྱི་བླ་ན་མེད་པའི་བྱང་ཆུབ་འདོད་པའི་རྣལ་འབྱོར་པས། ཐུན་མོང་གི་དངོས་གྲུབ་བསྒྲུབ་པར་བྱ་ན། བྱང་ཆུབ་ཆེན་པོའི་དོན་དང་འགལ་བར་མི་འགྱུར་རམ། འོ ན་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཉིད་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པར་མི་བྱེད་དམ་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཉིད་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་མོད་ཀྱང་། བྱང་ཆུབ་ཐོབ་པའི་སྐབས་སུ། །རྣལ་འབྱོར་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་ཆེན་པོའི་དོན་དང་ཡང་འགལ་བར་མི་འགྱུར་རོ། །དེ་ལྟར་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ཡང་གང་ཞེ་ན། བདུད་རྩིར་འབྱུང་ཞིང་འགྱུར་བ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་བདུད་རྩིར་འགྱུར་བ་ནི་དུག་སྟེ། གང་དུག་གི་དངོས་པོ་དང་སྨན་རྣམ་ལྔ་དག་པར་བནྡྷའི་ནང་དུ་བརྩལ་ནས་མདུན་དུ་གཞག་སྟེ། འོག་ནས་འབྱུང་བའི་རིམ་པས་བདག་རྡོ་རྗེའི་ཆོ་ག་ལྔས་བསྐྱེད་ནས། ཡུམ་ཉེ་བའི་བསྙེན་པ་དང་ལྡན་པར་བྱས་ཏེ། བདག་ཡབ་ཡུམ་གྱི་ལྷག་པའི་བྱང་ཆུབ་སེམས་ལས། ཡུམ་གྱི་གསང་གནས་སུ་ཉི་ཟླའི་དཀྱིལ་འཁོར་ལ་ཡི་གེའི་ཕྲེང་བ་ཉིས་བརྩེག་པར་བསྒོམས་ལ། དེ་ལས་འདོད་ཆགས་ཆེན་པོའི་དགའ་བ་གཡོས་པས། དེའི་འོད་ཟེར་སྤྲིན་ལྟར་འཁྲིགས་པ་དེ། ཡུམ་གྱི་བ་སྤུའི་བུ་ག་ནས་འཕྲོས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཁྱབ་ནས། དེ་ལ་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་ཛྙཱ་ནའི་འོད་ཟེར་ལྷག་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་བསྡུས་ནས། སླར་འདུས་པ་དེས་དུག་གི་དངོས་པོ་དེ་ཉི་བསྲེགས་ནས། ཨའི་དངོས་པོར་སྣང་ཞིང་འོད་འབར་བར་བྱའོ། །དེ་བཞིན་དུ་ཡང་འཕྲོས་ཤིང་འདུས་པ་ན་བསྟིམས་ནས་ཟླ་བའི་དཀྱིལ་འཁོར་ཉིད་དུའོ། །དེ་བཞིན་དུ་ཡང་འཕྲོས་ཞིང་འདུས་པ་ལས། ཨ་ཡིག་དང་ཀ་ཡིག་གཉིས་སུའོ། །དེ་ལས་འོད་འཕྲོས་པས་ལོ་ཀ་དྲུག་གི་ཕྱོགས་བཅུར་གནས་པའི། སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་བསྐུལ་ནས། དེའི་ཡེ་ཤེས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཐིམ་པས། ཨ་ཡིག་དང་ཀ་ཡིག་ཀྱང་འོད་དུ་ཞུ་ནས། དཀར་ལ་ཤིན་ཏུ་དང་བའི་ཡེ་ཤེས་ཀྱི་བདུད་རྩིར་བསྒོམས་ནས། དུག་ནི་བྱང་ཞིང་བདུད་རྩིར་འགྱུར་རོ། །ཡང་ན་ཡི་གེ་ལས་དཀྱིལ་འཁོར་དུ་གྱུར་ནས། དེ་ཐབས་དང་ཤེས་རབ་རོལ་བའི་ལྷག་པའི་བྱང་ཆུབ་སེམས་འཕྲོ་ཞིང་འདུ་བ་ལས། དཀྱིལ་འཁོར་ཐམས་ཅད་ཀྱང་འདོད་ཆགས་ཆེན་པོའི་མེས་ཞུ་ནས། དཀར་ལ་དྭངས་པའི་བདུད་རྩིར་གྱུར་པའོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས་ཀྱང་གསུངས་པ། བདུད་རྩི་མཆོག་ནི་མཉམ་པ་ཆེན་པོའི་དབྱིངས་སོ། །བདུད་རྩིའི་དོན་ནི་སྐྱེ་བ་མེད་པའི་ཆོས་ཉིད་དོ། །བདུད་རྩིའི་གནས་ནི་བྱང་ཆུབ་ཀྱི་སེམས་རྣམས་པ་གཉིས་སོ། །བདུད་རྩིའི་ལས་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་སྦྱོང་པའོ། །གཞན་ཡང་རྐྱེན་ལས་བྱུང་བའི་དུག །རྩ་བའི་དུག་དང་སྦྱར་བའི་དུག །ཀླུ་དུག་སྤོས་གཏོང་དུག་ལ་སོགས། །ཐུགས་རྗེས་ཆེན་པོའི་བྱིན་རླབས་ཀྱིས། །དུག་རྣམས་ཐམས་ཅད་དབྱུང་བའི་ཕྱིར། །དཀྱིལ་འཁོར་ཐམས་ཅད་བསྒོམ་པའི་ཕྱིར། །ཞེས་གསུངས་ཏེ། ཡང་རྫས་ལས་བསྒྲུབས་པ་དེ་དག་གི་ནི་མཚན་མ་ལས་གྱུར་པ་ཡིན་ཏེ། ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་ལྷག་པའི་བྱང་ཆུབ་སེམས་ཉིད་ཟླའི་དཀྱིལ་འཁོར་ལ། གསང་བའི་ཡིག་འབྲུ་བཀོད་དེ། དེ་ལས་ཅི་ཡང་གཞན་དུ་འགྱུར་པ་ལས་འགྲུབ་ཅེས་བྱའོ། །དེ་ལྟར་ཡང་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་དེས། གང་གསོ་བར་བྱ་བའི་བསྒྲུབ་བྱ་ལ་བླུད་ན། དུག་དང་ནད་དང་གདོན་ལ་སོགས་པའི་ལུས་ཀྱི་དབང་པོ་ལ་གནས་པ་ནི་དེ་ལས་དབྱུང་ཞིང་སེམས་ཅན་གྱི་ནད་བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡང་སེལ་བར་བྱེད་དོ་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས་ཀྱང་། བདུད་རྩི་རྣམ་པ་ལྔའི་ཡོན་ཏན་གསུངས་པ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །དུག་གསུམ་སྡུག་བསྔལ་མེད་པ་དང་། །བསྐལ་པར་ཚེ་ཚད་གནས་པ་དང་། །མི་གནས་དངོས་གྲུབ་ཐོབ་འགྱུར་ཞིང་། །ཚོགས་གཉིས་རྫོགས་པར་ཡང་དག་གསུངས། །ཞེས་པའི་ཕྱིར་རོ། །ཡང་ཐབས་དང་ཤེས་རབ་བྱང་ཆུབ་ཀྱི་སེམས་ཉི་ཟླ་ཡིག་འབྲུ་དང་བཅས་པ་དེ་ལ། འོད་ཟེར་གྱི་ཕྲེང་བ་རབ་ཏུ་གཡོས་པས་འཕགས་པ་ལ་མཆོད་ཅིང་སེམས་ཅན་གྱི་ངན་སོང་གི་རྒྱུད་སྦྱངས་པར་བསྒོམས་ན། དེ་ཉིད་ཀྱི་རྒྱུ་མཐུན་པའི་འབྲས་བུས། ཚེ་འདི་ཁོ་ནར་ཇི་ལྟར་འདོད་པ་བཞིན་དུ་འདོད་པའི་ལོངས་སྤྱོད་ཀྱི་འབྲས་བུ་བསམས་པ་མེད་པར་འདུ་ཞི ང་དེ་ལྟར་དེ་དག་དང་ལྡན་པས་ན། ཉོན་མོངས་པ་མི་སྐྱེ་བས་གཞན་ལ་ཡང་ཕན་འདོགས་པས། ལོངས་སྤྱོད་འབྱུང་བར་འགྱུར་ཞིང་ངན་སོང་སྦྱོང་ངོ་། །ཡང་ན་ངན་འགྲོར་ལྟུང་བ་དག་ལ། གསང་བའི་སྒྱུ་འཕྲུལ་བསྒོམས་ཏེ། ཡེ་ཤེས་ཀྱི་འོད་ཟེར་གྱིས་སྦྱང་བར་བྱའོ། །རྒྱུད་ཕྱི་མ་ལས་ནི་བདུད་རྩི་ལྔ་པོ་དེ་ཉིད་ཡེ་ཤེས་ཀྱི་འོད་ཟེར་ལྔས་སྦྱངས་ནས། རྣལ་འབྱོར་པས་འཐུངས་ན་ངན་སོང་གསུམ་གྱི་སྒྲིབ་པ་སྦྱངས་སོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ནད་ཐམས་ཅད་འབྱོང་བར་གྱུར་རོ་ཞེས་གསུངས་ཏེ། དེ་ལྟར་ཡང་གསུངས་པ། འོད་འཕྲོ་འབར་ཞིང་ཕྱོགས་བཅུར་འཕྲོ། །སླར་འདུས་འོད་འཕྲོ་བདུད་རྩི་འབར། །ཤིན་ཏུ་གསལ་ཞིང་རྩེ་གཅིག་བསྒོམ། །ཡི་གེ་འབྲུ་ཚོགས་སྔགས་བཟླས་ཤིང་། །འཐུངས་ན་ངན་སོང་སྒྲིབ་པ་བྱང་། །ཞེས་གསུངས་པའི་ཕྱིར་རོ། །ཐུན་མོང་གི་དངོས་གྲུབ་གཞན་ཡང་འགྱུར་བའི་ཕྱིར་རོ། །ཡང་། ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་བྱ་བ་གསུངས་ཏེ། ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་གོང་དུ་གསུངས་པ་ལྟ་བུའི་རིམ་པས་བྱིན་གྱིས་བརླབས་ནས། འཕགས་པ་དང་མཁའ་འགྲོ་དང་མི་མཐུན་པའི་ཕྱོགས་ལ་གཏོར་བར་བྱས་ན། ཅི་ཡང་གཞན་དུ་འགྱུར་པ་འགྲུབ། ཅེས་བྱ་སྟེ། ལོ་ཀ་དང་ལོ་ཀ་ལས་འདས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས་གསུངས་པ། རྟག་ཏུ་བརྟེན་ན་དངོས་གྲུབ་ནི། །ནད་རྣམས་ཐམས་ཅད་བྱང་བ་དང་། །ལྷ་ལ་མཆོད་པས་གཉིས་མེད་འགྱུར། །དྲག་པོ་གཏུམ་པོ་ལྷན་ནེར་འགྱུར། །སངས་རྒྱས་གོ་འཕང་ཐོབ་འགྱུར་ན། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྒྱུ་འཕྲུལ་དེ་ཁོ་ན་ཉིད་ལས། གྱེན་པོ་ལ་ཡར་བསྟེབ་པའི་ཆུ་གཙང་མ་ཁམ་ཕོར་གང་བཅུས་པ་དང་། བདུད་རྩི་རྣམ་པ་ལྔ་སྦྱར་ལ་མདུན་དུ་བཞག་ནས། གོང་དུ་གསུངས་པའི་སྒྱུ་འཕྲུལ་གྱི་ཡི་གེ་ཕྲེང་བ་གཉིས་ཀྱང་མ་འཕོས་བཞིན་དུ། སྒྱུ་འཕྲུལ་གྱི་འཕྲོ་འདུའི་ཕྲེང་བ་ཕྱུང་ལ། ཆུ་དང་བདུད་རྩི་རྣམ་པ་ལྔ་ཁམ་ཕོར་མཚན་དང་ལྡན་པའི་ནང་ན་གནས་པར་བསྒོམ་ལ། ཡེ་ཤེས་ཀྱི་ཡིག་འབྲུ་ལྷའི་རང་བཞིན་ཇི་ལྟ་བ་བཞིན་དུ་བསྒོམས་ཤིང་འཕྲོ་འདུ་བྱས་པས། ཡི་གེ་ཡང་རྡོ་རྗེ་རྒྱ་གྲམ་མང་པོ་རྡུལ་འཕྲ་རབ་ལྟ་བུའི་རྡུལ་དང་དབྱེར་མེད་པར་གྱུར་པར་བསྒོམ། ནམ་དེ་ཉིད་སྲ་བ་དང་། དེ་ལས་སྐྱེས་པའི་ཚུལ་གྱིས་ནམ་མཁའ་ལ་བསྒོམས་ཏེ། ནམ་མཁའ་ཉིད་དུ་མ་གྱུར་བར་དུ་བསྒོམས་ལ། དེ་ཉིད་ཀྱི་བར་དུ་འཆག་པར་བྱ་སྟེ། བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་རྐང་པའི་གནས་ཐམས་ཅད་དུ་ནི། དོན་ཡོད་གྲུབ་པར་ང་རྒྱལ་བསྐྱེད་ལ། རྐང་པ་གཉིས་ཀྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་འཆག་པར་བྱ་སྟེ། རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་འགྲོ་བར་བྱའོ། །དེ་ནས་ནམ་མཁའ་ཡང་རྡོ་རྗེ་ལྟ་སྲ་བར་འགྱུར་རོ། །ཡང་བདུད་རྩི་རྣམ་པ་ལྔ་ཁམ་ཕོར་ཁ་སྦྱར་བའི་ནང་དུ་བླུགས་ལ། བདུད་རྩི་རྣམ་པ་ལྔའི་དཀྱིལ་འཁོར་གྲུ་བཞི་པའི་དཀྱིལ་འཁོར་གྱི་ཐོག་ཏུ་བཞག་སྟེ། དེའི་ནང་དུ་ཡང་ཉི་ཟླའི་དཀྱིལ་འཁོར་བསྒོམས་ཏེ། གསང་བའི་ཟླ་བའི་སྒྱུ་འཕྲུལ་ཕྱིར་འབྱུང་བ་དང་། དབྱེར་མེད་པར་བྱ་སྟེ། དབང་ཆེན་གསེར་གྱི་གཞི་ལཾ་གྱི་ས་བོན་ལས་སྐྱེས་པ་ལས་འོད་ཕྱུང་སྟེ། ཡཾ་གྱི་ས་བོན་ལས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་བསྐྱེད་པས། རཾ་ལས་བསྐྱེད་པའི་མིའི་དཀྱིལ་འཁོར་གྲུ་གསུམ་འབར་བས། ཁམ་ཕོར་སྦྱར་བ་ལྔའི་ནང་གི་བདུད་རྩི་རྣམ་པ་ལྔ་དང་། སྒྱུ་འཕྲུལ་གྱི་ཡི་གེ་རྣམ་པར་བསྲེགས་པས། དེ་ཉིད་ལས་དང་པོ་དུ་བ། གཉིས་པ་ལས་མེ་ལྕེ། གསུམ་པ་ལས་མེའི་ཕུང་པོ་ཉིད་དུ་བསྒོམས་ནས། ཡེ་ཤེས་ཀྱི་མེ་འབར་ནས་འཇིག་རྟེན་པའི་མེ་ཡང་ཚིག་པའོ། །རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྒྱུ་འཕྲུལ་གྱིས་ནི། ཡེ་ཤེས་ཀྱི་ཆུར་གྱུར་ནས་འབབ་པའོ། །དོན་ཡོད་གྲུབ་པ་དང་སྒྲོལ་མ་གཉིས་ཀྱི་ཏིང་ངེ་འཛིན་གྱི་སྒྱུ་འཕྲུལ་གྱིས་ནི། འཇིག་རྟེན་གྱི་ཁམས་གཏོར་ཏོ། །མི་བསྐྱོད་པ་དང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་གཉིས་ཀྱི་ཏིང་ངེ་འཛིན་གྱིས་ནི། ཐམས་ཅད་སྟོངས་ཤིང་ལྟུང་བའོ། །གཞན་ཡང་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བཞི་སྟེ། སྒྱུ་འཕྲུལ་དེ་ཉིད་ཀྱིས་དགུག་པ་ནི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་གྱི་བུ་མོ་ལ་སོགས་པའོ། །ཡང་ན་བསྒྲུབ་པར་བྱ་བ་ལ་ཡང་དགོངས་པའོ། །དེ་ལྟར་ཡང་དགུག་ནུས་པ་དེ་ཉིད་སླར་གཏོང་ཡང་ནུས་པའོ། །དགྲོལ་བ་ནི་རིགས་སྔགས་ཀྱི་སྐུ་ལ་སོགས་པའོ། །ཡང་སྒྱུ་འཕྲུལ་ལས་ལྕགས་ཀྱུའི་ཏིང་ངེ་འཛིན་གྱིས། དགུག་པའོ། །ཞགས་པ་དང་ལྕགས་སྒྲོག་གི་ཏིང་ངེ་འཛིན་གྱིས་ནི། བཅིང་པའོ། །དྲིལ་བུའི་ཏིང་ངེ་འཛིན་གྱིས་ནི། དགྲོལ་བའོ། །གསོ་བ་ནི་ནད་ལ་སོགས་པའོ། །གང་སྲིད་པ་བར་མ་ཚུན་ཆད་དུ་གནས་པ་དེ་ལ། གོང་གི་རིམ་པ་དང་། །དེ་ཉིད་ཀྱི་ཆེ་བ་ལ་སོགས་པས་བསྐྱེད་བའོ། །གསོད་པ་ནི་བསྟན་པ་ལ་གནོད་པ་སྟེ། སྒྱུ་འཕྲུལ་ལས་བསྒྲུབ་བྱ་བཀུག་སྟེ། དེའི་གཟུགས་ལ་དབབ་སྟེ། ཕྱིར་འབྱུང་པའི་དོན་གྱིས་ཕུར་པ་བཏབ་ལ། དྲག་པོའི་ཧོཾ་ཁུང་དུ་བསྲེགས་པའོ། །བྃ་ནི་ཕ་རོལ་གྱི་སྡེ་འཇིག་པར་བྱེད་པ་སྟེ། སྒྱུ་འཕྲུལ་ལས་འོད་ཟེར་དམར་པོའི་སྣ་ལས་སྣང་བ་མཐའ་ཡས་ཀྱི་དབུས་ཀྱི་གཙོ་བོ་བྱས་པའི་ལྷའི་ཆ་ལུགས་ཐམས་ཅད་དམར་པོར་གནས་པ་ལས། ཕ་རོལ་གྱི་སྡེ་ལ་ཐིམ་ནས། དེའི་ལུས་ངག་སེམས་དང་དབྱེར་མེད་ནས། འོད་ཟེར་སླར་འདུས་ནས་ཕ་རོལ་གྱི་སྡེ་ཐམས་ཅད་བདག་གི་དབང་དུ་བྱའོ། །ཡང་ན་འོད་ཟེར་ལས་མི་བསྐྱོད་པ་སྐུ་མདོག་གནག་པ། དབུས་ཀྱི་གཙོ་བོར་བྱས་པའི་དཀྱིལ་འཁོར་གྱི་ལྷ་ལ་ཐིམ་ནས། དེའི་སེམས་དང་དབྱེར་མེད་པར་གྱུར་པ་དང་། འོད་ཟེར་སླར་བསྡུས་ནས་ཕ་རོལ་གྱི་དྲན་པ་མེད་པར་བྱས་ནས། ཤགས་དང་གཡུལ་ལ་སོགས་པས་ཀྱང་ཕ་རོལ་ཕམ་ནས། སྙིང་རྗེ་ཆེན་པོས་སྟན་པ་སྲུང་བའི་རྣལ་འབྱོར་བ་རྒྱལ་དང་བྱའོ། །དེ་ལྟ་བུ་དེ་ཡང་ཏིང་ངེ་འཛིན་འདི་ཡིས་བྱེད་པར་འགྱུར་རོ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་རྒྱུ་དེ་ཉིད་ཀྱང་གང་ལས་བྱུང་བ་ཡིན་ཞེ་ན། དེ་ཉིད་ཡེ་ཤེས་རང་སྣང་བའི་ངང་ལས། སྒྲ་ཡིག་དང་ཀ་ཡིག་ལས། མིང་དང་ཚིག་གི་ངོ་བོ་དང་། ཡི་གེའི་གཟུགས་ལ་སོགས་པའི་ཡིག་འབྲུ་བཞི་བཅུ་རྩ་གཉིས་ལྷ་བཞི་བཅུ་རྩ་གཉིས་ཀྱི་རང་བཞིན་དེས་ནི། ཐམས་ཅད་ནས་ཐམས་ཅད་དུ་འགྲུབ་པར་འགྱུར་བས། ཡིད་བཞིན་གྱིས་ཞེས་བྱའོ། །དཔེ་ཇི་ལྟར་ཞེ་ན། མུན་པ་སྣང་བྱུང་ཞེས་ཏེ། མུན་པ་ལ་སྣང་བ་དང་སྒྲོན་མེ་བྱུང་ན། མུན་པ་རང་གི་ཆོས་ཉིད་ཀྱིས་དྭངས་པར་བྱེད་པ་དང་། གསེར་འགྱུར་གྱི་རྩིས་ཟངས་སྲང་སྟོང་དུས་གཅིག་ཏུ་གསེར་དུ་བྱེད་པ་དེ་གཞིན་དུ། སྟོན་པ་རྡོ་རྗེ་སློབ་དཔོན། མཆོད་པ་ལ་བརྩོན་པ་དང་། རྣལ་འབྱོར་པ་ཉིད་ཀྱི། རྟོགས་པ་བསལ་བ་དང་། ལེའུ་དགུ་པ་ལས་གསུངས་པའི། དམ་ཚིག་དང་སྡོམ་པ་དང་ལྡན་པ་དང་། རྒྱུད་ལ་མོས་པས། སྔགས་དང་ཕྱག་རྒྱ་རྣམས་མ་ཉམས་ཤིང་། རྒྱུད་ཐམས་ཅད་ཀྱི་དོན་ཤེས་ཤིང་ཕྱི་ནང་གི །ཡོ་བྱད་ཐམས་ཅད་དང་ལྡན་ན། འགྲུབ་པར་འགྱུར་གྱི་དེ་དག་དང་། མི་ལྡན་པ་ནི་ཅི་བྱས་པ་ཐམས་ཅད་ལ་དོན་མེད་ཅིང་། བདག་གི་ལུས་སེམས་ཀྱི་རྒྱུད་ཉིད་བརླག་པར་འགྱུར་རོ་ཞེས་བྱའོ། དེ་ལྟར་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ཏིང་ངེ་འཛིན་ཡིན་པར་མ་ཟད་ཀྱི། མཆོག་གི་དངོས་གྲུབ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཡང་། ཏིང་ངེ་འཛིན་ཡིན་པར་ཚིག་བརྒྱད་ཀྱིས་བསྟན་པའི་ཕྱིར། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཐུགས་སུ་ཆུད་པའི་དངོས་གྲུབ་མཆོག་གི་སྙིང་པོ། མི་གནས་པ་མྱ་ངན་ལས་འདས་པ་དེ་ནི་ཟད་པའི་དུས་མེད་ཅེས་བྱའོ། །དཔེ་ཇི་ལྟར་ཞེ་ན། ཡིད་བཞིན་གྱི་མཛོད་དོ། །ཅིའི་ཕྱིར་ཞེ་ན། འཕེལ་འགྲིབ་མེད་ཅེས་བྱ་བ་གསུངས་ཏེ། རབ་ཏུ་བརྟན་པའི་ཨ་དང་འདྲ། །ཞེས་བྱའོ། །དེ་ལྟར་སེམས་ཀྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི། དོན་དམ་པར་དངོས་པོ་མེད་པའི་ནམ་མཁའི་དབྱིངས་བཞིན་དུ་བཞུགས་པ་ཡིན་དུ་ཟིན་ཀྱང་། དོན་དམ་པའི་ཀུན་རྫོབ་ཏུ་ཇི་ལྟར་བསམས་པ་བཞིན་དུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་པོའི་སྤྲིན་རྣམ་པ་སྣ་ཚོགས་པར་ཏིང་ངེ་འཛིན་ཉིད་ལས་འབྱུང་ཞིང་འགྲོ་བའི་དོན་དུ་འགྱུར་རོ། །ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ལྟར་ཐུན་མོང་གི་དངོས་པོ་རྣམས་ཀུན་རྫོབ་ཀྱི་བདེན་པ་ལ་སྣང་བའི་བདག་ཉིད་དེ་དག་ཀྱང་། དོན་དམ་པར་རང་བཞིན་མེད་པ་ཡིན་ལ། དེ་ལྟར་ཡང་དངོས་པོ་དེ་དག་དངོས་པོ་མེད་པར་རྟོགས་ཤིང་དབང་སྒྱུར་པ་དེ་ཉིད་ཏིང་ངེ་འཛིན་ཡིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ཉིད་ཀྱང་གང་དང་གང་ཞེ་ན། དེ་ཉིད་ཀྱི་དོན་ཚིག་ཉི་ཤུས་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་གཞི་བསྟན་པའི་ཕྱིར། གང་གིས་དམིགས་མེད་མི་ཤེས་པ། དེ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་གྲུབ་ཡ་མཚན་ཆེན་པོ་འགྱུར། །ཞེས་བྱ་བའི་བར་དུ་ཇི་སྙེད་པའོ། །དེ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གང་གིས་ཞེས་བྱ་ནི་གང་ཡང་རུང་སྟེ་སྤྱིའོ། །དེས་སྟོང་པ་ཆེན་པོའི་རང་བཞིན། དམིགས་སུ་མེད་པའི་དོན་མི་ཤེས་ན་ནི། རྣལ་འབྱོར་པ་དེ་ཡིས་ཆོས་ཀྱི་དབྱིངས་ཀྱང་མི་ཤེས་ཞེས་བྱ་སྟེ། དེ་ཤེས་པར་བྱ་དགོས་པ་དེའི་ཕྱིར། ཕྱི་ནང་སྣོད་བཅུད་དུ་སྣང་བའི་དངོས་པོ་ཐམས་ཅད་དངོས་པོ་མེད་པར་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་འཇིག་པས་དེའི་ཕྱིར། དེ་དག་དམིགས་སུ་མེད་པར་ཤེས་པར་གྱིས་ཤིག །དེ་ལྟར་ཕྱི་གཟུང་བའི་ཡུལ་གཞིགས་ནས། ད་ནི་ནང་འཛིན་པའི་སེམས་གཞིག་པར་བྱ་སྟེ། དེའི་ཕྱིར་ཡང་གསུངས་པ་གཞི་རྩ་མེད་པའི་སེམས་ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་འདིར་ཀུན་གཞིའི་རྣམ་པར་ཤེས་པར་གཙོར་སྨོས་ན། དེ་ནི་ཐེག་པ་ཆེན་པོ་ཉིད་ཀྱི་ཕྱིར་ན་སྟེ། ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་ནི། ཕོ་དང་མོ་དང་མ་ནིང་དང་མཚན་མ་མེད་པ་དང་། རིགས་རྒྱུད་པ་ཡང་མ་ཡིན། འོ་ན་ཁ་དོག་ལྔ་དང་། དབྱིབས་བརྒྱད་དུ་ཡིན་ནམ་ཞེ་ན་མ་ཡིན་ནོ། །འོ་ན་ཚོགས་དྲུག་པའི་གནས་ཙམ་ཡིན་ནམ་ཞེས་ན་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། དེ་གང་ཡང་མིན་ནོ། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་ཞེས་བྱའོ། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ནི། ཡང་ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ་སྟེ། དང་པོ་འབྱུང་བ་ཉིད་ཀྱི་ཕྱིར་ནའོ། །དེས་ནི་ཆོས་ཀྱི་སྐུའི་ས་བོན་དུ་གསུངས་པ་སྟེ། ཆོ་ག་དང་པོ་སྟེ། ཐབས་ལས་ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་ས་བོན་སྟོང་པ་ཆེན་པོ་ལས་ཟླ་བ་ཨ་ཡིག་དང་ལྡན་པ་དེ་ལས། ཐབས་དང་པོའི་རྡོ་རྗེ་འབྱུང་སྟེ། དེས་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུའོ། །ཐབས་བསམ་ཡས་ཞེས་བྱ་བ་ནི། བྱ་བ་བསྒྲུབ་པའི་ངོ་བོ་དཔལ་ཀུན་ཏུ་བཟང་པོ་དུས་དང་གནས་སྐབས་ཀུན་ཏུ་སྤྲུལ་པའི་སྐུ་རྒྱུན་མི་འཆད་པའི་དེ་དག་ཉིད་དུ་འབྱུང་ཞེས་བྱའོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ་དང་། དོན་དམ་པར་ཐ་དད་པ་མ་ཡིན་ན་ཡང་། ཀུན་རྫོབ་ཏུ། ཐ་དད་པའི་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། འབྱུང་བ་ཆེན་པོ་དེ་དག་ལ་ལྷག་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ལྔར་བསྒོམ་ཞིང་། །འབྱུང་བ་སོ་སོའི་མཚན་ཉིད་པ། །ཡུམ་ལྔ་དག་ཏུ་བསྒོམ་པར་བྱ། །དེའི་རིགས་ཡེ་ཤེས་ལྔ་ཉིད་དོ། །ཞེས་གསུངས་པས། འོན་ཏང་དེ་རྣམ་པར་དག་པ་ཡབ་ཡུམ་ལྔ་ལྔར་ཡང་དོན་དམ་པར་ཐ་དད་པ་མིན་ཡང་། ཀུན་རྫོབ་ཏུ་ཐ་དད་པའོ། །ནང་གི་དབང་པོ་གཟུགས་ཅན་ཏེ། དེ་རྣམ་པར་དག་པ་བྱམས་པ་ལ་སོགས་པ་བཞིའོ། །དེའི་ཡང་། ནང་ནི་རྣམ་པར་ཤེས་པ་གཟུགས་མེད་པ་སྟེ། ཡོངས་སུ་དག་པའི་སའི་སྙིང་པོ་ལ་སོགས་པ་བཞིའོ། །ཕྱི་རོལ་ནི་དེ་དག་གི་ཕྱིའི་ཡུལ་ཏེ་ལྷ་མོ་བརྒྱད་དོ། །དེའི་དོན་གྱིས་ནི་ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་ཡང་དཔལ་ཀུན་ཏུ་བཟང་པོ་དེའི་སྐུ་ལ་རྫོགས་ཤིང་ཚང་ཞེས་བྱའོ། །དེ་ལྟར་སྣོད་བཅུད་དང་དབང་ཡུལ་ཐམས་ཅད་རྣམ་པར་དག་པ་ལ་ནི། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་བྱའོ། །དེ་དག་གི་དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པ་གང་རང་གི་སྟན་ལ་འདུག་ནས། ཕུང་པོ་ལྔ་རང་རང་གི་གཏན་ཚིགས་ཀྱིས་སྟོང་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་འཇིག་རྟེན་གཉིས་རྡུལ་ཕྲ་རབ་ཏུ་བཤིགས་པ་དང་། དེ་ནས་དེ་ལྟར་ཕྱི་གཟུང་བའི་ཡུལ་གཏན་ལ་ཕབ་ནས། ནང་འཛིན་པའི་སེམས་གཏན་ལ་དབབ་པར་བྱས་ནས། ཆོས་ཀྱི་དབྱིངས་སྟོང་པ་ཆེན་པོའི་ཡེ་ཤེས་སུ་བསྒོམ་པ་ཆོ་ག་དང་པོའོ། །དེ་ཉིད་ལས་མ་འཕོས་པའི་ཚུལ་གྱིས་རབ་ཏུ་བརྟན་པའི་ཨ་ལས་ཉི་ཟླའི་དཀྱིལ་འཁོར་མཚན་དང་དཔེ་བྱད་ཀྱི་ཡིག་འབྲུས་བརྒྱན་པར་བསྒོམ་པར་བྱའོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོ་ག་གཉིས་པའོ། །ཡང་དེ་འོད་དུ་ཞུ་བ་ལས་འོད་ཀྱི་གོང་བུར་གྱུར་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་ཆོ་ག་གསུམ་པའོ། །དེའི་འཕྲོ་འདུ་ལས་ཧཱུྃ་གི་རྒྱུ་མཐུན་པའི་འབྲས་བུ་དང་པོའི་རྡོ་རྗེ་སོར་རྟོག་སྟེ་ཆོ་ག་བཞི་པའོ། །དང་པོ་རྡོ་རྗེ་དེ་ལས་སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་མཐར་ཐུག་པ་དང་། ཡེ་ཤེས་ཀྱི་སྐུ་འཇིག་པ་མེད་པའི་མཚན་ཉིད་དཔལ་ཀུན་ཏུ་བཟང་པོ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་ཆོ་ག་ལྔ་པའོ། །དེ་ལྟ་བུ་དེ་ལས་དབང་པོ་དང་རྣམ་པར་ཤེས་པ་སེམས་དང་འབྱུང་བ་རིགས་ཀྱི་ཡབ་ཡུམ་དུ་རྣམ་པར་དག་པ་དང་། དུས་དང་གནས་གཞི་དང་ཕྱིན་ཅི་ལོག་གི་མུ་བཞི་ཁྲོ་བོ་ཁྲོ་མོར་རྣམ་པར་དག་པ་སྟེ། ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དཀྱིལ་འཁོར་ལ་དཀྱིལ་འཁོར་རོལ་པ་སྟེ། དེ་ལྟ་བུའི་ཁྱད་པར་དང་ཁྱད་པར་ཅན་གྱི་དཔལ་ཀུན་ཏུ་བཟང་པོ་དེ་ལ་ནི། འཇིག་པ་མེད་པའི་དཔལ་ཀུན་ཏུ་བཟང་པོའི་ཕྱག་རྒྱ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །ད་ནི་གོང་མ་དེ་ལྟ་བུའི་ཁྱད་པར་དང་ཡོན་ཏན་བརྗོད་པར་བྱ་སྟེ། གང་གི་ཅེ་ན། ཚིག་དང་པོའོ། །གླང་ཆེན་མྱོས་པ་འདྲ་བའི་སེམས། །མཉམ་པར་བཞག་པར་བཏུལ་ནས་སུ། །ཞེས་པ་ནི་ཚིག་གཉིས་པའོ། །སྔགས་དང་ཞེས་པ་ནི་ཚིག་གསུམ་པའོ། །དངོས་གྲུབ་ཞེས་པ་ནི། ཚིག་བཞི་པའོ། །དངོས་གྲུབ་ནི་གཉིས་ཏེ། དེ་ལྟ་བུའི་ཐུན་མོང་དང་མཆོག་གི་དངོས་གྲུབ་དེ་ལྟར་བུ་དེས་ནི། དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ཐམས་ཅད་གཟིགས་མོས་མཉེས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ཉིད་ངེས་པ་ལས། ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྒྱུ་འཕྲུལ་བསྒྲུབ་པའི་ལེའུ་སྟེ། ལེའུ་ལྔ་པའི་བཤད་པ་རྫོགས་སོ།། ༈ །།སྐྱེ་བ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མངོན་དུ་བྱས་ལ། ཡང་མ་ཧ་ཡོ་གའི་འདོད་གཞུང་གཟུང་ནས་བསྐྱེད་པའི་གནས་དང་བཞུགས་པའི་ཁྱད་པར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དྲུག་པ་དཀྱིལ་འཁོར་སྤྲོས་པའི་ལེའུ་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །དེའི་ཁྱད་པར་གཞན་ཡང་ཅི་ལྟ་བུ་དང་ལྡན་ཞེ་ན། གཅིག་དང་དུ་མ་མེད་པའི་བདག་ཉིད་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་རྣམ་པ་ཐམས་ཅད་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ན། གཅིག་གི་རྣམ་པ་ཞིག་གམ་ཞེ་ན། རྨ་བྱའི་རི་མོ་ལྟ་དུ་མར་སྣང་ངོ་། །འོན་ཏེ་དེ་ཉིད་དུ་མའི་རྣམ་པར་ངེས་སམ་ཞེ་ན། དུ་མའི་རྣམ་པར་ཡང་མི་སྣང་སྟེ། ནམ་མཁའི་རི་མོ་ལྟ་བུའོ། །འོ་ན་ནམ་མཁའི་རི་མོ་ལྟར་ན་ནི། ཐ་སྙད་ཀྱི་རང་བཞིན་ཙམ་དུ་ཞེའམ། དེ་ལྟར་ཡང་མི་རུང་སྟེ། གཅིག་དང་དུ་མ་མེད་པའི་བདག་ཉིད་སྟོང་པ་ཆེན་པོའི་ངོ་བོ་དཔལ་ཀུན་ཏུ་བཟང་པོ་ཉིད་དེ། དེ་ལྟར་ཡིན་ན་ནི་ཐམས་ཅད་ཅེས་བྱ་བའི་ཚིག་གི་དོན་ནི། སངས་རྒྱས་ཐམས་ཅད་ལ་བྱ་ན། འདི་ལྟར་དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །ཞེས་བྱ་བ་དང་འགལ་བར་མི་འགྱུར་རམ། མི་འགྱུར་ཏེ། དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པ་སྒྱུ་མ་མཁན་ཉིད་ཁོ་ནའོ། །དེའི་ཡེ་ཤེས་ཀྱི་རང་བཞིན་གྱི་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར། ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་བྱའོ། །དེ་ལ་དཀྱིལ་འཁོར་ཞེས་བྱ་བའི་སྒྲ་ནི། དོན་གསུམ་སྟེ། རྣལ་འབྱོར་དབང་ཕྱུག་ན་ནི། རང་གི་རིག་པའི་ཡེ་ཤེས་མཐའ་དང་དབུས་མེད་པ་ནི་དཀྱིལ། དེ་ལས་ཡེ་ཤེས་བཞི་འཕྲོ་བ་ནི་འཁོར་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། གསང་བའི་དཀྱིལ་འཁོར་གྱི་དུས་སུ་ནི། རྡོ་རྗེ་སེམས་དཔའ་ནི་དཀྱིལ། རིགས་ཀྱི་དཀྱིལ་འཁོར་ནི་འཁོར་རོ། །རང་བཞིན་རྫོགས་པ་ཆེན་པོའི་དབང་དུ་ན་ནི། འཇིག་རྟེན་ལས་འདས་པ་ནི་དཀྱིལ། འཇིག་རྟེན་པ་ནི་འཁོར་རོ། །དེ་ལྟར་ཡང་གསུངས་པ། རང་རིག་མཐའ་དབུས་མེད་པས་དཀྱིལ། །ཡེ་ཤེས་བཞི་འཕྲོས་འཁོར་གྱིས་བསྐོར། །ཡང་ན། ཡེ་ཤེས་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལ་སོགས་འཁོར་གྱིས་བསྐོར། །འཇིག་རྟེན་འདས་པ་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་འཁོར་གྱིས་བསྐོར། །ཞེས་གསུངས་པའོ། །དེ་ཡང་ཇི་ལྟ་བུའི་གཞལ་ཡས་ཁང་ཞེ་ན། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་བྱ་བ་ལ། མཐའ་དང་དབུས་མེད་པའི་དཀྱིལ་ལོ། །དེ་ལྟར་ཡིན་གྱིས་ཀྱང་འགྲོ་བའི་དོན་གྱི་ཕྱིར་ཕྱོགས་བཞིར་བསྟན་ཏེ། མ་རིག་པའི་མུན་པས་ལྡོངས་པའི་སེམས་ཅན་ལ། ཡེ་ཤེས་ཀྱི་སྒྲོན་མེས་མ་རིག་པའི་མུན་པ་སེལ་བའི་ཕྱིར་ཤར་རོ། །རིག་པ་ཤར་བས་མ་རིག་པ་ནུས་པས་ནུབ་བོ། གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་སྡུག་བསྔལ་བྱང་བས་བྱང་ངོ་། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ལྷོ་ཕྱོགས་ཡོན་ཏན་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཉིད་ཁོ་ན་ལ་གཟུང་བའི་ཕྱིར། དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། ཞེས་བྱ་བ་གསུངས་ཏེ། ཡུལ་ཆོས་ཀྱི་དབྱིངས་ཇི་སྙེད་པ་ལ་བྱའོ། ། འདི་ལ་གནས་པའི་རྣལ་འབྱོར་བའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། ཞེས་བྱ་བ་ལ་སོགས་པ་གསུངས་པས། རང་བཞིན་རྫོགས་པ་ཆེན་པོའི་དོན་རྟོགས་པར་གྱུར་པའི་རྣལ་འབྱོར་པས། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་བྱ་བ་ལ་སོགས་པ་ཇི་སྙེད་པའོ། །ཕྱི་མ་ནི་གོ་སླའོ། །རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅིས་ཀྱང་མི་ཕྱེད་པ་ལས་བྱུང་བ་སྟེ། ཡེ་ཤེས་ལྔ་དང་རིགས་ལྔའི་བདག་ཉིད་རང་བཞིན་འགྱུར་བ་མེད་པས་ལས་ནི་ཡེ་ཤེས་ཀྱི་རང་བཞིན་པས་འབིགས་ཤིང་གཞན་དག་འཇོམས་པའོ། །འཁོར་ལོ་ནི་སྐུ་གསུང་ཐུགས་དང་ལྡན་པས། རྩིབས་ལྟེ་བ་མུ་ཁྱུད་དོ། །རིན་པོ་ཆེ་ནི་སྦྱིན་པ་རྣམ་བཞི་དང་ཚད་མེད་པ་བཞི་དང་འགྲོ་བའི་དོན་ཡིད་བཞིན་དུ་བྱེད་པའོ། །པདྨ་ནི་ཉོན་མོང་པ་ལྔ་དང་འདོད་པའི་ཡོན་ཏན་ལྔའི་སྐྱོན་གྱིས་མ་གོས་པའོ། །རལ་གྲི་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་བདག་དང་གཞན་གྱི་དོན་གྱི་ཕྱིར་ཤེས་རབ་བོ། ། དྲིལ་བུ ་ནི་སྒྲ་བརྙན་ལྟ་བུའི་མཚན་ཉིད་ཀྱིས་བདག་གཞན་གྱི་རྒྱུད་གྲོལ་བར་བྱེ་པའོ། །ཨུཏྤ་ལ་ནི་སྙིང་རྗེ་ཆེན་པོའི་ལས་ཀྱིས་འཁོར་བ་ཇི་སྲིད་བར་གནས་པའོ། །ཀླུ་ཤིང་ནི་བྱམས་པའི་ལས་ཀྱི་འབྲས་བུའོ། ། མྱུ་གུ་ནི་བདག་དང་གཞན་སེམས་བསྐྱེད་པའི་སྒྲོན་མེ་བྱེ་པའོ། །རལ་གྲི་ནི་ཤེས་རབ་ཀྱི་བདག་ཉིད་དོ། །པདྨ་དཀར་པོ་ནི་ཆོས་ཀྱི་རིགས་ཀྱི་དོན་མཚོན་པ་སྟེ། གཞན་དག་ལ་གདམས་པ་ལྟ་བུའི་ཆོས་ཀྱི་འཁོར་ལོ་ནི་བདེན་པ་བཞིའི་ངོ་བོ་རྩིབས་བཅུ་གཉིས་པ་སྟེ། འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་སྒྲིབ་པ་སེལ་བའི་ཕྱིར་རོ། །རིན་པོ་ཆེའི་སྙེ་མ་ནི་རྒྱུ་འབྲས་རྫོགས་པ་ཉིད་དུ་སྟོན་པའོ། །གཟུགས་མཛེས་པར་བྱེད་པ་ནི་མེ་ལོང་སྟེ། གུཧྱ་ས་མ་ཙིཏྟའི་རྒྱུད་ལས་ཀྱང་། གཟུགས་ནི་ལག་གཉིས་མེ་ལོང་འཛིན། །ཞེས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །ཕྱི་མ་ཡང་གཟུངས་དང་ཏིང་ངེ་འཛིན་གྱི་ཕྲེང་བ་དང་། མདོ་སྡེའི་སྒྲ་ཡིས་ཀུན་ཁྱབ་ཅིང་། དོན་བྱེད་པས་པི་ཝང་དང་། བསྡུ་བའི་དངོས་པོ་བཞི་ཡི་རང་བཞིན་ནི་གར་དང་། བདེ་བ་ཆེན་པོ་སྐྱེད་པར་བྱེ་པའི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་། སེམས་ཅན་གྱི་དོན་བྱེད་པར་གྲགས་པའི་བདུག་སྤོས་དང་། དམ་པའི་ཆོས་གཉིས་སུ་མེད་པའི་དོན་ལ་དགའ་བའི་བྱུག་པ་དང་། བརྒྱ་བྱིན་དང་གཤིན་རྗེ་དང་འཆི་བདག་གི་བདུད་འཇོམས་པའི་ཐོད་དབྱུག་གི་རྩེ་ལ་རྡོ་རྗེ་གདེངས་པ་དང་། ཚངས་པ་དང་ཁྱབ་འཇུག་དང་ཕུང་པོའི་བདུད་འཇོམས་པའི་རྡོ་རྗེ་དང་། ནོར་རྒྱས་དང་དུང་སྐྱོང་དང་ཉོན་མོངས་པའི་བདུད་འཇོམས་པའི་ཐོད་སྦྲུལ་དང་། དབང་ཕྱུག་ཆེན་པོ་དང་བི་ན་ཡ་ཀ་དང་ལྷའི་བུའི་བདུད་འཇོམས་པར་བྱེད་པའི་ལས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་དང་། དེ་ལྟར་ཡང་གསུངས་པ། ནྲྀར་མགོ་གདེངས་དང་རྡོ་རྗེས་གནོན། །ཞེས་པའི་སྒྲས་དྲངས་ནས། རྡུལ་ཚོན་གྱིས་དུས་སུ་ནི་ཕྱག་མཚན་གྱིས་གནོན་ལ། མངོན་པར་རྟོགས་པའི་དུས་སུ་ནི་ལྷ་ཀུན་དངོས་ཀྱིས་གནོན་ཏེ། །དེ་ལྟར་ཡང་དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་གསུངས། རིན་ཆེན་རྩེ་འུ་དུང་བཅས་པ་དང་། ཚངས་པ་བརྒྱ་བྱིན་གཉིས་གཉིས་ཀྱིས། བཏེགས་པའི་ཁྲི་ལ་རྣམ་པར་བཞུགས། །ཞེས་སོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་ལྕགས་ཀྱུ་དང་། བྱམས་པ་ཆེན་པོའི་རང་བཞིན་བྱམས་པའི་ཞགས་པ་དང་། གཉིས་སུ་མེད་པའི་དོན་ལ་དགའ་བའི་ལྕགས་སྒྲོག་དང་། བཏང་སྙོམས་ཆེན་པོ་མི་དམིགས་པའི་ཤེས་རབ་ཀྱ ི་ཕ་རོལ་ཏུ་ཕྱིན་པའི་དྲིལ་བུའོ། །མཐིང་ག་ཞེས་བྱ་བ་ལ་སོགས་པ་མི་བསྐྱོད་པའི་སྐུའི་དམ་ཚིག །ཅིའི་ཕྱིར་དམ་ཚིག་ཅེ་ན། དཔལ་གསང་བ་འདུས་པ་ལས་གསུངས་པ། རྒྱལ་བ་ཞེ་སྡང་དོན་ཆེན་བྱེད། །ཨིནྡྲ་ནཱི་ལའི་ཁ་དོག་འདྲ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་ཀྱི་སྐུའི་དམ་ཚིག་ཅིའི་ཕྱིར་དཀར་པོ་ཞེ་ན། དེ་ཡང་ཡེ་ཤེས་ཀྱི་དབང་དུ་བྱས་ཏེ། སྐལ་པས་མུན་ཛའི་ཏནྟའི་རྒྱུད་ཕྱི་མ་ལས་གསུངས་པ། གང་དུ་མེ་ལོང་ཡེ་ཤེས་ནི། །ཤེལ་དང་འདྲ་བར་རབ་གསུངས་ཏེ། །ཡེ་ཤེས་ཉིད་ཀྱི་དབང་གིས་སོ། །ཞེས་སོ། །སྣང་བ་མཐའ་ཡས་ཀྱི་སྐུའི་དམ་ཚིག་ཅིའི་ཕྱི་དམར་པོ་ཞེ་ན། འདོད་ཆགས་ཀྱི་རིགས་ཀྱི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་ཅིའི་ཕྱིར་སེར་པོ་ཞེ་ན། དེ་ནི་ནོར་གྱིས་རྒྱས་པའི་ཕྱི་སེར་པོའོ། །ལྗང་གུ་ནི་ལས་ཉིད་ཀྱི་ཕྱིར་རོ། །མཉེན་ལྕུག་འཁྲིལ་ལྡེམ་ནི་ཡུམ་གྱི་སྐུའི་ཆ་ལུགས་སོ། །གསལ་འཚེར་ལྷུན་སྡུག་ནི་འོད་དང་འོད་ཟེར་དང་སྐུའི་རྒྱས་ཚུལ་ལོ། །སྐུ་ལྔ་པོ་འདི་དག་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས། རྟག་པ་ཆེན་པོའི་གཡུང་དྲུག་གི་སྐུ་རྣམ་པར་སྣང་མཛད་དོ། །སོ་སོའི་ཡེ་ཤེས་ཀྱི་སྒོ་ནས། མངོན་པར་བྱང་ཆུབ་པའི་སྐུ་སྣང་བ་མཐའ་ཡས་སོ། །རྡོ་རྗེ་རིག་པ་འཛིན་པའི་སྐུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་བསྐྱོད་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐམས་ཅད་དབྱེར་མེད་པའི་མཉམ་པ་ཉིད་ཀྱི་སྐུ་རིན་ཆེན་འབྱུང་ལྡན་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་དོན་ཡོད་གྲུབ་པའམ་རྟ་མཆོག་གོ། །ཅིའི་ཕྱིར་རྟ་མཆོག་ཞེ་ན་ལས་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གོང་གི་དོན་དེ་དག་ཐམས་ཅད་ཀྱང་འདིར་བསྡུས་ནས་བཀའ་སྩལ་བའོ། །དེ་ལྟ་བུའི་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་བསྡུ་བའི་དོན་གྱི་སྒོ་ནས་ཕྱུང་བའི་ཕྱིར། ཨ་ཧོ། དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དམིགས་བྱ་ནི་ཕྱི་གཟུང་བའི་ཡུལ་མ་སྐྱེས་མ་འགགས་པ་ཆོས་ཀྱི་དབྱིངས་དང་། དམིགས་བྱེད་ནང་འཛིན་པའི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་དབྱེར་མེད་པས། གཟུང་བའི་ཡུལ་དང་འཛིན་པའི་སེམས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་མི་དམིགས་ཤིང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་ལ་མི་དམིགས་ཞེས་བྱ་སྟེ། དེ་ལྟ་བུའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ནི། མུ་དང་མཐའ་དཔག་ཏུ་མེད་ཅིང་། ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་བྱའོ། །དེ་ལྟར་ཚིག་དང་པོས་དོན་དམ་པའི་བདེན་པའི་ཕྱོགས་བཟུང་བས་འཛིན་པ་རྣམ་པར་དག་པའི་ངོ་བོ་ཆོས་ཉིད་ཀྱི་དོན་གསུངས་ནས། དེ་ཡང་དག་པའི་ཀུན་རྫོབ་ཀྱི་སྒོ་ནས་ཡང་བསྟན་པར་བཞེད་པའི་ཕྱིར། ཚིག་གཉིས་པ། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། ཞེས་བྱ་བ་གསུངས་ཏེ། དེ་ལྟར་དོན་དམ་པར་ཆོས་ཀྱི་དབྱིངས་དང་། དེའི་ཡེ་ཤེས་སྟོང་ཞིང་བདག་མེད་ན་ཡང་། ཡང་དག་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་སྣ་ཚོགས་བར་ཡང་བརྗོད་ཀྱིས་མི་ལང་ཞེས་བྱའོ། །གཞན་དག་ན་རེ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ནི། གཅིག་ཏུ་ངེས་པ་ཡིན་ན་ནི། ཅིའི་ཕྱིར་སྣ་ཚོགས་ཞེས་བྱ། དེ་ནི་འགྲོ་བ་ཐ་དད་ཅིང་སྣ་ཚོགས་པ་ལས་བཏགས་པ་ཡིན་ནོ། །དེ་ཡང་སེམས་ཅན་བརྗོད་ཀྱིས་མི་ལང་བའི་ཕྱིར། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཡང་བརྗོད་ཀྱི་མི་ལང་ཞེས་བྱའོ། །ཡང་མཉམ་པ་དང་། མི་མཉམ་པ་དང་། ཀུན་ཏུ་ཁྱབ་པ་དང་། ཁྱབ་པ་མེད་པ་ཞེས་བྱ་བའི་མཐའ་རྣམ་པ་བཞིའི་སྒོ་ནས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་བསྟན་པའི་ཕྱིར་ཚིག་གསུངས་པ། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། ཞེས་བྱ་བ་གསུངས་ཏེ། དོན་དམ་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས། དེ་ནི་རྣམ་པར་དག་པ་འཕགས་པའི་དཀྱིལ་འཁོར་དང་མཉམ་ཞེས་བྱ་བ་དང་། མ་དག་པའི་འཁོར་བའི་སེམས་ཅན་དང་མི་མཉམ་ཞེས་བྱ་བ་ཡང་མེད་དོ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་ཀྱི་འཕགས་པའི་དཀྱིལ་འཁོར་ཀུན་ཏུ་ནི་ཁྱབ་ལ། འཁོར་བའི་སེམས་ཅན་ལ་ནི་མ་ཁྱབ་ཅེས་བྱ་བ་མེད་དེ། དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་དབྱེར་མེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཁྱབ་པའི་དབྱིངས་ཞེས་བྱའོ། །དེ་ལྟར་དོན་དམ་པར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་དུ་དབྱེར་མེད་ཀྱི་ཀྱང་། །དོན་དམ་པའི་ཀུན་རྫོབ་ཏུ། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡེ་ནས་རང་བཞིན་གྱིས་འོད་གསལ་བའི་དཀྱིལ་འཁོར་གྱི་ངང་ཉིད་དུ་རྣམ་པར་གནས་པས་རྣམ་པར་འཕྲོ་ཞེས་ཏེ། འཕྲོ་ཞེས་པའི་ཚིག་ནི་རྣམ་པར་གནས་སོ་ཞེས་བྱ་ལ། དེ་ཉིད་ཀྱང་སེམས་ཙམ་པ་ལྟར་སྤྲོས་ནས་ཁྱབ་པར་བྱས་པ་ལྟ་བུ་ནི་མ་ཡིན་ཏེ། རང་བཞིན་འོད་གསལ་བའི་དཀྱིལ་འཁོར་རྣམ་པར་གནས་པ་དེ་ཉིད། དོན་དམ་པར་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་ཉིད་དང་ཐ་མི་དད་པར་བཞུགས་པས་སྤྲོས་པ་མེད་ཅེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རང་བཞིན་གྱི་དཀྱིལ་འཁོར་ལ་མ་སྤྲོས་པར། གཟུགས་བརྙན་གྱི་དཀྱིལ་འཁོར་གསང་བའི་བྷ་ག་ནས་སྤྲོས་པའི་ལེའུ་སྟེ། དྲུག་པའི་བཤད་པ་རྫོགས་སོ།། ༈ །།ཡང་བྱང་ཆུབ་སེམས་ཀྱིས་བསྐྱེད་པའི་དཀྱིལ་འཁོར། ཆོ་ག་གསུམ་གྱིས་བསྐྱེད་པའི་ལྷ་རྣམས། །ཆོ་ག་བཞི་པ་སྔགས་ཀྱིས་ཕྱུང་ནས། གསང་བའི་གནས་ནས་གདོན་པར་བྱའོ། །ཞེས་པའི་དོན་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པས། བདུན་པ་སྔགས་ཀྱི་ལེའུ་གསུངས་སོ། །བྷྲཱུྃ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་གཞལ་ཡས་ཁང་གཉིས་པའི་ས་བོན། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་གཞལ་ཡས་ཁང་བྱིན་གྱིས་བརླབ་པའོ། །ཧཱུྃ་བཛྲ་ངྷྲྀཀྲ་ཅེས་བྱ་བ་ལ་སོགས་པ་ནི། གསང་བའི་དཀྱིལ་འཁོར་ནས་ཡེ་ཤེས་ཀྱི་ལྷ་ཕྱིའི་དཀྱིལ་འཁོར་དུ་སྤྱན་དྲངས་པའོ། །ཨེ་ཧྱ་ཧི་ཞེས་བྱ་བ་ལ་སོགས་པ་དེ་དག་ནི། ཡེ་ཤེས་སེམས་དཔའ་དེ་དག་སྤྱན་དྲང་བ་དང་། གསང་བའི་གཙོ་བོ་བདག་ཉིད་ལ་ཐིམ་པར་བྱ་བ་དང་། སློབ་མ་དཀྱིལ་འཁོར་དུ་གཞུག་པར་བྱ་བ་དང་། གསུམ་དུ་རྟོགས་པར་བྱའོ་ཞེས་གསུངས་པས་དེ་ཡང་དངོས་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་ཕྱིར། ཨེ་ཧྱ་ཧི་བྷ་ག་བཱན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་དག་གི་དོན་ཡང་གང་ཞེ་ན། དང་པོར་བསོད་ནམས་ཀྱི་ཚོགས་བསག་ཅིང་སྒྲིབ་པའི་བག་ཆགས་ཀྱི་དྲི་མ་བསལ་བའི་ཕྱིར། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་བ་དང་། ཡོན་ཏན་གྱི་མཚན་ནས་བོད་ཅིང་བསྐུལ་བ་དང་། ཕྱག་རྒྱ་ཆེན་པོ་བཞིས་བཀུག་ཅིང་བཅུག་ལ་འཆིང་ཞིང་དབང་དུ་བྱ་བ་དང་། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་ལྷག་པའི་བྱང་ཆུབ་སེམས་རིག་པའི་མེ་ཏོག་ཡེ་ཤེས་ཀྱི་ཁ་དོག་ལྔ་དང་ལྡན་པ་གཏོར་བ་དང་། གསོལ་བ་གདབ་པ་དང་། རྡོ་རྗེ་དམ་ཚིག་གི་སྔགས་གསུམ་གྱིས་གསོལ་བ་བཏབ་པ་དང་། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལ་བཞུགས་པའི་ས་ལ་བསྐུལ་བའོ། །དེ་ལྟར་གསུངས་པ་དེ་དག་ཀྱང་གང་ཞེ་ན། གསང་བ་ཆེན་པོ་འོད་ཟེར་གྱི་ལྷ་མོའི་ཚོགས་མང་པོ་སྤྲིན་བཞིན་དུ་འཕྲོས་པས། དེ་དག་གི་ཕྱག་འཚལ་བའི་ཚོགས། དང་པོར་ཡེ་ཤེས་ཆེན་པོ་ལྔའི་སྒོ་ནས་མཆོད་པར་བྱའོ། །དེ་བཞིན་དུ་གསང་བའི་འོད་ཟེར་གྱི་ལྷ་མོའི་ཚོགས་ཀྱིས་ཡོན་ཏན་གྱི་མཚན་ནས་བརྗོད་ཅིང་དམ་ཚིག་གི་སྔགས་ཀྱིས་བསྐུལ་བར་བྱའོ། །དེ་ལྟར་བསྐུལ་བ་ལས་ཡང་གསང་བའི་ལྷ་མོ་རྡོ་རྗེ་ཀྱོ་བ་མའི་ཚོགས་ཀྱིས། དེ་བཞིན་གཤེགས་པ་དེ་དག་བཀུག་ནས་བསྐུལ་ཞིང་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་ཆུའི་བསྐལ་པའི་སྤྲིན་བཞིན་དུ་ཚོགས་པར་བསམ་མོ། །ཡང་དེ་བཞིན་དུ་ཞགས་པའི་ཚོགས་ཀྱིས་ནི་དཀྱིལ་འཁོར་ལ་དཀྱིལ་འཁོར་བཅུག་པའོ། །ལྕགས་སྒྲོག་གི་ཚོགས་ཀྱིས་ནི་དཀྱིལ་འཁོར་ལ་བཅིང་པའོ། །དྲིལ་བུའི་ཚོགས་ཀྱི་ནི་དཀྱིལ་འཁོར་ལ་དཀྱིལ་འཁོར་དབྱེར་མེད་པར་དགྱེས་པའོ། །དེ་ལྟར་དགྱེས་པ་དབྱེར་མེད་པའི་དགྱེས་པ་དེ་ལ། གསང་བའི་རིག་པའི་མེ་ཏོག་གཏོར་བའོ། །ལ་ལ་ན་རེ། དབྱེར་མེད་པར་གྱུར་ནས་མེ་ཏོག་གཏོར་བར་བྱ་བ་མི་འཐད་དེ། སྤྱན་དྲངས་བར་བྱ་བའི་དུས་སུ་རིག་པའི་མེ་ཏོག་གཏོར་བར་བྱ་བ་ཁོ་ན་ཡིན་ནོ། །ཞེ་ན་སྨྲས་པ། དེ་ཡང་དེ་ལྟར་མི་འཐད་དེ། དེ་ལྟར་ན་ནི་ཀྲྀ་ཡའི་ཐེག་པ་དང་ཁྱད་མེད་དེ། འདི་ནི་གཉིས་སུ་དབྱེར་མེད་པའི་དཀྱིལ་འཁོར་ཡིན་པས། གཉིས་སུ་དབྱེར་མེད་པར་འགྱུར་རོ། །རིག་པའི་མེ་ཏོག་གཏོར་བར་བྱ་བ་འགལ་བ་མ་ཡིན་ཏེ། ཅིའི་ཕྱིར་རིག་པ་དང་གཉིས་སུ་མེད་པ་ལས་བྱུང་བའི་མེ་ཏོག་ཡིན་པས་རིག་པའི་མེ་ཏོག་ཅེས་བྱའོ། །དོན་དེའི་ཕྱིར་ཡང་རིག་པའི་མེ་ཏོག་དབྱེར་མེད་པར་གྱུར་པའི་བདག་ཉིད་གཏོར་བས་སོ། །ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་མཉེས་པར་འགྱུ་རོ་ཞེས་སོ། །གསོལ་བ་གདབ་པའི་སྔགས་ཀྱིས་ཇི་ལྟ་བུ་ཞེ་ན། ༀ་ཞེས་ཕྱག་འཚལ་བའི་ཆོ་ག་སྔོན་དུ་བྱས་ནས། ཡེ་ཤེས་ཀྱི་རྒྱལ་པོར་གྱུར་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་མཆོག་དང་ཕུལ་དུ་བྱུང་བ་ཡིན་པས། དེ་ལྟ་བུ་ཁྱོད་ཀྱི་སྐུ་གསུང་ཐུགས་སུ་བདག་སྦྱོར་ཅིག་ཅེས་བྱའོ། །དེ་ལྟར་བྱས་པར་གྱུར་པས་དབྱེར་མེད་པར་གྱུར་པར་ནི་ངེས་མོད་ཀྱི། རེ་ཞིག་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་ངང་ལ་བཞུགས་པ་དང་། དཔལ་གསང་བ་འདུལ་པ་ལས་ཐབས་དང་ཤེས་རབས་བདེ་བ་ཆེན་པོ་རོལ་པས། དགོས་པ་འགྲོ་བའི་དོན་ལ་གཡེལ་བ་དེ་དག་ལ་བསྐུལ་བར་གསུངས་པའི་ཕྱིར། རྡོ་རྗེ་དམ་ཚིག་གི་སྔགས་ཀྱིས་ཀྱང་བསྐུལ་བར་བསྟན་པ་ཡིན་ནོ། །དེ་ལྟར་བྱས་པའི་རིག་པ་དེས་ཁུགས་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་བྱེད་པ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ་ཞེས་བྱ་སྟེ། དེ་དག་གི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲང་བའི་རིམ་པའི་དབང་དུ་བྱས་པའོ། །གསང་བའི་དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་བདག་དང་རྒྱུ་དང་འབྲས་བུ་དབྱེར་མེད་པར་བྱ་བ་ནི། གསོལ་བ་གདབ་པའི་ལྷ་དབུས་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འབྲས་བུའི་ངོ་བོར་བཞུགས་པ་དེ་གཉིས་ཀྱིས་གསོལ་བ་འདེབས་སོ། །ཕྱི་མ་ནི་བསྒོམ་ཁོག་གི་རིམ་པ་ལས་ཤེས་པར་སྦྱར་རོ། །སློབ་མས་ཀྱང་དབང་ནོད་པའི་དུས་སུ། ཕྱག་བྱ་བ་དང་། བསྐུལ་བ་དང་། སློབ་དཔོན་སྤྱན་དྲང་བ་དང་། མེ་ཏོག་གཏོར་ཞིག་ཡོན་འབུལ་བ་དང་། དམ་ཚིག་དབབ་ཅིང་སྦྱིན་པའོ། །དེ་ལྟར་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གསང་བའི་དཀྱིལ་འཁོར་དང་ཕྱིར་ཡང་གསུངས་པ། དེ་ནས་བཅོམ་ལྡན་འདས་བྱེད་པ་རྡོ་རྗེ་དང་བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ་ཞེས་བྱའོ། །གང་ཐིམ་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་མོ་ཞེས་བྱའོ། །གསང་བའི་དཀྱིལ་འཁོར་གྱི་དུས་སུ་ནི། ཡིད་དང་ཆོས་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་མོ་ཞེས་བྱའོ། །གང་ཐིམ་ན་རྒྱུ་ས་བོན་བྱང་ཆུབ་ཀྱི་སེམས་ལས་སྐྱེས་ཤིང་། འབྲས་བུ་རྡོ་རྗེ་འཛིན་པའི་ངོ་བོར་གནས་པས་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་ལ། ཡབ་ཀྱི་གསང་བའི་རྡོ་རྗེ་ཐུགས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པས་ནི། གསང་བའི་རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ་བ་དེ། བདག་གི་ཡིད་དང་ཆོས་ཡབ་ཡུམ་གཉིས་སུ་མེད་པའི་ཐབས་དང་ཤེས་རབ་གསང་བའི་དཀྱིལ་འཁོར་དང་ཐུགས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ་ཞེས་བྱའོ། །ཚིག་དེས་ནི་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དང་། གསང་བའི་བྱང་ཆུབ་སེམས་ལས་དཀྱིལ་འཁོར་གྱི་དབང་དུ་བྱས་པ་ཡིན་ནོ། །ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཉིད་ལ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་བསྡུ་ཞིང་། ཡེ་ཤེས་ཆེན་པོ་ལྔས་བསྐུལ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་བྱིན་གྱིས་བརླབ་པར་ཡང་བྱའོ། །ཞེས་བསྟན་པའི་ཕྱིར། དེ་ནས་ཕྱོགས་བཅུ་དང་། དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི། སྐུ་གསུང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ལས་ཕྱུངས་ངོ་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཕྱོགས་བཅུ་དང་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དེ་ནི་དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་ནི། བདག་ཉིད་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཡེ་ཤེས་དང་བྱིན་ནོ། །གཞན་དག་ན་རེ། ཐམས་ཅད་བདག་ཉིད་ཆེན་པོའི་ངང་ཉིད་ཡིན་ན། དེའི་ཡེ་ཤེས་ཆེན་པོ་ལྔ་དང་བྱིན་བརླབས་ལྔ་བསྡུ་ཅི་དགོས་ཤེ་ན། དོན་དམ་པར་དེ་ལྟར་ཡིན་ཡང་། ཀུན་རྫོབ་ཏུ་ཕྱི་རབས་ཀྱི་རྣལ་འབྱོར་པའི་དོན་དུ་དེ་ལྟར་ཡིན་ཞེས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་རྣམ་པར་དག་པའི་རྡོ་རྗེ་ལྔ་ལ། ཨཱཏྨ་ཀོཉཧཾཿཞེས་བྱ་བ་ནི། ང་དང་བདག་ཏུ་འཛིན་པ་ཡིན་ལ། ང་དང་བདག་ཏུ་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་ཡིན་ལ། དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ལྔ་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ནི་ང་དང་བདག་གི་རྣམ་པར་བྱུང་ན། དེ་བཞིན་གཤེགས་པ་མངའ་བའི་ཡེ་ཤེས་ཆེན་པོ་ལྔ་དང་། དེའི་རྣམ་པར་སྨིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ང་དང་བདག་གི་རྣམ་པར་གྱུར་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་དང་། བདག་ཉིད་དབྱེར་མེད་པར་གྱུར་པས། བདག་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོ་ལྔ་དང་། རྣམ་པར་དག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་གྱུར་ཏེ། དཔེར་ན་གསེར་རྩིས་བསྒྱུར་བའམ། ཆུའི་ཁམས་འོ་མའི་ངོ་བོར་གྱུར་པ་བཞིན་ནོ་ཞེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྡུ་བ་དང་སྔགས་ཕྱུང་བའི་ལེའུ་སྟེ། བདུན་པ་རྫོགས་སོ།། ༈ །།བདག་དང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རྡོ་རྗེ་ཕུང་པོ་ལ་སོགས་པའི་ཡན་ལག་ཐམས་ཅད་ནི། རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་བསྟན་པ་ཡིན་ནོ། །ཉིང་ལག་གི་ཁྱད་པར་ཡང་རྫོགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་ངོ་བོར་བསྟན་པའི་ཕྱིར། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཡང་། ཕྱག་རྒྱ་ཆེན་པོ་བཞིས་རྒྱས་བཏབ་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བཞིས་བརྒྱད་པ་ཕྱག་རྒྱ་སྤྲོས་པའི་ལེའུ་གསུངས་སོ། །དེ་ལ་སྒྱུ་འཕྲུལ་ནི་ཡབ་ཡུམ་ཀུན་ཏུ་བཟང་པོ་དེའི་ཕུང་པོ་ལྔ་རིགས་ལྔའི་བདག་ཉིད་དོ། །དྲྭ་བ་ནི་འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པ་ཡུམ་ལྔ་སྟེ། ཡབ་ཇི་ལྟ་བ་དེ་ལྟར་ཡུམ་ཡང་དེ་ལྟར་རོ། །ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམ་པར་དག་པ་ཡབ་ལྔ་དང་ཡུམ་ལྔ་ནི། བདག་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །ཐམས་ཅད་ནི་ཡུལ་དང་དབང་པོ་རྣམ་པར་ཤེས་པ་དང་། ཕྱིན་ཅི་ལོག་ལ་སོགས་པ་ཐམས་ཅད་འབྲས་བུའི་རིགས་ཀྱི་བྱང་ཆུབ་མཆོག་ཐམས་ཅད་ཀྱིས་རྒྱས་བཏབ་ཅེས་བྱའོ། །དེས་ནི་ཕྱག་རྒྱ་ཆེན་པོ་དང་ཆོས་ཀྱི་ཕྱག་རྒྱའོ། །གསང་བ་ཡུམ་གྱི་པདྨ་དང་དེ་ཁོ་ན་ཉིད་ངེས་པའི་ཡབ་ཀྱི་ཕྱག་རྒྱ་གཉིས་ལས། ཡུམ་གྱི་པདྨར་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཕྱུང་སྟེ། །མི་འབྱུང་མི་སྲིད་པ་ཡིན་པས་འདའ་བར་དཀའོ། །དེ་གཉིས་ཀྱིས་ནི་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་གཉིས་སོ། །ཡུམ་ནི་དམིགས་མེད་ཅེས་པ་ནས་ཡུམ་ཀུན་ཏུ་བཟང་མོ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཆོས་དབྱིངས་ཏེ། ཆོས་ཀྱི་ཕྱག་རྒྱའོ། །ཡབ་ཀུན་ཏུ་བཟང་པོ་ནི་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པ་ཡབ་ཐབས་ཀྱི་ཕྱག་རྒྱ་ཆེན་པོའོ། །ཡེ་ཤེས་འཕྲོ་ཞེས་པ་ནི། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ་འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་ཉིད་དོ། །དེ་གནས་གང་དུ་འཕྲོ་ཞེ་ན། ཡུམ་ཀུན་ཏུ་བཟང་མོའི་མཉམ་རྫོགས་པདྨའི་དཀྱིལ་འཁོར་དུ་འཕྲོ་སྟེ་པདྨ་དེ་དང་ལྡན་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ལྟར་ཡན་ལག་ལ་ལྷ་བཞི་བཅུ་རྩ་གཉིས་དང་ལྡན་ནོ། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་འགྱུར། །ཞེས་པ་ནི། རིན་པོ་ཆེ་དང་ལས་གཉིས་གཅིག་ཏུ་བསྡུས་པ་དང་། ཕྱེ་ན་སྐུ་གསུང་ཐུགས་ཀྱི་ལྷ་སྟེ། བརྒྱ་ཉི་ཤུ་རྩ་དྲུག་པར་འཕྲོའོ། །ཡང་ན་དེ་ལྟར་བསྡུ་ན་གང་དུ་བསྡུ་ཞེ་ན། དེ་ལྟར་ལྡན་པའི་གཙོ་མཆོག་གིས། ཐབས་དང་ཤེས་རབ་ཏུ་ལྡན་པའི་རྒྱལ་བ་ཡབ་ལྔ་དང་། གཙོ་མཆོག་ཡུམ་ལྔའོ། །བཅུ་གཉིས་དྲུག་གི་ཞེས་བ་ནི། སཾ་སྐྲྀ་ཏའི་སྐད་དུ་ན་དེ་ཉི་ཤུ་རྩ་དྲུག་སྟེ། སེམས་དཔའ་སེམས་མ་བརྒྱད་གཉིས་བཅུ་དྲུག །ཁྲོ་བོ་ཁྲོ་མོ་བརྒྱད། ཡིད་དང་ཆོས་བར་ཁྱམས་ལ་གནས་པ་གཉིས་ཏེ། ཉི་ཤུ་རྩ་དྲུག་ལ་བཅུ་གཉིས་དྲུག་ཅེས་བྱའོ། །འོད་འཕྲོ་འབར་ཞེས་བྱ་བ་ནི། ཐུབ་པ་དྲུག་གོ། །འོ་ན་དེ་ལྟ་བས་ན་ཞེ་ནམ་བས་ཏེ། དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་པ། བརྒྱ་ཉི་ཤུ་རྩ་དྲུག་དེ་ལས་ཀྱང་། སྐུ་གསུང་ཐུགས་ལས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་མཆོག་ཅེས་བྱའོ། །འོ་ན་དེ་ལྟར་མང་པོ་ཉིད་ཅི་དགོས་ཤེ་ན། ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་མཐའ་ཡས་པར། འདུལ་བའི་དོན་རྣམས་སོ་སོར་སྟོན་པ་ཅིའི་ཕྱིར་ཞེ་ན། ཐེག་པ་མཐོ་དམན་དགུ་དང་ཕྱིན་ཅི་ལོག་སྟེ་མུ་སྟེགས་ཀྱི་ལྟ་བ་འདུལ་བ་དང་། དེ་ལ་སོགས་པ་མ་དད་པའི་དབང་གིས་ཕྱིན་ཅི་ལོག་བསམ་ཡས་པ་དང་། ཞི་ཁྲོའི་ཚོགས་བསམ་ཡས་པ་ལ། མཐུན་བྱས་ཀུན་ཏུ་སྣང་ཞེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉི་ངེས་པ་ལས། ཉིང་ལག་གི་ཁྱད་པར་སྤྲོས་པའི་ལེའུ་སྟེ། བརྒྱད་པའོ།། ༈ །།སེམས་ནན་ཏན་དུ་བྱ་བའི་ཕྱིར། ཕྲ་རྒྱས་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། མཆོད་པའི་ཁྱད་པར་གྱིས་འཕགས་པ་ལ་མཆོད་ཅིང་བསོད་ནམས་ཀྱི་ཚོགས་བསག་པར་བྱ་བ་དང་། རྣམ་བཞི་ཧོ་ལ་སོགས་པས་མཆོད་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་དང་། ཡེ་ཤེས་ཀྱི་ཡུམ་བྱིན་གྱིས་བརླབས་པར་རོལ་པ་ལས། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ནས། སློབ་མའི་དོན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་བྱ་བ་དང་། དེ་དག་གི་ཡོན་ཏན་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། དགུ་པ་རྡོ་རྗེ་བཀོད་པ་དམ་ཚིག་གི་ལེའུ་གསུངས་སོ། །དེ་ལ་དེ་ནས་ཞེས་པའི་དོན་ནི་བཀྲལ་ཟིན་ཏོ། །དགྱེས་པ་ཆེན་པོ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལ་བཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་ནི་ལྷ་ཐམས་ཅད་ཀྱི་གསང་བར་བྱ་བ་དམ་ཚིག་པས། རྡོ་རྗེ་གསང་བའི་དམ་ཚིག་གོ །ཕྲ་རྒྱས་ཀྱི་དཀྱིལ་འཁོར་དུ་བཀོད་པས་བཀོད་པའི་བདེ་བའི་རོ་ཉམས་སུ་བསྟར་བའི་ཏིང་ངེ་འཛིན་ཡིན་པས་དེ་ལ་སྙོམས་པར་བཞུགས་པའོ། །དེ་ལྟར་སྙོམས་པར་ཞུགས་པས་ཆེད་དུ་བརྗོད་པར་བྱ་བ་རྡོ་རྗེ་གསང་བའི་དམ་ཚིག་གང་ཞེ་ན། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ཡིན་པས། ཤིན་ཏུ་ཕྲ་བའི་དམ་ཚིག་གི་དཀྱིལ་འཁོར་གྱི་མཆོག་བསྒོམ་མོ་ཞེས་བྱའོ། །གནས་གང་དུ་བསྒོམ་ཞེ་ན་ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། དཀྱིལ་འཁོར་གང་བསྒོམ་ཞེ་ན་ཐུགས་ཀྱི་ཞེས་བྱའོ། །ཚད་ཅི་ཙམ་ཞེ་ན་སོར་བཞི་ཞེས་པའོ། །ཕྱག་མཐིལ་དུ་བསྒོམ་པ་ཅིའི་ཕྱིར། ཐུགས་ཀྱི་དཀྱིལ་འཁོར་ཅི་ཞེ་ན། རྒྱུད་འདི་ནི་ཐུགས་ཀྱི་རྒྱུད་ཡིན་ཏེ། ཐུགས་ཀྱི་རྡོ་རྗེས་དབུས་ཀྱི་གཙོ་བོ་བྱེད་པའི་ཕྱིར། ཐུགས་ཀྱི་དཀྱིལ་འཁོར་དམ་པ་ཞེས་བྱའོ། །ཕྱི་མ་ནི་གོ་སླའོ། །ད་ནི་ཕྲ་རྒྱས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་མཆོད་པ་བརྩམ་པར་བྱ་སྟེ་དེ་ཡང་མཆོད་པའི་ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན། སེམས་ཀྱི་མཆོད་པ་ནི་བླ་ན་མེད་པ་ཡིན་པས། མཆོད་པའི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་རྒོལ་ཏེ། ཕྱག་རྒྱ་ནི་འཆིང་བ་ཡིན་ན། འདིར་སེམས་ཀྱི་ཁྱད་པར་ལས་བྱུང་བ་ལ། ཕྱག་རྒྱས་ཞེས་ཅིའི་ཕྱིར་ཞེ་ན། སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་ཁྱད་པར་ལས་བྱུང་བའི་ལས་སུ་རུང་བའི་རྣལ་འབྱོར་པ་དེའི་ཏིང་ངེ་འཛིན་ལས་མཆོད་པ་དེ་ལ་ཡང་མཆོད་པ་ཞེས་བྱ་སྟེ། དེས་སེམས་ཀྱི་ངོ་བོ་གང་ལ་ཡང་མ་གྲུབ་སྟེ། དངོས་པོར་མ་གྲུབ་པར་ཡོད་པའི་ཕྱིར་རོ། །ཆེན་པོ་ཞེས་བྱ་བ་ནི། ཕྱག་རྒྱ་ཞེས་པ་ཐམས་ཅད་ཀྱི་ནང་ན་ནི། མཆོད་པའི་ཕྱག་རྒྱ་འཕགས་ལ། མཆོད་པའི་ཕྱག་རྒྱ་ཐམས་ཅད་ཀྱི་ནང་ན་ནི། ཏིང་ངེ་འཛིན་གྱི་མཆོད་པ་སེམས་ཀྱི་ཁྱད་པར་ལས་བྱུང་བ་འདི་མཆོག་པས་ན་ཆེན་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱང་མི་དམིགས་པའི་ཕྱིར་རོ། །སེམས་ཀྱི་ཞེས་བྱ་བ་ནི་སེམས་ཀྱི་ཁྱད་པར་ལས་བྱུང་བ་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ལས་སྤྲུལ་པ་སྟེ། གསང་བའི་གནས་ལ་སོགས་པ་ནས་མ་ཡིན་ཏེ། ཐུགས་ཀ་ཉིད་ནས་སོ། །དེ་ལྟར་སེམས་ཀྱི་ཡིད་བཞིན་གྱི་ནོར་བུ་བས། དེ་ལས་མང་པོ་སྤྲུལ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྤྲིན་ལྟར་གཏིབས་ལ། དེ་ནས་དེ་ལ་འོག་ནས་འབྱུང་བ་རྣམས་སྤྲུལ་ཏེ་དབུལ་ལོ། །དེ་ཡང་དང་པོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་གི་གཞི་བཻཌཱུརྱའི་ས་གཞི་ལས། མཉེན་འཇམ་རེག་ན་བདེ་བའི་ས་གཞི་ལཾ་སྤྲུལ་པ་དེ་ནས་སྤྲོའོ། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་སྤྲས་ཤིང་བྲེས་པ་དང་། །ཞེས་པ་ནི། སྣ་ཚོགས་ཞེས་པའི་སྒྲས་ནི། རིན་པོ་ཆེ་བཻཌཱུརྱར་ཡང་མ་ཟད་དེ། གཞི་ཁ་ལས་སྤྲུལ་ཏེ་ལཾ་གྱི་ས་བོན་ལས་སྤྲུལ་པ་བཻཌཱུརྱའི་ས་གཞི་ལ་ཀེ་ཀེ་རུ་དཀར་པོས་བྲིས་ཤིང་། ཨསྨ་གྷརྦྷས་སྤྲས་པ་དང་། དེ་བཞིན་དུ་རེ་རེ་ལའང་ཉི་ཤུ་རྩ་ལྔའི་རིན་པོ་ཆེས་སྤྲས་ཤིང་བྲིས་པ་དག་ལཾ་གྱི་ས་བོན་ལས་སྤྲུལ་ཞིང་དབུལ་ལོ། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །ཞེས་པ་ནི་དགོས་པ་དང་བསམ་པ་ཐམས་ཅད་འབྱུང་ཞིང་འོད་འབར་བ་དེས་ཀྱང་། དེ་བཞིན་གཤེག་པ་ཐམས་ཅད་ལ་མཆོད་པའི་བྱ་བ་བྱེད་པའི་ཕྱིར་སྒྲོན་མར་ཡང་འབར་བ་སྟེ། དེ་ལྟ་བུ་དེ་དག་ཀྱང་ཡི་གེ་རཾ་གྱི་ས་བོན་ལས་སྤྲུལ་ཞིང་འབུལ་ལོ། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །ཞེས་པས། བརྒྱད་སྟོང་བའི་ཆོས་འཕགས་ཀྱི་ལེའུ་ལས་འབྱུང་བ་ལྟར་རྫིང་བུ་དབྱིབས་རྣམ་པ་བརྒྱད་པོ་ཡང་སོ་སོ་ནས་ལེགས་ཤིང་། རོ་བྲོ་བ་རྣམས་ཀྱི་ཡང་མཆོག་དང་ལྡན་ཞིང་། བསིལ་བ་ཡིད་དང་འཐད་པ་སྟེ། ཨའི་ས་བོན་ལས་ཀྱང་བསྐྱེད་པའོ། །ཚད་དང་རྒྱ་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་རིན་པོ་ཆེ་ལས་བྱས་པ་སུམ་རྩེག་ཏུ་གནས་པ་ཡང་། བྷྲཱུྃ་རིན་པོ་ཆེའི་ས་བོན་ལས་སྤྲུལ་ཞིང་དབུལ་ལོ། །ལེའུ་དང་པོ་ལས་བྱུང་བ་ལྟ་བུའི། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཞེས་བྱ་བ་ལ་སོགས་པ་ནི་ཏྲཱཾ་གྱི་ས་བོན་ལས་སོ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ་ལ་སོགས་པ་ནི། ༀ་གྱི་ས་བོན་ལས་སོ། །བླ་རེ་རྒྱ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཞེས་བྱ་བ་ལ་སོགས་པ་ནི། སྭཱའི་ས་བོན་ལས་སོ། །བཟའ་དང་བཏུང་བ་ཞེས་བྱ་བ་ལ་སོགས་པ་ནི་ༀ་གྱི་ས་བོན་ལས་སོ། །སྐལ་ལྡན་སོགས་པ་ནི་བློ་རབ་འབྲིང་ཐ་མ་གསུམ་གྱི་རྣལ་འབྱོར་པས་སོ། །ད་ནི་ཐུགས་ཀྱི་དཀྱིལ་འཁོར་དེ་ཕྱོགས་བཅུ་དུས་གསུམ་གྱི་ས ངས་རྒྱས་དང་། ཉེ་བའི་དཀྱིལ་འཁོར་ཐམས་ཅད་ནི་གསང་བའི་གནས་སུ་མཆོད་ལ། སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་ནི་གསང་བའི་གནས་སུ་དབང་བསྐུར་བ་དང་། དགའ་བར་བྱ་བའི་ཕྱིར་གསལ་ལྡན་མ་ཞེས་བྱ་བ་ནི། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཀུན་ཏུ་བཟང་མོ་ལ་ཤེས་པར་བྱའོ། །བྱིན་བརླབས་ལ་ཞེས་བྱ་བ་ནི། མིའི་བུད་མེད་ལ་བྱ་སྟེ། དེ་ཡང་། ཞི་རྒྱས་དབང་དང་མངོན་སྤྱོད་ལ། བྲམ་ཟེ་རྒྱལ་རིགས་རྗེའི་རིགས་དམངས་ལ་སོགས་པའི་རིགས་ཀྱི་བྱེ་བྲག་གིས་སྒོམ་ཁོག་ལས་འབྱུང་བ་བཞིན་བྱིན་གྱིས་བརླབ་པར་བྱའོ། །དེ་ཇི་ལྟར་བྱ་བ་ཞེ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་སྣོད་དང་བཅུད་དུ་བཅས་པ་ཐམས་ཅད་གཞལ་ཡས་ཁང་ཡུངས་འབྲུ་ཙམ་དུ་བཞུགས་པའི་ཚུལ་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནས། རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲང་བ་དང་། ཡུམ་གྱི་གསང་བའི་གནས་སུ་བཅུག་སྟེ། བྱང་ཆུབ་སེམས་ཀྱི་མཆོད་དོ། །དེས་ཅིར་འགྱུར་ཞེ་ན་དེ་བཞིན་གཤེགས་པ་དེ་དག་མཉེས་ནས། བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཞིང་། དམ་ཚིག་ཅན་གྱི་མཆོག་ཏུ་བྱིན་གྱིས་རློབ་པར་མཛད་དེ། །དེ་དག་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐབས་དང་ཤེས་རབ་ཀྱི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པས། ཕྱོགས་བཅུ་དུས་གསུམ་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་མཉེས་པས། སྲིད་གསུམ་འགྲོ་བ་ཐམས་ཅད་ལའང་། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བས། དགའ་བ་ཆེན་པོས་ཁྱབ་པར་འགྱུར་ཞེས་བྱའོ། །ཏརྐ་མཁན་གྱིས་བརྒལ་ཏེ། འདིར་དངོས་པོ་མེད་པའི་སེམས་ཀྱི་ཁྱད་པར་གྱིས། ཕྱོགས་བཅུ་དུས་གསུམ་གྱི་དཀྱིལ་འཁོར་དང་། དངོས་པོར་ཡོད་པའི་སྲིད་གསུམ་གྱི་འགྲོ་བ་ཐམས་ཅད་རང་བཞིན་མེད་པའི་ཡུམ་གྱི་གནས་སུ་བཞུགས་ཤིང་མཆོད་པ་དང་། འགྲོ་དོན་གཉིས་བྱར་རུང་ངམ་ཞེ་ན། རུང་སྟེ་ཕུང་པོ་ལྔ་དང་ཁམས་དང་སྐྱེ་མཆེད་ལས་བསྡུས་པ་ཐམས་ཅད་ནི། གཟུང་འཛིན་གྱི་ངོ་བོ་སེམས་འཁྲུལ་པ་ལས་མ་གཏོགས་པ་མེད་པ་སྟེ། རྡུལ་ཕྲ་རབ་ཀྱི་འཇིག་པ་ཡིན་ལ། དེ་ལྟར་ཕྱིན་ཅི་ལོག་ཏུ་མཐོང་བ་ཉིད། ནང་གི་སེམས་འཛིན་པ་ཡུལ་ལ་འཁྲུལ་པ་ཡིན་ལ། སེམས་ཉིད་སོ་སོར་འབྱེད་པའི་ཤེས་རབ་ཀྱིས་ནི། རང་བཞིན་གྱིས་འོད་གསལ་བ་ཙམ་ལས་མ་གཏོགས་པ། གཞན་འཕགས་པའི་སྤྱན་སྔར་ཡང་མི་གཟིགས་སོ། །འོན་ཀྱང་ཡུལ་དང་ཡུལ་ཅན་ཐམས་ཅད་འཁྲུལ་པ་ལས་མ་གཏོགས་པ་གཞན་མེད་པས་འདིར་སེམས་ཀྱི་ཁྱད་པར་དུ་སྣང་བ་ཁོ་ནའོ། །དེ་ལྟར་ཡང་གསུང་པ། གང་ནའང་མི་གནས་མི་དམིགས་ཏེ། མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་གསུངས་ཏེ། རྣལ་འབྱོར་པའི་ལུས་ངག་སེམས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། ཡུལ་གང་ནའང་མི་གནས། ཕྱོགས་གང་དུ་ཡང་མི་དམིགས། གཟུགས་ལ་སོགས་པ་དངོས་པོ་མཚན་མར་སྣང་བ་ཐམས་ཅད། འཁྲུལ་པ་མིག་ཡོར་ཚུལ་དུ་སྣང་བ་ལ། །རང་བཞིན་མེད་པར་སྦྱོར་བས། ཆོས་ཉིད་ནམ་མཁའ་འདྲ་བ་ལ་སེམས་ཉིད་ནམ་མཁའ་འདྲ་བའི་དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེར་མེད་པར་བསྒོམ་ཞེས་བྱའོ། །ད་ནི་དེ་དག་གི་ཡོན་ཏན་བསྟན་ཏེ། སྒྱུ་འཕྲུལ་དྲྭ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམ་པའི་ཏིང་ངེ་འཛིན་བརྟན་པོར་ཕྱི་ནང་གསང་བའི་གནས་སུ་བསྒོམ་པ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་དང་། ཁམས་གསུམ་གྱི་འགྲོ་བ་རྣམས་མངོན་སུམ་པའི་ཚད་མས་མངོན་སུམ་དུ་འགྱུར་ཞེས་བྱའོ། །ཉེ་བའི་དཀྱིལ་འཁོར་ཞེས་པ་ནི་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་ཡིན་ལ། འོན་ཀྱང་ཉེ་བ་ཞེས་སྨོས་སོ། །རིང་བ་ཡང་ཡོད་དེ་དེ་ནི་དོན་དམ་པར་ཐ་མི་དད་ན་ཡང་ཀུན་རྫོབ་ཏུ་ཕྱོགས་བཅུ་དུས་གསུམ་གྱིའོ། །དད་བརྩོན་ཞེས་བྱ་བ་ལ་སོགས་པས་ནི། སྣོད་གསུམ་གྱི་སྐྱོན་སྤངས་པ། ཡོན་ཏན་རྣམ་པ་གསུམ་དང་ལྡན་པའོ། །ཕན་པའི་དབང་ནི་དབང་མང་པོ། ནུས་པའི་དབང་ནི་རྒྱལ་པོ་ལ་སོགས་པའོ། །རིམ་པ་བཞིན་དུ་ནི་རྡུལ་ཚོན་གྱི་ལས་དེ་ཉིད་དུའོ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་། ཞེས་པ་ནི་སྐྱོན་གསུམ་སྤངས་ཤིང་ཡོན་ཏན་གསུམ་དང་ལྡན་པའི་སློབ་བུ་ལ་ནི། ཡོན་མེད་ཀྱང་སྙིང་རྗེའི་དབང་དང་དམ་ཚིག་གི་ཤུགས་ཕྱུང་ལ་ཆུད་མ་ཟོས་པར་གཟུང་ཞིང་དབང་གིས་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །ཡིད་དང་གྲོགས་ནི་གསང་སྔགས་ཀྱི་ལུགས་ཀྱིས་ཤེས་རབ་མ་ལ་ཤེས་པར་བྱའོ། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །ཞེས་པའི་སྒྲས་ནི། ཡི་གེའམ་སྙིང་པོའམ་གདན་ནས། ཕྱག་རྒྱ་སྐུ་གསུང་ཐུགས་དང་ལྡན་པས། དང་པོ་གདན་ཐོག་ཏུ་གང་ཡང་རུང་པ་འབྲུ་གཅིག་པའམ། སྙིང་པོ་བཟླས་པའི་སྔགས་སམ། ཕྱག་རྒྱ་བྲིས་ལ། དེས་ནས་དེ་གང་ཡང་རུང་བ་བྲིས་པ་དེ་ཉིད་ལ། སྐུ་གསུང་ཐུགས་ཀྱང་ལྡན་པར་བསྒོམ་ནས། ཏིང་ངེ་འཛིན་རོལ་མོ་མཐའ་ཡས་ཏེ། གོང་དུ་གསུངས་པའི་མཆོད་པའི་ཕྱག་རྒྱས་ཀྱང་མཆོད་ནས་བདེ་བར་གཤེགས་པའི་བྱིན་བརླབས་ཡ་མཚན་རྨད་པོ་ཆེ། མི་གནས་པ་མྱ་ངན་ལས་འདས་པའི་དངོས་གྲུབ་ནི། རྣལ་འབྱོར་པའི་རྒྱུད་ལ་སྨིན་ཅིང་འགྲུབ་པར་གྱུར་པ་ལས་མི་འདའ་བས། སངས་རྒྱས་ཐམས་ཅད་ཀྱི་ཡང་དམ་ཚིག་ཡིན་པས་ཀྱང་རྩོལ་ལོ། །དེའི་ཕྱིར་ཁྱད་པར་དུ་གྱུར་པའི་དཔེ་བསྟན་པ་ས་ལ་སོགས་པ་ཞེས་ཏེ། ས་དང་རིན་པོ་ཆེ་ལས་ཀྱང་། །དེ་བཞིན་གཤེགས་པའི་སྐུ་ལ་སོགས་པའི་ཕྱག་རྒྱ་ཏིང་ངེ་འཛིན་མེད་པའི་མིས་བྱས་པས་ཀྱང་། བསོད་ནམས་ཀྱི་ཁྱད་པར་གྱིས་རྣམ་པར་གྲོལ་བའི་རིམ་པ་ཐོབ་པར་འགྱུར་ན། གོང་དུ་གསུངས་པའི་གསང་བའི་དཀྱིལ་འཁོར་དེ་ལྟ་བུ་བྲིས་ནས། སློབ་དཔོན་གར་བདེ་བའི་གནས་སུ་འདུག་ལ་ཆོ་ག་རྣམ་པ་ལྔ་ལ་སོགས་པའི། སྒྲུབ་ཐབས་ཀྱི་རིམ་པས་བདག་དབུས་ཀྱི་གཙོ་བོ་མངོན་དུ་བྱས་ལ། དཀྱིལ་འཁོར་དེ་ཉིད་ཡིན་པར་ང་རྒྱལ་བསྐྱེད་ནས། ཕྱོགས་བཅུ་དུས་གསུམ་གྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་བསྟིམས་ནས། རང་ཉིད་ལ་རང་ཉིད་མཆོད་པར་ལོངས་སྤྱོད་ནས་དེ་ལྟ་བུའི་དག་པའི་ཡེ་ཤེས་ཀྱིས་སྦྱངས་ན་འགྲུབ་པར་འགྱུར་བ་སྨོས་ཀྱང་ཅི་དགོས་ཏེ། ཐམས་ཅད་ཀྱང་དེ་ལྟར་ཡིན་ཞེས་བྱའོ། །ད་ནི་དེ་ལྟ་བུའི་ཕྲ་རྒྱས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཤིང་བསྟིམ་པའི་ཕྱིར། ཕྱོགས་བཅུའི་དཀྱིལ་འཁོར་བདག་ཉིད་ཅེས་གསུང་པ་དེ་ལ། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་པ་ནི། དཔལ་ཀུན་ཏུ་བཟང་པོ་སྟེ། ཅིའི་ཕྱིར་ན། ཆོས་ཀྱི་སྐུའི་རང་བཞིན་ཏེ། མངོན་པར་བྱང་ཆུབ་པའི་བསྐྱེད་པའི་རྒྱུར་གྱུར་པས་སོ། །མི་དམིགས་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཐུགས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ལས། འོད་ཟེར་གྱི་ཕྲེང་བ་བར་མཚམས་མེད་པར་འཕྲོས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་དཀྱིལ་འཁོར་ཐམས་ཅད་ལ་ཁྱབ་པས། དེའི་འོད་ཟེར་གྱི་ལྕགས་ཀྱུས། དཀྱིལ་འཁོར་གོང་དུ་སྨོས་པ་ཐམས་ཅད་སྤྱན་དྲངས་ནས། བདག་གི་རང་སྣང་ཕྱོགས་དུས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་པའི་བདག་གི་ལུས་ངག་སེམས་ཀྱི་དཀྱིལ་འཁོར་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར། བཅུག་པའི་མཚན་ཉིད་ནི་ཇི་ལྟར་བུ་ཞེ་ན། དེ་འོད་དུ་ཞུ་ནས་ཐིམ་སྟེ་གཉིས་སུ་མེད་ཅིང་མཉམ་པར་སྦྱོར་བས་བསྙེན་པ་ཞེས་བྱ་སྟེ། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། ཞེས་བྱ་སྟེ། ཉེ་བར་གྱུར་བའི་དམ་ཚིག་མཆོག །ཅེས་པ་ནི། དམ་ཚིག་ཅེས་པའི་སྒྲས་ཡུམ་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ཡུམ་བསྐྱེད་པ་ནི་ཉེ་བའི་བསྙེན་པ་ཡིན་པར་ཤེས། དཔག་བསམ་ཤིང་ལ་སོགས་པའང་དེ་བཞིན་ཏེ། དེ་བཞིན་གཤེགས་པའི་བྱིན་བརླབས་ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། གཞན་ན་ཡོད་ནས་འདིར་འོངས་པ་མ་ཡིན་ཏེ་ཞེས་པ། ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་ལ་བརྟེན་ནས། ཤེས་རབ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་དེ། དེ་ལྟ་བུའི་ངང་དུ་བྱུང་ཞེས་བྱའོ། །དེ་ལ་ཐབས་ནི་ཐུགས་རྗེ་ཆེན་པོའི་མཚན་ཉིད་དེ། ཡབ་ཀྱི་སྐུ་ཕྱག་རྒྱ། ཤེས་རབ་ནི་སྤྱི་དང་རང་གི་མཚན་ཉིད་འབྱེད་པས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་བརྟེན་པ་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས་ཐམས་ཅད་ཀྱང་ཡུམ་དང་དུས་གཞན་ནས་འདིར་འོངས་པ་མ་ཡིན་ཏེ། ཐབས་ཐུགས་རྗེ་ཆེན་པོ་ལ་བརྟེན་པར་བྱ་བའི་ཤེས་རབ་ཉིད། དེ་ལྟ་བུའི་ངང་དུ་འབྱུང་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྦྱོར་བའི་ཞེས་བྱ་བའི་དོན་གསུངས་པ། འདི་ལྟར་སྣང་བ་ཐམས་ཅད་ཀུན། །ཐམས་ཅད་ཐབས་ཀྱི་མཚན་ཉིད་དེ། །ཐབས་ལ་ཐབས་ནི་རྣམ་པར་སྦྱོར། །སྦྱོར་དང་སྦྱོར་བ་གཉི་ག་མེད། །སྣ་ཚོགས་སྣང་བ་ཐམས་ཅད་ཀྱང་། །སྣང་བ་ཉིད་ན་རང་བཞིན་མེད། །དེ་ཉིད་ཤེས་རབ་ཡིན་པར་བཤད། །མདོར་ན་ཐབས་ཉིད་མི་དམིགས་པའོ། །ཞེས་གསུངས་པ་ཡིན་ཏེ། ཐབས་ཀྱི་ངོ་བོར་སྣང་བ་གང་ཡིན་པ་ཐམས་ཅད་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྦྱོར་བའོ། །ཕྱོགས་དང་པོས་མ་ཧཱ་ཡོ་གའི་ཕྱོགས་བཟུང་པའོ། །གཉིས་པས་ནི་ཨ་ཏི་ཡོ་གའི་ཕྱོགས་བཟུང་བའོ། །ད་ནི་ཡུམ་ཤེས་རབ་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ཆོས་ཀྱི་དབྱིངས་ཀྱི་ལྷ་མོ་སྟེ་ཡུམ་མོ། །ཡུམ་དེའི་ཕུང་པོ་ལྔའི་དེ་བཞིན་ཉིད། ཡབ་ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། ཡང་ཤེས་རབ་ཀྱི་ལྷ་མོ་ལ་ནི་ཐབས་ཀྱི་ཕྱག་རྒྱར་རོལ་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས་ཤེས་རབ་ཉིད་ཐབས་ཀྱི་སྦྱོར་བ་ཞེས་གསུངས་པ། དེབཞིན་ཉིད་ཀྱི་དབྱིངས་ཉིད་ལས། རོལ་པ་སྣ་ཚོགས་ཅིར་ཡང་འབྱུང་། །འབྱུང་བ་ཉིད་ན་རང་བཞིན་མེད། །མེད་པ་ཉིད་ན་སྣ་ཚོགས་འབྱུང་། །དེ་ཉིད་ཤེས་རབ་དབྱིངས་ནས་འབྱུང་། །ཞེས་གསུངས་ཏེ། ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད་སྐྱེ་བ་མེད་པའི་དབྱིངས་ལས་དཔལ་ཀུན་ཏུ་བཟང་པོ་ལ་སོགས་པ་སྟེ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་འབྱུང་ངོ་ཞེས་པ་སྟེ། དེ་ལ་དང་པོས་ནི་མ་ཧཱ་ཡོ་གའི་གཞུང་བཟུང་བའོ། །གཉིས་པས་ནི་ཨ་ཏི་ཡོ་གའི་གཞུང་བཟུང་པའོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་བསྟན་པ། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཞེས་བྱ་བ་གསུངས་ཏེ། །ཡུམ་ཡེ་ཤེས་ཀྱི་ལྷ་མོ་ལྗོན་པ་ལ་སོགས་པ་ལ་ནི། ཡབ་ཐབས་ཀྱི་ཕྱག་རྒྱ་དཔལ་ཀུན་ཏུ་བཟང་པོ་བདག་ཉིད་རོལ་ཞེས་བྱའོ། །དེ་ལྟར་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པ་བྱང་ཆུབ་སེམས་ཀྱི་དོན་གསུངས་པ། ཐབས་དང་ཤེས་རབ་དོན་དང་ལྡན་པ་འགྱུར་བ། གཉིས་མེད་བྱང་ཆུབ་སེམས་འཕྲོས་ཏེ། ཀུན་གྱི་འབྱུང་གནས་བྱེད་པའོ། །དེ་ཡིས་མ་བྱས་གང་ཡང་མེད། །ཤིན་ཏུ་བརྟག་དཀའ་སུས་མི་རིག །བདག་གིས་ཀྱང་ནི་བདག་མི་མཐོང་། །གཞན་གྱིས་མཐོང་བར་ག་ལ་འགྱུར། །ཞེས་གསུངས་ཏེ། ཐབས་དང་ཤེས་རབ་དབྱེར་མེད་པ་ནི། ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་འཇིག་དང་བྲལ་བའི་ངོ་བོ་སྟེ། དེ་ལྟར་ཕྱོགས་གཉིས་སུ་ཤེས་པར་བྱ་བ་ཁོ་ནའོ། །འོ་ན་དོན་དམ་པར་དེ་ལྟར་རོལ་པའི་ངོ་བོ་ཅན་ཡིན་ནམ་ཞེ་ན། མ་ཡིན་ཏེ་དོན་དམ་པའི་བདེན་པའི་དབང་དུ་ན། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག །ཅེས་བྱའོ། །དོན་དེ་བཞིན་བྱང་ཆུབ་སེམས་དཔའ་དང་། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་བརླབས་ཐམས་ཅད་ཀྱང་སྟན་པ། ཡེ་ཤེས་ལ་ཡེ་ཤེས་རོལ་པ་ཉིད་ཀྱང་གསོག་ཅེས་བྱའོ། །དེ་ལྟར་ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སྣང་ལ། དོན་དམ་པར་རྡོ་རྗེ་བཙན་པོ་མཆོག་ཅེས་བྱའོ། །ཅིའི་ཕྱིར་རྡོ་རྗེ་བཙན་པོ་ཞེ་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དངོས་པོ་དང་མཚན་མ་དང་། ལྟ་བའི་རི་བོ་ཐམས་ཅད་འཇོམས་པའི་ཕྱིར། རྡོ་རྗེ་བཙན་པོ་མཆོག་ཅེས་བྱའོ། །དཔལ་གསང་བའི་སྙིང་པོའི་རྣམ་འབྱོར་པས། མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་བསྒྲུབ་པར་བྱ་བ་ལ་ལས་ཀྱི་བག་ཆགས་ཀྱིས་བར་དུ་མི་ཆོད་ཅིང་། བག་ཆགས་ངན་པ་ཐམས་ཅད། འབྲས་ཀྱི་ས་བོན་རྐྱེན་དང་མ་ཕྲད་ན། སྨིན་པའི་སྐབས་མེད་དེ། ཐ་མར་རུལ་བར་འགྱུར་བ་ལྟར། རྡོ་རྗེ་ཚེའི་དངོས་གྲུབ་བསྒྲུབས་ལ། དཔལ་ཀུན་ཏུ་བཟང་པོའི་དངོས་གྲུབ་ཐོབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། ཡེ་ཤེས་ཀྱི་ཆོ་ག་ཆེན་པོ་ལྔ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བདག་བསྐྱེད་ཅིང་། ཟབ་པ་དང་རྒྱ་ཆེ་བའི་ཡོ་བྱད་ལྔ་དང་ལྡན་པར་བྱས་ཤིང་། སྔགས་ཀྱི་ཡན་ལག་ལྔ་རྫོགས་པར་བསྒོམས་ནས། རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་ཆོ་ག་ལྔས་ནི་བདག་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ལ། རྡོ་རྗེ་ཆོ་ག་བཞིས་ནི་གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་གདོན་པར་བྱའོ་ཞེས་འབྱུང་ངོ་། །དེ་ལ་ཡེ་ཤེས་ཀྱི་ཆོ་ག་ལྔ་ནི་བཤད་ཟིན་ཏོ། །རྡོ་རྗེ་ཆོ་ག་བཞིས་གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་གདོན་བར་བྱ་བ་ཡང་གང་ཞེ་ན། དང་པོ་སྟོང་པ་བྱང་ཆུབ་སེམས་དཀར་དམར་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པ་དང་། གཉིས་པ་བྱང་ཆུབ་སེམས་ཀྱི་ཡིག་འབྲུ་ལས་གསང་བའི་ཡིག་འབྲུར་གྱུར་པ་དང་། གསུམ་པ་ལྷ་བཞི་བཅུ་རྩ་གཉིས་དང་། ལྔ་བཅུ་རྩ་བརྒྱད་དུ་གྱུར་པ་དང་། བཞི་པ་གསང་བའི་དཀྱིལ་འཁོར་ནས་སྔགས་ཀྱིས་སྤྱན་དྲངས་པའོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས་ཀྱང་གསུངས་པ། དང་པོ་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་འབྱུང་། །གསུམ་པ་ལ་ནི་གཟུགས་རྫོགས་ཏེ། །བཞི་པ་ལ་ནི་སྔགས་བྱུང་བའོ། །ཞེས་གསུངས་སོ། །རིག་པའི་སྐྱེས་བུ་དེས་སྤྱད་པར་བྱ་བའི་ཡོ་བྱད་ལྔ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ལ་ཅི་ལྡན་ཞེ་ན། དེ་ལྟར་ཡང་ཟབ་པ་དང་རྒྱ་ཆེ་བ་གཉིས་ཏེ། ཟབ་པའི་ཡོ་བྱད་དུ་གསུངས་པ་སྟེ། གསང་བའི་བདུད་རྩི་ལྔ་ལ་བྱ་སྟེ། དེ་ལྟར་དཔལ་གསང་བ་འདུས་པ་ལས་གསུངས་པ། རང་བཞིན་ལུས་ཀྱི་བདག་ཉིད་ལ། དྲི་མ་ལྔ་པོ་འབབ་པར་འགྱུར། །ཡེ་ཤེས་ལྔས་ནི་བྱིན་བརླབས་པ། བདུད་རྩི་ལྔ་ཞེས་བྱ་བ་ཡིན། །ཞེས་གསུངས་སོ། །རྒྱ་ཆེ་བའི་ཡོ་བྱད་དུ་བྱ་བ་ནི། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞིས། ཐབས་དང་ཤེས་རབ་རོལ་པའི་དུས་སུ། བདུག་སྤོས་ལ་སོགས་པ་བཞིར་ཤེས་པར་བྱའོ། །ལྷག་པའི་བྱང་ཆུབ་སེམས་བསྒྲུབ་པའི་དུས་སུ་ནི། ཛཿདྷུ་པེ་པྲ་བེ་ཤ་ཞེས་བྱ་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པའི་བྱང་ཆུབ་སེམས་ལས། སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། ཡབ་ཡུམ་དགྱེས་མཉམ་མཆོག་གི་སྦྱིན་པས་ཐུན་མོང་མ་ཡིན་པས་བསྟིམ་མོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཀྱང་ཡོ་བྱད་ཡིན་ཏེ། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་ཀྱི་ཡན་ལག་ལྔ་ནི། སྒྲུབ་ཐབས་ཀྱི་རིམ་པ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་དོན་རྣམས་མ་ཉམས་པར་འཇུག་ཅིང་རབ་ཏུ་བརྩོན་པའི་རྣལ་འབྱོར་པས་ནི། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་བྱ་བ་དང་འབྲེལ་ཏོ། །དེ་ཡང་དུས་ཅི་ཙམ་ཞིག་ཅེ་ན། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་གྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་བྱ་བ་གསུངས་སོ། །དེ་ལྟར་བློ་རབ་འབྲིང་རྣམ་པ་གསུམ་གྱིས་སོ། །དེས་འབྲས་བུ་ཅི་མངོན་དུ་བྱེད་པ་ཡིན་ཞེ་ན། དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་བྱ་བ་གསུངས་སོ། །ཚེ་ལ་དབང་སྒྱུར་བ་ལྟར་ཡང་རྒྱུད་ཕྱི་མ་ལས་གསུངས་པ། ཤེས་རབ་རྣམ་གསུམ་དག་ལ་གོམས་བྱས་ནས། ཏིང་འཛིན་མཉམ་པའི་དོན་རྟོགས་ཏེ། རྟག་ཏུ་ཡངས་པ་ཆེན་པོ་བསྒོམ། །རྒྱུ་འབྲས་དུས་གཅིག་རྫོགས་པ་ཡི། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་སོ། །ཞེས་བྱ་བ་གསུངས་སོ། །འདི་བསྒྲུབ་པའི་དོན་ཅིའི་ཕྱིར། །ད་ལྟའི་དུས་ཀྱི་ཡུལ་གྱི་དངོས་པོ་འདི་དག་ལ་ཆགས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ད་ལྟའི་དུས་འདི་ནས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བར་དུ། ལས་འཕྲོ་དང་ལྡན་པའི་རྣལ་འབྱོར་པས། བག་ཆགས་ངན་པ་ཐམས་ཅད་སྨིན་པའི་སྐབས་མི་ཕྱེད་པར་བྱེད་པ་ནི། སོག་མའི་ཕུང་པོ་ལྟར་རུལ་བར་བྱས་ཤིང་ཚེ་འདི་ཉིད་ཁོ་ནས། རྡོ་རྗེ་ཆེན་པོའི་རིགས་འཛིན་དུ་འདོད་པར་གྱུར་ཏེ། དེའི་ཕྱིར་རྡོ་རྗེ་ཚེ་བསྒྲུབ་པ་ཡིན་ནོ། །དེ་ཡང་ལོ་བརྒྱ་ལོན་པ་དང་སླར་ཡང་ལོ་དྲུག་པ་དང་བཅུ་པ་ལ་སོགས་པའི་ན་ཚོད་དུ་བསྒྱུར་ཏེ། སྐྲ་འཁྱིལ་ཅིང་གནག་པ་ནི་བུང་བ་ལྟ་བུ་དང་། སྐྲ་དཀར་དང་གཉེར་མ་མེད་པ་དང་། ཟོ་མདོག་བདེ་བ་དང་། པདྨ་ལྟ་བུའི་མིག་དང་ལྡན་པ་ལ་སོགས་པ་དང་། དེ་ལྟར་ཡུན་རིང་པོར་ཡང་གནས་ཤིང་བསྒྲུབས་པས། དང་པོར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལྷའི་མིག་ལ་སོགས་པས་མཐོང་ཞིང་། སྒྱུ་འཕྲུལ་གྱི་རྫུ་འཕྲུལ་བསྒྲུབས་ཏེ། སངས་རྒྱས་དེ་དག་གི་དྲུང་དུ་རྫུ་འཕྲུལ་གྱིས་འགྲོ་ཞིང་། དེ་ནས་སླར་ཡང་འོང་ཞིང་། བསྐལ་པ་ཆེན་པོའི་བར་དུ་གནས་པ་ལ་བྱའོ། །དེ་ཅིར་འགྱུར་ཞེ་ན། ཚེ་ལ་དབང་སྒྱུར་པའི་རིག་འཛིན་གྱི་དམ་པ་འགྲུབ་ཅེས་བྱའོ། །འགྲུབ་ཅེས་བྱ་བའི་དོན་གྱིས་ནི་ཡེ་ཤེས་མངོན་དུ་འགྱུར་ཞེས་བྱའོ། །དེ་ལྟར་གྱུར་ནས་ཚེ་ལོ་བརྒྱ་ཕྲག་བཅུ་དྲུག་ཚད་ཀྱིས་ནི། སྐྱེ་ཤི་མེད་པའི་གཡུང་དྲུང་གི་སྐུ་ལ་སོགས་པའི་སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི་རྣལ་འབྱོར་པའི་ཀུན་གཞི་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཐིག་ལེ་དེ་ཉིད་ལ། འཕགས་པའི་ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་སྣང་བ་ནི། ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་། བྱིན་གྱིས་བརླབས་པ་མཐའ་ཡས་པའི་མཆོག་ཏུ་གྱུར་པ་དང་ལྡན་པ་ཡིན་ནོ་ཞེས་བྱའོ། །དེ་ལྟར་འཕགས་པའི་ཡེ་ཤེས་ཀྱི་ཐིག་ལེ་སྣང་ཞིང་མཐོང་ངོ་ཞེས་བྱ་བར་གསུངས་པ་དེ་ཡང་། གང་དང་གང་ཡིན། ཚུལ་ཇི་ལྟ་བུ་ཞིག་མཐོང་ཞེས་རྟོག་ཅིང་སེམས་པའི་བདག་ཉིད་ཅན་དེའི་དོན་དུ། སྒོམ་པ་པོ་དོན་དམ་པའི་ཀུན་རྫོབ་ཀྱི་སྒོ་ནས་མཐོང་བ་ནི། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །ཞེས་བྱ་བ་ལ་སོགས་པ་སྟེ། མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་བྱ་བའི་བར་དུ་གསུངས་པར་འགྱུར་ཏེ། དེ་ནི་དོན་དམ་པའི་ཀུན་རྫོབ་ཀྱི་སྒོ་ནས། སྤྱན་རྣམ་པར་དག་པ་གསུམ་གྱིས་མཐོང་བ་སྟེ། ཕྱོགས་བཅུ་དང་དུས་བཞིར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི། །ཞིང་ཁམས་སྣོད་དང་བཅུད་དུ་བཅས་པ་རྣམ་པར་དག་པའི་ཡོན་ཏན་ངག་གི་སྒོ་ནས་བརྗོད་དུ་མེད་པ་ལྟ་ཧ་ཅང་ཆེས་ཏེ། ཡིད་ཀྱི་སྒོ་ནས་ཀྱང་བསམ་ཡས་པ་དང་ལྡན་པ་དང་། རྒྱལ་བ་དེ་བཞུགས་པའི་གནས་ཕུན་སུམ་ཚོགས་པའི་ཡོན་ཏན་བསམ་ཡས་པའི། རྒྱ་དང་བྲལ་བ་དེའི་ཡོན་ཏན་ཕུན་སུམ་ཚོགས་པ། འཁོར་ལོའི་རྒྱན་དང་། རོལ་མོའི་ཚོགས་ལ་སོགས་པ་ཀུན་ཡང་སྤྱན་རྣམ་པ་གསུམ་གྱི་སྒོ་ནས་མཐོང་ངོ་། །དེ་ལྟར་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དཀྱིལ་འཁོར་མ་ལུས་པ་བསམ་པས་དེ་ཀུན་ཡང་སྤྱན་གསུམ་གྱི་སྒོ་ནས་མཐོང་ཞིང་། དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་རྫུ་འཕྲུལ་གྱིས་སོང་ནས་ཀྱང་། དེ་བཞིན་གཤེགས་པ་དེ་དག་ལ་ལུས་ངག་ཡིད་གསུམ་དང་བའི་སྒོ་ནས། མཆོད་པ་ལ་སོགས་པའི་ཁྱད་པར་གྱིས་ཀྱང་ཉེ་བ་དང་། དེ་ཉིད་དུ་མཉེས་ཤིང་བསྙེན་བཀུར་གྱི་ལས་བགྱིད་པ་དང་། རྒྱལ་བ་དག་གིས་ཀྱང་སྣོད་དང་ཞིང་དུ་གྱུར་པའི་རྣལ་འབྱོར་པ་དེ་ལ་གསུང་གི་རྡོ་རྗེ་བརྗོད་པ་དང་བྲལ་བའི་སྒོ་ནས། བྲག་ཅའི་སྒྲ་བཞིན་དུ། རྒྱ་ཆེན་པོའི་གསུངས་ལས་རྣམ་པར་དག་པའི་དོན་འབྱུང་བ་ཡང་། སྒྲིབ་པ་གཉིས་སྤངས་ཤིང་ཚོགས་གཉིས་རྫོགས་ཏེ། གཟུང་འཛིན་གཉིས་སྤངས་པའི་མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་བྱ་སྟེ། མུ་སྟེགས་ཀྱི་སྡེ་དཔོན་ལྟ་བུ་མ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཡང་ཅིས་མངོན་ཞེ་ན། སྟོང་ཕྲག་ཉི་ཤུ་ལྔ་བ་ལས་ཀྱང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡང་མཐོང་ལ། དེར་ཕྱིན་ནས་དེ་བཞིན་གཤེགས་པ་དེ་དག་གི་དྲུང་དུ་ཉེ་བར་འགྲོ་ཞིང་། མཆོད་པའི་རྣམ་པས་མཆོད་པ་དང་། ལུས་ངག་སེམས་ཀྱིས་མཉེས་པར་བྱེད་ལ་དེའི་ཞལ་ནས་ཆོས་ཐོས་ཤིང་། སླར་ཡང་འཛམ་བུ་གླིང་འདི་ཉིད་དུ་འོང་ངོ་ཞེས་གསུངས་སོ། །དོན་དམ་པའི་ཀུན་རྫོབ་རྫོགས་པ་ཆེན་པོའི་ཚུལ་དུ་མཐོང་བ་ནི། བདག་དང་སེམས་ཅན་ཐམས་ཅད་ལྷ་སུམ་ཅུ་རྩ་དྲུག་གི་རང་བཞིན་དང་མཐོང་བ་དང་དེ་ཡང་འདི་ཉིད་ཀྱི་རྒྱུད་ཕྱི་མ་ལས་ཀྱང་། བདག་ཞལ་བདག་གིས་མཐོང་བའོ། །ཞེས་གསུངས་པའོ། །དོན་དམ་པའི་ཡང་དོན་དམ་པའི་སྒོ་ནས་མ ཐོང་བ་ནི། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པའི་སྒོ་ནས། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་མཐོང་བ་ལ་བྱ་སྟེ། དེའི་ཕྱིར་ཡང་གསུངས་པ། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་དེ་ནི་དངོས་པོར་མ་གྲུབ་པས། གཅིག་ཅེས་བྱར་མི་རུང་ལ། རྫས་ཀྱི་ཐ་སྙད་དང་བྲལ་བས་དུ་མ་ཞེས་མི་བྱའི། ཅིའི་ཕྱིར་ཞེ་ན། གལ་ཏེ། གཅིག་ཅེས་བྱ་བའི་ངོ་བོ་ཅན་ཡོད་ན་ནི། དུ་མ་ཞེས་བྱ་བའི་རྫས་ཀྱང་ཡོད་དེ། གཅིག་ཅེས་བྱ་བའི་ངོ་བོར་བཏགས་པ་མེད་པས། དུ་མ་ཞེས་བྱ་བའི་རྫས་སུ་གྲུབ་པ་མེད་དེ། གཅིག་དང་དུ་མར་བྲལ་ཏེ། དཔེར་ན་གདུང་དང་ཀ་བ་དང་། འཛམ་གླིང་གཅིག་གི་ས་སྐུ་བ་ད ང་། གོམ་པ་གཅིག་གིས་ཁྱབ་མི་སྲིད་པ་ལྟ་བུའོ། །འོ་ན་མཐའ་དང་དབུས་ཀྱི་ཆོས་ཅན་ཞིག་གམ་ཞེ་ན། མཐའ་དབུས་མེད་ཅེས་བྱ་བ་གསུངས་སོ། །གལ་ཏེ། མཐའི་ངོ་བོ་ཞིག་ཡོད་ན་ནི། དབུས་སུ་རྗེས་སུ་དཔག་པའི་ཆོས་ཅན་ཞིག་ཀྱང་ཡོད་ན། མཐའ་རྟག་ཆད་ཀྱི་ཆོས་དང་བྲལ་བས། དབུས་སུ་རྗེས་སུ་དཔག་པའི་ཆོས་ཅན་ཡང་མེད་དེ། དཔེར་ན་ནམ་མཁའ་བཞིན་ནོ། །འོ་ན་དེ་ལ་ཐ་སྙད་ཀྱིས། ཇི་སྐད་བརྗོད་ན། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། དེས་ན་ལ་དོར་བའི་ཚིག་ཏུ་ན། སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཞེས་བྱའོ། །གཉིས་སུ་ན་སྤྱན་རྣམ་པ་གསུམ་གྱི་སྤྱོད་ཡུལ་མ་ཡིན་ཞེས་པའོ། །འོ་ན་གང་ལ་སྣང་ཞེ་ན། རང་བྱུང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡུལ་དང་དབང་པོ་རྣམས་ཀྱིས་ཚིག་ལས་འདས་ཤིང་། ཡུལ་དང་དབང་པོ་གང་ལ་ཡང་མི་གནས་པར་ཡེ་ཤེས་ཀྱི་སྤྱན་དེ་ལ་སྣང་བ་ཞེས་བྱའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་ཡུལ་དང་དབང་པོ་ལས་འདས་པ་ཙམ་ལ་སྣང་བའིི། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དེ་ཅིའི་ཕྱིར་རྣལ་འབྱོར་པ་ལ་སྣང་། དེ་ནི་ས་དགུ་མན་ཆད་ཀྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ན་ཞེས་པ་དང་། དེའི་ལན་གྱི་རྒྱུ་དང་པོར། ལོག་པར་བརྟགས་པའི་གཟུང་འཛིན་རྣམ་པར་དག་པའི་ཡེ་ཤེས་ཉིད་ཤེས་པར་བྱ་བའི་ཡུལ་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལས་མི་གཞན་པའི་ཕྱིར། རྒྱུ་གཉིས་པ་འཕགས་པའི་ཐུགས་རྗེ་ཆེན་པོས་སྨིན་པར་བྱ་བའི་ཞིང་དང་འབྲེལ་བའི་ཕྱིར། བདག་ལ་སོགས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་དུས་བཞི་དང་། གནས་ཁམས་གསུམ་ལ་སོགས་པ་མ་ལུས་པ་དག །དེ་བཞིན་གཤེགས་པའི་ཡེ་ཤེས་ཐིག་ལེ་ལ་སྣང་ངོ་ཞེས་བྱའོ། །དེ་ལྟར་ཡང་རྒྱུད་ཕྱི་མ་ལས་གསུངས་པ། དེ་བཞིན་ཉིད་ཀྱི་དབྱིངས་ལྡན་ལས། སྒྱུ་དང་དྲྭ་བར་འབྲེལ་འགྱུར་ན། །སྐུ་མཆོག་རྡོ་རྗེའི་འོད་སྣང་བ། །མཐུན་པའི་ཡེ་ཤེས་རང་སྣང་པའོ། །རྒྱུ་དྲུག་འཁོར་བའི་ལུས་སྣང་བ། །རྣམ་རྟོག་མཐུན་པའི་ལས་སྣང་བའོ། །ཞེས་གསུངས་པའོ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། སྟངས་དཔྱལ་གཉིས། བློ་ཐ་མའི་དོན་དང་འབྲིང་ལ་ལྔ། དེ་ལྟ་བུའི་དཀྱིལ་འཁོར་བྱས་ཏེ་དད་ལྡན་རབ་ཏུ་ཞུགས་པ་ནི། འདོད་པ་མྱ་ངན་ལས་འདས་པའི་དངོས་གྲུབ་ནི་ལྷ་མང་ན་ཆེ་ལ་ཉུང་ན་ཆུང་བ་མ་ཡིན་ཏེ་མཉམ་པར་འགྱུར་ཞེས་བྱའོ། །ཅིའི་ཕྱིར་ལས་འཕྲོ་དང་སྐལ་བར་ལྡན་པའི་ཡེ་ཤེས་དེ་ནི། རྣལ་འབྱོར་པས་གཉེར་ན་ཉེ་བར་ཡང་ཡ་མཚན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེན་པོ་འབྱུང་ཞེས་བྱའོ། །དེ་ལྟར་ཡང་འཇུག་ཏུ་རུང་ཡང་། དད་པ་མེད་པའི་མི་ཉམས་པ་ཅན་ནི། དེར་ཞུགས་ན་བདག་ཉིད་ཕུང་བར་འགྱུར་རོ་ཞེས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐུགས་ཀྱི་རྡོ་རྗེའི་རིགས་ལ་སོགས་པ་ལྷ་ཀུན་ཕྲ་རྒྱས་གཉིས་ཀྱིས་དཀྱིལ་འཁོར་གསང་བ་དམ་ཚིག་གི་ལེའུ་སྟེ་དགུ་པ་རྫོགས་སོ།། ༈ །།དེ་ལྟར་སློབ་མའི་དོན་དུ་རྡུལ་ཚོན་བྲིས་པའི་དགོས་ཆེད་ནི། དབང་བསྐུར་བ་ཡིན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། བཅུ་པ་རྒྱལ་པོ་སྦྱིན་པའི་ལེའུ་གསུངས་སོ། །དེ་ནས་དཔལ་ཀུན་ཏུ་བཟང་པོ་དགྱེས་པ་ཆེན་པོའི་ལྷུན་ལ་བཞུགས་པས། ཆོས་ཀྱི་རྒྱལ་པོ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་པ་ལས། སྐྱེ་བའི་ཆོ་འཕྲུལ་གཞན་ལ་ཕན་པ་ཆེན་པོ་སྦྱིན་པ་ཞེས་བྱ་བའི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱའོ། །དེའི་ཕྱིར་ཡང་གསུངས་པས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེ་ལམ་ནས་པདྨོར་འཁྱིལ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཐབས་ནི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡབ་ཀུན་ཏུ་བཟང་པོ་གནས་གྱུར་པའི་དུས་སུ་ནི། ས་བོན་གྱི་ངོ་བོ་ལས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེའམ། ཡབ་ཀྱི་རྡོ་རྗེ་ཐུགས་བྱང་ཆུབ་སེམས་དཔའི་རྡོ་རྗེ་སེམས་དཔའ། འབྲས་བུ་ཕྱག་རྒྱའི་དུས་སུ་ནི། བདུད་བཞིས་བསྐྱོད་པར་མ་ནུས་པའི་ཕྱིར་མི་བསྐྱོད་པའོ། །དེ་ལྟར་ཡབ་ཡུམ་ལྷ་སུམ་ཅུ་རྩ་དྲུག་གི་ངོ་བོར་གནས་པའི་ཐབས་དང་ཤེས་རབ་ཀྱི་ཕྱག་རྒྱ། གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ། ཡིག་འབྲུའི་ཚོགས་ཀྱི་ཡེ་ཤེས་ཀྱི་ཆུ་རྒྱུན་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨ་དཀྱིལ་དུ་འཁྱིལ་བ་དེ། བདུད་རྩིའི་ཕྱག་རྒྱས་བླངས་ནས། སློབ་མའི་ལྕེའི་དཀྱིལ་ནས་བསྟིམ་ཞིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སྔགས་བརྗོད་ལ་བསྟིམ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་སུ་གནས་བསྒྱུར་ཞེས་བྱའོ། །དེ་ལ་དབང་ཡང་གསང་བ་བྱང་ཆུབ་སེམས་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཕྱིའི་རྫས་ཀྱི་དབང་ངོ་། །ཕྱི་རྫས་ཀྱི་དབང་ལ་ཡེ་ཤེས་རིན་པོ་ཆེའི་དབུ་རྒྱན་དང་། ཤེས་བྱ་རྒྱ་མཚོ་ལ་ཐོགས་པ་མེད་པའི་ཅོད་པན་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་ཕྲེང་བ་དང་། ཆེ་བའི་ཡོན་ཏན་རིན་པོ་ཆེའི་ཕྲེང་བའམ། ཡང་ན་འཇིགས་བྱེད་ཆེན་པོའི་ཐོད་པའི་ཕྲེང་བ་སྟེ། དེས་ནི་གཟུང་འཛིན་ལ་གནས་པའི་སེམས་ཅན་སྔངས་ཤིང་རྒྱལ་བར་བྱེད་པ་སྟེ། དོན་དུ་ན་ཐོད་པའི་ཕྲེང་བའི་དབུ་རྒྱན་དེས་རྡོ་རྗེ་འཛིན་པ་བདག་བསྐྱེད་དོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་གཟུང་འཛིན་རྣམ་པར་དག་པ་ལས་བདག་སྐྱེའོ་ཞེས་བྱའོ། །གོ་ཆ་ནི་ཡང་ན་འཇིག་རྟེན་འཇིགས་བྱེད་ཆེན་པོའི་ཙ་མ་ར་དང་། གླང་པོ་ཆེའི་ཀོ་བ་དང་། སྟག་གི་པགས་པ་དང་། སེང་གེའི་པགས་རློན་ལ་སོགས་པའོ། །རྒྱལ་མཚན་ནི་ཆུ་སྲིན་དང་། སེང་གེ་རིན་པོ་ཆེ་ལ་སོགས་པའོ། །ཡང་ན་ཁ་ཊཱཾ་ཀ་ལ་སོགས་པའི་རྒྱལ་མཚན་ཆེན་པོའོ། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། པདྨ་རལ་གྲི་དྲིལ་བུའོ། །ཡང་ན་ཡུམ་ཆེན་མོ་ལྔའི་གདུགས་ནི། རས་སམ་དར་གྱི་གདུགས་སོ། །ཡང་ན་འཇིགས་བྱེད་ཆེན་པོའི་གཡང་གཞི་ནམ་མཁའ་ལ་ཕྱག་གིས་བརྒྱངས་པའོ། །བུམ་པ་ནི་རིན་པོ་ཆེའི་འོ། །ཡང་ན་བནྡྷ་བདུ་རྩི་ལྔས་བཀང་བའོ། །བཟའ་བ་ནི་བཟའ་བའི་ལོངས་སྦྱོད་ལ་སོགས་པ་སྟེ། ཁུར་བ་ལ་སོགས་པའོ། །ཡང་ན་ཤ་རྣམ་པ་ལྔའོ། །བཏུང་བ་ནི་ཆང་ལ་སོགས་པའོ། །ཡང་ན་བདུད་རྩི་རྣམ་པ་ལྔ་དང་། ཁྱད་པར་དུ་ཁྲག་ཆེན་ནོ། །སྙིང་པོ་ལྔ་ནི་གསེར་ལ་སོགས་པའོ། །ཡང་ན་མིག་དང་རྣ་བ་སྣ་ལྕེ་སྙིང་མཁལ་མ་དང་མཚན་མའོ། །ཕྱི་གསང་བ་བྱང་ཆུབ་སེམས་ཀྱི་དབང་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབང་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་པར་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སློབ་མའི་ཁྱད་པར་གྱིས་ཕྱི་ནང་གསང་བའི་དབང་སྦྱིན་པའི་ལེའུ་སྟེ། བཅུ་པ་རྫོགས་སོ།། ༈ །།དེབཞིན་གཤེགས་པས་དཀའ་གསང་བའི་ཐེག་པ་རིམ་པ་དགུ་ལ། ཐེག་པ་ཆེན་པོའི་དབང་དུ་ཐ་མ་ལྔ་ཡང་བསྟན་པར་བཞེད་ནས་མཆོག་བཞི་བསྒྲུབ་པར་བྱ་བའི་ཁྱད་པར་བསྟན་པ་སྟེ། གསང་བའི་བྱང་ཆུབ་སེམས་ལས། འཕགས་པ་ལ་མཆོད་པ་དང་། རང་ཉིད་རྡོ་རྗེ་ཚེ་ལ་སོགས་པའི་དོན་དུ་ལོངས་སྤྱོད་པ་དང་། འགྲོ་བ་ཡོངས་སུ་དག་པར་བྱ་བ་དང་། རྣལ་འབྱོར་པའི་ཁྱད་བར་གྱི་ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་བཅུ་གཅིག་པ་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཀྲལ་ཟིན་ཏོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་བདག་ཉིད་དང་། ཀུན་རྫོབ་ཐབས་དང་ཤེས་རབ་ཀྱི་ངོ་བོ། འགྲོ་བའི་དོན་དུ་དགྱེས་པས་དགྱེས་པ་ཆེན་པོའོ། །སྒྱུ་འཕྲུལ་དྲྭ་བའི་སྒོ་ནས་རྒྱལ་པོ། དྲྭ་བའི་ངོ་བོར་བསྒྱུར་པས་རྒྱལ་པོ་བསྒྱུར་བའོ། །དེ་ལ་གོང་དུ་རྒྱལ་པོ་སྦྱིན་པ་ཞེས་བྱ་བ་ལ། འདི་རྒྱལ་པོ་བསྒྱུར་བ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། གོང་གི་དེ་གཞན་གྱི་རྒྱུད་ལས་འབྱུང་བ་ཡིན་པས། རྒྱལ་པོ་སྦྱིན་པ་ཞེས་བྱ་ལ། འདིར་ནི་བདག་ཉིད་ཀྱང་རྒྱུད་ལས་རྣམ་པར་དག་པའི་ངོ་བོར་བསྒྱུར་བའོ། །དེ་ཡང་གསང་སྔགས་ཀྱི་གཞུང་གཉིས་ཀྱིས་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བསྒྱུར་པས་དེ་སྐད་ཅེས་བྱའོ། །དེ་ལ་ཐེག་པ་ཆེན་པོ་ལ་སོ་སོའི་འདོད་སྟངས་ནི། མངོན་པར་རྟོགས་པའི་རིམ་པ་ཡང་བཞིར་འགྱུར་ཏེ། དེ་བཞི་གང་ཞེ་ན། རྒྱུ་གཅིག་པར་རྟོགས་པ་དང། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། བྱིན་གྱིས་བརླབས་ཀྱིས་རྟོགས་པ་དང་། མངོན་སུམ་པས་རྟོགས་པའོ། །དེ་ལ་མདོ་སྡེའི་ཐེག་པ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོས་ནི། རྒྱུ་གཅིག་པར་རྟོགས་པ། སྔོན་གྱི་བུདྡྷ་ཐམས་ཅད་ཀྱང་སངས་རྒྱས་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས། མངོན་པར་རྫོགས་པར་སངས་རྒྱས་ལ། ད་ལྟར་དང་ཕྱིས་འབྱུང་བ་ཐམས་ཅད་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་མངོན་པར་རྫོགས་པར་སངས་རྒྱས་ལ། ད་ལྟར་གྱི་དུས་ན་སངས་རྒྱས་བསྒྲུབ་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་རྒྱུ་གསོག་ཅིང་། མ་འོངས་པའི་དུས་ན། མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་ཀྱང་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཅིག་པས་རྒྱུ་གཅིག་པར་རྟོགས་པའོ། །དེ་ཡང་ཇི་ལྟར་ཞེ་ན་རང་བཞིན་གྱི་རྒྱུ་གཅིག་ན། སྐྱེ་བའི་རྒྱུ་དང་གསལ་བའི་རྒྱུས་སངས་རྒྱས་དང་། སེམས་ཅན་སོ་སོར་སྤྲུལ་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུ་རྣམ་པ་གཉིས་ཡོད་དེ། དེ་ཡང་སྐྱེ་བའི་རྒྱུ་དང་གསལ་བའི་རྒྱུའོ། །གང་ལ་ཆེས་སྐྱེ་བར་བྱེད་པ་ནི་སྐྱེ་བའི་རྒྱུ་སྟེ། ཀུན་ནས་ཉོན་མོངས་པའོ། །སྒྲོན་མེས་རྫས་ཅི་ཡང་གསལ་བར་བྱེད་པ་དང་འདྲ་བར། ཕ་མ་ནི་གསལ་བའི་རྒྱུའོ། །སྐྱེ་པའི་རྒྱུའི་ཕྱིར་བཤད་ན། རྟེན་འབྲེལ་གྱི་རྒྱུའི་སྒོ་ནས་ས་བོན་སྐྱེད་པའི་རྒྱུའོ། །ས་དང་ཆུ་ལ་སོགས་པ་དེ་ནི་གསལ་བའི་རྒྱུའོ། །དེ་དང་འདྲ་བར་སེམས་ཅན་གྱིས་བླ་ན་མེད་པའི་བྱང་ཆུབ་སེམས་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དགུས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་དོ། །གསལ་བའི་རྒྱུ་ནི་སངས་རྒྱས་ཀྱི་རང་བཞིན་གྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའོ། །གཉིས་སུ་ན་སྐྱེ་བའི་རྒྱུ་ནི་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལ་ཡོད་པའི་ཕྱིར་ན། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ཅན་ཡིན་ཏེ། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། རང་གི་རྣམ་རྟོག་ཅེས་གསུངས་པའི་ཕྱིར་རོ། །གསལ་བའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་ལ་སོགས་པ་བཅུ་པོ་དེ་དག་སྟེ། གོང་ནས་གོང་དུ་གསལ་ཞིང་སྨོན་པར་བྱེད་པའི་ཕྱིར་རོ། །ཡང་སྐྱེ་བའི་རྒྱུ་མེད་པར་ཡང་གསལ་བའི་རྒྱུས་སངས་མི་རྒྱས་སྟེ། དཔེ་ས་བོན་མེད་པའི་ས་གཞི་དང་། ཆུ་ལུད་དང་འདྲའོ། །གསལ་བའི་རྒྱུ་མེད་པར་སྐྱེ་བའི་རྒྱུས་ཀྱང་སངས་མི་རྒྱ་སྟེ། ས་བོན་ཡོད་ཀྱང་ཞིང་ས་དང་ཆུ་ལུད་མེད་པ་དང་འདྲའོ། །དཔེ་དེས་གོང་དུ་གསུངས་པ་དག་ལ་ཡང་ཉེ་བར་མཚོན་པར་བྱས་སོ། །འོ་ན་དེ་ལྟ་བུའི་སངས་རྒྱས་ཀྱི་རང་བཞིན་དེ། དེ་ཇི་ལྟ་བ་ཞིག་གང་དང་གང་གི་སྤྱོད་ཡུལ་ཡིན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གི་སྤྱོད་ཡུལ་ཏེ། སངས་རྒྱས་ཀྱི་རང་བཞིན་དེ་ཡང་མཐོང་བ་དང་མི་མཐོང་བའོ། །དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་པ་ས་བཅུ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་གཉིས་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་སོ། །མི་མཐོང་བ་ནི་སེམས་ཅན་ཐམས་ཅད་དོ། །མཐོང་བ་ལ་གཉིས་ཏེ། མཐོང་བ་མངོན་སུམ་པས་མཐོང་བ་དང་། ཐོས་པས་མཐོང་བའོ། །དེ་ལ་སངས་རྒྱ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པས་ནི། མངོན་སུམ་པའི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ལ། ཐོས་པས་མཐོང་བ་ནི། རྣལ་འབྱོར་སྤྱོད་པ་ཅན་དང་བྱང་ཆུབ་སེམས་དཔའ་ས་དགུ་པོ་རྣམས་ཏེ། དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡོད་པར་ཐོས་པའོ། །སངས་རྒྱས་ཀྱི་རང་བཞིན་དེ་ཡང་ཕྱི་རོལ་ན་མ་ཡིན། ནང་ན་མ་ཡིན་ཏེ། དཔེ་ཏིལ་མར་ཇི་ལྟ་བུའོ། །སེང་གེའི་སྒྲས་གསོལ་པ། འོ་མའི་ནང་ཞོ་མཆིས་པ་དང་འདྲ་བའི་སེམས་ཅན་ལ། སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་ལྟ་བུ་མཐུ་བོ་ཆེ་མཆིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་མར་གྱི་སྙིང་པོ་དང་ཡོངས་སུ་དག་པ་དང་མཚུངས་སོ་ཞེས་བཀའ་སྩལ་ན། ཅིའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་ན་མ་ཡིན་ནང་ན་མ་ཡིན་ཞེས་བཀའ་སྩལ་པ། རིགས་ཀྱི་བུ་འོ་མའི་ནང་ན་ཞོ་ཡོད་ཅེས་གསུངས་པ། འོ་མ་ལ་ཞོ་འབྱུང་བའི་ཕྱིར་ཞོ་ཡོད་དོ་ཞེས་བྱའོ། །དེ་དང་འདྲ་བར་སེམས་ཅན་གྱི་རང་བཞིན་འོ་མ་དང་འདྲ་བ་ལས། ཤེས་རབ་རྣམ་གསུམ་གྱིས་རུ་མ་དང་དྲོད་ཀྱིས་ཞོ་དང་འདྲ་བར་གྱུར་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྲུབས་པ་སྦྱང་བར་བྱས་པ་དང་འདྲ་བས། མར་གྱི་སྙིང་པོ་ལྟ་བུའི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱའོ། །རིགས་ཀྱི་བུ་རྒྱུ་ལ་ཡང་གཉིས་ཏེ། བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུའོ། །བདེན་པའི་རྒྱུ་ནི་དཔེ་འོ་མ་ལས་ཞོར་འགྱུར་ཞིང་དེ་མར་གྱི་སྙིང་པོར་གྱུར་པའོ། །རྐྱེན་གྱི་རྒྱུ་ནི། རུ་མ་དང་དྲོད་ཀྱིས་འོ་མ་ལས་ཞོ་འབྱུང་བའི་ཕྱིར། ཞོའི་རང་བཞིན་ཡོད་ཅེས་བྱའོ། །དེ་ལྟར་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་རང་བཞིན་ཡང་བདེན་པའི་རྒྱུ་རྐྱེན་གྱིས་རྒྱུ་རྣམ་པ་གཉིས་ཏེ། དེ་ལ་བདེན་པའི་རྒྱུ་སེམས་ཅན་རྣམས་སོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་བདེན་པའོ། །རྐྱེན་གྱི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ས་བཅུ་གོང་ནས་གོང་དུའོ། །འོ་ན་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་མི་རྒྱ་བ་ཅིའི་ཕྱིར་ན། དེ་ནི་སངས་རྒྱས་སེམས་ཅན་གཉིས། རང་བཞིན་གྱི་རྒྱུ་དང་བདེན་པའི་རྒྱུ་གཅིག་ན་ཡང་རྐྱེན་གྱི་རྒྱུ་གཉིས་སམ། སྐྱེ་བའི་རྒྱུ་དང་གསལ་བའི་རྒྱུ་སོ་སོར་ཕྱེ་སྟེ། དེ་ཡང་སངས་རྒྱས་ཀྱི་དུས་ན་ནི། ཤེས་རབ་རྣམ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ཡང་ལུང་ལ་ལ་ལས་ནི་ས་བཅུ་རྒྱུར་བྱས་ནས། ཕ་རོལ་ཏུ་ཕྱིན་པ་བཅུ་འབྲས་བུར་གྱུར་པའོ། །སེམས་ཅན་གྱི་དུས་ན་ནི་ཀུན་ནས་ཉོན་མོངས་པ་དང་ཕ་མའོ། །དེ་ལྟར་ཡང་ཀུན་ནས་ཉོན་མོངས་པའི་དཔེ་ནི། ཀུན་ཏུ་རྒྱུ་སེན་རིང་ཀྱིས་ཞུས་པ་དང་། བརྒྱད་སྟོང་པ་ཞུས་པའི་མདོ་ལས་ཀྱང་། ཀྱེ་བཅོམ་ལྡན་འདས་ཞེས་བོད་པའི་ཚིག་དང་པོར་བྱས་ནས། བཅོམ་ལྡན་འདས་ཁྱོད་ཀྱི་དབུའི་གཙུག་ཏོར་དང་ལྡན་པ་ནི། ཁྱོད་སྔོན་ལས་ཅི་ཞིག་སྤྱད་པས་འདི་ལྟར་གྱུར་པ་ཡིན་ཞེས་པ་ནས། མཚན་དང་དཔེ་བྱད་རེ་རེ་ནས། དྲིས་པ་དང་། བཅོམ་ལྡན་འདས་ཀྱིས་སླར་ལན་བཏབ་པ་ན། ཀུན་ཏུ་རྒྱུས་བསམས་པ། འོན་ཀྱང་བདག་གིས་ཀྱང་སངས་རྒྱས་སུ་འགྲུབ་རུང་སྙམ་ནས། རྒྱུན་ཏུ་ཞུགས་པའི་རྒྱུ་ལ་ཞུགས་ནས། དགྲ་བཅོམ་པའི་འབྲས་བུ་ཚེ་འདི་ཉིད་ཀྱིས་ཐོབ་ནས། རྒྱབ་ན་འབྲས་ཀྱི་ཕོལ་མིག་གཅིག་ཡོད་པ་ཡང་སོས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཁྱོད་ལུང་བསྟན་པ་ནི། སྲིང་མོ་གང་གཱའི་ལྷ་མོ་མངོན་པར་སངས་རྒྱས་པའི་དུས་སུ། ཁྱོད་ཀྱང་དེས་བསྟན་པ་ལ་ལུང་བསྟན་པ་ཐོབ་པར་འགྱུར་རོ་ཞེས་སོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་སྒོ་ནས་ཀྱང་། མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་སོ། །དེ་ལ་རྒོལ་ཏེ། ཉན་ཐོས་ནི་ལུང་བསྟན་པ་མེད་དོ་ཞེ་ན་དེ་ཡང་ཡོད་དེ་ཉན་ཐོས་སྤྲོ་བ་བསྐྱེད་པའི་ཕྱིར་ན། པུཎྜ་རཱི་ཀ་ལས་ཀྱང་། ཉན་ཐོས་ལུང་བསྟན་པ་ཡོད་ལ། ཉིད་ཀྱི་འཁོར་མཛེས་པར་བྱ་བའི་ཕྱིར་ནི། བྱང་ཆུབ་སེམས་དཔའ་ཉན་ཐོས་སུ་ཚུལ་སྟོན་པ་ཡང་ཡོད་དོ་ཞེས་བྱའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི་གང་ཞེ་ན། རྡོ་རྗེ་ཐེག་པ་ཆེན་པོ་སེམས་ཙམ་གྱི་རྣལ་འབྱོར་དུ་སྤྱོད་པའི་ཚུལ་གྱིས་ནི། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་སྟེ། དེ་ཡང་བདག་གི་ཕུང་པོ་ལ་སོགས་པ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ངོ་བོ། ཡེ་ཤེས་ལྔའི་ངོ་བོ་རང་བཞིན་ཡི་གེ་ༀ་དུ་རྟོགས་པ་དང་། ༀ་དེ་ཡིས་མཚོན་པ་སྟེ་རྫོགས་པའི་དཀྱིལ་འཁོར་དུ་བསྒོམ་པ་དང་། ཡང་ན་ཁྲོ་བོའི་དཀྱིལ་འཁོར་དུ་བསྒོམ་པའོ། །ཕྱིའི་ཡུལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པ་ཐམས་ཅད་ནི། ཡུམ་གྱི་མཚོན་ནས་ཡུམ་ཆོས་ཀྱི་དབྱིངས་སུ་སྦྱོར་བ་དང་། ཡང་ན་ཡུམ་གྱི་དཀྱིལ་འཁོར་དང་། དབྱིངས་སུ་སྦྱོར་བ་དང་། ཡང་ན་ཡུམ་གྱི་དཀྱིལ་འཁོར་དང་གནས་སྐབས་ཀྱི་དབང་གིས་ན། ཁྲོ་བོའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གོས་དང་རྒྱན་དང་བཟའ་བ་དང་བཏུང་བ་དང་། གླུ་ཚིག་དང་བྲོ་གར་ཚོགས་ཀྱི་སྤྲིན་དཔུང་ལ་སོགས་པ། ལོངས་སྤྱོད་ཀྱི་རྣམ་པ་ཐམས་ཅད་ནི་ཡི་གེ་ཧཱུྃ་གི་རང་བཞིན་ཏེ། རང་གི་སེམས་སྣང་བའི་ཁྱད་པར་ཙམ་དུ་བསྒོམ་པའོ། །དེ་ལྟར་སྤྱོད་པ་དེས་ཀྱང་། མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བྱའོ། །དཔལ་ཏྭད་ཏ་རང་ཀྲ་ཧ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལ་སོགས་པའི་ཚུལ་གྱིས་ནི་བྱིན་གྱིས་བརླབས་ཀྱིས་རྟོགས་པ་སྟེ། དེ་ཡང་ཅི་ལྟར་ཞེ་ན། དཔེར་ན་རས་དཀར་པོ་ཁ་དོག་སོ་སོར་བྱིན་གྱིས་བརླབ་པའི་མཐུ་ནི། ཚོན་སོ་སོ་ན་ཡོད་པ་ལྟར། སེམས་ཅན་སངས་རྒྱས་སུ་བྱིན་གྱིས་རློབ་པའི་མཐུ་སངས་རྒྱས་ལ་མངའ་སྟེ། དེ་ཡང་ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་གང་ན་བ་དེར། རིགས་བཞིའི་སངས་རྒྱས་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར། དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཇི་ལྟ་ཐོབ་པར་གསུང་། དེ་ནས་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བུ་ལགས། ཇི་ལྟར་བསྒྲུབ་པར་བགྱི། སླར་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏེ། རིགས་ཀྱི་བུ་རང་གི་སེམས་ལ་རྟོགས་ཤིག །མཉམ་པར་ཞོག་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་སྔགས་འདི་ཟློས་ཤིག །ༀ་ཙི་ཏ་པྲ་ཏི་བེ་ཏང་ཀ་རོ་མེ། དེ་ནས་དོན་ཐམས་ཅད་གྲུབ་པས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་གི་སྙིང་ག་ན་ཟླ་བའི་དཀྱིལ་འཁོར་དུ་གདའ་བ་བདག་གིས་རྟོགས་སོ། །སླར་ཡང་བཀའ་སྩལ་བ། རིགས་ཀྱི་བུ་དེ་ལྟར་ངེད་ཀྱིས་བྱིན་གྱིས་བརླབས་ཤིང་ཁྱོད་བདག་གིས་མངོན་པར་རྟོགས་པའི་སེམས་ནི་རང་བཞིན་གྱིས་འོད་གསལ་བ་ཡིན་པས། དེ་ནི་ཅི་ལྟར་སྦྱངས་པ་དེ་ལྟར་ཏེ། དཔེར་ན་རས་དཀར་པོ་ཚོན་གྱིས་བསྒྱུར་བ་བཞིན་ནོ། །དེ་ནི་ངང་གི་སེམས་རིག་པ་ལས་མངོན་པར་བྱང་ཆུབ་པའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། སེམས་ཀྱི་ཤེས་པ་དེ་རྒྱས་པར་བྱ་བའི་ཕྱིར། ༀ་བོ་དྷི་ཙིཏྟ་ཨུཏྤ་ཏ་ཡ་མི། ཞེས་པ་ཡང་གསོལ་བ། ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་བ་གང་ཡིན་པ་དེ་ནི། ཟླ་བའི་དཀྱིལ་འཁོར་ཉིད་དུ་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། ཀུན་ཏུ་བཟང་པོ་ཁྱོད་ཀྱིས་ལེགས་སོ་ལེགས་སོ་ཞེས་སོ། །དེ་ནི་བྱང་ཆུབ་སེམས་བསྐྱེད་པ་ལས་མངོན་པར་བྱང་ཆུབ་པའོ། །ཡང་རིགས་ཀྱི་བུ་རང་གི་སྙིང་གར་ཟླ་བ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོམས་ཤིག་ཅེས་ལུང་ཕོག་ནས། ཏིཥྛ་བཛྲ་ཞེས་བྱིན་གྱིས་བརླབས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་རྡོ་རྗེའི་བདག་ཉིད་མཐོང་ངོ་། །དེ་ནི་ཆོས་ཀྱི་སྐུར་གནས་པ་ལས་མངོན་པར་བྱང་ཆུབ་པའོ། །སངས་རྒྱས་པའོ། །དེ་ནས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཇི་སྙེད་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། སེམས་དཔའི་རྡོ་རྗེ་དེར་ཞུགས་སོ། །དེ་ནི་བརྟན་པར་བྱས་པ་ལས་མངོན་པར་བྱང་ཆུབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་རྡོ་རྗེ་དབྱིངས་ཞེས་བྱ་བའི་མིང་གིས་དབང་བསྐུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་གིས་ལེགས་པར་མཐོང་ངོ་། །སླར་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དེ་ལྟ་བས་ན། སེམས་དཔའ་རྡོ་རྗེ་སྟེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་སྐུར་སོམས་ལ། རང་བཞིན་གྱིས་གྲུབ་པའི་སྔགས་འདི་བརྩོན་པར་ཟློས་ཤིག །ༀ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾཿ སངས་རྒྱས་ཀྱི་སྐུར་གྱུར་པ་ལས་མངོན་པར་རྟོགས་པར་བྱང་ཆུབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདག་བྱིན་གྱིས་རློབས་མངོན་པར་རྫོགས་པར་བྱང་ཆུབ་པ་འདི་བརྟན་པར་མཛོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེའི་གནས་བཞིར་བཞུགས་ཏེ་གནས་སོ། །དེ་ལྟར་ཀུན་གཞི་མ་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱིན་གྱིས་སློབ་པའི་མཐུ་དེ་བཞིན་གཤེགས་པ་མི་བསྐྱོད་པ་སྟེ། དེ་ལྟར་ཡང་གསུངས་པ། བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །རྫོགས་པ་ཟླ་བ་ལྟ་བུར་བཤད། །ཅེས་གསུངས་སོ། །ཉོན་མོངས་པ་ཅན་གྱི་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བྱིན་གྱིས་རློབ་པའི་མཐུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན། ཡིད་ཀྱི་རྣམ་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སུ་བྱིན་གྱིས་རློབ་པའི་མཐུ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ། སྒོ་ལྔའི་རྣམ་པ་ཤེས་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བྱིན་གྱིས་རློབ་པའི་མཐུ་གདོན་མི་ཟ་བར་གྲུབ་པ་སྟེ། དེ་ལྟ་བུའི་ཚེགས་ཆུང་ངུས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཡེ་ཤེས་ཀྱི་སྐུར་བྱིན་གྱིས་རློབ་པ་འདི་ལ་ཡང་འཇུག་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་པར་རྟོགས་པ་དེས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །མངོན་སུམ་པས་རྟོགས་པ་ནི། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་ནི། མངོན་སུམ་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། རྒྱུད་འདི་ཁོ་ནའི་དབང་དུ་གསུངས་པ་སྟེ། ཡབ་ཡུམ་གྱིས་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལྟ་བུ་དང་། རྒྱུད་གཞན་དག་གི་གནས་སྐབས་ན་ཡི་གེ་ལས་ཐུགས་མཚན་ལྟ་བུར་གྱུར་པའི་ས་བོན་ཡིན་ན། རྒྱུད་འདིའི་ཡི་གེ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་ལ་སོགས་པ་ཇི་སྙེད་པ་སྟེ། དེ་ལྟར་སྤྱད་པ་དེས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་ལ་རབ་ཏུ་རྟོགས་པ་བཞི་དང་འོན་ཀྱང་དེའི་ཟླ་རབ་མ་ཡིན་པ་ཡང་ཡོད་དེ། །དེ་ནི་ཀྲྀ་ཡ་དང་ཉན་ཐོས་དང་རང་སངས་རྒྱས་ལ་ཤེས་པར་བྱའོ། །དེ་རབ་ནི་མཆོག་ཏུའོ། །འདི་ལ་ཡང་ཁྱད་པར་ཡོད་དེ། དང་པོ་གཉིས་ནི་རྒྱུར་གནས་ལ། །ཐ་མ་གཉིས་ནི་འབྲས་བུར་གནས་པ་སྟེ། དེའི་ཕྱིར་བློ་དང་པོའི་རྣལ་འབྱོར་པ་རྣམས་ལ་སློབ་དཔོན་གྱིས་འབྲས་བུ་གཉིས་བསྟན་ན། གཉི་ག་མཉམ་པར་འགྱུར་ཞེས་འདི་དངོས་ལས་སོ། །དེ་ཡང་གསང་བའི་རྒྱུད་ཐམས་ཅད་ལས་ཡོ་ག་རྣམ་བཞི་ཚང་བར་འབྱུང་ཡང་། ཤས་ཆེ་ཆུང་ཙམ་ལས་བཏགས་སོ། །ཐམས་ཅད་ཅེས་པ་ནི། རབ་ཏུ་རྟོགས་པ་རྣམ་པ་བཞི་ལས་སོ། །མངོན་རྫོགས་རྒྱལ་པོ་ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ལ་དབང་སྒྱུར་ཏེ། ཆོས་ཀྱི་སྐུ་ཉིད་དུའོ། །རྒོལ་ཏེ། གང་སྤྱད་ཀྱང་འདྲ་ན་རྒྱུད་རྣམ་པ་མང་པོ་དང་ཐེག་པའི་ཁྱད་པར་མང་པོ་ཅི་དགོས། །གཅིག་ཏུ་འཐད་མོད་ཅེ་ན། དེ་ཡང་སེམས་ཅན་གྱི་མོས་པ་དང་། ལས་འཕྲོ་དང་བསོད་ནམས་ཀྱིས་དབང་གིས་སོ་སོར་གྱུར་ཏེ། འོ་ན་རབ་འདི་བཞི་འདྲའམ་ཞེ་ན། དེ་ཡང་འབྲས་བུའི་དུས་སུ་འདྲ་ཡང་། རྒྱུ་ལ་བསྒྲུབ་ཐག་ཉེ་རིང་ངོ་། །སངས་རྒྱས་ཟིན་ནས་ནི་མཉམ་པ་བཞིའི་དབང་གིས་འདྲའོ། །གལ་ཏེ་སངས་རྒྱས་ཟིན་ནས་ཀྱང་མི་འདྲ་ན་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་འགྱུར། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་མ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར། ཆོས་ཀྱིས་དབྱིངས་ཀྱང་ཆོས་ཀྱི་དབྱིངས་སུ་མི་འགྱུར་བ་ཞིག་ན། དེ་ནི་ཐམས་ཅད་ནས་ཐམས་ཅད་དུ་མི་སྲིད་པས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བག་ཆགས་སུ་མི་འགྱུར་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་གཉིས་ཀྱི་རྣམ་པར་མི་འགྱུར་བས། འབྲས་བུའི་དུས་སུ་འདྲ་ཞེས་བྱའོ། །དེ་ལ་རྒྱུ་གཅིག་པ་ནི་མདོ་སྡེའི་ཐེག་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ཉིད་དེ། །དེ་ཡང་འདིར་མི་གནས་བྱིན་བརླབས་ཉིད་ཀྱི་རང་བཞིན་གྱི་འདོད་གཞུང་ངོ་། །དཔལ་ཏྭད་ཏ་སང་གྲ་ཧ་ལ་སོགས་པ་ལོགས་ཤིག་ན་གཞུང་ཚུགས་པ་ཉིད་དུ་ན། འདིར་མི་གནས་པ་མ་ཧཱ་ཡོ་གའི་གཞུང་ཡིན། ཡིག་འབྲུའི་གཞུང་དང་། མངོན་སུམ་པ་གཉིས་ལས། མངོན་སུམ་པ་ནི་རྒྱུད་འདིའི་སྤྱི་དོན་དུ་ཤེས་པར་བྱ་བ་ཁོ་ནའོ། །ཡིག་འབྲུའི་ཚུལ་ཡང་ཀུན་ཏུ་ཡང་གནས་སུ་ཟིན་ཡང་། ཁྱད་པར་དུ་ཡང་ཡེ་ཤེས་ཀྱི་ཡིག་འབྲུ་ཨཱོཾ་དང་། ཆོས་ཀྱི་དབྱིངས་ཀྱི་ས་བོན་མཱུྃ་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་ཧཱུྃ་དང་གསུམ་དུ་འདུས་པར་འདི་ཉིད་དུ་ཡང་ཞར་ལ་བཅོམ་ལྡན་འདས་ཀྱིས་གསུང་པ། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ༀ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་གསུངས་སོ། །ཡན་ལག་ནི་ལུས་ཀྱི་ཡན་ལག་ཏུ་གསུངས་པ་ནི་མ་ཡིན་ཏེ། རྡོ་རྗེ་ཕུང་པོའི་ཡན་ལག་གོ །དབང་པོ་ནི་མིག་ལ་སོགས་པ་དྲུག་གོ །རྣམ་ཤེས་ནི་དེའི་རྣམ་པར་ཤེས་པ་དྲུག་དང་། ཀུན་གཞི་བྱང་ཆུབ་ཀྱི་སེམས་སོ། །ཀུན་གྱི་སྒྲས་ལྷག་མ་ཐམས་ཅད་ལ་ཡང་སྨོས་པར་བྱའོ། །དེ་ལྟར་དེ་དག་ཐམས་ཅད་གཞན་གྱི་རྣམ་པར་མི་ལྟའོ། །ཡེ་ཤེས་ཀྱི་ས་བོན་ཡིག་འབྲུ་ཨཱོཾ་དུ་ཤེས་པར་བྱའོ། །ཞེས་གསུངས་ཏེ། ཡི་གེ་ཨཱོཾ་ཡེ་ཤེས་ལྔའི་རང་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དབྱེར་མེད་པར་བསྒོམ་མོ་ཞེས་བྱ་བ་ལ། སྐུ་གསུང་ཐུགས་དང་སྦྱོར་བའི་དུས་སུ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལུས་དང་ཡིད་གསུམ་དབྱེར་མེད་པར། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་སྦྱོར་པའོ། །ཨཱོཾ་དེ་ཉིད་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་འབྱུང་བའི་རྒྱུར་གྱུར་པས་ན། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་བྱ་སྟེ། ཡེ་ཤེས་ལྔའི་ཁྱད་པར་ལས་རྫོགས་པ་ཆེན་པོའི་དཀྱིལ་འཁོར་འབྱུང་ཞིང་འདུས་པའོ། །ཡང་གནས་སྐབས་ཀྱི་ཁྱད་པར་གཞན་དུ་ཡང་འབྱུང་བའི་ཕྱིར། ཡང་ན་ཁྲོ་བོའི་དཀྱིལ་འཁོར་བསྒོམ། ཞེས་གསུངས་ཏེ། ཞི་བས་མི་འདུལ་བའི་སེམས་ཅན་རྣམ་པར་སྦྱང་བའི་ཕྱིར། ཡེ་ཤེས་ཀྱི་ཁྲོ་བོའི་དཀྱིལ་འཁོར་ཉིད་དུ་ཡང་བསྒོམ་པར་བྱའོ་ཞེས་གསུངས་པའོ། །གཟུང་བའི་ཡུལ་རྣམ་པར་དག་པར་བྱ་བའི་ཕྱིར་ཡང་གསུངས་པ། གཟུགས་སྒྲ་དྲི་རོ་རེག་ལ་སོགས། རྣམ་སྨིན་མཱུྃ་དུ་ཤེས་པར་བྱ། ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཕྱིའི་ཡུལ་གྱི་རྣམ་པ་འདི་དག་ནི། ཆོས་མངོན་པའི་མདོ་ལས་གསུངས་པ་ལྟ་བུ་དེ་དག་ཐམས་ཅད་ལ། དཔལ་གསང་བ་འདུས་པ་ལས་གསུངས་པ་ལྟར། རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱས་ནས། དེ་དག་ཀྱང་གཞན་གྱི་རྣམ་པར་མི་ལྟ་བའི། ཡི་གེ་མཱུྃ་གྱིས་ཆོས་ཀྱིས་དབྱིངས་ཀྱི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་ནམ། ཡང་ན་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ། ཡུམ་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གནས་སྐབས་ཀྱི་ཁྱད་པར་གཞན་དུ་ཡང་སྨོས་པའི་ཕྱིར། ཡང་ན་ཁྲོ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ་སོགས་པའི་དཀྱིལ་འཁོར་དུ་ཡང་བསྒོམ་མོ་ཞེས་བྱའོ། །ཕྱིའི་ལོངས་སྤྱོད་ཀྱི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ནི་ལྷའི་དཀྱིལ་འཁོར་དང་དབྱེར་མེད་པའི་ཕྱིར་ཡང་། གོས་རྒྱན་བཟའ་བཏུང་གླུ་ཚིག་དང་། །བྲོ་གར་ཚོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་བྱ་བ་གསུངས་ཏེ། ཕྱིའི་ལོངས་སྤྱོད་ཀྱི་རྣམ་པ་འདི་དག་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རྡོ་རྗེའི་ངོ་བོ ། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་དུ་ཤེས་པར་བྱའོ། །དེ་སྤྲོ་ཞིང་བསྡུ་བ་དང་། ལོངས་སྤྱོད་ལྔའི་མཆོད་པར་བྱའོ། །དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། ཆེ་བའི་ཡོན་ཏན་གྱི་ངོ་བོར་གྱུར་པ་ངོ་མཚར་དུ་འགྱུར། དཔལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་མཉེས་པར་འགྱུར་རོ། །དེ་ཡང་གོས་ནི་ཕྱི་ནང་གི་གོས་དང་རྒྱན་ལ་སོགས་པ་སྟེ་ལྷ་དང་ལྷ་མོའི་རང་བཞིན་དུ་ཤེས་པར་བྱས་ཤིང་བརྒྱན་པར་འགྱུར་ན། འབར་བའི་རྒྱལ་པོ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེ་ལྟར་ཡང་གསུངས་པ། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་གསུངས་སོ། །ཡང་ན་ཕྱི་ནང་གི་བཟའ་བ་དང་བཏུང་བའི་རྣམ་པ་ལ་གོང་དུ་སྨྲས་པ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་གི་རང་བཞིན་དུ་ཤེས་པར་བྱས་ནས། དེའི་འཕྲོ་འདུས་འདོད་པའི་ཡོན་ཏན་ལྔའི་ལྷ་མོར་ལོངས་སྤྱོད་པར་བྱས་ན། ཆེ་བའི་ཡོན་ཏན་ངོ་མཚར་རྨད་དུ་བྱུང་བ་ཡང་དཔལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་མཉེས་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ། །ཅེས་གསུངས་སོ། །ངག་གི་རིག་བྱེད་རྣམ་པར་དག་པའི་ཕྱིར་ཡང་གསུངས་པ། རྒྱུད་ལས་བྱུང་བའི་གླུ་དང་དོན་དང་ལྡན་པའི་ཚིག་གི་རྣམ་པ་ཐམས་ཅད་ཀྱང་། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་སྟེ། དེ་ནི་ཡེ་ཤེས་ལྔའི་ངོ་བོ་ཡིན་པར། མཁའ་འགྲོ་མའི་ཏནྟྲ་ལས་གསུངས་པས། དེ་ལྟར་ཤེས་པར་བྱ་སྟེ། འཕགས་པའི་དཀྱིལ་འཁོར་ཐམས་ཅད་ལས་གསུངས་པའི་གླུ་དང་དོན་དང་ལྡན་པའི་ཚིག་གིས་བསྟོད་ན། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་བྱའོ། །ལུས་ཀྱི་རེག་བྱེད་རྣམ་པར་དག་པའི་ཕྱིར་ཡང་གསུངས་པ། བྲོ་གར་ཞེས་ཀྱང་བྱ་སྟེ། རྐང་པས་བྲོ་བརྡུང་བ་དང་། ལག་པས་གར་བྱ་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་དུ་ཤེས་པར་བྱས་ལ། འཕགས་པའི་དཀྱིལ་འཁོར་ཐམས་ཅད་དབུལ་ཞིང་བདག་ཉིད་ཀྱི་འཁོར་གྱི་ལོངས་སྤྱོད་ན་ཡང་དེ་བཞིན་ནོ། །ཚོགས་ཀྱི་སྤྲིན་ཕུང་ལ་ཞེས་བྱ་བའི་དོན་ནི་དེར་ཡང་མ་ཟད་དེ། ཕྱི་གཟུང་བའི་ཡུལ་གྱི་རྣམ་པ་ཐམས་ཅད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རྡོ་རྗེའི་ངོ་བོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུྃ་དུ་ཤེས་པར་བྱས་ལ། ཕྱི་ནང་གསང་བའི་དཀྱིལ་འཁོར་ཐམས་ཅད་ལ་ཕུལ་ན། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་བྱའོ། །བྲོ་གར་ལ་སོགས་པ་དེ་དག་གི་དོན་ཡང་རྒྱུད་ཕྱི་མ་ལས་རྒྱ་ཆེར་གསུངས་ཏེ། འདིར་ནི་མང་གི་དོགས་པས་སོ། །དེ་ནི་ཐམས་ཅད་སྦྱོར་བ་ཞེས་བྱའོ། །ཨཱ་ལི་ཀཱ་ལིའི་དོན་བཤད་པར་བྱ་ཏེ། དེ་ཡང་ཅིའི་ཕྱིར་དེ་བཞིན་གཤེགས་པས་འདོད་ཆགས་ཆེན་པོའི་གཙུག་ལག་འདི་བཤད་ཅེ་ན། དེ་ནི་སྤྱི་དང་ཁྱད་པར་རྣམ་པ་གཉིས་ཀྱི་སྒོ་ནས་བཤད་པར་མཛད་པ་ཡིན་ནོ། །སྤྱིའི་སྒོ་ནས་ནི་འདོད་ཁམས་ཀྱི་སེམས་ཅན་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་། དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མ་གཉིས་འདོད་པའི་འདོད་ཆགས་ཀྱིས་མྱོས་པ་དེ་དག་འདུལ་བའི་དོན་དུ། དེ་བཞིན་གཤེགས་པས་ཀྱང་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཀྱང་། འདོད་ཁམས་ཀྱི་སེམས་ཅན་འདུལ་བར་བྱ་ཞིང་སྨིན་པར་མཛད་པ་ཡིན་ནོ། །དེ་ལ་སྦྱོར་བ་ཡང་གང་ཞེ་ན། ལྷ་མོ་ཀླུ་མོ་རིགས་ངན་མོ། །དབྱེ་འམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཀྱི་ཡུམ་རྣམ་པ་བཞི་ལ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་མདོར་གསུངས་པས། དེ་ལ་ལྷ་མོ་ཞེས་བྱ་བ་ནི་བཅུ་གཉིས་སོ། །ཀླུ་མོ་ཞེས་བྱ་བ་ནི་བཅུ་དྲུག་གམ་ཉི་ཤུའོ། །རིག་ངན་མ་ནི་ཉི་ཤུ་རྩ་ལྔ་ཡན་ཆད་དོ། །དཔལ་གསང་བ་འདུས་པ་ལས་ཀྱང་། དེ་ལ་བྱོལ་སོང་ཞེས་བྱའོ། །ཡང་ན་རྒྱལ་རིགས་དང་བྲལ་ཟེའི་རིགས་དང་། དམངས་རིགས་བཞི་ལ་ཤེས་པར་བྱའོ། །རྒྱལ་རིགས་ལ་ནི་ལྷ་མོ་ཞེས་བྱའོ། །ཅིའི་ཕྱིར་ན་བསོད་ནམས་ཀྱི་རྒྱུན་གྱི་བདག་ཉིད་ཅན་ནོ། །བྲམ་ཟེ་དང་རྗེའི་རིགས་གཉིས་ལ་ནི་ཀླུ་མོ་ཞེས་བྱའོ། །ཅིའི་ཕྱིར་རྟོག་པའི་བདག་ཉིད་ཅན་ནོ། །དེའི་ལོ་ནི་བརྒྱད་དང་བཅུ་གཉིས་ལ་ཤེས་པར་བྱའོ། །རིགས་ངན་མོ་ནི་དམངས་རིགས་ལ་ཤེས་པར་བྱའོ། །དེ་དག་ཀྱང་དེ་ལྟར་རིགས་སོ་སོར་དང་ཡུམ་ཆེན་མོ་བཞིའི་རང་བཞིན་དུ་དབྱེའམ། ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བཞིའི་རང་བཞིན་དུ་མི་དབྱེ་བར། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་ལོངས་སྤྱོད་པར་བྱའོ། །ཞེས་བྱའོ། །དེ་དག་གི་དོན་ཡང་རྒྱུད་ཕྱི་མ་ལས་ཐམས་ཅད་སྦྱོར་བ་ཞེས་བྱ་བའི་དོན་གསུངས་པ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་སྦྱོར། །ཤེས་རབ་རིགས་ཀྱི་དབྱིངས་མ་ལ། །དཀྱིལ་འཁོར་མ་ལུས་ཀུན་བཀོད་དེ། །བདག་ཉིད་རིགས་ཀྱི་ལྷར་བསྒོམས་ནས། །རྡོ་རྗེ་ དྲིལ་བུ ་གཉིས་མེ་ལས། །བྱང་ཆུབ་པདྨར་ཤིན་ཏུ་སྤྲོ། །འགྲོ་བ་མང་པོ་བདེ་བ་ཐོབ། །སླར་ཡང་དབྱེར་མེད་གཉིས་སུ་ཐིམ། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱ་འབར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་དོན་ཡང་དག་པའི་འདོད་ཆགས་ཆེན་པོའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་ཞིང་། ཉོན་མོངས་པའི་སྐྱོན་དང་བྲལ་ཏེ། དཔེར་ན་རྨ་བྱ་དང་པདྨ་ལྟར་གནས་པའི་སྐྱོན་གྱིས་མི་གོས་པར་བལྟ་བར་བྱ་བའི་ཕྱིར་ཡང་གསུངས་པ། བསྙེན་པ་དང་ནི་ཉེ་བསྙེན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྙེན་པ་ཞེས་བྱ་བ་ནི་རྡོ་རྗེ་ཆོ་ག་ཆེན་པོ་ལྔས་བདག་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་པའོ། །ཉེ་བའི་བསྙེན་པ་ནི་དམ་ཚིག་གི་ཡུམ་བསྐྱེད་ཅིང་། ཡེ་ཤེས་ཀྱི་ཡུམ་དུ་བྱིན་གྱིས་བརླབས་པའོ། །བསྒྲུབ་པ་ནི་ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླ་མཁའ་ལ་ཤར་བའོ། །བསྒྲུབ་པ་ཆེན་པོ་ནི་གསང་བའི་བྱང་ཆུབ་ཀྱི་སེམས་ལས་བྱིན་གྱིས་བརླབས་རྣམ་པ་བཞི་དང་ལྡན་པ་སྟེ། དེ་ཡང་ཅི་ལྟར་ཞེ་ན། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་བྱ་བ་གསུངས་ཏེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གསང་བའི་དཀྱིལ་འཁོར་དུ། ཐབས་དང་ཤེས་རབ་འདོད་ཆགས་ཆེན་པོའི་བདེ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོ་ཞེས་བྱ་སྟེ། དེས་ཅི་བྱེད་ཅེ་ན་བསོད་ནམས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར་དང་། བཀའ་དྲིན་ཆེན་པོའི་ཞིང་ཁྱད་པར་ཅན་ཡིན་པའི་ཕྱིར། དང་པོར་བྱང་ཆུབ་དུས་གསུམ་གྱི་སངས་རྒྱས་མཆོད་པ་སྟེ། དེ་ཡང་ཐབས་དང་ཤེས་རབ་རོལ་པའི་ཡེ་ཤེས་ཀྱི་རྡོ་རྗེ་དྲིལ་བུའི་སྒྲས་སྤྱན་དྲངས་ལ། སངས་རྒྱས་ཆུའི་བསྐལ་པའི་སྤྲིན་ལྟར་ཚོགས་ཤིང་མ་ལུས་པ་དེ་ལ། བདག་ཡབ་ཡུམ་རོལ་པའི་དགྱེས་པར་མཉེས་པའི་མཆོག་གི་སྦྱིན་པའམ། མཆོད་པས་བསྟིམས་ཏེ། དེ་ལ་མཆོག་གི་རབ་ཉིད་ཀྱི་ཕྱིར་རོ། །གཉིས་པ་རྣལ་འབྱོར་པ་རང་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། ལྷ་ཐམས་ཅད་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཆུའི་ངོ་བོ། །ཟླ་གསང་ཐིག་ལེ་ལས་ནང་གི་ཧོཾ་བྱ་བར་གསུངས་པ་ནི། བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། ཞེས་བྱ་བར་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཟླ་གསང་ཐིག་ལེ་ནི། བསྙེན་བསྒྲུབ་རྣམ་པ་བཞི་ལས་གྲུབ་པ་ཡིན་ནོ། །ཞེས་གོང་དུ་གསུངས་པ་དེ། འདིར་ངོས་བཟུང་བའི་ཕྱིར། དེ་ཡང་ཡབ་ཡུབ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླའི་དཀྱིལ་འཁོར་དེ། ཧཱུྃ་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པའི་བུམ་པ་ལ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་བསྒོམས་པས་བླངས་ནས། ༀ་དཀར་པོར་བྱིན་གྱིས་བརླབས་ཏེ་ཟོས་པས། ནང་གི་དཀྱིལ་འཁོར་དེ་དག་མཉེས་པའི་ཆོ་ག་བྱའོ། །དེས་ཅིར་འགྱུར་ཞེ་ན། མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་བྱ་བ་གསུངས་ཏེ། ནམ་མཁའ་ལ་འགྲོ་བ་དང་། མདོག་གསལ་བ་དང་། འོད་ཟེར་འབར་བ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དགོས་པ་ཐམས་ཅད་བསམ་པ་ཙམ་གྱིས་འབྱུང་བ་དང་། སྤྲིན་ལྟར་ཉོན་མོངས་པའི་གདུང་བ་སེལ་བའི་རྒྱུ་ཆོས་ཀྱི་སྐུའི་ས་བོན་ལྟ་བུར་འགྱུར་རོ་ཞེས་སོ། །ད་ནི་གསུམ་པ་དབང་ཕྱུག་ཆེན་པོ་དང་། ཨུ་མ་གཉིས་ཀྱི་བུ་རུ་ཏྲ་ཆེན་པོས་གབ་པའི་གསང་བ་མ་རྟོགས་པས་སྔོན་གྱི་དུས་སུ་སྦས་པའི་གསང་བ་ལ་མངོན་པར་ཞེན་པའི་འབྲས་བུ་གོལ་བའི་བདག་ཉིད་ཅན་དེའི་བསྟན་པ་ལ་ཞུགས་པའི་སྐྱེ་བོ་དག་གདུལ་བའི་དོན་དུ། དེ་བཞིན་གཤེགས་པས་ཀྱང་སྒྲོལ་བ་རྣམ་པ་ལྔར་གསུངས་པའི་ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། སྦྱོར་སྒྲོལ་བདག་ལ་རྫོགས་པའི་དོན་གྱིས་གསང་བའི་གནས་སུ་འགྲོ་བ་བསྒྲལ་ཞིང་དབང་བསྐུར་བའི་དོན་དེ་བསྟན་པར་བྱ་བའི་ཕྱིར་ཡང་གསུངས་པ། ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིའི་ཕྱིར་ཅི་བཞག་ཅེ་ན། དེ་བཞིན་གཤེགས་པའི་ཐུགས་རྗེས་འདུལ་བའི་ཞིང་དང་། སྣོད་དུ་གྱུར་པའོ། །དེ་ལ་མཆོག་ནི་ལྷ་དང་མིའོ། །མཆོག་ཕྲན་ནི་ངན་སོང་གསུམ་ཏེ། དེའི་བསོད་ནམས་ཀྱི་ཁྱད་པར་དེ་ལྟར་གདགས་པ་ཡིན་ནོ། །ཉི་ཟླའི་དཀྱིལ་འཁོར་ནི་ཡུམ་གྱི་བྷ་གའི་ཉི་ཟླ་བརྩེགས་མའོ། །དེར་མཁའ་འགྲོ་ཞེས་བྱ་སྟེ། མཁས་པས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ལ་བཞག་ཅེས་བྱའོ། །དེལྟར་ཡང་གསུངས་པ། རྒྱུད་ཕྱི་མ་ལས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །ཞེས་གསུངས་ཏེ། སྦྱོར་སྒྲོལ་བདག་ལ་སོགས་པ་དེ་ལ་རྫོགས་པར་བསྟན་པ་ནི། ཡང་ན་སྦྱོར་སྒྲོལ་བདག་ལ་རྫོགས། །ཤེས་རབ་དབྱིང་དང་བདག་ཏུ་སྦྱོར། །ཐབས་ཆེན་སྤྲུལ་པ་བསམ་མི་ཁྱབ། །དབྱིངས་དང་དབྱིངས་སུ་རྣམ་པར་བསྒོམ། །རོལ་པའི་ཕྲིན་ལས་བསམ་མི་ཁྱབ། །ཐུགས་རྗེའི་སྤྲུལ་པ་བསམ་མི་ཁྱབ། །བྱང་ཆུབ་སེམས་སྤྲུལ་ཕྱོགས་བཅུར་འཕྲོ། །ངན་སོང་གནས་ཀྱང་སྟོང་པར་བྱེད། །དེ་ཕྱིར་སྦྱོར་སྒྲོལ་བདག་ལ་རྫོགས། །ཞེས་གསུངས་སོ། །དེ་ལ་ང་རྒྱལ་ཞེས་པ་ནི་སྐུ་ཕྱག་རྒྱ་གསལ་བའི་ཏིང་ངེ་འཛིན་མ་ཉམ་པ་དེ་ཉིད་དེ། ཆུའི་ཟླ་བ་ཇི་ལྟ་བུ་བཞིན་དུ་ཤེས་པའི་ངོ་བོ་ཉིད་དོ། །ལག་གི་འདུ་བྱེད་ཅེས་པ་ནི། གོང་དུ་གསུངས་པའི་ཡབ་ཡུམ་དེ་གཉིས་ཀྱང་རང་ཐད་དུ་གནས་པ་མ་ཡིན་ཏེ། ལག་པའི་འདུ་བྱེད་ཛཿདྷུ་པེ་པྲ་བེ་ཤ་དང་། ཧཱུྃ་གི་ཕྱག་རྒྱས་བཅིངས་པ་དང་། བྃ་གྱི་ཕྱག་རྒྱས་ཞལ་སྦྱར་བ་དང་། དྲིལ་བུའི་ཕྱག་རྒྱས་བསྐྱོད་པ་དང་བསྒུལ་པ་ལ་སོགས་པས། འདོད་པའི་མེས་ཞུ་ནས་ཧཱུྃ་དུ་གྱུར་པ་ལ་སོགས་པ་སྟེ། དེའི་དོན་ཡང་འདིར་གསུངས་པར་འགྱུར་པ་སྟེ། བདག་ཉིད་ཀྱང་ཡབ་ཀྱི་སྐུ་ཕྱག་རྒྱས་འགྱུར་བ་བསྙེན་པ་དང་། ཡུམ་ཉེ་བའི་བསྙེན་པ་དང་། ལྗོན་པ་ལ་སོགས་པའི་གང་རིགས་ཀྱི་བྱེ་བྲག་གིས་བཟུང་བའི་དམ་ཚིག་གི་གཟུངས་མ་དང་། ལྷ་མོ་དང་ཀླུ་མོ་ལ་སོགས་པ་བསྒོམ་པའི་རིམ་པས་བྱིན་གྱིས་བརླས་པས་དེ་ཉིད་མདུན་དུ་ཉེ་བར་གནས་པ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་ཀྱིས། །དེ་ཉིད་རྡོ་རྗེ་སྒེག་མོའི་གཟུགས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་རྗེས་སུ་ཆགས་པར་བྱེད་པའི་ལྷ་དང་ལྷ་མོ་ཡིན་པ་དང་། རྣལ་འབྱོར་པ་ཐམས་ཅད་ཀྱི་ཡང་ཡིད་ཀྱི་དབང་པོའི་སྨོན་པའི་ཡུལ་དུ་གྱུར་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྒེག་མོའི་གཟུགས་སུ་སེམས་གཡོས་ནས། དམ་ཚིག་གི་བརྡ་ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ། །དམ་ཚིག་གི་གཟུངས་མ་དེས་ཀྱང་བདག་ཉིད་ཡེ་ཤེས་ཀྱི་ལྷ་མོར་བསྒོམས་ནས། སྒྲུབ་པའི་གཙོ་བོ་ཡེ་ཤེས་ཀྱི་གཙོ་བོར་དམིགས་ཏེ། ལྡང་བ་བྱང་ཆུབ་སེམས་ལུས་དང་ང ག་སེམས་བསྐྱེད་དོ། །དེའི་ལན་དུ་ས་མ་ཡ་ཧོ ཿ ཞེས་བརྗོད་ལ། ཐབས་དང་ཤེས་རབ་ཀྱི་གཟུངས་ཀྱི་འབྲེལ་བའི་དུས་ལ་བབ་བོ་ཞེས་བྱའོ། །ཡང་ཡེ་ཤེས་ཀྱི་གཙོ་བོས་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ཧྲཱི་གཱི་ཏི་རཱ་གོ་ཧཾ་ཞེས་བརྗོད་དེ། དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། སེམས་ཅན་མི་གཏོང་བའི་ཆགས་པ་དམ་པོས་སོ་སོར་རྩེ་གཅིག་ཏུ་གནས་པ་སྟེ། མདོར་ན་ཆོས་ཉིད་དང་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོ་ལ་ཆགས་པའོ། །ཡུམ་དེས་ཀྱང་གནས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། ལན་དུ་ཨ་ནིརྟི་རཱ་ག་ཡ་མྱེ་ཞེས་བརྗོད་པས། ཆོས་ཉིད་དང་ཐབས་དང་ཤེས་རབ་ཀྱི་དམ་ཚིག་གི་བདེ་བ་ཆེན་པོ་ལ་གནས་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་སྨོས་ཤིང་། མི་གཏོང་བའི་ཆགས་པ་དམ་པ་ལ་གནས་པ་སྟེ། དེ་དག་ནི་འདོད་པ་བསྐྱེད་པ་རྣམ་པར་དག་པའི་ཆོ་གའོ། །དེ་ལྟ་བུའི་ཡུམ་དེ་ཀྱོ་བའི་ཕྱག་རྒྱས་མདུན་དུ་བཀུག་ནས་ཚུལ་ཁྲིམས་ཀྱི་དྲི་ཕུན་སུམ་ཚོགས་པའི་ངོ་བོ་རྡོ་རྗེ་བདུག་པ་མོའི་དགའ་སྤྲོ་བསྐྱེད་ནས། ཧཱུྃ་ལས་བསྐྱེད་པའི་གསང་བའི་རྡོ་རྗེས་པད་མའི་དབང་པོ་ཕྱེ་སྟེ་རོལ་པར་བྱའོ། །དེ་ཉིད་ཞགས་པའི་ཕྱག་རྒྱ་དམ་པོར་འཛིན་པ་འགྲོ་བ་མི་སྤོང་བའི་སྙིང་རྗེ་ཆེན་པོའི་བཅིངས་ནས། ལྷག་པའི་བྱང་ཆུབ་ཀྱི་སེམས་རིག་པའི་མེ་ཏོག་ཏུ་བཅས་པར་བྱའོ། །དེ་ཉིད་ལ་མུ་དྲ་ཞལ་སྦྱར་བའི་ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས་ནས། འགྲོ་བ་མི་གཏོང་བའི་དགའ་བ་ཆེན་པོས་དབང་སྒྱུར་ཏེ། ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ་ཞིང་རབ་ཏུ་གསལ་བར་བསྒོམ་མོ། །དེ་ཉིད་དྲིལ་བུའི་ཕྱག་རྒྱས་སྒྲ་དང་ལྡན་པར་བསྐྱེད་དེ། བདེ་བ་ཆེན་པོའི་སྒྲ་ཆེན་པོས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་སྲས་དང་བཅས་པ་རྣམས་རོལ་པའི་སྒྲས་སྦྱན་དྲངས་ཏེ། མདུན་གྱི་བར་སྣང་ལ་ཆུའི་བསྐལ་པའི་སྤྲིན་ལྟར་འཁྲིགས་པ་ལ། བྱང་ཆུབ་སེམས་ཀྱི་ལྷ་མོའི་ཚོགས་སྤྲིན་ལྟར་འཁྲིགས་པས་མཆོད་པར་བྱ་སྟེ། པཱུ་ཙ་བཛྲ་ཞེས་པའི་སྔགས་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ཡང་གསུངས་པ། འཇུག་དང་སྨོན་པའི་བྱང་ཆུབ་སེམས། །གཡོན་དང་བསྐྱོད་དང་ལྡང་བ་གནས། །དགུག་དང་འཛིན་པ་དེ་བཞིན་ཏེ། །བཅིངས་ན་འཁྲིལ་བའི་དོན་གྲུབ་ཕྱིར། །བསྡམས་ནས་མི་གཏོང་དབང་དུ་འགྱུར། །བདེ་བའི་སྒྲ་བརྙན་ཕྱོགས་བཅུར་སྒྲོགས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་སེམས་ཡུམ་གྱི་མཁའ་ལ་ཕེབས་པ་དེ་ལས། ཕྱོགས་བཅུ་དུས་གསུམ་གྱི་དཀྱིལ་འཁོར་མ་ལུས་པ་ལ་མཆོད་པ་དང་། ཡང་རང་ཉིད་མྱ་ངན་ལས་འདས་པའི་འབྲལ་བུ་འདོད་པའི་ཕྱིར། ལོངས་སྤྱོད་པ་དང་། གསང་བའི་གནས་སུ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཀུན་བཀུག་ནས། ཐབས་དང་ཤེས་རབ་ཉི་ཟླ་བརྩེགས་མའི་སྟེང་དུ་བཞག་ནས། ལྷའི་སྐུ་ཕྱག་རྒྱའི་བདག་ཉིད་དུ་བསྐྱེད་ནས། དེལྟར་འགྲོ་བ་རིགས་དྲུག་གི་སེམས་ཅན་དེ་གཞུག་པར་བྱ་བའི་ཕྱིར། ཛཿཧཱུྃ་བཾ་ཧོཿབཞིའི་ཕྱག་རྒྱ་བཞིས་བསྐྱོད་ཅིང་བསྐུལ་བས། འགྲོ་དྲུག་པོ་དེ་འདོད་ཆགས་ཆེན་པོའི་མེས་ཞུ་ནས་འོད་ཀྱི་གོང་བུ་ལས་ཧཱུྃ་དུ་གྱུར་ནས། ཡང་ཡེ་ཤེས་ལྔའི་རང་བཞིན་ཡེ་ཤེས་རྡོ་རྗེ་ཉིད་དུ་ངེས་པར་བྱས་ལ། དེ་ལས་སྐུ་ཕྱག་རྒྱར་གྱུར་ནས། སྤྱི་བོའི་གཙུག་ཏུ་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ནས། ཕཊ་ཀྱི་སྒྲས་འོག་མིན་ན མ་མངོན་དགའི་འཇིག་རྟེན་གྱི་ཁམས་སུ་གནས་པར་བྱའོ། །དེ་ཡང་རྒྱུད་ཕྱི་མ་ལས་གསུངས་པ། ཕྱོགས་དུས་དཀྱིལ་འཁོར་མཉེས་པ་དང་། །འགྲོ་བ་མང་པོས་བདེ་ཐོབ་ནས། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་འབར། །འདི་ནི་བསྒྲལ་བ་ཆེན་པོ་ཡིན། །བསྒྲལ་བ་དེ་ཉིད་སྦྱོར་བ་སྟེ། །སྦྱོར་བ་དེ་ཉིད་མ་ལུས་བསྒྲལ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཐིམ་འགྱུར་དབྱིངས་ནས་ཇི་ལྟ་བུའི་ཕྱག་རྒྱར་འབར་བ་ཡིན་ཞེ་ན། དེའི་ཕྱིར་ཡང་གསུངས་པ། ཐིམ་འགྱུར་དབྱིངས་ནས་ཕྱག་རྒྱར་གསལ། །བདེ་གཤེགས་ཐབས་དང་ཡེ་ཤེས་རྫོགས། །ཕྱག་རྒྱ་དྲུག་ཀྱང་ཡང་དག་རྫོགས ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས། །ཐམས་ཅད་དབྱིངས་སུ་སྦྱོར་བས་ན། །ངན་འགྲོར་མི་ལྷུང་ཡང་དག་འགྲུབ། །འདི་ནི་བསྒྲལ་བ་ཆེན་པོ་ཡིན། །ཞེས་གསུངས་ཏེ། འགྲོ་བ་རིགས་དྲུག་པོ་དེ་ཉིད་འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་ནས། ཧཱུྃ་ལས་རྡོ་རྗེ་དང་། རྡོ་རྗེ་ལ་སོགས་ཕྱག་རྒྱ་ཞལ་གསུམ་ཕྱག་དྲུག་པ། ཐབས་དང་ཤེས་རབ་ཏུ་ལྡན་པ་བསྒོམས་ནས། མི་བསྐྱོད་པའི་སྦྱོར་བས་དབང་བསྐུར་ཏེ། ཕཊ་ཀྱི་སྒྲས་འོག་མིན་ནམ་མངོན་དགའ་འམ། བདེ་བ་ཅན་ལ་སོགས་པ་ཇི་སྙེད་པའོ། །དེ་ལ། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་བྱ་བ་གསུངས་ཏེ། ཀུན་ཞེས་བྱ་བའི་སྒྲས་ནི་སྦྱོར་སྒྲོལ་རྣམ་པ་དྲུག་གཟུང་བར་བྱ་སྟེ། དེ་ཡང་གང་ཞེ་ན། རང་བཞིན་གྱི་སྦྱོར་སྒྲོལ་དང་། ཏིང་ངེ་འཛིན་གྱིས་སྦྱོར་སྒྲོལ་དང་། དབང་པོ་ཡུལ་དང་དུས་ཀྱི་སྦྱོར་སྒྲོལ་དང་། ཐབས་ཆེན་པོའི་སྦྱོར་སྒྲོལ་དང་། མངོན་དུ་བྱུང་བའི་སྦྱོར་སྒྲོལ་དང་། སྦྱོར་སྒྲོལ་བདག་ལ་རྫོགས་པ་དང་དྲུག་གོ །དེ་ལ་སྦྱོར་སྒྲོལ་བདག་ལ་རྫོགས་པ་ནི་བཤད་ཟིན་ཏོ། །རང་བཞིན་གྱི་སྦྱོར་སྒྲོལ་ཡང་གཉིས་ཏེ། རང་བཞིན་དོན་དམ་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དབང་གིས་བསྒྲལ་བ་ནི། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ངང་དུ་བསྒྲལ་བར་བྱ་སྟེ། དེ་ནི་རྒྱུད་འདི་ལ་སྤྱིར་སྦྱར་ཏེ། དེ་ལྟར་ཡང་གསུངས་པ། ཕྱི་ནང་སྣོད་བཅུད་ཇི་སྙེད་ན། གནས་པའི་སེམས་ཅན་ཐམས་ཅད་ཀུན། །བདག་ཉིད་ཆེན་པོར་རྟོགས་པ་ཡི། །ཆོས་ཉིད་དབྱིངས་སུ་བསྒྲལ་བར་བྱའོ། །ཞེས་གསུངས་སོ། །རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་སྦྱོར་ཞིང་སྒྲོལ་བ་ཡང་། རྒྱུད་ཀྱི་སྤྱི་དོན་དང་ལེའུ་གཉིས་པ་ལས་ཤེས་པར་བྱའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། འདས་མ་ཐག་པའི་དེ་བཞིན་ཉིད་ཤེས་པ་དང་། མ་ཧཱ་ཡོ་གའི་དབང་དུ་སྦྱོར་ཏེ། དེ་ལྟར་ཡང་གསུངས་པ། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ལམ་ལྔའི་སེམས་ཅན་ཀུན་བཀུག་ནས། །ཐམས་ཅད་མ་ལུས་བསྒྲལ་བར་བྱ། །རི་རབ་ཆེན་པོ་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཐུགས་རྗེ་ཆེན་པོས་བྱིན་བརླབས་ནས། །ཡེ་ཤེས་མེ་ཆེན་བསྒོམས་བྱས་ཏེ། །ཐམས་ཅད་མ་ལུས་བསྲེག་བྱས་ནས། །དེ་བཞིན་གཤེགས་པར་བྱིན་གྱིས་བརླབ། །རྒྱལ་བའི་སྲས་སུ་དབང་བསྐུར་རོ། །ཞེས་གསུངས་སོ། །དབང་པོ་དང་ཡུལ་དང་དུས་ཀྱི་སྦྱོར་སྒྲོལ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རང་བཞིན་གྱིས་རྫོགས་པ་ཆེན་པོའི་ངང་དུ་སྦྱོར་བ་དང་། དབང་པོ་ཡུལ་དང་དུས་དེ་དག་ཀྱང་ཐབས་དང་ཤེས་རབ་ཀྱི་ངང་དུ་སྦྱོར་བ་དང་། དོན་དམ་པར་རང་བཞིན་མེད་པ་སྟེ། དེ་ལྟར་ཡང་གསུངས་པ། ཕུང་པོ་ལྔ་པོ་གཞིག་པ་དང་། །གཞིགས་ནས་འབྱུང་བའི་བག་ལ་ཞ། །མ་གཞིགས་ན་ཡང་འབྱུང་བ་ཡིན། །སེམས་ཉིད་སྟོང་པར་བསད་བྱས་ནས། །གནས་པ་ཉིད་ན་དངོས་པོ་མེད། །ཅེས་གསུངས་སོ། །ཐབས་ཆེན་པོའི་སྦྱོར་སྒྲོལ་ནི། །གཟུང་བ་དང་འཛིན་པ་རྟོག་པའི་མཚན་མ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀུན་ཕྱིན་ཅི་ལོག་གི་ལྟ་བའི་རི་བོ་ལས་བསྒྲལ་ཏེ། ཡང་དག་པའི་ལྟ་བ་གཉིས་སུ་མེད་པའི་དོན་གྱི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐེག་པ་ལ་སོགས་པ་ལ་བཀོད་ནས། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་དབང་སྒྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་ལ་བཀོད་པར་བྱའོ། །དེ་ལྟ་ཡང་གསུངས་པ། ཐུགས་རྗེ་ཆེན་པོས་བསྒྲལ་བ་ན། གཟུང་འཛིན་རྟོག་པའི་བློ་ཅན་དག །ཕྱིན་ཅི་ལོག་ལས་བསྒྲལ་བྱས་ཏེ། ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། དམ་ཚིག་མཆོག་གིས་དབང་བསྒྱུར་ཏེ། །བྱང་ཆུབ་ཞིང་ལ་དགོད་པར་བྱ། །དེ་དག་ཙམ་ལ་བསྒྲལ་ཞེས་གདགས། །ཞེས་གསུངས་སོ། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ནི། །ཞི་བས་མི་འདུལ་བའི་སེམས་ཅན་རུ་ཏྲ་ལ་སོགས་པ་དག་ཉིད་ལས་གསུངས་པའམ། རྒྱུད་ཐམས་ཅད་སངས་རྒྱས་པའི་རྒྱུད་ཕྱི་མ་ལས་གསུངས་པ་ལྟར། ཉོན་མོངས་པ་ཅན་གྱི་ཡིད་དང་། བདག་ཏུ་འཛིན་པའི་ངོ་བོ་ཅན་དེ་དག་བསྒྲལ་ནས་གསོ་སྟེ། སྙིགས་མ་དང་ཐལ་བར་གྱུར་པ་ཡང་། སླར་འཚོ་བར་མཛད་པ་དང་། དེ་ལྟར་ཡང་གསུངས་པ། ཤིན་ཏུ་ཁྲོ་བོ་ཆེན་པོ་ཡིས། །ཐབས་ཀྱིས་ལྷ་ཆེན་བསྒྲལ་བ་ལྟར། །ཆོས་ཉིད་རྟོགས་པའི་ཏིང་འཛིན་གྱིས། །གཉིས་སུ་མེད་པར་ཐབས་ཀྱིས་བསྒྲལ། །ཞེས་གསུངས་པའོ། །དེ་ལྟར་བསྒྲལ་བར་བྱས་པའི་དངོས་པོ་དེ་དག་ཐམས་ཅད་ཀུན་ཀྱང་སྦྱོར་བ་དང་ལྡན་པའི་གཙོ་བོ་ཡིན་ཏེ། དེ་ལྟར་ཡང་གསུངས་པ། བསྒྲལ་བ་ཉིད་ན་སྦྱོར་བ་སྟེ། །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །བྱང་ཆུབ་གནས་སུ་བསྒྲལ་བས་ན། །གཉིས་མེད་དབྱིངས་སུ་སྦྱོར་བ་ཡིན། །ཞེས་གསུངས་ཏེ། དེ་དག་ཀུན་ཀྱང་ཀུན་རྫོབ་ཏུ་ནི། སྒྱུ་མ་དང་མིག་ཡོར་ལྟ་བུའི་ཚུལ་དང་མཐུན་ལ། དོན་དམ་པར་ནི་རང་བཞིན་མེད་པ་ཆོས་ཉིད་སྟོང་པ་ཉིད་ཀྱི་ངོ་བོའོ། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་བྱའོ། །གཞན་དག་ན་རེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སེམས་ཀྱི་ངོ་བོར་དངོས་པོ་ཅན་གྱི་རྫས་བསྒྲལ་ཞིང་། བྱང་ཆུབ་ཆེན་པོའི་ངོ་བོ་ཇི་ལྟར་བཞག་པར་བྱ་ཞེ་ན། ཞེས་རྟོག་པའི་ལན་དུ། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དོན་དམ་པར་ཡེ་ཤེས་ཀྱི་སྒོ་ནས། །སྣོད་དང་བཅུད་རྒྱུད་དག་པར་རྟོགས་ཤིང་། ཡང་དག་པའི་ཀུན་རྫོབ་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། ཡེ་ཤེས་དང་ཡེ་ཤེས་ཀྱི་ཡུལ་ཐབས་དང་ཤེས་རབ་ཀྱི་ངང་དུ་དབྱེར་མེད་པ་ལས། །གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་བྱུང་བ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོའི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་ལྟ་བས་རྟོགས་ཤིང་ཞེས་བྱའོ། །སྤྱོད་པའི་སྒོ་ནས་བརྩམས་པར་བྱ་བའི་ངོ་བོ་ཐམས་ཅད་འཁྲུལ་པར་གྱུར་པ་ལས་སུ་མ་གྱུར་པ་སྟེ། བྱེད་སྤྱོད་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྣམ་པ་གཉིས་སུ་འགྱུར་བ་དང་། ཏིང་ངེ་འཛིན་གྱི་སྒོ་ནས་སྔགས་ཀྱི་ཡན་ལག་ལྔ་མ་ཉམས་ཤིང་སྤྱད་པར་བྱ་བའི་ཡོ་བྱད་ལྔ་དང་ལྡན་ནོ། །རྡོ་རྗེའི་ཆོ་ག་ལྔས་བདག་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་རྫོགས་པར་ཤེས་པའི་རྣལ་འབྱོར་པ་ཚོགས་པའི་དཀྱིལ་འཁོར་དེས། ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་བྱའོ། །དེ་ལ་དག་རྟོགས་ཤིང་ཞེས་པ་ནི། ཤིང་གི་སྒྲས་ནི་གཞན་ཡང་དག་པ་མ་ཡིན་པ་ཡང་ཡོད་དེ། དེ་ཡང་བྱིས་པ་སོ་སོའི་སྐྱེ་བོས་ནི། སྣོད་མ་དག་པར་མཐོང་སྟེ། འབྱུང་བཞིའི་སྣོད་ཀྱི་འཇིག་རྟེན་དངོས་པོར་མཐོང་ལ། རྨི་ལམ་ན་གནས་ཁང་དང་ལྷ་ཁང་མཐོང་ཞིང་། རྨིས་པ་ཡང་སེམས་འཁྲུལ་པས། ཕྱིན་ཅི་ལོག་གི་ལུས་ཀྱིས་མ་ཡིན་ནོ། །བཅུད་འགྲོ་བ་ཡོངས་སུ་མཐོང་བ་དང་། རྨི་ལམ་མཐོང་བ་ཡང་དེ་བཞིན་དུ་འདོད་དེ། མཐོང་བ་མ་དག་པའོ། །རྒྱུད་ཅེས་པ་ནི་སེམས་ཅན་གྱི་རྒྱུད་མ་དག་པ་སྟེ། ཕྱིན་ཅི་ལོག་གི་ལྟ་བ་སྣ་ཚོགས་པས་ཡང་དག་པའི་དོན་མཐོང་དུ་རེ་བ་ནི། རྒྱུད་མ་དག་པ་སྟེ། དཔེ་ཡི་དྭགས་ཀྱི་རྒྱུད་དང་འདྲའོ་ཞེས་བྱའོ། །དཔེར་ན་ཡི་དྭགས་ཀྱིས་ཟས་དང་ཆུ་ལ་སོགས་པ་ལ། མི་གཙང་བ་དང་རྣག་ཁྲག་ཏུ་མཐོང་སྟེ། སེམས་ཀྱི་རྒྱུད་འཁྲུལ་པའི་དབང་གིས་དེ་ལྟར་མཐོང་གི །རྒྱུད་དག་ན་ནི་ཆུ་ལ་སོགས་པ་དངོས་སུ་མཐོང་བ་ཡིན་ལ། དེ་ལྟར་མཐོང་བས་རྒྱུད་མ་དག་པའོ། །དེ་ལྟར་བཟློག་སྟེ་ཐེག་པ་ཆེན་པོ་ལ་ཡང་དག་པ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པས། སྣོད་བཅུད་རྒྱུད་ལ་སོགས་པ་དག་པར་རྟོགས་ཏེ། ཕྱི་སྣོད་ཀྱིས་འཇིག་རྟེན་རྡུལ་ཕྲ་རབ་ཀྱི་རང་བཞིན་ལ་སོགས་པས་སྟོང་སྟེ། དེ་དག་རྣམ་པར་དག་པར་རྟོགས་པ་ནི་ཡུམ་ལྔའི་རང་བཞིན་ནོ། །འགྲོ་བ་རིས་དྲུག་གི་དངོས་སུ་སྣང་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྡུལ་ཕྲ་རབ་ལ་སོགས་པའི་རང་བཞིན་དུ་སྟོང་སྟེ། རྣམ་པར་དག་པའི་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོར་རྟོགས་པའི་འབྲས་བུ་ནི། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་པས་རྒྱུད་དག་པའོ། །རྒྱུད་དག་སྟེ་ཡུལ་དང་དབང་པོས་བསྐྱེད་པའི་སེམས་ཀྱི་ཁྱད་པར་མང་པོ་ནི་རྩ་བ་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་སུ་འདུལ། ཀུན་གཞི་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་པས། རྒྱུད་དག་གོ་ཞེས་བྱའོ། །དེ་ལ་ངེས་པ་ཞེས་པ་ནི་བརྟན་པོར་ཞེས་པའི་ཐ་ཚིག་སྟེ། ཕྱིས་འགྱུར་བའི་ཆོས་ཅན་སྡུག་བསྔལ་དུ་མི་འགྱུར་སྟེ། བྱང་ཆུབ་ཆེན་པོ་ཉིད་དུའོ་ཞེས་བྱ་བའི་ཐ་ཚིག་གོ །ལེགས་པའི་དགོས་པ་ཞེས་བྱ་བ་ནི། བྱང་ཆུབ་ཆེན་པོ་ལ་སེམས་མདུན་དུ་བཏང་ངོ་། །དབང་ཕྱུག་ཆེན་པོ་ལ་སྔོན་གསོལ་བ་ནི། དགོས་པ་འགྲུབ་ཏུ་ཟིན་ཀྱང་། ངེས་པར་ལེགས་པའི་དགོས་པ་མ་ཡིན་ནོ། །འདི་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་བྱའོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་དབྱིངས་ལ་དུས་བཞི་མཉམ་པ་ཉིད་དུ་བཞུགས་པའི་ཕྱིར། མཉམ་པ་ཉིད་ཅེས་བྱ་སྟེ། དེ་དག་བདག་གི་རིམ་པའི་ཡེ་ཤེས་སྐྱེས་པའི་ངོ་བོ་དབྱེར་མེད་པའི་ཕྱིར་རོ། །དབྱིངས་དང་ཡེ་ཤེས་དེའི་ཕྱག་རྒྱ་ལས་ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁྲུལ་འཁོར་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ཡེ་ནས་གནས་པར་ལྟ་བའི་སྒོ་ནས་རྟོགས་ཤིང་སྤྱོད་པའི་སྒོ་ནས་ཐབས་དང་ཤེས་རབ་ཀྱི་བདེ་བ་ལ་སོགས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་དང་། སྡོམ་པ་རྣམ་པ་བཞི་ལ་སོགས་པ་ཇི་ལྟ་བུའི་ངོ་བོར་སྤྱད་ཀྱང་འཁོར་བའི་ས་བོན་དུ་གནས་ཏེ། ཏིང་ངེ་འཛིན་གྱིས་སྒོ་ནས་རྡོ་རྗེའི་ཆོ་ག་ལྔ་དང་ལྡན་པའི་ཡུམ་ཡེ་ཤེས་ཀྱི་ལྷ་མོའི་རང་བཞིན། ལྗོན་པ་ལ་སོགས་པ་བྱིན་གྱིས་བརླབས་ནས། དམ་ཚིག་གི་བརྡའ་ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ རཱ་ཧོ་ཧཾ། རཱ་ག་ཡ་མྱེ་ཞེས་བརྗོད་ཅིང་ཡེ་ཤེས་ཀྱི་འདོད་ཆགས་བསྐྱེད་ནས། ཛཿདྷཱུ་པེ་པྲ་བེ་ཤ་ཞེས་པ་དང་། ཧཱུྃ་པུཥྤེ་ཨཱ་བེ་ཤ་ཞེས་པ་དང་། བྃ་དཱི་པ་སུ་གི་རཱི་ཞེས་པ་དང་། ཧོཿགནྡྷེ་ཙིཏྟ་ཞེས་པའི་བརྡའ་དང་། སྦྱོར་བའི་ཡན་ལག་གིས་ཐབས་དང་ཤེས་རབ་རོལ་ཏེ། གསང་བའི་གནས་སུ་བྷཱུྃ་གྱི་ས་བོན་ལས་བསྐྱེད་པའི་འཁོར་ལོའི་དབུས་སུ་རང་གི་སེམས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་སེམས་ཉི་ཟླ་རྣམ་གཉིས་འོད་དུ་ཞུ་ནས། འོད་ཀྱི་གོང་བུ་གཅིག་རང་བཞིན་ལ་བདག་གི་ཡིད་གཏད་དེ། དབུགས་དགག་པར་བྱའོ། །དེ་ཉིད་གསལ་བར་གྱུར་པ་ལས། དེ་འཕྲོ་ཞིང་འདུ་བའི་ཚུལ་ལས། ཧཱུྃ་མཐིང་ནག་འོད་ཟེར་རབ་ཏུ་འབར་བ་དང་ལྡན་པར་བསྒོམ་མོ། །དེ་ལ་ཡང་ཡིད་ཀྱི་དབང་པོ་གཏད་དེ་གསལ་བར་གྱུར་པ་དང་། འཕྲོ་བ་དང་འདུས་པའི་ཚུལ་གྱིས་ཀུན་ཏུ་བཟང་པོའི་སྐུ་ཚོན་གང་བའི་ཚད་དུ་བཞུགས་པ་ཐབས་དང་ཤེས་རབ་ཏུ་ལྡན་པ། ཞལ་གསུམ་པ། ཕྱག་དྲུག་པ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ཏེ། ཀྵ་ལས་བསྐྱེད་པའི་གསང་བའི་རྡོ་རྗེ། ཨ་ལས་བསྐྱེད་པའི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། ལྷག་པའི་བྱང་ཆུབ་ཀྱི་སེམས་དཀར་དམར་ལས་གཉིས་པ་ཡིག་འབྲུའི་ངོ་བོ་ལས། གསུམ་པ་བཞི་བཅུ་རྩ་གཉིས་ལས་ཀྱི་གཟུགས་རྫོགས་ཏེ། གསལ་ཞིང་འབར་བར་བསྒོམ། དེ་ལྟར་རྒྱུད་ཕྱི་མ་ལས་གསུངས་ཏེ། བདག་ཉིད་ཆོས་ཉིད་མཉམ་སྦྱོར་བས། །སངས་རྒྱས་བདག་ཉིད་བྱིན་གྱིས་བརླབ། །ཀྵ་ལས་ཨེ་ཡིས་མཚོན་བཞིན་དུ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ལམ་མཆོག་བསྒྲུབ་པའོ། །ཞེས་གསུངས་སོ། །དེ་བཞིན་དུ་ཡང་ཤར་ཕྱོགས་པའི་རྣལ་འབྱོར་པས། ཆོ་ག་ལྔས་བདག་ཉིད་དཔལ་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱར་བསྐྱེད་དེ། ལྕུག་ཕྲན་ལ་སོགས་པ་གོང་དུ་གསུངས་པ་ལྟར་ཕྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ༀ་ལས་བསྐྱེད་པའི་གསང་བའི་ལེངྒའི་རྩེ་ལ་འཁོར་ལོ་བསྟན་ཏེ། ཨ་ལས་བསྐྱེད་པའི་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། རང་གི་སེམས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་སེམས་ལས་ཉི་ཟླ་གཉིས་འོད་དུ་ཞུ་ནས། འོད་ཀྱི་གོང་བུ་ལ་བདག་ཉིད་ཀྱི་ཡིད་གཏད་དེ། དབུགས་དགག་པར་བྱའོ། །དེ་ཉིད་གསལ་བར་གྱུར་པ་དང་། འཕྲོ་ཞིང་འདུ་བ་ལས་ༀ་དཀར་པོའོ། །དེ་ལས་ནི་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཐབས་དང་ཤེས་རབ་ཏུ་ལྡན་པ་ཞལ་གསུམ་པ། ཕྱག་དྲུག་པ། མཉམ་པའི་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །དེའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ༀ་ལས་བསྐྱེད་པའི་གསང་བའི་དཀྱིལ་འཁོར་ལིདྒའི་རྩེ་ལ་ༀ་གྱིས་བར་རྒྱན་ནས། ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། རྡོ་རྗེའི་ཆོ་ག་གསུམ་གྱིས་དཀྱིལ་འཁོར་ཚང་བར་བསྐྱེད་ནས། འཕྲོ་བ་དང་འདུ་བ་དང་གསལ་བར་བསྒོམ་མོ། །དེ་ལྟར་ཡང་གསུངས་པ། དེ་ཉིད་གསལ་བར་མཉམ་སྦྱོར་བའི། །སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ༀ་ལཾ་ཨེ་ཡིས་མཚོན་བཞིན་དུ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་བཞིན་ཉིད་དབྱིངས་ལམ་མཆོག་བསྒྲུབ་པའོ། །ཞེས་གསུངས་ཏེ། དེ་ཉིད་ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ཉིད་དོ། །གསང་བའི་དཀྱིལ་འཁོར་བསྐྱེད་ཅིང་བྱིན་གྱིས་བརླབ་པའི་ཕྱིར། སངས་རྒྱས་ཀུན་ཏུ་བདག་བྱིན་གྱིས་བརླབ་པའོ། །ལིངྒ་ནང་ནས་བྱུང་བའི་ཕྱིར་ༀ་ལཾ་མོ། ཆོས་ཀྱི་འབྱུང་གནས་ཀྱི་ནང་ནས་ཡེ་ཤེས་ཀྱི་ཁ་དོག་དང་ཐ་མི་དད་པར་ཞུགས་པས། ཨེ་ཡིས་མཚོན་ཏེ། དཔེ་དང་དོན་གཉིས་སུ་གཅིག་ཏུ་སྨོས་པའོ། །གང་བསྒོམ་ཞེ་ན། སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རོ། །དེ་བཞིན་དུ་ལྷོ་ཕྱོགས་པའི་རྣལ་འབྱོར་པས། ཆོ་ག་ལྔས་བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱི་སྐུ་ཕྱག་རྒྱ་བསྐྱེད་ནས། ལྗོན་པ་ལ་སོགས་པ་ཀུན་བྱིན་གྱིས་བརླབ་པ་བྱས་ལ། སྭཱ་ལས་བསྐྱེད་པའི་གསང་བའི་ལིདྒའི་རྩེ་ལ་སྭཱ་ཡིས་བརྒྱན་ཏེ། སྦྱོར་བའི་ཡན་ལག་བརྒྱད་ཀྱིས་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། རང་གི་སེམས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླ་འོད་དུ་ཞུ་ནས། འོད་ཀྱི་གོང་བུ་ལ་ཡིད་གཏད་དེ། དབུགས་དགག་པར་བྱའོ། །དེ་ནས་དེ་ཉིད་ལས་སྭཱ་སེར་པོ་ལས། རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ་ཐབས་དང་ཤེས་རབ་ཏུ་ལྡན་པའོ། །ཡང་དེའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། སྭཱ་ལས་བསྐྱེད་པའི་གསང་བའི་ལིདྒའི་རྩེ་མོར་སྭཱ་ཡིས་བརྒྱན་ནས། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། ཆོ་ག་གསུམ་གྱིས་དཀྱིལ་འཁོར་ཚང་བར་བསྐྱེད་ནས། འཕྲོ་བ་དང་འདུ་བར་བསྒོམ་མོ། །དེ་ལྟར་ཡང་གསུངས་པ། དེ་ཉིད་མཉམ་ཉིད་གཉིས་སྦྱོར་བས། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབས། །སྭཱ་ལཾ་ཨེ་ཡིས་ཚོན་བཞིན་དུ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཁྱད་པར་ལཾ་མཆོག་གོ །ཞེས་གསུངས་སོ། །ཡང་དེ་ཁོ་ན་བཞིན་ནུབ་ཕྱོགས་པའི་རྣལ་འབྱོར་པས། ཆོ་ག་ལྔས་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད་ལ། ལྕུག་ཕྲན་ནམ་ལྗོན་ཤིང་ལ་སོགས་པ་ལ་བྱིན་གྱིས་བརླབས་ལ། ཨཱྃ་ལས་བསྐྱེད་པའི་གསང་བའི་ལིངྒའི་རྩེ་ལ་རིན་པོ་ཆེས་བརྒྱན་ཏེ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། རང་གི་སེམས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླ་རྣམ་གཉིས་འོད་དུ་ཞུ་བའི་འོད་ཀྱི་གོང་བུ་ལ་བདག་གི་ཡིད་གཏད་དེ། དབུགས་དགག་པར་བྱའོ། །དེ་ནས་དེ་ཉིད་ལས་ཨཱཾ་དམར་པོ་དེ་ལས་གསང་བར་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད་ལ། ཞལ་གསུམ་ཕྱག་དྲུག་དང་ཐབས་དང་ཤེས་རབ་ལྡན་པའོ། །ཡང་དེའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བྱིན་གྱིས་བརླབས་ནས། ཨཱོཾ་ལས་བསྐྱེད་པའི་གསང་བའི་དཀྱིལ་འཁོར་ལིདྒའི་རྩེ་མོ་ལས་པདྨ་སྨུག་པོས་བརྒྱན་ནས། ཆོས་ཀྱི་འབྱུང་གནས་སུ་བསྡམ་སྟེ། ཆོ་ག་གསུམ་གྱི་དཀྱིལ་འཁོར་ཚང་བར་བསྐྱེད་ནས། འཕྲོ་བ་དང་འདུ་བར་བསྒོམ་མོ། །ཡང་གསུངས་པ། ཆོས་ཉིད་རྟོགས་པའི་མཉམ་སྦྱོར་བས། སངས་རྒྱས་ཀུན་བདག་བྱིན་གྱིས་བརླབ། །ཨཱྃ་ལཾ་ཨེ་ཡིས་མཚོན་བཞིན་དུ། །སྒྱུ་འཕྱུལ་དྲྭ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ཉིད་ཁྱད་པར་ལཾ་མཆོག་གོ །ཞེས་གསུངས་སོ། །ཡང་དེ་བཞིན་དུ་བྱང་ཕྱོགས་པའི་རྣལ་འབྱོར་པས། ཆོ་ག་ལྔས་བདག་ཉིད་དོན་ཡོད་པའི་སྐུར་བསྐྱེད་ནས། མེ་རེག་ལ་སོགས་པ་བྱིན་གྱིས་བརླབས་ནས། ཧཱ་ལས་བསྐྱེད་པའི་གསང་བའི་ལིདྒའི་རྩེ་ལ་རྡོ་རྗེ་རྒྱ་གྲམ་གྱིས་བརྒྱན་ནས། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། རང་གི་སེམས་ཀྱི་ངོ་བོ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཉི་ཟླ་འོད་དུ་ཞུ་ནས། འོད་ཀྱི་གོང་བུ་ལ་ཡིད་གཏད་དེ། དབུགས་དགག་པར་བྱའོ། །དེ་ནས་དེ་ཉིད་ཧཱ་ལས་དོན་ཡོད་གྲུབ་པར་བསྐྱེད་ལ། ཞལ་གསུམ་ཕྱག་དྲུག་ཐབས་དང་ཤེས་རབ་ཏུ་ལྡན་པའོ། །ཡང་དེའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཧཱ་ལས་བསྐྱེད་པའི་གསང་བའི་ལིདྒའི་རྩེ་མོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་བརྒྱན་ནས། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཤེགས་ཏེ། ཆོ་ག་གསུམ་གྱིས་དཀྱིལ་འཁོར་ཚང་བར་བསྐྱེད་ནས། འཕྲོ་བ་དང་འདུ་བར་བསྒོམ་མོ། །དེ་ལྟར་ཡང་གསུང་པ། ཆོས་དབྱིངས་ཡེ་ཤེས་མཉམ་སྦྱོར་བས། སངས་རྒྱས་ཀུན་ཏུ་བདག་བྱིན་བརླབ། །ཧཱ་ལཾ་ཨེ་ཡིས་མཚོན་བཞིན་དུ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒོམ། །ལུགས་སུ་བླུགས་པ་བཞིན་དུ་ནི། །དེ་ནི་ཕྲིན་ལས་ཡེ་ཤེས་སོ། །ཞེས་གསུངས་སོ། །དེ་ལ་དབུས་ཀྱི་གཙོ་བོ་ནི། དཀྱིལ་འཁོར་གང་ཡིན་པའི་གཙོ་བོའོ། །ཕྱི་མ་ཚོམ་བུ་གསུམ་ནི་རིན་པོ་ཆེ་དང་། ལས་གཉིས་ཐུགས་ཀྱི་རིགས་སུ་བསྡུའོ། །དེ་ལ་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་འདི་ནི། དོན་གཉིས་ཏེ་རྣལ་འབྱོར་པས། ཏིང་ངེ་འཛིན་གྱིས་དེ་ལྟར་བསྒོམས་པ་དང་། མང་ཉུང་གི་ཚད་ཀྱིས་ཚོམ་བུ་ཆེ་ཆུང་གསུམ་དུ་བསྒོམས་ལ། དེ་ཡང་སརྦ་བུདྡྷ་ལས་ནི། རང་གི་ལྷའི་དབུ་རྒྱན་རང་གི་མགོ་ལ་གྱོན་ནས། དེ་ཁོ་ན་ཉིད་དུ་སྤྱད་པར་བྱ་བ་སྟེ། འདི་ཡང་བསོད་ནམས་ཀྱི་རྒྱུ་མཐུན་པ་སྟེ་མི་འགལ་ལོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྣལ་འབྱོར་པས་བསོད་ནམས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ། བཅུ་གཅིག་པ་རྫོགས་སོ།། ༈ །།དེ་ལྟ་བུའི་ཚོགས་ཀྱི་དཀྱིལ་འཁོར་དེ་ཉིད་དངོས་གྲུབ་བསྒྲུབ་བར་འགྱུར་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། བཅུ་གཉིས་པ་ཚོགས་བསྒྲུབ་པའི་ལེའུ་གསུངས་སོ། །དེ་ལ་དེ་ནས་ཞེས་བྱ་བའི་དོན་ནི་བཀྲལ་ཟིན་ཏོ། །དགྱེས་པ་ཆེན་པོ་དཔལ་རྡོ་རྗེ་སེམས་དཔའ་ཐབས་དང་ཤེས་རབ་དང་ལྡན་པའི་རོལ་མོ་ལ་སོགས་པ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་བདེ་བ་ཆེན་པོ་ལོངས་སྤྱོད་ཀྱི་སྤྲིན་ལས་རྣམ་པར་འཕྲོས་ཏེ། ཕྱིས་འབྱུང་བའི་འགྲོ་བའི་དོན་དུ་ལུས་དང་ལུས་ཀྱི་ཉིང་ལག་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་བྱ་བ་འོག་ནས་འབྱུང་བ་འདི་ཆེད་དུ་བརྗོད་དོ་ཞེས་བྱའོ། །དེ་ཉིད་ཀྱང་གང་ཞེ་ན། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པ་གསུང་ཏེ། སྒྱུ་འཕྲུལ་ཡབ་ལྔ་དང་། དྲྭ་བ་ཡུམ་ལྔ་དང་། སེམས་དཔའ་དང་། སེམས་མ་ལ་སོགས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། དཀྱིལ་འཁོར་རྣམ་པ་བཞི་བརྟན་པར་འགྱུར་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། འོག་ནས་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་ལས་ཅི་བྱས་པ་ཐམས་ཅད་མི་གནས་པ་མྱ་ངན་ལས་འདས་པའི་རྒྱུར་འགྱུར་ཞེས་བྱའོ། །དེ་ཡང་ལེའུ་བཅུ་གཅིག་པ་ལས་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་སངས་རྒྱས་ཤིང་། མཎྜལ་ཆེན་པོ་བཞི་བརྟན་པའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས། ཡབ་ཡུམ་དུ་ལྡན་པ་ཡིས། ཉིང་ལག་ཐམས་ཅད་ཀྱང་གཙོ་གཟུངས་ཉི་ཤུ་རྩ་ལྔ་ཕྲག་གཉིས་སུ་བསྒོམས་ནས། ས་གཞི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་རྐང་པས་བྲོ་བརྡུང་བ་དང་། ལག་པས་གར་བྱ་བའི་ལུས་ཀྱི་ཕྱག་རྒྱ་བསྐྱེད་པའི་འཕྲོ་འདུ་ཡིས་ནི་ཅིར་འགྱུར་ཞེ་ན། འཛུལ་ལམ་ནམ་མཁར་གནས་པར་འགྱུར། །ཞེས་བྱ་སྟེ། སེམས་ལས་སུ་རུང་བའི་རྣལ་འབྱོར་པས་ཕུང་པོ་གདོས་པ་ཅན་རི་བྲག་ལ་ཐོགས་པ་མེད་པར་འཛུལ་བ་དང་། བྱ་ལྟར་ནམ་མཁའ་ལ་འགྲོ་བར་འགྱུར་རོ་ཞེས་བྱའོ། །ཡང་ལེའུ་བཅུ་བཞི་པ་ལས་རྡོ་རྗེ་གླུ་བླང་བ་དང་དོན་དང་ལྡན་པའི་ཚིག་བརྗོད་པ་ལ་སོགས་པས་ཅིར་འགྱུར་ཞེ་ན། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ལ་དབང་བསྒྱུར་པའི་གསུང་སྣང་བ་མཐའ་ཡས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱའོ། །ཡང་ལེའུ་བཅུ་གཅིག་པ་ལས་ཕྱི་ནང་གི་རྒྱན་དང་བགོ་བ་ཐམས་ཅད་འཕགས་པ་ཐམས་ཅད་ལ་དབུལ་བ་དང་། བདག་ལྷར་བྱིན་གྱིས་བརླབས་ནས། བགོས་པས་ཅིར་འགྱུར་ཞེ་ན། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། ཅེས་བྱ་བ་གསུངས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དྲི་མ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་འབར་བའི་སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་ཐོབ་ཅེས་བྱའོ། །ཡང་ཞི་དང་དྲག་པོ་ལ་སོགས་པའི་འབར་བ་ཅན་ཐམས་ཅད་ཀྱི་ཡང་རྒྱལ་པོ། གཞན་གྱིས་ཐུབ་པ་མེད་པའི་སྐུ་དཔལ་ཁྲག་འཐུང་འགྲུབ་ཅེས་སོ། །ཡང་ལེའུ་བཅུ་གཅིག་པ་ལས། ཕྱི་ནང་གསང་བའི་བཟའ་བ་དང་། བཏུང་བའི་བྱེ་བྲག་ཐམས་ཅད་ཧཱུྃ་དུ་ཤེས་པའམ། དེ་ཉིད་ལྷ་དང་ལྷ་མོའི་ཕྱག་རྒྱ་ཤེས་པར་བྱས་ནས། འཕགས་པ་ལ་དབུལ་བ་དང་། བདག་ཉིད་ཀྱིས་ལོངས་སྤྱོད་པས་ཅིར་འགྱུར་ཞེ་ན། ཡིད་བཞིན་སྐུ་དང་བདུད་རྩིར་འགྲུབ། །ཅེས་བྱ་བ་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་སྐུ་དང་ཡེ་ཤེས་ཀྱི་བདུད་རྩི་ར་ས་ཡ་ནར་འགྲུབ་ཅེས་བྱའོ། །ཡང་ལེའུ་བཅུ་གཅིག་པ་ལས། ཨཱ་ལི་ཀཱ་ལི་ཐབས་དང་ཤེས་རབ་ཀྱི་སྒྲ་སྟེ། ཅིའི་ཕྱིར་ཞེ་ན། མཁའ་འགྲོ་མའི་ཏནྟྲ་ལས་ཀྱང་། ཨཱ་ལི་ཞེས་བྱ་བུདྡྷ་སྟེ། ཀཱ་ལི་དེ་བཞིན་གཤེགས་པའོ། །ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་རྣམ་པར་དག་པའི་ངོ་བོ་ཉིད། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་པའི་ཡེ་ཤེས་དང་། མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱའོ། །དེ་ནི་དེ་ལྟར་སྤྱོད་པའི་རྣལ་འབྱོར་པ་དེའི་ཁྱད་པར་ནི་ཅི་ལྟ་བུ་ཞེས་བྱ། མཚན་ནི་ཇི་སྐད་གདགས། འབྲས་བུ་ཇི་ལྟར་འགྱུར་ཞེ་ན། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་འགྱུར་བ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་ཏེ། དེ་ལ་ཤེས་པ་ནི་འབྲས་བུ། འཇུག་པ་ནི་རྒྱུའོ། །ཅིའི་ཕྱིར་ཞེ་ན། འཕགས་པའི་ཉན་ཐོས་ཀྱིས་ཀྱང་། དང་པོ་འཁོར་བའི་འབྲས་བུ་སྡུག་བསྔལ་བདེན་པའི་སྒོ་ནས་རྟོགས་ལ། མྱ་ངན་ལས་འདས་པ་དང་པོ་འབྲས་བུ་འགོག་པའི་སྒོ་ནས་རྟོགས་ལ། འཕགས་པ་རང་རྒྱལ་བས་ཀྱང་། དང་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱི་ནང་གི་འབྲས་བུའི་སྒོ་ནས་རྟོགས་པས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དང་པོ་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྟན་ལ། དེ་ཐོབ་པར་བྱེད་པའི་རྒྱུ་ནི་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེའི་རིགས་ཐམས་ཅད་ཤེས་པ་ཉན་ཐོས་ཀྱི་ལམ་གྱིས་བཟོད་པ་བསྟན་ཏོ། །འཇིག་རྟེན་ན་ཡང་དང་པོ་འབྲས་ས་ལུ་ལ་ལོངས་སྤྱོད་ཀྱི་རྒྱུར་ཤེས་ནས། གཟོད་ས་ལུའི་རྨོ་རྐོ་ལ་འཇུག་གོ །རྒྱུ་དང་འབྲས་བུ་གཉིས་ཀྱང་གཅིག་གཟུགས་སུ་གཅིག་གྱུར་ཏེ། ཕྱིའི་རྒྱུ་དྲུག་པོ་འབྱུང་བ་ཆེན་པོ་ལྔ་དུས་དང་དྲུག་གོ །ནང་གི་རྒྱུ་དྲུག་པོ། ས་བོན་དང་། མྱུ་གུ་དང་སྡོང་པོ་དང་ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་དང་། དྲུག་བསྐྱེད་པ་དེ་ཡང་། རྒྱུ་དང་རྐྱེན་གྱི་ངོ་བོའོ། །དཔེ་དེ་དང་འདྲ་བར། འབྲས་བུ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་ཡང་། མི་གནས་པའི་མྱ་ངན་ལས་འདས་པའི་མཆོག་གི་དངོས་གྲུབ་ཤེས་ནས། གཟོད་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། རྣལ་འབྱོར་པས་དཔལ་གསང་བའི་སྙིང་པོ་ལ་སོགས་པ། གསང་བའི་རྒྱུད་ཐམས་ཅད་ལས་གསུངས་པའི། རྩ་བ་དང་། ཡན་ལག་དང་། བཟའ་བ་དང་། བསྲུང་བའི་དམ་ཚིག་དང་། སྡོམ་པ་ལ། ལུས་ངག་ཡིད་གསུམ་གྱི་སྒོ་ནས། སྐྱོན་དང་ཟོལ་མེད་པའི་དད་པ་དང་། དམ་ཚིག་ཏུ་ལྡན་ཞིང་ཕྱིར་མི་ལྡོག་པའི་མོས་པ་མཆོག་ཏུ་ལྡན་པའི་རྣལ་འབྱོར་པས། རྡོ་རྗེའི་ཆོ་ག་ལྔས་རྟག་ཏུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་ཅིང་། ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་ལྔ་ལ་སོགས་པ་རྫོགས་པར་བྱས་ནས། སྔགས་ཀྱི་ཡན་ལག་ལྔས་རྟོག་པ་ཅན་གྱི་སེམས་ཀྱི་རྒྱུད་བརྟུལ་ཞིང་། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། གསང་བ་བྱང་ཆུབ་སེམས་་ཀྱིདཀྱིལ་འཁོར་དང་གསུམ་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་དུས་བཞིར་འགྱུར་བ་མེད་པར་བསྒོམ་པར་བྱའོ། །མངོན་དུ་མི་ཡེངས་པར་བྱའོ། །དེ་དག་གི་འབྲས་བུ་ཤེས་ནས། རྒྱུ་ལ་འཇུག་པའི་མཚན་ཉིད་ཅན་ནོ། །ཇི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔེ་དག་རྒྱུ་དང་འབྲས་བུའི་གཟུགས་སུ་གནས་པ་དང་འདྲ་བར། འབྲས་བུ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་དང་། རྒྱུད་དམ་ཚིག་དང་། སྡོམ་པ་ལ་གནས་པའི་རྣལ་འབྱོར་པ་དེས། ཆོ་ག་དང་། ཡོ་བྱད་དང་། སྔགས་ཀྱི་ཡན་ལག་ལ་གནས་ཏེ། གསང་བའི་དཀྱིལ་འཁོར་ཆེན་པོ་བཞི་ལ་སོགས་པ་མངོན་དུ་བྱས་པས། རྒྱུའི་དུས་ན་འབྲས་བུ་མངོན་དུ་བྱས་པའི་གཟུགས་སུ་གནས་པ་ཡིན་ནོ་ཞེས་བྱའོ། །འོ་ན་འབྲས་བུ་དེ་ཉིད་ལ་ཅི་རྒྱུ་དང་། རྐྱེན་མེད་པ་ཁོ་ན་ཅིག་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་དང་རྐྱེན་ཡང་ཡོད་དོ་ཞེས་བསྟན་པའི་ཕྱིར། འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་བྱ་བ་གསུངས་ཏེ། འབྲས་བུ་དཔལ་ཀུན་ཏུ་བཟང་པོ་ཐོབ་པར་བྱེད་པའི་རྒྱུ་ནི། ཕྱིའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ནང་གི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། གསང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ས་བཅུ་དང་། གསུམ་ཡང་སྨིན་ཅིང་གྲུབ་བར་བྱེད་པ་ཡིན་ནོ། །ཡང་ཕྱིའི་གཞུང་ལས་ནི། དམིགས་པར་བྱ་བའི་ཆོས་ཀྱི་དབྱིངས་བཅུ་ལ་སྒྲིབ་པའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཤེས་བྱའི་སྒྲིབ་པ་ས་བཅུའི་མི་མཐུན་པའི་ཕྱོགས་རྣམས་ཀྱི་གཉེན་པོར། ཡེ་ཤེས་ཀྱི་ངོ་བོས་བཅུར་བསྡེབ་སྟེ། དེ་ལྟར་རྒྱུའམ་གཉེན་པོས་བཅུའི་མི་མཐུན་པའི་ཕྱོགས་བཅུ་སྤངས་པས། འབྲས་བུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་བྱེད་པ་སྟེ། དེ་ལྟར་ཡང་གསུངས་པ། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་བསྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དེ་ནི་ས་ཡིན་ནོ། །ཞེས་གསུངས་སོ། །ཡང་ལ་ལ་ན་རེ་ཉོན་མོངས་པ་ཅན་མ་ཡིན་པས། ཤེས་བྱའི་སྒྲིབ་པ། ས་དང་པོ་ལ་ཀུན་ཏུ་འགྲོ་བའི་དོན་མ་རྟོགས་པ་ལ་སོགས་པ་བཅུ། གཉེན་པོ་ས་བཅུ་རྒྱུར་བྱས་ནས། རྐྱེན་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ལྡན་པས་བཅོམ་པས། འབྲས་བུ་ཆོས་ཀྱི་དབྱིངས་མངོན་དུ་གྱུར་པའི་ཚེ། ཡེ་ཤེས་བཅུ་དང་། ཆོས་ཀྱི་དབྱིངས་བཅུ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །གཞན་དག་ན་རེ་ཆོས་ཀྱི་དབྱིངས་ནི་ནམ་མཁའ་ལྟ་བུའི་ངོ་བོ་པས། ཆོས་ཀྱི་དབྱིངས་རྣམ་གྲངས་སུ་བྱས་པ་འགལ་ཏེ། དེ་ལྟར་མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བ་གསུངས་སོ། །ཞེ་ན། དེ་ལྟར་ཡིན་གྱིས་ཀྱང་གཉེན་པོ་ས་བཅུའི་ངོ་བོར་བྱས་པས་མི་འགལ་ཏེ། དཔེར་ན། ནམ་མཁའ་དང་སྤྲིན་བཞིན་ཆེ་ཆུང་གི་ངོ་བོར་མཐོང་ཞེས་བྱའོ། །དེ་ལ་སྔགས་ཀྱི་རིག་འཛིན་ཇི་ལྟར་སྤྱོད་པ་ཡིན་ཞེ་ན། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་གསུངས་ཏེ་གོང་དུ་སྨྲས་པ་ལྟར་ཤེས་པ་དང་། འཇུག་པའི་མཚན་ཉིད་དེ་དག་འབྱོར་ཅིང་མི་འབྲལ་བ་ནི། ས་ལུ་ས་ལ་རྨོས་ནས་ཆུ་བྲན་བྱས་ན་འབྲས་བུ་སྨིན་པ་ལས་མི་འདའ་བས་ནི། རྒྱུ་རྐྱེན་གཅིག་གིས་བྱེད་པའི་གཟུངས་གཅིག་བྱེད་པ་དང་འདྲ་ཞེས་བྱའོ། །ཡང་གཉིས་སུ་ནི་འབྲས་བུ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཤེས་ནས། དེའི་རྒྱུ་དམ་ཚིག་དང་། ཆོ་ག་དང་། ཡོ་བྱད་དང་། སྔགས་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སོགས་པ་དང་ལྡན་པ། དེ་དག་རྒྱུ་འབྲས་འབྲེལ་པར་བྱེད་པ་ནི། ཡེ་ཤེས་ཀྱི་ལྷ་མོའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་གཟུངས་མ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་རིགས་འཛིན་གྲགས་པ་དང་། ཡོ་བྱད་དང་། དངོས་གྲུབ་ཐམས་ཅད་ནི། དེ་ལ་རག་ལས་པའི་ཕྱིར་རོ། །དེ་ལ་ཡང་དང་པོར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། ཆོ་ག་དང་། ཡོ་བྱད་དང་ལྡན་པའི་དུས་སུ། གསང་བའི་བྷ་གར་ལྷག་པའི་བྱང་ཆུབ་ཀྱི་སེམས་ལས། འཕགས་པ་མཆོད་པ་དང་། འགྲོ་བ་ལ་དབང་བསྐུར་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དེ་ལྟར་གསུངས་པ། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་པ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །ཞེས་བྱ་བ་ལ་སོགས་པའོ། །རྒྱས་པར་གོང་དུ་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་ཕྱག་རྒྱ་དཀྱིལ་འཁོར་གྱི་ངོ་བོ། རྩ་བའི་དཀྱིལ་འཁོར་ཡན་ལག་གི་དམ་ཚིག་ཉི་ཤུ་ལ་སོགས་པ་མི་འདའ་བ་ནི་ཚུལ་ཁྲིམས། གསང་བའི་དཀྱིལ་འཁོར་གྱི་ལྟ་བ་དང་། སྤྱོད་པ་ལ་མི་སྐྲག་མི་དངང་ཞིང་དབང་དུ་གྱུར་པ་ནི་བཟོད་པའོ། །དུས་བཞི་མཉམ་པ་ཉིད་དུ་གསང་བའི་དཀྱིལ་འཁོར་ཆེན་པོ་རྣམ་པ་བཞིའི་ངོ་བོ་ལས་མི་འདའ་བ་ནི་བརྩོན་འགྲུས་སོ། །སྔགས་ཀྱི་ཡན་ལག་ལྔ་ལ་གནས་པ་ནི་བསམ་གཏན། ཆོས་ཐམས་ཅད་དབུ་མ་ཡང་དམིགས་སུ་མེད་པའི་དོན་བཅུའི་ངོ་བོ་ལས་མི་འདའ་བ་ནི་ཤེས་རབ། ཉོན་མོངས་པ་ལྔ་དང་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ཀྱང་། དེའི་ཉེས་པས་མི་གོས་པ་ནི་ཐབས། རཱུ་ཏྲ་ཆེན་པོ་ལ་སོགས་པའི་ཉོན་མོངས་པའི་སྙིགས་མ་ལྔ་ཟིལ་གྱིས་གནོན་པ་ནི་སྟོབས། སྙིགས་མ་ལྔའི་སྣོད་དང་བཅུད་དུ་བཅས་པ་བདེ་བ་ཅན་ལ་སོགས་པར་དབྱེར་མེད་པར་མཛད་པ་ནི་སྨོན་ལམ། ཡེ་ཤེས་ཆེན་པོ་ལྔ་ཡང་སྟོང་པ་ཆེན་པོའི་ཡེ་ཤེས་སུ་དབྱེར་མེད་པ་ནི་ཡེ་ཤེས་སོ། །དེ་དག་གི་འབྲས་བུ་ནི་ས་དང་པོ་ནས། ས་བཅུའི་པའི་བར་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ན་འབྲས་བུ་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་། ཡེ་ཤེས་ཀྱི་ས་བཅུའི་ངོ་བོར་ཤེས་ཤིང་། རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་འཇུག་ཅིང་། དེ་གཟུངས་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཡིན་ཞེས་བྱའོ། །དེ་ལྟ་བུའི་ནུས་པའི་མཐུ་ཅན་དུ་གྱུར་པའི། རྣལ་འབྱོར་པ་དེའི་མཚན་ཇི་སྐད་ཅེས་གདགས་ཤེ་ན། རིག་འཛིན་ཞེས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་ཁམས་ཐམས་ཅད་དུ་གྲགས་ཞེས་བྱའོ། །དངོས་སུ་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཛིན་ཅིང་གདུང་འཚོབ་པའི་ཕྱིར་རོ། །དེ་ཡང་གང་ཞེས་པ་ནི། རིགས་སུ་ཆད་པ་མེད་པ་དེ། གོང་མ་ལྟ་བུ་ལ་གནས་ན་གང་ཡང་རུང་བའོ། །དེ་ཡང་རིག་འཛིན་གྱི་ཁྱད་པར་ནི་བཞི་སྟེ། གོང་དུ་གསུངས་པ་ལྟར། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་ཆེན་པོ་བཞི་ལ་མངོན་དུ་བྱེད་པ་ལ་མཚན་མ་ཐོབ་པའི་རྣལ་འབྱོར་པ་ནི་མོས་པ་སྤྱོད་པའི་རིག་འཛིན་ནོ། །ཕྱི་ནང་གསང་བའི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་ནི། སར་ཆུད་པའི་རིག་འཛིན་ཏེ། དཔལ་ཏྭད་ཏྭ་སང་ཏྭ་ཧ་ལས་གསུངས་པ་ལྟར། རིགས་སོ་སོའི་རིག་འཛིན་ཚེ་ལ་དབང་ཐོབ་པར་བྱས་ནས། བསྐལ་པ་ཆུང་ངུ་ཉིས་སྟོང་དུ་གནས་པ་དང་། རྡོ་རྗེ་ཆེན་པོའི་རིགས་འཛིན་གྱིས་བསྐལ་པ་སྟོང་དུ་གནས་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཀུན་ཏུ་འགྲོ་ཞིང་སླར་འོང་བ་དང་། སྒྱུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་སྟོན་པའོ། །ས་ལ་གནས་པའི་རིག་འཛིན་ནི། སངས་རྒྱས་ཀྱི་ཞིང་ཁམས་བྱེ་བ་སྟོང་ཞིང་སྤྲུལ་པ་བྱེ་བ་འགྱེད་པ་དང་། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པར་བྱེད་པའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིད་ཅེས་བྱ་ཡིས་ཀྱང་། ནང་གསང་སྔགས་ཀྱི་སྒོ་ནས་གྲུབ་པས་ནི་རིག་འཛིན་ཞེས་བྱའོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་དེ་བཞིན་གཤེགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །ཡང་དེ་ལྟ་བུའི་མོས་པས་སྤྱོད་པ་དང། སར་ཆུད་པ་དང་། ས་ལ་གནས་པ་དེ་དག་གི་སྐྱེ་བ་ནི་ཇི་ལྟ་བུ་ལེན་ཞེ་ན། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཞེས་བྱ་བ་གསུངས་ཏེ། མིའི་སྐྱེ་བ་རྣམ་པར་དག་པ་རྒྱལ་རིགས་དང་། བྲམ་ཟེ་དང་ཁྱིམ་བདག་གི་སྐྱེ་བ་རྣམ་པར་དག་པ་འཛིན་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས། དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་པས། བྱང་ཆུབ་སེམས་དཔའི་ས་རྣམས་དུས་གཅིག་ཏུ་མཉམ་པ་ཉིད་དུ་སྦྱོར་བར་མཛད་དེ། དེ་ནི་རྒྱལ་པོ་ཨིནྡྲ་བོ་དྷི་འཁོར་དང་བཅས་པ་དང་། ཀུ་ཀུ་ར་ཛ་ཨ་ཙརྱ་ཉིད་ལྟ་བུ་སྔགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྐྱེ་བ་རྣམ་པར་དག་པ་བཟུང་ནས། གསང་སྔགས་རྡོ་རྗེའི་ཐེག་པའི་སྒོ་ནས། བྱང་ཆུབ་སེམས་དཔའི་ས་རྣམས་དུས་གཅིག་ཏུ་མཉམ་པ་ཉིད་དུ་སྦྱོར་བར་མཛད་ཅིང་། དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་དོ། །དེ་བཞིན་དུ་བརྒྱ་བྱིན་ལ་སོགས་པ་སྟེ། འདོད་པའི་ཁམས་དང་། ཚངས་པ་ལ་སོགས་ཏེ་གཟུགས་ཁམས་ཀྱི་ལྷ་ཐམས་ཅད་ཀྱི་སྐྱེ་བ་རྣམ་པར་དག་པ་ཡང་འཛིན་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་ས་རྣམས་དུས་གཅིག་ལ་མཉམ་པ་ཉིད་དུ་སྦྱོར་བར་མཛད་ཅིང་། དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་བྱེད་དོ། །འོ་ན་དེ་ལྟ་ན་ནི། བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལུས་སུ་མ་གྱུར་པས་ཁམས་གསུམ་ལས་མི་འདའ། མི་བརྒལ། མི་འཕགས་པའི་ཆོས་ཉིད་ཅན་དུ་མི་འགྱུར་རམ་ཞེ་ན། ལན་དུ། སྐྱེ་བ་རྣམ་དག་འཛིན་མོད་ཀྱི། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ལྷ་དང་མིའི་སྐྱེ་བ་རྣམ་པར་དག་པ་ནི་འཛིན་ཅིང་ལུས་ལ་བརྟེན་མོད་ཀྱི། གནས་ཀྱི་ཁྱད་པར་ས་སྟེ། བྱང་ཆུབ་སེམས་དཔའི་ས་བཅུ་ཡང་དུས་གཅིག་ཏུ་མཉམ་པར་སྦྱོར་བའི་ཁྱད་པར་ཅན་གྱིས་དེ་རིག་འཛིན་གྱི་སར་གནས་པར་འགྱུར་བ་ཡིན་ཞེས་བྱའོ། །ཡང་བརྒལ་བ། བྱང་ཆུབ་སེམས་དཔའི་ས་བཅུ་དུས་གཅིག་ཏུ་རྫོགས་པ་དེ་ནི་དེ་ལྟར་མི་འགྱུར་ཞེས་བྱ་བའི་ལན་དུ། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་བྱ་བ་གསུངས་ཏེ། འཁོར་གསུམ་ཡོངས་སུ་དག་པ་ཞེས་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། གདུང་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཡོངས་སུ་འཁྲུག་པ་མེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ལེ་ལོའི་གཡེང་བ་དང་བྲལ་བ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། རོ་མྱོང་བ་མེད་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། འཆལ་བའི་ཤེས་རབ་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་དང་། ཉེས་པ་བསལ་བའི་ཐབས་དང་། ལས་དང་ཉོན་མོངས་པ་བཟློག་པའི་སྟོབས་དང་། རང་དང་གཞན་གྱི་དོན་གྱི་སྨོན་ལམ་དང་། རྣམ་པར་མི་རྟོག་པ་ལ་སོགས་པའི་ཡེ་ཤེས་རྣམ་གསུམ་དུ་སྦྱོར་ཞིང་། ཕ་རོལ་ཏུ་ཕྱིན་པ་དེ་དག་ཀུན་ཀྱང་། མཉམ་པ་ཉིད་དུས་གཅིག་ཏུ་རྫོགས་པར་བྱེད་པའོ། །དེར་ཡང་མ་ཟད་དེ། གསང་བའི་དཀྱིལ་འཁོར་དུ་ཕྱིན་པ་གཞིའི་དུས་སུ་བྱང་ཆུབ་སེམས་ཀྱི་སྦྱིན་པའི་ཆར་ཆེན་པོ་དང་། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་དང་ལྡན་པར་གནས་པ་དག་འཁོར་བའི་རྒྱུད་དང་འབྲས་བུ་རྣམ་པར་གྲོལ་བའི་རྒྱུ་འབྲས་དུས་གཅིག་ཏུ་མཉམ་པར་སྦྱོར་བའི་ཐབས་མཁས་པ་དང་། ཉོན་མོངས་པ་ཟིལ་གྱིས་གནོན་པའི་སྟོབས་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའི་སྨོན་ལམ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པའི་དཔལ་ཀུན་ཏུ་བཟང་པོའི་ཡེ་ཤེས་ལ་སོགས་པ་དེ་དག །ད་ལྟ་ཉིད་ནས་རྒྱུ་དང་འབྲས་བུ་དབྱེར་མེད་པར་མཉམ་པར་སྦྱོར་བ་ཡིན་ཏེ། འབྲས་བུ་ས་དང་པོ་ནས་ས་བཅུ་པའི་བར་དུ། རྒྱུ་དང་འབྲས་བུ་ཀུན་དུས་གཅིག་ཏུ་ལྷུན་གྱིས་གྲུབ་ཅིང་རྫོགས་པ་ཡིན་ནོ། །ཅིའི་ཕྱིར་ན། སྟོང་པ་ཆེན་པོའི་ཡེ་ཤེས་ཀྱིས། འཁོར་བ་དང་མྱ་ངན་ལས་འདས་པ་དང་། རྒྱུ་དང་འབྲས་བུར་བཅས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་སྦྱོར་བའི་ཕྱིར་ཏེ། དེའི་ཕྱིར་ཡང་གསུང་པ། ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ། །ས་བཅུ་རིམ་གྱིས་བཀོད་པ་ལ། །མཉམ་ཉིད་རིག་པའི་རྡོ་རྗེ་ཡིས། །ས་རྣམས་མཉམ་པ་ཉིད་དུ་སྦྱོར། །ཞེས་བྱ་བ་གསུངས་པའི་ཕྱིར་རོ། །དེར་ཡང་མ་ཟད་དེ། སངས་རྒྱས་ཀྱིས་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་རྣམས་ཀྱང་། རྣལ་འབྱོར་པ་དེའི་རིག་པའི་ཡེ་ཤེས་ལ་ཚང་ཞིང་རྫོགས་པའི་ཕྱིར་ཡང་གསུངས་པ། ཐབས་དང་ཤེས་རབ་ཐབས་ཀྱི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་ས་ནི་ཀུན་ཏུ་འོད་ཀྱི་ས་ཡིན་ཏེ། ས་བཅུ་མཐར་ཕྱིན་ན་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ཆོས་སྐུ་ཐོབ་ནས། ཐབས་དང་ཤེས་རབ་རྣམ་པར་དག་པའི་དབྱིངས་དང་ཡེ་ཤེས་ཡིན་ལ། དབྱིངས་དང་ཡེ་ཤེས་ནི་གཉིས་སུ་མེད་པ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་ཏེ། དེ་ལྟ་བུའི་བདག་གི་དོན་ཕུན་སུམ་ཚོགས་པའི་དེའི་རྒྱུ་དང་འབྲས་བུའི་ངོ་བོ་ཡང་། རྣལ་འབྱོར་པ་དེའི་རིག་པའི་ཡེ་ཤེས་ལ་ལྷུན་གྱིས་གྲུབ་ཅིང་རྫོགས་སོ་ཞེས་བྱའོ། །ཅིའི་ཕྱིར་ཀུན་ཏུ་འོད་ཅེ་ན། དཔེར་ན་འཛམ་བུ་གླིང་དུ་ཉི་མ་ཤར་ན། ཡུལ་ཁམས་བསྒྱུར་ནས་ཤར་བ་མ་ཡིན་ཏེ། འཛམ་བུ་གླིང་དུ་ལྷན་ཅིག་ཏུ་ལྷག་གིས་ཤར་བ་དང་འདྲ་བར། ས་བཅུ་གཅིག་ཀུན་ཏུ་འོད་དུ་ཆོས་ཀྱི་སྐུ་མཚན་མ་མེད་པར་ལྷག་གིས་མཐོང་བ་དེ་ཡང་། ཤེས་པ་དང་ཤེས་བྱ་ཐམས་ཅད་ནམ་མཁའི་དབྱིངས་བཞིན་དུ་དུས་གཅིག་ཏུ་ལྷག་གིས་མཐོང་བ་ཡིན་པའི་ཕྱིར་ཀུན་ཏུ་འོད་ཅེས་བྱའོ། །ཐབས་ཀྱི་མཆོག་ཅེས་བྱ་བ་ནི་མ་ཆགས་པད་མ་ཅན་གྱི་ས་སྟེ། ས་བཅུ་གཅིག་ཏུ་ཆོས་ཀྱི་སྐུ་མཚན་མ་མེད་པ་ཐོབ་ནས། སླར་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོས་འགྲོ་བའི་རྒྱུད་བཟུངས་ཤིང་། པདྨ་དང་ཆོས་མཐུན་པའི་ཚུལ་དུ་གནས་པ་ལ་བྱ་སྟེ། དེ་དག་ཀྱང་རྣལ་འབྱོར་པ་དེའི་རིག་པའི་ཡེ་ཤེས་ལ། རྒྱུ་དང་འབྲས་བུ་དབྱེར་མེད་པར་དུས་གཅིག་ཏུ་ལྷུན་གྱིས་གྲུབ་ཅིང་རྫོགས་སོ་ཞེས་བྱའོ། །ཤེས་རབ་མཆོག་གི་ཡང་མཆོག་ཏུ་གྱུར་པ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། ས་བཅུ་གཉིས་པའི་ཡེ་ཤེས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུད་ལས་བྱུང་བའི། །འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ངོ་བོ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས། མངོན་པར་རྫོགས་པར་སངས་རྒྱས་པའི་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཉིད་དེ། ཡི་གེ་མཚོན་པའི་ཕྱིར་རོ། །དེ་ལ་ས་བཅུ་གསུམ་པའི་རྒྱུ་དང་འབྲས་བུ་དེ་དག་ཀྱང་། རྣལ་འབྱོར་པ་དེའི་རིག་པའི་ཡེ་ཤེས་དང་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པར་རྫོགས་པ་ཞེས་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ས་བཅུ་དང་། དེ་བཞིན་གཤེགས་པའི་ས་གསུམ་གྱི་རྒྱུ་དང་འབྲས་བུའི་ཁྱད་པར་མང་པོ་ཐམས་ཅད་ཀུན་ཀྱང་། རྣལ་འབྱོར་པ་དེའི་རིག་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྒྱུ་དང་འབྲས་བུ་དབྱེར་མེད་པར་ལྷུན་གྱིས་གྲུབ་ཅིང་རྫོགས་སོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཞེས་བྱ་སྟེ། ས་བཅུ་དང་གསུམ་ལ་སོགས་པ་ཐམས་ཅད་འདུས་པའི་སྙིང་པོ་ཡེ་ཤེས་ཐམས་ཅད་ཀྱི་ངོ་བོའི་བདག་ཉིད་དེ་ལ་རྣལ་འབྱོར་པ་དེ་གནས་པའི་ཕྱིར་རོ། །གཞན་དག་ན་རེ་བྱང་ཆུབ་སེམས་དཔའི་ས་བཅུ་དང་སངས་རྒྱས་ཀྱི་ས་གསུམ་ལ་སོགས་པའི་རྒྱུ་དང་འབྲས་བུའི་ཁྱད་པར་ཀུན་འདུས་ཤིང་འདི་ཉིད་དུ་ལྷུན་གྱིས་རྫོགས་པར་བྱ་བ་བཏུབ་བམ་ཞེ་ན། ལན་དུ། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་སྒོམ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་པར་ནི་བསྒོམས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་ཤིན་ཏུ་དཀར་ལ་འཚེར་བ་ཟུར་གསུམ་པའི་ནང་དུ། ཉི་ཟླའི་གདན་ལ་བདག་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཐབས་ཤེས་རབ་ལྡན་པར་བསྒོམས་ན། ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་བསྒོམས་པ་ཡིན་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དཔེ་དོན་དེ་དང་འདྲ་བར་རྣལ་འབྱོར་པ་ཤེས་རབ་མཆོག་དང་ལྡན་པས་ཀྱང་། སའི་ཁྱད་པར་དེ་དག་རྒྱུའི་དུས་སུ་འབྲས་བུ་ལྷུན་གྱིས་གྲུབ་ཅིང་རྫོགས་པར་བྱར་རུང་བ་སྟེ། ཐམས་ཅད་སེམས་ཀྱི་ཁྱད་པར་ཡིན་པ་དང་སེམས་གཉིས་སུ་མེད་པའི་བྱང་ཆུབ་ཆེན་པོའི་ངོ་བོར་སངས་རྒྱས་ཏེ། ཁྱད་པར་གྱི་ས་ཐམས་ཅད་ལ་གནས་པ་ཡིན་ནོ་ཞེས་བྱའོ། །དཔེ་ཅི་འདྲ་ཞེ་ན། སྐྱེ་བུ་རྩལ་དང་ལྡན་པའི་རལ་གྲི་ལོ་འདབ་ལ་སོགས་པའི་རྫས་མང་པོ་དུས་གཅིག་ཏུ་གཅོད་པ་དང་འདྲའོ། །དེ་བས་ན་ཐམས་ཅད་སེམས་ཀྱི་ཁྱད་པར་བས། །དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། རྫོགས་པའི་སངས་རྒྱས་དེ་དག་བཙལ་བས་ནི། རྙེད་པར་མི་འགྱུར་ཏེ་བདག་གི་སེམས་ཉིད་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་བས། སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་བདག་གི་སེམས་བྱང་ཆུབ་ཆེན་པོའི་ངོ་བོ་ཆོས་ཉིད་བྱང་ཆུབ་སེམས་ལ་སོགས་པའི། །དཀྱིལ་འཁོར་ཀུན་རབ་ཏུ་སྦྱོར་བར་གྱུར་ན། ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་། འགྲུབ་བར་འགྱུར་རོ་ཞེས་བྱའོ། །དེ་ལྟར་སེམས་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཀུན་ཏུ་རབ་ཏུ་འབྱོར་ན། ཀྲི་ཡོག་གི་ཆོ་ག་ལྷག་ཅིང་མ་ཚང་ན་ཉེས་པར་འགྱུར་གྱི་འདིར་ནི་ཆོ་ག་ལྷག་ཅིང་མ་ཚང་ན་ཉེས་པ་མེད་ཅེས་བྱའོ། །དཔལ་གསང་བའི་སྙིང་པོའི་དེ་ཁོ་ན་ཉིད་ངེས་པ་ལས། ཚོགས་ཀྱི་དཀྱིལ་འཁོར་གྱིས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མི་གནས་པ་མྱ་ངན་ལས་འདས་པ་བསྒྲུབ་པའི་ལེའུ་སྟེ། བཅུ་གཉིས་པའོ།། ༈ །།རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་འདིའི་མཚན་ནི་ཅི་ཞེ་ན། དཔལ་གསང་བའི་སྙིང་པོ་ཞེས་བྱའོ། །ཞེས་བྱ་བ་གསུངས་པ་དེ་ཡང་། གྱི་ན་ཙམ་མམ་སྒྲ་བརྙན་ལྟ་བུས་མ་ཡིན་ནམ། ཇི་ལྟ་བུ་ཞིག་བྱ་ཞེ་ན། དེའི་དོན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞི་སྐུ་གསུང་ཐུགས་རྡོ་རྗེ་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ་སོགས་པས། བཅུ་གསུམ་པ་མན་ངག་ཤིན་ཏུ་གསང་བའི་སྙིང་པོ་གསུངས་ཏེ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་། དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་གཅིག་ཏུ་འདུ་བར་མཛད་པ་སྟེ། དེ་ནི་ཉི་མའམ། ཟེར་བཞིན་དུའམ། མཚོ་ཆེན་པོ་མ་དྲོས་པ་ལ་ཆུ་ཀླུང་ཐམས་ཅད་འབབ་ཅིང་འདུ་བའི་ཚུལ་ལོ་ཞེས་བྱའོ། །ཡོན་ཏན་གྱི་མཚན་གྱི་སྒོ་ནས་ནི། དགྱེས་པ་ཆེན་པོ་ཞེས་བྱ་སྟེ། སྡུག་བསྔལ་གྱི་ཟུག་རྔུའི་སྐྱོན་དང་བྲལ་ཞིང་། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་ལ་འདུས་པའི་མི་གཡོ་བའི་ཏིང་ངེ་འཛིན་གྱིས་བཞུགས་པའི་ཕྱིར་རོ། །ནས་ཞེས་བྱ་བའི་ཚིག་གི་སྒོ་ནས་ནི་ལྷག་མ་དང་བཅས་པ་སྟེ་ཅི་ཞེ་ན། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཆོས་ཐམས་ཅད་ཅེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པའི་ཆོས་ཇི་སྙེད་པའོ། །དེ་ཇི་ལྟར་དབྱེར་མེད་ཅེ་ན། ཡེ་ནས་རྫོགས་པ་ཆེན་པོ་ལྷུན་གྱིས་གྲུབ་པ་ཞེས་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ་དུ་དབྱེར་མེད་པར་གནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཇི་ལྟར་དབྱེར་མེད་ཅེ་ན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་ནི། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་འབྱུང་ལ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ནི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་དབྱེར་མེད་པར་གནས་ཏེ། སེམས་ཙམ་པའི་རྣལ་འབྱོར་པ་ལྟར། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱན་དྲངས་ནས་གཟོད་དབྱེར་མེད་པར་གནས་པ་ལྟ་བུ་ནི་མ་ཡིན་ཞེས་བྱའོ། །དེ་ལྟ་བུའི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་གི་དམ་ཚིག་ཡིན་པས་དམ་ཚིག་ཅེས་བྱའོ། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དག །རང་བཞིན་རྫོགས་པ་ཆེན་པོའི་སྒོ་ནས་རྟོགས་པར་དཀའ་ཞིང་། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་རྟོག་གེ་བའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་པས་ཤིན་ཏུ་གསང་བ་ཞེས་བྱའོ། །འབྱུང་བའི་རྒྱུར་གྱུར་པ་དང་། ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་སྙིང་པོ་ཞེས་བྱའོ། །དེ་ལ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་སྒོ་ནས། གསང་བ་དང་སྙིང་པོར་བརྗོད་པ་ནི། རྒྱུད་འདིའི་སྤྱི་དོན་དུ་ཤེས་པར་བྱ་སྟེ། གསང་བ་ནི་ཆོས་ཉིད་དང་ཆོས་ཅན་ཡེ་ནས་མཉམ་པ་ཉིད་ཆོས་ཀྱི་དབྱིངས་དེ་ནི་རྒྱལ་བ་ཐམས་ཅད་བསྐྱེད་པའི་མཁའ་དབྱིངས་ཡིན་ནོ། །ཞེས་བྱའོ། །གསང་བ་དེའི་སྙིང་པོ་ནི་ཡེ་ནས་མཉམ་པ་ཉིད་གསང་བའི་མཁའ་དབྱིངས་དེ་ལས་མི་གཞན་པའི་ཡེ་ཤེས་ལ། སྙིང་པོ་ཞེས་བྱ་སྟེ། དེ་ལྟར་རྒྱུད་ཕྱི་མ་ལས་ཀྱང་གསུངས་ཏེ། ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ལས་མི་གཞན་ཡེ་ཤེས་ཐིག་ལེའི་ངང་། །ཞེས་བྱ་བ་གསུངས་སོ། །དེ་ཡང་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལས་བྱུང་ངོ་། །ཞེས་གསུངས་ན། འདིའི་ཐབས་དང་ཤེས་རབ་ཀྱི་དོན་ཇི་ལྟར་བལྟ་བར་བྱ་བ་ཡིན་ཞེ་ན། དེ་ནི་ཡེ་ཤེས་ཡབ་ཀྱི་ངོ་བོ་དང་། དབྱིངས་ཡུམ་གྱི་བདག་ཉིད་ཀྱིས་འགྲོ་བའི་དོན་གྱི་བྱ་བ་བྱེད་ན་ཡང་། དེ་ཉིད་གཟུགས་བརྙན་དང་སྒྱུ་མའི་ཚུལ་དུ་བྱ་བ་བྱེད་དོ་ཞེས་བྱའོ། །མ་ཧཱ་ཡོ་གའི་ལྷག་པའི་བྱང་ཆུབ་སེམས་ཀྱི་ཉི་ཟླ་ལས་ཡིག་འབྲུ་འབྱུང་བ་ཇི་ལྟར་བལྟ་བར་བྱ་བ་ཡིན་ཞེ་ན། དེ་ནི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐམས་ཅད་ཡིག་འབྲུའི་ངོ་བོ་ཞེས་བྱའོ། །རང་བཞིན་གྱི་དུས་སུ་དབང་པོ་དང་ཡུལ་དང་ཐབས་དང་ཤེས་རབ་ཏུ་གནས་ལ། མ་ཧཱ་ཡོ་གའི་གསང་བའི་དུས་སུ། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་བཞུགས་ན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དུས་སུ་ཇི་ལྟར་བལྟ་བར་བྱ་བ་ཡིན་ཞེ་ན། ཐབས་གང་ཡིན་པ་ཤེས་རབ་ལ། ཤེས་རབ་གང་ཡིན་པ་ཡང་ཐབས་ཀྱི་ངོ་བོ་སྟེ། དེ་གཉིས་དབྱེར་མེད་པར་མཉམ་པར་གནས་པ་ལ་བྱ་སྟེ། དེ་ལྟར་ཡང་གསུངས་པ། དབྱིངས་དང་ཡེ་ཤེས་སྒྱུ་མ་གཟུགས་བརྙན་ཚུལ། །བྱ་བྱེད་ཉིད་ནི་བྱ་བྱེད་མེད་པའི་ངང་། །འཕྲུལ་ཆེན་བཞི་བཅུ་རྩ་ལྔ་ཡེ་ཤེས་དོན། །དཀྱིལ་འཁོར་བསམ་ཡས་ཐམས་ཅད་ལྷུན་གྲུབ་ཅིང་། །ཐབས་དང་ཤེས་རབ་གཉིས་མེད་མཉམ་པར་གནས། །ཞེས་གསུངས་སོ། །དེ་དག་ནི་ཤིན་ཏུ་གསང་བའི་སྙིང་པོ་ཡུམ་གྱི་མཁའ་ལ། སྙིང་པོ་ཐིག་ལེའི་སྤྲིན་བཀོད་པའོ། །རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གསང་བའི་དཀྱིལ་འཁོར་གྱི་སྒོ་ནས། གསང་བའི་ཡུམ་གྱི་མཁའ་དང་སྙིང་པོ་བྱང་ཆུབ་སེམས་གཉིས་སུ་བརྗོད་པ་ནི། ཆོས་ཐམས་ཅད་ནམ་མཁའི་དབྱིངས་བཞིན་དུ་འདུས་པར་བསྟན་པ་སྟེ། དེ་ལྟར་ཡང་གསུངས་པ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། སྣ་ཚོགས་འཇིག་རྟེན་ཁམས་གཡོ་དང་། རྒྱལ་བ་མངོན་བྱུང་ཐམས་ཅད་ཀུན། ནམ་མཁའི་དབྱིངས་སུ་མ་གྱུར་པ། དུས་བཞི་ཕྱོགས་བཅུ་གང་ནའང་མེད། །ཅེས་གསུངས་སོ། །གསང་བ་དེའི་སྙིང་པོར་བརྗོད་པ་ནི། ཀུན་གཞི་བྱང་ཆུབ་སེམས་སྐྱེ་འགག་མེད་པའི་ངོ་བོ་ལ་ཤེས་པར་བྱ་སྟེ། དེ་ལྟར་ཡང་གསུངས་པ། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །དེ་ཡིས་མ་བྱས་གང་ཡང་མེད། །སེམས་ཀྱི་རང་བཞིན་དེ་ལ་ནི། །དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང་། །དེ་ལ་གསོད་ཅིང་གཟུང་དུ་མེད་། །སྐྱེ་འགག་གནས་འཇིག་འགྲོ་འོང་ལྔ། །ཡེ་ཤེས་ཆེན་པོ་ལྔ་ཉིད་དེ། །དེ་ནི་དོན་དམ་བྱང་ཆུབ་སེམས། །ཞེས་གསུངས་སོ། །མ་ཧཱ་ཡོ་གའི་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་གནས་པ་སྟེ། རང་བཞིན་རྫོགས་པ་ཆེན་པོའི་གནས་སྐབས་འདིར། ཇི་ལྟར་བལྟ་བར་བྱ་བ་ཡིན་ཞེ་ན། རགས་པར་སྣང་བ་ཐམས་ཅད་ཡབ་ལྷའི་དཀྱིལ་འཁོར་ལ་དེ་ཉིད་རང་བཞིན་མེད་པར་ཤེས་པ་ནི། ཤེས་རབ་ཡུམ་གྱི་བདག་ཉིད་དུ་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟར་ཡང་གསུངས་པ་ལེའུ་དང་པོ་ལ་བརྗོད་ཟིན་ཏོ། །དེ་དག་ནི་ཤིན་ཏུ་གསང་བའི་སྙིང་པོ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་ནས། གསང་བ་ཡུམ་གྱི་མཁའ་དང་སྙིང་པོ་བྱང་ཆུབ་ཀྱི་སེམས་ཐིག་ལེའི་སྤྲིན་བཀོད་པའོ། །གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། གསང་བ་ཡུམ་གྱི་མཁའ་དང་། སྙིང་པོ་བྱང་ཆུབ་སེམས་ཀྱི་དོན་བསྟན་པ་ནི། གསང་བ་ནི་ཡུམ་གྱི་མཁའ་ཆོས་ཀྱི་འབྱུང་གནས་ཡུམ་གྱི་པདྨ། དེའི་སྙིང་པོ་ནི་པདྨ་དེའི་སྙིང་པོའོ། །ས་བོན་བྱང་ཆུབ་ཀྱི་སེམས་ཉི་ཟླའི་དཀྱིལ་འཁོར་ཏེ། དེ་ལྟར་ཡང་གསུངས་པ། ཡང་དག་དོན་གྱི་གསང་མཆོག་ནི། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་ལ། །ངེས་པའི་དོན་ཆེན་བཞི་བཅུ་གཉིས། །ཡིད་བཞིན་རིན་ཆེན་གསལ་བར་ཐིམ། །ཞེས་གསུངས་སོ། །ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་ནི། སེམས་ཙམ་གྱི་དབང་ཉེ་བར་གཟུང་སྟེ། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསྟིམ་ཞིང་། དབྱེར་མེད་པར་བྱའོ་ཞེས་གསུངས་པའི་ཕྱིར་ན ། ཐམས་ཅད་མ་ལུས་ཐིག་ལེའི་དབྱིངས། །སྐུ་ལྔ་འོད་ཟེར་མང་པོ་ཀུན། །ཐམས་ཅད་ཡུམ་གྱུར་དབྱིངས་སུ་ཐིམ། །ཞེས་གསུངས་ཏེ། གསང་བ་བྱང་ཆུབ་སེམས་ཀྱི་དོན་དེ་ཉིད་ཡང་བསྟན་པ། བྱང་ཆུབ་སེམས་ཀྱི་ཐེག་པ་ནི། ཀུན་ལ་ཁྱབ་ཅིང་མི་གནས་པ། །ཁ་དོག་མ་ཡིན་དབྱིབས་མིན་ཏེ། །དབྱིངས་ཀྱི་བདེ་བ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །དེ་དག་གི་ཐབས་དང་ཤེས་རབ་ཀྱི་དོན་ནོ། །ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པའི་ངོ་བོ་སྟེ། དེ་དག་གི་དོན་ནི་འོག་ནས་འགྲེལ་ཏོ། །དེ་དག་ནི་ཤིན་ཏུ་གསང་བའི་སྙིང་པོ་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས། གསང་བ་ཡུམ་གྱི་མཁའ་དང་། སྙིང་པོ་ཐིག་ལེའི་སྤྲིན་བཀོད་པའོ། །དེལྟར་གསང་བའི་སྙིང་པོའི་དཀྱིལ་འཁོར་དེ་གསུམ་ཡང་། དབྱིངས་སྐྱེ་བ་མེད་པའི་ངང་ལས། དབྱིངས་ཀྱི་ངོ་བོ་ཐབས་ཡབ་ཀྱི་ངོ་བོར་བྱུང་ལ། ཐབས་ཀྱི་ཕྱག་རྒྱ་ལས་མྱུ་གུ་དང་གྲིབ་མའི་ཚུལ་དུ་ཡུམ་གྱི་ཕྱག་རྒྱར་གསལ་ཞིང་། དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལས། བྱང་ཆུབ་སེམས་དཔའ་དང་སེམས་མའི་དཀྱིལ་འཁོར་འབྱུང་བ་ཡིན་ནོ་ཞེས་བྱ་སྟེ། དེ་ལྟར་ཡང་དཀྱིལ་འཁོར་གསུམ་གྱི་དོན་བསྡུས་ཏེ་གསུངས་པ། དབྱིངས་ལས་དབྱིངས་བྱུང་ཐབས་ཀྱི་ཕྱག་རྒྱར་གསལ། །ཐབས་ལས་དབྱིངས་བྱུང་ཡུམ་གྱི་ཕྱག་རྒྱར་འབྱུང་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་སྦྱོར་བས་ན། །བྱང་ཆུབ་སེམས་ཚོགས་དཀྱིལ་འཁོར་བརྗོད་མི་ལང་། །ཞེས་གསུངས་སོ། །དེ་ལྟར་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་བྱ་བ་གསུངས་པ་ཡང་། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི། དེ་བཞིན་གཤེགས་པ་ཇི་བཞིན་པ་ཆོས་ལ་མངའ་བརྙེས་ཤིང་དབང་བསྒྱུར་བ་ལྟར། གདོད་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཕྲིན་ལས་ལྟ་མི་མཛད་ན་ཡང་ཕྱི་རབས་ཀྱི་རྣལ་འབྱོར་སྙོམས་ལས་ཅན་གྱི་དོན་དུ། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་དེ་བཞིན་གཤེགས་པ་ཡང་། དེ་ལྟར་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་དོ་ཞེས་བྱའོ། །སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་མཛད་པའི་དེ་ཉིད་ཀྱང་གང་ཞེ་ན། དེ་དག་གི་ཕྱིར་ཡང་གསུངས་པ། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲས་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་བྱ་བ་གསུངས་ཏེ། མཐའ་གང་དང་ཡང་མ་བྲལ་བའི་འཇིག་རྟེན་པ་དང་། སྒྲོ་སྐུར་གྱི་མཐའ་ལ་གནས་པའི་མུ་སྟེགས་པ་ལ་སོགས་པའི་ལྟ་བ་ཐམས་ཅད་ཡང་། སྟོན་པ་པོ་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་ཤིང་། དཔལ་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས་བྱུང་ཞིང་། ཡི་གེ་སྒྲས་བཏགས་མིང་གི་ཚོགས་ལ་བརྟེན་པའི། ངག་གི་རིག་བྱེད་ཚིག་གི་སྒོ་ནས་མཚོན་ཏེ། འཇིག་རྟེན་ན་གྲགས་པ་ཡིན་ནོ་ཞེས་བྱའོ། །དེ་ལ་མ་གཏོགས་པ་ཞེས་བྱ་བ་ནི། མཐའ་གང་དང་ཡང་མ་བྲལ་བའི་འཇིག་རྟེན་པའོ། །ལོག་པར་རྟོགས་པ་ཞེས་བྱ་བ་ནི། ཕྱིན་ཅི་ལོག་གི་ལྟ་བ་མཐའ་ཡས་པ་ཅན་ཡིན་ནོ། །ཉན་ཐོས་ཀྱི་ནི་གང་ཟག་ལ་བདག་མེད་པས། ཕྱོགས་ཙམ་རྟོགས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་པས་ནི། ཡང་དག་པའི་སྔགས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པ་སྟེ། དཔལ་གསང་བ་འདུས་པ་བྱང་ཆུབ་སེམས་དཔའ་བྱམས་པས་བསྡུས་པ་ལྟ་བུའོ། །ཀྲི་ཡས་ནི་ཁྲུས་དང་གཙང་སྦྲ་དང་། གཟའ་དང་རྒྱུ་སྐར་དང་བྱེད་པ་བཟང་པོ་ལ་གནས་ཏེ། ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱེད་པའོ། །ཡོ་གས་ནི་ཡུམ་ཡེ་ཤེས་ཀྱི་ཡུམ་ཙམ་དུ་དགོངས་པའམ། དམ་ཚིག་ཕྱག་གི་རྒྱ་ཡུམ་དུ་དགོངས་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་འདུས་པ་ལས་ཀྱང་གསུངས་པ། མུ་སྟེགས་རྣམས་ལ་ཕན་དོན་དུ། །རི་མོའི་ཕྱག་རྒྱའི་ཚུལ་དུ་ནི། སངས་རྒྱས་བཙུན་མོ་རབ་སྦ་བར། །ཤེས་ན་འགྲུབ་པར་འགྱུར་རོ་ཞེས། །བཅོམ་ལྡན་དེ་བཞིན་གཤེགས་ཀྱིས་གསུངས། །ཞེས་གསུངས་སོ། །དམ་ཚིག་གི་ཕྱག་རྒྱ་མ་ཡིན་པ། སྐུ་ཕྱག་རྒྱ་མ་བྱུང་བའི་ཕྱིར་རོ། །གསང་བ་ནི་མ་ཧཱ་ཡོ་གའི་རྒྱུད་ཆེན་པོ་། དང་ཨ་ནུ་ཡོ་གའི་རྒྱུད་ཆེན་པོ་རྣམས་ཏེ། དེ་དག་ཀྱང་ཡི་གེ་སྒྲས་བཏགས་མིང་ཚོགས་ལས་བརྟེན་པའི་ཚིག་གིས་རབ་མཚོན་ཏེ། འོ་ན་རང་བཞིན་གྱིས་གསང་བའི་དོན་དེ་དངོས་གང་ལ་ཤེས་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་ཡང་གསུངས་པ། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་ལྡན་པའི་ཡབ་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་གྱིས། ཡུམ་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་གནས་པ་དེ་ལ་ནི། རང་བཞིན་གྱི་དཀྱིལ་འཁོར་དང་། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཡེ་ནས་གནས་ཏེ། ཏིང་ངེ་འཛིན་གྱི་སྒོ་ནས་ཀྱང་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་རྒྱུད་ཕྱི་མ་ལས་ཀྱང་གསུངས་པ། ཨེ་མའོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་བཅོ་བརྒྱད་པོ། །བྱང་ཆུབ་སེམས་དཔའ་སེམས་མ་ཉིད། །ཅེས་བྱ་བ་གསུངས་པའི་ཕྱིར་རོ། །གསང་བ་བྱང་ཆུབ་སེམས་ཕྱག་རྒྱ་ཆེན་པོ་བཞི་དང་ལྡན་པའི་སྒོ་ནས་ཀྱང་། གསང་བ་དང་སྙིང་པོར་བརྗོད་པ་ནི། གསང་བ་ནི་ཡུམ་ཀུན་ཏུ་བཟང་མོའི་བྷ་ག་ཨེ་གྲུ་གསུམ་ཆོས་ཀྱི་འབྱུང་གནས་ཡུམ་གྱི་པདྨ་ལ་བྱའོ། །སྙིང་པོནི་པདྨ་དེའི་སྙིང་པོ་ན་ཟླ་བའི་དཀྱིལ་འཁོར་ཆུ་ཟླའི་ངོ་བོ་ཟླ་བ་ལྟར་དཀར་ཞིང་དག་པའ་ི་ཚུལ་དུ་གནས་པ་ཏེ། དེ་ལྟར་ཡང་གསུངས་པ། དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །གསང་བའི་དཀྱིལ་འཁོར་ཐིག་ལེའི་དབྱིངས། །ཞེས་གསུངས་ཏེ། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉི་ཟླ་དཀར་དམར་རང་བཞིན་རྫོགས་པ་ཆེན་པོ་དཀྱིལ་འཁོར་ལ་འབྱུང་བ་ནི། ཐུགས་ཀྱི་དཀྱིལ་འཁོར་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཡབ་ཡུམ་གྱི་ཐུགས་ལས་བྱུང་ཞིང་། ཐུགས་གསང་བའི་གནས་སུ་བྱུང་བས། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཀྱི་ཡང་། མཆོག་ཡིན་པས་དཀྱིལ་འཁོར་མཆོག་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་ཏེ། དཔེར་ན་ཕྱིའི་རྟེན་འབྲེལ་ལ་ས་བོན་དང་མྱུ་གུ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། གསང་བའི་དཀྱིལ་འཁོར་ཐིག་ལེའི་དབྱིངས། །ཞེས་བྱ་བ་གསུངས་ཏེ། གསང་བ་ཡུམ་གྱི་མཁའ་ན་བྱང་ཆུབ་ཀྱི་སེམས་དཀར་དམར་ཉི་ཟླའི་དཀྱིལ་འཁོར་ནི། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་རྒྱུ་དང་། རྩ་བའམ་སྙིང་པོ་ཡིན་པའི་ཕྱིར་དབྱིངས་ཞེས་བྱའོ། །ཇི་ལྟར་དབྱིངས་ཞེས་བྱ་ཞེ་ན། དེའི་ཕྱིར་ཡང་གསུངས་པ། འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རེག་པ་རྣམས། །ཞེས་བྱ་བ་གསུངས་ཏེ། འབྱུང་བ་ཆེན་པོ་ལྔ་ནི་ཡུམ་ལྔ། ཕུང་པོ་ལྔ་ནི་ཡབ་ལྔ། དབང་པོ་དྲུག་སྟེ། མིག་དང་། རྣ་བ་སྣ་ལྕེ་ལུས་དང་། ཡིད་ཀྱི་དབང་བོ་སྟེ་དྲུག་ལས། ཡིད་ཀྱི་དབང་པོ་ནི་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་དག་པ་ནི་ཁྲོ་མོའོ། །ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་ཏེ། ཆོས་ཀྱི་རྡོ་རྗེ་བྱ་བ་མོའི་བར་དུའོ། །དུས་ནི་བཞི་སྟེ་ལྷ་མོ་བཞིའོ། །རེག་པ་ནི་རྣམ་པར་ཤེས་པ་སྟེ། བདུད་རྩིའི་འཁྱིལ་བ་དང་། ཡིད་ཀྱི་རྡོ་རྗེ་ཀུན་ཏུ་བཟང་པོའི་བར་དུ་སྟེ། དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཚོགས་སེམས་དཔའ་སེམས་མ་ལས་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཞེས་བྱའོ། །ཀུན་གཞི་རྣམ་པར་ཤེས་པ་རིག་པའི་ངང་ཉིད་དེ། དེ་ནི་ཡེ་ཤེས་སེམས་དཔའ་ཉིད་དོ། །ཞེས་སྔགས་ཀྱི་རྒྱུད་ལ་མཁས་པའི་སློབ་དཔོན་དག་གླེང་ངོ་། །དེ་ལྟ་བུའི་དཔལ་ཀུན་ཏུ་བཟང་པོ་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ལ། བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔས་བལྟ་ཞིང་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་བྱང་ཆུབ་སེམས་ཀྱི་མཆོད་པ་ཆེན་པོའི་ཕྱིར་ཡང་། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་གྱེས་ལ་མཆོད་པ་འབུལ། །ཞེས་བྱ་བ་གསུངས་ཏེ། སྙིང་པོ་བྱང་ཆུབ་ཀྱི་སེམས་ཉི་ཟླའི་དཀྱིལ་འཁོར་གྱི་ཐིག་ལེ། ཐབས་དང་ཤེས་རབ་མཉམ་སྦྱོར་བས། བདེ་བའི་ཡེ་ཤེས་རོལ་པ་དེ་ལས་བྱུང་བའི་དེ་ཉིད་འཁོར་བའི་རྒྱུར་མི་འགྱུར་ཞིང་། ཟད་པ་མེད་པའི་བསོད་ནམས་ཀྱི་ཚོགས་སུ་འགྱུར་བའི་ཕྱིར། བདག་ཡབ་ཡུམ་གྱི་ལུས་ཀྱི་དཀྱིལ་འཁོར་དང་། ཕྱོགས་བཅུ་དུས་གསུམ་རྒྱལ་བ་འདོད་ཆགས་ཀྱི་དགའ་བ་དགྱེས་པ་དེ་དག་ལ་མཆོད་པ་འབུལ་ལོ་ཞེས་བྱའོ། །དེ་ལྟར་ན་དོན་དམ་པའི་ཡེ་ཤེས་སུ་སྣང་ལ། ཀུན་རྫོབ་ཏུ་མི་སྣང་བའི་ཕྱིར་ཡེ་ཤེས་སྒྱུ་མར་སྣང་བའི་ཞེས་ཏེ། ཡེ་ཤེས་ཉིད་སྒྱུ་མར་སྣང་བའི་ཕྱིར་རོ། །འགྲོ་བ་མཐའ་ཡས་པའི་ཕྱིར། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ནི། ཐབས་དང་ཤེས་རབ་ཀྱི་རོལ་མོ་མཐའ་ཡས་པ་ལས་བྱུང་བའི། །གསང་བའི་ཐིག་ལེ་དེ་ནི། དཀྱིལ་འཁོར་ཐམས་ཅད་བསྐྱེད་ཅིང་འབྱིན་པའི་རྒྱུར་གྱུར་པའི་ཕྱིར་ནི། དབྱིངས་རྒྱུའི་དོན་དུ་ཡང་སྣང་ལ། ཐམས་ཅད་ཀུན་ཀྱི་རང་བཞིན་པའི་ཕྱིར་ནི། གསང་བའི་ཐིག་ལེ་དེ་ནི་སངས་རྒྱས་ཀུན་གྱི་དངོས་པོ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཡོན་ཏན་གཞན་ཡང་གསུངས་པ། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པ། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། མ་ལུས་བདག་ཉིད་ཞལ་མཐོང་བ། དབང་སྒྱུར་མཆོག་ཉིད་དམ་པ་ཡིན་། ཞེས་བྱ་བ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དང་དུས་བཞི་སྔ་ཕྱིར་གཤེགས་ཤིང་། ཡང་དག་པར་གཞན་གྱི་དོན་དུ། མངོན་པར་རྫོགས་པར་སངས་རྒྱས་པའི་བཅོམ་ལྡན་འདས་རིགས་ཆེན་པོ་ལྔའི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་བདག་ཉིད། ཞལ་མཐོང་ལ་དབང་བསྐུར་བ་ཡང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་མཆོག་ཉིད་གསང་བའི་དཀྱིལ་འཁོར་དམ་པ་ཁྱོད་ཡིན་ནོ་ཞེས་བྱའོ། །དེ་ལྟར་གསང་བ་དང་སྙིང་པོའི་དོན་བཀྲལ་ནས། ད་ནི་དེ་ཁོ་ན་ཉིད་ཀྱི་དོན་འགྲེལ་པའོ། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་གསུངས་ཏེ། ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ། ཆོས་ཀྱི་སྐུ་དཔལ་ཀུན་ཏུ་བཟང་པོ་གནས་སོ། །ཞེས་བྱའོ། །དེ་ཉིད་རང་བཞིན་གྱི་འོད་གསལ་བའི་ངོ་བོས་ནི། རྫོགས་པ་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་ངོ་བོ་གནས་སོ་ཞེས་བྱའོ། །སེམས་ཙམ་གྱི་རྣལ་འབྱོར་པ་ལྟར་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་མ་ཡིན་ཏེ། ཡེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་སོ་ཞེས་བྱའོ། །ཡེ་ཤེས་རིན་པོ་ཆེའི་དབུ་རྒྱན་གྱིས་ཀྱང་བརྒྱན་པའི་ཕྱིར་ནི། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་བྱ་བ་གསུངས་ཏེ། དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲས་ཀྱང་། དྲུག་པའི་ཆ་ལུགས་ཀྱིས་ཅོད་པན་ལྔ་དང་ལྡན་ཏེ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ལས། གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབྱུང་བའི་ཕྱིར། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་བྱ་སྟེ། ཡབ་ཡུམ་ཐབས་དང་ཤེས་རབ་ཏུ་ལྡན་པ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཕྱག་རྒྱར་སྦྱོར་བའི་བྱིན་རླབས་ལས། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོའི་དབང་གིས། ཉིད་ཀྱི་ཞིང་སྨིན་པར་མཛད་པའི་ཕྱིར། ཐུགས་རྗེ་ཆེན་པོ་ལས་ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། རྟེན་འབྲེལ་སྒྱུ་མའི་ཚུལ་དུ། ཡོངས་ཀྱིས་འབྱུང་བ་ཡིན་ནོ། །ཞེས་བྱའོ། །དེས་ཕྲིན་ལས་ཅི་ཉེ་བར་བསྒྲུབ་པ་ཞིག་སྙམ་པའི་ཕྱིར་ཡང་། ཕྱོགས་དུས་དཀྱིལ་འཁོར་འདུས་པའི་མགོན། །སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །ཞེས་བྱ་བ་གསུངས་ཏེ། ཕྱོགས་བཅུ་དང་། དུས་བཞིའི་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ཐམས་ཅད་ནི། འདུལ་བ་རྣམ་བཞིས་འདུལ་བའི་ཕྱིར། མགོན་དང་སྐྱབས་དང་དཔུང་གཉེན་མཛད་ལ། ཤིན་ཏུ་འདུལ་བར་དཀའ་བའི་དྲག་པོ་ཆེན་པོ་ལ་སོགས་པ། སྒྱུ་མའི་དཀྱིལ་འཁོར་ཅན་ཐམས་ཅད་ནི། སྒྲོལ་བར་མཛད་ཅེས་བྱའོ། །ཡང་གཉིས་སུ་འགྲོ་བ་སྒྱུ་མ་ལྟ་བུ་རྣམས་ཐུགས་རྗེ་ཆེན་པོས། །སྒྲོལ་བར་མཛད་ཅེས་བྱའོ། །དེ་དག་དེ་ལྟར་སྒྲོལ་བར་མཛད་ན་ཡང་། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི། དེ་བཞིན་གཤེགས་པ་ནི། སྒྱུ་མའི་ཆོ་འཕྲུལ་ལ་མངའ་བརྙེས་པ་ཡིན་ཞིང་། ལུས་ངག་གི་བྱ་བྱེད་དང་བྲལ་བས། འགྲོ་བ་འདུལ་བའི་ཕྲིན་ལས་མཛད་པའི་ཕྱིར། བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཅེས་བྱ་བ་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར། རྟོག་པ་མེད་བཞིན་དུ་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བ་དང་། སྒྱུ་མ་མཁན་པོ་ལྟར་སྤྲུལ་པ་ལ་རང་བཞིན་མེད་པར་དཀྱིལ་འཁོར་ལ་དཀྱིལ་འཁོར་སྤྱོད་པ་ཡིན་ནོ། །ཞེས་བྱའོ། །ད་ནི་ཤིན་ཏུ་གསང་བའི་དཀྱིལ་འཁོར་ལ་རྣལ་འབྱོར་པ་གང་དག་གིས་ཤེས་རབ་རྣམ་གསུམ་གྱི་སྒོ་ནས། དང་དུ་བླང་བའི་ཡོན་ཏན་ཇི་ལྟ་བུ་ཞིག་སྙམ་པའི་ཕྱིར་ཡང་། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་བསྒོམས་པའི་རྣལ་འབྱོར་བས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེ་བྱ་བ་གསུངས་ཏེ། སྣོད་ཀྱི་འཇིག་རྟེན་ལྟ་བུ་དྲན་པའི་སེམས་པ་དང་མི་ལྡན་པ་མ་ཡིན་ཞིང་། ཡེ་ཤེས་རང་རིག་པའི་དཀྱིལ་འཁོར་ཡིན་པའི་ཕྱིར། ཡེ་ཤེས་ཞེས་བྱ་བ། དེ་ལྟར་ཡང་ཡེ་ཤེས་རང་རིག་པའི་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཡེ་ཤེས་ཉིད་རྫོགས་པའི་དཀྱིལ་འཁོར་བས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ཏེ། རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་རོ། །ལ་ཞེས་བྱ་བ་ནི་བྱེད་པ་པོའི་ཚིག་སྟེ། གང་ལ་ཞེ་ན། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་བྱའོ། །ཅི་ཞེ་ན། ཐོས་བསམ་བསྒོམས་པའི་རྣལ་འབྱོར་པས། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་རྣམ་གསུམ་གྱིས་སྣོད་གསུམ་གྱི་སྐྱོན་བསལ་ཏེ། ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་རྣལ་འབྱོར་པས། དང་དུ་བླང་བའི་འབྲས་བུ་ཅི་ཉེ་བར་བསྒྲུབ་པ་ཡིན་ཞེ་ན། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་བྱ་བ་གསུངས་ཏེ། དབང་ཕྱུག་ལ་སོགས་ཏེ། གཞན་གྱི་རྒྱུད་ཀྱི་བྱེད་པོ་དང་བྲལ་བའི་ཕྱིར་ནི་རང་བྱུང་ཞེས་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་འདུལ་བའི་གཙོ་བོར་གྱུར་པ་ནི་ཀུན་ངམ་ཞེས་བྱའོ། །མེ་ལོང་གཡའ་དག་པ་ལྟར་བདག་ཞལ་བདག་གིས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཐོང་བའི་ཕྱིར་ནི་ལྷུན་གྱིས་གྲུབ་ཅེས་བྱའོ། །དེ་སྐད་གསུངས་པ་དེ་དག་ཀྱང་ཅིའི་ཕྱིར། ལྡེམ་པོའི་དབང་ཙམ་དུ་མ་ཡིན་ནམ་སྙམ་པའི་དོགས་པ་བསལ་བ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདའ་བར་མི་མཛད་དམ་ཚིག་མཆོག །ཅེས་བྱ་བ་གསུངས་ཏེ། དེ་ལྟར་གོང་དུ་ཤེས་རབ་རྣམ་གསུམ་གྱིས་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་དང་ཏུ་བླང་བའི་ཡོན་ཏན་འདིའི་འབྲས་བུ་ནི་རང་གི་རྒྱུད་ལས་འབྱུང་ཞིང་། འཇིག་རྟེན་དང་འཇིག་རྟེན་དུ་བཅས་པ་ཐམས་ཅད་དང་། ངམ་ཞིང་ངོ་མཚར་ཆེ་བའི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་དུ་གྱུར་པ་ལས། འདའ་བར་མི་མཛད་པ་ཉིད་ནི་དམ་ཚིག་ཅེས་བྱ། དོན་དེས་ཡོན་ཏན་གཞན་ཡང་འགྲུབ་པའི་ཕྱིར་ཡང་། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོང་པར་གྱུར། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་གང་ཞིག་རང་བཞིན་གསང་བའི་དོན་འདི་ལ་ཤིན་ཏུ་མོས་པར་གྱུར་ན། ཕྱོགས་བཅུ་དང་དུས་བཞི་ཀུན་ནས། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་རོ། །ཞེས་བྱའོ། །ཅིའི་ཕྱིར་ན། རང་བཞིན་གསང་བའི་སྙིང་པོའི་དོན་ལ་མོས་པར་གྱུར་ན། ཕྱོགས་དུས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་། བསྙེན་ཅིང་རྟག་ཏུ་བསྒྲུབ་པ་ཡིན་པས། དེའི་ཕྱིར། དེ་དག་གི་སྲས་ཀྱི་ནང་ན་ཡང་། ཉེ་བའི་སྲས་སུ་དགོངས་པ་ཡིན་ནོ། །ཞེས་བྱའོ། །དེའི་ཡོན་ཏན་བཞི་པ་གཞན་ཡང་། མདོའི་སྡེ་དང་ཀྲི་ཡོག་ལས་ཁྱད་པར་དུ་བྱས་པ། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་བྱ་བ་གསུངས་ཏེ། མདོ་སྡེའི་ཐེག་པ་ལ་སོགས་པའི་ཚུལ་གྱིས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། ལུས་ངག་ཡིད་ཀྱི་བྱང་ཆུབ་སེམས་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་པའི་འབྲས་བུ་ནི། གསང་ཆེན་མཆོག་གི་རྒྱུད་ཀྱི་དོན་འདི་ཡིན་ནོ། །ཀྲི་ཡ་དང་ཡོ་གའི་རྒྱུད་ཀྱིས། དཀྱིལ་འཁོར་མ་ལུས་པར་བསྙེན་ཅིང་བསྒྲུབས་པའི་འབྲས་བུ་ཡང་། གསང་ཆེན་མཆོག་གི་རྒྱུད་ཀྱི་དོན་འདི་ཡིན་ནོ། །ཞེས་བྱའོ། །ཡོན་ཏན་ལྔ་པ་གཞན་ཡང་སྨོས་པའི་ཕྱིར་ན། དེ་ཞེས་པའི་ལྷག་མ་ནི། ཅིའི་ཕྱིར་ལྷག་མར་མངོན་ཏེ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟ་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྙེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་པ་ཐམས་ཅད་ཀུན། །འདི་ཡིས་ལྷུན་ཡིས་གྲུབ་པར་འགྱུར། །ཞེས་བྱའོ། །ཡང་ཡོན་ཏན་དྲུག་པ་འདི་ནི་གསང་ཆེན་ངེས་པ་ཡི། འབྲས་བུ་ལམ་དུ་གྱུར་པ་ཡིན། ཞེས་བྱ་བ་གསུངས་ཏེ། བཀྲི་པའི་དོན་མ་ཡིན་པའི་ཕྱིར་ནི། ངེས་པའི་དོན་ལ། རྒྱུའི་སྒོ་ནས་མ་ཡིན་པའི་ཕྱིར་ནི། འབྲས་བུའི་དོན་ཏོ། །ཡོན་ཏན་བདུན་པ་མཐར་ཐུག་པའི་ལམ་དུ་བསྟན་པའི་ཕྱིར་ནི། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་བྱ་བ་གསུངས་སོ། །དེ་ལྟར་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ལ་འདི་ལས་གསང་བའི་ངེས་པའི་དོན་མེད་པ་ཅིའི་ཕྱིར་ཞེ་ན། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག །ཅེས་བྱ་བ་གསུངས་ཏེ། ཆོས་སྐུ་ནམ་མཁའི་དབྱིངས་བཞིན་དུ་རྟག་པར་བཞུགས་པའི་ངོ་བོ་ཅན་ཉིད་ཁོ་ནའོ། །དེ་ལྟར་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། དང་དུ་བླང་བའི་ཡོན་ཏན་གསུངས་ནས། དཔལ་གསང་བའི་སྙིང་པོའི་སྣོད་ཀྱི་ཕྱིར་གདམས་པ་བསྟན་པ་སྟེ། དཔལ་གསང་བའི་སྙིང་པོ་འདི་བསྟན་པར་བྱ་བའི་སྣོད་ནི་ཇི་ལྟ་བུ། གང་དང་གང་གི་ཚུལ་ཅན་ལ་བསྟན་པར་བྱ་སྣོད་དུ་མ་གྱུར་པ་ལ་བསྟན་པའི་སྐྱོན་ནི་ཇི་ལྟ་བུ་སྙམ་པའི་དོན་དུ། ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་ཟུང་། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་བྱ་བ་གསུངས་ཏེ། ཤེས་རབ་རྣམ་གསུམ་གྱིས་བློ་སྦྱངས་པའི་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་ནི་ཟུངས་ཤིག །ཡེ་ཤེས་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དོན་དམ་པའི་ཡུལ་ཅན། མི་སྐྲག་མི་སྔངས་པའི་སྣོད་དང་ལྡན་པ་དང་། ངན་པའི་ངང་ཚུལ་ཅན་དུ་མ་གྱུར་པའི་ངང་ཚུལ་བཟང་པོ་ཅན་རྣམས་ལ་ནི་བསྟན་པར་བྱ། གཏོང་པར་བྱ། ལུས་དང་ལོངས་སྤྱོད་གཏོང་བའི་དད་པ་ཅན་རྣམས་ལ་སྦྱིན་པར་བྱ་ཞེས་བྱའོ། །དེ་སྣོད་དུ་མ་གྱུར་པ་ལ་བྱིན་པའི་སྐྱོན་ནི། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །སྲེག་དང་སྦྲེབས་ལ་ཡུན་རིང་གནས། །ཞེས་བྱ་བ་གསུངས་ཏེ། རྩ་བའི་ཉོན་མོངས་མ་རིག་པས་རྨོངས་ཤིང་། ཉེ་བའི་ཉོན་མོངས་པས་གཡེང་ཞིང་འཕྱར་བ་ལ་སོགས་པའི་དབང་གིས་སྣོད་དུ་མ་གྱུར་པའི་སློབ་བུ་ལ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་གྱི་དོན་འདི་བྱིན་ན། དུས་མ་ཡིན་པར་འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པས་སྲོག་ཟད་པར་བྱས་ནས། ཚ་གྲང་གི་སྡུག་བསྔལ་ལ་སོགས་པས། འབྲས་ཀྱི་ཆུ་ཕུབ་མ་བཞིན་དུ་བསྲེགས་པ་དང་། པདྨའི་འདབ་མ་ལྟར་གས་ཤིང་སྦྲེབས་པའི་སྡུག་བསྔལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་བའི་ལས་བྱས་པའི་གང་ཟག་དང་འདྲ་བར་ཡུན་རིང་པོར་གནས་པར་འགྱུར་རོ་ཞེས་གསུངས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མན་ངག་མཐའ་དག་གི་དོན་ཐམས་ཅད་ནི་རྒྱུད་འདི་ལ་འདུས་ཤིང་འདིར་མཐར་ཐུག་ལ། རྒྱུད་འདིའི་དོན་ཡང་ལེའུ་འདི་ལས་གསུངས་པ། དེ་ལྟར་དེ་ཁོ་ན་ཉིད་ངེས་པས། ཤིན་ཏུ་གསང་ཆེན་མཆོག་གི་རྒྱུད་ཀྱི་ཡང་། དོན་གྱི་མན་ངག་སྙིང་པོའི་ལེའུ་སྟེ། བཅུ་གསུམ་པའོ།། ༈ །།ཕྱིས་འབྱུང་བའི་རྣལ་འབྱོར་པ་གང་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བསྟོད་ན་དེ་ཡང་བྱང་ཆུབ་ཆེན་པོའི་འབྲས་བུ་ཐོབ་པར་འགྱུར་རོ་བར་དགོངས་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས། བཅུ་བཞི་པ་གླུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་མཉེས་པའི་ལེའུ་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྐལ་བ་དང་ལྡན་པའི་རྣལ་འབྱོར་པ་གང་གིས་བསྟོད་ན། སྒྲིབ་པ་བྱང་ལ་ཚོགས་རྫོགས་པར་འགྱུར་བ་ལ་དགོངས་ཏེ། ཉིད་ཀྱིས་ཀྱང་ཉིད་ཀྱི་དཀྱིལ་འཁོར་ལ་དབྱེར་མེད་པའི་སྒོ་ནས་བསྟོད་པ་ཡིན་ནོ། །དེ་ཡང་ཚིག་དང་པོས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས། རྟག་པ་ཆེན་པོ་གཡུང་དྲུང་གི་སྐུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སྐུ་རྡོ་རྗེའི་སྒོ་ནས་བསྟོད་པ་ཡིན་ནོ། །གཉིས་པས་ནི་སོ་སོ་ཀུན་ཏུ་རྟོག་པའི་སྒོ་ནས། མངོན་པར་བྱང་ཆུབ་པའི་སྐུ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ། གསུང་གི་རྡོ་རྗེའི་སྒོ་ནས་བསྟོད་པའོ། །གསུམ་པས་ནི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས། ཆོས་ཀྱི་སྐུ་མི་བསྐྱོད་པའི་དཀྱིལ་འཁོར་ལ། ཐུགས་ཀྱི་རྡོ་རྗེའི་སྒོ་ནས་བསྟོད་པའོ། །བཞི་པས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས། ཐམས་ཅད་དབྱེར་མེད་པའི་སྐུ་མཉམ་པའི་སྐུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ། ཡོན་ཏན་གྱི་སྒོ་ནས་བསྟོད་པའོ། །ལྔ་པས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ། དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ། ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ འོ། །དྲུག་པས་ནི་འདུས་པའམ་བསྡུས་པའི་སྒོ་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་ཅིང་སངས་རྒྱས་པར་བསྟོད་པའོ། །དེ་ལ་ཡང་རེ་རེ་ཞིང་ཡང་མཚན་བཞི་བཞིའི་སྒོ་ནས་བསྟོད་པའོ། །སྤྱིར་ནི་མཚན་ཉི་ཤུ་རྩ་བཞི་ཡང་། ཡོན་ཏན་དང་ཕྲིན་ལས་ལ་སོ་སོར་མ་ཕྱེ་ཏེ། སྐུ་གསུང་ཐུགས་སུ་འདུས་སོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་གསུངས་པའི་ཕྱིར་རོ། །ཨཱོཾ་ཞེས་པ་ཐམས་ཅད་ནི། ཡེ་ཤེས་ལྔའི་སྒོ་ནས་ཕྱག་འཚལ་བ་དང་པོར་མཚོན་པའོ། །དེ་ལ་ཡང་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་ཕྱིར་ནི། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞེས་བྱ་བ་གསུངས་ཏེ། ཕྱོགས་དུས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་སྒྱུར་བའི། དཔལ་ཀུན་ཏུ་བཟང་པོའི་སྐུའི་དཀྱིལ་འཁོར་དུ་གྱུར་པ་དེ་ཉིད་གང་ཞེ་ན། ཡེ་ཤེས་ཀྱི་སྒོ་ནས། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་བྱ་བ་གསུངས་ཏེ། རྣམ་པར་ཤེས་པའི་རྒྱལ་པོ་ནས་རྟག་ཆད་ཀྱི་བར་དུ་སྟེ། དེ་ནི་དཔལ་ཀུན་ཏུ་བཟང་པའི་ཐུགས་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བ་སྟེ། གང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་འབྲེལ་ཏོ། །རིགས་ཀྱི་སྒོ་ནས་ནི། བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །ཞེས་བྱ་བ་གསུངས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་དེ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཁྱད་པར་ལས་གྲུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་ཀྱི་ཁྱད་པར་གསུངས་པ་ཁོ་ནའོ། །མཚན་གྱི་སྒོ་ནས། སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ཞེས་བྱ་བ་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་སྒྲིབ་པར་སྣང་བ། སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱེད་ཅིང་། སྐུ་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ད མ་པའི་ཆོས་ཀྱང་སྟོོན་པར་བྱེད་ཅིང་། རྒྱུད་འདི་ཉིད་ལས་ཀྱང་གསུངས་པའོ། །དེ་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ནི། ལོངས་སྤྱོད་རྫོག་པའི་སྐུས་ཀྱང་གནས་སྐབས་ལ་ལར་གསུང་གིས་ཀྱང་ཆོས་འཆད་དེ། སྐུ་གཉིས་ཀྱིས་ཆོས་བསྟན་པའི་སྒོ་ནས། སྤྱིར་ཤས་ཆེ་ཆུང་ཙམ་དུ་བས་སོ་ཞེས་གསུངས་ན། དེ་ཡང་བྲག་ཅའི་སྒྲ་བཞིན་གྲགས་པ་ལགས་སོ། །བཅོམ་ལྡན་འདས་མི་བསྐྱོད་པ་དེ་ཉིད་ཀྱང་། རིགས་ཀྱི་སྒོ་ནས་རིགས་ཆེན་པོ་ལྔ་འདུས་པ་ཡིན་ཕྱིར། སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཞེས་བྱ་སྟེ། སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དང་། གསུང་གི་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་དང་། ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་ལ་རྡོ་རྗེ་རྫོགས་པ་ཞེས་སོ། །ཡེ་ཤེས་ཀྱི་སྒོ་ནས་ནི། ཡེ་ནས་ལྷུན་རྫོགས་ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ཁྱད་པར་གྱི་དཀྱིལ་འཁོར་དེ་ཡང་། གདོད་རྣལ་འབྱོར་པས། རང་འདོད་དུ་བསྟོད་པ་མ་ཡིན་ཏེ། འཁོར་བའི་ཆོས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དུ། ཡེ་ནས་རང་བཞིན་གྱིས་རྫོགས་པར་གནས་པས་ཞེས་བྱའོ། །མཚན་གྱི་སྒོ་ནས་ནི། ཀུན་ཏུ་བཟང་ཞེས་བྱ་བ་གསུངས་ཏེ། དུག་ལྔ་རྣམ་པར་དག་པའི་ངོ་བོ། །ཡང་ན་དུས་ཀྱི་ངོ་བོས་ཀྱང་ཀུན་ཏུ་བཟང་པོའོ། །ཡོན་ཏན་གྱི་སྒོ་ནས་ནི། འདུས་པའི་ཚོགས་ཆེན་ཞེས་བྱ་བ་གསུངས་ཏེ། དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད། དཔལ་ཀུན་ཏུ་བཟང་པོ་དེ་ལ་ཡོངས་སུ་རྫོགས་པར་གནས་པས་དེ་སྐད་ཅེས་བྱའོ། །ཐིག་ལེ་ཞེས་བྱ་བ་གསུངས་པ་ཡང་། འདི་ནི་ཡེ་ཤེས་ལས་ཤེས་པར་བྱའོ། །ཡོན་ཏན་དང་ཕྲིན་ལས་གཉིས་ནི་ཐུགས་ཀྱི་རིགས་སུ་སྟེ། དེ་དང་དེ་ལྟ་བུའི་ཕྱིར་རྒྱུད་འདི་ནི་ཡེ་ཤེས་ལྔར་བསྟན་ཞིང་སྐུ་གསུང་ཐུགས་སུ་བསྡུས་པར་ཤེས་པར་བྱའོ། །ཡོན་ཏན་གྱི་དཀྱིལ་འཁོར་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ནི། མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། ཞེས་བྱ་བ་གསུངས་ཏེ། མཐའ་གཉིས་དང་བྲལ་བའི་དབུས་མ་ལ་ཡང་མི་དམིགས་ཤིང་། བདག་དང་གཞན་དབྱེར་མེད་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ནི། མཉམ་པའི་དབྱིངས་ཞེས་བྱའོ། །གཞན་གྱི་དོན་གྱི་ཕྱིར་ནི། མཐའ་ཡས་པའི་སེམས་ཅན་འཇིག་རྟེན་གྱི་ཕྱོགས་བཅུ་ཀུན་ཏུ་ཡེ་ཤེས་དང་གསང་བའི་གནས་སུ། རིགས་དྲུག་ལ་སོགས་པའི་འོད་ཟེར་སྤྲིན་གྱི་བྱེ་བྲག་སྣ་ཚོགས་པ་འཕྲོ་བའོ། །བདག་གི་དོན་གྱི་ཕྱིར་ནི། མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་བྱ་སྟེ། འཕྲོས་པའི་འོད་ཟེར་སླར་ཐིམ་པའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་འདུས་ཤིང་བྱོན་པའི་སངས་རྒྱས་ཀྱི་སྤྲིན་དེ་དག །བདག་གི་བ་སྤུའི་བུ་གར་ཞུགས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལ་ཐིམ་མོ། །གཞན་གྱི་དོན་གྱི་འབྲས་བུ་ལྷུན་གྱིས་གྲུབ་པའི་ཕྱིར་ཡང་། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ །ཞེས་བྱ་བ་གསུངས་ཏེ། དེ་ལྟར་འཕྲོ་ཞིང་འདུ་བའི་དུས་སུ། ཡོང་འགྲོ་བའི་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཅན་སྣ་ཚོགས་པའི་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ཞུགས་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདེ་བ་བླ་ན་མེད་པའི་གོ་འཕང་ཐོབ་པར་བྱས་པའོ། །ལ་ལ་ན་རེ། སྤྲུལ་པའི་སྐུ་ལ་བྱའོ་ཞེས་ཟེར་ཏེ། སྤྲུལ་པའི་སྐུའི་དོན་ནི་འོག་ནས་འབྱུང་བས། དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེའི་འཕྲོ་འ དུ་ལ་བྱའོ། །ལས་ཀྱི་དཀྱིལ་འཁོར་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་ཕྲིན་ལས། སྤྲུལ་པའི་སྐུ་ལ་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་ཡང་། ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་མཛད་པའི་ཞིང་གཞན་གྱི་ངོ་བོ་ལ་ཕན་འདོགས་པར་བྱེད་པའོ། །ཐེག་པ་ཆུང་ངུ་པ་རྣམས་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར། རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །ཅེས་བྱ་བ་སྟེ། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དོན་ནི་ཡུལ་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྡུལ་སྙེད་ལ། རྣམ་པར་དག་པའི་ཆོས་ཀྱི་སྒོ་མོ་དེ་སྙེད་ཅེས་བྱའོ། །དོན་བྱེད་མཁན་གྱི་ཁྱད་པར་ཡང་། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས་སོ། །དུས་ཀྱི་ངོ་བོ་ལས་ཀྱང་། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་བྱ་སྟེ། ཐེག་པ་ཆུང་ངུ་ལྟར་ཚེ་ལོ་སྟོང་ལྟ་བུ་མ་ཡིན་ཏེ། སྐད་ཅིག་མ་གཅིག་གིས་ལྷུན་གྱིས་གྲུབ་པའོ། །ཐམས་ཅད་བསྡུས་པའི་སྒོ་ནས་ཀྱང་། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་།གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཡེ་ནས་གནས་སོ་ཞེས་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་ལ་དོན་བྱེད་མཁན་གྱི་ཁྱད་པར་ཡང་། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་ཏེ། དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེ་ལ་དབང་བསྒྱུར་བའི་ཕྱིར་རོ། །དཔལ་ཀུན་ཏུ་བཟང་པོའོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་འཕྲོ་འདུ་དེ་ཡང་མཐའ་ཡས་པའི་ཕྱིར། ཀུན་ཏུ་ཁྱབ་ཅེས་བྱ་སྟེ། འཇིག་རྟེན་དྲུག་གི་ཕྱོགས་བཅུར་རོ། །དེ་ལྟར་ཁྱབ་པ་དེས་ཀྱང་ཅི་མཛད་པ་ཡིན་ཞེ་ན། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ཞེས་བྱ་བ་གསུངས་ཏེ། དེ་དག་ས་ལ་འགོད་པར་མཛད་ཅིང་དབྱེར་མེད་པར་མཛད་པ་ཡང་ངོ་མཚར་ཆེ་ཞེས་བྱའོ། །དཔལ་གསང་བའི་ཉིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་གླུ་ཡིས་མཉེས་པའི་ལེའུ་སྟེ། བཅུ་བཞི་པ་རྫོགས་སོ།། ༈ །།གཟུང་དང་འཛིན་པའི་རྣམ་པར་རྟོག་པ་ཅན་གྱི་སྐྱེ་བོ་དག་གིས། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་བས། རྒྱུ་དང་འབྲས་བུ་ལ་རྨོངས་ཏེ། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། ངན་སོང་གསུམ་གྱི་ཁ་བརྒྱུད་ཅིང་གནས་པ་དེ་དག་ཡང་སྔོན་གྱི་སྦས་པའི་གསང་བ་ལ་མངོན་པར་འཆེལ་བས། མཚམས་སྦྱར་བའི་མཐུས། མི་དང་ལྷའི་རིགས་ཐམས་ཅད་དབང་དུ་སྡུད་པ་སྟེ། སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་སྟོབས། ཐམས་ཅད་མཁྱེན་པས་གཟིགས་ནས། ཐུགས་རྗེ་ཆེན་པོས་འདུལ་བར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ལ་སོགས་པས། ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོའི་ཡན་ལག་བཅུ་གཉིས་ཀྱིས་ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་ཤིན་ཏུ་འཕྲོས་པའི་ལེའུ་འདི་གསུངས་ཏེ། དེ་ནས་བྱ་བའི་དོན་བཀྲལ་ཟིན་ཏོ། །དེ་ཡང་ཇི་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཡིན་ཞེ་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད། ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་ཐེག་པའི་སྒོ་ནས་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཡིན་པའི་ཕྱིར་རོ། །མདོའི་སྡེ་ལ་སོགས་པའི་སྒོ་ནས་སངས་རྒྱས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་མ་ཡིན་པ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིར་རོ། །དེ་ནི་བཅོམ་ལྡན་འདས་ཀྱི་ཁྱད་པར་བྱས་པའོ། །ཁྱད་པར་ཅན་ནི་གང་ཞེ་ན། ཆོས་ཀྱི་སྐུའི་གཟུགས་བརྙན་དུ་གྱུར་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་དོ། །དེ་ནས་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་དེ། དེ་ཡང་ཅིའི་ཕྱིར་མཛད་པ་ཡིན་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་རྨོངས་པ་ནི་མ་རིག་པ་སྟེ། རྒྱུ་དང་འབྲས་བུ་དང་དེ་བཞིན་ཉིད་དང་། ལས་དང་ལས་ཀྱི་འབྲས་བུ་ལ་རྨོངས་པའོ། །དེ་བཞིན་ཉིད་ནི་ཡང་དག་པའི་དོན་ཏོ། །རྒྱུ་དང་འབྲས་བུ་ནི་རྟེན་འབྲེལ། །ལས་དང་ལས་ཀྱི་འབྲས་བུ་ནི་དགེ་སྡིག་གི་ས་བོན། རྒྱུ་མ་རིག་པས་འབྲས་བུ་ཅི་ཉེ་བར་བསྒྲུབས་ཤེ་ན། ནང་གི་རྣམ་པར་ཤེས་པ་འཛིན་པའི་རྟོག་པས་ཡུལ་གྱི་རྣམ་པ་ལ་བཟུང་བའི་བརྟགས་པ་ལ་མངོན་པར་ཞེན་པས། ཤེས་རབ་ཀྱིས་སྤྱད་པར་བྱ་བའི་ཡང་དག་པའི་ལམ་དབུ་མ་ཡང་དམིགས་སུ་མེད་པའི་དོན་དང་བྲལ་བ་དག་ཅེས་གསུངས་པ་ཡིན་ནོ། །དེས་ཅི་ཉེ་བར་བསྒྲུབས་ཤེ་ན། ལོག་པ འི་དོན་གྱིས་གབ་པའི་གསང་བ་དང་སྦས་པའི་མན་ངག་མ་རྟོགས་པར། ཚིག་གསང་བ་དང་ཡི་གེ་སྦས་པའི་གསང་བ་ལ་མངོན་པར་འཆེལ་ཏེ། མ་རིག་པ་རྒྱུ་དང་འབྲས་བུ་ལ་རྨོངས་པས། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། འཁོར་བའི་ཕུང་པོ་ལེན་པས། མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བ་ལ་སོགས་པར་སྐྱེས་སོ། །དམྱལ་བ་དེ་དག་ཀུན་ཀྱང་ལས་ཀྱི་དབང་གིས་གནོད་པར་འགྱུར་བའི་འཁོར་དང་ལྡན་ཏེ། དེ་ལྟར་ཡང་གསུངས་པ། ཡང་སོས་དང་ནི་ཐིག་ནག་དང་། བསྡུས་འཇོམས་དང་ནི་ངུ་འབོད་གཉིས། །ཚ་བ་དང་ནི་རབ་ཏུ་ཚ། །གཞན་ཡང་དམྱལ་བ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལ་ཡང་སོས་ཀྱི་གནོད་པ་གང་ཞེ་ན། རལ་གྲི་ཤང་ལང་ཆུ་གྲི་དང་། སེན་མོ་མདུང་ཐུང་ཐོ་བ་དང་། འཁོར་ལོ་རྡོ་རྗེ་མཚོན་རྩེ་གཅིག །གཞུ་དང་ཐག་མདུང་ལ་སོགས་སོ། །ཡང་སོས་ནི་གནོད་པ་བཅུའོ། །སྟེའུ་དང་སྟྭ་རེ་སོག་ལེ་དང་། ལྕགས་ཀྱི་ཁྱུང་འབར་ཐིག་ནག་གོ། །ས་གཞི་དང་ནི་ཐོ་བ་སྒོམ། །འཁྲུལ་འཁོར་དང་ནི་འཇོམས་དང་རི། །དེ་ནས་རི་སུལ་ནགས་ཚལ་རྣམས། །དེ་བཞིན་ངུ་འབོད་ཆེ་ཆུང་ངོ་། །དོང་དང་ལྕགས་དང་སྡིག་པ་དང་། །ཚ་བ་དང་ནི་སྣོད་གསུམ་སྟེ། །གསལ་ཤིང་སྣོད་དང་སླང་ཚན་དང་། །རྫ་བུམ་བཞིན་དུ་རབ་ཏུ་ཚ། །མི་ཟད་པ་ཡི་འཇིགས་པ་དང་། །དེ་ནས་ལྕེ་ནི་ཕུར་བརྒྱངས་བཏབ། །ཤིང་རྟ་ཁྲིད་དང་འཁྲབ་དང་རི། །གནོད་པ་ལྔ་ཆེན་མནར་མེད་པའོ། །དེ་ལྟ་བུའི་ཤིན་ཏུ་ཉམ་ཐག་པ་དེས་ལས་ཀྱི་སྒྲིབ་པ་རྩུབ་མོ་དེའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབ་པ་དང་དེ་ཉིད་དུ་ཚེ་འཕོས་པར་གྱུར་པ་ལས། ཡང་སྔོན་གྱི་སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་དབང་དང་། མི་དགེ་སྣ་ཚོགས་སྤྱོད་པའི་དབང་གིས། སྔོན་གྱི་སྲིད་པའི་ས་བོན་གྱིས་མཚམས་སྦྱར་ནས། ལྷ་མོ་ཨུ་མའི་ལྷུམས་སུ་དབང་ཕྱུག་ཆེན་པོའི་ས་བོན་ལས་ལས་ཀྱི་རུ་ཏྲ་ཆེན་པོར་གྱུར་ཏེ། ཟླ་བ་བཅུར་གནས་སོ། །དེ་ནས་ཨུ་མའིབྷ་ག་ནས་འཐོན་པ་ལས། ཇི་ལྟ་བུའི་གཟུགས་དང་ངོ་བོར་གནས་པ་ནི། གཞུང་ཉིད་ལས་རྒྱས་པར་གསུངས་སོ། །དེ་ལྟ་བུ་དེ་ཉིད་གདུལ་བར་བྱ་བའི་གཉེན་པོ་ཇི་ལྟ་བུ་ཞེ་ན། དེ་སྔོན་རྟེན་པའི་སྟོབས་ཐམས་ཅད་མཁྱེན་པས་གཟིགས་ནས། ཞེས་བྱ་བ་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས་ཀྱང་། རྒྱལ་པོ་ཟས་གཙང་མ་དད་པ་སྐྱེད་པའི་སྟོབས། ཚེ་དང་ལྡན་པ་འཆར་ཀ་ལ་ཡོད་པ་དང་འདྲ་བར། ཞི་བས་མི་འདུལ་བའི་དྲེགས་པ་ཆེན་པོ་གདུལ་བར་བྱ་བའི་སྟོབས་དཔལ་ཁྲག་འཐུང་ལ་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། གབ་པའི་གསང་བ་མ་རྟོགས་ཤིང་སྦས་པའི་གསང་བ་ལ་མངོན་པར་འཆེལ་བའི་རྒྱུ་དེའི་ཕྱི་དང་། ཞི་བས་མི་འདུལ་བ་དྲག་པོའི་ལས་ཀྱིས་ཚར་གཅད་པའི་ཕྱིར་རོ། །ཤིན་ཏུ་རྫོགས་པ་ཆེན་པོའི་ལྷའི་དཀྱིལ་འཁོར་ཐམས་ཅད་པས། ཆེ་བའི་རྡོ་རྗེ་བཀོད་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་རང་བཞིན་རྫོགས་པ་རྣམ་པར་དག་པ་ལྷའི་དཀྱིལ་འཁོར་དུ་བཀོད་པའི་ཕྱིར་རོ། །དེ་ལྟར་དེ་དག་ཀྱང་ཐབས་དང་ཤེས་རབ་ཏུ་ལྡན་པའི་ལྷ་ཁོ་ན་ཉིད་པས། སྒྱུ་འཕྲུལ་དྲྭ་བའོ། །ཡང་ན་འདུལ་བའི་དབང་གིས། དཔལ་ཁྲག་འཐུང་གི་དཀྱིལ་འཁོར་དེ་ཉིད་སྒྱུ་མ་སྤྲུལ་པའི་བདག་ཉིད་དུ་གནས་པས། ཆེ་བའི་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲྭ་བའོ། །དེས་ཅི་སྟོང་གསུམ་འདི་ཁོ་ན་ཉིད་ཙམ་ཞིག་འདུལ་ལམ་གཞན་ཡང་འདུལ་བར་མཛད་ཅེ་ན། འཇིག་རྟེན་དྲུག་གི་སྲིད་གསུམ་གྱི་བདག་པོ་རུ་ཏྲ་ཆེན་པོ་ལ་སོགས་པ། འདུལ་བའི་ང་རྒྱལ་ཆེན་པོའི་གཟི་བརྗིད་བསྟན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱིར་ཞེས་བྱ་བ་ཡང་ལྷག་མ་དང་བཅས་པ་དང་། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཐབས་དང་ཤེས་རབ་ཀྱི་དགྱེས་པ་ཆེན་པོ་དང་ལྡན་པ་དེས། ཤིན་ཏུ་དྲག་པོ་ཆེན་པོ་འདུལ་བའི་ཕྱིར། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་སྤྲིན་ཆེན་པོ་རྣམ་པར་འཕྲོས་པའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱའོ། །དྲྭ་བ་ཐམས་ཅད་ཀྱི་ཡང་རྒྱལ་པོ་བས་དྲྭ་བའི་རྒྱལ་པོའོ། །ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་པ་ལ་བྱའོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱའོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་སྟེ། དེའི་བཅོམ་པ་དང་ལྡན་པའི་དོན་ཇི་ལྟ་བུ་ཞེ་ན། དེ་ནི་བཤད་པར་གྱུར་པ་འདི་ཉིད་ཀྱི་དོན། ཆོ་འཕྲུལ་ཆེན་པོའི་ཡན་ལག་བཅུ་གཉིས་ཀྱིས་བདུད་སྡེ་བཞི་བཏུལ་བའམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་སྟེ། དེ་ཡང་གང་ཞེ་ན། དང་པོར་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་དཔལ་ཀུན་ཏུ་བཟང་པོ་རྒྱུའི་རང་བཞིན་དུ་གནས་པ་དང་། དེ་ལས་ཁྲོ་བོའི་རྒྱལ་པོའི་སྤྲིན་འ ཕྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཡུམ་བསྐྱེད་པ་དང་། དེའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཁྲོ་བོའི་དཀྱིལ་འཁོར་རྡུལ་སྙེད་ཐོན་པ་ལས་དེའི་བྱིན་རླབས་ཀྱིས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཀུན་བརྒྱལ་བ་དང་། དེ་ཡང་འདུལ་བར་མཛད་ནས། དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ཏེ་བཞུགས་པ་དང་། དེ་ནས་ཡང་དྲེགས་པ་ཆེན་པོ་ལ་སོགས་པ་བརྒྱལ་སངས་པ་དང་། གཏུམ་པའི་སེམས་ཀྱིས་གདུག་པའི་ཆོ་འཕྲུལ་ཕྱུང་ནས། བརླང་པོའི་གདུག་ཚིག་སྨྲས་པ་དག་བསྒྲལ་བའི་ཕྱིར། ཡང་རིགས་ལྔའི་ཁྲག་འཐུང་གཅིག་ཏུ་འདུས་པ་དང་། དེ་ཡང་འདུ་བར་མཛད་ནས་དབུ་དགུ་ཕྱག་བཅོ་བརྒྱད་དུ་གནས། དྲག་པོ་ཆེན་པོ་ལ་སོགས་པ་བསྒྲལ་བ་དང་། དེ་ནས་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་མཛད་ནས། འབྱུང་པོའི་རྒྱལ་མོ་རྣམས་དབང་དུ་མཛད་པ་དང། དེ་ནས་ཡང་འདུལ་བའི་དབང་གིས། རིགས་ལྔའི་འཇིགས་བྱེད་དུ་སྣང་བར་མཛད་པ་དང་། དེ་ནས་ཡང་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་དགྱེས་པས་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ༀ་ཨཱཿཧཱུྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས། འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་སོ་སོའི་སྐུ་ལ་འཁྲིལ་བས། བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕྲ་མེན་མ་ལྔ་བརྒྱ་དྲུག་ཅུ་ཐམ་པ་ཐོན་པ་དང་། བསྒྲལ་བ་ཞིང་ཆེན་རྣམ་པར་དག་པར་བྱ་བའི་ཕྱིར། དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས། སྣམ་ནས་བྱུང་བ་དང་མི་གཙང་བའི་འདམ་དུ་ཆུད་པར་མཐོང་བ་དང་། དེ་རྣམས་དགའ་བར་བྱ་བའི་ཕྱིར། ཨུ་ཙུཥྨ་ཀྲོ་ཏ་སྣམ་ནས་ཕྱུང་པ་དང་། འདམ་ཀུན་འཐུངས་པ་དང་། དེ་ལྟར་བསྒྲལ་བར་བྱས་པ་དེ་དག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཧེ་རུ་ཀ་དབུ་དགུ་བརྒྱ་ལ་སོགས་པར་མངོན་པ་དག །དེ་ལྟ་བུ་ལ་ཡིད་ཆེས་པའི་དད་པ་དྲག་པོས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། རང་དང་འཁོར་དང་བཅས་པ་འབངས་སུ་ཕུལ་ནས། དེ་དག་བྱང་ཆུབ་སེམས་ལ་བཀོད་པའོ། །དུག་ལྔ་རྣམ་པར་དག་པར་བྱ་བའི་ཕྱིར། མི་ཆགས་མི་སྡང་མི་གླེན་གྱིས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ལ་སྤྱོད་ཀྱང་། དེའི་ཉེས་པས་མི་གོས་ཤིང་། དེ་ཉིད་ཡོངས་སུ་དག་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངང་ལས་ལྷུན་གྱིས་གྲུབ་པར་མཛད་པས་ལྷའི་བུའི་བདུད་བཅོམ་པ་དང་། བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དབྱིངས་ལས་ཅི་མཛད་ཅི་རོལ་ཡང་སྐྱེ་བ་མེད་པའི་ངང་ལ་བཞུགས་པས་འཆི་བདག་གི་བདུད་བཅོམ་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཉིད་ཀྱིས་དཀྱིལ་འཁོར་དུ་དབྱེར་མེད་པར་མཛད་པས་དབང་ཕྱུག་དང་། འཁོར་བར་གྱུར་ཀྱང་ཡིད་དུ་འོང་བའི་གཟུགས་སུ་བཞུགས་པ་ནི་གཟུགས་བཟང་བ་དང་། ཟབ་པའི་དཔལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་མོའི་དཀྱིལ་འཁོར་ལ་ལོངས་སྤྱོད་པ་དང་། རྒྱ་ཆེན་པོ་དེ་བཞིན་ཆོས་ཀྱི་དབྱིངས་དང་ལྡན་པས་དཔལ་དང་ལྡན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲགས་པ་ཐམས་ཅད་འདུས་པའི་གཙོ་བོར་གྱུར་བས། གྲགས་པ་དང་། སྟོང་པ་ཆེན་པོའི་ངོ་བོ་ཡེ་ཤེས་ཆེན་པོ་དྲུག་དང་ལྡན་པས་ཡེ་ཤེས་དང་། སྐྱེ་བ་མེད་པའི་དབྱིངས་ལ་བཞུགས་ཤིང་མི་གཡོ་ཡང་། དུས་བཞི་མཉམ་པ་ཉིད་དུ་འགྲོ་བ་མི་འདོད་བའི་བརྩོན་འགྲུས་ཏེ། དེ་ལྟར་ན་ཆོ་འཕྲུལ་ཆེན་པོའི་ཡན་ལག་བཅུ་གཉིས་ཀྱིས་ནི། བདུད་སྡེ་བཞི་བཏུལ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའི་ངོ་བོ། དེ་ལྟ་བུའི་བཅོམ་ལྡན་འདས་དེས། ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཐབས་དང་ཤེས་རབ་ཏུ་ལྡན་པའི་བྱང་ཆུབ་སེམས་ལས་ཁྲོ་བོའི་དཀྱིལ་འཁོར་དུ་འཐོན་ཏོ། །ཞེས་བྱ་བ་དང་འབྲེལ་ཏོ། །ཁྲོ་བོ་ཅན་ཐམས་ཅད་ཀྱི་རྒྱལ་པོ་བས་ཁྲོ་བོའི་རྒྱལ་པོའོ། །གདུལ་བར་བྱ་བའི་ཞིང་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གང་བའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེས་ཅི་མཛད་ཅེ་ན། ཡེ་ཤེས་ཀྱི་སྐུ་དཔལ་ཁྲག་འཐུང་མངོན་པར་འདུ་མཛད་དོ། །ཞེས་བྱའོ། །དེ་ལྟར་མངོན་པར་འདུ་མཛད་པས་ན། ཡེ་ཤེས་ཀྱི་ཡུམ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱ་ཁྲོ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡང་། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ནས་ཕྱུང་ངོ་ཞེས་བྱའོ། །དེ་ཡང་ཁྲོ་མོའི་ཚུལ་ཇི་ལྟ་བུ་ཞེ་ན། ཧི་ཧི་ཞེས་དགྱེས་པའི་གཟི་མདངས་དང་ལྡན་པས། གསང་བའི་པདྨ་དམར་པོ་ཁ་བྱེ་ཞིང་རྒྱས་པར་མཛད་དོ། །དེ་ལྟར་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པའི་བདེ་བས་ཐིམ་ནས། ཁྲོ་བོའི་དཀྱིལ་འཁོར་དུ་ཐོན་ཏོ། །ཞེས་བྱ་བ་དང་འབྲེལ་ཏོ། །དེ་ཡང་རྒྱུ་གང་ལགས་ཞེ་ན། བྱང་ཆུབ་སེམས་ཀྱི་སྤྲིན་ལས། རྐྱེན་གང་གིས་ཞེ་ན། སྔགས་ཀྱི་ཡིག་འབྲུ་བརྗོད་པས་སོ། །གནས་གང་ནས་འཐོན་ཞེ་ན། ཡུམ་གྱི་བྷ་ག་དང་བ་སྤུའི་བུ་ག་ནས་སོ། །ཡུལ་གང་དུ་འཕྲོ་ཞིང་འཁྱིལ་བར་འགྱུར་ཞེ་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། ལྟས་ཆེན་པོ་བཅོ་ལྔ་བསྟན་ཏོ་ཞེས་བྱའོ། །དེས་འབྲས་བུ་ཅི་ཉེ་བར་བསྒྲུབས་ཤེ་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་ནི་བརྒྱལ་བར་གྱུར་ཏོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་དེ་ཉིད་དྲག་པོ་འཇིགས་བྱེད་ཆེན་པོ་འདུལ་བའི་ཕྱིར། སྤྲུལ་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཐར་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་ཚད་དང་ལྡན་པ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་སོགས་པ་བཅུད་ཀྱི་འགྲོ་བ་ཐམས་ཅད་ཀྱང་། སྐྱི་བུང་བྱེད་པའི་ཡེ་ཤེས་ཀྱི་མེ་དཔུང་འཇིག་པའི་དུས་ལྟར་འབར་བར་བྱེད་པའི་དཔལ་ཁྲག་འཐུང་ཆེན་པོའི་ཆ་ལུགས་ཀྱིས། རུ་ཏྲ་ཆེན་པོ་དབང་དུ་བྱ་བའི་ཕྱིར། ཐམས་ཅད་ཀུན་ཏུ་སྤྲུལ་པའི་ཁྲོ་བོ་ཆེན་པོ་དེ་དག་དང་མཐུན་པར། སྐུ་མདོག་དམར་ནག །སྨུག་ནག་ཅིར་ཡང་འགྱུར་པ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་ཀྱི་མཚོན་ཆ་སྣ་ཚོགས་འཛིན་པ་དེ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ནས་དུར་ཁྲོད་ཆེན་པོར་དགྱེས་ནས། ཁྲག་གི་རྒྱ་མཚོའི་དབུས་ན་ཀེང་རུས་ཆེན་པོར་སྤྲུལ་པའི་རི་རབ་ཀྱི་སྟེང་ན། འབར་བ་ཆེན་པོའི་ཀློང་འཁོར་ལོའི་དཀྱིལ་ན། དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །དེས་ནི་འདི་སྟོན་པ་ཡིན་ཏེ། དཔལ་གསང་བ་སྙིང་པོའི་རྩ་བ་དང་ཡན་ལག་དང་། བཟའ་བ་དང་བཏུང་བའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་སྟེ། བདག་གིས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་འགྲོ་བ་དབུགས་འབྱིན་པའི་མཐུ་དང་ལྡན་པ་དེའི་གོ་འཕང་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱང་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་གཟུད་པར་བྱའོ། །ཞེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་བདག་ཉིད་དཔལ་ཀུན་ཏུ་བཟང་པོ་ལས། ཡིད་ཙམ་གྱི་ཏིང་ངེ་འཛིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་དགུ་ཕྱག་བཅོ་བརྒྱད། ཞབས་རྣམ་པ་བརྒྱད་དུ་གནས་པ། འབར་བ་ཆེན་པོའི་ཚུལ་དགུ་དང་ལྡན་པ། བསྐལ་པའི་མེ་དཔུང་དུ་འབར་བར་བསྒོམ་པར་བྱའོ། །ཅིའི་ཕྱིར་འདི་རྫོགས་པའི་རིམ་པས་བསྐྱེད་པར་བྱ་བ་ཡིན་ཞེ་ན། རང་བཞིན་གྱི་དཀྱིལ་འཁོར་ནི་བསྐྱེད་པའི་ཏིང་ངེ་འཛིན་བསྒོམ་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སློབ་དཔོན་ཆེན་པོ་དགྱེས་པའི་རྡོ་རྗེས་མཛད་པའི་ཕྱོགས་ལས་ནི། དེ་ཡང་དང་པོ་ཡུད་ཙམ་གྱི་ཏིང་ངེ་འཛིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དཔལ་ཀུན་ཏུ་བཟང་པོ་དྲན་པར་བྱས་ལ། སྣའི་དབུགས་རིངས་དྲོ་བ་ལས། ཡིད་མི་འགྱུར་བར་བརྟན་པར་བཟུང་ནས། དེ་ཉིད་ལས་རང་གི་སེམས་ཀྱི་ངོ་བོ་ཡི་གེ་ཧཱུྃ་འཇིག་པའི་དུས་ཀྱི་མེ་དང་འདྲ་བ་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་འདུག་པར་བརྟགས་ལ། དེ་ཉིད་ཁྲོ་བོ་རྡོ་རྗེ་རྩེ་དགུ་པར་སྣང་བ་ཡང་། རྭ་གདེངས་པ་མཚམས་ཐུང་བ། ཡེ་ཤེས་ཀྱི་འོད་ཟེར་བསྐལ་པའི་མེ་དཔུང་དུ་གྱུར་པར་བརྟག་གོ། །དེ་ལ་ཡང་སྐུ་གསུང་ཐུགས་ཀྱི་འཕྲོ་འདུ་མཐར་ཐུག་པ་དང་། ཡེ་ཤེས་ཐམས་ཅད་འདུས་པའི་སྐུ་དཔལ་ཁྲག་འཐུང་རང་གི་མཚན་ཉིད་གནས་པར་བརྟག་གོ། །ཡང་གསུམ་དུ་ན། དེ་ལྟར་རང་བཞིན་གྱི་དཀྱིལ་འཁོར་ལ་རྫོགས་པའི་ཏིང་ངེ་འཛིན་ལས་མ་གཏོགས་པ། བསྐྱེད་པའི་ཏིང་ངེ་འཛིན་མི་འཐད་པ་ཉིད་དུ་ཟིན་གྱིས་ཀྱང་། ཕྱི་རབས་ཀྱི་སྙོམས་ལས་ཅན་དག་ཏིང་ངེ་འཛིན་མེད་པར་བསྒོམ་པའི་ལས་སུ་བྱ་བ་ལ་འཇུག་པ་དགག་པ་དང་། འདིར་ཡང་ཏིང་ངེ་འཛིན་ཞེས་སྨོས་པ་ཡང་། རང་བཞིན་གྱི་དཀྱིལ་འཁོར་ལ་སྤྱིར་མོས་པ་ཡིན་ཏེ། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་ཏིང་ངེ་འཛིན་ཞེས་སྤྱིར་སྨོས་པ་ཡིན་ཏེ། རྡོ་རྗེའི་ཆོ་ག་ལྔས་ལྷའི་སྐུ་ཕྱག་རྒྱར་བསྐྱེད་པ་ནི་མ་སྨོས་སུ་ཟིན་ཀྱང་། འོན་ཀྱང་ཕྱི་རབས་ཀྱི་རྣལ་འབྱོར་པའི་དོན་དུ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་དེ་ཙམ་ལ་བརྟེན་ནས། རྡོ་རྗེའི་ཆོ་ག་ལྔས་ལྷའི་སྐུ་ཕྱག་རྒྱ་བསྐྱེད་པར་བྱ་བ་དེ་ཡང་གང་ཞེ་ན། དང་པོ་གོང་དུ་གསུང་པ་ལྟར་སྐྱེ་འགག་དང་། གནས་དམིགས་དང་། འགྲོ་འོང་ལ་སོགས་པ་ལྔས་རྣམ་པར་ཐར་པ་དང་མི་མ ཐུན་པའི་ཕྱོགས་ལྔ་བསལ་ན། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་ལྔས། རྡོ་རྗེ་ཆོ་ག་དང་པོ་བསྒོམ་པར་བྱའོ། །དེ་ནས་རང་གི་སེམས་ཀྱི་ངོ་བོ་རབ་ཏུ་བརྟན་པའི་ཨ་དཀར་པོ་འཕྲོ་ཞིང་འདུ་བ་ལས། ཟླ་བའི་དཀྱིལ་འཁོར་མཐའ་ཡས་པ་ཨ་ཡིག་གིས་བསྐོར་བར་བསྒོམ་པར་བྱའོ། །ཡང་ཟླ་བའི་ད ཀྱིལ་འཁོར་གྱི་སྟེང་དུ་དབུས་ཀྱི་ཨ་འཕྲོས་ཤིང་འདུས་པ་ལས། ཀ་ཡིག་གི་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པར་བྱ་སྟེ། དེ་ལྟ་ཐབས་དང་ཤེས་རབ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཉི་ཟླ་བརྩེགས་མ་ནི། རྡོ་རྗེའི་ཆོ་ག་གཉིས་པའོ། །དེ་དག་འོད་དུ་ཞུ་སྟེ། འོད་ཀྱི་གོང་བུ་ཡེ་ཤེས་ཀྱི་ཁ་དོག་ལྔ་དང་ལྡན་པ་བསྒོམ་པ་ནི། མཉམ་པ་ཉི་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཆོ་ག་གསུམ་པའོ། །དེ་ལྟར་ཡེ་ཤེས་ཀྱི་འོད་ཀྱི་གོང་བུ་དེ་འོད་དུ་ཞུ་ནས། ཡི་གེ་ཧཱུྃ་མཐིང་ནག་འབར་བ་བསྐལ་པའི་མེ་དཔུང་དུ་འབར་བར་བསྒོམས་ནས་ཧཱུྃ་གི་འཕྲོ་འདུ་ལས་ཁྲོ་བོའི་རྡོ་རྗེ་ནག་པོ་རྩེ་དགུ་པ། ཁྲོ་བོའི་ཞལ་བཅུ་དྲུག་པ་དང་ལྡན་པ་ལ་ཧཱུྃ་གིས་བརྒྱན་པར་བསྒོམ་པ་ནི། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ཆོ་ག་བཞི་པའོ། །དེ་ལྟར་རྡོ་རྗེའི་བུམ་པའི་ཧཱུྃ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་འོད་ཟེར་འཕྲོ་ཞིང་འདུ་བ་ལས། ཡེ་ཤེས་ཀྱི་འོད་ཟེར་རྡོ་རྗེ་དེ་ཉིད་རབ་ཏུ་གཟི་བྱིན་དང་ལྡན་པར་གྱུར་ཏོ། །དེ་ལས་ཡང་འཕྲོས་ཤིང་འདུས་པ་ལས། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་ཞེས་པས་བདག་དཔལ་ཁྲག་འཐུང་དབུ་དགུ་པ་ཚུལ་དང་ལྡན་པ། ཕྱག་བཅོ་བརྒྱད་ཀྱི། གཡས་དང་པོ་རྡོ་རྗེ་རྩེ་དགུ་པ། གཉིས་པ་ན་རྡོ་རྗེ་རྩེ་ལྔ་པ། གསུམ་པ་ན་འཁོར་ལོ། བཞི་པ་ན་འཁོར་ཡུག །ལྔ་པ་ན་རིན་པོ་ཆེ་འབར་བ། དྲུག་པ་ན་རལ་གྲི། བདུན་པ་ན་ཏི་རའི་དབྱུག་པ། བརྒྱད་པ་ན་དབང་ཕྱུག་ཆེན་པོའི་ལིདྒ། དགུ་པ་ན་དབང་ཕྱུག་ཆེན་པོའི་སྙིང་། གཡོན་དང་པོ་ན་དུང་ཆེན་པོ་བདུད་རྩི་རྣམ་པ་ལྔ་དང་སྙིང་ཆེན་པོས་བཀང་བ། གཉིས་པ་ན་ དྲིལ་བུ ། གསུམ་པ་ན་པདྨ། བཞི་པ་ན་དགྲ་སྟྭ། ལྔ་པ་ན་རལ་གྲི། དྲུག་པ་ན་གཤོལ། བདུན་པ་ན་ཁ་ཊྭཱཾ་ག །བརྒྱད་པ་ན་ཨུ་མའི་བྷ་ག །དགུ་པ་ན་རྒྱུ་མའི་ཕྲེང་བའི་ཞགས་པ། འབར་བ་ཆེན་པོའི་ཞལ་དགུའོ། །དབུས་ཀྱི་ཞལ་མཐིང་ནག་ཏུ་གནས་པ་བཛྲ་ཧེ་རུ་ཀའི་ཞལ། གཡས་དང་པོ་སྨུག་ནག་ཏུ་གནས་པ་བུདྡྷ་ཧེ་རུ་ཀའི་ཞལ། ཐ་མ་སེར་ནག་ཏུ་གནས་པ་རཏྣ་ཧེ་རུ་ཀའི་ཞལ། གཡོན་གྱི་དང་པོ་དམར་ནག་ཏུ་གནས་པ་པདྨ་ཧེ་རུ་ཀའི་ཞལ། ཐ་མ་ལྗང་ནག་ཏུ་གནས་པ་ཀརྨ་ཧེ་རུ་ཀའི་ཞལ། དེའི་སྟེང་ན་ཞལ་དམར་པོར་གནས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་ཞལ། གཡས་དཀར་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུའི་ངོ་བོ་རྡོ་རྗེ་སེམས་དཔའི་ཞལ། གཡོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་མི་བསྐྱོད་པའི་ཞལ། དེའི་སྟེང་གི་ཞལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་ཀུན་ཏུ་བཟང་པོའི་ཞལ་ཏེ། དེ་དག་ཀྱང་རིམ་བཞིན་དུ། དབུས་ཞལ་སྒེག་པའོ། །གཡས་པ་གཉིས་དཔའ་བ་དང་འཇིག་སུ་རུང་བ། གཡོན་གཉིས་རྒོད་པ་དང་གཤེ་བ། དབུས་འཇིགས་པར་བྱེད་པ་དང་། གཡས་དཀར་བ་སྙིང་རྗེ། གཡོན་སྔོ་བ་རྔམ་པ། དབུས་དཀར་ཞིང་དམར་བ་ཞི་བའི་ཞལ་ལོ། །ཞབས་བརྒྱད་ཀྱིས་ཕྱིས་འབྱུང་བའི་དོན་གྱི་ཨུ་མ་དང་། དབང་ཕྱུག་ཆེན་པོ་དང་། འཇིག་བྱེད་ཆེན་པོ་རུ་ཏྲ་དང་། འཇིགས་བྱེད་ཆེན་པོ་གཉིས་ཏེ་བཞི། ཡབ་ཀྱི་ཞལ་དང་རྐེད་པ། ཡུམ་གྱི་ཞལ་དང་ནུ་མ་རྣམས་གནོན་ནོ། །དེ་ནས་འོག་གི་ཕྱོགས་སུ་ཐམས་ཅད་བརྟེན་པར་ནུས་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་། ཁྲག་གི་རྒྱ་མཚོའི་དཀྱིལ་ནས་ཀེང་རུས་ཀྱི་རི་རབ་དེའི་སྟེང་དུ་ཡང་ཧཾ་གི་ཡི་གེ་ལས་གྲུབ་པའི་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ། ཡེ་ཤེས་ལས་གྲུབ་པའི་གསེར་གྱི་འཁོར་ལོ་རྩིབས་བཞི་པ། སངས་རྒྱས་ཀྱི་ཞིང་ཐམས་ཅ ད་དང་ཐ་མི་དད་པའི་ལྟེ་བ་ལ། འོད་དཀར་པོ་ལས་མཆོད་རྟེན་གྱི་གཞལ་ཡས་ཁང་། དེའི་ནང་དུ་བྷཱུྃ་གྱི་བྱིན་རླབས་ལས། ཡེ་ཤེས་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཕྱི་དང་ནང་མེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། འབར་བའི་ཕྲེང་བ་འཁོར་ལོ་རྩིབས་བཞི་པ། གྲུ་ཆད་བཞིས་བརྒྱན་པ། གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན་པ། འབར་བའི་བར་ཁྱམས་གཉིས་པ། བར་རྡོ་རྗེའི་སྒོ་དང་སྒོ་ཁང་གིས་ཕྱེ་བ་རྡོ་རྗེའི་དྲྭ་བ་ཉིད་ཀྱི་ཕྱིར། མཐའ་ཡས་དང་འཇོག་པོ་ལ་སོགས་པ་རྣམས་ཀྱིས་རང་རང་གི་ཕྱོགས་ཕྱོགས་ཀྱི་དྲྭ་བ་དང་། དྲྭ་ཕྱེད་དུ་བྱེད་པ་ལ། ཐོད་རློན་ཤིན་ཏུ་གདུག་པའི་མཆེ་བས་བཟུང་བ། ཉི་མ་དང་ཟླ་བའི་བརྒྱན་པ་སྟེ། དེའི་ཕྱིར་ཡང་གསུངས་པ། སྦྲུལ་དང་ཐོད་རློན་ཉི་ཟླར་བཅས། །ཞེས་བྱའོ། །གཞན་ཡང་འབར་བའི་ཕྲེང་བ་མང་པོ་འཕྲོ་ཞིང་འཁྲུག་པར་སྣང་ལ། ལོངས་སྤྱོད་ཀྱི་རྣམ་པ་མང་པོ་འཁྲུག་པའོ། །དེ་ལྟར་དབུས་སུ་འཁོར་ལོ་རྩིབས་བཞི་པར་གྱུར་ཏེ། དཀྱིལ་འཁོར་བརྒྱད་དུ་ཕྱེ་བའོ། །དེ་ནས་བདག་ཉིད་དབུས་ཀྱི་གདན་ལ་གནས་ཏེ། ཆེ་བའི་རྡོ་རྗེ་བཀོད་པ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལས། མྱུ་གུ་དང་གྲིབ་མའི་ཚུལ་དུ། ཁྲོ་མོ་དབྱིངས་ཕྱུག་མ་མངོན་པར་ཕྱུང་སྟེ། ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། འདོད་ཆགས་ཆེན་པོའི་ཚུལ་དུ་གནས་ཏེ། རིན་ཆེན་པདྨ་རྒྱས་པར་མཛད་ནས། ཡབ་ཀྱི་གསང་བའི་དཀྱིལ་འཁོར་རྡོ་རྗེ་དང་། ཡུམ་གྱི་པདྨ་གཉིས་སུ་མེད་པར་འཁྲིལ་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ཡུམ་གྱི་གསང་བའི་བྷ་གར། བྱང་ཆུབ་སེམས་རྒྱ་མཚོའི་རྦ་རླབས་བཞིན་དུ་འཁྲུག་པ་ལས། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས་འཇི་རྟེན་དྲུག་གི་ཕྱོགས་བཅུར་ཁྱབ་པར་ཁྲོ་བོའི་ཚོགས་རྡུལ་སྙེད་དུ་ཐོན་ནས། རབ་ཏུ་གཡོས་པས། དེ་ན་གནས་པའི་དབང་ཆེ་བར་གྲགས་པ་ཆེན་པོ་དང་། གཟི་བརྗིད་ཆེན་པོ་ཐ མས་ཅད་བརྒྱལ་ནས་དྲན་པ་མེད་པར་བྱས་ཏེ། གྲགས་པ་ཆེན་པོ་དང་དབང་ཕྱུག་ཆེན་པོ་དང་བཅས་པ་སླར་བྱོན་ནས། བཅོམ་ལྡན་འདས་ཕྱག་དང་ཞབས་བསམ་གྱིས་མི་ཁྱབ་པ་དེ་ཉིད་ལས། ཐུགས་ཀྱི་རིགས་ཞེ་སྡང་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གནས་པ་རྣམས་ནི། བཛྲ་ཧེ་རུ་ཀར་གྱུར་ཏེ། དབུས་ཀྱི་གདན་ལ་བཞུགས་སོ། །ཕྱི་མ་ཡང་རང་རང་གི་འདུལ་བའི་གདན་ལ་བྱོན་ཏེ། སྐུའི་རིགས་གཏི་མུག་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་པ་རྣམས་ནི། ཡང་གཅིག་ཏུ་གྱུར་ཏེ། ཤར་དུ་རང་བཞིན་གྱིས་བཏིང་པའི་དྲི་ཟའི་གདན་ལ་གནས་སོ། །ཕྱི་མ་ཡང་དེ་བཞིན་དུ་སྦྱར་རོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་། སོ་སོའི་སྐུ་ལ་འཁྲིལ་ཏེ་བཞུགས་སོ། །དེ་ནས་དྲག་པོ་ཆེན་པོ་ལ་སོགས་པ་གཏུམ་པའི་སེམས་ཀྱིས་གདུག་པའི་ཆོ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས། མགྲིན་གཅིག་ཏུ་གདུག་པའི་ང་རོ་གཏུམ་པའི་བརླང་ཚིག་སྨྲས་པ། ཐོང་ཐོང་ཅི་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་ཟེར་ཞིང་། ཤིན་ཏུ་གདུག་སེམས་ཀྱིས་ཁྲོས་ནས་རྔམ་མོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་རྣམ་པ་བརྒྱད་དུ་གནས་ནས་རྔམ་པའི་སྐད་ཀྱིས་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་ཨེ་ཨ་རལླི་ཛཿཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ་བསྡུས་ནས། ཡུངས་འབྲུ་གཅིག་ཙམ་དུ་བསྡུས་སོ། །དེ་ནས་འབྱུང་པོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། མིའི་སྲིན་མོ་དམར་སེར་ལ་སོགས་པ་ཉི་ཤུ་རྩ་བརྒྱད་བྲན་དང་འཁོར་དུ་བཅས་པ་འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་ཡང་འདུལ་བའི་ཐབས་ཀྱིས་རིགས་ལྔའི་འཇིག་བྱེད་ཆེན་པོར་སྣང་བར་མཛད་ནས། དགྱེས་པས་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ༀ་ཨཱཿཧཱུྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས། འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ཏེ། པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་གཙོ་བོ་ལ་བརྒྱད་འཁྲིལ། རིགས་བཞི་ལ་ལྔ་ལྔ་འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུྃ་ཞེས་བརྗོད་པས། པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་གཅུམ་པར་གྱུར་ཏོ། །དེ་ནས་དགྱེས་ཏེ་ཧ་བརྗོད་པས། བྱང་ཆུབ་སེམས་ཀྱི་སྤྲིན་ལས། དཀར་མོའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། རྐུན་མོའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། རྨོངས་མོའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། ཐལ་བྱེད་མོའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། སྦོས་མོའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། དེ་བཞིན་དུ་གཏུམ་མོ་དང་། སྨེ་ཤ་ཅན་དང་། མ་ཚོགས་མ་རྣམས། རང་རང་གི་ལག་ཆ་དང་། ངོ་མཚར་དུ་ཆས་ནས། དབང་ཕྱུག་མ་རྣམས་ཀྱི་བྷ་ག་ནས་ཐོན་ཏོ། །ཐོན་ནས་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་དང་། རུ་ཏྲ་ཆེན་པོའི་འཁོར་གྱི་དཀར་མོ་ལ་སོགས་པ་གཉེན་པོ་ཉི་ཤུ་པོ་བཏུལ་ནས། སླར་བྱོན་པ་དང་། དཀར་མོའི་ཚོགས་ཉི་ཤུ་རྩ་བརྒྱད་ཀྱང་། ཀེའུ་རི་མ་གཅིག་ཏུ་གྱུར་ནས། འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་གྱི་ཤར་ལྷོའི་མཚམས་སུ་འཁོད་དོ། །ཕྱི་མ་རྣམས་ཀྱང་དེ་བཞིན་དུ། འཇིགས་པའི་གཟུགས་དང་། རང་གི་ལག་ཆ་དང་ཆས་ནས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཧེ་ཞེས་བརྗོད་པས། སེང་གདོང་ལ་སོགས་པ་ཉི་ཤུ་རྩ་བརྒྱད་དང་། དེ་བཞིན་དུ་སྟག་དང་། ཝ་དང་། ཁྱི་དང་། བཞད་དང་། ཀང་ཀ་དང་། དུར་བྱ་དང་། བྱ་རོག་དང་། འུག་གདོང་ཆེན་མོའི་ཚོགས་རྣམས་ཀྱང་། རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ཏེ། ཉི་ཤུ་རྩ་བརྒྱད་དབང་ཕྱུག་མ་རྣམས་ཀྱི་གསང་བའི་བྷ་ག་ནས་ཐོན་པར་གྱུར་ཏོ། །ཐོན་ནས་ཀྱང་རུ་ཏྲ་ཆེན་པོའི་འཁོར་ཀྱི་ཕྱིར་སེང་མགོ་ཅན་རྣམས་འདུལ་བ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཞིང་སྦྱང་བར་བྱས་ནས་སླར་བྱོན་པས། སེང་གདོང་ཆེན་མོའི་ཚོགས་ཉི་ཤུ་རྩ་བརྒྱད་ཀྱང་། སིདྷ་མུ་ཁཱི་ཚོགས་གཅིག་ཏུ་འདུས་ནས། འབར་བ་ཆེན་པོའི་ཕྱི་རོལ་གསེར་ཁྱམས་ཀྱི་ཤར་ཕྱོགས་སུ་འཁོད་དོ། །ཕྱི་མ་རྣམས་ཀྱང་དེ་བཞིན་དུ་འདུལ་བར་མཛད་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ནས་ཕཊ་ཅེས་བརྗོད་པས། བྱང་ཆུབ་ཀྱི་སེམས་ལས་རྡོ་རྗེ་སྲིང་འགྲོ་མའི་ཚོགས་ཉི་ཤུ་རྩ་བརྒྱད་དང་། དེ་བཞིན་དུ་གདོང་མོ་དང་། འཇིག་རྟེན་མ་དང་། རོ་ལངས་མའི་ཚོགས་ཉི་ཤུ་རྩ་བརྒྱད། རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས། དབང་ཕྱུག་མའི་གསང་བའི་བྷ་ག་ནས་འཐོན་ནོ། །འཐོན་ནས་ཀྱང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྦྱང་བར་བྱས་ནས། སླར་བྱོན་པས་ཡང་སོ་སོར་འདུལ་བར་མཛད་དེ། འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞི། ཤིན་ཏུ་རྔམ་པའི་གཟུགས་ཀྱི་མདངས་ཀྱིས་འཁོད་དོ། །དེ་ནས་ཕཊ་ཅེས་བརྗོད་པས། མ་མོ་རྣམས་རང་གི་གནས་སུ་བཀྱེའོ། །དེ་ནས་དཔལ་ཁྲག་འཐུང་ཆེན་པོས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་གསུང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་མ་ཧཱ་ཀྲོདྷ་ཨཾ་ཨཾ་ཨཾ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་དེ་དག་གི་བསྣམས་ནས་ཐོན་ཏེ། མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཆུད་པ་ལས་བསྣམས་ནས་ཨུ་ཙུསྨ་ཀྲོ་ཏ་ཕྱུང་ནས། འདམ་ཀུན་འཐུངས་ནས་སླར་དྲན་པ་རྙེད་ནས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་བརྒྱ་རེ་སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་འཁོད་ནས། ཞུམ་པའི་ང་རོས་འབངས་སུ་མཆི་བའི་མནའ་བོར་ཏེ། གཡོ་སྒྱུ་མེད་པའི་སེམས་ཀྱིས་རང་རང་དཀྱིལ་འཁོར་གྱི་གདན་དུ་གནས་སོ། །དེ་ནས་ཡང་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་མཆིས་བྲང་དང་། བུ་དང་། བུ་མོ་རྣམས་ཀྱང་འབུལ་ལོ་ཞེས་བརྗོད་ནས། ཐམས་ཅད་ཡུད་ཙམ་གྱིས་འོངས་ནས། རང་རང་འབངས་སུ་མཆི་བར་མནའ་བོར་ཏེ། ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཕྱི་རིམ་ཁྲག་ཁྱམས་སུ་བཀོད་དོ། །དེ་ལྟར་གསལ་བ་དེ་ཉིད་ལས། ཐབས་དང་ཤེས་རབ་ཀྱི་རོལ་པའི་བརྡའ་དང་འདོད་ཆགས་ཆེན་པོའི་མེས་དབུས་ཀྱི་གཙོ་བོ་ཡབ་ཡུམ་འོད་དུ་ཞུ་བ་ལས། ལྷ་ཐམས་ཅད་ཀྱང་ཞུ་ནས་དབུས་ཀྱི་འོད་ཀྱི་གོང་བུ་ལ་ཐིམ་ནས། འོད་ཀྱི་གོང་བུ་གཅིག་གི་རང་བཞིན་དུ་དབྱེར་མེད་པར་བརྟགས་ལ། དེ་ལས་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསླང་བའི་ཚུལ་དུ་གཡོས་པས། ཧཱུྃ་དུ་གྱུར། ཧཱུྃ་ལས་ཡེ་ཤེས་ལྔ་དང་རྒྱུ་མཐུན་པའི་འབྲས་བུ་སྟོང་པ་ཉིད་ཀྱི་ངོ་བོ་དྲག་པོའི་བླ་གོས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པར་གྱུར་ཏེ། དེ་ལས་ཡང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐུན་པར་བྱས་ཏེ། ཡེ་ཤེས་དེ་ལས་བཞེངས་པའི་ཚུལ་གྱིས། ༀ་མ་ཧཱ་ཀྲོ་ཏ་ས་མ་ཡོ་ག་སྭཱ་ཧཱ་ཧཱུྃ། ཞེས་པས། དཔལ་རྡོ་རྗེ་ཁྲག་འཐུང་གི་སྐུ་མངོན་པར་དྲན་པར་བྱས་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་རུ་རྣམ་པར་དག་པར་བྱས་ལ། ཡེ་ཤེས་ལྔ་ཡིས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ཏེ། གསང་གནས་བྱིན་གྱིས་བརླབས་ཏེ། ༀ་ཧཱུྃ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿཞེས་བརྗོད་པས། ཤིན་ཏུ་ཆགས་པའི་ཡིད་གཡོས་ཏེ། པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་བྱས་ཏེ། ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་སྒྲིལ་མ་བཅུ། ཧ་བརྒྱད། ཧེ་བརྒྱད། ཕཊ་བཞི། བྷྱོ་ཉི་ཤུ་རྩ་བརྒྱད་ལས་འཕྲོས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་གནས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། ཡུམ་གྱིས་སྤྱི་བོ་ནས་བརྩམས་ཏེ། བ་སྤུའི་བུ་ག་ནས་གསང་བའི་གནས་སུ་ཡིག་འབྲུ་རྣམས་ལ་ཐིམ་པས། གསུམ་པ་སྐུ་རྫོགས་པ་སོ་སོའི་སྐུ་ཕྱག་རྒྱ་ཉིད་དུ་གསལ་བར་གྱུར་ཏོ། །དེ་ལས་སྐུ་མདོག་དང་ཕྱག་མཚན་གྱི་རིམ་པ་ནི། དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལ་ལྟོས་པས་མ་བྲིས་སོ། །དེ་ལྟར་གསལ་བ་དེ་དག་སྤྱན་དྲངས་པའི་སྔགས་ཀྱིས་ཕྱིར་ཕྱུང་སྟེ། འཇིག་རྟེན་དྲུག་གི་ཕྱོགས་བཅུར་འཕྲོས་པས། དེ་དག་ཐམས་ཅད་འབར་བའི་དཀྱིལ་འཁོར་གྱིས། རབ་ཏུ་ཚིག་ཅིང་འབར་བ་སྟེ་གང་ནས། དེ་དག་ན་གནས་པའི་སེམས་ཅན་དེ་དག་གིས་བསྲེག་པའི་བསྐལ་པ་ཉམས་སུ་མྱོང་བར་བྱས་ནས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་སོགས་པས་བཏུལ་ཏེ་ཞེ་སྡང་ལ་སོགས་པའི་ཉོན་མོངས་འཛད། སྐད་ཅིག་མའི་རིམ་པས་རིགས་ཀྱི་བྱེ་བྲག་གིས། རྟོག་པ་ཐམས་ཅད་འདུས་པ་ལས་ཀྱང་གསུངས་པ་ལྟར། དབུགས་ཕྱུང་སླར་འདུས་པ་ལྟར། རང་རང་གི་གདན་ལ་བཞུགས་སོ། །འདི་ནས་མར་དམ་ཡེ་གཉིས་གཅིག་ཏུ་རྟོགས་པ་སྨྲ་བ་སྟེ། ཞི་བའི་དཀྱིལ་འཁོར་ལྟར་དབུས་ཀྱི་གཙོ་བོ་ལ་ཐིམ་པ་དང་། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཤིང་བསྟིམས་པས་གཉིས་གཅིག་ཏུ་རིག་པརབྱའོ། །རུ་ལུ་རུ་ལུ་ཧཱུྃ་གིས་ནི་སྲོག་གི་སྙིང་པོ་དང་པོར་བྱས་ནས། ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་ངང་ལས་བཞེངས་སུ་གསོལ་བའོ། །ༀ་ཧྱེ་ཧི་ཨཱ་ན་ཡ་ཧོཿས་ཕྱག་འཚལ་བ་དང་པོར་བྱས་ནས། སྙན་གསན་དབབ་པར་བྱའོ། །ཛཿཧཱུྃ་བྃ་ཧོཿས་ཕྱག་རྒྱ་བཞིས་རོལ་ཅིང་སྤྱན་དྲངས་པའོ། །རྃ་གྱིས་ནི་འདོད་ཆགས་ཀྱི་མེས་ཞུ་བ་དང་། ཡེ་ཤེས་ཀྱི་མེ་ཉིད་ཀྱི་ཕྱིར་རོ། །བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ཞེས་པས་ནི་རིག་པའི་མེ་ཏོག་གཏོར་བ་བྱང་ཆུབ་སེམས་ཀྱིས་མཆོད་པའོ། །ༀ་བཛྲ་ཞེས་པ་གསུམ་གྱིས་དབྱེར་མེད་པར་བྱས་ལ། ཨ་ལི་སོགས་པའི་མཆོད་པས་མཆོད་དོ། །གང་ལ་ཞེ་ན། མ་ཧཱ་དཾཥྚ་ཞེས་པ་ཁྱད་པར་ཅན་དང་། ཁྱད་པར་ཅན་ཁྱེད་ཀྱིས་བཞེས་ཤིག་པའོ། །དེ་ནས་ཡང་ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཤིང་མཆོད་པས་དཀྱིལ་འཁོར་གྱི་ལྷ་ཀུན་ལ་དབང་བསྐུར་བར་གསོལ་པ་ལས། དབུ་རྒྱན་རིགས་ལྔ་དང་སྐུ་གསུང་ཐུགས་དང་ཡེ་ཤེས་ལྔས་དབང་བསྐུར་ཞིང་བྱིན་གྱིས་བརླབ་བོ། །དེ་དག་གི་ཐུགས་ཀར་ཡེ་ཤེས་ཀྱི་ཧེ་རུ་ཀའི་ཐུགས་ཀའི་ཟླ་བ་ལ། ༀ་རུ་ལུ་རུ་ལུ་ཧཱུྃ་ཞེས་པ་བསྒོམ་མོ། །ཡུམ་རྣམས་ལ་ཡང་རང་རང་གི་ཐུགས་ཀར་ཡེ་ཤེས་སེམས་མའོ། །ཡང་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཕོ་དང་མོའི་མཚན་མར་ངེས་པ་མ་ཡིན་པས། ཡེ་ཤེས་སེམས་དཔའ་འོ། །དེའི་ཐུགས་ཀའི་ཟླ་བ་ལ་སྔགས་གོང་མའོ། །དེ་ལྟར་དབང་ཕྱུག་མའི་བར་དུ་བསམ་ལ། དབང་ཕྱུག་མ་ལ་ནི་བྷྱོ་ཡང་བཟླས་པར་བྱའོ། །དེ་ལྟར་བདག་ཉིད་སྔགས་བཟླས་པའི་དུས་སུ། ལྷ་ཐམས་ཅད་སོ་སོ་རང་རང་ཟློས་པ་དང་། བདག་ཉིད་འཕྲོ་འདུ་བྱེད་ཙམ་ན་ལྷ་ཐམས་ཅད་ཀྱང་འཕྲོ་འདུ་བྱེད་པར་བསམ་མོ། །སྔགས་ཀྱི་ཡན་ལག་ལྔ་ཡང་བརྩམ་པར་བྱའོ། །དེ་ནས་ཕྲ་མོའི་ཏིང་ངེ་འཛིན་བརྩམ་པར་བྱ་བ་དང་། དེ་ལས་ལས་བཞིའི་ཧོཾ་བྱ་བ་ལ་སོགས་པ་ནི་ཅི་རིགས་པར་བྱ་སྟེ། ཕལ་ཆེར་ཞི་བ་ལ་ལྟོས་པས་འདིར་མ་བཤད་དོ། །དེ་ནས་ནམ་སྐྱོའམ་དུབ་ན། གཏུམ་ཆེན་ཞེས་པའི་དབྱངས་ཀྱི་བསྟོད་པར་བྱའོ། །དེ་ནས་བསྡུས་པ་དང་རང་བཞིན་མེད་པར་ཤེས་པར་བྱའོ། །ཁྲོ་བོའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བ་རྫོགས་སོ།། ༈ །།རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀུན་ཀྱང་། དབུ་དགུ་བརྒྱ་ལ། སྤྱན་ཡང་དགུ་བརྒྱ་ཕྲག་གསུམ་སྟེ། དེ་མིག་གི་རྣམ་པར་ཤེས་པ་གནས་བཞི་ལ། སེམས་དཔའ་དགུ་བརྒྱ་ཕྲག་བཞི་སྟེ། དེ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་པའི་ཕྱིར། དངོས་པོ་དང་མཚན་མ་ལ་ཁྲོ་བོའོ། །སྙན་དགུ་བརྒྱ་ཕྲག་གཉིས་ལ། རྣམ་པར་ཤེས་པ་གནས་བཞི་བཞི་སྟེ། དེ་ཡང་སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོ་སྟེ། དེ་ཡང་ཐོས་པ་དང་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་མཚན་མ་ལ་ཁྲོ་བོའོ། །ཤངས་ཀྱང་དེ་བཞིན་དུ་སྟེེ། དེ་ཡང་དྲི་ཚོར་བའི་དབང་གིས་དངོས་པོ་དང་མཚན་མའི་ཆགས་སྡང་ལ་ཁྲོ་བོའོ། ལྗགས་དགུ་བརྒྱ་ལ་ཡང་རོ་མྱོང་བའི་དངོས་པོས་གཟུང་བ་དང་འཛིན་པའི་ཆགས་སྡང་གཏི་མུག་གི་དངོས་པོ་ལ་ཁྲོ་བོ་དང་ཁྲོ་མོ་སྟེ། དེ་ལ་དགུ་བརྒྱ་ཉིད་རྣམ་པར་ཤེས་པ་གནས་བཞིའོ། །ཕྱག་སྟོང་བརྒྱད་བརྒྱ་ལས། ཉིང་ལག་ནི་རིགས་ཆེན་པོ་ལྔ་ལྔ་སྟེ། སྟོང་བརྒྱད་བརྒྱ་པོ་ཕྲག་ལྔ་ལྔའོ། །དེ་ནས་དེའི་ཡུལ་ཆོས་ཀྱི་དབྱིངས་ལ་ཡང་དེ་སྙེད་དོ། །ཞབས་བརྒྱད་བརྒྱ་ལ་ཡང་ཉིང་ལག་གི་རིགས་ཆེན་པོ་ལྔ་ལྔ་སྟེ་བརྒྱད་བརྒྱ་ཕྲག་ལྔ་ལྔའོ། །དེ་ཡང་ཡུལ་ཡེ་ཤེས་ཆེན་པོ་ཡང་དེ་སྙེད་དོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞི་བ་ཆེན་པོ་མཉམ་པ་ཉིད་ཀྱི་ངང་ལས། འདི་ལྟ་བུའི་སྒྱུ་འཕྲུལ་མཛད་ཅེ་ན། སེམས་ཅན་ལ་བྱམས་སྡང་མེད་དེ། སེམས་ཅན་ལ་མཉམ་པ་ཉིད་དུ་དགོངས་པ་ཡིན་པས། ཁྲོ་བོས་འདུལ་བའི་སེམས་ཅན་ཐམས་ཅད་ལ། ཁྲོ་བོས་མཉམ་པ་ཉིད་དུ་འདུལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གློག་དང་སྐར་མདའ་ལྟར་སྐད་ཅིག་མ་ལྟ་བུ་མ་ཡིན་ཏེ། སེམས་ཅན་མ་དུལ་གྱི་བར་དུ་ཁྲོ་བོ་ཡང་མི་དུལ་ཏེ། ནམ་སེམས་ཅན་དུལ་ན་ཁྲོ་བོ་ཡང་དུལ་ལོ། །སེམས་ཅན་ཐམས་ཅད་དུལ་ནས་ཞི་སྟེ། ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་གྱུར་ཙམ་ན། ཁྲོ་བོ་ཡང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་མཉམ་པ་ཉིད་ཀྱི་ངང་དུ་གྱུར་ཏོ། །འོ་ན་སེམས་ཅན་ཐམས་ཅད་ནམ་ཆོས་ཉིད་དུ་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་རྡོ་རྗེ་ལྟར་སྲ་བས་ན། དེ་མ་ཟད་ཀྱི་བར་དུ་ཁྲོ་བོ་ཡང་སྲེད་མེད་ཀྱི་རྡོ་རྗེ་དང་འདྲ་བས་སེམས་ཅན་འདུལ་བའི་ཕྱིར་སྙིང་རྗེ་ཆེན་པོས་ཁྲོ་བོ་ཡང་འཇིག་རྟེན་ན་གནས་སོ། །ཅིའི་ཕྱིར་དེ་སྙེད་དུ་སྙིང་རྗེ་ཆེན་པོའི་ཁྲོ་བོ་འཇིག་རྟེན་ན་གནས་ཤེ་ན་འཁོར་བ་ཤིན་ཏུ་ཡུན་རི་པོར་འཇིག་རྟེན་ན་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཡི་དམ་མཐར་དབྱུང་བ་ཡིན་པས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཕྱི་མའི་མཐའ་མུར་ཐུག་པ་མེད་པའི་བར་དུ་སེམས་ཅན་གྱི་དོན་མཛད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས། ཡི་དམ་མཐར་ཕྱུང་བ་ཡིན་པའི་ཕྱིར་རོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉི་ངེས་པ་ལས། ཁྲོ་བོ་རང་བཞིན་གྱི་སྤྲིན་ཆེན་པོས་རུ་ཏྲ་ཆེན་པོ་ལ་སོགས་པ་འདུལ་བའི་ཕྱིར། གསང་བའི་བྷ་ག་ནས་བྱང་ཆུབ་སེམས་ལས་སྤྲོས་པའི་ལེའུ་སྟེ། བཅོ་ལྔ་པ་རྫོགས་སོ།། ༈ །།ཡང་དཔལ་གསང་བའི་སྙིང་པོ་ལས་གསུངས་པའི་རྩ་བ་དང་ཡན་ལག་ལ་གནས་པའི་རྣལ་འབྱོར་པས་རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོས་བྱང་ཆུབ་སེམས་ཀྱི་ངང་ལས་བཞེངས་ནས། ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་བསྐྱེད་དེ། ཐབས་དང་ཤེས་རབ་རོལ་པའི་གསང་གནས་སུ་རྡོ་རྗེ་ཆོ་ག་གསུམ་གྱིས་བསྐྱེད་པའི་ལྷ་དག །རྡོ་རྗེ་ཆོ་ག་བཞི་པས་སྔགས་ཕྱུང་བས། གསང་བའི་དཀྱིལ་འཁོར་གྱི་ནང་ནས་གདོན་པར་བྱ་བའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པས། བཅུ་དྲུག་པ་གསུང་ཡིག་འབྲུའི་སྔགས་ཕྱུང་བས། གསང་བའི་བྷ་ག་ནས་དཀྱིལ་འཁོར་སྤྲོས་པའི་ལེའུ་གསུངས་སོ། །དེ་ལ་དེ་ནས་ཞེས་བྱ་བའི་དོན་ཡང་བཤད་ཟིན་ཏོ། །དེ་ལྟར་རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་དེ་དག །དམ་ཚིག་སེམས་དཔའི་དཀྱིལ་འཁོར་གྱིས་གྲུབ་པར་བྱ་བའི་ཕྱིར། གསང་སྔགས་ཀྱི་ལེའུ་གསུངས་སོ། །དེ་ལ་ཡང་ཞི་བའི་དཀྱིལ་འཁོར་གྱི་དུས་སུ་ནི། མི་བསྐྱོད་པ་དང་པོར་བྱུང་ཞིང་གཙོར་སྨོས་ལ། ཁྲོ་བོའི་དུས་སུ་ནི་གཟུགས་ཀྱི་ཕུང་པོར་བུདྡྷ་ཧེ་རུ་ཀ་ཁོ་ན་དང་པོར་བྱུང་ཞིང་གཙོར་སྨོས་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་དཀྲུགས་པའི་ཚིག་སྦས་དང་ཡིག་སྦས་ཀྱི་དབང་ངོ་། །དེ་ཅིའི་ཕྱི་ཞེ་ན། དབང་ཕྱུག་མ་གཙོ་བོ་ལ་འཁྲིལ་བའི་གནས་སྐབས་ཉིད་ན་མངོན་པར་འགྱུར་ཏེ། འདིར་ནི་རྡོ་རྗེ་ཁྲག་འཐུང་ཉིད་ལ་ཅི་ནས་ཀྱང་དོན་གྱིས་གནས་པས་དེ་ལྟར་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ཡང་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པའི་རིམ་པ་ནི། རང་གི་རིགས་དང་ཀུན་ནས་ཉོན་མོངས་པའི་རིམ་པས་དབང་དུ་སྟེ། ཅིིའི་ཕྱིར་ཞེ་ན། ཞེ་སྡང་གི་དབང་གིས་རྨད་དུ་བྱུང་བའི་སེམས་ཅན་འདུལ་བ་དང་། དེས་ཉེན་པའི་སེམས་ཅན་དབུགས་འབྱིན་པ་སྟེ། བཅོམ་ལྡན་འདས་ཀྱིས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་གསུངས་པའི་ཕྱིར། འོན་ཏང་འདིར་ཡང་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོ། མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་དེ་ལ་སོགས་པས་ཤེས་པར་བྱའོ། །རུ་ལུ་རུ་ལུ་ཞེས་པའི་ཡིག་འབྲུ་དྲུག་པོ་ནི། བདག་ཉིད་ཆེན་པོའི་ཁམས་དྲུག་གསུམ་བཅོ་བརྒྱད་ལས་དང་པོའི་རུ་ལུ་གཉིས་ཀྱིས་ནི་རྣམ་པར་ཤེས་པ་དྲུག་སྟེ། མིག་ལ་སོགས་པ་ནས་ཐ་མ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ། སའི་སྙིང་པོ་ནས་ཀུན་ཏུ་བཟང་པོའི་བར་དུའོ། །ཡང་རུ་ལུ་ཞེས་པ་ནི་དབང་པོ་དྲུག་སྟེ། མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་སྟེ། བྱམས་པ་ནས་ཁྲོ་བོ་བཞིའི་བར་དུའོ། །ཡང་རུ་ལུ་ཞེས་པས་ནི་ཡུལ་དྲུག་དྲུག་སྟེ། མིག་གི་ཡུལ་ནས་ཡིད་ཀྱི་ཡུལ་གྱི་བར་དུ། ཆོས་བྱ་བ་མོ་ནས་དུས་བཞིའི་ལྷ་མོའི་བར་དུའོ། །ཀུན་གཞིའི་རྣམ་པར་ཤེས་པ་དྲུག་གནས་བཞི་དང་ལྡན་པའི་དུས་སུ་ལྡན་མོད་ཀྱི། འདིར་གཙོ་བོར་ཡེ་ཤེས་སེམས་དཔའ་ལ་སྨོས་པ་ཡིན་ནོ། །ཡིད་ནི། ཀུན་གཞི་ལ་དམིགས་པ་ཡིན་པས། ཡེ་ཤེས་སེམས་དཔའ་ཡིད་ཀྱི་ཡུལ་དུ་གྱུར་ཏེ། ཡེ་ཤེས་སེམས་དཔའི་འཕྲོ་འདུ་ལས། ཡིད་ཀྱིས་གཏད་ཅིང་དབང་སྒྱུར་བ་ཉིད་ཁོ་ནའོ། །བཟླས་པའི་ཕྲེང་བའི་གློ་འབུར་གྱིས་བརྒྱན་པ་ནི། ༀ་ཡེ་ཤེས་ལྔའི་ངོ་བོ་ཕུང་པོ་ལྔའི་བདག་ཉིད་དུ་གྱུར་པ་ཡིན་ཏེ། རིགས་ལྔའི་ཡབ་ཡུམ་བཅུའི་བཟླས་པའོ། །དེ་ལྟར་རུ་ལུ་དྲུག་པོ་དེ་དཔལ་ཁྲག་འཐུང་གི་ཁམས་བཅོ་བརྒྱད་དང་སྐུ་གསུང་ཐུགས་རྡོ་རྗེ་རིགས་ཀྱི་བདག་ཉིད། རྣམ་པར་ཤེས་པ་དྲུག་ནི་ཐུགས་ཀྱི་རང་བཞིན། དབང་པོ་དྲུག་ནི་སྐུའི་རང་བཞིན། ཡུལ་དྲུག་ནི་གསུང་གི་རང་བཞིན་ཏེ། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ནོ། །ཧཱུྃ་ཞེས་པ་ནི་ཡེ་ཤེས་ཆེན་པོ་ལྔའི་ངོ་བོ། རང་གི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་ལྔ་སྟེ། རིགས་ལྔ་ཁྲག་འཐུང་ཆེན་པོ་ཡབ་ཡུམ་བཅུའོ། །རུ་ལུ་ནི་རྣམ་པར་ཤེས་པའི་ལྷ་རྣམས་ཀྱི་སྲོག་གི་སྙིང་པོའོ། །ཡང་རུ་ལུ་ནི་དབང་པོ་རྣམས་ཀྱི་སྲོག་གི་སྙིང་པོའོ། །ཡང་རུ་ལུ་ནི་ཡུལ་རྣམས་ཀྱི་སྲོག་གི་སྙིང་པོའོ། །དེ་ལྟར་ན་རྣམ་པར་ཤེས་པ་ནི་བཞིའོ། །དབང་པོ་ནི་ཡིད་ཀྱི་དབང་པོ་བཞི་སྟེ་བརྒྱད་དོ། །ཡུལ་ཡང་དབང་པོའི་ཡུལ་དང་། ཡིད་ཀྱི་ཡུལ་ཏེ་བརྒྱད་དོ། །ཧཱུྃ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་སྒོ་ནས་ནི། རང་གི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། ཡེ་ཤེས་ཀྱི་ཧེ་རུ་ཀ་ཚོན་གང་བའི་ཐུགས་ཀའི། ཉི་མའི་དཀྱིལ་འ ཁོར་སྲན་མ་ཙམ་གྱི་དབུས་སུ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་པོ་ཆེ་དང་། རྡོ་རྗེ་རྒྱ་གྲམ་བཀོད་ལ། དེ་དག་གི་དབུས་ཀྱི་ཟླ་བ་ལ་སྔགས་ཀྱི་ཡིག་འབྲུ་བཀོད་ནས། སྔགས་ཀྱི་ཡན་ལག་ལྔ་བརྩམ་པར་བྱའོ། །ཡུམ་རྣམས་ལ་ཡང་རང་རང་གི་ཐུགས་ཀར་ཡེ་ཤེས་སེམས་མ། དེའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཡིག་འབྲུ་བཀོད་ནས། སྔགས་ཀྱི་བཟླས་པ་བརྩམས་པར་བྱའོ། །དབང་ཕྱུག་མ་རྣམས་ལ་ཡང་རང་རང་གི་ཡེ་ཤེས་སེམས་མའི་ཐུགས་ཀའི་ཟླ་བ་ལ། སྔགས་ཀྱི་ཕྲེང་བ་བྷྱོ་བསྣན་ལ་དགོད་པར་བྱའོ། །ཡང་ན་ཀུན་གཞི་བྱང་ཆུབ་སེམས་ནི་ཕོ་དང་མོའི་མཚན་མར་ངེས་པར་མ་ཡིན་ཏེ། ཐུགས་ཀར་ཡེ་ཤེས་སེམས་དཔའ་ཁོ་ནའོ། །བཟླས་པ་ལ་སོགས་པ་འདི་དག་གི་དོན་ནི། གསང་བའི་གཙོ་བོས་དབུས་ཀྱི་གཙོ་བོ་ལ་གསོལ་བ་གདབ་པ་ལ། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་དང་། གསུམ་དུ་རྟོགས་པར་བྱ་བ་ལ། དང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་བྱ་བའི་ཕྱིར། རུ་ལུ་རུ་ལུ་རུ་ལུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལས། དེ་ཡང་དང་པོ་བདག་པོ་ཡུམ་གྱི་གསང་བའི་གནས་བྱིན་གྱིས་བརླབས་ནས། ཐབས་དང་ཤེས་རབ་རོལ་པའི་སྒྲ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཞི་བ་ཆེན་པོའི་ངང་ལ་བཞུགས་པ་དེ་དེ་དག་ཞི་བ་ཆེན་པོའི་ངང་ལས་བཞེངས་སུ་གསོལ་བར་བྱའོ། །དེ་ནས་ཡང་ཡེ་ཤེས་ཀྱི་ལྷ་མོའི་ཚོགས་ཀྱིས། ཨཱོཾ་ཞེས་པའི་དོན་གྱིས་ཕྱག་བཙལ་ནས། ཨེ་ཧྱ་ཧི་ཨཱ་ན་ཡ་ཞེས་པས་སྙན་གསན་དབབ་པར་བྱའོ། །དེ་ནས་ཡང་ཐབས་དང་ཤེས་རབ་རོལ་པའི་ལྷག་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ཀྱོ་བས་ཐུགས་ཀ་ལ་སོགས་པ་ནས་བསྐུལ་ཞིང་སྤྱན་དྲང་བར་བྱའོ། །དེ་ལྟར་སྤྱན་དྲངས་ཏེ་མདུན་གྱི་བར་སྣང་ལ་ཆུའི་བསྐལ་པའི་སྤྲིན་ལྟར་འཁྲིགས་པ་དེ་དག་ཀྱང་བདག་གི་སྐུ་གསུང་ཐུགས་རྡོ་རྗེ་ལ་བཞུགས་པར་བྱ་བའི་ཕྱིར་ཡང་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞགས་པའི་ཚོགས་ཀྱིས་སྤྱན་དྲངས་ཏེ། བདག་གི་དཀྱིལ་འཁོར་ལ་བཞུགས་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་མའི་ཚོགས་ཀྱིས་ནི་བཅིང་བར་བྱའོ། །དེ་ལྟར་བཅིངས་ཏེ་མཐའ་ཐུག་པ་མེད་པའི་བར་མི་འགྱུར་བ་སྟེ། སྟོན་པའི་བཀའ་དང་། རང་གི་དམ་ཚིག་གིས་བཞུགས་པ་ལ་དགའ་བ་ཆེན་པོའི་བཏང་སྙོམས་ཀྱིས་བསྐྱེད་པའི་ཕྱིར། ལྷག་པའི་བྱང་ཆུབ་སེམས་ཀྱི་རྡོ་རྗེ་དྲིལ་བུའི་ཚོགས་འཕྲོ་ཞིང་འདུས་ཏེ་བསྟིམས་པ་ལས། ལྷ་ཐམས་ཅད་དབང་དུ་བྱས་ཏེ། ཡེ་ཤེས་ཀྱི་འོད་དཔུང་དང་། གསང་བའི་འདོད་ཆགས་ཆེན་པོ་དབྱེར་མེད་པར་བྱས་ནས། དཀྱིལ་འཁོར་ལ་དཀྱིལ་འཁོར་དབྱེར་མེད་པར་བྱས་ཏེ། ༀ། ཁྲོ་ལ་ཞེས་དབྱངས་ཀྱིས་བསྐུལ་བར་བྱའོ། །ཁྲོ་ལ་ཞེས་པ་ནི། ཁྲོ་བོའི་རང་བཞིན་ཅན་ཏེ། དྲག་པོ་ཆེན་པོ་ལ་སོགས་པ་ལ་བྱའོ། །ཁྲོས་པ་ཞེས་པ་ནི། སྙིང་རྗེ་ཆེན་པོའི་བདག་ཉིད་ཐབས་དང་ཤེས་རབ་ཀྱི་ངོ་བོ་དཔལ་ཁྲག་འཐུང་གིས་སོ། །ཞི་མཛད་པ་ཞེས་པ། སྙིང་རྗེ་ཆེན་པོའི་དཔལ་ཁྲག་འཐུང་ཁྲོས་པས། དྲག་པོ་ཆེན་པོ་ལ་སོགས་པ་ཞི་བར་མཛད་པ་ཞེས་བྱའོ། །དེ་ལྟ་བུའི་ཐུགས་རྗེ་ཆེན་པོའི་སྒོ་ནས་ཁྲོས་པའི་དཔལ་ཆེན་པོའི་འཁོར་ཚོགས་དང་བཅས་པ་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་གྱིས་བརླབས་དུས་འདི་ཉིད་དུ་བདག་ལ་སྩོལ་ཅེས་བྱའོ། །སྟྭཾ་དང་ཧོཿདང་ཕཊ་གསུམ་ནི་གལ་ཏེ་སྤྱན་དྲངས་ནས་མ་བྱོན་ན། རྡོ་རྗེ་དམ་ཚིག་གི་སྔགས་གསུམ་གྱིས་བསྐུལ་ཞིང་དབྱེར་མེད་པར་བྱའོ། །གསང་བའི་དཀྱིལ་འཁོར་དང་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ཡང་། རིག་པའི་མེ་ཏོག་དོར་བ་ལ་སོགས་པའོ། །ད་ནི་རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དབྱེར་མེད་པའི་ལྷ་ཐམས་ཅད་ལ། ལྷག་པའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་སོགས་ཏེ་སྤྲུལ་པའི་མཆོད་པ་དང་བདུད་རྩི་ལྔ་ལ་སོགས་པ་བཏུང་བའི་ཁྱད་པར་དང་། ཤ་ལྔ་ལ་སོགས་པའི་ཟ་བའི་ཁྱད་པར་དང་། རྨད་དུ་བྱུང་བའི་གཏོར་མ་ལ་སོགས་ཏེ། མཆོད་པའི་ཁྱད་པར་ཐམས་ཅད་འཕགས་པའི་དཀྱིལ་འཁོར་ཐམས་ཅད་ལ་དབུལ་བའི་ཕྱིར་ཏེ། ཨ་ལི་ཤ་ལ་སོགས་ཏེ་བཟའ་བའི་ཁྱད་པར་ཐམས་ཅད་དང་། ཨུ་ལི་ཆང་དང་བདུད་རྩི་ལྔ་ལ་སོགས་ཏེ་བཏུང་བའི་བྱེ་བྲག་ཐམས་ཅད་དང་། ཏཱ་ལི་ཏཱ་པཱ་ལི་ཁུར་བ་ལ་སོགས་ཏེ་གཞན་ཡང་བཟའ་བའི་བྱེ་བྲག་ཐམས་ཅད་དང་། ཧཱུྃ་གི་འཕྲོ་འདུས་བསྲེག་པ་དང་། ཨཱཿའི་ངོ་བོས་སྟོང་པའི་ངོ་བོར་སྦྱང་བ་དང་། ༀ་གྱི་འཕྲོ་འདུས་ཡེ་ཤེས་ལྔའི་འོད་ཟེར་འབར་བའི་རྩེ་ལས་རིགས་ལྔའི་ཐབས་དང་ཤེས་རབ་ཀྱི་འཕྲོ་འདུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྭཱའི་ས་བོན་ལས་ཡིད་བཞིན་གྱི་ནོར་བུ་ལྟར་འོད་འབར་བ་ལས། ཧཱའི་ཡེ་ཤེས་ལས་དུས་བཞིའི་མཆོད་པ་དབུལ་ཞེས་བྱའོ། །གང་ལ་འབུལ་ཞེ་ན། དཾཥྚ་སྟེ་མཆེ་བ་ཅན་གྱི་ཚོགས། གོ་ནཱ་རོ་ཏྲི་ཡོན་ཏན་དྲག་པོའི་ཚོགས་དང་ལྡན་པ། ཁ་རཾ་ཡོ་གི་ནཱི་ཁྱེད་ཀྱི་ཞལ་དུ་བཞེས་ཤིག །ཁཱ་ཧི་ཧོ་རོལ་ཅིག་དགྱེས་པར་རོ། །གང་དང་གང་གིས་བཞེས་ཤིང་རོལ་ཞེ་ན། ཧཱུྃ་ཧ་ཧེ་ཕཊ་ལས་བསྐྱེད་པའི་དཀྱིལ་འཁོར་ཁྱེད་ཀྱིས་སོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། དེ་ལྟར་ཏིང་ངེ་འཛིན་གྱི་ཁྱད་པར་ལས་སྤྲུལ་པའི་བཟའ་ཞིང་བཏུང་བ་ལ་སོགས་པ་ཐམས་ཅད། མཆེ་བ་ཅན་གྱི་ཚོགས་ཡོན་ཏན་དྲག་པོ་ཁྱེད་ཀྱིས་རྒྱ་མཚོའི་ཆེན་པོ་བཞིན་དུ་དུས་གཅིག་ཏུ་གསོལ་བ་དེས་བཞེས་པ་དེ་ལྟར་བཞེས་ཤིག་པའོ། །དེ་ལྟར་དཔལ་རྟ་མཆོག་གིས་འདུལ་བའི་དུས་སུ་བྱུང་བ་དེ་ཉིད་ཀྱང་དཔལ་ཀུན་ཏུ་བཟང་པོ་ཉིད་དོ་ཞེས་བྱའོ། །ཡང་གཉིས་སུ་ན། གོ་ནཱ་རཽ་ཏྲི། སློབ་དཔོན་དྲག་པོ་ཆེན་པོའི་དཀྱིལ་འཁོར་དུ་ལྡན་པ་ཁྱེད་ཀྱིས་བཞེས་ཤིག་པའོ། །གསུང་གི་དཀྱིལ་འཁོར་བརྗོད་པས། འབར་རབ་ཏུ་འབར་བ་ཅིའི་ཕྱིར་ན། སྔགས་ཀྱིས་དཀྱིལ་འཁོར་ཆེན་པོ་རྣམ་པ་གཉིས་ན་སྤྱན་དྲངས་པའི་ལྷ་ཀུན་གྱི་ཡེ་ཤེས་ཀྱི་འོད་ཟེར་གྱི་ཁྱད་པར་གྱིས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་གསུང་གི་དཀྱིལ་འཁོར་བརྗོད་པས། གསང་བའི་བྷ་ག་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ། བཅུ་དྲུག་པའོ།། ༈ །།དང་པོར་རྣལ་འབྱོར་པས་ཀུན་ཏུ་བཟང་པོ་ཧེ་རུ་ཀར་མངོན་དུ་བྱས་ལ། གནས་དང་གདན་བསྐྱེད་པའི་ཕྱིར་དང་། གསང་བའི་དཀྱིལ་འཁོར་གྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་ལ་སོགས་པས་བཅུ་བདུན་པ་དཀྱིལ་འཁོར་བསྟན་པའི་ལེའུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེ་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཕྱི་མ་ནི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །ཁྱུ་མཆོག་མ་ཧཱ་དེ་བའི་བཞོན་པ་གླང་སྟེ་དབུས། མ་ཧེ་ནི་གཤིན་རྗེའི་བཞོན་པ་སྟེ་ལྷོར། གཟིག་ནི་དྲི་ཟའི་བཞོན་པ་སྟེ་ཤར། སྟག་ནི་སྲིན་པོའི་བཞོན་པ་ཏེ་ནུབ། དོམ་ནི་གནོད་སྦྱིན་གྱི་བཞོན་པ་སྟེ་བྱང་ངོ་། །བཞོན་པ་དེ་དག་སྟེང་དུ་ཕྱུང་བ་ནི། ང་རྒྱལ་གཅག་པ་དང་། གུས་པའི་ཚུལ་གྱིས་འཁོར་དང་བཅས་པ་ཕུལ་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ན། ལུང་བསྟན་པ་ཐོབ་པར་ཡང་ཐེག་པ་ཆེན་པོའི་ཚུལ་གྱིས་ངེས་པར་དེ་དག་ལུང་བསྟན་པ་ནི་དཔལ་དེ་ཉིད་འདུས་པའི་རྒྱུད་ལས་ཤེས་པར་བྱའོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་དག་ཀྱང་། ཇི་ལྟ་བུའི་ཞལ་དང་ཕྱག་གི་ངོ་བོ་ཉིད་དུ་གནས་ཤེ་ན། དེ་ཉིད་ཕྱིར་ཡང་གསུང་པ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཅེས་བྱ་བ་གསུངས་ཏེ། དེ་ཡང་སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་པ། ཡེ་ཤེས་དྲུག་གི་ཕྱག་གི་ཡེ་ཤེས་རིན་པོ་ཆེའི་ཕྱག་མཚན་སྟོང་གི་འཇིག་རྟེན་འཁོར་ཡུལ་ལ་སོགས་པ་འཛིན་པའོ། །དུག་ལྔ་དབང་དུ་མཛད་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གི་ཆས་ཆེན་པོ་ལྔ་བསྟན་པའི་ཕྱིར་ཡང་གསུངས་པ། ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་བྱ་བ་གསུངས་ཏེ། འཇིགས་བྱེད་ཆེན་པོའི་ཚོགས་དབང་དུ་བྱ་བའི་ཕྱིར། འཇིགས་བྱེད་ཆེན་པོའི་ཙ་མ་ར་དང་། གླང་པོ་ཆེ་དང་། སྟག་དང་། སེང་གེ་དང་། ཞིང་ཆེན་པོའི་པགས་པ་དང་། གཡང་གཞི་བསྣམས་པ་སྟེ། དེ་དག་ཀྱང་རིམ་བཞིན་དུ། ཞེ་སྡང་དང་གཏི་མུག་ལ་སོགས་པ་ལྔ་རྣམ་པར་དག་ཅིང་དབང་དུ་བྱ་བ་སྟེ། གཞན་དུ་ན་ནི་གཏི་མུག་རྣམ་པར་དག་པའི་ངོ་བོའོ། །འདོད་པའི་ཁམས་ཀྱི་སེམས་ཅན་གྱི་ང་རྒྱལ་བཅོམ་ཞིང་སྤ་བཀོང་བའི་ཕྱིར། སྟོང་གསུམ་གང་བའི་རྔམ་པའི་སྒྲ་ཆེན་པོ་འབྲུག་ལྟར་འཇིགས་པར་སྒྲོགས་པ་སྟེ། དེ་ཡང་ང་རྒྱལ་རྣམ་པར་དག་པའི་ངོ་བོའོ། །ལྟོ་འཕྱེ་ཆེན་པོའི་ཚོགས་དབང་དུ་བྱ་བའི་ཕྱིར། གནས་བརྒྱད་ལ་སོགས་པར་ཡང་སྦྲུལ་གྱིས་སྐུ་ལ་བརྒྱན་པ་སྟེ། དེ་ཡང་ཞེ་སྡང་རྣམ་པར་དག་པ་ཁོ་ནའོ། །ཡེ་ཤེས་ལྔའི་ཐོད་པའི་ཕྲེང་བས་ཀྱང་དབུ་བརྒྱན་པ་སྟེ། དེ་ཡང་སྔོན་གྱི་དུས་ཀྱི་དམ་ཚིག་ལ་གནས་སོ་ཞེས་པར་ཡང་བསྟན་པ་སྟེ། ཅི་ལྟར་སློབ་དཔོན་གྱིས་ཐ་ཚིག་སྩལ་བའི་ཕྲེང་བའོ། །སྤྱི་བོས་བཀུར་ཞིང་ལུས་ཀྱི་བརྒྱན་དང་འདྲ་བར་བཅང་བར་བྱའོ། །ཞེས་པ་སྟེ། དེ་ཡང་ཕྲག་དོག་རྣམ་པར་དག་པའི་ངོ་བོའོ། །ཅིའི་ཕྱིར་ཞེ་ན། གཟུང་འཛིན་ལ་གནས་པའི་སེམས་ཅན་ཟིལ་གྱིས་མནན་པས་སྔངས་ཤིང་བརྒྱལ་བར་བྱ་བའི་ཕྱིར། གཟུང་འཛིན་གྱི་རྟོག་པ་གཞོམ་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཐོད་པའི་ཕྲེང་བའི་དབུ་རྒྱན་འདིས། །རྡོ་རྗེ་སེམས་དཔའ་བདག་སྔོན་བསྐྱེད། །ཅེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་གཟུང་འཛིན་དག་པའི་ངོ་བོ་ལས་སྐྱེས་པའི་ཕྱིར་རོ། །རི་རབ་འདོད་པའི་ཁམས་ཀྱི་སེམས་ཅན་ཟིལ་གྱི་མནན་པའི་ཕྱིར། ཉི་མ་དང་ཟླ་བ་ཡིས་ཀྱང་སྙན་གྱི་གོང་རྒྱན་དུ་བྱས་པ་ཡིན་ཏེ། དེ་ཡང་འདོད་ཆགས་རྣམ་པར་དག་པར་བྱ་བའི་ངོ་བོ་སྟེ། དེ་ཡང་སྤྱི་དང་ཁྱད་པར་གྱི་ཆོས་ལྔའོ། །ཚངས་པ་ཆེན་པོའི་ང་རྒྱལ་གཅག་པར་བྱ་བའི་ཕྱིར། སྟོང་གི་འཇིག་རྟེན་ཁོར་ཡུག་སྣོད་དང་བཅུད་དུ་བཅས་པ་ཕྱག་ན་བསྣམས་པ་སྟེ། དེ་ཡང་འདུལ་བར་བྱ་བའི་ཞིང་ཁམས་རྣམ་པར་དག་པར་བྱ་བའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ལྔ་དང་ལྡན་པའི་དུང་ཆེན་དམར་གྱིས་བཀང་བ་དཀྲུག་ཅིང་གསོལ་བ་སྟེ། དེ་ཡང་གཉེན་པོ་ཡེ་ཤེས་ཀྱིས། ཡུལ་ཉོན་མོངས་པའི་སྙིགས་མ་ལྔ་ལ་རོལ་པའོ། །མཉམ་པ་ཉིད་དང་། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་གཉིས་ཀྱིས། འདུལ་བར་བྱ་བའི་ཉོན་མོངས་པའི་འགྲོ་བའི་རྒྱུད་ལ་ལྟ་བའི་རིམ་པ་གཟིགས་པའི་ཕྱིར། རལ་གྲི་དང་དགྲ་སྟྭའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་འདུལ་བར་བྱ་བ་སྨིན་ཅིང་གྲུབ་པར་བྱ་བའི་ཕྱིར་གཤོལ་ལོ། །ཕྱི་མ་ཡང་གནས་དང་། གནས་པ་དང་། དབང་པོ་དང་རྣམ་པར་ཤེས་པ་ལ་སོགས་པའི་ལྷ་མོ་ནི་དགྲོལ་ལོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།། ༈ །།སྐྱེ་བ་མེད་པའི་རྣལ་འབྱོར་པས་ཐབས་དང་ཤེས་རབ་ཀྱི་བདེ་བས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་མཆོད་ཅིང་། འཁོར་བའི་རྒྱུས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཕྱིར། དེ་ནས་དགྱེས་པ་ཆེན་པོའི་མཉེས་པའི་མཆོད་པ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཉེས་པ་ནི་ཐབས་དང་ཤེས་རབ་ཀྱི་དོན་གྱིས་ཏེ། བྱང་ཆུབ་སེམས་ལ་སོགས་པའི་མཆོད་པ་འདི་ནི། རྒྱུ་དང་འབྲས་བུའི་སྒོ་ནས་ཆེན་པོའོ། །དེ་ལ་ཞེས་བྱ་བ་ལས་ནི། མཉེས་པའི་མཆོད་པ་ཆེན་པོ་བྱའོ་བར་གསུངས་པས དེ་ལ་ཞེས་པའི་ཐ་ཚིག་སྟེ། དེ་ཡང་མཆོད་སྦྱིན་དམ་པ་ནི། ཞེས་པ་དང་འབྲེལ་ཏོ། །མཆོད་པ་ནི་འཕགས་པ་ལས་ཏེ། གསང་བའི་མཆོད་པ་རྒྱུ་དང་འབྲས་བུར་བཅས་པའོ། །སྦྱིན་པ་ནི་སེམས་ཅན་ལ་བྱ་སྟེ། ཐབས་དང་ཤེས་རབ་ཀྱི་བདེ་བར་བགྲོད་པའི་ཕྱིར་མི་ལྡོག་པའི་དབང་ཐོབ་པར་བྱེད་པའི་ཕྱིར་རོ། །དམ་པ་ནི་དམ་པ་མ་ཡིན་པ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཏེ། རྒྱུ་དང་འབྲས་བུ་དང་ཡེ་ཤེས་ཀྱི་ངོ་བོའི་ཕྱིར་རོ། །དེ་ལྟ་བུའི་མཆོད་སྦྱིན་དམ་པའི་ཆོ་ག་བསྒྲུབས་པར་བྱ་བ་ཡང་དང་པོའམ། ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །ཞེས་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྟོང་པ་བདག་མེད་པའི་ངོ་བོ་དང་། དཔལ་གསང་བའི་སྙིང་པོའི་རྣལ་འབྱོར་པས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གནས་ཏེ། རྟོགས་པ་བཞི་ལས་ཀྱང་། ཡིག་འབྲུའི་ཚུལ་དང་། མངོན་པར་རྟོགས་པ་དང་། རྡོ་རྗེའི་ཆོ་ག་ལྔས་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ཐབས་དང་ཤེས་རབས་གཉིས་སུ་མེད་པར་བསྒོམ་ཞིང་བདག་གིས་ཉོན་མོངས་པའི་སེམས་ཅན་གྱི་སེམས་རྒྱུད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ། །ཞེས་སོ། །དེ་ནས་གཉིས་མེད་བློ་ཡིས་ནི། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་བྱ་བ་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་དོན་དམ་པ་དང་། ཀུན་རྫོབ་དབྱེར་མེད་པའི་བློ་དང་ལྡན་པའི་བདག་ཉིད། གང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བློ་དང་ལྡན་པའི་ཡིས་ནི། བློ་ངན་པའི་སྟོབས་ལས་སྐྱེས་པའི་འཇིག་རྟེན་གསུམ་པོ་དག་སྙིང་རེ་རྗེ་ཞེས་བྱ་སྟེ། དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་གསང་བའི་བྷ་གར་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བསྒྲལ་བར་བྱའོ། །དེ་ལྟར་ཡང་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། ལམ་ལྔའི་སེམས་ཅན་ཀུན་བཀུག་སྟེ། ཐམས་ཅད་མ་ལུས་བསྒྲལ་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་སྦྱོར་སྒྲོལ་དག་ལ་རྫོགས་པའི་དོན་སྔོན་དུ་རྒྱས་པར་བཤད་པ་ཡིན་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་འགྲོ་བ་རིགས་དྲུག་གསང་གནས་སུ་བཀུག་སྟེ། ཡང་འོད་ཟེར་ལྕགས་ཀྱུས། ཕྱོགས་དུས་ཀྱི་སངས་རྒྱས་སྤྱན་དྲངས་ཏེ། མཆོད་ནས་ཡུམ་གྱི་བ་སྤུའི་བུ་གར་ཐིམ་པས། ཡེ་ཤེས་ཀྱི་ཐོག་གིས་རྡུལ་དུ་བརླག་པའི་སེམས་དེ་ཡང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བསླངས་ནས། སྐུ་ཕྱག་རྒྱ་ཉིད་དུ་བསྒྱུར་ལ། འོག་མིན་ལ་སོགས་པར་གནས་སྤར་བ་ཇི་སྙེད་པའོ། །ཐབས་དང་ཤེས་རབ་རྣམ་པར་དག་པའི་ངོ་བོ་དེ་ཉིད་བསོད་ནམས་ཀྱི་ཚོགས་ཕུན་སུམ་ཚོགས་པ་ཉིད་དུ་ཡང་བསྒྱུར་བར་བསྟན་པར་བྱ་བའི་ཕྱིར། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། བདག་ཉིད་མཉེས་པས་མཉེས་པར་བྱའོ། །ཞེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་ཀྱི་བདེ་བ་བྱང་ཆུབ་སེམས་བདེ་བའི་རོ་དང་ལྡན་པ་དེས། བདག་ཉིད་ཆེན་པོའི་དཀྱིལ་འཁོར་རྣམ་བཞི་མཉེས་པར་བྱའོ། །ཞེས་གསུངས་པའོ། །དེ་ཉིད་ཀྱི་ཕྱིར་ཡང་གསུངས་པ། མཉམ་པའི་སྒྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་དབུལ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་ཉིད་དུ་དབྱེར་མེད་པས་བསྔོ་ཞིང་དབུལ་དུ་ཡང་མེད་བཞིན་དུ། ཐབས་དང་ཤེས་རབ་རྣམ་པར་དག་པར་བྱ་བའི་སྒོ་ནས། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། འདོད་ཆགས་རྣམ་པར་དག་པར་བྱ་བའི་ཕྱིར། བདག་དང་མཉམ་པའི་དཀྱིལ་འཁོར་གྱི་ཚོགས་ལ་ཞེས་བྱའོ། །དཀའ་ཐུབ་ལ་སོགས་པ་ཉེས་པའི་ཉོན་མོངས་པས་མ་གཟིར་བའི་ཕྱིར་ཡང་གསུངས་པ། བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཞེས་བྱ་བ་གསུངས་ཏེ། ཤ་རྣམ་པ་ལྔ་ལ་སོགས་ཏེ། ཕྱི་ནང་གི་བཟའ་བ་རྣམས་དང་། རུས་པ་ཆེན་པོ་དང་། མཱཾ་ས་དང་། དཔལ་གྱི་འབྲས་ལ་སོགས་ཏེ། ཁ་ཟས་གཙང་མའི་རྣམ་པ་དང་། བདུད་རྩིའི་ཁྲག་ཆེན་པོ་དང་། ཆང་དང་། ཚྭ་ལ་སོགས་ཏེ། བཏུང་བ་དང་། རས་ཆེན་པོ་ལ་སོགས་ཏེ། ཕྱི་ནང་གི་གོས་དང་། གཞན་ཡང་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་པ་ཐམས་ཅད་ཀྱིས་དབང་པོ་ལྷའི་དཀྱིལ་འཁོར་ལ་ནི། འདོད་པའི་ཡོན་ཏན་ལྔ་ལྷ་མོའི་དཀྱིལ་འཁོར་དུ་ཐིམ་མོ་ཞེས་བྱའོ། །ཕྱི་མ་ནི་གོ་སླའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱི་ནང་གསང་བའི་མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ། བཅོ་བརྒྱད་པའོ།། ༈ །།རྡོ་རྗེའི་ཐེག་པའི་རྣལ་འབྱོར་པའི་གཞི། རྩ་བ་དང་ཡན་ལག་གི་དམ་ཚིག་དང་། སྡོམ་པ་ལ་གནས་དགོས་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་བྱ་བ་གསུངས་སོ། །དོན་ཡོད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། སྤྱིར་ཡང་ཐེག་པ་སོ་སོའི་རྩ་བ་དང་ཡན་ལག་གི་སྡོམ་པ་དང་ཚུལ་ཁྲིམས་སོ་སོར་མ་ཉམས་ན། ལྟ་བ་དང་སྤྱོད་པ་ལ་སོགས་པ་ཅི་དང་ཅི་སྤྱད་པ་ཐམས་ཅད་བྱས་པ་ལ་དོན་ཡོད་པ་ཡིན་ལ། རྡོ་རྗེའི་ཐེག་པ་ཡང་ཐེག་པ་སོ་སོའི་དམ་ཚིག་དང་སྡོམ་པ་མ་ཉམས་ན་ནི། ཅི་དང་ཅི་བྱས་པ་ལ་དོན་ཡོད་པར་འགྱུར་རོ། །གལ་ཏེ་དམ་ཚིག་དང་སྡོམ་པ་ཉམས་ན་ནི། ཅི་དང་ཅི་བྱས་པ་ཐམས་ཅད་ཡང་བྱས་པ་ལ་དོན་མེད་པར་འགྱུར་ཏེ། དེའི་ཕྱིར་ཡང་འདི་ལས། རྩ་བ་ཉམས་པའི་ཕྱལ་བ་དག །ཅེས་བྱ་བ་ལ་སོགས་པ་ཇི་སྙེད་པའོ། །དེ་ལྟ་བས་ན་འབད་པ་ལ་དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་དང་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བ་གསུངས་སོ། །ཅིའི་ཕྱིར་ན། དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཕྱི་མ་ལས་ཀྱང་། བསྲུངས་ན་ནི་སྡིག་པའི་དྲི་མ་ཐམས་ཅད་འཚིག་ལ། མ་བསྲུངས་ན་དམྱལ་བའི་གནས་སུ་འཚིག་སྟེ། ཞེས་འབྱུང་ངོ་། །མ་བསྲུངས་པའི་སྐྱོན་ནི། །རྡོ་རྗེ་སེམས་དཔའི་བཀའ་བཅག་པའི། །དམ་ཚིག་སྡོམ་པའི་རྩ་བ་ཀུན། །དེ་བཞིན་དུ་ནི་མ་བསྲུངས་ན། །ཡཀྵ་ཁྲོ་བོ་མེ་འབར་གྱིས། །སྙིང་ལས་དྲངས་ཏེ་ཁྲག་འཐུང་ནས། །ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ཡི་སྡུག་བསྔལ་བཟོད་གླགས་མེད། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །ཡང་གཉིས་སུ་ན། དམ་པ་རྣམས་ཀྱི་གསུང་གི་ཐ་ཚིག་སྟེ། བསྲུངས་པའི་ཡོན་ཏན་གྱི་ངེས་ཚིག་ནི། མི་གཏོང་ཕྱིར་ན་དམ་ཞེས་བྱ། །གཟུངས་སུ་གྱུར་པས་ཚིག་ཅེས་བརྗོད། །ཅེས་བྱ་སྟེ། འཁོར་བ་དང་ངན་སོང་དུ་མི་གཏོང་ཞིང་། །བྱང་ཆུབ་ཆེན་པོའི་གཟུངས་སུ་གྱུར་པའི་ཕྱིར་རོ། །དེ་ལ་དང་པོ་དམ་ཚིག་གི་སྒོ་ནས། རྡོ་རྗེའི་ཐེག་པའི་ཁྱད་པར་གསུངས་པ། བླ་མེད་ཐེག་པ་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱོད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་བྱ་བ་གསུངས་ཏེ། བླ་ན་མེད་པའི་རྡོ་རྗེའི་ཐེག་པ་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ་ངེས་ན། ཉོན་མོངས་ལྔ་དང་འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་ཐམས་ཅད་ཀུན་ལ་སྤྱད་ཀྱང་། རྨ་བྱ་ལྟར་བྱས་ལ་མི་སོགས་ཏེ། ཐེག་པ་འོག་མ་ལ་སོགས་པའི་ཚུལ་ཁྲིམས་དང་སྡོམ་པའི་རྒྱུ་དང་། འབྲས་བུར་བཅས་པ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་བྱ་བ་གསུངས་སོ། །དེ་ལྟར་ཉོན་མོངས་པ་ལ་སོགས་པ་སྤྱད་པས་ཐེག་པ་འོག་མའི་ཚུལ་ཁྲིམས་དང་སྡོམ་པ་ལ་སོགས་པ་མི་ཉམས་པའི་ཕ་རོལ་ཏུ་ཡང་། དེ་ཉིད་ཀྱི་རྒྱུ་དང་འབྲས་བུ་ཡང་རྫོགས་ཤིང་མཐར་ཕྱིན་པ་ཅིའི་ཕྱིར་ཞེ་ན། ལན་རྒྱུད་ཀྱིས་བཏབ་སྟེ། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་བྱ་བ་གསུངས་ཏེ། བླ་ན་མེད་པའི་དམ་ཚིག་ཏུ། མུ་སྟེགས་ལ་སོགས་པ་འདུལ་བའི་དབང་དུའམ། ལུས་ངག་འདུལ་བའི་དབང་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་། ཐེག་པ་སོ་སོའི་སྡོམ་པ་བསམ་ཡས་པ་ཀུན་ཀྱང་འདུས་ཤིང་རྣམ་པར་དག་པ་ཡིན་ནོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། བླ་མེད་མཆོག་གི་ཐེག་པའི་དམ་ཚིག་ཆེན་པོ་རྣམ་པར་དག་པས། དེ་དག་ཐམས་ཅད་ཀྱང་རྣམ་པར་དག་པ་ཡིན་ནོ་ཞེས་བྱའོ། །དེ་ལ་དམ་ཚིག་དང་སྡོ མ་པ་སོ་སོར་ཕྱེ་སྟེ་གསུངས་པ། ཡང་ཅིའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྩ་བ་བཞི་པོའི་སྡོམ་པ་འདི་དག་གསུངས་ཞེ་ན། དེ་ནི་འཛམ་བུའི་གླིང་འདིར་རྒྱལ་པོ་མང་པོས་མངའ་བསྐུར་བ་ཚུན་ཆོད་དུ། དང་པོར་མ་བྱིན་པ་ལེན་པས་འགོ་བརྩམས་ནས། མི་དགེ་བ་བཅུ་ཚང་ཞིང་རྫོགས་པར་འབྱུང་ངོ་། །དེ་ལྟ་བུའི་བསྐལ་པའི་སྙིགས་མ་འདིར་སངས་རྒྱས་ཤཱཀྱ་ཐུབ་པ་བྱུང་སྟེ། འདུལ་བར་དཀའ་བའི་སེམས་ཅན་རྣམས་འདུལ་བར་མཛད་ཅིང་། དེ་དག་བྱང་ཆུབ་ཆེན་པོའི་གནས་སུ་འཇོག་པར་མཛད་དོ། །རྩ་བ་བཞིའི་སྡོམ་པའི་དང་པོ་མ་བྱིན་པར་ལེན་པ་འབྱུང་ཡང་། རང་གི་རིགས་སྲོག་གཅོད་པ་བྱུང་བ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཡང་། སོ་སོའི་སྐྱེ་བོ་བསམ་པ་དང་། སྦྱོར་བ་དང་། དངོས་གཞི་དང་། མཇུག་དང་བཅས་པས་སྲོག་གཅོད་པ་དེ་དག་ཀྱང་། བསྟན་བཅོས་དང་མདོ་སྡེ་དག་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱིས་སྲོག་གཅོད་པར་བྱེད་དོ། །ཞེས་གསུངས་སོ། །འཕགས་པ་ཉན་ཐོས་ལ་སོགས་པས་ནི། དེ་ལྟར་སྲོག་གཅོད་པ་དང་། དེའི་རྣམ་པར་སྨིན་པ་ལ་ཤིན་ཏུ་སྐྲག་ཅིང་སྔངས་ནས་སྲོག་གཅོད་པ་སྤངས་པར་བྱེད་དོ། །མ་ཧཱ་ཡོ་གའི་གསང་བ་ལས་ནི་སྲོག་གཅོད་པར་འདོད་དེ། དེ་ཡང་ཡུལ་གང་ཞེ་ན། གསུངས་པ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་སྲོག་ཀྱང་གཅོད་པར་བྱ། །ཞེས་དཔལ་གསང་བ་འདུས་པ་ལས་གསུངས་པ་ལྟར། བསྒྲུབ་བྱ་ལ་ཕུར་བུས་གདབ་པ་དང་། གདུག་པའི་ལས་མང་པོ་བྱ་བར་གསུངས་སོ། །ཤིན་ཏུ་རྣལ་འབྱོར་མཉམ་པའི་ངང་འདི་ལས་ནི། དོན་དམ་པར་གཅད་པར་བྱ་བའི་སྲོག་ཀྱང་མེད་ལ། གཅོད་པར་བྱེད་པའི་སྐྱེས་བུ་ཡང་མེད་དེ། སྲོག་མེད་སྲོག་ཀྱང་བཅད་དུ་མེད། །ཅེས་བྱའོ། །དེ་ལྟར་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་པ། ཡང་དག་པར་སོ་སོར་རྟོག་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་སྐུར་ཡང་མི་ལྟ་ན། གཟུགས་ཀྱི་སྐུར་ལྟ་ཅི་སྨོས། ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་རྟོག་ན། བཤད་པའི་ཆོས་སུ་ལྟ་ཅི་སྨོས། དགེ་འདུན་ལ་འདུས་མ་བྱས་སུ་ཡང་མི་རྟོག་ན། མང་པོའི་ཚོགས་སུ་ལྟ་ག་ལ་འདོད་དེ་གཅད་པར་བྱ་བའི་སྲོག་ཀྱང་མེད་ལ། གཅོད་པར་བྱེད་པའི་སྐྱེས་བུར་ལྟག་ལ་འདོད་དེ། སྲོག་དང་སྐྱེས་བུ་གཉི་ག་ལ་ཡང་། ཕྱིན་ཅི་ལོག་གིས་ལོག་པར་རྟོག་པ་ཙམ་ཞེས་བྱའོ། །འོ་ན་དེ་ལྟར་ལོག་པར་རྟོག་པ་ཁོ་ན་ཙམ་ཡིན་པས། བཅད་ཀྱང་འགལ་བ་མེད་པ་ཞིག་ཡིན་ནམ་ཞེ་ན། མ་ཡིན་ཏེ། བཅད་དུ་མེད་ཅེས་པའི་སྒྲས། ཡེ་ནས་མ་གཅོད་ཅིག་ཅེས་ཏེ། དེ་ལྟར་གཅད་པར་མི་བྱ་བའི་ཕྱིར། དེ་བཱི་མ་ཧཱ་ཛྭ་ལའི་ཏནྟྲ་ལས་ཀྱང་། དགེ་བ་འདོད་ཅིང་སྡིག་པ་རྣམ་བྱེད་པ་དང་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ། །འོ་ན་སྲོག་དང་ལྡན་པའི་འགྲོ་བ་རིགས་དྲུག་པོ་མངོན་སུམ་པར་ངོ་བོར་སྣང་བ་དང་འགལ་ལོ། །ཞེས་པའ ི་ལན་དུ། ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །ཞེས་བྱ་བ་གསུངས་ཏེ། དོན་དམ་པར་ནི་ཡོད་པར་ཡང་མ་ཡིན། མེད་པར་ཡང་མ་ཡིན་ཏེ། དེ་གཉིས་ཀྱི་དབུ་མ་ཙམ་དུ་ཡང་མི་དམིགས་ཏེ། ནམ་མཁའི་དབྱིངས་བཞིན་དུ་ཐ་སྙད་ཀྱི་སྤྲོས་པ་ཐམས་ཅད་བྲལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་སྣང་བ་ཡིན་ལ། ཡང་དག་པའི་ཀུན་རྫོབ་ཏུ་སྒྱུ་མ་ལྟར་དངོས་པོར་སྣང་ཡང་དངོས་པོ་མེད་ལ། མིག་ཡོར་ལྟར་སྤྲུལ་པ་ཉིད་དངོས་པོ་ལྟ་བུར་སྣང་ངོ་། །ལྟ་བུའི་ཚུལ་ཞེས་པ་ནི། ཅི་ལྟར་སྒྱུ་མ་དང་མིག་ཡོར་དངོས་པོར་མ་གྲུབ་ཅིང་འཁྲུལ་བར་སྣང་བ་ལྟར། དངོས་པོ་ཅན་གྱི་ཆོས་ཐམས་ཅད་ཀྱང་སྒྱུ་མ་དང་མིག་ཡོར་ལྟ་བུའི་ཚུལ་དུ་དངོས་པོ་དང་འཁྲུལ་པར་སྣང་ངོ་ཞེས་བྱའོ། །དེ་ལྟ་བས་ཐ་སྙད་དུ་བཏགས་པའི་སྲོག་མེད་པའི་ཕྱིར། སྲོག་མེད་ཅེས་བྱའོ། །དེ་ལྟར་སྲོག་མེད་པས་སྲོག་གཅོད་པ་མེད་དེ་ཐ་སྙད་དུ་བཏགས་པའི་ནམ་མཁའི་མཚན་མ་མེད་པས། ནམ་མཁའ་གཟུང་དུ་མེད་པ་དེ་ལྟར་དངོས་པོ་གཅིག་མེད་པས་མ་གྲུབ་པ་ལ། དབུ་མ་བཞིན་དུ་དངོས་པོ་ཐམས་ཅད་མི་འགྲུབ་སྟེ། གཅོད་པར་བྱེད་པའི་སྐྱེས་བུ་ཡང་མེད་པས་ན། གཞན་གྱིས་རྩོལ་བ་དང་བྲལ་བས་གཅད་དུ་མེད་ཅེས་བྱའོ། །དེ་དག་གི་དོན་ནི་འདི་ལྟར་གསུངས་ཏེ། ཆོས་ཐམས་ཅད་དོན་དམ་པར་དབུ་མ་ཡང་དམིགས་སུ་མེད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཚུལ་མཐུན་པ་ལ་ཀུན་རྫོབ་ཏུ་ནི་དབུ་མ་སྟོང་པ་ཉིད་བདུན་ཅུ་པ་ལས་སྒྱུ་མའི་དཔེ་བརྒྱད་གསུངས་པ་ལྟ་བུའོ། །ཞེས་གསུངས་པ་ཡིན་ནོ། །ད་ནི་མ་བྱིན་པ་ལེན་པ་རྣམ་པར་དག་པ་བསྟན་ཏེ། དེ་ཡང་སོ་སོའི་སྐྱེ་བོས་མ་བྱིན་པར་ལེན་པ་དང་། ཉན་ཐོས་ཀྱིས་དེ་ལ་སྐྲག་པ་དང་། མ་ཧཱ་ཡོ་གའི་གསང་བས་ནི་མ་བྱིན་པར་ལེན་པ་ཡང་དག་པའི་ཀུན་རྫོབ་ཀྱི་སྒོ་ནས་ཡོད་པར་འདོད་དོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། གཏི་མུག་གི་རིགས་ཀྱི་རྣལ་འབྱོར་པས། ཕྱུག་པོ་སེར་སྣ་ཅན་དང་། བདག་དང་དམ་རྫས་གསུམ་གཏི་མུག་གི་རིགས་སུ་བདག་དང་གཞན་དབྱེར་མེད་པར་བསྒོམས་ནས་བླངས་ལ། ལྷ་ལ་དབུལ་བ་དང་། མི་ལས་འཕོངས་པ་རྣམས་ལ་སྦྱིན་པ་དང་། འཕགས་པ་ལ་མཆོད་དོ་ཞེས་གསུངས་སོ། །ཤིན་ཏུ་རྣལ་འབྱོར་ཆེན་པོའི་ཚུལ་འདི་ལས་ནི། གཞན་ཞེས་བྱ་བའི་ཕ་རོལ་པོར་བཏགས་པ་སྟེ། ནོར་གྱི་བདག་པོ་དང་། མ་བྱིན་པའི་ནོར་དང་། དེ་མ་བྱིན་པར་བླང་བས་བླངས་པའི་ནོར་ཁྱེར་མཁན་གསུམ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་མེད་ཅེས་བྱ་ཞེ་ན། བདེན་པ་གཉིས་ཀ་དབྱེར་མེད་པས། །ཞེས་བྱ་བ་གསུངས་ཏེ། དོན་དམ་པའི་བདེན་པ་ལས་ནི། བདག་དང་གཞན་ཆོས་ཉིད་བྱང་ཆུབ་སེམས་སྟོང་པ་ཆེན་པོའི་ངོ་བོ་ཉིད་གཟུང་བ་དང་འཛིན་པའི་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་དངོས་པོ་དང་མཚན་མ་ཐམས་ཅད་སྤངས་ཏེ། ནམ་མཁའི་དབྱིངས་བཞིན་དུ་དབྱེར་མེད་པ་ཡིན་པས། ཀུན་རྫོབ་ཀྱི་བདེན་པ་ལ་དགོངས་པའི་དུས་ན་ནི། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་བ་དང་མེ་ལོང་གི་གཟུགས་བརྙན་བཞིན་དུ། བདག་དང་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབྱེར་མེད་པ་ཡིན་ནོ་ཞེས་བྱ་སྟེ། དེ་ལྟར་བདེན་པ་གཉིས་བསྟན་པའི་མདོ་ལས་ཀྱང་གསུངས་པ། ཀུན་རྫོབ་ཏུ་ནི་ཆུ་ཟླ་ལྟར། རྒྱུ་འབྲས་ཆུད་མི་ཟ་བར་སྣང་། དོན་དམ་པར་ནི་འདི་ལྟ་སྟེ། གཞན་ལས་ཤེས་མིན་ཞི་བ་དང་། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པར། །རྣམ་རྟོག་མེད་དོན་ཐ་དད་མིན། །འདི་ནི་དོན་དམ་མཚན་ཉིད་དེ། །ཀུན་རྫོབ་དང་ཡང་དབྱེར་མེད་དོ། །ཞེས་གསུངས་པས། དེ་ཉིད་ཀྱི་ཕྱིར་གཞན་ལས་བླངས་པ་མེད་པས། ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ན་གནས་པ་ཡིན་ཏེ། མ་ཧཱ་ཡོ་ག་ལྟར་གཞན་ནས་བླངས་པ་ཞེས་བྱ་བའི་ཚིག་དེ་དག་ཙམ་ཡང་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་དང་འགལ་ཏེ། ཐམས་ཅད་ཉིད་ཀྱི་དབྱིངས་ཞེས་བྱ་བ་སྟེ། དེ་ཉིད་སོར་གཞུག་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་དཔེ་བསྟན་པ། འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །ཞེས་བྱ་བ་གསུངས་ཏེ། འཕྲུལ་དགའི་ལྷའི་ལོངས་སྤྱོད་བདག་ཉིད་ལས་སྤྲུལ་ཞིང་ལོངས་སྤྱོད་པ་དང་འདྲ་བར། བདག་དང་སེམས་ཅན་ཐམས་ཅད་བདེན་པ་རྣམ་པ་གཉི་གར་དབྱེར་མེད་པའི་ཕྱིར་རོ། །ད་ནི་རྫུན་དུ་སྨྲ་བ་དེ་དག་རྣམ་པར་དག་པར་སྟོན་ཏེ། དེ་ཡང་སོ་སོའི་སྐྱེ་བོས་དངོས་སུ་བྱེད་པ་དེ་ལས། འཕགས་པ་ཉན་ཐོས་ཀྱིས་དེའི་རྣམ་པར་སྨིན་པ་ལ་སྐྲག་ནས། སྤོང་བར་བྱེད་ལ། མ་ཧཱ་ཡོ་ག་བས་ནི་རྫུན་དུ་སྨྲ་བ་ཡང་བྱེད་དེ། ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས། ལྷའི་སྔགས་ཀྱི་རྣམ་པ་དང་། ཕྲིན་ལས་ཀྱི་སྔགས་དང་། ཕྲེང་བའི་སྔགས་ལ་སོགས་པས། འཕགས་པའི་ཐུགས་དམ་བསྐུལ་བར་བྱེད་ལ། ཤིན་ཏུ་རྣལ་འབྱོར་ཆེན་པོ་བས། དོན་དམ་པར་ཆོས་རྣམས་སྒྱུ་མ་ལྟ་བུ་དང་། ཞེས་བྱ་བ་སྟེ། ལྟ་བུ་དང་ཞེས་པའི་སྒྲ་ནི། བྲག་ཆ་དང་། མིག་ཡོར་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟ་བུ་ཡིན་པ་ལས། ཀུན་རྫོབ་ཏུ་མ་ཧཱ་ཡོ་ག་མན་ཆད་ཀྱི་འདོད་གཞུང་གིས། མིང་དང་ཚིག་དང་ཐ་སྙད་དུ་བཏགས་པ་དེ་དག་ཉིད་རྫུན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པའི་བདེན་པ་དང་བྲལ་བའི་བརྫུན་ཉིད་ལ་ནི། ཁྱེད་བརྫུན་དང་འདྲ་བའི་སོ་སོའི་འདོད་གཞུང་། བརྫུན་དང་འདྲ་བ་ལ་སྤྱོད་ཀྱི་དམ་པར་བརྫུན་ཞེས་ཁྱེད་ཀྱིས་བཏགས་ལ། ཐ་སྙད་དུ་དེ་ཁོ་ན་ཉིད་ཀྱང་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ཇི་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་ལས་སྒྱུ་མའི་དཔེ་བརྒྱད་གསུངས་པ་ལྟ་བུའོ། །སོ་སོ་སྐྱེ་བོས་ནི་གོང་གི་ཚུལ་གྱིས་མི་ཚངས་པར་སྤྱོད་པར་བྱེད་ལ། འཕགས་པ་ཉན་ཐོས་ཀྱིས་ནི། མི་ཚངས་པར་སྤྱོད་པ་དང་དེའི་རྣམ་པར་སྨིན་པ་ལ་སྐྲག་ནས་སྤོང་བར་བྱེད་ལ། མ་ཧཱ་ཡོ་གའི་གསང་བ་པས་ནི། འདོད་ཆགས་ཀྱི་སེམས་ཅན་འདུལ་བར་བྱ་བའི་ཕྱིར་མ་ཆགས་པས་ཡུལ་སྟོང་པ་ཉིད་ལ་ཡེ་ཤེས་ཀྱི་ལྷ་མོར་བྱིན་གྱིས་བརླབས་ནས། ཆགས་པར་བྱེད་ལ། ཤིན་ཏུ་རྣལ་འབྱོར་ཆེན་པོའི་ཚུལ་གྱིས་ནི། དེ་ལྟར་ཆགས་པ་ཉིད་དང་པོར་སྐྱེས་པས་སྟོང་། བར་དུ་གནས་པས་སྟོང་། ཐ་མར་འཇིག་པས་སྟོང་སྟེ། དུས་གསུམ་གྱི་རང་བཞིན་མེད་པ་ཡིན་ཏེ། དེའི་ཆོས་ཉིད་ཀྱང་དཔྱད་དཀའ་སྟེ། བུ་མོ་དག་བརྟེན་བྱ་འདྲ་ལ། དང་པོར་སྐྱེས་པ་དང་། བར་དུ་ཆགས་པ་དང་། ཐ་མར་འཇིག་པའི་ངོ་བོ་ཡང་དབྱེར་དཀའ་སྟེ། ནམ་མཁའ་ལྟ་བུའི་ངོ་བོ་བས་རི་མོ་ལྟ་བུའོ། །དེ་ལྟར་དུས་གསུམ་གྱིས་སྟོང་པའི་རང་བཞིན་དེ་ནི་ཆགས་པ་མེད་པའོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་ཤེས་པ། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཅིའི་ཕྱིར་ཞེ་ན། ཆགས་པ་ཉིད་ཆགས་པ་མེད་པའི་ངོ་བོ་སྟོང་པ་ཉིད་ལ་ཆགས་པའི་ཕྱིར་ཤིན་ཏུ་ཆགས་པ་ཆེན་པོ་ཡིན་ཞེས་བྱའོ། །དེ་ལྟར་སྡོམ་པ་རྣམ་པར་དག་པར་བྱ་བའི་ཕྱིར་ངོ་བོ་གསུངས་ནས། དེ་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་གིས་དང་པོར་རྩ་བའི་དམ་ཚིག་ལྔ་གསུངས་པ། གང་ཞེ་ན། བླ་མེད་མི་སྤངས་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་པའི་དམ་ཚིག་མཆོག །ཅེས་གསུངས་ཏེ། དེ་ལ་བླ་ན་མེད་པ་མི་སྤངས་པ་ནི་འཕགས་པའི་དཀྱིལ་འཁོར་ཏེ། དེ་ལྟར་ཡང་གསུངས་པ། གསང་བའི་སྙིང་པོའི་དོན་གྱི་ནི། ཡི་དམ་མི་སྤང་རྟོགས་བསྒོམ་ཞིང་། །རྟག་ཏུ་དཀྱིལ་འཁོར་བཞི་ལ་གནས། །ལྷ་སྤངས་ཚངས་སྤྱོད་དོན་མེད་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་ཏེ། དེ་ནི་གོ་སླའོ། །བླ་མ་བཀུར་བ་ནི་རྡོ་རྗེ་སློབ་དཔོན་ཡིན་ཏེ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ཡང་གསུངས་པ། རྡོ་རྗེ་སློབ་དཔོན་སྨད་མི་བྱ། །བྱང་ཆུབ་སྟོན་པ་དྲང་པ་པོ། །ལོང་བའི་དམིགས་བུ་ལམ་འདྲེན་དང་། །ཉོན་མོངས་སྡུག་བསྔལ་མཚོ་སྐེམས་ཡིན། །ཞེས་གསུངས་སོ། །སློབ་དཔོན་སྨད་པའི་ཉེས་དམིགས་བསྟན་པའི་ཕྱིར་ཡང་གསུངས་པ། གང་ཞིག་སློབ་དཔོན་སྨོད་བྱེད་པ། དཔེར་ན་མུན་ཁང་སྒྲོན་བསད་པས། །མཐོང་བའི་དོན་མི་རྟོགས་པ་བཞིན། །སྡུག་བསྔལ་ཉམ་ཐག་ཡུན་རིང་དུ། །བསྐལ་པ་མང་པོ་མྱོང་བར་འགྱུར། །དེ་བས་གུས་པ་རྟག་ཏུ་བྱ། །ཞེས་གསུངས་སོ། །འཇིག་རྟེན་པའི་ཕྱིར་ཡང་གསུངས་པ། །ཡུལ་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཅེས་ཤིང་གཙོ་བོར་བླང་། །དྲིན་གྱིས་བསྐྱང་བའི་ཕ་མ་བས། །ཤིན་ཏུ་ལྷག་པའི་རིམ་གྲོ་བྱའོ། །ཞེས་གསུངས་སོ། །གསུངས་པ། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི་སྔགས་ནི་ཡིག་འབྲུ་བཟླས་པ་དང་སྙིང་པོ་ལ་སོགས་པའོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་བཞི་ལ་གནས་པའོ། །རྒྱུན་ནི་བར་མཚམས་མེད་པའི་རྣམ་པ་ལ་ཤེས་པར་བྱ་སྟེ། དཔེར་ན་འཛམ་བུའི་གླིང་གི་སེམས་ཅན་འཁོར་བའི་རྒྱུན་ནམ། ཆུ་བོ་ཐམས་ཅད་མཚོ་ཆེན་པོ་མ་དྲོས་ནས་བྱུང་ནས་སླར་ཡང་མ་དྲོས་ལ་སྙེག་པ་དང་འདྲ་བར། ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཡང་། མི་གནས་པའི་མྱ་ངན་ལས་འདས་པའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་རྒྱུན་མི་བཅད་པར་བྱ་སྟེ། དེ་ལྟར་ཡང་གསུངས་པ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །སྔག་ས ཞེས་རབ་ཏུ་བསྒྲགས་པ་ནི། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །མཉམ་པའི་དཀྱིལ་འཁོར་ཆེན་པོ་རུ། །སྐུ་གསུང་ཐུགས་ཀྱི་ཡི་གེ་ༀ། དེ་ལ་སོགས་ཏེ་བཞི་བཅུ་གཉིས། །རྟག་ཏུ་བཟླས་ཤིང་སྤྲོ་བར་བྱ། །ཞེས་གསུངས་སོ། །ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་བཞིའི་མཚན་ཉིད་དེ། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བདག་དང་དབྱེར་མེད་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུན་ཞེས་བྱ་བ་ནི། བར་མཚམས་མེད་པའི་རྣམ་པ་ལ་བྱ་སྟེ། དེ་ལྟར་སྔགས་དང་ཕྱག་རྒྱ་རྒྱུན་བཅད་པའི་སྐྱོན་ཡང་། གལ་ཏེ་བར་ཆད་བརྩོན་མེད་ན། དཔེར་ན་ས་བོན་ཚིག་པ་ལས། །འབྲས་བུ་འདོད་པ་དང་འདྲའོ། །བསྒྲུབ་པའི་འབྲས་བུ་མེད་འགྱུར་ནས། །མི་ཁོམ་གནས་སུ་གནས་པར་འགྱུར། །ཞེས་གསུངས་སོ། །བཞི་པ་ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ་ནི། ཐེག་པ་ཆེན་པོའ་ིཆོས་ལ་སྤྱོད་པ་སྟེ། འདི་དག་གཞན་དུ་སངས་རྒྱས་ཀྱི་ཞིང་དུ་ཐབས་ཅིག་པ་སྟེ། དེ་ལྟར་ཡང་གསུངས་པ་རྡོ་རྗེ་མཆེད་དང་ལྕམ་དྲལ་ནི། བླ་མེད་བྱང་ཆུབ་བགྲོད་པའི་སྤུན། །ཆོས་ཉིད་ཅིག་པའི་སྨོན་ལམ་མཐུས། །བྱང་ཆུབ་རིག་འཛིན་སར་ངེས་པས། །དེ་ལས་ལྡོག་ཅིང་འཁུ་བ་ནི། །རང་སྲོག་ཚེ་རབས་ལྔ་བརྒྱའི་བར། །རང་གིས་གཅོད་ཅིང་ཕུང་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྔ་པ་གསང་བའི་མན་ངག་གཞན་ལ་མི་སྒྲོགས་པ་ནི། ལྟ་བ་དང་སྤྱོད་པ་རྒྱ་ཆེ་བའི་བདག་ཉིད་ནི། ཅིའི་ཕྱིར་མི་སྨྲ་ཞེས་པ་དང་ཕྱིའི་ཐར་པར་གྱུར་པ་ཉན་ཐོས་དང་། སོ་སོའི་སྐྱེ་བོ་ལའོ། །དེ་ལྟར་དཔལ་དེ་ཉིད་འདུས་པ་ལས་ཀྱང་། ལྟ་བ་ངན་ཅིང་ཆགས་བྲལ་ལ། །གསང་བ་འདི་ནི་མི་རིགས་སོ། །ཞེས་གསུངས་སོ། །ཡང་ཕྱིར་ཞེས་པ་ཅིའི་ཕྱིར་ཡང་སྨྲ་བར་མི་བྱ་བ་སྟེ། ཕ་དང་མ་དང་སྲོག་གི་ངོར་ཡང་སྣོད་དུ་མ་གྱུར་པ་ལ་བཤད་པར་མི་བྱའོ། །དེ་ལྟར་ཡང་གསུངས་པ། མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །ཞེས་བྱ་བ་ལ་སོགས་པ་རྒྱུད་ཕྱི་མ་ལས་རྒྱས་པར་གསུངས་སོ། །དེ་ལྟ་བུ་འདི་དག་ནི་སྲོག་དང་འདྲ་བའི་ཕྱིར། རྩ་བའི་དམ་ཚིག་ལྔ་ཡིན་ཏེ། ལུས་ངག་ཡིད་གསུམ་གྱིས་སྲོག་དང་འདྲ་བར་བསྲུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྒྲུབ་པ་ཡིན་ནོ་ཞེས་བྱའོ། །དེ་ལྟར་རྩ་བའི་དམ་ཚིག་གསུངས་ནས། ཡན་ལག་གི་དམ་ཚིག་མི་སྤང་བ་ལྔ་དང་། དང་དུ་བླང་བ་ལྔ་སྟེ་བཅུ་པོ་ཉོན་མོངས་པ་ལྔ་དང་། བདུད་རྩི་ལྔར་གསུངས་པ། གཏི་མུག་འདོད་ཆགས་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པས་སྣོད་ཆུ་མི་དོར་རོ། །ཞེས་བྱ་བ་གསུངས་ཏེ། དེ་ལྟར་ཡན་ལག་བཅུའི་དམ་ཚིག་འདི་དག་རྣལ་འབྱོར་པ་ཡེ་ནས་སེམས་ཆོས་ཉིད་དུ་རང་དབང་སྒྱུར་བས། དག་པ་རྣམ་པ་གསུམ་དང་། མཉམ་པ་ལྔ་དང་། རྟོགས་པ་བཞིའི་ངོ་བོ་དང་ལྡན་པ་དེས། སྤྱོད་དོ་ཞེས་བྱའོ། །དེ་ཡང་མ་ཧཱ་ཡོ་གའི་རྣལ་འབྱོར་པ་ལྟར། བྱིན་གྱིས་བརླབ་པར་མི་བྱ་བ་ཅིའི་ཕྱིར་ཞེ་ན། གདོད་ནས་རྣམ་པར་དག་པའི་ཆོས་ཉིད་ཅན་ཡིན་པས། བདུད་རྩི་ཞེས་བྱ་སྟེ། གདོད་ནས་དག་པའི་ངོ་བོ་ཉིད་ཀྱིས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་ནད་ཐམས་ཅད་སེལ་བའི་ཕྱིར། བདུད་རྩི་ཞེས་བྱའོ། །དེ་ཡང་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་གནས་སྐབས་སུ་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་དབྱེར་མེད་པས་ན། བསྔོ་ཞིང་མཆོད་དུ་མེད་བཞིན་དུ་ཡང་། རྣལ་འབྱོར་པས་བསོད་ནམས་ཀྱི་ཚོགས་བསགས་ཅིང་སྒྲིབ་པ་སྦྱང་བའི་ཕྱིར། བྱིན་གྱིས་བརླབ་ཅིང་དབུལ་བར་བྱའོ། །དེ་ལ་ཡང་དག་པ་རྣམ་པ་བཞི་ནི། བདུད་རྩི་རྣམ་པ་ལྔའི་གཉེན་པོར་གསུངས་ལ། མཉམ་པ་ལྔ་དང་རྟོགས་པ་བཞི་ནི། ཡན་ལག་བཅུའི་དབང་དུ་སྤྱིར་གསུངས་པ་ཡིན་ནོ། །དག་པ་བཞི་གང་ཞེ་ན། རྒྱུ་ཉིད་རང་གི་སེམས་ཡིན་པས་འབྱུང་བ་ཆེན་པོ་རྒྱུ་ཡིས་དག་པ་དང་། འབྲས་བུ་ཡོངས་སུ་དག་པ་ནི་རུས་པ་བྱང་ཆུབ་ཀྱི་སེམས་ཡིན་པས་དག་པ་དང་། ཤ་ནི་པདྨ་རཀྟ་ཡིན་ལ། དྲི་ཆེན་དག་པའི་སྣོད་ཀྱི་ཆུ་ནི་སོ་སོའི་ལུས་ལ་གནས་པ་དག་གོ། །གལ་ཏེ་དེ་དག་ཀྱང་མ་དག་ན། རང་གི་ལ་ཡང་ཆགས་པར་མི་བྱ་སྟེ། དེ་ལྟ་བས་ན་དེ་དག་ཀྱང་དོན་དམ་པར་དམིགས་སུ་མེད་པས་ཀུན་རྫོབ་ཏུ་ནི་འཁྲུལ་པས་སྒྱུ་མའི་རང་བཞིན་ཙམ་དུ་གནས་པས་དག་གོ། །མཉམ་པ་རྣམ་པ་ལྔ་ལྷའི་ངོ་བོར་གནས་ཏེ། དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་དང་། ཀུན་རྫོབ་སྒྱུ་མར་མཉམ་པ་དང་། དོན་དམ་པ་དང་ཀུན་རྫོབ་དབྱེར་མེད་པས་མཉམ་པ་དང་། ཆེན་པོ་ལྔ་དེ་བཞིན་གཤེགས་པ་ལྔར་མཉམ་པ་དང་། རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔ་མཉམ་པའོ། །རྟོགས་པ་རྣམ་པ་བཞི་སྟེ། དེ་ཡང་ཡིག་འབྲུ་དང་རྣམ་པར་ཤེས་པ་གཉིས་ཁོ་ནའོ། །དེ་ལྟ་བུའི་རྩ་བ་དང་ཡན་ལག་གི་དམ་ཚིག་དེ་ཡང་སུའི་སྤྱོད་ཡུལ་ཡིན་ཞེ་ན། ཡེ་ནས་དག་པ་དང་མཉམ་པར་རྟོགས་པའི་ལྟ་བ་དང་ལྡན་པས་སྤྱད་ཅེས་བྱའོ། །དམ་ཚིག་ལས་འདས་པའི་སྐྱོན་བསྟན་པ་ཡང་། བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །ཞེས་བྱ་བ་གསུངས་ཏེ། བསྲུང་བའི་དམ་ཚིག་གསུམ་དང་། བསྒྲུབ་པའི་དམ་ཚིག་གཉིས་ཏེ་རྩ་བ་ལྔ་པོ་ཉམས་ན་ནི་ཤིང་ལྗོན་པ་རྩ་བ་ནས་བཅད་པ་བཞིན་དུ། སླན་ཆད་བྱང་ཆུབ་ཀྱི་རིགས་མེད་པར་འགྱུར་རོ། །ཞེས་བྱའོ། །ཡན་ལག་དམ་ཚིག་ལས་ཀྱང་འདའ་བར་དཀའ་སྟེ། འོག་ནས་དེ་ལས་སྐྱེས་གསུངས་སོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་དག་མ་ཧཱ་ཡོ་ག་ལ་ཁྱད་པར་དུ་བྱས་པ་བསྟན་ཏེ། ཅིའི་ཕྱིར་མ་ཧཱ་ཡོ་ག་ལས་ཁྱད་པར་དུ་བྱས་ཤེ་ན། དེ་དག་ནི་མ་ཧཱ་ཡོ་ག་ལས་ཀྱང་འབྱུང་བ་དེ་དག་ལས་སུ་བྱས་པ་ཡིན་ཏེ། དོན་དམ་པའི་ཀུན་རྫོབ་རང་བཞིན་རྫོགས་པ་ཆེན་པོའི་དམ་ཚིག་གོ། །ད་ནི་དོན་དམ་པའི་དོན་དམ་པ་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དེ་གང་ཡིན་པ་དེ་བསྟན་པའི་ཕྱིར། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། མཉམ་པ་ཆེན་པོའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་ངང་ལ། དེ་དག་དབྱེར་མེད་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པས། སྐྱེ་བ་མེད་པའི་ངང་སྟོང་པ་ཆེན་པོའི་དབྱིངས་སུ་སྦྱོར་བའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་ན། མཉམ་པ་ཆེན་པོའི་དོན་མཐར་ཕྱིན་ཅིང་རྫོགས་པའི་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། མཉམ་པ་ཆེན་པོའི་དོན་དེ་ལ་མ་འདས་ན། ད་ལྟ་ཉིད་ནས་ཆེ་བའི་ཡོན་ཏན་དབང་དུ་གྱུར་ཅིང་། ལྷུན་གྱིས་གྲུབ་པའི་སངས་རྒྱས་བཅོམ་ལྡན་འདས་དང་དབྱེར་མེད་པ་ཡིན་ལ། མཉམ་པ་ཆེན་པོའི་དམ་ཚིག་དེ་ལས་འདས་ན། སངས་རྒྱས་དང་དབྱེར་མེད་པ་མ་ཡིན་ནོ་ཞེས་བྱ་སྟེ་ཕྱི་མ་ནི་གོ་སླའོ། །རྩ་བ་དང་ཡན་ལག་གི་དམ་ཚིག་ལས་འདས་པའི་སྐྱོན་ཆེན་པོ་ནི་དེ་དང་འདྲའོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །ཞེས་བྱ་བ་གསུངས་ཏེ། གོང་དུ་གསུངས་པའི་དམ་ཚིག་འདི་རྣམས་ནི། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པའི་སྟོན་པ་རྡོ་རྗེ་འཛིན་པ་ཆེན་པོའི་ངོ་བོ་ཉིད་ཡིན་ནོ། །ཞེས་བྱའོ། །ཡང་གཉིས་སུ་ན་ནི། དམ་ཚིག་རྣམས་ནི་རྡོ་རྗེའི་འཛིན་པ་ཆེན་པོ་དཔལ་རྡོ་རྗེ་སེམམ་དཔའ་ལ་སོགས་ཏེ། ཕྱོགས་དུས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་ཡང་བདག་ཉིད་ཡིན་ནོ་ཞེས་བྱ་ན། དེ་ལྟ་ན་ནི་རྡོ་རྗེ་འཛིན་པ་ཉིད་ཀྱི་རྣམ་པར་ཡང་ཐལ་བར་འགྱུར་རོ། །འགྲོ་བའི་དོན་དུ་དམ་ཚིག་རྣམ་པར་དབྱེ་བའི་ངོ་བོར་བྱ་སྟེ། ཡང་གསུངས་པ། རྩ་བའི་དམ་ཚིག་ལྔ་ལ་ནི། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། ཡན་ལག་དམ་ཚིག་ལྔ་གཉིས་ལའང་། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེའོ། །ཞེས་བྱ་བ་གསུངས་ཏེ། རྩ་བའི་དམ་ཚིག་ལྔ་ནི། སངས་རྒྱས་ལ་དབྱེ་ན་རིགས་ལྔ། དེ་བཞིན་གཤེགས་པའི་རིགས་ལ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ། གསུང་ལ་གསུམ། ཐུགས་ལ་གསུམ། ཕྲིན་ལས་དང་ཡོན་ཏན་ལ་གསུམ་སྟེ་བཅོ་ལྔ། དམ་ཚིག་གི་ཡུལ་ལྔ་སྟེ་ཉི་ཤུ་ཐམ་པ་སྟེ། དེ་ནི་གཅིག་ལའང་གཉིས་དང་ཞེས་བྱ་སྟེ། སཾ་སྐྲྀ་ཏའི་སྐད་ཀྱིས་ན་ཉི་ཤུའོ། །སློབ་དཔོན་ཁ་ཅིག །སྔགས་ལ་གཉིས་སུ་དབྱེའོ། །ཕྱག་རྒྱ་ལ་བཞི། ཐེག་པ་ཆེན་པོའི་མཆེད་ལ་བཞི། གསང་པའི་མན་ངག་གཞན་ལ་མི་སྤེལ་བ་ལ་གཉིས་ཏེ། དེ་ལྟར་སྤྱིར་བསྡོམས་ན་ནི། བཅུ་ཕྲག་གསུམ་ཞེས་བྱ་སྟེ་སུམ་ཅུའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་སྐུའི་དམ་ཚིག་ནི་གང་ཞེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་དུ་བསྟན་པ་སྟེ། སྐུའི་ངོ་བོར་བསྟན་པ་རྟག་པ་ཆེན་པོར་གནས་པའོ། །སྐུའི་གསུང་གི་དམ་ཚིག་ནི། ཡབ་ཡུམ་གྱི་རིགས་སྔགས་དང་གསང་སྔགས་སོ། །ཐུགས་ཀྱི་དམ་ཚིག་ནི། རིག་སྔགས་དང་གསང་སྔགས་ལས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས། གཏི་མུག་ལ་གནས་པའི་སེམས་ཅན་རྣམ་པར་སྦྱངས་ནས། མེ་ལོང་ལྟ་བུའི་ཡེ་ཤེས་སུ་གཉིས་སུ་མེད་པར་བྱེད་པ་ནི། སྐུའི་ཐུགས་ཀྱི་དམ་ཚིག་གོ། །སྣང་བ་མཐའ་ཡས་ཀྱི་སྐུའི་དམ་ཚིག་ནི། འདོད་ཆགས་ལ་གནས་པའི་སེམས་ཅན་ཐམས་ཅད་འདུལ་བའི་དོན་དུ་ཤིན་ཏུ་ཆགས་ཚུལ་དམར་པོར་བསྟན་པའོ། །གསུང་གི་དམ་ཚིག་ནི་ཡབ་ཡུམ་གྱི་རིག་སྔགས་དང་གསང་སྔགས་སོ། །ཐུགས་ཀྱི་དམ་ཚིག་ནི་དེའི་རིགས་སྔགས་དང་། གསང་སྔགས་ལས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱིས། འདོད་ཆགས་ལ་གནས་པའི་སེམས་ཅན་རྣམས་སྦྱངས་ནས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སུ་གཉིས་སུ་མེད་པར་བྱས་པའོ། །མི་བསྐྱོོད་པ་ཐུགས་ཀྱི་སྐུའི་དམ་ཚིག་ནི། ཞེ་སྡང་ལ་གནས་པའི་སེམས་ཅན་འདུལ་བའི་དོན་དུ་ཞེ་སྡང་གི་སྐུ་མཐིང་ནག་ཏུ་བསྟན་པའོ། །ཐུགས་ཀྱི་གསུང་གི་དམ་ཚིག་ནི། ཡབ་ཡུམ་གྱི་རིག་སྔགས་དང་གསང་སྔགས་སོ། །ཐུགས་ཀྱི་དམ་ཚིག་ནི། དེའི་རིགས་སྔགས་དང་གསང་སྔགས་ལས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱིས། ཞེ་སྡང་ལ་གནས་པའི་སེམས་ཅན་གྱི་ཞེ་ལྡང་རྣམ་པར་སྦྱངས་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གཉིས་སུ་མེད་པར་བྱས་པའོ། །རིན་ཆེན་འབྱུང་ལྡན་ཡོན་ཏན་གྱི་སྐུའི་དམ་ཚིག་ནི། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་རྟགས་སུ། ཡོན་ཏན་གྱི་སྐུ་མདོག་ནོར་གྱིས་རྒྱས་པའི་སེར་པོར་བསྟན་པའོ། །ཡོན་ཏན་གྱི་གསུང་གི་དམ་ཚིག་ནི། ཡབ་ཡུམ་གྱི་རིག་སྔགས་དང་གསང་སྔགས་སོ། །ཡོན་ཏན་གྱི་ཐུགས་ཀྱི་དམ་ཚིག་ནི། དེར་མ་ཟད་རིག་སྔག་དང་གསང་སྔགས་ལས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱིན་ཅི་ལོག་གི་ང་རྒྱལ་རྣམ་པར་སྦྱངས་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གཉིས་སུ་མེད་པར་བྱས་སོ། །དོན་ཡོད་གྲུབ་པའི་སྐུའི་དམ་ཚིག་ནི། འགྲོ་བ་སྣ་ཚོགས་པའི་དོན་ཐབས་སྣ་ཚོགས་པར་མཛད་པས་ན། སྐུ་མདོག་ཀུན་ཏུ་སྣ་ཚོགས་སུ་བསྟན་ལ། ཕྲིན་ལས་ཀྱི་གསུང་གི་དམ་ཚིག་ནི། ཡབ་ཡུམ་གྱི་རིག་སྔགས་དང་གསང་སྔགས་སོ། །དོན་ཡོད་གྲུབ་པའི་ཐུགས་ཀྱི་དམ་ཚིག་ནི། ཡབ་ཡུམ་གྱི་རིག་སྔགས་དང་གསང་སྔགས་ལས། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལྷག་པའི་བྱང་ཆུབ་སེམས་ཀྱིས། ཕྱིན་ཅི་ལོག་གི་ཕྲག་དོག་ལ་གནས་པའི་སེམས་ཅན་རྣམ་པར་སྦྱངས་ནས། ཡང་དག་པའི་ཕྲག་དོག་དང་ལྡན་པར་བྱས་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་གཉིས་སུ་མེད་པར་བྱས་སོ། །དེ་ལྟར་བཅོ་ལྔ་ལ་ཡུམ་ལྔ་བསྣན་པས་ཉི་ཤུ་ཐམ་པ་ནི་བླ་མེད་མི་སྤོང་བའོ། །ཡན་ལག་དམ་ཚིག་ལྔ་གཉིས་ལའང་། གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་བྱ་བ་ནི། དེ་ལའང་ལྔ་ལྔ་པོ་གཉིས་ཀྱི་གཅིག་ནི་ཉོན་མོངས་པ་ལྟ་སྟེ། དེ་ལའང་ཀུན་ནས་ཉོན་མོངས་པའི་རང་དང་སྤྱིའི་མཚན་ཉིད་གཉིས་ཏེ། བཞི་ལྔ་ཉི་ཤུ་ཐམ་པ་ལ་ནི་བཅུ་ཕྲག་གཉིས་ཤེས་བྱའོ། །དེ་ལ་རྒོལ་ཏེ་ཀུན་ནས་ཉོན་མོངས་པའི་རང་རང་སྤྱིའི་མཚན་ཉིད་སྨོས་པ་ཅིའི་ཕྱིར་ན། དེ་ནི་གོལ་ས་ཤེས་པའི་ཕྱིར་ཏེ། དཔེར་ན་དུག་གི་རིགས་ཤེས་ན་དུག་གིས་མི་ཚུགས་པ་བཞིན་དུ་སྣང་ངོ་། །ཧ་ལ་ཧ་ལའི་དུག་རྣམས་ཀྱང་། །བསྒྲུབས་ན་ར་ས་ཡ་ནའི་སྨན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཡན་ལག་གི་དམ་ཚིག་དང་པོ་ནང་འཛིན་པའི་སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར། ཡང་གསུངས་པ། གཏི་མུག་ཅེས་སུ་བརྗོད་པ་ཡང་། །མ་རིག་ཚིག་གི་རྣམ་གྲངས་ཏེ། །གཉིས་མེད་དོན་གཅིག་ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་ཆོས་དབྱིངས་ཀྱི་ངོ་བོ་ལ་ཤེས་པར་བྱའོ། །དེ་ལ་ཀུན་ནས་ཉོན་མོངས་པའི་གཏི་མུག་གི་མཚན་ཉིད་དེ་གང་ཞེ་ན། གཏི་མུག་རང་གི་མཚན་ཉིད་ནི། །ཆོས་དང་བདག་རྟོག་དངོས་པོ་རྣམས། །ངོ་བོ་མེད་པ་ལ་སོགས་བརྟགས། །རྟོག་པ་སྒྱུ་མ་ཀློང་གྱུར་ཏེ། །ལོག་རྟོག་སྤྲོས་པའི་རྒྱུན་ཡིན་ལ། །ཞེས་བྱ་བ་གསུངས་ཏེ། ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པའི་བརྟགས་པའི་སྒྱུ་མའི་ཀློང་དུ་གྱུར་པ་ཡིན་ནོ། །ཞེས་བྱའོ། །ཡང་ལྡེམ་པོའི་དབང་དུ་མ་ཧཱ་ཡོ་གའི་ཕྱོགས་བཟུང་བས་ནི། ཕུང་པོ་ལ་སོགས་པའི་ཆོས་ཙམ་དུ་དགེ་སྡིག་གི་ངོ་བོར་ཡོད་པ་དང་། བདག་ཏུ་འཛིན་པའི་སེམས་ཀྱང་དེ་ཉིད་རྣམ་པར་དག་པའི་ངོ་བོ་ཡེ་ཤེས་སེམས་དཔའ་དང་། ཕྱིའི་ཡུལ་གྱི་དངོས་པོ་མེད་དེ། དེ་ཉིད་རྣམ་པར་དག་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཡོད་པ་དེ་དག །རྟོག་པའི་སྒྱུ་མའི་ཀློང་དུ་གྱུར་པའི་ལོག་རྟོག་སྤྲོས་པའི་རྒྱུན་རྣམ་པར་དག་པ་ཡིན་ལ། ཕྱོགས་དེ་གཉིས་ཀ་ཡང་རྣམ་པར་བྱང་བའི་གཏི་མུག་སྤྱིའི་མཚན་ཉིད་དུ་རྣམ་པར་དག་པས། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཆོས་ཉིད་ཀྱི་མིག་ཅན་ཡིན་ཞེས་བྱའོ། །ཀུན་ནས་ཉོན་མོངས་པའི་གཏི་མུག་གི་སྤྱིའ་ིམཚན་ཉིད་བརྗོད་པ་ནི། མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཅེས་བྱ་བ་གསུངས་ཏེ། འདུས་བྱས་ཀྱི་ཕུང་པོ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང ། བདག་མེད་པ་ཡིན་ནོ། །ཡང་ལྡེམ་པོའི་དབང་དུ་ན། མ་ཧཱ་ཡོ་གའི་ཕྱོགས་བཟུང་བ་ཡིན་ནོ། །སེམས་ཀྱི་བརྟག་པ་སྐད་ཅིག་མའི་རྒྱུན་གྱི་རིམ་པའི་གཉེན་པོར། ཡེ་ཤེས་མི་རྟོག་པའི་སྐད་ཅིག་མའི་རིམ་པ་གནས་པ། རྡོ་རྗེ་ཆོ་ག་དང་། སྔགས་དང་ཡོ་བྱད་ལ་སོགས་པའོ། །ལུས་ངག་ཡིད་གསུམ་འདུ་བྱེད་ཀྱི་ཕུང་པོ་དང་ལྡན་པའི་གཉེན་པོར། ཡེ་ཤེས་ཀྱི་འདུ་བྱེད་ཀྱིས། སྡུག་བསྔལ་ཅན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་ཡིག་འབྲུའི་འཕྲོ་འདུ་ལ་སོགས་ཏེ། དཔལ་འདུས་པའི་རྒྱུད་ལས་ཀྱང་རིགས་ཀྱི་བུ་སྡུག་བསྔལ་གསུམ་ལ་བསྒོམ་ཞིག །ཅེས་བྱ་བ་གསུངས་ཏེ། ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན་དང་འགལ་ལོ། །ཞེས་བྱ་བའི་ཕྱིར་རོ། །སྟོང་པ་དང་བདག་མེད་པ་གཉིས་ནི་སྤྱིའི་དབང་དུ་སྟེ། དེ་ཡང་ཕྱིར་གཟུང་བའི་ཡུལ་སྟོང་པ་ཉིད། ནང་འཛིན་པའི་སེམས་ནི་བདག་མེད་པ་སྟེ། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་ཡེ་ཤེས་ཞེས་བྱའོ། །རྣམ་པར་བྱང་བའི་གཏི་མུག་གི་རང་གི་མཚན་ཉིད་ཆོས་ཀྱི་སྐུའི་ཕྱག་རྒྱར་ཤེས་པར་བྱ་བ་གང་ཞེ་ན། མ་རིག་པ་ནི་སྤང་དུ་མེད། །རིག་པ་ཡང་དག་བསྒྲུབ་ཏུ་མེད། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དབྱིངས་སུ་རོ་གཅིག་ཐིམ། །ཞེས་གསུངས་ཏེ། རིག་པའི་ཡེ་ཤེས་ཀྱི་ཕྱོགས་གསུངས་པ་དང་། མ་རིག་པ་གཏི་མུག་གི་ཕྱོགས་སུ་གསུངས་པ་ཉིད། གཉི་ག་ཡང་ཆོས་ཉིད་སྟོང་པ་སྒྱུ་མའི་དངོས་པོར་རྟོགས་པ་ནི། སྒྱུ་མར་རྟོགས་ཤིང་མི་དམིགས་པས། །དེ་ཉིད་སྣ་ཚོགས་པར་སྐྱེས་ཀྱང་། །སྐྱེས་པ་དེ་ཉིད་སྐྱེ་མེད་གཅིག །དབྱིངས་ཉིད་མི་དམིགས་དེ་བཞིན་ཉིད། །ཅེས་བྱ་བ་གསུངས་ཏེ། སྒྱུ་མའི་དངོས་པོར་རྟོགས་པའི་ནང་འཛིན་པའི་སེམས་ཉིད། དོན་དམ་པར་མི་དམིགས་པས་ཕྱི་གཟུང་བའི་ཡུལ་དུ་རྟོག་པ་ལྟ་ག་ལ་ཡོད་དེ་མེད་དོ། །དེ་ལྟར་ཕྱི་ནང་གི་རྟོག་པ་དེ་དག་ཉིད་མི་དམིགས་ཏེ། ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་ཉིད་ཡིན་ན་ཡང་། ཀུན་རྫོབ་ཏུ་སྒྱུ་མ་སྣ་ཚོགས་པར་སྐྱེས་སོ། །ཞེ་ན། ཡང་དེ་ལྟར་སྐྱེས་པ་དེ་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་མི་དམིགས་པར་གཅིག་པས། ཆོས་ཀྱི་སྐུའི་ཕྱག་རྒྱར་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱའོ། །རྣམ་པར་བྱང་བའི་གཏི་མུག་གི་མཚན་ཉིད། ཐུགས་ཀྱི་ཕྱག་རྒྱར་ཤེས་པར་བྱ་བ་གང་ཞེ་ན། མི་དམིགས་སྒྱུ་མའི་དངོས་པོ་ལ། །རྟོག་པའི་ཡུལ་གྱི་དངོས་ཉིད་ཀྱང་། ཆོས་ཉིད་མི་དམིགས་ཡེ་ནས་དག །སྒྱུ་མ་མི་དམིགས་དབྱེར་མེད་ཕྱིར། །ཡོད་མེད་གཉིས་ཀ་དབྱེར་མེད་པས། །ཏིང་ངེ་འཛིན་གྱིས་དབང་སྒྱུར་ནས། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་ཏེ། ཡུལ་དང་འཛིན་པ་གཉིས་ཀ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་དབྱེར་མེད་པར་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ་ནི་ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ་ཞེས་བྱའོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ལའང་སྤྱི་དང་རང་གི་མཚན་ཉིད། སོ་སོར་ཡན་ལག་བཞི་བཞིར་ཕྱེ་བ་ནི། ཤེས་པར་བྱ་བའི་དམ་ཚིག་ཡིན་པས། བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་ཏེ། དེའི་སྒོ་ནས་ཆོས་ཉིད་དང་ཆོས་ཅན་མི་དམིགས་བཞིན་དུ། །ཀུན་རྫོབ་སྒྱུ་མའི་རྣམ་པར་ཐར་པ་སྣ་ཚོགས་པ་ཞིག་གདུལ་བྱའི་དོན་དུ་སྤྲོ་བར་མཛད་པ་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡིན་ལ། དེ་ལྟར་འོག་མ་ཀུན་ལ་ཡང་སྦྱར་ཏེ། དེ་ལྟར་ཡང་གསུངས་པ། ཆོས་ཉིད་དམིགས་སུ་མེད་པ་སྟེ། མི་དམིགས་བཞིན་དུ་སྒྱུ་མར་སྤྲོ། །གདུལ་བྱའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོའོ། །ཞེས་བྱ་བ་གསུངས་ཏེ། རྣམ་པར་བྱང་བའི་གཏི་མུག་གི་མཚན་ཉིད་གསུང་གི་ཕྱག་རྒྱར་ཤེས་པར་བྱ་བ་སྟེ། དེ་ལྟར་གཏི་མུག་སྤང་དུ་མེད། །རྣམ་པར་སྣང་མཛད་རྒྱ་ཆེན་ཡིན། །ཞེས་བྱ་བ་གསུངས་ཏེ། མི་མཐུན་པ་མེད་ན་གཉེན་པོ་ཡེ་ཤེས་ཀྱང་མི་སྐྱེ་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཞེ་སྡང་གི་མཚན་ཉིད་ནི། ཀུན་ནས་སེམས་ཀྱི་རྟོག་པ་སྟེ། །སྒྱུ་མའི་དངོས་པོ་ཐམས་ཅད་ལ། །འཇིག་པར་མོས་པའི་རང་བཞིན་ཅན། །ཞེས་བྱ་བ་གསུངས་ཏེ། ལྡེམ་པོའི་དབང་དུའོ། །མ་ཧཱ་ཡོ་གའི་དབང་དུ་ནི། སྟོང་པ་ཆེན་པོའི་ཡེ་ཤེས་ཞེ་སྡང་གིས་དངོས་པོ་དང་མཚན་མ་དང་། ལྟ་བའི་རི་བོ་ཐམས་ཅད་སྟོང་པ་ཆེན་པོའི་ངང་ཉིད་དུ་འཇིག་པར་མཛད་པའོ། །ཀུན་ནས་ཉོན་མོངས་པའི་ཞེ་སྡང་གི་སྤྱིའི་མཚན་ཉིད་བརྗོད་པར་བྱ་བ་ཉིད་ཁོ་ནའོ། །རྣམ་པར་བྱང་བའི་ཞེ་སྡང་གི་སྤྱིའི་མཚན་ཉིད་ནི། ཡང་དག་ཉིད་ཀྱིས་རབ་བརྟགས་ན། །རྣམ་པར་བྱང་བའི་མཚན་ཉིད་དེ། །གཉིས་མེད་ཞེ་སྡང་སྤང་དུ་མེད། །ཅེས་གསུངས་པའོ། །རྣམ་པར་བྱང་བའི་ཞེ་སྡང་གི་རང་གི་མཚན་ཉིད་ནི། ཆོས་ཀྱི་སྐུའི་ཕྱག་རྒྱར་ཤེས་པར་བྱ་བའི་ཕྱིར། ཡང་གསུངས་པ། ཞེ་སྡང་སྙིང་རྗེ་སྤང་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །སྒྱུ་མ་རང་བཞིན་མེད་སེམས་པ ། །དངོས་པོ་ཐམས་ཅད་འཇིག་རྟོགས་ན། །སྒྱུ་མར་སྣང་བ་ཐམས་ཅད་ཀྱང་། །ཆོས་ཀྱི་དབྱིངས་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཞེས་པའོ། །དེ་ལྟར་ཆོས་ཐམས་ཅད་ནི་ཀུན་རྫོབ་ཏུ་སྒྱུ་མར་སྣང་བ་ལ། དེ་ལྟར་སྣང་བ་ཡང་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཅིང་ཆོས་ཀྱི་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་གཞི་ཡང་། ཚད་མེད་པ་བཞི་ཡིན་ཏེ། དེ་ཡང་དཔལ་ཀུན་ཏུ་བཟང་པོ་རྒྱུའི་གནས་སྐབས་ཀྱི་གཞིའི་ཡིན་ནོ། །འབྱུང་བའི་ཕྱིར་དང་ཞེས་པ་ནི། ཡོག་དང་མ་ཧཱ་ཡོ་ག་པས་ནི། འཇིག་རྟེན་དང་མཐུན་པར་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པར་བྱེད་པ་སྟེ། དེ་ཡང་འདིར་ཡོངས་སུ་རྫོགས་པའི་ཕྱིར་རོ། །རྒྱ་ཆེ་བའི་ཕྱིར་ཞེས་པ་ནི་མཐའ་ཡས་པ་ལ་བྱ་སྟེ། ཐེག་པ་ཆེན་པོ་ཨ་ཏི་ཡོ་ག་གསུངས་པར། ཐམས་ཅད་ཀྱང་འདིར་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལྟར་ཆེ་ཆུང་གི་ཚད་དཔག་ཏུ་མེད་པ་ཡིན་ན། ཅི་ལྟར་གནས་པ་ཞིག་སྙམ་པའི་རྟོགས་པ་བསལ་བའི་ཕྱིར། ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ཞེས་སྨྲོས་སོ། །འཁོར་བའི་འཁོར་ལོ་བཅུ་གཉིས་རྣམ་པར་དག་པའི་རང་བཞིན། ཐེག་པ་ཆེན་པོའི་འཁོར་ལོ་བསྐོར་བའི་བདག་ཉིད། ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་སྟེ། རྫས་ཀྱི་འཁོར་ལོ་ལྟ་བུ་མ་ཡིན་ཏེ། དེ་ཡང་ཐེག་པ་ཆེན་པོ་འཁོར་ལོ་བསྐོར་བའི་ངང་ཚུལ་ཅན་ཡིན་ནོ། །ལ་ཞེས་པ་ནི་ལྷག་མ་དང་བཅས་པའི་འབྲེལ་བའི་ཚིག་སྟེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་ཞེས་ཏེ། རྒྱུ་ནི་ཡེ་ཤེས་ལས་འབྱུང་བའི་དབྱིབས་དང་ཁ་དོག་རིན་པོ་ཆེར་གནས་པ་སྟེ། ལ་ཞེས་བྱ་བའི་ཚིག་གིས་ནི། གཞལ་ཡས་ཁང་བསྟན་པ་ཡིན་ཏེ། དེ་ཡང་ཡུལ་ཆོས་ཀྱི་དབྱིངས་ཡུལ་ཅན་ཡེ་ཤེས་ཉིད་ལ་དེ་ལྟར་སྣང་བ་ཡིན་ནོ། །ཡང་ལ་ཞེས་བྱ་བ་ནི་རྟོགས་པའི་ཚིག་ཏུ་ཡང་ཟུར་གྱིས་སྟོན་པ་ཡིན་ནོ། །དེ་ཡང་ཚད་ཇི་ཙམ་པ་སྨོས་པའི་ཕྱིར་ནི། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་ཏེ། ཡུལ་ཆོས་ཀྱི་དབྱིངས་དབུས་དང་མཐའ་མེད་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་དུས་གསུམ་དུ་དམིགས་ཤིང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་སོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཞིང་དག་པ་ནི་ཁམས་གསུམ་ཁོ་ན་ཡིན་ལ། ཁམས་གསུམ་ཉིད་རང་གི་ངོ་བོར་མ་གྲུབ་པས། ཡུལ་ཆོས་ཀྱི་དབྱིངས་ངེས་པ་ཡིན་ནོ། །དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་གཞན་ཡང་སྨོས་པའི་ཕྱིར། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ཐེག་པ་ཆེན་པོ་ལ་ནི་གྲུ་བཞི་པའི་དོན་གསུམ་ཡོད་པ་ལས། པ་ཞེས་པའི་སྒྲས་ནི་གཉིས་ཀ་འགྲེས་ཏེ། དེ་ཡང་གང་ཞེ་ན། མཉམ་པ་ཡིན་པ་དང་། ཁྱབ་པ་ཡིན་པ་དང་། རྒྱས་པ་ཡིན་པའོ། །དེའི་ཕྱིར་ཡང་གསུངས་པ། མཉམ་པའི་ཕྱིར་དང་ཁྱབ་པའི་ཕྱིར། །རྒྱས་པའི་ཕྱིར་ཡང་གྲུ་བཞིར་འགྱུར། །ཞེས་བྱ་སྟེ། དེ་ཡང་འདིར་ནི་དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་རྒྱས་པ་ཡིན་ཞེས་གསུངས་པས། དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་དུ་ནི་གསུམ་ག་ཡང་འདུས་པར་ཤེས་པར་བྱའོ། །དེར་ཡང་མ་ཟད་དེ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ་ཡང་ཡིན། དེ་ལ་མཛེས་ནི་རྒྱན་ཡིན་ལ། དེའི་དོན་ཡང་གསུམ་སྟེ། ཡུམ་དང་ཡེ་ཤེས་ཉིད་དང་ནི། །མཛེས་བྱའི་ཕྱིར་ནི་གློ་འབུར་རོ། །ཞེས་བྱ་སྟེ། དེ་ལ་ཡུམ་དང་ཞེས་པ་ནི། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་ངང་དུ་ཐམས་ཅད་འདུས་ཀྱིས། དབྱིངས་ལས་མི་གཞན་པ་ཡིན་ནོ། །འོ་ན་བདག་དང་། སྲོག་དང་། གང་ཟག་དང་། གསོ་བ་ལ་སོགས་པ་ཡོད་ཅིང་། དེ་དག་ལ་ཞེ་སྡང་གི་གནོད་པར་འགྱུར་བ་ཡོད་དོ། །ཞེས་བརྒལ་བ་དང་ལན་དུ། ཆོས་རྣམས་ཀུན་གྱི་རང་བཞིན་ནི། །བདག་དང་གསོ་བའི་རང་བཞིན་མེད། །སྣང་བ་བདག་མེད་ཆོས་ཀྱི་དབྱིངས། །མནར་སེམས་སྒྱུ་མ་ཆོས་ཉིད་རོ་གཅིག་སྟེ། །ཐམས་ཅད་མི་དམིགས་དེ་བཞིན་ཉིད་ཡིན་པས། །ཀུན་དང་དབྱེར་མེད་ཆོས་སྐུའི་ཕྱག་རྒྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཞེ་སྡང་གི་རང་གི་མཚན་ཉིད། ཐུགས་ཀྱི་ཕྱག་རྒྱར་ཤེས་པར་བྱ་བ་ནི། རྟོག་པའི་ཡུལ་དང་མནར་སེམས་གཉི་ག་དོན་དམ་པ་དང་ཀུན་རྫོབ་ཏུ་རོ་གཅིག་པར་ཤེས་པར་བྱ་བ་ནི། མི་དམིགས་སྒྱུ་མ་ཀུན་ནས་མནར་སེམས་པའི། །རྟོག་པའི་ཡུལ་ལ་ཀུན་ནས་མནར་སེམས་ཏེ། །ཆོས་ཉིད་སྒྱུ་མར་མི་དམིགས་དབྱེར་མེད་ཕྱིར། །དོན་དམ་ཀུན་རྫོབ་རོ་གཅིག་སྟེ། །ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་སོ། །རྣམ་པར་བྱང་བའི་ཞེ་སྡང་གི་རང་གི་མཚན་ཉིད་གསུང་གི་ཕྱག་རྒྱར་ཤེས་པར་བྱ་བ་ནི། གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟེ། གསུངས་པ། མི་དམིགས་ཀུན་ནས་མནར་སེམས་པ། །གདུལ་བྱ་བ་ནི་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་སོ། །ཀུན་ནས་ཉོན་མོངས་པའི་ང་རྒྱལ་གྱི་རང་གི་མཚན་ཉིད་བསྟན་པ་ནི། ཁོང་ནས་འགྱིང་ཞིང་སེམས་ཁེངས་པ། །ཕ་རོལ་ཟིལ་གྱིས་གནོན་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ངའོ་སྙམ་པའི་ང་རྒྱལ་གྱི་དབང་དུ་བྱས་པའོ། །ལྡེམ་པོའི་དབང་དུ་ན། མ་ཧཱ་ཡོ་གའི་ཕྱོགས་སུ་ནི་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས་པའོ། ཀུན་ནས་ཉོན་མོངས་པའི་ང་རྒྱལ་གྱི་སྤྱིའི་མཚན་ཉིད་ཀྱང་། མུ་བཞི་སྟེ་གོང་དུ་བཤད་ཟིན་ཏོ། །རྣམ་པར་བྱང་བའི་ང་རྒྱལ་གྱི་རང་གི་མཚན་ཉིད་ཆོས་ཀྱི་སྐུའི་ཕྱག་རྒྱར་ཤེས་པར་བྱ་བ་ནི། ང་རྒྱལ་ཞི་བའི་རང་བཞིན་དུ་སྦྱར་བ་སྟེ། ང་རྒྱལ་སྤང་ནས་ཞི་བསྒྲུབ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་པས། །ཞེས་གསུངས་པའོ། །དེ་ལྟར་ང་རྒྱལ་དང་ཞི་བ་དབྱེར་མེད་པ་ཡིན་ན། ངའོ་སྙམ་པའི་ང་རྒྱལ་ལ་སོགས་པས་བདག་དང་གཞན་གྱི་ང་རྒྱལ་བསྐྱེད་པར་བྱེད་ན། ཞེས་བརྒལ་བ་དང་། ཀུན་རྫོབ་སྒྱུ་མ་ཁོང་འགྱིང་ཉིད། དེ་བཞིན་ཉིད་ལས་མི་གཞན་ཏེ། ཆོས་ཉིད་མི་དམིགས་སྒྱུ་མའི་འགྱིང་བར་སྐྱེས། །འགྱིང་བའི་ཡུལ་གཞན་ཟིལ་གྱིས་གནོན་པ་སྟེ། །ཆོས་ཀྱི་དབྱིངས་ལས་མི་གཞན་པས། །སྒྱུ་མ་ཡིག་འབྲུ་འབྱེར་མེད་ཕྱིར། །གསང་བ་ནི་ཡུམ་གྱི་བྷ་ག་སྟེ། །དེ་དག་ཀྱང་ཡེ་ཤེས་ཀྱི་ཡུལ་ཅན་ནོ། །གཞལ་ཡས་ཁང་དེ་བཞིན་དུའོ། །དེའི་ནང་ན་ཅི་གནས་པ་ཞིག་མཉམ་པའི་ཕྱིར། །ཚད་མེད་པའི་ཡེཤེས་ཀྱི་དཀྱིལ་འཁོར་གསལ་བར་དྲིམ་མེད་པར་གནས་ཞེས་བྱ་སྟེ། སྡོམ་ཚིག་ཏུ་ནི་ཆེ་ཆུང་གི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོའི་གཞི་བྱས་པ་ཞེས་བྱའོ། །མན་ངག་གིས་ནི། ཚད་མེད་པ་ཞེས་བྱ་བ་ལ་ཡང་གསུངས་ཏེ། དེ་ལ་ཡང་ཐེག་པ་ཆེན་པོ་རྣམ་བཞིའི་སྤྱོད་ཡུལ་ཏེ། གང་ཞེ་ན། དེ་ལྟར་ཡང་གསུངས་པ། བྱམས་པ་ལ་སོགས་འབྱུང་བའི་ཕྱིར། །རྒྱ་ཆེར་ཕྱིར་ནི་ཚད་མེད་དོ། །ཞེས་གསུངས་ཀྱང་། དེ་ལས་ཉེ་བར་མཚོན་ཏེ། འབྱུང་བ་བཞིའི་ངང་ཉིད་ཡུམ་བཞི་སྟེ། དེ་ནི་དཔལ་གསང་བ་འདུས་པ་ལས། དོན་དམ་ཀུན་རྫོབ་རོ་གཅིག་སྟེ། །ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་ཏེ། དེ་དག་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །གཞན་གྱི་དོན་གྱི་ཕྱིར། གསུང་གི་ཕྱག་རྒྱར་ཤེས་བར་བྱ་བ་ནི། གདུལ་བྱའི་ཕྱིར་དམ་པའི་ཆོས་འཆད་ཅིང་ཡོངས་སུ་སྨིན་པར་མཛད་པ་ནི། གསུངས་པ། མི་དམིགས་རྒྱུ་མའི་འགྱིང་བ་ནི། །ང་རྒྱལ་གདུལ་བྱ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱར་ཤེས་པའོ། །རྣམ་པར་བྱང་བའི་ང་རྒྱལ་གྱི་སྤྱིའི་མཚན་ཉིད་ནི། །ཞི་བ་དང་ནི་ང་རྒྱལ་དག །མེད་པར་ཆོས་དབྱིངས་རོ་གཅིག་སྟེ། །ཞེས་གསུངས་པའོ། །ང་རྒྱལ་སྤྱིའི་མཚན་ཉིད་ནི། །རྣམ་པར་བྱང་བའི་མཚན་ཉིད་དེ། །ཞི་བ་སྒྲུབ་ཅིང་ང་རྒྱལ་སྤང་དུ་མེད། །ཅེས་གསུངས་པའོ། །ཀུན་ནས་ཉོན་མོངས་པའི་འདོད་ཆགས་ཀྱི་རང་གི་མཚན་ཉིད་ནི། །སྲིད་པས་ཀུན་ལ་ཞེན་པའོ། །ཞེས་གསུངས་པའོ། །ཀུན་ནས་ཉོན་མོངས་པའི་འདོད་ཆགས་ཀྱི་སྤྱིའི་མཚན་ཉིད་ནི་བཤད་ཟིན་ཏོ། །ལྡེམ་པོའི་དབང་དུ་ན་ཡུམ་ཡེ་ཤེས་ཀྱི་ལྷ་མོ་ལ་སྲེད་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ངོ་བོ་ཀུན་ལ་ཞེན་པའོ། །མུ་བཞི་ནི་བཤད་ཟིན་ཏོ། །རྣམ་པར་བྱང་བའི་འདོད་ཆགས་ཀྱི་རང་གི་མཚན་ཉིད་ཆོས་ཀྱི་སྐུའི་ཕྱག་རྒྱ་ཤེས་པར་བྱ་བ་ནི། དབྱེར་མེད་པའི་ངོ་བོ་ལ་བྱ་སྟེ། ཆགས་སྤངས་མ་ཆགས་བསྒྲུབ་ཏུ་མེད། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཕྱིར། །ཀུན་རྫོབ་སྒྱུ་མའི་རང་བཞིན་དུ། །འདོད་ཅིང་ཆགས་པ་སྒྱུ་མར་སྲེད། །ཅེས་པའོ། །དེ་ལྟར་ཆགས་པ་དང་མ་ཆགས་པ་དབྱེར་མེད་དེ། ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་ཡིན་ནོ། །འོ་ན། ཀུན་རྫོབ་སྒྱུ་མའི་རང་བཞིན་དུ། །འདོད་ཅིང་ཆགས་པ་སྒྱུ་མར་སྲེད། །ཟེར་བས། དེ་གཉིས་མ་འབྱོར་ཏེ། ཆགས་ཕན་ཆད་དངོས་པོ་ལ་ཆགས་པ་དང་། སྒྱུ་མ་ལ་ཆགས་པ་འདྲ་སྟེ། སེམས་ཅན་སྒྱུ་མ་ལྟ་བུ་ཡིན་པས། རྟོག་པར་འདྲའོ་ཞེས་བརྒལ་བའི་ལན་དུ། ཀུན་རྫོབ་སྒྱུ་མར་ཆགས་པ་ཡང་། །མི་དམིགས་པ་ལས་མི་གཞན་ཕྱིར། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཆོས་རྣམས་དག་ལས་མི་གཞན་ཕྱིར། །སྤྱོད་པ་སྒྱུ་མར་རོ་གཅིག་པས། །ཆོས་ཉིད་ཆོས་ཅན་དམིགས་སུ་མེད། །རྒྱལ་བ་ཀུན་དང་དབྱེར་མེད་པའི། །ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་སོ། །རྣམ་པར་བྱང་བའི་འདོད་ཆགས་ཀྱི་རང་གི་མཚན་ཉིད་ཐུགས་ཀྱི་ཕྱག་རྒྱར་ཤེས་པར་བྱ་བ་ནི། ཡུམ་སྒྱུ་མ་ལྟ་བུ་ཅན་ལ་རྟོག་པ་བདེན་པ་གཉིས་ཀྱི་ངང་དུ་དབྱེར་མེད་པར་ཤེས་པ་སྟེ། མི་དམིགས་སྒྱུ་མར་འདོད་ཅིང་ཆགས་རྟོགས་པ། །ཡུལ་དང་འདོད་ཆགས་ཉིད་ཀྱང་ཆོས་ཉིད་མི་དམིགས་ཏེ། །སྒྱུ་མའི་མི་དམིགས་དབྱེར་མེད་ཕྱིར། །བདེན་པ་གཉི་གར་རོ་གཅིག་པས། །ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་ནི་བདག་གི་དོན་ཕུན་སུམ་ཚོགས་པའོ། །རྣམ་པར་བྱང་བའི་འདོད་ཆགས་ཀྱི་རང་གི་མཚན་ཉིད་གསུང་གི་ཕྱག་རྒྱར་ཤེས་པར་བྱ་བ་ནི། གདུལ་བྱའི་ཕྱིར། གཞན་གྱི་དོན་དུ་ཆོས་སྤྲོས་པར་མཛད་པ་སྟེ། མི་དམིགས་སྒྱུ་མའི་འདོད་ཆགས་སྤྲོས་པ་ནི། །གདུལ་བྱའི་བྱ་བ་བསམ་མི་ཁྱབ། །གསུང་གི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་བྱང་བའི་འདོད་ཆགས་ཀྱི་སྤྱིའི་མཚན་ཉིད་ནི། ཆགས་པ་དང་མ་ཆགས་པ་དབྱེར་མེད་པ་སྟེ། འདོད་ཆགས་མཚན་ཉིད་རྟོགས་པ་ཉིད་རྣམ་པར་བྱང་བ་ཡིན་པའི་ཕྱིར། ཆགས་དང་མ་ཆགས་གཉིས་མེད་པས། འདོད་ཆགས་མཚན་ཉིད་སྤང་དུ་མེད། ཅེས་གསུངས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཕྲག་དོག་གི་རང་གི་མཚན་ཉིད་ནི། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་དོག་པ་སྟེ། ཕྲག་དོག་ཀུན་གྱི་མཚན་ཉིད་ནི། །གཞན་གྱི་ཕུན་སུམ་ཚོགས་པ་ལ། །སེམས་དོག་སྒྱུ་མའི་རྟོག་པ་ཡིས། །གཞན་ལ་ཐབས་ཀྱི་སྦྱོར་བ་ཅན། །ཞེས་གསུངས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པའི་ཕྲག་དོག་གི་སྤྱིའི་མཚན་ཉིད་ཀྱང་བཤད་ཟིན་ཏོ། །ལྡེམ་པོའམ་མ་ཧཱ་ཡོ་གའི་དབང་དུ་ན། གཞན་གྱི་ཕུན་སུམ་ཚོགས་པ་བདག་གིས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱོར་བར་མཛད་པ་སྟེ། དོན་གྱིས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བས་ཡང་དག་པ་ཁོ་ནས་ཞེས་བྱའོ། །རྣམ་པར་བྱང་བའི་ཕྲག་དོག་གི་རང་གི་མཚན་ཉིད་ཆོས་ཀྱི་སྐུའི་ཕྱག་རྒྱར་ཤེས་པར་བྱ་བ་ནི། དོག་པ་དང་ཡངས་པ་ཉིད་ཆོས་ཉིད་དུ་དབྱེར་མེད་པར་དགོངས་པ་སྟེ། དོག་པ་སྤང་ཤིང་ཡངས་པ་བསྒྲུབ་ཏུ་མེད་པས་ཆོས་ཉིད་དུ་རོ་གཅིག་གོ། །དེ་ལྟར་དོག་པ་དང་ཡངས་པ་དབྱེར་མེད་དོ། །ཆོས་ཉིད་དུ་རོ་གཅིག་པ་ཡིན་ནོ། །འོ་ན་ཕྱི་རོལ་ལ་སོགས་པ་དག་ཀྱང་ཕྲག་དོག་སྤང་བར་བྱའོ་ཞེས་ཟེར་ལ། ལས་རྒྱུ་འབྲས་ཀྱི་དབང་གིས་ཀྱང་། འབྲས་བུ་ལྷ་མ་ཡིན་གྱི་འཇིག་རྟེན་ཡོད་པར་གསུངས་པ། ཅིའི་ཕྱིར་ཞེས་པ་དང་། ལན་དུ། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ། །གཞན་གྱི་ཕུན་སུམ་ཚོགས་པ་ལ། །ཕྲག་དོག་པ་ཡི་སྒྱུ་མ་ཉིད། །མི་དམིགས་པ་ལས་མི་གཞན་ཏེ། །མི་དམིགས་པ་ཉིད་སྒྱུ་མར་སྐྱེས། །ཕུན་སུམ་ཚོགས་པར་སྦྱོར་བ་ཡི། །ཐབས་ཀྱི་སྒྱུ་མ་མཆོག་ཉིད་དེ། །རྒྱལ་བ་ཀུན་དང་དབྱེར་མེད་པས། །ཆོས་སྐུའི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཕྲག་དོག་གི་རང་གི་མཚན་ཉིད་ཐུགས་ཀྱི་ཕྱག་རྒྱར་ཤེས་པར་བྱ་བ་ནི། མི་དམིགས་པ་དང་ཕྲག་དོག་ནི་བདེན་པ་གཉིས་ཀྱི་ངང་དུ་དབྱེར་མེད་པ་སྟེ། གཞན་གྱི་ཕུན་སུམ་ཚོགས་པ་ལ། །ཕྲག་དོག་རྣམ་པར་འཛིན་པ་དང་། །རྟོག་དང་ཕྲག་དོག་མི་དམིགས་ཏེ། །སྒྱུ་མ་མི་དམིགས་དབྱེར་མེད་པའི། །བདེན་པ་གཉི་གར་རོ་གཅིག་པས། །ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། །ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་ནི་བ དག་གི་དོན་ཕུན་སུམ་ཚོགས་པའོ། །རྣམ་པར་བྱང་བའི་ཕྲག་དོག་གི་རང་གི་མཚན་ཉིད་ནི། དོག་པ་དང་ཡངས་པ་དབྱེར་མེད་པ་སྟེ། རྣམ་པར་བྱང་བའི་མཚན་ཉིད་ནི། །དོག་སྤངས་ཡངས་པ་བསྒྲུབ་ཏུ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི། ནང་འཛིན་པའི་སེམས་ཡོངས་སུ་དག་པར་བྱ་བའི་ངོ་བོ། བདུད་རྩི་ལྔ་ལ་ཉི་ཤུར་མི་བགྲང་སྟེེ། བདུད་རྩི་ལྔ་དང་ཤ་ལྔའོ། །ཡང་ན་བདུད་རྩི་ལྔ་ཡང་རྒྱུ་ཉིད་རང་གི་སེམས་ཡིན་པ་ལས། འབྲས་བུ་བདུད་རྩི་ལྔ་དང་གྲོགས་ཤ་ལྔ་དག །རང་བཞིན་རིགས་ལྔ་ཡེ་ཤེས་ལྔར། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། ཅེས་བྱའོ། །ཡང་སློབ་དཔོན་ལ་ལའི་གཞུང་གིས་ནི། སྦྱང་བར་བྱ་བའི་ཡི་གེ་ལྔ་དང་། རྟོགས་པར་བྱེད་པའི་གཉེན་པོ་ཡེ་ཤེས་ལྔ་སྟེ་ཉི་ཤུའོ། །ཞེས་ཀྱང་འཆད་པའོ། །དེ་དག་ཀྱང་གཟུང་བའི་གཉེན་པོ་ཉིད་ཁོ་ནའོ། །དམ་ཚིག་ཆེན་པོ་ལས་མ་འདས་པའི་ཡོན་ཏན་ཡང་། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །བསྒྲུབ་མེད་དམ་པ་མ་ལུས་འགྲུབ། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ཀུན་ཏུ་བཟང་པོའི་གོ་འཕང་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་པ་ཆོས་ཀྱི་སྐུའི་ཕྱག་རྒྱར་ཡེ་ནས་སངས་རྒྱས་པས་ན། རྩོལ་བ་དང་བྲལ་བས་ན་བསྒྲུབ་ཏུ་མེད་པའི་མི་གནས་པའི་མྱ་ངན་ལས་འདས་པའི་དམ་ཚིག་རྣམས་ཀྱི་ཡང་དམ་པར་གསུངས་ཏེ། དེ་འགྲུབ་བོ་ཞེས་བྱའོ། །ཕྱི་མ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་བརྒྱད་སྨོས་པ་ཡིན་ཏེ། དེ་དག་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱའོ། །ཅིའི་ཕྱི ར་ན་དུས་ད་ལྟ་ཉིད་ནས། འཇིགས་མེད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་དུ་རྣལ་འབྱོར་པ་དེ་སྦྱོར་བ་ཡིན་ནོ་ཞེས་བྱའོ། །གཞན་ཡང་དཔལ་གསང་བའི་སྙིང་པོའི་དམ་ཚིག་གི་ཡོན་ཏན། ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཞེས་གསུངས་ཏེ། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པས། མོས་པ་ཐ་དད་པའི་དབང་དུ་དགོངས་པ་དང་། ལྡེམ་པོའི་དབང་དང་། ཐེག་པ་ཆེན་པོ་ཇི་སྙེད་པའི་སྡོམ་པ་མཐའ་ཡས་པ་ཀུན་ཀྱང་། དཔལ་གསང་བའི་སྙིང་པོ་འདིར་མ་ལུས་པར་འདུས་ཤིང་། མ་ཧཱ་ཡོ་གའི་དབང་དུ་རྣམ་པར་དག་ལ། ཨ་ཏི་ཡོ་གའི་དབང་དུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཞེས་བྱའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱིས་མཛད་པའི་དམ་ཚིག་ཆེན་པོའི་ལེའུ་སྟེ། བཅུ་དགུ་པ་རྫོགས་སོ།། ༈ །།དེ་བཞིན་གཤེགས་པ་མཐའ་ཡས་པའི་ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཞེས་བྱ་བ་ལ་སོགས་པས་ཉི་ཤུ་པ་ལས་རྣམ་བཞི་བྱིན་གྱིས་བརླབས་པའི་ལེའུ་གསུངས་སོ། །ད་ནི་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བསྟན་པ་ཡིན་ཏེ། འོག་ནས་འབྱུང་བའི། སྡོང་གཅིག་མའི་གནས་སུ་མཚན་མ་ཐོབ་པའི་རྣལ་འབྱོར་པས། བདུད་རྩི་རྣམ་པ་ལྔ་ལ་སོགས་པས་དཀྱིལ་འཁོར་གྲུ་གསུམ་པའི་ཕྱེད་ཆ་ལ་ནང་གི་ཚད་དུ་བྱས་ལ། རྡོ་རྗེ་དང་བནྡྷའི་མཚན་མས་བརྒྱན་ལ། དབུས་སུ་རྡོ་རྗེ་རྩེ་དགུ་པ་བྲི་བར་བྱའོ། །ཕྱི་རིམ་གྱི་སྣམ་བུ་ལ་གཡས་ནས་བསྐོར་བའི་རིམ་པས་ཁྲོ་བོ་བཅུའོ། །དེའི་ཡང་ཕྱི་རོལ་ལ་ཕོ་ཉ་རྡོ་རྗེ་ཐོ་བ་ལ་སོགས་པ་བཅུ་དྲུག་དགོད་དོ། །དེའི་ཡང་ཕྱི་རིམ་ལ་ཕོ་ཉ་མོ་རྡོ་རྗེ་འབར་བ་ལ་སོགས་པ་བཅུ་དྲུག་དགོད་དོ། །བདུད་རྩི་ལྔ་དང་ཤ་ལྔ་དང་གྲོག་མཁར་དང་རྐང་རྗེས་ཀྱི་ས་དང་། སྐྲ་དང་ཕུབ་མ་ལས་གཟུགས་བྱས་ལ། དཀྱིལ་འཁོར་གྱི་ཐོག་ཏུ་བཞག་ལ་རྣལ་འབྱོར་དུ་ཞུགས་པར་བྱའོ། །ནམ་མཚན་མ་ཕྲ་མོ་ཐོབ་པའམ་སེམས་གསལ་བར་གྱུར་པ་དང་། ལྕགས་དང་སིང་ལྡེང་ལས་བྱས་པའི་ཕུར་པ་ལ། ཁྲོ་བོ་བདུད་རྩི་འཁྱིལ་བའམ་སྟོབས་པོ་ཆེར་བསྒོམས་ལ། དེ་ཡང་ནས་ཡང་དུ་གསལ་བར་གྱུར་པ་དང་། ཕྱོགས་བཅུའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཤིང་ཕུར་བུ་ལ་བསྟིམ་པ་སྟེ། གཟི་བྱིན་བསྐྱེད། ནམ་མངོན་དུ་གྱུར་པ་དང་། ཕོ་ཉ་ལ་སོགས་པའི་ཆོས་ཐམས་ཅད་གསལ་བར་བརྟགས་ལ་བསྒོམ་པ། བསྟན་པ་ལ་གནོད་པའི་མི་འདི་དགྲ་བགེགས་འདི་ཁྱོད་ཀྱིས་ཁུག་ལ་གཟུགས་བརྙན་འདི་ལ་སྟིམས་ཤིག་ཅེས་བསྒོ་ལ། ཁྲོ་བོ་ཆེན་པོ་སུམྦྷ་ནིའི་ཕོ་ཉ་ལ་སོགས་པ་རྣམས་བཏང་ལ་ཡང་ནས་ཡང་དུ་དགུག་སྟེ། དེའི་སྲུང་མ་ལ་སོགས་པ་དང་བྲལ་བར་བསམས་ལ། ནམ་གསལ་བར་ཁུག་པའམ། གཟུགས་བརྙན་མགུལ་པ་ན་ཕུར་པས་བཏབ་ལ་ཚོགས་ཀྱི་དཀྱིལ་འཁོར་ལ་དབུལ་ལོ། །ཡང་ན་ལུ་གུ་རྒྱུད་དུ་ལག་པ་སྦྲེལ་ལ། རྣལ་འབྱོར་པ་རང་ཉིད་ལྷར་མངོན་པར་བརྟགས་ལ་བསྐྱོད་པས་འབར་བའི་དཀྱིལ་འཁོར་སྤྲིན་བཞིན་དུ་སྤྲོས་སམ། ཕྱོགས་བཅུར་གཡོས་ནས་གས་ཏེ་ཚིག་པ་དེ་དག་བཀུག་ནས། གཟུགས་བརྙན་དེ་ལ་བསྟིམས་པ་ལ། ཕུར་པས་ཡང་ནས་ཡང་དུ་བཏབ་ལ། རྡུལ་གྱི་དུམ་བུར་བྱས་ལ་ཚ་བའི་མར་དང་ཚེར་མ་ཅན་གྱི་དུག་ཤིང་ལྔ་ཏིལ་ནག་པོ་དང་སྦྱར་ལ། བརྒྱ་བརྩ་བརྒྱད་དུ་འབར་བ་བཏུམ་ཆེན་རྔམ་པའི་ཚོགས་མེའི་ནང་དུ་སྤྱན་དྲངས་པ་ལ་དབུལ་ལོ། །བརྒལ་བ། སེམས་ཅན་ཐམས་ཅད་རང་བཞིན་གྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཡིན་ན་འོ་ན་འདི་ལྟར་ག དུག་པའི་ལས་ཀྱིས་གནོན་པར་བྱེད་པ་འགལ་ཏེ། དེ་ལྟར་དཔལ་གསང་བ་འདུལ་པ་ལས་ཀྱང་། སངས་རྒྱས་ཐམས་ཅད་གསོད་པ་ཡིས། །ཇི་ལྟར་སྡིག་ཀྱང་མ་གོས་ཏེ། །གལ་ཏེ་གོས་ན་ཇི་ལྟར་འབྲས། །ཞེས་གསུངས་སོ། །དེ་ལྟར་ཡིན་གྱིས་ཀྱང་། ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་མ་མཐོང་བའི་རྟོག་པའི་དྲྭ་བས་ནོན་པའི་རྟོག་པ་དེ་བསྒྲལ་བ་ཡིན་པས། འགལ་བ་མ་ཡིན་ནོ། །ཕྱི་མ་གསུམ་ལ་ཡང་ལས་ནི་དེ་ཉིད་དུ་བས་ཏེ། བྱེ་བྲག་ནི་དཀྱིལ་འཁོར་དང་། ལྷའི་སྐུ་མདོག་དང་སོ་སོའི་ཕུར་པ་ཁྲོ་བོ་ལྷག་མ་གསུམ་དང་། ཇི་ལྟར་འདོད་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ཙམ་དུ་བས་སོ། །ཕྱི་མ་ནི་གོ་སླའོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྣམ་བཞིས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ ཉི་ཤུ་པ་རྫོགས་སོ།། ༈ །།བསྟོད་གནས་དང་བསྟོད་བྱ་དང་བསྟོད་མཁན་དབྱེར་མེད་ཀྱིས་ཀྱང་། ཕྱིས་འབྱུང་བའི་རྣལ་འབྱོར་པའི་དོན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཞེས་བྱ་བ་ལ་སོགས་པས། ཉི་ཤུ་གཅིག་པ་གླུ་ཡེ་ཤེས་ཀྱ ི་ལེའུ་གསུངས་སོ། །དེ་ལ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རྡོ་རྗེ་ཁྲག་འཐུང་གི་འཁོར་བུདྡྷ་ཧེ་རུ་ཀ་ལ་སོགས་པས་ཤིན་ཏུ་རྔམ་པའི་གདངས་ཀྱིས་དཔལ་རྡོ་རྗེ་ཁྲག་འཐུང་ལ་བསྟོད་པའི་ཕྱིར། གཙོ་བོ་ལ་བསྟོད་པའི་གླུ་བླངས་སོ། །དེ་ཡང་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་ལ། དང་པོ་འདིས་ནི་བུདྡྷ་ཧེ་རུ་ཀའི་སྒོ་ནས་དེ་བཞིན་གཤེགས་པའི་རིགས་སུ་མཐོང་ནས་བསྟོད་པའོ། །ཧཱུྃ་ཞེས་པ་ནི་ཁྲོ་བོའི་གླུ་ཡིན་པས་དེ་ཡང་ཡེ་ཤེས་ལྔ་དང་ལྡན་པར་མཁའ་འགྲོ་མའི་ཏནྟྲ་ལས་གསུངས་སོ། །གཏུམ་ཆེན་ཞེས་པ་ནི་གཏུམ་པོ་དྲག་པོ་ལས་ཁྱད་པར་གྱུར་པའོ། །དུས་མཐའི་ཞེས་པ་ནི་འཇིག་པའི་དུས་ཀྱི་བསམ་གཏན་དང་པོ་མན་ཆད་མེ་ལྕེ་གཅིག་ཏུ་གྱུར་པའོ། །ཞེས་བྱའོ། །མེ་ནི་བྱིན་ཟའོ། །ལྷག་མ་ནི་གོ་སླའོ། །གཉིས་པ་ནི་གསུང་གི་དཀྱིལ་འཁོར་དུའང་མཐོང་ནས་བསྟོད་པའོ། །ཚིག་གི་དོན་ནི་གོ་སླའོ། །གསུམ་པ་ནི་ཐུགས་ཀྱི་དཀྱིལ་འཁོར་དུ་མཐོང་ནས་བསྟོད་པ། ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སོགས་པ་ནས། ཁྲོ་བོའི་དཀྱིལ་འཁོར་ཤེས་རབ་ཆེན་པོ་ལས་བྱུང་བ་ནི་འོད་ཆེན་པོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་སོ། །དེ་ནི་ཕྱོགས་བཅུའི་དཀྱིལ་འཁོར་ལའང་གསལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཅིའི་ཕྱིར་འབར་བའི་ཡེ་ཤེས་ཞེས་ཏེ། དོན་བྱ་བའི་ཡུལ་གདུག་པ་ཅན་དང་། དེས་ཉེན་པའི་སེམས་ཅན་གྱི་ཕྱིར་འཇོམས་ཞེས་བྱའོ། །དེ་ལྟར་འཇོམས་པར་བྱེད་པའི་དོན་བྱེད་མཁན་ཡང་གཅིག་པུ་གཉིས་སུ་མ་ཡིན་ཏེ། སྣ་ཚོགས་ཞེས་ཏེ། རྒྱུད་འདི་ཉིད་ལས་གསུངས་པ་ཁོ་ནའོ། །ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། རྡོ་རྗེ་ཁྲོ་བོ་ཡང་སྣ་ཚོགས་ཞེས་འབྱུང་ངོ་། །ཅིའི་ཕྱིར་ན་གདུལ་བྱ་སྣ་ཚོགས་པའི་ཕྱིར་རོ། །བཞི་པས་ནི་ཡོན་ཏན་གྱི་དཀྱིལ་འཁོར་དུའང་མཐོང་ནས་བསྟོད་པའོ། །ཀྱཻ། ཁྲོ་བོ་རྒྱལ་པོ་ཆེན་པོ་ཁྱོད་ནི། སྙིང་རྗེས་བརླན་པའི་ཕྱིར་རོ། །ཡེ་ཤེས་ཀྱི་ཚོགས་བྱང་ཆུབ་ཀྱི་སྤྲིན་ལས། བསོད་ནམས་ཀྱི་ཚོགས་ཀྱི་ཡོན་ཏན་རིན་པོ་ཆེའི་རང་བཞིན་གྱི་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་གསང་བའི་བྷ་ག་ལ་སོགས་པ་ནས། ཆར་ཆེན་འབབས་པའི་ཕྱིར། ཅི་ལྟར་འཚལ་བའི་ཁྲོ་བོའི་དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོཿ ཞེས་བྱའོ། །ལྔ་པ་ནི་ཕྲིན་ལས་ཀྱི་དཀྱིལ་འཁོར་དུའང་མཐོང་ནས་བསྟོད་པའོ། །བདུད་ཀུན་ཞེས་པ་ནི། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། བདུད་དུ་གྲགས་པ་ཐམས་ཅད་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་རྗེ་བོའི་ཕྱིར་བདུད་ཆེན་པོ། དེ་ཉིད་ཀྱི་ཕྱིར་བདུད་ཀྱི་བདུད་ཅེས་ཏེ། གང་དྲག་པོ་ཆེན་པོ་དེའི་ཡང་བདུད་དུ་གྱུར་པའོ། །བདུད་རྣམས་ཞེས་པས་ནི་བདུད་དེ་བཞིའོ། །དེ་ཡང་དབང་དུ་བྱེད་པའི་ཕྱིར་འཇོམས་པའོ། །འཇིགས་པའི་ཚོགས་ཞེས་པ་ནི། འཇིགས་བྱེད་ཆེན་པོའི་སྐྱི་བུང་བྱེད་པའོ། །དེ་དག་བརླག་པར་བྱེད་པའི་ཕྱིར་འཇིགས་པར་བྱེད་པའོ། །དེའི་ཕྱིར་མཚན་ཡང་འཇིགས་བྱེད་ཆེན་པོ་ཞེས་བྱའོ། །ཕྱི་མ་ནི་ཡུམ་བཞིས་ཡབ་ཀྱི་སྐུ་ལ་མངའ་བའི་འབྱུང་བ་ཆེན་པོ་བཞི་ནི། བདག་ཅག་དང་ཐ་མི་དད་དོ་ཞེས་ཆེད་དུ་བླངས་སོ་ཞེས་པ། སྟོན་པ་དང་འཁོར་ཐ་དད་པ་མ་ཡིན་ན་ཡང་། སྟོན་པའི་ཡོན་ཏན་ལ་ཤིན་ཏུ་དགྱེས་པའི་ཕྱིར། དེ་ཙམ་ཞིག་ཧ་ཅང་ཡང་ངོ་མཚར་ཆེ་ཧོཿཞེས་བླངས་པའོ། །དེའི་ཕྱིར་འཁོར་གྱིས་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།། ༈ །།སྟོན་པ་དང་རྒྱུད་དང་སྡུད་པ་དབྱེར་མེད་ཀྱིས་ཀྱང་། །ཕྱིས་འབྱུང་བའི་ལེའུ་ལ་གཞན་དག་ཡིད་ཆེས་པའི་དད་པ་ལ་བཞག་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཞེས་བྱ་བ་ལ་སོགས་པས་ཉི་ཤུ་རྩ་གཉིས་པ་རྒྱུད་ཡོངས་སུ་གཏད་པའི་ལེའུ་གསུངས་སོ། །དེ་ནས་ཞེས་པ་ནི་སྐབས་དེ་འཁོར་གྱིས་སྟོན་པ་ལ་མཆོད་པ་བརྗོད་པའི་རྗེས་ལའོ། །ཉིད་ལ་ཉིད་ནི་ཐ་དད་པ་མ་ཡིན་ནོ། །གསང་སྔགས་ནི་ཏནྟྲ་སྟེ། ཡིད་མཉམ་པ་ཉིད་དུ་བྱེད་པ་སྟེ། དེ་ངན་སོང་ལས་སྐྱོབ་པའོ། །རྒྱལ་པོ་ནི་རྒྱ་པོར་གྱུར་པ་ནའོ། །བརྟན་པར་བཟུང་བ་ནི་དེ་གཏོད་པའི་ཚིག་སྤངས་པའོ། །ཀྱེ་ཀྱེ་ཞེས་པ་ནི་གཞོགས་ཀྱིས་སྦྲན་པ་སྟེ། ཉོན་ཅིག་ཅེས་འབོད་པའོ། །ཕྱོགས་བཅུ་དུས་བཞིའི་རང་བཞིན་ནི་རྒྱུད་དང་དཔལ་ཀུན་ཏུ་བཟང་པོ་ཐ་མི་དད་པས་སོ། །ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཅེས་བྱའོ། །འོ་ན་དེ་ལྟར་ཡིན་ན། འགྲོ་བ་དེ་བཞིན་གཤེགས་པར་མ་གྱུར་པ་ཅི་ཞེས་པ་ཡོད་ན། གཟུང་འཛིན་ཞེས་པ་ལ་སོགས་པའོ། །འོ་ན་ཐེག་པ་སོ་སོའི་འདོད་གཞུང་མང་པོ་ཅིའི་ཕྱིར་ན། དེ་ལྟར་ཡིན་དུ་ཟིན་ཀྱང་། ས་རྣམས་མང་པོ་སོ་སོའི་བཀོད་པ་ཡང་། གསང་བའི་སྙིང་པོ་དཔལ་ཀུ ན་ཏུ་བཟང་པོའི་མྱ་ངན་ལས་འདས་པར་བགྲོད་པའི་ལམ་དུ་གྱུར་པའོ། །དེའི་ཕྱིར་དཔལ་ཀུན་ཏུ་བཟང་པོས་ཐེག་པ་སོ་སོར་བསྟན་ཀྱང་། དོན་དུ་མི་འགྱུར་ཡོངས་མ་གསུངས། །ཞེས་བྱའོ། །ད་ནི་དཔལ་གསང་བའི་སྙིང་པོའི་རྣལ་འབྱོར་ལ་བསྟོད་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་ཕྱག་རྒྱ་གསང་ཆེན་གསང་མཆོག་གི་སྙིང་པོ་འདི། རྣལ་འབྱོར་པ་གང་གིས་ཤེས་རབ་རྣམ་གསུམ་ལ་བརྟེན་ནས། དོན་མངོན་དུ་མ་ནོར་བར་རྟོགས་ཏེ། གཞན་ལ་སྨྲ་བར་གང་བྱེད་པ། དེ་ནི་དཔལ་ཀུན་ཏུ་བཟང་པོའི་ངོ་བོ་ཡིན་ཏེ། དེ་ལ་སློབ་དཔོན་གྱིས་མཆོག་གི་དབང་མ་སྐུར་ཡང་ང་ཡིན་ཏེ། འདིས་ནི་རང་བཞིན་གྱིས་དབང་ཡང་རྫོགས་ཞེས་བྱའོ། །ད་ནི་རྒྱུད་ཀྱི་ཆེ་བ་བསྟན་པ་ཅིའི་ཕྱིར་དེ་ལྟར་ཡིན་ན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །ཞེས་སྨོས་ཏེ། ད་ནི་ཡོངས་སུ་བསྟན་པ་སྟེ། དེ་ཡང་ཕྱི་ར བས་ཀྱི་རྣལ་འབྱོར་པ་ཐེ་ཚོམ་གཅོད་པའི་ཕྱིར། ཡོད་མེད་ཀྱི་མཐའ་སྤངས་པའི་སྒྲོ་དང་སྐུར་པ་ཞི་བའི་རང་བཞིན་གསང་བའི་སྙིང་པོ་འདི། དཔལ་ཀུན་ཏུ་བཟང་པོའི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་ངེས་པའི་དབྱིངས་ནས་ཕྱུང་ནས་འཁོར་ལ་བསྟན་པ་འདི་སུ་ལ་ཕྱིས་འབྱུང་བར་ལུང་བསྟན་ཞེ་ན། ཐུགས་དང་འདྲ་བའི་སྲས་ས་བཅུ་མཐར་ཕྱིན་པ་ཡེ་ཤེས་ཀྱི་བདག་ཉིད་ལ་གནས་པ་ལས། ཕྱིས་འབྱུང་བ་དེ་ལྟར་ཤེས་པར་གྱིས་ཤིག་པའོ། །དེ་ཡང་གཏད་ཅེས་པ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱི་ཚིག་སུན་པའི་སྐྱོན་དུ་གྱུར་པས་ནི། ཞེས་སྨོས་པ་ནི། གོང་དུ་ཐལ་བའི་ཚིག་དོན་ཇི་སྙེད་པའོ། །བརྗོད་པ་ནི་སྟོན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པས་ནི། དེ་བཞིན་གཤེས་པ་ཐམས་ཅད་ལ་བྱ་བ། འདི་འཁོར་ཡན་ཆད་ཀུན་ལ་བྱའོ། །ཅིའི་ཕྱིར་ན་ཁྱད་པར་དབྱེར་མེད་པའི་འཁོར་རྣམ་དགྱེས་ནས། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། དཔལ་ཀུན་ཏུ་བཟང་པོའོ། །སྐུ་གསུང་ཐུགས་ཀྱི་རྒྱན། རྡོ་རྗེའི་ལྷུན་ཆོས་ཀྱི་དབྱིངས། སྟུག་པོ་བཀོད་པའི་རྒྱན་ཉིད་དུ། འཁོར་ཐམས་ཅད་ཀྱང་བཞུགས་སོ། །འོ་ན་དེ་ལྟ་བུའི་དམ་པའི་ཆོས་འདི་ཕྱིས་སུ་ཇི་ལྟར་འབྱུང་བར་ལུང་བསྟན་ན། དེ་ནི། ས་རབ་རིག་པ་འཛིན་ལ་གནས། །ཞེས་གསུངས་པས། གསང་བ་རྡོ་རྗེའི་ལྷུན་ཕྱག་ན་རྡོ་རྗེའི་རྒྱུད་ལ་ཡོད་པར་བསྟན་པ་ཡིན་ནོ། །འོ་ན་སླད་ཀྱིས་དེས་ཅི་མཛད་ཅེ་ན། དེའི་སླད་ཀྱིས་རྒྱུད་ཐམས་ཅད་ཕྱག་ན་རྡོ་རྗེ་གྲུབ་པའི་གནས་གསང་རིའི་ནང་དུ་གཤེགས་ཏེ། རྒྱུད་ཐམས་ཅད་བསྡུས་སོ། །ཞེས་འབྱུང་བས་ན། དཔལ་ཕྱག་ན་རྡོ་རྗེས་གནས་དེར་བསྡུས་ཤིང་གཏན་ལ་ཕབ་པར་རིག་པར་བྱའོ། །དེ་ནས་ཡང་རྒྱལ་པོ་ཆེན་པོའི་ཁང་བཟང་རབ་ཏུ་དང་པའི་ནང་དུ། གསང་བའི་རྒྱུད་ཐམས་ཅད་ཆར་བཞིན་དུ་ཕབ་པ་སྔ་མ་བཞིན་ནོ། །འཕགས་པ་རྟོགས་པའི་རྒྱལ་པོ། སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཐམས་ཅད་མ་ལུས་པར་འཕྲོས་ཏེ། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག །ཡོངས་སུ་གཏད་པའི་ལེའུ་སྟེ། ཉི་ཤུ་རྩ་གཉིས་པའོ་རྫོགས་སོ།། །།ཐིབས་པོའི་མུན་ནག་གིས་ནོན་ཤིན་ཏུ་གསལ་བར་དཀའ་བ་ཡང་། །ཉི་ཟེར་འོད་ཙམ་དག་ལས་སྣང་གྱུར་པ། །བླ་མའི་དྲིན་གྱིས་བདག་ལ་སྣང་བ་ཡིན། །བླ་མ་རྡོ་རྗེ་སེམས་དཔའ་འདྲ་ལ་ཕྱག་འཚལ་ལོ། །སྙིགས་མ་ལྔར་ལྡན་ལྔ་བརྒྱའི་མཐར་ཉེ་ལ། །ཤཱཀྱའི་བསྟན་པས་འགྲོ་བ་དབུགས་ཕྱུང་སྟེ། །དོན་མཆོག་བདུད་རྩིའི་རོ་ནི་རྙེད་གྱུར་པས། །བླ་མའི་དྲིན་གྱིས་བདག་ལའང་གནས་པ་ཡིན། །དེ་ལ་བརྟེན་ནས་རྣམ་བཤད་འདི་བགྱིས་པ། །ནོར་བར་གྱུར་པ་མཆིས་ན་བཟོད་པར་གསོལ། །སྐྱེ་བོ་དམ་པའི་དོན་དུ་མ་བགྱིས་ཏེ། །བདག་གི་སངས་རྒྱས་ཆོས་ལ་མོས་པ་ཡི། །བློ་ངན་རྣམས་ཀྱི་དོན་དུ་འདི་བགྱིས་ཏེ། །འདི་ལ་བསོད་ནམས་གང་དག་མཆིས་པ་ཡིས། །འགྲོ་བ་རྒྱ་མཚོས་བྱང་ཆུབ་མཆོག་ཐོབ་ཤོག །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལ། སློབ་དཔོན་ཉི་མའི་སེང་གེའི་འོད་ཀྱིས་མཛད་པའི་རྒྱ་ཆེར་བཤད་པའི་འགྲེལ་པ། རྒྱ་གར་གྱི་མཁན་པོ་པྲ་སྦ་ཏ་ལ། སྒྱུར་བྱེད་ཀྱི་ལོ་ཙཱ་བ་པདྨ་རུ་ཚེས་གསང་བའི་དབང་མནོས་ནས་བསྒྱུར་ཏེ། དགེ་བར་ཤོག །མ་རིག་མུན་སེལ་ཡེ་ཤེས་ཉི་མའི་སྒྲོན། །མུ་སྟེགས་ཀླད་འགེམས་སྨྲ་མཆོག་སེང་གེ་དེས། །ཤེས་རབ་མཆོག་གི་རྩལ་ནི་འོད་ཟེར་འབར། །དགོས་འདོད་ཕྱོགས་བཅུར་འཕྲོ་ལ་དད་པས་བསྟོད། །ཅེས་བྱ་བ་ནི་ལོ་ཙཱ་བས་བསྟོད་པའོ།། །།