དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ།
ད ཤ དི གཱཾ ས རྦ ཏི མི ར བི ནི ས ར ན ནྣཱ མ ཤྲཱི གུ ཧྱ ག རྦྷ ཏ ཏྭཾ ནི ཤྩ ཡ སྟ ནྟྲ སྱ ཊཱི ཀཱ བི ཧ ར ཏི སྨ། །
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་བཞུགས་སོ། །
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་རྣམ་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་མུན་པ་ཐམས་ཅད་ངེས་པར་སེལ་བ་ཞེས་བྱ་བ། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་སྲས་དང་བཅས་པ་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གཉིས་སུ་མེད་གང་ཆོས་སྐུའི་ངོ་བོར་རྣམ་སངས་རྒྱས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་གདོད་མའི་མགོན་པོ་ཡོན་ཏན་རྫོགས། །སྲིད་དང་ཞི་བ་གཉིས་སུ་མེད་གང་བསམ་གྱིས་མི་ཁྱབ་འདུས་མ་བྱས། །ཆོས་དང་ཆོས་ཉིད་གཉིས་སུ་མེད་གང་ཀུན་བཟང་བཙུན་མོར་བཅས་ཀུན་རྒྱལ། །བདེ་གཤེགས་སྣང་བ་ཤིན་ཏུ་ཚད་མེད་འོད་གསལ་སྟུག་པོ་བཀོད་པའི་ཞིང་། །ཡེ་ཤེས་རྣམ་ལྔའི་རང་བཞིན་ལས་གྲུབ་རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །རིགས་ལྔའི་རང་བཞིན་རྒྱ་མཚོའི་སྤྲིན་འཕྲོ་དུས་རྣམས་ཀུན་ཏུ་ལོངས་སྤྱོད་རྫོགས། །ཞི་དང་ཁྲོ་ཚུལ་དཔག་མེད་ཚུལ་འཆང་ལྷུན་གྱིས་གྲུབ་པའི་ཚོགས་ལ་འདུད། །རྒྱལ་བའི་ཐུགས་རྗེ་ཤིན་ཏུ་རྨད་བྱུང་རྫོགས་སངས་རྒྱས་ཀྱི་གསུང་གསོལ་ཞིང་། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ། །གསང་བའི་སྙིང་པོ་མཆོག་གི་མཛོད་བརྙེས་ཀུན་གྱི་སྔོན་རོལ་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་གསང་བའི་བདག་ལ་འདུ་འབྲལ་མེད་པས་ཕྱག་འཚལ་ལོ། །གདུལ་བྱའི་གློ་བུར་ཉོན་མོངས་བསལ་ཕྱིར་སྟོན་པས་ཆོས་ཀྱི་ཆར་ཕབ་སྟེ། །དབང་པོའི་རིམ་པས་རིམ་དང་རིམ་མིན་ཚེ་གང་གྲོལ་བའི་རང་བཞིན་ལས། །གསང་བའི་སྙིང་པོ་མཆོག་གི་ལམ་ནི་ཀུན་གྱི་རྩེ་མོ་ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ཆེ། །གྲངས་མེད་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཤིང་རྟ་ཆེན་པོའི་སྲོལ་འབྱེད་ཉིད། །སྐྱེ་རྒུའི་དཔལ་ལས་མི་ཡུལ་སྣང་བ་གངས་ཀྱི་རི་བོ་འདིར་འོངས་ཏེ། །སྔོན་གྱི་ལོ་པཎ་དམ་པ་རྣམས་ཀྱིས་ལེགས་བསྒྱུར་གཏན་ལ་ཕབ་པའི་དོན། །མཁས་པ་དུ་མས་རྣམ་བཤད་མཛད་ཅིང་མི་ནུབ་རྒྱལ་མཚན་ལེགས་བཟུངས་པ། །བསྟན་པའི་སྲོག་ཤིང་རྒྱ་ཆེར་གྱུར་ལ་ལྷག་པར་དད་བརྒྱའི་འདབ་སྟོང་གཡོ། །ཟབ་ཅིང་རྒྱ་ཆེའི་རྒྱུད་དོན་ཉི་མ་བདག་བློའི་སྤྱོད་ཡུལ་མ་གྱུར་ནའང་། །དམ་པའི་ལེགས་བཤད་མིག་ཐུར་དབྱེ་བས་ཚིག་དོན་རྣམ་བཀྲའི་གཟུགས་སྣང་བ། །ཇི་སྙེད་ཇི་བཞིན་དེ་ཉིད་དོན་མཐོང་ལུང་རིག་མན་ངག་ལ་བརྟེན་ནས། །སྐལ་བཟང་སློབ་མས་བསྐུལ་བའི་དོན་དུ་ངེས་དོན་སྙིང་པོ་འདིར་གསལ་བྱ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཀུན་ཏུ་བཟང་པོ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་མངའ་དག་དེས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ནས་མ་གཡོས་བཞིན་དུ། རང་བཞིན་ཐུགས་རྗེའི་བྱིན་གྱིས་བརླབས་ལས་རང་སྣང་བ། སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་རིགས་ལྔའི་སངས་རྒྱས་ཀྱི་རྣམ་པར་བཞེངས་ཏེ། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་ཉིད་ལས་མི་གཞན་པའི་མངའ་ཐང་ཆེན་པོས་དབང་སྒྱུར་བས། རྡོ་རྗེ་སེམས་དཔའ་ལ་སོགས་པ་འབྲས་བུའི་སེམས་དཔའ་རྣམས་ལ། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་གསང་སྔགས་རྡོ་རྗེའི་ཐེག་པ་གསུངས་ཏེ། སྣང་བ་གསུམ་གྱིས་གདུལ་བར་བྱ་བའི་འགྲོ་བའི་ཁམས་རང་བཞིན་གྱིས་གྲོལ་བ་མཛད་པ་ལས། གསང་སྔགས་ནང་པ་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རྣམས་ཕྱི་ནང་གསང་བ་གསུམ་དུ་སྣང་བའི། གསང་བ་ལ་ཡང་བསྐྱེད་རྫོགས་གཉིས་སུ་ཕྱེ་བའི་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས། འདིར་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་ཉིད་སྟོན་པར་བྱེད་དོ། །འདི་ལ་ཡང་སྡེ་བཞི་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་། ལས་ཚོགས་རྒྱས་པར་སྟོན་པ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བ་དང་། རོལ་པ་སྔོན་དུ་སྟོན་པ་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་དང་། ཐེག་པ་ཀུན་ལ་ཁྱབ་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའོ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་ཡང་བརྒྱད་དེ། སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་དཔལ་གསང་བའི་སྙིང་པོ་དང་། ཕྲིན་ལས་རྫོགས་པར་སྟོན་པ་བཞི་བཅུ་པ་དང་། དཀྱིལ་འཁོར་རྫོགས་པར་སྟོན་པ་བརྒྱད་པ་དང་། དབང་བསྐུར་བ་གསལ་བར་སྟོན་པ་བླ་མ་དང་། དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་། ཡོན་ཏན་རྒྱས་པར་སྟོན་པ་བརྒྱད་ཅུ་པ་དང་། ལྷའི་སྐུ་མདོག་དང་ཕྱག་མཚན་གསལ་བར་སྟོན་པ་རྡོ་རྗེ་མེ་ལོང་དང་། བསྐྱེད་རིམ་གསལ་བར་སྟོན་པ་རྒྱ་མཚོ་དང་། ཐབས་ལམ་གསལ་བར་སྟོན་པ་ཐལ་བ་དང་སྡེ་བརྒྱད་དོ། །དེ་ལ་འདིར་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ལུང་ཐམས་ཅད་ཀྱི་འབྱུང་ཁུངས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐེག་པའི་ཉེ་ལམ་ཆེན་པོ། གསང་བ་བས་ཀྱང་ཆེས་ཤིན་ཏུ་གསང་བ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འཆད་པ་ལ་གསུམ་སྟེ། བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་མཚན་གྱི་དོན་བཤད་པ། བརྗོད་བྱ་ཉིད་གསལ་བར་སྟོན་པ་རྒྱུད་ཀྱི་དོན་དངོས་བཤད་པ། ཡོངས་སུ་རྫོགས་པ་མཇུག་གི་དོན་བཤད་པའོ། །དང་པོ་ལའང་གཉིས་ཏེ། མཚན་དོན་དངོས་དང་། ཕྱག་གིས་མཆོད་པར་བརྗོད་པའོ། །དང་པོ་ལ་བཞི་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན། ཕྱི་ཅི་ལོག་གི་ཀླན་ཀ་སྤང་བའོ། །དང་པོ་ལ་གསུམ་ལས། མིང་ལ་བརྟེན་ནས་དོན་གོ་བ་ནི་བུམ་པ་ཞེས་པའི་མིང་ལས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དངོས་པོ་གོ་བར་བྱེད་པ་ལྟར། མཚན་འདི་ཉིད་ལས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་གཅིག་ཏུ་བསྟན་པས། དབང་པོ་ཤིན་ཏུ་རྣོན་པོས་དེ་ཙམ་གྱིས་རྟོགས་པའི་དགོས་པ་ཡོད་དོ། །དོན་ལ་བརྟེན་ནས་མིང་གོ་བ་ནི་ལྟོ་ལྡིར་ཉིད་བུམ་པར་གོ་བ་ལྟར། ཡེ་ནས་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ཉིད་མཚན་དེར་གོ་བས། དབང་པོ་འབྲིང་པོས་ཆོས་ཐམས་ཅད་མིང་ཙམ་མིང་ཡང་བཏགས་པ་ཙམ་དུ་ཕྱི་ནས་གོ་བའི་དགོས་པ་ཡོད་དོ། །མིང་དོན་གྱིས་འབྲེལ་བ་ཤེས་པ་ནི་བུམ་པ་དང་ལྟོ་ལྡིར་ཐ་དད་མེད་པ་ལྟར། མཚན་དང་དོན་གཉིས་སུ་མེད་པར་ཤེས་པས། དབང་པོ་རྟུལ་པོའང་རིང་ཞིག་ན་ཚིག་དོན་དབྱེར་མེད་པའི་རང་བཞིན་ཁོང་དུ་ཆུད་པའི་དགོས་པ་ཡོད་དོ། །གཞན་ཡང་མིང་ལས་དོན་གོ་བས་གླེགས་བམ་བཙལ་སླ་བ་སྨན་གྱི་ཁ་བྱང་ལྟ་བུ་དང་། ཕྱོགས་གར་གཏོགས་ཤེས་པས་དམག་མིའི་མདའ་བྱང་ལྟ་བུར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་ཤེས་པའི་དགོས་པ་ཡོད་དོ། །བསྡུས་དོན་ནི་ཆོས་ཐམས་ཅད་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་དུ་བྱང་ཆུབ་པའི་རང་བཞིན་དུ་སྟོན་པའོ། །ཚིག་གི་དོན་ནི་ཡུལ་དུམ་བུ་གསུམ་ལས་དབུས་གཙང་ནི་བོད་ཆེན་པོ་སྟེ་དེའི་སྐད་རིགས་གང་བཟང་བཟང་དུ་བསྒྱུར་ཏོ། །དེ་ཡང་ཆོས་ཀུན་ཡེ་ནས་སངས་རྒྱས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འཁོར་འདས་ཐམས་ཅད་དབྱེར་མེད་དུ་ཁྱབ་པར་རྟོགས་པ་ནི་རྒྱལ་བའི་དགོངས་པ་སྟེ། དེ་ཉིད་ཤིན་ཏུ་རྟོགས་པར་དཀའ་བས་གསང་བའི་དོན་ནོ། །གང་ལ་གསང་ན་སྣོད་དུ་མ་གྱུར་པ་སྟེ་སྒོ་གསུམ་གྱི་སྒྲིབ་པ་ཅན་ལའོ། །གསང་ལུགས་ནི་གབ་སྦས་གཉིས་ཏེ། དེའང་སྐུ་གསུམ་རང་ལ་ཡོད་ཀྱང་གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་མ་མཐོང་བ་ནི་གབ་པ་སྟེ། བརྟག་གཉིས་ལས་སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ལ། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བསལ་དང་བཞག་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་བའི་སྡུག་བསྔལ་ནི། །རྣམ་མང་ཀུན་ཏུ་སྐྱེ་རྒུ་འདིས་མྱོང་ངོ་། །ཞེས་པ་ལྟར་རོ། །དེ་ཉིད་ཀྱི་མཚོན་ནས་ལྟ་དགོངས་ཟབ་མོ་རྣམས་རང་སྟོབས་ཀྱིས་མ་ཤེས་ཤིང་གཞན་གྱིས་སྟོན་པ་མེད་པས་སམ་བསྟན་ཡང་མ་རྟོགས་པས་གབ་པ་སྟེ། དམུས་ལོང་ལ་གཟུགས་ཀྱི་སྣང་བ་གབ་པ་བཞིན་ནོ། །སྦས་པའི་གསང་བ་ནི་ལྟ་སྒོམ་སྤྱོད་པ་ཐུན་མོང་མ་ཡིན་པ་རྣམས་ཏེ། མ་སྦས་ན་གསང་སྒོ་འཆོལ་བ་དང་སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །དེ་སྐད་དུའང་དམ་ཚིག་གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུབ་དངོས་གྲུབ་མི་ཡལ་བས། །གསང་ཕྱིར་བརྡ་དག་སྣ་ཚོགས་གསུངས། །ཞེས་སོ། །གསང་བའི་རྣམ་གྲངས་དུ་མ་སོ་སོའི་ལུང་དང་སྦྱར་ཏེ་འཆད་ནའང་། འདིར་འདུས་པས་ཡི་གེ་མང་བར་ཟད་དོ། །དེའང་བསྡུ་ན། སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་གསུམ་མོ། །སྙིང་པོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མཐར་ཐུག་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ནས་སངས་རྒྱས་པའི་དོན་གྱི་གནས་ལུགས་རྫོགས་པ་ཆེན་པོ་དང་དེའི་རྗོད་བྱེད་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ། །དེ་ཁོ་ན་ཉིད་ནི་སྐུ་གསུམ་འདི་འབྲལ་མེད་པའི་རང་བཞིན་དེ་ཉིད་ཀུན་ཁྱབ་བསླུ་བ་མེད་པའི་ཆོས་ཏེ་འཕོ་འགྱུར་མེད་པའོ། །ངེས་པ་ནི་སངས་རྒྱས་ལ་ཡོད་ཅིང་སེམས་ཅན་ལ་མེད་པའི་དྲང་དོན་ལྟར་གསུངས་པ་ནི་མ་ཡིན་གྱི། ཏིལ་ལ་མར་ལྟར་ཡེ་ནས་ཐམས་ཅད་ལ་གནས་པའི་དོན་ནོ། །གཞན་ཡང་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་ནི་གཞི་གསང་བའི་སྙིང་པོའོ། །དེ་ཉིད་བསྐྱེད་རྫོགས་གཉིས་སུ་མེད་པས་ཉམས་སུ་ལེན་པ་ནི་ལམ་དེ་ཁོ་ན་ཉིད་དོ། །དེའི་མཐར་ཐུག་སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི་འབྲས་བུ་གཞི་ཐོག་ཏུ་ངེས་པའོ། །མདོར་ན་སྣང་བ་དང་སྟོང་པ་བསྐྱེད་པ་དང་རྫོགས་པ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་སྟོན་པའི་མཚན་ཡིན་ནོ། །ཕྱིན་ཅི་ལོག་གི་ཀླན་ཀ་སྤང་བ་ནི། མ་རིག་པའི་མཚོ་སྔོན་པོ་ཕྱིན་ཅི་ལོག་གི་ལྦུ་བ་འཁྲིགས་ཤིང་ལོག་པར་བལྟ་བ་དང་ཕྲག་དོག་གི་རྦ་རླབས་དྲག་ཏུ་གཡོ་བ་དག་ན་རེ། ཁྱོད་ཀྱི་རྒྱུད་འདིའི་ཀླད་དུ་རྒྱ་གར་སྐད་མ་སྨོས་པས་ཡང་དག་པ་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་ཁ་ཅིག་ནི་བོད་སྐད་དུའི་སྒྲས་རྒྱ་གར་གྱི་སྐད་ཤུགས་ལ་བསྟན་ཏེ། རྒྱ་གར་སྐད་དུ། གུཧྱ་གརྦྷ་ཏ་ཏ་ཏྭ་བི་ནིཥྩ་ཡ། ཞེས་པ་ཡོད་དེ་མ་སྨོས་པ་ནི་ཟློས་པ་སྤང་བའི་ཕྱིར་ཡིན་ཞེས་པ་དང་། ཁ་ཅིག་ནི་རྒྱ་གར་གྱི་གླེགས་བམ་ལའང་མེད་པ་དང་། འོད་དཔག་མེད་ཞིང་གི་ཡོན་ཏན་བཀོད་པ་ལ་སོགས་པ་མདོ་སྡེ་དུ་མ་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་རྒྱུད་སྡེ་དུ་མ་ནའང་མ་སྨོས་པས་དེ་དག་ཡང་དག་པ་མ་ཡིན་པར་འགྱུར་ཞེས་རིག་པ་འཕེན་ནོ། །དེ་ལྟར་ཡང་ཡིན་མོད། འོན་ཀྱང་འདི་ཡིན་ཏེ། རྒྱ་སྐད་དང་ཕྱག་གི་ངེས་བཟུང་ན་རལ་པ་ཅན་མན་ཆད་དུ་བྱས་ཏེ་ཡན་ཆད་ལ་ཅི་རིགས་སུ་ཡོད་ཅིང་། འདི་ཡང་བསམ་ཡས་རྒྱལ་པོའི་དུས་སུ་བསྒྱུར་བས་རྒྱ་སྐད་མ་སྨོས་ཏེ། མིང་གཅིག་ལན་དུ་མར་ཟློས་པའང་དོན་ཆུང་བར་དགོངས་ནས་མ་བསྟན་པ་ཡིན་ནོ། །གཉིས་པ་ཕྱག་འཚལ་བ་ནི། བདུད་བཞི་དང་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བཅོམ་པ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །བདུད་བཞི་ནི། ཚེ་ལ་བར་དུ་གཅོད་པ་འཆི་བདག་གི་བདུད་དང་། ཏིང་ངེ་འཛིན་ལ་བར་དུ་གཅོད་པ་ལྷའི་བུའི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པ་ཕུང་པོའི་བདུད་དང་། ཐར་པ་ལ་བར་དུ་གཅོད་པ་ཉོན་མོངས་པའི་བདུད་དོ། །འདི་དག་ཡེ་ནས་མི་མངའ་བས་བཅོམ་ཞེས་བཏགས་སོ། །སྒྲིབ་པ་གཉིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། དུག་ལྔ་རང་མཚན་པའི་རྟོག་པ་དང་། དེ་ཉིད་དག་བྱེད་གཉེན་པོ་ལ་ཞེན་པའི་བློ་ཡིན་ཏེ། དབུས་མཐའ་ལས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་བརྗོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་བརྗོད། །ཅེས་སོ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་དང་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པ་སྟེ། སམྦུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཞེས་བྱ། །ཞེས་པ་ལྟར་རོ། །དབང་ཕྱུག་ནི་ཆོས་སྐུ་ངོ་བོ་ཉིད་ཀྱི་དག་པ་སྟེ་ཆོས་ཀྱི་དབྱིངས་སོ། །གཟུགས་བཟང་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མེ་ལོང་ལྟ་བུའོ། །དཔལ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ་མཉམ་པ་ཉིད་དོ། །གྲགས་དང་ཡེ་ཤེས་ནི་སྤྲུལ་པའི་སྐུ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་དོན་མཛད་པས་སོ་སོར་རྟོག་པའོ། །བརྩོན་འགྲུས་ནི་མི་འགྱུར་རྡོ་རྗེའི་སྐུ་ཉིད་དབྱིངས་ལས་མ་གཡོས་པར་ཕྲིན་ལས་ཚད་མེད་པ་སྣང་བས་བྱ་བ་གྲུབ་པའོ། །ཕུན་སུམ་ཚོགས་པ་ནི་དབང་ཕྱུག་ལ་སོགས་པ་ལྔ་ཀའི་མཐར་སྦྱར་ཏེ་འཕགས་པ་སློབ་པ་རྣམས་ཀྱི་ཡེ་ཤེས་ལས་ཁྱད་པར་འཕགས་པ་བསྟན་ཏོ། །ཁ་ཅིག་ནི་བཅོམ་པའི་དོན་ཉིད་བསྟན་པས་བཅོམ་ལྡན་ཞེས་པའང་བཞེད་དོ། །འདས་ནི་འཁོར་འདས་བླང་དོར་ཡོད་མེད་སྤྲོས་པའི་མཚན་མ་ཐམས་ཅད་ལས་འདས་པ་སྟེ། ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་སོ། །དཔལ་ནི་ཆོས་སྐུའི་དབྱིངས་ལས་མི་གཡོ་བ་དང་། གཟུགས་སྐུ་དེ་ཉིད་ཀྱི་ངང་ལས་ལྷུན་གྲུབ་ཏུ་འཆར་བ་གཞན་གྱི་དཔལ་ཏེ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །གཟུགས་ཀྱི་སྐུ་ལྔ་ལྷུན་གྱིས་གྲུབ། །དེ་ལས་དོན་གཉིས་ཡོངས་རྫོགས་ཕྱིར། །དཔལ་ནི་ལྷུན་རྫོགས་གཅིག་ཏུ་རོལ། །ཞེས་སོ། །དེ་ལྟ་བུའི་རང་བཞིན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷུན་སྟུག་པོ་བཀོད་པའི་ཞིང་ན་འཕོ་འགྱུར་མེད་པས་དུས་ཀུན་ཏུ་བཞུགས་ཤིང་རང་སྣང་བའི་ལོངས་སྤྱོད་ཆེན་པོ་རྫོགས་པས་བཟང་པོ་སྟེ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སོ། །དབྱེ་ན་ལྔ་ལས། ཀུན་གྱི་སྔོན་རོལ་ཏུ་མངོན་པར་བྱང་ཆུབ་པ་གདོད་མའི་སྟོན་པ་ཀུན་ཏུ་བཟང་པོ་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཐོག་མ་ཀུན་གྱི་སྔོན་རོལ་ཏུ། །རང་སྣང་གཞི་ལ་མཐར་ཕྱིན་ཏེ། །སྔར་སངས་སྔ་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱི་སྟོན་པར་ཤར། །ཞེས་སོ། །དེའང་ཆོས་ཉིད་སྟོང་པའམ་རང་བཞིན་གྱི་སེམས་ཉིད་ལ་ཟེར་བ་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ལ་ཡང་ཐར་པའི་ལམ་སྟོན་པས་གདོད་མའི་མགོན་པོ་ཞེས་བྱ་བ་ཡིན་ཏེ། ཀུན་བྱེད་ལས་ཀྱང་། རྒྱལ་བ་ཀུན་ལས་ང་སྔའི་ཕྱིར། །སྐུ་གསུམ་སྟོན་པའི་ཕ་མར་ཤར། །ཅེས་པ་དང་། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ཞེས་སོ། །སྟོན་པ་འདི་ཡོད་པས་འཁོར་འདས་གདོད་མར་གྲོལ་བའི་ལམ་སྟོན་པ་བྱུང་སྟེ། དུས་གསུམ་གྱི་རྒྱལ་བ་བྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་འཇིག་རྟེན་དུ་སངས་རྒྱས་འབྱུང་བའང་མི་རིགས་ཏེ། ཐམས་ཅད་སེམས་ཅན་དུ་མཉམ་པ་ལ་གཅིག་གིས་གཅིག་ལ་ལམ་སྟོན་པ་མི་ཤེས་པ་ཉིད་དང་། ལ་ལ་སངས་རྒྱས་ཤིང་ལ་ལ་འཁོར་བ་མི་རིགས་སོ། །ཐུན་མོང་བའི་ཐེག་པ་ལས་ཐོག་མཐའ་མེད་པར་བཤད་པ་ནི་དུས་དང་ཆོས་ཉིད་ལ་དགོངས་སོ། །ཁྱད་པར་དབུ་མ་ནས། འཁོར་འདས་རང་བཞིན་མ་གྲུབ་པས་དེ་ལ་ཐོག་མཐའ་མེད་དེ་དེ་ནམ་མཁའ་བཞིན་ཞེས་འབྱུང་ངོ་། །ཡང་སངས་རྒྱས་དང་སེམས་ཅན་སོ་སོར་དང་པོ་ནས་བྱུང་ན་འཁོར་འདས་གཞི་ཐ་དད་པས་ཐུགས་རྗེའི་འབྲེལ་བ་མི་འཇུག་པར་འགྱུར་རོ། །དེས་ན་ལུགས་འདི་ནི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་གོང་མར་ཤིན་ཏུ་གསལ་བར་གསུངས་ཤིང་། སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལས་ལེགས་པར་གཏན་ལ་ཕབ་པ་ཡིན་ཏེ། འདིར་ཡང་དེ་ལ་ཕྱག་བྱེད་དོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ནི་རང་བཞིན་ཀུན་ཏུ་བཟང་པོའོ། །སེམས་ཉིད་འོད་གསལ་བའི་ངོ་བོ་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ད་ལྟ་ཉིད་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པས་ཡེ་ནས་སངས་རྒྱས་པ་ནི་གཞིའི་ཀུན་ཏུ་བཟང་པོའོ། །ལམ་གོམས་པས་ཐབས་ཤེས་གཉིས་མེད་ཀྱི་རྟོགས་པ་ཤར་བ་ནི་ལམ་ཀུན་ཏུ་བཟང་པོའོ། །ལམ་མཐར་ཕྱིན་ནས་གཞི་ཐོག་ཏུ་ཕྱིན་ཏེ་སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི་འབྲས་བུའི་ཀུན་ཏུ་བཟང་པོའོ། །འདི་དག་གི་ལུང་ནི་ཡི་གེ་མང་བས་མི་སྤྲོའོ། །ཡུལ་དེ་ཉིད་ལ་འགྱུར་མཛད་པ་པོ་སྒོ་གསུམ་དང་བས་ཕྱག་འཚལ་ལོ། །ཞེས་སོ། །ཁ་ཅིག་སྡུད་པ་པོའི་ཕྱག་ཏུ་འདོད་པ་ནི་མ་ཡིན་ཏེ་རྒྱ་གར་གྱི་གླེགས་བམ་ལ་མེད་པའི་ཕྱིར་རོ། །འགྲེལ་ཆུང་གི་དེ་ཉིད་དེའི་མཆོད་བརྗོད་ཡིན་གྱི་ཕྱག་གི་འགྲེལ་པ་ནི་མ་ཡིན་ནོ། །དེ་ཡང་འདི་སྐད་འབྱུང་སྟེ། མཉམ་ཉིད་དབྱིངས་སུ་བདུད་བཞི་ངང་གིས་བཅོམ། །ཕྱག་རྒྱ་རང་བཞིན་ཚོགས་གཉིས་རྫོགས་པར་ལྡན། །ཡོད་མེད་མཐའ་འདས་བདག་གཞན་ཡོངས་ཀྱི་དཔལ། །ཐམས་ཅད་རང་བཞིན་རྟོགས་དང་ཐུགས་རྗེ་བཟང་། །ཀུན་བཟང་ལྷ་ཡི་ལྷ་ཁྱོད་དབྱེར་མེད་ལ། །རྟོགས་དང་གྲུབ་པས་རབ་ཏུ་ཕྱག་འཚལ་ལོ། །ཞེས་དང་། དོན་གཉིས་པ་བརྗོད་བྱ་ཉིད་གསལ་བར་སྟོན་པ་རྒྱུད་ཀྱི་དོན་དངོས་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཐུགས་རྗེའི་ངང་ལས་འཆར་ཚུལ་བསྟན་པ། དེ་ལས་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཇི་ལྟར་འཕྲོས་ཚུལ་བསྟན་པ། རྒྱུད་དམ་པར་གདམས་ནས་རྗེས་འཇུག་ལ་གཏད་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུའི་སྟོན་པ་ཉིད་དབྱིངས་ལས་མ་གཡོས་པར་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རང་སྣང་བར་ཇི་ལྟར་བཀོད་པའི་ཚུལ། སྟོན་པ་ཉིད་རིགས་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པ། ཐུགས་རྗེའི་རང་བཞིན་ཆོས་ཉིད་ལས་མ་གཡོས་བཞིན་དུ་རྣམ་པས་འཇིག་རྟེན་སྒྲོན་མ་བཀོད་དེ་ཆོས་ཐམས་ཅད་གཏན་ལ་དབབ་པའི་ཚུལ་ལོ། །དང་པོ་ལའང་ཕུན་སུམ་ཚོགས་པའི་གླེང་གཞི་མདོར་བསྟན། དེ་ཡི་རང་བཞིན་རྒྱས་པར་བཤད། ཡེ་ཤེས་ཀྱི་རང་སྣང་བཀོད་པར་དོན་བསྡུ་བ་གསུམ་ལས། དང་པོ་ལ་གཉིས་ཏེ། ངོ་བོ་བཤད་པ་དང་། ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་ལས། ཕྱི་རྒྱུད་འབྱུང་བ་གླེང་གཞིའི་ཚུལ་དུ་བཤད་པ་ནི། ཨེ་ཝཾ་མ་ཡ་ཞེས་པའི་སྒྲས་གོ་བར་བྱ་སྟེ། ཨེ་ཝཾ་ནི་དབྱིངས་ཀྱི་ཡི་གེ་སྟེ་དེ་ལས་ཡི་གེ་ཀུན་འབྱུང་བའི་ཕྱིར་འོག་ནས་འབྱུང་བའི་ཚུལ་འདི་སྐད་ཅེས་སྣང་བར་བྱེད་དོ། །མ་ཡའི་སྒྲ་ལས། རང་བཞིན། སྒྱུ་མ། བདག །འབྱུང་བ་ལ་སོགས་ཡོད་ཀྱང་འདིར་འབྱུང་བ་གཟུང་སྟེ་བཤད་པའི་དུས་ཞེས་སྣང་བ་ཡིན་ནོ། །དེ་ལ་འདི་སྐད་འོག་གི་རྒྱུད་རྒྱས་པ་རྣམས་ཏེ་ཆོས་ཕུན་སུམ་ཚོགས་པའོ། །བཤད་ཅེས་པས་སྡུད་པ་པོ་ཉིད་སྟོན་པ་ཕུན་སུམ་ཚོགས་པ་ཉིད་དུ་ཁས་བླངས་པའོ། །བཤད་པའི་ཤུགས་ལ་ཉན་པ་པོའི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏེ། དེའང་བདག་གིས་ཐོས་པ་མི་སྨོས་པ་ནི་དེའི་ཚེ་བདག་གཞན་གཉིས་སུ་ཕྱེ་བ་མེད་པ་ཡིན་ལ། ཐོས་པ་ནི་སྟོན་པ་དང་འཁོར་ཐ་དད་དུ་སྟོན་པ་ལས། འདིར་བསྡུ་བ་བྱེད་པ་ན་སྟོན་པ་ཉིད་གསང་བདག་ཏུ་སྣང་བས་སྔར་འོག་མིན་དུ་བསྟན་པ་ཉིད་དེང་ཡང་འདིར་བཤད་པར་བྱ་ཞེས་པའི་དོན་ཏེ། ཐུན་མོང་བའི་སྡུད་པ་པོ་གནས་བརྟན་འོད་སྲུང་ལ་སོགས་པ་ལས་ཁྱད་པར་དུ་འཕགས་པ་བསྟན་པའོ། །དེའང་སྡུད་པ་པོ་ཉིད་སྟོན་པ་ཡིན་པར་གཉིས་མེད་རྣམ་རྒྱལ་ལས་ཕྱག་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཡིན་ལ། རྡོ་རྗེ་འཆང་ཆེན་པོའང་དེ་ཉིད་ལས་གཞན་མ་ཡིན་པར་རིག་པར་བྱ་སྟེ། གཞན་དུ་ན་ཐེག་པ་བསམ་གྱིས་མི་ཁྱབ་པ་རྣམས་དུས་སྐད་ཅིག་གཅིག་ལ་ཁོང་དུ་ཆུད་པར་བྱས་ཏེ་སུས་སྨྲ་བར་ནུས། ཞེས་པ་དང་། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པོ་དེ་སྡུད་པའང་དེ། །ཞེས་པ་དང་། དཔལ་ཀྱེ་རྡོ་རྗེ་ལས་ཀྱང་། །འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །ཞེས་སོ། །དུས་ན་ཞེས་པ་ནི་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ཏེ་དུས་ཕུན་སུམ་ཚོགས་པ་སྨོས་པའོ། །དེ་ལྟར་སྟོན་པ་དང་ཆོས་དང་འཁོར་རྣམས་སྣང་བ་དེའི་ཚེ་གནས་ཀྱང་ཡོད་ངེས་པས་འོག་མིན་ཉིད་ཤུགས་ལ་བསྟན་པའོ། །འོ་ན་དུས་གཅིག་ན་ཞེས་གཞན་ལས་འབྱུང་བ་ལྟར་མི་སྟོན་པ་ཅི་ཡིན་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ན་རྟག་པ་རྒྱུན་གྱི་ཁོར་མོར་ཆོས་གསུངས་པ་ཡིན་གྱི། དུས་གཅིག་ན་ཐོས་ཞེས་པའི་ངེས་བཟུང་ལས་འདས་པ་ཡིན་ནོ། །ཐུན་མོང་བ་ནི་འབྱུང་བ་དཀོན་ཕྱིར་ཞེས་པ་ལྟར་སྤྲུལ་སྐུའི་ཆོས་དུས་རེས་འགའ་གསུངས་པ་ལས་ཁྱད་པར་འཕགས་པའོ། །གཉིས་པ་ནང་ལྟར་བཀོད་པ་བྱང་ཆུབ་སེམས་སུ་བཤད་པ་ནི། གནས་ཡུམ་གྱི་གསང་བ་དང་། འཁོར་ལོ་བཞིའི་རྩ་རྣམས་སོ། །སྟོན་པ་ཡབ་ཡུམ་ནི་དྭངས་མ་དཀར་དམར་དང་ཡེ་ཤེས་ཀྱི་རླུང་ངོ་། །འཁོར་དགའ་བ་བཅུ་དྲུག་གི་ཉམས་དང་བཅས་པའོ། །དུས་གཙུག་ཏོར་འཁོར་ལོས་སྒྱུར་བ་བསམ་གྱིས་མི་ཁྱབ་པའི་དུས་སོ། །དེ་སྐད་དུའང་ཐལ་བ་ལས། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །ཐིག་ལེ་ཝཾ་དབྱིབས་ཅན་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལས། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་མཆོག་འདི་ཡིན་ནོ། །དུས་ནི་བསམ་གྱིས་མི་ཁྱབ་དུས། །ནཱ་མ་ཞེས་མིང་དེ་བྱའོ། །ཞེས་སོ། །ཨེ་སོགས་ནི་ཡུམ་གྱི་མཁའི་གཟུགས་ཏེ་ལས་བཞིའི་གནས་དང་འཁོར་ལོ་བཞིའོ། །སྐད་ཅེས་པ་ནི་སྐད་ཅིག་མ་སྟེ་དགའ་བ་ཆེན་པོའི་ཚེ་གསལ་བྱེད་མིང་ཅན་ཐབས་ཏེ། ཐེག་ལེ་དཀར་པོ་ཝཾ་གི་གཟུགས་ཅན་ནོར་བུའི་རྩེར་འཐོན་པས་ཡུམ་ལ་བདེ་བ་སྟེར་ཞིང་། ཡུམ་གྱི་དམར་པོས་ཡབ་ལ་བདེ་བ་སྦྱིན་པའོ། །མ་ད་མ་ནུ་སྡོམ་བྱེད་ཀྱིས་སྟེང་འོག་གི་རླུང་འཆིང་ཞིང་གྱེན་དུ་འཁོར་ལོ་བཞིའི་ནང་འགེངས་པས་ཡེ་ཤེས་བརྟན་པར་བྱེད་པའོ། །ལས་ཅན་ནི་སྐལ་ལྡན་ལ། པ་སྒྲ་དོན་དམ་སྟེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས། ཡ་ན་སྟེ་ཐེག་མཆོག་འདི་ཉིད་བསམ་གྱིས་མི་ཁྱབ་ཀྱི་དུས་སུ་མཐོང་བས། ནཱ་མ་སྟེ་ཡེ་ཤེས་ཆེན་པོའི་ཕུན་སུམ་ཚོགས་པ་ཉིད་དུ་བསྟན་པ་ཡིན་ནོ། །གསུམ་པ་གསང་བ་འོད་གསལ་ལྟར་བཤད་པ་ནི། གནས་སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་ན་སྲོག་གི་རྩ་མཐིང་ཁ། དེ་ལས་སྦྲའི་ཆོན་ཐག་ལྟར་གྱེས་པའི་ཤར་ན་ཆུའི་རྩ་དཀར་པོ། ལྷོ་ན་སའི་རྩ་སེར་པོ། ནུབ་ན་མེའི་རྩ་དམར་པོ། བྱང་ན་རླུང་གི་རྩ་ལྗང་གུ་རྣམས་ཀྱི་ནང་ན་ཀུན་རྫོབ་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་རེ་གནས་སོ། །དེས་ན་སྟོན་པ་ནི་རང་བྱུང་གི་ཡེ་ཤེས་ལྔ་སོ་སོར་མ་འདྲེས་པའི་ཁ་དོག་ལ། ཡེ་ཤེས་ལྔའི་ཐུགས་ཀྱི་རང་རྩལ་ཉོན་མོངས་པ་ལྔར་སྣང་བ་སྟེ། ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེའི་མདངས་འགག་པ་མེད་པར་བཞུགས་སོ །འཁོར་ནི་རྩ་དང་ཐིག་ལེ་དེ་དག་ལས་ལུས་ཀྱི་སྟེང་འོག་ཀུན་ཏུ་ཁྱབ་པའི་རྩ་རྣམས་སོ། །དེའང་འོད་ལྔའི་དབུས་ན་རིགས་ཀྱི་སྐུ་དང་ཡེ་ཤེས་སུ་རང་གསལ་བའོ། །དུས་ནི་གནས་སྐབས་ལུས་དང་དབང་པོའི་རྟེན་འབྲེལ་ཚང་བ་དང་། རང་བཞིན་དུས་གསུམ་འཕོ་འགྱུར་མེད་པས་དུས་བཞི་མཉམ་པ་ཉིད་ཀྱི་དུས་སོ། །ཆོས་ནི་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཏེ། སྟེང་སྒོ་ཡེ་ཤེས་ཆེན་པོའི་རླུང་ཟིན་ཅིང་། ལས་རླུང་ཀུན་ཏུ་གཡོ་བྱེད་ཐམས་ཅད་འགགས་པ་ན་རང་སྣང་ཞིང་། འཆི་ཁའི་ཚེ་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ཤར་བས་མངོན་དུ་བྱེད་དོ། །དེའི་ཚེ་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྙིང་ག་ནས་གནས་བཏེག་སྟེ། རང་སྣང་བ་ལས་འོག་མིན་དུ་རང་ངོ་ཤེས་པས་གྲོལ་བ་ཡིན་ནོ། །དེ་སྐད་དུ་རྒྱ་མཚོ་ལས། དྷརྨཱ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་བདག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བཏུས་བཤད་པའོ། །ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་མཐའ་བྲལ་ཕྱིར། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་སོ། །དྷརྨཱ་ཙཀྲ་ནི་ཆོས་ཀྱི་འཁོར་ལོ་སྟེ་སྙིང་ག་ན་འོད་བཞིའི་དབྱིབས་ནི་མཐིང་ཁ་ཁྱབ་པ་ཆེན་པོ་འཆར་གཞི་ཡིན་པས་གཟུགས་སུ་མ་ཆད་ལ། དཀར་པོ་ཟླ་གམ། སེར་པོ་གྲུ་བཞི། དམར་པོ་ཟླུམ་པོ། ལྗང་གུ་གྲུ་གསུམ་པའོ། །དེ་དག་གི་རྟེན་ཐིག་ལེ་ནི་ཝཾ་སྟེ་ཟླུམ་པོར་གནས་སོ། །ཡིད་ལ་སོགས་པ་བཞི་ནི་དབུས་སུ་ཀུན་གཞི། ཤར་དུ་ཀུན་གཞིའི་རྣམ་ཤེས། ལྷོར་ཡིད་ཀྱི་རྣམ་ཤེས། ནུབ་ཏུ་ཉོན་མོངས་པ་ཅན་གྱི་ཡིད། བྱང་དུ་མིག་རྣ་བ་སྣ་ལྕེ་ལུས་ཀྱི་རྣམ་པར་ཤེས་པ་འཆར་བའི་གཞི་བྱེད་དོ། །ཀུན་གཞི་ལུང་མ་བསྟན་རྟེན་ཡིན་ལ། དེ་ལ་བརྟེན་པའི་ཤེས་པ་སྡེ་ཚན་བཞིའོ། །དེ་དག་གི་ངོ་བོ་ད་ལྟ་ཉིད་ནས་གནས་ཀྱི་རིམ་པ་ལྟར་ཡེ་ཤེས་ལྔར་གནས་སོ། །དེ་ཉིད་ངོ་ཤེས་པས་ཉོན་མོངས་པ་མ་སྤངས་གནས་སུ་དག་སྟེ་ཡེ་ཤེས་ལྔའི་རྩལ་རྫོགས་པས་རྒྱལ་བའི་ཐུགས་ཞེས་བྱའོ། །ཡེ་ཤེས་ཀྱི་ངོ་བོ་ནམ་མཁའི་རང་བཞིན། དོན་གཉིས་སུ་མེད་པ། རང་བཞིན་འཕོ་འགྱུར་མེད་པ་ཡིན་ནོ། །གླེང་གཞི་འདི་ཉིད་ཤིན་ཏུ་གཅེས་པ་ཡིན་ཏེ། དུས་ཐམས་ཅད་དུ་སྐུ་གསུམ་ཡེ་ནས་སངས་རྒྱས་པའི་སྣང་ལུགས་དང་གནས་ལུགས་ཤེས་དགོས་པའི་ཕྱིར་རོ། །དེའང་ཐུན་མོང་གི་རྒྱུད་དུ་སྦྱང་གཞི་མ་དག་པ་སྦྱངས་པས་དག་པའི་ཡེ་ཤེས་འདོད་ཀྱང་། གསང་བ་སྒྱུ་འཕྲུལ་ནི་ཐམས་ཅད་དག་པའི་རང་བཞིན་གཅིག་ཏུ་གནས་པར་འདོད་དོ། །དེའང་སེམས་ཅན་ལ་སྣང་ཚད་སེམས་ཀྱི་སྣང་བ་རྨི་ལམ་ལྟར་ཡིན་ལ། སངས་རྒྱས་ལ་སྣང་བ་ཡེ་ཤེས་ཀྱི་རོལ་པ་སྟེ་འོག་མིན་ཉིད་དུ་སྣང་ངོ་། །དེའང་སེམས་ཅན་གྱི་རང་སྣང་བ་ཉིད་ཀྱི་ངོ་བོ་གཟུང་འཛིན་དུ་ཞེན་པས་མ་དག་པ་ལྟར་སྣང་ཡང་མ་དག་པ་རང་མཚན་པ་མེད་དེ། དུང་སེར་པོར་སྣང་བ་བཞིན་ནོ། །དེ་བས་ན་དུང་གི་སེར་པོ་རྟོག་པ་ལ་མིག་གི་བད་ཀན་རྟོག་པ་ལྟར་གཉིས་འཛིན་གཉིས་མེད་ཀྱི་ཡེ་ཤེས་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱེད་དོ། །དེས་ན་མ་དག་པར་སྣང་ཡང་མ་དག་པ་ཉིད་མ་ཡིན་ཏེ་དག་པ་ཉིད་ཡིན་ནོ། །དག་པ་ལ་གཟུང་འཛིན་སྐྱེས་པས་མ་དག་པར་ཤར་བ་ཞེས་བྱའོ། །ངོ་བོ་ཡེ་ཤེས་གཅིག་ལ་སངས་རྒྱས་ཀྱིས་དག་པར་མཐོང་། ལམ་པས་འདྲེས་མར་མཐོང་། སེམས་ཅན་གྱིས་མ་དག་པར་མཐོང་བ་ནི་ཆུ་གཅིག་ལ་འགྲོ་དྲུག་སོ་སོས་བདུད་རྩི་དང་། བཏུང་དུ་རུང་བ་ཙམ་དང་། རྣག་ཁྲག་ལ་སོགས་པར་མཐོང་བ་དང་། དག་པའི་ཞིང་ན་གནས་པས་བདུད་རྩི་ཆེན་པོ་དང་ཆོས་ཀྱི་རང་བཞིན་དུ་སྣང་ངོ་། །ཆོས་ལ་དབང་ཐོབ་པའི་རིག་འཛིན་རྣམས་ལ་ཆུ་དེ་ཉིད་མཱ་མ་ཀཱིར་སྣང་སྟེ་བརླན་པའི་བྱ་བ་ཡང་བྱེད་ལ་རོལ་པའི་བདེ་བ་ཡང་མྱོང་ཞིང་། ཏིང་ངེ་འཛིན་ཀྱང་འཕྲུལ་ཏོ། །བག་ལ་ཉལ་ཤིན་ཏུ་ཟད་པ་ལ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་རོ་གཅིག་པར་སྣང་བ་དང་མི་སྣང་བའི་སྤྲོས་པ་ཉེ་བར་ཞི་བ་བཞིན་ནོ། །དཔེར་ན་ཞིང་འདི་ཉིད་ཀྱང་དག་པ་དང་མ་དག་པ་སོ་སོར་མཐོང་བ་ན་དག་མ་དག་རང་གི་བློ་ལ་སྣང་བ་ལས་ཕྱི་རོལ་ན་མ་དག་པ་རང་མཚན་དུ་མེད་པར་བཤད་དེ། ཇི་སྐད་དུ་དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམན་དང་གཡང་ས་དང་ལྗན་ལྗིན་གྱིས་གང་བར་མཐོང་ངོ་ཞེས་ཟེར་རོ། །སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེ་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱེད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་སོ། །དེ་བས་ན་དག་མ་དག་གི་སྣང་བས་ཕྱེ་བ་ཉིད་དུ་ཤེས་པར་བྱའོ། །འོ་ན་སངས་རྒྱས་ལ་མ་དག་པ་མི་སྣང་ན། མདོ་ལས། ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཡོངས་སུ་གཟིགས་པ་ན། འཇིག་རྟེན་གྱི་ཁམས་དག་པ་དང་མ་དག་པ་དང་སེམས་ཅན་དབང་པོ་མཆོག་དང་མཆོག་མ་ཡིན་པ་དག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །ཞེས་པ་དང་འགལ་ཞེ་ན། འདི་ལྟར་གཉིད་དུ་མ་སོང་བ་དང་སོང་པ་ཁ་ཅིག་རིན་པོ་ཆེའི་ཁང་བུ་ན་གནས་པ་ལས། རྨི་ལམ་དུ་དག་པ་དང་མ་དག་པ་རང་རང་གི་སྣང་བས་ཕྱེ་བ་སོ་སོར་སྣང་དུས། མ་སོང་བ་དེས་དེ་དག་གི་མདུན་དུ་སྤྲུལ་པ་བཀྱེ་ནས། ཀྱེ་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། མི་རྟག་པ་དང་། སྒྱུ་མ་ལྟ་བུ་དང་། རང་བཞིན་གྱིས་དག་པའོ། །ཞེས་པ་དང་། ཁྱེད་ནི་མ་རིག་པའི་གཉིད་ཀྱི་སྣང་བ་སྟེ་དོན་ལ་ནི་མེད་དོ་ཞེས་བརྗོད་ནས། རིམ་གྱིས་གཉིད་སད་པའི་ཐབས་ལ་སྦྱོར་བ་ལྟར་སངས་རྒྱས་ཀྱིས་མཁྱེན་གྱི། རང་སྣང་དུ་མིན་ཏེ་དེ་དག་རིན་པོ་ཆེའི་ཁང་བུ་ན་གནས་པ་བཞིན་ནོ། །གཉིས་པ་ཚུལ་གཞན་གྱི་ལོག་རྟོག་དགག་པ་ནི། བློ་གྲོས་ཀྱི་མིག་ཕྱིན་ཅི་ལོག་གི་ལིང་ཏོག་གི་ཁེབས་ཏེ་ཟབ་མོའི་དེ་ཁོ་ན་ཉིད་སྣང་བའི་སྐལ་པ་མེད་པ་དག་ན་རེ། ཁྱེད་ཀྱི་གཞུང་འདིར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་མ་སྨོས་པས་གླེང་གཞི་ལོག་པའི་སྐྱོན་ཡོད་ཅེས་ཟེར་རོ། །ལན་ལ་གཉིས་ལས། ཚུལ་མཚུངས་པའི་རིག་པས་གདབ་པ་ནི། དེ་ལྟར་ན་བདེ་མཆོག་རྩ་རྒྱུད་ལས། དེ་ནས་གསང་བ་བཤད་པར་བྱ། །ཞེས་པ་དང་། མཚན་བརྗོད་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་འདི་ཡང་གླེང་གཞི་ལོག་པས་བཀའ་ཡང་དག་པ་མ་ཡིན་པར་ཐལ་ལོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལན་དངོས་ནི་འདི་ལྟར་སྤྲུལ་སྐུ་རེས་འགའ་བས་གསུངས་པའི་བཀའ་དང་། ཐུན་མོང་གི་རྒྱུད་རྣམས་སུ་འདི་སྐད་བདག་གིས་ཐོས་ཞེས་འབྱུང་སྟེ། སྟོན་པ་དང་སྡུད་པ་པོ་ཐ་དད་པ་དང་། ཆོས་ཀྱང་ཐེག་པ་སྣ་ཚོགས་པས་རེས་འགའ་བར་བསྟན་པ་དང་། དུས་ཀྱང་རེས་འགའ་བར་བསྟན་པ་ཡིན་ཡང་། འདིར་ཐུན་མོང་མ་ཡིན་པ་ལོངས་སྤྱོད་རྫོགས་པ་སྐུའི་བསྟན་པའི་སྐབས་སུ། སྟོན་པ་ཐུན་མོང་མ་ཡིན་པ་དཔལ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་མ་ཉིད་དུ་མངོན་པར་སངས་རྒྱས་པ་ཉིད་སྟོན་པར་འདོད་ཀྱི། གང་ཟག་གི་རྒྱུད་གཅིག་ལམ་སྦྱངས་ཏེ་མངོན་པར་སངས་རྒྱས་པའི་སྟོན་པ་ལྟར་མ་ཡིན་ནོ། །གནས་ཐུན་མོང་མ་ཡིན་པ་ནི་འོག་མིན་ཆོས་ཀྱི་དབྱིངས་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་རང་སྣང་བ་ཕྱོགས་བཅུའི་རྒྱུད་དུ་མ་གཏོགས་པས་རྒྱ་དང་ཚད་དུ་མ་ཆད་པ། སངས་རྒྱས་ཉིད་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་པས་རིས་སུ་ཆད་པའི་གནས་མ་ཡིན་ནོ། །འཁོར་ཐུན་མོང་མ་ཡིན་པ་ནི་ཡེ་ཤེས་ཆེན་པོ་རང་སྣང་བའི་རྣམ་པར་འཕྲུལ་པ་སྟོན་པ་ཉིད་ལས་གཞན་མ་ཡིན་པས་རྒྱུད་ཐ་དད་པའི་འཁོར་གཞན་དག་འདུས་པ་མ་ཡིན་ནོ། །དུས་ཐུན་མོང་མ་ཡིན་པ་དུས་བཞི་མཉམ་པ་ཉིད་འཕོ་འགྱུར་མེད་པའི་ངང་ན་སྐུ་གསུང་ཐུགས་ལྷུན་སྡུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཀྱི། འདས་མ་འོངས་ད་ལྟར་རམ་སྐད་ཅིག་ཐང་ཅིག་ཡུད་ཙམ་ལོ་ཟླ་ལ་སོགས་པ་མ་ཡིན་ནོ། །རྒྱུད་ཀྱི་གཞུང་ཕུན་སུམ་ཚོགས་པ་འཁོར་འདས་ཐམས་ཅད་ཡེ་ནས་མངོན་པར་བྱང་ཆུབ་པའི་ངོ་བོར་ལྷུན་གྱིས་གྲུབ་པར་སྟོན་གྱི། རྒྱུ་འབྲས་བཟང་ངན་བླང་དོར་ལ་སོགས་པ་སྣ་ཚོགས་སུ་འབྱེད་པའི་རང་བཞིན་སྟོན་པ་ནི་མ་ཡིན་ནོ། །དེ་བས་ན་ཐུན་མོང་གི་ཐེག་པའི་ཕྱོགས་ལས་དཔགས་ཏེ་ཐུན་མོང་མ་ཡིན་པའི་ཐེག་པ་ལ་ཕྱིན་ཅི་ལོག་གི་སྐྱོན་བརྗོད་པར་བྱ་བ་མ་ཡིན་ཏེ། འདི་ལྟར་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་རོ། །དེ་སྐད་དུ་མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས་ཀྱང་། འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་པས། ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུ་ཡང་སུན་འབྱིན་པར་བརྗོད་པར་མི་བྱའོ། །ཞེས་གསུངས་པ་དང་མཐུན་ནོ། །འདི་ལྟར་ཆོས་ཡང་དག་པ་ཡིན་པ་དང་མ་ཡིན་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ལ་ནི་ཐམས་ཅད་མཁྱེན་པའི་གཟིགས་པ་སྒྲིབ་པ་མེད་པ་དང་། འཕགས་པ་ཆེན་པོ་རྣམས་དང་། རིག་པའི་གནས་མཐའ་དག་ཁོང་དུ་ཆུད་པ་ཉིད་དགོས་ན། ཁྱོད་ནི་བ་ལང་རྫིའི་ཤེས་པ་ལྟར་འདུ་ཤེས་ཅུང་ཟད་མཐོང་བས་ནམ་མཁའ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ལ་ཡིན་མ་ཡིན་གྱི་རྣམ་པར་གཞག་པ་མི་རིགས་སོ། །སངས་རྒྱས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་སྟེ། འབྱམས་ཀླས་པས་ཚུ་རོལ་མཐོང་བའི་སྤྱོད་ཡུལ་ལས་འདས་སོ། །རེ་ཞིག་བདུད་ཀྱི་བསྟན་པ་ལའང་བརྟེན་པར་རིགས་ཏེ། ཟ་མ་ཏོག་བཀོད་པར་བདུད་སྡིག་ཅན་རིན་པོ་ཆེའི་ཁྲི་ལ་འདུག་པས་ཆོས་བསྟན་པ་དེ་ཉིད་སངས་རྒྱས་ཀྱི་མདོ་སྡེར་བཞག་པ་བཞིན་ནོ། །དེ་ལྟ་བུའི་གསང་བ་ཆེན་པོ་ལ་སྐུར་པ་འདེབས་པ་ནི་རྣམ་པར་སྨིན་པ་ཚད་མེད་དེ། མདོ་ལས། ཆོས་ཀྱི་ཕོངས་པར་གྱུར་པའི་ལས་བསགས་པ་དེའི་རྣམ་པར་སྨིན་པ་ནི་ཚད་མེད་བསམ་གྱིས་མི་ཁྱབ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། དེར་ཡང་མེས་སྡུད་པའི་བསྐལ་བ་བྱུང་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་ཆེན་པོ་དག་ཏུ་འདོང་ཞིང་དེར་ཡང་ཞེས་སོགས་ཕྱོགས་བཅུའི་གངྒཱའི་ཀླུང་གི་བསྐལ་བའི་བར་དུ་གསུངས་ཤིང་། རྒྱུད་བླ་མ་ལས་ཀྱང་། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །མདོར་ན་རང་གི་ཆོས་ལ་ཡིད་ཆེས་པར་གཟུང་གི། གཞན་གྱི་ཆོས་ལ་སྐུར་བ་ནམ་ཡང་གདབ་པར་མི་བྱའོ། །གཉིས་པ་གླེང་གཞི་རྒྱས་པར་བཤད་པ་ལ་གཉིས་ཏེ། སྟོན་པའི་ངོ་བོ་ལོངས་སྤྱོད་རྫོགས་པའི་རང་བཞིན་མདོར་བསྟན་པ་དང་། ལོངས་སྤྱོད་རྫོགས་པའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བ་ནམ་མཁའ་ལྟ་བུའི་དེ་བཞིན་ཉིད་ལ་མངའ་བརྙེས་པ་དེའི་ཚེ་སྐུ་གཞན་བཞི་ཡང་རྟག་ཏུ་ལྷུན་གྱིས་གྲུབ་ཅིང་ནམ་མཁའི་རང་བཞིན་ཆོས་སྐུའི་རྗེས་སུ་བྱེད་པ་མཐུན་པས་གཤེགས་པ་ཞེས་བྱ་སྟེ། དཀོན་ཅོག་བརྩེགས་པའི་གསང་བ་བསམ་གྱི་མི་ཁྱབ་པའི་མདོ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལྟར་རོ། །གཞན་ཡང་སྔོན་གྱི་རྒྱལ་བའི་རྗེས་སུ་གཤེགས་པ་དང་། འདོད་ཡོན་གྱི་སྣང་བ་ཇི་ལྟར་སྣང་བ་དེ་བཞིན་ཐབས་ཀྱིས་དཔྱད་པས་གཤེགས་པ་དང་། སྐྱེ་བ་བཞིའི་སེམས་ཅན་གྱི་བསམ་པ་དང་མཐུན་པར་མངལ་ནས་སྐྱེ་བ་དེ་བཞིན་དུ་གཤེགས་པ་ལ་སོགས་པ་བཤད་དེ། སྤྲུལ་པའི་སྐུ་ལམ་རིམ་བགྲོད་རྣམས་དང་བསྟུན་པར་ཟད་ཀྱི། འདིར་མ་འབྲེལ་ལོ། །སྐུ་གསུང་ཐུགས་རྒྱན་གྱི་འཁོར་ལོ་ཡོན་ཏན་ཐམས་ཅད་མ་ལུས་པ་ཐམས་ཅད་ཡང་དག་པར་རྫོགས་པའི་བདག་ཉིད་ནི། མ་རིག་པའི་གཉིད་ལས་སངས་ཤིང་བྱ་བ་ཐམས་ཅད་ལ་བློ་གྲོས་ཕུན་སུམ་ཚོགས་པ་རྒྱས་པའི་སྟོན་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་དང་། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོངས་བྱང་ཆུབ་སྡུག་བསྔལ་མཆོག །ཅེས་པ་ལྟར་རོ། །དེ་ལྟ་བུའི་རང་བཞིན་ནི་བདུད་བཞི་ཡེ་ནས་བཅོམ་ཞིང་ཆེ་བའི་ཡོན་ཏན་དྲུག་དང་ལྡན་ལ་མི་གནས་པའི་མྱ་ངན་ལས་འདས་པའོ། །བདུད་བཞི་བཅོམ་ལུགས་ནི་ཉོན་མོངས་པ་ལྔའི་རང་བཞིན་ཡེ་ནས་ཡེ་ཤེས་ལྔར་གྲུབ་པས་བླང་དོར་མེད་པའི་ཕྱིར་ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པ་མེད་པས་དེས་འཁོར་བར་མི་སྐྱེ་ཞིང་མ་སྐྱེས་པ་ལ་འཆི་བ་མེད་པས་འཆི་བདག་གི་བདུད་བཅོམ། འཆི་བ་མེད་ན་ཕུང་པོ་ཉིང་མཚམས་མི་སྦྱོར་བས་ཕུང་པོའི་བདུད་བཅོམ། དེ་ལ་བར་ཆད་ཀྱི་ཆོས་ཀྱིས་མི་ཚུགས་པས་ལྷའི་བུའི་བདུད་བཅོམ་པའོ། །མི་གནས་པའི་མྱང་ངན་ལས་འདས་པ་ནི་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པ་རང་བྱུང་བ་ཀུན་ཏུ་བཟང་པོའི་གོ་འཕང་ངོ་། །འདས་ཀྱི་སྒྲ་བོད་ཀྱིས་སྦྱར་ཏེ་རྒྱ་སྐད་ལ་མེད་པ་ནི་མི་འཐད་དེ། བྷ་གའི་སྒྲ་བསྒྲུབས་པས་འཁོར་འདས་གཉིས་སུ་འགྱུར་ཞིང་། དེའི་མཐའ་ལ་མི་གནས་པར་བསྟན་ཏོ། །གནས་དང་འཁོར་ལ་སོགས་པ་གཞན་ལ་མི་བལྟས་པར་ཡེ་ཤེས་ཀྱི་རང་སྣང་ཉིད་དུ་ཏིང་ངེ་འཛིན་གྱི་སྒྱུ་མའི་རོལ་པར་ལྷུན་གྱིས་གྲུབ་པས་ལོངས་སྤྱོད་ཆེན་པོ་ཞེས་བྱའོ། །སྤྲུལ་པའི་སྐུ་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་གཞན་དང་ཐུན་མོང་དུ་གྱུར་པས་ལོངས་སྤྱོད་ཆེན་པོ་མ་ཡིན་པ་ལས་ཁྱད་པར་དུ་བྱས་སོ། །རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་སངས་རྒྱས་ཀྱི་དགོངས་པ་དེ་ཉིད་ཀུན་ལ་ཁྱབ་ཅིང་ཀུན་གྱི་རང་བཞིན་དང་ཐ་མི་དད་པར་བསྟན་པ་ནི། ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་ཕྱོགས་བཅུ་དང་འདས་མ་འོངས་ད་ལྟར་མ་ངེས་པའི་དུས་ཏེ་དུས་བཞིའི་དབྱིངས་ན་བཞུགས་པའི་མི་འཁྲུགས་པ་དང་། མར་མེ་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེའི་བདག་ཉིད་ཆེན་པོ་ཆོས་སྐུ་ཕུན་སུམ་ཚོགས་པ་མ་ལུས་པ་ཐམས་ཅད་ལོངས་སྐུ་ཕུན་སུམ་ཚོགས་པ་མི་ལུས་པ་ཐམས་ཅད་སྤྲུལ་སྐུ་ཕུན་སུམ་ཚོགས་པ་ལུས་པ་མེད་པ་ཐམས་ཅད་དང་དགོངས་པ་ཐ་དད་མེད་ཅིང་སོ་སོ་མ་ཡིན་ཏེ། ངོ་བོ་ལ་ཐ་མ་མི་དད་ཅིང་ཆོས་ཉིད་ལ་དབྱེར་མེད་པའི་རང་བཞིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ཕྱིར་རོ། །གཞུང་འདི་ལ་ཁ་ཅིག་གིས་ཆོས་ཉིད་ཀུན་ལ་ཁྱབ་པར་འཆད་ཅིང་། འཁོར་འདས་གཉིས་ལ་སྦྱར་ཏེ་སོ་སོར་འབྱེད་པ་ནི་སྐབས་དང་འབྲེལ་བར་མ་མཐོང་ངོ་། །འདིར་ལྟ་བ་ངན་པའི་རི་བོ་ལྷུན་སྟུག་པོ་ཕྱིན་ཅི་ལོག་གི་ནགས་ཐིབས་པོ་ཆེས་བསྐོར་བ་དག་ན་རེ། དུས་བཞིར་བཤད་པས་གཞན་ཐམས་ཅད་དུ་དུས་གསུམ་ལས་མ་གསུངས་པས་དུས་ལོག་པ་ཡིན་ཟེར་རོ། །དེ་ལྟར་ན་སྡེ་སྣོད་འགའ་ཞིག་ཏུ་རྫོགས་ལྡན་སུམ་ལྡན་གཉིས་ལྡན་རྩོད་ལྡན་གྱི་དུས་བཞིར་གསུངས་པ་དང་། མཛོད་ལས་ཆགས་གནས་འཇིག་སྟོང་བཞིར་གསུངས་པ་དང་། དཀོན་ཅོག་བརྩེགས་པར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དང་བསམ་གྱིས་མི་ཁྱབ་པའི་དུས་བཞིར་གསུངས་པ་དག་ཀྱང་ལོག་པར་གོལ་ལ། འདོད་ན། ཆོས་དེ་དག་ཀྱང་ལོག་པར་འགྱུར་རོ། །དེ་ལ་མ་ངེས་པའི་དུས་ནི་་ཅིཁག་གིས་སེམས་ཅན་གྱི་ཁམས་ཆོས་ཐོས་ཤིང་ཉམས་སུ་བླངས་ནས་སངས་རྒྱས་སུ་འགྱུར་ལ། མ་བླངས་ན་འཁོར་བར་གནས་པ་ལ་འདོད་དོ། །མ་འོངས་པའི་དུས་སུ་འདུའོ། །ཆོས་བསྟན་པས་ཐར་པར་འགྱུར་ན་སངས་རྒྱས་ཀྱི་ཐུགས་རྗེ་སྐད་ཅིག་ཀྱང་མི་བསྙེལ་བས་ཇི་ལྟ་བུས་འདུལ་བའི་གཟུགས་ཀྱིས་སྟོན་པར་ངེས་ཏེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བ་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེའང་སངས་རྒྱས་ཀྱིས་མི་འདུལ་བའི་སེམས་ཅན་ནི་འགའ་ཡང་མེད་དེ། ཡུམ་བར་མ་ལས། རབ་འབྱོར་སེམས་ཅན་གྱི་ཁམས་ན་དེ་བཞིན་གཤེགས་པས་འདུལ་བར་མི་འགྱུར་བའི་སེམས་ཅན་དེ་ནི་འགའ་ཡང་མེད་དེ། ཞེས་སོ། །འོ་ན་མ་སྐྱེས་དགྲའི་འགྱོད་པ་སེལ་བ་ལ་འཇམ་དཔལ་བསྔགས་པ་དང་། རྒྱལ་པོ་ཟས་གཙང་འདུལ་བ་ན་འཆར་ཀ་བཏང་བ་ལ་སོགས་པ་ཉན་རང་དང་བྱང་ཆུབ་སེམས་དཔས་འདུལ་གྱི། དེ་བཞིན་གཤེགས་པས་མི་འདུལ་བར་གསུངས་སོ་ཞེ་ན། མ་ཡིན་ཏེ། དེ་དག་ཉིད་དེ་བཞིན་གཤེགས་པའི་ཐུགས་རྗེས་བསྐུལ་ནས་དོན་མཛད་པས་ལ་ལ་ནི་དངོས་སུ། ལ་ལ་ནི་བརྒྱུད་ནས། ལ་ལ་ནི་སྣ་ཚོགས་སུ་འཕྲུལ་པས་དོན་མཛད་དེ། ས་ཐོབ་པའི་རྒྱལ་སྲས་རྣམས་ལ་བདེ་བར་གཤེགས་པས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ལ་སོགས་པས་དོན་མཛད་ན་གཞན་ལ་ལྟ་ཅི་སྨོས་སོ། །ཇི་སྐད་དུ་སྙིང་རྗེ་པདྨ་དཀར་པོ་ལས། ཤཱ་རིའི་བུ། འདི་ལ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ཅུང་ཟད་གདུལ་བ་དང་ལེགས་པར་སྨྲ་བ་དང་སེམས་པ་དེ་ཡང་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཏེ་ཐུགས་རྗེའི་དབང་ངོ་། །ཞེས་འབྱུང་ངོ་། །ཡང་ཁ་ཅིག་གིས་འཇིག་ཆགས་སྟོངས་གནས་བཞི་ལ་དུས་བཞིར་འདོད་པ་ནི་རིགས་པར་མ་མཐོང་སྟེ། འོག་མིན་གྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དུས་ཆད་པ་མེད་པའི་རང་བཞིན་མ་འདུས་པ་དང་། སྐྱེ་གནས་འཇིག་པའི་ཆོས་ལས་སྐྱེ་འཇིག་མེད་པའི་དུས་ལ་མ་ཁྱ བ་པའི་ཕྱིར་རོ། །འདིར་རང་གི་ལུགས་ནི་འདས་མ་འོངས་ད་ལྟར་གསུམ་ནི་འདུས་བྱས་ཀྱི་དུས་ཏེ་ཀུན་རྫོབ་པའོ། །ཆོས་ཉིད་འགྱུར་བ་མེད་པ་ནི་མ་ངེས་པ་སྟེ། བསམ་གྱིས་མི་ཁྱབ་པ་དོན་དམ་པའི་དུས་སོ། །དེ་ལ་དབྱེ་ན་གསུམ་ལས། གཞི་མ་ངེས་པའི་དུས་ནི་སེམས་ཉིད་གདོད་མ་ནས་དག་པ་དང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ། དཀོན་ཅོག་བརྩེགས་པ་ལས། འོད་སྲུངས་སེམས་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་མ་འོངས་གང་དུ་ཡང་མ་སོང་གར་ཡང་མི་གནས་པས་ན་མ་ངེས་པ་སྟེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །ཞེས་སོ། །ལམ་མ་ངེས་པའི་དུས་ནི་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་རྣལ་འབྱོར་པ་མཉམ་པར་བཞག་དུས་ཀྱི་བློ་དམ་པ་སྟེ། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པས་སོ། །འབྲས་བུ་མ་ངེས་པའི་དུས་ནི་ལྷུན་སྟུག་པོ་བཀོད་པའི་ཞིང་ན་འཕོ་འགྱུར་མེད་པས་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་སྟེ། རྣམ་སྣང་མངོན་བྱང་ལས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་གསལ་བས་མི་གཡོ་བའི་དུས་ཏེ། ཞེས་སོ། །དེ་བས་ན་ཆོས་ཐམས་ཅད་དུས་བཞིའི་ངོ་བོར་འདུས་པ་ཡིན་ནོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་དབྱེ་བ་རྒྱས་པར་བཤད་པ་ལ་གསུམ་སྟེ། གནས། སྟོན་པ། འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་བཞི་སྟེ། སྒྲ་དོན། མཚན་ཉིད། དབྱེ་བ། རྩོད་པ་སྤང་བའོ། །དང་པོ་ནི། ཨ་ཀ་ནིཥྛའི་སྒྲ་ལས་དམན་པར་མ་གྱུར་བའམ་འོག་མ་ཡིན་པ་སྟེ་གོང་མར་གྱུར་པའི་དོན་ཏོ། །གཉིས་པ་ནི། གནས་སུ་གྱུར་པ་གང་ཞིག་དེའི་གོང་ན་ཆོས་འཕགས་པའི་གནས་གཞན་མེད་པ་སྟེ་འོག་མིན་ཙམ་གྱི་མཚན་ཉིད་དོ། །ཆོས་སྐུའི་འོག་མིན་གྱི་མཚན་ཉིད་ནི་མཐར་ཐུག་གི་བགྲོད་བྱའི་གནས་ཡིན་པ་གང་ཞིག་གཟུགས་སྐུ་གཉིས་ཀྱི་འཆར་གཞིའི་རྟེན་བྱེད་པ། ལོངས་སྐུའི་ནི་ངེས་པ་ལྔ་ལྡན་སྣང་བའི་གནས་སུ་གྱུར་ལ་གང་ཞིག་སྤྲུལ་སྐུའི་འཆར་གཞིའི་རྟེན་བྱེད་པ། སྤྲུལ་སྐུའི་ནི་གཙང་མའི་གནས་རིགས་ལྔའི་གོང་མར་གྱུར་པ་གང་ཞིག་འཇིག་རྟེན་དུ་སྣང་བའི་གནས་ཐམས་ཅད་ཀྱི་མཆོག་ཡིན་པའོ། །དེ་ཡང་འཇིག་རྟེན་གྱི་ཁམས་དང་ཞིང་ཁམས་ཀྱི་ཁྱད་ནི། སྤྲུལ་སྐུའི་འདུལ་བའི་ཞིང་དང་། ལོངས་སྐུ་དང་། ཆོས་སྐུའི་ཞིང་གི་ཁྱད་ཡོད་དོ། །གསུམ་པ་དབྱེ་བ་ལ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་འོག་མིན་ནོ། །དང་པོ་ནི། མཐའ་དབུས་ཕྱོགས་ཆ་གང་དུའང་གཞག་ཏུ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སངས་རྒྱས་ཀྱི་མཐར་ཐུག་གི་བགྲོད་བྱ་དམ་པ་སྟེ། ཡང་དག་དོན་གྱི་འོག་མིན་ཞེས་བྱའོ། །དེ་སྐད་དུའང་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་སོ། །ལོངས་སྐུའི་འོག་མིན་ནི་ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའི་སྣང་བར་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ། ཡེ་ཤེས་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་འཕོ་འགྱུར་མེད་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་ཆེན་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །དེའང་གཙང་མའི་གནས་སྤངས་ཞེས་པ་ནི་དེ་ལས་འདས་པ་སྟེ། འཇིག་རྟེན་གྱི་སྣང་བ་ལས་འཕགས་པ་ཡིན་གྱི་དེ་ཡི་ཡ་རོལ་ན་ཡོད་པའི་ངེས་པ་མེད་དེ། སངས་རྒྱས་གང་ན་བཞུགས་པའི་རང་སྣང་ཡིན་པའི་ཕྱིར་རོ། །དེའང་བཟང་པོ་སྤྱོད་པ་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །ཞེས་པས། རྡུལ་ཕྲ་རབ་ཀྱི་ནང་ནའང་མི་བཞུགས་ཞེས་མི་བསམ་ཞིང་། དེ་ནའང་ལྷུན་སྟུག་པོ་བཀོད་པའི་ཞིང་སྣང་བར་མ་འགགས་སོ། །དེས་ན་གནས་ཀྱི་ཕྱོགས་བློས་ཕྱོགས་ཆར་ཆད་པ་ཞིག་ཏུ་བཙལ་མི་དགོས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་དབང་ལས་ཡོན་ཏན་གྱི་ཁྱད་པར་གང་དུ་སྣང་བ་དེ་ཉིད་རྒྱལ་བའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ལྟ་བུའི་གནས་དེ་ཉིད་འོག་མིན་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་ཉིད་ཀྱི་རོལ་པ་ལས་གཞན་གྱི་ལོངས་སྤྱོད་མ་ཡིན་པའི་ཕྱིར་རོ། དེ་ན་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས། མི་བསྐྱོད་པ་རྡོ་རྗེའི་རིགས། རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རིགས། འོད་དཔག་མེད་པདྨའི་རིགས། དོན་ཡོད་གྲུབ་པ་ལས་ཀྱི་རིགས་ཏེ། སོ་སོའི་དཀྱིལ་འཁོར་ཚོམ་བུ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར་རང་སྣང་བ་ལྷུན་གྱིས་གྲུབ་པའོ། །དེ་ལྟར་སྣང་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་ཡང་གཅིག་ཏུ་མ་གྲུབ་སྟེ་སྣ་ཚོགས་སུ་སྣང་ཞིང་། དུ་མར་མ་གྲུབ་སྟེ་ལོངས་སྐུ་དེ་ཉིད་གཅིག་གི་རང་སྣང་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཞིང་དང་སྐུ་དང་ཡེ་ཤེས་སུ་སྣང་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་སྤྱི་གཟུགས་ཏེ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ལ། སངས་རྒྱས་ལོངས་སྐུ་རྣམས་སྤྱི་མཐུན་པའི་སྣང་བའོ། །དེ་ན་སྣང་བའི་གཙོ་འཁོར་དེ་དག་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པའི་མཛོད་ཡིན་ཏེ། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་ངང་ཡིན་པའི་ཕྱིར་རོ། །དེ་ལྟར་སྣང་བ་དེ་ཡང་སྒྲིབ་པ་མཐའ་དག་སྤངས་པའི་ཚེ་སྐད་ཅིག་དེ་ཉིད་ཆོས་སྐུ་དང་སྔ་ཕྱི་མི་ཕྱེད་པར་སྣང་བ་ཡིན་ནོ། །གདུལ་བྱ་ལ་སྣང་ཤེས་པས་ས་ཐོབ་པའི་སྤྱོད་ཡུལ་མ་ཡིན་ཏེ། སྒྲིབ་པ་མཐའ་དག་སྤངས་ཞེས་པ་དེ་མ་ཚང་བའི་ཕྱིར་རོ། །གནས་དེའི་ཡོན་ཏན་སྣང་ཚུལ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་དུ་ནི་སྤགས་པ་ཡི། །ངོ་བོ་མཐའ་གསུམ་ལས་འདས་པ། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །གྲུ་བཞི་སྤྱི་བོ་འཁྱིལ་བར་གནས། །ཞེས་པས། ལོངས་སྐུའི་རང་སྣང་དག་པའི་ཞིང་ཁམས་ཡིན་པས་ན་གཙང་མའི་འོག་མིན་དང་། སར་གནས་ཀྱི་སྣང་བ་རང་བཞིན་སྤྲུལ་སྐུའི་འོག་མིན་གཉིས་ལས་སྣང་བ་དེ་ཉིད་འཕགས་སོ། །དེ་ལྟ་བུའི་ཞིང་གི་ངོ་བོ་ཡོད་མེད་རྟག་ཆད་སྤྲོས་པའི་མཐའ་གསུམ་ལས་འདས་ཤིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ལྔའི་རང་བཞིན་ཅན། སྣང་བའི་རྒྱན་ཕུལ་དུ་ཕྱིན་པས་སྤྲས་པའི་གཞལ་མེད་ཁང་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པར་སྣང་བའོ། །དེ་ཡང་གང་དུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འདྲེས་པའི་གནས་དེ་ཉིད་དུ་སངས་རྒྱས་ལོངས་སྐུའི་སྣང་བ་དེ་ཉིད་འཆར་བ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས་ཀྱང་། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་སོ། །དབང་ཕྱུག་ཆེན་པོ་ནི་ལོངས་སྐུ་ཉིད་དེ། ཆོས་ཐམས་ཅད་ཀྱི་འབྱོར་བ་དམ་པ་ལ་དབང་བསྒྱུར་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པ་སྐུ་སྤྱིའི་སྣང་བ་ཡིན་པས། སྣང་བ་མི་འདྲ་བ་ཐ་དད་དུ་བཞག་པ་མེད་ཀྱང་། རྒྱལ་བ་སོ་སོས་བྱང་ཆུབ་བརྙེས་པའི་ལོངས་སྐུའི་ཆ་ནས་ལོངས་སྐུའི་ཞིང་སོ་སོར་ཕྱེ་བ་ཙམ་དུ་ཟད་དེ། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ན། །དེ་ལ་གདགས་པ་ཐ་དད་འབྱེད། །ཅེས་སོ། །དེ་ལྟར་རང་སྣང་ལོངས་སྐུའི་ཞིང་དུ་སངས་མ་རྒྱས་ན་འཇིག་རྟེན་དུ་སྒྲོན་མ་བཀོད་པ་ནས་འགྲོ་བའི་དོན་མཛད་མི་ནུས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་སོ། །དེ་ཉིད་ཀྱི་རྒྱལ་བ་ཁམས་གསུམ་ལས་འདས་པས་གནས་ཀྱང་དེའི་སྒྲས་བརྗོད་དེ། དེ་ཉིད་ལས། གཟུགས་མེད་འདོད་དང་གཟུགས་རྣམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །གནས་ལས་འདས་སོ་སངས་རྒྱས་དབང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་སོ། །གནས་དེར་རང་སྣང་དག་པའི་དཀྱིལ་འཁོར་ལ། རང་བཞིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་ཕུན་སུམ་ཚོགས་པ་རང་བཞིན་བྱིན་གྱིས་བརླབས་ཀྱི་ཐུགས་ཀྱིས་སེམས་དཔའ་ལ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུར་སྣང་བས་གསུངས་ཏེ། འདི་ཉིད་ལས། དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཆེད་དུ་གླེང་ངོ་། །ཞེས་པ་དང་། གཞན་ལས་ཀྱང་ཚུལ་དེ་དང་མཐུན་པར་གསུངས་སོ། །གསུམ་པ་སྤྲུལ་སྐུའི་འོག་མིན་ལ་གཉིས་ཏེ། གདུལ་བྱ་ས་ལ་གནས་པའི་དོན་དུ་རང་བཞིན་སྤྲུལ་སྐུའི་ཞིང་དང་། འདྲེས་མའི་དོན་དུ་གཙང་མ་རིས་ཀྱི་འོག་མིན་བསྟན་པའོ། །དང་པོ་ནི། དབུས་ན་འོག་མིན་ཁང་བུ་བརྩེགས་པའམ་སྟུག་པོ་བཀོད་པ། ཤར་ན་མངོན་པར་དགའ་བ། ལྷོ་ན་རིན་པོ་ཆེས་བརྒྱན་པ། ནུབ་ན་བདེ་བ་ཅན། བྱང་ན་ལས་རབ་གྲུབ་པའི་ཞིང་ལྔར་འཁོར་ས་བཅུའི་སེམས་དཔའ་ལ། སྟོན་པ་རིགས་ལྔས་ཆོས་ཐེག་པ་ཆེན་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་ཞལ་དང་ལྗགས་ལས་འོད་ཟེར་འཕྲོས་བའི་རྩེ་ལས་རང་སྣང་ཞིང་། མེ་ལོང་ལྟ་བུའི་སྣང་བས་སྒྲིབ་པ་སྦྱང་བར་འདོད་དེ། དེ་ཉིད་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་གྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱི་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །དུས་ནི་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ་རྟག་པར་རོ། །ཁྱད་པར་དུ་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རིགས་ལྔ་མངོན་པར་སྣང་བས་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་ཐེག་པ་གསུངས་སོ། །ཞིང་དེ་ཡང་འཇིག་རྟེན་ལས་འཕགས་པས་སྟེང་ཞེས་བརྗོད་དེ། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་གནས་བསྟན་པ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེང་གྱུར་པ། །གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། །གཞལ་ཡས་ཁང་སྟེ་གནས་ཀྱི་འོག་མིན་བཤད། །ཅེས་སོ། །འཁོར་ཡང་སེམས་དཔར་བཤད་དེ། དེ་ཉིད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་འཁོར་བསྟན་པ། །མོས་སྤྱོད་བཞི་ཡི་ས་ལས་འདས་པ་ཡིས། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་པ་རྣམས། །དེ་ནི་ལོངས་སྤྱོད་རྫོགས་སྐུའི་འཁོར་དུ་བསྟན། །ཞེས་སོ། །ཆོས་ཀྱང་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་སྟོན་ཏེ། དེ་ཉིད་ལས། ཡེ་ཤེས་ལོངས་སྤྱོད་འོག་མིན་བཞུགས་པ་ཡི། །ས་བཅུ་པ་ཡི་བྱང་ཆུབ་སེམས་དཔའ་ལ། །བྱང་ཆུབ་སེམས་དེ་སྐུ་དང་ཡེ་ཤེས་བཤད། །ཅེས་སོ། །ཇི་ལྟར་བཤད་ན་དེ་ལས། ལོངས་སྤྱོད་རྫོགས་སྐུ་རང་གི་ངོ་བོས་སྟོན། །ཞེས་སོ། །གཉིས་པ་འདྲེས་མའི་ཚུལ་དུ་གཙང་མ་རིས་ཀྱི་འོག་མིན་བསྟན་པ་ནི། མི་མཇེད་ལ་སོགས་པ་འགྲོ་དྲུག་སེམས་ཅན་གྱི་སྣང་བ་དང་མཐུན་པའི་གནས་ཀྱི་མཆོག་རང་རང་གི་འཇིག་རྟེན་དེའི་གཟུགས་ཀྱི་ཁམས་བསམ་གཏན་བཞི་པའི་གནས་གཙང་མ་རིས་ཀྱི་ལྷ་ལྔའི་གནས་ཀྱི་འོག་མིན་རགས་པའི་དངོས་པོ་མ་ཡིན་པ། དྭངས་མ་འོད་ཀྱི་རང་བཞིན་ལས་གྲུབ་པའི་གནས་གཞལ་ཡས་ཁང་ལ་སོགས་པ་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་དེར། འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་ཚེ་སྤྲུལ་པའི་དང་པོ་ལོངས་སྐུ་དང་ཆོས་མཐུན་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྟན་ནས་ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དུ་མས་འདུལ་བར་ཀུན་ཏུ་སྟོན་ཏོ། །དེ་སྐད་དུའང་ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་ལ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུད་ཆོས་དུ་མས་ཚིམ་པར་མཛད། །ཅེས་སོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྤྱན་འགྲེལ་ལས། དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་ཞིང་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ཞིང་ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ་གསང་བ་སྐུའི་བཞུགས་གནས་ཡིན་ཞིང་། ལམ་གནས་དང་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །རྟོག་པའི་འོག་མིན་ལས་དང་པོ་པས་འོག་མིན་གྱི་གཞལ་ཡས་ཁང་བསྒོམ་པ་སྟེ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གནས་ཀྱི་འོག་མིན་གཙང་མ་རིས་ཀྱི་ལྷ་ལྔའི་ཡ་ཏ་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །ཞེས་པའི་དོན་དྲུག་བྱུང་ཡང་སྔ་མའི་ཁོངས་སུ་འདུ་སྟེ། དོན་དང་རིག་པའི་འོག་མིན་ཆོས་སྐུར་འདུ་ཞིང་། རྟགས་ཀྱི་ལོངས་སྐུ། གཞན་གསུམ་སྤྲུལ་སྐུར་འདུ་སྟེ། གནས་ཀྱི་འོག་མིན་དངོས་ཡིན་ལ། གསང་བ་དང་རྟོག་པའི་འོག་མིན་སྤྲུལ་སྐུའི་ལམ་ཉམས་སུ་ལེན་པས་དེའི་ཁོངས་སུ་འདུས་སོ། །བཞི་པ་རྩོད་པ་སྤང་བ་ནི། སྒྱུ་འཕྲུལ་གསུངས་པའི་གནས་རང་སྣང་ལོངས་སྐུའི་ཞིང་དུ་གདུལ་བྱ་རང་རྒྱུད་པ་མེད་ན་ཆོས་བསྟན་པའི་དགོས་པ་མེད་ཅིང་དོན་རྟོགས་ཀྱི་དཀྱིལ་འཁོར་ཡང་གདུལ་བྱ་ལ་བསྟན་གྱི། རང་གི་ཐུགས་ཀྱི་སྤྲུལ་པ་ལ་བསྟན་མི་དགོས་ཏེ། སྤྲུལ་པ་ལ་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་རང་རྒྱུད་པའི་འཁོར་དང་སྤྲུལ་པ་གཉིས་ཀའོ་ཞེས་ཟེར་རོ། །དེ་ནི་ཁྱེད་ཀྱིས་དགོངས་པ་མ་ལོན་པར་སྣང་སྟེ། སྤྲུལ་པའི་གདུལ་བྱ་ཡོད་པས་ཆོས་བསྟན་པའི་དགོས་པ་ཡོད་དེ། ཕྱི་རབས་ལ་གསང་བདག་གིས་འཆད་པའི་དགོས་པ་ཡོད་པའི་ཕྱིར་དང་། དོན་རྟགས་ནི་ཆེད་དུ་གདུལ་བྱ་ལ་བསྟན་པ་མ་ཡིན་གྱི། རང་སྣང་ལ་ལོངས་སྤྱོད་རྫོགས་པའི་ཡོན་ཏན་ལྷུན་རྫོགས་སུ་ཤར་བ་སྟེ་མེ་ལོང་གི་ངོས་ལ་གཟུགས་བརྙན་སྣང་བ་བཞིན་ནོ། །སྤྲུལ་པ་ལ་རྟོག་པ་མེད་ཀྱང་ཡེ་ཤེས་ཡོད་པས་དེ་ཉིད་ཀྱི་ཆོས་ཉན་ཅིང་འཛིན་པར་བྱེད་དོ། །གལ་ཏེ་སྤྲུལ་པ་ལ་རིག་པའི་ཡེ་ཤེས་མེད་ན་ཤཱཀྱ་ཐུབ་པ་དང་གསང་བདག་ལ་སོགས་པ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མི་མངའ་བར་ཐལ་བའི་སྐྱོན་ཡོད་དོ། །ལུང་གིས་ཀྱང་གནོད་དེ། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང་། །ཞེས་པ་དང་། དེ་བཞིན་གཤེགས་པ་ཉིད་ལ་ཉིད་ཆེད་དུ་གླེང་ངོ་། །ཞེས་པ་དང་། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་། རང་སྣང་བ་ཉིད་ཏིང་འཛིན་གཟུགས་བརྙན་སྒྱུ་མ་རྣམ་དག་གསལ་བ་ནི། །ཞེས་པ་ལ་སོགས་པས་གནོད་དོ། །ཁ་ཅིག་འདི་ནས་གསུངས་པའི་སེམས་དཔའ་རྣམས་ས་བཅུའི་སེམས་དཔར་འདོད་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བློ་ཁ་མ་ཕྱོགས་པ་སྟེ། གཙོ་འཁོར་དུ་སྣང་ཡང་ངོ་བོ་བཟང་ངན་མེད་པ་རྩིག་ངོས་གཅིག་གི་རི་མོའི་རྣམ་པའམ། གསེར་གྱི་གང་བུ་གཅིག་ལས་ལྷ་གཙོ་འཁོར་དུ་བཀོད་པ་བཞིན་དུ་ཡེ་ཤེས་ཀྱི་རོལ་པ་གཅིག་གི་ངང་དུ་བཤད་དོ། །ཁ་ཅིག་སྨོན་ལམ་གྱིས་གྲུབ་པའི་གདན་ཁྲི་ལ་ཆོས་ཉན་པའི་གདུལ་བྱ་རང་རྒྱུད་པར་འདོད་པ་ནི་མཚར་ཏེ། རང་སྣང་བའི་ཡེ་ཤེས་ཀྱི་རྟགས་སུ་ཤར་བའི་དེ་ཉིད་མ་གོ་བར་ཟད་དོ། །མདོར་ན་རང་སྣང་ལོངས་སྐུའི་ཞིང་ན་གདུལ་བྱ་རང་རྒྱུད་པ་འདོད་པའི་ཕྱོགས་བསྒྲུབ་པའི་རྩོད་པ་ནི། སྤྲེའུའི་ཟློས་གར་ཉིད་དེ་བཞད་གད་ཀྱི་གནས་སོ། །མདོར་ན་སངས་རྒྱས་ཀྱི་སྐུ་གསུམ་དང་རྣམ་པར་འཕྲུལ་པ་དང་ཞིང་ཁམས་ཀྱང་བསམ་གྱིས་མི་ཁྱབ་ཅིང་ཚད་མེད་དེ། སྡོང་པོ་བཀོད་པའི་མདོ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིབས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པས། ནམ་མཁས་གང་དུ་ཁྱབ་པར་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། སེམས་ཅན་གྱིས་གང་ཁྱབ་པར་སྤྲུལ་པའི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པས་བདེ་བར་གཤེགས་པའི་ཞིང་ཁམས་ལ་ཕྱོགས་དང་རིས་སུ་ཆད་པ་མེད་དེ། ཞིང་འདི་ཉིད་ཀྱི་ཁོང་ནའང་གཞན་དག་བསམ་གྱིས་མི་ཁྱབ་པ་བརྗོད་ཀྱིས་མི་ལང་བ་ཡོད་པར་རྟོགས་པར་བྱ་ཞིང་། མ་དག་པར་སྣང་བ་ཡང་རང་གི་སྣང་བ་ཙམ་ལས་དག་པའི་ཞིང་དུ་བལྟ་བར་བྱ་སྟེ། ཉི་ཟླའི་སྣང་བ་མ་དག་པ་མ་ཡིན་མོད་ཀྱི། དམུས་ལོང་རྣམས་ཀྱིས་མི་མཐོང་བ་བཞིན་དུ་ཤེས་པར་བྱའོ། །རྣམ་པར་གཞག་པ་འདི་ནི་ཤིན་ཏུ་དཀའ་བའི་གནས་ཏེ་གསལ་བར་བསྟན་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས། གཞལ་ཡས་ཁང་། བཀོད་པ་ཕུན་སུམ་ཚོགས་པའོ། །དང་པོ་ནི། ལྷུན་སྟུག་པོ་བཀོད་པའི་ཞིང་སྣང་བ་ཐམས་ཅད་ཀྱི་མཆོག་དེའི་གོང་ན་གཞན་མེད་པས་འོག་མིན་ལོངས་སྐུའི་སངས་རྒྱས་ཀྱི་བཞུགས་གནས་སྟེང་དང་འོག་ལ་སོགས་པའི་ཕྱོགས་བཅུ་མ་ཡིན་པས་མཐའ་དང་དབུས་ཞེས་རིས་སུ་གཞག་ཏུ་མེད་པ་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་ཅིང་རང་སྣང་བའི་ཚད་མེད་པ་ན་འོག་གཞི་ཡང་རྒྱ་ཁྱོན་གྱི་ཚད་དམིགས་སུ་མེད་པ་མཐིང་ཁ་དང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའི་རང་བཞིན། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཀྱི་རྩལ་མ་འགགས་པས་ཉོན་མོངས་པ་ལྔ་གཅོད་པའི་རྟགས་སུ་འོད་ལྔའི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པར་མ་འདྲེས་པར་རང་གསལ་བའི་སྟེང་ལའོ། །གཉིས་པ་ནི། སྟོན་པ་ཉིད་ཀྱི་རང་སྣང་བའི་ཡེ་ཤེས་ལྔའི་གདངས་ལས་གྲུབ་པའི་ཕྱིར་འདོད་རྒུ་ལྷུན་གྱིས་གྲུབ་པས་རིན་པོ་ཆེ་འོད་དང་གཟི་བརྗིད་མཐའ་ཡས་པ་ཉི་མའི་དཀྱིལ་འཁོར་ལྟར་འབར་བའི་ངོ་བོ་ཡོན་ཏན་དང་རྒྱ་ཁྱོན་ལ་སོགས་པ་བློས་དཔག་པར་མི་ནུས་པས་གཞལ་ཡས་ཁང་ཆེན་པོ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་མངའ་བས་ཁང་པ་དེའི་རྒྱ་ཆེ་ཆུང་གི་ཚད་ཕྱོགས་བཅུར་མཐར་ཐུག་པར་གྱུར་པ་མེད་པས་ཡོངས་སུ་མ་ཆད་པ་སྟེ་ནམ་མཁའ་དང་མཉམ་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ཟད་པར་དང་ཟིལ་གནོན་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པར་ཡོངས་སུ་རྒྱས་པའི་ཕྱིར་དབྱིབས་གྲུབ་བཞིར་གྱུར་པའོ། །ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་གསུང་ཐུགས་ལ་འཁྲུལ་པ་དང་། ཅ་ཅོ་དང་། དྲན་པ་ཉམས་པ་དང་། ཐུགས་མཉམ་པར་མ་བཞག་པ་དང་། ཐ་དད་པའི་འདུ་ཤེས་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་དྲུག་དང་། འདུན་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་པ་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་དྲུག་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་གསུམ་སྟེ་བཅོ་བརྒྱད་ནི། མདོ་སྡེ་རྒྱན་ལས། སྤྱོད་པ་དང་ནི་རྟོགས་པ་དང་། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱི། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །ཟད་པར་བཅུ་ནི། ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་དང་། རྣམ་པར་ཤེས་པ་སྟེ་ནང་གི་ཁམས་དང་སྐྱེ་མཆེད་ལ་རང་དབང་ཐོབ་པས་ནུས་པ་མཐར་ཕྱིན་ཏེ་ཆུ་ལ་མི་ནུབ་པ་ལ་སོགས་པའི་ཡོན་ཏན་བཅུའོ། །ཟིལ་གནོན་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་ཟིལ་གྱིས་གནོན་པ་གཉིས་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཟིལ་གྱིས་གནོན་པ་གཉིས་དང་། ནང་སྡུག་པར་མོས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཟེར་འགྱེད་པ་སྟེ་བརྒྱད་དོ། །ནང་གཟུགས་དང་། གཟུགས་མེད་པ་དང་། སྡུག་པར་མོས་པ་གསུམ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་མོ། །མེ་ལོང་ལྟ་བུ་ལ་སོགས་པ་མཐར་ཐུག་པ་བཞི་ནི་སངས་རྒྱས་ཁོ་ནའི་ཆོས་ཡིན་ལ་གཞན་ལ་མེད་པས་ལྷག་པའི་ཡེ་ཤེས་ཏེ་དེ་བཞིན་ཉིད་མཚོན་པའི་བརྡར་ཕྱོགས་བཞི་ན་ཤེལ་དང་། གསེར་དང་པདྨ་རཱ་ག་དང་མར་གད་ལས་གྲུབ་པའི་རིན་པོ་ཆེའི་གློ་འབུར་གྱིས་ཕྱོགས་བཞིར་མཛེས་པའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་མཚན་མ་ཞི་ཞིང་ཡེ་ཤེས་གཞན་གསུམ་གྱི་འཆར་གཞི་བྱེད་དེ། དེ་ཉིད་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །མཉམ་པ་ཉིད་ནི་འཁོར་འདས་ཀྱི་མཐའ་ལ་མི་གནས་པ་སྟེ། དེ་ལས། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཆེན་པོར་འདོད། །ཅེས་སོ། །སོ་སོར་རྟོག་པ་ནི་ཤེས་བྱ་ཐམས་ཅད་མ་འདྲེས་པར་མཁྱེན་པ་སྟེ། དེ་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་ཕྲིན་ལས་འཇུག་པ་སྟེ། དེ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབ་པའོ། །ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་རྣམས་ཀྱང་ངོ་བོ་གཅིག་པའི་བརྡར་དཀྱིལ་འཁོར་དུ་བསྟན་ལ། རྩ་བའི་ཡེ་ཤེས་ལྔ་ལས་གྱེས་པའི་ཡེ་ཤེས་ལྔ་ལྔ་མཚོན་པའི་ཕྱིར་ཕྱོགས་བཞིའི་གློ་འབུར་གྱི་སྒྲས་ཡེ་ཤེས་ལྔའི་རང་བཞིན་གྱི་རྩིག་པ་ལྔ་ཡང་ནང་ནས་རིམ་པ་བཞིན་དུ་མཐིང་ཁ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམས་སྦྲགས་མར་བསྟན་པ་ཡིན་ནོ། །གཞལ་མེད་ཁང་དེའི་རྩེ་མོ་སྟེ་བུམ་པ་ཟླུམ་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པ་སྟེ། སྔར་སྨོས་པ་བཞིན་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་རང་བཞིན་སོ་སོ་མ་ཡིན་ཞིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཆེན་པོར་དུས་བཞི་ཀུན་ཏུ་འཁྱིལ་བའི་བརྡའོ། །གཞལ་ཡས་ཁང་དེ་ཡང་གཅིག་མ་ཡིན་གྱི་ཚད་མེད་པར་བསྟན་པ་ནི། ཡེ་ཤེས་རེ་རེའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ནས་དེ་ཡང་ལྔ་ཚན་དུ་དབྱེ་བས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངའ་བའི་བརྡར། གཞལ་ཡས་ཁང་གི་མདོག་ཀྱང་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་དང་མཐུན་པར་རྩ་བའི་གཞལ་ཡས་ཁང་ནས་ཕྱོགས་བཞི་དབུས་དང་ལྔའི་གཞལ་ཡས་ཁང་གྲངས་མེད་པ་ཐམས་ཅད་ཀྱི་ཁ་དོག་སོ་སོར་གསལ་ཞིང་། དེ་དག་གི་དབྱིབས་ཀྱང་དབུས་གྲུ་བཞི་ཤར་ཟླ་གམ་ལ་སོགས་པ་དང་ཁ་དོག་ཀྱང་དཀར་སེར་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་ཚད་མེད་པ་དང་། བཀོད་པ་བསམ་གྱིས་མི་ཁྱབ་པའི་ཁྱད་པར་དུ་གྱུར་པ། ཉན་རང་དང་བྱང་ཆུབ་སེམས་དཔའི་སྣང་བའི་ཡོན་ཏན་ལས་ཁྱད་པར་དུ་འཕགས་པ། ཞིང་དང་གཞལ་ཡས་ཁང་པའི་དབྱིབས་དང་ཁ་དོག་ལ་སོགས་པའི་ཚད་དཔག་ཏུ་མེད་པའོ། །གསུམ་པ་བཀོད་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རྒྱན་དང་། ཁྲིའི་བཀོད་པ་ཕུན་སུམ་ཚོགས་པའོ། །དང་པོ་ནི། ངོ་བོ་ཡེ་ཤེས་ལས་གྲུབ་པ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ཀྱི་གཟུགས་དང་ཁ་དོག་ཏུ་སྣང་བའི་རང་བཞིན་རྩིག་པ་ལྔའི་སྟེང་ན་ཕ་གུ་དང་། དེའི་སྟེང་ན་མདའ་ཡབ་ཕྱིར་འཕྱང་བའི་ཁ་བད་ཀྱི་གདུང་སྣ་ལས་རིན་པོ་ཆེའི་དྲྭ་བའི་ཕྲེང་བ་དང་དེའི་བར་བར་ན་ཉི་ཟླའི་ཚར་དང་། དར་གྱི་ལྡ་ལྡི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པའི་ཆུན་འཕྱང་དང་། རྩེ་མོ་རིན་པོ་ཆེའི་དྲྭ་མིག་གསེང་མའི་ཤར་བུའི་རྒྱན་གྱི་པུ་ཤུས་མཛེས་པ་དང་། མི་བསྒྲིབས་པར་གསལ་བའི་རྒྱན་ཅན་རབ་ཏུ་འཚེར་ཞིང་ཡིད་དུ་འོང་བ་སྟེ། ཕ་གུ་ནི་ཡེ་ཤེས་འགྱུར་བ་མེད་པའི་བརྡའོ། །དྲྭ་ཕྱེད་ནི་སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་འབྱུང་བའི་བརྡའོ། །མདའ་ཡབ་ནི་ཐུགས་རྗེས་འགྲོ་བ་སྐྱོབ་པའི་བརྡའོ། །པུ་ཤུ་ནི་ཀུན་གྱི་བླ་མར་གྱུར་པས་མཚུངས་པ་མེད་པའི་བརྡའོ། །གཞན་ཡང་འདོད་ཡོན་གྱི་སྣམ་བུའི་སྟེང་ན་གཞལ་ཡས་ཁང་གི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་འདོད་ཡོན་གྱི་ལྷ་མོ་ལྔ་ལྔའི་སྤྲིན་འཕྲོ་བས་ནང་གི་ལྷ་རྣམས་ལ་མཆོད་པ་ནི་ཡིད་དུ་འོང་བའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་འཁྲིགས་པར་རང་བཞིན་ལྷུན་གྱིས་གྲུབ་པར་བྱུང་བ་ནི་འདོད་ཡོན་ཐམས་ཅད་རོལ་པའི་རྒྱན་དུ་ཤར་བའི་བརྡའོ། །ཁ་ཅིག་ཡིད་དུ་འོང་མི་འོང་བར་མར་སྦྱོར་བ་ནི་མི་འཐད་དེ། སྐབས་འདིར་སངས་རྒྱས་ཀྱི་རང་སྣང་ལ་མ་དག་པ་མི་མངའ་བའི་ཕྱིར་རོ། །གཞལ་ཡས་ཁང་པ་དང་ཕྱི་ནང་གི་རྒྱན་ཐམས་ཅད་རགས་པར་མ་གྲུབ་ཅིང་དྭངས་པས་གཅིག་གིས་གཅིག་མ་བསྒྲིབས་པར་ཕྱི་ནང་ཟང་ཐལ་བར་གསལ་བའི་རྒྱན་ཅན་བཀོད་པ་མཛེས་ཤིང་བྱེ་བྲག་བསམ་གྱིས་མི་ཁྱབ་པས་ལྷབ་ལྷུབ་ཏུ་ཀླུབས་ཤིང་བརྒྱན་པ་ནི་སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་ཞིང་ཡོན་ཏན་ཚད་མེད་པར་མཚོན་པའོ། །དངོས་པོ་དང་མཚན་མར་འཛིན་པའི་སྒྲིབ་པ་ལས་རྣམ་པར་ཐར་པ་བཞིའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་བཞི་ནས་ཀུན་ཏུ་བཟང་པོ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེར་འཇུག་པ་མཚོན་པའི་ཕྱིར་ཕྱོགས་བཞི་ན་སྒོ་གསུམ་གསུམ་གྱིས་བརྒྱན་པའི་སྒོ་ཁྱུད་ཅན་ནོ། །ཆོས་ཐམས་ཅད་ཡེ་ནས་ངོ་བོ་ཉིད་མེད་པ་ནི་སྟོང་པ་ཉིད་དོ། །སྣང་དུས་ཉིད་ནས་རང་བཞིན་མེད་པ་ནི་མཚན་མ་མེད་པའོ། །དགག་བསྒྲུབ་བླང་དོར་མེད་པ་ནི་སྨོན་པ་མེད་པའོ། །དེ་དག་གི་རང་བཞིན་རྟོགས་ནས་སེམས་ཉིད་བྱ་རྩོལ་མེད་པ་ནི་མངོན་པར་འདུས་མ་བྱས་པའོ། །འདུས་མ་བྱས་པ་ལ་དབྱེ་ན་གཉིས་ཏེ། ཡེ་ནས་འོད་གསལ་བ་དང་། དེའི་ངང་ནས་རང་བཞིན་ཤུགས་ཀྱིས་ཚད་མེད་པ་བཞི་ལྷུན་གྱིས་གྲུབ་པའོ། །དང་པོ་ནི། སེམས་ཉིད་གདོད་ནས་དག་ཅིང་འོད་གསལ་བ་སྟེ། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་དང་། ཤིང་སྒྲོལ་རྒྱུའི་ཚལ་དུ་མཉམ་པར་བཞག་པའི་ཚེ་དེ་བཞིན་གཤེགས་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་པས། །མི་སྨྲ་གཅིག་པུར་ནགས་ཀྱི་ནང་དུ་གནས། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟར་རོ། །གཉིས་པ་ནི། སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་དང་འཕྲད་པར་འདོད་པའི་བྱམས་པ། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་དེ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ལྡན་པ་རྣམས་དེ་དང་མི་འབྲལ་བར་འདོད་པས་དགའ་བ། ཆགས་སྡང་ཅན་རྣམས་ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་ནས་སེམས་སྙོམས་པ་ལ་གནས་པར་འདོད་པའི་བཏང་སྙོམས་ཏེ། དམིགས་པ་དང་། མཚན་མ་མེད་པའི་ཐུགས་རྗེའི་ངང་ཉིད་ནས་བྱུང་བས་ཚད་མེད་པ་བཞི་ནི། མདོ་སྡེ་རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་པ་ལྟར་རོ། །དེའང་ཚད་མེད་བཞིའི་བརྡར་སྒོ་བཞི་དང་། རྣམ་ཐར་གསུམ་གྱི་བརྡར་སྒོ་ཁྱུད་རེ་རེ་ཞིང་སྒོ་གསུམ་བསྒྲིགས་རེ་རེས་བརྒྱན་པར་བཤད་དོ། །ནང་གཟུགས་ཀྱི་སྣང་བ་མ་འགག་པས་ཕྱི་རོལ་གྱི་གཟུགས་སྣང་སྟོང་སྒྱུ་མར་བལྟ་བས་སྣང་བའི་བདེན་ཞེན་ལོག་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནང་གཟུགས་སུ་མི་དམིགས་པས་ཕྱི་རོལ་གཟུགས་ལ་བལྟ་བས་ཕྱི་ནང་གི་བདེན་ཞེན་ལས་ཐར་པ་གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་ཐར། ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པར་བལྟ་བས་འཛིན་པ་ཀུན་ལས་ཐར་པ་སྡུག་པའི་རྣམ་ཐར། སེམས་ཉིད་ནམ་མཁའ་ལྟ་བུའི་དོན་མཐོང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རོལ་པར་རྟོགས་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར། གང་དུའང་གཟུང་འཛིན་མེད་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར། སྤྲོས་པ་དང་མཚན་མའི་སྤྱོད་ཡུལ་ཐམས་ཅད་ཞི་བས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར། འཁོར་འདས་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་ཞེན་འཛིན་པ་གཏན་དུ་མི་མངའ་བས་འགོག་པའི་རྣམ་པར་ཐར་པ་སྟེ། དེ་ལྟར་རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་རྫོགས་པའི་བརྡར་སྒོ་བཞིའི་ཕྱི་འགྲམ་གཉིས་ན་ཀ་བ་གཉིས་གཉིས་ཏེ་བཞིས་བཏེགས་པའི་སྒོ་སྟེང་ན་རྡོ་རྗེའི་གདུང་བཞིའི་སྟེང་རྟ་བབས་བང་རིམ་བཞི་ཉིད་སྣམ་ཕྲན་བརྒྱད་དང་ལྡན་པ་ལ། རིན་པོ་ཆེའི་གདུགས་ཀྱི་རྩ་བར་ཆོས་ཀྱི་འཁོར་ལོ་རི་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ་དང་། འཕན་དང་། རྒྱལ་མཚན་དང་། ལྷའི་གོས་དང་། དར་གྱི་ལྡ་ལྡི་དང་། ཁ་ཁྱེར་བཞི་བཞི་ལ་བ་དན་ཉི་ཤུ་རྩ་བཞི་རྩ་བཞི་གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ་བ་ལས་སྒྲ་འབྱུང་བ་ལ་སོགས་པས་བརྒྱན་ཅིང་། གཞན་ཡང་རྒྱ་མཚོ་ལས། ཞབས་དང་མ་ཆགས་ཟ་ར་ཚགས། །སྣ་འཕྱང་ཆུན་འཕྱང་ཕྲེང་བ་དང་། །སྣ་ཚོགས་ཁྱུང་མགོས་རིམ་པར་འཁྲིགས། །ཞེས་སོ། །ཏྭ་ར་ཎའི་སྒྲ་ལས། བར་སྣང་གི་རྒྱན་མཚན་དང་། སྒོ་སྐྱབས་དང་། རྟ་བབས་ཞོན་གྱི་སྟེགས་དང་། ཐེམ་སྐས་ལ་འཇུག་པས། འདིར་གཙོ་བོར་བར་སྣང་གི་རྒྱན་གྱི་རྟ་བབས་བང་རིམ་བཞི་སྣམ་ཕྲན་བཞི་སྟེ་བརྒྱད་ལ་འདོད་དོ། །ཁ་ཅིག་ཐེག་པ་འོག་མ་བརྒྱད་ཨ་ཏིར་འཇུག་པའི་བརྡར་འདོད་པ་དང་། ཁ་ཅིག་རྣམ་པར་ཐར་པ་བརྒྱད་བསྒོམས་པས་འཇུག་པར་བཞེད་པ་ནི་མ་ཡིན་ཏེ། སྐབ་འསདིར་སངས་རྒྱས་ཀྱི་སའི་ཡོན་ཏན་ཁོ་ན་ལ་སྦྱོར་དགོས་པའི་ཕྱིར་རོ། །ཆོས་སྐུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་ཕྱི་ནང་མེད་ཅིང་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་དེར་མ་ཚུད་པ་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པ་མཚོན་པའི་ཕྱིར། གཞལ་ཡས་ཁང་དེ་ཡང་ཡེ་ཤེས་ཀྱི་འོད་ལྔ་རབ་ཏུ་དྭངས་པའི་རང་བཞིན་དེ་བཞིན་གཤེགས་པ་ཉིད་ཀྱི་ཐུགས་རྗེའི་ངང་ལས་སྣང་བས་ཕྱི་ཞིང་ཁམས་སུ་སྣང་བ་དང་ནང་གཙོ་འཁོར་དུ་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་རང་བཞིན་ལས་གཞན་པའི་ཆོས་ཐ་དད་དུ་གྲུབ་པ་མེད་པར་ངོ་བོའི་གནས་ལུགས་ལ་དུས་དང་རྣམ་པ་ཀུན་ཏུ་ཡང་ཆོས་སྐུ་ཀུན་ཏུ་བཟང་པོའི་ངང་ལས་མ་གཡོས་པར་འདུས་པས་ནང་སྤྲོས་པ་དང་བྲལ་བ་ཉིད་དུ་ཡེ་ནས་གྱུར་པ་ན་ཞེས་སོ། །གཉིས་པ་ཁྲིའི་བཀོད་པ་ཕུན་སུམ་ཚོགས་པ་ནི། ཐེག་པ་འོག་མས་ཉམ་མི་ང་ཞིང་། མི་འཇིགས་པ་བཞི་མཚོན་པའི་ཕྱིར་དབུས་སུ་སེང་གེ་རིན་པོ་ཆེའི་ཁྲི་དང་ལྡན་པའོ། །ང་སངས་རྒྱས་ཞེས་ཞལ་གྱིས་བཞེས་པ་རྟོགས་པ་དམ་འཆའ་བ། སྒྲིབ་པ་མཐའ་དག་སྤངས་ཞེས་སྤང་བ་དམ་འཆའ་བ། དུག་གསུམ་རང་གས་ཐར་བ་ལ་བར་དུ་གཅོད་ཅེས་བགེགས་དམ་འཆའ་བ། ལམ་ཟབ་མོ་བསྒོམས་པས་འཁོར་བ་ལས་ངེས་པར་འབྱུང་ཞེས་ལམ་དམ་འཆའ་བ་ལ། དོན་ལ་གནས་པའི་རྒོལ་བ་མེད་པས་མི་འཇིགས་པ་བཞི་སྟེ། མདོ་སྡེ་རྒྱན་ལས། རང་གཞན་དོན་དུ་ཡེ་ཤེས་དང་། །སྤངས་དང་ངེས་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །ཐེག་པ་འོག་མར་མི་ཆུད་པའི་དོན་འདིར་ཤོང་ཞིང་ཐེག་ལ་སྟོབས་ཀྱི་རྣམ་པ་བཅུ་མངའ་བའི་བརྡར་ཤར་དུ་གླང་པོ་ཆེའི་ཁྲི་དང་ལྡན་པའོ། །སྤྱོད་ཡུལ་གྱི་གནས་དང་གནས་མ་ཡིན་པ་དང་། འགྲོ་བའི་ལས་ཀྱི་རྣམ་པར་སྨིན་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་དང་རྣམ་པར་གྲོལ་བ་དང་། གདུལ་བྱའི་མོས་པ་སྣ་ཚོགས་དང་། ཁམས་སྣ་ཚོགས་དང་དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། འགྲོ་བ་རྒྱུད་ལྔ་དང་ཐར་པ་གསུམ་དུ་འགྲོ་བའི་ལམ་དང་། རང་བཞིན་གྱི་སྐྱེ་བ་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། སེམས་ཅན་གྱི་འཆི་འཕོ་སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པ་བཅུ་ལ་སྒྲིབ་བྱེད་དམ་རང་རང་གི་མི་མཐུན་ཕྱོགས་བཅུ་འཇོམས་པས་སྟོབས་བཅུ་སྟེ། དེ་ཉིད་ལས། ཐབས་དང་སྐྱབས་དང་དག་པ་དང་། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །གདུལ་བྱ་ཐམས་ཅད་མྱུར་དུ་གྲོལ་བར་བྱེད་ཅིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མངའ་བརྙེས་པའི་བརྡར་ལྷོར་ཅང་ཤེས་པ་རྟའི་ཁྲི་དང་ལྡན་པའོ། །རྐང་པ་བཞི་ནི། འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པ་སྟེ་འགྲོ་བའི་ཡིད་དང་མཐུན་པར་སྤྲུལ་པ་བཀྱེ་ནས་དོན་མཛད་པ་ནི། འགྲེལ་ཆུང་ལས། འདུན་དང་བརྩོན་འགྲུས་སེམས་དང་ནི། །དཔྱོད་པའི་ཏིང་འཛིན་སྤོང་བ་ཡི། །འདུ་བྱེད་རྣམས་ནི་རྐང་པ་བཞིས། །ཞེས་སོ། །སྣང་བ་ཐམས་ཅད་དབང་དུ་བྱེད་ཅིང་དབང་བཅུ་མངའ་བའི་བརྡར་ནུབ་ཏུ་རྨ་བྱ་རིན་པོ་ཆེའི་ཁྲི་དང་ལྡན་པའོ། །དབང་བཅུ་ནི། འཆི་བ་མེད་པས་ཚེ་དང་། འགྲོ་བའི་སེམས་ཤེས་པ་སེམས་དང་། ནམ་མཁའ་མཛོད་ལ་མངའ་བརྙེས་པས་ཡོ་བྱད་དང་། གཞན་གྱི་ལས་དམན་བཟང་པོར་བསྒྱུར་བས་ལས་དང་། ཇི་ལྟར་འདུལ་བ་དེར་སྤྲུལ་པ་ལྷུན་གྲུབ་ཏུ་འབྱུང་བས་སྐྱེ་བ་དང་། སྔོན་དང་ཕྱི་མའི་བསྐལ་པ་རྒྱ་མཚོར་དགོངས་པ་བཞིན་འགྲུབ་པས་སྨོན་ལམ་དང་། གདུལ་བྱའི་མོས་པ་བཞིན་དོན་མཛད་པས་མོས་པ་དང་། བཞེད་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུ་གཅིག་ཏུ་བཅུ་སྟེ་འཇིག་རྟེན་ཆུང་བའམ་ཡུངས་འབྲུ་ཆེ་བར་མི་མངོན་པ་ལ་སོགས་པ་སྟོན་པས་རྫུ་འཕྲུལ་དང་། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཆེན་པོ་ལྔ་ལ་མངའ་བརྙེས་པས་དོན་མཛད་པའི་ཕྱིར་ཡེ་ཤེས་དང་། ཇི་ལྟ་བ་དང་ཇི་སྙེད་པ་མ་ལུས་པ་མངོན་སུམ་དུ་མཁྱེན་པས་ཆོས་ལ་དབང་བ་སྟེ། དེ་ཉིད་ལས། ཡོ་བྱད་སྐྱེ་བ་ཚེ་ལ་དབང་། །ཡེ་ཤེས་ཆོས་དང་སེམས་དང་ལས། །རྫུ་འཕྲུལ་སྨོན་ལམ་ཆོས་རྣམས་ཀྱིས། །ཁམས་གསུམ་ཀུན་གྱི་དབང་ཕྱུག་རྒྱལ། །ཞེས་སོ། །ཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བ་འདུལ་ཞིང་ཐོགས་པ་མེད་པའི་ཡེ་ཤེས་གསུམ་དང་སོ་སོ་ཡང་དག་རིག་པ་བཞིས་དོན་མཛད་པའི་བརྡར་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་གི་ཁྲི་དང་ལྡན་པའོ། །ཐོགས་པ་མེད་པའི་ཡེ་ཤེས་གསུམ་ནི། འདས་པའི། མ་འོངས་པའི། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་གསུམ་མོ། །རིག་པ་བཞི་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་རྒྱུ་དང་འབྲས་བུ་མཐའ་དག་མཁྱེན་པས་ཆོས་དང་། དེའི་དོན་བརྗོད་ཚུལ་དུ་མས་སྟོན་པས་ཚིག་དང་། ལྷ་ལ་སོགས་པ་སེམས་ཅན་གྱི་སྐད་མཁྱེན་པ་སྟོན་པས་སྐད་དང་། ཆོས་འཆད་པ་ན་འཁོར་བ་ལ་མི་འཇིགས་པས་སྤོབས་པ་སོ་སོ་ཡང་དག་རིག་པ་བཞི་སྟེ། མདོ་སྡེ་རྒྱན་ལས། རྟེན་དང་བརྟེན་པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བའི། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །གཞན་ཡང་གདན་དེ་དག་གི་ངེས་པ་འགའ་ཞིག་རིན་པོ་ཆེ་དབང་གི་རྒྱུད་ལས་འབྱུང་བ། སྐུ་ནི་མི་འཇིགས་བདུད་བཞི་རབ་ཏུ་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཐུགས་ནི་སྟོབས་བཅུ་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་བགྲོད། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་རྣམ་བཞིས་སྐྱེ་བཞི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། །ཞེས་སོ། །སེམས་ཉིད་དང་ཆོས་སྐུ་ཡེ་ནས་རང་བཞིན་གྱིས་འོད་གསལ་ཞིང་ཐབས་དང་ཤེས་རབ་གཉིས་མེད་པ་བརྡར་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་ཐམས་ཅད་ཀྱིས་གོས་པ་མེད་པའི་བརྡར་སྣ་ཚོགས་པདྨ་སྟེ། དེ་དག་གི་རྒྱུ་འདོད་རྒུ་འབྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་གདན་ལ་བཞུགས་པའོ། །དེ་ཡང་ཁྲི་ལྔའི་སྟེང་ན་པདྨ་དང་ཉི་ཟླས་སྤྲས་པ་ནི་གཙོ་བོ་རྣམས་ཀྱི་གདན་ཡིན་ལ། འཁོར་ལ་ནི་སོ་སོའི་གནས་སུ་པདྨ་དང་ཉི་ཟླའི་གདན་རེ་རེའོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་གསུམ་སྟེ། རིགས་ཀྱི་དབྱེ་བ། གང་གི་རིགས་ཡིན་ངོས་གཟུང་བ། གཞན་གྱི་ལོག་རྟོག་དགག་པའོ། །དང་པོ་ནི། སྤྱིར་དེ་བཞིན་ཉིད་དུ་མངོན་པར་བྱང་ཆུབ་པ་འབྲས་བུའི་སྐབས་སུ་དབྱེ་ན་རིགས་ལྔ་སྟེ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི། རིན་པོ་ཆེའི། པདྨའི། ལས་ཀྱི་རིགས་ལྔའོ། །དེ་དག་ཀྱང་རེ་རེ་ཞིང་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཀྱི་རིགས་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་རིགས་ལྔ་སྐུ་གསུང་ཐུགས་སུ་དབྱེ་བས་རིགས་བརྒྱ་དང་། སྟོང་དང་། བྱེ་བ་དང་། གྲངས་མེད་པའི་བར་དུ་འགྱུར་ཏེ། དབང་གི་རྒྱུད་ལས། རིགས་ནི་རྣམ་ལྔ་རབ་དབྱེ་བས། །བརྒྱ་སྟོང་བྱེ་བ་གྲངས་མེད་དེ། །ནམ་མཁའ་བཞིན་དུ་བསམ་ལས་སོ། །ཞེས་སོ། །དེ་ལྟར་རིགས་སོ་སོར་དབྱེ་ན། དཀྱིལ་འཁོར་དེའི་གཙོ་བོ་ནི་རིགས་དེ་ཉིད་ཀྱིས་བསྡུས་པའི་ཐུགས་ཀྱི་རིགས་ཏེ། རྡོ་རྗེ་རྩེ་མོ་ལས། རིགས་ཀྱི་དཀྱིལ་འཁོར་རྣམས་ལ་ནི། །རིགས་བདག་ཐུགས་ཏེ་རིགས་ཀྱི་གཙོ། །ཞེས་སོ། །ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་ཐུགས་རྣམ་པར་སྣང་མཛད་མཐིང་ག །སྐུ་རྡོ་རྗེ་སེམས་དཔའ་དཀར་པོ། གསུང་སྣང་བ་མཐའ་ཡས་དམར་པོ། ཡོན་ཏན་རིན་ཅེན་འབྱུང་ལྡན་སེར་པོ། ཕྲིན་ལས་དོན་ཡོད་གྲུབ་པ་ལྗང་གུའོ། །རྡོ་རྗེའི་རིགས་ལ་ཐུགས་མི་བསྐྱོད་པ་མཐིང་ག །སྐུ་རྣམ་པར་སྣང་མཛད་དཀར་པོ། གཞན་རྣམས་སོ་སོའི་མདོག་གོ །པདྨའི་རིགས་ལ་གསུང་གི་ཐུགས་སྣང་མཐའ་མཐིང་ག །གསུང་གི་སྐུ་རྣམ་པར་སྣང་མཛད་དཀར་པོ། གསུང་གི་གསུང་མི་བསྐྱོད་པ་དམར་པོ། གསུང་གི་ཡོན་ཏན་དང་ཕྲིན་ལས་སེར་ལྗང་ངོ་། །རིན་པོ་ཆེའི་རིགས་ལ། རིན་པོ་ཆེའི་ཐུགས་རིན་འབྱུང་མཐིང་ག །ཡོན་ཏན་མི་བསྐྱོད་པ་སེར་པོ། གཞན་གསུམ་སོ་སོའི་མདོག་གོ། །ལས་ཀྱི་རིགས་ལ་ལས་ཀྱི་ཐུགས་དོན་གྲུབ་མཐིང་ག །ཕྲིན་ལས་མི་བསྐྱོད་པ་ལྗང་གུ། གཞན་ནི་སོ་སོའི་མདོག་གོ། །དབྱེ་བ་འདི་ནི་ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་དགོངས་པའོ། །དེའི་ཚེ་ཐུགས་ཀྱི་རིགས་ཀྱི་ཡེ་ཤེས་ཀྱང་མེ་ལོང་ལྟ་བུ་གཙོ་ལ་གཞན་བཞི་བཞིས་མཚོན་པ་སྟེ། དེ་བཞིན་གཤེགས་པའི་སྐབས་སུ་ཐུགས་རྣམ་སྣང་མེ་ལོང་ཡེ་ཤེས། ཐུགས་ཀྱི་སྐུ་མི་བསྐྱོད་པ་ཆོས་དབྱིངས་ཡེ་ཤེས། ཡོན་ཏན་རིན་འབྱུང་མཉམ་ཉིད། གསུང་སྣང་མཐའ་ཀུན་རྟོག །ཕྲིན་ལས་དོན་ཡོད་བྱ་གྲུབ། རྡོ་རྗེའི་རིགས་ལ་ཐུགས་མི་བསྐྱོད་པ་མེ་ལོང་ཡེ་ཤེས། སྐུ་རྣམ་སྣང་ཆོས་དབྱིངས་ཡེ་ཤེས། ཞེས་པའི་ཚུལ་གྱིས་གསུངས་སོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་ལ་སོགས་པ་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པ་དང་། འགྲོ་བའི་རྟོག་ཚོགས་བྱང་ཆུབ་སེམས། །ཞེས་པ་ལ་སོགས་པས་མ་དག་པ་འཁོར་བའི་གནས་སྐབས་ན་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། རེ་ཞིག་ཟབ་མོའི་མདོ་སྡེ་སྡོང་པོ་བཀོད་པ་ལས་ཀྱང་། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་དཔའ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་པ་དང་། དྲི་མ་མེད་པའི་མདོ་ལས་ཀྱང་། འཇིག་ཚོགས་ལ་བལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་པ་དང་། སྐམ་ས་ལས་པདྨ་མི་སྐྱེའི། འདམ་ལས་སྐྱེ་བ་དང་འདྲ་བར། འདུས་མ་བྱས་མངོན་དུ་བྱས་པ་རྣམས་ལས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མི་སྐྱེའི། འཇིག་ཚོགས་ལ་བལྟ་བ་རི་བོ་ལྟ་བུ་བསྐྱེད་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བར། དེ་བས་ན་ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་གསུངས་ལ། ཐབས་ཀྱི་ཞགས་པའི་བསྲུང་བ་མེད་པའི་དམ་ཚིག་གི་སྐབས་ལས་ཀྱང་། འདི་ལྟར་གཏི་མུག་ནི་རྣམ་པར་མི་རྟོག་པའི་ཁོངས་སུ་འདུས་པས། སྤང་བླང་མེད་པའི་མཚན་ཉིད་ནི་སྐུ་དེ་བཞིན་གཤེགས་པའི་རིགས་སོ། །ཞེ་སྡང་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་གདུག་པ་འདུལ་བའི་མཚན་ཉིད་རྡོ་རྗེའི་རིགས་སོ། །ང་རྒྱལ་ནི་ཆོས་མཉམ་པ་ཉིད་ལ་སྲན་ཚུགས་པའི་མཚན་ཉིད་རིན་པོ་ཆེའི་རིགས་སོ། །འདོད་ཆགས་ནི་ཆོས་ཐམས་ཅད་ལ་མངའ་བརྙེས་པའི་མཚན་ཉིད་པདྨའི་རིགས་སོ། །ཕྲག་དོག་ནི་ཆོས་མཉམ་པར་མ་རྟོགས་པ་རྣམས་ལ་ལས་དགེ་སྡིག་ཡོད་ཕྱིར་འགྲོ་བའི་དོན་བྱེད་པའི་མཚན་ཉིད་ལས་ཀྱི་རིགས་སོ། །ཞེས་པ་དང་། གསང་བ་འདུས་པ་ལས་ཀྱང་། གཟུགས་ཀྱི་གཏི་མུག་ཉིད་བསྟན་པ། །བླུན་པས་བཅིངས་པའི་ངོ་བོའོ། །ཚོར་བ་འདོད་པས་མྱོས་བསྟན་པ། །ང་རྒྱལ་གྱི་ནི་ངོ་བོའོ། །འདུ་ཤེས་འདོད་ཆགས་བདག་ཉིད་ནི། །དངོས་པོ་ལ་ནི་ཆགས་པའི་མཚན། །འདུ་བྱེད་རྟག་ཏུ་ཕྲག་དོག་སྟེ། །རྩེ་གཅིག་བདག་ཉིད་བསྟོད་པའོ། །རྣམ་ཤེས་ཞེ་སྡང་ཞེས་བསྟན་ཏེ། །རྒྱུ་དང་འབྲས་བུར་རབ་ཏུ་གྲགས། །འདི་དག་བདེ་གཤེགས་ལྔ་ཡི་རིགས། །ཞེས་པ་དང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །འོ་ན་འགྲོ་བའི་ཁམས་རྣམས་མ་དག་པ་སྣ་ཚོགས་སུ་སྣང་བ་ཇི་ལྟར་ཡིན་ཞེ་ན། ཡེ་ནས་དག་ཅིང་དྲི་མ་མེད་ཀྱང་། གློ་བུར་ཀུན་ཏུ་བཏགས་པའི་རྟོག་པས་སྦགས་པས་ལས་དང་བདེ་སྡུག་སྣ་ཚོགས་སུ་ཀུན་གཞི་ལ་ནུས་པ་སྣ་ཚོགས་བཞག་པ་ལས་བྱུང་བའོ། །དེ་ཡང་ཀུན་གཞི་ནི། ཐམས་ཅད་པ་སྟེ་ཀུན་གྱི་རྟེན་ཡིན་པར། ལང་ཀར་གཤེགས་པ་ལས། ཀུན་གཞི་ཀུན་གྱི་རྟེན་ཡིན་ཏེ། །སྲིད་པ་དང་ནི་དེ་བཞིན་དུ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་སོ། །དེ་ཡང་མ་དག་པ་འཁོར་བར་སྣང་དུས་དེའི་རྟེན་བྱེད་ཅིང་དབྱེར་མེད་པ་བཞིན་ཡོད་ཀྱང་། དག་པའི་ཆོས་ཀྱི་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བྱ་བར་མིང་གྱུར་པའོ། །དེ་ཉིད་ལ་ནི་ཡེ་ཤེས་ཀུན་བརྟེན་ཏོ། །འཁོར་བའི་ཀུན་གཞི་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་ཡིད་དང་། ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་བརྟེན་ཏོ། །འདི་དག་མདོ་རྒྱུད་ལ་ལར་སྦྱངས་ཤིང་གནས་གྱུར་པས་ཡེ་ཤེས་ལྔར་དག་པར་འདོད་དོ། །ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། དེ་བཞིན་དུ་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས། ཉོན་ཡིད་སོ་སོར་རྟོག་པ། ཡིད་ཤེས་མཉམ་པ་ཉིད། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་གྱུར་པའོ། །དེ་བཞིན་དུ་གཟུགས་རྣམ་སྣང་། ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར་ཅིང་། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་གནས་གྱུར་ལ། དབང་པོ་དང་ཡུལ་རྣམས་ནི་སེམས་དཔའ་དང་སེམས་མའི་ངོ་བོར་གནས་གྱུར་ཅིང་། སྒོ་གསུམ་འཛིན་པ་དང་བཅས་པ་སྒོ་བར་གནས་གྱུར་པར་གྲགས་ཀྱང་། གཞུང་འདིར་ནི། སྣམ་བུ་ཚོས་ཀྱིས་བསྒྱུར་བ་ལྟ་བུའི་སྦྱང་གཞི་སྦྱོང་བྱེད་གནས་གྱུར་པ་ལྟ་བུ་མི་འདོད་དེ། སྤང་བླང་དང་སྦྱོང་བསྒྱུར་ལས་འདས་པའི་ཕྱིར་རོ། །དེ་བས་ན་ཡེ་ནས་ཡེ་ཤེས་སུ་ཡིན་པ་ལ་ཡིན་པར་ཤེས་པས་འཁོར་བའི་ཀུན་རྟོག་ཡེ་ཤེས་སུ་གྲོལ་བ་ཆབ་རོམ་ཆུར་ཞུ་བའི་ཚུལ་གྱིས། འཁོར་བ་ཉིད་མྱང་འདས་སུ་གྲོལ་བར་འདོད་དོ། །དེའང་ད་ལྟ་ཀུན་ཏུ་བཏགས་པའི་དྲི་མས་སེལ་དུ་གྱུར་པས་དག་ཀྱང་མ་དག་པ་ལྟར་སྣང་བ་ཉིད་གནད་ཟབ་མོ་ལ་གོམས་པས་ཀུན་རྟོག་ཕུང་པོ་དང་བཅས་པ་ཡེ་ཤེས་སུ་གྱུར་ནས། དྲི་མ་སྤངས་ནས་དབྱིངས་སུ་དག་པ་ནི་དཔེར་ན། གསེར་དང་འདྲེས་པའི་དངུལ་ཆུའི་གོང་བུ་རེ་ཞིག་མར་གསར་རམ་དངུལ་ཆུའི་རྣམ་པར་སྣང་གི་གསེར་དུ་མི་སྣང་ཡང་མེ་དང་འཕྲད་པའི་རྐྱེན་ཀྱིས་གསེར་དུ་སྣང་ཞིང་། དངུལ་ཆུའི་རྣམ་པར་མར་གསར་གྱི་ཁ་དོག་ཉིད་རང་ཡལ་དུ་སོང་བ་བཞིན་ནོ། །དེ་བས་ན་མེ་ལ་ཆེར་བསྲེགས་པ་ན་འཛམ་བུ་ཆུ་བོའི་གསེར་ལྟར་སྣང་ངོ་། །དེ་བཞིན་དུ་ལམ་ཟབ་མོ་གོམས་པས་ཉོན་མོངས་པ་ལས་གྲོལ་བའི་འཕགས་པ་རིག་འཛིན་གྱི་གནས་སྐབས་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་ཀྱི་སར་ཤེས་པར་བྱའོ། །གཉིས་པ་གང་གི་རིགས་ཡིན་ངོས་གཟུང་བ་ནི། སྐབས་འདིའི་དཀྱིལ་འཁོར་ནི་རྡོ་རྗེའི་རིགས་སུ་བྱས་ནས། གཙོ་བོ་མི་བསྐྱོད་པར་སྔ་རབས་པ་དག་གི་བཤད་ཀྱང་། དེ་ནི་མ་ཡིན་ཏེ། དབུས་སུ་རིགས་ཀྱི་བདག་པོ་མཚོན་བྱེད་ཀྱི་གདན་འཁོར་ལོ་དང་སེང་གེ་བྱུང་བའི་ཕྱིར་དང་། ཡུམ་ཀྱང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་བྱུང་བའི་ཕྱིར་དང་། ཞི་བའི་མདངས་ལས་འཕྲོས་པའི་ཁྲོ་བོའི་སྐབས་སུ་ཡང་གཙོ་བོ་བུདྡྷ་ཧེ་རུ་ཀ་བྱུང་བའི་ཕྱིར་དང་། དཀྱིལ་འཁོར་འདི་ཡང་ཡེ་ཤེས་རང་སྣང་བ་གཞི་ལ་གཙོ་འཁོར་མ་འཁྲུགས་པར་འཆད་ཅིང་སྣང་བའི་སྐབས་ཡིན་པའི་ཕྱིར་དང་། སློབ་དཔོན་ཆེན་པོ་པདྨས་འདིའི་སྒྲུབ་ཐབས་དང་དབང་བསྐུར་བའི་ཆོ་ག་ལས་ཀྱང་། ཧཱུྃ། མེ་ལོང་ཡེ་ཤེས་རྣམ་དག་ཅིང་། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །དབྱིངས་ཀྱི་དབང་ཕྱུག་ཕྱག་རྒྱ་ཡིས། །རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཞེས་པའི་ཡི་གེས་ཀྱང་གནོད་ལ། ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་སྡེ་ཚན་གཅིག་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་པདྨ་དཀར་པོ་ལས་ཀྱང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་མཐིང་ག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པ་དཀར་པོར་གསུངས་པ་དང་འགལ་ལོ། །འོ་ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བཤད་པས་མི་བསྐྱོད་པར་འཐད་དོ། །ཞེ་ན། མ་ཡིན་ཏེ། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཞེས་བཤད་པས་གཙོ་བོ་ལྷ་མོར་ཐལ་བ་ལ་སོགས་པའི་སྐྱོན་སྤངས་བར་མི་ནུས་སོ། །དེས་ན་རྡོརྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ནི་རིགས་ཐམས་ཅད་ཀྱི་སྤྱིའི་སྒྲར་བཤད་ཀྱི། མི་བསྐྱོད་པ་ཁོ་ནར་འཆད་པ་མ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །ཅེས་པས་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་རྡོ་རྗེ་སེམས་དཔར་བཏགས་པའི་ཚུལ་དང་གཅིག་གོ། །སྤར་ཁ་བ་དང་། གཞི་བསྟོད་ལ་སོགས་པ་ནི་བོད་མ་ཡིན་པས་ཡིད་བརྟན་མི་རུང་ངོ་། །རྔམ་གློག་ལས། དབུས་སུ་རྣམ་པར་སྣང་མཛད་གཙོ། །ཞེས་པའང་མ་མཐོང་བར་ཟད་དོ། །དེ་བས་ན་འདིར་དེ་བཞིན་གཤེགས་པའི་ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་ཡིན་པས་གཙོ་བོ་ནི་རྣམ་པར་སྣང་མཛད་ཐུགས་ཀྱི་ལྷ་ཡིན་ལ། མི་བསྐྱོད་པ་སྐུ་རྡོ་རྗེའི་བདག་ཉིད་དོ། །གསུམ་པ་གཞན་གྱི་ལོག་རྟོག་དགག་པ་ནི། འོ་ན་རྒྱུད་གཞན་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་པ་དང་འགལ་ཞིང་། སྐུ་མདོག་ཀྱང་མཐིང་གར་བཤད་པས་འགལ་ལོ་ཞེ་ན། ལན་བརྗོད་པ། ཀྱེ་བཞིན་བཟང་ད་དུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་གོང་འོག་ལ་བློ་ཁ་མ་ཕྱོགས་པས་རེ་བདེན། དེ་ལྟ་ནའང་ཁྱེད་ཅག་རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་དང་། མཐིང་ག་དང་ཞེས་པའི་སྒྲ་ཙམ་ལ་འཁྲུལ་བར་ཟད་དེ། འདིར་ནི་འོག་མིན་རྡོ་རྗེེ་དབྱིངས་དང་། སྙིང་ག་ན་འོད་གསལ་གྱི་དམ་པ་རིགས་བརྒྱ་འོད་ལྔའི་ཀློང་ན་དེ་ཉིད་དང་ཐ་དད་མེད་པར་ཡོད་པར་རང་ལུགས་འཇུག་པ་སྟེ། སྙིང་གི་དགོངས་པའི་རྒྱུད་ལས། རྣམ་པར་སྣང་མཛད་མཐིང་ག་ཕྱག་ན་འཁོར་ལོ་བསྣམས་པ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་ཞལ་སྦྱར་ནས་སངས་རྒྱས་ཀྱི་སྐུ་དྲུག་ཕྲག་གཅིག་ཏུ་ཤར་རོ། །ཞེས་སོ། །རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པ་དང་། མཐིང་གར་གསུངས་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཐུགས་ཀྱི་རིགས་ཡིན་པའི་ཕྱིར་རོ། །གཞན་ལས་རྣམ་སྣང་གཟུགས་ཏེ་སྐུའི་རིགས་དང་མི་བསྐྱོད་པ་ཐུགས་སུ་བཤད་པ་ནི་ཐུན་མོང་བའི་རྒྱུད་ཀྱི་དགོངས་པ་སྟེ། རིགས་ལྔ་སྤྱི་ཙམ་དང་སྐུའི་སྐུའི་དཀྱིལ་འཁོར་ལ་སོགས་པ་རྩ་བའི་དཀྱིལ་འཁོར་ལས་གཞན་དུ་འཕྲོས་པའི་དབང་དུ་བྱས་པའོ། །གཞན་ཡང་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་ནི་སེམས་ཉིད་རང་བཞིན་གྱིས་དག་པས་གོ་འབྱེད་པ་ཡིན་ལ། རྣམ་པར་ཤེས་པ་ནི་སྣ་ཚོགས་སུ་གསལ་ཞིང་འཆར་བས་རྣམ་པར་སྣང་མཛད་དེ་མེ་ལོང་གི་གཟུགས་བརྙན་འཛིན་པ་ལྟ་བུའི་ཡེ་ཤེས་སོ། །སངས་རྒྱས་སྤྱན་ནི་མི་གཡོ་ཞིང་རྟོག་པ་མེད་པས་གཏི་མུག་དང་ཆོས་མཐུན་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་སའི་ཁམས་ཀྱིི་སྲ་བའི་ཆ་གཟུགས་ཀྱི་ཕུང་པོས་བསྡུས་པ་ནི་གཞན་དུ་མི་འཕོ་བས་མི་བསྐྱོད་པ་ཞེས་བཤད་དོ། །ཚུལ་འདི་ནི་རྒྱུད་སྡེ་གོང་མའི་རྣམ་བཤད་དེ་གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་བས་ན་གཙོ་བོ་རྣམ་པར་སྣང་མཛད་ལ་རིགས་ཀྱི་འཁོར་ཚོམ་བུ་རྣམས་ཀྱིས་བསྐོར་བའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ལ་ཀུན་གྱི་ཐུགས་རྗེས་མངའ་བདག་སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་དཀྱིལ་འཁོར་འདིའི་ཕྱོགས་གང་ན་ཡོད་པ་ཡིན་ཞེ་ན། ཁ་ཅིག་ན་རེ་ཁྱམས་ན་བྱིན་གྱིས་རློབ་པའི་ཚུལ་དུ་བཞུགས་ཟེར་རོ། །དེ་ནི་མ་ཡིན་ཏེ་འཁོར་དུ་ཐལ་བ་དང་། གཙོ་བོ་མཐར་གནས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་གང་ལས་ཀྱང་མི་འབྱུང་བའི་ཕྱིར་ན་རིགས་པ་མ་ཡིན་ནོ། །དེ་བས་ན་འདི་ལྟར་ཡིན་ཏེ། ཆོས་སྐུའི་གནས་སྐབས་ན་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་དམིགས་སམ་སྤྲོས་པའི་ཡུལ་ལས་འདས་པར་བཞུགས་པས་ཀུན་ཏུ་བཟང་པོ་ཡབ་ཡུམ་ཞེས་བྱའོ། །དེ་སྐད་དུ་དཔལ་སངས་རྒྱས་མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པ་དང་། སློབ་དཔོན་ཆེན་པོ་བི་མ་ལའི་རིན་པོ་ཆེའི་སྒྲོན་མ་ལས། མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུ་བཞེངས་པ་ན། རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་སྤྱོད་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ་། །ཞེས་གསུངས་པ་ལྟར་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ་རང་སྣང་བའི་ཚེ་རིགས་ལྔའི་གཙོ་བོ་ཉིད་རྣམ་སྣང་སྟེ་ཀུན་བཟང་ཡབ་ཡུམ་མོ། །དམིགས་པ་ལ་དགའ་བས་བསྒོམ་པའི་ཚེ་དེའི་ཐུགས་ཀར་བསྒོམ་པའི་རིམ་པ་ཡང་གསུངས་སོ། །དེ་ཡང་མཉམ་སྦྱོར་ལས། དེ་ནས་འགྲོ་བ་འདུལ་ཐབས་ཀྱིས། །དེ་ཉིད་རིགས་རྣམས་ལྔར་སྣང་ཡང་། །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་སོ། །དེ་ལས་སྤྲུལ་པས་འགྲོ་བ་འདུལ་བ་ན་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་ལ་སོགས་པ་དང་། ཐུབ་པ་དྲུག་གི་རོལ་པ་དཔག་ཏུ་མེད་པ་སྣང་ངོ་། །ཁྱམས་སུ་དགོད་པར་གསུངས་པའི་བྱེད་པ་དང་། བྱ་བ་གཉིས་ནི་གདངས་ཐམས་ཅད་འཆར་བའི་གཞིའི་ཀུན་བཟང་ཡབ་ཡུམ་ཞེས་བྱ་སྟེ། བར་དོ་ལ་སོགས་པར་ཐོག་མར་ཆོས་དབྱིངས་རྣམ་དག་གི་གདངས་སྣང་སྟོང་གཉིས་ཀྱི་རྣམ་པ་དེ་གཉིས་སུ་སྣང་བ་ལས། རིམ་གྱིས་ཞི་ཁྲོའི་ལྷ་སོ་སོའི་ཚོམ་བུ་འཆར་བའི་གཞིར་གྱུར་པ་སྟེ། ཁྱམས་སུ་གསུངས་པའི་དོན་ནི་གཙོ་བོའི་ཐུགས་ཀ་སྟེ། རྒྱབ་མདུན་ནི་ཞལ་སྦྱར་ནས་བཞུགས་ཚུལ་གྱི་ངོ་བོ་བསྟན་པའོ། །དེ་བས་ན་གཞིའི་གཙོ་བོ་ནི་དབུས་ཀྱི་གཙོ་བོ་ཉིད་ཡིན་ལ། གདངས་ཀྱི་ཡབ་ཡུམ་གཉིས་ནི་དེའི་ཐུགས་ཀ་ན་གནས་པ་སྟེ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ནོ། །ཚུལ་འདི་ནི་ཐུན་མོང་མ་ཡིན་པའི་རྒྱུད་དང་། བླ་མའི་མན་ངག་དང་། སྒྲུབ་ཐབས་ཀྱི་ཡི་གེ་ཆེན་པོ་རྣམས་ལས་བྱུང་བ་ཡིན་ནོ། །ད་ལྟ་གནས་ཀྱང་ཞི་བ་སྙིང་ག་ཡིན་ཏེ་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་དཀྱིལ་འཁོར་བཞི་བཅུ་གཉིས། །སྐུ་ནི་སྣང་བ་རང་བཞིན་མེད། །ཆ་ཕྲ་འོད་གསལ་སྙིང་ཁར་བཞུགས། །ཞེས་སོ། །ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ནི་སྤྱི་བོ་ན་ཡོད་དེ། དེ་ལས། གདངས་ཀྱི་ཁྲག་འཐུང་ལྔ་བཅུ་བརྒྱད། །དུང་ཁང་བྷནྡྷའི་གཞལ་ཡས་ན། །ཞེས་སོ། །ཚུལ་འདི་ནི་སློབ་དཔོན་གྱི་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་འབྲིང་པོའི་ལས་བྱང་ལས། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན། །ཞེས་པ་དང་། བྷནྡྷ་སྨུག་ནག་འབར་བའི་ཁང་བཟང་དུ། །མཐུ་ཆེན་བདུད་ཀྱི་རྒྱལ་པོས་སྒོ་བཅད་བརྩིགས། །རྔམས་པའི་ཁྲོ་བོ་རྣམས་ཀྱི་གཟེར་གྱིས་བཏབ། །དྲེགས་པ་ལྷ་ཆེན་བརྒྱད་ཀྱི་ཀ་གདུང་བཅས། །གདུག་པའི་ཀླུ་ཆེན་བརྒྱད་ཀྱིས་རབ་ཏུ་གཏམས། །གཟའ་ཆེན་ཁ་བད་རྒྱུ་སྐར་མིག་ཚགས་བྱས། །ཞེས་སོ། །བྷནྡྷ་ནི་མགོ་སྟེ་སྐྲ་སྨུག་ནག་ཅན་ནོ། །གཞན་ནི་མཚོག་གསང་གཉིས་དང་ལྟག་གསང་གཉིས་ཀྱི་སྡུད་སྒོ་དང་རྩའི་གནས་སོ། །སྤྱིའི་དོན་བཤད་ཟིན་ཏོ། ༈ །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། གཙོ་བོའི་བཞུགས་ཚུལ་དང་ཕྱག་མཚན་ཐུན་མོང་དུ་བསྟན་པ་དང་། ཡབ་ཡུམ་སོ་སོར་བཤད་པའོ། །ད ང་པོ་ནི། སངས་རྒྱས་ཀྱི་རང་བཞིན་འགྲོ་བ་ཐམས་ཅད་ལ་དུས་རྟག་ཏུ་གཟིགས་ཤིང་རྒྱབ་ཀྱིས་མི་ཕྱོགས་པའི་མཚོན་བྱེད་དུ་དྭངས་ཤིང་འོད་ཀྱི་རང་བཞིན་ཕྱི་ནང་གསལ་བའི་སྐུ་དེ་ཡང་རགས་པར་མ་གྲུབ་ཅིང་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་ཕྱོགས་མཚམས་སྟེང་འོག་གང་ནས་བལྟས་ཀྱང་ཞལ་བསྟན་པར་སྣང་གི་འདི་ནི་མདུན་དང་འདི་ནི་རྒྱབ་ཏུ་སྣང་ངོ་ཞེས་འགྲོ་བ་ཕལ་པ་ལ་མཐོང་བ་ལྟར་མེད་པ་ཚོམ་བུའི་འཁོར་ཐམས་ཅད་ལ་མདུན་གྱིས་གཟིགས་པས་ཕྱོགས་ཐམས་ཅད་དུ་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་གསལ་ཞིང་། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ཡེ་ཤེས་དང་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བའི་མཚོན་བྱེད་དུ་ལྡན་པའོ། །མཚན་དཔེ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་པའོ། །དང་པོ་ལའང་གཉིས་ལས། མཚན་སུམ་ཅུ་རྩ་གཉིས་ནི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག་དང་། དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དཔེ་བྱད་བརྒྱད་ཅུ་ནི་སེམས་དཔའ་བཅུ་དྲུག་པོ་རེ་རེ་ལའང་ཡེ་ཤེས་ལྔའི་རྟགས་རིགས་ལྔ་ལྔས་དབུ་རྒྱན་གྱི་རིགས་ལྔ་བརྒྱད་ཅུའོ། །ཡུམ་བཅུ་དྲུག་ལ་དབུ་རྒྱན་མེད་དེ། ཆོས་དབྱིངས་མཚོན་པའི་ཕྱིར་རོ། །དེ་དག་མཚན་དཔེར་འཇོག་པ་ནི། འཁོར་ཕུན་སུམ་ཚོགས་པས་གཙོ་བོའི་རང་བཞིན་ཡང་བཀོད་པ་མཛེས་ཤིང་ཕུན་སུམ་ཚོགས་པ་སྟེ། མེ་ཏོག་གི་ཟེའུ་འབྲུ་དང་འདབ་མས་མེ་ཏོག་གིས་བཀོད་པ་མཛེས་པར་བྱེད་པ་ལྟ་བུའོ། །གཉིས་པ་ཐུན་མོང་གི་མཚན་དཔེ་ལ་གཉིས་ལས། མཚན་སུམ་ཅུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བརྒྱད་ཅུ་ནི། དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །སྐུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་ནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབས་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་སྙན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱི་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་མཚམས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །དཔལ་གྱི་བེའུ་མན་ཆད་གཅིག་ཡིན་ཅིང་གཞན་ནི་སོ་སོའོ། །ཆོས་ཀྱི་དབྱིངས་དང་། ནམ་མཁའི་ཁམས་དང་། གདུལ་བྱའི་འཇིག་རྟེན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་ལྷུན་གྱིས་གྲུབ་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྣ་ཚོགས་པར་ཀུན་ཏུ་སྣང་བའོ། །ཇི་ལྟར་སྣང་ན་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཞིང་ཁམས་སུ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྤྲོས་ལས་འདས་པ། གསུང་མི་ཟད་པ་བརྗོད་དུ་མེད་པ་དང་མཉན་དུ་མེད་པ་དང་ངོ་བོ་ཉིད་མེད་པ་དང་། ཐུགས་མི་ཟད་པ་གཏན་དུ་སྤྲོས་པ་ཐམས་ཅད་ཞི་ཞིང་རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་རང་སྣང་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་ནི། སྐུ་མི་ཟད་པ་ལོངས་སྤྱོད་རྫོགས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ནམ་མཁའ་དང་མཉམ་པ། གསུང་མི་ཟད་པ་ཞལ་གྱི་དཀྱིལ་འཁོར་ལས་འོད་འཕྲོས་པས་བརྗོད་བྱའི་དོན་ཁོང་དུ་ཆུད་པ། ཐུགས་མི་ཟད་པ་ཡེ་ཤེས་ལྔའི་མཚན་ཉིད་དུ་བཞུགས་པའོ། །ཕྱོགས་བཅུའི་འཇིག་རྟེན་འགྲོ་བ་དྲུག་གི་འདུལ་ཞིང་ནམ་མཁའི་མཐའ་དང་མཉམ་པ་རྣམས་སུ་ནི། སྐུ་མི་ཟད་པ་གང་ལ་གང་གིས་འདུལ་བ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོ་སྐྱེ་བོ་དང་། རྒས་པ་དང་། ན་བ་དང་། འཆི་བ་དང་། ལྷ་དང་། ཀླུ་དང་། དུད་འགྲོ་ལ་སོགས་པ་རིགས་མཐུན་པ་དང་མི་མཐུན་པ་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། གྲུ་གཟིངས་དང་། གྲོང་དང་། སྐྱེད་མོས་ཚལ་ལ་སོགས་པ་སེམས་ཅན་ལ་ཕན་པ་འབྱུང་བ་དེ་དང་དེའི་གཟུགས་ཚད་མེད་པ་དང་། གསུང་མི་ཟད་པ་འགྲོ་བ་སོ་སོའི་སྐད་དང་། པདྨོ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་ལས་སྒྲ་བྱུང་བས་ཆོས་ཀྱི་གསུང་སྣ་ཚོགས་པར་སྒྲོགས་པ་ལ་སོགས་པ་དང་། ཐུགས་མི་ཟད་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་འགྲོ་བའི་དོན་མཛད་པར་སྣང་ངོ་། །དེའང་སངས་རྒྱས་རྣམས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་ཡིན་པས་འདི་དང་འདིའོ་ཞེས་བློས་བསམ་པར་ནུས་པ་མ་ཡིན་ནོ། །འོ་ན་ཆོས་སྐུ་དང་ལོངས་སྐུའི་གསུང་མི་བརྗོད་པ་ལ་གསུང་དུ་ཅི་གདགས་ཤེ་ན། སྒྲ་དང་ཚིག་ཏུ་བརྗོད་པའི་མཐར་ཡང་བརྗོད་མེད་གོ་བར་བྱ་བ་ལས་མེད་ལ། དེ་ཉིད་ཀྱིས་དངོས་སུ་བརྗོད་མེད་གོ་བར་མཛད་པ་དང་། ཚིག་ཐམས་ཅད་ཡི་གེར་འདུས་ལ་དེ་ཉིད་ཨ་སྐྱེ་བ་མེད་པར་འདུས་པས་གསུང་གི་སྙིང་པོ་ཨའི་དོན་སྟོན་པ་ཉིད་གསུང་མཆོག་ཆེན་པོ་སྟེ། མདོ་ལས། རྒྱལ་བའི་སྲས་པོ་ཅང་མི་གསུང་། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་པ་ལྟ་བུའོ། །གདུལ་བྱ་ལ་སྣང་བའི་སྤྲུལ་སྐུ་ཐུབ་པས་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་གསུངས་པ་ལྟ་བུ་ཡང་གདུལ་བྱའི་སྣང་བ་དང་སངས་རྒྱས་ཀྱི་ཐུགས་རྗེ་འཛོམ་པ་ལས་གསུང་དུ་སྣང་ཡང་སྒྲ་བརྙན་ལྟར་དོན་ལ་གསུངས་པ་མེད་དེ། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱིས་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་དང་། དཀོན་ཅོག་བརྩེགས་པ་ལས། དེ་བཞིན་གཤེགས་པ་སྐུ་བལྟམས་ནས་གང་གི་མཚན་མོ་ལ་མྱང་ངན་ལས་འདས་པ་དེ་སྲིད་དུ་ཚིག་དང་ཡི་གེར་སྣང་བས་ཆོས་ཚིག་འབྲུ་གཅིག་ཀྱང་མ་གསུངས་ཏེ་གདུལ་བྱའི་སྣང་བས་གོ་བར་ཟད་དོ། །ཞེས་སོ། །འདི་ཁ་ཅིག་གིས་སྤྲུལ་སྐུ་ཁོ་ན་ལ་སྦྱོར་བ་མི་འཐད་དེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣང་བར་བཤད་པ་ཉིད་དང་འགལ་ལོ། །སྤྲུལ་སྐུའི་སྒྲས་སྐབས་འདིར་ཐུབ་པ་དྲུག་ཀྱང་ཟིན་པས་ཐུབ་དྲུག་གི་གླིང་གཞི་ཞར་ལ་སྨོས་པ་ཡིན་ནོ། །བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འཐད་ཅེས་པ་ནི་སྐབས་སུ་མ་བབས་པའི་རྒོལ་བ་སྟེ། འདིར་ལོངས་སྐུ་བཞི་དང་ཐུབ་དྲུག་འཁོར་དུ་བསྟན་པས་སྟོན་པ་གཉིས་མེད་དོ། །ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་མངའ་བའི་བརྡར་ཞབས་གཉིས་ཏེ་ཟུང་དུ་འབྲེལ་བས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་མཉམ་པའི་རང་བཞིན་ཉོན་མོངས་པ་མཐའ་དག་བཏུལ་ཅིང་ཡེ་ཤེས་ཆེན་པོའི་ངོ་བོར་བཞུགས་པ་ཉིད་ཀྱི་བརྡར་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའོ། །འདིར་ཁ་ཅིག་ཡུམ་དངོས་སུ་མ་བཤད་པར་འདོད་པ་ནི་མི་འཐ ད་དེ། བཙུན་མོ་དམ་པ་སྣང་བའི་དབྱིངས་ཡིན་པའི་ཕྱིར་རོ། །ཡེ་ཤེས་ལྔ་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་དྲུག་གི་མཚོན་བྱེད་དུ་ཕྱག་དྲུག་གོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མེད་པའི་ཡེ་ཤེས་ལས་དགོས་འདོད་སྣ་ཚོགས་འབྱུང་བས་རིན་པོ་ཆེའི་རང་བཞིན་དུ་མཚོན་པའི་ཕྱིར་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་དྲུག་ལས་འོད་ཟེར་མུ་མེད་པ་འབར་བ་ཅན་ནི་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། ཤེས་རབ་འཆལ་བ་དྲུག་འཇོམས་པའི་བརྡའོ། །ཁ་ཅིག་ནི་གཙོ་བོ་ལ་ཕྱག་དྲུག །གཞན་རྣམས་ལ་ཕྱག་གཉིས་པར་འདོད་པ་ནི་མ་ཡིན་ཏེ། ཐུན་མོང་དུ་གསུངས་པའི་ཕྱིར་རོ། །དེའང་རྡོ་རྗེ་རིན་པོ་ཆེ་འཁོར་ལོ་པདྨ་རྒྱ་གྲམ་དྲིལ་བུ་སྟེ། རིགས་སོ་སོའི་རྩ་ཕྱག་གཉིས་ཀྱི་གཡས་ཐམས་ཅད་རང་རང་གི་ཕྱག་མཚན། གཡོན་ཐམས་ཅད་དྲིལ་བུ་སྟེ། ཐུགས་ཀར་བསྣོལ་ནས་འཛིན་པ་གཞན་རྣམས་སོ་སོར་བརྐྱངས་པའོ། །སངས་རྒྱས་གསང་བ་ནི་ཕྱག་དྲུག་ན་རིན་པོ་ཆེ་འབར་བ་ཟུར་བརྒྱད་པ་དྲུག་བསྣམས་པར་བཞེད་དོ། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་མངའ་བའི་མཚོན་བྱེད་དུ་དབུ་གསུམ་དང་ལྡན་པ་ནི་གཙོ་བོའི་རྩ་ཞལ་མཐིང་ག་གཡས་དཀར་གཡོན་དམར། མི་བསྐྱོད་པའི་རྩ་ཞལ་དཀར་པོ་གཡས་མཐིང་གཡོན་དམར། རིན་འབྱུང་གི་རྩ་ཞལ་སེར་པོ་གཡས་དཀར་གཡོན་དམར། འོད་དཔག་མེད་ཀྱི་རྩ་ཞལ་དམར་པོ་གཡས་དཀར་གཡོན་མཐིང་། དོན་གྲུབ་ཀྱི་རྩ་ཞལ་ལྗང་གུ་གཡས་དཀར་གཡོན་དམར་རོ། །གཉིས་པ་ཡབ་ཡུམ་སོ་སོར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་བསྟན་པ་དང་། རིགས་དབྱེ་བའོ། །དང་པོ་ནི་རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་མཚན་ནས་མི་བརྗོད་པར། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་ལ་སོགས་པ་ཕུང་པོ་ལྔའི་མཚན་ནས་བརྗོད་པ་ཅི་ཡིན་ཞེས་སྔ་རབས་པ་དག་ཟེར་ཏེ། འདི་ཡང་མ་ཕྱེད་པར་སྣང་ངོ་། །ཕུང་པོ་ལྔ་ལ་སོགས་པ་རྟོག་པའི་མིང་གིས་ལྷ་ལ་བརྗོད་པ་མེད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་ལྡན་ཆོས་ཕུང་པོ་ལྔ་ལས་འཕགས་པ་ཉིད་བསྟན་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བརྗོད་པ་བཞིན་ནོ། །མྱ་ངན་གྱི་མིང་གིས་སངས་རྒྱས་ལ་བརྗོད་པ་མ་ཡིན་གྱི་འཕགས་ཆོས་ངོས་གཟུང་བའི་ཕྱིར་དང་། བརྟག་གཉིས་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པ། །ཞེས་པའང་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་བརྗོད་ཅིང་། གསང་བ་འདུས་པར་ཡང་། ཞེ་སྡང་རྡོ་རྗེ་ཞེས་པ་ལ་སོགས་པས་མེ་ལོང་ཡེ་ཤེས་ལ་སོགས་པ་དངོས་སུ་བསྟན་པ་བཞིན་ནོ། །དེས་ན་རྒྱལ་པོའི་སྒྲ་ནི་ཆེན་པོ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་ཞིང་། འཁོར་གྱི་སྐབས་སུའང་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་ལ་སོགས་པ་གསུངས་པ་ལའང་ཤེས་པར་བྱའོ། །གལ་ཏེ་རྟོག་པའི་སྒྲས་བརྗོད་ན་རྣམ་པར་ཤེས་པ་དང་ཞེས་བརྗོད་པ་རིགས་ཀྱི་རྒྱལ་པོ་ཞེས་མི་རིགས་སོ། །ཁྱད་པར་འཕགས་ཆོས་སུ་བརྗོད་པ་ནི་འཁོར་བའི་གནས་སྐབས་ན་རྣམ་པར་ཤེས་པ་དེ་བཞིན་གཤེགས་པ་དེ་དག་གི་གདུང་ངམ་རིགས་སུ་གནས་པས་བརྗོད་པའོ། །དེ་ཡང་རང་བཞིན་གྱིས་དག་པའི་སངས་རྒྱས་ཉིད་ཡིན་ཀྱང་མ་དག་པའི་ཚེ་འགྲོ་བའི་ཕུང་པོ་ལྔ་རྣམ་སྨིན་ལས་གྲུབ་པ་ལྟར་སྣང་ངོ་། །དེ་ལས་ཅུང་ཟད་དག་པ་ན་དབང་ཐོབ་པ་རྣམས་ཀྱི་སྨོན་ལམ་ལས་གྲུབ་པའི་ལུས་ལ་སོགས་པར་སྣང་ངོ་། །ཤིན་ཏུ་དག་པའི་ཚེ་རྒྱལ་བའི་སྐུ་དང་ཡེ་ཤེས་སུ་སྣང་ངོ་། །དཔེར་ན་ཆུ་གཅིག་ལའང་དམྱལ་བ་བས་མེ་དང་། ཡི་དྭགས་ཀྱིས་རྣག་ཁྲག་དང་། མིས་དག་ཅིང་འདོད་ཡོན་དུ་བྱེད་པ་དང་། དུད་འགྲོས་བཏུང་བ་དང་། ལྷས་བདུད་རྩི་དང་། ཞིང་དག་པའི་འགྲོ་བས་བདུད་རྩིའི་ཆུ་ཀླུང་དང་། གྲུབ་པས་མཱ་མ་ཀཱི་ལ་སོགས་པར་སྣང་བ་ཉིད་དོ། །ཡང་ན་དངུལ་ཆུའི་ཁམས་བཞིན་དུའང་སྣང་བར་སྔར་བརྗོད་ཟིན་ཏོ། །དེའང་མ་དག་པའི་སྐབས་ན་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ལ་སོགས་པར་སྣང་བ་ཉིད། དག་པའི་ཚེ་ན་རིགས་ལྔའི་སྐུ་དང་། འཁོར་གྱི་སེམས་དཔའ་སེམས་མ་ལ་སོགས་པའི་དཀྱིལ་འཁོར་དུ་སྣང་བའོ། །དཔེར་ན་མིག་ལ་བད་ཀན་གྱི་སྐྱོན་ཆགས་པའི་ཚེ་དུང་སེར་པོར་སྣང་བ་ཉིད་དག་པའི་ཚེ་དཀར་པོར་སྣང་བ་བཞིན་ནོ། །བད་ཀན་གྱི་ཚེ་ནའང་གཟུགས་བརྙན་དུང་གི་རྣམ་པ་མི་འདོར་བ་བཞིན་དུ་མ་དག་པའི་ཚེའང་སངས་རྒྱས་ཀྱི་ཆོས་མཐུན་རྩིར་ཡོད་དོ། །སེར་པོར་སྣང་ཡང་དོན་ལ་དཀར་པོ་ཡིན་པ་བཞིན་དུ་ཕྱི་ནང་གི་སྣང་བ་རྟོག་ཚོགས་དང་བཅས་པ་ཀུན་མ་དག་པར་སྣང་ཡང་དོན་ལ་དག་པ་སངས་རྒྱས་ཀྱིི་ཞིང་དང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཉིད་ཡིན་ནོ། །གཉིས་པ་སོ་སོར་དབྱེ་བ་ལ་ལྔ་ལས། དང་པོ་རྣམ་པར་ཤེས་པའི་ཕུང་པོ་ལ་དབྱེ་ན་བརྒྱད་དེ། ཀུན་གཞིའི་རྣམ་པར་ཤེས་པ་མེ་ལོང་དག་པའི་ངོས་ལྟ་བུ་ཤེས་པ་ཡུལ་ལ་མ་འཕྲོས་ལ་འཆར་གཞི་བྱེད་པ་དང་། ཡིད་ཀྱི་རྣམ་ཤེས་དོན་སྤྱིའི་ཡུལ་དང་རྗེས་ཀྱི་བློས་ཡུལ་ལ་སྤྱོད་པ་དང་། ཉོན་མོངས་བ་ཅན་གྱིས་ཡིད་དགག་སྒྲུབ་ཏུ་བྱེད་པའི་ཤེས་པ་ལ་སོགས་པ་བྱེད་པ་དང་། སྒོ་ལྔའི་རྣམ་ཤེས་གཟུགས་མཐོང་བ་ལ་སོགས་པ་རྟོག་མེད་ལྔའོ། །དེའང་མཐོང་ཐོས་རེག་ཚོར་གྱི་ཆ་ནི་རྟོག་མེད་ཡིན་ལ། དེ་ལ་སོ་སོར་ཤེས་པ་ནི་ཡིད་ལ། དེ་ལ་དགག་སྒྲུབ་བྱེད་པ་ནི་ཉོན་ཡིད་དོ། །སྒོ་ལྔ་དང་ཡིད་ཤེས་ཙམ་གྱིས་ནི་ལས་མི་གསོག་ལ། ཉོན་ཡིད་ཀྱིས་ཀུན་གཞིའི་སྟེང་དུ་ལས་གསོག་པའོ། །ཀུན་གཞི་ནི་དེ་ཐམས་ཅད་པའི་རྟེན་ཡིན་ཏེ་རྟོག་མེད་ལུང་མ་བསྟན་ནོ། །དཔེར་ན་གང་དུའང་རྟོག་དཔྱོད་མེད་ཅིང་གསལ་དྭངས་མེད་པའི་ཤེས་པ་རང་སོའི་གནས་སྐབས་ལྟ་བུའོ། །དེས་མཚོན་པ་ཐམས་ཅད་དོ། །ཀུན་གཞིའི་རྣམ་ཤེས་ནི་ཤེས་པ་གསལ་དྭངས་ཡུལ་ལ་མ་འཕྲོས་པའི་གནས་སྐབས་སོ། །སྒོ་ལྔ་ནི་ཡུལ་དེ་གསལ་བར་སྣང་བའོ། །ཡིད་ནི་འདྲེར་རུང་འཛིན་པ་ཙམ་མོ། །ཉོན་ཡིད་ནི་དགག་སྒྲུབ་ཏུ་སྐྱེས་པའོ། །འདིར་ནི་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུ་འཕགས་ཆོས་སུ་བཟུང་ངོ་། །ཚོར་བ་ལ་གསུམ་སྟེ། ཡུལ་ཡིད་དུ་འོང་བ་ལ་བདེ་བ། མི་འོང་བ་ལ་སྡུག་བསྔལ། བར་མ་ལ་བཏང་སྙོམས་སུ་སྐྱེའོ། །འདུ་ཤེས་ལ་གསུམ་སྟེ། ཡུལ་ལ་འཇུག་པ་རྒྱ་ཆེ་བ། ཆུང་བ། བར་མའོ། །འདུ་བྱེད་ལ་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། ལྡན་པའི་འདུ་བྱེད། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་པ་སྟེ་ཀུན་ཏུ་འགྲོ་བ་ལྔ་དང་། མོས་པ། འདུན་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ། ངོ་ཚ་བ། ཁྲེལ་ཡོད་པ། བག་ཡོད་པ། བཏང་སྙོམས། མི་འཚེ་བ། བརྩོན་འགྲུས་དང་ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པའི་དགེ་བའི་རྩ་བ་སྟེ་བཅུ་གཅིག་དགེ་བ་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། ཐེ་ཚོམ་སྟེ་དྲུག་རྩ་བའི་ཉོན་མོངས་པ་དང་། ཕྲག་དོག །སེར་སྣ། གཡོ། སྒྱུ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངས་པ། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། ཁོན་འཛིན། འཆབ་པ། འཚིག་པ་སྟེ་ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། འགྱོད་པ། གཉིད། རྟོག་པ། དཔྱོད་པ་སྟེ་བཞི་ནི་གཞན་དུ་འགྱུར་བའོ། །དེ་རྣམས་ཀྱི་ནང་ནས་ཚོར་བ་དང་འདུ་ཤེས་ལས་གཞན་པའི་བཞི་བཅུ་རྩ་དགུ་དང་། མིང་དང་མཚན་མ་ལ་སོགས་པ་མི་ལྡན་པའི་འདུ་བྱེད་འཁོར་འདས་བསྐྱེད་པའི་བྱ་བ་བྱེད་པ་ཐམས་ཅད་ནི། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་དོན་ཡོད་གྲུབ་པའི་ཁྱད་པར་འཕགས་ཆོས་སུ་ངོས་གཟུང་ངོ་། །གཟུགས་ཀྱི་ཕུང་པོ་ལ་དབྱེ་ན་བཅོ་ལྔ་སྟེ། ས། ཆུ། མེ། རླུང་སྟེ་རྒྱུའི་གཟུགས་འབྱུང་བ་བཞི་དང་། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ཡུལ་ལྔ་དང་། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་དབང་པོ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཏེ་བཅོ་ལྔ་ལས་རིག་བྱེད་མ་ཡིན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་བསྐྱོད་པ་དང་གཞན་བཅུ་བཞི་སངས་རྒྱས་སྤྱན་སོགས་ཀྱིས་བསྡུས་པའི་ཁྱད་པར་འཕགས་ཆོས་སུ་ངོས་གཟུང་ངོ་། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། །དབྱིངས་ངོ་བོ་ཉིད་ཀྱི་གཙོ་བོ་དང་། རང་བཞིན་ཐ་མི་དད་པའི་འཁོར་རོ། །དང་པོ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་རིན་ཅེན་འབྱུང་ལྡན་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་དང་ལྔའོ། །རིགས་ལྔ་པོ་དེ་དག་ཀུན་ཀྱང་སྐུ་མདོག་ནི་རིམ་པ་བཞིན། མེ་ལོང་ལྟ་བུའི་ཡེ་ཤེས་འགྱུར་བ་མེད་པས་རྣམ་པར་སྣང་མཛད་མཐིང་ག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བས་མི་བསྐྱོད་པ་དཀར་པོ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པས་རིན་ཅེན་འབྱུང་ལྡན་སེར་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་འགྲོ་བའི་དོན་ལ་རྗེས་སུ་ཆགས་པས་འོད་དཔག་མེད་ལེ་བརྒན་ཏེ་དམར་པོ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་སྣ་ཚོགས་སུ་མཛད་པས་དོན་ཡོད་གྲུབ་པ་ལྗང་གུའི་མདོག་ཏུ་གསལ་ཞིང་འཚེར་བ་ནི་རིགས་ལྔ་ཀའི་རང་བཞིན་དྭངས་ལ་བཀྲག་དང་གཟི་བརྗིད་ཆེ་བའོ། །དེ་དག་གི་ཡུམ་ནི་ལོངས་སྤྱོད་པར་བྱ་བའི་གཞི་དང་གཙོ་བོའི་ཡུམ་དུ་གྱུར་པ་དང་ཡོན་ཏན་གྱིས་ཆོ་རིགས་བཙུན་པས་བཙུན་མོ་གཞན་ལས་ཁྱད་པར་དུ་འཕགས་པས་དམ་པའོ། །དབྱིངས་ནམ་མཁའི་རང་བཞིན་ནི་ཆོས་ཉིད་ཡངས་ཤིང་ཡོན་ཏན་གྱི་གོ་འབྱེད་པ་ལ་མི་བསྒྲིབས་པས་གསལ་བར་བྱེད་པའི་ཕྱིར་སྣང་བའི་ངོ་བོ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ་དང་། ས་ནི་བརྟན་ཅིང་རྟེན་དུ་གྱུར་པ་བཞིན་དུ་ངོ་བོ་མི་འགྱུར་ཞིང་ཡོན་ཏན་གྱི་རྟེན་བྱེད་པས་སྲ་བའི་དབྱིངས་ཏེ་སངས་རྒྱས་སྤྱན་དང་། ཆུ་ནི་གཤེར་ལ་སྐྱེ་བོའི་གསོས་སུ་གྱུར་པ་ལྟར་འགྲོ་བའི་རྒྱུད་བརླན་པར་བྱེད་པས་མཉེན་པའི་དབྱིངས་ཏེ་མཱ་མ་ཀཱི་དང་། མེ་ནི་བསྲེག་ཅིང་སྣང་བ་ལྟར་ཉོན་མོངས་པ་བསྲེག་ཅིང་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པས་དྲོ་བའི་དབྱིངས་ཏེ་གོས་དཀར་མོ་དང་། རླུང་ནི་བསྐྱོད་པ་དང་འདེགས་པའི་བྱ་བ་བྱེད་པ་ལྟར་འགྲོ་བའི་དོན་ལ་ཐོགས་པ་མེད་ཅིང་ཉེ་བར་འཚོ་བའི་གཞིར་གྱུར་བས་བསྐྱོད་པའི་དབྱིངས་ཏེ་དམ་ཚིགས་སྒྲོལ་མ་དང་། དེ་དག་ལ་སོགས་པ་རིགས་ཀྱི་བཙུན་མོའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཉམ་པར་སྦྱོར་བས་བཞུགས་སོ། །དེ་དག་གི་རང་བཞིན་ནམ་བཞུགས་པའི་ཚུལ་ལམ་གྲངས་སམ་རྣམ་གྲངས་བསྟན་པ་ནི། སྣང་སྲིད་ཐམས་ཅད་ལ་ཡེ་ནས་འདུ་འབྲལ་མེད་པར་ཁྱབ་ཅིང་། ཁྱད་པར་དུ་ལོངས་སྐུའི་སྣང་བས་ཡུལ་ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྣང་བ་ཆེན་པོས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ་དཔེར་ན་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན་དུ་གོ་མཚམས་མེད་པར་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་གང་ནས་ཐམས་ཅད་ཀུན་ཏུ་ཁྱབ་པར་བཞུགས་སོ། །སྤྱིར་སྣང་སྲིད་ཐམས་ཅད་ལ་ཡེ་ནས་ཁྱབ་ཀྱང་འདིར་བདེ་གཤེགས་ཀྱི་སྣང་བ་ལ་སྦྱར་རོ། །ཚུལ་འདི་ནི་བར་གྱི་གསལ་བྱེད་དེ་གོང་གི་རིགས་ལྔ་ཡབ་ཡུམ་དང་། འོག་གི་སེམས་དཔའ་སེམས་མ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་ཤེས་པར་བྱའོ། །དཀྲུགས་ཏེ་མི་བཤད་དོ། །ཅིའི་ཕྱིར་ཞེ་ན་ལས་དང་པོ་པས་རྟོགས་པར་དཀའ་ཞིང་བུལ་ཆུང་བའི་ཕྱིར་རོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་རྒྱས་པར་བཤད་པ་ལ་གཉིས་ལས། རང་བཞིན་གྱི་འཁོར་ནི་གོང་དུ་བསྟན་ཟིན་ཅིང་། ཐུགས་རྗེའི་འཁོར་ལ་གསུམ་སྟེ། ནང་གི་སེམས་དཔའ་ཡབ་ཡུམ། ཕྱིའི་སེམས་དཔའ་ཡབ་ཡུམ། སྒོ་བ་ཡབ་ཡུམ་མོ། །དང་པོ་ལའང་གཉིས་ལས་ཡབ་བཞི་ནི། གཙོ་བོ་རིགས་ལྔའི་རང་བཞིན་བཤད་པ་དེ་ནས་སེམས་དཔའི་འཁོར་བཤད་པར་བྱ་སྟེ། དེ་ཡང་སྟོན་པ་ཉིད་བྱང་ཆུབ་ཆེན་པོ་ཡིན་པ་བཞིན་དུ་རང་སྣང་བའི་ཐུགས་རྗེའི་ངང་ལས་ཤར་བའི་འཁོར་རྣམས་ཀྱང་སྒྲིབ་པ་མཐའ་དག་བྱང་ཞིང་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུབ་པས་སངས་རྒྱས་ཉིད་ཡིན་པའི་ཕྱིར་ཆེན་པོ་སར་གནས་ཀྱི་སེམས་དཔའ་ལས་འཕགས་སོ། །དེ་ཡང་རྣམ་པར་ཤེས་པའི་སེམས་དཔའ་བཞི་ལ། རྡོ་རྗེ་ནི་དབྱིངས་དང་ཡེ་ཤེས་སྣང་བ་དང་སྟོང་པ་གཉིས་སུ་མེད་ཅིང་འཇིག་འབྲལ་མེད་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོག་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་དང་། སྒྲིབ་པ་ཐམས་ཅད་འཇོམས་ཤིང་སྒྲིབ་པས་ཚུར་མི་གནོད་པ་ཡིན་ཏེ། རྒྱས་པ་ལས། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །རང་བྱུང་ཡེ་ཤེས་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིགས་པར་བྱེད། །ཅེས་སོ། །མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྤྱན་གྱིས་ཡུལ་ལྔ་ག་ལ་འཇུག་ཅིང་ཆོས་ཉིད་རོ་གཅིག་ཏུ་གཟིགས་པའི་ཆ་ནས་མཐོང་བ་སྟེ་སའི་སྙིང་པོ་དང་། རྣ་བའི་རྣམ་ཤེས་ཀྱིས་སྒྲ་ཐོས་པ་ལས་འཕགས་པས་སངས་རྒྱས་ཀྱི་སྙན་གྱིས་ཡུལ་ལྔ་ག་ལ་འཇུག་ཅིང་དེ་བཞིན་ཉིད་དུ་རོ་གཅིག་པར་གསན་པའི་ཆ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ་ཕྱག་ན་རྡོ་རྗེ་དང་། སྣའི་རྣམ་ཤེས་ཀྱི་དྲི་ཚོར་བ་ལས་འཕགས་པ་སངས་རྒྱས་ཀྱི་ཤངས་ཀྱི་ཡུལ་ལྔ་ག་ལ་འཇུག་ཅིང་སྐྱེ་བ་མེད་པར་རོ་གཅིག་ཏུ་ཚོར་བ་བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྟེ་ནམ་མཁའི་སྙིང་པོ་དང་། ལྕེའི་རྣམ་ཤེས་ཀྱིས་རོ་མྱོང་བ་ཙམ་ལས་འཕགས་པ་སངས་རྒྱས་ཀྱི་ལྗགས་ཀྱི་ཡུལ་ལྔ་ག་ལ་འཇུག་ཅིང་གཉིས་སུ་མེད་པར་རོ་གཅིག་ཏུ་མྱོང་བ་བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་སྟེ་སྤྱན་རས་གཟིགས་དང་། དེ་དག་གི་ཡུམ་བཞི་ཡང་རིམ་པ་བཞིན་དུ་བཙུན་མོ་མཐོང་བར་བྱ་བ་ཡེ་ཤེས་ཀྱི་སྣང་བའི་ཡུལ་གཟུགས་ཏེ་སྒེག་མོ་དང་། དེ་བཞིན་དུ་མཉན་པར་བྱ་བ་ཕྲེང་མ་དང་། མནམ་པར་བྱ་བ་ནི་གླུ་དབྱངས་མ་དང་། མྱོང་བར་བྱ་བ་རོལ་པའི་དགའ་བ་སྟེ་གར་མ་དང་བཞིའོ། །དེ་ལྟར་ཅུང་ཟད་བསྣོལ་ཡང་མིང་ཙམ་སྟེ་དོན་ལ་ནང་གི་སྒེག་མོ་བཞིར་འདོད་པས་མི་འགལ་ལོ། །ཇི་ལྟ་བའི་སྒྲར་བརྗོད་ན་མཉན་པར་བྱ་བ་སྒྲ་སྟེ་གླུ་མ། མནམ་པར་བྱ་བ་དྲི་སྟེ་བདུག་སྤོས་མར་འབྱུང་ངོ་། །དབང་པོའི་སེམས་དཔའ་བཞི་ལ་མཐོང་བྱེད་ནི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་སྤྱན་སྒྲིབ་པ་མེད་པས་ཡུལ་ལྔ་འཛིན་པའི་རྟེན་བྱེད་པ་སྟེ་བྱམས་པ་དང་། ཐོས་བྱེད་ནི་རྣ་བའི་དབང་པོ་གྲོ་ག་གཅུས་པ་ལྟ་བུ་ལས་འཕགས་པ་སྙན་གྱི་དབང་པོ་ཉམས་པ་མེད་པས་ཡུལ་ལྔ་གསལ་བའི་རྟེན་བྱེད་པ་སྟེ་སྒྲིབ་པ་རྣམ་སེལ་དང་། མནམ་བྱེད་ནི་སྣའི་དབང་པོ་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ་ལས་འཕགས་པ་ཤངས་ཀྱི་དབང་པོའི་ཡུལ་ལྔ་ལ་འཇུག་པའི་རྟེན་བྱེད་པ་སྟེ་ཀུན་ཏུ་བཟང་པོ་དང་། མྱོང་བྱེད་ནི་ལྕེའི་དབང་པོ་ཟླ་བ་ཕྱེད་པ་ལྟ་བུ་ལས་འཕགས་པ་གསུང་རོ་བྲོ་བའི་མཆོག་མཁྱེན་པས་ཡུལ་ལྔ་ལ་འཇུག་པའི་རྟེན་བྱེད་པ་སྟེ་འཇམ་དཔལ་དང་། དེ་དག་གི་ཡུམ་རྣམས་ཀྱང་རིམ་པ་བཞིན། བཙུན་མོ་འདས་པ་ནི་སྔར་གྲགས་པའི་ཆོས་ཞིག་ནས་མེད་པ་ལས་ཁྱད་པར་དུ་འཕགས་པ་སྔ་མའི་ཆོས་ཇི་བཞིན་པ་མངོན་སུམ་དུ་གསལ་བའི་རང་བཞིན་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པའི་མཚོན་བྱེད་དུ་བདུག་སྤོས་མར་སྣང་བ་དང་། ད་ལྟར་ནི་དབང་པོའི་མངོན་སུམ་ལ་སྣང་བ་ཙམ་ལས་འཕགས་པ་ཆོས་ཐམས་ཅད་བསྐལ་དོན་མེད་པར་ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པའི་མཚོན་བྱེད་དུ་མེ་ཏོག་མར་སྣང་བ་དང་། མ་བྱུང་བ་ནི་མ་འོངས་པའི་ཡུལ་ལ་མངོན་དུ་མ་གྱུར་པ་ལས་ཁྱད་པར་དུ་འཕགས་པ་མ་འོངས་པའི་ཆོས་རྣམས་ཀྱང་སྐྱུ་རུ་ར་ཕྱག་མཐིལ་དུ་བཞག་པ་བཞིན་དུ་ད་ལྟར་གཟིགས་པས་མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པའི་མཚོན་བྱེད་དུ་སྣང་གསལ་མར་སྣང་བ་དང་། འབྱུང་བར་མ་ངེས་པའི་ཚོགས་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རང་བྱུང་གི་སྣང་བ་ཇི་བཞིན་པའི་ངང་ནས་འཕོ་འགྱུར་མེད་པའི་ཆོས་ཉིད་ལ་བཞུགས་པའི་མཚོན་བྱེད་དུ་དྲི་ཆབ་མར་སྣང་བ་དང་བཞིའོ། །དེའང་འདས་མ་འོངས་ད་ལྟར་མཁྱེན་ཚུལ་ནི་མེ་ལོང་གི་ངོས་ལ་པྲ་ཕབ་པའི་སྔ་རྟགས་ཕྱི་རྟགས་ད་ལྟར་བ་དང་བཅས་པ་འཆར་བ་བཞིན་དུ་ས་ལེ་མཁྱེན་པའོ། །དེ་སྐད་དུ་ཕལ་པོ་ཆེ་ལས། འདས་དང་མ་འོངས་ད་ལྟར་བྱུང་། །ཇི་སྙེད་ཇི་བཞིན་མངོན་དུ་གྱུར། །ཅེས་པ་ལྟར་རོ། །སྒོ་བ་ཡབ་ཡུམ་ལ་གཉིས་ལས། ཡབ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མི་འཇིག་རྣམ་པར་མི་ཤེས་པ། །བརྗོད་མེད་རྣམ་པར་མི་རྟོག་པ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ན་བདེ་བ་ཐོབ་པར་འགྱུར། །ཞེས་པའི་ཚུལ་དང་མཐུན་པར་བཤད་དེ། འཇོམས་པ་ནི་ཐབས་དང་ཆེན་པོ་ནི་ཤེས་རབ་སྟེ། དེ་གཉིས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་བདུད་དང་གཤིན་རྗེ་ལ་སོགས་པ་གདུག་པ་ཅན་རྣམས་འདུལ་བར་བྱེད་པས་རྡོ་རྗེའོ། །དེ་ཡང་གསུམ་ལས་ལུས་ཀྱི་ཆའི་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས། རེག་བྱ་ཡུལ། དེ་གཉིས་འཕྲད་པ་ལས་རེག་བྱ་ཤེས་པ་ལུས་ཀྱི་རྣམ་ཤེས་ཏེ་ཐ་མལ་པ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྐུའི་རེག་བྱའི་ཁམས་ཡུལ་ལྔ་ལ་འཇུག་པའི་ཕྱིར་བདུད་རྩི་འཁྱིལ་བ་དང་། རྟ་མཆོག་དང་། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་དོ། །ངག་གི་ཆའི་རེག་པ་ཉིད་སྒྲར་བསྒྱུར་ཏེ་གཞུང་དུ་ལུས་ཀྱི་གཞི་དང་པོར་དངོས་སུ་བསྟན་པས་ངག་ཡིད་གཉིས་ཤུགས་ལ་བསྟན་ཏོ། །དེ་ཡང་སྒྲའི་ཤེས་པ་སྐྱེ་བ་ལ། རྗོད་བྱེད་སྒྲ། བརྗོད་བྱ་ཡུལ། དེ་གཉིས་བརྗོད་པའི་རྐྱེན་ཚོགས་པ་ལས་སྒྲའི་ཤེས་པ་སྙན་མི་སྙན་བར་མ་གསུམ་འབྱུང་བ་ལས་ཁྱད་པར་འཕགས་པ་སངས་རྒྱས་ཀྱི་གསུང་དབྱངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡུལ་ལྔ་ལ་འཇུག་པའི་མཚོན་བྱེད་དུ་བདུད་རྩི་འཁྱིལ་བ་ལ་སོགས་པ་ཁྲོ་བོ་བཞིར་སྣང་ངོ་། །ཡིད་ཀྱི་ཚེ་ཆོས་སུ་བསྒྱུར་ཏེ། ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་སྐྱེ་བ་ལ། རིག་བྱེད་ཡིད། རིག་བྱ་དོན་སྤྱིའི་རྣམ་པ་སྣ་ཚོགས་པ་ཡུལ། དེ་གཉིས་འཕྲད་པ་ལས་བདེ་སྡུག་དགག་སྒྲུབ་ལ་སོགས་པའི་ཤེས་པ་སྐྱེ་བ་ལས་ཁྱད་པར་འཕགས་པ་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་དོན་སྤྱིའི་འཛིན་པ་ལ་མི་ལྟོས་པར་མངོན་སུམ་དུ་གྱུར་ཅིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་མཚོན་བྱེད་དུ་ཁྲོ་བོ་བཞི་སྒོ་བར་ཡེ་ཤེས་ཀྱི་རྩལ་ལས་རང་སྣང་བ་དེ་ཡང་སྐྱེ་འཇིག་མེད་པ་དང་། བརྗོད་དུ་མེད་པ་དང་། རིག་བྱེད་མེད་པ་དང་། རྣམ་པ་མེད་པར་རྟོགས་པའི་ཡེ་ཤེས་བཞིའོ། །དེ་དག་གི་ཡུམ་བཞི་ནི་རིམ་པ་བཞིན་ངོ་བོ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྟག་པར་མ་ཡིན་པ་སྟེ་མེད་བཞིན་དུ་སྣང་བ་གཟུགས་བརྙན་དང་འདྲ་བར་མཚོན་ཞིང་རྣམ་པ་བྱམས་པ་ཆེན་པོ་དང་སྦྱིན་པས་སེམས་ཅན་རྣམས་སྡུད་པའི་མཚོན་བྱེད་དུ་ལྕགས་ཀྱུ་མའོ། །སྒྲ་ལ་སོགས་པའི་ཆོས་ཐམས་ཅད་ཆད་པར་མ་ཡིན་པ་སྟེ་ངོ་བོ་རང་རང་གི་སྣང་བ་མ་དོར་བ་སྨིག་རྒྱུ་དང་འདྲ་བར་མཚོན་ཞིང་རྣམ་པ་སྙིང་རྗེ་ཆེན་པོ་དང་སྙན་པར་སྨྲ་བས་སེམས་ཅན་རྣམས་བསྡུད་པའི་ཕྱིར་ཞགས་པ་མར་སྣང་བའོ། །ཡིད་ཀྱི་ཆོས་རྣམས་ལ་དགག་སྒྲུབ་ཀྱི་བདག་ཏུ་གཟུང་དུ་མེད་དེ་ངོ་བོ་བདག་ཏུ་གྲུབ་པ་མ་ཡིན་པ་རྨི་ལམ་དང་འདྲ་ཞིང་རྣམ་པ་དགའ་བ་ཆེན་པོ་དང་དོན་མཐུན་པས་སེམས་ཅན་རྣམས་དབང་དུ་བྱེད་པའི་བརྡར་ལྕགས་སྒྲོག་མའོ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་དངོས་པོ་དང་མཚན་མར་གྲུབ་པ་མ་ཡིན་ཏེ་གདོད་མ་ནས་རང་བཞིན་མེད་པ་སྤྲུལ་པ་དང་འདྲ་ཞིང་རྣམ་པ་དོན་དཔྱོད་པ་དང་བཏང་སྙོམས་ཆེན་པོས་སེམས་ཅན་རྣམས་ཞི་བ་ལ་འགོད་པའི་མཚོན་བྱེད་དུ་དྲིལ་བུ་མར་སྣང་བའོ། །དེ་ཡང་སངས་རྒྱས་ཀྱིས་ན་དབང་ཤེས་ལྔ་པོ་རེ་རེས་ཀྱང་ཡུལ་ལྔ་ལ་འཇུག་པར། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་པ་དང་། མིག་གི་དབང་པོ་ལ་ཐོག་མར་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་ཕྱེ་ལ། དྲུག་པོ་རེ་རེ་ལ་གདོད་ཕྱོགས་བཅུར་ཕྱེ་བའི་མིག་གི་དབང་པོས་ཤར་ཕྱོགས་ཀྱི་ཤར་གྱི་གཟུགས་མཐོང་བ་བཞག་ལ། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་རེག་པ་བཞི། ཕྱོགས་ལྷག་མ་དགུ་ལ་བཞི་བཞི་སྟེ་བཞི་བཅུ། དེ་བཞིན་དུ་ཕྱོགས་ལྷག་མ་ལྔ་ལའང་བཅུ་བཅུར་ཕྱེ་ལ་བཞི་བཅུ་བཞི་བཅུ་སྟེ། དེ་ལྟར་ན་བཞི་བཅུ་ཚན་པ་དྲུག་ལ་ཉིས་བརྒྱ་བཞི་བཅུ་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ལའང་རང་རང་གི་ཡོན་ཏན་བོར་ལ་དེ་བཞིན་དུ་བརྩིས་པ་བརྒྱ་ཕྲག་བཅུ་གཉིས་ཏེ། འདི་དག་ནི་སངས་རྒྱས་ཀྱི་སའི་ཡོན་ཏན་ཁྱད་པར་ཅན་ནོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་ཡབ་དང་ཡུམ་དང་སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་ལ་སོགས་པ་དབུས་སུ་སྣང་བ་ཇི་ལྟ་བ་བཞིན་དུ། ཕྱོགས་བཞིར་རིགས་བཞིའི་དཀྱིལ་འཁོར་རང་རང་གི་ཚོམ་བུའི་འཁོར་འབུམ་ཕྲག་དུ་མས་བསྐོར་བ། ལྷའི་བཀོད་ཚུལ་གྱི་མང་ཉུང་དང་རྣམ་པ་རྩ་བའི་དཀྱིལ་འཁོར་དེ་ལྟ་བུའི་ཚོགས་ནམ་མཁའི་དབྱིངས་ཀུན་ཁྱབ་པར་རྗོད་ཀྱིས་མི་ལང་བར་སྣང་བ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་ཏེ་རང་སྣང་ཡེ་ཤེས་ཀྱི་རོལ་པ་གཅིག་གིས་ངང་ལས་ཤར་བའི་གནད་ཀྱིས་སོ། །གསུམ་པ་ཡེ་ཤེས་ཀྱི་རང་སྣང་བཀོད་པས་དོན་བསྡུ་བ་ལ་གཉིས་ཏེ། གང་ལས་བཀོད་པའི་ངོ་བོ། ཚུལ་ཇི་ལྟར་བཀོད་པའི་ཚུལ་ལོ། །དང་པོ་ནི། གླེང་གཞི་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་ངོ་བོ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གསང་བའི་དཀྱིལ་འཁོར་རང་སྣང་བ་དེ་དག་ཉིད་ཀྱི་གསང་བ་ཆེན་པོ་འདི་ཉིད། སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དང་ཡོན་ཏན་རྡོ་རྗེ་དང་ཕྲིན་ལས་རྡོ་རྗེ་ལས་རིགས་ལྔའི་དཀྱིལ་འཁོར་རང་སྣང་བའི་དོན་སྟོན་པའི་རྡོ་རྗེ་གསང་བའི་ཚིག་འདི་དག་དགོངས་པ་རང་ཤར་དུ་མ་བརྗོད་པའི་ཚུལ་གྱིས་ཕྱུང་ངོ་། །གཉིས་པ་ཇི་ལྟར་ཕྱུང་ཞིང་རང་སྣང་དུ་བཀོད་པ་ལ་གསུམ་སྟེ། རང་སྣང་གི་དཀྱིལ་འཁོར་དེ་ཉིད་གང་གི་ངང་ལས་བཀོད་པ། ཚུལ་ཇི་ལྟར་སྣང་བ། དེ་ཉིད་གང་གིས་བཞུགས་གནས་ཡིན་ངོས་གཟུང་བའོ། །དང་པོ་ནི། ཨེ་ཆོས་སྐུའི་ངང་ལས་ཨེ་མ་ལོངས་སྐུའི་སྣང་བ་ཨེ་མ་ཧོཿསྣ་ཚོགས་སུ་རང་སྣང་བ་ངོ་མཚར་སྟོན་པའོ། །ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཀྱི་ངོ་བོ་ལ་དབང་བསྒྱུར་བ་ལོངས་སྐུ་ཡེ་ཤེས་ལྔའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ནི་སྟོན་པ་ཉིད་ཀྱི་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེའི་ངང་ལས་བྱུང་བའོ། །གཉིས་པ་ནི། དེ་ལྟ་བུའི་ཞིང་ཁམས་ལྷུན་སྟུག་པོ་བཀོད་པ་དེ་བཞིན་གཤེགས་པ་ཉིད་ལ་རང་སྣང་བ་ཉིད་དེ་སངས་རྒྱས་ཀྱི་ཏིང་འཛིན་རྣམ་པར་དག་པའི་གཟུགས་བརྙན་ཡེ་ཤེས་ཀྱི་སྒྱུ་མ་རང་བཞིན་གྱིས་རྣམ་པར་དག་པའི་ངོ་བོར་གསལ་ཞིང་སྣང་བ་ནི་ཞེས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྣམས་ཉེས་པའི་སྐྱོན་ཅུང་ཟད་ཙམ་གྱིའང་སེལ་མེད་པའི་བདག་ཉིད། ཡོན་ཏན་ཕུན་སུམ་ཚོགས་པ་ཡིད་བཞིན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་མངའ་ཐང་ཆེན་པོ་མི་ཟད་པར་ལྡན་པ་ཡེ་ཤེས་རྒྱན་གྱི་འཁོར་ལོ་མངའ་བའི་རང་བཞིན་རྡོ་རྗེ་མཆོག་གི་ངོ་བོ་འདུ་འབྲལ་མེད་པ་དང་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ཉིད་དོ། །ཞེས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་ཚིག་རྒྱུད་ཀྱི་རང་བཞིན་དུའོ། །འདི་ལ་ཁ་ཅིག་སྡུད་པ་པོའི་རྣམ་པར་སྦྱོར་བ་ནི་མི་འཐད་དེ་རྡོ་རྗེ་གསང་བ་སྙིང་པོའི་རྒྱུད་ཡིན་པའི་ཕྱིར་རོ། །སྐབས་འདིར་བླ་མ་རོང་པ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར། དབྱིངས་ཀྱི་དཀྱིལ་འཁོར། དབང་བསྒྱུར་ཐབས་ཀྱི་དཀྱིལ་འཁོར། ཡེ་ཤེས་ཀྱི་དཀྱིལ་འཁོར་ཐུགས་རྗེའི་དཀྱིལ་འཁོར། རང་སྣང་བའི་དཀྱིལ་འཁོར། ཉིད་ཀྱི་དཀྱིལ་འཁོར། ཏིང་ངེ་འཛིན་གྱི་དཀྱིལ་འཁོར། གཟུགས་བརྙན་གྱི་དཀྱིལ་འཁོར། སྒྱུ་མའི་དཀྱིལ་འཁོར། རྣམ་པར་དག་པའི་དཀྱིལ་འཁོར། གསལ་བའི་དཀྱིལ་འཁོར་དུ་བཞེད་དོ། །དེ་ཡང་རྡོ་རྗེའི་ཚིག་ཡིན་པས་གང་དུའང་སྦྱར་དུ་རུང་མོད་ཀྱི། འོན་ཀྱང་སྐབས་འདི་ཏིང་ངེ་འཛིན་གསུམ་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་སོགས་པ་ལམ་གྱི་དཀྱིལ་འཁོར་སྟོན་པའི་སྐབས་མ་ཡིན་ཞིང་། སངས་རྒྱས་ཀྱི་རང་སྣང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྟོན་པའི་སྐབས་ཡིན་པའི་ཕྱིར་མ་འབྲེལ་ལོ། །ཁ་ཅིག་གླེང་གཞི་བསྡུས་པར་འདོད་པ་དེ་དག་གིས་ཀྱང་གཞུང་གི་ཕྱོགས་ཙམ་ཡང་མ་མཐོང་བ་ཉིད་དོ། །གླེང་གཞི་སྟོན་པའི་བཀར་བསྡུ་བ་ནི། ཁ་ཅིག་ན་རེ་གླེང་གཞི་ནི་སྡུད་པ་པོའི་ཚིག་ཡིན་པས་གླེང་སློང་པ་མན་ཆད་བཀའ་ཡིན་ཞེས་པའང་མི་འཐད་དེ། སྡུད་པ་པོ་ཉིད་སྟོན་པ་དང་ཐ་དད་མེད་པས་ཀྱང་དེའི་གསུང་བཀའ་ཡིན་ལ། ངན་སོང་སྦྱོང་བར་དཀྱིལ་འཁོར་ཕལ་ཆེར་གསང་བདག་གིས་གསུངས་པའང་རྒྱུད་དུ་བཤད་པ་དང་། གཞན་ཡང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། ང་འདས་པའི་ཚེ་དགེ་སློང་རྣམས་བཀའ་བསྡུ་བར་བྱེད་པ་ན། ཐོག་མར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་གླིང་སློང་ཞིག །ཅེས་གསུངས་པས་འདིར་ཡང་ཆོས་མཐུན་ནོ། །དེ་ལྟར་ཕུན་སུམ་ཚོགས་པའི་ཚུལ་བརྗོད་པ་དེ་དག་གིས་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། རྒྱུད་འབྱུང་བའི་ལོ་རྒྱུས་དང་ངེས་པ་སྦྱིན་པ་དང་གཞིར་གྱུར་པའི་ཕྱིར་གླེང་གཞིའི་དོན་ཡིན་ལ། ལེའུ་ནི་པ་རིཙྪེཏའི་སྒྲ་ལས་ཡོངས་སུ་བཅད་པའམ་དུམ་བུར་བྱས་པ་ལ་འཇུག་པས་ཏེ་འདིར་ཡང་དེ་ཡིན་ལ། དང་པོའི་ནི་ལེའུ་རྣམས་ཀྱི་ཐོག་མ་སྨོས་པའི་སྒྲ་དེ་གྲལ་གྱི་འགོ་ན་གནས་པ་བཞིན་ནོ། །དེའང་བམ་པོ་ནི་ཁ་མར་བལྟ་ལ། ལེའུ་རྣམས་ནི་ཁ་ཡར་བལྟ་བ་ཡིན་པས་ན་སོ་སོའི་ལེའུ་རེ་རྫོགས་པར་བསྟན་པའི་མཐའ་ཚིག་གོ།། ༈ །།གཉིས་པ་སྟོན་པ་ཉིད་རིགས་ལྔར་བཞེངས་པའི་ཐུགས་རང་བྱུང་གི་ཡེ་ཤེས་གཉིས་སུ་མེད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཆེད་དུ་བརྗོད་ཅིང་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པ་ནི། གླེང་བསླང་བའི་ཚུལ་གྱིས་སྟོན་ཏེ། དེའང་ཆོས་སྐུའི་སྟོན་པ་ཡབ་ཡུམ་ཉིད་ལོངས་སྐུར་སྣང་བའི་ཐུགས་རང་བྱུང་གི་ཡེ་ཤེས་ཤེས་བྱའི་ཡུལ་གཏན་ལ་འབེབས་པ་ན། འབེབས་བྱེད་རིག་པ་ནི་ཡིད་རྡོ་རྗེ་ཀུན་ཏུ་བཟང་པོ་ཡབ་ཏུ་བརྗོད་ལ། ཡུལ་ཤེས་བྱ་ནི་བྱ་བ་མོ་ཀུན་ཏུ་བཟང་མོ་སྟེ་ཡུམ་དུ་བཏགས་པ་ནི་འོག་ཏུ་ཚོགས་སྒྲུབ་པའི་སྐབས་སུ་གཟུང་ཡུལ་ཡུམ་དང་འཛིན་པ་ཡབ་ཏུ་བཤད་པ་བཞིན་ཡིན་ལ། ཡབ་ཡུམ་གཉིས་སུ་མེད་པ་ནི་བློ་ཡུལ་གཞལ་པའི་ཚེ་གཉིས་ཀ་རིག་པའི་ངོ་བོར་གཅིག་པ་སྟེ་དཔེར་ན། སེམས་ལ་ལྷ་སའི་དོན་སྤྱི་ལམ་གྱིས་གཞལ་དུས། སེམས་ནི་ཡབ། ལྷ་ས་ནི་ཡུམ། དེ་གཉིས་རང་གི་སེམས་སུ་རོ་གཅིག་པ་ནི་གཉིས་སུ་མེད་པ་བཞིན་ནོ། །དེ་ལྟར་སྤྱིའི་གོ་དོན་ཡིད་ལ་བཞག་ནས། ད་ནི་ལེའུ་གཉིས་པའི་གཞུང་དོན་ཉིད་བརྗོད་པ་ལ་གཉིས་ཏེ། དོན་གྱི་དགོངས་པ་གླེང་བསླང་བ་དང་། དེ་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་གཡོ་བའི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཡབ་ཀྱི། ཡུམ་གྱི། གཉིས་སུ་མེད་པའི་དགོངས་པ་གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། དགོངས་པ་གླེང་བསླང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ནི་གླེང་གཞི་བསྟན་པ་དེ་ནས་བཅོམ་ལྡན་འདས་རིགས་ཀྱི་གཙོ་བོའི་ཐུགས་རང་བྱུང་གི་ཡེ་ཤེས་ཡུལ་འབྱེད་པར་བྱེད་པ་པོ་གཉིས་སུ་མེད་པའི་ཚུལ་རྡོ་རྗེ་ཡིད་ཡུལ་དུ་མ་ལ་འཇུག་པས་ཀུན་ཏུ་ངོ་བོ་དབྱིངས་ལས་མ་གཡོས་པས་བཟང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་འདུས་པའི་རང་བཞིན་གྱི་སྐུ་གསུམ་འདུ་འབྲལ་མེད་པའི་ཚུལ་དུས་གསུམ་འཕོ་འགྱུར་མེད་པའི་རྡོ་རྗེས། ཡུལ་གྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་ཕྱིར་བཙུན་མོ་གཏན་ལ་དབབ་པར་བྱ་བ་མོ་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་ཏུ་སྟེ་ཐམས་ཅད་ཀྱང་ཡེ་ནས་དག་པས་བཟང་མོ་ལ་འབྱེད་པའི་བློ་འཇུག་པར་གྱུར་ཏོ། །བློ་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཐུགས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོ་གཅིག་གི་རང་བཞིན་དུ་ངོ་བོ་དབྱེར་མེད་པས། ཉིད་ལས་གཞན་པའི་ཆོས་མ་གཟིགས་ནས་དེ་བཞིན་གཤེགས་པ་ཉིད། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པའི་ཚུལ་འདི་སྐད་ཅེས་བརྗོད་པར་མཛད་དོ། །གཉིས་པ་ནི་ཆོས་ཐམས་ཅད་གདོད་ནས་དག་པས་ཨེ་མ་ཧོཿསྟེ་ངོ་མཚར་ཆེ་བའི་དོན་ཏོ། །ཇི་ལྟར་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྐྱེ་བ་མེད་པར་སངས་རྒྱས་པས་རྡོ་རྗེ་སྟེ་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བ་ཉིད་ཀྱི་རང་བཞིན་ནི་ཕུང་པོའོ། །དེའི་ཡན་ལག་ནི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་སྟེ། མི་བསྐྱོད་པ་ལ་སོགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་པའོ། །དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོ་རྣམས་ཀྱི་བྱེ་བྲག་མང་པོ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་སྟེ་འཁོར་གྱི་དཀྱིལ་འཁོར་ཉིད་དུ་ཡེ་ནས་གནས་སོ། །སྐྱེ་མཆེད་ནི་གཟུགས་ལ་སོགས་པའི་ཡུལ་དྲུག་ལ་མིག་ལ་སོགས་པ་དབང་པོའི་ཤེས་པ་དྲུག་སྐྱེ་ཞིང་སྐད་ཅིག་ཕྱི་མར་རྒྱུན་མཆེད་པར་འབྱེད་པས་དེ་སྐད་ཅེས་བྱའོ། །དབྱེ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག །མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག་གི་སྐྱེ་མཆེད་དེ་བཅུ་གཉིས་སོ། །ཁམས་བཅོ་བརྒྱད་ནི། མིག་དང་། གཟུགས་དང་། མིག་གིས་རྣམ་པར་ཤེས་པའི་ཁམས་དང་ཞེས་ཡུལ་དྲུག །དབང་པོ་དྲུག །དབང་ཤེས་དྲུག་རྣམས་སོ། །འབྱུང་བ་ལྔ་ཡུམ་ལྔའི་ངོ་བོར་སངས་རྒྱས་ཏེ་ས་དང་ཆུ་ནི་སངས་རྒྱས་སྤྱན་མ་དང་མཱ་མ་ཀཱིའོ། །མེ་དང་རླུང་ནི་གོས་དཀར་མོ་དང་དམ་ཚིག་སྒྲོལ་མ་སྟེ། ནམ་མཁའ་ནི་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ཕྱི་ནང་གི་འབྱུང་བ་དང་རྟོག་ཚོགས་ཀྱིས་བསྡུས་པའི་འདོད་པ་གཟུགས་གཟུགས་མེད་པའི་སྲིད་པ་གསུམ་གྱི་ངོ་བོ་མ་དག་པ་ལྟར་སྣང་བ་འདི་ཡང་ཡེ་གདོད་མ་ནས་སངས་རྒྱས་ཀྱི་རང་བཞིན་དུ་གནས་ཤིང་། འཁོར་བའི་ཆོས་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་སངས་རྒྱས་ཉིད་ལས་གཞན་མ་ཡིན་ཏེ། སངས་རྒྱས་ཉིད་ལས་གཞན་པ་མ་དག་པ་འཁོར་བའི་ཆོས་ཞེས་བྱ་བ་རང་མཚན་དུ་གྲུབ་པ་ནི། བཙལ་ན་སངས་རྒྱས་ཉིད་ཀྱིས་ཀྱང་རྡུལ་ཙམ་ཞིག་མི་བརྙེས་སོ་སྟེ་མི་རྙེད་དོ། །སངས་རྒྱས་ཀྱིས་མ་རྙེད་པ་ནི་དོན་ལ་མེད་པར་གོ་བར་བྱེད་པ་ཡིན་ཏེ། རྣམ་ངེས་ལས། ཐམས་ཅད་མཁྱེན་པས་གཟིགས་པ་ལོག་པ་ནི་ཐམས་ཅད་དུ་མེད་པར་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །ཞེས་སོ། །ཇི་སྐད་དུ་ཀུན་བྱེད་ལས། ཆོས་ཀུན་མ་སྐྱེས་ཀུན་བྱེད་ཉིད་ཀྱི་ངང་། །ཡེ་ནས་སངས་རྒྱས་སྙིང་པོ་ཀུན་བྱེད་ལ། །ཡོད་མེད་མི་དམིགས་རང་བཞིན་མཉམ་པའི་ངང་། །གདོད་ནས་གཞི་རྩ་བྲལ་བའི་ཆོས་ཉིད་དོ། །ཞེས་པ་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། ཆོས་ཀུན་ཡེ་ནས་སངས་རྒྱས་པས། །བྱང་ཆུབ་ནམ་མཁའི་མཚན་ཉིད་དོ། །ཞེས་པ་ལྟར་རོ། །དེ་ལྟར་སྣང་བའི་ཆོས་ཉིད་ཡེ་ནས་སངས་རྒྱས་པའོ་ཞེས་བརྗོད་པས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །གཉིས་པ་ཡུམ་གྱི་དགོངས་པ་ཆོས་ཉིད་སྟོང་པའི་གནས་ལུགས་གཙོ་བོར་གླེང་བསླང་བ་ལའང་གཉིས་ཏེ། དགོངས་པས་གླེང་བསླང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ནི་བློས་ཡུལ་གྱི་གནས་ལུགས་བརྗོད་པ་དེ་ནས་བློ་ལ་སྣང་བའི་ཡུལ་རང་བཞིན་གྱིས་དག་པའི་བཙུན་མོ་གཏན་ལ་དབབ་པར་བྱ་བ་མོ་རང་སྣང་བའི་ཆོས་ཀུན་ཏུ་བཟང་མོས། ཡུལ་ཅན་རིག་པའི་ཡེ་ཤེས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དང་ཡུལ་ཡུལ་ཅན་གཉིས་སུ་མེད་པར་གྱུར་ནས་ཆོས་ཉིད་སྟོང་པ་ཉིད་ཀྱི་གནས་ལུགས་འདི་ཉིད་ཆེད་དུ་བརྗོད་པའི་ངོ་བོར་འདི་སྐད་ཅེས་བརྗོད་དོ། །གཉིས་པ་ནི། ཆོས་ཉིད་ངོ་མཚར་བར་བསྟན་པའི་ཕྱིར་ཀྱེ་མ་ཧོཿ ཞེས་སོ། །ཇི་ལྟར་མཚར་ན་རང་སྣང་གི་ཞིང་ཁམས་འདིས་མཚོན་ནས་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡེ་གདོད་མ་ནས་སྟོང་པ་ཉིད་ཀྱིས་ཕྱིར་དབེན་པ་ནི་སྣོད་ཀྱི་འཇིག་རྟེན་སྟོང་པ་ཉིད་དུ་བསྟན་པའོ། །སྟོང་གསུམ་ནི། གླིང་བཞི་རི་རབ་དང་བཅས་པ་གཅིག་ལྕགས་རི་གཉའ་ཤིང་འཛིན་དང་མཐོ་དམན་མཉམ་པས་བསྐོར་བ་འདོད་པ་དང་གཟུགས་ཀྱི་ལྷའི་ཁང་པས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོའི་སྤྱི་ཕུད་ཀྱི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་བསམ་གཏན་དང་པོའི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །འདིར་ནི་དེས་མཚོན་པའི་ཞིང་དང་འཇིག་རྟེན་ཐམས་ཅད་སྟོང་པ་ཉིད་དེ་གཟུགས་བརྙན་བཞིན་ནོ། །དེ་ན་གནས་པའི་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྟོང་བར་བསྟན་པ་ནི་སྲིད་པ་གསུམ་ནི་ཡེ་ནས་དག་པའི་སངས་རྒྱས་ཀྱི་ཞིང་ཁམས་ལྷུན་སྟུག་པོ་བཀོད་པའི་རང་བཞིན་དུ་གནས་ཤིང་། ཡེ་ཤེས་ལྔའི་རྩལ་གཟུང་འཛིན་དུ་འཁྲུལ་དུས་དུག་ལྔར་སྣང་བས་འཁོར་བའི་སྡུག་བསྔལ་བསྐྱེད་པའི་ཕྱིར་སྙིགས་མ་ལྔ་ཉིད་ཀྱང་ངོ་བོ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་གནས་ལས་གཞན་མ་ཡིན་ནོ། །འདི་ལ་ཁ་ཅིག་དུས་ལ་སོགས་པའི་སྙིགས་མར་འཆད་པ་ནི་ཕྱིན་ཅི་ལོག་གོ། །འགྲོ་བའི་ཕུང་པོ་ལྔ་ཉིད་ཀྱང་སྔ་མ་བཞིན་ཡེ་ནས་མངོན་པར་སངས་རྒྱས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་དང་བླང་དོར་གང་དུའང་མ་གྲུབ་པས་མཆོག་གི་སྙིང་པོ་མཉམ་པ་ཉིད་བྱང་ཆུབ་ཀྱི་རང་བཞིན་ཡིན་པས་ན། དེ་ལས་གཞན་དུ་རྒྱལ་བས་ཆོས་མི་བཙལ་ཏེ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་ཞིང་། སངས་རྒྱས་ཉིད་ལས་གཞན་མ་དག་པ་ཞེས་བྱ་བའི་ཆོས་ལོག་པ་ཞིག་བཙལ་ཀྱང་རྒྱལ་བས་གཞན་མི་བརྙེས་སོ་སྟེ་མི་རྙེད་དོ། །ཞེས་ཡུམ་གྱི་བརྗོད་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཉིད་ཀྱིས་མཁྱེན་ཏོ། །གསུམ་པ་གཉིས་སུ་མེད་པའི་དགོངས་པ་ལའང་གཉིས་ཏེ། དགོངས་པ་བསླང་བ་ལ་འཇུག་པའི་རྒྱུ་དང་། གླེང་བསླང་བ་དངོས་སོ། །དང་པོ་ཡུལ་ཉིད་ཡུལ་ཅན་གྱི་ངོ་བོ་དང་རིག་པའི་ཡེ་ཤེས་སུ་རྣམ་པར་དག་པ་དེ་ནས་ཡབ་ཡུམ་རིག་སྟོང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས། འཁོར་འདས་ཡེ་ནས་མཉམ་པ་ཉིད་དུ་སངས་རྒྱས་པའི་ཕྱིར་སེམས་ཀྱང་སངས་རྒྱས་པའི་ཆོས་ཉིད་དུ་ཤེས་པར་བྱེད་པ་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་ཡིན་པ་ལ་ཡིན་པའི་བདག་ཉིད་དུ་བསྐྱེད་པ་འདི་གསུངས་སོ། །དེ་སྐད་དུའང་རྨད་བྱུང་རྒྱལ་པོའི་རྒྱུད་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །གཉིས་པ་ནི་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་སྤྲོས་པའི་ཡུལ་ལས་འདས་ཤིང་། དེ་རྟོགས་པའི་བློ་ཡང་ཡེ་ཤེས་ལྔའི་རང་བཞིན་དུ་བསྟན་པའི་ཕྱིར། ཨེ་མ་ཧོཿཆོས་རྣམས་ཀྱི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་ཉིད་འདི་ནི། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན་ཏོ། །གང་ཞེ་ན་ཆོས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་ངང་ལས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེས་བར་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། སྐྱེས་པར་སྣང་དུས་ཉིད་ན་དོན་ལ་སྐྱེ་བ་མེད་པའི་ངོ་བོ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཉིད་རྟོགས་པའི་བློ་ནི་ཆོས་དབྱིངས་ཡེ་ཤེས་སོ། །དེ་བཞིན་དུ་ཚིག་དང་པོ་གཉིས་འོག་མ་བཞི་ལ་ཡང་སྦྱར་ནས། ཡེ་ནས་འགག་པ་མེད་པའི་ཆོས་ཉིད་གདངས་སྣ་ཚོགས་སུ་འཆར་བ་མེ་ལོང་གི་ངོས་ལྟ་བུ་ལས། ཆོས་ཅན་སྣ་ཚོགས་གཟུགས་བརྙན་ལྟར་སྣང་བ་ཐམས་ཅད་འགག་པ་ལྟར་སྣང་ཡང་། འགག་པར་སྣང་དུས་དེ་ཉིད་ན་གནས་ལུགས་འགག་པ་མེད་པ་ནི་མེ་ལོང་ལྟ་བུའོ། །དེ་ཉིད་རྟོགས་པའི་བློ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་ཐམས་ཅད་ཡེ་ནས་གནས་པ་མེད་པ་ནམ་མཁའ་ལྟ་བུའི་ངང་ལས་འདི་ལྟར་སྣང་བའི་ཆོས་སྣ་ཚོགས་པ་ཐམས་ཅད་གནས་པ་ལྟར་སྣང་ཡང་། གནས་པར་སྣང་དུས་འདི་ཉིད་ན་དོན་ལ་གནས་པ་མེད་པ་ནི་མཉམ་པ་ཉིད་དོ། །དེ་ཉིད་རྟོགས་པའི་བློ་ནི་མཉམ་ཉིད་ཡེ་ཤེས་སོ། །སེམས་ཉིད་རང་བཞིན་གྱིས་དག་པ་དམིགས་པ་དང་མཚན་མ་མེད་པ་ནམ་མཁའ་འམ་རྒྱ་མཚོ་དངས་པའི་དཀྱིལ་ལྟ་བུའི་ངང་ལས་རྣམ་པར་རྟོག་པ་སྤྲིན་ནམ་གཟུགས་བརྙན་ལྟར་སྣ་ཚོགས་སུ་ཤར་བ་ཐམས་ཅད་དགག་སྒྲུབ་ལ་སོགས་པར་དམིགས་པ་ལྟར་སྣང་ཡང་རྣམ་རྟོག་སྣ་ཚོགས་སུ་དམིགས་པར་སྣང་དུས་ཉིད་ན་གཞི་མེད་རྩ་བ་དང་བྲལ་བས་དམིགས་པ་དང་མཚན་མར་འཛིན་པའི་རྟོག་པ་རང་བཞིན་གྱིས་མེད་པ་ནི་སོ་སོར་རྟོག་པའོ། །དེ་ཉིད་རྟོགས་པའི་བློ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱའོ། །ཆོས་ཐམས་ཅད་གདོད་ནས་འགྲོ་འོང་མེད་པ་སྤྲུལ་པ་ལྟ་བུའི་ངང་ལས་སྣང་བ་དང་རིག་པ་འགྲོ་བ་དང་འོང་བ་སྣ་ཚོགས་སུ་སྣང་ཡང་། འགྲོ་འོང་དུ་སྣང་བ་ཉིད་ན་རང་གི་ངོ་བོ་འགྲོ་འོང་མེད་པར་གནས་པ་ནི་བྱ་བ་གྲུབ་པ། དེ་ཉིད་རྟོགས་པའི་བློ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་གི་དོན་ཁ་ཅིག་གིས་དགའ་བ་བཞིའི་ཡེ་ཤེས་སོ་ཞེས་སྦྱོར་བ་ཡང་སྐབས་དང་འབྲེལ་བར་མ་མཐོང་སྟེ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པའི་ཚུལ་དེ་སྐད་ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཡབ་སྣང་བ་ཐམས་ཅད་དང་། ཡུམ་བཙུན་མོའི་ཚོགས་སྟོང་པ་ཐམས་ཅད་ཀྱང་མཉམ་པ་ཉིད་དུ་ཡེ་ནས་མཉེས་པས་ཁྱབ་པར་གྱུར་ཏོ། །གཉིས་པ་དེ་ཉིད་མ་རྟོགས་པའི་འགྲོ་བ་ལ་ཐུགས་རྗེེ་གཡོ་བའི་ཚུལ་བསྟན་པ་ལ་བཞི་སྟེ། ཐུགས་རྗེ་འཇུག་པའི་ཡུལ་སེམས་ཅན་གྱིས་མ་རྟོགས་པར་བསྟན་པ་དང་། མ་རྟོག་པའི་རང་བཞིན་བདག་ཏུ་གཟུང་བས་འཁོར་བར་འཁྲུལ་ཚུལ། འཁྲུལ་པར་སྣང་དུས་ཉིད་ནས་བཅིང་གྲོལ་མེད་པའི་དོན་ལས་མ་འདས་པ། དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེའི་རོལ་པ་འགྱེད་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། ཐུགས་རྗེ་འཇུག་པའི་རྒྱུ་བསྟན་པ་དང་། ཇི་ལྟར་འཇུག་པའི་ཡུལ་བསྟན་པའོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་དོན་འདི་ཉིད་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི་མ་རྟོགས་པའི་སེམས་ཅན་གྱི་ཚོགས་ལ་སྐྱོ་བའི་ཚུལ་གྱིས་ཨེ་མ་ཧོཿཞེས་བོས་ཏེ་ཆོས་ཐམས་ཅད་རང་བཞིན་གདོད་མ་ནས་སངས་རྒྱས་པའི་དོན་ཐོག་མ་ཉིད་ནས་མ་རྟོགས་པར་ཡེ་ནས་འགྲོ་བ་ཐམས་ཅད་ལ་གསང་བའི་ཆོས་སོ། །སྣང་སྲིད་སྣ་ཚོགས་སུ་སྣང་བ་འདི་དང་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་དུ་ཡེ་ནས་གནས་པ་ལ་མ་དག་འཁྲུལ་པའི་ཆོས་སུ་སྣང་བས་རང་བཞིན་གྱིས་གསང་བའོ། །དེ་ལྟ་བུའི་དོན་དེ་ཉིད་གཞན་གྱིས་སྦས་པ་ལྟ་བུ་མ་ཡིན་པར་སྣང་སྟོང་འདུ་འབྲལ་མེད་པའི་ཆོས་ཉིད་མ་རྟོགས་པའི་ཆོས་རྣམས་ཀྱི་རང་བཞིན་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བའོ། །དོན་དེ་ཉིད་རང་གི་སེམས་ཉིད་ལས་གཞན་དུ་མིན་ཀྱང་རང་ལ་ཡོད་པར་མ་མཐོང་བས་ཤིན་ཏུ་གསང་བའོ། །ཁ་ཅིག་སྣོད་མིན་ལ་གསང་བར་འདོད་པ་ནི་གཞིའི་གསང་བ་སྟོན་པའི་སྐབས་ཡིན་པས་མི་འཐད་དོ། །ཡེ་ནས་གསང་བའི་དོན་དེ་སྐད་ཅེས་བརྗོད་པ་ལས་སླར་ཡང་སྟོན་པའི་ཐུགས་རྗེ་སྐྱེས་སོ། །གཉིས་པ་འཁྲུལ་ཚུལ་ལའང་གཉིས་ཏེ། ཐུགས་རྗེའི་རྒྱུ་བསྟན་པ་དང་། འཁྲུལ་ཚུལ་དངོས་སོ། །དང་པོ་ནི་དག་པ་དེ་བཞིན་གཤེགས་པའི་ཆོས་སྐུ་དང་ཞིང་ཁམས་སུ་སྣང་བ་ཐམས་ཅད་དང་། མ་དག་པའི་འཁོར་བའི་ཆོས་སྣོད་བཅུད་སྲིད་གསུམ་དུ་སྣང་བ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་པས་རྣམ་པར་དག་པ་ཡིན་ནའང་། འགྲོ་བའི་རྣམ་པར་རྟོག་པ་གཟུང་འཛིན་འཁྲུལ་པའི་མ་རིག་པ་གཉིས་སུ་འཛིན་པ་ལས་སྐྱེས་པའི་འབྲས་བུ་ངན་སོང་གསུམ་དང་ལྷ་མི་གཉིས་ཏེ་འགྲོ་བ་ལྔའི་བདེ་སྡུག་གི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ། རང་བྱུང་གི་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོར་སྐྱེས་ནས། སླར་ཡང་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །གཉིས་པ་བརྩེ་བའི་རང་བཞིན་ཨེ་མ་ཧོཿཞེས་བརྗོད་ནས། གདོད་མའི་གནས་ལུགས་སེམས་ཉིད་འོད་གསལ་བ་བདེ་གཤེགས་སྙིང་པོའི་ངང་ལས་འཁྲུལ་ལོ། །དེའང་བདེ་གཤེགས་སྙིང་པོ་ནི་སེམས་ཉིད་འོད་གསལ་བ་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གནས་པས་དེ་ཉིད་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་དང་། སྒྱུ་འཕྲུལ་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། །དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་པ་དང་། འདུས་མ་བྱས་དོན་གྱི་ཀུན་གཞིའི་དོན་ཉིད། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་བར་གཤེགས་པའི་སྙིང་པོའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །བདེ་བར་གཤེགས་པ་བསྟན་པར་མཛད། །ཅེས་སོ། །དེ་ཉིད་ཀྱི་འགྲོ་བ་ཀུན་ལ་ཁྱབ་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་པ་དང་། རྒྱུད་བླ་མ་ལས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་སོ། །རྐྱེན་གང་གིས་འཁྲུལ་ན་སེམས་ཅན་རང་རང་གི་རྣམ་པར་རྟོག་པ་རང་ཤར་དུ་བྱུང་བས་རྒྱུ་བྱས་པའི་ལས་ཀྱིས་འཁོར་བའི་གྲོང་ཁྱེར་ཆེན་པོ་འདི་རང་སྣང་རྨི་ལམ་ལྟར་སྤྲུལ་ལོ། །དེའང་ལྷ་ལ་སོགས་པའི་འགྲོ་བ་སྣ་ཚོགས་པའི་ལུས་དང་དེ་དག་གི་འདོད་པའི་ལོངས་སྤྱོད་དང་། མཐོ་རིས་ལ་སོགས་པའི་གནས་དང་རང་རང་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དུ་མར་སྣང་བ་ལ། འགྲོ་བ་རྣམས་ང་ཞེས་བདག་ཏུ་འཛིན་པ་དང་ངའི་ཡོ་བྱད་ཅེས་པ་ལ་སོགས་པ་བདག་གིར་བྱེད་པས་སོ་སོར་གཟུང་འཛིན་གཉིས་སུ་འཛིན་པས་ནམ་ཡང་འཁོར་བ་ལས་མི་གྲོལ་བར་འགྱུར་རོ། །གསུམ་པ་འཁྲུལ་བར་སྣང་དུས་ཉིད་ནས་བཅིང་གྲོལ་མེད་པར་བསྟན་པ་ནི། དེ་ལྟར་འཁོར་བར་བདེ་སྡུག་དུ་མས་གདུངས་ཀྱང་གནས་ལུགས་ལ་ནམ་མཁའ་བཞིན་དུ་འཆིང་བྱེད་སུས་ཀྱང་འགྲོ་བ་ཀུན་མ་བཅིངས་ཤིང་། བཅིངས་པ་ལྟར་སྣང་བའི་ཉོན་མོངས་ཀྱང་དོན་ལ་མེད་དེ། བཅིང་བར་བྱ་བའི་འགྲོ་བ་དང་འགྲོ་བའི་སེམས་ཉིད་ཀྱང་དོན་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་འདི་ལྟར་བཅིངས་པ་ལྟར་སྣང་བ་གང་ལས་བྱུང་ཞེ་ན། གློ་བུར་བའི་རྣམ་རྟོག་བདག་ཏུ་འཛིན་པ་ཡིས་དོན་མེད་པར་འཁྲུལ་པ་བཟོས་པ་ཡིན་ཏེ། དཔེར་ན་འགའ་ཞིག་ནན་ནམ་ཆེད་ཀྱིས་མདུན་གྱི་ནམ་མཁའ་ལ་ཐག་པ་ཅིག་བྱུང་བ་བློས་བཟོས་ནས། དེ་ལ་མདུད་པ་བཅིང་གྲོལ་དུ་མ་འདོར་ཞིང་བྱེད་པ་ལྟར། རང་གི་སེམས་ཉིད་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ལ། དགག་བསྒྲུབ་གཟུང་འཛིན་དུ་མར་བྱས་པས་འཁོར་བའི་འཁྲུལ་པ་ལྟར་སྣང་བའོ། །ནམ་མཁའི་མདུད་པ་ཡང་ཇི་སྲིད་བློ་ཡི་རྩོལ་བ་མ་བཞག་རིང་ལ་བདེན་བདེན་ཆེ་ཆེ་ལྟར་ཡོད་ཀྱང་དོན་ལ་བཅིངས་པ་མེད་པ་ལྟར། འཁོར་བའི་འཁྲུལ་སྣང་འདི་ཡང་གཟུང་འཛིན་དུ་ཞེན་པ་མ་བཏང་རིང་ལ་གྲུབ་གྲུབ་བཞིན་ཡོད་ཀྱང་། དོན་ལ་གྲུབ་པ་གང་ཡང་མེད་པའི་དཔེའོ། །བཞི་པ་དེ་ཉིད་བསྟན་པའི་ཕྱིར་ཐུགས་རྗེ་འཕྲོ་ཚུལ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སུས་ཀྱང་བཅིངས་པ་མེད་ཅིང་རྣམ་པར་བཀྲོལ་བ་མེད་པའི་སེམས་ཉིད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཆེན་པོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་རང་བཞིན་སངས་རྒྱས་ཀྱི་གསང་བ་ཟབ་མོའི་ཆོས་འདི་ཉིད་འགྲོ་བ་ལ་བསྟན་པའི་ཕྱིར་ཐབས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོ་བ་རྣམ་པ་སྣ་ཚོགས་པ་མཛད་དོ། །ཞེས་རང་སྣང་དག་པའི་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མྱ་ངན་ལས་འདས་པ་དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པ་དང་འཁོར་བ་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀ་ཡང་གདོད་མ་ནས་སངས་རྒྱས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྐྱེད་པ་སྟེ་དབྱེར་མེད་པའི་གནས་ལུགས་བསྟན་པ་དང་། མ་རྟོགས་པའི་འགྲོ་བ་ལ་རང་བྱུང་གི་ཐུགས་རྗེ་དབྱིངས་ནས་འཕྲོ་བའི་རྒྱུ་མཚན་བསྟན་པའི་ལེའུ་སྟེ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།དོན་གསུམ་པ་ཐུགས་རྗེའི་རང་བཞིན་ཆོས་ཉིད་ལས་མ་གཡོས་བཞིན་འཇིག་རྟེན་དུ་སྒྲོན་མ་བཀོད་པས་ཆོས་ཐམས་ཅད་གཏན་ལ་ཕབ་པའི་ཚུལ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཐེག་པ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ལ་གསུམ་སྟེ། མཆོག་གི་སྤྲུལ་པའི་སྐུ་གཅིག་གི་དབང་དུ་བྱས་ཏེ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་ཇི་ལྟར་བསྐྱེད་པའི་ཚུལ། བར་དུ་གྲངས་མེད་གསུམ་དུ་ཚོགས་ཇི་ལྟར་བསགས་པའི་ཚུལ། མཐའ་མར་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འཚང་ཇི་ལྟར་རྒྱ་བའི་ཚུ ལ་ལོ། །དང་པོ་ནི། བསྐལ་པ་གྲངས་མེད་པའི་སྔོན་རོལ་ཏུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པའི་ཚེ། སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་རྫ་མཁན་གྱི་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་པས། གདུགས་གཅིག །མཆིལ་ལྷྭམ་ཟུང་གཅིག །མགྲོན་བུ་ལྔ་བརྒྱ་མེ་ཏོག་གི་ཚུལ་དུ་ཕུལ་ཏེ་སེམས་བསྐྱེད་པ། བདེ་གཤེགས་ཁྱོད་ཀྱི་སྐུ་ནི་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་བཞིན་འགྲུབ་པར་ཤོག །ཅེས་པ་དང་། དེ་བཞིན་དུ་སངས་རྒྱས་དཀོན་ཅོག་ཡན་ལག་འཇིག་རྟེན་དུ་བྱོན་པ་དེའི་ཚེ། ཚོང་དཔོན་ཤེས་རབ་བཟང་པོ་ཞེས་བྱ་བར་གྱུར་ནས་སེམས་བསྐྱེད་པ་དང་། སངས་རྒྱས་འོད་མཛེས་འཇིག་རྟེན་དུ་བྱོན་པའི་ཚེ། རྒྱལ་པོ་དགེ་བར་གྱུར་ནས་སེམས་བསྐྱེད་དོ། །གཉིས་པ་ནི་དེ་ནས་གྲངས་མེད་དང་པོ་ལ་སངས་རྒྱས་ཡུལ་འཁོར་སྐྱོང་ལ་སོགས་པ་ལྔ་ཁྲི་ལྔ་སྟོང་གི་བདག་རྐྱེན་ལས་ཚོགས་གཉིས་གོམས་པ་ཕུལ་དུ་ཕྱིན་ནས་ཚོགས་ལམ་དང་སྦྱོར་བའི་ལམ་མངོན་དུ་མཛད་དེ། ལུང་གཞི་ལས། གྲངས་མེད་དང་པོར་གྱུར་པའི་ཚེ། །འདྲེན་པ་ཡུལ་འཁོར་སྐྱོང་ནས་ནི། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །ལྔ་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་སོ། །གཉིས་པ་ལ་སངས་རྒྱས་ལེགས་མཛད་ལ་སོགས་པ་དྲུག་ཁྲི་དྲུག་སྟོང་མཆོད་དེ་ས་དང་པོ་ནས་བདུན་པའི་བར་དུ་རྫོགས་པར་མཛད་པ་ནི། ཡང་དེ་ཉིད་ལས། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །འདྲེན་པ་རྣམ་པར་གཟིགས་ཀྱི་བར། །དྲུག་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་སོ། །གསུམ་པ་ལ་སངས་རྒྱས་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་བདུན་ཁྲི་བདུན་སྟོང་ལས་དགེ་བའི་རྩ་བ་བསྐྲུན་ཅིང་དག་པ་ས་གསུམ་མངོན་དུ་མཛད་པར། དེ་ཉིད་ལས། སངས་རྒྱས་མར་མེ་མཛད་ནས་ནི། །རྒྱལ་བ་འོད་སྲུངས་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་སོ། །དེ་དག་ཏུ་བསླབ་པ་གསུམ་གྱི་དབང་དུ་མཛད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་ཀྱིས་རྫོགས་པར་མཛད་དེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །མཐའ་མ་གཉིས་ནི་རེ་རེའོ། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པས། སྦྱིན་པ། ཚུལ་ཁྲིམས། བཟོད་པ་གསུམ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རྒྱུ་དང་ངོ་བོ་ཡན་ལག་གསུམ་དུ་འདུས་སོ། །བསམ་གཏན་ནི་སེམས། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ཡིན་ལ། བརྩོན་འགྲུས་ནི་གསུམ་ཀའི་གྲོགས་སུ་ལྡན་ནོ། །དེའང་སྦྱིན་པ་ནས་བསམ་གཏན་གྱི་བར་ལྔ་ནི་ཐབས་དང་། ཤེས་རབ་ནི་གཉིས་སུ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དམ་པའོ། །དེ་གཉིས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྦྱོང་བར་བྱེད་དོ། །དོན་གསུམ་པ་ནི་ཉན་ཐོས་པས་སོ་སོ་སྐྱེ་བོ་འཆིང་བ་མཐའ་བདག་གིས་བཅིངས་པ། སྲིད་པ་མཐའ་མ་པ། དབང་པོ་རྣོན་པོ་ཁ་ཅིག་འཚང་རྒྱ་བར་འདོད་དེ། འཕགས་པ་གནས་བརྟན་པའི་གཞུང་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་འདོན་ལ། ཐེག་པ་ཆེན་པོ་རྒྱུ་ལམ་དུ་བྱེད་པས་གཙང་མའི་འོག་མིན་ནམ་དབང་ཕྱུག་ཆེན་པོའི་གནས་སུ་ཐོག་མར་སངས་རྒྱས་ནས། གདོད་འཛམ་བུའི་གླིང་དུ་སངས་རྒྱས་པར་སྟོན་ཏེ། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་སོ། །ཚུལ་ཇི་ལྟར་སྟོན་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་པ་དང་། །ཁབ་ནས་འབྱུང་དང་དཀའ་བ་སྤྱོད། །བྱང་ཆུབ་ཆེ་དང་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པར་མཛད་པ་ཡིན། །ཞེས་པས། འདིར་མཛད་པ་བཅུ་གཉིས་ལས། དང་པོ་ལྔ་དང་ཕྱི་མ་ནི་འཇིག་རྟེན་པའི་སྣང་བ་དང་མཐུན་པར་སྟོན་པས་འཇིག་རྟེན་པའི་མཛད་པ་ཞེས་བཏགས་ཤིང་། གཞན་དྲུག་འཇིག་རྟེན་ལས་འདས་པའི་མཛད་པར་བཤད་ཀྱང་དོན་ལ་ཐམས་ཅད་འཇིག་རྟེན་ལས་འདས་པའི་མཛད་པ་ཁོ་ནར་སྣང་བས་འདིར་དེ་བརྗོད་དོ། །དེ་ཡང་དང་པོ་དགའ་ལྡན་ནས་འཕོ་བའི་མཛད་པ་ནི། དེ་ལྟར་གྲངས་མེད་གསུམ་རྫོགས་པའི་མཐར་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཟུང་བ་ནི། ལྷའི་རོལ་མོའི་སྒྲ་ལས། བསོད་ནམས་བརྒྱ་ཡིས་ཚོགས་མང་དྲན་སྟོབས་ལྡན། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་པས་བསྐུལ་བ་ན། དེའི་ཚེ་ཆོས་ཀྱི་མཐོ་བའི་ཁང་བཟང་དུ་སེང་གེའི་ཁྲི་ལ་འདུག་སྟེ། ལྷའི་བུ་སྐལ་པ་མཚུངས་པ་རྣམས་ལ་བོས་ཏེ། གྲོགས་པོ་དག་ད་སྟེ་ལོ་བཅུ་གཉིས་ན་ཁོ་བོ་འཛམ་བུའི་གླིང་དུ་འགྲོ་བས། ཁྱེད་ཅག་སྤྲོ་བ་དེ་དག་འཛམ་བུའི་གླིང་དུ་སྐྱེ་བ་ལོང་ལ་རིག་བྱེད་ཀློགས་ཤིག །ཅེ་བསྒོ་བ་ན། ལྷའི་བུ་ཁ་ཅིག་ན་དེ་ནི་མི་བཟང་སྟེ་ད་ལྟ་འཛམ་བུའི་གླིང་ནི་མུ་སྟེགས་ཀྱི་སྟོན་པ་དྲུག་གིས་དཀྲུགས་པས་བྱོན་ཡང་དོན་དུ་མི་འགྱུར་བ་དང་། དགའ་ལྡན་གྱི་གནས་ཀྱང་མི་མཛེས་པར་འགྱུར་བའི་ཕྱིར་ཟེར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔས་སྨྲས་པ། རོལ་མོ་རྣམས་དཀྲོལ་ཞིག་ཅེས་བརྗོད་དེ། བྱང་ཆུབ་སེམས་དཔས་དུང་འབུད་པ་ལྷག་པར་སྒྲ་ཆེ་བས་ཟིལ་གྱིས་གནོན་པ་ལྟར་གྱུར་པའི་དཔེས་མུ་སྟེགས་པ་རྣམས་འདུལ་བར་གསུངས་ཏེ། ཉིད་ཀྱི་རྒྱབ་ཚབ་ཏུ་བྱམས་པ་བསྐོས་ཏེ་གཟིགས་པ་ལྔ་ལ་གཟིགས་ནས་གཤེགས་པར་བཞེད་དོ། །ལྔ་ནི་གླིང་ལ་གཟིགས་པ་འཛམ་བུའི་གླིང་ལས་ཀྱིས་པའོ། །དུས་ལ་གཟིགས་པ་ཚེ་ལོ་བརྒྱ་བ་སྟེ་ཡན་ཆད་དུ་སྐྱོ་བ་ཤས་ཆུང་བས་ཆོས་བསྟན་ཡང་མི་རྟོགས་ཤིང་། མན་ཆད་དུ་ལོག་པར་ལྟ་བ་ཤས་ཆེ་བས་བསྟན་ཀྱང་དོན་དུ་མི་འགྱུར་བའོ། །རིགས་ལ་གཟིགས་པ་སྐྱེ་བོ་རྣམས་རིགས་གང་ལ་མཆོག་ཏུ་འཛིན་པ་རྒྱལ་པོ་དང་བྲམ་ཟེ་གཉིས་ལས། དེའི་ཚེ་རྒྱལ་རིགས་ལ་མཆོག་ཏུ་བྱེད་པར་བུ་རམ་ཤིང་བའི་རིགས་སོ། །ཡབ་ལ་གཟིགས་པ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་ལ་གཟིགས་པ་སྒྱུ་མ་ལྷ་མཛེས་ཏེ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་ཡབ་དང་ཡུམ་དུ་གྱུར་པ་དེ་གཉིས་གྲོང་ཁྱེར་སེར་སྐྱའི་གཞིར་སྐྱེ་བ་བཟུང་བ་གཟིགས་ནས། འཆི་འཕོ་རྣམ་པར་སྦྱོང་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པ་བསྟན་པར་མཛད་དེ། དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་པ་ཅན་དྭངས་བར་འགྱུར་བའོ། །ཞེས་པ་ལ་སོགས་པ་གསུངས་པ་ན། ལྷའི་བུ་ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལ་ལས་ནི་ཆོས་ཀྱི་མིག་དྲི་མ་དང་བྲལ་བ་རྙེད་དེ། དེའི་ཚེ་མེ་ཏོག་གི་ཆར་པུས་ནུབ་ཙམ་དུ་བབས་ཏེ། བྱང་ཆུབ་སེམས་དཔས་སྨྲས་པ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སེང་གེའི་སྐྱེས་བུ་འཆི་འཕོ་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོང་ཞེས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །ཡིད་ཀྱིས་བསམ་པ་ལས་བྱུང་དཔལ་ལྡན་ཀུན། །ཐམས་ཅད་ལས་དགེའི་རྒྱུ་ལས་འབྱུང་བ་སྟེ། །དེ་ནི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། །དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །སྔོན་གྱི་དགེ་བ་འདི་ནི་ཟད་འགྱུར་ཏེ། །གང་དུ་མི་དགེའི་སྡུག་བསྔལ་མྱོང་འགྱུར་ཏེ། །ངན་སོང་དག་ཏུ་ལྷུང་བར་འགྱུར་ཏ་རེ། །ཞེས་བརྗོད་དེ། གྲོགས་པོ་དག་ཆ་ལུགས་ཇི་ལྟ་བུས་འཛམ་བུའི་གླིང་དུ་འགྲོ་བར་བྱ། ཞེས་གསུངས་པ་ན། ཁ་ཅིག་ནི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་འགྲོ་བར་རིགས་ཟེར་རོ། །དེར་ལྷའི་བུ་གཟི་བརྗིད་དམ་པ་ན་རེ། དེ་ནི་མི་བཟང་སྟེ་ཕྱོགས་ཆར་ལྷུང་བའི་ཕྱིར་རོ། །བྲམ་ཟེའི་རིག་བྱེད་ལས། གླང་ཆེན་དམ་པ་ལུས་ཆེན་མཆོག་གྱུར་པ། །མཆེ་བ་དྲུག་ལྡན་གསེར་གྱིས་དྲྭ་བས་གཡོགས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། །འགྲམ་བཟང་ཟག་ཅིང་གཟུགས་བཟང་ལྡན་པའོ། །ཞེས་པར་སྤྲུལ་ནས་འགྲོ་བར་རིགས་སོ། །ཞེས་པ་དང་བསྟུན་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་གའི་ཉ་བའི་བཅོ་ལྔ་ལ། ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ཞུགས་པ་ཡུམ་གྱི་རྨི་ལམ་དུ་བྱུང་ནས་ཡབ་ལ་སྨྲས་པ། གླང་པོ་ཁ་བ་དངུལ་མདོག་མཆེ་བ་དྲུག །རྐང་ལག་རབ་མཛེས་མགོ་བོ་དམར་སྡུག་ཅིང་། །འགྲོས་བཟང་ལུས་རྫོགས་རྡོ་རྗེ་བཞིན་བསྟན་པ། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །ཅེས་བརྗོད་དོ། །དེར་ཡང་ལྷུམས་གཞལ་ཡས་ཁང་དུ་སྤྲུལ་ཏེ་འགྲོ་བ་མཐའ་ཡས་པའི་དོན་མཛད་དོ། །སྐུ་བལྟམས་པའི་མཛད་པ་ནི། དེ་ནས་ཟླ་བ་བཅུ་ན་ལུམྦིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་ནས་རང་བྱོན་པ་ལ། ལྷ་དང་ཀླུའི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ཞིང་། ཚངས་པ་དང་བརྒྱ་བྱིན་གྱིས་དར་དཀར་གྱི་ལྕིབ་མོས་ལེན་པར་བརྩམས་པ་ལས། ཁྱེད་ལྷ་རྣམས་གཙང་སྦྲ་ཆེ་བས་ཕྱིར་དེངས་ཤིག་ཅེས་གསུངས་ཏེ་ལེན་པ་མེད་པར་རང་བྱོན་ཏེ་ཕྱོགས་བཞིར་གོམས་པ་བདུན་བདུན་དོར་ཏེ། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་པ་ལ་སོགས་པ་བརྗོད་པ་ན། ལྷས་བསྟོད་པ། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུང་། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའི་ཚེ་ནགས་ཚུལ་དུ་མེ་ཏོག་ཁ་འབུས་པ་དང་། འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པ་དང་། ཀུན་དགའ་བོ་ལ་སོགས་པས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཡང་བཙས། བསྔགས་ལྡན་ལ་སོགས་པ་རྟེའུ་ལྔ་བརྒྱ་ཡང་བཙས། ཁམས་ཀྱི་རྒྱལ་ཕྲན་བཞི་ལ་ཡང་བུ་བཞི་བཙས་ཏེ། མ་ག་དྷར་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལར་རྒྱལ་པོ་ཨ་ནནྡ་ཚངས་བྱིན་གྱི་བུ་གསལ་རྒྱལ། གྲོང་ཁྱེར་རྡོ་འཇོག་ཏུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་། བད་ས་ལར་རྒྱལ་པོ་དམག་བརྒྱ་བའི་བུ་ཤར་པའོ། །དེ་ནས་བྲམ་ཟེ་ལ་མཚན་བསྟན་པས། རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། བྱུང་ན་སངས་རྒྱས་སུ་འགྱུར་པར་ལུང་བསྟན་ཏོ། །དེའི་ཚེ་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་ཞེས་མཚན་གསོལ་ཞིང་། ཤཱཀྱ་གཞོན་ནུ་རྣམས་ཐུབ་པ་ལྟར་སྣང་བས་ཤཱཀྱ་ཐུབ་པ་ཞེས་ཀྱང་བཏགས་སོ། །དེའི་ཚེ་རི་རབ་ཀྱི་ངོས་ལ་དྲང་སྲོང་མདོག་ནག་གམ་ཉོན་མོངས་མེད་ཅེས་བྱ་བ་ཞིག་གནས་པས། དེས་ལྟས་ཁྱད་པར་ཅན་རྣམས་མཐོང་ནས་མངོན་ཤེས་ཀྱིས་བལྟས་པ་ལས། རྒྱལ་བུ་དོན་ཐམས་ཅད་གྲུབ་པའི་ལྟས་སུ་ཤེས་ནས། ཕོ་བྲང་དུ་རྫུ་འཕྲུལ་གྱིས་འོངས་ཏེ་མཚན་བལྟས་པ་ལས། རྒྱལ་པོས་དྲིས་པ་ན། དྲང་སྲོང་གིས་སྨྲས་པ། སྔར་མཚན་མཁན་གཞན་ལ་བསྟན་ནམ། རྒྱལ་པོས་སྨྲས་པ། བསྟན་འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་ནོ། །དྲང་སྲོང་གིས་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །ཉེས་ལས་རྣམ་པར་རྒྱལ་བའི་མཆོག་འདི་ནི། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་འགྱུར། །ཞེས་སོ། །དེ་ལྟར་བལྟམས་ནས་ཞག་བདུན་ན་ཡུམ་འདས་ཏེ་སྐྱེ་རྒུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ཀྱི་ཆེར་བསྐྱེད་དེ། མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་གྱུར་ཏོ། །བཟོའི་གནས་ལ་མཁས་པ་ནི། དེ་ནས་ཡིག་དཔོན་ཀུན་གྱི་བཤེས་གཉེན་དང་། སྲིན་བུ་གོ་ཆ་ལ་སོགས་པའི་དྲུང་དུ་ཕྱིན་ཏེ་ཡི་གེ་དང་། འཕོང་དང་སྒྱུ་རྩལ་ལ་མཐར་ཕྱིན་ཏོ། །དེའི་ཚེ་ཤཱཀྱ་གཞོན་ནུ་རྣམས་སྟོབས་འགྲན་པ་ལས། ལྷས་སྦྱིན་གྱིས་གླང་པོ་ཆེ་ཐལ་མོས་བསྣུམས་ནས་བསད་པའི་རོ་གཅུང་དགའ་བོས་གྲོང་ཁྱེར་གྱི་ཕྱིར་བོས་པའི་མཇུག་མ་ནས་བྱང་ཆུབ་སེམས་དཔའི་ཞབས་མཐེ་བོང་གིས་བླངས་ཏེ་གྲོང་ཁྱེར་གྱི་ར་བ་བདུན་དང་འོབས་བདུན་དང་ཤིང་ཏ་ལའི་ཕྲེང་བ་བདུན་ལ་སོགས་པའི་ཕྱི་རོལ་ཏུ་དོར་བའི་གཤོངས་ལ་གླང་པོ་ཆེའི་གཤོངས་ཞེས་གྲགས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་བསྟོད་པ། གླང་པོའི་དབང་པོ་རྡོ་བ་བཞིན་བཞུད་པ། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །ར་བ་བདུན་དང་འོབས་བདུན་ཡང་འདས་ཏེ། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདི་ནི་གདོན་མི་ཟ། །ང་རྒྱལ་སྟོབས་ཀྱིས་ཐོབ་པའི་ལུས་ཅན་རྣམས། །འཁོར་བའི་གྲོང་ལས་ཕྱི་རོལ་རྒྱང་རིང་དུ། །ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར། །ཞེས་སོ། །དེ་བཞིན་རྩལ་འགྲན་པ་ལས་ཀྱང་ལྕགས་ཀྱི་སླ་ང་བདུན། ཤིང་ལྗོན་པའི་ཕྲེང་བ་བདུན། ལྕགས་ཀྱི་ཕ་གུ་བདུན་ལས། ལྷས་སྦྱིན་གྱིས་གཅིག །གཅུང་དགའ་བོས་གཉིས། བྱང་ཆུབ་སེམས་དཔས་ཐམས་ཅད་ཕིགས་ཏེ་མདའི་ཤུལ་ལས་ཆུ་ཡན་ལག་བརྒྱད་ལྡན་སྐྱེས་པ་ལ་མདའ་ཆུ་ཁྲོན་པ་ཞེས་གྲགས་སོ། །དེ་ནས་བཙུན་མོའི་འཁོར་གྱིས་རོལ་པ་ནི། ཤཱཀྱའི་བུ་མོ་ས་འཚོ་མ་འཁོར་ཉི་ཁྲི། རི་དྭགས་སྐྱེས་འཁོར་ཉི་ཁྲི། གྲགས་འཛིན་མ་འཁོར་ཉི་ཁྲི་སྟེ། བཙུན་མོ་དྲུག་ཁྲི་ཁབ་ཏུ་བཞེས་ནས་ཕོ་བྲང་དུ་གནས་པའི་ཚེ་ལྷའི་སིལ་སྙན་གྱི་སྒྲ་ལས་ཚིགས་སུ་བཅད་པ། སྡུག་བསྔལ་གྱིས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་པ། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དང་པོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་ཞེས་བྱའི་སྨོན་ལམ་དྲན་བྱས་ནས། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་ཕྱུང་། །ཞེས་སོ། །མངོན་པར་བྱུང་བ་ནི་གྲོང་ཁྱེར་གྱི་ཕྱོགས་བཞིར་བྱོན་ཏེ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལ་གཟིགས་ཤིང་། ཐར་པའི་ཡོན་ཏན་ལ་དགོངས་ཏེ་རབ་ཏུ་འབྱུང་བར་བཞེས་པ་ལས། ཕོ་བྲང་གི་སྒོ་བཞི་དམག་གིས་བསྲུངས་ནས། ཕྱིར་གཤེགས་སུ་མི་སྟེར་བ་ལ། བསྔགས་ལྡན་ལ་ཆིབས་ཏེ་རྒྱལ་པོ་བཞིས་རྟ་རྨིག་ནས་བཏེག་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་གཤེགས་ཏེ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་རབ་ཏུ་བྱུང་ངོ་། །དེ་ནས་རྒྱལ་པོའི་ཁབ་ཏུ་རངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་དྲུང་དུ་ཅི་ཡང་མེད་པ་དང་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་ཕུར་གྱི་དྲུང་དུ་སྲིད་རྩེ་མན་ཆད་ཀྱི་ཏིང་ངེ་འཛིན་མངོན་དུ་མཛད་པའི་ཚུལ་བསྟན་ཏོ། །དཀའ་བ་སྤྱད་པ་ནི་དེ་ནས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་བྱོན་ཏེ། ལོ་དྲུག་ཏུ་དཀའ་བ་སྤྱད་དེ། དེ་ཡང་ལོ་དང་པོ་གཉིས་ལ་འབྲས་ཉག་མ་རེ། བར་མ་གཉིས་ལ་ཏིལ་ཉག་མ་རེ། མཐའ་མ་གཉིས་ལ་ཆུ་ཐིགས་པ་རེ་གསོལ་ལོ། །དེའི་ཚེ་ལྷས་བསྐུལ་བ། མི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། །བརྣག་པ་མ་རྫོགས་དོན་ཡང་མ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་མགོན་འདི་འདྲོངས་པར་མི་འགྱུར་དྲང་། །ཞེས་བརྗོད་པ་ན། དེ་ལས་བཞེངས་ཏེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་ཚོལ་དུ་གཤེགས་པའི་ལམ་དུ། ཚོང་དཔོན་གྱི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱ་ལས་བཞོས་པའི་འོ་མ་རིམ་གྱིས་བརྒྱད་ལ་བླུད་པ་བསྐོལ་བ་དྲངས་པས་སྐུ་མདོག་གསེར་གྱི་མདངས་སུ་གྱུར་ཅིང་བསྔོ་བ་མཛད་པ། བསོད་པ་ཕུལ་བའི་བསོད་ནམས་ཅི་མཆིས་པ། །གྲགས་དང་ལྡན་པའི་དོན་ཀུན་འགྲུབ་འགྱུར་བར། །མི་ཡི་དབང་པོ་བློ་མཆོག་ལྡན་པ་དེའི། །དོན་རྣམས་ཐམས་ཅད་དེ་རིང་འགྲུབ་གྱུར་ཅིག །ཅེས་སོ། །དེ་ནས་བྱང་ཆུབ་སྙིང་པོར་གཤེགས་པ་ནི། ལམ་དུ་རྩྭ་འཚོང་བཀྲ་ཤིས་ལྡན་གྱིས་རྩྭ་རྨ་བྱའི་མགྲིན་པ་ལྟ་བུ་ཕུལ་བ་བཞེས་ཏེ་བྱོན་པ་ལས། བྱང་ཆུབ་སྙིང་པོ་རྒྱན་པའི་ལྷ་རྣམས་ཀྱིས་རྡོ་རྗེའི་གདན་དང་བྱང་ཆུབ་ཀྱི་ཤིང་དག་ཚད་མེད་པར་བརྒྱན་པ་ག་ལ་བ་དེར་གཤེགས་ནས་རྩྭའི་སྟན་ལ་བཞུགས་ཏེ་དམ་བཅའ་བ་བརྟན་པོ་མཛད་པ། སྟན་འདིར་བདག་གི་ལུས་འདི་བསྐམས་ཀྱང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་སོ། །དེ་ནས་བདུད་ཀྱི་སྡེ་བཅོམ་པ་ནི། མཛོད་སྤུ་ནས་བདུད་ཀྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བའི་འོད་ཟེར་བཀྱེ་བས། བདུད་ཀྱི་གནས་ཐམས་ཅད་དཔའ་བཀོང་བར་བྱས་ནས། བདུད་ཀྱི་རྒྱལ་པོའི་རྨི་ལམ་དུ་བཀྲ་ཤིས་ཀྱི་བུམ་པ་ལྷུང་བ་དང་། རྒྱལ་མཚན་ཆག་པ་སོགས་པའི་བརྒྱ་རྩ་བརྒྱད་རྨིས་ཏེ་བལྟས་པས། བྱང་ཆུབ་སེམས་དཔའ་འཚང་རྒྱ་བར་ཤེས་ཏེ་རྡོ་རྗེའི་གདན་དུ་འོངས་ཏེ་སྨྲས་པ། ཁྱོོད་འཚང་རྒྱ་བའི་དུས་ལ་མ་བབས་ཞེས་སྨྲས་སོ། །དེར་བྱང་ཆུབ་སེམས་དཔས་སྨྲས་པ། ངས་བསྐལ་པ་གྲངས་མེད་པར་ཚོགས་གཉིས་རྫོགས་པའི་འཚང་རྒྱ་བའི་དུས་ལ་བབས་ཏེ་ཁྱོད་མཆོད་སྦྱིན་གཅིག་ཙམ་བྱས་པས་ཀྱང་བདུད་ཀྱི་རྒྱལ་པོར་གྱུར་པ་ལ་ལྟོས་ཞེས་བརྗོད་པས། བདུད་ཀྱིས་སྨྲས་པ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ཏེ། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་དེ་ནི་ཡེ་ཕམ་ཡིན། །ཞེས་སོ། །སེམས་དཔས་སྨྲས་པ། ས་འདི་འགྲོ་བ་ཀུན་གྱི་རྟེན་ཡིན་ཏེ། །རྒྱུ་དང་མི་རྒྱུ་ཉེ་རིང་མེད་པས་ན། །ས་འདི་དེ་རིང་བདག་གི་དབང་མཛོད་ཅིག །ཅེས་གསུངས་མ་ཐག་ཏུ་སའི་ལྷ་མོས་རིགས་ཀྱི་བུ་འདིས་ཚོགས་དུ་མ་ཞིག་རྫོགས་པའི་ཕྱིར་རིགས་ཏེ། ངས་སའི་དཀྱིལ་འཁོར་རྡུལ་ཕྲ་བ་སྙེད་དུ་བགྲང་བར་ནུས་ཀྱི། འདིས་མགོ་དང་ཡན་ལག་སེམས་ཅན་ལ་བྱིན་པའི་གྲངས་ནི་བགྲང་བར་མི་ནུས་སོ། །ཞེས་བརྗོད་པས། བདུད་སྐྱེངས་ཏེ་རང་གི་གནས་སུ་ལོག་ནས་དམག་བྱེ་བ་དུང་ཕྱུར་དྲངས་ཏེ་བྱང་ཆུབ་སེམས་དཔའ་ལ་མཚོན་ཆའི་ཆར་ཆེན་པོ་དབབ་པར་བྱས་སོ། །དེ་སྐད་དུ་མངོན་པར་འབྱུང་བ་ལས། མགོ་གཅིག་པ་དང་མགོ་གཉིས་མགོ་གསུམ་དང་། །མགོ་སྟོང་ལྡན་པའི་བར་དུ་རབ་ཏུ་མང་། །ཞེས་སོ། །དེའི་ཚེ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མཚོན་ཆའི་ཚོགས་རྣམས་མེ་ཏོག་གི་ཆར་དང་། མི་སྙན་པའི་སྒྲ་རྣམས་གླུ་དབྱངས་སྙན་པར་གྱུར་ནས། ལྷས་སྨྲས་པ། བྱམས་པའི་སྟོབས་ཀྱིས་བདུད་ཀྱི་རྒྱུ་བཏུལ་ཏེ། །མཚོན་ཆ་འཕངས་པ་མེ་ཏོག་ཉིད་དུ་གྱུར། །ཅེས་པ་དང་། ཤཱཀྱའི་རྒྱལ་པོས་རྟེན་ཅིང་འབྲེལ་འབྱུང་ཆོས། །རང་གི་ངོ་བོ་མེད་པར་མཐོང་ནས་ནི། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། །གཡོན་ཅན་དཔུང་བཅས་ཚོགས་ཀྱིས་བརྫི་བ་མེད། །ཅེས་སོ། །གཞན་ཡང་བདུད་ཀྱི་བུ་མོ་རྣམས་ཀྱིས་བསླུ་བར་བྱས་ཀྱང་སླར་རྒན་མོ་ཉིད་དུ་གྱུར་ནས་བྱང་ཆུབ་སེམས་དཔའ་ལ་བཟོད་པར་གསོལ་ལོ། །བྱང་ཆུབ་པ་ནི། དེ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཐོ་རངས་རྔ་བརྡུང་དུ་ཉེ་བ་ན་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཏིང་ངེ་འཛིན་མངོན་དུ་མཛད་དེ་སངས་རྒྱས་བྱང་ཆུབ་རིག་པ་གསུམ་བརྙེས་པའི་ཚེ། ལྷས་བསྟོད་པ། སྐྱེས་བུ་སེང་གེ་དེ་ཡིས་བདུད་བཏུལ་ཏེ། །སྟོན་པའི་བསམ་གཏན་མངོན་དུ་མཛད་ནས་ནི། །སྟོབས་བཅུ་རིག་པ་གསུམ་པོ་བརྙེས་གྱུར་ཚེ། །ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གཡོས་པར་གྱུར། །ཅེས་སོ། །དེ་ནས་ཞག་བདུན་ཕྲག་བདུན་ཆོས་མི་གསུང་བར་བཞུགས་པ་ལས། བདུན་ཕྲག་དང་པོ་ལ་སྐྱིལ་ཀྲུང་མ་བཤིག་པར་བཞུགས། གཉིས་པ་ལ་འཛམ་གླིང་ཉེ་བར་བཅགས། གསུམ་པ་ལ་སྟོང་གསུམ་རིང་དུ་བཅགས། བཞི་པ་ལ་སྤྱན་མི་འཛུམ་པར་ཤིང་དེ་ཉིད་ལ་གཟིགས། ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་གཟུང་གི་གནས་སུ་གཤེགས། དྲུག་པ་ལ་ཀུན་ཏུ་རྒྱུ་བཏུལ། བདུན་པ་ལ་ཤིང་སྒྲོལ་རྒྱུའི་ཚལ་དུ་ཚོང་པ་ག་གོན་དང་བཟང་སྐྱོང་གིས་སྦྲང་རྩི་ཕུལ་བའི་ཚེ་རྒྱལ་པོ་བཞིས་ལྷུང་བཟེད་ཕུལ་བ་བཞེས་པར་གསོལ་ཏེ། ཚོང་པ་དག་ནི་དོན་གཉེར་བ། །རྙེད་པ་ཆེན་པོ་རྙེད་གྱུར་ཅིག །ཅེས་པ་ལ་སོགས་པ་ཤེས་པ་བརྗོད་ནས། ཆོས་མི་གསུང་བར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས །བ།དུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་བུར་ནགས་སུ་གནས་པར་བྱ། །ཞེས་པ་ན། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། ཚངས་བས་འོངས་ནས་ཞུས་པ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འགྱེད་མཛད་དེ། །ཡེ་ཤེས་ཟེར་གྱིས་བློ་ཡི་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས། །དམ་པ་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དུང་ནི་མྱུར་དུ་འབུད་དུ་གསོལ། །དམ་པ་ཆོས་ཀྱི་སྡོང་པོ་སྒྲེང་བར་མཛད་དུ་གསོལ། །དམ་པ་ཆོས་ཀྱི་མར་མེ་སྦར་བར་མཛད་དུ་གསོལ། །ཞེས་ཞུས་པས་ཅང་མི་གསུང་བ་དང་། ཡང་བརྒྱ་བྱིན་སྦྲན་ཏེ་དྲུང་དུ་འོངས་ནས་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་ཞུས་པ། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཀུན་ནས་འཚམས་པར་གྱུར་པ་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་པ་དང་། བརྒྱ་བྱིན་གྱིས་རིན་པོ་ཆེ་ཕུལ་ནས་ཞུས་པ། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཐུབ་པ་ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་ཞུས་པའི་ཚེ། བཀའ་སྩལ་བ། ཚངས་པ་ང་ཡི་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས་བདེ་བླག་རྟོགས་མ་ཡིན། །ཞེས་སོ། །ཡང་ཞུས་པ། མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མ་རྗེས་སུ་འབྲེལ་བ་བྱུང་། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །ཞེས་པ་དང་། བཀའ་སྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ལྡན་གྱུར་པ། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གནང་བས། སྐད་ཅིག་དེ་ལ་འོག་མིན་གྱི་བར་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་ངོ་ཞེས་ཐོས་ནས་ལྷགས་སོ། །ལྷ་སྲིད་མཆོག་གིས་ཆོས་ཀྱི་འཁོར་ལོ་གང་དུ་བསྐོར་ཞུས་པས། ཝཱ་ར་ཎཱ་སཱིར་རོ། །དེར་ནི་ང་ཡིས་མཆོད་སྦྱིན་སྟོང་ཕྲག་ཁྲག་ཁྲིག་དྲུག་ཅུ་མཆོད། ཝཱ་ར་ཎཱ་སཱི་དམ་པ་དེ་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱི་གནས། །དེ་ཕྱིར་དྲང་སྲོང་ཞེས་བྱའི་གནས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་བཀའ་སྩལ་ནས་གཤེགས་པ་ལས། ས་ཕྱོགས་དེར་ནི་རིན་པོ་ཆེའི་ཁྲི་སྟོང་བྱུང་སྟེ། གསུམ་ལ་བསྐོར་བ་མཛད་ནས་བཞི་པའི་སྟེང་དུ་བཞུགས་ཏེ། ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་བདེན་པ་མངོན་པར་རྟོགས་ཤིང་ལྔ་སྡེ་བཟང་པོས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དེ་ནས་བྱ་རྒོད་ཕུང་པོ་ལ་མཚན་ཉིད་མེད་པ འི་འཁོར་ལོ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཆེན་པོ་ལ་སོགས་པ་ལ་བསྐོར་རོ། །དེ་ནས་ལྷ་དང་ཀླུའི་གནས་ལ་སོགས་པར་མཐའ་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་རོ། །དེ་ཡང་བཀའ་དང་པོ་ནི་ལས་དང་པོ་པ་ལམ་ལ་འཇུག་པའི་རིམ་པ་ཤེས་པ་དང་བསྟུན་ནས་གཙོ་བོར་སྤང་གཉེན་གྱི་སྒོ་ནས་འཁོར་བ་ལས་ངེས་པར་འབྱིན་པའོ། །བར་པ་ནི་འཁོར་བ་སྤོང་བྱེད་ཀྱི་གཉེན་པོར་ལམ་ལ་སོགས་པའི་ཆོས་ལ་ཞེན་པ་བཀག་པའི་ཕྱིར་ཡིན་ནོ། །མཐའ་མ་ནི་ཤེས་བྱའི་གཤིས་ལ་ཇི་ལྟར་གནས་པ་དེ་ཉིད་དྲང་པོར་བརྗོད་པའོ། །ཡང་སྡེ་སྣོད་གསུམ་དང་། བསླབ་པ་གསུམ་དང་། ཐེག་པ་ཆེ་ཆུང་གི་སྒོ་ནས་ཀྱང་གསུངས་པའོ། །མཐའ་མའི་མཛད་པ་ནི། དེ་ལྟར་དགུང་ལོ་བརྒྱད་ཅུའམ་བརྒྱད་ཅུ་རྩ་གཉིས་ན་གྲོང་ཁྱེར་རྩ་ཅན་ཤིང་སཱ་ལ་ཟུང་གི་དྲུང་དུ་མྱ་ངན་ལས་འདའ་བར་བཞེད། དེའང་བརྒྱད་ཅུ་ཡིན་པར་བྱེ་བྲག་ཏུ་བཤད་པའི་མཛོད་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་ཚལ་དང་དགྲར་བཅས་དང་། །བྱིས་པ་གསོད་དང་ཀ་ཤམྦྷི། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡིས། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །འབར་བའི་ཕུག་གི་གནས་སུ་གཉིས། །སྨན་གྱི་ནགས་སུ་ལོ་གསུམ་དང་། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་དང་། །གཉན་དུ་ཡོད་པར་ཉི་ཤུ་བཞི། །ཉི་ཤུ་རྩ་དགུ་ཁབ་གནས་ཏེ། །དེ་ལྟར་རྒྱལ་བ་བརྒྱད་ཅུ་ལ། །སྐྱེས་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པས་བཞུགས་པ་ཡི། །བསོད་ནམས་གནས་ནི་དེ་དག་ལ། །རྟག་ཏུ་ལུས་དང་ངག་དང་ཡིད། །གུས་པས་བཏུད་དེ་ཕྱག་འཚལ་ལོ། །ཞེས་སོ། །དེ་ཡང་གདུལ་བྱ་རྟག་པར་འཛིན་པ་ཤས་ཆེ་བ་རྣམས་གདུལ་བའི་ཕྱིར་ནམ་གྱི་ཆ་སྨད་ཟླ་བ་རི་ལ་ནུབ་པའི་ཚེ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། པུར་བཞུ་ནས་སྐུ་གདུང་ཆ་བརྒྱད་དུ་བགོས་ཤིང་ཚེམས་མཆེ་བ་བཞི་སོ་སོའི་དབང་པོས་གདན་དྲངས་པར་བཤད་དེ། འདུལ་བ་ལུང་དུ་གསུངས་པ། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུའི་གླིང་པས་མཆོད་པར་ཐོབ། །སྐྱེས་མཆོག་དེ་ཡི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །གཅིག་ནི་རྩ་གསུམ་ལྷ་ཡུལ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་ནར་བུ་གནས་པ། །མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོ་མངོན་པར་བརྒྱན་གྱུར་ཏེ། །དེ་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དང་ཀླུ་དང་མི་ཡི་དབང་པོ་དང་། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟི་མཆོད་པ་བྱས། །ཞེས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཆོས་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པའི་ཐུགས་རྗེའི་ངང་ལས་ཕྱོགས་བཅུའི་འཇིག་རྟེན་དུ་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྣང་ཞིང་འགྲོ་བ་དྲུག་གམ་རྒྱུད་ལྔ་འདུལ་ལ། ཁྱད་པར་མི་མཇེད་ཀྱི་འཇིག་རྟེན་དུ་སངས་རྒྱས་སྟོང་ལ་སོགས་པ་གདུལ་བྱའི་སྣང་བ་གང་གིས་འདུལ་བ་དེའི་སྐུར་སྣང་བ་ཡིན་ཏེ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་པ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་དུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་སོ། །གཉིས་པོ་ནི་འཇམ་དཔལ་དང་། ཕྱག་ན་རྡོ་རྗེའོ། །དེ་དང་རྗེས་སུ་མཐུན་པར་ཆོས་སྐུའི་ངང་ལས་རང་ཤར་དུ་བྱུང་བ་ཉིད། རྒྱུད་བླ་མར་ཡང་། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་དང་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་ཤར་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང་། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་རྣམ་པར་འཚང་རྒྱ་བ། །ཞིང་རྣམས་ཀུན་ན་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་སྣང་མེད། །འདི་ལ་གཅིག་ཀྱང་ཡོད་མ་ཡིན། །སྐུ་ནི་གཉིས་སམ་གསུམ་དུ་མེད། །ཇི་ལྟར་སེམས་ཅན་བསམ་པ་བཞིན། །ཚད་མེད་པར་ནི་རབ་ཏུ་སྣང་། །སྐུ་ནི་འདས་པ་མ་ཡིན་ཏེ། །མ་འོངས་པ་ཡང་སྐུ་མ་ཡིན། །སྐྱེས་དང་བྱང་ཆུབ་མྱ་ངན་འདས། །སྐད་ཅིག་གིས་ནི་རབ་ཏུ་སྣང་། །ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོངས་པ་མིན། །དེ་ལྟར་དེ་བཞིན་གཤེགས་པའི་སྐུ། །སྐྱེ་བ་མེད་ལས་ཤིན་ཏུ་བསྟན། །ཅེས་པ་དང་། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་འཁོར་ནམ་ཕྱེད་ཀྱི་དུས་ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པར་ཤེས་ཀྱང་། ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དེ་དག་གིས་བདག་ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བར་བདག་གིས་སེམས་ཅན་དེ་དག་གི་མདུན་ན་འདུག་པར་བྱའོ་སྙམ་དུ་མི་རྟོག་རྣམ་པར་མི་རྟོག་མོད་ཀྱིས། འོན་ཀྱང་འཇམ་དཔལ། ཟླ་བའི་དཀྱིལ་འཁོལ་ནི་མ་འདྲེས་པའི་ཆོས་དང་ལྡན་པས། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་ལྟ་བུའི་བྱ་བ་འདི་འབྱུང་ངོ་། །འཇམ་དཔལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། འཁོར་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད་བརྗོད་པའི་སྒྲས་བརྗོད་དུ་མེད་པའི་དབུས་ན། དེ་ཐམས་ཅད་དེ་བཞིན་གཤེགས་པ་བཞུགས་པར་མཐོང་མོད་ཀྱི། འཇམ་དཔལ། དེ་བཞིན་གཤེགས་པ་ནི་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་ཤེས་པར་འགྱུར་བ་རང་སེམས་ཅན་དེ་དག་གི་མདུན་ན་འདུག་པར་བྱའོ་སྙམ་དུ་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་རྣམས་ཀྱིས་མཐོང་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་མདུན་ན་བཞུགས་སོ་འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར བྱ་་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ཡང་གསེར་གྱི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ་བཻ་ཌཱུརྻ་དང་། ཨན་དྷ་རྙིལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་འདུལ་བར་བྱ་བ་ཡིན་ན། དེ་དག་གི་ཁ་དོག་ཏུ་བཞུགས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་པས་གདུལ་བར་བྱ་བ་ཡིན་ན་དེ་དག་གིས་གཟུགས་སུ་བཞུགས་ནས་ཆོས་སྟོན་ཏོ། །ཞེས་སོ། །དེ་དག་གི་སྤྱིའི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི་གླེང་བསླང་བའི་ཚུལ་བཤད་པ་དེ་ནས་རང་སྣང་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལས་རང་བྱུང་གི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ལས་རང་ཤར་བ་ཞེས་བྱ་བའི་རྣམ་པར་འཕྲུལ་པ་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཡིན་པས། རིག་པའི་སྐྱེས་བུ་ལས་དང་ཉོན་མོངས་པ་ཐམས་ཅད་བཅོམ་པས་ཐུབ་པ་འཇིག་རྟེན་དྲུག་གི་འགྲོ་བ་དྲུག་སོ་སོར་འདུལ་བས་ཤཱཀྱ་ཐུབ་པ་ལ་སོགས་པ་དྲུག་ནི་རང་སྣང་བཀོད་པའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ནོ། །གཉིས་པ་ལ་གསུམ་སྟེ། འདུལ་བ་བཞིས་རྣམ་པར་འཕྲུལ་པའི་ཚུལ་སྤྱིར་བསྟན་པ། འདུལ་ཡུལ་འགྲོ་བ་དང་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ། འཁོར་འདས་སེམས་དང་ཡེ་ཤེས་ཀྱི་རང་སྣང་དུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི་དེ་ལྟར་ཐུབ་པ་དྲུག་འཐོན་ནས་ཀྱང་འགྲོ་བའི་ལས་སོ་སོར་བསགས་ཚུལ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱང་ཐ་དད་དུ་སྣང་སྟེ། དེའང་བསྡུ་ན་མགོ་འཕྲེད་ལ་བསྟན་ནས་འགྲོ་བ་སྣེལ་གཞི་དང་གྱེན་དང་ཐུར་ལ་བསྟན་ནས་འགྲོ་བ་ཡས་མན་གྱི་འཇིག་རྟེན་ཟླུམ་པོ་དང་གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་གཞི་ཕྱལ་བ་དང་སྟེང་གཡོགས་མེད་པ་སྟེ་སྣོད་ཀྱི་བྱེ་བྲག་རྣམ་པ་མི་འདྲ་བ་དྲུག་གི་རང་བཞིན་གྱིས་ཕྱོགས་བཅུ་ཀུན་ཏུ་ཁྱབ་ཅིང་དེ་དག་གི་རྣམ་གྲངས་དང་དབྱེ་བའི་ཚད་ནི་མཐའ་ཡས་ཤིང་བདེ་སྡུག་དང་ལོངས་སྤྱོད་ལ་སོགས་པའི་རྣམ་པ་མུ་མེད་པས་ཁྱབ་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེར་རང་རང་གི་འདུལ་བྱེད་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞི་བཞིས་འགྲོ་བ་ལྔའི་དོན་མཛད་དེ། དེ་ཡང་བསོད་ནམས་ཀྱིས་འདུལ་བ་དང་། དོན་ཐམས་ཅད་མངོན་སུམ་དུ་གྱུར་བས་འདུལ་བ་དང་། རྫུ་འཕྲུལ་ཆེན་པོས་འདུལ་བ་དང་། རིག་པས་འདུལ་བའོ། །དེ་ཡང་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་སོ། །དེའང་དུད་འགྲོ་རྣམས་ཀྱང་སྣྲེལ་གཞི་ཉིད་དུ་གཏོགས་པ་སྙམ་མོ། །དེ་ལྟར་སྟོང་གསུམ་གཅིག་གི་འཇིག་རྟེན་ལའང་སྣྲེལ་གཞི་དང་ཡས་མན་གསུམ་དུ་སྦྱར་བ་ཉིད་དེ་རིགས་ལྔས་བསྡུས་པའི་སྣོད་བཅུད་ནི་སྤྲུལ་པ་སྐུའི་འདུལ་ཞིང་ངོ་། །འདིར་ཁ་ཅིག་སྣྲེལ་གཞི་ཕྱོགས་གཞི་དང་ཡས་མན་སྟེང་འོག་སྟེ་འཇིག་རྟེན་དྲུག་ཏུ་འདོད་པ་དེ་དག་གི་ནི་གཞུང་གི་དོན་ཕྱོགས་ཙམ་ཡང་མ་མཐོང་ངོ་། །གཉིས་པ་ལ་བཞི་སྟེ། སྐུ་བསོད་ནམས་ཆེན་པོས་མཛད་པ་ཕུན་སུམ་ཚོགས་པས་འདུལ་བ། ཐུགས་མངོན་ཤེས་ཆེན་པོས་མངོན་སུམ་པས་འདུལ་བ། བསམ་གྱིས་མི་ཁྱབ་པ་རྫུ་འཕྲུལ་ཆེན་པོས་འདུལ་བ། གསུང་ཐེག་པ་ལྔར་སྟོན་པ་རིག་པས་འདུལ་བའོ། །དང་པོ་ནི་སྐུ་བལྟམས་པ་དང་། ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བ་དང་། ནཻ་རཉྫ་ནའི་འགྲམ་ལ་སོགས་པར་དཀའ་ཐུབ་མཛད་པ་དང་། རྡོ་རྗེ་གདན་ལ་སངས་རྒྱས་པ་དང་། བདུད་ཀྱི་སྡེ་བཏུལ་བ་དང་། ཝཱ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། གྲོང་ཁྱེར་རྩ་མཆོག་ཏུ་མྱ་ངན་ལས་འདས་པ། དེ་ལྟར་ཡོངས་སུ་བསྟན་པ་བརྒྱད་དང་ལ་སོགས་པའི་ཁོངས་ནས་དགའ་ལྡན་ནས་འཕོ་བ་དང་། བཟོའི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་གྱིས་རོལ་པ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ་བ་དང་། དགའ་ལྡན་དུ་ཡུམ་ལ་ཆོས་གསུངས་པ་དང་། འབྲོག་གནས་སུ་གནོད་སྦྱིན་ཆེན་པོ་བཏུལ་བ་ལ་སོགས་པ་རྣམས་ཏེ། སྐུའི་རྣམ་པར་འཕྲུལ་པ་ཆེན་པོས་འགྲོ་བ་ཚད་མེད་པ་སྨིན་པར་མཛད་པའི་ཆོ་འཕྲུལ་ཆེན་པོ་སྟོན་པའི་ཐུབ་པས་བསམ་གྱིས་མི་ཁྱབ་པའི་འགྲོ་བ་འདུལ་བའོ། །ཁ་ཅིག་ནི་མཛད་པ་བཅུ་གཉིས་སུ་འདོད་པ་ནི་དེར་མ་ངེས་ཏེ། ཆོ་འཕྲུལ་བསྟན་པ་གསུངས་པའི་ཕྱིར་རོ། །དེའི་ཞར་ལ་གཞན་རྣམས་འཕངས་ཤིང་། སོགས་པའི་ཁོངས་ནས་བསྡུས་པ་མཛད་པ་བཅུ་གཉིས་མཚོན་པ་སྟེ་མདོར་ན་སྐུའི་ཆོ་འཕྲུལ་ཆེན་པོས་འགྲོ་བ་འདུལ་བ་ཐམས་ཅད་འདིར་བསྡུའོ། །གཉིས་པ་ནི་འདས་པ་ལ་སོགས་པའི་དུས་བཞི་ཀུན་ཏུ་མཁྱེན་པས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་ནི་སྔོན་གྱི་གནས་ཤེས་པའི་མངོན་པར་ཤེས་པ་སྟེ་ཚེ་རབས་དུ་མ་རྗེས་སུ་དྲན་པ་ལ་དབང་སྒྱུར་བས་འགྲོ་བ་འདུལ་བའོ། །དུས་བཞི་མཁྱེན་ལུགས་ནི་པྲ་ཕབ་བའི་རྣམ་པ་མེ་ལོང་དུ་ཤར་བ་ལྟར་མཁྱེན་ཏོ། །གཞན་ཡང་འགྲོ་བ་རིགས་ལྔའམ་དྲུག་ལ་སོགས་པའི་གདུལ་བྱ་མ་ལུས་པ་ཐམས་ཅད་ཀྱི་རང་རང་གི་སེམས་ཀྱི་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་དང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་དགོངས་རྒྱུད་གཉིས་དུས་དང་གནས་སྐབས་ཀུན་ཏུ་ཐ་མི་དད་པར་མཁྱེན་པའི་གནད་ཀྱིས་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་མངའ་བ་དང་། ཡེ་ཤེས་གཟིགས་པ་སྒྲིབ་པ་མེད་པའི་རྫུ་འཕྲུལ་གྱི་སྤྱན་གྱིས་དག་པའི་ཞིང་དང་མ་དག་པའི་འཇིག་རྟེན་གྱི་འགྲོ་བ་འཆི་འཕོ་བ་དང་སྐྱེ་བ་དང་རྣམ་པར་འཕྲུལ་པ་ལ་སོགས་པ་ཐམས་ཅད་ཀུན་ཏུ་གཟིགས་པ་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ལྷའི་མིག་གི་མངོན་པར་ཤེས་པས་འདུལ་བའོ། །རྫུ་འཕྲུལ་གྱི་སྙན་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྒྲ་སྐད་ཆེ་ཆུང་ཐམས་ཅད་ཀུན་ཏུ་གསན་པ་ནི་ལྷའི་རྣ་བའི་མངོན་པར་ཤེས་པ་སྟེ་དེས་སེམས་ཅན་རྣམས་འདུལ་བའོ། །སེམས་ཅན་གང་ལ་གང་འདུལ་སྟོན་པའི་རྫུ་འཕྲུལ་གྱི་ཚོགས་ཀྱིས་འགྲོ་བའི་མོས་པ་དང་མཐུན་པར་ཀུན་ཏུ་དོན་སྤྱོད་པ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་འདུལ་བའོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་དབྱིངས་སུ་དག་པའི་ཡེ་ཤེས་ཟག་པ་མེད་པས་མཐར་ཕྱིན་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྱོད་པ་ཡོངས་སུ་རྫོགས་པའི་རང་བཞིན་ཟག་པ་ཟད་པའི་མངོན་པར་ཤེས་པས་འདུལ་བ་སྟེ། དེ་ལྟར་ན་དྲུག་པོ་དེས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་དབང་སྒྱུར་བས་མངོན་པར་ཤེས་པ་ཆེན་པོ་དྲུག་སྟེ་ཐུགས་ཀྱིས་འདུལ་བའོ། །གསུམ་པ་ནི་གདུལ་བྱ་མཐའ་ཡས་པ་ཀུན་ཏུ་དེའི་སྣང་བ་དང་མཐུན་པའི་སྐུ་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྟོན་པ་དང་། འགྲོ་བའི་རྒྱུད་ཚད་མེད་པ་ཀུན་ཏུ་དེ་དག་གི་མོས་པ་དང་མཐུན་པར་འཇུག་པའི་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ནས་དོན་མཛད་ཚུལ་བསམ་གྱིས་མི་ཁྱབ་པ་དང་། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བའི་སྤྱོད་ཡུལ་ཀུན་ཏུ་སྐུ་དང་སྐུའི་ཆ་ལུགས་དང་ཞལ་གྱི་དཀྱིལ་འཁོར་མི་འདྲ་བ་ཞི་བ་དང་ཁྲོ་བོ་ལ་སོགས་པ་ཐ་དད་པ་དུ་མར་སྣང་ཞིང་སྐད་ཅིག་སྐད་ཅིག་ལ་རང་རང་གི་སྣང་བ་དང་མཐུན་པར་ཞལ་བསམ་གྱིས་མི་ཁྱབ་པ་བསྟན་ནས་བདག་ཁོ་ན་ལ་ཐུགས་བརྩེ་བའི་ཕྱིར་བདག་གི་མདུན་ན་བཞུགས་སོ་སྙམ་པ་སྟེ། ཡུམ་ཆེན་མོ་ལས། འཛམ་བུའི་གླིང་གི་སེམས་ཅན་དེ་དག་ནི་བདག་ཅག་ཁོ་ནའི་མདུན་ན་བཞུགས་ནས་ཐུགས་བརྩེ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་མོ། །ཞེས་པས། ལུས་འཕགས་གླིང་དང་། བ་ལང་སྤྱོད་ནས་འོག་མིན་གྱི་བར་དུ་གསུངས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་བ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་པ་དང་། དཔུང་བ་བཟང་པོའི་རྒྱུད་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །དེ་བཞིན་དུ་སྐུ་གཅིག་ལའང་ཞལ་བསམ་གྱིས་མི་ཁྱབ་པ་སྟོན་པ་རྣམས་སོ། །འགྲོ་བའི་སྐལ་པ་ཇི་ལྟར་ཡོད་པ་ཀུན་ཏུ་སེམས་ཅན་སོ་སོའི་སྐད་དང་མཐུན་པར་ཆོས་ཀྱི་གསུང་བསམ་གྱིས་མི་ཁྱབ་པ་སྒྲོག་པར་སྣང་བ་དང་ལྡན་པ་ནི་ནམ་མཁའི་མཐའ་ཀླས་པར་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་སུ་འཕྲོ་བས་གྲངས་མེད་པ་དག་གིས། ཕྱོགས་བཅུར་གང་ལ་གང་འདུལ་དུ་སྣང་བར་གྱུར་ཏོ། །བཞི་པ་གསུང་རིགས་པས་འདུལ་བ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སྒྲ་དོན་དང་དབྱེ་བའོ། །དང་པོ་ནི། ཡཱ་ནའི་སྒྲ་ལས་ཐེག་པ་སྟེ་གང་ལ་བརྟེན་ནས་བགྲོད་པས་འདོད་སར་ཕྱིན་ཅིང་སྐྱེས་པ་ཞེས་ཏེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱེད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། སྤྱིར་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་འདུལ་བའི་ཕྱིར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པས་ཐེག་པའི་རྣམ་གྲངས་ཀྱང་འདི་ཉིད་ཁོ་ནར་ངེས་སོ་ཞེས་ཆད་པ་མེད་དེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེའང་རེ་ཞིག་བསྡུ་ན་འབྲས་བུ་ལ་དགོངས་ཏེ་གཅིག་ཏུ་གསུངས་པ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །ཞེས་པ་དང་། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །ཞེས་སོ། །ཡང་རྒྱུ་དང་འབྲས་བུ་ལ་དགོངས་ནས་གཉིས་དང་། ཆེན་པོ་དང་ཆུང་ངུ་ལ་དགོངས་ནས་གཉིས་སུ་གསུངས་ཏེ། དཔལ་འབྱུང་བཞི་ཟད་པའི་རྒྱུད་ལས། རྒྱུ་ཆོས་རྣམས་དང་འབྲས་བུའི་ཕྱིར། །ཐེག་པ་དེ་ཡང་རྣམ་པ་གཉིས། །ཞེས་པ་དང་། ཡེ་སྒྲོན་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་གྲངས་ཀྱང་དེ་བཞིན་ཏེ། །བསྡུ་ན་ཆེ་ཆུང་རྣམ་གཉིས་སོ། །ཞེས་སོ། །ཡང་ཆེ་འབྲིང་གི་དབྱེ་བས་ཉན་རང་ཐེག་པ་ཆེན་པོ་སྟེ་གསུམ་དུ་ཡང་གསུངས་ཏེ། མདོ་སྡེ་རྒྱན་ལས། སྦྱོར་བ་དང་ནི་ཚོགས་དག་དང་། །བསམ་པ་དང་ནི་བཤད་ཉིད་དང་། །སྒྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་པ་དང་། གསང་བ་ཐིག་ལེ་ནོར་བུའི་རྒྱུད་ལས། ཕྱི་ནང་གི་རིམ་པས་ཀྱང་གསུམ་དུ་བཤད་དེ། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་གཟུང་། །ཞེས་སོ། །ཡང་རྒྱུའི་ཐེག་པ་གསུམ་འབྲས་བུ་དང་བཞིར་ཡང་བཤད་དེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང་། བམ་བརྒྱད་ལས། བསམ་གྱིས་མི་ཁྱབ་བསྟན་པ་འདི། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །ཞེས་སོ། །ཡང་རྣམ་གྲངས་བསྡུ་བས་ལྔར་ཡང་བཤད་དེ། འདི་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང་། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱིས། །ཐེག་པ་ཐ་དད་པ་བཤད་དོ། །ཞེས་སོ། །ཡང་རྒྱུ་འབྲས་ཀྱི་གོང་འོག་དབྱེ་བས་དྲུག་ཏུ་ཡང་བཤད་དེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་སོ། །ཡང་བདུན་དུ་ཡང་བཤད་དེ། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་སོ། །བརྒྱད་དུ་ཡང་བཤད་དེ། ནམ་མཁའ་ཆེ་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་སོ། །དགུར་ཡང་བཤད་དེ། ཀུན་བྱེད་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་སོ། །ཡང་སོར་བཞག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པའི་སྡེ་ལྔ། ནང་པའི་རིམ་པ་དགུ། འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པ་དང་བཅུ་དྲུག་ཏུ་ཡང་བཤད་དེ། སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་ཀྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་སོ། །ཡང་བསམ་གྱིས་མི་ཁྱབ་པར་ཡང་བཤད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །ཡང་གནས་ལུགས་ལ་ཐེག་པ་ཞེས་བཏགས་པ་ཙམ་ལས་གྲུབ་པ་མེད་དེ། དེ་ཉིད་ལས། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་སོ། །མདོར་ན་ཐམས་ཅད་བློའི་རིམ་པ་ལ་སྣང་བ་ཙམ་ལས། བློ་ངོ་བོ་ཉིད་ཀྱིས་དག་པའི་རྣལ་འབྱོར་པ་རྣམས་ལ་ནི་ཐེག་པ་ཞེས་པའང་གཞི་ནས་མེད་པས། ནམ་མཁའ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་དབྱེ་བ་ལ་ལྔ་སྟེ། ལྷ་མིའི་ཐེག་པ། ཉན་ཐོས། རང་སངས་རྒྱས། བྱང་ཆུབ་སེམས་དཔའ། གསང་སྔགས་ཀྱི་ཐེག་པའོ། །དང་པོ་ལ་གཉིས་ཏེ། ངེས་ཚིག་དང་། དབྱེ་བའོ། །དང་པོ་ནི། མ་ནུ་ཤ་ཡ་ན་ཞེས་པའི་སྒྲ་ལས་མིའི་ཐེག་པ་དང་། དྷེ་བ་ཡ་ན་ལས་ལྷའི་ཐེག་པའོ། །དབྱེ་བ་ལ་གཉིས་ལས། མིའི་ཐེག་པ་ནི་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་སྤྱད་པས་མཐོ་རིས་ཀྱི་མིར་སྐྱེའོ། །དེ་ལ་དགེ་བ་བཅུ་ནི་མི་དགེ་བ་བཅུ་སྤངས་པའི་དགེ་བའི་ཆ་ནས་བཏགས་སོ། །དེ་ཡང་སྲོག་གཅོད། མ་བྱིན་ལེན། འདོད་ལོག་གསུམ་ནི་ལུས་དང་། རྫུན། ཕྲ་མ། ངག་འཁྱལ། ཚིག་རྩུབ་བཞི་ནི་ངག་དང་། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་ནི་ཡིད་ཀྱི་མི་དགེ་བ་སྟེ་དེ་དག་སྤོང་བའོ། །ལྷའི་ཐེག་པ་ནི་དགེ་བ་བཅུ་ཉིད་ཆེར་གོམས་པས་འདོད་ལྷ་རིགས་དྲུག་དང་། བསམ་གཏན་བཞི་ལས་གཟུགས་ཁམས་གནས་རིགས་བཅུ་བདུན་དང་། གཟུགས་མེད་བཞིས་གཟུགས་མེད་སྐྱེ་མཆེད་མུ་བཞིར་སྐྱེ་བ་སྟེ། ལེ་ལག་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཚད་མེད་བཞི་སྤྱོད་མི་གཡོ་སྒོམ་བྱེད་པ། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ་ཡིན་ནོ། །ཞེས་སོ། །དེ་ཡང་གཞི་དགེ་སྡིག་བླང་དོར་ཤེས་པ་ལ་འཇུག་ཅིང་བསམ་གཏན་གཟུགས་མེད་ཀྱི་རང་བཞིན་ཤེས་པ། ལམ་དགེ་བ་བཅུ་ལ་སྤྱོད་པ། འབྲས་བུ་སོ་སོའི་གནས་སུ་སྐྱེས་པའོ། །གཉིས་པ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་གཉིས་ལས། ངེས་ཚིག་ནི་ཤྲ་བ་ཀའི་སྒྲ་ལས་ཐོས་སྒྲོགས་ཞེས་པས་སྟོན་པ་ལ་ཆོས་ཉན་པ་གཞན་ལ་བརྗོད་པར་མཚོན་པའོ། །དབྱེ་བ་ལ་གསུམ་ལས། གཞི་ཕུང་པོ་དང་གཞན་ལ་གང་ཟག་གི་བདག་དང་ང་ཡིར་འཛིན་པ་མེད་པ་དང་། དངོས་པོ་གཟུང་བ་རགས་པ་ཀུན་རྫོབ་དང་། རྡུལ་ཕྲན་ཆ་མེད་དོན་དམ་དང་། སེམས་ཀྱི་རྒྱུན་ཀུན་རྫོབ་དང་། སྐད་ཅིག་དོན་དམ་པའི་བདེན་པར་གཏན་ལ་ཕབ་ནས་བསླབ་པ་གསུམ་ལ་གནས་པའོ། །ལམ་ནི་ཚོགས་ལམ་ཆུང་ངུ་འབྲིང་ཆེན་པོར་དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་ཞིང་། སྦྱོར་ལམ་དྲོད་དང་རྩེ་མོ་གཉིས་སུ་དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་དང་བཟོད་པ་ཆོས་མཆོག་གཉིས་སུ་དད་པ་ལ་སོགས་པའི་སྟོབས་ལྔ་སྒོམ་ཞིང་། མཐོང་ལམ་དུ་དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའོ། །དེ་ནས་སྒོམ་ལམ་དུ་ཡང་དག་པའི་ལྟ་བ། རྟོག་པ། ངག །ལས་ཀྱི་མཐའ་འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན་ཡང་དག་པའི་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པའོ། །འབྲས་བུ་ནི་ལྷག་བཅས་ལྷག་མེད་ཐོབ་ནས་ཞི་བའི་དབྱིངས་སུ་གནས་པའོ། །དེ་ཡང་གཙོ་བོར་བདེན་པ་བཞི་ལ་བླང་དོར་དུ་བྱེད་པས། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་སོགས་པས་གོང་མ་ཐོབ་ཅིང་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པ་སྟེ། ལེ་ལག་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡི། །ཡེ་ཤེས་བཅུ་དྲུག་ཆ་སྦྱངས་རབ་བཞི་བའི། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་སོ། །གསུམ་པ་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་གཉིས་ལས། ངེས་ཚིག་ནི་པྲ་ཏྱ་ཀ་བུདྡྷ་ཞེས་པ་སྟེ། པྲ་ཏྱ་ཀ་སོ་སོ་རང་རང་བུདྡྷ་སངས་རྒྱས་ཏེ་སྲིད་པ་མཐའ་མའི་ཚེ་སློབ་དཔོན་གྱིས་གདམས་ངག་སྟོན་པ་ལ་མི་ལྟོས་པར་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུན་ལ་སྐྱེས་ནས་བྱང་ཆུབ་མངོན་དུ་བྱེད་པའོ། །དེའང་ཚོགས་ན་སྤྱོད་པ་ཆེ་བ། ཆུང་བ། བསེ་རུ་ལྟར་གཅིག་པུར་གནས་པ་གསུམ་ཡོད་པའོ། །དེའི་ཐེག་པ་ལ་དབྱེ་ན་གསུམ་ལས། གཞི་ཕྱི་དང་ནང་གི་ཆོས་རྣམས་རྟེན་འབྲེལ་ལུགས་སུ་འཇུག་པས་འཁོར་བ་དང་། ལུགས་ལས་ལྡོག་པས་མྱང་ངན་ལས་འདས་པ་ཐོབ་པར་ཤེས་ནས་གང་ཟག་གི་བདག་དང་། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པས་ཤེས་པར་བྱ། །ཞེས་སོ། །ལམ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཉན་ཐོས་ལྟར་བསྒོམ་པའི་སྟེང་དུ་རྟེན་འབྲེལ་བསྒོམས་པས་ཁྱད་པར་དུ་འཕགས་སོ། །འབྲས་བུ་ནི་བྱང་ཆུབ་ཐོབ་ནས་སེམས་ཅན་ལ་སྒྲས་ཆོས་མི་སྟོན་ཞིང་བརྡས་བསྟན་པས་གོ་བར་བྱེད་ཅིང་མྱ་ངན་ལས་འདའ་བ་སྟེ། ལེ་ལག་ལས། ཕྱི་ནང་རྟེན་འབྲེལ་མི་གཡོར་ཚུལ་ཤེས་ཤིང་། །དངོས་པོ་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོག །བྱང་ཆུབ་སར་འགྲོ་ཡིད་བཞིན་བདེ་བའི་མཆོག །ཅེས་སོ། །དེའི་དགྲ་བཅོམ་གྱི་ས་ལ་འབྲས་བུ་ཡིད་བཞིན་བདེ་བ་མཆོག་གིས་ཞེས་བྱའོ། །བཞི་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལའང་གཉིས་ལས། ངེས་ཚིག་ནི་བོ་དྷི་སཏྭ་ཞེས་པའི་སྒྲས་བྱང་ཆུབ་སེམས་དཔའ་སྟེ། སངས་རྒྱས་འདོད་པ་བརྟེན་པའི་དམན་པ་ཟིལ་གྱིས་གནོན་ིཞང་སྙིང་སྟོབས་ཆེན་པོས་འགྲོ་བ་སྒྲོལ་བའི་གོ་ཆ་བགོས་པ་སྟེ། སྡུད་པ་ལས། བློ་ཆེ་བ་དང་གཏོང་བ་ཆེ་དང་སེམས་དཔའ་ཆེ། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །རྒྱུ་དེས་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་སོ། །དབྱེ་ན་གསུམ་ལས། གཞི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་གཟུགས་བརྙན་དང་འདྲ་བར་རྟོགས་ཤིང་། གང་ཟག་གི་བདག་དང་། ཕྱི་གཟུང་བ་དང་། ནང་འཛིན་པའི་སེམས་ཏེ་ཆོས་ཀྱི་བདག་གིས་སྟོང་པས་བདག་གཉིས་ཀྱིས་སྟོང་པའི་ཚུལ་ཁོང་དུ་ཆུད་ནས། སྨོན་པ་དང་འཇུག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེད་པར་བྱེད་པའོ། །ལམ་ནི་ཆོས་སུམ་ཅུ་རྩ་བདུན་དང་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་སློབ་ཅིང་ས་བཅུ་སྦྱོང་བའོ། །བཅུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་དུ་ཐབས། སྟོབས། སྨོན་ལམ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུའོ། །འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་བཞུགས་ནས་དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ། ལེ་ལག་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པ། །སངས་རྒྱས་སར་འགྲོ་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་སོ། །དེ་ལ་བདེན་པ་གཉིས་ནི། དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་ཡིན་ལ། དོན་དམ་པའི་བདེན་པ་ནི་སེམས་ཉིད་དང་ཆོས་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་བློས་བསམ་པའི་ཡུལ་ལས་འདས་པ་སྟེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །དེའང་དབུ་མ་རང་རྒྱུད་པ་ནི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ལ། དེ་ཡང་བརྟགས་ན་དོན་དམ་པར་རང་བཞིན་མེད་པར་འདོད་དེ། དབུ་མ་བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དབུ་མ་ཐལ་འགྱུར་བ་ནི་དཔྱད་རུང་མ་དཔྱད་རུང་དུས་གཏན་དུ་ཆོས་ཐམས་ཅད་སྤྲོས་པ་ཉེ་བར་ཞི་བ་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་པ་དང་། རྩ་བ་ཤེས་རབ་ལས། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དེ། །ཞེས་པ་དང་། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཀུན་རྫོབ་ལ་དབྱེ་ན་སྣང་ལ་དོན་བྱེད་མི་ནུས་པ་ཆུ་ཟླ་ལྟ་བུ་ལོག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་ནམ་མཁའི་ཟླ་བ་ལྟ་བུ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །དཔྱད་ན་ཡང་དག་དང་ལོག་པ་གཉིས་ཀ་ཡང་སྣང་བར་མཉམ་ཞིང་། གཞིགས་ན་དོན་ལ་མ་གྲུབ་པས་མཉམ་པའི་ཕྱིར་འཁོར་འདས་སྣང་སྲིད་ཐམས་ཅད་ད་ལྟ་ཉིད་ནས་རྣམ་དབྱེ་མེད་པར་མཉམ་པ་ཉིད་དུ་གནས་སོ། །དོན་དམ་བློ་ལས་འདས་པས་ངོ་བོ་ལ་དབྱེ་བ་མེད་ཀྱང་བློས་ཅུང་ཟད་དབྱེ་ན། ཆོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་སྟོངས་པ་དེ་ནི་གཤིས་ཀྱི་དོན་དམ་ཡིན་ཏེ། མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ཁམས་ལ་འགའ་ཞིག་གིས་བསྔགས་པ་བརྗོད་ཅིང་། འགའ་ཞིག་གིས་བསྔགས་པ་མ་ཡིན་པ་བརྗོད་ན་གང་བའམ་བྲི་བ་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོན་དམ་པ་གཅིག་པུ་ཞི་བའི་ར ང་བཞིན་བརྗོད་ཅིང་། གཞན་མུ་སྟེགས་བྱེད་ཀུན་ཏུ་རྒྱུ་རྣམས་ཀྱིས་རྟག་པ་ཐེར་ཟུག་པའི་ཆོས་སུ་བསྟན་ཡང་། ཡང་དག་པའི་དེ་བཞིན་ཉིད་ལ་གཉིས་སུ་གྱུར་པ་མེད་དོ། །ཞེས་སོ། །རྣལ་འབྱོར་པས་དོན་དེ་ཉིད་བསྒོམས་པས་སྤྲོས་པ་དང་བྲལ་བའི་བློ་སྐྱེས་པ་ནི་རྣམ་གྲངས་པའི་དོན་དམ་ཞེས་བྱ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་པ་ཡི་བརྡ་མཛད་དོ། །ཞེས་སོ། །འདི་ཉིད་བློའི་ཡུལ་ཡིན་པས་ཀུན་རྫོབ་བདེན་པ་མཚན་ཉིད་པ། དོན་དམ་བདེན་པ་བཏགས་པ་བར་བཤད་དོ། །ལྔ་པ་གསང་སྔགས་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་པ་དང་། ནང་པའོ། །ཕྱི་པ་ལ་གསུམ་ལས། བྱ་བའི་རྒྱུད་ལ་གཉིས་ལས། ངེས་ཚིག་ནི་ཀྲྀ་ཡ་སྟེ་ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་ཅེས་སོ། །དབྱེ་ན་གསུམ་ལས། གཞི་ཆོས་རྣམས་ངོ་བོ་ཉིད་མེད་པར་རྟོགས་ནས་ལྷ་ཡེ་ཤེས་སེམས་དཔའ་རྒྱལ་པོ་ལྟ་བུར་ལྟ་བ་ལས་དངོས་གྲུབ་འདོད་པའི་གཞི་བྱེད་དོ། །ལམ་ནི་ལྷ་བསྐྱེད་ནས་མཆོད་པ་འབུལ་བའི་དེ་ཁོ་ན་ཉིད་ལ་སོགས་པ་དཀའ་སྤྱད་གཙང་སྦྲའི་རང་བཞིན་ལ་བརྟེན་ནོ། །འབྲས་བུ་ནི་མི་ཚེ་བཅུ་དྲུག་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འདོད་དེ། ཀུན་བྱེད་ལས། ཀྲྀ་ཡས་བདག་དང་ལྷ་གཉིས་རྗེ་ཁོལ་ཚུལ། །མི་ཚེ་བཅུ་དྲུག་འབད་པས་གྲོལ་བར་འདོད། །ཅེས་སོ། །སྤྱོད་པའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ཨུ་པ་ཡ་སྟེ་སྤྱོད་པ་ཀྲྀ་ཡ་དང་མཐུན་ཞིང་སྒོམ་པ་ཡོ་ག་དང་མཐུན་པས་གཉིས་བྱས་ཀྱི་ཐེག་པ་ཞེས་བྱའོ། །དབྱེ་ན་གསུམ་ལས་གཞི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་བདག་དང་ལྷ་གཉིས་དམ་ཚིག་པ་ཡེ་ཤེས་པའི་ཚུལ་དུ་མཉམ་པོར་འདོད་པའི་ཐབས་ལས་དངོས་གྲུབ་འདོད་པ་རྟོག་པའོ། །ལམ་ནི་དེ་ལྟར་བསྒོམ་ཞིང་ཀྲྀ་ཡ་ལྟར་གཙང་སྦྲ་སྤྱོད་པའི་མི་ཚེ་བདུན་ན་གྲོལ་བར་འདོད་པ་ནི་འབྲས་བུ་སྟེ། སྔ་མ་ལས། ཨུ་པས་བདག་དང་ལྷ་གཉིས་མཉམ་པོར་མཐོང་། །གྲོགས་པོའི་ཚུལ་གྱིས་དངོས་གྲུབ་སྟེར་རེ་བ། །མི་ཚེ་བདུན་ན་གྲོལ་བའི་འབྲས་བུ་འདོད། །ཅེས་སོ། །རྣལ་འབྱོར་གྱི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་ཡོ་ག་སྟེ། སེམས་ཀྱི་སྒོམ་པ་གཙོ་ལ་ལྟ་སྤྱོད་གཉིས་གྲོགས་སུ་འདོད་པའོ། །དབྱེ་ན་གསུམ་ལས། གཞི་ནི་ངོ་བོ་ཉིད་མེད་པའི་ཤེས་རབ་དང་། བདག་ལྷར་གསལ་བ་ལ་ཡེ་ཤེས་པ་ཆུ་ལ་ཆུ་བཞག་པ་ལྟར་གནས་པས་གཞི་བྱེད་པའོ། །ལམ་ནི་དེ་ལྟར་བསྒོམ་ཞིང་གཙང་སྦྲ་ཀུན་ཏུ་སྤྱོད་པ་གྲོགས་སུ་ལྡན་པས། འབྲས་བུ་མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་སར་གྲོལ་བར་འདོད་དེ། སྔ་མ་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །གསང་སྔགས་ནང་པ་ལ་ཡང་གསུམ་ལས། །རྣལ་འབྱོར་པའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་མ་ཧཱ་ཡོ་གའི་སྒྲ་ལས་ཐབས་ཤེས་ཀྱི་རྣལ་འབྱོར་བསྐྱེད་པ་དང་རླུང་གཙོ་བས་གྲོལ་བར་འདོད་དོ། །དབྱེ་ན་གསུམ་ལས། གཞི་ཡེ་ནས་དག་པས་ལྷའི་དཀྱིལ་འཁོར་དང་རླུང་གི་བྱེད་པ་ལ་སོགས་པའོ། །ལམ་ནི་དེ་དག་བསྒོམ་པའོ། །འབྲས་བུ་ནི་ཚེ་འདི་ཉིད་དུ་གྲོལ་བར་འདོད་པ་སྟེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གི་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པས། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་སོ། །ཤེས་རབ་མའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་ཨ་ནུ་ཡོ་ག་སྟེ་ཤེས་རབ་རྫོགས་པའི་རིམ་པ་དབྱིངས་དང་ཡེ་ཤེས་གཉིས་མེད་དུ་འདོད་པའོ། །དབྱེ་ན་གསུམ་ལས། གཞི་ཡེ་ནས་དག་པ་ལྷའི་རང་བཞིན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ལམ་དེ་ཉིད་བསྒོམ་པའོ། །འབྲས་བུ་ཚེ་འདིར་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་སྟེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེ་དེ་སུ་སྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོ། །གཉིས་སུ་མེད་པའི་རྒྱུད་ལའང་གཉིས་ལས། ངེས་ཚིག་ནི་ཨ་ཏིའི་སྒྲ་ལས་སྐྱེ་བ་མེད་པའི་ངོ་བོ་ཉིད་དམ་ཀུན་གྱི་སྙིང་པོ་ལ་འཇུག་པས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་ནོ། །དབྱེ་ན་གསུམ་ལས། གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་སོ་ཅོག་ཡེ་ནས་སངས་རྒྱས་པའི་རང་བཞིན་ནོ། །ལམ་བསྐྱེད་རྫོགས་གཉིས་སུ་མེད་པ་བླང་དོར་རེ་དོགས་ལས་འདས་པར་བྱེད་པའོ། །འབྲས་བུ་ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པར་བྱེད་པ་སྟེ་ཐེག་པ་འདིར་ཐམས་ཅད་རྫོགས་པ་ཉིད། ལེ་ལག་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་དང་། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་སོ། །དེ་དག་གིས་སྤྱིའི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ཐེག་པའི་དབྱེ་བ། གང་གི་གཉེན་པོར་གསུངས་ཚུལ། དེ་དག་གི་དོན་བཤད་པའོ། །དང་པོ་ནི། སྤྲུལ་པ་སྐུའི་གསུང་རབ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཐེག་པ་ལྔར་བསྟན་པ་འདི་ལྟ་སྟེ། སེམས་ཅན་རྣམས་འདུལ་བའི་དབང་གིས་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་། དགེ་བ་བཅུ་བསྟན་པ་གཟུགས་མེད་དང་གཟུགས་དང་འདོད་པའི་ཁམས་ཀྱི་ལྷའི་ཐེག་པ་དང་དགེ་བ་བཅུ་ཉིད་མིའི་ཐེག་པ་དང་། བདེན་པ་བཞིའི་རང་བཞིན་སྤོང་ལེན་དུ་བྱེད་པའི་དམིགས་ཡུལ་ཆོས་དང་ཆོས་སུམ་ཅུ་རྩ་བདུན་བསྒོམས་པས་དགྲ་བཅོམ་མངོན་དུ་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་། རྟེན་འབྲེལ་དང་ལམ་ལྔ་བསྒོམས་པས་ཡིད་བཞིན་བདེ་བ་མཆོག་གི་སར་བགྲོད་པ་རང་སངས་རྒྱས་ཀྱི་ཐེག་པ་དང་། བདག་མེད་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུས་སངས་རྒྱས་མངོན་སུམ་དུ་བྱེད་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་དུ་ཤེས་ཤིང་ལམ་ཟབ་མོ་བསྒོམས་པས་ཚེ་འདིར་གྲོལ་བ་གསང་སྔགས་བླ་ན་མེད་པའི་ཐེག་པས་ཞེས་སོ། །གཉིས་པ་ནི། འགྲོ་བའི་རྒྱུད་ཀྱི་མ་རིག་པའི་རྣམ་པར་རྟོག་པས་བསྐྱེད་པའི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ་ཆ་མཉམ་པ་སྔགས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་སྟེ་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བྱུང་གི་ཡེ་ཤེས་ལས་འཕྲོས་པའི་སྟོན་པ་རྣམས་ཀྱིས་གདུལ་བྱའི་སྣང་བ་དང་མཐུན་པར་སྔར་ཡང་གསུངས་སོ། །ད་ལྟར་ཡང་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་ན་གསུང་ངོ་། །མ་འོངས་པ་ནའང་གསུང་བར་འགྱུར་རོ། །གསུམ་པ་ནི་ཆོས་ཀྱི་རྣམ་གྲངས་ཐེག་པ་སྔར་གསུངས་པ་དེ་དག་ཐམས་ཅད་ཀྱང་། ཕྱི་གཟུང་བ་རགས་པར་འདོད་པ་ཐ་མལ་པའི་བློ་ལས་ཁྱད་པར་དུ་འཕགས་པས་རྡུལ་ཕྲན་ཆ་མེད་དོན་དམ་པའི་བདེན་པར་ཤེས་པ་གཟུང་བ་བདག་མེད་པ་དང་ནང་གི་སེམས་ཀྱང་སྐད་ཅིག་མ་སྟེ། དེ་ཀྱང་བདག་མེད་པར་ཤེས་པས་ཕུང་པོ་ལ་བདག་ཏུ་འཛིན་པའི་གཉེན་པོ་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་། ཕྱི་སྣང་བའི་ཡུལ་རྡུལ་ཕྲན་ཆ་མེད་དུའང་དོན་དམ་པར་མ་གྲུབ་ཅིང་ཀུན་རྫོབ་ཏུ་རྫིང་བུར་ཤར་བའི་གཟུགས་བརྙན་དང་འདྲ་བར་རྟོགས་པས་ཕྱིའི་རྟེན་ཅིང་འབྲེལ་བས་འབྱུང་བ་རྫུན་པར་ཤེས་ཤིང་། མ་རིག་པ་ཡོད་ན་འདུ་བྱེད་ནས་རྒ་ཤིའི་བར་དུ་འབྱུང་ཞིང་། མ་རིག་པ་ལོག་ན་རྒ་ཤིའི་བར་དུ་འཁོར་བའི་འཁོར་ལོ་ལྡོག་པར་ཤེས་ནས། གང་ཟག་གི་བདག་དང་། ཕྱི་སྣང་བ་ཆོས་ཀྱི་བདག་བྱེད་པོ་མེད་པར་རྟོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་ཆོས་ཀྱི་ཕྱེད་ཕྱི་ཡུལ་ལ་བདག་ཏུ་འཛིན་པའི་གཉེན་པོ་བྱེད་པ་རང་སངས་རྒྱས་ཀྱི་ཐེག་པ་དང་། དེ་ལྟར་བདག་མེད་ཕྱེད་དང་གཉིས་ཀྱི་སྟེང་དུ་སྒོམ་བྱེད་གཉེན་པོའི་བློ་ནང་ཆོས་ཀྱི་བདག་ཏུ་འཛིན་པ་སེམས་འཁྲུལ་པ་ཡུལ་དུ་བྱེད་པ་ལས། བྱང་ཆུབ་སེམས་དཔས་དེ་ཡང་མ་གྲུབ་པར་རྟོགས་པའི་ཆ་ནས་ཁྱད་པར་དུ་འཕགས་པར་འདོད་པ་བདག་མེད་གཉིས་མངོན་སུམ་དུ་བྱེད་པ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། རྒྱུ་ལས་དཀར་ནག་དང་ལས་ཀྱི་འབྲས་བུ་སོ་སོར་སྨིན་པ་ཆུད་མི་ཟ་བར་སྟོན་པ་ལྷ་དང་མིའི་ཐེག་པ་སྟེ། ལས་བརྒྱ་བ་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ལྟར་རོ། །དེ་ནི་ཕྱི་རོལ་པ་ལས་འབྲས་མེད་པར་འདོད་པ་ལས་ཁྱད་པར་དུ་འཕགས་སོ། །དེའང་མི་དང་ལྷའི་ཐེག་པ་ལ་བརྟེན་ནས་ཐར་བ་བསྒྲུབ་དགོས་པར། རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་ཡི་ཆོས་ལུགས་ལེགས་སྤྱད་ན། །རིམ་གྱིས་ཐར་པ་གམ་ན་འདུག །ཅེས་པ་དང་། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་ན། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་པ་ལྟར་རོ། །དངོས་པོ་དང་མཚན་མར་འཛིན་པའི་ལས་དང་ལས་ཀྱི་འབྲས་བུས་ལུས་ལ་མི་གོས། ངག་ལ་གོས་པར་མི་འགྱུར། སེམས་ལ་གོས་སུ་མེད་པ་སྒོ་གསུམ་ཡེ་ནས་དཀྱིལ་འཁོར་གསུམ་དུ་ཤེས་པས་ཐ་མལ་གྱི་སྣང་བ་མེད་དེ། གནས་ལུགས་སྟོང་པའི་མཐར་ཐུག་པ་རྟོགས་པ་ནི་བླ་ན་མེད་པ་གསང་སྔགས་ཀྱི་ཐེག་པ་མཆོག་གོ། །གཉིས་པ་གདུལ་ཡུལ་འགྲོ་བ་དང་ཆོས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འཁོར་བའི་རང་བཞིན་ཆོས་ཉིད་དུ་བསྟན་པ་དང་། ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པར་བསྟན་པའོ། །དང་པོ་ལ་དྲུག་སྟེ། དོན་གྱི་འབྲེལ་དགོད་པ། མ་རིག་པས་འཁོར་བར་སྣང་ཚུལ། སྣང་དུས་ཉིད་ནས་རང་བཞིན་ཆོས་ཉིད་དུ་བསྟན་པ། འཁྲུལ་སྣང་སེམས་ཀྱི་ཆོ་འཕྲུལ་དུ་བསྟན་པ། འཁྲུལ་རྟོག་གཞི་མེད་རྩ་བ་དང་བྲལ་བ། རྣམ་རྟོག་ཡེ་ཤེས་ཀྱི་རོལ་པར་བསྟན་པའོ། །དང་པོ་ནི། འདུལ་བ་བཞིའི་ཆོ་འཕྲུལ་བསྟན་པ་དེ་ནས་རང་སྣང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་ནི་ཕྱི་ནང་གི་ཆོས་མ་དག་པ་སྣོད་བཅུད་ཀྱི་རྣམ་པར་སྣང་བ་ཇི་སྙེད་པས་བསྡུས་པའི་འཇིག་རྟེན་འཁྲུལ་པའི་ཆོས་འདི་ཐམས་ཅད་རྨི་ལམ་དང་འདྲ་སྟེ། གནས་ལུགས་ཡེ་ནས་སངས་རྒྱས་པའི་ངོ་བོར་མ་རིག་པས་གཉིད་འཐིབས་པོ་ཆས་ནོན་ཏེ། གཉིས་སུ་རྟོག་པའི་གཟུང་འཛིན་གྱིས་རྐྱེན་བྱས་པས། ཕྱི་རོལ་དཀར་དམར་སྣ་ཚོགས་ཀྱི་ཡུལ་དང་ནང་འགྲོ་བའི་རྣམ་པ་ཚད་མེད་པ་སྣང་སྟེ། འཁྲུལ་པའི་རྒྱུ་ལས་འཁྲུལ་སྣང་གི་འབྲས་བུ་ཤིང་རྟའི་འཕང་ལོ་ལྟར་བྱུང་བའི་རྟེན་འབྲེལ་ཕྱི་ནང་གཉིས་སུ་སེམས་ཅན་འཁོར་ཏེ། ཡུལ་དང་སྣང་བ་མི་མཐུན་པའི་བྱེ་བྲག་བདེ་བ་དང་སྡུག་བསྔལ་སྣ་ཚོགས་མྱོང་ཞིང་གཏན་དུ་འཁོར་བའི་གྲོང་ཁྱེར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྣང་བར་འགྱུར་རོ། །གསུམ་པ་ནི་དེ་ལྟར་སྣང་ཡང་འཁོར་བའི་རང་བཞིན་ཡེ་ནས་གྲོལ་བའི་ཆོས་ཉིད་མཉམ་རྫོགས་ཆེན་པོ་ལས་ཉམས་པ་མེད་དེ། རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཏིང་འཛིན་རྒྱལ་པོ་ལས། རྒྱལ་པའི་སྲས་པོ་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་ཡོངས་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་དང་། །མཁས་པ་བྱིས་པ་དག་དང་རྩོད་མི་བྱེད། །ཅེས་སོ། །དེའང་འཁོར་བར་སྣང་དུས་ཉིད་ནས་དོན་ལ་མ་གྲུབ་པས་ཡང་དག་པའི་གནས་ལུགས་ཡིན་ལ། ཀུན་རྫོབ་སྒྱུ་མའི་ཚུལ་ཙམ་དུ་གཉིས་སུ་སྣང་བ་ཉིད་དཔྱད་ན་རྨི་ལམ་གྱི་སྣང་བ་དང་རྨི་བ་པོ་རང་གི་སེམས་གཉིས་ཐ་དད་དུ་མ་གྲུབ་པ་བཞིན་དུ། འཁོར་མཁན་བདག་དང་འཁོར་འདས་བདག་གིར་གཟུང་བའི་ཡུལ་གཞན་མེད་དེ། སེམས་ཉིད་དེ་ལྟར་སྣང་བའི་ཕྱིར་རོ། །དེ་སྐད་དུའང་ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཉིད་ནི། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་སོ། །དེས་ན་འཁོར་བ་སྣང་དུས་རྣམ་པར་དག་ཅིང་རང་སྣང་དབྱིངས་སུ་རྣམ་པར་དག་པའི་ཆོས་ཉིད་དུ་ཡེ་ནས་ཚུལ་གཅིག་པས་ཆོས་སྐུ་ལྷུན་རྫོགས་ཀྱི་དགོངས་པ་འཁོར་འདས་ཐམས་ཅད་ལ་ཡེ་ཁྱབ་ཆེན་པོར་ཆམ་གཅིག་གོ། །དེ་སྐད་དུའང་རྩ་བ་ཤེས་རབ་ལས། འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འདི་གཉིས་ཀྱི་ནི་ཁྱད་པར་དང་། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བ་མཉམ་ཉིད་ངང་། །ཞེས་སོ། །བཞི་པ་ནི་བདག་དང་བདག་གིར་འཛིན་པར་རང་དང་གཞན་ཐ་དད་པ་རྣམས་སུ་བློས་གཟུང་བ་ནི་རང་གི་ལོག་པར་རྟོག་པ་ཙམ་ཉིད་ལས་དོན་ལ་གྲུབ་པ་མེད་དེ། ལོག་པར་རྟོག་པ་དེ་ཉིད་བཙལ་ན་ཕྲ་ཞིང་ཕྲ་བའི་ཆོས་སུའང་མེད་པས། དེ་ལས་ཐ་དད་པའི་ཆོས་ཉིད་ཟབ་པའང་ལོགས་སུ་ཡོད་པ་མ་ཡིན་ཏེ། ལོག་རྟོག་ཉིད་ཆོས་ཉིད་དུ་གནས་པའི་ཕྱིར་རོ། །དེ་སྐད་དུའང་སློབ་དཔོན་པདྨའི་སངས་རྒྱས་མཉམ་སྦྱོར་ལས། རྟོག་པ་ཆོས་ཉིད་ཡིན་ཤེས་ན། །ཆོས་དབྱིངས་གཞན་ཞིག་བསྒོམ་རྒྱུ་མེད། །ཅེས་པ་དང་། བསྐྱེད་རྫོགས་ལས་ཀྱང་། རྣམ་པར་རྟོག་པ་བགེགས་ཉིད་དེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཡེ་ནས་སེམས་ཉིད་དག་ཤེས་ན། །བགེགས་ཞེས་བྱ་བ་གཞན་ན་མེད། །ཅེས་པ་དང་མཐུན་ནོ། །དེའང་འཁོར་བའི་གཟུང་འཛིན་དུ་སྣང་བ་འདི་དག་ཡུལ་ལོག་རྟོག་གི་སྣང་བ་རྨི་ལམ་ལྟ་བུ་ཉིད་ལ་ཡུལ་ཅན་རང་གི་ལོག་རྟོག་ཉིད་སྤྱོད་དེ་འཁྲུལ་པར་སྣང་ཡང་། དོན་ལ་སེམས་ཉིད་དེ་བཞིན་ཉིད་གནས་ལུགས་ལས་གཞན་དུ་གཡོ་བ་ཅི་ཡང་མེད་དེ། འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་ལས་མ་གཡོས་པའམ་དགག་སྒྲུབ་ཀྱི་རྣམ་རྟོག་སེམས་ཉིད་ཀྱི་ངང་ལས་མ་གཡོས་པ་བཞིན་ནོ། །དེ་སྐད་དུ་ཡང་ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལས་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་སོ། །ལྔ་པ་ནི། དེ་ལྟར་གཟུང་འཛིན་འཁྲུལ་པར་སྣང་བའི་ལོག་རྟོག་གི་རྒྱུ་དང་དེས་བསྐྱེད་པའི་འབྲས་བུ་སྐད་ཅིག་སྔ་ཕྱི་རིམ་ཅན་དུ་འབྲེལ་བར་སྣང་བའི་རྒྱུ་ཉིད་ཀྱང་བརྟགས་ན་མེད་དེ། རིག་པའི་ངོ་བོ་ལ་གཞི་དང་རྩ་བ་མེད་པའི་ཆོས་དབྱིངས་གདོད་ནས་དག་པའི་གནས་ལུགས་སུ་གནས་ཤིང་། སྣ་ཚོགས་སུ་འཆར་དུས་ཉིད་ནའང་རྒྱུན་དུ་མེད་དེ་སྐད་ཅིག་མ་སིལ་བུའི་རང་བཞིན་ནོ། །དེའང་འདས་པའི་སྐད་ཅིག་མ་འགགས། མ་འོངས་པ་མ་རྙེད། ད་ལྟའི་སྐད་ཅིག་མ་ཡང་བརྟགས་ན་ཕྱི་ནང་བར་གསུམ་ན་མེད་པས་སྐད་ཅིག་མ་ཙམ་དུ་ཡང་མེད་པའི་ཕྱིར་རིག་པ་ཡེ་ནས་རྣམ་པར་དག་པའི་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངོ་བོ་ཉིད་དུ་གནས་པའི་ཚུལ་ཏེ། དཀོན་ཅོག་བརྩེགས་པ་ལས། འོད་སྲུངས་སེམས་དེ་ནི་ཀུན་ཏུ་བཙལ་ན་ནང་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་རོལ་ན་ཡང་ཡང་དག་པ་རྗེས་སུ་མི་མཐོང་། དེ་གཉིས་ཀའི་བར་ན་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ནམ་མཁའ་ལྟ་བུའོ། །ཞེས་སོ། །དྲུག་པ་ནི། སྣང་སེམས་ཐམས་ཅད་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་ཡུལ་གདོད་ནས་དག་པའི་ཆོས་ཉིད་ལ་ཡུལ་ཅན་བློའི་རོལ་པ་སྣ་ཚོགས་སུ་འཆར་ཞིང་དབང་སྒྱུར་བ་ཐམས་ཅད་རང་སྣང་བའི་ཡེ་ཤེས་ཉིད་ཡེ་ཤེས་ཉིད་ལ་སྤྱོད་པའི་ཕྱིར་ན། བདག་དང་གཞན་དུ་འཛིན་པར་བྱེད་པ་དང་དགག་སྒྲུབ་དུག་ལྔར་ཤར་བའི་རྟོག་པའི་རྒྱུན་ཐམས་ཅད་ཡེ་ཤེས་རོལ་པ་ཡིན་པས་ཡེ་ནས་རྣམ་པར་དག་པ་བླ་ན་མེད་པའི་ཐེག་པའི་མཆོག་ཡིན་ཏེ། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །ཞེས་པ་དང་། མ་བསམ་མ་སྦྱངས་ཆོས་བཞིན་དུ། །རྣམ་རྟོག་ཉིད་ལས་ཡེ་ཤེས་སྐྱེ། །ཞེས་པ་དང་། ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་བཅོས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཅེས་སོ། །གཉིས་པ་ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པར་བསྟན་པ་ལ་དྲུག་སྟེ། ཐེག་པ་བཞིས་ངེས་པར་འབྱུང་བའི་འབྲས་བུ་བླ་ན་མེད་པའི་ཐེག་པར་བསྟན་པ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། སྟོན་པ་དང་བསྟན་པ་འཕོ་འགྱུར་མེད་ཀྱང་གདུལ་བྱའི་དོན་དུ་གང་ལ་གང་འདུལ་དུ་བསྟན་པ། རང་བཞིན་གསང་བའི་སྙིང་པོ་ཐེག་པ་ཀུན་གྱི་འཕྲོ་གཞིར་བསྟན་པ། དེ་ཉིད་མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་དུ་བསྟན་པ། དེ་ཐམས་ཅད་མིང་ཚིག་བཏགས་པ་ཙམ་ལས་གནས་ལུགས་གང་དུ་ཡང་མ་གྲུབ་པར་བསྟན་པའོ། །དང་པོ་ནི་སྔར་བསྟན་པའི་ཐེག་པ་བཞི་ཡིས་རང་རང་གི་མི་མཐུན་ཕྱོགས་འཁོར་བའི་སྡུག་བསྔལ་དང་ཐེག་པ་དམན་པ་ལ་སོགས་པ་ལས་ངེས་པར་འབྱུང་བར་བྱེད་ལ། དེ་དག་གིས་ངེས་པར་འབྱུང་བའི་མཐར་བླ་ན་མེད་པའི་ཐེག་པ་རང་བཞིན་རྫོགས་པ་ཆེན་པོ་དང་འཕྲད་དེ་བླང་དོར་རྩོལ་སྒྲུབ་ལས་འདས་པའི་ཆོས་ཉིད་རྟོགས་པའི་རང་བཞིན་གཅིག་གི་འབྲས་བུ་སངས་རྒྱས་ཀྱིས་སར་གནས་པར་བྱེད་དེ། ཀུན་བྱེད་ལས། སྟོན་པའི་ཐེག་པ་རང་བཞིན་དགུ་པོ་ཡང་། །རང་བཞིན་རྫོགས་པ་ཆེན་པོར་བགྲོད་པའི་ལམ། །བླང་དོར་མེད་པའི་ཆོས་ཉིད་འདི་རྟོགས་ནས། །ཇི་བཞིན་པ་ལ་རང་བཞིན་ལྷུན་གྱིས་གྲུབ། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་བརྡལ། །ཞེས་སོ། །གཉིས་པ་ནི། གནས་ལུགས་ཀྱི་དོན་ཡང་དག་པར་རྟོགས་པའི་རྣལ་འབྱོར་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་རིག་པས་རབ་ཏུ་བརྟགས་ན་གནས་ལུགས་རང་བཞིན་མེད་པའི་ངང་ལས་སྣང་ལུགས་རྐྱེན་གྱི་འཆར་ཚུལ་ཅིར་ཡང་གྲུབ་པ་ནི་ནམ་མཁའི་ཆོ་འཕྲུལ་དང་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པའི་དཔེས་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་འཁོར་ལོ་དག །བྱུང་ནས་ཞིག་སྟེ་སྤྲིན་གྱི་འཁོར་ལོ་མེད། །ཐོག་མ་གང་ལས་བྱུང་བ་བལྟ་བར་གྱིས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སྐྱེ་བོ་མང་པོའི་དབུས་དག་ན། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་མི་བདེན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་བའི་མཚོར་སྣང་ཡང་། །ཆུ་ཟླ་སྟོང་པ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀ་ཉི་མ་ཕྱེད་དུས་ན། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་དག །སྨིག་རྒྱུ་འགྱུ་བ་ཆུ་ཡི་ཕུང་པོར་སྣང་། །དེ་ལ་བརྟགས་ན་ཆུ་ནི་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང་། ལྗོན་པས་ཞུས་པའི་མདོ་ལས། ཇི་ལྟར་མེ་ལོང་ངོས་དག་ལ། །བཞིན་གྱི་དཀྱིལ་འཁོར་སྣང་བ་ལྟར། །དེ་ལྟར་རང་བཞིན་མ་གྲུབ་པ། །ཆོས་རྣམས་ལྗོན་པས་ཤེས་པར་གྱིས། །ཞེས་པ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་བཞིན་དུ་སྣང་ལ་སྣང་དུས་ཉིད་ནས་ངོ་བོ་གང་དུའང་མ་གྲུབ་པའི་ཆོ་འཕྲུལ་དུ་ཤེས་པར་བྱའོ། །གསུམ་པ་ནི་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་མཐར་ཐུག་གི་བགྲོད་བྱར་གྱུར་པ་ཀུན་ཏུ་བཟང་པོ་ལྟ་བུ་ནི་དུས་ཐམས་ཅད་དུ་སྐུ་གསུམ་འདུ་འབྲལ་མེད་པར་བཞུགས་པས་མྱ་ངན་ལས་ཡོངས་སུ་མི་འདའ་བ་ཡིན་ཞིང་། དེའི་བསྟན་པ་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་ཀྱང་ནུབ་པར་མི་འགྱུར་ཏེ། དུས་གསུམ་འཕོ་འགྱུར་མེད་པའི་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་སྐད་དུའང་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་སོ། །སངས་རྒྱས་སྐུ་གསུམ་གྱི་རང་བཞིན་རྟག་པ་སྟེ་རྒྱུན་དུ་གནས་པ་ནི། སྐུ་གསུམ་བསྟན་པའི་མདོ་ལས། ཆོས་ཀྱི་སྐུ་ནི་ངོ་བོ་ཉིད་ཀྱི་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་གྱི་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པའི་རྟག་པའོ། །ཞེས་པ་དང་། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་པ་དང་། དབུ་མ་འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་སོ། །དེའང་ཆོས་སྐུ་དང་ལོངས་སྐུ་ནི་གཞུང་ཕལ་ལས་རྟག་པར་འདོད་ཅིང་། སྤྲུལ་པའི་སྐུ་ནི་འདི་ལས་ཆུ་ཟླ་ལྟར་འགྲོ་བ་ལ་སྣང་གིས་རང་མཚན་དུ་གདུལ་བྱའི་ངོར་མ་གྲུབ་པས་རྟག་མི་རྟག་ལས་འདས་པའི་ཆོས་ཉིད་ཁོ་ན་ལ་རྟག་པ་ཅེས་འདོད་དོ། །དེ་ལྟར་སྐུ་གསུམ་འདུ་འབྲལ་མེད་པས་ངོ་བོ་འཕོ་འགྱུར་མེད་ན་ཡང་། དེའི་ངང་ལས་ལྷུན་གྱིས་གྲུབ་པའི་སྤྲུལ་པ་མཛད་པ་བཅུ་གཉིས་ལྟ་བུར་འཕྲོས་ཏེ་གནས་ལུགས་མ་རིག་པའི་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པས་གདུལ་བའི་ཕྱིར་སོ་སོའི་སྣང་བ་དང་མཐུན་པའི་སྤྲུལ་པའི་སྐུ་རང་བྱུང་དུ་བྱུང་ནས་དོན་མཛད་པའི་མཐར་མྱ་ངན་ལས་འདའ་བར་སྟོན་ཏེ། རྒྱུད་བླ་མ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་པ་དང་། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་པ་ལྟར་རོ། །བཞི་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ་སྟེ། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་པ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ་སྟེ། དེ་ཉིད་ལས། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་སྡེ་ཉིད། །ཅེས་སོ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཆོས་མངོན་པར་སྡེ་སྣོད་དེ། དེ་ཉིད་ལས། མངོན་འདུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །ཁྲུས་དང་གཙང་སྦྲ་ལ་སོགས་ལུས་ངག་གི་དམ་ཚིག་གཙོ་བོར་སྟོན་པ་ཀྲྀ་ཡ་དང་། སྤྱོད་པ་བྱ་བ་དང་ལྟ་བ་རྣལ་འབྱོར་ལྟར་བྱེད་པས་སངས་རྒྱས་སྒྲུབ་པ་ཨུ་པ་དང་། ལུས་ངག་གི་སྤྱོད་པ་གྲོགས་ཙམ་ལས་སེམས་ཀྱི་སྒོམ་པ་གཙོ་བོར་སྟོན་པས་མཆོག་གྲུབ་པ་ཡོ་ག་དང་། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་སྐུའི་རྒྱུད་གཤིན་རྗེ་དགྲ་ནག་ལ་སོགས་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་གསུང་གི་རྒྱུད་རྟ་མཆོག་རོལ་པ་ལ་སོགས་པ་དང་། རང་བཞིན་གཉིས་སུ་མེད་པར་སྟོན་པ་ཐུག་ཀྱི་རྒྱུད་གསང་བ་འདུས་པ་དང་དཔལ་ཡང་དག་ལ་སོགས་པ་སྟེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་རྣམས་སུ་དམ་པའི་ཆོས་སུ་རབ་ཏུ་གྲགས་པ་ཐམས་ཅད་གསང་བའི་སྙིང་པོ་གནས་ལུགས་རྫོགས་པ་ཆེན་པོའི་རང་བཞིན་ལས་འཕྲོས་ཏེ། གྲུབ་པའི་མཐའ་དང་སྙིང་པོའི་དོན་ཐམས་ཅད་ཀྱི་མཐར་ཐུག་པ་རྫོགས་པ་ཆེན་པོར་འདུས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཀུན་བྱེད་ལས། སྤྱི་འདུས་སྒོས་འདུས་ཐམས་ཅད་འདུས། །རང་བཞིན་རྫོགས་པ་ཆེན་པོར་འདུས། །འདི་ཉིད་ཀུན་གྱི་སྙིང་པོ་སྟེ། །འདི་རུ་མ་འདུས་གང་ཡང་མེད། །ཅེས་སོ། །ལྔ་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་སྡེ་སྣོད་གསུམ་པོ་ཀུན་དང་རྒྱུད་སྡེ་དྲུག་པོ་ཀུན་གྱི་འཕྲོ་གཞིར་གྱུར་པས་འབྱུང་གནས་ཀྱང་ཡིན་ལ། དོན་གྱི་སྙིང་པོ་འདུས་པས་གཏན་ལ་ངེས་པར་འབེབས་པའི་གཞི་དང་དབབ་བྱའི་ཡུལ་དུ་གནས་ཤིང་། འདི་ཉིད་དེ་ཐམས་ཅད་ཀྱི་གཏན་ལ་འབེབས་བྱེད་ཀྱང་ཡིན་ཏེ། ཀུན་བྱེད་ལས། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །རང་བཞིན་སྙིང་པོ་འདིར་འདུས་ཤིང་། །མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་ཡིན། །ཞེས་སོ། །དྲུག་པ་དེ་ལྟར་ཐེག་པ་ལྔ་གཏན་ལ་འབེབས་བྱེད་དུ་བསྟན་པ་དང་། དབབ་བྱའི་ཡུལ་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཐམས་ཅད་དོན་ལ་གྲུབ་པ་མེད་པས་མིང་དུ་བཏགས་པ་ཙམ་སྟེ། མདོ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་བརྡ་ཙམ་བཏགས་པ་ཙམ་སྟེ་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་མེད་དོ། །ཞེས་སོ། །སུས་བཏགས་ན་ལྷ་མིའི་སྟོན་པ་སངས་རྒྱས་ཀྱིས་སྣང་ཙམ་མ་འགགས་པ་ཀུན་རྫོབ་ཀྱི་བདེན་པའི་དོན་དང་རེ་ཞིག་མཐུན་པའི་ཕྱོགས་སུ་མཛད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཅེས་པ་ལ་སོགས་པའི་མིང་དང་ཚིག་ཏུ་བཏགས་ནས་བསྟན་ཏོ། །དགོས་པ་ནི་དོན་གྱི་གནས་ལུགས་བློས་རྟོགས་པར་བྱ་བའི་ཕྱིར་རོ། །དེ་ལྟར་མིང་ཚིག་ཏུ་བཏགས་ནས་སྟོན་པའི་དུས་ཉིད་ན་མིང་ཚིག་ལ་དངོས་པོ་མེད་དེ། ནམ་མཁའ་ཞེས་བརྗོད་དུས་ན་མིང་ཚིག་དེ་ཉིད་ནམ་མཁའི་ཁམས་ལ་ནི་གྲུབ་པ་མེད་ཅིང་། ལུས་དང་སེམས་ལ་ནམ་མཁའི་མིང་ཚིག་ཀྱང་མེད་དེ། གང་ནས་ཀྱང་ནམ་མཁའི་མིང་ཚིག་མི་རྙེད་པས་དངོས་པོ་དང་ངོས་གཟུང་མེད་དོ། །དེ་ཉིད་ནམ་མཁའི་དོན་དང་དབྱེར་མེད་པས་ཆོས་ཐམས་ཅད་བློས་མིང་ཚིག་ཏུ་བཏགས་ཀྱང་མིང་དོན་གང་དུའང་གྲུབ་པ་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ལ་ལ་ཞིག་ལ་བུ་བཙས་ནས། །དེ་ཡི་མིང་ནི་ཐ་དད་དེར་བཏགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ཏུ་བཙལ་ན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་རོ། །དེ་ལྟར་ཆོས་ཐམས་ཅད་བརྗོད་དུ་མེད་པའོ་ཞེས་ཆེད་དུ་བརྗོད་དོ། །གསུམ་པ་འཁོར་འདས་སེམས་དང་ཡེ་ཤེས་ཀྱི་རང་སྣང་དུ་དོན་བསྡུ་བ་ལ་གཉིས་ཏེ། རང་སྣང་དུ་སྟོན་པའི་རྒྱུ་བརྗོད་པ་དང་། ཇི་ལྟར་བསྟན་པ་དངོས་པོ། །དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་བརྗོད་པ། དེ་ནས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐབས་དང་ཤེས་རབ་གཉིས་སུ་མེད་པ་དེ་ཉིད་ཀྱི་གསང་བ་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་འདི་སྐད་ཅེས་ཕྱུང་ངོ་། །གཉིས་པ་ལ་གཉིས་ཏེ། སེམས་ཅན་གྱི་འཁྲུལ་སྣང་སེམས་ཀྱི་རང་སྣང་དུ་བསྟན་པ་དང་། སངས་རྒྱས་ཀྱི་ཞིང་སྣང་ཡེ་ཤེས་ཀྱི་རང་སྣང་དུ་བསྟན་པའོ། །དང་པོ་ནི་ཐམས་ཅད་རང་སྣང་ཡིན་པས་ངོ་མཚར་བར་བསྟན་པའི་ཕྱིར་ཨ་ཧོཿཞེས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་དང་དེས་རྒྱུ་བྱས་ཏེ་འཁོར་བའི་གནས་སྐབས་ན་འཁྲུལ་སྣང་སྣ་ཚོགས་སྲིད་པ་ཁམས་གསུམ་གྱི་རྩ་བར་གྱུར་པའི་ཉེས་དམིགས་ཐམས་ཅད་ནི་ང་དང་བདག་ཏུ་རྟོག་ལས་འཕྲོས་ཏེ། འཁོར་བར་འཁྲུལ་དུས་ན་ལྷ་ལ་སོགས་པའི་འགྲོ་བ་རྒྱུད་དྲུག་སོ་སོའི་སྣང་བ་ལ་སྐྱེ་བ་དང་། སྲོག་གི་དབང་པོ་འགགས་པས་འཆི་བ་དང་། རང་རང་གི་ལུས་སྣ་ཚོགས་དང་བདུད་རྩི་དང་བུ་རམ་ཤིང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་དང་ལྷའི་གནས་ལ་སོགས་པ་སོ་སོའི་ཡུལ་དུ་སྣང་བ་སྣ་ཚོགས་པ་དང་། འཆི་འཕོ་ལྟུང་བ་ལ་སོགས་པ་སྡུག་བསྔལ་གྱི་འཕྲུལ་འཁོར་དང་། ལ་སོགས་པའི་ཁོངས་ནས་བདེ་བ་དང་བར་མའི་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་འགྲོ་བ་དེ་དག་གི་མ་རིག་པས་བསྐྱེད་པའི་ལོག་རྟོག་བག་ཆགས་འཁྲུལ་པའི་སེམས་ཀྱི་རང་སྣང་རྨི་ལམ་ལྟ་བུ་ཉིད་ལས་ཕྱི་རོལ་དོན་གཞན་ཐ་དད་དུ་གྲུབ་པ་ཅི་ཡང་མེད་དོ། །དེ་སྐད་དུ་ཡང་དྲན་པ་ཉེར་གཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཅིང་སེམས་ཀྱིས་བྱས། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་པ་ལྟར་རོ། །གཉིས་པ་ནི། ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་འཁོར་འདས་ཡེ་ནས་སངས་རྒྱས་པའི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་ཡེ་ནས་མཁྱེན་པ་སོ་སོ་རང་གི་རིག་པ་ལ་མངའ་བརྙེས་པའི་ཐུགས་རང་བྱུང་གི་ཡེ་ཤེས་ཏེ། དེ་ལ་སྣང་བའི་ཆོས་རྣམས་ལ་ཕྱི་གཟུང་བའི་ཡུལ་གཞན་དུ་དམིགས་པར་བྱ་བ་དང་། ནང་འཛིན་པའི་སེམས་བདག་ཏུ་དམིགས་པར་བྱེད་པ་གཉིས་སུ་མེད་པར་ཡེ་ཤེས་ཀྱི་དྲན་པས་དབང་སྒྱུར་བར་བྱེད་དོ། །དེ་ལྟར་དབང་སྒྱུར་བའི་ཆོས་གཞན་ལས་འཕགས་པས་ངོ་མཚར་ཞིང་རྨད་དུ་བྱུང་བའི་སྐུ་གསུམ་དང་ཡེ་ཤེས་ཆེན་པོའི་གསུང་ཐེག་པར་སྣང་བ་དང་ཐུགས་མཁྱེན་པ་གཉིས་དང་། ཡོན་ཏན་ཚད་མེད་པ་དང་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཡང་། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་ལས་ཕྱོགས་གཞན་ན་རང་མཚན་དུ་གྲུབ་པ་མེད་དེ། ཡེ་ཤེས་དེ་ཉིད་སྐུ་དང་ཞིང་ཁམས་དང་ཕྲིན་ལས་ལ་སོགས་པར་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ལྟར་སྣང་བ་ཡིན་ཏེ། རྨད་བྱུང་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཞིང་ཁམས་དང་། །ཡེ་ཤེས་ཡོན་ཏན་ཕྲིན་ལས་ཇི་སྙེད་པ། །ཡེ་ཤེས་དེ་ཉིད་དེ་ལྟར་སྣང་བ་ཡིན། །གཞན་ནས་མ་ཡིན་དེ་ལྟར་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟར་ཐམས་ཅད་རང་སྣང་ཆེན་པོར་བཀོད་པ་ལས་གཞན་མ་ཡིན་ནོ་ཞེས་རང་བཞིན་རྡོ་རྗེ་གསང་བའི་རྒྱུད་ཀྱི་ཚིག་ཏུའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི་དེ་ལྟར་ཐུགས་རྗེ་ཆེན་པོ་ལས་འཕྲོས་པའི་ཐུབ་དྲུག་གི་སྤྲུལ་པ་གྲངས་མེད་པ་སྣང་བས་ཐེག་པ་དུ་མར་བསྟན་པ་དང་། རང་སྣང་བཀོད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་། རང་བཞིན་བརྗོད་དུ་མེད་ཅིང་སེམས་དང་ཡེ་ཤེས་ཀྱི་སྣང་བར་བསྟན་པ་དེ་དག་ཏུ་འདུས་པར་གཙོ་བོ་གདོད་མའི་དེ་བཞིན་གཤེགས་པའི་ཉིད་ཀྱིས་མཁྱེན་ཏོ། །རང་བཞིན་གསང་བའི་སྙིང་པོ་བརྗོད་དུ་མེད་པའི་དོན་དེ་ཁོ་ན་ཉིད་ངེས་པ་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ངོ་བོ་གདོད་མ་ཉིད་ནས་དག་པའི་ཆོས་ཉིད་དུ་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གཉིས་པ་དེ་ལས་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་ཇི་ལྟར་འཕྲོས་ཚུལ་བསྟན་པ་ལ་གཉིས་ཏེ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བསྟན་པ་དང་། ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པའོ། །དང་པོ་ལ་གསུམ་སྟེ། གཞི་དཀྱིལ་འཁོར་བསྐྱེད་ཅིང་དབང་བསྐུར་བ། ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྟན་པ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པའོ། །དང་པོ་ལའང་གཉིས་ཏེ། དཀྱིལ་འཁོར་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུའི་ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བསྟན་པ། དེ་ལས་བྱུང་བ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ། དེ་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་དགོད་པ་དང་། དེ་ལྟར་བསྒྲུབ་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཡི་གེའི་སྒྲ་དོན། མཚན་ཉིད། དབྱེ་བའོ། །དང་པོ་ནི། ཨཀྵ་རའི་སྒྲ་ལས། ཨ་ནི་དགག་པ་དང་། ཀྵ་ར་ནི་འགྱུར་བ་ལ་འཇུག་པས། ངོ་བོ་འགྱུར་བ་མེད་ཅིང་དོན་གསལ་བར་སྟོན་པའི་རྟེན་དུ་རུང་བའོ། །དེ་ལ་འདིར་སྒྲ་པ་རྣམས་ནི་ཡི་གེ་དང་། ཡི་གེའི་ཕྱི་མོ་གཉིས་སུ་འདོད་པ་ལས། ཡི་གེ་ནི་སྒྲ་སྤྱིའི་རྣམ་པ་སྟེ། འཆད་པ་པོ་དང་ཉན་པ་པོ་གང་རུང་ལ་རྣམ་སྤྱི་དེར་སྣང་བའོ། །ཕྱི་མོ་ནི་གཟུགས་སུ་བྲིས་པ་ལ་འདོད་དེ། དེ་ཉིད་བཀླགས་པ་ལས་སྒྲ་དོན་གྱི་རྣམ་སྤྱིའི་ཡི་གེ་བསྐྱེད་ཅིང་སྣང་བར་བྱེད་པའི་ཕྱིར་རོ། །མཚན་ཉིད་ནི་མི་ལྡན་པའི་འདུ་བྱེད་ཀྱིས་བསྡུས་པ་གང་ཟག་གི་སྒྲ་དོན་གྱི་རྣམ་པ་སྤྱིར་ཤར་བའོ། །དབྱེ་ན་དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སུམ་ཅུ་རྩ་བཞི་སྟེ། དེ་ཡང་ཐུང་ངུ་དང་། རིང་པོ་དང་། ཤིན་ཏུ་རིང་པོའོ། །ཐུང་ངུ་ནི་ཡི་གེ་གཅིག་བརྗོད་པའི་ཚད་དེ་ཀ་ཞེས་པ་ལྟ་བུའོ། །རིང་པོ་ནི་གཉིས་ཀྱི་ཚད་དེ་ཀཱ་ཞེས་པ་ལྟ་བུའོ། །ཤིན་ཏུ་རིང་པོ་ནི་གསུམ་གྱི་ཚད་དེ་ཨཻ་དང་ཨ་ལ་སོགས་པ་ལྕི་བ་རྣམས་སོ། །དེ་དག་ལའང་ཕོ་མོ་མ་ནིང་གི་དབྱེ་བས་རྣམ་པ་གསུམ་མོ། །འདི་དག་གང་ལས་བྱུང་ཞེ་ན། མཆུ་དང་། ལྕེ་དང་། རྐན་དང་། ཁོང་ནས་འབྱུང་བ་སྟེ། པ། ཙ། ཡ། ཨ་ཞེས་པ་ལྟ་བུའོ། །དེ་དག་འབྱུང་བའི་རྒྱུ་ནི། སྨྲ་སྒོ་ལས། གནས་རྣམས་དང་ནི་བྱེད་པ་དང་། །རྣམ་པར་རྟོག་དང་རླུང་གཉིས་དང་། །ང་རོ་གསལ་བྱེད་སྣང་ཆ་ཡིས། །ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །ཅེས་པས་རྒྱུ་བདུན་པོ་ངག་ལས་སྐྱེ་སྟེ་སོ་སོར་བཤད་ན་ཡང་། དེ་ཉིད་ལས། གནས་རྣམས་གཞི་ཡི་རྒྱུ་ཡིན་ཏེ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ། །དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །ཇི་ལྟར་ཤིང་ལ་རླུང་བཞིན་དུ། །བྱེད་པ་བསྐྱོད་རྒྱུ་པཱ་ཡ་ཏ། །སྐྱེས་བུ་དང་ནི་བཞོན་པ་བཞིན། །ལྷན་ཅིག་འབྱུང་བ་ནི་ཤྭས་སྭ། །ང་རོ་རྣམས་དང་གསལ་བྱེད་ནི། །ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། །སྣང་ཆ་འདྲ་བར་འགྱུར་བ་ནི། །སྐལ་པ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཡི་གེའི་ངོ་བོ། དབྱེ་བ། དགོས་ཆེད་དོ། །དང་པོ་ནི། སེམས་ཉིད་གདོད་ནས་དག་པའི་རང་བཞིན་ཡི་གེའི་རྣམ་པར་སྣང་བ་ལ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོའི་རྟེན་བྱེད་པའོ། །གང་ལ་གནས་ན་སངས་རྒྱས་དང་སེམས་ཅན་སོ་སོའི་འཁོར་ལོ་བཞིན་རྩའི་ནང་གི་ཐིག་ལེ་ལ་བརྟེན་ནས་སོ་སོར་གནས་ཏེ། དེ་ཡང་ཁ་དོག་དང་ཡོན་ཏན་གསལ་བར་འགྲོ་བའི་རྣམ་ཤེས་དྭངས་ཤིང་དབང་པོ་རྣོ་ལ་དཔལ་ཆེ་བའོ། །ཡི་གེའི་གཟུགས་མི་གསལ་བས་བླུན་ཞིང་སྐྱོན་དང་ལྡན་པའོ། །སྙིང་ག་ལ་སོགས་པར་བསྒོམས་པས་དེའི་ཁ་དོག་དང་ཡོན་ཏན་འཕེལ་ཏེ་དངོས་གྲུབ་འབྱུང་བའི་རྒྱུ་བྱེད་པ་ཡང་དེ་ཡིན་ནོ། །དབྱེ་ན་ལུས་གནས་རྩའི་ཡི་གེ། ཕོ་བྲང་ལྷའི་ཡི་གེ། ཆོ་འཕྲུལ་སྤྲུལ་པའི་ཡི་གེ། མཚོན་བྱེད་སྒྲའི་ཡི་གེའོ། །དང་པོར་རྒྱུད་སྡེ་སོ་སོར་རྩ་འདབ་འཁོར་ལོར་ཡི་གེ་གནས་ཚུལ་དུ་མ་གསུངས་ཤིང་། འདིར་ནི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་དང་། སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ཡི་གེ་དང་། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཡི་གེ་སྟེ་རིགས་བརྒྱའི་སྐུ་གསུང་ཐུགས་ཀྱི་ཡི་གེ་དང་བཅས་པས་བརྒྱ་དང་གསུམ་དུ་གསུངས་སོ། །གནས་སྐབས་སུ་འགྲོ་བ་དྲུག་གི་ས་བོན་གྱི་ཡི་གེ་མ་དག་པ་དྲུག་ནི་སྦྱང་གཞིར་བསྟན་ཏེ། ལྷ་དེ་དག་གི་ཡི་གེས་གནས་སུ་དག་པའི་ཐབས་སུ་བཤད་པའོ། །དེའང་སྤྱི་བོར་ཨ། སྨིན་མཚམས་སུ་དང་མགྲིན་པར་ཏྲི། སྙིང་གར་ནྲི། ལྟེ་བར་སུ། གསང་གནས་སུ་པྲེ། རྐང་མཐིལ་དུ་དུ་རྣམས་འགྲོ་བ་དྲུག་གི་ཡི་གེ་སྟེ། དེ་དག་ལ་འགྲོ་དྲུག་སོ་སོར་སྐྱེ་བའི་ལས་དང་བག་ཆགས་བརྟེན་པར་བཤད་དོ། །སྦྱང་གཞིའི་དྲུག །སྦྱོང་བྱེད་བརྒྱ་དང་གསུམ་ནི་ལུས་ལ་གནས་སོ། །ཕོ་བྲང་ལྷའི་ཡི་གེ་ནི་ལྷ་བསྒོམ་པའི་ཚེ་དཀྱིལ་འཁོར་གྱི་གནས་སོ་སོར་བསྐྱེད་པའོ། །སྤྲུལ་པའི་ཡི་གེ་ནི་སངས་རྒྱས་ལོངས་སྤྱོད་རྫོགས་པ་སྐུའི་སྐུ་གསུང་ཐུགས་རྡོ་རྗེས་ལས་ཡི་གེ་སྤྲིན་འཐོན་ཏེ་སྤྲུལ་པ་དུ་མ་འཕྲོ་བས་འགྲོ་བའི་དོན་མཛད་པའོ། །སྒྲའི་ཡི་གེ་ནི་སྔགས་སུ་ཟློས་པ་སྟེ་སྒྲ་སོ་སོར་བརྗོད་པའོ། །དགོས་པ་ནི་སོ་སོའི་དོན་བསྒྲུབ་པ་སྟེ། དེ་ཡང་རྩའི་ཡི་གེས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རྟེན་བྱེད་པའོ། །ལྷའི་ཡི་གེས་ལྷ་སོ་སོའི་འཕྲོ་གཞི་བྱེད་པས་བསྐྱེད་རྫོགས་དག་པའི་དོན་བྱེད་པའོ། །སྤྲུལ་པའི་ཡི་གེས་སེམས་ཅན་ཚད་མེད་པའི་དོན་བྱེད་པའོ། །སྒྲའི་ཡི་གེས་གསང་སྔགས་འགྲུབ་པའི་རྒྱུ་བྱེད་པའོ། །དེའང་སྐབས་འདིའི་ཨའི་ཁོངས་ནས་ཡི་གེ་གཞན་རྣམས་འཕྲོ་བ་ཡིན་ཏེ། ཀུན་འདུས་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་རྣམས་མ་ལུས་འཕྲོ། །ཞེས་སོ། །འདིར་གསལ་བྱེད་རྣམས་ཚང་ཡང་དབྱངས་མ་ཚང་བ་ནི་བསྡུས་ཏེ། ལྷའི་རྣམ་གྲངས་དང་མཐུན་པར་སྦྱར་བ་ཡིན་ནོ། །དེའང་ཨཱ་རིང་པོ་ནི་ཤད་དུ་བསྡུས། མཐའ་མའི་ཨཿརྣམ་པར་བཅད་པ་ནི་ཚེག་ཏུ་བསྡུས། རིང་པོའི་གོང་གི་ཨཱ་དང་ཨྃ་སྣ་དང་ལྡན་པ་ནི་ཨོ་ལ་སྦྱར་ནས་ཨ་དང་ཨོ་གཉིས་ཀ་ༀ་དུ་བསྡུས། མ་ནིང་གི་ཡི་གེ་རྀ་རཱྀ་ལི་ལཱྀ་བཞི་ནི་གསལ་བྱེད་ཀྱི་ར་དང་ལར་བསྡུས་པའི་བཞི་བཅུ་ཞེ་གཉིས་སོ། །ཐོག་མའི་ཨ་ལྷག་མ་ནི་ཡི་གེ་རྣམས་ཀྱི་འཕྲོ་གཞི་སྟེ། ཡི་གེ་བསྡུས་པའི་དབང་དུ་གསུངས་པས་ཨོ་གྲོགས་སུ་སྦྱར་བ་སྟེ་ༀ་གྱི་ཁོངས་སུ་གཏོགས་སོ། །དེ་ལྟར་ཡི་གེའི་ཕྲེང་བ་དང་ནི་གནས་གང་ལས་བྱུང་ཞེ་ན། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། ཀ་ལ་སོགས་པ་རྣམ་པ་ལྔ། །མགུར་གྱི་གསུང་གི་རང་བཞིན་ཡིན། །གཉིས་པ་རྩ་ལ་སོགས་པ་ལྔ། །ཟླ་གམ་ལྗགས་ཀྱི་རང་བཞིན་ཡིན། །གསུམ་པ་ཏ་ལ་སོགས་པ་ལྔ། །ལྗགས་ཀྱི་རྩེ་མོའི་རང་བཞིན་ཡིན། །བཞི་པ་ལ་སོགས་པ་སྟེ། །ཞལ་གྱི་སྒྲོས་ལས་འབྱུང་བར་བཤད། །སྐྱེས་བུ་ཆེན་པོའི་སྨིན་མ་ལས། །འཁོར་བར་གནས་པའི་ཡིག་འབྲུ་ཡ། །སྐྱེས་བུ་ཆེན་པོའི་དཀུ་སྐབས་ལས། །གཏི་མུག་སེལ་བའི་ཡིག་འབྲུ་ཝ། །སྐྱེས་བུ་ཆེན་པོའི་སྟ་ཟུར་ལས། །འདོད་ཆགས་བསྲེག་པའི་ཡིག་འབྲུ་ར། །སྐྱེས་བུ་ཆེན་པོའི་དཔུང་པ་ལས། །རྟོག་པ་འཇོམས་པའི་ཡི་གེ་ལ། །ཐུགས་ལས་འཁྱིལ་པའི་དཔལ་བེའུ་ལས། །མཚན་མ་དག་པའི་ཡི་གེ་ཤ །ཕྱག་གི་འཁོར་ལོའི་འོད་ཟེར་ལས། །ཆོ་འཕྲུལ་སྟོན་པའི་ཡི་གེ་ཥ། །སྐུ་ཡི་ཁྲུ་ཚད་ལྟེ་བ་ནས། །འདོད་པ་འབྱུང་བའི་ཡི་གེ་ས། །ཞབས་ཀྱི་འཁོར་ལོའི་འོད་ཟེར་ལས། །སྒྲིབ་པ་བསྲེག་པའི་ཡིག་འབྲུ་ཧ། །གསང་བ་མཁའ་ཡི་རང་བཞིན་ནས། །ཆོ་འཕྲུལ་འབྱུང་བའི་ཡི་གེ་ཀྵ། །སྐྱེས་བུ་ཆེན་པོའི་སྤྱན་གཉིས་ལས། །རང་བཞིན་ཡི་གེ་ཨི་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྙན་གཉིས་ལས། །རང་བཞིན་ཡི་གེ་ཨུ་གཉིས་ཤར། །སྐྱེས་བུ་ཆེན་པོའི་ཞབས་གཉིས་ལས། །རང་བཞིན་ཡི་གེ་ཨེ་གཉིས་ཤར། །སྐྱེས་བུ་ཆེན་པོའི་སྤྱི་གཙུག་ལས། །རྒྱལ་བའི་ཡི་གེ་ཨཱོཾ་དུ་ཤར། །ཞེས་སོ། །དེའང་ཡི་གེ་འདི་དག་སངས་རྒྱས་ཀྱི་སྐུ་ལས་ཡི་གེ་སྤྲིན་དུ་འཕྲོ་ཞིང་དཀྱིལ་འཁོར་བསྐྱེད་པའི་ས་བོན་དུ་བྱུང་ལ། སེམས་ཅན་གྱི་རྩ་གནས་ན་རང་བཞིན་གྱིས་གནས་སོ། །དེ་ལྟར་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཨི་གླང་པོ་ཆེའི་སྣ་ལྟ་བུ་དང་། ཨཱ་རིང་པོ་མདའ་ལྟ་བུ་དང་། ཚེག་སྟེ་ཨཱཿདབང་ཕྱུག་ཆེན་པོའི་མིག་ལྟ་བུ་གསུམ་ཡི་གེ་རྣམས་ཀྱི་ཁོངས་ན་ཡོད་པ་སོ་སོར་བགྲངས་པས་རྩ་ལྔའོ་ཞེས་རོང་པ་གསུང་ལ། ཁ་ཅིག་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་དུ་བཞེད་དེ། ཡི་གེ་ལྟར་ན་སྔ་མ་ལྟར་གནས་ཀྱང་། ལྷའི་དབང་གིས་ཕྱི་མ་ཉིད་རིགས་སོ་ཞེས་པའང་འདོད་མོད་ཀྱི། འདིར་ཡི་གེའི་མགོ་གླང་པོ་ཆེའི་སྣ་ལྟ་བུ། ཐིག་ལེ་ཚེག་དྲག་མིག་ལྟ་བུ། ཤད་མདའ་ལྟ་བུ་ཉིད་ལ་ངོས་གཟུང་ངོ་། །སྤྱིའི་དོན་ཏོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞི་ལྷུན་གྱིས་གྲུབ་པའི་ངང་ལས་ཐུགས་རྗེ་འཕྲོས་ཏེ་ཆོས་ཐམས་ཅད་གཏན་ལ་ཕབ་པའི་དོན་གསུངས་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེ་སྒྱུ་འཕྲུལ་གྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་དོན་གྱི་དགོངས་པ་གཅིག་ཏུ་གྱུར་ནས་ཆོས་ཐམས་ཅད་དབྱེར་མེད་པའི་མཉམ་པ་ཆེན་པོའི་ཚུལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་རང་བཞིན་རྡོ་རྗེ་དབྱིངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡི་གེའི་ངོ་བོར་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་དགོངས་པ་མི་གཡོ་བར་ཆོས་ཉིད་མཉམ་རྫོགས་ཆེན་པོའི་དོན་བསྟན་པའི་ཕྱིར། ཆོས་ཐམས་ཅད་དོན་ལ་གྲུབ་པ་མེད་པས་མིང་ཙམ་དུ་གདོད་མ་ཉིད་ནས་གནས་པའི་རང་བཞིན་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་དེ་བཞིན་གཤེགས་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཡི་གེ་འཁོར་ལོའི་རང་བཞིན་སྤྱིར་བསྟན་པ། ལྷ་དང་སྦྱར་ཏེ་བྱེ་བྲག་སོ་སོར་བཤད་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཡི་གེ་ཇི་ལྟར་བསྒོམ་པའི་ཚུལ། ཡི་གེའི་སྤྲིན་ཇི་ལྟར་སྤྲོས་པའི་ཚུལ། ཡི་གེའི་རང་བཞིན་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བསྒོམ་ཚུལ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དེའི་ལས་ཚོགས་དང་སྦྱར་ཏེ་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་སྟོང་པ་ཉིད་དུ་བསམ་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཨ་རབ་ཏུ་བརྟན་ཞིང་གཡོ་བར་མ་གྱུར་པའི་རང་བཞིན་དུ་དྲི་མ་མེད་པའི་ཨ་དཀར་པོ་དྭངས་ཤིང་འཚེར་བ་ལས་ཡུངས་འབྲུ་བརྒྱར་གཤགས་པའི་ཚད་ཙམ་གྱི་ཤིན་ཏུ་ཕྲ་བའི་ཨ་དཀར་པོ་གྲངས་མེད་པ་རྣམས་སྤྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བར་བྱས་པའི་འོད་ཟེར་གྱིས་སྣང་སྲིད་ཐམས་ཅད་ཨའི་རྣམ་པར་གསལ་བར་གྱུར་ནས། དེ་ཐམས་ཅད་སླར་རྩ་བའི་ཨ་ཉིད་ལ་བསྡུས་ཤིང་ཐིམ་པར་གྱུར་ཀྱང་ཨ་དེ་ཉིད་སྔོན་ལས་ཆེར་འཕེལ་བའམ་ཆུང་ངུ་འགྲིབ་པ་མེད་པར་བརྟན་པའི་ངང་ལ་དར་ཅིག་མཉམ་པར་བཞག་གོ། །དེ་ནས་རྩ་བའི་ཨ་དེ་ཉིད་ལས་མིང་གི་ཡི་གེ་ཀ་ལ་སོགས་པ་སུམ་ཅུ་རྩ་བཞིའི་ཚོགས་དང་སྒྲའི་ཡི་གེ་དབྱངས་ཡིག་རྣམས་ཕྱོགས་བཅུར་སྤྲོས་པའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཡི་གེའི་རྣམ་པར་གསལ་ཞིང་འོད་ཟེར་གྱི་ཕུང་པོ་གཅིག་ཏུ་འབར་བར་གྱུར་པ་ཀུན་སླར་འདུས་ཨ་ལ་ཐིམ། ཡང་འཕྲོས་པ་ལ་སོགས་པའི་སྤྲོ་ཞིང་བསྡུ་བའང་སྔ་མ་དེ་ཁོ་ན་བཞིན་ནོ། །དེ་ནས་སླར་ཡང་པདྨའི་དབུས་སུ་ཉི་མ་དང་ཟླ་བའི་སྟེང་ན་ཨ་དང་ཀྵའི་མཐར་རིམ་པ་བཞིན་ས་བོན་རྣམས་བཀོད་ལ་ལྷར་བསྐྱེད་པའོ། །དེ་ནི་བསྐྱེད་པའི་རིམ་པ་རྒྱུའི་ཡི་གེ་སྤྲིན་ནོ། །གཉིས་པ་རྫོགས་པའི་རིམ་པ་ནི་ལྷར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་ན་ཨ་རབ་ཏུ་བརྟན་པ་དཀར་པོ་ལས་ཨ་གྲངས་མེད་པ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་ནས། སེམས་ཅན་ཐམས་ཅད་ཨའི་རྣམ་པར་གྱུར་པ་སླར་འདུས་སྙིང་གའི་ཨ་ལ་ཐིམ་པས་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་གཞག་གོ། །དེ་ནས་ཡང་མཐའ་སྐོར་གྱི་ཡི་གེ་དང་ཨ་ལས་མིང་གི་ཡི་གེའི་ཚོགས་དེ་ཁོ་ན་བཞིན་འཕྲོས་པ་སླར་འདུས་འཁོར་འདས་གཉིས་སུ་མེད་པའི་ཆོས་ཉིད་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་གཞག་གོ། །དེ་ནི་རྫོགས་པའི་རིམ་པའི་ཡི་གེ་སྤྲིན་ནོ། །གསུམ་པ་ལས་ཚོགས་དང་སྦྱར་བ་ནི་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་ལ་ཨ་དང་མིང་གི་ཡི་གེ་རྣམས་དཀར་པོ་དང་སེར་པོ་དང་དམར་པོ་དང་མཐིང་ནག་ཏུ་སྤྲོས་ཏེ། ནད་གདོན་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། བསྒྲུབ་བྱ་དགུག་ཅིང་དབང་དུ་བྱ་བ་དང་། གདུག་པ་ཅན་ཚར་བཅད་པའི་ལས་བྱས་ནས། མཐར་འཕེལ་འགྲིབ་མེད་པའི་ངང་ལ་མཉམ་པར་གཞག་གོ། །རྒྱས་པར་ནི་ལེའུ་ལྔ་པའི་སྐབས་བཞིན་ནོ། །དེ་ནི་ལས་ཚོགས་བསྒྲུབ་པའི་ཡི་གེ་སྤྲིན་ནོ། །གཉིས་པ་དེའི་ཕན་ཡོན་བསྟན་པ་ནི་དེ་ལྟ་བུའི་བསྒོམ་ཚུལ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེའི་ཀུན་ཏུ་བཟང་པོའི་དངོས་གྲུབ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟར་འདོད་པ་ཐམས་ཅད་བརྟན་པར་འབྱུང་བའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ། །དེའི་ཕྱིར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའོ། །ཁ་ཅིག་ཨ་རབ་ཏུ་བརྟན་གྱུར་ནས་འཕེལ་འགྲིབ་མེད་པ་བརྟན་གྱི་བར་ཡི་གེ་གཅིག་ལ་བསླབ་པ་དང་། དེ་ལས་མིང་ཚོགས་ལ་སོགས་པས་མང་པོ་ལ་བསླབ་པ་སྟེ་ཆོས་སྐུ་དང་གཟུགས་སྐུའི་རྟེན་འབྲེལ་ལམ་དུ་བྱེད་པར་འདོད་དེ་ཕྱོགས་ཙམ་ལས་ཇི་ལྟ་བ་བཞིན་མ་ཡིན་ཏེ། ཡི་གེ་སྤྲིན་ཐམས་ཅད་ཀྱི་གཞིར་འཆད་དགོས་པའི་ཕྱིར་རོ། །གཉིས་པ་ཡི་གེའི་སྤྲིན་ཇི་ལྟར་སྤྲོས་པའི་ཚུལ་ལ་གཉིས་ཏེ། ཡི་གེའི་སྤྲོས་པ་དང་། ངོ་མཚར་གྱི་ལྟས་ཁྱད་པར་ཅན་སྣང་བའོ། །དང་པོ་ནི་ཨཿཡི་གེ་རྣམས་ཀྱི་འབྱུང་གནས་ཏེ་འཕྲོ་གཞི་ཡིན་པས་ཁོངས་ནས་འབྱུང་བའི་རང་བཞིན་དུ་སྤྲོས་ཏེ། དེའང་འབྱུང་བ་ལས་གྱུར་པའི་གཟུགས་ཐམས་ཅད་འབྱུང་བ་ཆེན་པོའི་རྣམ་པར་སྐྱེ་བ་བཞིན། ཡི་གེ་ཐམས་ཅད་ཀྱང་ཨའི་རྣམ་པར་སྐྱེ་སྟེ། འདི་ལྟར་ངག་གི་གཞི་མ་ནི་ཨའོ། །དེ་ཡང་ངག་གི་འདུ་བྱེད་ཀྱི་དབང་གིས་ཨ་ཉིད་བཀུག་པ་ནི་ཨི། སྨད་པ་ནི་ཨུ་སྟེ་རྩ་བ་གསུམ་མོ། །དེ་ལས་ཨ་དང་ཨི་སྦྱར་བས་ཨེ། ཨ་དང་ཨུ་སྦྱར་བས་ཨོ། །བསྒྲིམས་པས་རྀ། གློད་པས་ལྀ། དེ་རེ་རེ་ལའང་རིང་ཐུང་གི་དབྱེ་བས་སྒྲའི་ཡི་གེ་བཅུ་བཞི་དང་། སྣ་དང་ལྡན་པ་ཨཾ། རྣམ་པར་བཅད་པ་ཨཿསྟེ་བཅུ་དྲུག་ཏུ་འགྱུར་རོ། །དེའང་ཨའི་སྒྲ་དེ་ཉིད་མགུལ་བའི་གནས་དང་འཕྲད་པ་ལས་ཀ །དེ་ཉིད་ཅུང་ཟད་ཞུམ་ཞིང་སྤྱི་བོའི་གནས་དང་འཕྲད་པ་ལས་ཁ་དེ་ཅུང་ཟད་ཞུམ་པས་ག །དེའི་ཁོག་སྦུབས་ཀྱི་གནས་དང་འཕྲད་པས་གྷ། དེ་སྣ་དང་འཕྲད་པས་ང་སྟེ་སངས་རྒྱས་ཀྱི་མགུར་གྱི་བུམ་པ་ལས་འཐོན་པའོ། །རིམ་པ་དེ་ཉིད་ལས་དཔགས་ཏེ་གཞན་ལའང་ཤེས་པར་བྱའོ། །དེ་ལ་ཙ་ཚ་ཛ་ཛྷ་ཉ་རྣམས་ནི་ཨ་དེ་ཉིད་རྐན་གྱི་དབུས་དང་ལྕེའི་དཀྱིལ་འཁོར་དུ་འཕྲད་པ་ལས་འབྱུང་བས་ལྗགས་ལས་བྱུང་བའོ། །ཊ་ཋ་ཌ་ཌྷ་ཎ་རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོར་ཉེ་བ་རྐན་གྱི་མཐར་འཕྲད་པ་ལས་སྤྱིའི་སྒྲ་འབྱུང་བས་ལྗགས་ཀྱི་རྩེ་མོ་ལས་འཐོན་ཏོ། །ཏ་ཐ་ད་དྷ་ན་རྣམས་ནི་ཨ་དེ་ཉིད་ལྕེའི་རྩེ་མོ་ད ང་སོ་འཕྲད་པ་ལས་བྱུང་བས་ལྗགས་ཀྱི་རྩེ་མོ་དང་ཚེམས་ལས་འཐོན་ཏོ། །པ་ཕ་བ་བྷ་མ་རྣམས་ནི་ཨ་དེ་ཉིད་མཆུ་དང་འཕྲད་པ་ལས་བྱུང་བས་མཆུ་ལས་འཐོན་ཏོ། །དེ་དག་གི་ནང་ཚན་གྱི་བྱེ་བྲག་ནི་ཀ་ལ་སོགས་པ་བཞིན་ནོ། །ཡི་གེའི་ལྷག་མ་དགུ་ནི་སྡེ་ཚན་གྱི་གནས་ལ་ཡ་དང་ཤ་རྐན་གྱི་སྡེའོ། །ཝ་ནི་མཆུའོ། །ར་དང་ཥ་སྤྱི་བོའོ། །ལ་དང་ས་སོའི་སྡེའོ། །ཧ་མགུལ་བའི་སྡེའོ། །ཀྵ་མགུལ་བ་དང་སྤྱི་བོའི་ཆར་གཏོགས་པས་དེ་ནས་འབྱུང་ཡང་། གདུལ་བྱའི་དོན་དུ་འཕྲོ་ཚུལ་གྱི་དབང་དུ་བྱས་ནས། སྨིན་མ་ལས་ཡ། དཀུའི་སྐབས་ལས་ཝ། སྟ་ཟུར་ལས་ར། དཔུང་པ་ལས་ལ། ཐུགས་ཀ་ལས་ཤ །ཕྱག་གི་འཁོར་ལོ་ལས་ཥ། ལྟེ་བ་ལས་ས། ཞབས་ཀྱི་འཁོར་ལོ་ལས་ཧ། གསང་གནས་ལས་ཀྵ་རྣམས་འཐོན་ཏོ། །ཡི་གེ་དེ་དག་ལ་ཨའི་སྒྲས་ཁྱབ་པ་ནི་པི་ཝང་གི་སྒྲ་སྙན་དེས་པི་ཝང་གི་སྒྲ་མཐོ་དམན་དང་དྲག་ཞན་ཐམས་ཅད་ལ་ཁྱབ་པ་བཞིན་ནོ། །ཡང་སྤྱན་གཉིས་ལས་ཨི་ཨཱི། སྙན་གཉིས་ལས་ཨུ་ཨཱུ། ཤངས་གཉིས་ལས་ཨེ་ཨཻ། དབུའི་གཙུག་ཏོར་ལས་ༀ་རྣམས་འཐོན་ཏོ། །གཉིས་པ་ངོ་མཚར་གྱི་ལྟས་ཁྱད་པར་ཅན་སྣང་བ་ནི་ཡི་གེ་དེ་དག་སྐུ་གསུང་ཐུགས་ལས་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུ་ཡི་གེ་སྤྲིན་གྱི་སྣང་བ་ཆེན་པོས་ཤར་མཐོ་ན་ནུབ་དམའ། ནུབ་མཐོ་ན་ཤར་དམའ། ལྷོ་མཐོ་ན་བྱང་དམའ། བྱང་མཐོ་ན་ལྷོ་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བའི་ཚུལ་གྱིས་རྣམ་པར་འགྱུར་བ་རྣམ་པ་དྲུག་ཏུ་ཆུང་ངུར་གཡོས་པས་སྣང་བ་ཐམས་ཅད་གཟུགས་བརྙན་གྱི་རང་བཞིན་དུ་དག་པར་བྱས། འབྲིང་དུ་རབ་ཏུ་གཡོས་པས་སྟོང་པ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་གསལ་བར་བྱ། ཆེན་པོའི་ཚུལ་གྱིས་ཀུན་ཏུ་རབ་ཏུ་གཡོས་ནས་གཉིས་སུ་མེད་པའི་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་གང་དུའང་མ་གྲུབ་པས་མིང་གི་མཚན་ཉིད་བཏགས་པ་ཙམ་དུ་གྱུར་ཏོ། །དེ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་མཆོག་ཏུ་དགྱེས་པས་ཧོཿཞེས་མཉམ་པ་ཉིད་ཀྱི་ངང་དུ་བཞག་པའོ། །གསུམ་པ་ཡི་གེའི་རང་བཞིན་ཇི་ལྟར་གསུངས་པའི་ཚུལ་ལ་དྲུག་སྟེ། ཡི་གེ་གསུངས་པའི་རྒྱུ་བརྗོད་པ། སྐྱེ་བ་མེད་པ་ཡི་གེའི་འཁོར་ལོ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་འདུས་པས་ཆོས་ཀྱི་སྐུར་བསྟན་པ། ཡི་གེ་བཞི་བཅུ་རྩ་གཉིས་ཨའི་རང་བཞིན་དུ་འདུས་པས་ཡི་གེ་མངོན་རྫོགས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་བསྟན་པ། ཡི་གེ་ཉིད་ཀུན་གྱི་འབྱུང་གནས་སུ་གྱུར་པས་རོལ་པ་སྣ་ཚོགས་སུ་འཆར་བའི་ཕྱིར་སྤྲུལ་པའི་སྐུར་བསྟན་པ། དེ་ཉིད་དུ་རྒྱལ་བའི་དགོངས་པ་འདུས་པས་དཀྱིལ་འཁོར་བཞི་བཅུ་རྩ་ལྔའི་རྫོགས་ཚུལ་བསྟན་པ། སེམས་ཉིད་སྣང་སྟོང་གཉིས་སུ་མེད་པར་ཡི་གེའི་སྒྲ་དོན་བཤད་པའོ། །དང་པོ་ནི་ཡི་གེའི་སྤྲིན་སྤྲོས་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་སྤྲིན་གྱི་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །གཉིས་པ་ནི། ཡི་གེ་ཨ་ནི་ཡི་གེ་རྣམས་ཀྱི་འབྱུང་གནས་སྣང་བའི་ཆ་ཙམ་མ་དོར་བས་སྟོང་པའི་མཐར་ཡང་མ་གྲུབ་པ་དང་། དེ་ཉིད་དངོས་པོ་དང་མཚན་མར་མེད་པར་མི་སྟོང་བ་ཞེས་ཀྱང་དམིགས་སུ་མེད་པ་གང་གི་ཚེ། དེ་གཉིས་ཀྱི་རང་བཞིན་གཉིས་སུ་མེད་པའོ་ཞེས་པའི་དབུ་མའང་དམིགས་སུ་ཡོད་པ་མ་ཡིན་ཏེ། ལྟོས་ས་སྣང་བ་དང་སྟོང་པའི་རང་བཞིན་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་མིང་ཙམ་ལས་སྨྲ་བསམ་སྤྲོས་བརྗོད་ཀྱི་ངོ་བོར་མ་གྲུབ་པ་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ། དེ་ཉིད་ཡི་གེའི་ཕྲེང་བ་ཉིད་ཀྱི་ངང་ལ་གནས་སོ། །དེའི་གནས་ལུགས་ནི་ཆོས་སྐུ་ལྷུན་གྱིས་གྲུབ་པའི་རང་བཞིན་ནོ། །གསུམ་པ་ནི། ཡི་གེ་ཐམས་ཅད་ཀྱི་འབྱུང་ཁུངས་ཨ་ཉིད་རྐྱེན་གྱི་ཡི་གེའི་རྣམ་པ་སྣ་ཚོགས་པར་སྣང་བའི་རང་བཞིན་ཡིན་ཏེ། སྔར་བསྟན་པ་ལྟར་རྩ་བའི་ཨ་ལས་བཀུག་པས་ཨི། སྨད་པ་ཨུ་གསུམ་གྱི་ཁོངས་ནས། ཨ་དང་ཨི་ལས་ཨེ། ཨ་དང་ཨུ་ལས་ཨོ་སྟེ་དབྱངས་ལྔ། བསྒྲིམས་པས་རྀ། གློད་པས་ལྀ། དེ་དག་ཀྱང་ཐབས་དང་ཤེས་རབ་གཉིས་སུ་ཕྱེ་བས་བཅུ་བཞི། ཐབས་གསལ་བར་སྟོན་པ་ཨི། ཤེས་རབ་གསལ་བར་སྟོན་པ་ཨཱཿསྟེ་ཨ་ལི་ཞེས་བྱའོ། །ཨ་ཉིད་མགྲིན་པ། རྐན། ལྕེ་རྩེ། སོ། མཆུ་རྣམས་ལ་བརྟེན་ཏེ་བརྗོད་པས། ཀ་ཙ་ཊ་ཏ་པ། དེ་རྣམས་སྒྲ་དྲག་ཏུ་བོས་པ་ལས། ཁ་ཚ་ཋ་ཐ་ཕ། ཞན་དུ་བོས་པ་ལས། ག་ཛ་ཌ་ད་བ། དེ་དག་ཆེར་བོས་པ་ལས། གྷ་ཛྷ་ཌྷ་དྷ་བྷ། དེ་དག་སྣ་དང་ལྡན་པར་བརྗོད་པས། ང་ཉ་ཎ་ན་མ་སྟེ་སྡེ་ཚན་ལྔ་འབྱུང་ངོ་། །དེ་དག་དང་མཐུན་པར་ཡ་དང་ཤ་ནི་རྐན་ལས། ར་དང་ཥ་ནི་ལྕེ་རྩེ་བསྒྱུར་བ་ལས། ལ་དང་ས་ནི་སོ་ལས། ཝ་ནི་མཆུ་ལས། ཧ་ནི་མགྲིན་པ་ལས། ཀྵ་ནི་སྤྱི་བོ་ལས་སོ། །ཨའི་སྒྲ་དེ་ཉིད་མགུལ་བའི་གནས་སོགས་དང་འཕྲད་པས་ཀ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་ཀཱ་ལི་དང་ཨཱ་ལིའི་སྒྲའི་མིང་གིས་བརྗོད་པ་ཐམས་ཅད་བསྡུས་པ་ནི་ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱལ་པོ་ཨ་སྐྱེ་བ་མེད་པ་ཆོས་ཀྱི་སྐུར་སངས་རྒྱས་པས་ན། ཨ་སངས་རྒྱས་པ་བཞིན་དུ་ཨའི་ངང་ལས་འཕྲོས་པའི་ཡི་གེ་བཞི་བཅུ་རྩ་གཉིས་པོ་དེ་ཉིད་ཀྱང་སངས་རྒྱས་པར་ངེས་ཏེ་ངོ་བོ་གཅིག་གིས་རོལ་པ་ཡིན་པའི་ཕྱིར་རོ། །དོན་ལ་ཨ་ནི་ཀུན་ཏུ་བཟང་མོའི་དབྱིངས་སོ། །ཡི་གེ་བཞི་བཅུ་རྩ་གཉིས་ནི་དེའི་ངང་ལས་འཕྲོས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས་སོ། །དེའི་རང་བཞིན་ནི་ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་པ་ཡིན་ནོ། །བཞི་པ་ལ་གཉིས་ཏེ། ཡི་གེ་ཚིག་གི་འབྱུང་ཁུངས་སུ་བསྟན་པ་དང་། ཡི་གེའི་རོལ་པ་སྣ་ཚོགས་སུ་འཆར་ཚུལ་བསྟན་པའོ། །དང་པོ་ནི། ངོ་བོ་ཆོས་སྐུར་གནས་པས་ཨེ་མ་ཧོཿརང་བཞིན་ལོངས་སྐུར་སྣང་བས་ངོ་མཚར་ཐུགས་རྗེ་སྤྲུལ་སྐུར་ཤར་བས་ཡ་མཚན་པའི་དོན་གྱི་ཡི་གེ་སྤྲིན་གྱི་འཁོར་ལོ་ནི་རྫུ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་རང་བཞིན་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་མགོ་ཚེག་ཤད་གསུམ་བསྣན་པས་བཞི་བཅུ་རྩ་ལྔའི་ཚོགས་རྣམས་ནི་མིང་དང་ཚིག་རྣམས་མ་ལུས་པ་འཛིན་པའི་གནས་ཡིན་ནོ། །ཇི་ལྟར་འཛིན་ན་དཔེར་ན་གཟུགས་ཀྱི་མཐའ་རྡུལ་ཕྲན་འདུས་པ་ལས་གོང་བུ་སྟེ། རྡུལ་ཕྲན་ནི་གོང་བུ་འཛིན་པའི་གནས་ཡིན་པ་བཞིན་དུ། མིང་གི་མཐར་ཐུག་པ་ནི་ཡི་གེ་ཡིན་ནོ། །ཡི་གེ་འདུས་པ་ལས་དབྱངས་གཅིག་གིས་བཅིངས་པའི་ཡི་གེ་འགྲུབ་བོ། །དེ་འདུས་པས་ཀ་བ་དང་བུམ་པ་ལ་སོགས་པ་དངོས་པོ་རྣམས་ཀྱི་མིང་འགྲུབ་བོ། །དེ་འདུས་པས་ཚིག་གི་ཚོགས་མ་ལུས་པ་འགྲུབ་པས་ན། ཡི་གེ་རྣམས་ནི་མིང་ཚིག་གི་གནས་སོ། །དེ་ལས་ཐེག་པའི་ཆོས་སྣ་ཚོགས་པའི་དོན་ཆེན་པོ་དག་ཏུ་སྨྲ་ཞིང་གཞན་ལ་སྟོན་པའི་ཕྱིར་ཡི་གེ་ཚིག་དོན་མ་ལུས་པའི་འབྱུང་གནས་སུ་ཡེ་ནས་གྲུབ་པ་ཡིན་ནོ། །བཞི་པ་ནི། རགས་པའི་དངོས་པོར་གྲུབ་པ་མེད་པ་ཡི་གེའི་རང་བཞིན་རང་གི་སེམས་ཉིད་འོད་གསལ་བ་སྟེ། གང་ཟག་དང་ཆོས་ཀྱི་བདག་མེད་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་ཡེ་གདོད་མ་ཉིད་ནས་དངོས་པོ་དང་མཚན་མའི་ཆོས་སུ་མི་དམིགས་ཀྱང་། སྣང་བའི་རང་བཞིན་ཆུ་ཟླ་ལྟར་གཉིས་སུ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་སྐུ་དང་སེམས་ཅན་གྱི་རྩ་གནས་འཁོར་ལོ་རྣམས་ན་ཡི་གེ་དེ་དག་གི་དབྱིབས་སྣང་ལ་རང་བཞིན་མེད་པར་གནས་ཏེ། ཨ་སེང་གེ་བསྒྱིངས་པ་ལྟ་བུ་དང་། ཀ་བ་དན་བརྩེགས་པ་ལྟ་བུ་ལ་སོགས་པར་གནས་ཤིང་། ཁ་དོག་ཀྱང་ཨཱ་ལི་རྣམས་དམར་པོ་དང་། ཀཱ་ལི་རྣམས་དཀར་པོའི་རང་བཞིན་དུ་གནས་སོ། །དེ་དག་བསྒོམས་པ་ལས་རྣལ་འབྱོར་པས་ལམ་དང་འབྲས་བུའི་དོན་ཡང་རྫོགས་པར་བྱེད་པ་ནི་ནང་དོན་གྱི་ཡི་གེའི་མཛད་པའོ། །སངས་རྒྱས་ཀྱི་གནས་སྐབས་ན་ཡི་གེའི་སྤྲིན་ཁ་དོག་དང་དབྱིབས་དང་མིང་དང་ཚིག་རྣམ་པ་སྣ་ཚོགས་ཀྱིས། རྣམ་པར་འཕྲུལ་པའི་རོལ་པ་ཅིར་ཡང་སྤྲུལ་ཅིང་འགྲོ་བའི་སྐལ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་སྟོན་པར་མཛད་པའོ། །འདི་ལྟར་སྣང་བ་གཟུགས་བརྙན་གྱི་ཡི་གེའི་གླེགས་བམ་གྱི། ཁ་དོག་དང་དབྱིབས་དང་མིང་ཚིག་གི་ཚོགས་ཀྱིས་ཀྱང་འགྲོ་བའི་དོན་མཐུན་པར་སྒྲུབ་པ་ནི་ཡི་གེ་འཁོར་ལོའི་མཛད་པ་ཡིན་ཞིང་། ལྷའི་ས་བོན་བསྒོམས་པའི་ཡི་གེ་ལས་ཀྱང་གསང་སྔགས་འགྲུབ་པ་ནི་ཡི་གེ་འཁོར་ལོའི་སྤྲུལ་བ་སྟེ། དེ་ལྟར་ན་ཡི་གེ་སྤྲིན་སྤྲུལ་པ་ཉིད་དུའང་གནས་སོ། །ལྔ་བ་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་རྫོགས་པར་བསྟན་པ་ནི་ཕྱོགས་བཅུ་དུས་བཞིར་སྔ་ཕྱི་ད་ལྟ་འགྲོ་བའི་དོན་ལ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་རང་བྱུང་གི་ཡེ་ཤེས་སེམས་དཔའི་སྐུའི་དཀྱིལ་འཁོར་ནི་སྐུའི་སྐུ། སྐུའི་གསུང་། སྐུའི་ཐུགས་རེ་རེ་ལའང་ཡོན་ཏན་ཕྲིན་ལས་གཉིས་བསྣན་ནས་ལྔ་ལྔར་ཕྱེ་བས་བཅོ་ལྔ། དེ་བཞིན་དུ་གསུང་དང་ཐུགས་ལའང་བཅོ་ལྔ་བཅོ་ལྔ་སྟེ་རིགས་ལྔའི་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་པོ་དེ་ཉིད་ཡི་གེའི་མགོ་ཨ་ནས་མཇུག་ཀྵའི་བར་ལ་རྫོགས་པས་རིགས་ཀྱི་དཀྱིལ་འཁོར་ཇི་སྙེད་པའི་དབྱེ་བ་ཡང་ཡི་གེ་འཁོར་ལོ་ཉིད་ལ་ཚང་ཞིང་འདུས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །འདི་ལ་ཁ་ཅིག་ཡི་གེ་བཞི་བཅུ་རྩ་ལྔ་ཉིད་དུ་འཆད་པ་དེ་དག་གི་ནི་ཡི་གེ་འཁོར་ལོ་ལ་དཀྱིལ་འཁོར་རིགས་འདུས་པར་བཤད་པའི་ཕྱོགས་ཙམ་ཡང་མ་མཐོང་བར་ཟད་དོ། །དྲུག་པ་སེམས་ཉིད་ཡི་གེར་སྣང་བའི་ངེས་ཚིག་བཤད་པ་ལ་གསུམ་སྟེ། སེམས་ཉིད་སྐྱེ་བ་མེད་པ་ཡི་གེའི་དོན་དུ་བསྟན་པ། སྐྱེ་བ་མེད་པ་ཉིད་ཀྱི་ངང་ལས་ཡི་གེར་སྣང་བས་ཡོན་ཏན་ལྷུན་གྱིས་གྲུབ་ཚུལ། སྣང་སྟོང་གཉིས་སུ་མེད་པའི་ཡི་གེ་གང་གིས་བྲིས་ཤིང་བཀོད་ཚུལ་ལོ། །དང་པོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་རང་བཞིན་ལྷུན་གྱིས་གྲུབ་པའི་ཡི་གེ་སྟེ། ཡི་གེ་དེ་ཉིད་ལ་དངོས་པོ་དང་མཚན་མར་གྲུབ་པ་ཡོད་པ་མ་ཡིན་ཏེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཁོང་ནས་འབྱུང་བ་སྐྱེ་བ་མེད། །དོན་ཆེན་ཡི་གེ་དམ་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་དང་། མདོ་ལས། རབ་འབྱོར་ཡི་གེ་ནི་དོན་དམ་པར་་མསྐྱེས་པ་སྟེ་ཨའི་ངོ་བོ་ཉིད་དོ། །ཨའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ཏེ་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཞེས་པ་ལྟར་རོ། །གཉིས་པ་ནི། སེམས་ཉིད་དམིགས་སུ་མེད་པ་དོན་དམ་པའི་ཡི་གེ་དེ་ཉིད་འོད་གསལ་བའི་ཁམས་སྣ་ཚོགས་པའི་ཕྱིར། རྟེན་བྱེད་པའི་སྐུའི་འཁོར་ལོ་ཆེན་པོ་གོ་བརྡ་སྤྲོད་པའི་གསུང་གི་འཁོར་ལོ་ཆེན་པོ་མཉམ་པར་འཇོག་པ་ཐུགས་ཀྱི་འཁོར་ལོ་ཆེན་པོ་དང་ཐམས་ཅད་མཁྱེན་པས་ཡོན་ཏན་གྱི་འཁོར་ལོ། ཐོགས་པ་མེད་པས་ཕྲིན་ལས་ཀྱི་འཁོར་ལོ་ཆེན་པོ་སྟེ། རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དེ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཡེ་ནས་ལྷུན་གྱིས་གྲུབ་པས་ངོ་མཚར་གྱི་མཆོག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ཡ་མཚན་གྱི་ཆོ་འཕྲུལ་ཆེན་པོ་རང་ལ་སྣང་བར་བྱེད་པས་རབ་ཏུ་འགུགས་པ་ཉིད་ཡིན་ནོ། །དེའང་བསྒོམས་པས་སྐུ་གསུམ་རང་ལ་འཆར་བའི་དོན་ཏོ། །གསུམ་པ་ནི། དེ་ལྟར་སྣང་བའི་ཡི་གེ་དེ་ཉིད་སེམས་ཉིད་ཡེ་ནས་དག་པ་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ངང་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པ་བྱ་རྩོལ་མེད་པའི་དབྱིངས་ཀྱིས་ཡེ་ནས་བྲིས་པ་སྟེ་གཏན་དུ་འཕོ་འགྱུར་མེད་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ལ་ཡི་གེ་ཞེས་བྱ་བའི་དོན་དུ་བཏགས་པ་ནི་གསར་དུ་བྱས་པའམ་བྱུང་བ་མ་ཡིན་པ་དེའི་ཕྱིར་ལྷུན་གྱིས་གྲུབ་པའི་ཡི་གེ་སྤྲིན་གྱི་འཁོར་ལོ་འཁོར་འདས་ཐམས་ཅད་ལ་ཡེ་ནས་རང་ཆས་སུ་གནས་པར་བརྗོད་པའོ། །གཉིས་པ་ལྷ་དང་སྦྱར་ཏེ་བྱེ་བྲག་སོ་སོར་བཤད་པ་ལ་གསུམ་སྟེ། ཡི་གེ་གསུམ་གྱི་དོན་སྤྱིར་བསྟན་པ་དང་། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བྱེ་བྲག་ཏུ་བཤད་པ་དང་། དེ་དག་གི་དོན་བསྡུ་པའོ། །དང་པོ་ནི། ཡི་གེའི་འགོ་བེར་ཀ་རིས་ནི་ཨི་གླང་པོ་ཆེའི་སྣ་ལྟ་བུས་མཚོན་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན་སྟོན་པར་བྱེད་པ་ནི་ཐུགས་རྡོ་རྗེ་མ་ནོར་བ་སྟེ། གླེགས་བམ་ལ་སོགས་པའི་ཡི་གེ་ཐམས་ཅད་ཀྱི་ཐོག་མའི་འགོ་འདྲེན་ཅིང་འཇུག་པའི་འགོར་གྱུར་པས་ལམ་གྱི་ལས་སུ་བྱ་བ་བྱེད་པ་ཡིན་ཏེ། ཤིང་རྟའི་འདྲེན་བྱེད་བཞིན་ནོ། །ཡི་གེའི་ཐིག་ལེ་ནི་ཚེག་སྟེ་ཨཿདབང་ཕྱུག་ཆེན་པོའི་མིག་ལྟ་བུ་ནི་མཚན་མ་ཉེ་བར་ཞི་བ་མྱ་ངན་ལས་འདས་པའི་རང་བཞིན་བརྗོད་དུ་མེད་པ་གསུང་རྡོ་རྗེ་མཚོན་པ་ཤེས་རབ་མཐའ་གཉིས་ལ་མི་གནས་པ་སྟེ། ཨའི་རྣམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །དེའི་བྱེད་ལས་ནི་དངོས་པོ་རྣམས་ཀྱི་མིང་དུ་སོ་སོར་གྲུབ་ཅིང་སྨྲ་བའི་ལས་བྱེད་དོ། །དེའང་ཨ་རེ་རེས་མ་བཅིངས་ན་དབྱངས་གཅིག་གིས་བཅིངས་པའི་ཡི་གེ་རྣམས་ཀྱི་མིང་མི་འགྲུབ་ལ། དེ་མ་གྲུབ་ན་ཀ་བ་དང་བུམ་པ་ལ་སོགས་པ་དངོས་པོ་རྣམས་ཀྱི་མིང་མི་འགྲུབ་པས། འདིར་དངོས་པོ་སོ་སོའི་མིང་གྲུབ་པའི་ལས་བྱེད་པའོ། །ཡི་གེའི་ཤད་ནི་ཨ་དྲང་པོ་མདའ་ལྟ་བུ་སྟེ་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབ་པའི་མཚོན་བྱེད་སྐུ་རྡོ་རྗེ་ཐབས་ཀྱི་ཆོ་འཕྲུལ་ཆེན་པོ་སྟེ། བྱེད་ལས་ཡི་གེ་རྣམས་མ་འདྲེས་པར་ཚིགས་སུ་བཅད་པའོ། །འདིར་ལེགས་པར་སྦྱར་བའི་གཙུག་ལག་གི་དོན་མཐའ་དག་བལྟ་བའི་མིག་ལྡོངས་ཤིང་། མདོ་དང་རྒྱུད་སྡེའི་གཞུང་ལུགས་ཀྱི་རང་བཞིན་ལེགས་པར་མི་ཤེས་པར། རྡོལ་ཐབས་སུ་སྨྲ་བ་དག་ན་རེ། ཁྱོད་ཀྱི་འགོ་ཤད་ཚེག་ཅེས་སྨོས་པ་མ་འཐད་དེ། རྒྱ་དཔེ་ལ་མེད་པས་བོད་ཀྱིས་བྱས་པའོ་ཞེས་ཟེར་ཏོ། །བཤད་པར་བྱ་སྟེ། ཁྱོད་ནི་བོད་དུ་སྐྱེས་ཀྱང་བོད་ཀྱི་སྡེ་སྣོད་ཆེན་པོ་རྣམས་ཀྱི་གཞུང་མ་མཐོང་ཞིང་། རྒྱ་གར་དུ་ཕྱིན་ཀྱང་ལེགས་པར་སྦྱར་བའི་བསྟན་བཅོས་ལེགས་པར་མ་བསླབས་པ་ཡུལ་ཐ་དད་ཀྱི་གླེགས་བམ་མ་མཐོང་བས་རེ་བདེན། དེ་ལྟ་ནའང་འདི་དག་གི་འཐད་པ་ཅུང་ཟད་ལུང་གིས་དགོད་པར་བྱ་སྟེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། འགོ་ནི་ཐོག་མར་མཚོན་པ་སྟེ། །དང་ལ་གཟུགས་སུ་མཚོན་པའོ། །དེ་ནི་ཡི་གེའི་འགོ་ཡིན་ཕྱིར། །བེར་ཀ་རིས་ལ་འགོ་ཞེས་བྱ། །ཞེས་པ་དང་། གཟུགས་ཅན་སྙིང་པོས་ཞུས་པའི་མདོ་ལས། ཡི་གེ་མགོ་ནི་ཐིག་ཡིན་ཏེ། །ཡི་གེ་བཞི་བཅུ་རྩ་གཉིས་ལས། །མ་ནོར་ལམ་ནི་ཐིག་ཡིན་ཕྱིར། །ལམ་མཁན་ཐིག་ནས་ཡི་གེར་བཞུགས། །ཞེས་པ་དང་། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཚེག་ནི་ཚེག་ཏུ་བསྒྲུབ་པ་སྟེ། །ཡི་གེ་བསྡུད་ཕྱིར་མིང་དུ་སྨྲ། །དོན་གྱི་སྙིང་པོ་བདེར་སློང་པ། །དེ་ཕྱིར་ཚེག་ལ་ཏིག་ཅེས་བྱ། །ཞེས་པ་དང་། རྒྱན་དམ་པ་ལས། བསྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་པ་བསྡུས་པས་མིང་དུ་སྨྲ། །གཅོད་པར་བྱེད་པའི་ལས་ཅན་ལས། །དེ་ནི་ཤད་དུ་སྣང་བའོ། །ཞེས་པ་དང་། དཔུང་བཟང་ལས། གུག་སྐྱེད་ཀླད་ཀོར་ཚེག་རྣམས་མ་ཉམས་པར། །ཞེས་གསུངས་པས་ན། བཀའ་ཡང་དག་པ་དེ་དག་ཀྱང་བོད་མར་ཐལ་བའི་ཕྱིར་རོ། །དེ་ལྟ་བུའི་རྩོད་པ་ངན་པ་འཕྲག་དོག་གི་མུན་པ་མི་བཟད་པས་ཀུན་ནས་དཀྲིས་པའི་དབང་གིས་སྐུར་བ་འདེབས་པ་དག་གི་རྒོལ་བ་ནི་དོན་ལ་མི་གནས་པས་འདིར་སྤང་བར་བྱ་བ་ཙམ་དུའང་མི་འོས་ཏེ། རྣམ་ངེས་ལས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་པ་ལྟར་རོ། །འོན་ཀྱང་ལ་ལ་དག་གི་ཐེ་ཚོམ་ཅུང་ཟད་བསལ་བའི་ཕྱིར་བཀོད་ཀྱི། རང་བཞིན་ལ་འདི་ལྟར་སེམས་ཏེ་བདུད་དང་མུ་སྟེགས་བྱེད་ཀྱིས་བཅོམ་ལྡན་འདས་ལ་རྒོལ་བའམ། སྒོ་ཁྱི་ངན་པ་དག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཟུག་པའམ། བ་ལང་རྫི་དག་གིས་ཐམས་ཅད་མཁྱེན་པའི་རང་བཞིན་ལ་དམོད་པ་བས་ཀྱང་བློ་གྲོས་བླུན་པའི་ཕྱིར། ཕྱུགས་པས་ཀྱང་ཕྱུགས་ཡིན་ནོ་ཞེས་བཤད་པ་དང་མཐུན་ནོ། །གཉིས་པ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། འཁྲུགས་ཀྱི་དོན་སྡེབས་པ། མིང་གི་བརྡ་བཤད་པ། གདངས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་ནི། གཞུང་གི་སྐབས་འདིར་ཡི་གེའི་རིམ་པ་ཅུང་ཟད་འཁྲུགས་པར་སྣང་བ་ནི་ལྷའི་གནས་ལུགས་ཀྱི་དབང་དུ་བྱས་པ་སྟེ་འདི་ལྟར་ཡིན་ནོ། །དེའང་ཐོག་མའི་ཨ་ནི་ཆོས་དབྱིངས་ཀུན་ཏུ་བཟང་མོ་སྟོང་པའི་རང་བཞིན་དང་། སྒོ་མ་བཞིའི་རྗེས་ཉིད་དུ་ཀྵ་ནི་སྣང་བའི་ངོ་བོ་ཡེ་ཤེས་ཀུན་ཏུ་བཟང་པོ་སྟེ་གདངས་ཀྱི་ཀུན་བཟང་ཡབ་ཡུམ་མོ། །དེ་གཉིས་ལྷན་ཅིག་ཏུ་མི་སྨོས་པར་ཐུབ་པ་དྲུག་ལས་གཞན་པའི་ཐོག་མཐར་བཤད་པས་རང་སྣང་གི་ལོངས་སྐུ་རྣམས་སྣང་སྟོང་གཉིས་སུ་མེད་པ་གཞིའི་ཀུན་བཟང་ཉིད་ཀྱི་ངང་ལས་ཤར་བའི་རོལ་བར་བསྟན་པའི་དགོས་པ་ཡོད་དོ། །དེའང་གཞིའི་སེམས་ཉིད་འོད་གསལ་བ་ནི་ཐོག་མའི་ཀུན་ཏུ་བཟང་པོ་སྟེ་མཐར་ཐུག་གི་གྲོལ་གཞིའོ། །དེའི་སྣང་སྟོང་གི་ཆ་གདངས་ཀྱི་ཀུན་བཟང་ཡབ་ཡུམ་མོ། །དེ་ལྟར་ཆོས་སྐུ་འོད་གསལ་བའི་ངང་ལས་ལོངས་སྐུ་རང་སྣང་དུ་འཆར་བར་བསྟན་པའོ། །དེའི་ངང་ལས་རང་སྣང་དག་པའི་རིགས་ལྔ་ཡབ་ཡུམ་འཇའ་ཚོན་ལྟར་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕྱིར་དེ་ནས་རིགས་ལྔ་ཡབ་ཡུམ་གྱི་ས་བོན་བསྟན་པའོ། །དེ་ནས་ལྷ་དེ་དག་གི་ཐུགས་ཀྱི་རྩལ་ལས་ཐུགས་ཀྱི་སེམས་དཔའ་བཞི་འཆར་བར་བསྟན་པའི་ཕྱིར་ནང་གི་སེམས་དཔའ་བཞིའི་ས་བོན་བསྟན་ཏོ། །དེ་དག་གི་སྣང་ཆས་ཉོན་མོངས་པ་སེམས་སུ་ཞེན་པ་ཤེས་བྱའི་སྒྲིབ་པ་འཇོམས་པར་མཚོན་པའི་ཕྱིར་ཐུགས་ཀྱི་སེམས་དཔའ་བཞིའི་གདངས་ལས་གཤིན་རྗེ་གཤེད་ཀྱི་ས་བོན་བསྟན་ཏོ། །སེམས་དཔའ་དེ་དག་གི་སྤྱད་བྱའི་ཡུལ་བཞི་ནི་སོ་སོའི་ཡུམ་དུ་སྣང་བར་མཚོན་པས་དེ་དག་གི་ས་བོན་བསྟན་ཏོ། །དེ་ནས་སྣང་ཡུལ་བཞི་པོའི་ཞེན་པ་ཉོན་མོངས་པའི་སྒྲིབ་པ་འཇོམས་པར་མཚོན་པའི་ཕྱིར་དེ་དག་གི་རྩལ་ལས་སྟོབས་ཆེན་སྣང་བས་དེའི་ས་བོན་བསྟན་པའོ། །ཡང་རྩ་བའི་རིགས་ལྔའི་གསུང་གི་རྩལ་ལས་གསུང་གི་སེམས་དཔའ་བཞི་སྣང་བས་དེ་དག་གི་ས་བོན་བསྟན་ཏོ། །གསུང་དེས་ངག་གིས་སྒྲིབ་པ་འཇོམས་པར་མཚོན་པ་ལ་རྟ་མགྲིན་ཤར་བས་དེའི་ས་བོན་བསྟན་ཏོ། །དེ་དག་གི་གཞལ་བྱའི་སྣང་ཡུལ་དུས་ཀྱི་སེམས་མ་བཞི་ནི་གསུང་སྒྲིབ་པ་མེད་པ་དུས་བཞི་ཀུན་ཏུ་སྣང་བས་ཡུམ་བཞིའི་ས་བོན་བསྟན་ཏོ། །དེ་དག་གི་རང་བཞིན་མཐའ་བཞིའི་དྲི་མ་ལས་འདས་པར་མཚོན་པར་སྒོ་མ་བཞི་སྣང་བའི་ཕྱིར་སྒོ་མ་བཞིའི་ས་བོན་བསྟན་ཏོ། །དེ་དག་སྣང་བའི་གཟུགས་བརྙན་ཐམས་ཅད་ཀུན་ཏུ་བཟང་པོའི་ངང་ལས་འཆར་བར་བསྟན་པའི་ཕྱིར་ཀྵ་ནི་སྔར་བསྟན་པ་བཞིན་ནོ། །ལྷ་དེ་དག་གི་སྐུའི་རྩལ་ལས་འཇིག་རྟེན་སོ་སོར་ཐུབ་པ་དྲུག་སྣང་བ་ནི་ཕྲིན་ལས་ཕུན་སུམ་ཚོགས་པ་སྤྲུལ་པའི་རང་བཞིན་མཚོན་པས་དེ་དག་གི་ས་བོན་བསྟན་ཏོ། །དེ་དག་ཀྱང་སྐུའི་རང་བཞིན་ལས་ཕྲིན་ལས་སུ་ཤར་བའི་གཙོ་བོའི་ཕྲིན་ལས་ཀྱི་གདངས་ལས་བདུད་རྩི་འཁྱིལ་བ་སྣང་བའི་ཕྱིར་དེའི་ས་བོན་བསྟན་ཏོ། །དེ་ཐམས་ཅད་ཀྱི་གདངས་ལས་ཁྲོ་བོའི་ཞིང་ཁམས་རང་སྣང་བར་བསྟན་པའི་ཕྱིར་བུདྡྷ་ཧེ་རུ་ཀའི་ས་བོན་ཨཱོཾ་གྱིས་མཚོན་པའི་ངོ་བོར་མཐར་བསྟན་པ་ཡིན་ནོ། །གཉིས་པ་ཡི་གེའི་བརྡ་བཤད་པ་ནི། སྐྱེ་མེད་དང་ཐུགས་ཀྱི་བརྡ་ཀུན་བཟང་ཡབ་ཡུམ་ལ་བརྗོད་པ་ནི་དབྱིངས་སྐྱེ་བ་མེད་པའི་སེམས་ཉིད་དང་། ཡེ་ཤེས་རང་བྱུང་གི་ཐུགས་རྗེ་འགག་པ་མེད་པར་བསྟན་པའི་ངང་ལས་དཀྱིལ་འཁོར་རྣམས་འཆར་བའི་གཞིར་གོ་བའི་བརྡར་བརྗོད་པའོ། །རིགས་ལྔ་ཡབ་རྣམས་ལ་སྒྱུ་འཕྲུལ་གྱི་སྒྲས་བརྗོད་པ་ནི། ཐབས་ཀྱི་སྒྱུ་མ་དང་སྣང་ཕུང་པོ་ལྔ་གནས་སུ་དག་པར་བསྟན་པའོ། །ཡུམ་ལྔ་ལ་དྲྭ་བའི་སྒྲས་བརྗོད་པ་ནི་ཤེས་རབ་གཉིས་སུ་མེད་པས་འབྲེལ་བར་མཚོན་པ་སྟེ། འབྱུང་བ་ལྔ་དབྱིངས་སུ་དག་པར་བསྟན་པའོ། །ནང་གི་སེམས་དཔའ་བཞི་ལ་ཐུགས་ཀྱི་སྒྲས་བརྗོད་པ་ནི་རྣམ་པར་ཤེས་པའི་རང་བཞིན་དག་པ་ཉིད་མཚོན་པའོ། །ཡུལ་གྱི་སེམས་མ་བཞི་ལ་སྐུའི་སྒྲས་བརྗོད་པ་ནི་དབང་ཤེས་འཆར་བའི་སྣང་ཡུལ་རགས་པར་སྣང་བ་སྟེ། དེ་དག་གནས་སུ་དག་པར་མཚོན་པའོ། །ཕྱིའི་སེམས་དཔའ་བཞི་ལ་གསུང་གི་སྒྲས་བརྗོད་པ་ནི། དབང་པོ་གསལ་ཅིང་རྟོག་པར་བྱེད་པའི་བདག་ཉིད་དེ་དེ་དག་གནས་སུ་དག་པར་མཚོན་པའོ། །དུས་ཀྱི་སེམས་མ་བཞི་ལ་དག་པའི་སྒྲས་བརྗོད་པ་ནི། དུས་བཞི་ཐམས་ཅད་ཡོད་མེད་རྟག་ཆད་ལས་འདས་པ་སྟེ་གནས་སུ་དག་པར་མཚོན་པའོ། །སྒོ་བ་བཞི་ལ་འཇིགས་པའི་སྒྲས་བཏགས་པ་ནི། ཉོན་མོངས་པ་དངོས་པོ་དང་མཚན་མར་འཛིན་པའི་རང་བཞིན་བདུད་བཞི་དང་ཕྱིར་རྒོལ་བ་འཇོམས་ཤིང་གནས་སུ་དག་པའི་བརྡའོ། །སྒོ་མ་བཞི་ལ་ཆོས་ཉིད་དོན་གྱི་སྒྲས་འཕངས་པ་ནི། ཡེ་ནས་རྣམ་པར་དག་པའི་ཚད་མེད་པས་འགྲོ་བའི་དོན་ལྷུན་གྱིས་གྲུབ་ཅིང་བདག་དང་བདག་གི་དངོས་པོ་དང་མཚན་མར་འཛིན་པ་གནས་སུ་དག་པར་མཚོན་པའོ། །ཐུབ་པ་དྲུག་ལ་རྡུལ་སྙེད་ཀྱི་སྒྲས་བརྗོད་པ་ནི། སྤྲུལ་པ་གྲངས་མེད་པས་འཇིག་རྟེན་མུ་མེད་པར་ལྷུན་གྱིས་གྲུབ་པའི་དོན་མཛད་ཅིང་འགྲོ་བ་དྲུག་གི་བག་ཆགས་གནས་སུ་དག་པར་མཚོན་པའོ། །ཁྲོ་བོའི་རང་བཞིན་ལ་ཐམས་ཅད་ཞིག་པར་བརྗོད་པ་ནི། གདུལ་བྱ་དྲེགས་པ་འདུལ་ཞིང་སྣང་ཡུལ་ཡེ་ཤེས་སུ་དག་པར་མཚོན་པའོ། །གསུམ་པ་གདངས་ཀྱི་འཆར་ཚུལ་ལ། སངས་རྒྱས་ཀྱི་རང་སྣང་ལྷུན་སྟུག་པོ་བཀོད་པ་ན་གཙོ་བོ་ཕྱོགས་རྣམས་གང་ནས་བལྟས་པ་དེ་ཉིད་དུ་ཞལ་གཟིགས་པའི་ཤར་དུ་མི་བསྐྱོད་པ་ཡབ་ཡུམ་ལ་སའི་སྙིང་པོ་དང་། བྱམས་པ། ལ་སྱེ་མ་དང་། དྷཱུ་པེ་མ་བཞིས་བསྐོར་བའི་ཤར་དུ་སྒོ་བ་གཤིན་རྗེ་གཤེད་དང་ལྕགས་ཀྱུ་མས་མཚོན་པ་སྟེ་དཀྱིལ་འཁོར་དྲུག་ཕྲག་གཅིག་དང་། ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ་སྤྱན་རས་གཟིགས་དང་། སྒྲིབ་པ་རྣམ་པར་སེལ། མཱ་ལེ་མ་དང་། པུཥྤེ་མ་བཞིས་བསྐོར་བའི་ལྷོར་སྟོབས་པོ་ཆེ་དང་ཞགས་པ་མས་མཚོན་པ་སྟེ་དྲུག་དང་། ནུབ་ཏུ་འོད་དཔག་མེད་ཡབ་ཡུམ་ལ་ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། གཱིརྟི་མ་དང་། ཨཱ་ལོ་ཀེ་མ་བཞིས་བསྐོར་བའི་ནུབ་ཏུ་རྟ་མགྲིན་དང་ལྕགས་སྒྲོག་མས་མཚོན་པ་དྲུག་དང་། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ། ནཱིརྟི་མ། གནྡྷེ་མ་བཞིས་བསྐོར་བའི་བྱང་དུ་བདུད་རྩི་འཁྱིལ་བ་དང་དྲིལ་བུ་མས་མཚོན་པ་སྟེ་དྲུག་ཕྲག་དྲུག་གི་དཀྱིལ་འཁོར་དུ་རང་གསལ་བའི་གདངས་ལས། སྟེང་གཞི་ཁྲོ་བོའི་ཞིང་ཁམས་དང་། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲོ་བར་རང་སྣང་བའི་ཚུལ་གྱིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པར་འདོད་དེ། ཡེ་ཤེས་རིན་པོ་ཆེའི་རྒྱུད་ལས། སྟུག་པོ་བཀོད་པའི་ཞིང་ཁམས་ན། །རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ། །དྲུག་ཕྲག་དྲུག་གི་འཁོར་གྱིས་བསྐོར། །གདངས་ཀྱི་ཁྲོ་བོའི་དཀྱིལ་འཁོར་དང་། །ཐུབ་པ་གྲངས་མེད་རྟག་པར་འཕྲོ། །དེ་བཞིན་འགྲོ་ལ་རྟག་གནས་པའོ། །ཞེས་སོ། །སེམས་ཅན་གྱི་གནས་སྐབས་ན་ཡང་སྙིང་ག་དང་སྤྱི་བོ་ལ་བརྟེན་པར་འདོད་དེ། ཉི་ཟླ་ཁ་སྦྱོར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་སྐུ་ནི་རྫོགས་པ་དང་། །རང་རང་མགོ་ལ་ཁྲོ་སྐུར་གསལ། །གདངས་ཀྱི་སྐུ་ནི་བསམ་མི་ཁྱབ། །ཅེས་སོ། །ཕྱིས་བར་དོར་ཡང་སྐུ་དེ་དག་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་ཚོམ་བུའི་དཀྱིལ་འཁོར་དུ་འཆར་བར། མན་ངག་སྙིང་གི་དགོངས་པ་ལས། བར་དོར་སངས་རྒྱས་ཀྱི་སྐུ་དྲུག་ཕྲག་དང་བཅས་པ་འཆར་ཏེ། ཞེས་གསུངས་སོ། །དེའང་རྒྱུད་འདི་ནི་གསང་བ་རྗོགས་པ་ཆེན་པོ་སེམས་དང་ཡེ་ཤེས་རང་སྣང་བར་བསྟན་པ་གསུངས་པས་གོང་མ་རྣམས་དང་གཅིག་ཏུ་འདུ་བ་ཡིན་པའི་ཕྱིར་རྫོགས་པ་ཆེན་པོ་ཐིག་ལེའི་སྐོར་བཞིན་དགོངས་པ་བླང་བར་རིགས་སོ། །དེའང་ཚུལ་འདི་ནི་སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལས་ཞི་ཁྲོ་དོན་གྱི་སྒྲུབ་ཐབས་མཛད་པའི་མན་ངག་གི་ཡི་གེ་ཆེན་པོ་ནས་བཏུས་ཏེ་འདིར་བཀོད་པ་ཡིན་ནོ། །སྤྱི་དོན་འདི་ནི་ཤིན་ཏུ་གསང་ཞིང་གཅེས་པ་སྟེ་རྒྱུད་འདིའི་དགོངས་པ་མཐར་ཐུག་པའོ། །གཉིས་པ་གཞུང་གི་དོན་ནི་སྔ་རབས་པ་བཞིན་སྡེ་ཚན་སོ་སོར་ཕྱེ་ཡང་འགལ་བ་མེད་ཀྱི། འོན་ཀྱང་དཀྲུགས་ཏེ་བཤད་པས་འཆད་པ་པོས་འཆད་མི་བདེ་ཞིང་། ཉན་པ་པོས་གོ་དཀའ་བས་ཡི་གེའི་རིམ་པ་བཞིན་བསྟན་པར་བྱ་བ་ལ་ལྔ་སྟེ། དབྱིངས་རིགས་ལྔ་ཡབ་ཡུམ་དང་བཅས་པའི་ཡི་གེ་ནང་སེམས་སྒོ་བ་དང་བཅས་པའི་ཡི་གེ། ཕྱི་སེམས་སྒོ་བ་དང་བཅས་པ་ཡི་གེ། ཡེ་ཤེས་ཐུབ་པ་དང་བཅས་པའི་ཡི་གེ། སྒོ་སྐྱོང་ཁྲོ་བོ་དང་བཅས་པའི་ཡི་གེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དབྱིངས་ཀུན་ཏུ་བཟང་མོའི་ཡི་གེ། རིགས་ལྔ་ཡབ་ཀྱི་ཡི་གེ། ཡུམ་གྱི་ཡི་གེའོ། །དང་པོ་ནི། ཨ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་དེ་བཞིན་ཉིད་ཀུན་ཏུ་བཟང་མོའི་ངོ་བོ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། ཡུམ་བར་མ་ལས། དེ་ལ་ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་པ་ལ་སོགས་པ་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་དོན་གསུངས་བ་དང་གཅིག་གོ། །གཉིས་པ་ནི། ཋ་ནི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་སྒོ་སྟེ་ཐབས་སྣང་བའི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པའི་ངོ་བོ་དབྱིངས་ལས་མ་སྐྱེས་པས་དེ་བཞིན་ཉིད་རྣམ་པར་ཤེས་པའི་རྡོ་རྗེ་ཐུགས་རྣམ་སྣང་གི་ས་བོན་ཉིད་དོ། །ཊ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་སྣང་བའི་སྒྱུ་མ་སྣ་ཚོགས་སུ་རྣམ་འཕྲུལ་མི་བསྐྱོད་པའི་ས་བོན་ཉིད་དོ། །ཌ་ནི་ཚོར་བའི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་ཀྱི་སྒྱུ་མ་སྣ་ཚོགས་སུ་སྣང་བའི་རྣམ་འཕྲུལ་ཡིད་བཞིན་རིན་ཅེན་འབྱུང་ལྡན་གྱི་ས་བོན་ཉིད་དོ། །ཌྷ་ནི་འདུ་ཤེས་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པའི་ཐབས་ཀྱི་སྒྱུ་མ་སྣ་ཚོགས་སུ་འཕྲུལ་པ་འོད་དཔག་མེད་ཀྱི་ས་བོན་རྣམ་པར་དག་པ་ཉིད་དོ། །ཎ་ནི་འདུ་བྱེད་ཀྱི་དེ་བཞིན་ཉིད་རྟོགས་པའི་ཐབས་ཀྱི་རང་བཞིན་དུས་ཀུན་ཏུ་སྒྱུ་འཕྲུལ་དོན་གྲུབ་ཀྱི་ས་བོན་ཉིད་དོ། །གསུམ་པ་ནི། ཐ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནམ་མཁའི་རང་བཞིན་ཟུང་དུ་འབྲེལ་བའི་དྲྭ་བ་མངོན་པར་རྫོགས་པར་བྱང་ཆུབ་པ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི་ས་བོན་ཉིད་དོ། །ཏ་ནི་ཤེས་རབ་ཀྱི་དྲྭ་བ་བརྟན་པ་སངས་རྒྱས་སྤྱན་མའི་ས་བོན་ཉིད་དོ། །ད་ནི་ཡེ་ཤེས་ཀྱི་དྲྭ་བ་འོད་ཟེར་ལྷམ་མེ་སྣང་བ་གོས་དཀར་མོའི་ས་བོན་ཉིད་དོ། །དྷ་ནི་ཆོས་ཉིད་ཀྱི་དྲྭ་བ་འཁྲིལ་བ་མཱ་མ་ཀཱིའི་ས་བོན་ཉིད་དོ། །ན་ནི་དེ་བཞིན་ཉིད་ཀྱི་དྲྭ་བ་ཀུན་ཏུ་མཛེས་པ་དམ་ཚིག་སྒྲོལ་མའི་ས་བོན་ཉིད་དུ་འགྱུར་རོ། །གཉིས་པ་ནང་སེམས་སྒོ་བ་དང་བཅས་པའི་ཡི་གེ་ལ་གཉིས་ཏེ། དབང་ཤེས་ཀྱི་སེམས་དཔའ་བཞི་དང་ཐུགས་ཀྱི་སྒོ་བའི་ཡི་གེ། ཡུལ་གྱི་སེམས་མ་བཞི་དང་སྐུའི་སྒོ་བའི་ཡི་གེའོ། །དང་པོ་ནི། ཀ་ནི་སྤྱན་གྱི་ཐུགས་མིག་གི་རྣམ་པར་ཤེས་པ་དབྱིངས་སུ་དག་པའི་མཆོག་སའི་སྙིང་པོའི་ཡི་གེའོ། །ཁ་ནི་སྙན་གྱི་ཐུགས་རྣ་བའི་རྣམ་ཤེས་དག་པའི་མཆོག་ཕྱག་ན་རྡོ་རྗེའོ། །ག་ནི་ཤངས་ཀྱི་ཐུགས་སྣའི་རྣམ་ཤེས་དག་པའི་མཆོག་ནམ་མཁའ་སྙིང་པོའོ། །གྷ་ནི་ལྗགས་ཀྱི་ཐུགས་ལྕེའི་རྣམ་ཤེས་དག་པའི་མཆོག་སྤྱན་རས་གཟིགས་སོ། །ང་ནི་དབང་ཤེས་དེ་དག་གི་འཛིན་པ་ཐུགས་ཀྱང་འཇིག་པར་བྱེད་པ་དང་སྒོ་གསུམ་གྱི་ཞེན་པ་དག་པའི་སྒོ་བ་གཤིན་རྗེ་གཤེད་དོ། །གཉིས་པ་ནི། ཙ་ནི་སྤྱན་གྱི་སྐུ་ཡི་མཆོག་གཟུགས་དག་པ་སྒེག་མོའོ། །ཚ་ནི་སྙན་གྱི་སྐུ་ཡི་མཆོག་སྒྲ་དག་པ་གླུ་མའོ། །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག་དྲི་དག་པ་ཕྲེང་བ་མའོ། །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག་རོ་དག་པ་གར་མའོ། །ཉ་ནི་སྐུ་ཡང་འཇིག་པར་བྱེད་པ་སྟེ་ཡུལ་རྣམས་དང་སྒོ་གསུམ་ལ་ཞེན་བྱེད་དུ་འཛིན་པ་དག་པའི་སྐུའི་ཁྲོ་བོ་སྟོབས་པོ་ཆེར་བསྟན་པའོ། །གསུམ་པ་ཕྱི་སེམས་སྒོ་བ་དང་བཅས་པའི་ཡི་གེ་ལ་གཉིས་ཏེ། དབང་པོའི་སེམས་དཔའ་བཞི་གསུང་གི་སྒོ་བ་དང་བཅས་པ་དུས་ཀྱི་སེམས་མ་བཞི་སྒོ་མ་དང་བཅས་པའོ། །དང་པོ་ནི། པ་ནི་སྤྱན་གྱི་གསུང་མིག་གི་དབང་པོ་གནས་སུ་དག་པའི་མཆོག་བྱམས་པའི་ཡི་གེའོ། །ཕ་ནི་སྙན་གྱི་གསུང་གི་མཆོག་རྣ་བའི་དབང་པོ་དག་པ་སྒྲིབ་པ་རྣམ་སེལ་ལོ། །བ་ནི་ཤངས་ཀྱི་གསུང་གི་མཆོག་སྣའི་དབང་པོ་དག་བ་ཀུན་ཏུ་བཟང་པོའོ། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག་ལྕེའི་དབང་པོ་དག་པ་འཇམ་དབྱངས་སོ། །མ་ནི་གསུང་ཡང་འཇིག་པར་བྱེད་པ་སྟེ་བདག་ཏུ་འཛིན་པ་དང་སྒོ་གསུམ་གྱི་ཞེན་བྱེད་དག་པ་རྟ་མགྲིན་ནོ། །གཉིས་པ་ནི། ཡ་ནི་འདས་པའི་ཆོས་རྣམས་སྐྱེ་བ་རྣམ་པར་དག་པའི་ཆོས་ཉིད་བདུག་སྤོས་མའོ། །ཝ་ནི་ད་ལྟར་གནས་པ་རྣམ་པར་དག་པའི་ཆོས་ཉིད་མེ་ཏོག་མའོ། །ར་ནི་མ་འོངས་པ་ན་འཇིག་པ་རྣམ་པར་དག་པའི་ཆོས་ཉིད་སྣང་གསལ་མའོ། །ལ་ནི་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རང་སྣང་བའི་སྟོང་པ་རྣམ་པར་དག་པའི་ཆོས་ཉིད་དྲི་ཆབ་མའོ། །སྒོ་མ་བཞི་ལ། ཤ་ནི་ཆོས་ཐམས་ཅད་རྟག་པའི་རང་བཞིན་དུ་མེད་པས་རྣམ་པར་དག་པ་སྟེ་ལྕགས་ཀྱུ་མའོ། །ཥ་ནི་ཆོས་ཐམས་ཅད་ཆད་པའང་ཡོད་པ་མ་ཡིན་པས་ཞགས་པ་མའོ། །ས་ནི་ཆོས་ཐམས་ཅད་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་བདག་མེད་པས་ལྕགས་སྒྲོག་མའོ། །ཧ་ནི་ཆོས་ཐམས་ཅད་དངོས་པོ་དང་མཚན་མ་མེད་པ་ཉིད་ཀྱིས་དྲིལ་བུ་མའོ། །བཞི་པ་ཡེ་ཤེས་ཐུབ་དྲུག་དང་བཅས་པའི་ཡི་གེ་ལ། ཀྵ་ནི་ཆོས་ཉིད་ཟད་པའི་སྒོ་སྟེ་རང་སྣང་གི་ཡེ་ཤེས་རྣམ་པར་དག་པ་ཐུགས་རང་བྱུང་གི་ཡེ་ཤེས་ཀྱི་ཐུགས་རྗེ་སྟེ་ཀུན་ཏུ་བཟང་པོ་ཡབ་ཀྱི་ཡི་གེའོ། །ཐུབ་པ་དྲུག་ལ། ཨ་ནི་ལྷའི་གནས་ཇི་སྙེད་པར་ལྷའི་ཐུབ་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་འཕྲོས་པས་ལྷ་རྣམས་ཡོངས་སུ་འདུལ་པ་བརྒྱ་བྱིན་དང་། དེ་བཞིན་དུ་སྦྱར་ཏེ་ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས་དང་། ཨུ་ནི་རྡུལ་སྙེད་མི་རྣམས་སུ་ཤཱཀྱ་ཐུབ་པ་དང་། ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས་ཀྱི་ཐུབ་པ་སེང་གེ་རབ་བརྟན་དང་། ཨེ་ནི་རྡུལ་སྙེད་ཡི་དྭགས་སུ་ཁ་འབར་དྷེ་བ་དང་། ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས་ལ་ཨ་ཝ་གླང་མགོས་འདུལ་བའི་ཡི་གེའོ། །ཡི་གེ་དྲུག་པོ་དེ་ཡང་ཚངས་པ་དབྱངས་ཀྱི་སྒོ་སྟེ་ཐུགས་རྗེ་ཆེན་པོའི་རྣམ་པར་ཐར་པའོ། །ལྔ་པ་སྒོ་སྐྱོང་ཁྲོ་བོ་དང་བཅས་པའི་ཡི་གེ་ལ་གཉིས་ལས། སྒོ་བ་ནི་ཨོ་ནི་མཚན་མ་ཐམས་ཅད་དང་སྒོ་གསུམ་གྱི་སྤྲོས་པ་མཐའ་དག་འཇིག་པར་བྱེད་ཅིང་ཆོ་འཕྲུལ་ཆེན་པོ་སྟོན་པ་སྟེ་བྱང་སྒོའི་ཁྲོ་བོ་བདུད་རྩི་འཁྱིལ་བའོ། །གཉིས་པ་ཁྲོ་བོའི་ཡི་གེ་ནི་ཨོ་ནི་གཟུང་འཛིན་ཐམས་ཅད་ཞིག་པ་ཡིན་ཏེ་ཞི་བའི་གདངས་ཡེ་ཤེས་ལྔའི་རང་བཞིན་ཁྲོ་བོར་སྣང་བའོ། །དེའང་བིནྡྷུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། ཁོག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནཱ་ད་སོ་སོར་རྟོག་པའི་ཡེ་ཤེས། རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཐ་མ་བདུད་རྩི་འཁྱིལ་བའི་སྙིང་པོར་བྱེད་པ་དེ་དག་གིས་ཞི་ཁྲོའི་དཀྱིལ་འཁོར་ཡི་གེ་སྤྲིན་ལས་འཕྲོ་ཚུལ་ཕྱོགས་ན་ཡོད་པར་མ་མཐོང་ངོ་། །ཡི་གེའི་སྤྲིན་ནི་ལྷའི་དཀྱིལ་འཁོར་ཐམས་ཅད་ཀྱི་ས་བོན་དུ་གནས་ལ། ཁྲོ་བོའི་དཀྱིལ་འཁོར་ནི་བུདྡྷཱ་ཧེ་རུ་ཀའི་ས་བོན་ༀ་ཡེ་ཤེས་ལྔ་ལྡན་ལས་འཕྲོས་པའོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ལྷུན་གྱི་གྲུབ་པའི་རང་བཞིན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སྤྲིན་འདིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ཕྲེང་བ་མ་ལུས་པ་ཐམས་ཅད་བསྡུས་སོ་ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་ཆེད་དུ་བརྗོད་དོ། །དེ་ལྟར་ཡི་གེའི་སྤྲིན་དེ་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངོ་བོར་ཡེ་ནས་གནས་པ་ལ་ངོ་མཚར་བར་བསྟན་པའི་ཚུལ་ནི་ཨ་ཧོཿཞེས་དགྱེས་པ་ཆེན་པོས་བཞད་པའོ། །གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ལ་གཉིས་ཏེ། ཚུལ་ཇི་ལྟར་ཕྱུང་བ་དང་། དོན་བསྡུ་བ་དངོས་སོ། །དང་པོ་ནི། ཡི་གེ་རྒྱས་པར་བཤད་པ། དེ་ནས་རང་སྣང་བའི་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྙིང་པོ་ཡི་གེའི་སྤྲིན་གྱི་གསང་བ་ཆེན་པོ་འདི་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ནི། གཉིས་སུ་མེད་པའི་རང་བཞིན་ལ་བསྔགས་པའི་ཕྱིར་ཨ་ཧོཿཞེས་བཞད་ནས་ཡི་གེའི་འཁོར་ལོ་དེ་ཡང་ཐབས་རང་བྱུང་གི་ཐུགས་རྗེ་ཆེན་པོ་དང་ཤེས་རབ་མཐའ་གཉིས་ལས་འདས་པའི་རང་བཞིན་གྱི་ངང་ལས་སྟོན་པ་ཉིད་ལྷག་པའི་ཡེ་ཤེས་གདུལ་བྱའི་དོན་ལ་རབ་ཏུ་དགྱེས་པའི་ཐུགས་རྗེའི་སྤྲིན་ཕུང་བྱང་ཆུབ་ཀྱི་སེམས་ཕུན་སུམ་ཚོགས་པའི་རྒྱུ་མི་ཟད་རྒྱན་གྱི་འཁོར་ལོ་ཡེ་ནས་མངའ་བའི་འབྲས་བུ་རྒྱལ་བ་བཞི་བཅུ་རྩ་གཉིས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་སྨིན་པ་སྟེ་སྣང་བ་ལས། སྤྲུལ་པའི་སྐུ་འཕྲོ་བས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་འབྱུང་བའི་རྒྱུ་ངོ་མཚར་བའི་ཡི་གེ་ཀཱ་ལི་ལ་སོགས་པ་མིང་ཚོགས་བཞི་བཅུ་རྩ་གཉིས་སྣང་བ་དེ་ཉིད། རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་པ་ཉིད་ཀྱི་ངོ་བོ་ལྷུན་གྱིས་གྲུབ་པའི་ཆོས་ཡེ་ནས་གནས་པའི་ངང་ལས་འགྲོ་བའི་དོན་དུ་རང་བྱུང་གི་ཐུགས་རྗེ་སྣང་བས་འདུས་བྱས་པ་ལྟར་འཁོར་ལོ་བཀོད་པ་ངོ་བོ་ལ་འཕོ་འགྱུར་མེད་པའི་དོན་གྱིས་གཉིས་སུ་མེད་པའི་རྡོ་རྗེ་སྟེ། དེ་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ལྔ་བཅུ་རྩ་ལྔ་ལ་སོགས་པ་འབྱིན་པའི་རང་བཞིན་ཁོ་ནར་ངེས་པས། དཀྱིལ་འཁོར་འཕྲུལ་ཅིང་སྣང་བར་བྱེད་པའི་དམ་ཚིག་ཆེན་པོ་ལས་དུས་རྟག་ཏུ་འདའ་བར་མི་མཛད་པ་ནི་ཉི་མ་འོད་ཟེར་གྱི་དམ་ཚིག་ལས་མི་འདའ་བ་བཞིན་ཏེ། དཀྱིལ་འཁོར་སྣང་བའི་རང་བཞིན་དེ་ཡང་གཟུགས་དང་མེ་ལོང་འཛོམ་པ་ལས་གཟུགས་བརྙན་དབང་མེད་དུ་འཆར་བ་བཞིན་དུ། ཡི་གེ་འཁོར་ལོ་ལས་རང་བྱུང་གི་ཡེ་ཤེས་ཤར་བའི་ཚེ་རང་སྣང་གི་དཀྱིལ་འཁོར་དང་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཕྱོགས་བཅུར་འཕྲོ་བ་ཐམས་ཅད་རང་དབང་མེད་པར་འཆར་བ་ནི་རྒྱུ་ཡི་གེ་སྤྲིན་དང་རྐྱེན་ཡེ་ཤེས་དང་གདུལ་བྱའི་སྣང་བ་ཚོགས་པའི་མཐུ་ཆེན་པོ་ལས་སྣང་བ་ཡིན་པའི་ཕྱིར་ངོ་མཚར་བས་ཧོཿཞེས་བཞད་དོ། །དེ་ནི་སངས་རྒྱས་ལས་སྤྲོས་ཚུལ་ལྟར་བཤད་དོ། །གཞན་དུ་ན་ཡི་གེའི་འཁོར་ལོ་ལུས་ལ་གནས་ཚུལ་དང་། ལམ་བསྒོམ་ཚུལ་ལྟར་བཤད་པ་གཉིས་ལས། དང་པོ་ནི། ལུས་ཅན་ཀུན་གྱི་ལུས་ལ་ཐབས་དང་ཤེས་རབ་ཐིག་ལེ་དཀར་དམར་གཉིས་སུ་མེད་པ་དགྱེས་པའི་སྤྲིན་གྱི་ཁམས་བྱང་ཆུབ་སེམས་ཀྱི་ཚོགས་ནི་རྒྱུ་ཀུན་རྫོབ་ཀྱི་རང་བཞིན་སྣུམ་དང་སྡོང་བུ་ལྟ་བུ་རྩ་འཁོར་ལོ་བཞིའི་དབུས་དང་འདབ་མ་ལ་གནས་པའི་དྭངས་མ་མར་མེ་ལྟར་འོད་གསལ་བ་ཉིད་ཡི་གེའི་གཟུགས་སུ་སྣང་བ་སྟེ། དེ་ཉིད་འབྲས་བུ་རྒྱལ་བ་སྨིན་ཅིང་གྲུབ་པར་བྱེད་པས། ངོ་མཚར་བའི་མིང་ཚོགས་བཞི་བཅུ་རྩ་གཉིས་ཏེ། རང་བཞིན་ཡེ་ནས་གནས་པས་འདུས་མ་བྱས་པའི་ཆོས་ཉིད་འོད་གསལ་བའི་ངང་ལས་ལམ་གོམས་པར་བྱེད་པའི་འདུས་བྱས་ཐབས་ལ་མཁས་པའི་རང་བཞིན་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྡོ་རྗེ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་འབྱིན་པའི་དམ་ཚིག་ཆེན་པོ་ལས་མི་འདའ་བར་མཛད་པ་ནི། གཞི་ཡི་གེ་ཉིད་ལམ་གྱི་རྐྱེན་གྱིས་ལྷའི་དཀྱིལ་འཁོར་དུ་གསལ་བར་བྱེད་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་རྒྱུ་རྐྱེན་ཚོགས་བའི་ནུས་མཐུ་འབྱུང་རུང་དུ་གཞི་ལ་ད་ལྟ་ནས་ཡོད་པ་ནི་ངོ་མཚར་ཆེའོ་ཞེས་བསྟན་པའོ། །ཡང་ལམ་སྒོམ་ཚུལ་དང་སྦྱར་ན་གཉིས་ལས། གྲོལ་ལམ་བསྐྱེད་རྫོགས་ལ་སྦྱར་བ་ནི་ཐབས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཤེས་རབ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དགྱེས་སྤྲིན་ཀུན་ཏུ་སྣང་དང་བྱང་ཆུབ་སེམས་ཚོགས་རྒྱུའི་ཏིང་ངེ་འཛིན་རྣམས་བསྒོམས་ནས། ཡི་གེ་སྤྲིན་གྱི་འཁོར་ལོ་སྔར་བསྟན་པ་བཞིན་བསྒོམ་ན་འབྲས་བུ་རྒྱལ་བའི་དཀྱིལ་འཁོར་སྨིན་གྲུབ་འབྱུང་བས་ངོ་མཚར་གྱི་མིང་ཚོགས་བཞི་བཅུ་རྩ་གཉིས་ཀྱིས། འདུས་མ་བྱས་ཆོས་སྐུ་དང་། འདུས་བྱས་གཟུགས་སྐུའི་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་དམ་པ་འབྱིན་པའི་དམ་ཚིག་ལས་འདའ་བར་མི་མཛད་པ་ནི། རྟེན་འབྲེལ་གྱི་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་སྟེ། གཟུགས་བརྙན་དང་སྒྱུ་མའི་སྣང་བ་བཞིན་འབྱུང་བ་ནི་ངོ་མཚར་ཆེ་ཧོཿཞེས་པའོ། ། ཐབས་ལམ་ལྟར་ན། ཐབས་ཡབ་ཀྱི་ཟླ་བ་དང་། ཤེས་རབ་ཡུམ་གྱི་ཉི་མ་གཉིས་སུ་མེད་པར་འདྲེས་པའི་དགྱེས་སྤྲིན་དགའ་བ་བཞིའི་ངོ་བོ་ཉིད་ནི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཚོགས་འཁོར་ལོ་བཞིར་བབས་པ་ལས་བྱུང་བའི་བདེ་སྟོང་གཉིས་སུ་མེད་པ་བསྒོམས་པའི་འབྲས་བུ་རྒྱལ་བ་སྨིན་ཅིང་གྲུབ་པར་བྱེད་པ་ངོ་མཚར་བའི་མིང་ཚོགས་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་དེ་ཡང་། འདུས་མ་བྱས་པའི་ཡེ་ཤེས་བཞི་པོ་ཉིད་བསྲུབས་པ་དང་འགེངས་པ་དང་འགྲེམས་པ་ལ་སོགས་པས་འདུས་བྱས་པའི་དབང་གིས་ཐབས་ཤེས་གཉིས་སུ་མེད་པའི་རྡོ་རྗེའི་དོན་དུ་གནས་པས། དཀྱིལ་འཁོར་དམ་པ་སྐུ་ལྔ་ལྷུན་གྱིས་གྲུབ་པ་འབྱིན་པའི་དམ་ཚིག་ལས་འདའ་བར་མི་མཛད་པ་ནི་ཡེ་ཤེས་དེ་བསྒོམས་པས་དབང་མེད་དུ་འབྱུང་བ་ནི་རྒྱུ་རྐྱེན་ཡབ་ཡུམ་གྱི་རྟེན་འབྲེལ་ཚོགས་པའི་མཐུ་ཆེན་པོས་འགྲུབ་པ་ཡིན་ཏེ། ངོ་མཚར་ཆེ་ཧོཿཞེས་པའོ། །གཞུང་འདི་ནི་ཟབ་ཅིང་གཏིང་དཔག་དཀའ་བས་ཅུང་ཟད་རྒྱས་པར་བསྟན་ཏོ། །དོན་དེ་ཉིད་ཡེ་ཤེས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྡོ་རྗེ་གསང་བ་འདི་ཉིད་ཀྱི་ཚིག་ཏུ་གསུངས་པའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཡི་གེའི་སྤྲིན་དུ་ཡེ་ནས་སངས་རྒྱས་པའོ། །ཞེས་བརྗོད་པས་རིགས་ལྔའི་དཀྱིལ་འཁོར་རང་སྣང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ཡི་གེ་འཁོར་ལོའི་ཆོས་ཉིད་ལས་ཡེ་ནས་ཐ་མི་དད་ཅིང་གཉིས་སུ་མེད་པའི་ངོ་བོ་དང་འདུ་འབྲལ་མེད་པའི་དབྱིངས་སུ་རོ་གཅིག་པར་གྱུར་ཏོ། །དེ་ཡང་རང་བཞིན་སྤྲོས་པ་དང་བྲལ་བའི་རྗེས་སུ་འགྲོ་བ་ཙམ་ལས་གནས་གྱུར་ཅིང་གཞན་དུ་སྤྲུལ་མི་དགོས་ཏེ། ངན་སོང་སྦྱོང་བའི་ཐིག་གི་ཆོ་གའི་སྐབས་ལས། ཆོས་ཀུན་ཐ་དད་རྗེས་འཇུག་ཅིང་། །ཆོས་ཀུན་ཕན་ཚུན་རྗེས་སུ་འཇུག །ཆོས་ཀུན་རྗེས་སུ་འཇུག་པ་སྟེ། །མཐའ་བྲལ་རྗེས་སུ་འགྲོ་བའོ། །ཞེས་པ་ལྟ་བུའོ། །དེ་བཞིན་དུ་དཀྱིལ་འཁོར་གསལ་བར་གྱུར་ཏོ། །ཞེས་པ་ལའང་རང་སྣང་བའི་དཀྱིལ་འཁོར་དེ་ལས་གཞན་དུ་མི་འཕོ་བ་སྟེ། ཆོས་ཉིད་དེ་དང་མཚུངས་པར་ཤེས་པར་བྱའོ། །ཁ་ཅིག་ནི་གདུལ་བྱའི་ངོར་དེ་ལྟར་སྣང་བའོ་ཞེས་པའང་འཇིག་རྟེན་དུ་སྒྲོན་མ་བཀོད་པ་ལ་སོགས་པའི་སྐབས་སུ་དེ་ལྟར་བློ་དང་མཐུན་པར་སྣང་བ་མི་འགལ་མོད། སྐབས་འདིར་ནི་ལྷུན་སྟུག་པོ་བཀོད་པའི་ཞིང་གི་དཀྱིལ་འཁོར་དེ་ཉིད་རྟག་ཏུ་འཕོ་འགྱུར་མེད་པའི་ཆོས་ཉིད་ཡིན་པས་མ་འབྲེལ་བ་ཉིད་དོ། །ཡེ་ནས་གསང་བའི་སྙིང་པོ་ཡི་གེ་ཕྲེང་བའི་ཆོས་ཉིད་དེ་ཁོ་ན་ཉིད་ངེས་པ་ལས། ལྷུན་གྱིས་གྲུབ་པ་ཡི་གེ་ཕྲེང་བའི་འཁོར་ལོ་ཆེན་པོ་བཀོད་པའི་ལེའུ་སྟེ་བཞི་པའི་རྣམ་བཤད་གཏན་ལ་ཕབ་པའོ།། ༈ །།དོན་གཉིས་པ་དེ་ལྟར་བསྒྲུབ་པའི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་ཡི་གེའི་རོལ་པ་ལ་བརྟེན་པར་བཤད་པ་དེ་ནས་ཡང་ཡི་གེ་འཁོར་ལོའི་སྤྲིན་བཀོད་པ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒྱུ་འཕྲུལ་བསྒྲུབ་པའི་རིམ་པ་རྣམ་པར་འཕྲོས་པ་འདི་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། གང་སྒྲུབ་པ་དངོས་གྲུབ་ཀྱི་རིམ་པ། གང་གིས་བསྒྲུབ་པ་ཡི་གེའི་སྦྲིན་གྱི་རང་བཞིན། ཇི་ལྟར་བསྒྲུབ་པའི་ཐབས་དངོས་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡེ་ནས་དག་པའི་སེམས་ཉིད་དངོས་གྲུབ་ཀྱི་རྩ་བར་བསྟན་པ། དེ་ལས་གྲུབ་པ་མཆོག་གི་དངོས་གྲུབ། དེའི་ཡན་ལག་ཐུན་མོང་གི་དངོས་གྲུབ། དེ་དག་གྲུབ་པའི་དཔེའོ། །དང་པོ་ནི། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་གང་ལའང་གནས་མ་ཡིན། །དེ་བཞིན་ཕུང་པོ་སྐྱེ་མཆེད་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་པ་ལྟར། ཆོས་ཐམས་ཅད་སེམས་ལ་བརྟེན་ཞིང་། སེམས་ནི་རང་བཞིན་གྱིས་དག་པའི་འོད་གསལ་ལ་བརྟེན་པས། དེའི་ཕྱིར་གཞི་དང་རྩ་བ་གང་དུའང་གྲུབ་པ་མེད་པའི་རང་བཞིན་ནམ་མཁའ་ལྟ་བུའི་སེམས་ཉིད་ནི་འཁོར་འདས་ཀྱི་ཆོས་དག་མ་དག་སྣ་ཚོགས་པ་རྣམས་ཀུན་གྱི་རྩ་བ་ཡིན་ཏེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ་ཞེས་པ་ལྟར་རོ། །དེའང་ཤེལ་གོང་གཅིག་ལས་རྐྱེན་ཐ་དད་ཀྱིས་མེ་དང་ཆུ་འབྱུང་བ་ལྟར། གཟུང་འཛིན་བྱས་མ་བྱས་དང་རིག་མ་རིག་གིས་སེམས་ཉིད་གཅིག་ལ་འཁོར་འདས་སུ་སྣང་ཡང་དོན་ལ་གཉིས་སུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡེ་ནས་དག་པའི་སེམས་ཉིད་འོད་གསལ་བ་ཡི་གེའི་རང་བཞིན་དུ་ཡེ་ནས་ཤར་ཏེ་སྣང་ལ་རང་བཞིན་མེད་པར་ཡོད་དོ། །དེ་ལྟར་སྣང་བ་ཡི་གེའི་སེམས་ཉིད་ནི་རྟོགས་ན་དོན་གཉིས་འབྱོར་པས་བརྒྱན་པའི་ཆར་རྒྱུན་དངོས་སུ་འབབ་ཅིང་། མ་རྟོགས་ན་ཡང་འདོད་རྒུ་འབྱུང་བའི་གཞིར་ཡེ་ནས་གྲུབ་པས་ཡིད་བཞིན་གྱི་ནོར་བུ་རིན་ཆེན་གྱི་སྤྲིན་ཡིན་ནོ། །གཉིས་པ་ནི། སེམས་ཉིད་འོད་གསལ་བའི་ངང་ན་རང་བྱུང་ལྷུན་གྱིས་གྲུབ་པའི་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཡི་གེའི་གཟུགས་སུ་སྣང་བ་བཞི་བཅུ་རྩ་གཉིས་ཀྱི་ངོ་བོ་སྤྲོས་པའི་མཐའ་དང་བྲལ་པའི་ཤེས་རབ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་མངོན་པར་རྫོགས་པའི་ཆོས་ཉིད་དུ་གྲུབ་ཟིན་པས་ན། དེ་ཉིད་ཏིང་ངེ་འཛིན་གྱི་རིམ་པས་ཉམས་སུ་བླངས་པའི་ཚེ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་རིགས་དང་དགོངས་པ་གཅིག་ཏུ་རྫོགས་པ་ཡི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་ཏེ། དཀྱིལ་འཁོར་གྱི་རྩ་བ་ཡི་གེ་སྤྲིན་ཉིད་ཕྱིན་ཅི་མ་ལོག་པར་ཉམས་སུ་བླངས་པའི་ཕྱིར་རོ། །གསུམ་པ་ཐུན་མོང་གི་དངོས་གྲུབ་ལ་གསུམ་སྟེ། ཡེ་ཤེས་ལྔ་གྲུབ་པའི་རྟགས་སུ་ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་བསྟན་པ། ཕུང་པོ་ལྔ་གནས་སུ་དག་པའི་རྟགས་སུ་འབྱུང་བ་ལྔ་ཟད་པར་གྲུབ་པའི་ཚུལ་བཤད་པ། རྣམ་ཤེས་བརྒྱད་དབྱིངས་སུ་དག་པའི་རྟགས་སུ་གྲུབ་པ་བརྒྱད་ཇི་ལྟར་ཐོབ་པའི་ཚུལ་བརྗོད་པའོ། །དང་པོ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་གྲུབ་པ་ན་དུག་ཐམས་ཅད་ཀྱང་འགྲོ་བའི་གསོས་སྨན་གྱི་བདུད་རྩིར་འགྱུར་ཞིང་རང་གཞན་གྱི་དོན་དུ་འབྱུང་བ་དང་། དེས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཞིང་བདེ་ལེགས་སུ་བྱེད་དོ། །ནད་བཞི་བརྒྱ་རྩ་བཞི་ནི། ཙ་ར་ཀ་ལས། བརྒྱ་དང་གཅིག་ནི་ཀུན་བརྟགས་གདོན་གྱི་ནད། །བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད། །བརྒྱ་དང་གཅིག་ནི་འབྱུང་འདུས་གཞི་ཡི་ནད། །བརྒྱ་དང་གཅིག་ནི་རང་བཞིན་སྔོན་གྱི་ལས། །ཞེས་པའམ། ཡང་ན་རླུང་མཁྲིས་བད་ཀན་འདུས་པ་བཞི་ལ་བརྒྱ་དང་རེ་རེ་ལྡན་པར་བཤད་དོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ལྷ་དང་མིའི་ལོངས་སྤྱོད་ལས་འཕགས་པ་ནམ་མཁའ་ལས་ཅི་འདོད་བླངས་པས་ཟད་མི་ཤེས་པ་ནམ་མཁའི་མཛོད་ཀྱི་ལོངས་སྤྱོད་ལྷུན་གྲུབ་ཏུ་འབྱུང་ཞིང་རེ་བ་རྫོགས་པར་བྱེད་དོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གྲུབ་པའི་ཚེ་ངན་སོང་གི་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ཀྱི་སྒྲིབ་པ་སྦྱོང་ཞིང་མཐོ་རིས་ཀྱི་བདེ་བ་ལ་འགོད་པར་བྱེད་དོ། །སོ་སོར་རྟོག་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་གྲུབ་པའི་ཚེ་སྣང་བ་ཉིད་མི་སྣང་བར་བྱེད་མི་སྣང་བ་ལས་སྣང་བར་སྟོན་དངོས་པོ་ཕན་ཚུན་སྣང་བ་དེ་དག་ཀྱང་མེ་ཆུར་བསྒྱུར་ཞིང་ས་ནམ་མཁར་སྟོན་པ་ལ་སོགས་པ་དང་། གཞན་དབང་དུ་བསྡུ་ཞིང་བསད་པ་གསོ་བ་ལ་སོགས་པའི་རྫུ་འཕྲུལ་གྲུབ་པས་ཅི་དང་ཅིར་སྣང་བའི་ཆོས་རྣམས་ཀྱི་རྣམ་པ་ཡང་དེ་ལས་གཞན་དུ་འགྱུར་པའི་ཆོ་འཕྲུལ་འགྲུབ་སྟེ། དཀོན་ཅོག་བརྩེགས་པ་ལས། ཏིང་ངེ་འཛིན་གྲུབ་པའི་སེམས་ཀྱི་སྤྱོད་ཡུལ་དང་རྫུ་འཕྲུལ་ཡང་བསམ་གྱིས་མི་ཁྱབ། རྫས་དང་སྨན་དང་སྔགས་དང་ནོར་བུ་རྣམས་ཀྱི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། གཟའ་དང་སྐར་མ་དང་དུས་ཀྱི་འཁྱུད་སྤྱད་དང་རྟེན་འབྲེལ་གྱི་མཐུ་ཡང་བསམ་གྱིས་མི་ཁྱབ། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཞེས་པ་ལྟར་རོ། །གཉིས་པ་ནི། གཟུགས་ཀྱི་ཕུང་པོ་གནས་སུ་དག་པས་ཟད་པར་སའི་ཏིང་ངེ་འཛིན་ཐོབ་པ་དེའི་ཚེ་ནམ་མཁའ་ལ་རྡོ་རྗེའི་ས་གཞི་ལྟར་སྲ་བར་བྱིན་གྱིས་བརླབས་པ་ནི་དེ་ལྟར་འབྱུང་ཞིང་། ཚོར་བའི་ཕུང་པོ་གནས་སུ་དག་པ་ན་མེའི་ཏིང་ངེ་འཛིན་ལ་དབང་ཐོབ་པས་ལུས་ལ་མེ་འབར་བ་ནས་སྣང་བ་ཐམས་ཅད་མེའི་ཕུང་པོར་གྱུར་པས་སེམས་ཅན་དམྱལ་བ་པའི་མེ་རབ་ཏུ་ཚ་བ་ཡང་འཚིག་ཅིང་སྡུག་བསྔལ་དེ་ལས་ཐར་བར་བྱེད་པ་དང་། འདུ་ཤེས་དག་པས་ཆུའི་ཏིང་ངེ་འཛིན་ལ་དབང་ཐོབ་སྟེ་སྣང་བ་ཐམས་ཅད་ཆུར་འགྱུར་ཞིང་ས་ལ་འཛུལ་བ་དང་ཐམས་ཅད་ཆུ་ཀླུང་གཅིག་ཏུ་འབབ་པར་སྟོན་པའང་མེ་ལ་བྱ་བ་དེ་བཞིན་དུ་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པ་ཡིན་ཏེ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གྱི་འཕྲུལ་པ་ཡིན་པའི་ཕྱིར་རོ། །འདུ་བྱེད་དག་པས་རླུང་གི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་ཚེ་རགས་པ་དང་ཕྲ་བར་སྣང་བའི་འཇིག་རྟེན་གྱི་ཁམས་འདི་ནི་རྡུལ་ཕྲན་དུ་འཐོར་བའི་ཆོ་འཕྲུལ་འགྱེད་ཅིང་སེམས་ཅན་ལ་ཕན་པར་མཛད་པ་དང་། རྣམ་པར་ཤེས་པ་དག་ཅིང་ནམ་མཁའི་ཏིང་ངེ་འཛིན་ཐོབ་པའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོངས་ཤིང་ཉི་མ་དང་ཟླ་བ་ཡང་ས་ལ་ལྷུང་བར་འགྱུར་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །འདིར་ཁ་ཅིག །རིགས་ལྔའི་ཐུགས་ཀ་ནས་འབྱུང་བ་ལྔས་དེ་ལྟར་གྱུར་བར་བསྒོམ་པ་ནི་གཞུན་དོན་དངོས་བཤད་པ་དང་མ་འབྲེལ་ལོ། །དེ་ནི་བྱེ་བྲག་ཏུ་བསྒྲུབ་ཚུལ་ཡིན་ལ། འདིར་ནི་སྤྱིར་བསྟན་པ་ཡིན་ནོ། །གསུམ་པ་རྣམ་ཤེས་བརྒྱད་དག་པའི་རྟགས་སུ་ལས་ཕྲན་ཚེགས་བརྒྱད་ཀྱི་གྲུབ་ཚུལ་ནི། ཀུན་གཞིའི་རྣམ་ཤེས་ལ་སོགས་པ་བརྒྱད་དག་ཅིང་རིག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཚེ་བསྒྲུབ་བྱ་རང་གི་མདུན་དུ་དགུག་པ་དང་། ཡུལ་གཞན་དུ་བཏང་པ་བསྐྲད་པ་དང་དགྲ་དང་ཆོམ་རྐུན་ལ་སོགས་པ་བཅིང་པ་དང་། བྱད་དང་གནོད་པ་ཐམས་ཅད་དགྲོལ་བ་དང་། རིམས་དང་དུག་ལ་སོགས་པ་གསོ་བ་དང་། ཕ་རོལ་གྱི་དགྲ་བགེགས་བསད་པ་དང་། དགྲའི་སྡེ་རབ་ཏུ་འཕམ་པར་བྱ་བ་དང་། རང་གི་སྡེ་རྒྱལ་བར་བྱ་བའི་ལས་ཐམས་ཅད་ཡི་གེའི་སྤྲིན་གྱི་ཏིང་ངེ་འཛིན་འདི་ཡིས་བྱེད་པར་འགྱུར་རོ། །བཞི་པ་དེ་དག་གྲུབ་པའི་དཔེ་ནི་ཏིང་ངེ་འཛིན་གྲུབ་པའི་དངོས་གྲུབ་དེ་ཉིད་གདོད་ནས་དག་པའི་ཡེ་ཤེས་རང་སྣང་དུ་ཤར་བའི་ཆོ་འཕྲུལ་ཕྱི་རོལ་ཏུ་སྣང་བའི་གཟུགས་བརྙན་ནོ། །དེའང་མིང་དང་ཚིག་གིས་མཚོན་པའི་ཡི་གེ་ཨཱ་ལི་ཀཱ་ལིའི་ཕྲེང་བ་སོ་སོའི་གཟུགས་ཐ་དད་དང་སོགས་ཁོང་ནས་ཁ་དོག་དང་འོད་ཟེར་ལས་ཀྱི་རྗེས་སུ་འགྲོ་བ་ཅན་གོམས་པས། ཏིང་ངེ་འཛིན་དེའི་འབྲས་བུ་ཡིད་བཞིན་དུ་འགྲུབ་པ་ཉིད་ཀྱིས་ཡི་གེ་འཁོར་ལོ་འདི་དཔེར་ན་མུན་ནག་ལ་སྣང་བ་བྱུང་བ་ཇི་ལྟ་བ་བཞིན་དུ་གང་འདོད་མཐོང་བ་དང་། ཕྱི་ནང་གི་དུག་རྣམས་མ་སྤངས་པར་བདུད་རྩིར་འགྱུར་བས་གསེར་འགྱུར་གྱི་རྩི་ལྟ་བུ་དང་། མི་འདོད་པ་རྣམས་རང་སར་ཞི་བ་གསོས་སྨན་གྱི་ཚུལ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་གང་གིས་སྒྲུབ་པ་ཡི་གེ་སྤྲིན་གྱི་རང་བཞིན་ལ་གཉིས་ཏེ། གང་ཟག་གང་གིས་བསྒྲུབ་པ་དང་། ངོ་བོ་གང་བསྒྲུབ་པའོ། །དང་པོ་ནི། ཡུལ་ཁྱད་པར་ཅན་གང་ལ་བརྟེན་ནས་ཐར་བའི་ལམ་སྟོན་པ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པ་ལ་བརྩོན་པ་ནི་ཡི་གེ་འགྲུབ་པའི་ཡན་ལག་དང་པོའོ། །དེའང་བླ་མ་ནི་ཞིང་གི་མཆོག་དམ་པ་སྟེ། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་བའི་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ཏེ་འབྱུང་། །བླ་མ་མེད་པའི་གོང་རོལ་ཏུ། །སངས་རྒྱས་འབྱུང་པར་ངས་མ་བཤད། །ཅེས་པ་དང་། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་རྒྱས་འཕེལ་ཅིང་། །བསོད་ནམས་དམ་པའི་ཞིང་རབ་ལ། །ཏིལ་འབྲུའང་མི་སྟོང་འཕེལ་སྨིན་འགྱུར། །ཞེས་པ་དང་། དྲྭ་བ་སྡོམ་པ་ལས། བླ་མ་དཀྱིལ་འཁོར་ཀུན་གྱི་གཙོ། །མཆོད་ཅིང་བསྙེན་བཀུར་བྱས་གྱུར་ན། །དཀྱིལ་འཁོར་ཐམས་ཅད་མཉེས་པར་འགྱུར། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སོ། །ལྷ་དང་ཡི་གེ་བསྒོམ་པའི་མངོན་པར་རྟོགས་པ་གསལ་ཞིང་མ་ཡེངས་པ་ནི་གཉིས་པའོ། །དེ་སྐད་དུའང་སྤྱོད་འཇུག་ལས། སེམས་གཞན་གཡེང་བས་བྱས་པ་ཡི། །བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །དེ་ཉིད་རིགས་པས་དོན་མེད་གསུངས། །ཞེས་པ་ལྟར་རོ། །རྩ་བ་དང་ཡན་ལག་གི་དམ་ཚིག་ལ་གནས་པ་ནི་གསུམ་པའོ། །དེ་སྐད་དུའང་འཁོར་ལོ་མཆོག་ལས། དམ་ཚིག་ལ་གནས་སྔགས་ཀུན་འགྲུབ། །ཅེས་སོ། །གསང་སྔགས་བཟླས་པ་ཡང་ཧ་ཅང་མྱུར་བ་དང་བུལ་བ་དང་ཆད་པ་དང་ལྷག་པ་དང་སྒྲ་ཆེ་བ་དང་ཆུང་ངུ་དག་སྤངས་ཏེ་དག་པ་བཞི་པའོ། །དེ་སྐད་དུའང་དམ་ཚིག་མཆོག་ལས། སྔགས་ཀྱང་སྒྲ་ཚིག་རྣམ་པར་དང་། །ཡན་ལག་དྲུག་དང་ལྡན་པས་འགྲུབ། །ཅེས་སོ། །ཆོས་དང་ལས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་རྣམས་ཀྱང་ལེགས་པར་ཤེས་ཤིང་། དེ་དག་གི་ཡན་ལག་མ་ཉམས་པའི་དོན་ཇི་ལྟ་བ་བཞིན་ཤེས་ཤིང་འཆིང་བར་བྱེད་པ་ནི་ལྔ་པའོ། །དེ་སྐད་དུའང་རྒྱལ་མཆོག་ལས། ཕྱག་རྒྱ་བཞི་ནི་ལྡན་པས་འགྲུབ། །ཅེས་སོ། །དེ་དག་གི་ཡན་ལག་ཏུ་སྒྲུབ་པའི་གནས་དང་དུས་དང་ཡོ་བྱད་དང་ལྡན་པས་འདི་ཉིད་འགྲུབ་པར་འགྱུར་ཞིང་། དེ་དག་དང་མི་ལྡན་པའི་གང་ཟག་གིས་འདི་བསྒྲུབས་ཀྱང་དོན་མེད་པར་མ་ཟད་ངན་སོང་དུ་འཚེད་པར་འགྱུར་པའི་ཕྱིར་བརླག་པ་ཞེས་བྱའོ། །དེ་སྐད་དུའང་ཐིག་ལེ་གསང་བ་ལས། སློབ་དཔོན་མ་བཀུར་དབང་མ་ཐོབ། །དམ་ཚིག་མེད་ཅིང་སྔགས་དང་བྲལ། །སྒྲུབ་པའི་ཡན་ལག་མཆོག་ཉམས་པ། །འདིར་ཡང་ལེགས་པར་མི་འགྲུབ་ཅིང་། །ཕྱི་མར་ངན་སོང་ཉིད་དུ་འཚེད། །ཅེས་སོ། །གཉིས་པ་ངོ་བོ་གང་བསྒྲུབས་པ་ནི་འདས་མ་འོངས་ད་ལྟར་བའི་དུས་གསུམ་གྱི་རྒྱལ་བས་ཐུགས་སུ་ཆུད་པའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་མཆོག་གི་སྙིང་པོ་ནི་ཡི་གེ་འཁོར་ལོ་ཡིན་པས་ན། དེའི་ངོ་བོ་རིན་པོ་ཆེ་ལྟར་འདོད་རྒུ་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་ཟད་པའི་དུས་མེད་དེ་ཡིད་བཞིན་གྱི་མཛོད་དམ་པར་གྱུར་པའི་ཕྱིར་རོ། །དེའང་ཆོས་སྐུ་ནམ་མཁའ་ལྟ་བུ་འཕེལ་བ་མེད་ཅིང་། ལོངས་སྐུ་འཇའ་ཚོན་ལྟ་བུ་འགྲིབ་པ་མེད་པའི་ངང་ནས་སྤྲུལ་སྐུ་སྣ་ཚོགས་སུ་འཕྲོ་བའི་རོལ་པར་འབྱུང་བ་སྟེ་ངོ་བོ་རང་བཞིན་གྱིས་དག་པའོ། །དེ་ཉིད་ཀྱང་ཆོས་སྐུ་དངོས་པོ་མེད་པའི་ངང་ལས་གཟུགས་སྐུ་སྣང་བའི་སྐུ་གཉིས་དངོས་པོ་ལྟར་སྣང་བའི་སྤྲིན་ལས། འགྲོ་བའི་དོན་དུ་མཛད་པའི་ཕྲིན་ལས་སྣ་ཚོགས་པ་གདུལ་བྱའི་བློ་དང་འཚམས་པ་ཉིད་རྣམ་པར་འབྱུང་ཞིང་ལྷུན་གྱིས་གྲུབ་པའི་རོལ་པར་འགྱུར་བ་ནི་ཡི་གེ་སྤྲིན་གྱི་ངོ་བོ་ཡིན་ནོ། །གསུམ་པ་ཇི་ལྟར་བསྒྲུབ་པའི་ཐབས་དངོས་བསྟན་པ་ལ་གསུམ་སྟེ། ཏིང་ངེ་འཛིན་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པ། མཉམ་པར་བཞག་པ་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། བསྐྱེད་པའི་རིམ་པ་ཡི་གེ་སྤྲིན་དུ་སྣང་བས་མཚོན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དངོས་པོར་སྣང་དུས་ཉིད་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མ་སྐྱེས་པས་ན་དངོས་པོ་མེད་པའི་རང་བཞིན་ཡེ་ནས་དག་པའི་རྫོགས་རིམ་དུ་ཤེས་པར་བྱའོ། །དེ་ལྟར་བསྐྱེད་རིམ་སྣང་ལ་ངོས་གཟུང་མེད་པའི་ངང་ནས་བདེན་ཞེན་མེད་པའི་ཚུལ་གྱིས་འཕྲོ་འདུ་ལ་སྦྱངས་ཏེ། ལས་དང་མཐུན་པའི་ཡི་གེའི་སྤྲོ་བསྡུ་རྟོགས་པའི་ཏིང་ངེ་འཛིན་ལ་ཡང་དང་ཡང་དུ་རྩལ་སྦྱང་ཞིང་རིག་པར་དབང་སྒྱུར་བའི་རོལ་པ་ནི་ཡི་གེ་འཁོར་ལོའི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཤེས་རབ་ཆོས་ཀྱི་སྐུ་སྟོང་པ་ཉིད་སྒོམ་པའི་ཏིང་ངེ་འཛིན་དང་། ཐབས་གཟུགས་ཀྱི་སྐུ་སྣང་བ་ཉིད་སྒོམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ཏེ། དམིགས་སུ་མེད་པའི་དོན་ལ་གདམས་ཚུལ་སྤྱིར་བསྟན་པ་དང་། གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གང་ཟག་གང་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་པ་དང་མཚན་མ་མེད་པར་མི་ཤེས་པ་དེ་ཡིས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་གནས་ལུགས་མི་ཤེས་ཏེ། དགོངས་འདུས་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་དུ་མེད་པར་བློ་འཇོག་པའི། །བྱིས་པ་དེ་ནི་བླུན་པ་སྟེ། །མུན་པའི་སྐྱེ་མཆེད་ཉིད་འགྱུར། །ཞེས་པ་དང་། ཕལ་པོ་ཆེ་ལས། ཆོས་རྣམས་ཆོས་ཀྱི་རང་བཞིན་མི་ཤེས་པར། །དེ་ཡིས་ཆོས་ཀྱི་དབྱིངས་ཉིད་མཐོང་བ་མེད། །ཅེས་སོ། །རྒྱུ་མཚན་དེའི་ཕྱིར་སེམས་ལ་སྣང་བའི་གཟུང་ཡུལ་དངོས་པོ་སྣ་ཚོགས་རྨི་ལམ་ལྟ་བུ་འདི་དག་གཞིགས་ཤིང་དཔྱད་ན་ཕྱི་ནང་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟ་བུར་གནས་པ་དང་། དེ་ཉིད་རྟོགས་བྱེད་ཀྱི་ཤེས་པ་ཁ་དོག་དང་དངོས་པོ་མེད་པ་ལ་བརྟགས་ན་ཕྱི་ནང་གང་དུའང་མི་རྙེད་པས་འཛིན་པ་ངོ་བོ་ཉིད་མེད་པ་དེའི་ཚེ་སེམས་དང་སེམས་ལ་སྣང་བ་ལས་གཞན་པའི་ཆོས་ཤིག་དམིགས་སུ་མེད་པས། གཟུང་འཛིན་དུ་ཞེན་པའི་འཁྲུལ་རྟོག་འཇིག་པའི་ཚུལ་བརྟགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་དེ་ཁོ་ན་ཉིད་ཤེས་པར་གྱིས་ཞེས་བསྟན་ཏོ། །དེ་སྐད་དུའང་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་སོ། །གཉིས་པ་གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད་པ་ནི། ཡེ་ནས་གཞི་དང་རྩ་བ་མེད་པའི་སེམས་ཉིད་ནམ་མཁའ་ལྟ་བུ་ནི། དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་པས། འདི་ལ་ཕོ་ཞེས་གདགས་སུ་མེད་ཅིང་མོ་མ་ཡིན་པ་དང་མ་ནིང་ཞེས་དམིགས་སུ་ཡོད་པ་མིན་པས་དེའི་ཕྱིར། སེམས་ཉིད་ལ་འཁོར་འདས་དང་བཟང་ངན་མེད་པར་ད་ལྟ་ཉིད་ནས་གྲུབ་བོ། །དེ་ལྟ་བུའི་རང་བཞིན་ནི་མཚན་མ་མེད་པར་ཡང་དམིགས་སུ་ཡོད་པ་མ་ཡིན་སྟེ་ཡོད་མེད་ཀྱི་མཐའ་ལས་འདས་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཉིད་ལ་སངས་རྒྱས་དང་སེམས་ཅན་ལ་སོགས་པའི་རིགས་དང་རྒྱལ་པོ་དང་གདོལ་བ་ལ་སོགས་པའི་རིགས་སོ་སོའི་རྒྱུད་དུའང་གྲུབ་པ་མིན་ཞིང་། དཀར་པོ་ལ་སོགས་པའི་ཁ་དོག་ཏུ་གྲུབ་པ་མ་ཡིན་ཞིང་གྲུ་བཞི་ལ་སོགས་པའི་དབྱིབས་སུའང་གྲུབ་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྟོང་ཞིང་མཚན་མ་མེད་པའི་ཕྱིར་རོ། །ཡང་སེམས་ཉིད་ལ་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་སུའང་གྲུབ་པ་མ་ཡིན་ཞིང་འདིའོ་ཞེས་པའི་ཆོས་གང་དུ་ཡང་གྲུབ་པ་མིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སེམས་ནི་དམིགས་མེད་བས མ་དུ་ཡོད་མ་ཡིན། །རང་བཞིན་དག་ཅིང་ངོ་བོ་ཉིད་ཀྱིས་སྟོང་། །ཡེ་ནས་བདག་མེད་ཆོས་ཉིད་ཟབ་མོ་སྟེ། །ནམ་མཁའ་བཞིན་དུ་ཟབ་ཞི་སྤྲོས་དང་བྲལ། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སེམས་ཉིད་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། དེའི་གནས་ལུགས་ཀྱིས་ཐབས་ཀྱི་ཕྱག་རྒྱ་ཐམས་ཅད་འགྲུབ་པའི་རྒྱུ་དང་ཤེས་རབ་ཀུན་གྱི་རྒྱུ་བྱེད་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་དབྱིངས་དང་རྟེན་འབྲེལ་དང་འབྲས་བུ་དམ་པ་ཐམས་ཅད་བྱེད་དེ། སེམས་ཉིད་རང་བཞིན་གྱིས་དག་པའི་དོན་ལས། གཞན་གྱུར་གྱི་གཞི་ལམ་འབྲས་བུའི་ཆོས་ཐ་དད་པ་ཞིག་ལོགས་ན་མེད་པའི་ཕྱིར་རོ། །གཉིས་པ་ཐབས་གཟུགས་སྣང་བསྒོམ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཡི་གེ་འཁོར་ལོ་བསྒྲུབ་པ་དང་། དེའི་ལས་ཚོགས་བསྒྲུབ་པའོ། །དང་པོ་ནི། ཏིང་ངེ་འཛིན་གསུམ་སྔོན་དུ་སོང་བས་ཨ་ལས་སྤྲོ་བ་དང་བསྡུ་བ་སྔ་མ་བཞིན་བསྒོམས་པའི་རྗེས་ལ། རྩ་བ་མེད་པའི་སེམས་ཉིད་ཡི་གེའི་འཕྲོ་འདུ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ངང་ལ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག་པ་ནི་ཤེས་རབ་ཀྱི་ངོ་བོ། །དེ་ནས་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་སྔགས་ཕྲེང་གི་འོད་ཟེར་གྱིས་ལས་བཞི་དང་མཆོག་གི་ཏིང་ངེ་འཛིན་བསྒྲུབ་པའི་རོལ་པ་ལ་སེམས་སྦྱང་ངོ་། །རྗེས་ལ་དགེ་བ་བསྔོ་བར་བྱའོ། །དེ་ཉིད་བརྟན་ཞིང་བཟླས་པའི་ཚོགས་བྱེ་བ་སུམ་འབུམ་ས་ཡ་གཅིག་སོང་བ་ན་གྲུབ་པའི་རྟགས་འབྱུང་བས། ལས་ཚོགས་ཇི་ལྟར་བསྒྲུབ་པ་ནི། ཡི་གེ་སྤྲིན་ལས་བདག་ཉིད་ལྷར་གྱུར་བའི་ཚུལ་གྱིས་འོད་ཟེར་དང་ལྷའི་འཕྲོ་འདུས་ནད་གདོན་སྡིག་པ་ཞི་བ་དང་། ཚེ་དང་ལོངས་སྤྱོད་རྒྱས་པ་དང་། དབང་དུ་བྱས་པ་དང་། བསྐྲད་པ་དང་། གསད་པ་དང་། རེངས་པ་དང་། འཆིང་བ་ལ་སོགས་པ་ནི་ཏིང་ངེ་འཛིན་སྣ་ཚོགས་པའི་འཕྲོ་འདུས་ཞག་བདུན་ལ་སོགས་པ་ན་འགྲུབ་པའོ། །དེ་བཞིན་དུ་རང་ཉིད་རྣམ་པར་སྣང་མཛད་དུ་གསལ་བའི་ཐུགས་ཀ་ནས་ནམ་མཁའ་ལ་རྡོ་རྗེའི་ཐེམ་སྐས་དང་ས་གཞིར་བསྒོམས་ན་སའི་ཏིང་ངེ་འཛིན་འཐོབ་ཅིང་ཆུ་ལ་མི་བྱིང་ཞིང་ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་གནས་པའོ། །རང་ཉིད་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་རྃ་ལས་མེ་བྱུང་བས་སྣང་སྲིད་ཐམས་ཅད་འབར་ཞིང་དམྱལ་བའི་མེ་ཞི་བར་བསམ་པ་ལས་མེའི་ཏིང་ངེ་འཛིན་འགྲུབ་ཅིང་མེའི་ཆར་འབེབས་པར་བྱེད་དོ། །རང་ཉིད་རིན་ཆེན་འབྱུང་ལྡན་གྱི་ཐུགས་ཀ་ནས་ཁྃ་ལས་ཡེ་ཤེས་ཀྱི་ཆུར་འབབ་པས་འཇིག་རྟེན་ཁེངས་པར་བསྒོམས་པས་ཆུའི་ཏིང་འཛིན་འགྲུབ་ཅིང་ས་ལ་ཕྱི་འཛུལ་དང་ངན་སོང་གི་མེ་ཞི་བར་བྱེད་དོ། །རང་ཉིད་དོན་གྲུབ་ཀྱི་ཐུགས་ཀའི་ཡྃ་ལས་རླུང་བྱུང་བས་འཇིག་རྟེན་གྱི་རགས་པའི་དངོས་པོ་འཐོར་བར་བསྒོམས་པས་རྫུ་འཕྲུལ་ཐོགས་པ་མེད་ཅིང་ནམ་མཁའ་ལ་ཡང་འགྲོ་བར་བྱེད་དོ། །རང་ཉིད་མི་བསྐྱོད་པའི་ཐུགས་ཀའི་ཨེ་ལས་ནམ་མཁའ་གཅིག་ཏུ་གྱུར་པར་བསྒོམས་ན་སྣང་བ་ཐམས་ཅད་སྟོངས་པ་དང་། ཉི་ཟླ་འཛིན་ཅིང་ལྷུང་བའི་ལས་འགྲུབ་བོ། །དེ་བཞིན་དུ་སྣང་བ་ཐམས་ཅད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་གའི་ཁ་དོག་ཏུ་བསྒོམས་པས་འོད་ཟེར་ཆེན་པོ་ལྔ་དང་སྣང་བ་དེ་དག་ཏུ་འགྲུབ་པར་བྱེད་དོ། །འདི་དག་ནི་སྨོས་པས་མཚོན་པ་སྟེ་ཡིད་ལ་ཇི་ལྟར་འདོད་པའི་ཏིང་འཛིན་དེར་འཕྲུལ་པའི་ཆོ་ག་གཞན་ཡང་གྲངས་མེད་པར་བསྒོམས་པས་དེ་དག་འབྱུང་བ་ནི་ཏིང་ངེ་འཛིན་དྲྭ་བ་དམ་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། བསྐྱེད་རྫོགས་ལྷའི་ཏིང་ངེ་འཛིན་དུ་བསྟན་པ་དང་། སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱར་བཤད་པའོ། །དང་པོ་ནི། རང་གི་སེམས་ཉིད་འོད་གསལ་བའི་ཡི་གེར་སྣང་བ་ནི་ཐབས་ཀྱི་རང་བཞིན་སྣང་བ་དེ་ཉིད་ལས་ཐབས་བྱ་བ་ནི་འོད་ཟེར་གྱི་རྩེ་ལས་ཡི་གེ་ཐོན་པའོ། །དེ་ཡང་གྲངས་མེད་པ་འཕྲོ་བས་ཐབས་བསམ་ཡས་ཤིང་དཔག་ཏུ་མེད་པའོ། །དེ་ཡོངས་སུ་གྱུར་པ་ལས་དོན་ལ་ཐ་དད་པ་གཞན་དུ་ཡོད་པ་མིན་ཡང་། བློ་ལ་རང་ཉིད་ལྷ་དང་ལྷ་མོའི་རོལ་པར་བསྒོམ་ཞིང་། དེ་ལས་ཐ་དད་པའི་སྣོད་གཞལ་ཡས་ཁང་དང་ཞིང་ཁམས་སུ་བསྐྱེད་པ་ནི་སེམས་ཀྱི་རོལ་པ་སྟེ། དེ་ལྟར་བསྒོམ་དུས་ན་ནང་རང་ཉིད་ལྷ་དང་ཡི་གེར་སྣང་བའི་འཕྲོ་འདུ་དང་ནང་གི་ཕྱི་རོལ་སེམས་ཀྱི་བསྐྱེད་པའི་གཞལ་ཡས་ཁང་དང་ཞིང་ཁམས་དང་སྤྲོ་བསྡུས་གཞི་སངས་རྒྱས་དང་སེམས་ཅན་དུ་བློས་བཀོད་པ་རྣམས་ཀྱི་དཀྱིལ་འཁོར་གྲངས་མེད་བསམ་ཡས་སུ་བསྒོམ་པའི་འཕྲོ་འདུ་ཡང་། རང་སྣང་གི་ཡེ་ཤེས་བཀོད་པའི་རོལ་པ་ནི་སེམས་ཉིད་གདོད་ནས་དག་པས་སངས་རྒྱས་པའི་རང་བཞིན་གང་ལའང་འཇིགས་པ་སྟེ་ལས་དང་ཉོན་མོངས་པ་ཡེ་ནས་མེད་པ་གནས་ལུགས་དོན་གྱི་ཀུན་ཏུ་བཟང་པོའི་ཕྱག་རྒྱའི་མཆོག་གིས་བཏབ་པའི་ཕྱིར། བསྐྱེད་པའི་རིམ་པའང་རང་བཞིན་མེད་པའི་རྫོགས་རིམ་དུ་ལྷུན་གྱིས་གྲུབ་པས་དེའི་ངང་ལ་མཉམ་པར་བཞག་ཅིང་སྤྲོས་པ་མེད་པས་དོན་ལ་གནས་པར་བྱའོ། །གཉིས་པ་སྣང་སྲིད་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་ཚུལ་དུ་བཤད་པ་ནི། འོད་གསལ་བའི་སེམས་ཉིད་ཡི་གེར་སྣང་བའི་ཐབས་ལས་རང་གི་དེ་ཁོ་ན་ཉིད་ཡུལ་སེམས་སུ་སྣང་བའི་ཐབས་བྱུང་ཞིང་། སྣང་སྲིད་སྣ་ཚོགས་སུ་སྣང་བའི་ཐབས་བསམ་ཡས་སུ་ཤར་བ་དེ་དག་ཀྱང་། དོན་ཐ་དད་དུ་ཡོད་པ་ཡིན་པ་ལ་ཐ་དད་པའི་སྣང་བ་སྣ་ཚོགས་སུ་སྣང་བ་ནི། ནང་གི་སེམས་དང་ནང་གི་ཕྱི་རོལ་དཀར་དམར་སྣ་ཚོགས་སུ་སྣང་བའི་ཆོས་ཀྱི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པར་ཤར་བས་འཇིགས་མེད་ཀུན་ཏུ་བཟང་པོ་ཡེ་ནས་སངས་རྒྱས་པའི་ཕྱག་རྒྱའི་མཆོག་གིས་རྒྱས་བཏབ་པ་ཞེས་བྱའོ། །ཡང་ཐབས་ཡི་གེ་འཁོར་ལོ་ལས་ཐབས་འཕྲོ་འདུ་བྱེད་པའི་ཡི་གེའི་ཐབས་བསམ་ཡས་འཕྲོ་བ་ཡང་། སེམས་ལས་ཐ་དད་མིན་པ་ལ་བློས་འཕྲོ་ས་འཕྲོ་ཡུལ་ཐ་དད་པའི་ཆོས་སུ་བྱེད་ཅིང་། ནང་རང་གི་སེམས་དང་། ནང་གི་ཕྱི་རོལ་སེམས་ལ་སྣང་བའི་ཆོས་ཐམས་ཅད་ཡི་གེར་གྱུར་པའི་འཕྲོ་འདུས་དབང་སྒྱུར་བའི་དཀྱིལ་འཁོར་བསམ་ཡས་ཡེ་ཤེས་ཀྱི་རོལ་པ་བསྒོམ་པ་ནི། འཇིགས་མེད་ཀུན་ཏུ་བཟང་པོའི་ཕྱག་རྒྱའི་མཆོག་ཡིན་ནོ་ཞེས་ཡི་གེ་བསྒོམ་པ་ལའང་སྦྱར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཡི་གེ་ཕྲེང་བ་རྟོགས་པའི་རྣལ་འབྱོར་པ་གང་གིས་གླང་ཆེན་ཆང་གིས་མྱོས་པ་དང་འདྲ་བའི་སེམས་ལས་སུ་མི་རུང་བ་བདག་ཏུ་ལྟ་བའི་གནས་ལ་རྟེན་འཆའ་ཞིང་མཚན་མར་འཛིན་པའི་ཆང་གིས་མྱོས་པས་འཁོར་བར་རྒྱུ་ཞིང་སྡུག་བསྔལ་བར་བྱེད་པ་འདི་ཉིད། གནས་ལུགས་ཀྱི་དོན་ལ་ཞི་ལྷག་ཟུང་འབྲེལ་གྱི་ཚུལ་དུ་མཉམ་པར་བཞག་པས་དངོས་པོ་དང་མཚན་མར་འཛིན་པའི་བློ་བཏུལ་ནས་གཉིས་སུ་མེད་པའི་ཡེ་ཤེས་སུ་བསྐྱེད་རྫོགས་ཁྱད་པར་ཅན་བསྒོམ་ཞིང་། དེའི་ཡན་ལག་སྔགས་ཀྱི་དེ་ཁོ་ན་ཉིད་དང་ཕྱག་རྒྱའི་རང་བཞིན་རབ་ཏུ་བརྟན་ཞིང་གོམས་པར་བྱས་ན་དངོས་གྲུབ་ཡ་མཚན་ཆེན་པོ་ཀུན་ཏུ་བཟང་པོ་ཉིད་ཐོབ་པར་འགྱུར་རོ། །སྔགས་ཀྱི་ཡན་ལག་ལྔ་ནི། བདག་གི། ལྷའི། གསང་སྔགས་ཀྱི། བཟླས་བརྗོད་ཀྱི། འཕྲོ་འདུའི་དེ་ཁོ་ན་ཉིད་དོ། །ཞི་གནས་ནི་སེམས་ཀྱི་སྤྲོས་པ་ཞི་བ་དང་། ལྷག་མཐོང་ནི་ཡུལ་གསལ་ཞིང་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་སྟེ། སྐབས་འདིར་བསྐྱེད་པའི་རིམ་པས་སེམས་གཞན་དུ་མི་འཕྲོ་བར་བྱེད་པ་ཉིད་ཞི་གནས་དང་། དེའི་རང་བཞིན་སྤྲོས་པ་མེད་པར་འཇོག་པ་ལྷག་མཐོང་དུ་ཤེས་པར་བྱའོ། །དེའང་མདོ་སྡེ་རྒྱན་ལས། མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ་། །ཞེས་པ་དང་། དམིགས་པ་གང་ཡང་རུང་གཅིག་ལ། །ཡིད་ནི་ཏིང་ངེ་འཛིན་ལ་བཞག །ཅེས་པས། འདིར་ཡི་གེའི་ཏིང་ངེ་འཛིན་ནི་ཞི་གནས་སྐྱེ་བའི་ཐབས་ཡིན་ལ། དེའི་ངང་ལས་སྐྱེ་བ་མེད་པ་དང་རྣམ་པར་རྟོག་པའི་ཤེས་རབ་དང་ཏིང་ངེ་འཛིན་གཉིས་ངང་གིས་འགྲུབ་པའི་ཕྱིར་ཟབ་མོའོ། །དེའང་བསམ་གཏན་གྱི་སྒྲོན་མེ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །ཅི་ཡང་མེད་ཅེས་རྟོགས་པར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ཡིས། །ཕྱི་ནས་དེ་ཡང་རབ་ཏུ་སྤྱོང་། །ཞེས་པ་ལྟར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ཡི་གེའི་སྤྲིན་དུ་གནས་སོ་ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཡི་གེ་འཁོར་ལོ་ལས་དངོས་གྲུབ་ཕུན་སུམ་ཚོགས་པ་ལྷུན་གྲུབ་ཏུ་འབྱུང་བའི་གཟིགས་མོས་མཉེས་པར་འགྱུར་ཏོ། །ཡི་གེ་སྤྲིན་གྱི་འཁོར་ལོ་གསང་བའི་སྙིང་པོ་དངོས་གྲུབ་ཕུན་སུམ་ཚོགས་པ་འབྱུང་བའི་དེ་ཁོ་ན་ཉིད་ངེས་པ་ལས། ཡི་གེ་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་ལྔ་པའི་རྣམ་བཤད་ལེགས་པར་གཏན་ལ་ཕབ་པའོ།། ༈ །།དོན་གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ལ་གཉིས་ཏེ། དབྱིངས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ་སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་གྱི་ངེས་ཚིག་སྤྱིར་བཤད། དབྱེ་བ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། མཎྜལ་ཞེས་པའི་སྒྲ་ལས་དཀྱིལ་འཁོར་ཏེ་གཙོ་བོ་ལ་འཁོར་གྱིས་བསྐོར་བའི་དོན་ཏོ། །གཉིས་པ་ལ་གསུམ་སྟེ། གཞི་ལམ་འབྲས་བུའི་དཀྱིལ་འཁོར་རོ། །དང་པོ་ནི། སྣོད་གཞལ་ཡས་ཁང་དང་། བཅུད་ལྷའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་སྟེ་དཀྱིལ་འཁོར་དུ་གནས་སོ། །དེའང་ཕྱི་འབྱུང་བར་སྣང་བ་ཡུམ་གྱི་དཀྱིལ་འཁོར་དང་། ནང་ཕུང་པོར་སྣང་བ་ཡབ་ཀྱི་དཀྱིལ་འཁོར་དང་། རྟོག་ཚོགས་དང་སྐྱེ་མཆེད་ཐམས་ཅད་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་ཡེ་ནས་གནས་སོ། །ལེའུ་གཉིས་པ་ལས། ཨེ་མ་ཧོཿ རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱི་མི་བརྙེས་སོ། །ཞེས་པ་དང་། བདེ་མཆོག་རྩ་རྒྱུད་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ལ་གནས་པའོ། །ཞེས་སོ། །དེའང་སྣང་བ་སྐུའི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་ཏེ། ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེེ་མེད་དབྱིངས་ལ་ཚིག་རྣམས་གསུང་དུ་བཀོད། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཅེས་སོ། །དེ་ལྟ་བུའི་དཀྱིལ་འཁོར་ནི་ཡེ་ནས་ལྷུན་གྱིས་གྲུབ་པས་ན་ཀུན་གྱི་རྩ་བར་བསྟན་པ་ཉིད་དེ། དེ་ཉིད་ལས། ཀྱེ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་ལ། །འཁོར་ནི་འཁོར་འདས་བདེ་ཆེན་རྫོགས་པར་ལྡན། །དེ་ནི་དཀྱིལ་འཁོར་སྙིང་པོ་ཀུན་གྱི་རྩ། །དཀྱིལ་འཁོར་མ་ལུས་འདི་ལ་འདུས་པར་རྟོགས། །ཞེས་སོ། །གཉིས་པ་ལམ་གྱི་དཀྱིལ་འཁོར་ལ་དབྱེ་ན་གསུམ་སྟེ། དཔེ་གཟུགས་བརྙན་གྱི་དཀྱིལ་འཁོར། དོན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། བདེ་མཆོག་ལས། བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་བསྒྲུབ་བྱའི་དབང་གིས་བརྗོད། །ཅེས་པས། འདིར་ཡང་དབང་པོ་རྟུལ་པོ་དང་འབྲིང་གཉིས་འཇུག་ཅིང་ཏིང་ངེ་འཛིན་གསལ་བའི་དབང་གིས་བཞག་སྟེ། རས་བྲིས་ཀྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཞར་ལ་ཐིག་དང་། མེ་ཏོག་ཚོམ་བུའི་དཀྱིལ་འཁོར་ཏེ་ངོ་བོ་གཉིས་ཚན་གཉིས་ཏེ་བཞི་བསྟན་ཏོ། །དེའང་དེ་ཉིད་ལས། རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པ་དང་། །ཞེས་བསྟན་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །དང་པོ་སྐུའི་དཀྱིལ་འཁོར་ནི། །ལུས་ལྷར་གསལ་བ་སྟེ་དཔའ་བོ་གཅིག་པ་ལ་སོགས་པ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ་དང་གཞལ་ཡས་ཁང་དུ་གསལ་བར་བསྐྱེད་པ་སྟེ། འདི་ཉིད་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པས། །ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །ཞེས་པའོ། །གསུང་གི་དཀྱིལ་འཁོར་ནི་རྩ་བའི་ལྷའི་སྔགས་ལ་འཁོར་གྱི་སྔགས་ཀྱིས་བསྐོར་བ་རྣམས་བརྗོད་ཅིང་གསལ་བར་བྱེད་པ་སྟེ། འདི་ཉིད་ལས། གསལ་ཉིད་གསུང་གི་རྡོ་རྗེ་མཆོག །ཅེས་པའོ། །ཐུགས་ཀྱི་དཀྱིལ་འཁོར་ནི། དུག་ལྔ་ཡེ་ཤེས་ལྔར་ལམ་དུ་བྱེད་པས་འཁོར་བ་མ་སྤངས་གནས་སུ་དག་པ་སྟེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་སོ། །གསུམ་པ་དཀྱིལ་འཁོར་གསུམ་གྱི་དབྱེ་བ་བསྟན་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར། བརྟེན་པ་ལྷའི་དཀྱིལ་འཁོར། གཉིས་མེད་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རོ། །དང་པོ་ནི། དབུས་ཀྱི་ལྟེ་བ་ལ་ཕྱོགས་ཀྱི་བཀོད་པའི་འཁོར་གྱིས་བསྐོར་བ་ནི་དཀྱིལ་འཁོར་ཏེ་གནས་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། དབུས་ཀྱི་གཙོ་བོ་ལ་འཁོར་གྱི་ཚོགས་ཀྱིས་བསྐོར་བ་ནི་ལྷའི་དཀྱིལ་འཁོར་ཏེ་སྟོན་པ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། རང་བྱུང་གི་ཡེ་ཤེས་ལ་དྲན་རིག་གི་ཤེས་བས་བསྐོར་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། འདི་ཉིད་ལས། བདག་ཉིད་ཆེན་པོའི་ཡེ་ཤེས་ལ། །འཁོར་གྱི་ཡེ་ཤེས་ལྔ་བལྟ་ཞིང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱིས། །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ། །རྟོགས་པས་སྐྱེ་བ་མེད་པའི་དོན་ལ་འཇུག །ཅེས་སོ། །དེའང་རང་བྱུང་གི་ཡེ་ཤེས་ནི་གཡོ་བྱེད་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གནས་ཀྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་ལ། དེའི་ངང་ལས་འཕྲོས་པའི་དུག་ལྔ་ལ་སོགས་པའི་རྟོག་ཚོགས་ནི་རྩལ་གྱི་ཡེ་ཤེས་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྟན་པ་རྣམས་ཡིན་པས། རིག་པ་གནས་པ་དང་འཕྲོ་བ་ཉིད་ཡེ་ནས་དཀྱིལ་འཁོར་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པས་ཀུན་འབྱུང་དཀྱིལ་འཁོར་ཆེན་པོའི་ངང་ལས་གཏན་དུ་མི་འབྲལ་བ་ཡིན་ནོ། །གསུམ་པ་འབྲས་བུའི་དཀྱིལ་འཁོར་ནི་ལམ་མཐར་ཕྱིན་ནས་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་དེའི་ཚེ་གཞི་ཐོག་ཏུ་གྲོལ་བའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ་བརྗོད་དེ། འདི་ཉིད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་པའོ། །དེའང་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྐུ་གསུམ་ཡེ་ཤེས་ལྔའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་དཀྱིལ་འཁོར་ལྔ་ལ་སོགས་པ་ལྷུན་གྱིས་གྲུབ་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བ་ལ་རྒྱུ་བརྗོད་པ་དང་། དེ་ལས་འཕྲོས་པའི་དཀྱིལ་འཁོར་ཉིད་བཤད་པའོ། །དང་པོ་ནི། ཡི་གེ་སྤྲིན་གྱི་དཀྱིལ་འཁོར་བཀོད་པ་དེ་ནས་རང་སྣང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་ཀྱིས་གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་རྣམ་པར་གཟིགས་ནས། དེ་བཞིན་གཤེགས་པ་ཉིད་ཀྱི་ཆེ་བའི་དཀྱ་ིལའཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྤྱིར་བསྟན། ལམ་ཏིང་ངེ་འཛིན་བསྒོམ་པའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད། འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །དང་པོ་ནི། ཕྱི་ས་ཆུ་མེ་རླུང་། ནང་གཟུགས་ཚོར་འདུ་ཤེས་འདུ་བྱེད། གསང་བ་གཏི་མུག་ང་རྒྱལ་འདོད་ཆགས་ཕྲག་དོག་བཞི་པོ་རྣམས་ཡེ་ནས་ཆོས་ཀྱི་དབྱིངས། མཉམ་པ་ཉིད་སོ་སོར་རྟོག་པ་བྱ་བ་གྲུབ་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས་ཕྱོགས་བཞི་དང་། ཞེ་སྡང་ནམ་མཁའ་རྣམ་ཤེས་གསུམ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་པས་དབུས་ཞེས་པའི་སྒྲས་བཏགས་ཏེ། འབྱུང་བ་ལྔ་ཡུམ་ལྔ་དང་། ཕུང་པོ་ལྔ་ཡབ་ལྔ་དང་། དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པའི་དཀྱིལ་འཁོར་བསམ་ཡས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་ནི་རང་བཞིན་རྫོགས་པ་ཆེན་པོའོ། །དེ་ཉིད་རྟོགས་པའི་རྣལ་འབྱོར་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་སྤང་བླང་དང་དགག་སྒྲུབ་མེད་པར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་སྤྱོད་ཅིག་པའོ། །དོན་ལ་གང་སྣང་གང་ཤར་ཐམས་ཅད་སྤང་བླང་མེད་པ་དཀྱིལ་འཁོར་གྱི་རོལ་བར་བསྟན་པའོ། །གཉིས་པ་ལ་གཉིས་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་དང་། དེས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་གི་དཀྱིལ་འཁོར་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་ལས། གཞལ་ཡས་ཁང་དང་། རྒྱན་དང་། གདན་གསུམ་མོ། །དང་པོ་ནི། ཡེ་ཤེས་བཞིས་མ་རིག་པ་གཅོད་པར་མཚོན་པ་འཁོར་ལོ་རྩིབས་བཞི། དེ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སུ་མཚོན་པ་མུ་ཁྱུད་དཀར་པོ་ཟླུམ་པོ་དང་བཅས་པ། དེའི་ཕྱི་རོལ་ཏུ་ཚད་མེད་བཞི་མཚོན་པ་གྲུ་ཆད་བཞིས་བརྒྱན་པ། ཡེ་ཤེས་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཚོན་པ་བར་ཁྱམས་ཕྱོགས་ཀུན་ཏུ་འཁོར་བ་དང་། ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་དེའི་རྣམ་པ་ཀུན་ཏུ་གྲུ་བཞི་པ། རྣམ་པར་ཐར་པ་བཞི་མཚོན་པའི་སྒོ་ཁྱུད་དང་ལྡན་པ། དེས་མཚོན་པ་རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་བརྒྱད་དང་ལྡན་པའོ། །འདིར་ཞི་བའི་དཀྱིལ་འཁོར་ནི་སྒོ་ཉིས་བརྩེགས་སུ་གསལ་ཏེ། གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཞེས་པས་ཕྱི་ནང་གི་རྩིག་པ་དང་དབྱིབས་བསྟན་ཏོ། །དག་པ་དང་སྦྱར་ན་ཡང་མངོན་ལ། སྒོ་ནང་མར་ལོངས་སྐུ་དང་། ཕྱིའི་ཁྱམས་སུ་སྤྲུལ་སྐུ་སྣང་བས་ཀྱང་དཀྱིལ་འཁོར་མ་འདྲེས་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ལྟར་མ་ཡིན་ན་ལོངས་སྐུ་རང་སྣང་དང་སྤྲུལ་སྐུ་གཞན་སྣང་གི་དཀྱིལ་འཁོར་འདྲེས་པས་དཀྱིལ་འཁོར་རིགས་མ་ངེས་པའི་སྐྱོན་ཡོད་དོ། །གཉིས་པ་རྒྱན་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མཚོན་པའི་ཕྱིར་གདུགས་དང་རྒྱལ་མཚན་ལ་སོགས་པ་རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན་དུ་གཏིབས་པ། དེ་མཛེས་པར་བྱེད་པ་ལྷའི་གནས་ཀྱི་གྲངས་དང་མཉམ་པའི་སོ་སོའི་གདན་གྱི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཀྱིས་བརྒྱན་པའོ། །ལྷ་གཞལ་ཡས་ཁང་གི་རྒྱན་དུ་སྦྱོར་བ་ནི་སྐབས་མ་འབྲེལ་ལོ། །གསུམ་པ་གདན་ནི་མི་འཇིགས་པ་བཞི་ལ་སོགས་པའི་མཚོན་བྱེད་དུ་སེང་གེ་གླང་ཆེན་རྟ་དང་ཁྱུང་དང་ནམ་མཁའ་ལྡིང་གིས་བཏེག་པའི་ཁྲི་ཆེན་པོ་ལ། ཤེས་རབ་ཉི་མ་ཐབས་ཟླ་བ་སྐྱོན་གྱིས་མ་གོས་པ་པདྨ་སྟེ། དེ་དག་ལས་འདོད་རྒུ་འབྱུང་བའི་ཕྱིར་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའོ། །དེའང་རིགས་ལྔ་ལ་ལྔ་བརྩེགས། གདངས་ཀྱི་ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས། སེམས་དཔའ་རྣམས་ལ་སུམ་བརྩེགས། ཐུབ་པ་དྲུག་ལ་པདྨའི་གདན་རེ་རེ་དང་། སྒོ་བ་རྣམས་ལ་ཉི་མ་རེ་རེ་རྐྱང་པར་བཤད་དེ། འོད་རིམ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་དང་ལྡན། །ཤར་ཕྱོགས་ལྟེ་བར་སྟོབས་ཆེན་གླང་། །ལྷོ་རུ་རྫུ་འཕྲུལ་རྟ་བརྒྱད་དེ། །ནུབ་ཀྱི་ཕོ་བྲང་རྨ་བྱ་དང་། །བྱང་དུ་ཕྲིན་ལས་ཤང་ཤང་བརྒྱད། །ཁྲི་རྐང་བར་མཛེས་རབ་ལྡན་པ། །ཉི་མ་ཟླ་བ་ལྔ་བརྩེགས་སོ། །ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཅེན་རྒྱས། །གདན་ལ་མཉམ་པའི་ཚུལ་དུ་བཞུགས། །ཞེས་སོ། །རྨ་བྱ་དང་ཁྱུང་གཉིས་བྱེད་པ་གཅིག་སྟེ་དུག་ཞི་བའི་མཚོན་བྱེད་དུ་སྨོས་པས་འགལ་བ་མེད་དོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ལ་དྲུག་ལས། ཇི་ལྟར་བཞུགས་པའི་ཚུལ་ནི་གདན་དེ་དག་ལ་ཀུན་བཟང་ཡབ་ཡུམ་དང་དེ་བཞིན་གཤེགས་པ་རྣམས་ནི་རྒྱལ་པོའི་ཚུལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པས་རྫོགས་པའི་སངས་རྒྱས་ཡབ་ཡུམ་བཅུ་གཉིས་པོ་རྡོ་རྗེའི་སྐྱིལ་ཀྲུང་དང་། སེམས་དཔའ་ཡབ་ཡུམ་རྣམས་བློན་པོའི་ཚུལ་གྱིས་འཁོར་དུ་བཀོད་པས་སེམས་དཔའི་སྐྱིལ་ཀྲུང་གཡས་བརྐྱངས་གཡོན་བསྐུམས་ཀྱི་ཚུལ་དང་། སྒོ་བ་རྣམས་ནི་དམག་དཔོན་གྱི་ཚུལ་དུ་བགེགས་དང་ལོག་འདྲེན་ཚར་གཅོད་པས་ཞལ་ཕྱིར་གཟིགས་ཤིང་གྱད་ཀྱི་དོར་ཐབས་སུ་བཞུགས་ལ། ཐུབ་པ་རྣམས་ནི་རང་རང་གི་འགྲོ་བའི་གཙོ་བོས་གཟུགས་སུ་སྣང་བས་རྒྱལ་ཕྲན་གྱི་རྣམ་པས་མི་བཞུགས་པར་བཞེངས་པའོ། །གཉིས་པ་གནས་གང་དུ་ལྷ་གང་བཞུགས་པ་ནི། དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབས་བཞི་ལ་རྣམ་སྣང་ལ་སོགས་པའི་རྒྱལ་པོ་ཡབ་ལྔ་དང་རྒྱལ་མོ་ཡུམ་ལྔ་དང་། གཙོ་བོའི་གཡས་ཤར་ལྷོ་ནས་བཟུང་སྟེ་རྩིབས་མཆན་བཞིར་མཐོང་བ་སའི་སྙིང་པོ་དང་། ཐོས་པ་ཕྱག་ན་རྡོ་རྗེ། སྣོམ་པ་ནམ་མཁའི་སྙིང་པོ་དང་། མྱོང་བ་སྤྱན་རས་གཟིགས་རྣམས། བཙུན་མོའི་རང་བཞིན་སྒེག་མོ། ཕྲེང་བ། གླུ་མ། གར་མའི་ཚོགས་སུ་བཅས་པའོ། །དེ་བཞིན་དུ་ཤར་ལྷོ་ལ་སོགས་པའི་གྲུ་ཆད་བཞི་ལ་ནི་རིམ་པ་བཞིན་མཐོང་བྱེད་བྱམས་པ་དང་། ཐོས་བྱེད་སྒྲིབ་པ་རྣམ་སེལ། སྣོམ་བྱེད་ཀུན་ཏུ་བཟང་པོ། མྱོང་བྱེད་འཇམ་དཔལ་རྣམས་བཙུན་མོ་བདུག་པ། མེ་ཏོག །མར་མེ། དྲི་ཆབ་མ་དག་དང་འཁྲིལ་སྦྱོར་གྱི་ཚུལ་དང་བཅས་པ་གནས་སོ། །ཕྱིའི་བར་ཁྱམས་ལ་ནི་ལྷ་ལ་སོགས་པའི་ཐུབ་པ་དྲུག་སྟེ། འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པ་ལྟར་གནས་སོ། །གཙོ་བོའི་མདུན་དང་རྒྱབ་ཏུ་བྱེད་པ་པོ་ཀུན་ཏུ་བཟང་པོ་གདངས་ཀྱི་འཆར་བྱེད་དེ་དང་བྱ་བ་མོ་ཀུན་ཏུ་བཟང་མོ་གདངས་ཀྱི་འཆར་གཞི་གཉིས་པོ་དག་ནི་བར་ཁྱམས་ནང་མའི་ཤར་ནུབ་ལ་གནས་པར་བསྟན་ཏེ། དེ་གཉིས་ལས་དཀྱིལ་འཁོར་ཀུན་འཆར་བར་མཚོན་པའི་ཕྱིར་རོ། །འདི་ལ་ཁ་ཅིག་གཙོ་བའི་རྒྱབ་མདུན་དང་། ཁ་ཅིག་བར་ཁྱམས་ཤར་ནུབ་དང་། ཁ་ཅིག་གཙོ་བོའི་ཐུགས་ཀ་ན་བཞུགས་པར་འདོད་དེ་ངེས་པའི་སྙིང་པོ་མ་རྙེད་དོ། །འདི་ཡིན་ཏེ། སྐབས་འདིར་བར་ཁྱམས་སུ་བཤད་པ་ནི་གདངས་ཀྱི་འཆར་གཞིའི་ཀུན་བཟང་ཡབ་ཡུམ་མོ། །དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་ནི་རིགས་ལྔ་ཉིད་ཡིན་པས་ཐ་དད་པ་མེད་དོ། །དེ་ཡང་བཞི་བཅུ་རྩ་གཉིས་སུ་བཤད་པ་ནི་ལོངས་སྐུའི་ཞི་བ་སྣང་ཚུལ་བརྗོད་པ་ཡིན་གྱི། བྱེད་པ་དང་། བྱ་བ་གཙོ་བོ་ཡིན་པར་བསྟན་པ་ན་མ་ཡིན་ནོ། །ཏིང་ངེ་འཛིན་སྒོམ་པ་ན་གཙོ་བོའི་ཐུགས་ཀར་ཀུན་བཟང་ཡབ་ཡུམ་སྒོམ་པ་ནི་སྙིང་པོའི་འོད་གསལ་ལ་སེམས་འཛིན་པའི་ཚེ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཚོན་གང་བ་བསྒོམས་པས་འོད་གསལ་ཟིན་པར་བྱེད་པས་རྫོགས་རིམ་གྱི་སྣང་བཅས་ཀྱི་དབང་དུ་བྱས་པའོ། །དེའང་སྔར་བསྟན་པ་བཞིན་ཆོས་སྐུའི་ཞིང་ན་སྤྲོས་པ་དང་བྲལ་བས་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་། དེ་ལས་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ལྷུན་སྟུག་པོ་བཀོད་པ་ན་ལོངས་སྐུ་རིགས་ལྔ་ཡབ་ཡུམ་དང་། དེ་ལས་གདུལ་བྱའི་འཇིག་རྟེན་དུ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའི་རང་བཞིན་དང་ཐུབ་པ་དྲུག་ལ་སོགས་པ་སྟེ་དཔེར་ན། སངས་རྒྱས་ཀྱི་ཞིང་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྲགས་པ་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་དང་ཚོགས་སྦྱོར་ལ་གནས་པས་སྤྲུལ་པའི་སྐུར་མཐོང་ཞིང་། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་བ་ལ་སོགས་པ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་ཁྱུད་བཞི་ལ་བདུད་བཞི་འཇོམས་པ་ནི་ཁྲོ་བོ་གཤིན་རྗེ་གཤེད། སྟོབས་ཆེན། རྟ་མགྲིན། བདུད་རྩི་འཁྱིལ་བ་བཞི། བཙུན་མོའི་རང་བཞིན་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞིའི་ཚོགས་དང་བཅས་པར་གར་དགུའི་རོལ་པས་གནས་སོ། །གར་དགུ་ནི་གློག་གི་ཕྲེང་བ་ལས། སྒེགས་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་སོ། །སྐབས་འདིར་ལྟ་བ་ངན་པའི་སྨིག་རྒྱུ་རབ་ཏུ་གཡོ་ཞིང་། ལེགས་པར་སྤྱད་པའི་ལོངས་སྤྱོད་ལས་ཉམས་པ། ཕྱིན་ཅི་ལོག་གི་མྱ་ངམ་གྱི་ཐང་བགྲོད་དཀའ་བ་ལ་ཞུགས་པ་ཁ་ཅིག་ན་རེ། ཀུན་ཏུ་བཟང་པོ་རྒྱུད་ཀྱི་སྟོན་པ་དཀྱིལ་འཁོར་གྱི་མཐར་བཏོན་ནས། མི་བསྐྱོད་པ་དབུས་སུ་བཅུག་པས་གཙོ་འཁོར་ལོག་པ་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་ཁ་ཅིག་ན་རེ་ཕས་བུ་ཕོག་པ་ལྟར་འཁོར་གྱི་ཆེ་བ་འདོན་པའོ་ཞེས་ཟེར་རོ། །ཁ་ཅིག་ནི་ཕྱྭ་མཁན་ལྟར་བྱ་བའི་ཡུལ་དབུས་སུ་བཀོད་ནས་བྱེད་པ་པོ་མཐར་གནས་པའོ་ཞེས་ཟེར་རོ། །ཁ་ཅིག་གཞིའི་སྐབས་སུ་མེ་ལོང་ལྟ་བུ་གཙོ་བོ། ལམ་དུ་ཀུན་གཞི་སྐུ་དང་ཡེ་ཤེས་ཀྱི་གཞིར་གྱུར་པ་དང་། འབྲས་བུའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་གཙོ་བོར་བསྟན་པས་མི་བསྐྱོད་པ་དབུས་སུ་བསྟན་པའོ་ཞེས་ཟེར་རོ། །དེ་ཐམས་ཅད་ཀྱི་ལེགས་པའི་དོན་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་དོ། །དེའང་འཆད་པ་པོ་ཡིན་པས་དབུས་སུ་འབྱུང་བའི་ངེས་པ་ཡང་མེད་དེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་དང་། ངན་སོང་སྦྱོང་བར་ཤཱཀྱ་ཐུབ་དབུས་སུ་འབྱུང་བར་ཐལ་བ་ལས། རྣམ་སྣང་དང་ཡེ་ཤེས་སེམས་དཔའ་འབྱུང་བ་དེ་གཙོ་འཁོར་ལོག་པའི་སྐྱོན་དུ་འགྱུར་པ་དང་། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་འགའ་ཞིག་ཏུ་ཐུབ་པ་དང་ཕྱག་ན་རྡོ་རྗེ་དབུས་སུ་འབྱུང་པར་ཐལ། གསུང་པ་པོ་ཡིན་པའི་ཕྱིར་ན་རྣམ་སྣང་དང་། མི་བསྐྱོད་པ་བྱུང་བས་དེ་དག་ཀྱང་གཙོ་བོ་དང་འཁོར་ལོག་པའི་ཐལ་བ་བཟློག་པར་ཡང་མི་ནུས་སོ། །དེ་བས་ན་འདི་ཡིན་ཏེ། བར་ཁྱམས་སུ་བཀོད་པའི་ཀུན་བཟང་ཡབ་ཡུམ་ནི་གདངས་ཀྱི་འཆར་གཞི་བསྟན་པ་ཡིན་གྱི་གཙོ་བོར་བསྟན་པ་ཡང་མེད་ལ། མི་བསྐྱོད་པ་དབུས་སུའང་བཅུག་པ་མེད་དེ་ཐུགས་ཀྱི་རྣམ་སྣང་བསྟན་པའི་ཕྱིར་དང་། དེ་ཉིད་སྟོན་པ་ཀུན་བཟང་ཡབ་ཡུམ་ཡིན་པའི་ཕྱིར་ན་ཉེས་པ་འདི་ཉིད་ཡོད་པ་མ་ཡིན་ནོ། །ཁྱེད་ཅག་ནི་འབྲས་བུ་རྡོ་རྗེའི་ཐེག་པ་ལ་ཤིན་ཏུ་རྨོངས་ཏེ། གཙོ་བོ་དང་འཆར་གཞིའི་ཚུལ་བརྗོད་པ་ཙམ་ལ་ཡང་བློ་ཁ་མ་ཕྱོགས་པས། གསང་སྔགས་འདི་ལྟ་བའི་དོན་ལ་ཇི་ལྟར་བརྒལ་དུ་རུང་། བ་ལང་རྗི་དག་གིས་བསྟན་པའི་ལམ་ལ་འཇུག་པར་འོས་པ་ཉིད་དོ། །གསུམ་པ་ཕྱག་མཚན་གང་འཛིན་པ་ནི་ཐུགས་རྣམ་པར་སྣང་མཛད་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར་རྩ་བའི་ཕྱག་གཡས་ཀྱི་དང་པོ་རྡོ་རྗེ། མི་བསྐྱོད་པས་ཉོན་མོངས་པའི་དྲྭ་བ་གཅོད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བརྡར་འཁོར་ལོ། རིན་ཅེན་འབྱུང་ལྡན་འགྲོ་བའི་རེ་བ་སྐོང་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་བརྡར་རིན་པོ་ཆེ། འོད་དཔག་མེད་འདོད་ཆགས་དབྱིངས་སུ་དག་ཅིང་སོ་སོར་རྟོག་པས་འགྲོ་བ་ལ་དགོངས་པའི་བརྡར་པདྨ། དོན་ཡོད་གྲུབ་པ་ཕྲིན་ལས་བཞིས་འགྲོ་བའི་ཉོན་མོངས་པ་གཅོད་པའི་བརྡར་རལ་གྲི་དང་། རྩ་ཕྱག་གཡོན་པ་ན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཐུགས་ཀར་བསྣོལ་བ། གཞན་རྣམས་ནི་ཕྱག་མཚན་སྔར་བསྟན་པ་བཞིན་ནོ། །ཡུམ་རྣམས་ནི་གཡས་ཡབ་དང་མཐུན་ལ། གཡོན་ཡང་དྲིལ་བུ་ཡེ་ཤེས་རིན་པོ་ཆེ་འོད་འབར་བས་ཡབ་ལ་འཁྱུད་པའོ། །ཁ་ཅིག་ཡུམ་གྱི་གཡས་ན་ཕྱག་མཚན་མེད་པར་འདོད་པ་ནི་སྒྲུབ་ཐབས་ཆེན་པོ་མ་མཐོང་བར་ཟད་དོ། །གཙོ་བོའི་ཕྱག་མཚན་ནི་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པ་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེས་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་པས། རྩ་ཕྱག་གཉིས་རྡོ་རྗེ་དྲིལ་བུས་ཡུམ་ལ་འཁྱུད་པ། བར་མ་འཁོར་ལོ་དང་པདྨ། མཐའ་མ་གཉིས་ན་རལ་གྲི་དང་རིན་པོ་ཆེའོ། །དེ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་བཞི་ཡང་ཤེས་པར་བྱའོ། །དེའང་སྤྱིར་ཕྱག་མཚན་རིམ་པ་བཞིན་གསུངས་པའང་བཞི་ཡིན་ཏེ། གཡས་འགྱེད། གཡོན་འགྱེད། མཉམ་འགྱེད། འཁོར་འགྱེད་དོ། །འདི་ནི་རྩ་ཕྱག་གི་རིམ་པས་སྤྱིར་སྨོས་པའོ། །དེའང་ཡབ་རྣམས་ནི་ཞལ་གསུམ་ཕྱག་དྲུག་པ། ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མའོ། །ཁ་ཅིག་ནི་བསྙེན་པའི་ཚེ་ན་ཞལ་གཅིག་ཕྱག་གཉིས་པ་ཡིན་ཟེར་བའང་འདི་ཉིད་ནས་གསལ་བར་མ་གསུངས་པས་རིགས་པར་མ་མཐོང་ངོ་། །སེམས་དཔའ་རྣམས་ཕྱག་མཚན་ནི། ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །ཞེས་པས། འཇམ་དཔལ་ནི་ཉོན་མོངས་པ་སྤངས་པས་ཨུཏྤལ། བྱམས་པ་ནི་ཉོན་མོངས་པའི་ཚ་གདུང་སེལ་བས་ཀླུ་ཤིང་། སའི་སྙིང་པོ་ཡེ་ཤེས་ཀྱི་མྱུ་གུ་བསྐྲུན་པས་རིན་པོ་ཆེའི་མྱུ་གུ །ཕྱག་ན་རྡོ་རྗེ་ནི་སྡུག་བསྔལ་འཇོམས་པས་རྡོ་རྗེ། ནམ་མཁའི་སྙིང་པོ་ཉོན་མོངས་པའི་རྒྱུན་གཅོད་པས་རལ་གྲི། སྤྱན་རས་གཟིགས་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨ། སྒྲིབ་པ་རྣམ་སེལ་སེམས་ཅན་ལ་ཆོས་སྟོན་པས་རིན་པོ་ཆེའི་འཁོར་ལོ། ཀུན་ཏུ་བཟང་པོ་སེམས་ཅན་གྱི་རེ་བ་སྐོང་པས་རིན་པོ་ཆེའི་སྙེ་མ། དེ་དག་གི་ཡུམ་རྣམས་ནི་མཛེས་ཚུལ་དུ་མཉེས་པའི་ཡོ་བྱད་འཛིན་པར་བྱེད་དེ། རྡོ་རྗེ་སྒེག་མོ་ནི་གཟུགས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་སྟོན་པས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པའམ་མེ་ལོང་འཛིན་པ། ཕྲེང་བ་མ་ཐབས་དང་ཤེས་རབ་མི་འབྲལ་བར་མཚོན་པས་རིན་པོ་ཆེའི་ཕྲེང་བ། གླུ་མ་ཆོས་ཀྱི་སྒྲ་སྒྲོག་པས་པི་ཝང་། གར་མ་གདུལ་བྱ་ལ་དགའ་བ་བསྐྱེད་པས་གར་སྒྱུར་བའི་ཕྱག་ན་རྡོ་རྗེ་དྲིལ་བུ་འཁྲོལ་བའོ། །བདུག་སྤོས་མ་ནི་ཚུལ་ཁྲིམས་ཀྱི་དྲིས་ཚིམ་པར་བྱེད་པས་སྤོས་ཁང་། མེ་ཏོག་མ་བྱང་ཆུབ་ཀྱི་ཡན་ལག་མཚོན་པས་མེ་ཏོག་གི་ཟ་མ་ཏོག །མར་མེ་མས་མ་རིག་པའི་མུན་པ་སེལ་བས་མར་མེ། དྲི་ཆབ་མས་བག་ཆགས་ཀྱི་དྲི་མ་འཁྲུ་བས་དྲི་ཡི་དུང་ཆོས་འཛིན་པའོ། །ཐུབ་པ་དྲུག་ནི། བརྒྱ་བྱིན་ལྷ་རྣམས་ལ་ཆོས་ཀྱི་སྡོམ་བཞི་སྟོན་པས་པི་ཝང་། ཐགས་བཟང་རིས་ལྷ་མ་ཡིན་རྣམས་འཐབ་རྩོད་ཀྱིས་འདུལ་བས་གོ་མཚོན། ཤཱཀྱ་ཐུབ་པ་མི་རྣམས་ལ་དགེ་བཅུ་སྟོན་པས་འཁར་བསིལ་ལྷུང་བཟེད། སེང་གེ་རབ་བརྟན་བྱོལ་སོང་གླེན་ལྐུགས་ཀྱི་མདུད་པ་འགྲོལ་བས་པོ་ཏི། ཁ་འབར་དེ་བ་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བས་རིན་པོ་ཆེའི་སྒྲོམ་བུ། ཨ་ཝ་གླང་མགོ་དམྱལ་བའི་ཉེས་དམིགས་སྟོན་པས་མེ་ཆུ་བསྣམས་པའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་དབྱིངས་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བར་མཚོན་པས་ཕྱག་མཚན་མེད་དེ། ཁ་ཅིག་རྡོ་རྗེ་དང་པདྨ་འཛིན་པར་འདོད་པས་ནི་ལྷའི་དག་པ་མ་གོ་བར་ཟད་དོ། །སྒོ་བ་བཞི་ནི་འཆི་བདག་གི་བདུད་འཇོམས་པས་གཤིན་རྗེ་གཤེད་ཐོད་དབྱུག །ཕུང་པོའི་བདུད་འཇོམས་པས་སྟོབས་ཆེན་རྡོ་རྗེ། ཉོན་མོངས་པའི་བདུད་འཇོམས་པས་རྟ་མགྲིན་ཐོད་སྦྲུལ། ལྷའི་བུའི་བདུད་འཇོམས་པས་བདུད་རྩི་འཁྱིལ་བ་རྡོ་རྗེ་རྒྱ་གྲམ་འཛིན་པའོ། །ཡུམ་བཞི་ནི། བསྡུ་བའི་དངོས་པོ་བཞི་དང་ཚད་མེད་པ་བཞི་མཚོན་བྱེད་དུ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་འཛིན་པའོ། །བཞི་པ་སྐུ་མདོག་ཇི་ལྟར་སྣང་བ་ནི་རིགས་ཀྱི་སྐུ་མདོག་ཉི་ཤུ་རྩ་ལྔ། སྣ་ཚོགས་ཀྱི་སྐུ་མདོག་བཅུ་བདུན་ལས། དང་པོ་ཐུགས་ཀྱི་རིགས་ཆོས་ཉིད་མི་འགྱུར་བ་མཚོན་པའི་ཕྱིར་རྣམ་སྣང་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ལྷ་མ་ཡིན་གྱི་ཐུབ་པ་དང་ལྔ་ནི་མཐིང་གའོ། །སྐུའི་རིགས་རྣམས་སྐྱོན་གྱིས་མ་གོས་པར་མཚོན་པའི་ཕྱིར་མི་བསྐྱོད་པ་ཡབ་ཡུམ། ས་སྙིང་ཡབ་ཡུམ། ལྷའི་ཐུབ་པ་རྣམས་དཀར་པོའོ། །ཡོན་ཏན་གྱི་རིགས་ཆེ་བའི་ཡོན་ཏན་མཚོན་པའི་ཕྱིར་རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། མིའི་ཐུབ་པ་རྣམས་སེར་པོའོ། །གསུང་གི་རིགས་ཐུགས་རྗེས་འགྲོ་བ་ལ་ཆགས་པར་མཚོན་པའི་ཕྱིར་འོད་དཔག་མེད་ཡབ་ཡུམ། སྤྱན་རས་གཟིགས་ཡབ་ཡུམ། ཡི་དྭགས་ཀྱི་ཐུབ་པ་རྣམས་ལེ་བརྒན་ཏེ་དམར་པོའོ། །ཕྲིན་ལས་ཀྱི་རིགས་ལས་སྣ་ཚོགས་ཀྱི་འདུལ་བའི་ཕྱིར། དོན་གྲུབ་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། དུད་འགྲོའི་ཐུབ་པ་རྣམས་ལྗང་གུའོ། །ལ་སོགས་ཀྱིས་བསྡུས་པ་སྣ་ཚོགས་མདོག་ཅན་ནི་ཕྲིན་ལས་དང་ཡོན་ཏན་དུ་མས་འགྲོ་བ་འདུལ་བའི་ཕྱིར། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་པ་རྣམ་སེལ་ཡབ་ཡུམ་དམར་སེར། ཀུན་ཏུ་བཟང་པོ་ཡབ་ཡུམ་དམར་ལྗང་། འཇམ་དབྱངས་ཡབ་ཡུམ་དཀར་ལྗང་། གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག །སྟོབས་ཆེན་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་བ་ཡབ་ཡུམ་ལྗང་ནག །དམྱལ་བའི་ཐུབ་པ་དུད་ཀའོ། །འདིར་ཁ་ཅིག་བྱོལ་སོང་གི་ཐུབ་པ་སེར་ནག་དང་དམར་པོར་འདོད་པ་ནི་རྩ་གནས་ཀྱི་འཁོར་ལོའི་འོད་ཀྱི་ཁ་དོག་མ་ཕྱེད་པར་ཟད་དོ། །ལྔ་པ་ཚུལ་ཇི་ལྟར་གནས་པ་ནི། ལྷ་དེ་དག་ཀྱང་སྐྱེ་བ་གནས་སུ་དག་པས་སྐུ་མཉེན་ཤ་ཆགས་པ་དང་། ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་འཚམས་པས་ལྕུག་པ་དང་། འཆི་བ་གནས་སུ་དག་པས་སྐུ་ལྷོད་པོར་མ་གྱུར་པར་འཁྲིལ་བག་ཆགས་ཤིང་རབ་ཏུ་ལྡེམ་པ་སྟེ་དྲང་པོའོ། །རྒས་པ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ནོ། །དེ་ལྟར་ལྔ་ནི་ངོ་བོའི་ཡོན་ཏན་ཡིན་ལ། རྣམ་པའི་ཡོན་ཏན་ནི་མཚན་དཔེས་མཛེས་པའི་སྐུ་དྲི་མ་མེད་པས་ཁ་དོག་ཤིན་ཏུ་གསལ་བ་དང་། ཟད་པར་རྫོགས་པས་སྐུ་བཀྲག་ཅིང་འཚེར་བའི་མདངས་ཅན་ནོ། །བརྗིད་ཅིང་ཡིད་དུ་འོང་བས་སྐུ་ལྷུན་སྡུག་པ་དང་། འགྲོ་བ་ཟིལ་གྱིས་གནོན་པས་གཟི་བྱིན་ཆེན་པོ་དང་ལྡན་པའོ། །ཁ་ཅིག་ཡབ་ཀྱི་ཚུལ་ལྔ། ཡུམ་གྱི་བཞི་ཞེས་བརྗོད་དོ། །དྲུག་པ་འོད་ཟེར་ཇི་ལྟར་འཕྲོ་བ་ནི་སྐུ་དེ་དག་གི་གནས་ཆེན་པོ་དྲུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད་ཟེར་གྱི་ཚོགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ཕྱོགས་བཅུར་འཕྲོ་བའི་འོད་ཟེར་གྱི་ཚོགས་ཆེན་པོ་མུ་མེད་པས་སྣང་བར་གྱུར་བའོ། །དེའང་གནས་དྲུག་ནི། གཙུག་ཏོར། སྨིན་མཚམས། མགུར། ཐུགས་ཀ །ལྟེ་བ། ཞབས་ཀྱི་མཐིལ་ལོ། །དེ་དག་ནས་འཕྲོ་བའི་འོད་ཟེར་གྱི་ཁ་དོག་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དང་དྲུག་གོ། །དེའང་བཙོད་ཀ་ནི་ལེ་བརྒན་ཏེ་དམར་སྐྱའོ། །ཤེལ་གྱི་ཁ་དོག་ནི་དཀར་སྔོ་སྟེ་རབ་ཏུ་དྭངས་པའོ། །ཕྱོགས་བཅུར་དྲུག་དྲུག་འཕྲོ་བས་འོད་ཟེར་བྱེ་བ་ཁྲག་ཁྲིག་གི་འཁོར་དང་བཅས་པ་ནི་སྐུ་འོད་གསལ་བའི་རང་བཞིན་ནོ། །སྒོ་བ་ཡབ་ཡུམ་ནི་བསྐལ་པའི་མེ་དཔུང་ལྟར་འབར་བའི་ཀློང་ན་མེའི་ཕྲེང་བས་ཕྱོགས་བཅུར་འཁྱིལ་ཞིང་འཁྲིགས་པའི་དབུས་སུ་བཞུགས་པ་སྟེ་རྔམས་པའི་ཆ་བྱད་ཅན་ནོ། །དེ་ལྟ་བུའི་སྣང་བས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་མེད་པར་ཁྱབ་པ་ཡི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྲངས་དང་ཚད་བསམ་ཡས་རང་བཞིན་ལྷུན་གྱིས་གྲུབ་པར་བསྒོམ་པ་ནི། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་ཞིང་ཡེ་ཤེས་དམ་པའི་ངོ་བོར་གྱུར་པའོ། །གཉིས་པ་དེས་གྲུབ་པ་འབྲས་བུའི་དཀྱིལ་འཁོར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། རྟེན་སྐུའི་རྣམ་པར་གཞག་པ། བརྟེན་པ་ཡེ་ཤེས་ཀྱི་རྣམ་པར་གཞག་པ། མཛད་པ་ཕྲིན་ལས་ཀྱི་རྣམ་པར་གཞག་པའོ། །དང་པོ་ལ་ལྔ་ལས། ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ་འདི་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་གཏེར་དུ་གྱུར་པ་སྟེ། ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །ཞེས་སོ། །སྤྲུལ་པའི་སྐུ་ནི་གང་ལ་གང་འདུལ་དུ་སྟོན་པ་སྟེ། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་ཆོས་ཐམས་ཅད་མཉམ་རྫོགས་གཅིག་ཏུ་སངས་རྒྱས་པ་སྟེ། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་སོ། །མི་འགྱུར་རྡོ་རྗེ་སྐུ་ནི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་རང་བཞིན་ཏེ། རྡོ་རྗེ་རིག་པ་འཛིན་པའི་སྐུ། །ཞེས་སོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་ལ་སོགས་པ་ལྔ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་སོ། །གསུམ་པ་ཕྲིན་ལས་ལ་གཉིས་ཏེ། གདུལ་བྱའི་དོན་དུ་སྐུ་མངོན་པར་སྣང་ཞིང་ཆོས་བསྟན་པ་དང་། དེའི་འབྲས་བུ་སྨིན་གྲོལ་ལ་བཀོད་པའོ། །དང་པོ་ནི། ཐ་མལ་པའི་འགྲོ་བ་ལ་རང་རང་གི་འདུལ་བྱེད་ཀྱི་སྟོན་པ་སྣ་ཚོགས་སུ་སྣང་ཞིང་དགེ་བ་ལ་འགོད་པའི་ཆོས་སྟོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ལ་དགྲ་བཅོམ་པར་སྣང་ཞིང་དེ་དང་འཚམས་པའི་ཆོས་སྟོན་ཏོ། །དེའང་རང་སངས་རྒྱས་ནི་སྒྲས་ཆོས་མི་སྟོན་ཀྱང་། བརྡས་སྟོན་པར་མངོན་རྟོགས་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་སོ། །དེ་བཞིན་དུ་མཆོག་གི་སྤྲུལ་པས་གདུལ་བ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པས་དོན་མཛད་དེ་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་ནོ། །བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་ལ་ནི་འོག་མིན་དུ་དཔལ་རྣམ་པར་སྣང་མཛད་དུ་སྣང་བས་ས་བཅུའི་སྒྲིབ་པ་སེལ་ལོ། །དེའང་སྐུའི་ཆོས་སྟོན་གྱི་གསུང་གིས་མི་སྟོན་ཏེ་ཆོས་དང་ལོངས་སྤྱོད་མངོན་པར་བྱང་ཆུབ་པའི་མདོ་ལས། འོག་མིན་མངའ་བདག་ཆོས་ཀྱི་རྗེ། །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །མི་གཡོ་མི་གསུང་མཉམ་བཞག་པས། །ཞེས་སོ། །དེའང་སངས་རྒྱས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྤོས་ཀྱི་ཡོངས་གང་བརྩེགས་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་རྣམས་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྒྱུད་ལ་རྣམ་པར་ཐར་པའི་སྒོའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་ལ་ན་ཁ་ཟས་ཟོས་པས། ལ་ལ་ན་ཆོས་གོས་གྱོན་པས། ལ་ལ་ན་སྐུ་ལ་བལྟས་པས། ལ་ལ་ན་རྨི་ལམ་རྨིས་པ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྒྲུབ་པ་ཡོད་དེ་བསམ་གྱིས་མི་ཁྱབ་བོ། །ཞེས་དཀོན་ཅོག་བརྩེགས་པ་ལས་འབྱུང་བ་བཞིན་ནོ། །དེས་ན་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ། ཉན་རང་དང་མོས་པས་སྤྱོད་པའི་ས་པ་ལ་སྤྲུལ་སྐུ་མཆོག །ལས་མ་དག་པའི་སེམས་ཅན་ལ་ཐ་མལ་པའི་གཟུགས་ལ་སོགས་པར་སྣང་བས་དོན་བྱེད་དོ། །གཉིས་པ་དེའི་འབྲས་བུ་གདུལ་བྱ་སྨིན་གྲོལ་ལ་བཀོད་པ་ལ་གསུམ་སྟེ། ལམ་གྱི་རྟེན་ལ་དགོད་པ། ལམ་ལ་དགོད་པ། ལམ་གྱི་འབྲས་བུ་ལ་དགོད་པའོ། །དང་པོ་ནི། ངན་སོང་ལས་དྲངས་ཏེ་མཐོ་རིས་ལྷ་དང་མིའི་གོ་འཕང་ལ་འཇོག་པའོ། །ལམ་ལ་དགོད་པ་ལ་གསུམ་ལས། ཉན་ཐོས་ཀྱི་ལམ། རང་སངས་རྒྱས་ཀྱི་ལམ། ཐེག་པ་ཆེན་པོའི་ལམ་ལ་དགོད་པའོ། །ཆེན་པོ་ལའང་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་གཉིས་ལས། དང་པོ་ནི། སེམས་གཉིས་བསྐྱེད་དེ་ཚོགས་སྦྱོར་གྱི་རྗེས་ལ། མཐོང་སྒོམ་གྱི་ལམ་གཉིས་སུ་ས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུས་སྦྱངས་ཏེ་མཐོང་སྤང་དང་སྒོམ་སྤང་སྤོང་བ་ལ་དགོད་པའོ། །གཉིས་པ་ནི། སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་བསྒོམས་པས་གནས་སྐབས་སུ་རིག་འཛིན་གསུམ་གྱི་ས་ལ་གནས་པའོ། །ལམ་གྱི་འབྲས་ནི་ཀུན་ཏུ་འོད་དང་། པདྨ་ཅན་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་དང་། བདེ་བ་ཆེན་པོ་དང་། རྡོ་རྗེ་འཛིན་པ་དང་། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་དང་དྲུག་ལ་དགོད་པའི་ཕྲིན་ལས་མཛད་དོ། །འདི་དག་ནི་སངས་རྒྱས་ཀྱི་སའི་སྣང་སྟོང་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་གྱི་ཆ་ལ་བཏགས་ཀྱི། ཐ་དད་པ་རེ་རེའི་རིམ་པ་གོང་ནས་གོང་དུ་ནི་བགྲོད་པ་མ་ཡིན་ནོ། །དེའང་སྤྲུལ་པས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ནས་དོན་མཛད་པས་ཀུན་ཏུ་འོད་དོ། །ལོངས་སྐུར་སྣང་བས་པདྨ་ཅན་ནོ། །ཡི་གེའི་སྤྲིན་འཕྲོ་བས་ཡི་གེ་ཚོགས་ཆེན་ནོ། །བདེ་བ་ཆེན་པོའི་དབྱིངས་སུ་བཞུགས་པས་བདེ་བ་ཆེན་པོའོ། །མཐར་ཐུག་གི་བགྲོད་བྱ་དང་ཐམས་ཅད་ཀྱི་བླ་མར་གྱུར་པས་རྡོ་རྗེ་འཛིན་པའོ། །དེ་ཐམས་ཅད་དབྱེར་མེད་པས་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་བྱའོ། །ཀུན་ཏུ་འོད་ཀྱི་ས་ལས་འདས་པ་ནི་ཆོས་སྐུ་ལས་འདས་པའི་གཟུགས་སྐུ་སྣང་བས་དོན་མཛད་པ་ཙམ་ལ་དགོངས་པའོ། །ཞར་ལ་འཕྱོང་གི་དོན་བཤད་པ་ནི། ལེའུ་དྲུག་པ་འདིར་སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ལ་སོགས་པ་རྐང་པ་བཅུ་གསུམ་སྐུའི་འཕྱོང་། ལེའུ་བདུན་པར་རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་རྐང་པ་ཉི་ཤུ་རྩ་གཅིག་གསུང་གི་འཕྱོང་དང་། བརྒྱད་པར་ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ལ་སོགས་པ་རྐང་པ་བཞི་ཐུགས་ཀྱི་འཕྱོང་དང་། བཅུ་གཅིག་པར་རྐང་པ་ཉི་ཤུ་རྩ་གཉིས་སྒྲུབ་པའི་འཕྱོང་སྟེ་སྔགས་འཆང་ཞེས་པ་མན་ཆད་དང་། ཉི་ཤུ་པར་ཁྲོ་བོ་སྒྲུབ་པའི་དཀྱིལ་འཁོར་གྱི་ལས་ནི་འདི་ཡིན་ཏེ་ཞེས་པ་ནས་རྐང་པ་ཉི་ཤུ་རྩ་བཞི་ཕྲིན་ལས་ཀྱི་འཕྱོང་དུ་གྲགས་པར་འདོད་པ་དང་། ཁ་ཅིག་གིས་དྲུག་པ་བདུན་པ་བརྒྱད་པ་གསུམ་ནས་སྐུ་གསུང་ཐུགས་ཀྱི་འཕྱོང་གསུམ། དགུ་པ་ནས་ཕྱོགས་བཅུ་དུས་བཞི་ལ་སོགས་པ་བརྒྱད་ཡོན་ཏན། བཅུ་གསུམ་པ་ནས་ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ་སོགས་པ་ལྔ་ཕྲིན་ལས། བཅུ་དགུ་པ་ནས་དམ་ཚིག་འདི་ནི་རྨད་པོ་ཆེ་ལ་སོགས་པ་བཞི་དམ་ཚིག་གི་འཕྱོང་དུ་འདོད་པ་དང་། ཡང་ཁ་ཅིག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྟེང་དུ་དགུ་པ་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་མཆོད་པའི་འཕྱོང་དུ་འདོད་པའོ། །དེའང་འགའ་ཞིག་ནི་རྩ་རྒྱུད་འདི་ན་མེད་པ་ལ། རྨ་རིན་ཅེན་མཆོག་གི་རྒྱུ་འཕྲུལ་གཞན་ནས་ཕྱུང་སྟེ་སྐབས་སྐབས་སུ་བཅུག་པ་ལ། གཙུག་རུ་རིན་ཅེན་གཞོན་ནུས་འཕྱོང་ཡོད་མེད་གཉིས་སུ་འདོད་པ་དང་། ཁ་ཅིག་འཕྱོང་མེད་གཉགས་ཀྱི་འགྱུར་དང་། འཕྱོང་ཅན་རྨའི་འགྱུར་དུ་བཅུག་པར་འདོད་པ་དང་། ཁ་ཅིག་རྨས་ལ་གསུམ་རྒྱལ་བ་བྱང་ཆུབ་ལ་སེར་སྣ་བྱས་ནས་སྦས་པའོ་ཟེར་རོ། །དེའི་དོན་འདི་ཡིན་ཏེ། སངས་རྒྱས་གསང་བ་དང་། བཻ་རོ་ཙ་ནའི་སྔ་འགྱུར་དང་། པདྨ་དང་གཉགས་ཀྱི་བར་འགྱུར་གཉིས་ལ་མེད་ལ། བི་མ་ལ་དང་གཉགས་དང་རྨ་གསུམ་གྱི་ཕྱི་འགྱུར་ལ་འདུག་པས་རྒྱ་དཔེ་ཉིད་ལ་མང་ཉུང་ཡོད་པར་མངོན་ནོ། །དེ་ཉིད་ཡིན་པར་ཅིས་ཤེས་ན་བརྒྱད་སྟོང་པ་ལའང་ཀུན་ཏུ་རྒྱུ་གཟོ་སྦྱངས་དང་ཕྲེང་བ་ཅན་དང་སྡེ་ཅན་དང་གསུམ་དུ་དཔེ་ལ་མང་ཉུང་ཡོད་པ་དང་། གདུགས་དཀར་ལ་ལ་སོགས་ཁ་ཅིག་ལའང་དེ་ལྟར་མང་ཉུང་བྱུང་བས་ན་བོད་ཀྱིས་བཅུག་པར་མ་ངེས་སོ། །འདི་ཉིད་འགྱུར་གྱི་བྱེ་བྲག་རྒྱ་དཔེ་ལས་བྱུང་བར་ཤེས་པར་བྱའོ། །རྒྱ་དཔེ་ལ་མང་ཉུང་འོང་བ་ནི་སྒྲའི་ཁོང་ན་དེ་ལྟར་གནས་པ་མངོན་དུ་སྒྲ་བསྒྲུབས་ཏེ་ཕྱུང་བ་དང་། མ་ཕྱུང་བའི་ཁྱད་ཞུགས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། འབྲས་བུ་སྐུའི་འཆར་ཚུལ། དེ་ལས་ཕྲིན་ལས་མཛད་ཚུལ། དེ་ལས་འགྲོ་བ་གྲོལ་ཚུལ། ངོ་མཚར་ལྟས་ཀྱི་སྣང་ཚུལ་ལོ། །དང་པོ་ལ་ཆོས་ཀྱི་སྐུ་ནི་སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ནམ་མཁའི་རང་བཞིན་དུ་མངོན་པར་སངས་རྒྱས་པའི་ཕྱིར་ཆོས་དབྱིངས་ཀྱི་སྐུ་ཡི་རང་བཞིན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་མཐར་ཐུག་པ་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་སྐུ་གཞན་གྱི་འཆར་གཞི་བྱེད་པའོ། །དེའི་ངང་ལས་སྒྲིབ་གཉིས་བག་ཆགས་བཅས་པ་ལས་ཡང་དག་པར་ཐར་པའི་གཟུགས་སྐུ་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེའི་ཐུགས་རྗེ་ལས་འཕྲོས་པས་འགྲོ་བ་སོ་སོའི་རྒྱུད་ཇི་ལྟར་འདུལ་བའི་ཕྱིར་དེ་དག་གི་བསམ་པ་དང་མཐུན་པར་བྱས་པའི་སྐུ་ནི་འཁོར་ལོས་སྒྱུར་བ་དང་། སྨད་འཚོང་དང་། ཉན་རང་དང་བེམ་པོ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས་སུ་སྟོན་པའོ། །གཉིས་པ་ལ་གཉིས་ཏེ། དབྱིངས་ལས་མ་གཡོས་བཞིན་དུ་ཕྲིན་ལས་སྣང་བའི་དཔེ། གདུལ་བྱའི་དོན་དུ་ཕྲིན་ལས་སྣང་བའི་ཚུལ་ལོ། །དང་པོ་ནི། དེ་ལྟར་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་ལ་སྟོན་པ་དེ་ཉིད་ཀུན་རྫོབ་ཏུ་སྒྱུ་མ་དང་མིག་ཡོར་ཏེ་གྲིབ་མ་ལྟར་སྣང་དུས་ཉིད་ནས་ངོས་གཟུང་མེད་པའི་ཚུལ་ནི་དོན་དམ་པར་མ་སྐྱེས་ཤིང་གདོད་ནས་དག་པའི་ངང་ཚུལ་ཅན་སྤྲོས་པ་དང་བྲལ་བ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ལས་གཡོས་པ་མེད་པའོ། །དེ་ལྟར་མ་གཡོས་བཞིན་དུ་འགྲོ་བའི་སྣང་ངོར་སྤྲུལ་པའི་སྐུ་སྣ་ཚོགས་པའི་རྣམ་པ་སོ་སོར་སྣང་བ་དེའི་ཚེ་རྒྱལ་པོ་དང་བྲམ་ཟེ་ལ་སོགས་པ་དང་ཞི་བ་དང་ཁྲོ་བོ་ལ་སོགས་པ་རྣམ་པ་མི་མཐུན་པའི་སྐུ་སྣ་ཚོགས་པ་དག་གདུལ་བྱ་སོ་སོའི་རིགས་དང་འདྲ་བར་སྣང་བ་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་ཀྱང་འགྲོ་བ་རང་རང་གི་སྐལ་པ་དང་སྔོན་གྱི་ལས་འཕྲོའི་དབང་གིས་སར་གནས་ལ་རང་བཞིན་སྤྲུལ་པ་དང་། འགྲོ་བ་ཁ་ཅིག་ལ་འགྲོ་འདུལ་སྤྲུལ་པ་དང་། ཁ་ཅིག་ལ་མ་དག་སྤྲུལ་པ་དང་། ཁ་ཅིག་ལ་སྣ་ཚོགས་སྤྲུལ་པའི་སྐུ་ལ་སོགས་པ་སོ་སོར་སྣང་བ་སྟེ། དཔེར་ན་མེ་ལོང་གི་ངོས་ལ་བྱད་མ་འཕོས་ཀྱང་དེའི་རྣམ་པ་སྣང་བ་དང་། ཆུ་སྣོད་དུ་ནམ་མཁའི་ཟླ་བ་མ་འཕོས་ཀྱང་ཆུ་ཟླ་སྣང་བ་བཞིན་ནོ། །དེ་སྐད་དུའང་ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་འཕོས་ཀྱང་། །ཆུ་ཡི་སྣོད་དུ་སྣང་བ་ལྟར། །དེ་བཞིན་ཉིད་ལས་མ་གཡོས་པར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ལ་ལར་སངས་རྒྱས་ཉུང་བ་དང་། །ལ་ལར་མང་ཞིང་རྒྱ་ཆེ་ལ། །ལ་ལར་ཞིང་རྣམས་སྟོང་པར་སྟོན། །ཞེས་པ་ལྟར་རོ། །གཉིས་པ་ལ་བཞི་ལས། འགྲོ་དྲུག་ཐ་མལ་ལ་སྣང་ཚུལ་ནི་ལྷུན་སྟུག་པོ་བཀོད་པར་སྐུ་གསུམ་འདུ་འབྲལ་མེད་པར་སངས་རྒྱས་པ་དེའི་ཚེ་ལྷ་ལ་སོགས་པའི་འགྲོ་དྲུག་ཐ་མལ་པ་ཐམས་ཅད་ལ་དེ་དག་གི་རྒྱུད་ཀྱི་སྡིག་པ་སྤོང་བའི་གཟུགས་བརྒྱ་བྱིན་ལ་སོགས་པའི་ཐུབ་པ་རྣམས་སུ་རྣམ་པར་བསྟན་ནས་ལྷ་དང་མིའི་སྒྲིབ་པ་སྦྱོང་བ་ལ་སོགས་པའི་ཆོས་སྟོན་ཏོ། །ཉན་ཐོས་ལ་སྣང་ཚུལ་ནི་དགེ་སྦྱོང་གི་ཚུལ་དུ་སྣང་བས་གདུལ་བའི་འགྲོ་བ་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་ཉན་ཐོས་དགྲ་བཅོམ་པའི་གཟུགས་སུ་བསྟན་ནས་བདེན་པ་བཞིའི་དོན་རྟོགས་པ་ལ་འགོད་པར་མཛད་དེ། རྣམ་པར་འཕྲུལ་བའི་རྒྱལ་པོས་ཞུས་པའི་མདོ་ལས། གང་དག་ཉན་ཐོས་ཀྱིས་གདུལ་བར་བྱ་བ་རྣམས་ལ་ཉན་ཐོས་ཀྱི་གཟུགས་སུ་འདུག་སྟེ་ཆོས་སྟོན་ཏོ། །ཞེས་སོ། །རང་རྒྱལ་ལ་སྣང་བའི་ཚུལ་ནི་རང་རྒྱལ་གྱི་གཟུགས་ཀྱིས་གདུལ་བར་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལ་བསེ་རུ་ལྟ་བུའི་ཚུལ་གྱིས་རྟེན་འབྲེལ་གྱི་ཆོས་བརྡས་སྟོན་པར། དེ་ཉིད་ལས། གང་དག་རང་སངས་རྒྱས་ཀྱི་གཟུགས་ཀྱིས་གདུལ་བར་བྱ་བ་དེ་དག་ལ་ནི་རང་སངས་རྒྱས་ཀྱི་གཟུགས་སུ་འདུག་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་བརྡས་ཡང་དག་པར་སྟོན་ཏོ། །ཞེས་སོ། །ཐེག་པ་ཆེན་པོ་ལ་སྣང་ཚུལ་ནི་ཚུལ་དེ་དག་ལས་གཞན་ཡང་ཐེག་པ་མཆོག་གི་དབང་པོའི་རིམ་པ་བཞིན། ས་བཅུ་པའི་སེམས་དཔའ་ལ་སོ་སོར་སྣང་ཚུལ་ནི། གནས་ཕུན་སུམ་ཚོགས་པ་དབང་ཕྱུག་ཆེན་པོའི་འོག་མིན་བླ་ན་མེད་པའི་གནས་གཟུགས་ཁམས་ལས་ཁྱད་པར་དུ་འཕགས་པའི་མཆོག་ཏུ། སྟོན་པ་ཉིད་སྐུ་ནི་རྣམ་པར་སྣང་མཛད་ཀྱི་ཚུལ་དུ་བཞུགས་པ་ལ། འཁོར་ཕུན་སུམ་ཚོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ། དུས་ཕུན་སུམ་ཚོགས་པ་མཉམ་པ་ཉིད་འཕོ་འགྱུར་མེད་པའི་ཚེ་སྟོན་པའོ། །དེའང་སྔར་འགྲོ་བ་ཐ་དད་ལ་སྣང་བ་སྤྲུལ་པའི་སྐུའི་ཆོས་རྣམས་ཚིག་ཏུ་སྟོན་པར་སྣང་བ་དེ་བཞིན་དུ་ལོངས་སྐུའི་སྟོན་པ་ཉིད་ཆོས་རྣམས་གསུང་དུ་མི་སྨྲ་སྟེ། སྐུ་སྣང་བ་དེ་ཉིད་ཀྱི་ངོ་བོ་ཡིས་ཐེག་པ་ཆེན་པོའི་ཆོས་རྣམས་འཁོར་གྱི་བློ་ལ་འཇལ་བར་སྟོན་ཏོ། །གསུམ་པ་དེ་ལས་འགྲོ་བ་གྲོལ་ཚུལ་ལ་གཉིས་ཏེ། རྒྱུ་ལམ་གྱི་སྒྲིབ་པ་སྦྱང་བ། འབྲས་བུ་སྐུ་དང་ས་མཆོག་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། དཔེ་ནི་གདོང་ལ་མེ་ལོང་བསྟན་པའི་ཚེ་རང་གི་བྱད་སྣང་བའི་ཚུལ་གྱིས་དྲི་མ་མཐོང་བ་བཞིན་དུ། སླར་བྱད་དངོས་ཀྱི་དྲི་མས་གོས་པའི་མདོག་ངན་པ་ཐམས་ཅད་འཁྲུ་ཞིང་སེལ་བ་ལྟར། དོན་ནི་ས་བཅུའི་སེམས་དཔའི་འཁོར་གྱིས་དཔེ་དེ་བཞིན་དུ་སྟོན་པ་ལོངས་སྐུའི་སྐུ་ལ་བལྟས་པ་ན། བྱང་ཆུབ་ལ་སྒྲིབ་པའི་དྲི་མ་ཆེ་འབྲིང་ཕྲ་བ་དང་བཅས་པ་གཏིང་དཔག་དཀའ་ཞིང་ཚད་མེད་པ་རྣམས། མེ་ལོང་ནང་གི་དྲི་མ་སྣང་བ་བཞིན་དུ་ལོངས་སྐུའི་སྐུ་ལ་སྣང་ངོ་། །དེ་ནས་སེམས་དཔའ་དེ་དག་ས་དེའི་དྲི་མ་སྦྱོང་བ་ལ་བརྩོན་པར་བྱེད་དེ། དེ་ཡང་ས་དང་པོར་སེར་སྣ། གཉིས་པར་ཚུལ་ཁྲིམས་འཆལ་བ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང་། དྲུག་པར་ཤེས་རབ་འཆལ་བ། བདུན་པར་ཐབས་མི་མཁས་པ། བརྒྱད་པར་སེམས་ཅན་གྱི་དོན་མི་འགྲུབ་པས་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་མི་འགྲུབ་པ། བཅུ་པར་མི་ཤེས་པ་ཕྲ་མོའི་ས་བོན་དང་བཅས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སའི་ཡོངས་སུ་སྦྱོང་བས་སྦྱངས་པས། ས་བཅུའི་དྲི་མ་རྣམས་རིམ་གྱིས་སྦྱངས་ཤིང་། བླ་མེད་བྱང་ཆུབ་ཡང་དག་པར་འཐོབ་སྟེ། ས་བཅུའི་རྒྱུན་གྱི་མཐའ་མར་འོད་ཟེར་ཆེན་པོའི་དབང་བསྐུར་བར་བྱེད་དེ། མདོ་སྡེ་རྒྱན་ལས། སྒོམ་པ་མཐའ་མ་ཐོབ་ནས་ནི། འོད་ཟེར་ཆེན་པོའི་དབང་བསྐུར་རོ། །ཞེས་པས། སེམས་དཔའ་དེས་སངས་རྒྱས་ཐམས་ཅད་མཆོད་པ་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྨིན་མཚམས་ནས་འོད་ཟེར་ཆེན་པོ་བྱུང་ནས་སེམས་དཔའ་དེའི་སྤྱི་བོའི་གཙུག་ཏུ་ནུབ་པས་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་སྟེ་འཚང་རྒྱ་བར་བྱེད་པའོ། །གཉིས་པ་ལ་གསུམ་སྟེ། ལྷུན་སྟུག་པོ་བཀོད་པར་སྐུ་དང་ཡེ་ཤེས་རྫོགས་ཚུལ་སྤྱིར་བསྟན། དེ་ལ་སའི་རྫོགས་ཚུལ་བྱེ་བྲག་ཏུ་བཤད། སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ལས། སྐུ་གསུམ་འདུ་འབྲལ་མེད་པའི་ཐོབ་ཚུལ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་ཆོས་ཀྱི་སྐུ་ནི་བློས་དཔག་ཏུ་མེད་ཅིང་ཚིག་གིས་བརྗོད་དུ་མེད་པའི་ངོ་བོ་ཉིད་དོ། །དེ་ཉིད་ཀྱི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་པས་ཟད་པ་མེད་པའི་ཡིད་བཞིན་གྱི་ནོར་བུ་རིན་ཅེན་གྱི་གཏེར་དུ་བཞུགས་སོ། །དེའི་ངང་ལས་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་འཕྲོ་བར་བྱེད་དོ། །གཉིས་པ་རང་སྣང་ལྷུན་གྲུབ་ཆེན་པོར་བཞུགས་ཚུལ་ནི། དེ་ལྟར་སྣང་བའི་ལོངས་སྐུ་དེ་ཡང་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་ཤིང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་རང་སྣང་བའི་སྤྱོད་ཡུལ་ཀུན་ཏུ་སྐུ་དང་ཡེ་ཤེས་ཀྱི་མཎྜལ་སྟེ་དཀྱིལ་འཁོར་དུ་སྣང་བས་ཉིད་ལས་བཟང་ངན་མེད་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་ཅིང་། དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་རང་སྣང་བས་བསོད་ནམས་ཀྱི་ཚོགས་དང་། གང་དུའང་འཛིན་པ་མི་མངའ་བས་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་ཆེན་གཉིས་ཀྱང་རང་སྣང་དེ་ཉིད་དུ་ལྷུན་རྫོགས་ཆེན་པོར་རོལ་པའོ། །གཉིས་པ་སའི་རྫོགས་ཚུལ་ནི་ཐབས་སྤྲུལ་པ་སྐུའི་ས་ཀུན་ཏུ་འོད་དང་། ཤེས་རབ་རང་སྣང་དག་པ་ལོངས་སྤྱོད་རྫོགས་པ་པདྨ་ཅན་གྱི་ས་དང་། གཉིས་སུ་མེད་པ་ས་ཡི་མཆོག་འཁོར་ལོ་ཚོགས་ཆེན་ཆོས་ཀྱི་སྐུའི་སའོ། །སའི་རྣམ་གྲངས་དང་ཡོན་ཏན་གྱི་ཆོས་དེ་དག་ལ་སོགས་ཏེ་ཚད་མེད་ཅིང་བསམ་ཡས་ཀྱི་མཆོག་རྣམས་ཡོངས་སུ་རྫོགས་པའོ། །དེ་ལ་འདིར་སའི་ངོ་བོ་མི་ཤེས་པ་ཁ་ཅིག་ཀུན་ཏུ་འོད་ཆོས་སྐུ། པདྨ་ཅན་ལོངས་སྐུ། འཁོར་ལོ་ཚོགས་ཆེན་སྤྲུལ་སྐུར་འདོད་པ་དེ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་ཏེ་གོང་ནས་གོང་གི་ཡོན་ཏན་གྱི་ཆ་ལ་བཏགས་པ་མ་མཐོང་བའོ། །དེའང་སྤྲུལ་པ་ཀུན་ཏུ་ཚད་མེད་པས་ཀུན་ཏུ་འོད་དང་། སྣང་བ་ཚད་མེད་པས་པདྨ་ཅན་དང་། ཡེ་ཤེས་ཚད་མེད་པས་འཁོར་ལོ་ཚོགས་ཆེན་ཏེ། དབྱིངས་སྐྱེ་བ་མེད་པ་ན་རང་བྱུང་འགགས་པ་མེད་པ་ཡི་གེའི་ས་བོན་ལྟར་འཕྲོ་གཞིར་གནས་པས་ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་བཤད་དོ། །ཡི་གེ་སྤྲིན་ནི་མ་ཡིན་ཏེ། གཉིས་སུ་མེད་པའི་ཆོས་སྐུ་ཡིན་པའི་ཕྱིར་རོ། །གཞན་དག་ཡི་གེ་འཁོར་ལོའི་སྒྲས་སྤྲུལ་པའི་རང་བཞིན་ཡི་གེ་སྤྲིན་དང་འཁྲུལ་བ་ཡིན་ནོ། །འདིར་ཐབས་ཞགས་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨ་ཅན་དུ་གྱུར་པ་ན། །ཞེས་པས་ས་གོང་འོག་ཏུ་དོན་ལ་ཁྱད་ཞུགས་པ་མ་ཡིན་ནམ་ཞེ་ན། དོན་ལ་གཅིག་ཀྱང་ཡོན་ཏན་དང་སྣང་བ་འཆར་ཚུལ་གོང་འོག་གི་ཁྱད་ཀྱིས་དེ་སྐད་བཏགས་པ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །གསུམ་པ་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་དུ་དོན་བསྡུ་བ་ནི། དེ་ལྟར་ས་དེ་དག་ཐོབ་པའི་ཚེ་སྐུ་ལྔ་ཡང་ལྷུན་གྲུབ་ཏུ་ཐོབ་པས་ན་དང་པོ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་དང་བྲལ་བ་ནི་འགྱུར་བ་མེད་པའི་ཡོངས་གྲུབ་སྟེ་སྐྱེ་ཤི་མེད་པའི་ཆོས་ཉིད་གཡུང་དྲུང་སྟེ་རྟག་པའི་སྐུ་ལྷུན་གྱིས་གྲུབ་པའོ། །དེ་ཉིད་ཀྱི་ངང་ལས་ལོངས་སྐུར་ཤར་བའི་བྱིན་རླབས་ལས་རང་བྱུང་བ་ཉོན་མོངས་པའི་སེམས་ཅན་ཀུན་གྱི་གདུལ་ཞིང་དུ་གང་ལ་གང་འཚམས་པའི་སྤྲུལ་སྐུ་གནས་ཏེ་དོན་མཛད་པའོ། །སྤྲུལ་སྐུའི་འཆར་གཞི་དེ་ཉིད་ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པའི་རང་བཞིན་ལྷུན་སྟུག་པོ་བཀོད་པའི་ལོངས་སྤྱོད་ཀུན་གྱི་གཏེར་དུ་འགྱུར་བ་ནི་ལོངས་སྐུའོ། །དེ་ལྟར་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནི་གཉིས་སུ་མེད་པའི་རྡོ་རྗེ་དང་རིག་པའི་ཡེ་ཤེས་ཆེན་པོ་འཛིན་པས་མི་འགྱུར་རྡོ་རྗེའི་སྐུའོ། །ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་རང་བཞིན་དུ་དབྱེར་མེད་ཅིང་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པའི་སྐུ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་ཐམས་ཅད་ཀྱང་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ནི་ཇི་སྙེད་པ་མངོན་པར་བྱང་ཆུབ་པའི་སྐུ་སྟེ་མངོན་པར་བྱང་ཆུབ་ཀྱི་སྐུའོ། །དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔའི་སྐུ་སྟེ། གཡུང་དྲུང་གི་སྐུ་ནི་དེ་བཞིན་གཤེགས་པའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐུའོ། །ལོངས་སྐུ་ཟད་མི་ཤེས་པའི་ཆོས་ཉིད་རྡོ་རྗེ་རིག་པ་འཛིན་པའི་སྐུ་ནི་རྡོ་རྗེའི་རིགས་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་དབྱེར་མེད་མཉམ་པའི་སྐུ་ནི་རིན་ཅེན་རིགས་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་སྐུའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ནི་པདྨའི་རིགས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐུའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས་པ་ནི་སྤྲུལ་པ་སྟེ་ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྐུའོ། །ས་ཐོབ་པ་དེའི་ཚེ་སྐུ་ལྔ་པོ་ཀུན་ཀྱང་རྫོགས་པར་ཐོབ་པ་ཡིན་ཏེ། འབྲས་བུའི་ས་དང་སྐུ་དང་ཡེ་ཤེས་རྣམས་ཆས་དབྱེ་བ་ལས་སྔ་ཕྱི་མེད་དོ། །དེའང་ཡོན་ཏན་གྱི་རྟེན་དུ་གྱུར་པས་ས་དང་། སངས་རྒྱས་ཀྱི་ལུས་སུ་གྱུར་པས་སྐུ་དང་། རང་བྱུང་གི་རིགས་པར་གནས་པས་ཡེ་ཤེས་དང་། འགྲོ་བའི་དོན་མཛད་པས་ཕྲིན་ལས་ཞེས་སོ་སོར་བཏགས་ཀྱང་ངོ་བོ་གཅིག་སྟེ། རྒྱུ་རྐྱེན་ལས་སྐྱེས་པས་དངོས་པོ་དང་། འཇིག་པས་མི་རྟག་པ་དང་། ཆུ་སྐྱོར་བས་བུམ་པར་བཏགས་པ་རྣམས་ངོ་བོ་གཅིག་པ་བཞིན་ནོ། །བཞི་བ་ངོ་མཚར་གྱི་ལྟས་ཀྱི་སྣང་ཚུལ་ནི། དེ་སྐད་ཅེས་བརྗོད་པས། གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་རེ་རེ་ཞིང་གྲངས་མཐའ་ཡས་ཤིང་མུ་མེད་པ་ཐམས་ཅད་དུ་རྣམ་པར་འཕྲུལ་པའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་བརྗོད་ཀྱི་མི་ལང་བ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་དང་མཉམ་པ་དེ་ཙམ་དུ་གསལ་ཅིང་སྣང་བར་གྱུར་ཏོ། །གསུམ་པ་འབྲས་བུ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་གཅིག་ཏུ་དོན་བསྡུ་བ་ལ་གཉིས་ཏེ། ཚུལ་ཇི་ལྟར་གསུངས་པ་དང་། ངོ་བོ་གང་གསུངས་པའོ། །དང་པོ་ནི། ཐམས་ཅད་དཀྱིལ་འཁོར་དུ་གསལ་བ་དེ་ནས་རང་སྣང་གི་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་རང་བཞིན་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ལས་དེ་བཞིན་གཤེགས་པ་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་འདི་སྐད་ཅེས་བྱུང་ངོ་། །གཉིས་པ་ནི། ཏིང་ངེ་འཛིན་རང་སྣང་བའི་དཀྱིལ་འཁོར་ངོ་མཚར་བའི་རོལ་པ་དབྱིངས་ལས་མ་གཡོས་པར་བསྟན་པའི་ཕྱིར་ཨ་ཧོཿཞེས་པའོ། །དེའང་དམིགས་པར་བྱ་བའི་ཡུལ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དང་། དམིགས་པར་བྱེད་པའི་བློ་གློ་བུར་ཀུན་བརྟགས་ཀྱིས་རྣམ་པར་དག་པ་དང་། དེ་གཉིས་ཀའི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཙམ་དུའང་མི་དམིགས་པ་ནི། དོན་དམ་པའི་རང་བཞིན་བློས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་གཞི་རང་བཞིན་ཀྱི་དཀྱིལ་འཁོར་རོ། །ཏིང་ངེ་འཛིན་རྣམ་པ་གསུམ་སྔོན་དུ་འགྲོ་བས་བསྐྱེད་པ་ལྷའི་རང་བཞིན་ཆུའི་ཟླ་བ་ལྟར་བསྒོམ་པའི་ཡེ་ཤེས་རང་རིག་པའི་དཀྱིལ་འཁོར་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམས་པའི་རྗེས་ལ། འཁོར་བའི་རང་བཞིན་ཆོས་ཉིད་དུ་མཉམ་པ་ཉིད་དང་མྱ་ངན་ལས་འདས་པ་དམིགས་པ་ཉེ་བར་ཞི་བས་མི་མཉམ་པའི་ངོ་བོ་ཀུན་ལ་ཡེ་ནས་དག་པའི་དེ་བཞིན་ཉིད་ཀྱིས་ཁྱབ་བྱ་ཁྱབ་བྱེད་མེད་པའི་རང་བཞིན་ཏེ། ཆོས་ཉིད་རྫོགས་པ་ཆེན་པོས་ཁྱབ་པའི་དབྱིངས་དེ་བཞིན་ཉིད་བསྐྱེད་རྫོགས་ཙམ་དུའང་འཛིན་པ་མེད་པར་མཉམ་པར་བཞག་པ་ནི་ལམ་བསྐྱེད་རྫོགས་བསྒྲུབ་པའི་དཀྱིལ་འཁོར་རོ། །དེ་ལྟར་ཉམས་སུ་བླངས་པའི་མཐར་འབྲས་བུ་གཞི་ཐོག་ཏུ་ཕྱིན་པ་དེའི་ཚེ་ཡེ་ནས་སྣང་ལ་ཀུན་ཏུ་འོད་གསལ་བའི་ལོངས་སྐུ་འགག་པ་མེད་པའི་དཀྱིལ་འཁོར་ལས། སྣ་ཚོགས་སྤྲུལ་པ་སྐུའི་དཀྱིལ་འཁོར་རྣམ་པར་འཕྲོ་བས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དོ། །དེ་ལྟར་སྐུ་དེ་གཉིས་ཀྱི་རྣམ་པར་འཕྲོ་བ་དང་མི་འཕྲོ་བས་གནས་པ་ལྟར་སྣང་བ་ཉིད་ནས་རང་བཞིན་སྤྲོས་པ་མེད་པ་ནི་ཆོས་ཀྱི་སྐུ་སྟེ་ནམ་མཁའ་ལྟ་བུའི་ཆོས་ཉིད་ངོ་མཚར་བར་བསྟན་པས་ཧོཿཞེས་རྡོ་རྗེ་གསང་བའི་ཚིག་འདི་ཉིད་དུ་གསུངས་པའོ། །དེ་བཞིན་དུ་གཞི་ལམ་འབྲས་བུ་རེ་རེ་ཞིང་ཡང་གནས་ཏེ། དམིགས་བྱ་ཡུལ་དམིགས་བྱེད་བློ་དེ་གཉིས་ཀའི་རང་བཞིན་ཡེ་ནས་དམིགས་པ་མེད་པའི་སེམས་ཉིད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་འོད་གསལ་གྱི་ངང་ན། ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་ཡེ་ནས་གནས་པ་དེ་ཡང་། ཆོས་ཉིད་མཉམ་པ་དང་ཆོས་ཅན་ཐ་དད་མི་མཉམ་པ་ཀུན་ལ་ཁྱབ་པའི་རང་བཞིན་མཉམ་པ་ཉིད་ནི་ཁྱབ་མེད་ཁྱབ་པ་ཆེན་པོའི་དབྱིངས་ཏེ། ཡེ་ནས་ཀུན་གསལ་གྱི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོ་འགྲོ་བ་ཀུན་ལ་འཕྲོ་ཡང་སྤྲོས་པ་མེད་པའི་རང་བཞིན་ངོ་མཚར་ཏོ་ཞེས་སོ། །དེའང་དེ་བཞིན་ཉིད་ནི་ཀུན་ལ་ཁྱབ་པའི་ངོ་བོ་ཡིན་ཏེ། སངས་རྒྱས་མཉམ་སྦྱོར་ལས། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་དབྱིངས་ན་དཔལ། །རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས། །ཞེས་སོ། །ལམ་ལྟར་ན་དམིགས་བྱ་ཏིང་ངེ་འཛིན་དམིགས་བྱེད་རང་གི་བློ་དེ་གཉིས་ཀའི་ངོ་བོ་མི་དམིགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་དཔག་ཏུ་མེད་པ་དང་། རྒྱུའི་ཏིང་ངེ་འཛིན་སྙིང་རྗེའི་ངང་ལས་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ཡི་གེའི་རང་བཞིན་ཨ་ལ་སོགས་པའི་ངོ་བོ་ལས། ཡེ་ཤེས་རང་རིག་གི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བ་བསྒོམས་ནས། དེ་ཐམས་ཅད་སེམས་ཉིད་དུ་མཉམ་པས་སྟོང་པ་དང་། རྣམ་པ་ཐ་དད་པ་བསྐྱེད་པ་མི་མཉམ་པ་སྣང་བ་དང་། དེ་ཉིད་ཀྱི་ངོ་བོ་མ་སྐྱེས་པས་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས་ཡེ་ནས་ཀུན་གསལ་གྱི་ངང་ལས། དཀྱིལ་འཁོར་གྱི་སྤྲོ་བསྡུ་མང་པོ་རྣམ་པར་འཕྲོ་ཡང་། དོན་ལ་སྤྲོས་པ་མེད་པའི་ངང་དུ་ཤེས་པ་སྟེ། ཟླ་གསང་ཐིག་ལེ་ལས། སེམས་དཔའ་ཀུན་གྱི་དངོས་པོ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །ཐམས་ཅད་དུ་ནི་ཡན་ལག་བཞུགས། །ཞེས་སོ། །འབྲས་བུ་ལྟར་བཤད་ན། དབྱིངས་དམིགས་བྱ་དམིགས་བྱེད་དམིགས་པ་མེད་ཅིང་དཔག་མེད་བསམ་གྱི་མི་ཁྱབ་པ་ཆོས་སྐུའི་ངང་ལས། རང་སྣང་ཡེ་ཤེས་རིག་པའི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་གསལ་བ་རྣམས་ཀྱི་ངོ་བོ་མཉམ་པ་ཉིད་དང་། བཀོད་པ་དང་རྣམ་པ་མི་མཉམ་པ་ཀུན་ལ་ཁྱབ་པའི་ཆོས་ཉིད་ཁྱབ་བྱ་ཁྱབ་བྱེད་ཁྱབ་པ་མེད་པའི་དབྱིངས་ཡེ་ནས་ཀུན་གསལ་ལོངས་སྤྱོད་རྫོགས་པ་སྐུ་ལས། སྤྲུལ་སྐུའི་དཀྱིལ་འཁོར་འཕྲོ་ཡང་ཆུ་ཟླ་ལྟར་མ་འཕོས་པར་དབྱིངས་དེ་ཉ ིད་ལས་སྤྲོས་པ་མེད་པས་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ངོ་མཚར་བར་བསྟན་པའོ། །དེ་ལྟར་སྣང་བའི་སངས་རྒྱས་དང་སེམས་ཅན་ཡང་དོན་ལ་མ་སྐྱེས་པར་མཉམ་པ་ཉིད་དེ། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །ཞེས་སོ། །ཏིང་ངེ་འཛིན་གསང་བའི་སྙིང་པོ་རང་སྣང་བའི་དེ་ཁོ་ན་ཉིད་ངེས་པ་ལས། རང་བཞིན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་དྲུག་པའི་རྣམ་པར་བཤད་པའོ།། ༈ །།དོན་གཉིས་པ་དེའི་ཡན་ལག་སྔགས་དང་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། གསུང་སྔགས་ཀྱི་དཀྱིལ་འཁོར་དང་། སྐུ་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། གསུང་གི་དཀྱིལ་འཁོར་འབྱུང་བའི་རྒྱུ་བརྗོད། གསང་སྔགས་ཀྱི་དཀྱིལ་འཁོར་དངོས་བསྟན། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེའི་ཡན་ལག་སྔགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་སྔགས་འདི་དག་ཕྱུང་ངོ་། །གཉིས་པ་ལ་གཉིས་ཏེ། དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། དབང་བསྐུར་བའི་སྔགས་སོ། །དང་པོ་ལ་བཞི་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས་དང་། བརྟེན་པ་ལྷ་བསྐྱེད་པའི་སྔགས་དང་། ཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས་དང་། ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ལོ། །དང་པོ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་པས་ཏེ། བྷྲཱུྃ་ནི་རྣམ་སྣང་དང་། བུམ་པ་དང་། གཞལ་ཡས་ཁང་དང་། འཁོར་ལོ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བའི་ས་བོན་དུ་གྱུར་པ་ལས། འདིར་ནི་གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་དང་། གཞལ་ཡས་ཁང་པ་ཡང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པ་དང་། བུམ་པ་ཡང་གཞལ་ཡས་ཁང་པ་ཡིན་པས་ན་བྷྲཱུྃ་ལས་བསྐྱེད་པའོ། །སྔོན་སངས་རྒྱས་གཙུག་ཏོར་འཁོར་ལོས་སྒྱུར་བས་སངས་རྒྱས་དང་སེམས་ཅན་གྱི་དོན་དུ་གཞལ་ཡས་ཁང་པའི་སྨོན་ལམ་བཏབ་པས་ན་དེ་ཉིད་མཚོན་པའོ། །དེའང་འགྲེལ་ཆུང་ལས། གཙུག་ཏོར་འཁོར་ལོས་སྨོན་ལམ་རང་གི་སྔགས། །ཞེས་སོ། །འོད་རིམ་ལས། དཀྱིལ་འཁོར་སྣ་ཚོགས་བྷྲཱུྃ་དུ་འཕྲོ། །ཡོངས་གྱུར་ཡེ་ཤེས་གཞལ་ཡས་ཁང་། །ཞེས་པའི་དོན་ཏོ། །དེའང་ཕྱི་ལྷའི་ཁང་པ། ནང་ལྷའི་ས་བོན། གསང་བ་ཡུམ་གྱི་བྷ་ག་སྟེ། ཐལ་བའི་རྒྱུད་ལས། བྷྲཱུྃ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཅེན་ཟ་མ་ཏོག །ཅེས་སོ། །བི་ཤྭ་ནི་སྣ་ཚོགས་ཏེ་འཁོར་འདས་ཀྱི་ཆོས་སུ་སྣང་བ་ཐམས་ཅད། བི་ཤུདྡྷེ་རང་བཞིན་གྱིས་དག་པ་སྟེ། ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དེ་ཉིད་སངས་རྒྱས་ཀྱི་བཞུགས་སུ་བསྟན་པས། འདིར་དེ་མཚོན་པར་བྱེད་པས་གཞལ་ཡས་ཁང་པའོ། །གཉིས་པ་ལྷ་བསྐྱེད་པའི་སྔགས་ལ་དྲུག་ལས། དང་པོ་རིགས་ལྔ་ཡབ་ཡུམ་གྱི་སྔགས་ནི་ཧཱུྃ་བཛྲ་དྷྲིཀ྄་ལ་སོགས་པ་ལྔ་ཚན་གཉིས་ཏེ། དེའང་ཡབ་ཀྱི་སྔགས་སོ་སོའི་དང་པོ་ཧཱུྃ་ཨཱོཾ་སྭཱཾ་ཨཱཾ་ཧཱ་ལྔ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་སྐྱེད་པར་བྱེད་པའི་ས་བོན་ནོ། །དེ་ཉིད་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པའི་རང་བཞིན་ཡིན་ཏེ། གསང་འདུས་ལས། རྡོ་རྗེ་འཛིན་དང་རྒྱལ་བའི་རྒྱལ། །རིན་ཅེན་འཛིན་དང་ཆགས་ཆེན་མཚོན། །ཤེས་རབ་འཛིན་པ་ཞེས་བྱ་སྟེ། །ཞེས་པ་དང་། དགོངས་འདུས་ལས། སྐུ་མཚོན་པར་བྱེད་པ་ལ་ནི་ༀ་ཞེས་ཐ་སྙད་དུ་བྱས་སོ། །ཞེས་པ་ལ་སོགས་པའོ། །བཛྲ་དྷྲིཀ྄་ལ་སོགས་པ་ནི་དེ་དག་གི་རང་བཞིན་མཚོན་པ་ངོ་བོའི་སྔགས་སོ། །བཛྲ་ནི་སྣང་སྟོང་གཉིས་སུ་མེད་པས་རྡོ་རྗེ་སྟེ་དྷྲིཀ྄་ནི་དེ་ཉིད་འཛིན་པར་བྱེ་པས་ན་མི་བསྐྱོད་པའོ། །ཛི་ན་ཛི །དེ་བཞིན་དུ། རཏྣ་རིན་པོ་ཆེ། དྷྲིཀ྄་ནི་འཛིན་པ་སྟེ་འགྲོ་བ་ལ་འདོད་དགུ་སྦྱིན་པས་རིན་ཅེན་འབྱུང་ལྡན་ནོ། །ཨ་རོ་ལིཀ྄་ནི་གདུལ་བྱ་ལ་རྗེས་སུ་ཆགས་པས་འོད་དཔག་མེད་དོ། །པྲཛྙཱ་དྷྲིཀ྄་ནི་གདུལ་བྱའི་དོན་དུ་ཤེས་རབ་སྣ་ཚོགས་འཆང་བས་དོན་ཡོད་གྲུབ་པའོ། །ཡུམ་གྱི་སྔགས་སོ་སོའི་དང་པོ་མཱུྃ་ལཱྃ་མཱྃ་པྱཱྃ་ཏཱྃ་ལྔ་ནི་ཡུམ་ལྔའི་རྒྱུ་མ་ནོར་བ་རྩ་བའི་སྔགས་ཏེ་བསྐྱེད་པའི་ས་བོན་ནོ། །དེའི་རང་བཞིན་གྱི་ངོ་བོ་ནི་མཱུྃ་དྷཱ་ཏུ་ཤྭ་རི་ནི་རང་བཞིན་གྱིས་དག་པ་དབྱིངས་ཀྱི་དབང་ཕྱུག་མའོ། །ལཱྃ་དྭེ་ཥ་ར་ཏི་སངས་རྒྱས་ཐམས་ཅད་ཀྱི་བློན་མོ་སྟེ་སངས་རྒྱས་སྤྱན་ནོ། །མཱྃ་མོ་ཧ་ར་ཏི་སེམས་ཅན་བདག་གིར་བྱེད་པས་མཱ་མ་ཀཱིའོ། །པྱཱྃ་རཱ་ག་ར་ཏི་ཉེས་པའི་དྲི་མས་མ་གོས་པས་གོས་དཀར་མོའོ། །ཏཱྃ་བཛྲ་ར་ཏི་སེམས་ཅན་འཁོར་པ་ལས་སྒྲོལ་བས་སྒྲོལ་མའོ། །གཉིས་པ་ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་གྱི་སྔགས་ལའང་གཉིས་ལས། ཡབ་ཀྱི་ཀྵིཾ་ཏྲཾ་ཧྲི་ཛིཾ་བཞི་ནི་རྩ་བའི་སྔགས་དང་བསྐྱེད་པའི་ས་བོན་ཡིན་ལ། ཧི་རཱ་ཛ་ཡ་ས་དང་མིག་ལྟར་སེམས་ཅན་གྱི་དོན་བྱེད་པས་རྒྱལ་པོའོ། །ཨཱ་གརྦྷ་ཡ་དགོས་འདོད་ཐམས་ཅད་འབྱུང་བའི་སྙིང་པོར་གྱུར་པའོ། །ཧ་ཧཱུྃ་པདྨ་པ་ད་མ་ཆགས་པ་མེད་ཅིང་གདུལ་བྱའི་ཡིད་འཕྲོག་པས་པདྨ་ལྟ་བུའི་ཞལ་མངའ་བའོ། །ཀུ་རུ་པ་ན་ཧྲི་རྡོ་རྗེ་ལྟ་བུས་སེམས་ཅན་གྱི་དོན་མཛད་པའོ། །ཡུམ་བཞིའི་ཧཱུྃ་ཏྲཱྂ་ཧྲཱི་ཨཱཿརྩ་སྔགས་དང་ས་བོན་ནོ། །ལཱ་སྱཻ་ས་མ་ཡ་སྟྭཾ་ནི་སྒེག་པའི་ཉམས་དང་ལྡན་པས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་ལ་ནོས་ཤིག་པའོ། །མཱ་ལེ་ས་མ་ཡ་ཧོ་ནི་གཟུངས་དང་ཏིང་ངེ་འཛིན་གྱིས་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིགས་ལ་གནས་པར་བྱའོ། །ཞེས་སོ། །གཱིརྟི་རཱ་གོ་ཧཾ་ནི་གླུ་དབྱངས་སྙན་པོ་ལྟ་བུས་སེམས་ཅན་ལ་རྗེས་སུ་ཆགས་པ་ནི་ང་ཡིན་ནོ། །ཞེས་པའོ། །ནིརྟི་རཱ་ག་ཡཱ་མི་ནི་གར་སྒྱུར་བ་ལྟ་བུའི་ཕྲིན་ལས་ཀྱིས་སེམས་ཅན་ལ་རྗེས་སུ་ཆགས་པར་བྱའོ། །ཞེས་པའོ། །གསུམ་པ་གསུང་གི་སེམས་དཔའ་ཡབ་ཡུམ་གྱི་སྔགས་ལ་གཉིས་ལས། ཡབ་ཀྱི་མཻ་ཐླྷིཾ་ཧཱུྃ་མུྃ་ནི་རྩ་སྔགས་དང་ས་བོན་ནོ། །དྷ་ར་ཎི་བྱམས་པས་སེམས་ཅན་རྗེས་སུ་འཛིན་པ་སྟེ། སྭཱ་ཧཱ་ནི་གཞི་ཚུགས་ཤིག་པའོ། །ནིསྶ་རྃ་བྷ་ཡ་སྭཱ་ཧཱ་ནི་འཐུག་པའམ་སྦྱང་དཀའ་བའི་སྒྲིབ་པ་སེལ་བའོ། །སྭ་ར་ཛ་ཡ་སྭཱ་ཧཱ་ནི་འཁོར་འདས་གཉིས་ལ་མི་གནས་པའི་རང་བཞིན་ཀུན་ཏུ་བཟང་པོའི་རྒྱལ་པོའོ། །ཤྲཱི་ཨཱཾ་རཱ་ག་ཡ་སྭཱ་ཧཱ་ནི་གཉིས་སུ་མི་གནས་པའི་དཔལ་སེམས་ཅན་ལ་རྗེས་སུ་ཆགས་པའོ། །ཡུམ་བཞིའི་ཛཿཧཱུྃ་བྃ་ཧོཿནི་རྩ་སྔགས་དང་ས་བོན་ནོ། །དྷུ་པེ་པྲ་བེ་ཤ་ནི་ཚུལ་ཁྲིམས་ཀྱི་བདུག་སྤོས་གདུལ་བྱའི་རྒྱུད་ལ་འཇུག་པའོ། །པུཥྤེ་ཨཱ་བེ་ཤ་ནི་བྱང་ཆུབ་ཀྱི་མེ་ཏོག་རྒྱས་པའི་ཆར་གདུལ་བྱའི་རྒྱུད་ལ་འབེབས་པའོ། །དཱི་པ་སུ་ཁི་ནཱི་ཡེ་ཤེས་ཀྱིས་སྒྲོན་མེས་མ་རིག་པའི་མུན་པ་སེལ་བའོ། །གནྡྷེ་ཙིཏྟ་ཧོཿནི་བདུད་རྩིའི་ཆུ་རྒྱུན་གྱིས་གདུལ་བྱའི་རྒྱུད་ཚིམ་པར་བྱེད་པའོ། །བཞི་པ་སྒོ་བ་ཡབ་ཡུམ་གྱི་སྔགས་ལ་གཉིས་ལས། ཡབ་ཀྱི་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བཞི་ས་བོན་ཏོ། །དེའི་སྒྲས་སཾ་ཧ་ར་ཎ་སྡུད་པར་བྱེད་པ་སྟེ་གདུག་པ་ཅན་དབང་དུ་སྡུད་པའམ་གདུལ་བྱའི་རྒྱུད་ལ་ཆེ་བའི་ཡོན་ཏན་འཇོག་པའོ། །མཇུག་གི་ཕཊ་རྣམས་ཀྱི་སྒྲས་ཨ་སྥ་ར་ཎ་སྤྲོ་བའམ་གཏོར་བ་སྟེ། གདུག་པ་ཅན་འཐོར་པའོ། །ཡ་མཱནྟ་ཀྲྀ་ཏ་ནི་འཆི་བདག་གཤིན་རྗེའི་གཟུགས་འཛིན་པའོ། །བིག་ནཱནྟ་ཀྲིཏ་ནི་བགེགས་མཐར་བྱེད་པའོ། །པདྨཱནྟ་ཀྲྀཏ་ནི་བགེགས་མཐར་བྱེད་པའོ། །པྲཛྙཱནྟ་ཀྲྀཏ་ནི་ཉོན་མོངས་པའི་བདུད་འཇོམས་པའོ། །ཡུམ་གྱི་ཨཱོཾ་དང་ཕཊ་ནི་སྔར་དང་འདྲའོ། །མ་ཧཱ་བཛྲ་དྷ་རོ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཞེས་པ། རྡོ་རྗེའི་གཟུངས་མོ་ཆེན་མོ་ཁྲོ་མོ་དབང་ཕྱུག་འབར་མ་ཆེན་མོ་ཞེས་པའོ། །དེ་བཞིན་དུ་རཏྣ་རིན་པོ་ཆེ། པདྨ་ནི་སྐད་སོར་བཞག་སྟེ་པདྨ། ཀརྨ་ནི་ཕྲིན་ལས་ཀྱི་ཁྲོ་མོའོ། །ལྔ་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཡབ་ཀྱི་སྔགས་ལ་ཧཱུྃ་ཧཱུྃ་ཧཱུྃ་གསུམ་ནི་ཁམས་གསུམ་གྱི་སེམས་རྒྱུད་དག་པ་ཡེ་ཤེས་གསུམ་མོ། །བཛྲ་ཙིཏྟ་ཧཱུྃ་ནི་དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཅན་ནོ། །ཡུམ་གྱི་ཨ་ཨ་ཨ་གསུམ་ནི་སྒོ་གསུམ་དུས་གསུམ་དབྱིངས་གསུམ་སྐྱེ་བ་མེད་པའོ། །བཛྲི་བྷ་དྲ་ས་མནྟ་ཨ་ནི་དེ་ཉིད་ཀུན་ཏུ་བཟང་མོའི་རང་བཞིན་དུ་དག་པའོ། །དྲུག་པ་ཐུབ་པ་དྲུག་གི་སྔགས་ནི། ཨཱོཾ་ནི་སྔགས་ཀྱི་ཚོགས་བྱིན་གྱིས་རློབ་པ་ཡེ་ཤེས་ལྔའི་རང་བཞིན་ནོ། །མུ་ནེ་ནི་ཐུབ་པའོ། །ཀྲྀཾ་ནི་སྲིན་པོ་ལ་སོགས་པ་རྣམ་པར་མ་ཞི་བ་སྟེ་འདིར་ལྷ་མ་ཡིན་ནོ། །སྭཱ་ཧཱ་གཞི་ཚུགས་ཤིག་པའོ། །དེ་བཞིན་དུ་སྦྱར་ཏེ། ཏྲཱུྃ་ནི་སྲིད་པས་བཅིངས་པས་ཏེ་མིའི་སྙིང་པོའོ། །སྲུྃ་ནི་བློ་གྲོས་རྟུལ་བ་སྟེ་དུད་འགྲོའོ། །པྲྃ་ནི་བཀྲེས་སྐོམ་གྱིས་གདུངས་པ་སྟེ་ཡི་དྭགས་སོ། །ཀྵྃ་ནི་བཟོད་ལྡན་སྟེ་ལྷའི་སྙིང་པོའོ། །ཡེ་ནི་ཐུར་དུ་ལྷུང་བ་སྟེ་དམྱལ་བའི་སྙིང་པོའོ། །གསུམ་པ་ཕྲིན་ལས་ཡོངས་སུ་རྫོགས་པའི་སྔགས་ལ་གསུམ་ལས། དང་པོ་སྤྱན་དྲང་ཞིང་བསྟིམ་པའི་སྔགས་ནི། ༀ་ཨེ་ཧྱེ་ཧི་བྷ་ག་ཝཱ་ཱན་མ་ཧཱ་ཀཱ་རུ་ནི་ཀ་དྲི་ཤྱ་ཧོ་ས་མ་ཡ་སྟྭྃཿཞེས་པ་ནི་ཚུར་བྱོན་ཚུར་བྱོན། བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐུགས་རྗེས་གཟིགས་ལ་དམ་ཚིག་ལ་ནོས་ཤིག་པའོ། །ཛཿཧཱུྃ་བྃ་ཧོཿནི་ལྕགས་ཀྱུས་དགུག་ཞགས་པས་བཅིངས་ལྕགས་སྒྲོག་གིས་བསྡམས་དྲིལ་བུས་དབང་དུ་བྱེད་པའོ། །གཉིས་པ་རིག་པའི་མེ་ཏོག་གཏོར་བའི་སྔགས་ནི་ༀ་ཨཱྃཿཧཱུྃ་སྭཱ་ཧཱ་ནི་རིགས་ལྔ་དང་ཡེ་ཤེས་ལྔའོ། །བ་དང་ཛྲ་དང་ས་དང་མ་དང་ཡ་རྣམས་སོ་སོར་སྦྲེངས་པ་ནི་ཡི་གེ་བཀྲམ་པ་སྟེ་གོང་འོག་གི་ཡི་གེ་ལྔ་དང་སྦྱར་ལ་ཡི་གེ་བཏུ་བར་བྱ་སྟེ། ༀ་བཛྲ་ས་མ་ཡ་ༀ་ནི་སྐུའི་དམ་ཚིག་གིས་སྐུར་བསྒྲུབ་པའོ། །ཨཱཿབཛྲ་ས་མ་ཡ་ཨཱཿགསུང་གི་དམ་ཚིག་གིས་གསུང་དུ་བསྒྲུབ་པའོ། །ཧཱུྃ་བཛྲ་ས་མ་ཡ་ཧཱུྃ་ཐུགས་ཀྱི་དམ་ཚིག་གིས་ཐུགས་སུ་བསྒྲུབ་པའོ། །སྭཱ་བཛྲ་ས་མ་ཡ་སྭཱ་ཡོན་ཏན་གྱི་དམ་ཚིག་གིས་ཡོན་ཏན་བསྒྲུབ་པའོ། །ཧཱ་བཛྲ་ས་མ་ཡ་ཧཱ་ཕྲིན་ལས་ཀྱི་དམ་ཚིག་གིས་ཕྲིན་ལས་སུ་བསྒྲུབ་པའོ། །གསུམ་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ༀ། ཡེ་ཤེས་རྒྱལ་པོ་ཞེས་བཅོམ་ལྡན་འདས་ལ་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྨད་དུ་བྱུང་བ་ཆེན་པོའི་དངོས་གྲུབ་ལ་ད་ལྟ་ཉིད་དུ་མཉམ་པར་སྦྱོར་བའི་བདག་པོས། ལྷའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་ད་ལྟ་ཉིད་དུ་བདག་སྦྱོར་ཅིག་ཅེས་པ་དང་། ༀ་བཛྲ་ས་མ་ཡ་ཧཱུྃ་གིས་སྐུའི་དམ་ཚིག་དུས་ལ་བབས་པར་བསྐུལ་བའོ། །ༀ་བཛྲ་ས་མ་ཡ་སྟྭཾཿགྱིས་གསུང་གི། ༀ་བཛྲ་ས་མ་ཡ་ཧོཿཞེས་པས་ཐུགས་ཀྱི་དམ་ཚིག་ལ་བསྐུལ་བའོ། །ཛཿཧཱུྃ་བྃ་ཧོཿཡིས་གཉིས་སུ་མེད་པར་བསྲེ་ཞིང་བརྟན་པར་བྱེད་པའོ། །བཞི་པ་ངོ་མཚར་གྱི་ལྟས་ཇི་ལྟར་སྣང་བའི་ཚུལ་ནི་དེ་སྐད་ཅེས་བརྗོད་པས་གསུང་གསང་སྔགས་ཀྱི་དཀྱིལ་འཁོར་དེ་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་སྔགས་ཀྱི་སྒྲ་ཆེན་པོས་ཁྱབ་པར་གྲགས་སོ། །དེས་སེམས་ཅན་གྱི་རྒྱུད་ཀུན་སྨིན་པར་བྱས་པས་རབ་ཏུ་གྲགས་སོ། །གྲོལ་བར་བྱས་པས་ཀུན་ཏུ་གྲགས་སོ། །ཡང་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཀྱི་སྒྲ་དང་སྒྲ་ལས་ཐོན་པའི་ཟེར་དང་ཟེར་ཀུན་ཏུ་འཕྲོས་པའི་སྣང་བ་ཆེན་པོ་ལ་ཡང་ཤེས་པར་བྱའོ། །གཉིས་པ་དབང་བསྐུར་བའི་སྔགས་ལ་གཉིས་ལས། ཇི་ལྟར་གསུངས་པའི་ཚུལ་ནི་བསྐྱེད་པའི་སྔགས་བསྟན་པ་དེ་ནས་བཅོམ་ལྡན་འདས་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་ཆོས་བྱ་བ་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པའི་གསུང་གི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །ཐིམ་པར་མཛད་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆེན་པོའི་བདག་ཉིད་ཀྱི་དངོས་གྲུབ་ཆེན་པོའི་ཡེ་ཤེས་དང་གཟི་བྱིན་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུ་བ་ཞེས་བྱ་བའི་གསང་སྔགས་འདི་ཉིད། སྟོན་པ་ཡབ་ཡུམ་གྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པ་རྡོ་རྗེའི་རང་བཞིན་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒྱུ་འཕྲུལ་དྲྭ་བ་ལས་བྱིན་གྱི་རླབས་ཀྱིས་རང་ཤར་དུ་བྱུང་ངོ་། །གཉིས་པ་སྔགས་དངོས་ལ་གསུམ་ལས། དང་པོ་དྲི་མ་འཁྲུད་པ་ཡེ་ཤེས་ལྔས་དབང་བསྐུར་བ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཆེན་པོ་རྡོ་རྗེའི་ངོ་བོ་ཉིད་ཀྱི་བདག་ཉིད་ནི་ངའོ་ཞེས་པའོ། །དེ་བཞིན་དུ་སྦྱར་ཏེ། ཨཱ་དཪྴ་མེ་ལོང་ལྟ་བུ། པྲ་ཏྱ་བེཀྵ་ཎཱ་སོ་སོར་རྟོག་པ། ས་མནྟ་མཉམ་པ་ཉིད། ཀྲྀ་ཏྱཱ་ནུཥྛཱ་ན་བྱ་བ་ནན་ཏན། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཡེ་ཤེས་རྡོ་རྗེའི་བདག་ཉིད་ང་ཡིན་ནོ་ཞེས་པའོ། །དེ་ལྟར་དབང་བསྐུར་བའི་དོན་ནི་སྐབས་འདིར་རང་རང་གི་རིགས་བདག་གང་ཡིན་པ་ཚོན་གང་བ་རེས་དབུ་བརྒྱན་པ་སྟེ། ཐལ་བ་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་བསྟན། །བྱམས་པ་ས་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱ་སྟེ། །གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བས་དཔའ་བོ་ཆེ། །ཞེས་གསུངས་པ་བཞིན་ནོ། །འོ་ན་འདིར་གཙོ་བོ་ལ་རྣམ་སྣང་གིས་བརྒྱན་པར་རིགས་སོ་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་སུ་མཚོན་པས་མི་བསྐྱོད་པ་ཉིད་རིགས་སོ། །མི་བསྐྱོད་པ་ལ་ནི་རྣམ་སྣང་སྟེ་སྐབས་འདིར་སྐུ་མཚོན་པའི་ཕྱིར་རོ། །འདིར་ལྷ་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པའོ། །གཉིས་པ་ནུས་པ་འཇུག་པ་རིགས་ལྔའི་བྱིན་གྱིས་བརླབས་པའི་སྔགས་ནི། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཆེན་པོ་ང་ཡིན་ནོ་ཞེས་པའོ། །དེ་བཞིན་དུ། ཝཱ་ཀ་བཛྲ་གསུང་རྡོ་རྗེ། ཙིཏྟ་བཛྲ་ཐུགས་རྡོ་རྗེའོ། །ཨ་ནུ་རཱ་ག་བཛྲ་ཡོན་ཏན་རྡོ་རྗེ། པཱུ་ཛ་བཛྲ་ཕྲིན་ལས་རྡོ་རྗེའོ། །དེ་དག་གིས་ལྷ་ཐམས་ཅད་ཀྱི་གནས་ལྔར་དེ་བཞིན་གཤེགས་པ་ལྔ་བསྐྱེད་དོ། །དེ་ལྟར་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་སངས་རྒྱས་ཉི་ཁྲི་ཆིག་སྟོང་བས་ཀྱང་ལྷག་པར་གནས་ཏེ། གནས་ལྔར་གསལ་བཏབ་པའི་ཕྱིར་རོ། །ཉི་ཁྲི་ཆིག་སྟོང་ནི་སྐུ་གསུང་ཐུགས་གསུམ་བྱིན་གྱིས་རློབ་པའི་དབང་དུ་བྱས་ཏེ། ཐལ་བ་ལས། གནས་གསུམ་ཁྱབ་པའི་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱི ན་བརླབས་གཟི་བྱིན་བསྡུས། །རང་བཞིན་རྡོ་རྗེའི་གནས་གསུམ་ལ། །རྒྱུ་གཉིས་ཚུལ་དུ་རང་སྣང་བའོ། །ཞེས་སོ། །དེའི་སྟེང་དུ་ལྟེ་བ་དང་གསང་བར་སྭཱ་དང་ཧཱ་ལས་ཡོན་ཏན་དང་ཕྲིན་ལས་གཉིས་ནི། དེ་ལས། ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་མཐུན་འོད་ཟེར་འཕྲོ་འདུ་ལས། །ཡོན་ཏན་རྫོགས་པའི་གཟི་བརྗིད་ལྡན། །ཞེས་སོ། །དེ་ལྟར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔས་བརྒྱན་པའོ། །གསུམ་པ་དེ་ལས་བྱུང་བའི་བྱིན་རླབས་ཀྱི་སྣང་ཚུལ་ནི། དབང་བསྐུར་བ་དང་བྱིན་གྱིས་བརླབ་པའི་སྔགས་དེ་སྐད་ཅེས་བརྗོད་པས་ལྷ་དེ་དག་གི་དབང་གིས་བྱིན་རླབས་གདུལ་བྱའི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། དེས་ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་གསལ་བར་གྱུར། དེས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འོད་འབར་བར་གྱུར་ཏོ། །གསུམ་པ་རང་བཞིན་གཏན་ལ་དབབ་པ་ལ་ལྔ་སྟེ། གསུང་གི་ངོ་བོ་བརྗོད་དུ་མེད་པ། རང་བཞིན་བསམ་གྱིས་མི་ཁྱབ་པ། གནས་ལུགས་གདོད་ནས་དག་པ། སྣང་ལུགས་མཆོག་ཏུ་གྱུར་པ། ཡིན་ལུགས་དབྱིངས་ལས་མ་གཡོས་པའོ། །དང་པོ་ནི། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་ནི་ཁྱད་པར་དུ་འཕགས་པའི་ཕྱིར། ཨེ་མ་ཧོཿངོ་མཚར་ཏེ་ཡ་མཚན་རྨད་དུ་བྱུང་བ་ཉིད་ཀྱི་ཆོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་དམ་པའོ། །ཇི་ལྟར་ངོ་མཚར་ན་གསུང་གི་ངོ་བོ་དེ་ཉིད་བརྗོད་པའི་སྒྲ་དང་ཆོས་ཀྱི་མིང་ཚིག་ཀུན་ལས་འདས་བཞིན་དུ་འགྲོ་བའི་སྣང་བ་དང་མཐུན་པར་གསུང་དབྱངས་ཕུན་སུམ་ཚོགས་པ་སྣ་ཚོགས་པའི་སྒྲ་སྐད་ཚད་མེད་པ་རྣམས་གསལ་བར་འབྱུང་བས་ངོ་མཚར་བའོ། །གཉིས་པ་ནི། སངས་རྒྱས་ཀྱི་གསུང་གཅིག་དབྱངས་ཀྱི་ཡན་ལག་དྲུག་ཅུས་བརྒྱན་པས་ན་དཀྱིལ་འཁོར་དམ་པའོ། །དེའི་ཡན་ལག་དྲུག་ཅུ་ནི། ཚངས་པའི་དབྱངས་དང་། སིལ་སྙན་དང་། གླུ་གར་དང་། ཀ་ལ་པིང་ཀ་དང་། འབྲུག་སྒྲ་དང་། སྒྲ་བརྙན་ཏེ་རྣམ་གྲངས་དྲུག་པོ་དེ་དག་རེ་རེ་ལའང་། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་ཀྱང་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ་བཅུ་བཅུར་འགྱུར་བས་དྲུག་ཅུའོ། །ཡང་ན་གདངས་ཆེ་བ། ཡོངས་སུ་ཁྱབ་པ། གོ་བར་མྱུར་བ། ཐེ་ཚོམ་གཅོད་པ། གཅིག་ལ་གཟིགས་པ་སྙམ་བྱེད་པ། ཉི་ཚེར་སྟོན་པ། ཀུན་ནས་འཇུག་པ། འདུན་པ་བསྐྱེད་པ། ཁྱད་དུ་ཞུགས་པ། ཐམས་ཅད་འདུལ་པ་སྟེ། རང་བཞིན་བཅུ་ལ་གནས་སྐབས་དྲུག་ཏུ་འགྱུར་བས་དྲུག་ཅུའོ། །དེ་ལྟར་བསྒྲེས་པས་དབྱངས་ཀྱི་ཡན་ལག་དྲུག་བརྒྱར་འགྱུར་ཞིང་། ཕྱོགས་བཅུ་དུས་བཞིས་ཕྱེ་བས་དྲུག་སྟོང་དང་། ཉི་ཁྲི་བཞི་སྟོང་དུ་འགྱུར་རོ། །དེའང་འཇིག་རྟེན་དྲུག་གིས་ཕྱེ་བས་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་ཀུན་ཏུ་ཁྱབ་ཅིང་། སེམས་ཅན་སོ་སོའི་སྒྲ་སྐད་དང་མིང་ཚིག་སོ་སོར་སྣང་བ་དང་མཐུན་པར་གྲགས་ཤིང་གོ་བར་མཛད་དེ། སྒྲ་སྐད་དེ་དག་ཐམས་ཅད་ཀྱང་གསུང་གི་ཕྱག་རྒྱའི་མཆོག་བརྗོད་དུ་མེད་པའི་རང་བཞིན་དུ་འདུས་པར་བསྟན་ཏོ། །གསུམ་པ་ནི་རྒྱུད་ཐམས་ཅད་ཀྱི་མཆོག་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་ལས། འགྲོ་བ་ལ་ཕན་བདེ་དཔག་ཏུ་མེད་པ་དང་ལྡན་པའི་རྒྱུ་ཆོས་ཀྱི་སྒྲ་དབྱངས་ཡིན་པས་གསུང་གི་དོན་འབྱུང་བ་དེ་ཡང་། ཆོས་ཐམས་ཅད་གདོད་ནས་དྲི་མས་མ་གོས་པའི་ཆོས་ཉིད་པདྨ་ལྟ་བུའི་ངང་དུ་ཡེ་ནས་གྱུར་པས་ན། སྒྲ་སྐད་ཀྱི་ངོ་བོ་ཡང་རང་བཞིན་གྱིས་དག་པའི་ཆོས་ཉིད་སྟོང་པའི་ངོ་བོར་བསྟན་ཏོ། །དེའི་ཕྱིར་རྣམ་པར་གྲོལ་བ་ཐར་པའི་ལམ་སྟོན་པ་ཐེག་པའི་སྒྲ་སྐད་དང་། འདོད་ཆགས་ལ་སོགས་པ་སྲིད་པར་སྦྱོར་བ་འཁོར་བའི་སྒྲ་སྐད་སྣ་ཚོགས་པ་ཇི་སྐད་བརྗོད་པ་ཐམས་ཅད་ཀྱང་དོན་ལ་གྲགས་སྟོང་སྐྱེ་བ་མེད་པའི་ཆོས་ཉིད་ལས་མ་འདས་པས། གསུང་གི་མཆོག་བརྗོད་དུ་མེད་པའི་རང་བཞིན་ཏེ་ཡེ་ནས་དག་པའི་ངོ་བོ་ཉིད་དོ། །དེའང་ཐར་ལམ་ཐེག་པ་མཐོ་དམན་གྱི་སྒྲ་སྐད་ཐམས་ཅད་དང་ཕྱིན་ཅི་ལོག་ངན་འགྲོ་གསུམ་ལ་སོགས་པ་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྒྲ་སྐད་ཀྱང་། དོན་ལ་གྲགས་སྟོང་སྐྱེ་བ་མེད་པའི་ངོ་བོ་ཡེ་ནས་བྱང་ཆུབ་པའི་གནས་ལུགས་བཟང་ངན་གཉིས་སུ་མེད་པའི་རྡོ་རྗེ་སྟེ་སངས་རྒྱས་ཀྱི་གསུང་བརྗོད་དུ་མེད་པར་བསྡུས་པའོ། །བཞི་པ་ནི། གསུང་གི་ངོ་བོ་བརྗོད་དུ་མེད་པར་བསྡུས་པ་དེ་ཉིད་ཀྱི་ངང་ལས་ཕྱོགས་བཅུར་སྤྲུལ་པ་དུ་མས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པའི་ཚོགས་རྣམ་པར་གྲགས་ཤིང་གོ་བར་མཛད་དོ། །ཆོས་ཀྱི་སྒྲ་གྲགས་པ་དེ་ཉིད་ཡེ་ནས་མ་ཆགས་པའི་ངང་དུ་གདུལ་བྱའི་སྣང་བ་དང་མཐུན་པར་གསུངས་ཀྱང་གསུངས་པའི་དུས་དེ་ཉིད་ན་གསུང་གི་ངོ་བོ་བརྗོད་དུ་མེད་པར་གནས་སོ། །བརྗོད་དུ་མེད་པའི་གནས་ལུགས་དེ་ཉིད་བརྗོད་པ་སྣ་ཚོགས་པའི་སྒྲ་ཡི་འབྱུང་གནས་སུ་གྱུར་པས། གདུལ་བྱ་ཀུན་ལ་ཚིག་གཅིག་ཏུ་མཐུན་པར་གྲགས་ཤིང་དོན་སོ་སོར་འཇལ་བ་ཉིད་དཔེར་ན་སྒྲའི་དབྱིངས་ཉིད་རྗོད་བྱེད་གཅིག་གི་དེ་བཞིན་ཉིད་སྦྲིད་སངས་ཞེས་པ་ལས། ལ་ལས་དུག་གིས་སྦྲིད་པ་སངས་པར་གོ། ལ་ལས་འདུག་སྟངས་ཉེས་པས་སྦྲིད་པ་སངས་པར་གོ། ལ་ལས་རིགས་སྔགས་ཀྱིས་སྦྲིད་པ་ལས་སངས་པར་གོ་བ་ལ་སོགས་པ་བཞིན་དུ་དེ་བཞིན་གཤེགས་པའི་ཡང་གསུང་གཅིག་གི་སྒྲ་ཡིས་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཐམས་ཅད་སོ་སོར་གོ་བའི་སྣང་བ་དེ་ནི་གསུང་མཆོག་དམ་པའི་རང་བཞིན་སྒྲ་སྐད་དུ་སྣང་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །དེ་སྐད་དུའང་དཀོན་ཅོག་བརྩེགས་པ་ལས། འགྲོ་བའི་བསོད་ནམས་ལས་དག་ལས། །རྒྱལ་བའི་གསུང་དབྱངས་གཅིག་སྣང་བ། །མོས་པའི་དབང་གི་སོ་སོར་ཐོས། །འདི་ཡང་གསུང་གི་གསང་བའོ། །ཞེས་སོ། །སངས་རྒྱས་ཀྱིས་མ་གསུངས་ཀྱང་ཐུགས་རྗེའི་དབང་གིས་དེ་ལྟར་སྣང་བ་ནི་རང་བཞིན་གྱི་བྱིན་གྱིས་རླབས་ཀྱི་རྟེན་འབྲེལ་ཟབ་མོའོ། །གཞུང་འདི་ལ་ཁ་ཅིག་དེ་བཞིན་གཤེགས་པས་གྲོང་ཁྱེར་གྱི་སྒོར་སྦྲིད་པ་སངས་པ་གཅིག་བཏོན་པས། ནད་པ་ནད་གཡོག་སྨན་པ་གསུམ་གྱིས་སོ་སོར་གོ་བ་ལ་སྦྱོར་བ་དེ་དག་གིས་སྒྲའི་དབྱིངས་དང་དོན་ལ་འཇལ་མ་ཤེས་པར་ཟད་དོ། །ལྔ་པ་ལ་གསུམ་ལས། དང་པོ་ཐེག་པ་སོ་སོར་སྣང་ཡང་ངོ་བོ་གསུངས་པ་མེད་པར་བསྟན་པ་ནི། ཐེག་པ་མཐོ་དམན་བསམ་ཡས་གསུངས་པར་སྣང་བ་དེ་དག་ཀྱང་ཆོས་ཉིད་དེ་བཞིན་ཉིད་ལས་གཞན་ཞིག་མ་གསུངས་ཏེ། དཀོན་བརྩེགས་ལས། ང་མངོན་པར་རྫོགས་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དེ་སྲིད་དུ་ཆོས་གང་ཡང་བསྟན་པ་མེད་ཀྱང་། དེ་བཞིན་ཉིད་ལས་འགྲོ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སོ་སོར་སྣང་བ་འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་པ་དང་མཐུན་ནོ། །དོན་ལ་མ་གསུངས་ཀྱང་གདུལ་བྱའི་སྣང་ངོར་འདུལ་བའི་ཐབས་ལ་མཁས་པས་ཆོས་ཀྱི་རྣམ་གྲངས་སུ་སེམས་ཅན་གྱིས་སོ་སོར་ཐོས་པ་དེ་ཡང་། སྔར་ཐེག་པ་ལྔའི་སྒྲོན་མ་བཀོད་པ་ཇི་ལྟ་བར་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཀུན་བརྗོད་པ་ལྟར་སྣང་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱི ས་གཞལ་ན། སངས་རྒྱས་མཐར་ཐུག་ཆོས་སྐུ་ཡིན་ལ་དེས་ཆོས་ཀྱི་རྣམ་གྲངས་ཅུང་ཟད་ཀྱང་གསུངས་པ་མེད་དེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ཐུགས་རྗེའི་ངང་ལས་གསུང་གི་རྡོ་རྗེ་འགྲོ་བ་ལ་སྣང་ཚུལ་ནི་བརྗོད་བྱའི་དོན་ཡི་གེ་མེད་པའི་གནས་ལུགས་དང་རྗོད་བྱེད་ཀྱི་ཚིག་གསུང་དུ་སྣང་བ་བདེ་བར་གཤེགས་པའི་རིག་པའི་གསུང་འགྲོ་བས་ཐོས་པ་དེ་ཡང་ཐོས་དུས་ཉིད་ནས་སངས་རྒྱས་ཀྱི་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་རང་མཚན་པ་མ་བྱུང་ཡང་། རྒྱལ་བའི་ཐུགས་རྗེའི་གསུང་རང་བྱུང་ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་གདུལ་བའི་འགྲོ་བ་ལ་ཚིག་དོན་སྣ་ཚོགས་མོས་པ་དང་མཐུན་པར་སོ་སོར་གསལ་ཞིང་ཐོས་པ་ནི་གསུང་གི་རྡོ་རྗེའོ། །གསུམ་པ་གསུངས་པ་མེད་ཀྱང་གསུངས་པར་སྣང་བའི་དཔེ་ནི་དེ་ལྟར་སངས་རྒྱས་ཀྱི་ཐུགས་རྗེ་དང་སེམས་ཅན་ཀྱི་མོས་པ་ལས་སྣང་བའི་ཆོས་ཀྱི་ཚིག་དོན་གདུལ་བྱའི་རྣ་བ་ལ་གསལ་བ་དེ་ཉིད་གདོད་ནས་མ་སྐྱེས་པས་གསུང་གི་རྡོ་རྗེ་མཆོག་དམ་པའོ། །བརྗོད་པ་མེད་པ་ལ་གདུལ་བྱ་ལ་སྣང་བའི་ཆོས་ཀྱི་དེ་བཞིན་ཉིད་གསུང་གི་འགྲོ་བའི་དོན་འབྱུང་བ་རྣམས་ནི་དབྱིངས་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་རང་སྣང་བ་སྟེ། དཔེར་ན་བྲག་ཅའི་སྒྲ་དེ་ཉིད་སྐྱེས་བུ་དང་། བྲག་དང་། དེ་དག་གི་བར་གང་ནའང་མེད་བཞིན་དུ་རྐྱེན་གྱིས་ཇི་སྐད་བརྗོད་པའི་རྣམ་པ་འབྱུང་བ་བཞིན་གདུལ་བྱ་ལས་དག་པའི་རྐྱེན་དང་། སངས་རྒྱས་ཀྱི་ཐུགས་རྗེའི་རྒྱུས་ཆོས་སུ་སྣང་བ་ཡིན་ནོ། །དེ་སྐད་དུའང་རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་ལྟར་རོ། །གསུང་གསང་བའི་སྙིང་པོ་བརྗོད་དུ་མེད་པ་ལས་མོས་པ་དང་མཐུན་པར་སྣང་བ་འབྱུང་བའི་དེ་ཁོ་ན་ཉིད་ངེས་པ་ལས། གསུང་གི་དཀྱིལ་འཁོར་བསྡུས་པ་དང་ལྷ་སོ་སོའི་གསང་སྔགས་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་བསྟན་པའི་རྣམ་པར་བཤད་པའོ།། ༈ །།དོན་གཉིས་པ་སྐུ་ཕྱག་རྒྱའི་དཀྱིལ་འཁོར་དགོད་པ་ལ་གཉིས་ཏེ། དཀྱིལ་འཁོར་སྤྲོ་བའི་ཚུལ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པའོ། དང་པོ་ནི། གསུང་སྔགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུས་ཀྱི་ཡན་ལག་མགོ་ལ་སོགས་པ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རང་བཞིན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབ་པ་ཞེས་བྱ་བ་འདི་ཉིད་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པ་ཕྱག་རྒྱའི་དཀྱིལ་འཁོར་སྤྱིར་བསྟན། ལམ་མངོན་པར་བསྒྲུབ་པའི་ཕྱག་རྒྱའི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད། འབྲས་བུ་ཡེ་ཤེས་མཆོག་གི་ཕྱག་རྒྱའི་དཀྱིལ་འཁོར་དུ་དོན་བསྡུ་བའོ། །དང་པོ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་སྒྱུ་འཕྲུལ་དྲྭ་བའི་ངོ་བོ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་བདག་ཉིད་མེ་དང་མེའི་རང་བཞིན་ཚ་བ་ལྟར་གནས་པས། ཆོས་ཐམས་ཅད་ལ་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡེ་ནས་བཏབ་པ་ཞེས་བྱ་སྟེ། གནས་ལུགས་རང་བཞིན་གྱི་རྣམ་པར་དག་པ་དེ་ཉིད་ལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཡི་རྒྱལ་པོ་ཆོས་ཉིད་འགྱུར་བ་མེད་པའི་སྙིང་པོའི་ཕྱག་རྒྱས་བཏབ་པ་ན། རང་བཞིན་མཉམ་རྫོགས་ཆེན་པོ་དེ་ཉིད་ལས་མི་འདའ་ཞིང་། ནམ་ཡང་འཕོ་འགྱུར་མེད་པའི་ངང་ལས་གཞན་དུ་འདར་མེད་པའི་ཕྱིར་འདའ་དཀའ་འོ་ཞེས་པ་སྟེ། ཡུམ་བར་མ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འགའ་ཞིག་གིས་སྔགས་པ་བརྗོད་ཀྱང་འཕེལ་བར་མི་འགྱུར། འགའ་ཞིག་གིས་བསྔགས་པ་མ་ཡིན་པ་བརྗོད་ཀྱང་འགྲིབ་པར་མི་འགྱུར་རོ། །དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་འདི་ནི་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱོན་ཀྱང་རུང་། མ་བྱོན་ཀྱང་རུང་སྟེ་འཕེལ་བའམ་འགྲིབ་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། ཕྱག་རྒྱ་འབྱུང་བའི་རྒྱུ། དེ་ལས་བྱུང་བ་སྤྱིའི་ཕྱག་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། སྤྱིར་མགོ་ནི་དེ་བཞིན་གཤེགས་པ། ལག་པ་གཡས་མི་བསྐྱོད་པ། གཡོན་རིན་ཆེན་འབྱུང་ལྡན། རྐང་པ་གཡོན་འོད་དཔག་མེད། གཡས་དོན་ཡོད་གྲུབ་པའི་ངོ་བོར་བརྗོད་ཅིང་། ཉིང་ལག་གི་སོར་མོའང་གུང་མོ་རྡོ་རྗེའི་རིགས། མཛུབ་མོ་དེ་བཞིན་གཤེགས་པ། མཐེ་བོང་རིན་པོ་ཆེ། སྲིན་ལག་པདྨ། མཐེའུ་ཆུང་ལས་ཀྱི་རིགས་སོ། །སྐབས་འདིར་རྡོ་རྗེའི་ཐལ་མོ་ཕྱག་རྒྱའི་རྒྱུ་ཡིན་པས་དེ་ཉིད་བརྗོད་པ་ནི། ལག་པ་གཡས་མི་བསྐྱོད་པའི་སོར་མོ་ལྔའི་རྩེ་ལ་ཉི་མའི་དཀྱིལ་འཁོར་སྲན་ཟླུམ་ཙམ་ལྔའི་སྟེང་དུ་ཡི་གེ་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་སྟེ་ཐབས་ཡབ་ཀྱི་ཡི་གེ་ལྔ་དང་། ལག་པ་གཡོན་རིན་ཅེན་འབྱུང་ལྡན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སྲན་མའི་གའུ་ཙམ་ལྔའི་སྟེང་དུ་ཤེས་རབ་ཡུམ་གྱི་ཡི་གེ་མཱུྃ་ལཱྃ་མཱྃ་པྱཱྂ་ཏཱྃ་ལྔ་བཀོད་དེ། ལག་པ་གཡས་ཀྱི་སོར་མོ་ལྔ་དང་གཡོན་གྱི་སོར་མོ་ལྔ་པོ་གཉིས་ཟུང་དུ་སྦྱར་ཏེ་སོ་སོར་སྤྲད་པ་ལས་རྡོ་རྗེ་ཐལ་མོ་སྦྱར་བ་བསྒྱུར་བ་ནི་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཡིན་ནོ། །འདིར་བླ་མ་རོང་པས་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་གཉིས་སུ་བཞེད་ཅིང་། སངས་རྒྱས་གསང་བས་དམ་ཚིག་དང་། ཡིག་འབྲུ་བསྒོམ་པ་ཆོས་དང་། བསྒྱུར་བ་ལས་དང་གསུམ་དུ་བཞེད་ཀྱང་། དོན་ལ་ཕྱག་རྒྱ་ཆེན་པོ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ་བཞི་ཀ་ཚང་སྟེ། རང་ཉིད་ལྷར་སྒོམ་པ་སྒྱུ་མའམ་འཇའ་ཚོན་ལྟ་བུ་ནི་ཕྱག་རྒྱ་ཆེན་པོའོ། །ཕྱག་གི་སོར་མོ་ལ་ཡིག་འབྲུ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་བསྒོམ་པ་དམ་ཚིག་གི་ཕྱག་རྒྱ། དེ་ལས་ཕྱག་གཡས་གཡོན་བསྒྱུར་བ་དང་འཁྱུད་པ་ལས་ཀྱི་ཕྱག་རྒྱའོ། །འདིར་ནི་དེ་དག་རྫོགས་པར་འཆད་པའོ། །གཉིས་པ་དེ་ལས་བྱུང་བ་སྤྱིའི་ཕྱག་རྒྱ་ནི་གཡས་ཀྱི་མཛུབ་མོའི་ༀ་བསམ་པ་དེ་དང་གཡོན་གྱི་གུང་མོའི་མཱུྃ་བསམ་པ་དེ་གཉིས་ཐད་ཀར་རྩེ་སྦྱར་ཏེ་ལྷག་མ་གཡས་གཡོན་གྱི་ཧཱུྃ་དང་ལཱྃ། སྭཱ་དང་མཱྃ། ཨཱཿདང་པྱཱྃ། ཧཱ་དང་ཏཱྃ་སྟེ་ཡི་གེ་འབྲུ་བརྒྱད་སོ་སོར་བསྣོལ་ཏེ་རྩེ་མོ་སྤྲད་པ་ནི་རིགས་ལྔའི་རྒྱལ་བ་ཀུན་དང་ངོ་བོ་མཉམ་པ་ཉིད་དུ་སྦྱོར་བའི་དངོས་གྲུབ་བདེ་བ་ཆེན་པོ་ཚེ་འདི་ཉིད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་སྐད་དུའང་ཐབས་ཞགས་ལས། སོར་མོ་ནང་དུ་བསྣོལ་ཏེ་བཀན། །གུང་མཛུབ་མཐེ་བོང་ཆེ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བསྐྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །ཞེས་སོ། །འདི་ལ་སངས་རྒྱས་གསང་བ་ནི་རྡོ་རྗེ་བསྡམ་པ་ལས་གུང་མོ་གཉིས་གཤིབས་ཏེ་བརྐྱངས་པ་ཐུགས་ཡེ་ཤེས་རྩེ་གཅིག་པའི་ཕྱག་རྒྱ་སྟེ་རིགས་ལྔ་སྤྱིའི་དམ་ཚིག་གི་རྒྱར་འདོད་དོ། །ཁ་ཅིག་རྡོ་རྗེ་ཐལ་མོ་ལས་གཡས་པའི་སྡིག་མཛུབ་དང་གཡོན་པའི་གུང་མོ་གཉིས་རྩེ་སྤྲད་དེ་ལྷག་མ་རྣམས་སོ་སོར་སྦྱར་བར་འདོད་དེ། དེའང་རྣམ་པ་ནི་ཐབས་ཞགས་ལྟར་ལྷོངས་ཤིག །ཕྱི་མ་གཉིས་ལའང་འགལ་བ་མེད་དེ་སོར་མོ་རྣམས་རིགས་ལྔར་སྣང་བ་ཉིད་ཇི་སྐད་གསུངས་པ་བཞིན་བསྣོལ་བའི་ཕྱིར་རོ། །གསུམ་པ་དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱ་ལ་ལྔ་ལས། དང་པོ་རིགས་ལྔ་ཡབ་ཡུམ་གྱི་ཕྱག་རྒྱ་ལའང་ལྔ་ལས། གཙོ་བོ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། བདག་ཉིད་གཙོ་བོའི་སྐུར་བསྒོམ་པ་ཕྱག་རྒྱ་ཆེན་པོ། དེའི་ངང་ལས་གཡས་རྡོ་རྗེ་ཁུ་ཚུར་གྱི་ཧཱུྃ་ལས་གཞན་པའི་ཡིག་འབྲུ་གཞན་བཞི་ནང་དུ་སྦས་ནས་གུང་མོ་བསྒྲེང་བའི་རྒྱབ་ཐུགས་ཀར་བཀན་པ་ནི་བཅིང་བ་དམ་ཚིག་གི་ཕྱག་རྒྱའོ། །གུང་མོ་ཧཱུྃ་གི་ངོ་བོ་བསྒྲེང་བའི་རྩེ་མོར་ཟླ་བའི་དབུས་སུ་ཧཱུྃ་བསམ་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །ཧཱུྃ་དེ་ཉིད་འོད་དུ་ཞུ་བ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་གཅིག་ཏུ་གྱུར་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པ་རྡོ་རྗེ་ཁུ་ཚུར་དུ་བྱས་ནས་ཟླ་བའི་སྟེང་གི་ཡི་གེའི་ནང་དུ་བརྟུལ་ཞིང་དཔའ་མོ་འབྲུ་ལྔ་སྦས་ཏེ་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་འཛིན་པ་གསིལ་ཞིང་ཡུམ་ལ་འཁྱུད་དེ་འཁྲིལ་བའི་ཚུལ་གྱི་ཡུམ་གྱིས་ཆོས་བརླ་གཡོན་པ་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་བཞག་པས་དཀུ་ལ་བརྟེན་པ་ནི་ཡབ་ཀྱིས་ཡུམ་ལ་མཆོད་པ་སྟེ་ཡབ་ཀྱི་ཕྱག་རྒྱའོ། །དེ་ཉིད་བཅའ་བ་ལས་ཀྱི་ཕྱག་རྒྱར་བཤད་དོ། །དེ་ནས་ཕྱག་རྒྱ་གཡོན་ཕྱོགས་སུ་དཀྲོལ་ཏེ་ཕྱག་མཚན་ཡུམ་གྱི་ཐུགས་ཀར་ཐིམ་པས་མཉེས་པར་བསམ་ཞིང་ཧཱུྃ་བཛྲ་དྷྲིཀ྄་བརྗོད་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །དེ་ལྟར་བདུན་ཡང་བཞི་པོ་ཉིད་དུ་འདུས་ཏེ། བསམ་པ་དམ་ཚིག་དང་བཅིངས་པ་དམ་ཚིག་གིས་ཕྱག་རྒྱ་གཉིས་ཀ་དམ་ཚིག་གི་ཕྱག་རྒྱའོ། །བསམ་པ་ཆོས་དང་བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ཀ་ཆོས་ཀྱི་ཕྱག་རྒྱའོ། །གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །ཡུམ་གྱི་ཕྱག་རྒྱ་ལས་བདག་ཉིད་རྡོ་རྗེ་དབྱིངས་ཕྱུག་མར་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ངང་ལས་གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ་བའི་མཱུྃ་ལས་གཞན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་གུང་མོ་ཐུགས་ཀར་བཀན་པ་ནི་དམ་ཚིག་གོ། །གུང་མོ་ཉིད་མཱུྂ་གྱི་སྒྲས་བརྗོད་པའི་རྩེ་མོར་ཟླ་བའི་སྟེང་དུ་མཱུྃ་ལས་དྲིལ་གསིལ་འབར་བར་བསམ་པ་ནི་བསམ་པ་དམ་ཚིག་གོ། །ཕྱག་གཡས་ཉི་མའི་སྟེང་ན་དཔའ་བོ་འབྲུ་ལྔ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་པ་སྟེ་འཁྱུད་ནས། ཡུམ་གྱི་དབུ་ཡབ་ལ་ཅུང་ཟད་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་བལྟ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་རྒྱ་གཡས་ཕྱོགས་སུ་དཀྲོལ་ཏེ་མཱུྃ་དྷཱ་ཏི་ཤྭ་རི་བརྗོད་ནས་ཕྱག་མཚན་ཡབ་ཀྱི་ཐུགས་ཀར་ཐིམ་པར་བསམ་པ་ནི་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །དེའང་དོན་རྟགས་ནི་ཡེ་ཤེས་ལྔའི་མཚོན་བྱེད་དུ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའོ། །རྣམ་པ་དེ་ཁོ་ན་བཞིན་གཞན་རྣམས་ལའང་རྒྱས་པར་སྦྱར་རོ། །མི་བསྐྱོད་པ་ཡབ་ཡུམ་ནི་རང་ཉིད་དེར་གསལ་བའི་ངང་ལས། གཡས་རྡོ་རྗེ་ཁུ་ཚུར་གྱི་ཉི་མའི་ༀ་ལས་གཞན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཛུབ་མོ་བསྒྲེང་བའི་རྒྱབ་ཐུགས་ཀར་བཀན་ཅིང་། མཛུབ་མོ་ༀ་གྱི་རྩེ་མོར་ༀ་ཞུ་བ་ལས་འཁོར་ལོ་འོད་འབར་བ་རྩིབས་བཞིར་བསམ་ཞིང་། གཡོན་རྡོ་རྗེ་ཁུ་ཚུར་གྱི་ཟླ་བའི་སྟེང་གི་ཡི་གེ་ནང་དུ་བརྟུལ་ཏེ་དཔའ་མོ་འབྲུ་ལྔ་སྦས་པའི་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་འཛིན་པ་གསིལ་ཞིང་ཡུམ་ལ་འཁྱུད་ཅིང་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་སྟེང་དུ་བཞག་པ་ནི་ཆོས་ལ་བརྟེན་པའོ། །ཡང་གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཛུབ་མོའི་རྒྱབ་ཐུགས་ཀར་བཀན་པའི་མཛུབ་མོ་ལཱ ྃ་གྱི་རྩེ་མོར་ལཱྃ་ཞུ་བ་ལས་དྲིལ་བུ་གསིལ་ཞིང་འོད་འབར་བ་ཐུགས་ཀར་བཀན་ལ། གཡས་པ་ཉི་མ་ལ་གནས་པའི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ནས་ལས་སུ་འཁྲིལ་བ་སྟེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་ཅིང་ཡབ་ལ་ཅུང་ཟད་ཞལ་ཕྱོགས་པར་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །རིན་ཅེན་འབྱུང་ལྡན་ཡབ་ཡུམ་ནི། རང་ཉིད་དེར་གསལ་བའི་ཡབ་ཀྱི་གཡས་པའི་ཡིག་འབྲུ་བཞི་ནང་དུ་སྦས་ནས་མཐེ་བོང་ཐུགས་ཀར་བཀན་པའི་མཐེ་བོང་སྭཱ་རྩེར་སྭཱ་ཞུ་བ་ལས་འོད་འབར་བའི་རིན་པོ་ཆེ་ཐུགས་ཀར་འཛིན་པར་བསམ་ཞིང་། གཡོན་པའི་ཟླ་བ་ལ་གནས་པའི་ཡི་གེ་བརྟུལ་ཞིང་འབྲུ་ལྔ་ནང་དུ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་བ་འཛིན་ཞིང་ཡུམ་ལ་འཁྱུད་ནས། ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་དཀུ་ལ་བརྟེན་པའོ། །ཡང་གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་མཐེ་བོང་ཐུགས་ཀར་བཀན་ཅིང་། མཐེ་བོང་མཱྂ་བསྒྲེང་རྩེ་མོར་མཱྂ་ལས་དྲིལ་གསིལ་འོད་འབར་བ་བསྐྱེད་དེ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མའི་སྟེང་གི་ཡི་གེ་འབྲུ་ལྔ་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བའོ། །རྣམ་འགྱུར་དེ་ཉིད་ཀྱིས་ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བ་ནི་ཡུམ་གྱི་ཕྱག་རྒྱའོ། །འོད་དཔག་མེད་ཡབ་ཡུམ་ནི་དེར་གསལ་བའི་ངང་ལས་ཡབ་ཀྱི་གཡས་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་སྲིན་ལག་བསྒྲེང་བའི་རྒྱབ་ཐུགས་ཀར་བཀན་ཅིང་སྲིན་ལག་ཨཱྂ་བསྒྲེང་རྩེ་མོར་ཨཱྂ་ཞུ་བ་ལས་པདྨ་འོད་འབར་བ་བསམས་ཏེ་ཐུགས་ཀར་ཕྱག་རྒྱ་བཅས་ལ། གཡོན་པའི་ཟླ་བའི་ཡི་གེ་བརྟུལ་ཞིང་འབྲུ་ལྔ་ནང་དུ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་བ་འཛིན་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་སྣང་བ་མཐའ་ཡས་ཀྱི་སྟེང་དུ་དྲིལ་བུ་དཀུ་ལ་བརྟེན་པའོ། །ཡང་གཡོན་པའི་ཡི་གེ་འབྲུ་བཞི་ནང་དུ་སྦས་ནས་སྲིན་ལག་གི་རྒྱབ་ཐུགས་ཀར་བཀན་ཅིང་། སྲིན་ལག་པྱཱྂ་བསྒྲེང་བའི་རྩེ་མོར་པྱཱྃ་ལས་དྲིལ་གསིལ་འབར་བར་བསམ་པ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མའི་ཡིག་འབྲུ་ལྔ་ནང་དུ་བསྡུས་ཏེ་སོར་མོ་བརླ་གཡས་པའི་སྟེང་དུ་བཞག་པ་ནི་ལས་སུ་འཁྲིལ་བས། ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །དོན་གྲུབ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དེར་གསལ་བས་གཡས་པའི་ཡི་གེ་འབྲུ་བཞི་སྦས་ནས་མཐེའུ་ཆུང་གི་རྒྱབ་ཐུགས་ཀར་བཀན་ཅིང་། མཐེའུ་ཆུང་ཧཱ་བསྒྲེང་རྩེ་མོར་ཧཱ་ལས་རལ་གྲི་འབར་བ་བསམ་སྟེ་ཐུགས་ཀར་བཟུང་ལ། གཡོན་གྱི་ཟླ་བའི་ཡི་གེ་བརྟུལ་ཅིང་འབྲུ་ལྔ་ནང་དུ་སྦས་ནས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པའི་སྟེང་དུ་དྲིལ་བུ་བཞག་པ་ནི་ཆོས་ལ་བརྟེན་པའོ། །ཡང་གཡོན་པའི་ཡི་གེ་འབྲུ་བཞི་སྦས་ནས་མཐེའུ་ཆུང་གི་རྒྱབ་ཐུགས་ཀར་བཀན་ཅིང་། མཐེའུ་ཆུང་ཏཱྃ་བསྒྲེང་རྩེ་མོར་ཏཱྃ་ལས་དྲིལ་གསིལ་འབར་བ་ཐུགས་ཀར་བཟུང་ལ། གཡས་ཀྱི་ཉི་མའི་ཡིག་འབྲུ་ལྔ་ནང་དུ་བསྡུས་ནས་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པའི་ལས་སུ་འཁྲིལ་བས། ཡབ་ལ་བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ་བའོ། །གཉིས་པ་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི་གོང་དང་མཚུངས་པ་ལས། ཁྱད་པར་དུ་རང་རང་གི་ས་བོན་ལས་ཕྱག་མཚན་དུ་གྱུར་པའི་ཚུལ་གྱིས་ཡབ་ཀྱི་ཕྱག་གཡས་ཀྱིས་ཐུགས་ཀར་འཛིན་ཅིང་། ཡུམ་གྱི་ཕྱག་གཡོན་གྱིས་ཐུགས་ཀར་འཛིན་ལ། ཡབ་ཀྱི་གཡོན་པས་ཡུམ་གྱི་བརླ་གཡོན་པའི་ཆོས་ལ་བརྟེན་ཅིང་། ཡུམ་གྱིས་གཡས་པས་ཡབ་ཀྱི་བརླ་གཡས་ལ་འཁྲིལ་པར་བྱའོ། །དེའང་མཱུྃ་ལས་ཨུཏྤལ། མཻ་ལས་ཀླུ་ཤིང་ལ་སོགས་པའི་ཕྱག་མཚན། ཀྵཾ་ལས་རིན་ཅེན་གྱི་མྱུ་གུ། ཏྲྃ་ལས་རལ་གྲི་འོད་འབར་བ། ཧྲཱིཿལས་པདྨ་དཀར་བོ། ཛྷིཾ་ལས་རྡོ་རྗེ་འབར་བ། ཐླྷིཾ་ལས་ཆོས་ཀྱི་འཁོར་ལོ། ཧཱུྃ་ལས་རིན་ཅེན་སྙེ་མ་སྟེ་ཡབ་ཀྱི་ཕྱག་མཚན་ནོ། །ཧཱུྃ་ལས་གཟུགས་མཛེས་པ་མཚོན་པ་མེ་ལོང་དང་། ཏྲཾ་ལས་རིན་ཆེན་ཕྲེང་བ་དང་། ཧྲཱིཿལས་པི་ཝཾ་དང་། ཨ་ལས་གར་མཁན་མཆོག་ཉིད་དེ། རྡོ་རྗེ་རྩེ་གསུམ་པ་ཁྱེར་ནས་སྤྱི་བོར་གར་བྱེད་པ་མཚོན་པ་དང་། ཧཱུྃ་ལས་མེ་ཏོག་གི་ཕྲེང་བ་དང་། ཛཿལས་སྤོས་མཆོག་མ་སྤོས་ཀྱི་ཁང་བུ་དང་། བྃ་ལས་མར་མེ་དང་། ཧོཿལས་བྱུག་པ་ལ་སོགས་པའི་དུང་ཆོས་ཏེ་ཡུམ་གྱི་ཕྱག་མཚན་ནོ། །ཡུམ་རྣམས་ཀྱི་ཚེ་ཡུམ་གྱི་གཡས་ཀྱིས་ཡབ་ཀྱི་ལས་ཏེ་བརླ་གཡས་པ་ལ་འཁྲིལ་ཞིང་ཡབ་ཀྱི་ཚེ་གཡོན་པས་ཡུམ་གྱི་བརླ་གཡོན་པ་ཆོས་ལ་བརྟེན་པ་སྟེ་འཁྱུད་པ། ཡབ་རྣམས་ཀྱི་དབུ་རྣམས་ཡུམ་ལ་ཅུང་ཟད་འབྱོ་ཞིང་ཡུམ་རྣམས་ཡབ་ལ་འདུད་པའི་ཚུལ་དུ་གནས་པས་ནི་གོང་གི་ཕྱག་རྒྱ་ཆེན་པོ་བཞིན་དུ་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་བྲལ་བདེ་བ་ཆེན་པོ་ཉིད་ཀྱི་ངང་དུ་འཁྲིལ་བའོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། དཀྱིལ་འཁོར་གྱི་སྒོ་བཞི་ལ་ཁྲོ་བོ་ཡབ་ཡུམ་བརྒྱད་ལས། ཡབ་བཞིའི་ཕྱག་རྒྱ་ནི་ཧཱུྃ་ལས་ནྲི་མགོའི་དབྱུག་པ་གདེངས་པ་དང་། རྡོ་རྗེ་རྩེ་ལྔ་པས་གནོན་པའི་ཚུལ་དང་། ཐོད་པ་སྦྲུལ་གྱི་ཆུན་པོས་དཀྲིས་པས་གནོན་པ་དང་། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན་པ་སྟེ་གཡས་པ་བཞིས་འཕྱར་ཞིང་གཡོན་པ་བཞིས་ཡུམ་ལ་སྡིགས་མཛུབ་ཀྱི་ཚུལ་དུ་འཁྱུད་པ་དང་། ཡུམ་གྱི་ཕྱག་རྒྱ་ནི་ཕཊ་བཞི་ལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན་གྱིས་བཟུང་ནས་གཡས་པ་ཁུ་ཚུར་གྱིས་ཡབ་ལ་འཁྱུད་པ་སྟེ། སྒོ་བཞིར་གནས་པའི་སྒོ་བ་ཡབ་ཡུམ་དེ་དག་ཀྱང་ཡུམ་གྱིས་ཡབ་ལ་འདུད་ཅིང་ཡབ་ཀྱིས་ཡུམ་ལ་ཅུང་ཟད་དབུ་འབྱོ་བའི་ཚུལ་གྱིས་ཡབ་ཡུམ་གཉིས་སུ་མེད་པ་ཆོས་ཉིད་ཀྱི་ངང་དུ་འཁྲིལ་བ་གོང་དུ་བསྟན་པ་བཞིན་ནོ། །བཞི་པ་ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གདུལ་བྱའི་དབང་གིས་སྣ་ཚོགས་པ་སྟེ་གཅིག་ཏུ་ངེས་པ་དང་གྲངས་དང་ཚད་མེད་ཀྱང་། དེ་དག་གི་རིགས་མདོར་བསྡུས་ན་ཕྱག་རྒྱ་དྲུག་ཏུ་འདུ་བ་ཡིན་ནོ། །གང་ཞེ་ན་རྡོ་རྗེ་ལས། པི་ཝང་གོ་ཆ་བསེག་པར་སྒྲོམ། །པོ་ཏི་མེ་ཆུར་ཤེས་པར་བྱ། །ཞེས་པ་སྟེ་ས་བོན་དྲུག་ལས་ཕྱག་རྒྱ་དེ་དག་ཐུགས་ཀར་འཛིན་པའོ། །དེ་དག་ལ་ཡུམ་མེད་པས་ཐབས་དང་ཤེས་རབ་ཟུང་དུ་མ་འབྲེལ་ལམ་སྙམ་ན། དམིགས་བཅས་སྣང་བའི་ཡུམ་མེད་ཀྱང་དམིགས་མེད་དབྱིངས་ཀྱི་ཡུམ་བསྟན་པའི་ཕྱིར་ཡུམ་ནི་གང་དུའང་དམིགས་པ་མེད་པ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་དང་བྲལ་བའོ། །ཁ་ཅིག་ཐུབ་དྲུག་གི་གཡོན་ཕྱོགས་ན་ཀུན་ཏུ་བཟང་མོ་དྲུག་འདོད་པ་ནི་ལྷའི་གྲངས་ངེས་དང་འགལ་ལོ། །ཀུན་ཏུ་བཟང་མོར་སྡུད་ཟེར་བ་ནི་མི་འཐད་དེ། བསྒོམ་དུས་ནའང་དམིགས་པའི་ལྷ་དང་དག་པའི་གྲངས་འཛོལ་བའི་ཕྱིར་རོ། །ཁ་ཅིག །མུ་སྟེགས་རྣམས་ལ་ཕན་དོན་དུ། །སངས་རྒྱས་བཙུན་མོ་རབ་ཏུ་གསང་། །ཞེས་པས་ཐུབ་དྲུག་ལ་ཡུམ་མེད་པར་འདོད་པའང་རྣལ་འབྱོར་རྒྱུད་ཀྱི་སྐབས་ཏེ་འདིར་སྐབས་མ་ཡིན་པ་དང་། མིའི་ཐུབ་པ་འདོད་ཡོན་སྤངས་ཀྱང་གཞན་རྣམས་འདོད་ཡོན་སྤངས་བར་མ་གསུངས་ཏེ། སྤྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བའི་ཕྱིར་རོ། །དེས་ན་དངོས་ཀྱི་ཡུམ་མེད་པ་ནི་སྤྲུལ་པ་དང་ལྷའི་གྲངས་ཀྱི་དབང་དུ་བྱས་པའོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་གཞག་གི་མཐིལ་ལས་གདངས་ཀྱི་འཆར་གཞིར་བསྟན་པའི་ཕྱིར་ཡེ་ཤེས་ལྔ་སོ་སོར་གསལ་བ་ཁ་དོག་ལྔའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པའོ། །དེའི་ཡུམ་དུ་གྱུར་པ་ཀུན་ཏུ་བཟང་མོ་ནི་ཕྱག་རྒྱ་མཉམ་རྫོགས་ཏེ་ཡབ་དང་མཚུངས་ཤིང་ཞབས་གཉིས་པདྨོའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ད་ནི་དེ་ཐམས་ཅད་ཀྱི་རྣམ་གྲངས་བསྡུས་ཏེ་བསྟན་པ་ནི། དེ་ལྟར་སོ་སོའི་ཕྱག་རྒྱ་བསྟན་པ་ལས་གཞན་ཡང་ཕྱག་རྒྱ་སྣ་ཚོགས་པ་ཡོད་དེ། རིགས་སོ་སོར་བསྒྲུབས་པ་ན་ལྷ་དེ་དག་གི་ཕྱག་རྒྱ་ཡང་ཕྱོགས་གཅིག་ཏུ་རྡོ་རྗེ་ལ་སོགས་པ་རིགས་དེའི་ཕྱག་མཚན་དུ་བསྟན་པ་དང་། ཡང་ན་དེ་བཞིན་གཤེགས་པ་ལྔ་པོའི་ཕྱག་རྒྱ་ཉིད་དེ་སྔར་བསྟན་པ་དག་གམ། ཡང་ན་རྡོ་རྗེ་ཐལ་མོ་སྦྱར་བ་ཉིད་ཙམ་ཡང་བཅིང་བར་བྱའོ། །ཁ་ཅིག་རྐང་པ་གསུམ་པོ་འདི་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཕྱག་རྒྱ་སྣ་ཚོགས་སུ་སྟོན་ཏེ། རྡོ་རྗེ་ལས། ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག །ཕྱག་རྒྱ་མ་ངེས་སྣ་ཚོགས་ཏེ། །མཉམ་གཞག་ཡེ་ཤེས་འཕྲོ་བའི་སྟེང་། །རྡོ་རྗེ་དྲིལ་བུས་མཚན་པའོ། །ཞེས་འདོན་ཏོ། །དེ་ནི་གཙོ་བོ་ཀུན་ཏུ་བཟང་པོའི་སྐུ་མདོག་དང་ཕྱག་མཚན་དགོད་པའི་སྐབས་ཡིན་གྱི། གདངས་འཆར་བའི་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི་མཉམ་གཞག་ཁོ་ནར་གསུངས་ཏེ། ཕྱོགས་སུ་མ་ལྷུང་བའི་ཕྱིར་རོ། །གསུམ་པ་འབྲས་བུ་ཡེ་ཤེས་ཀྱི་ཕྱག་རྒྱར་དོན་བསྡུ་བ་ལ་གསུམ་སྟེ། རང་བཞིན་གནས་ལུགས་ཀྱི་ཕྱག་རྒྱ་སྤྱིར་བསྟན། གནས་སྐབས་སྣང་བྱེད་ཀྱི་ཕྱག་རྒྱ་བྱེ་བྲག་ཏུ་བཤད། མཐར་ཐུག་འབྲས་བུའི་ཕྱག་རྒྱས་འགྲོ་དོན་མཛད་པའོ། །དང་པོ་ནི། སེམས་ཉིད་གདོད་ནས་དག་པའི་ངོ་བོ་ནི་ཕྱག་རྒྱ་ཆེན་པོའི་ངང་ལས། གང་ཤར་གྱི་རྟོགས་ཚོགས་ཡེ་ཤེས་ཀྱི་ཚོགས་མཆོག་ཏུ་ཡེ་ནས་གནས་པ་ནི་དོན་གྱི་འདུག་ཚུལ་ལོ། །དེ་ཉིད་བླ་མའི་དྲིན་གྱིས་རྟོགས་ནས་ཐབས་གང་སྣང་གི་ཡུལ་དང་ཤེས་རབ་འཛིན་མེད་དུ་ཤར་བའི་རིག་པ་རང་གྲོལ་ཕྱོགས་གཅིག་ཏུ་ལྡན་པ་རྒྱུད་ལ་འབྱོར་ན་ལུས་མ་བསྐྱོད་ཡན་ལག་མ་བསྒུལ་ཡང་། འགྲོ་འདུག་དང་སྤྱོད་ལམ་ཐམས་ཅད་ཀུན་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ཤིང་འདུས་པས། བཅོས་མའི་ཕྱག་རྒྱ་བཅིང་དུ་མེད་པའོ། །གཉིས་པ་ལ་བཞི་ལས། དང་པོ་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྤྲོ་བ་ནི་སྔར་ཕྱག་རྒྱ་སྤྲོས་པའི་ཏིང་འཛིན་གོམས་པ་ལས། དེའི་རྩལ་གོང་ནས་གོང་དུ་སྦྱོར་བའི་ཕྱིར་ལུས་ཀྱི་ཡན་ལག་ལ་ལྷ་བཞི་བཅུ་རྩ་གཉིས་དང་ལྡན་པར་བྱས་ནས་རྟོགས་པ་བོགས་དབྱུང་བ་སྟེ། དེ་ཡང་དག་ཉིད་རྣམ་སྣང་ཡབ་ཡམ་དུ་གསལ་བ་ལས། ཡབ་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུ་མི་བསྐྱོད་པ་འོད་དཔག་མེད་རྣམས་སྣང་རིན་ཅེན་འབྱུང་ལྡན་དོན་གྲུབ་སྟེ་ཡབ་ལྔའོ། །མིག་དང་རྣ་བ་དང་སྣ་བུག་དང་ལྕེ་ཟུར་གཡས་པ་བཞི་ལ་སའི་སྙིང་པོ། ཕྱག་ན་རྡོ་རྗེ་ནམ་མཁའི་སྙིང་པོ་སྤྱན་རས་གཟིགས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའོ། །དེ་བཞིན་དུ་གཡོན་པ་བཞི་ལ། །བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་དཔལ་ཏེ་གསུང་གི་སེམས་དཔའ་བཞིའོ། །ལག་པ་གཡས་པ་གཤིན་རྗེ་མཐར་བྱེད། གཡོན་ལ་ཤེས་རབ་མཐར་བྱེད། རྐང་པ་གཡོན་ལ་པདྨ་མཐར་བྱེད། གཡས་ལ་བགེགས་མཐར་བྱེད་དེ་སྒོ་བ་བཞིའོ། །སྤྱི་གཙུག་མགྲིན་པར་རོ་སྟོད་ལྟེ་བ་གསང་བ་རྐང་མཐིལ་དྲུག་ཏུ་ཐུབ་པ་དྲུག་སྟེ་ལྷ་ཉི་ཤུ་རྩ་གསུམ་མོ། །ཡུམ་གྱི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་ལྔར། སངས་རྒྱས་སྤྱན་གོས་དཀར་མོ་དབྱིངས་ཕྱུག་མཱ་མ་ཀཱི་སྒྲོལ་མ་སྟེ་ཡུམ་ལྔའོ། །མིག་རྣ་བ་སྣ་བུག་ལྕེ་ཟུར་གཡོན་ལ་རིམ་པ་བཞིན། སྒེག་མོ་ཕྲེང་བ་གླུ་མ་གར་མ་སྟེ་ཡུལ་གྱི་ལྷ་མོ་བཞིའོ །དེ་བཞིན་དུ་གཡས་བཞི་ལ། བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ་སྟེ་དུས་ཀྱི་ལྷ་མོ་བཞིའོ། །ལག་པ་གཡོན་ལ་ལྕགས་ཀྱུ་གཡས་ལ་ཞགས་པ་རྐང་པ་གཡས་ལ་ལྕགས་སྒྲོག་གཡོན་ལ་དྲིལ་བུ་མ་སྟེ་སྒོ་མ་བཞིའོ། །དེ་ལྟར་ཡུམ་ལ་ལྷ་བཅུ་བདུན་ཏེ། བསྡོམས་པས་བཞི་བཅུ་ནི་ཐབས་ཀྱི་ལྷ་སྟེ་རགས་པ་དང་ཕྱི་ན་གནས་པས་དེ་སྐད་ཅེས་བཏགས་སོ། །དེའི་སྟེང་དུ་རྩ་བའི་ལྷ་ཡབ་ཡུམ་གཉིས་ཏེ་བཞི་བཅུ་རྩ་གཉིས་པོ་དེ་རྣམས་ལ་བསླབ་བོ། །ཡབ་ཡུམ་གྲངས་མི་མཉམ་པ་ནི་ཐུབ་པ་རྣམས་ལ་ཡུམ་མེད་པས་ཡིན་ལ། ཀུན་བཟང་ཡབ་ཡུམ་ནི་རྩ་བའི་ལྷ་ཉིད་དུ་བསྡུས་སོ། །དེ་ལེགས་པར་དམིགས་པ་གསལ་ནས། གཉིས་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར་སྤྲོ་བ་ནི། བཞི་བཅུ་པོ་དེ་ཉིད་ཀྱི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་རེ་རེ་གནས་པ་ནི་ཡན་ལག་སྤྲོས་པའི་བདག་ཉིད་ནང་ན་གནས་པ་དང་ཕྲ་བའི་ཕྱིར། ཤེས་རབ་ཀྱི་ལྷ་སྟེ་བཞི་བཅུའོ། །ཐབས་ཀྱི་ལྷ་བཞི་བཅུ་རྩ་གཉིས་སྨོས་ཀྱང་། རྩ་བའི་ཡབ་ཡུམ་གཉིས་ལས་གཞན་བཞི་བཅུ་པོ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གསུམ་འཕྲོ་བས་བརྒྱ་ཉི་ཤུར་འགྱུར་ཞིང་། དེ་རེ་རེ་ལ་དབུ་བརྒྱན་གྱི་ལྷ་ལྔ་ལྔ་ཡོད་པས་དྲུག་བརྒྱ། སྔར་གྱི་ཐབས་ལྷ་བཞི་བཅུ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་ཡོད་པས་ཉིས་བརྒྱ། དེ་ཀུན་དང་རྩ་བའི་ལྷ་བཞི་བཅུ་བསྡོམས་པས་དགུ་བརྒྱ་དྲུག་ཅུ་ཡིན་ན་ཤིན་ཏུ་འགྲིགས་མཆན། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ལྷ་གསུམ་གསུམ་ཡོད་པས་སུམ་བརྒྱ་དྲུག་ཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ་པོ་བསྣན་པས་སངས་རྒྱས་སྟོང་གི་དཀྱིལ་འཁོར་ཏེ་དེ་ལ་བསླབ་བོ། །དེའང་ཁ་ཅིག་གི་བཞེད་པ་ལྟར་ན། ཐབས་ཀྱི་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུའི་ལྷ་བཞི་བཅུ། གསུང་གི་ལྷ་བཞི་བཅུ། ཐུགས་ཀྱི་ལྷ་བཞི་བཅུ་སྟེ་ཉིས་བརྒྱ་པོ་ལ་དབུ་རྒྱན་ལྔ་ལྔ་ཡོད་པས་སྟོང་གི་དཀྱིལ་འཁོར་དུ་གནས་སོ་ཞེས་གསུངས་ཏེ་དོན་ལ་འདྲའོ། །དེ་ཡང་ལེགས་པར་གསལ་བ་དང་། གསུམ་པ་སངས་རྒྱས་ཉི་ཁྲི་ཆིག་སྟོང་གི་དཀྱིལ་འཁོར་གསལ་བ་ནི། སངས་རྒྱས་སྟོང་པོ་དེ་ལྟར་ལྡན་པའི་གཙོ་མཆོག་རྣམ་སྣང་ཡབ་ཡུམ་གྱིས་མཚོན་པ། རྒྱལ་བ་རིགས་བཞི་དང་རྒྱལ་མཆོག་ཀུན་ཏུ་བཟང་པོ་ལ་ཡང་དེ་བཞིན་དུ་བརྩིས་པས་སྟོང་སྟོང་སྟེ་སྟོང་ཕྲག་དྲུག་གོ། །དེ་བཞིན་དུ་སེམས་དཔའ་ཡབ་ཡུམ་ཆ་བརྒྱད་དང་། སྒོ་བ་ཡབ་ཡུམ་ཆ་བཞི་སྟེ་བཅུ་གཉིས་ལ་སྟོང་ཕྲག་བཅུ་གཉིས་སོ། །དྲུག་གི་འོད་འཕྲོ་འབར་བ་ནི་ཐུབ་པ་དྲུག་སྟེ། ཡུམ་མེད་པས་ཉི་ཁྲི་ཆིག་སྟོང་སུམ་བརྒྱ་དང་བཅུ་གཉིས་ཀྱི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །ཉི་ཁྲི་བཞི་སྟོང་དུ་འདོད་པ་ནི་ཐུབ་པ་དྲུག་ལ་ཡུམ་ཡོད་པར་རློམ་པ་ཡིན་ནོ། །དེ་ལ་གོམས་ནས། བཞི་པ་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་ལ་བསླབ་པ་ནི། ཚུལ་དེ་ལ་སོགས་ཏེ་སངས་རྒྱས་རེ་རེའང་སངས་རྒྱས་ཉི་ཁྲི་ཆིག་སྟོང་དུ་བསྐྱེད་པ་ལྟ་བུ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་ལ་བསླབ་པར་བྱའོ། །དེའང་བླ་མ་རོང་པ་ནི་ལྷའི་སྐུ་གཅིག་ལ་ཡན་ལག་བཞི་བཅུ་རྩ་གཉིས་ལྡན་ཞིང་། དེ་རེ་རེའང་སྐུ་གསུང་ཐུགས་བྱིན་གྱིས་རློབས་པའི་ལྷ་གསུམ་དང་ལྡན་པས། དེ་ཉིད་ཡན་ལག་སྤྲོས་དག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །ཞེས་སྦྱོར་ཞིང་། གཙོ་བོ་ལ་ཇི་ལྟར་ལྡན་པ་བཞིན་ཡན་ལག་གི་ལྷ་རྣམས་ལ་ཡང་དེ་ལྟར་བརྩིས་པས་བརྒྱ་ཉི་ཤུ་རེ་འབྱུང་བས། བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །ཞེས་འཆད་དོ། །སྣང་བྱེད་ཀྱི་ལྷ་འདི་རྣམས་རྣལ་འབྱོར་སྔ་མ་གོམས་སྟོབས་ཀྱིས་འབྲས་བུར་བཞག་ལ། ཚོགས་སྒྲུབ་ཏུ་ཚེ་དབང་ཐོབ་པར་བྱེད་པའི་རྒྱུ་ཡིན་པས་ལམ་དུའང་བཞག་གོ། །གསུམ་པ་མཐར་ཐུག་གི་ཕྱག་རྒྱས་འགྲོ་དོན་མཛད་པའི་ཚུལ་ལ་ལྔ་ལས། དང་པོ་གདུལ་བྱའི་དོན་ལ་སྣ་ཚོགས་སུ་སྟོན་པའི་ཚུལ་ནི། ལམ་གྱི་གནས་སྐབས་སུ་དེ་ལྟར་བསྒོམས་པས་མཐར་ཐུག་སངས་རྒྱས་པ་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་ཞིང་ཁམས་བསམ་ཡས་སུ་གདུལ་བྱ་དཔག་ཏུ་མེད་པ་འདུལ་བའི་ཕྱག་རྒྱའི་དོན་རྣམས་སེམས་ཅན་སོ་སོའི་སྣང་བ་དང་མཐུན་པར་སངས་རྒྱས་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་སྐུ་སོ་སོར་སྟོན་ཅིང་འགྲོ་དོན་མཛད་དོ། །གཉིས་པ་བསྟན་པ་བཞིན་སྣང་བའི་ཚུལ་ནི་ཐེག་པ་མཐོ་བ་སྔགས་ནས་ཕ་རོལ་ཏུ་ཕྱིན་པ་དམན་པ་ཉན་རང་ལ་སོགས་པ་ཐམས་ཅད་དང་། ལྟ་སྤྱོད་ཕྱིན་ཅི་ལོག་རྟོག་མུ་སྟེགས་བྱེད་རྣམས་དང་། སོ་སོ་སྐྱེ་བོ་བསམ་ཡས་དང་། གདུལ་བྱ་ཞི་བ་ལྷ་ལ་སོགས་པ་དང་། ཁྲོ་བོ་བདུད་དང་གཤིན་རྗེ་ལ་སོགས་པའི་ཚོགས་ཆེན་པོ་ཐམས་ཅད་ལ་གང་ལ་གང་འདུལ་སོ་སོར་སྣང་ཞིང་མོས་པ་དང་མཐུན་པར་བྱས་ཏེ་ཀུན་ཏུ་སྣང་ངོ་། །གསུམ་པ་སྣ་ཚོགས་སུ་སྣང་ཡང་གཅིག་ལས་མ་གཡོས་པའི་དཔེ་ནི་དཔེར་ན་ཟློས་གར་མཁན་ཉིད་གཅིག་པོ་དེ་ལས་གཡས་བརྐྱངས་གཡོན་བསྐུམས་དང་ཞི་ཁྲོ་དུ་མར་སྣང་བ་དང་འདྲ་བར་ཡེ་ཤེས་ཀྱི་ལུས་ཡེ་ནས་དག་པའི་རང་བཞིན་གཅིག་ལས་འདི་ལ་འདི་བསྟན་ནོ་ཞེས་དམིགས་པའི་ཚུལ་གྱིས་ཆེད་དུ་མ་བཀོད་ཀྱང་འགྲོ་བའི་སྣང་བ་དང་མཐུན་པར་ཞི་བ་དང་ཁྲོ་བོ་ལ་སོགས་པ་སྣ་ཚོགས་ལྷུན་གྲུབ་ཏུ་ཐུགས་རྗེས་སྟོན་པར་བྱེད་དོ། །བཞི་བ་གདུལ་བྱའི་དབང་གིས་ཕྱག་རྒྱའི་གྲངས་མ་ངེས་པར་བསྟན་པ་ནི། མདོར་ན་བྱང་ཆུབ་མཆོག་དང་བདུད་འདུལ་བ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་འདི་ཁོ་ནའོ་ཞེས་མཐའ་གཅིག་ཏུ་བརྗོད་དུ་མེད་དེ། ཐབས་དང་ཤེས་རབ་དབང་གིས་གཉིས་དང་སྐུ་གསུང་ཐུགས་ཀྱིས་གསུམ་དུ་འགྱུར་ཞིང་། ཕྲིན་ལས་བཞི་ལ་སོགས་པར་ཡང་རྣམ་པར་འཕྲོ་བར་བྱེད་དེ། ལུས་བསྐྱོད་པ་དང་ཡན་ལག་ཕྱག་རྒྱར་སྤྲོ་བ་ཐམས་ཅད་ལྷའི་ཕྱག་རྒྱའི་དེ་བཞིན་ཉིད་དུ་གནས་པའི་ཕྱིར་རོ། །ལྔ་པ་གནས་ལུགས་ཕྱག་རྒྱ་ཆེན་པོར་ཐམས་ཅད་འདུ་བ་ནི། མདོར་ན་ཡན་ལག་བསྐྱོད་ཅིང་ལུས་བསྒུལ་བ་ཐམས་ཅད་ཀུན་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་ཏེ། ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་དུ་གནས་པ་ཉིད་ཀྱིས། འདི་ནི་མ་དག་པའི་ཕྱག་རྒྱ་དང་ཆོས་སོ་ཞེས་པ་རྡུལ་ཙམ་ཡང་མི་གནས་ཤིང་གནས་པའང་མིན་ཏེ། ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་ཕྱག་རྒྱའམ་དཀྱིལ་འཁོར་དུ་གནས་པའི་ཕྱིར་རོ་ཞེས་པའི་ཚུལ་དེ་སྐད་སྒྲིབ་གཉིས་མ་ལུས་པ་དག་ཅིང་མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་བའི་མཆོག་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཤད་པ་ཡིན་ནོ། །དེ་ཉིད་ཡིད་ཆེས་པའི་གནས་ཏེ། ཡེ་ཤེས་དམ་པ་ལས། ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཞེས་པ་ལྟར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་མཆོག་ཏུ་གསང་བའི་སྙིང་པོ་ཆོས་ཉིད་དོན་གྱི་གནས་ལུགས་དེ་ཁོ་ན་ཉིད་ངེས་པ་ལས། ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་ཡེ་ནས་དག་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རང་བཞིན་གྱི་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།དོན་གསུམ་པ་དེ་ཉིད་གསལ་བར་བྱེད་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་བྲི་ཞིང་ཕན་ཡོན་བསྟན་པ། ལྷ་བསྐྱེད་ཅིང་ཇི་ལྟར་མཆོད་པ། དབང་བསྐུར་ཞིང་འབྲས་བུ་བསྟན་པའོ། །དང་པོ་ལ་བཞི་སྟེ། སའི་ཆོ་ག །ཐིག་ཚོན་གྱི་ཆོ་ག །བྲི་ཞིང་རྒྱན་དགྲམ་པ། མཆོད་པ་བཤམ་ཞིང་ཕན་ཡོན་བསྟན་པའོ། །དང་པོ་ལ་བདུན་ལས། ས་གཞི་བརྟག་པ་ནི་མཉམ་ཞིང་ཡིད་དུ་འོང་བ་དཀྱིལ་འཁོར་གྱི་གཞིར་འོས་པ་སྟེ། ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཡང་། །མཉམ་ཞིང་ཡིད་འོང་ཁ་ཡི་ཆུ། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །ཐོ་སྒྲོ་གྲོག་མདོ་ཆུ་སྣ་ཚོགས། །དལ་དབང་དགྲ་ཡི་མཚམས་བརྟག་བྱ། །ལྷུན་སྟུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཉིད་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤེས་པའང་མཆོག་ཏུ་གསུངས། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། །ཞེས་པའི་ས་ཕྱོགས་སུ། ཁྲུ་གང་ཁྲུ་བཞིར་བརྐོས་པ་ན། །གྲམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོ་རུས་པ་ལ་སོགས་པ། །ཞེས་པའི་མ་དག་པ་བསལ་ཏེ་ཆུས་བཀང་ནས་གོམ་པ་བརྒྱ་ཕྱིར་སོང་སྟེ་ཆུ་དེ་ཉིད་ལ་བརྟག་པ་ནི། ཆུས་བཀང་གོམ་པ་བརྒྱ་བལྟ་བྱ། །ཞེས་པས། བྲི་བ་མེད་ན་རབ། ཕྱེད་ན་འབྲིང་། བསྐམས་ན་ངན་པའོ། །གཉིས་པ་ས་བསླང་བ་ནི་མི་དང་མི་མ་ཡིན་ལ་དཀྱིལ་འཁོར་གྱི་ཕྱིར་སློང་བ་སྟེ། མངོན་དང་མི་མངོན་བདག་པོ་ལ། །རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །སེར་སྣ་སྤངས་པའི་སེམས་ཀྱིས་ནི། །རིན་དང་བདེན་པ་བསྒོ་ལ་བསླང་། །ཞེས་སོ། །དེ་ནས་འབྲུ་དང་རིན་པོ་ཆེའི་ས་གཏེར་སྦས་ལ་ས་གཞི་བསྙམ་སྟེ་དྲིའི་ཐིག་ལེ་བྱས་ལ། སའི་ལྷ་མོའི་ཆོ་ག་བྱའོ། །དེའང་སྔོན་སངས་རྒྱས་རྡོ་རྗེ་གདན་ལ་འཚང་རྒྱ་བའི་ཚེ་ས་བསླངས་ཏེ་བདུད་ལས་རྒྱལ་བ་བཞིན་དུ་རྣལ་འབྱོར་པ་ཡང་ནག་པོའི་ཕྱོགས་ལས་རྒྱལ་བའི་དགོས་པ་ཡོད་དོ། །དེའང་ལྷ་མོ་སེར་མོ་བུམ་པ་འཛིན་པ་ཕག་གི་སྟེང་ན་ཆིབས་པ་བསྐྱེད་ལ་སྤྱན་དྲངས་ཏེ། མཆོད་བསྟོད་བྱས་ལ་བདག་རྡོ་རྗེ་ཆེ་གེ་མོ་སའི་ཕྱོགས་འདིར་དཀྱིལ་འཁོར་བཞེངས་པས་གནང་བར་མཛོད་ཅིག་ཅེས་སོ། །གསུམ་པ་དབང་དུ་བྱ་བ་ནི་ཕུར་པ་དམར་པོ་ཧེ་རུ་ཀར་གསལ་བ་བཏབ་པས་དེའི་འོད་ཟེར་གྱི་ས་གཞི་ཁེངས་པར་བསྒོམ་པ་ནི་བགེགས་ཞི་བའི་དགོས་པ་ཡོད་དོ། །བཞི་པ་སྦྱང་བ་ནི་ཐོག་མར་ས་བདག་ལྟོ་འཕྱེའི་ཕྱོགས་ནས་བསླང་བར་བྱ་སྟེ། བམ་བརྒྱད་ཀྱི་འགྲེལ་པ་ལས། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་ལྟས་མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ། །དབྱར་ཟླ་གསུམ་གྱི་ཟླ་བ་ལ། །ཤར་དུ་ཁ་བལྟས་བྱང་དུ་མགོ། །ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོ་ལྟོ་འཕྱེ་བརྐོ། །ཞེས་པ་ལྟར་བསླང་ངོ་། །དེའང་མགོ་ལ་ཕོག་ན་སློབ་དཔོན་འཆི་ཞིང་། མཇུག་མ་ལ་ཕོག་ན་སློབ་མ་འཆི་བས་ལྟོ་བ་ནས་བརྐོས་ཏེ་བྱའོ། །དེ་ནས་སྟེགས་བུ་ཇི་ལྟར་རིགས་པར་བྱ་སྟེ། བྱང་ཤར་གཞོལ་ཅིང་གཞན་གཉིས་མཉམ་དབུས་ཅུང་ཟད་མཐོ་བ་བྱས་ལ། བ་བྱུང་ལྔ་དང་འབྲུ་ལྔ་ལ་སོགས་པའི་བྱུག་པ་ཡང་། རྔམ་གློག་ལས། ས་ཞག་སྤོས་ཆེན་རྣམ་ལྔ་ཡི། །ཁུ་བ་བསྲེས་ནས་ཀུན་ཏུ་ནི། །གྲུ་བཞིའི་དབུས་སུ་ལེགས་བྱ་སྟེ། །ཁྲུ་དོ་ཙམ་དུ་སྐྱང་ནུལ་བྱ། །ཞེས་སོ། །དེ་ནས་མེས་སྦྱང་བ་ཡང་། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་བྱ། །ཞེས་སོ། །དེ་ནས་བདག་ཉིད་ཁྲོ་བོ་གསལ་བའི་ལག་མཐིལ་ལས་འོད་ཟེར་བྱུང་བས་ས་ཕྱོགས་རྡོ་རྗེ་རྩེ་ལྔ་པའི་རང་བཞིན་དང་མ་དག་པ་སྦྱངས་ཤིང་སྟོང་པ་ཉིད་དུའང་མོས་པར་བྱའོ། །ལྔ་པ་བྱིན་གྱིས་བརླབ་པ་ནི་སློབ་དཔོན་གཙོ་བོར་བསྐྱེད་དེ་ས་ཕྱོགས་དེ་ཉིད་ལྷའི་གཞལ་ཡས་ཁང་དུ་གསལ་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་དམིགས་ཏེ། བདག་ཉིད་ཆེན་པོ་ང་ཉིད་ཀྱི། །ཐམས་ཅད་བཀའ་ལས་མ་འདའ་ཞིག །ཅེས་པ་དང་སུམྦྷ་ནི་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བསྐོར་རོ། །དྲུག་པ་བསྲུང་བ་ནི། རང་གི་སྙིང་ག་ནས་ཁྲོ་བོ་བཅུ་བྱུང་བས་ཕྱོགས་དེར་བསྲུང་ཏེ་བསྐལ་པའི་མེ་དཔུང་འབར་བར་བསྒོམ་མོ། །བདུན་པ་གཟུང་བ་ནི། ཐིག་བཏབ་བམ་ཐིག་ལེ་བཀོད་ལ་ལྷར་བསྐྱེད་དེ་མཆོད་བསྟོད་ཅུང་ཟད་ཀྱིས་མཆོད་ནས་ཐིམ་པས་ལྷའི་གཞལ་ཡས་ཁང་གི་གཞིར་བསམ་མོ། །བདུན་པ་གཟུང་བ་ནི། ཐིག་བཏབ་བམ་ཐིག་ལེ་བཀོད་པ་ལྷར་བསྐྱེད་དེ་མཆོད་བསྟོད་ཅུང་ཟད་ཀྱིས་མཆོད་ནས་ཐིམ་པས་ལྷའི་གཞལ་ཡས་ཁང་གི་གཞིར་བསམ་མོ། །འདི་ཙམ་གྱི་སའི་ཆོ་ག་ཚང་བའོ། །གཉིས་པ་ཐིག་ཚོན་བྱིན་གྱིས་རློབ་པ་ནི། ཁ་དོག་ལྔའམ་ཉི་ཤུ་རྩ་ལྔའི་སྣལ་མ་བུ་མོ་ལོ་བཅུ་དྲུག་ལོན་པས་བཀལ་བ་སྟེ། རྡོ་རྗེ་ལས་རིམ་ལས། པདྨའི་རྒྱུ་ལས་ཁ་དོག་བསྒྱུར། །བཅུ་དྲུག་ཕྱག་རྒྱས་ལེགས་བཀལ་ཏེ། །སྣལ་མ་གཅིག་ཀྱང་ལྔ་ལྔར་ལྡན། །ཡེ་ཤེས་རང་བཞིན་བརྟན་པར་བྱ། །ཁ་དོག་གསུམ་ལྡན་སྣལ་མ་དགུ། །རས་བལ་ལས་བཏགས་སྐུ་གསུང་ཐུགས། །གཙང་མའི་སྣོད་དུ་ལེགས་བཀོད་དེ། །ཞེས་སོ། །དེ་ཉིད་དང་ཚོན་རྣམས་ཡེ་ཤེས་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་ཉིས་ལྡབ་ཙམ་དུ་བྱས་པ་མཚན་ལྡན་མས་བཟུང་སྟེ་རྡོ་རྗེའི་གནམ་ཐིག་ཐོག་མར་གདབ་པ་ནི། རྔམ་གློག་ལས། ཐིག་གཡོག་ལས་གྱི་སེམས་མ་སྟེ། །མཚན་ལྡན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱ་གར་དང་བཅས་པ་ཡིས། །རང་བཞིན་དཀྱིལ་འཁོར་གནམ་ཐིག་གདབ། །དེ་ནས་ས་ཐིག་གདབ་པ་ཡང་། །འདུལ་བའི་དབང་གིས་བྱེ་བྲག་ལས། །མཎྜལ་ཚད་ནི་ངེས་པ་མེད། །སོར་བཞི་པ་ནས་བརྩམ་ནས་ནི། །ཇི་སྲིད་དཔག་ཚད་ཐུག་པར་རོ། །ཞེས་པ་སྟེ། སོར་བཞི་པ་ནས་ཚད་མ་ངེས་པ་བར་དུ་གསུངས་སོ། །བྱིན་གྱིས་བརླབ་པ་ཡང་། ཐིག་ཚོན་ལྷར་གསལ་བ་ལ་མཆོད་བསྟོད་བྱས་ཏེ་ཡེ་ཤེས་སུ་གྱུར་པས་བྱ་བ་སྟེ། ལས་རིམ་ལས། སྣོད་རིམ་མ་འདྲེས་དག་བྱས་ལ། །ཧཱུྃ་སོགས་ཡིག་འབྲུ་གཅིག་ཀྱང་ལྔ། །ཁ་དོག་རྗེས་སུ་མཐུན་བྱས་ཏེ། །ཡོངས་གྱུར་ཉི་ཤུ་རྩ་ལྔའི་ལྷ། །ཐབས་དང་ཤེས་རབ་ལྡན་པར་བསྒོམས། །ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔ། །བསྟིམས་པས་ཡོངས་གྱུར་དངོས་པོ་ལྔ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །ཡེ་ཤེས་རྒྱུ་ལས་གྲུབ་པ་ཡི། །དཀྱིལ་འཁོར་རྗེས་སུ་བརྟག་པར་བྱ། །ཞེས་སོ། །དེའང་ས་ཚོན་ལ་ཡིག་འབྲུ་བྲིས་པའང་སྤུངས་ཤིང་མི་མངོན་པར་བྱ་སྟེ། སྤུངས་ཤིང་བསྣུན་པ་ལྟར་བྱས་ལ། །རྡུལ་ཚོན་སྦྱོང་བའི་སྔགས་ཕྱག་རྒྱ། །ཞེས་སོ། །དེ་ལྟར་རྡུལ་ཚོན་གྱི་ཁ་དོག་སོ་སོར་ཕྱེ་བའི་དོན་ནི། རྒྱས་པའི་རྒྱུད་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་པོ་དང་། །ལྗང་གུ་ལ་སོགས་ནག་པོ་བསྟན། །ཞེས་སོ། །ཚོན་དེ་དག་གི་རྒྱུ་ཡང་རབ་རིན་པོ་ཆེ་ལ་བྱ་བར་ལས་རིམ་ལས། རིན་ཅེན་ལྔ་ལས་བྱས་པའི་ཚོན། །ཨིནྡྲ་ནཱི་ལ་ཟླ་འོད་དང་། །བུ་ཤ་རཱ་ག་བྱུ་རུ་བཟང་། །མ་ར་ཏ་ཀ་ལས་བྱས་དགྱེ། །དེ་བཞིན་འབྱོར་བས་གཞན་དག་བསྡུ། །མཚམས་སེམས་ཁྲོ་བོ་ལ་སོགས་ཕྱིར། །ཁ་དོག་ཉི་ཤུ་རྩ་ལྔར་གསུངས། །ཞེས་སོ། །འབྲིང་དང་ཐ་མས་ཚོན་རྩི་ཅི་འབྱོར་བའོ། །གསུམ་པ་བྲི་ཞིང་རྒྱན་དགྲམ་པ་ལ་གཉིས་ལས། དང་པོ་ཐིག་གིས་བྲི་བ་ནི་ཡེ་ཤེས་ཀྱི་གནམ་ཐིག་བཏེག་པའི་འོག་ཏུ་འཛུལ་ནས་གདབ་སྟེ། དེ་ནས་བྲི་བའི་ཆོ་ག་ནི། ཆས་ལྡན་དབང་ཕྱུག་ཐིག་བཏེག་ལ། །དང་པོ་དབང་ལྡན་ཕྱོགས་ནས་བསྐོར། །དེ་ནས་ཞལ་དབང་ཐོབ་པ་རྣམས། །འབྲུ་ལྡན་རྡོ་རྗེ་ཐལ་ཁུ་ཚུར། །ཕྱག་རྒྱ་ཏིང་འཛིན་ལྡན་པར་བྲི། །ཞེས་པས་ཚངས་ཟུར་ལ་སོགས་མཐོང་བ་བརྒྱུད་པ་ལྟར་སྒོ་ཉིས་བརྩེགས་སུ་གདབ་བོ། །དེའང་མན་ངག་གིས་ཅུང་ཟད་ཕྱེ་ན། །ཆ་ཆེན་བཅུ་དྲུག་ནང་མ་གསུམ། །ཕྱེད་དུ་བགོས་ཏེ་དྲུག་ཏུ་བྱ། །དང་པོ་ཕྱེད་གདབ་ཕྱི་མ་གདབ། །གཉིས་པ་ཆ་བཞིར་བགོ་པར་བྱ། །གསུམ་པ་བཞི་པ་མི་གདབ་གཞག །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །དེ་ནི་ནང་གི་སྒོ་ཡིན་ནོ། །ཆ་ཆེན་བཞི་པ་ཕྱི་ཡི་ཁྱམས། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་ཆ་བཞིར་བགོ་བར་བྱ། །བརྒྱད་པ་དབུས་དོར་མཐའ་གཉིས་གདབ། །ཅེས་པ་ལྟར་རོ། །དེ་ནས་འགྱིང་ཕུར་བཏབ་པའི་ནང་དུ་ཡེ་ཤེས་ལྔའི་ཚོན་གྱིས་དགང་ཞིང་རིམ་གྱིས་དགྱེ་བ་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །དང་པོ་བྱང་ཤར་ནས་བརྩམས་ཏེ། །ཐོག་མར་སློབ་དཔོན་ཉིད་ཀྱིས་དགྱེ། །དེ་ནས་སློབ་མས་བྱ་བར་བཤད། །ཅེས་པ་དང་། རྣམ་སྣང་མངོན་བྱང་ལས། ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །དཀར་པོ་ཐོག་མར་བཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སེར་པོ་བཏང་པར་བྱ། །དེ་ཡི་འོག་ཏུ་ལྗང་གུ་བཏང་། །ཀུན་གྱི་ནང་རོལ་ནག་པོ་སྟེ། །ཚོན་གྱི་ཆོ་ག་དེ་ལྟར་བཤད། །ཅེས་པ་ལྟར་རོ། །དེའང་རྒྱལ་པ་ལ་སྒོ་ཉིས་བརྩེགས་ཀྱི་དབུས་ཀྱི་ལྟེ་བ་ལ་འཁོར་ལོ་རྩིབས་བཞིའི་དབུས་དང་ལྔར་འཁོར་ལོ་རྩིབས་བཞི་པ་མུ་ཁྱུད་དང་བཅས་པ་སྟེ་ལྷའི་ཁ་དོག་དང་མཐུན་པའི་རིམ་པའོ། །དེ་ནས་གྲུ་ཆད་ནང་མ་དང་ཕྱི་མ་བཞི་ནི་ཕྱོགས་ཚོན་ནོ། །དེ་ནས་རྩིག་པ་ལྔ་ནི་ནང་ནས་རིམ་པ་བཞིན། མཐིང་ག །ལྗང་གུ། དམར་པོ། སེར་པོ། དཀར་པོའོ། །སྤྱིར་ན་རྩིག་རིམ་གཉིས་ཏེ། ཡེ་ཤེས་དང་། སྐུའི་རིམ་པའོ། །འདིར་ནང་མ་ཡེ་ཤེས་ཀྱི་རིམ་པ་ཡིན་ལ། ཕྱི་མ་སྐུའི་རིམ་པ་སྟེ། ནང་ནས་མཐིང་ག །དཀར་པོ། སེར་པོ། དམར་པོ། ལྗང་གུའོ། །ཁྱམས་ལྗང་གུ་དང་། རྟ་བབས་མཛེས་ཚོན་ལ། གཞན་རྣམས་ཕྱོགས་དང་མཛེས་ཚོན་ཅི་རིགས་སུ་བྱའོ། །ཁ་ཅིག་རྟ་བབས་ཀྱི་གཞིའི་འཁོར་ལོའི་རྩིབས་བཞི་མཚོན་པར་འདོད་ཅིང་། ཕལ་ནི་གཞན་དུ་མཐུན་པར་སྦྱོར་བས་རྡོ་རྗེའི་རྭ་བཞི་ཡང་འདོད་དོ། གང་ལྟར་ཡང་འགལ་བ་མེད་དོ། །འབྲིང་པོ་ལ་ནི་འོག་ནས་འབྱུང་བའི་དཀྱུས་བཞིན་ནོ། །བསྡུས་པ་ལ་ནི་བར་ཁྱམས་མེད་པའི་གྲུ་ཆད་བཞི་ལ་སྒོ་ཁྱུད་ལྡན་པར་བཞེད་དོ། །གནས་དེ་དག་ཏུ་མཚན་མ་དགོད་པ་ནི་གྲུབ་ན་སྐུ་དང་ཡིག་འབྲུ་དང་ཕྱག་མཚན་གང་རུང་དགོད་ཅིང་། མ་གྲུབ་ན་བརྡ་མཚོན་ཚོན་སྤུངས་ཀྱི་སྐུ་མདོག་མཚོན་པ་ཙམ་རེ་བྱའོ། །ཡང་རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་པ་ལྟར་རོ། །བཞི་པ་མཆོད་པ་བཤམ་ཞིང་ཕན་ཡོན་བསྟན་པ་ལ་གསུམ་ལས། དང་པོ་མཆོད་པ་བཤམ་པ་ནི་ཕྱི་ནང་གི་མཆོད་པ་དང་། རྒྱན་དང་གོས་ལ་སོགས་པ་དང་། རོལ་མོ་དང་སིལ་སྙན་ལ་སོགས་དང་། ཁ་ཟས་མང་པོས་བརྒྱན་པར་བྱའོ། །གཉིས་པ་རབ་ཏུ་གནས་པ་ནི་དཀྱིལ་འཁོར་དུ་སྐད་ཅིག་གིས་བསྐྱེད་ཅིང་ཡེ་ཤེས་པ་བཅུ་ག་ནས་རྟེན་འབྲེལ་སྙིང་པོའམ་ཡི་གེ་འབྲུ་གསུམ་གྱིས་བརྟན་པར་བྱས་ཏེ་གཟུགས་བརྙན་ལྟ་བུར་བསྒོམ་པའོ། །དེ་སྐད་དུ་རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་འབྲི་བའི་ནུས་པ་མེད། །ཅེས་སོ། །གསུམ་པ་ཕན་ཡོན་ནི་དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པའི་བསོད་ནམས་ནི་དཔག་ཏུ་མེད་དེ། ཡེ་ཤེས་རྒྱས་པ་ལས། གང་གིས་རྒྱལ་བའི་དཀྱིལ་འཁོར་མཆོག །ཐིག་དང་ཚོན་གྱིས་འབྲི་བྱེད་པ། །ཕྱོགས་བཅུའི་སངས་རྒྱས་ཞིང་རྣམས་ཀུན། །རིན་ཅེན་བདུན་བྱིན་བསོད་ནམས་ལས། །དེ་ཡི་ཕུང་པོ་དཔག་ཏུ་མེད། །ལས་རྣམས་འགྲུབ་ཅིང་རྒྱལ་བས་དགོངས། །དཀྱིལ་འཁོར་བསམ་ཡས་ཐོབ་པར་འགྱུར། །ཞེས་པ་དང་། དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ཀ་རུ་དང་ཙནྡན་ནམ། །གང་གིས་སྨན་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་ངམ་གཞན་ལ་བྱས་པ་དང་། །ས་དང་སོ་ཕག་ལ་ནི་སོགས་པ་ཡིས། །རྒྱལ་བའི་མཆོད་རྟེན་དགང་ཞིང་བྱས་པ་དང་། །དེ་བཞིན་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པའི་རྩེད་མོར་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་དང་། །གཞན་དག་གཟུགས་བརྙན་དག་ཏུ་འདྲི་བྱེད་པ། །དེ་རྣམས་ཀྱིས་ནི་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེ་བཞིན་རིན་ཅེན་གཟུགས་བྱས་ལ། །སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེ་ནི་རིན་ཅེན་སྣ་བདུན་དང་། །ལ་ལས་དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་དེ། །ལྟ་ན་སྡུག་པ་འཇིམ་པ་ལ་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་དང་། །བསོད་ནམས་རྒྱ་ཆེན་ཡོན་ཏན་རྫོགས་པའི་སྐུ། །གང་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང་། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་རྒན་ནམ་འོན་ཏེ་གཞོན་ཡང་རུང་། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསང་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་པ་ལྟར་རོ། །གཉིས་པ་ལྷ་བསྐྱེད་ཅིང་ཇི་ལྟར་མཆོད་པ་ལ་གཉིས་ཏེ། དཀྱིལ་འཁོར་བསྐྱེད་ཅིང་གསལ་གདབ་པ་དང་། ཇི་ལྟར་མཆོད་པའོ། །དང་པོ་ནི། མཚམས་དང་དམ་བཅའ་བརྟན་པར་བྱས་ལ། གནས་དེ་ཉིད་དུ་སྟན་བདེ་བ་ལ་འདུག་སྟེ། དང་པོ་སེམས་བསྐྱེད་པ་ནི། ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ལ་སོགས་པ་བརྗོད་པས་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ངང་ནས་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ན་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་བརྗོད་པས་ཐམས་ཅད་མི་དམིགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དེའི་ངང་ལས་རྒྱུའི་ཏིང་འཛིན་ནི། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཅེན་སྤྲིན། །ཨ་ཞེས་བརྗོད་པས། སེམས་ཀྱི་རང་བཞིན་ཨ་དཀར་པོར་གསལ་བའི་ངང་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཞེས་བརྗོད་པས། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་ལས་འཕྲོས་པས་མཚན་གྱི་ས་བོན་ཨཱ་ལི་དང་། དཔེ་བྱད་ཀྱི་ས་བོན་ཀཱ་ལིས་རིམ་པ་གཉིས་སུ་བསྐོར་བའི་རང་བཞིན། ཨ་དང་ཀྵའི་ངོ་བོ་འོད་དུ་ཞུ་བ་ལས་ཧཱུྃ་གིས་མཚན་པའི་རྡོ་རྗེར་གྱུར། དེ་ཉིད་ཀྱང་ཡོངས་སུ་གྱུར་པ་ལས་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་མཐིང་ག་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་འོད་ཟེར་གྱི་ཕུང་པོ་འབར་བ་ལས་ནམ་མཁའི་དབྱིངས་ཁྱབ་པར་བསྒོམ་མོ། །དེའང་དེ་བཞིན་ཉིད་དང་ཀུན་ཏུ་སྣང་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་རིགས་སོ། །ཉི་ཟླའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྡོ་རྗེའི་རིགས་སོ། །འོད་ཀྱི་གོང་བུ་ནི་མཉམ་པ་ཉིད་དང་རིན་པོ་ཆེའི་རིགས་སོ། །རྡོ་རྗེ་ཧཱུཾ་གིས་མཚན་པ་ནི་སོ་སོར་རྟོག་པ་དང་པདྨའི་རིགས་སོ། །སྐུ་ནི་བྱ་བ་གྲུབ་པ་དང་ལས་ཀྱི་རིགས་ཏེ། སངས་རྒྱས་ཀྱི་སའི་ཆོས་ཀུན་ཡོངས་སུ་རྫོགས་པར་བསྒོམ་པ་ཉིད་དོ། །དེ་ནས་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་པས་གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་ལ་གནས་པའི་གཞལ་ཡས་ཁང་ཆེན་པོ་སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པའོ། །རྩིག་པ་ལྔའི་སྟེང་ན་རིན་པོ་ཆེའི་ཕ་གུ་ལ་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་འཕྱང་ཞིང་། མདའ་ཡབ་དང་བུ་ཤུས་མཛེས་པ། བུམ་པ་ཟླུམ་པོ་ཀུན་ཏུ་འཁྱིལ་བས་ནམ་མཁའི་དབྱིངས་ཁྱབ་པ། ཕྱི་ནང་དག་ཅིང་ཡེ་ཤེས་ཀྱི་འོད་གསལ་བ། སྒོ་ཕྱི་ནང་གཉིས་དང་། གདུགས་དང་རྒྱལ་མཚན་དང་རོལ་མོའི་སྤྲིན་ཕུང་འཁྲིགས་ཤིང་། འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་གཏིབས་ཏེ། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །ཞེས་པ་ནས། ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་བརྗོད་པས་གཞལ་ཡས་ཁང་ཤིན་ཏུ་གསལ་བར་བསྐྱེད་དོ། །དེ་ནས། ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་བརྗོད་པས་རང་གི་གཡོན་དུ་ཡུམ་ཀུན་ཏུ་བཟང་མོ་མཐིང་ག་ཡབ་དང་འདྲ་བ་བསྐྱེད་ནས། ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན་ཧོཿ ཞེས་པས་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་ཐུགས་ཀ་ནས་ཡི་གེ་སྤྲིན་འཕྲོས་ཏེ། ལྷའི་དཀྱིལ་འཁོར་དུ་གྱུར་པས་སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་དཀྱིལ་འཁོར་དུ་བྱོན་པར་བསམ་ཞིང་། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་པ་ནས། ༀ་ནི་ཐམས་ཅད་ཞིག་པ་ཡིན་གྱི་བར་བརྗོད་པས། རྣམ་སྣང་ཡབ་ཡུམ་ནི་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་ཐིམ་པར་གྱུར། ལྷ་གཞན་རྣམས་ནི་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །དེ་ནས་གཙོ་བོའི་ཐུགས་ཀ་ནས་རིག་པའི་ཀུན་ཏུ་བཟང་པོ་རྐང་པའི་ལོང་བུ་སྤྲད་ཅིང་ལག་པ་ཐལ་མོ་སྦྱར་ཏེ་འགྲེང་བ་སེམས་དཔའི་རྒྱན་དང་ལྡན་པ་གཅིག་འཐོན་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ནུབ་སྒོ་ནས་མེ་ཏོག་གཏོར་ཞིང་། ༀ། སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་མ་ལུས་ཐམས་ཅད་ཀུན། །རྒྱལ་བའི་ཞིང་དུ་སྦྱོར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་བརྗོད་པས། ལྷ་རྣམས་ཀྱིས་གནང་སྟེ་ཐབས་དང་ཤེས་རབ་ཀྱི་འོད་ཟེར་བདག་ལ་སྤྲོས་ཏེ། སེམས་ཀྱི་རྟོག་པ་དང་དེ་ལས་གྱུར་བའི་ལུས་ངག་སྦྱངས་ཏེ། གཟུང་འཛིན་གཉིས་དང་བྲལ་བའི་རང་བཞིན་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པ་ལ། ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ༀ་ཨཱཿཧཱུྃ་གི་རྣམ་པར་འཕྲོས་པ་ཕོག་ཅིང་ཐིམ་པས། འོད་ཀྱི་གོང་བུ་དེ་ཉིད་སྐུ་གསུང་ཐུགས་གཉིས་སུ་མེད་པའི་རང་བཞིན་ཡི་གེ་ཧཱུྃ་དུ་གྱུར་ནས། གཙོ་བོའི་ཐུགས་ཀར་ཐིམ་པས་གཙོ་བོའི་སྐུ་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ནས་གཙོ་བོ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་ཏེ་ཡུམ་གྱི་མཁའ་ལ་གནས་པ་ལས། ལྷ་ཐམས་ཅད་ཀྱང་རང་རང་གི་གསང་སྔགས་ཀྱི་སྒྲ་དང་བཅས་ནས་བྱང་ཆུབ་ཀྱི་སེམས་ལ་ཐིམ་པར་གྱུར་ནས། དཀྱིལ་འཁོར་གྱི་དབུས་སེང་གེ་དང་ཉི་ཟླའི་སྟེང་ན་དེ་ཐམས་ཅད་གཅིག་ཏུ་གྱུར་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འོད་ཀྱི་གོང་བུ་ཙམ་ཞིག་དམིགས་པ་ལས། སླར་ཡང་ཧཱུྃ་དང་མཱུྃ་དུ་གྱུར་ཏེ་འོད་ཟེར་གྱི་འཕྲོ་འདུ་ལས་རྡོ་རྗེ་དང་དྲིལ་བུར་གྱུར་ཅིང་། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྐུར་བསམ་མོ། །དེ་ནས་ༀ་མ་ཧཱ་ཤཱུ་ཱུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་ཞེས་པ་ལ་སོགས་པས་ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་བྱིན་གྱིས་བརླབ་བོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་ནས། ས་མ་ཡ་ཧོཿས་སྦྱོར་བའི་བརྡས་བསྐུལ་ནས་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ཡབ་ཀྱི་བྱང་སེམས་ཡུམ་གྱི་མཁའ་ལ་སྤྲོས་པས་མཁའ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ནང་ན། ལྷ་རྣམས་ཀྱི་སྙིང་པོ་ཧཱུྃ་དང་ༀ་ལ་སོགས་པ་སོ་སོའི་ས་བོན་རྣམས་གསལ་བཏབ་ལ། ལྷ་སོ་སོའི་གསང་སྔགས་བརྗོད་པ་ཙམ་གྱིས་ལྷ་སོ་སོའི་སྐུར་གྱུར་ཏེ། ཛཿཞེས་བརྗོད་པ་ཙམ་གྱིས་ཡུམ་གྱི་མཁའ་ནས་མདུན་གྱི་ནམ་མཁའ་ལ་སྐད་ཅིག་གིས་བཏོན་ཏེ། ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། འོད་ཟེར་གྱི་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ། རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་། སྔར་བསྟན་པའི་ལྷ་སོ་སོའི་སྔགས་རྣམས་བརྗོད་ཅིང་གསལ་བར་བསྐྱེད་དོ། །དེའང་ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་གཙོ་བོའི་ཐུགས་ཀར་བསམ་ཞིང་། ཐུབ་དྲུག་ནི་ཕྱིའི་ཁྱམས་ལ་བཞུགས་པར་བྱའོ། །གཞན་ནི་ཇི་སྐད་སྨོས་པ་བཞིན་ནོ། །དཀྱིལ་འཁོར་བསྐྱེད་པའོ། །དེ་ནས་སྤྱན་དྲང་བ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་འགྱུར་བའི་དམ་ཚིག་མཆོག །ༀ་ཨེ་ཧྱེ་ཧི་བྷ་ག་ཝཱ་ཱན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས། འོག་མིན་ནས་དཀྱིལ་འཁོར་ཆེན་པོ་ཇི་ལྟར་བསྐྱེད་པ་ལྟ་བུ་མདུན་གྱི་ནམ་མཁར་བྱོན་པ་ལ། ཡིད་ཀྱིས་མཆོད་དེ། རིག་པའི་མེ་ཏོག་དོར་བ་ནི། ༀ་བཛྲ་ས་མ་ཡ་ཨཱོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱཿ ཞེས་བརྗོད་པས། རང་བཞིན་གྱི་དཀྱིལ་འཁོར་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང་། ཏིང་ངེ་འཛིན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་པར་རྟོགས་པར་བྱ་སྟེ། ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཡེ་ནས་དག་པ་ཡིན་པའི་ཕྱིར་རོ། །འདི་ནི་རིག་པའི་མེ་ཏོག་དོར་བ་ཞེས་ཀྱང་བྱ། སོ་སོ་མ་ཡིན་པ་རིག་པ་འདུན་པའི་ཕྱག་ཅེས་ཀྱང་བྱ། རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་བྱའོ། །དེ་ནས་ལྷའི་སྐུ་རྣམས་དབྱེར་མེད་དུ་བསྟིམ་པའི་ཕྱིར། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བ། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་པས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པ་དང་། ༀ་བཛྲ་ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ༀ་བཛྲ་ས་མ་ཡ་སྟྭཾ་གྱིས་རང་ཉིད་ལྷའི་དཀྱིལ་འཁོར་དུ་འཚང་མ་རྒྱས་ཀྱི་བར་ལ་བརྟན་པར་བཞུགས་པར་བསམ། ༀ་བཛྲ་ས་མ་ཡ་ཧོཿས་དབང་དུ་གྱུར་ཅིང་དགྱེས་པར་བསམ་མོ། །ཛཿཧཱུྃ་བྃ་ཧོཿས་བརྟན་ཞིང་གསལ་བར་གྱུར་པ་ཉིད། ཤིན་ཏུ་གསལ་བར་གྱུར་པ་ཉིད། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་པའི་བར་བརྗོད་པས། ལྷ་རྣམས་གསལ་གདབ་བོ། །གཉིས་པ་ཇི་ལྟར་མཆོད་པ་ལ་གསུམ་ལས། དང་པོ་ཐུན་མོང་གི་མཆོད་པ་ནི་སྔགས་ཕྱི་པ་རྣམས་དང་ཚུལ་མཐུན་པར། ལྷའི་དཀྱིལ་འཁོར་ལ་བདག་ཉིད་གཙོ་བོའི་ཐུགས་ཀ་ནས་ལས་ཀྱི་སེམས་དཔའི་ཚུལ་དུ་བྱུང་སྟེ། ཕྱག་འཚལ་བ་དང་། མཆོད་པ་དང་། བསྟོད་པ་དང་། བཤགས་པ་དང་། དངོས་གྲུབ་བླང་བ་དང་། སྨོན་ལམ་འདེབས་པ་ལ་སོགས་བྱའོ། །དེའང་སེམས་ཀྱི་རོལ་པ་ཙམ་ཡིན་པའི་ཕྱིར་ན་གཉིས་སུ་མེད་པའི་ངོ་བོར་ཤེས་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་མཆོད་པ་ནི་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་སྤྱོད་པའི་ཚུལ་གྱིས། ལྷ་རྣམས་ཀྱི་ཐུགས་ཀ་ནས་འདོད་ཡོན་གྱི་ལྷ་མོ་རྣམས་སྤྲོས་ཏེ་དེ་དག་གིས་མཆོད་པར་བསམ་པ་དང་། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བསམ་ཞིང་། ལོངས་སྤྱོད་ཆེན་པོ་རྒྱན་གྱིས་རོལ་པ་གླུ་ཚིག་རོལ་མོའི་སྤྲིན་ལ་སོགས་འདོད་དགུ་ཕུན་སུམ་ཚོགས་པའི་མཆོད་པ་ཆེན་པོ་རྒྱུན་མི་འཆད་པར་ལྷུན་གྱིས་གྲུབ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ། ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་མཆོད་པར་བྱའོ། །གསུམ་པ་བླ་ན་མེད་པའི་མཆོད་པ་ལ་ཡང་། སྦྱོར་སྒྲོལ་གཉིས་སུ་མེད་པའི་མཆོད་པ། དམ་རྫས་བདུད་རྩིའི་མཆོད་པ། གླུ་ཡེ་ཤེས་ཕྱག་རྒྱའི་མཆོད་པ། དགྱེས་པ་ཆེན་པོ་བསྟོད་པའི་མཆོད་པ་རྣམས་གོང་འོག་ནས་འབྱུང་བ་བཞིན་འདིར་མཆོད་ཅིང་། ཁྱད་པར་དུ་བདུད་རྩིའི་རྗེས་ལ་ཡུམ་མཚན་དང་ལྡན་པ་དངོས་སམ་ཡིད་ཀྱིས་བསམ་པ་ལ་སྦྱོར་བའི་བརྡས་བསྐུལ་བའི་པདྨའི་ཁྱམས་སུ་ཡུངས་འབྲུ་ཙམ་གྱི་དཀྱིལ་འཁོར་བསྐྱེད་པ་ལ། འོག་མིན་ནས་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་སྤྱན་དྲང་ལ་བསྟིམ་ལ། རོལ་པའི་བདེ་བས་མཆོད་པར་བྱའོ། །དེ་ཉིད་ཡུལ་སངས་རྒྱས་བདེ་བ་ཆེན་པོ་ལ། མཆོད་རྫས་བདེ་བ་ཆེན་པོས་མཆོད་པས། འབྲས་བུ་ཡེ་ཤེས་བདེ་བ་ཆེན་པོ་སངས་རྒྱས་ཀྱི་དགོངས་པ་ད་ལྟ་ཉིད་ལ་མངོན་དུ་གྱུར་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ནས་བཟླས་བརྗོད་ཀྱི་རིམ་པ་ནི། ལྷ་རྣམས་ཀྱི་ཐུགས་ཀའི་ཡི་གེ་ལས་འོད་འཕྲོས་པ་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི་སེམས་ཅན་ལ་ཕོག་པས། སྒྲིབ་པ་ཐམས་ཅད་སྦྱང་བ་ལ་སོགས་པ་ལས་བཞིའི་རིམ་པས་དམིགས་ཏེ། སེམས་ཅན་རྣམས་ཡི་གེར་གྱུར་ཐུགས་ཀར་ཐིམ་པའི་ཚུལ་གྱིས་གཙོ་བོ་ནས་སྒོ་བའི་བར་ལྷ་སོ་སོའི་སྔགས་བརྗོད་པར་བྱའོ། །ཡང་ན་སྔགས་ཀྱི་ཕྲེང་བ་ལྷ་སོ་སོའི་སྐུའི་དབྱིབས་བརྒྱུད་ཅིང་མཁའ་གསང་ནས་འཁོར་བའི་འོད་ཟེར་བདེ་བ་ཆེན་པོ་འཕྲོས་པ་སེམས་ཅན་ལ་ཕོག་པས། སྒྲིབ་པ་སྦྱངས་ཏེ་ལྷའི་རང་བཞིན་དུ་གྱུར་པ་སླར་འདུས་སྙིང་གར་ཐིམ་པ་ཚུལ་གྱིས་རྩ་བའི་སྔགས་དང་། འཁོར་གྱི་ས་བོན་ཙམ་ཕྱོགས་གཅིག་ཏུ་བཟླས་པ་ལ་བརྩོན་པར་བྱའོ། །གྲངས་ནི་འདིར་མཐའ་གཅིག་ཏུ་ངེས་པར་མ་གསུངས་ཏེ། ཇི་ཙམ་གྲུབ་པར་གྱུར་པ་དེ་སྲིད་དུ་བཟླས་པར་འདོད་དོ། །སྤྱིར་གཙོ་བོ་ལ་བྱེ་བ། འཁོར་རྣམས་ལ་ཁྲི་ཕྲག་རེ་རེས་གྲངས་ཀྱི་བསྙེན་པ་གྲུབ་པར་བཞེད་པས་འདིར་ཡང་དེའི་རྗེས་སུ་འབྲང་བར་བྱའོ། །དེའང་དུས་ཐམས་ཅད་དུ་ལྷའི་དཀྱིལ་འཁོར་ལས་མི་འདའ་བའི་ཕྱིར་ཐུན་རྗེས་གསལ་བཏབ་པའི་ངང་ལས་ཕྱག་རྒྱ་བཞིའི་དོན་དང་། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་དྲན་པར་བྱས་ཏེ་མཉམ་པར་བཞག་ནས། སེམས་ཅན་གྱི་དོན་དུ་བསྔོ་བ་བྱས་ལ་ལངས་ཏེ་སྣང་སྲིད་ཐམས་ཅད་ལྷ་དང་གཞལ་ཡས་ཁང་དང་ཞིང་ཁམས་སུ་མོས་པས་སྤྱོད་ལམ་གྱི་བྱ་བ་ཅི་བདེར་བྱའོ། །གསུམ་པ་དབང་བསྐུར་ཞིང་འབྲས་བུ་བསྟན་པ་ལ་གསུམ་སྟེ། ཐུན་མོང་གི་སྔོན་དུ་འགྲོ་བ་སྦྱིན་སྲེག་བསྟན་པ། སློབ་མ་གཞུག་ཅིང་དབང་བསྐུར་བ། བསྐྱེད་རྫོགས་བསྒོམས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། སྤྱིན་སྲེག་རྣམ་པ་བཞིར་གསུངས་ཏེ། །ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་པས། ས་ཆོག་གི་ཚེ་མཚན་མ་ངན་ན་ཞི་བ། དཀྱིལ་འཁོར་རབ་ཏུ་གནས་པའི་ཚེ་རྒྱས་པ། དབང་བསྐུར་བའི་ཚེ་དབང་། སློབ་མ་སྟ་གོན་གྱི་ཚེ་རྨི་ལམ་ངན་ན་དྲག་པོའོ། །དེའང་ཐབ་ཁུང་ནི་ཞི་བ་ལ་དཀར་ཞིང་ཟླུམ་པ་སྟེ། རྩིག་པ་ཡིན་ན་ཟབས་སུ་ཁྲུ་གང་ཡོད་པའི་ཁ་ཁྱེར་བང་རིམ་གསུམ་ལ་འཁོར་ལོ་དང་རྡོ་རྗེ་ར་བ་དང་མདའ་བཞི་ཞགས་པ་དཀར་པོས་མཚན་པའོ། །བྲིས་པ་ཡིན་ན་འཁོར་ལོ་རྩིབས་བརྒྱད་པའི་མཐའ་མ་ༀ་དང་སེང་མགོ་སྤེལ་མ་དང་མདའ་བཞི་ཞགས་པ་དཀར་པོས་མཚན་པའོ། །རྒྱས་པ་ལ་གྲུ་བཞི་སེར་པོ་སྟེ། རྩིག་ན་གྲུབ་བཞི་ཁྲུ་གང་བ་བང་རིམ་གསུམ་གྱི་ནང་མ་ལ་རིན་པོ་ཆེའི་སྒྲོམ་བུ། བར་མ་ལ་རྡོ་རྗེ། མཐའ་མ་ལ་ཞགས་པ་སེར་པོས་བསྐོར་བའོ། །བྲིས་ན་རིན་པོ་ཆེ་ཟུར་བརྒྱད་པ་རྩེ་མོ་རིན་པོ་ཆེས་མཚན་པའོ། །དབང་ལ་ཟླ་གམ་དམར་པོ་སྟེ། བྲིས་ན་པདྨ་འདབ་མ་བརྒྱད། རྩིག་ན་མདའ་བཞི་གྲུ་བཞི་དམར་པོའོ། །དྲག་པོ་ལ་གྲུ་གསུམ་ནག་པོ་སྟེ། བྲིས་ན་ཁྲོ་ཞལ་གདེངས་པ། རྩིག་ན་མདའ་བཞི་ཞགས་པ་ནག་པོས་བསྐོར་བའོ། །བུད་ཤིང་ཡང་ཁ་དོག་སོ་སོའི་དབྱིབས་དང་མཐུན་པར་བརྩིགས་ཏེ། སྲེག་རྫས་ཞི་བ་ལ་དཀར་གསུམ་ཏིལ་དང་ཁ་ཟས་དཀར་པོའོ། །རྒྱས་པ་ལ་མངར་གསུམ་ཞོ་དང་འབྲུ་སྣ་ཚོགས་སེར་པོ། དབང་ལ་སྐྱུར་དང་མེ་ཏོག་བཟའ་བཏུང་སྣ་ཚོགས་དམར་པོ། དྲག་པོ་ལ་ཚ་བ་དུག་ཁྲག་ལིངྒ་སྣ་ཚོགས་ནག་པོའོ། །དེ་ནས་ཐབ་དང་སྲེག་རྫས་བསང་སྦྱངས་བྱས་ཏེ། ཡེ་ཤེས་ཀྱི་མེ་འོད་ལས་ཀྱི་ཁ་དོག་ཅན་གྱི་དབུས་སུ་ༀ་ཏྲཱཾ་ཧྲཱིཿཨཱཿལས། ལས་གང་བྱེད་ཀྱི་མེ་ལྷ་ར་སྐྱེས་ཀྱི་སྟེང་ན་བགྲང་ཕྲེང་། སྒྲོམ་བུ། ཞགས་པ། ཏྲི་ཤུལ་བསྣམས་ཤིང་། གཡོན་གུནྡྷེ་འཛིན་པ་སོ་སོའི་མདོག་ཅན་དུ་བསྐྱེད་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ༀ་ཨགྣ་ཡེ་ཨེ་ཧྱེ་ཧི་ས་མ་ཡ་ཛ་ཛཿས་སྤྱན་དྲངས་ལ་ཛཿཧཱུྃ་བྃ་ཧོཿས་བསྟིམ་པ་ལ་མར་ཁུ་དགང་བླུགས་བདུན་གྱིས་བྱོན་ཟན་ཕུལ་ནས་མཆོད་བསྟོད་བྱས་ཏེ། མེ་ལྷའི་སྔགས་དེས་སྲེག་རྫས་ལན་བདུན་ཕུལ་ལ་བསྟོད་ནས། མེ་ལྷའི་ལྟོ་བར་ཞི་རྒྱས་གཉིས་ལ་ཞི་བའི་ལྷ། དབང་དྲག་ལ་ཁྲོ་བོ་བསྐྱེད་པའམ། མ་བསྐྱེད་ཀྱང་རུང་སྟེ་སྤྱན་དྲངས་ནས་བཞུགས་པར་གྱུར་པ་ལ། བྱོན་ཟན་དགང་བླུགས་བདུན་བདུན་གྱི་རྗེས་ལ་མཆོད་བསྟོད་བྱས་ལ། ཡམ་ཤིང་ལ་སོགས་པའི་སྲེག་རྫས་སོ་སོའི་རྩ་སྔགས་ཀྱིས་ཕུལ་བའི་རྗེས་ལ། ཤཱིནྟཾ། པུཥྚིཾ། ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། མཱ་ར་ཡ་ཕཊ་བཏགས་ལ་བརྒྱའམ་སྟོང་པ་ལ་སོགས་པ་ཕུལ་ནས་འདོད་དོན་ལ་གསོལ་བ་བཏབ་སྟེ་གཤེགས་པར་གསོལ་ནས། རིགས་མཐུན་པའི་ལྷ་གཞན་དང་། ཡུལ་ལྷ་གཞི་བདག་དང། མེ་ལྷ་ཉིད་གསལ་བཏབ་ལ་ཅི་འབྱོར་བ་ཕུལ་ཏེ། ཕྲིན་ལས་བཅོལ་ནས། བཟོད་པར་གསོལ་ཏེ་གཤེགས་ནས་བཀྲ་ཤིས་ཀྱི་བར་དུ་བྱའོ། །དེས་ནི་ལས་རྣམས་འགྲུབ་ཅིང་བར་ཆད་ཞི་བར་བྱེད་པའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གསུམ་སྟེ། སློ་མ་གཞུག་པ་སྟ་གོན་གྱི་ཆོ་ག །དབང་བསྐུར་བ་དངོས་གཞིའི་རིམ་པ། ཕན་ཡོན་བསྒྲགས་ཤིང་དགའ་སྟོན་བྱ་བ་མཇུག་གི་ལས་སོ། །དང་པོ་ནི། ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་པར་གསོལ། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དཔག་དང་ཆུ་ནན་དང་། །བསྒྲག་དང་རིན་ཅེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །ཅེས་པས། སློབ་དཔོན་འཇུག་པའི་ཆོས་གཅིག་དང་། སློབ་མ་འཇུག་པའི་ཆོས་བཅུ་བདུན་ནོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་ཆས་གོས་དམར་པོ་དང་ལྡན་པས་དཀྱིལ་འཁོར་གྱི་ཤར་སྒོར་འདུག་སྟེ། མེ་ཏོག་བཟུངས་ནས་ༀ་བཛྲ་ས་མ་ཡ་ༀ་ལ་སོགས་པའི་སྔགས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་པས་བསམས་ལ། ༀ། ཡེ་ཤེས་རྒྱལ་པོ་ཞེས་པ་ལ་སོགས་པའི་མཐར། ༀ་བཛྲ་ས་མ་ཡ་སྟྭྃ་ལ་སོགས་པས་དངོས་གྲུབ་བསྐུལ་ཏེ་བདག་དང་དཀྱིལ་འཁོར་ཐ་མི་དད་པར་བཞུགས་པར་བསམ་མོ། །རེ་ཞིག་བསྡུས་པ་སྟེ། རྒྱས་པར་འཇུག་ན་སློབ་མ་འཇུག་པ་བཞིན་བྱས་ལ་དབང་ལེན་པ་ཡིན་ནོ། །དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་དྲིའི་ཆུས་ཁྲུས་བྱས་ཏེ། རས་ལ་སོགས་པའི་མིག་དར་དམར་པོས་གདོང་གཡོགས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་བཞག་གོ། །ནང་དུ་སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་ནས་འཛུམ་པ་དང་བཅས་པས་སློབ་མ་ཆུག་པར་གནང་བ་ཐོབ་པར་བསམ་མོ། །དེ་ནས་བུ་རྣམས་མིག་དར་བཀབ་པ་དེ་ལས་ཀྱི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དྲུང་མ་ཡིན་པའི་སྒོ་ནང་གི་བླ་མའི་དྲུང་དུ་ཁྲིད་ལ། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་གསོལ་ཅིང་། །ཐེག་ཆེན་ཁང་པར་གཞུག་པ་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་རྩོལ། །ཞེས་བླ་མ་ལ་ཞུའོ། །བླ་མས་བུ་ཁྱོད་ཅི་ལ་དགའ་བ་སྨྲོས་ཞེས་དྲིས་པས་ལན་དུ། སྐལ་བ་བཟང་ལ་བདག་དགའ་ཞེས་སོ། །བླ་མས། བུ་ཁྱོད་ཤོག་ཅིག་ཅི་བདེ་བའི། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོང་ཞིང་རང་སེམས་བརྟན་པར་གཟུང་། །སྒྱུ་འཕྲུལ་དྲྭ་བའི་དབང་རྫོགས་སྦྱིན། །ཞེས་སོ། །དེ་ནས་ལས་ཀྱི་སློབ་དཔོན་དེས་རྡོ་རྗེ་ཕྱེད་ལག་ཏུ་གཏད་པ་ལ་སློབ་མས་བཟུང་བ་དཀྱིལ་འཁོར་གྱི་དྲུང་དུ་ཁྲིད་ལ་ཕྱག་འཚལ་ཏེ། ༀ་སརྦ་བུདྡྷ་པཱུ་ཙ་པ་ཏ་ནཱ་མ་ཨཱ་སྨ་ནན་ནིརྻ་ཏ་ཡཱ་མི། ཞེས་པས་ལུས་དབུལ་ལོ། །བླ་མས་བི་ཤྭ་བཛྲ་ལ་སོགས་པས་བགེགས་བསྐྲད་དེ། ལག་སོར་ལྔ་རིགས་ལྔ་ཡབ་ཡུམ་བསྐྱེད་ལ་བདེན་པ་བདར་ཏེ། སོར་མོ་བསྣོལ་བས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་ནས་བུའི་སྒྲིབ་པ་བྲལ་ཏེ་འོད་དུ་ཞུ་ནས། དངུལ་ཆུ་ལྟར་གནས་པ་ལ་ཆོ་ག་གསུམ་གྱིས་སློབ་བུ་རྣམ་སྣང་དུ་བསྐྱེད་ལ་གོ་བགོ་ཞིང་བསྲུང་བ་བྱས་ཏེ་བཞག་གོ། །དེ་ནས་ཡང་། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་པ་མཛད་པ་ལྟར། །ཞེས་པ་དང་། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །ཞེས་པ་ལ་སོགས་པ་ཞུས་པའི་རྗེས་ལ། བླ་མས། ཀཱ་ཡ་སིདྡྷི་ༀ་ལ་སོགས་པ་གནས་གསུམ་དུ་འབྲུ་གསུམ་བཞག་ལ་འཕྲོ་འདུ་བྱས་ཏེ། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྷི་ༀ་ལ་སོགས་པ་བརྗོད་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན་ནོ། །དེའང་། སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་བུའི་སྙིང་གར་རྡོ་རྗེ་གཏད་ལ་དམ་ཚིག་དབོག །དེ་ནས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེའི་ཆུ་འདི་བཏུང་བར་གྱིས། །ༀ་བཛྲ་ཡཀྵ་ཧཱུྃ། ཞེས་དམ་ཚིག་གི་ཆུ་བླུད་ནས། ཡང་། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་བསྲུང་བར་གྱིས། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ༀ་བཛྲ་ཨུ་ཀ་ཏ་ཡ་ཧཱུྃ་ཋ། ཞེས་ཡོན་གྱི་ཆུ་ནན་བྱའོ། །དེ་ནས། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དོགས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །ཅེས་ཐོབ་པའི་དམ་ཚིག་གོ་བར་བསྒྲག་གོ། །དེ་ནས། མེ་ཏོག་ལ་སོགས་རིན་ཅེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་གཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་བབ་གྱུར་ཅིག །ༀ་པྲ་ཏཱི་ཛ་བཛྲ་ཧོཿས་མེ་ཏོག་གི་ཅོད་པན་དོར་ལ་ལྷ་གང་ལ་ལས་འབྲེལ་ཡོད་པ་བརྟག་གོ། །དེ་ནས་མེ་ཏོག་བླངས་ལ་སྤྱི་བོར་བཞག་ལ། མེ་ཏོག་ཕོག་པའི་ལྷ་དེ་ཉིད་ཨེ་ཧྱེ་ཧིས་བུའི་སྤྱི་བོར་སྤྱན་དྲངས་ཛཿཧཱུྃ་བྃ་ཧོཿས་བསྟིམས་ལ། བདེན་པའི་ཚིག་གི་རྗེས་སུ། ལྷ་དེའི་མཚན་ནས་བརྗོད་ནས་སློབ་མ་འདིའི་སྙིང་ལ་ཞུགས་ཏེ་འདི་ཕྱིར་དངོས་གྲུབ་ཕུན་སུམ་ཚོགས་པ་འགྲུབ་པར་གྱུར་ཅིག་ཅེས་བརྗོད་ནས། པྲ་བེ་ཤས་བུའི་ཁོག་པ་ཁ་ཕྱེ་བར་བསམས་ལ། ཨཱ་བེ་ཤས་ལྷ་དང་དེ་ཉིད་གཉིས་སུ་མེད་པར་བསམ་མོ། །དེ་ནས་མེ་ཏོག་ཕོག་པའི་ལྷའི་རིགས་དང་བསྟུན་ལ། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་གསང་མཚན་གདགས་ཤིང་། ལྷ་དེའི་སྒོམ་བཟླས་དབོག་གོ། །དེ་ནས། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་ལ་བལྟ་བར་བྱ། །སངས་རྒྱས་གསུང་གི་རིགས་སུ་འཁྲུངས། །དངོས་གྲུབ་མཆོག་ཏུ་གྱུར་པར་བྱེད། །བཛྲ་ཙཀྵུཿཔྲ་བེ་ཤ་ཕཊཿ ཅེས་པས་གདོང་གཡོགས་དཀྲོལ་ནས་མིག་ཕྱེ་བས་མ་རིག་པའི་མུན་པ་བསལ། ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བར་མོས་པར་བྱའོ། །དེ་ནས་ཆོས་རྣམས་ཐམས་ཅད་གཉིས་མེད་པའི། །དབྱིངས་སུ་ཐིམ་པའི་འོད་ཟེར་གསལ། །གཅིག་དང་སྤྲོས་པ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པོའི་ཚུལ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་དོན་རྟགས་རྣམས་དང་། ཐམས་ཅད་རང་བཞིན་རྣམ་དག་ཕྱིར། །སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ཉིད་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །མཚན་ཉིད་ལེགས་པར་ཤེས་པར་བྱ། །ཞེས་པས་ལྷའི་དེ་ཁོ་ན་ཉིད་རྣམས་བསྟན་ཏོ། །དེ་ནས་ཡོན་ཅི་འབྱོར་པ་དངོས་སམ་མེད་ཀྱང་ཁས་བླང་བ་དང་ཡིད་ཀྱིས་ཀྱང་དབུལ་ཏེ། ཧོཿ མི་གནས་པའི་ཡེ་ཤེས་ཆེན་པོའི་བདག་ཉིད་གསང་བའི་དཀྱིལ་འཁོར་དང་བཅས་པ་དགོངས་སུ་གསོལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བླ་མ་རྡོ་རྗེ་འཛིན་པ་ཆེ་གེ་མོའི་ཞལ་སྔ་ནས། བསྐལ་པ་ཞིང་གི་རྡུལ་སྙེད་ནས་ཤིན་ཏུ་ཕྲ་བའི་ཆོས་ཉིད་ལ་ཐུགས་སྦྱངས་པས། ད་ལྟ་གསང་བའི་དཀྱིལ་འཁོར་ཆེན་པོའི་མངའ་བདག་ཏུ་བཞུགས་པ་ཧོཿཞིང་མཆིས་ལགས། དེ་དག་ཀུན་གྱི་ཐུན་མོང་མ་ཡིན་པའི་བཀའ་ཟབ་མོ་སྒྱུ་འཕྲུལ་དྲྭ་བའི་དབང་འདི་ལྟ་བུ་ཞིག་ཞུས་ན། སྣོད་དང་མི་ལྡན་པ་ཞིག་མཆིས་ནའང་སེམས་ཅན་རང་བཞིན་གྱི་དཀྱིལ་འཁོར་ཅན་ལ་དགོངས་ནས། གནང་བ་ཧོཿཞིང་མཆིས་ལགས། བཀའ་དྲིན་གྱི་ལན་ཞོ་ཤ་མ་སྐྱུད་པའི་མཚན་མ་ཙམ་འདི་དག་འབུལ་ལགས། ཞེས་ཡོན་ཁས་བླང་ངོ་། །སློབ་མ་འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་དངོས་གཞིའི་རིམ་པ་ལ་གཉིས་ལས། དང་པོར་ཕན་པའི་དབང་བཅུ་བསྐུར་བ་ནི། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་པས། སློབ་མ་ལྷར་གསལ་པ་ལ། རིན་པོ་ཆེའི་དབུ་རྒྱན་བཅིངས་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ་ཕྱིར་མི་ལྡོག་པའི་མཚོན་བྱེད་དུ་རིགས་ལྔས་དབུ་བརྒྱན་པའོ། །དེའང་རྣམ་པར་ཤེས་པའི་ཚོགས་ཡེ་ཤེས་ལྔར་གསལ་བའི་དགོས་པ་ཡོད་དོ། །ཅོད་པན་བཅིངས་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་དགོས་པ་ཡོད་དོ། །ཕྲེང་བས་བྱང་ཆུབ་ཀྱི་ཡན་ལག་ཐོབ་ཅིང་གཟུགས་དང་ཏིང་ངེ་འཛིན་ཐོབ་པའི་དགོས་པ་ཡོད་དོ། །དེ་བཞིན་དུ་གོ་ཆས་ཉོན་མོངས་པའི་མཚོན་གྱིས་མི་ཚུགས་ཤིང་རྩ་གནས་དྲྭ་བའི་ཚུལ་དུ་གནས་པ་ས་ཡ་ཕྲག་བཅུ་གསུམ་དག་པར་བྱེད་པའོ། །རྒྱལ་མཚན་གྱིས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ་འཁོར་བའི་གཡུལ་ལས་རྒྱལ་བར་བྱེད་པའོ། །ཕྱག་རྒྱས་ནི་རྟོག་ཚོགས་བཞི་བཅུ་རྩ་གཉིས་ཡི་གེ་འཁོར་ལོའི་ས་ཐོབ་པར་བྱེད་དོ། །གདུགས་ཀྱིས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་ཅིང་ཐུགས་རྗེའི་ཆར་འབེབས་པ་སྟེ་དུང་ཁང་ན་རྩ་འདབ་སུམ་ཅུ་རྩ་གཉིས་དག་པར་བྱེད་པའོ། །བུམ་པས་ཉོན་མོངས་པའི་དྲི་མ་སྦྱོང་ཞིང་ཟག་པ་མེད་པའི་ཆུ་རྒྱུན་གྱིས་རྒྱུད་བརླན་པར་བྱེད་པའོ། །བཟའ་བཏུང་ནི་འདོད་ཡོན་རྒྱན་དུ་ཤར་བས་རྒུད་པ་སེལ་ཞིང་བསམ་གཏན་གྱི་བདེ་བས་ཚིམ་པར་བྱེད་པའོ། །སྙིང་པོ་ལྔ་ནི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔ། ཡེ་ཤེས་ལྔ་དང་རིགས་ལྔར་དག་པར་བྱེད་པའོ། །དེ་ལྟར་དབང་བཅུ་ནི་སོ་སོའི་དབང་རྫས་ཀྱིས་བསྐུར་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པའི་ནུས་པ་དང་ལྡན་པར་བསམ་མོ། །དེ་དག་གི་ངོ་བོ་ནི་ཐལ་བ་ལས། ཁམས་བཅུ་བདེ་བའི་ལམ་གཉིས་དང་། །དབུ་མ་བཅུད་མདུད་ཚད་ལྡན་པར། །དྲྭ་བའི་རྩ་དང་དབང་པོ་དང་། །ཕུང་སོགས་ཡེ་ཤེས་བདེ་འཁོར་ལོ། །ཧཱུྃ་གིས་བདེ་བའི་ཡེ་ཤེས་བཅས། །ཚོགས་བརྒྱད་རང་བཞིན་ཡེ་ཤེས་ལྔ། །སྔགས་རྫས་དགོངས་པས་གང་བླངས་པ། །ཀུན་ནས་ལྡང་ཞིང་སྐྱོབ་པ་ཡིས། །སྡུག་བསྔལ་ལས་གྲོལ་རིགས་སུ་ངེས། །ཞེས་སོ། །གཉིས་པ་ནུས་པའི་དབང་ལྔ་ལས། ཉན་པའི་དབང་ནི། བླ་མ་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་ཡི་གེ་བྷྲཱུྃ་དམར་སེར་གཅིག་འཕྲོས་པ་སློབ་བུའི་རྣ་བའི་ནང་དུ་ཕོག་པར་བསམ་ཞིང་། ལས་ཀྱི་རྡོ་རྗེས་དེར་བདུད་རྩིའི་ཐིག་ལེ་རེ་བྱས་ལ། བྷྲཱུྃ་ཞུ་བ་ལས་རྣ་བ་གཉིས་སུ་འཁོར་ལོ་རྩིབས་བཞི་གྲུ་ཆད་བཞི་ལ་སྒོ་བཞི་གཏོད་པར། ཡི་གེ་ཏྲཱཾ་ཟུང་ལྔ་ཡ་བཅུ་ཛཿཧཱུྃ་བྃ་ཧོཿདང་བཅས་པ་འོད་དུ་ཞུ་བ་ལས། རིན་ཅེན་འབྱུང་ལྡན་ཡབ་ཡུམ་གྱི་ཕྱོགས་བཞིར། རྡོ་རྗེ་རིན་ཅེན། ཉི་མ། རྒྱལ་མཚན། ཞགས་པ་བཞི། ཡུམ་མཱ་ལེ། པུཥྤེ། པ་ཤ། རྡོ་རྗེ་བདེ་མ་སྟེ་ཕོ་བྲང་གི་ལྷ་བཅུ། སྒོ་བ་ཡབ་ཡུམ་དང་བཅས་ཏེ་བཅོ་བརྒྱད་གསལ་བཏབ་ལ། བླ་མའི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ལ་འོག་མིན་ནས་ཡེ་ཤེས་པ་དེ་འདྲ་བ་སྤྱན་དྲངས་ཏེ་བསྟིམས་པས། སྤྱིར་སྒྲིབ་པ་མཐའ་དག་དག་ཅིང་སྒོས་སུ་ཆོས་ཉན་པ་ལ་སྒྲིབ་པ་ཐམས་ཅད་དག་སྟེ། སློབ་མ་ལྷ་དང་བཅས་པ་འོད་དུ་ཞུ་བ་རིན་ཅེན་འབྱུང་ལྡན་དུ་བསྐྱེད་པ་ལ་གསང་བའི་སྙིང་པོའི་པོ་ཏི་གཏད་དེ། ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་གང་། །གསང་བ་ཀུན་ལས་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ཞེས་བསྒྲག་གོ། །དེ་བཞིན་དུ་འོག་མ་ལའང་འགྲེས་ལ། གཉིས་པ་སྒོམ་པའི་དབང་ནི་མེ་ཏོག་ཕོག་པའི་ལྷ་གང་ཡིན་གྱི་རིགས་ལྔའི་ས་བོན་ལས་དེའི་དཀྱིལ་འཁོར་བསྐྱེད་དེ་ཞུ་བ་ལས། ཡང་ལྷ་དེ་ཉིད་དུ་བསྐྱེད་ལ། དབང་རྫས་ཕྲེང་བ་གཏད་དེ། ༀ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ཞེས་བརྗོད་དོ། །སངས་རྒྱས་གསང་བས་སྙིང་ནང་དུ་ཧཱུྃ་ལས་རྡོ་རྗེར་གྱུར་པ་མི་བསྐྱོད་པར་བསམས་པ་ལས། དབང་རྫས་རྡོ་རྗེ་ཉིད་དུ་སྦྱོར་བས་མཛད་དོ། །གསུམ་པ་འཆད་པའི་དབང་ནི་ལྕེ་ལ་བྷྲཱུཾ་འཕྲོས་གཞལ་ཡས་ཁང་གི་རྣམ་པར་གྱུར་པའི་ནང་དུ་ཧྲཱིཿདང་ཛཿཧཱུྃ་བྃ་ཧོཿར་གྱུར་པ་ལས། སྣང་བ་མཐའ་ཡས་ཡབ་ཡུམ་ལ། རྡོ་རྗེ་ཆོས། རྣོན་པོ། འཁོར་ལོ། སྨྲ་བ་བཞི། ཡུམ་གླུ་མ། མར་མེ། ལྕགས་སྒྲོག །གསལ་བཀྲ་མ་དང་བཅས་པ་སྔར་བཞིན་ནོ། །དབང་རྫས་ཚར་རྣོན་འཁོར་ལོ་བྲིས་པ་ལག་ཏུ་གཏད་དེ། ༀ། ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམ་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །ཞེས་བརྗོད་དོ། །བཞི་པ་ཕྲིན་ལས་ཀྱི་དབང་ནི་ལག་པ་གཉིས་ལ་སྔར་བཞིན་གཞལ་ཡས་ཁང་དུ་ཧཱུྃ་ལ་སོགས་པ་གྱུར་པས། དོན་ཡོད་གྲུབ་པ་ཡབ་ཡུམ་ལ། རྡོ་རྗེ་ལས། བསྲུང་པ། གནོད་སྦྱིན། ཁུ་ཚུར། ཡུམ་གར་མ། བྱུག་པ། དྲི་འཁྲོལ། འབེབས་མ་དང་བཅས་པའི་དམིགས་པ་སྔར་བཞིན་འགྲེས་ལ། དབང་རྫས་རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་དེ། ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འཕྲོ་འདུ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །ཞེས་བརྗོད་དོ། །ལྔ་པ་རྡོ་རྗེ་རྒྱལ་པོའི་དབང་ནི་མགོ་དང་ཡན་ལག་ལ་དཀྱིལ་འཁོར་ལྔ་དང་ཕྱི་རོལ་ཏུ་ཁྲོ་ཕྲེང་བསྒོམ་སྟེ། དེའང་དཔུང་མགོ་གཡས་སུ་མི་བསྐྱོད་པ་ཡབ་ཡུམ་གྱི་ཕྱོགས་བཞིར་སེམས་དཔའ་རྡོ་རྗེ། རིན་ཅེན་རྡོ་རྗེ། ཆོས་རྡོ་རྗེ། ལས་རྡོ་རྗེ། ཡུམ་ལྡན་མ་རྡོ་རྗེ། འབར་མ་རྡོ་རྗེ། སྡུད་མ་རྡོ་རྗེ། བསྐྱོད་མ་རྡོ་རྗེའོ། །མགོ་ལ་རྣམ་སྣང་ཡབ་ཡུམ། རྡོ་རྗེ་སེམས་དཔའ། རྒྱལ་པོ། ཆགས་པ། ལེགས་པ། ཡུམ་རྡོ་རྗེ་སྒེག་མོ། བདུག་པ། ལྕགས་ཀྱུ། སྒྲོལ་མའོ། །གཡོན་གྱི་དཔུང་མགོར་རིན་ཅེན་འབྱུང་ལྡན་གྱི་དཀྱིལ་འཁོར་སྔར་སྨོས་པ་བཞིན་ནོ། །རྐང་པ་གཡས་གཡོན་ལ་དོན་གྲུབ་དང་། འོད་དཔག་མེད་ཀྱི་དཀྱིལ་འཁོར་སྔར་བཞིན་ནོ། །ཕྱི་རོལ་གྱི་ཕྱོགས་མཚམས་སྟེང་འོག་བཅུར་ཁྲོ་བོ་བཅུའི་དཀྱིལ་འཁོར་བསྒོམས་ལ་ཡེ་ཤེས་པ་བསྟིམས་ཏེ། དགྱེས་ནས་སྦྱོར་བ་མཛད་པ་འོད་དུ་ཞུ་བས་སློབ་མ་ཀུན་ཏུ་བཟང་པོར་བསྐྱེད་ལ། དབང་རྫས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་དེ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །ཅེས་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་ཟབ་དབང་གི་དོན་དུ་མཎྜལ་ཕུལ་ལ་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ཏེ། སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཧཱུྃ་གི་རྣམ་པའི་རྒྱུན་ཡབ་ཀྱི་རྡོ་རྗེ་ནས་བྱུང་བ། ཡུམ་གྱི་པདྨའི་རྩེར་བསྐྱིལ་བ་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་སློབ་མའི་ལྕེ་ཐོག་ཏུ་བཞག་ན་ཐབས་ཀྱི་གསང་དབང་། དེ་མ་ནུས་ན་ཡུམ་གྱི་པདྨའི་སྣ་རྩེ་ནས་བུས་ལེན་པ་ནི་ཤེས་རབ་ཀྱི་གསང་དབང་། དེ་ཡང་མ་ནུས་ན་ཡབ་ཡུམ་གྱི་མཁའ་ནས་ཡབ་ཀྱི་ལྕེ་ཡིས་བླངས་ཏེ་བུའི་ལྕེ་ཐོག་ཏུ་སྟེར་བ་ཐབས་ཤེས་རབ་གཉིས་སུ་མེད་པའི་གསང་དབང་བསྐུར་བའོ། །དེ་ལྟར་ལྕེ་ཐོག་ཏུ་བཞག་པས་བདུད་རྩིའི་རྒྱུན་སྙིང་གར་བབས་ཏེ། འགྲོ་དྲུག་གི་ལས་དང་གཉིད་ཀྱི་བག་ཆགས་སྦྱངས་བདེ་གསལ་མི་རྟོག་པའི་ངང་ལ་བློ་གནས་པར་བྱའོ། །དེ་ནས་ཤེས་རབ་མ་ཉིད་བུ་དང་བཅས་པ་གསང་དབང་བཞིན་བྱིན་གྱིས་བརླབས་པ་བྱས་ཏེ། སྙོམས་པར་འཇུག་པའི་བྱང་ཆུབ་ཀྱི་སེམས་པདྨའི་རྩེར་བབས་པ་ལས་ནུས་པས་བཟློག་ཅིང་བདེ་བའི་ངང་དེར་བླ་མས་གསལ་གདབ་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་བདེ་བའི་ངང་དེ་ཉིད་གང་དུའང་མ་གྲུབ་པའི་རང་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྫོགས་པ་ཆེན་པོའི་ངོ་བོར་ངོ་སྤྲད་པ་ནི་བདེ་བ་ཆེན་པོའི་དབང་སྟེ་མཐར་ཐུག་གི་ལམ་མོ། །འདིར་བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་མ་བླངས་པར་གཞན་ལ་གསང་དབང་བསྐུར་བར་མི་ནུས་ཤིང་། སློབ་མས་ཀྱང་དབང་ཡོངས་སུ་རྫོགས་པར་མ་བྱས་པར་ལམ་མི་བགྲོད་པར་དེ་ལྟར་བསྐུར་ཞིང་ལེན་པར་བྱེད་པ་ཡིན་ནོ། །དེ་ནི་སློབ་མ་བློ་སྟོབས་ཅན་ཆགས་པ་དང་མ་བྲལ་བའི་དབང་དུ་བྱས་པའོ། །བློའི་སྟོབས་ཆུང་བ་གྲོལ་ལམ་པ་ལ་ནི་ཏིང་ངེ་འཛིན་དང་བྱང་ཆུབ་བདུད་རྩིའི་རིལ་བུ་ཙམ་གྱིས་བྱེད་པའོ། །ཁ་ཅིག་འདིར་གསང་དབང་ཙམ་དུ་འདོད་པས་ནི་དངོས་དང་ཤུགས་ཀྱི་དོན་མ་མཐོང་བ་ཡིན་ནོ། །དེ་དག་གི་རིམ་པའང་། རྡོ་རྗེ་ལས། དང་པོས་ས་བོན་འཇོག་པ་སྟེ། །གཉིས་པས་ནུས་པ་བསྐྱེད་པ་ཡིན། །གསུམ་པས་ཉམས་མྱོང་བསྐྱེད་པའོ། །བཞི་བས་དེ་ཉིད་བརྟན་པར་བྱེད། །ལྔ་པ་བརྟན་པས་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །ཅེས་སོ། །དེའང་སློབ་དཔོན་སྔ་མ་ཁ་ཅིག་ཕན་དབང་བཅུ། ནུས་དབང་ལྔ། ཟབ་དབང་གསུམ་སྟེ་བཅོ་བརྒྱད་དུ་འདོད་ཅིང་། ཁ་ཅིག་ཟབ་དབང་གསུམ་གཅིག་ཏུ་བསྡུས་ནས་བཅུ་དྲུག་ཏུ་འདོད་ཀྱང་། འདིར་ཕན་པའི་དབང་དང་ནུས་པའི་དབང་ཞེས་གཉིས་སུ་བསྡུས་པས། ཟབ་དབང་ནི་ནུས་དབང་གི་ཁོངས་སུ་འདུ་བས་བཅོ་ལྔ་ཁོ་ནའོ། །གསུམ་པ་ཕན་ཡོན་བསྒྲགས་ཤིང་དགའ་སྟོན་བྱ་བ་མཇུག་གི་ལས་ལ་ལྔ་ལས། དང་པོ་དབང་བསྐུར་བའི་ཕན་ཡོན་ལ་རྒྱལ་བའི་སྲས་སུ་ཆུད་པ། ཐེག་པ་དམན་པར་མི་ལྡོག་པ། དུས་ཉེ་བ། ལུང་བསྟན་ཐོབ་པ་བཞི་ལས། རྒྱལ་བའི་སྲས་སུ་ཆུད་པ་ནི་དབང་ཐོབ་པ་དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་སྲས་སུ་དགོངས་ཤིང་། ཚེ་འདི་ཉིད་ལ་འདོད་པ་འགྲུབ་ཅིང་། ཕྱི་མར་མཐོ་རིས་དང་ཐར་པ་འགྲུབ་ལ། ངན་སོང་ཐམས་ཅད་རྒྱུན་ཆད་པ་སྟེ། འདི་ཉིད་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །ཐེག་པ་དམན་པར་མི་ལྡོག་པ་ནི་རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིག །གསང་ཆེན་ཐེག་པ་འདི་རུ་ནི། །ཞུགས་པ་གང་དང་གང་ཡིན་པ། །དེ་ནི་རྒྱལ་སྲས་ས་པ་ཡིན། །ཞེས་སོ། །དུས་ཉེ་བ་ནི་དེ་ཉིད་ལས། གཞན་ཚེ་བཅུ་དྲུག་གིས་ཐོབ་པ། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །རྒྱལ་བའི་སྲས་ཀྱི་ས་ཐོབ་ཀྱང་། །དཀྱིལ་འཁོར་གསང་བར་མ་གྱུར་ན། །ཇི་ལྟར་ཁྱོད་ཀྱི་དེ་བྱུང་བ། །དེ་བཞིན་ཐེག་པ་ཡིད་ཆེས་གྱིས། །སྐྱེས་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་དངོས་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བའི་སངས་རྒྱས་ཉིད་ཐོབ་འགྱུར། །རྒྱལ་བའི་སྲས་ཀྱི་ས་ཐོབ་ཀྱང་། །བསྐལ་པ་གྲངས་མེད་གཉིས་ཀ་སྤྱོད། །གསང་བའི་ཐེག་པར་མ་ཞུགས་པས། །བཅུ་དྲུག་གིས་ནི་འགྱུར་མ་ཡིན། །ཞེས་པ་དང་། ཡང་རྒྱུད་གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒྲུབས་པ་ཡང་དངོས་གྲུབ་འཐོབ། །ཅེས་སོ། །ལུང་བསྟན་ཐོབ་པ་ནི། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། སློབ་མ་དཀྱིལ་འཁོར་བཙུད་ནས་ཀྱང་། །ཡོན་གྱི་མཆོག་དག་བླངས་ནས་ནི། །རྡོ་རྗེའི་མིང་གི་དབང་བསྒྱུར་བས། །དེ་བཞིན་གཤེགས་པར་དེ་ལུང་བསྟན། །ཕྱག་རྒྱའི་སྦྱོར་བ་འདི་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །དེ་ནས་སངས་རྒྱས་སུ་ཡང་འགྱུར། །ཞེས་སོ། །དེའང་ས་ཐོབ་པའི་ཡོན་ཏན་དང་དབང་ཐོབ་པ་གཉིས་རྫུ་འཕྲུལ་ལ་སོགས་པ་མི་འདྲ་ཡང་། སངས་རྒྱས་ཐོབ་པ་ལ་འདི་ཉིད་ཉེ་བས་ལམ་ཟབ་པ་ཡིན་ནོ། །གཉིས་པ་དབང་མ་ཐོབ་པའི་སྐྱོན་ནི། འདི་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་དང་། བྱ་རྒྱུད་ལས་ཀྱང་། གང་ཞིག་བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །གང་ཞིག་དཀྱིལ་འཁོར་དུ་ནི་མ་ཞུགས་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་སོ། །གསུམ་པ་བླ་མ་མཉེས་པར་བྱ་བ་ནི་དགོངས་འདུས་ལས། དམ་པ་བླ་མ་བཤེས་གཉེན་ཞེས། །བརྗོད་པའི་ཐོག་མར་ཞེ་ས་གཞུག །ཁྱད་པར་ཅིས་ཀྱང་མཉེས་པར་བྱ། །ཞེས་སོ། །ཇི་ལྟར་མཉེས་པར་བྱ་བ་ཡང་དེ་ལས། མཉེས་པར་བྱ་བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་རྒྱུ་མེད་པའི་དྲང་ཐད་དང་། །ཁ་གསགས་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་སོ། །དེའང་བླ་མའི་བཀའ་མི་བཅག་ཅིང་ཅི་བྱེད་ཀྱང་ཞུས་ཏེ་བྱ་བ་ཡང་། དེ་ལས། དཀྱིལ་འཁོར་ལ་སོགས་སྦྱིན་སྲེག་དང་། །སློབ་མ་གཟུང་དང་ཆོས་སྨྲ་བ། །ལུང་མ་བྱུང་བར་མི་བརྩམ་སྟེ། །དམ་པའི་ཡུལ་ནས་དེ་མི་རིགས། །གང་དེས་གཞན་གྱི་དོན་བྱས་ན། །དེ་ཡིས་ཡོ་བྱད་མི་སྤྱད་དེ། །དེ་ཀུན་དམ་པ་དེ་ལ་དབུལ། །དམ་པའི་སློབ་མ་སློབ་མར་ཡང་། །དམ་པའི་མདུན་དུ་མི་རིགས་སོ། །ཞེས་སོ། །བླ་མའི་ཡོ་བྱད་རང་དགར་སྤྱོད་ནའང་སྐྱོན་དུ་འགྱུར་ཏེ་དེ་ལས། དམ་པའི་ཡོ་བྱད་མངའ་དབུལ་བའི། །ཕོངས་པ་དེ་ཡིས་གཞན་བསྒྲལ་ན། །དེ་ཡང་དབུལ་པོ་ཉིད་དུ་འགྱུར། །འཚོ་བ་དམ་པ་དང་བྲལ་བས། །ལོངས་སྤྱོད་ཆེན་པོས་ཕོངས་པ་ནི། །མུ་གེའི་དགོན་པ་ཉིད་དུ་ལྷུང་། །ཞེས་སོ། །དེའང་བླ་མར་བཟུང་ནས་གུས་པར་བྱ་སྟེ། དམ་པར་བཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུང་པོར་ག་ལ་སྲིད། །གལ་ཏེ་དེ་ཡིས་རྒྱ་ཉམས་ན། །རྡོ་རྗེའི་དམྱལ་བར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་ཆེན་པོར་འགྱུར། །ཞེས་པ་དང་། རྔམ་གློག་ལས། གལ་ཏེ་ཡོན་ཏན་མི་ལྡན་ཡང་། །བླ་མར་བཟུང་ནས་སྤངས་བྱས་ན། །ཀུན་གྱི་སློབ་དཔོན་བརྙས་པ་ཡིན། །དུས་གསུམ་སངས་རྒྱས་སྐུར་བ་ཡིན། །དེ་ཡིས་ཉེས་པ་བརྗོད་མི་ལོང་། །ཞེས་སོ། །མདོར་ན་ཉེས་པ་ཚད་མེད་དེ། རྡོ་རྗེ་ལས་རིམ་ལས། དངོས་གྲུབ་ཞིང་གྱུར་དབང་ཕྱུག་ནི། །སངས་རྒྱས་ཀུན་གྱི་མཚན་ཉིད་དེ། །འབད་པས་མཉེས་པར་མི་བྱེད་པ། །བསྐལ་པར་བསྒྲིབས་ནས་མུན་ནག་སོགས། །བདེ་བས་རབ་ཏུ་བྲེལ་གྱུར་ཅིང་། །ཐབས་དང་ཤེས་རབ་ལ་སོགས་ལམ། །ཤིན་ཏུ་རིང་བར་འགྱུར་བ་ཡིན། །ནུས་མཐུ་བྱིན་ལྡན་བདེ་གཤེགས་ལུང་། །ནོར་བུ་རྒྱ་མཚོ་མཁའ་ལྟ་བུ། །ས་བཅུའི་སེམས་དཔའ་ཆེན་པོས་ཀྱང་། །ནུས་མཐུ་གཟུ་ལུམ་མ་ཡིན་ཕྱིར། །གུས་པའི་རིམ་པས་བླང་བར་བྱ། །ཞེས་སོ། །བཞི་པ་དམ་ཚིག་བསྲུང་བ་ནི། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་བས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །ལྔ་པ་དགའ་སྟོན་བྱ་བ་ནི། །འདི་ལས། དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །གསུམ་པ་བསྐྱེད་རྫོགས་བསྒོམས་པའི་འབྲས་བུ་བསྟན་པ་ལ་གཉིས་ལས། གནས་སྐབས་སུ་དབང་ཐོབ་པ་དེས་དམ་ཚིག་ལ་གནས་ཤིང་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྒོམས་པས། རྣམ་པར་སྨིན་པའི་རིག་འཛིན་ལས་ཚེ་ལ་དབང་བའི་རིག་འཛིན་འཐོབ་སྟེ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །དེའི་རྟེན་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་གྲུབ་ནས། གཉིས་པ་མཐར་ཐུག་གི་འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་སྟེ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱི་རྫོགས་པ་ནི། །ཞེས་པ་ལ་སོགས་པ་སྟེ། ཚེ་ལོ་བརྒྱ་བའི་ཚེ་ལོ་བཅུ་དྲུག་ཙམ་ན་མཆོག་འགྲུབ་པར་གྲགས་ཀྱང་། རང་རང་གི་རིག་འཛིན་དེ་དུས་ཀྱི་མི་ཚེ་གང་ཡོད་ལ་བརྩིས་པའི་ཚེ་བཅུ་དྲུག་གི་ལོ་གྲངས་ན་འགྲུབ་བོ། །དེའང་། རྡོ་རྗེ་རྩེ་མོ་ལས། སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བའི་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་སོ། །སྤྱིའི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དཀྱིལ་འཁོར་གསུངས་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་ལ་དགྱེས་པ་ཆེན་པོས་ཀུན་ཏུ་བཟང་པོ་ཉིད་རྡོ་རྗེེ་གསང་བའི་དམ་ཚིག་གི་དཀྱིལ་འཁོར་བཀོད་དེ་དབང་བསྐུར་བའི་རིམ་པ་ལ་སྙོམས་པར་ཞུགས་པ་སྟེ་ཡུམ་དང་ལྷན་ཅིག་ཕྱོགས་ནས་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། དབང་པོ་རབ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ། དམན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ། གང་དུ་དབང་་བསྐུར་བའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་དགོད་ཅིང་སྦྱིན་སྲེག་བྱ་བ། སྣང་ལ་རང་བཞིན་མེད་པའི་མཆོད་པ་དབུལ་བ། འཇུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་དགོད་པ་དང་། སྦྱིན་སྲེག་བྱ་བའོ། །དང་པོ་ལ་གཉིས་ཏེ། དཀྱིལ་འཁོར་བསྟན་པ་དང་། མཆོད་པ་བཤམ་པའོ། །དང་པོ་ལ་ལྔ་ལས། དང་པོ་གནས་གང་དུ་དཀྱིལ་འཁོར་དགོད་པ་ནི་མཆོག་ཏུ་གསང་བའི་བདེ་བ་ཆེན་པོ་ནི་ཤེས་ཤིང་རིག་པར་དཀར་བས་ཤིན་ཏུ་ཕྲ་བའི་དོན་ཡིན་ལ། དེ་ཉིད་ཚེ་འདིར་མཆོག་བསྒྲུབ་པའི་མེད་དུ་མི་རུང་བའི་དམ་ཚིག་གི་མཆོག་ཡིན་པས་ན། དེ་གང་ལས་སྐྱེས་ཤིང་འཛིན་པ་ཕྱག་རྒྱ་མཚན་ལྡན་བདེ་བ་ཆེན་པོས་ལུས་རྒྱས་པའི་ཕྱག་མཐིལ་ཡུམ་མཁའ་རྣམ་པར་དག་པ་ཉིད་དུ་དབང་བསྐུར་བའི་དཀྱིལ་འཁོར་གནས་སོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ་ཉིད་སོར་གྱི་ཚད་ནི་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་བཞི་ཡི་ཚད་དུ་བྱ་བའོ། །དེ་སྐད་དུའང་ཀློང་གསལ་ལས། ཡུམ་མཁའ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཟབ་མོའི་དཀྱིལ་འཁོར་ཏེ། །ཡེ་ཤེས་བཞི་ཡི་རང་བཞིན་དུ། །གཉིས་སུ་མེད་པར་དབང་ཉིད་བསྐུར། །ཞེས་པ་ལྟར་རོ། །གསུམ་པ་ཐིག་གདབ་པ་ནི། གནས་དེའི་རྒྱུད་སྦྱོང་བ་སྟེ། དེའང་འབྲུ་ལྔ་ནི་སྐྱེ་བའི་ས་བོན་ཏེ་དུག་ལྔ་ཡེ་ཤེས་སུ་གནས་པའོ། །སྤོས་ལྔ་ནི་དེ་ཉིད་གནས་སུ་དག་པའི་ཡེ་ཤེས་ལྔའོ། །རིན་ཅེན་ལྔ་ནི་ཕུང་པོ་ལྔའོ། །སྙིང་པོ་ལྔ་ནི་སྐུ་ལྔའོ། །སྨན་ལྔ་དང་ནི་རིགས་ལྔའོ། །བདུད་རྩི་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དབྱེར་མི་ཕྱེད་པའི་སེམས་ཉིད་རྣམ་པར་དག་ཅིང་འོད་གསལ་བའོ། །རབ་མཉམ་ལ་ཞེས་པ་ནི་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་པས་ཆོས་ཐམས་ཅད་སངས་རྒྱས་པར་མཉམ་པ་ཉིད་དུ་སྟོན་པའོ། །དེ་ལྟར་རིག་པས་ཡུམ་གྱི་རྒྱུད་ཡེ་ཤེས་ཆེན་པོར་གསལ་བའི་ཚངས་ཐིག་གི་མཆོག་རྣམ་པར་དག་པ་ནི་གསལ་གདབ་བར་བྱའོ། །དེའང་སྔར་གསང་སྔགས་ལ་རྒྱུད་མ་སྦྱངས་པའི་ཕྱག་རྒྱ་ཡིན་ན་སློབ་དཔོན་དེས་དགེ་བསྙེན་ནས་རིམ་གྱིས་རྒྱུད་དག་པར་གསལ་བར་བྱེད་པའི་ཐིག་རྣམས་གདབ་པར་བྱའོ། །རྒྱུད་སྦྱང་ཟིན་ལ་ནི་བསྐྱེད་རྫོགས་ལ་སོགས་པ་དང་། རྩ་བཙལ་བ་ལ་སོགས་པའི་ཆོ་ག་བྱེད་པ་ལ་ཐིག་ཏུ་བརྗོོད་པ་ཡིན་ནོ། །འདིར་ཁ་ཅིག་བ་སོ་ལ་སོགས་པ་ལ་དཀྱིལ་འཁོར་སོར་བཞི་བྲི་བ་སྟེ། དེ་ལ་ཐིག་གདབ་པ་ཡང་། ཕུང་པོ་ལྔ་དག་པ་སྐུ་ལྔའི་རང་བཞིན་ནས། གྲོ། སྲན་མ། ཏིལ། འབྲས་ཏེ་འབྲུ་ལྔ། དབང་པོ་ལྔ་དག་པ་ཕྲིན་ལས་ལྔའི་རང་བཞིན་ག་བུར། གུར་གུམ། ཙནྡན་དཀར་དམར། ཨ་ཀ་རུ་སྟེ་སྤོས་ལྔ། ཡུལ་ལྔ་དག་པ་ཡོན་ཏན་ལྔའི་རང་བཞིན་གསེར། དངུལ། བྱུ་རུ། མུ་ཏིག །ནོར་བུ་སྟེ་རིན་ཅེན་ལྔ། རྣམ་ཤེས་ལྔ་དག་པ་ཡེ་ཤེས་ལྔའི་རང་བཞིན་ལན་ཚྭ། སྦྲང་། བུ་རམ། མར། ཤིང་འབྲས་ཏེ་སྙིང་པོ་ལྔ། འདོད་ཡོན་ལྔ་དག་པ་གསུང་ལྔའི་རང་བཞིན་ཤུ་དག་དཀར་པོ། དབང་པོ་ལག་པ། སླེ་ཏྲེས། ཀཎྜ་ཀ་རི། ཨ་མྲའི་འབྲས་བུ་སྟེ་སྨན་ལྔ། ཁམས་ལྔ་དག་པ་རིགས་ལྔའི་རང་བཞིན་ཉི་མ། ཟླ་བ། ཆུ། ས། ཤ་ཆེན་གྱི་དྭས་མ་སྟེ་བདུད་རྩི་ལྔ་རྣམས་ཆ་མཉམ་པའི་ཆུས་སྲད་བུ་སྦངས་ནས་ཐིག་འདེབས་པར་འདོད་ཅིང་། ཚོན་བཀྱེ་བའི་དཀྱིལ་འཁོར་དེ་སློབ་དཔོན་གྱི་ཕྱག་མཐིལ་དུ་བཞག་ནས། དེའི་ཕྱོགས་མཚམས་སུ་མཆོད་པས་བསྐོར་ནས་དཀྱིལ་འཁོར་བསྒྲུབ་པའི་བར་དུ་བྱས་ཏེ་དབང་བསྐུར་བར་བཞེད་པ་ནི། གཞུང་འདིའི་དགོངས་པ་མ་ཡིན་ཏེ། དེ་ལྟ་བུའི་དཀྱིལ་འཁོར་བྲི་བར་ཡང་མི་ནུས་ཤིང་། གལ་ཏེ་ནུས་ནའང་དེར་དབང་བསྐུར་བ་ལ་ཡོན་ཏན་ལྷག་པོ་མེད་དེ། ཆུང་བས་ཡོད་ན་སྐུ་གཟུགས་ལ་སོགས་པ་ཡང་ཤིན་ཏུ་ཆུང་བ་བསོད་ནམས་ཆེ་བར་ཐལ་བའི་ཕྱིར་དང་། བཅོས་མ་ནི་དབང་པོ་རྟུལ་པོའི་རིམ་པ་སྟེ། བདེ་མཆོག་ལས། རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པ་དང་། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ལ་གནས་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་བསྒྲུབ་བྱའི་དཀྱིལ་འཁོར་ཏེ། །མཁས་པའི་བསྒྲུབ་བྱར་དེ་མི་འདོད། །ཅེས་གསུངས་པས། འདིར་ཡང་ཚུལ་མཐུན་ཏེ། རང་བཞིན་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ནོ། །བཞི་པ་ཇི་ལྟར་བྲི་བ་ནི་ཡུམ་མཁའི་རང་བཞིན་གཞལ་ཡས་ཁང་གི་རྣམ་པར་གནས་པ་དེ་ཉིད་གསལ་བར་བྱེད་པ་སྟེ། དབུས་སུ་ལྟེ་བ་རྩིབས་དང་ལྡན་པ་ཡི་ངོ་བོ་བྷ་གའི་ནང་གི་རྩ་འདབ་བཞིའོ། །དེའི་རྩིབས་བཞི་པའི་འཁོར་ལོ་མུ་ཁྱུད་དང་བཅས་པ་དེའི་ཕྱི་རོལ་གྱི་དབྱིབས་གྲུ་ཆད་བཞི་དང་གྲུ་བཞི་པ་ཡི་རྣམ་པ་ཅན་གྱི་བར་ཁྱམས་པདྨའི་སྒོ་ཁྱུད་ལྡན་པ་ལ་དེ་ལྟར་གསལ་བར་བྱའོ། །ལྔ་པ་མཚན་མ་དགོད་པ་ནི་ལྷའི་གནས་དེར་སྙིགས་མ་དཀར་དམར་གྱི་ངོ་བོ་མཚོན་པ་སེན་ཟླུམ་ཙམ་གྱི་ཉི་ཟླའི་གདན་ལ་སྲན་མའི་གའུ་ཕྱེད་པ་ཙ་ནའི་འབྲུ་ཙམ་གྱི་པདྨའི་གདན་གྱི་སྟེང་དུ་ཤིན་ཏུ་དྭངས་མ་ཡུངས་འབྲུ་ཙམ་གྱི་ངོ་བོ་ཡི་གེའི་རྣམ་པ་ཧཱུྃ་དུ་གསལ་བ་ལས་རང་བཞིན་གཉིས་སུ་མེད་པའི་ཕྱག་རྒྱ་རྡོ་རྗེ་ཏིལ་འབྲུ་ཙམ་དུ་བྲིས་པ་སྟེ་གསལ་གདབ་བོ། །གཉིས་པ་མཆོད་པ་ནི། ཕྱག་རྒྱའི་གཡོན་ཕྱོགས་སུ་དམིགས་པའི་རྟེན་ཡོད་དམ་མེད་ཀྱང་རུང་སྟེ་ཚོགས་དང་མཆོད་པས་བརྒྱན་པར་བྱ་བ་ཡང་། ཁ་དོག་བསྒྱུར་བའི་གོས་བཅོས་བུའི་རྣམ་པ་དར་དང་རས་ནི་སྣ་ཚོགས་པ་དང་། དབུ་རྒྱན་མགུལ་རྒྱན་ལ་སོགས་པའི་རྒྱན་སྣ་ཚོགས་དང་། དོ་ཤལ་དང་དྲྭ་ཕྱེད་ལ་སོགས་པའི་ཕྲེང་བ་སྣ་ཚོགས་དང་། ཇ་དང་ཆང་ལ་སོགས་པའི་བཏུང་བ་སྣ་ཚོགས་དང་། ཤ་དང་ཐུད་དང་ཟླ་ཕྲུམ་ལ་སོགས་པའི་བྲོ་བས་བསྐོར་ཅིང་། ཤིན་ཏུ་སྙན་པའི་གླུ་དང་བསྟོད་པའི་ཚིག་མཛེས་པར་བྱེད་པའི་སྐྱེ་བོས་རྐང་པའི་བྲོ་དང་ལག་པའི་གར་བསྒྱུར་ཅིང་། དུང་དང་ཆ་ལང་དང་པི་ཝང་དང་གླིང་བུ་དང་གདུགས་དང་རྒྱལ་མཚན་ལ་སོགས་པའི་རོལ་མོའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་རབ་ཏུ་མཆོད་ཅིང་། གཞན་ཡང་མཆོད་པའི་རྐྱེན་དུ་གྱུར་པའི་ཡུམ་དང་ཡིད་འཇོ་བར་བྱེད་པའི་དགའ་མ་དང་ན་ཚོད་གཞོན་ནུར་གྱུར་པའི་སེམས་མ་ཡིས་རོལ་པའི་དགའ་བ་བསྐྱེད་པ་དང་། རེག་བྱའི་དགའ་བ་བསྐྱེད་པ་དང་། མིག་གི་དགའ་བ་བསྐྱེད་པ་སྟེ་རྣམ་པ་གསུམ་པོ་ཇི་ལྟར་འདོད་པའི་ལས་བཞིན་མཆོད་པས་བརྒྱན་པར་བྱའོ། །སྐབས་འདིའི་མཆོད་པའི་གཙོ་བོ་ནི་བདེ་བ་སྟེར་བར་བྱེད་པའི་ཡུམ་ཕྱི་ནང་གསང་བ་གསུམ་གྱི་ཡུལ་རྣམས་ཡིན་པར་བཞེད་དོ། །གཉིས་པ་སྦྱིན་སྲེག་གི་ལས་ལ་གཉིས་ལས། དང་པོ་ལས་བཞིའི་སྦྱིན་སྲེག་སྤྱིར་བསྟན་པ་ནི། ལས་བཞིའི་རིམ་པས་ཐབ་ཁུང་གི་དབྱིབས་ཀྱང་ཟླུམ་པོ་ལ་སོགས་པ་དང་། ཁ་དོག་ཀྱང་དཀར་པོ་ལ་སོགས་པ་སོ་སོའི་མཚན་ཉིད་ཚང་བ་དང་ལྡན་པར་མེ་ལྷའི་རང་བཞིན་མཆོད་སྦྱིན་གསོལ་བའི་ཞལ་དུ་གྱུར་པའི་ལྟོ་བར་འཇིག་རྟེན་ལས་འདས་པའི་མེ་ལྷ་བོས་ཏེ་སྤྱན་དྲངས་ལ་ཞོ་ཟན་དང་མར་ཁུ་ལ་སོགས་པ་བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས་མཆོད་ཅིང་། ཞི་བ་ལ་ཏིལ། རྒྱས་པ་ལ་རིན་པོ་ཆེ་ལ་སོགས་པ་ལས་བཞིའི་མཆོད་པ་སོ་སོའི་སྔགས་དང་ཏིང་ངེ་འཛིན་གྱིས་རབ་ཏུ་སྦྱིན་པར་བྱའོ། །གཉིས་པ་ཁྲོ་བོའི་སྦྱིན་སྲེག་བྱེ་བྲག་ཏུ་བཤད་པ་ནི། ཞི་བའི་སྦྱིན་སྲེག་ཇི་ལྟ་བར་ཁྲོ་བོའི་དཀྱིལ་འཁོར་དུ་ཡང་ཐབ་དང་ལྷའི་མཚན་ཉིད་ལ་སོགས་པ་དེ་བཞིན་དུ་བྱ་སྟེ། ཏིང་ངེ་འཛིན་ལ་སོགས་པའི་གནད་ཤིན་ཏུ་ཕྲ་ཞིང་ཟབ་མོ་རྣམས་ལ་རབ་ཏུ་སྦྱངས་པ་ཡིས་རྣལ་འབྱོར་པས། ལྷའི་དཀྱིལ་འཁོར་བསམ་ཡས་དག་ལའང་ཆོ་གའི་རིམ་པ་དེ་ཁོ་ན་བཞིན་དུ་སྦྱིན་སྲེག་གིས་མཉེས་པར་བྱའོ། །དེའང་ལྷ་གང་གི་དཀྱིལ་འཁོར་ལ་ལས་གང་གིས་སྦྱིན་སྲེག་ཇི་ལྟར་བྱེད་པའི་ཚུལ་རྣམས་ནི་གནས་སྐབས་དང་སྦྱར་བའི་རང་གི་རིག་པས་ལེགས་པར་དཔགས་པ་དེ་ཙམ་དུ་བྱའོ། །གཉིས་པ་སྣང་ལ་རང་བཞིན་མེད་པ་མཆོད་པ་འབུལ་བ་ལ་གཉིས་ཏེ། ཏིང་ངེ་འཛིན་ཡིད་ཀྱི་མཆོད་པ་དང་། གསང་བ་བདེ་བ་ཆེན་པོའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་སྒྱུ་མའི་མཆོད་པ་དང་། དེའི་རྫོགས་རིམ་དོན་དམ་པ་ཡེ་ཤེས་ཀྱི་མཆོད་པའོ། །དང་པོ་ལ་གཉིས་ལས། ཏིང་ངེ་འཛིན་གྱི་མཆོད་སྤྲིན་བཀོད་པ་ནི་དཀྱིལ་འཁོར་ལ་ཡིད་སྤྲུལ་གྱིས་ཇི་ལྟར་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི་རང་གི་སེམས་ཀྱི་བཀོད་པའི་ཡིད་བཞིན་གྱི་ནོར་བུའི་སྤྲིན་ཕུང་འཁྲིགས་པའི་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུར་བྷྲཱུྃ་གྱིས་གསལ་གདབ་བོ། །དེའང་རྒྱན་དང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་ཡིད་དུ་འོང་བས་མཛེས་པར་སྤྲས་ཤིང་། མཉེན་ལ་འཇམ་ཞིང་རེག་ན་བདེ་བའི་རང་བཞིན་རྒྱུ་སྣ་ཚོགས་རིན་པོ་ཆེ་ཡི་ས་གཞི་ཁོད་སྙོམས་པ་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མང་རིས་སུ་མཛེས་པར་བྲིས་ཤིང་ལྷའི་ནོར་བུ་སྣ་ཚོགས་ཀྱིས་ཚོམ་བུ་རབ་ཏུ་བརྒྱན་པས་ཕྱོགས་བཅུ་ཀུན་ཏུ་འཁྱིལ་བར་སྤྲས་པ་དང་ཏྲཱཾ་ལས་འདོད་དགུ་ཀུན་འབྱུང་བའི་རིན་ཅེན་སྣ་བདུན་གྱི་ཕུང་པོ་འོད་ཟེར་གྱི་དྲྭ་བ་འབར་བའི་རི་བོ་ལྷུན་སྟུག་པ་དང་། ཁྃ་ལས་མཚོ་དང་ལྟེང་ཀ་ལ་སོགས་ཁ་དོག་མཛེས་ཤིང་དབྱིབས་ལེགས་པའི་པདྨའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་བ་ལ་སོགས་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་ཡོངས་སུ་གང་བ་མེ་ཏོག་གིས་ཁེབས་ཤིང་བྱ་སྐད་སྙན་པར་སྒྲོགས་པའོ། །བརྒྱད་ལྡན་ནི་འདུལ་བ་ལུང་ལས། ཡང་དང་དྲོ་དང་འཇམ་པ་དང་། །དྭངས་དང་བསིལ་དང་རྙོག་པ་མེད། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལའང་མི་གནོད་པ། །འདི་དག་ཡན་ལག་བརྒྱད་ལྡན་ཆུ། །ཞེས་སོ། །བྷྲཱུྃ་ལས་རིན་པོ་ཆེའི་ཁང་པ་དབྱིབས་དང་ཁ་དོག་དང་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་རབ་ཏུ་མང་པོ་དང་། ༀ་ལས་སྐྱེད་མོས་ཚལ་གྱི་གཞིར་རིན་པོ་ཆེའི་རྒྱན་ཕྲེང་དང་ལྷའི་དཔག་བསམ་གྱི་ཤིང་ལྗོན་པའི་ཚལ་གོས་དང་ནོར་བུ་སྣ་ཚོགས་ཀྱི་དྲྭ་བས་དཔྱངས་པ་དང་། ཧྲཱིཿལས་སྒྲ་སྐད་ཐམས་ཅད་གླུ་དབྱངས་སྙན་པ་དང་། བསྟོད་པ་དང་ཤིས་པ་བརྗོད་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒྲ་རང་འབྱུང་བ་དང་། ༀ་ལས་གོས་ཀྱི་རྣམ་པ་དང་མཆོད་པའི་ཡོ་བྱད་བླ་རེ་དང་རྒྱལ་མཚན་དང་གདུགས་དང་སྟོད་གཡོགས་སྨད་གཡོགས་ལ་སོགས་པའི་ན་བཟའ་སྣ་ཚོགས་དང་། ཏྲཱྃ་ལས་དབུ་རྒྱན་དང་མགུལ་རྒྱན་དང་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་ལ་སོགས་པ་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ༀ་ལས་རོ་མཆོག་བརྒྱ་དང་ལྡན་པའི་བཟའ་བ་སྣ་ཚོགས་དང་། བདུད་རྩིའི་བཏུང་བ་ཞིམ་པོ་དང་། གོས་ཟུང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་བགོ་བ་སྣ་ཚོགས་པ་རྣམས་དང་། ཧཱུྃ་ལས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་རང་རང་ལ་ཇི་ལྟར་འོས་པའི་གོས་དང་རྒྱན་ལ་སོགས་པས་མཛེས་པར་བརྒྱན་པ་ཡི་ལྷ་དང་ལྷ་མོའི་རང་བཞིན་རྡུལ་ཕྲ་བ་སྙེད་ཀྱི་གྲངས་དང་མཉམ་པར་གྱུར་པ་ཐམས་ཅད་ཀྱིས་རྐང་པའི་བྲོ་དང་ལག་པའི་གར་དང་རོལ་མོའི་གླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱིས་མཉེས་པར་བྱེད་པའོ། །དེ་ལྟ་བུའི་མཆོད་པའི་སྤྲིན་གྱིས་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་སྙེད་པ་ཐམས་ཅད་ཡོངས་སུ་བཀང་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་དཀྱིལ་འཁོར་དུ་གྱུར་ཏོ་ཅོག་ཀུན་ལ་མཆོད་སྤྲིན་དེ་དག་གིས་རེ་རེ་ཞིང་རྒྱས་པར་དབུལ་བའོ། །གཉིས་པ་ཚུལ་ཇི་ལྟར་དབུལ་བ་ནི་སྐལ་ལྡན་རྣལ་འབྱོར་པའི་ཏིང་ངེ་འཛིན་མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་རིམ་གྱིས་སམ། ཡང་ན་ཅིག་ཅར་དུ་གསལ་ལམ་གྱིས་རྒྱ་ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་ཞིང་འབུལ་ལོ། །གཉིས་པ་དེའི་རྫོགས་རིམ་དོན་དམ་ཡེ་ཤེས་ཀྱི་མཆོད་པ་ནི། ཏིང་ངེ་འཛིན་གྱི་མཆོད་པ་ལ་དངོས་ཞེན་སྤོང་བའི་ཕྱིར་མཆོད་སྤྲིན་དེ་དག་ཀྱང་རང་གི་སེམས་ཙམ་ལས་གང་དུའང་གྲུབ་པ་མེད་ལ་སེམས་དེ་ཡང་ནམ་མཁའ་ལྟ་བུའི་རང་བཞིན་གང་ནའང་མི་གནས་ཤིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་གསུམ་གའི་ངོ་བོ་མ་གྲུབ་པའི་ཚུལ་གྱིས་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེའང་བློ་རབ་ཀྱིས་མཆོད་དུས་ཉིད་ནས་དེ་ལྟར་བསྒོམ་ཞིང་འཛིན་ཞེན་མེད་པར་བྱས་ལ། དམན་པས་རྗེས་ལ་མི་དམིགས་པའི་ངང་ལ་བཞག་གོ། །འདི་ནི་མཆོད་པའི་མཆོག་སྟེ། དཀོན་ཅོག་ཏ་ལ་ལའི་མདོ་ལས། གང་ལ་མཆོད་པ་ནམ་མཁའ་འདྲར་ཤེས་ཤིང་། །གང་གིས་མི་དམིགས་གང་དུའང་འཛིན་པ་མེད། །དེ་ནི་མཆོད་པ་ཀུན་གྱི་དམ་པ་སྟེ། །ཡེ་ཤེས་གཞལ་མེད་བསམ་ཡས་རབ་འཐོབ་འགྱུར། །ཞེས་སོ། །གཉིས་པ་གསང་བ་བདེ་བ་ཆེན་པོའི་མཆོད་པ་ལ་གཉིས་ཏེ། ཐབས་བདེ་བ་ཆེན་པོའི་མཆོད་པ་དང་། ཤེས་རབ་མཐའ་གཉིས་ལ་མི་གནས་པའི་མཆོད་པའོ། །དང་པོ་ལ་གཉིས་ཏེ། མཆོད་པ་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ལས་ཀྱི་ཕྱག་རྒྱ་ཤེས་རབ་དང་ཏིང་ངེ་འཛིན་གསལ་བར་ལྡན་མའམ་དེ་དང་མི་ལྡན་ན་རྣལ་འབྱོར་པས་ལྷར་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་གས་བྱིན་གྱིས་བརླབས་ལ། པདྨའི་རྩེར་ཡུངས་འབྲུ་ཙམ་གྱི་དྭངས་མ་དཀར་དམར་དཀྱིལ་འཁོར་དུ་བསྐྱེད་དེ། སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་འཕགས་པའི་རྫུ་འཕྲུལ་གྱིས་ཡུངས་འབྲུར་གཞུག་ཅིང་ཚུད་པར་བྱིན་གྱིས་བརླབས་པས་སྟོང་གསུམ་ཆུང་ངུ་མི་འགྲོ་ཡུངས་འབྲུ་ཆེར་མི་འགྲོ་བའི་ཚུལ་དུ་པདྨའི་ཁྱམས་རྟེན་གྱི་དཀྱིལ་འཁོར་ཆེར་མི་འགྲོ་ཡེ་ཤེས་པ་ཆུང་ངུ་མི་འགྲོ་བའི་ཆོས་ཀྱི་དབྱིངས་ནས་རྒྱལ་བའི་དཀྱིལ་འཁོར་དཔག་ཏུ་མེད་པ་པདྨའི་ཁྱམས་སུ་སྤྱན་དྲངས་ཤིང་བསྟིམ་ལ། སྦྱོར་བའི་བརྡས་བསྐུལ་ཏེ་རོལ་པའི་བདེ་བས་མཆོད་པར་བྱའོ། །དེས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་ནས་དངོས་གྲུབ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་དམ་ཚིག་མཆོག་གི་གོ་འཕང་ཐོབ་པར་བསམ་མོ། །དེ་ནི་སྔར་དཀྱིལ་འཁོར་བཀོད་པ་སོར་བཞི་ལ་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བའི་སྔོན་དུ་བསྙེན་སྒྲུབ་བྱ་བའི་རིམ་པའང་གསལ་བར་བསྟན་ཏོ། །གཉིས་པ་དེའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གོ། །དང་པོ་ལ་གཉིས་ལས་སངས་རྒྱས་ཐམས་ཅད་མཉེས་པ་ནི། བདེ་བའི་བདག་ཉིད་ཆེན་པོས་ཡུམ་མཁའི་དཀྱིལ་འཁོར་ལ་མཆོད་པ་ཡིས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་མཉེས་པར་འགྱུར་རོ། །ཡང་བདག་ཉིད་ཆེན་པོ་རང་རིག་པའི་ཡེ་ཤེས་ལ་རོལ་པའི་བདེ་བས་མཆོད་པ་ཡིས་ཁམས་དང་སྐྱེ་མཆེད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ལ་སོགས་པའི་ལྷ་རྣམས་མཉེས་པར་འགྱུར་རོ། །ཡང་ཡབ་ཀྱིས་ཡུམ་ཡུམ་གྱིས་ཡབ་ལ་བདག་ཉིད་ཆེན་པོའི་མཆོད་རྫས་དེས་མཆོད་པས་ཐབས་དང་ཤེས་རབ་ཀྱི་ལྷ་རྣམས་མཉེས་པར་འགྱུར་པ་སྟེ་ཕྱི་ནང་གསང་བ་གསུམ་དུ་ཤེས་པར་བྱའོ། །འགྲོ་བ་ཐམས་ཅད་ཚིམས་པ་ནི། དེ་ལྟར་བདེ་བའི་རོལ་པས་ལུས་སྣང་བའི་གྲོང་ཁྱེར་འདོད་པའི་སྲིད་པ་དག་ཕྱེད་སྣང་གི་གྲོང་ཁྱེར་གཟུགས་ཀྱི་སྲིད་པ་ཡིད་མི་སྣང་བའི་གྲོང་ཁྱེར་གཟུགས་མེད་པའི་སྲིད་པ་གསུམ་གྱིས་བསྡུས་པའི་ཚོར་བ་དང་རྟོག་ཚོགས་ཀྱི་འགྲོ་བ་ཐམས་ཅད་ལ་ཡེ་ཤེས་ཆེན་པོའི་དགའ་བ་བཞི་དང་གཉིས་སུ་མེད་པའི་ཆོས་ཉིད་བཞི་དང་སྤྲོས་པ་དང་བྲལ་བའི་འོད་གསལ་ཆེན་པོས་ཁྱབ་པར་འགྱུར་རོ། །ཆོས་ཉིད་བཞི་ནི་ལུས་གཉིས་སུ་མེད་པའི་ཆོས་ཉིད་ཡབ་དང་ཡུམ་དུ་འཛིན་པ་མེད་པས་གཟུང་འཛིན་མཐའ་དག་ལས་གྲོལ་བ་དང་། ངག་གཉིས་སུ་མེད་པའི་ཆོས་ཉིད་བརྗོད་དུ་མེད་པས་སྤྲོས་པ་དང་ཞེན་པ་ཀུན་ལས་གྲོལ་བ་དང་། ཡིད་གཉིས་སུ་མེད་པའི་ཆོས་ཉིད་རྟོག་ཚོགས་བདེ་བ་ཆེན་པོར་གྲོལ་བས་རང་བཞིན་ཆོས་སྐུའི་ངོ་བོ་མཐོང་བ་དང་། ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཉིད་བདེ་བའི་བར་ལ་འཛིན་མེད་ཆེན་པོར་གནས་པས་འོད་གསལ་གྱི་འཁོར་ལོ་རྒྱུན་མི་འཆད་པའོ། །འོད་གསལ་བཞི་ནི་དེའི་ཚེ་བདེ་བའི་འོད་གསལ་སྒོ་གསུམ་དགའ་བས་ཁྱད་པས་སྣང་སྲིད་དགའ་བདེར་ཤར་བ་དང་། གསལ་བའི་འོད་གསལ་བདེ་བའི་ངང་ལས་སེམས་ཀྱི་ངོ་བོ་རང་གསལ་ཐབས་ཤེས་སུ་སྣང་བ་མ་འགགས་པ་དང་། མི་རྟོག་པའི་འོད་གསལ་ཕྲ་རགས་སུ་ཞེན་པའི་བྱུང་ཚོར་ནུབ་པས་གང་ལའང་མི་འཕྲོ་བར་རྟོག་མེད་དུ་གནས་པ་དང་། བསམ་གྱིས་མི་ཁྱབ་པའི་འོད་གསལ་ཆོས་ཉིད་ཀྱི་ངང་ལས་རྟགས་བཅུའི་སྣང་བ་ཤར་བའོ། །རྟགས་བཅུ་ནི་རླུང་སེམས་དབུ་མར་ཚུད་པས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་གྱུར་བའི་རྟགས་སུ། དུ་བ་དང་། སྨིག་རྒྱུ་དང་། སྤྲིན་དང་། མེ་ཁྱེར་དང་། ཉི་མ་དང་། ཟླ་བ་དང་། རིན་པོ་ཆེ་འབར་བ་དང་། སྒྲ་གཅན་དང་། སྐར་མ་དང་། འོད་ཟེར་གྱི་སྣང་བ་ལྟ་བུ་འབྱུང་བའོ། །རྒྱུད་སྡེ་གཞན་ལས་ཀྱང་དེ་དང་ཅུང་ཟད་མི་འདྲ་བའི་རྟགས་བཅུ་བཤད་དོ། །གཉིས་པ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་ནི་སྒྱུ་འཕྲུལ་དྲྭ་བ་ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་རྟགས་བཅུས་མཚོན་པ་དེ་ཉིད་གོམས་པ་རབ་ཏུ་བརྟན་པ་ལས་བྱུང་བ་དེ་ཡིས་འབྲས་བུ་ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པའི་རང་བཞིན་དང་། ཁམས་གསུམ་གྱི་འགྲོ་བ་རྣམས་ལ་ཐུགས་རྗེས་གཟིགས་པའི་ཡེ་ཤེས་དམ་པ་མངོན་དུ་འགྱུར་རོ། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷར་གསལ་བ་མཐར་ཐུག་པ་དང་། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་འཁོར་ལོ་མངོན་དུ་འགྱུར་བ་ཞེས་བྱའོ། །གཉིས་པ་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་མཆོད་པ་ནི། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ཉོན་མོངས་པའི་འཛིན་ཞེན་དང་ཐ་མལ་གྱི་རྣམ་རྟོག་རང་སར་དག་པར་བྱ་བའི་ཕྱིར། རང་དང་ཡུམ་གྱི་ལུས་དང་ངག་དང་སེམས་དང་བདེ་བས་མཚོན་པའི་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་རང་བཞིན་གཟུང་བའི་ཡུལ་གང་ནའང་མི་གནས་ཤིང་འཛིན་པའི་སེམས་གང་དུའང་མི་དམིགས་པའི་ངང་ལས། མེད་བཞིན་དུ་སྣང་བ་མིག་ཡོར་ལྟ་བུའི་ཚུལ་དུ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ཡིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབྱིངས་སྐྱེ་བ་མེད་པའི་ནམ་མཁའ་ལ་ནི་སེམས་ཉིད་འགགས་པ་མེད་པའི་ཡེ་ཤེས་ནམ་མཁའ་བསྒོམ་ཞིང་དབྱེར་མེད་པའི་ཆོས་ཉིད་དོན་གྱི་ངོ་བོར་མཉམ་པར་བཞག་ཅིང་རོལ་པར་བྱའོ། །གསུམ་པ་འཇུག་ཅིང་དབང་བསྐུར་བའི་ཚུལ་ལ་གཉིས་ཏེ། འཇུག་པ་དང་། དབང་བསྐུར་བའོ། །དང་པོ་ལ་གཉིས་ལས། སློབ་དཔོན་བདག་ཉིད་འཇུག་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནས་བཟུང་སྟེ་ཆོ་གའི་སྔོན་དུ་བྱ་དགོས་པ་ཀུན་བྱས་ནས་ཚོགས་དང་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ཉིད་ཏིང་ངེ་འཛིན་གྱི་རིག་པས་དཀྱིལ་འཁོར་དུ་སྔོན་ལ་འཇུག་པར་བྱའོ། །སློབ་མ་འཇུག་པ་ནི། སློབ་དཔོན་ཞུགས་པ་དེ་ནས་སློབ་མ་རྣམས་འཇུག་པའི་ཆོས་བཅུ་བདུན་གྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ། །གཉིས་པ་དབང་བསྐུར་པ་ལ་གཉིས་ཏེ། ཡོན་དབུལ་བ་དང་། བློའི་རིམ་པ་དང་སྦྱར་ནས་དབང་བསྐུར་བ་དངོས་སོ། །དང་པོ་ལ་གཉིས་ལས། ཡོན་དབུལ་བ་དངོས་ནི་འཇུག་པའི་ཆོས་རྣམས་ཚར་བའི་རྗེས་དེ་ནས་རིགས་ཀྱི་བུ་སྐལ་པ་མཆོག་དང་ལྡན་པ་དེས་བླ་མ་ལ། རང་གི་འབྱོར་བ་ཐམས་ཅད་ཀྱིས་མཆོད་པར་བྱ་སྟེ། རྒྱལ་སྲིད་ཡུལ་འཁོར་དང་བཅས་པ་དང་ནི། རང་གི་ལུས་དང་བུ་དང་ཆུང་མ་དང་ནོར་གྱི་དབྱིག་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཏེ། དེ་རྣམས་ཀྱང་གཉིས་གཉིས་ཡོད་ན་རབ་ཏུ་གཅེས་ཤོས་དེ་དང་མདོར་ན་རང་གི་ཡིད་དུ་འོང་ཞིང་འཐད་པའི་དངོས་པོ་རྣམས་དབུལ་ལོ། །གཉིས་པ་ཕན་ཡོན་ནི་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་སློབ་དཔོན་ལ་འདོད་པའི་ལོངས་སྤྱོད་རྣམ་པ་ལྔས་མཆོད་ན་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན་ན། ཉེ་བའི་དཀྱིལ་འཁོར་ཡི་དམ་གྱི་ལྷ་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་འཛིན་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་སྟེ། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་ཟད་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། །དེས་དམ་ཚིག་དང་སྡོམ་པའི་ཉེས་པ་ཐམས་ཅད་དག་པར་འགྱུར་བ་ཁོ་ནའོ། །གཉིས་པ་བློའི་རིམ་པ་དང་སྦྱར་ནས་དབང་བསྐུར་བ་དངོས་ནི། དད་པ་དང་བརྩོན་པའི་བརྟུལ་ཞུགས་རབ་ཏུ་རྟོགས་པའི་སྐལ་བ་ཡོད་པར་ཤེས་ན་དེ་ལ་ཕན་པའི་དབང་བཅུ་དང་ནུས་པའི་དབང་ལྔ་པོ་སློབ་དཔོན་གྱིས་ལྷག་པའི་སྙིང་རྗེས་སློབ་མའི་རྒྱུད་ཆུད་མ་ཟོས་པར་གཟུང་ཞིང་སྦྱིན་ནོ། །གལ་ཏེ་སྐལ་པ་མེད་ན་མི་སྦྱིན་པའམ་ཕན་དབང་ཙམ་བསྐུར་གྱི་ནུས་དབང་མི་སྦྱིན་ཏེ། ཉེས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །དེའང་ཡེ་ཤེས་བཀོད་པ་ཆེན་པོ་དམ་ཚིག་མཆོག་གི་རྒྱུད་ལས། སྣོད་དང་མི་ལྡན་སློབ་མ་ལ། །དབང་བསྐུར་བྱས་ན་གཉིས་ཀ་ཕུང་། །ཞེས་སོ། །འདིར་ཕྱིན་ཅི་ལོག་གི་ནགས་ཐིབས་པོ་ཆེ་ལོག་པར་ལྟ་བའི་མུན་པ་མི་བཟད་པས་འཐིབས་ཤིང་། ཉོན་མོངས་པའི་ཆོམ་རྐུན་རབ་ཏུ་རྩེན་པས་དཀྲུགས་ཤིང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས་ཕྲིན་ལས་འཇུག་པའི་གོ་སྐབས་མེད་པ་ཁ་ཅིག་ན་རེ། རྒྱུད་གཞན་ལས་དབང་བཞི་དང་། དེ་ལས་ཕྱེ་བས་བཅུ་བཞིར་གསུངས་པ་དང་། ཁྱེད་ཀྱི་འདིར་ཕན་པ་དང་ནུས་པའི་དབང་གཉིས་ལས་ཕྱེ་བའི་བཅོ་ལྔ་པོ་གྲངས་མི་མཐུན་པས་རྒྱུད་འདི་ཡང་དག་པ་མ་ཡིན་ནོ། །ཞེས་ཟེར་རོ། །ཀྱེ་མ། མ་ལ་སྐལ་པ་ངན་པ་ཁྱེད་ཅག་ལྟ་བུས་དབྱེ་བསྡུ་དང་དོན་གྱི་རིམ་པའང་ཁོང་དུ་མ་ཆུད་ཅིང་རྒྱུད་སྡེ་ཐ་དད་ཀྱི་དགོངས་པ་ཟབ་མོ་ལ་བློ་ཁ་མ་ཕྱོགས་པར་ཟད་དོ། །དེ་ལྟ་བས་ན་རྣལ་འབྱོོར་གྱི་རྒྱུད་ལས་བུམ་པ་དང་། བརྟུལ་ཞུགས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་གསུམ་དུ་གསུངས་ལ། ངན་སོང་སྦྱོང་བ་ནས་དབང་བཅུ་གཅིག་གམ་དབྱེ་ན་བཅུ་དགུར་གསུངས་པ་དང་། དེ་ཉིད་འདུས་པ་དང་ཟླ་གསང་ཐིག་ལེའི་རྒྱུད་ལས་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་གསུམ་དུ་གསུངས་པ་དང་། མཉམ་སྦྱོར་ལས། སློབ་དཔོན་དང་སློབ་མའི་དབང་གཉིས་སུ་བསྡུས་པ་ཡོད་པས་རྒྱུད་ཡང་དག་པ་མ་ཡིན་པར་འགྱུར་རོ། །དེ་དག་དོན་ལ་མཚུངས་པས་སྐྱོན་མེད་དོ་སྙམ་ན་འདི་ཡང་དོན་ལ་མཚུངས་པས་ཉེས་པ་ག་ལ་ཡོད། འདི་ནི་རྒྱུད་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྒྱུད་གཞན་གྱི་དབང་བསྐུར་ཚུལ་ཐམས་ཅད་འདིར་འདུས་པ་ཡིན་ནོ། །དེའང་བུམ་པའི་དབང་དངོས་སུ་གསུངས་ལ། དེ་ཉིད་མི་བསྐྱོད་པ་ཆུའི་དབང་བསྐུར་བ་ཡིན་ནོ། །དབུ་རྒྱན་དང་ཅོད་པན་དང་མེ་ཏོག་ནི་རིན་ཅེན་འབྱུང་ལྡན་གྱི་དབང་ངོ་། །ཕྱག་རྒྱ་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་སྟེ་འོད་དཔག་མེད་དང་དོན་ཡོད་གྲུབ་པའོ། །ནུས་དབང་གི་སྐབས་སུ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས་ཞེས་པ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་དབང་བསྐུར་བ་ཡིན་ལ། བརྟུལ་ཞུགས་དང་ལུང་བསྟན་དབུགས་དབྱུང་ལ་སོགས་པ་ཐམས་ཅད་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ནུས་པའི་དབང་གིས་བསྟན་པ་ཡིན་ནོ། །གསང་བའི་དབང་ནི་དངོས་སུ་བསྟན་པས་ཤེས་རབ་ཡེ་ཤེས་དང་། ཚིག་དབང་རིན་པོ་ཆེ་ནི་དེའི་ནང་གསེས་སུ་ཞར་ལ་བསྟན་པ་ཡིན་ནོ། །དེ་བས་ན་རྒྱུད་སྡེ་དོན་མཐུན་པའི་ཕྱིར་ན་འདི་ལ་ཉེས་པ་ག་ལ་སྲིད། ཚུལ་འདི་ལྟ་བུ་ལ་སྨད་པས་མཐོང་བའི་ཆོས་ལ་ལྕེ་ལྐོག་མའི་འོག་ལ་དོན་པ་དང་འཆི་གར་མེ་ཡི་སྣང་བ་ཆེན་པོ་འབར་བས་དམྱལ་བར་འགྲོ་བའི་རྟགས་ཁྱད་པར་ཅན་རྣམས་ཁྱེད་ལས་གཞན་པ་སུ་ལ་འབྱུང་བ་སྲིད་དེ་བསྐལ་པ་དུ་མར་སྙིང་རྗེའི་འོས་སུ་གྱུར་པ་ཉིད་དོ། །གཉིས་པ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། ཡུམ་གྱི་དཀྱིལ་འཁོར་དུ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དེ་ལས་གཞན་པའི་ཚུལ་ཡབ་ཀྱི་རྡོ་རྗེའི་རྩེ་ལས་དབང་བླང་བར་བསྟན་པ་ནི། ཡང་ན་ཡབ་ཀྱི་ཐལ་མོ་མཉམ་བཞག་གི་ཚུལ་གྱིས་རབ་ཏུ་བསྣོལ་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་དབང་མཛུབ་མོའི་བར་དུ་ནི་གུ་ཧྱ་བཛྲ་གྱི་དཀྱིལ་འཁོར་རིང་ཐུང་མཛུབ་གང་བའི་ཚད་དུ་ཡང་བདེ་བའི་ཐབས་ལ་མཁས་པས་དབང་བསྐུར་བའི་ཆོ་ག་བཞིན་དུ་དྭངས་མས་བུ་ལ་དབང་བསྐུར་བར་བྱའོ། །དེ་ནས་དབང་རྣམས་རྫོགས་པར་སྦྱིན་ནོ། །འདིར་ཁ་ཅིག་ནུས་དབང་སྔོན་ལ་བསྐུར་ཞིང་ཕན་དབང་རྗེས་གནང་གི་ཚུལ་དུ་ཕྱི་ལ་བསྐུར་ཏེ་ཐམས་ཅད་གསང་དབང་ཁོ་ནས་བསྐུར་བ་ནི་དབང་པོ་རྣོན་པོའི་དབང་དུ་བྱས་ལ། རྡོ་རྗེ་ལས་རིམ་ནས་གཞན་བཞིན་རྟུལ་པོའི་དབང་དུ་བྱས་སོ་ཞེས་པའང་རིགས་པར་མ་མཐོང་སྟེ། འདི་ཉིད་ལས་ཀྱང་། ཕན་པའི་དབང་དང་ནུས་པའི་དབང་། །སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་ཕན་དབང་སྔོན་ལ་གསུངས་ཤིང་། གོ་རིམ་ཀྱང་ཐོག་མར་བུམ་དབང་དང་དེ་ནས་གསང་དབང་དང་ཤེས་རབ་ཡེ་ཤེས་བཞི་པ་རྣམས་འབྱུང་བ་ཡིན་ནོ། །གཉིས་པ་དམན་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་ལ་གསུམ་སྟེ། དཀྱིལ་འཁོར་བྲི་བ། བསྒྲུབ་པ། བསྒྲུབ་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་ཆུང་ངུ་། འབྲིང་། ཆེན་པོ་བྲི་བའི་ཆོ་གའོ། །དང་པོ་ལ་གཉིས་ལས། སའི་ཆོ་ག་ནི་རབ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་ལས་ཚུལ་གཞན་ཡང་ན་ས་གཞི་སའི་ཆོ་གས་རབ་ཏུ་མཉམ་པ་ལ་བྲིའོ། །དེའང་སྔར་མ་དག་པའི་ས་གཞི་ཕྱིས་དག་པར་བྱེད་པ་མ་ཡིན་ཏེ། ས་ཆུ་སྤྱན་དང་མཱ་མ་ཀཱི། །ཞེས་པ་ལ་སོགས་པས་ཤེས་ལ། ཡེ་ནས་ས་སྦྱངས་ཟིན་པའི་ཕྱིས་གསལ་འདེབས་པའི་ཚུལ་གྱིས་སྦྱོང་བ་ཡིན་ནོ། །གཉིས་པ་འབྲི་བ་དངོས་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ཆུང་ངུའི་ཆུང་ངུ་ཁྲུ་གང་གི་ཚད་དུ་བྱའོ། །ཆུང་ངུའི་འབྲིང་ཡང་ན་ལུས་གང་གི་ཚད་དུ་སྟེ་འདོམ་གང་ངོ་། །ཆུང་ངུའི་ཆེན་པོ་ཡང་ན་ལུས་ནི་གསུམ་གྱི་ཚད་ཙམ་ལ། མི་རུས་ལ་སོགས་པའི་ཕུར་བུ་ནི་དཀྱིལ་འཁོར་གྱི་དབུས་སུ་འགྱིང་ཕུར་སོར་བཞི་ལ་སོགས་པ་དང་བགེགས་བསྲུང་བའི་དོན་དུ་སོར་བཅོ་བརྒྱད་པ་ལ་སོགས་པའོ། །ཆ་དབྱེ་བའི་དོན་དུ་རས་བལ་ལམ་པདྨའི་རྒྱུས་པའམ་དུར་ཁྲོད་ཀྱི་སྐྲ་ལ་སོགས་པའི་སྲད་བུ་ཁྲུན་དུ་དཀྱིལ་འཁོར་ཉིས་འགྱུར་ཡོད་པ་དང་། རིགས་ཐ་དད་མཚོན་པའི་དོན་དུ་ཁ་དོག་མ་འདྲེས་པའི་ཚོན་གྱི་ཕྱེ་མ་ལྔ་ལ་སོགས་པ་དང་། ལས་བསྒྲུབ་པའི་དོན་དུ་གོས་དང་རྒྱན་བཟང་པོས་མཛེས་པ་ཡིད་དུ་འོང་བའི་གྲོགས་ལས་ཀྱི་ཕྱག་རྒྱ་ལོ་བཅུ་དྲུག་ལོན་པའོ། །དེ་ནས་སྲད་བུའི་སྣ་ནས་གྲོགས་དེས་བཟུང་ལ། ཡེ་ཤེས་ཀྱི་ཐིག་དང་ལས་ཀྱི་ཐིག་གཉིས་གདབ་པའི་ཆོ་ག་ཕུན་སུམ་ཚོགས་པ་དཀྱིལ་འཁོར་གྱི་ལས་ལ་མཁས་པར་ལྡན་པ་ཆེན་པོ་རྡོ་རྗེ་སློབ་དཔོན་གྱིས་ལུས་སེམས་མ་གཡེངས་པར་རབ་ཏུ་བསྒྲིམས་ཏེ་བྱའོ། །གཉིས་པ་འབྲིང་ལ་གསུམ་ལས། འབྲིང་གི་ཆུང་ངུ་། ཡང་ན་ཁྲུ་ནི་བཅུ་དྲུག་པ་དང་། འབྲིང་གི་འབྲིང་ཁྲུ་ཉི་ཤུ་བ་ཡོད་པའམ། འབྲིང་གི་ཆེན་པོ་ཁྲུ་ཉི་ཤུ་རྩ་ལྔར་བྱའོ། །དེ་ལ་སྔ་མ་བཞིན་དུ་ཐིག་གདབ་པར་བྱ་སྟེ། ཐིག་ཚོན་ལ་རིགས་ཀྱི་དཀྱིལ་འཁོར་རྣམ་པ་ལྔ་བོ་རྣམས་བསྒོམ་ཞིང་ཞུ་བ་ལས་བྱུང་བའི་ཡེ་ཤེས་ལྔའི་ཐིག་ཚོན་དུ་བསམས་ཏེ། ཐིག་གདབ་ཅིང་ཚོན་བཀྱེ་ནས་ལྷའི་གནས་སོ་སོར་སྐུ་ཙཀ་ལིའམ་འབུར་སྐུའམ་བར་དུ་གདབ་ཅིང་། གསུང་ཡིག་འབྲུའམ་སྙིང་པོ་དང་། ཐུགས་ཕྱག་མཚན་གྱི་མཚན་མས་ལྷའི་རང་བཞིན་མཚོན་པར་ལྡན་པ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་སྐུ་གསུང་ཐུགས་མཚོན་པའི་གཟུགས་གང་རུང་རྣམས་ཀྱང་ལྷ་སོ་སོའི་གནས་སུ་དགོད་པར་བྱའོ། །གསུམ་པ་ཆེན་པོ་ལའང་གསུམ་ལས། ཆེན་པོའི་ཆུང་ངུ་ནི་ཡང་ན་རྒྱང་གྲགས་གཅིག་གོ། །དེའི་དོན་ནི་མཛོད་ལས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་དག་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་སོ། །ཆེན་པོའི་འབྲིང་དཔག་ཚད་དམ། ཆེན་པོའི་ཆེན་པོ་ནམ་མཁའ་དབྱིངས་ཀྱི་བསམ་ཡས་པར། རིག་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྤྲུལ་པའམ། སངས་རྒྱས་ཀྱི་དཀྱིལ་འཁོར་རིགས་སྣ་ཚོགས་པ་བསྒོམ་སྟེ་དབང་བསྐུར་བ་ཡིན་ནོ། །དེའི་དོན་ཡང་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དཀྱིལ་འཁོར་དངོས་སུ་སྤྲུལ་ཏེ་སློབ་མ་ལ་དབང་བསྐུར་བ་ནི། སྔོན་མཚོ་མ་ཕམ་གྱི་འགྲམ་དུ་མཚོ་ལ་ཐིག་བཏབ་ནས་འཇམ་དཔལ་གྲགས་པ་ལ་སློབ་དཔོན་སངས་རྒྱས་གསང་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་ནས་དབང་བསྐུར་བ་དང་། སློབ་དཔོན་ཆེན་པོ་པདྨས་སྟག་ཚང་སེང་གེ་ཕུག་ཏུ་རྡོ་རྗེེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་མཚོ་རྒྱལ་ལ་དབང་བསྐུར་བ་ལྟ་བུའོ། །དེའང་སེམས་ཅན་གྱི་རྒྱུད་ལ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡེ་གདོད་མ་ནས་གནས་ཀྱང་མ་རིག་པས་བསྒྲིབས་ནས་མ་མཐོང་བའི་རྨོངས་པ་རྣམས་ལ་བསྟན་པའི་ཕྱིར་ས་ཚོན་གྱི་ཁ་དོག་ཀྱང་དཀར་པོ་ལྟ་བུ་རེ་རེ་ལ་དཀར་སེར་དཀར་དམར་དཀར་ལྗང་དཀར་སྔོ་དཀར་པོ་ཉིད་དང་ལྔར་ཕྱེ་བ་བཞིན་དུ་གཞན་བཞི་ལའང་ཕྱེ་བས་ཉི་ཤུ་རྩ་ལྔའམ་ནི་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་མཚམས་སེམས་ལ་སོགས་པ་མཚོན་པའོ། །དེ་ཙམ་མེད་ནའང་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡི་ཚོན་གྱིས་བྲི་བར་བྱའོ། །དེ་སྐད་དུའང་རྒྱས་པའི་རྒྱུད་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་བསྒྲིབས་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་པོ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཅེས་སོ། །ཇི་ལྟར་བྲི་བ་ནི་མཐོང་བ་བརྒྱུད་པའི་ལག་ལེན་རྣམ་པར་དག་པར་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་རྣམ་པར་བཞག་པ་ནི་སྐབས་འདིར་འདུལ་བའི་ཆོ་ག་སྟེ་དེའི་ལུགས་བཞིན་དུ་བྲིའོ། །དེ་སྐད་དུའང་རྔམ་གློག་ལས། ཏིང་འཛིན་དཀྱིལ་འཁོར་ཅི་འདྲ་བ། །གཟུགས་བརྙན་ཡང་ནི་དེ་ལྟར་བྲི། །ཞེས་སོ། །འདི་ལ་ཁ་ཅིག་བྱ་སྤྱོད་ཀྱི་ལུགས་སུ་བཞེད་ཅིང་། ལ་ལ་གདུལ་བྱ་འདུལ་བ་ཞེས་སྦྱོར་བའང་མ་གོ་བར་སྣང་ངོ་། །དེའང་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གསུམ་ནི་གང་ཟག་གི་བློ་དང་འབྱོར་བས་ཕྱེ་བ་སྟེ། འཁོར་ལོས་སྒྱུར་བ་ལ་སོགས་པ་ལ་ནི་དཔག་ཚད་ལ་སོགས་པ་ཡིན་ཞིང་། ཕལ་བའི་འབྱོར་བ་མཆོག་ལ་འབྲིང་པོ་དང་། ཆུང་བ་ལ་ཆུང་ཚད་དུ་གསུངས་ཤིང་། ཆེན་པོའི་ཆེན་པོ་ནི་སློབ་མ་མཆོག་ལ་འཕགས་པའི་བླ་མས་དབང་བསྐུར་བའི་བློ་ཡིས་རིམ་པས་ཕྱེ་བ་ཡིན་ནོ། །གཞུང་གསུམ་པོའང་མ་འཁྲུགས་པར་བཤད་དེ། ཆུང་བའི་སྐབས་སུ་ཐིག་གི་རིམ་པ་གསུངས་ཤིང་། འབྲིང་གི་སྐབས་སུ་ཐིག་ཚོན་བྱིན་གྱིས་བརླབས་ཏེ་བྲིས་པ་ལ་མཚན་མ་དགོད་ཐབས་གསུངས་ལ། རྒྱས་པའི་སྐབས་སུ་ཚོན་དགྱེ་བའི་རིམ་པས་བྲི་ཐབས་རྫོགས་པར་གསུངས་པ་ཡིན་ནོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ་སྟེ། དཀྱིལ་འཁོར་བསྐྱེད་པ། སྤྱན་དྲང་བ། གཉིས་སུ་མེད་པར་བསྟིམ་པའོ། །དང་པོ་ནི། སེམས་བསྐྱེད་པ་དང་དེ་བཞིན་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གྱི་རོལ་མོ་མཐའ་ཡས་པའི་མཆོག་ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པར་དཀྱིལ་འཁོར་བསྐྱེད་པའི་ནང་དུ། ལྷ་སོ་སོའི་གནས་སུ་རང་རང་གི་ཡི་གེ་ཋ་ལ་སོགས་པའམ་ལྷ་མཚོན་པའི་བརྡ་ཚོན་སྤུངས་ཀྱི་ཐིག་ལེ་སྐུ་མདོག་དང་མཐུན་པའམ། སྙིང་པོ་ཧཱུྃ་དང་མཱུྃ་ལ་སོགས་པའམ། ཕྱག་རྒྱ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའམ་གང་ཡང་རུང་བ་ལས་ལྷ་སོ་སོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པ་དང་ལྡན་པར་བསྐྱེད་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། དེས་གྲུབ་དོན་ཡ་མཚན་པ་གནས་སྐབས་ཐུན་མོང་གི་ལས་བཞི་དང་། རྨད་པོ་ཆེ་མཐར་ཐུག་ལྷའི་དཀྱིལ་འཁོར་འགྲུབ་པར་འགྱུར་བ་ནི་སངས་རྒྱས་ཀུན་གྱིས་དམ་བཅས་པའི་དམ་ཚིག་ཆེན་པོ་སྟེ། འདི་ལྟར་ས་དང་ཤིང་དང་རྡོ་ལ་སོགས་པའི་རྒྱུའི་དངོས་པོ་ངན་པ་ཕྱི་རོལ་ཏུ་གྱུར་པ་དེ་དག་ལས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་གཟུགས་བཅས་པ་ཡང་གདུལ་བྱའི་སྐལ་བ་དང་མཐུན་པར་རྣམ་པར་གྲོལ་བའི་རིམ་པ་བྱང་ཆུབ་གསུམ་སོ་སོར་ཐོབ་པར་འགྱུར་ན། རྣམ་པར་དག་པའི་ཡེ་ཤེས་ཏིང་ངེ་འཛིན་གྱིས་སྦྱངས་པའི་སེམས་ཀྱི་དངོས་པོ་ཡེ་ནས་འོད་གསལ་བ་ལས་སངས་རྒྱས་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་དེ་ཉིད་གདོད་མ་ནས་སངས་རྒྱས་ཡིན་པ་ལ་གསལ་བཏབ་པ་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །དེ་སྐད་དུའང་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། ཀུན་བྱེད་ལས། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །ཞེས་སོ། །གཉིས་པ་སྤྱན་དྲང་བ་ནི། ཕྱོགས་བཅུ་དུས་བཞིའི་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཆེན་པོ་གཤིས་ཀྱི་གནས་ལུགས་གང་དུའང་མི་དམིགས་ཤིང་སྤྲོས་པ་དང་བྲལ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་ཆོས་སྐུའི་ངང་ལས་ཡེ་ཤེས་པའི་དཀྱིལ་འཁོར་ཇི་ལྟར་འདོད་པ་ཐམས་ཅད་སྤྱན་དྲང་ངོ་། །དེའང་བློས་བྱོན་པར་མོས་པ་བྱེད་པ་ཙམ་ལ་སྤྱན་དྲངས་པར་བརྗོད་ཅིང་། ཐམས་ཅད་མཁྱེན་པའི་ཐུགས་རྗེས་ཀྱང་བྱིན་གྱིས་རློབ་པ་ཡིན་ལ། གཙོ་བོར་རང་གི་སེམས་ཀྱི་རྣམ་འཕྲུལ་ཙམ་གོམས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའང་སེམས་སངས་རྒྱས་ཡིན་པས་དེ་གོམས་ཤིང་གསལ་བས་དཀྱིལ་འཁོར་འགྲུབ་པ་ནི་འཐད་པའོ། །གསུམ་པ་གཉིས་སུ་མེད་པར་བསྟིམ་པ་ནི། བསྐྱེད་པ་ཏིང་འཛིན་གྱི་དཀྱིལ་འཁོར་དང་། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་པོ་དེ་རང་སྣང་གི་ངོ་བོར་དབྱེར་མེད་དུ་གནས་ཏེ། རང་བཞིན་དམ་ཚིག་གི་དཀྱིལ་འཁོར་ལ་བསྐྱེད་པ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་པ་དེ་ཉིད་འཇུག་ཅིང་བསྟིམ་པའི་མཚན་ཉིད་ཀྱིས་དཀྱིལ་འཁོར་དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་མཉམ་པར་སྦྱོར་བའི་ཚུལ་གྱིས་བསྟིམ་པས། ཕྱོགས་བཅུ་དུས་བཞི་ཀུན་ནས་འགྲོ་བའི་དོན་ལ་གཤེགས་པ་ཡི། སངས་རྒྱས་ཐམས་ཅད་ཀྱིས་སྔོན་སྤྱད་པ་སྤྱོད་པ་ན་གང་ལ་ལས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་དེའི་མདུན་དུ་དེ་བཞིན་གཤེགས་པ་ཉིད་བཞུགས་པར་གྱུར་ཅིག་ཅེས་སྨོས་ལམ་གྱི་བསྙེན་པ་མཛད་པའི་འབྲས་བུ་གྲུབ་ནས་དེ་ཁོ་ན་བཞིན་དོན་མཛད་པའི་ཕྲིན་ལས་ཀྱི་དཀྱིལ་འཁོར་དེ་ཉིད་ཐུགས་རྗེས་བྱོན་ནས་དམ་ཚིག་པའི་དཀྱིལ་འཁོར་ལ་རབ་ཏུ་རྫོགས་པར་འཇུག་ཅིང་ཉེ་བའི་སྲས་སུ་དགོངས་པར་གྱུར་བས་ན་སྤྱན་དྲངས་ཏེ་བསྟིམ་པ་ནི་དམ་ཚིག་གི་མཆོག་ཡིན་ནོ། །གསུམ་པ་དཀྱིལ་འཁོར་བསྒྲུབས་པའི་འབྲས་བུ་ལ་གསུམ་སྟེ། དངོས་གྲུབ་སེམས་ལས་འབྱུང་བའི་འཐད་པ་དགོད་པ། དེ་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པ། ཐབས་དེས་གྲུབ་པའི་འབྲས་བུ་བརྗོད་པའོ། །དང་པོ་ལ་གསུམ་ལས། དང་པོ་དཔེ་ནི་ལྷའི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་གཞན་ཡང་ཕྱི་རོལ་གྱི་དངོས་པོར་སྣང་བ་ལས་འདོད་དགུ་འབྱུང་བ་ཀུན་ལ་ཡ་མཚན་དང་ཡོན་ཏན་སོ་སོར་སྣང་ཡང་། དེ་དག་ལ་ཕྱི་རོལ་བདེན་པར་གྲུབ་པའི་རྫས་ཀྱི་དངོས་པོ་འགའ་ཞིག་ཡོད་པ་མ་ཡིན་ཏེ་གཞོན་ནུ་མེ་སྐྱེས་ཀྱི་རིན་པོ་ཆེའི་ཁང་བཟང་མ་སྐྱེས་དགྲའི་ཁང་པ་དང་བརྗེས་ཀྱང་ཁོ་རང་གི་ཕྱི་བཞིན་འབྲང་བ་དང་། ཁྲོན་པ་སྐྱེས་ཀྱི་ཁྲོན་པ་ལས་ཁོ་རང་གིས་ལག་པ་བརྐྱངས་ན་ཟས་གོས་ལ་སོགས་པ་འབྱུང་གིས་གཞན་གྱིས་མ་ཡིན་པ་དང་། ནོར་བུ་དང་དཔག་བསམ་གྱི་ཤིང་ལའང་ལྷ་དང་སྒྲ་མི་སྙན་པས་བླངས་ན་འདོད་དགུ་འབྱུང་གིས་གཞན་གྱིས་མ་ཡིན་ནོ། །འོ་ན་དེ་དག་རྒྱུ་ཅི་ལས་དེ་ལྟར་གྱུར་ཅེ་ན། སྔོན་སྦྱིན་པ་བཏང་བའི་བག་ཆགས་ཀྱི་ས་བོན་རང་གི་སེམས་ཀུན་གཞི་ལ་གནས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བརྟན་པ་ཉིད་ཀྱི་སྣང་བ་དེར་སྨིན་ཅིང་། རྐྱེན་དེ་དག་དང་འཕྲད་ནས་དགོས་འདོད་འབྱུང་བར་སྣང་བ་ཡིན་ནོ། །དེ་བཞིན་དུ་ཐོག་མ་མེད་པ་ནས་ཀུན་གཞི་ལ་ཡུལ་དུ་སྣང་བའི་བག་ཆགས་ཀྱིས་འཇིག་རྟེན་འབྱུང་བ་སོ་སོའི་གཟུགས་ཅན་དང་། ལུས་སུ་སྣང་བའི་བག་ཆགས་ཀྱིས་རང་གི་ཕུང་པོ་དང་། དོན་དུ་སྣང་བའི་བག་ཆགས་ཀྱིས་ཕྱི་ནང་གི་ཆོས་སེམས་ཅན་གྱི་ཁམས་རང་གི་ཤེས་པའི་ཚོགས་དང་བཅས་པ་དུ་མར་སྣང་ཡང་། དོན་ཐ་དད་པར་གྲུབ་པ་མེད་དེ་རྨི་ལམ་བཞིན་ནོ། །གཉིས་པ་དོན་ནི་དེ་བཞིན་དུ་སེམས་ཉིད་དོན་གྱི་གནས་ལུགས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དཀྱིལ་འཁོར་ངོ་མཚར་བའི་ཆོ་འཕྲུལ་ཡ་མཚན་རྨད་ཀྱི་ཆོས་དང་གནས་སྐབས་ཀྱི་དངོས་གྲུབ་ཕྲིན་ལས་བཞི་ལ་སོགས་པ་ཐོབ་པ་རྣམས་ཀྱང་། བདག་གིས་ཕར་བགྲོད་ནས་དེའི་སྟེང་དུ་ཕྱིན་པའམ། ཕྱོགས་གཞན་ཞིག་ན་ཡོད་པ་དེ་ཚུར་བཀུག་ནས་འོང་བ་མ་ཡིན་ཏེ། འདི་ལྟར་ཕྱི་སྣོད་གཞལ་ཡས་ཁང་ནང་བཅུད་ལྷ་དང་ལྷ་མོ་རང་ཉིད་རྒྱལ་བའི་སྐུར་གསལ་བ་ལ་སོགས་པའི་ཐབས་བསྐྱེད་པའི་རིམ་པ་སྙིང་རྗེ་ཆེན་པོ་ལ་སེམས་ཀྱི་གོམས་པ་རབ་ཏུ་བརྟན་པའི་ངང་ནས། ཤེས་རབ་རྫོགས་པའི་རིམ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་གོམས་པའི་དབང་གིས་ཟུང་འཇུག་གཉིས་སུ་མེད་པ་ཉིད་ལ་སྦྱངས་པས། བསྐྱེད་རྫོགས་དེ་ལྟ་བུ་ཡི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པར་རང་བྱུང་ཞིང་སྣང་བ་ཡིན་ནོ། །དེའང་རང་བཞིན་སྤྲོས་པ་དང་བྲལ་བའི་ཤེས་རབ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཆོས་སྐུའི་ངང་ལས། ཐབས་ཀྱི་ཕྱག་རྒྱ་ལྷུན་སྟུག་པོ་བཀོད་པར་གཟུགས་སྐུའི་དཀྱིལ་འཁོར་རང་སྣང་དུ་བཀོད་པ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རོལ་པར་གྱུར་པའི་ཕྱིར། ཆོས་སྐུའི་ཡེ་ཤེས་ལ་ནི་གཟུགས་སྐུའི་ཡེ་ཤེས་རོལ་པའི་ངང་ལས། གདུལ་བྱའི་འཇིག་རྟེན་དུ་སྣང་བ་དང་མཐུན་པར་སྤྲུལ་པའི་སྐུའི་ཡེ་ཤེས་རོལ་པ་ཉིད་ཀྱང་དེ་ལས་མ་འཕོས་བཞིན་དུ་སྣང་བ་ཆུ་ཟླ་དང་འདྲ་བས་གསོག་ཅེས་བྱ་སྟེ། ཡུམ་བར་མ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཆུ་ཟླ་ལྟ་བུ་མིག་ཡོར་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཆུ་ཟླ་དང་མིག་ཡོར་ལྟ་བུ། ཞེས་པ་ལྟར་རོ། །ཁ་ཅིག་སངས་རྒྱས་དང་དེའི་ཡེ་ཤེས་གཉིས་ལ་གསོག་ཅེས་རིམ་པས་སྦྱོར་བ་ནི་ལོངས་སྐུའི་དེ་ཉིད་དང་མ་འབྲེལ་ལོ། །གསུམ་པ་དེས་གཞན་དོན་འབྱུང་བའི་ཚུལ་ནི། ཡེ་ཤེས་ཀྱི་རོལ་བ་གསོག་ཡིན་ན་དེས་གཞན་དོན་བྱེད་པ་མི་འཐད་དོ་སྙམ་ན། གསོག་ཉིད་དུ་སྣང་བས་དོན་མཛད་པ་ཡིན་ནོ། །ཞེས་པ་ནི། སེམས་ཅན་གྱི་མོས་པ་དང་མཐུན་པར་རྒྱལ་བ་ཐུབ་པ་དྲུག་ལ་སོགས་པ་མངོན་སུམ་དུ་འབྱུང་ཞིང་འགྲོ་བའི་སྡུག་བསྔལ་ལས་སྐྱོབ་པ་མཛད་པ་བཅུ་གཉིས་པ་སོགས་པས་དོན་མཛད་པ་དང་། ཆོས་སྐུའི་ངང་ལས་ལྷུན་སྟུག་པོ་བཀོད་པའི་རང་སྣང་ལོངས་སྐུར་སྣང་བའི་བྱིན་རླབས་ལས། ས་བཅུའི་སེམས་དཔའ་ལ་རང་བཞིན་སྤྲུལ་སྐུ་རིགས་ལྔའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པའང་སྟོན་པའི་ཐུགས་རྗེ་དང་འགྲོ་བའི་རང་སེམས་བསོད་ནམས་གོམས་པའི་མཐུ་ལས་ནོར་བུ་དཔག་བསམ་ཤིང་གི་དཔེ་དེ་བཞིན་དུ་སྣང་བ་ཡིན་ཏེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་འགྱུར། །ཞེས་པ་ལྟར་རོ། །དེས་ན་རང་བཞིན་བདེན་པར་མ་གྲུབ་བཞིན་དུ་སྤྲུལ་པའི་སྐུས་འགྲོ་དོན་གྱི་བྱ་བ་བྱེད་ནུས་པའི་ཚུལ་ནི་ལྷུན་གྱིས་གྲུབ་པའི་ཐུགས་རྗེའི་གཟི་བྱིན་མངའ་བའི་ཕྲིན་ལས་ཀྱི་རོལ་པར་རང་བྱུང་དུ་ཤར་བ་ཡིན་ཏེ། ཉི་ཟླའི་གཟི་འོད་ཀྱིས་གླིང་བཞི་སྣང་ཞིང་པདྨའི་ཁ་འབྱེད་པ་རྫིང་བུར་གཟུགས་བརྙན་སྟོན་པ་བཞིན་ནོ། །དེ་ཉིད་ཡེ་ཤེས་ཀྱི་སྒྱུ་མ་སྟེ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ཆོས་ཐམས་ཅད་ལ་མངའ་བསྒྱུར་བས་ཆེ་བཙན་དམ་པའི་མཆོག་ཡིན་ཏེ། རྡོ་རྗེ་ལས། ཡེ་ཤེས་སྒྱུ་མ་རང་སྣང་བ། །རྡོ་རྗེ་བཙན་པོ་དམ་ཚིག་མཆོག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཆེ། །འགྲོ་བ་ཀུན་ལ་རབ་སྣང་བའོ། །ཞེས་སོ། །གཉིས་པ་དེ་ཉིད་ཇི་ལྟར་བསྒྲུབ་པའི་ཐབས་བསྟན་པ་ནི། ལམ་མ་ནོར་བར་སྟོན་པ་བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན་པ། དེ་ལས་ཟབ་མོའི་དབང་ཐོབ་པ་དམ་ཚིག་དང་སྡོམ་པ་ལ་གནས་པ། སྒྲུབ་པའི་མན་ངག་ལ་མཁས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པས་བསྒྲུབ་ནུས་པ་སྟེ། དངོས་གྲུབ་སྒྲུབ་པའི་ཆོ་ག་ལྔ་ནི་རྒྱུད་ལ་རྫོགས་པར་བྱས་ཤིང་། སྒྲུབ་པའི་གནས་བར་ཆད་མེད་ཅིང་ཡིད་དང་མཐུན་པ། གྲོགས་མཚན་ཉིད་ཚང་ཞིང་སྐལ་པ་བཟང་བ། འཚོ་བའི་ཡོ་བྱད་མཐའ་གཉིས་སུ་མ་ལྟུང་ཞིང་ལོག་འཚོ་མེད་པ། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཉམས་པ་མེད་པ། དམ་ཚིག་གི་རྫས་ཚོགས་ཤིང་རྟེན་དུ་ཡོད་པ་སྟེ་དངོས་གྲུབ་སྒྲུབ་པའི་མཐུན་རྐྱེན་གྱི་ཡོ་བྱད་ལྔ་ནི་ཡོངས་སུ་རྫོགས་པར་ལྡན་ཞིང་། བདག་གི། ལྷའི། གསང་སྔགས་ཀྱི། བཟླས་བརྗོད་ཀྱི། འཕྲོ་འདུའི་དེ་ཁོ་ན་ཉིད་དེ། གསང་སྔགས་ཀྱི་སྒྲུབ་པའི་ཡན་ལག་ལྔ་རྫོགས་པས། སྤྱིར་ལྟ་བ་དང་དམ་ཚིག་མ་ཉམས་ཤིང་བྱེ་བྲག་ཏུ་སྒྲུབ་པའི་མཐུན་རྐྱེན་ཚོགས་པ་ལས་མ་ཉམས་པ་སྒྲུབ་པ་ལ་འཇུག་པ་དང་ཞུགས་ནས་སྒྲུབ་པ་ལ་ཉིན་མཚན་གཉིད་དང་སྙོམས་ལས་སྤངས་ཏེ་རབ་ཏུ་བརྩོན་ན་མྱུར་དུ་འགྲུབ་ཅིང་། མི་བརྩོན་ན་མི་འགྲུབ་ཅེས་པའོ། །གཞུང་ཁ་ཅིག་ལས་བརྩོན་པས་ཞེས་ཀྱང་འབྱུང་ངོ་། །དེ་ལྟ་ན་སྤྱིའི་སྒྲར་བཤད་ཀྱི་མི་འགྲུབ་པ་མ་བསྟན་ཏོ། །དེའང་ཁ་ཅིག་དེ་བཞིན་ཉིད་ཀུན་ཏུ་སྣང་དང་། གསུང་ཡིག་འབྲུ་ཐུགས་ཕྱག་མཚན་སྐུ་རྫོགས་པ་སྟེ་ཆོ་ག་ལྔ་དང་། བཟའ་བཏུང་། བྲོ་གར། གླུ་ཚིག །གོས་རྒྱན། ཨཱ་ལི་ཀཱི་ལིའི་འབྱོར་བ་སྟེ་ཡོ་བྱད་ལྔ་དང་། ཡན་ལག་ལ་ལྷ་ལྔ་བཅུའི་དཀྱིལ་འཁོར་བསྐྱེད་པ། རྟོག་པའི་ཡན་ལག་ལྷ་བཞི་བཅུ་རྩ་གཉིས་སུ་ཤེས་པ། ལྷ་རེ་རེའང་བཞི་བཅུ་རྩ་གཉིས་སུ་དབྱེ་བ། དེ་དག་གི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། རིགས་ལྔས་དབང་བསྐུར་བ་སྟེ་སྔགས་ཀྱི་ཡན་ལག་ལྔར་འདོད་པ་ནི་བསྐྱེད་རིམ་འབའ་ཞིག་གི་ཕྱོགས་སུ་ལྷུང་བས་རྫོགས་རིམ་གྱི་དེ་ཉིད་དང་། གནས་དང་རྫས་ཀྱི་ཡོ་བྱད་མ་ཚང་བའི་ཕྱིར་འོས་པ་མ་ཡིན་ནོ། །གསུམ་པ་ཐབས་དེས་གྲུབ་པའི་འབྲས་བུ་བརྗོད་པ་ལ་གཉིས་ཏེ། གནས་སྐབས་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་ནི། དབང་པོ་དང་བརྩོན་པ་རབ་ཀྱིས། ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། འབྲིང་གིས་ཟླ་བ་བཅུ་གཉིས་ས།མ ཐ་མས་ཟླ་བ་བཅུ་བཞིའམ། ཤིན་ཏུ་རྟུལ་པོས་ཀྱང་ཟླ་བ་བཅུ་དྲུག་གིས་ཚེ་ལ་དབང་སྒྱུར་བའི་རིག་འཛིན་གྱི་དམ་པ་འགྲུབ་བོ། །དེའང་ཕྱག་རྒྱ་དང་ལྷུན་གྱིས་གྲུབ་པ་འདིའི་གོང་ལ་ཡོད་པ་ལ་དམ་པའི་སྒྲས་མི་སྨོས་པར། འདི་ལ་སྨོས་པ་ཅི་ཡིན་ན། རྣམ་སྨིན་ལས་འཕགས་ཤིང་ལུས་དེ་ཉིད་ཀྱིས་སངས་རྒྱས་ཐོབ་པས་དེ་སྐད་ཅེས་བཏགས་ཏེ། སྦྱོར་ལམ་ཆོས་མཆོག་ལ། ཆོས་ཀྱི་མཆོག་ཅེས་བཏགས་པ་བཞིན་ནོ། །དེ་སྐད་དུ་ཡང་ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །ཞེས་སོ། །ཚེ་དབང་ཐོབ་པ་དེ་ཉིད་ཀྱི་རྟེན་ལ་ཚེ་བཅུ་དྲུག་མཐུད་པའི་ལོ་གྲངས་སམ་དུས་ན་འཚང་རྒྱ་སྟེ། སྐྱེ་བ་བཅུ་དྲུག་ཚུན་ཆད་ཀྱི་སྐུ་ལྔ་ལྷུན་གྱིས་རྫོགས་པར་སངས་རྒྱས་ནི་ཐོབ་པར་བྱེད་དོ། །སྔགས་ཀྱི་གཞུང་འགའ་ལས་ཚེ་གཅིག་ལུས་གཅིག་པུ་དེས་མཁའ་སྤྱོད་བགྲོད་དེ་འཚང་རྒྱ་བ་དང་། སྐྱེ་བ་བདུན་དང་། བཅུ་དྲུག་ན་ཇི་ལྟར་འགོར་ཡང་འཚང་རྒྱ་བར་འདོད་པ་ཡིན་མོད། འདིར་ཚེ་དབང་ཐོབ་པ་དེས་ལོ་སྟོང་དྲུག་བརྒྱའི་བར་དུ་ཚེ་གཅིག་གིས་ཐུབ་པར་བྱས་ཏེ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པར་བྱེད་དོ། །དེའང་ཚེའི་འདུ་བྱེད་ཟད་པ་ན་ཐབས་ཀྱིས་ཚེ་བསྲིངས་ཏེ་ལོ་བརྒྱ་བརྒྱ་ཕྱིར་སྣུར་བ་དེ་ལྟ་བུ་ལན་བཅུ་དྲུག་ལུས་གཅིག་གིས་གནས་པ་ཡིན་ཏེ། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་སྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་ས། །ཟག་གསུམ་ཟག་པ་དེ་ལ་མེད། །ཅེས་པ་དང་། རྡོ་རྗེ་རྩེ་མོ་ལས། སྐྱེ་བ་བཅུ་དྲུག་མཐར་ཐུག་པའི། །ཞི་བའི་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་སོ། །ཁ་ཅིག་ཚེ་གཅིག་ཡིན་ཡང་ལུས་ལན་བཅུ་དྲུག་སྣུར་ཏེ་གྲོང་འཇུག་གི་ཚུལ་དུ་བྱེད་ཅེས་པའང་ལུས་མ་བོར་བར་སངས་རྒྱས་སོ་ཞེས་པས་བཀག་པ་ཡིན་ནོ། །དེའང་འདིར་ཚེ་དབང་དང་ལྷུན་གྲུབ་གཉིས་ཀྱི་ཞར་ལ། རྣམ་པར་སྨིན་པ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཀྱང་བསྟན་པ་ཡིན་ནོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་གསུམ་སྟེ། ལྷུན་སྟུག་པོ་བཀོད་པར་རང་སྣང་སྐུ་དང་ཡེ་ཤེས་སུ་གྲུབ་ཚུལ། དེ་ཉིད་དབྱིངས་ཆོས་སྐུའི་ཞིང་ནང་གསལ་སྤྲོས་པ་དང་བྲལ་བར་བཞུགས་ཚུལ། སླར་ཡང་གདུལ་བྱའི་འཇིག་རྟེན་དུ་སྤྲུལ་སྐུ་འཆར་ཚུལ་ལོ། །དང་པོ་ལ་གཉིས་ལས། དང་པོ་མངོན་པར་བྱང་ཆུབ་པའི་ཚུལ་ནི་དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་ཡེ་ནས་སངས་རྒྱས་པའི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཐིག་ལེ་ཉག་གཅིག་གྲུབ་བསལ་མེད་པའི་ཆོས་དེ་ཉིད་ལ། གློ་བུར་ཀུན་ཏུ་བཏགས་པའི་དྲི་མ་རང་སར་དག་པས་ཟད་པ་དང་སྐྱེ་བ་མེད་པའི་ཡེ་ཤེས་བརྙེས་ཏེ། དབྱིངས་དེར་གཉིས་སུ་མེད་པར་འདྲེས་པ་ཆུ་ལ་ཆུ་བཞག་པ་ལྟ་བུའི་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་ཐིག་ལེ་ཉིད་སྣང་བ་ནི་མངོན་པར་བྱང་ཆུབ་པ་དང་མི་འགྱུར་རྡོ་རྗེ་དང་ཞི་བ་ཆོས་སྐུ་དང་། གསལ་བ་ལོངས་སྐུ་དང་ཡེ་ཤེས་སྤྲུལ་པའི་སྐུ་ལྔར་ལྷུན་གྱིས་གྲུབ་པས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་མཆོག་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དང་གཉིས་སུ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པས་མཆོག་གི་དངོས་གྲུབ་བརྙེས་པ་ཞེས་བྱའོ། །གཉིས་པ་ཞིང་ཁམས་ཇི་ལྟར་སྣང་བའི་ཚུལ་ནི། དེའི་ཚེ་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་ཁྱབ་པས་བསམ་ཡས་པའི་ངང་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་ཐམས་ཅད་དང་བྲལ་བ་དེ་ན་རྒྱ་ཕྱོགས་བཅུར་མ་ཆད་ཅིང་འདི་ཙམ་དུ་ངེས་སོ་ཞེས་བློས་བསམ་པ་དང་བྲལ་བའི་གཞལ་ཡས་ཁང་གཞི་ཚད་མེད་པ་ཡེ་ཤེས་ཀྱི་འཁོར་ལོ་ལ་བརྟེན་པའི་རྒྱན་གྱི་རྣམ་པ་ཡང་འཁོར་ལོ་རིན་པོ་ཆེས་མཚན་པ་དང་། འདོད་ཡོན་ཕུན་སུམ་ཚོགས་པ་ཕྱོགས་བཅུར་འཁྲིགས་པའི་རོལ་མོའི་ཚོགས་ཆེན་པོ་དང་རིགས་ལྔའི་དཀྱིལ་འཁོར་ནམ་མཁའི་མཐས་ཁྱབ་པར་སྣང་བ་འོད་གསལ་ལྷུན་གྱིས་གྲུབ་པ་མ་ལུས་པ་བསམ་ཡས་ཀུན་གྱི་རང་བཞིན། ཡེ་ཤེས་ཀྱི་གཟིགས་པ་དག་པའི་ཡུལ་དུ་མཐོང་ནས་ལོངས་སྤྱོད་ཆེན་པོའི་གཞིར་མངོན་སུམ་དུ་ཉེ་བར་མངའ་བརྙེས་པ་དང་། བརྗོད་པ་མེད་ཅིང་རིས་སུ་མ་ཆད་པས་རྒྱ་ཆེན་པོའི་གསུང་ཡི་གེ་ཚོགས་ཆེན་ལས་འགྲོ་བའི་དོན་ལྷུན་གྱིས་གྲུབ་པར་འབྱུང་བ་ནི། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡེ་ནས་སངས་རྒྱས་པ་ལ། ལམ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཟབ་མོས་གསལ་བཏབ་པས། འབྲས་བུ་གདོད་མའི་གནས་ལུགས་སུ་བྱང་ཆུབ་པ་གསུམ་དབྱེར་མེད་པ་ནི་དེ་དག་རང་བཞིན་མཐུན་པའི་ཡེ་ཤེས་ཞེས་བྱ་སྟེ། ཡིན་པ་ལ་ཡིན་པར་ཤེས་པས་ཡིན་ཐོག་ཏུ་སླེབས་པ་ཡིན་ནོ། །དེ་ལྟ་བུའི་ཞིང་དེ་ཡང་ཕྱོགས་གང་ཤེད་ན་གྲུབ་པའི་ཚུལ་གྱིས་ཀུན་གྱིས་བལྟར་ཡོད་པ་མ་ཡིན་ཏེ། སངས་རྒྱས་ཉིད་ཀྱི་ཡེ་ཤེས་རང་སྣང་བའོ། །གཉིས་པ་ནི། དེ་ལྟར་སྣང་བའི་ཞིང་ཁམས་ཀྱང་གནམ་གང་གི་ཟླ་བ་ལྟར་དབྱིངས་ཆོས་སྐུའི་ཞིང་དུ་ཐིམ་པས་ཕྱི་རོལ་ཏུ་སྣང་ཆར་མེད་ལ་ནང་གསལ་དུ་མཁྱེན་ཆར་མ་འགགས་པ་ནི་རང་བཞིན་གཅིག་དང་དུ་མ་དང་བྲལ་བ་ཡི་ཆོས་སྐུ་མཐའ་དང་དབུས་མེད་པའི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་ན། ཕྱིར་སྣང་ཐིམ་པར་བཞུགས་པའི་ལོངས་སྐུའི་ཆ་དེ་ཉིད་སངས་རྒྱས་ཀྱིས་ཀྱང་ཕན་ཚུན་མི་གཟིགས་ཏེ་ཤིན་ཏུ་ཕྲ་བའི་རང་བྱུང་གི་ཡེ་ཤེས་དེ་ཉིད་གང་དུའང་གནས་པ་མེད་པར་ཞི་བའི་དབྱིངས་ན་སྣང་བ་སྟེ་གནས་པའི་ཕྱིར་རོ། །དེ་སྐད་དུའང་རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། །དེའང་ཁ་ཅིག་འགྲོ་དྲུག་གིས་མི་མཐོང་ལ་སངས་རྒྱས་ཀྱིས་གཟིགས་པར་འདོད་པ་ནི་གཞུང་གི་དགོངས་པ་མ་ཡིན་ནོ། །འདིར་སྣང་བ་བཞི་མཐར་ཕྱིན་པའི་སྐབས་ཡིན་ཏེ། ཚེ་དབང་དེས་འོད་གསལ་བའི་ཡེ་ཤེས་དུ་བ་ལ་སོགས་པ་དང་པོར་མཐོང་དུས་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ཉིད་གོང་ནས་གོང་དུ་མཆེད་པ་ལས་ཕྱི་ནང་གི་རྟགས་མཐོང་བ་ནི་ཉམས་གོང་དུ་འཕེལ་བའི་སྣང་བའོ། །དེ་ནས་སངས་རྒྱས་ལོངས་སྐུའི་ཞིང་མཐོང་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ནས་དེ་ཡང་ནང་དུ་ཞི་བས་འཛིན་པ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །དེ་ནས་གདོད་མའི་ངང་དུ་ལོངས་སྐུའི་ཞིང་སྣང་རིམ་པ་ནི་གཞི་ཐོག་ཏུ་ཕྱིན་པ་སྟེ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་གཟིགས་པ་མེད་པར་བཞུགས་པའོ། །གསུམ་པ་སླར་ཡང་གདུལ་བྱའི་འཇིག་རྟེན་དུ་སྤྲུལ་སྐུའི་འཆར་ཚུལ་ནི་དེ་ནས་གདུལ་བྱའི་འཇིག་རྟེན་དུ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་རིག་པའི་ཡེ་ཤེས་སྤྲུལ་པའི་སྐུ་མངོན་པར་སྣང་སྟེ། དེའང་ཐུགས་རྗེ་རིག་པའི་ཡེ་ཤེས་དེ་ཉིད་ཕྱིན་ཅི་ལོག་གི་ལོག་པར་རྟོག་པས་ཀུན་ནས་བཏགས་པའི་ངོ་བོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཐམས་ཅད་རྣམ་པར་དག་ཅིང་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་མ་ལུས་པ་ཀུན་མཁྱེན་པའི་ཡེ་ཤེས་ཕྱོགས་བཅུར་རྒྱས་ཏེ། ཡེ་ཤེས་དེ་ཉིད་ཀྱང་དབྱིངས་རང་བཞིན་གྱིས་དག་པའི་ཆོས་སྐུ་ཡོན་ཏན་གྱི་གཏེར་ལས་མི་གཞན་པ་སྟེ་ངོ་བོ་གཅིག་ཡིན་པའི་ཕྱིར་རྟོག་པ་མེད་བཞིན་དུ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་སྟེ། ཡུལ་གདུལ་བྱའི་འཇིག་རྟེན་དང་ཡུལ་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཆེན་པོས་ཡུལ་ཡུལ་ཅན་དུ་འབྲེལ་བས་ན་མ་དག་པ་འགྲོ་བ་རིགས་དྲུག་གི་འཇིག་རྟེན་དུ་འདས་མ་འོངས་ད་ལྟར་བའི་དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིང་སུ་ནི་འདུལ་བའི་དུས་ལ་བབས་སྙམ་དུ་མཁྱེན་པ་འཇུག་པས། མཐོ་རིས་ལ་སོགས་པའི་གནས་རིས་སེམས་ཅན་གྱིས་ཁྱབ་པ་མ་ལུས་པ་དེ་དག་ཐུབ་པ་དྲུག་ལ་སོགས་པའི་སྤྲུལ་པ་ཚད་མེད་པ་སོ་སོའི་སྣང་བ་དང་མཐུན་པར་སྣང་ཞིང་དོན་མཛད་པ་ཡིན་ནོ། །དེ་སྐད་དུའང་འཁོར་ལོ་བཅུ་པའི་མདོ་ལས། བདེ་གཤེགས་ཐུགས་རྗེ་དུས་རིང་འགྲོ་བ་ལ། །འདུལ་བའི་ཡུལ་དུ་མཁྱེན་ནས་དོན་མཛད་པ། །དུས་ལས་མི་ཡོལ་སྐད་ཅིག་སོ་སོར་སྣང། །ཡེ་ཤེས་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེའང་ཆོས་སྐུ་ལས་མ་གཡོས་པར་འབྱུང་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་སོ། །དེ་ལྟར་སྣང་བའི་སངས་རྒྱས་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་གྲངས་མེད་པ་གསུམ་རྫོགས་པས་འགྲུབ་སྟེ། མདོ་སྡེ་རྒྱན་ལས། གྲངས་མེད་གསུམ་ནི་རྫོགས་པ་ཡིས། །བསྒོམས་པ་ཡི་ནི་མཐར་ཕྱིན་ཏོ། །ཞེས་སོ། །དེའི་འགོ་ཡང་ཚོགས་ཀྱི་ལམ་བསམ་པ་ངེས་པ་ཚུན་ཆད་ནས་འཛིན་ཏེ། དེ་ལས། བཟང་དང་སྨོན་པའི་སྟོབས་ཅན་གྱིས། །ཞེས་པ་ལ་སོགས་པའོ། །གསང་སྔགས་ཕྱི་བའི་ཚུལ་ལས་སྐལ་པ་དང་མོས་པ་དང་ཏིང་ངེ་འཛིན་རབ་ཏུ་གྱུར་པས་ལུང་མནོས་ཏེ་བསྙེན་པའི་མཚན་མ་གནས་པས་ཚེ་འདིར་སངས་རྒྱས་ཀྱི་ཞལ་མཐོང་སྟེ། དེ་ནས་ཚེ་གཅིག་གམ་གཉིས་སམ་གསུམ་ལ་སོགས་པ་ན་སངས་རྒྱས་ཐོབ་པར་གྲགས་སོ། །རྣལ་འབྱོར་ཆེན་པོས་ལུགས་ལས་མོས་པ་དང་བརྩོན་འགྲུས་དང་དགེ་བའི་བཤེས་གཉེན་གྱི་སྟོབས་ཀྱིས་ལུས་དེས་ཚེ་ལ་དབང་བའི་ས་ཐོབ་ནས་གྲོལ་བར་གསུངས་སོ། །འདིར་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ཟླ་བ་དྲུག་ལ་སོགས་པས་ཚེ་དབང་བསྒྲུབས་ནས། རྟེན་དེས་བྱང་ཆུབ་ཚེ་གཅིག་ལུས་གཅིག་ལ་འགྲུབ་པར་བསྟན་ཏོ། །དེ་དག་ཀྱང་གང་ལ་ཞུགས་པ་དེའི་ལུགས་ལྟར་བདེན་གྱི། འདི་ཉིད་ཁོ་ནའི་ལྟར་ཡིན་ནོ་ཞེས་ངེས་བཟུང་མི་བྱ་སྟེ། གཉེན་པོ་དང་ལམ་དང་བརྩོན་འགྲུས་དང་རྐྱེན་གྱི་སྟོབས་སོ་སོ་བ་ཡིན་པའི་ཕྱིར་ཏེ། འདག་ཆལ་གྱི་སྟོབས་སོ་སོས་དྲི་མ་དག་པ་མགྱོགས་བུལ་དང་ཡུལ་གཅིག་ཏུ་བགྲོད་པའང་བརྩོན་འགྲུས་དང་སྟོབས་སོ་སོས་མགྱོགས་བུལ་དུ་སྣང་ཡང་ཡུལ་ལ་ཉེ་རིང་ཡོད་པ་མ་ཡིན་ནོ། །དེས་ན་སེམས་ལ་དབང་མ་ཐོབ་ཀྱི་བར་དུ་ནི་རྐྱེན་དང་ལས་ཀྱི་རྗེས་སུ་བྱེད་ལ། དེ་ཕན་ཆད་ནི་དུས་ཀྱང་ཅི་དགར་སྣང་སྟེ་རིང་བ་ཐུང་བར་བསྒྱུར་ཅིང་ཐུང་བ་རིང་བར་འཕྲུལ་བ་ལ་སོགས་པ་ཡོད་དེ། དུས་ཀྱང་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། དུས་ཐུང་བར་འདོད་པ་རྣམས་ལ་བསྐལ་པ་མང་པོ་ཞག་བདུན་གྱིས་འདའ་བར་བྱིན་གྱིས་རློབ་བོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་འཕགས་པའི་གོ་འཕང་ཐོབ་པ་ཚུན་ཆད་ལ་ལམ་ཟབ་མི་ཟབ་ལ་སོགས་པ་ཉེ་རིང་དུ་སྣང་ཡང་། དེ་ཕན་ཆད་སེམས་ལ་དབང་ཐོབ་པས་ཇི་ཙམ་གྱིས་གྲོལ་བར་རང་དབང་ཡོད་དེ། ཡུམ་བར་མ་ལས། རབ་འབྱོར་གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་མིག་དྲི་མ་མེད་པ་ཐོབ་པ་དེའི་ཚེ། འདོད་ན་ཞག་བདུན་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་ལ། འདོད་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པའི་ཁྱད་པར་དང་པོའོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གང་དུ་དབང་བསྐུར་བའི་དོན་བསྡུ་བ་ནི། སྔར་བསྟན་པའི་མཆོག་དབང་བདེ་བ་ཆེན་པོའི་དཀྱིལ་འཁོར་ནི་ཡབ་ཡུམ་སྟངས་དཔྱལ་གཉིས་སམ་ཡང་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ཁ་དོག་ལྔ་བ་བྱས་ཏེ་སློབ་མ་དད་ལྡན་རྣམས་རབ་ཏུ་ཞུགས་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཡིད་དུ་འོང་བ་སྔོན་གཞན་གྱིས་ཐོབ་པ་དང་མཉམ་པར་འཐོབ་པར་འགྱུར་རོ། །དེ་ལྟར་སྐལ་པ་མཉམ་པའི་ཡེ་ཤེས་ཆེན་པོ་དེ་དོན་དུ་གཉེར་ན་ཚེ་འདི་ཉིད་ལ་དངོས་གྲུབ་ཆེན་པོ་ཉེ་བར་འབྱུང་བ་ཡི་རང་བཞིན་ལས་བཞི་དང་ཚེ་དབང་ཐོབ་པའི་རྟེན་དེས་མཆོག་གི་དངོས་གྲུབ་ཡ་མཚན་ཆེན་པོ་སངས་རྒྱས་ཉིད་འབྱུང་ཞིང་ཐོབ་པར་ངེས་སོ། །དེ་སྐད་དུའང་མེ་ལོང་ལས། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི། །དཀྱིལ་འཁོར་མངོན་དུ་མཐོང་ཞུགས་པ། །བསོད་ནམས་བསྟན་པ་གང་ཡིན་པ། །ཕྱི་ས་བྱས་པའང་དེ་བཞིན་ནོ། །ཞེས་སོ། །དེ་ལས་གཞན་དུ་ཆོས་དང་བླ་མ་ལ་དད་པ་མེད་ཅིང་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པས་བསྒྲུབས་ན་ཚེ་འདིར་ནད་དང་གནོད་པ་ལ་སོགས་པ་མི་འདོད་པ་སྣ་ཚོགས་འབྱུང་ཞིང་ཕྱི་མར་ངན་སོང་དུ་སྐྱེ་བར་ཕུང་བར་འགྱུར་ཏེ། རྣལ་འབྱོར་གྱི་རྒྱུད་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །ཐེ་ཚོམ་ཡོད་པ་ཉིད་དང་ནི། །བཀའ་བཞིན་རྩོལ་བ་མི་བྱེད་པ། །མ་དད་པས་ནི་མི་འགྲུབ་ཅིང་། །འདི་ཕྱིར་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་པ་ལྟར་རོ། །ཚུལ་དེ་སྐད་ཅེས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་གནས་ལུགས་གསང་བའི་སྙིང་པོ་དོན་གྱི་ཡེ་ཤེས་དེ་ཁོ་ན་ཉིད་ངེས་པ་ལས་ཡེ་ནས་གྲུབ་པའི་དཀྱིལ་འཁོར་གྱི་ངོ་བོ་རྡོ་རྗེའི་མཚོན་བྱེད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བཀོད་པ་མཆོག་ཏུ་གསང་བ་སངས་རྒྱས་ཐམས་ཅད་ཀྱི་དམ་ཚིག་གི་ལེའུ་སྟེ་དགུ་པའི་རྣམ་པར་བཤད་པའོ།། ༈ །།དོན་གཉིས་པ་དབང་བསྐུར་བའི་ཐབས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དབང་བསྐུར་བ་ལ་འཇུག་པའི་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པ་དེ་ནས་བཅོམ་ལྡན་འདས་ཟག་པ་མེད་པའི་བདེ་བས་དགྱེས་པ་ཆེན་པོས་ཀུན་ཏུ་བཟང་པོ་ཡབ་ཡུམ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སློབ་མའི་རྒྱུད་ལ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བའི་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་དོ། །དེའང་དབང་གི་དོན་ལ་ཨ་བྷི་ཥེ་ཀ་ཏ་ཞེས་ཟེར་ཞིང་། དེའི་དོན་ཡང་ནུས་པ་འཇུག་པར་བྱེད་པ་སྟེ། འཇིག་རྟེན་ན་རྒྱལ་སར་འདོན་པ་ལ་རིག་བྱེད་ཀྱི་བུམ་པས་དབང་བསྐུར་ནས་ཡུལ་ཁམས་ལ་དབང་བའི་ནུས་པ་འཇུག་པ་དང་འདྲ་བར། རང་གཞན་གྱི་དོན་བྱེད་པའི་ནུས་པ་འཇུག་པ་སྟེ། རྒྱལ་པོ་སྦྱིན་པ་ཞེས་བྱའོ། །ཡང་ཨ་བྷི་ཥིཉྩའི་སྒྲས་ཡེ་ཤེས་ཀྱིས་བགོས་ཤིང་སྒོ་གསུམ་གྱི་དྲི་མ་འཁྲུད་པས་ན་དབང་ངོ་། །གཉིས་པ་ལ་གསུམ་སྟེ། ནུས་པའི་དབང་དང་། ཕན་པའི་དབང་དང་། ཕན་ཡོན་ནོ། །དང་པོ་ལ་གསུམ་ལས། ཟབ་དབང་སྤྱིར་བསྟན་པ་ནི་སྔར་བསྟན་པ་བཞིན་ལྷའི་དཀྱིལ་འཁོར་བསྐྱེད་ཅིང་བདག་ཉིད་འཇུག་པ་དང་སློབ་མ་འཇུག་པ་དང་ཕན་དབང་དང་ནུས་དབང་བསྐུར་ལ་གཟུངས་མ་བྱིན་གྱིས་བརླབས་ཏེ། ཡུམ་ཤེས་རབ་ཀྱི་ཕྱག་རྒྱ་ལ་ཡབ་ཐབས་ཀྱི་ཕྱག་རྒྱ་སྙོམས་པར་ཞུགས་པ་ལས་ཡབ་ཀྱི་བྱང་སེམས་བདེ་བའི་རང་བཞིན་ཡི་གེ་ཧཱུྃ་གི་འབྲུ་ཚོགས་སུ་གསལ་བའི་རྒྱུན་གསང་བ་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ཡུམ་གྱི་པདྨོར་འཁྱིལ་པ་སློབ་མའི་ལྕེ་རྩེ་ནས་ཁོང་བར་བསྟིམ་ཞིང་གཙོ་བོའི་དཀྱིལ་འཁོར་གྱི་འཕྲོ་འདུས་བྱིན་རླབས་བསྡུས་ཏེ་སློབ་མའི་སྙིང་གར་བསྒྱུར་ཞིང་གསང་སྔགས་བརྗོད་དོ། །གཞུང་འདི་ཁ་ཅིག་ནུས་དབང་ལྔ་པོ་ཐམས་ཅད་ཆོ་ག་འདིས་བསྐུར་ཞིང་སོ་སོའི་དམིགས་པ་དང་རྗེས་གནང་སྦྱིན་པར་བྱེད་དེ། གསང་བའི་རྒྱུན་དེ་ཏྲཱྃ་ལ་སོགས་པའི་ཡིག་འབྲུར་གྱུར་པ་སློབ་མའི་ཁོང་དུ་ཐིམ་པས་ལྷ་སོ་སོའི་དཀྱིལ་འཁོར་ལྔ་པོའི་སྤྲོ་བསྡུ་བྱེད་པར་བཞེད་དོ། །དེ་ནི་གོ་རིམ་ལོག་པའི་སྐྱོན་ཡོད་དོ། །གཉིས་པ་ནུས་དབང་བྱེ་བྲག་ཏུ་བཤད་པ་ལ་ལྔ་ལས། ཉན་པའི་དབང་གི་ཏིང་ངེ་འཛིན་ནི་སློབ་མ་རིན་ཅེན་འབྱུང་ལྡན་དུ་གསལ་བའི་ཉན་བྱེད་རྣ་བ་གཉིས་ཀྱི་ནང་དུ་བྷྲཱུྃ་ལས་འཁོར་ལོ་རྩིབས་བཞི་ཏྲཱྃ་ལས་ལྷའི་གཞལ་ཡས་སུ་གསལ་བའི་རྣ་བའི་དབང་པོ་སྒྲ་ལ་ཉན་ནུས་སུ་འཛིན་པའི་ཐིག་ལེ་ཤིན་ཏུ་དྭངས་པའི་ངོ་བོ་ཉིད་དུ་གནས་པ་དེ་ཡི་གེ་ཏྲཱྃ་ཟུང་ལྔ་ཡ་བཅུ་ཧཱུྃ་བཞི་ཛཿཧཱུཾ་བྃ་ཧོཿདང་བཅས་པ་གསུམ་ཆོས་ཀྱི་ཕྱག་རྒྱའི་ཚོགས་མཆོག་ཡི་གེ་རྣམས་འོད་དུ་ཞུ་བ་ལས། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་གསལ་བར་བསྐྱེད་ལ་བླ་མས་ཡེ་ཤེས་པ་དེ་ཁོ་ན་འདྲ་བ་སྤྲོས་ཏེ་སློབ་མའི་རྣ་བར་ཐིམ་པས་ཉན་པའི་སྒྲིབ་པ་དག་ནས་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་རིན་ཆེན་འབྱུང་ལྡན་དུ་བསམས་ལ་དམ་ཚིག་བསྒྲག་ཅིང་རྗེས་གནང་སྦྱིན་པ་ནི། ཏྲཱྃ་ནི་འགོ་འདྲེན་པ་སྟེ་གསང་བ་མ་ཧཱ་གསང་ཆེན་ཨ་ནུ་གསང་མཆོག་གང་ཡིན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ནང་བ་དང་། ཀྲྀ་ཡ་ཨུ་པ་ཡོ་ག་ལ་སོགས་པ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའི་གསང་བ་ཀུན་སློབ་དཔོན་ལས་མཉན་པར་བྱ་ཞིང་། རང་གིས་སློབ་དཔོན་གྱི་དབང་མ་ཐོབ་པ་དེ་སྲིད་དུ་གསང་བའི་དོན་ཉིད་རང་གི་རྒྱུད་ལ་གོམས་འདྲིས་སུ་བྱེད་ཅིང་བརྟག་པར་བྱ་བ་ལས་གང་ཟག་གཞན་དང་ཡུལ་དུས་གཞན་དུ་སྨྲ་བར་བྱ་བ་མིན་བས་མ་སྒྲོགས་ཤིག་ཅེས་སོ། །གཉིས་པ་སྒོམ་པའི་དབང་གི་ཏིང་ངེ་འཛིན་ནི་གསལ་བའི་འཁོར་ལོའི་སྙིང་གཞལ་ཡས་ཁང་དུ་བསྐྱེད་པའི་ནང་དུ་དྲན་གཞི་གསལ་བའི་རྟེན་བྱེད་པའི་དྭངས་མི་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ངོ་བོ་ཉིད་གཙོ་བོའི་ས་བོན་ཡི་གེ་ཧཱུྃ་གི་ཕྲེང་བའི་ཚོགས་མཆོག་འོད་དུ་ཞུ་བ་ལས། ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་གསལ་བཏབ་སྟེ་ཡེ་ཤེས་པ་སྤྲོ་ཞིང་ཐིམ་པས་ཡིད་ཀྱི་སྒྲིབ་པ་སྦྱངས་ཏེ་འོད་དུ་ཞུ་བ་ལྷར་གྱུར་པ་ལ་རྗེས་གནང་སྦྱིན་པ་ནི། ༀ། དུས་གསུམ་གྱི་རྒྱལ་བའི་སྲས་པོ་ཆེན་པོ་ཞེས་སློབ་མ་ལ་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཟབ་མོའི་དོན་སྒོམ་ལ་ཟུངས་ཤིག །དེའི་ངང་ལས་རྒྱལ་བ་ཐམས་ཅད་མཉེས་པའི་མཆོད་པ་བསྒྲུབ་པ་དང་ཕྱི་ནང་གསང་བ་བདེ་བ་ཆེན་པོས་མཆོད་ལ་འབྲས་བུ་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་གོ་འཕང་འཐོབ་པར་གྱིས་ཤིག་ཅེས་པའོ། །གསུམ་པ་ཕྲིན་ལས་ཀྱི་དབང་གི་ཏིང་ངེ་འཛིན་ནི། ལག་པའི་འཁོར་ལོའི་གཞལ་ཡས་སུ་རེག་ཤེས་གསལ་བའི་རྟེན་བྱེད་པའི་ཐིག་ལེ་དྭངས་པའི་ངོ་བོ་ཉིད་ཧཱུྃ་གི་ཕྱག་རྒྱའི་ཚོགས་མཆོག་ཡི་གེའི་རང་བཞིན་དུ་གྱུར་པ་ལས། ཕྲིན་ལས་ཀྱི་དཀྱིལ་འཁོར་གསལ་བར་བསྐྱེད་ལ་ཡེ་ཤེས་པ་སྤྲོ་ཞིང་ཐིམ་པ་ཞུ་བ་ལས་དོན་གྲུབ་ཡབ་ཡུམ་དུ་གྱུར་པ་ལ་རྗེས་གནང་སྦྱིན་པ་ནི། ༀ། རིགས་ཀྱི་བུ་ཁྱོད་ནི་དེ་རིང་ཉིད་ནས་རྡོ་རྗེ་ལས་ཏེ་དོན་ཡོད་གྲུབ་པ་ཡིན་གྱིས། སེམས་ཅན་གྱི་དོན་དང་སངས་རྒྱས་མཆོད་པ་རང་རང་གི་བསྒྲུབ་པའི་ལས་རྣམས་མ་ལུས་པ་ཀུན་གྱིས་ཤིག །དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱི་ཕོ་ཉ་མང་པོའི་ཚོགས་ཚུར་འདུ་བས་དངོས་གྲུབ་སྟེར་ཞིང་ཕར་འཕྲོ་བས་ཕྲིན་ལས་བསྒྲུབ་པའི་རང་བཞིན་དུ་གྱུར་བ་ཀུན་གྱིས་ཁྱོད་ཀྱི་དགོས་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ཞེས་སོ། །ཡང་ན་ཕོ་ཉའི་ལམ་བསྒོམས་པས་དངོས་གྲུབ་འགྲུབ་པར་བྱེད་པའོ། །བཞི་པ་འཆད་པའི་དབང་གི་ཏིང་ངེ་འཛིན་ནི། ཚིག་སྨྲ་བར་བྱེད་པའི་ལྕེའི་འཁོར་ལོའི་གཞལ་ཡས་སུ་རོ་འཛིན་ལྕེའི་དབང་པོ་དྭངས་ཤིང་གསལ་བའི་ཐིག་ལེའི་ངོ་བོ་ཉིད་ཡི་གེ་ཧྲཱིཿཡི་རང་བཞིན་ཟུང་ལྔའི་ཕྱག་རྒྱའི་ཚོགས་ཀྱི་མཆོག་འོད་དུ་ཞུ་བ་ལས། སྣང་བ་མཐའ་ཡས་གསུང་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་གསལ་བ་ལ་ཡེ་ཤེས་པ་སྤྲོ་ཞིང་ཐིམ་པ་ཞུ་བ་ལས་འོད་དཔག་མེད་དུ་བསྐྱེད་ལ་རྗེས་གནང་སྦྱིན་པ་ནི། ༀ། ཕྱི་ནང་གསང་བའི་ཆོས་ཀྱི་བདུད་རྩི་བླ་ན་མེད་པ་རྣམས་ཀྱིས་ཐེག་པ་སོ་སོ་གང་དང་གང་ལ་དད་པ་དང་ལྡན་པའི་སྐྱེས་བུ་དེ་དང་དེ་ཆོས་བསྟན་པས་ངོམས་པར་བྱོས་ལ། དབང་པོ་རབ་ལ་གསང་ཆེན་རྨད་དུ་བྱུང་བའི་ཐེག་པ། འབྲིང་ལ་རྒྱུའི་ཐེག་པ་ཆེན་པོ། ཐ་མའི་བློ་ཅན་ལ་ཉན་རང་དང་ལྷ་མིའི་ཐེག་པ་དབང་པོའི་རིམ་པ་དང་མཐུན་པར་ཆོས་ཀྱི་གསང་བ་སོ་སོར་བསྒྲགས་ཀྱིས། དམན་པའི་གང་ཟག་ལ་ཆེན་པོའི་ཆོས་དང་ཆེན་པོ་ལ་དམན་པ་ལ་སོགས་པ་འཆོལ་བར་བསྒྲག་པའི་ཚུལ་གཞན་དུ་བྱ་བ་མིན་ཏེ། དོན་དུ་མི་འགྱུར་བ་དང་ཆོས་སྤོང་བའི་ལས་གསོག་པའི་ཕྱིར་རོ། །དེ་སྐད་དུའང་སྤྱོད་འཇུག་ལས། དམན་ལ་མཆོག་གི་ཆོས་མི་བཤད། །ཅེས་པ་དང་། རྒྱན་སྟུག་པོ་བཀོད་པ་ལས། རྒྱ་ཆེར་ཆོས་ཀྱི་སྣོད་གྱུར་པ། །སྣོད་མ་ཡིན་ལ་སྦྱར་མི་བྱ། །ཞེས་པ་ལྟར་རོ། །ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ཏིང་ངེ་འཛིན་ནི་མགོ་ལ་སོགས་པ་ཡན་ལག་ལྔ་ནི་འགྲོ་འདུག་དང་ཕྱག་རྒྱ་དང་ཡུལ་ལ་བལྟ་ཞིང་སྒུལ་སྐྱོད་བྱེད་པས་བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ་ལུས་ཀྱི་དབང་པོ་དྭངས་ཤིང་གསལ་བའི་ཐིག་ལེའི་ངོ་བོ་ཉིད་དང་གཉིས་སུ་མེད་པ། ལག་པ་གཡས་ཀྱི་དཔུང་མགོར་ཧཱུྃ་མགོ་ལ་ༀ་གཡོན་ལ་སྭཱ་རྐང་པ་གཡོན་ལ་ཨཱྃ་གཡས་ལ་ཧཱ་རྣམས་འོད་དུ་ཞུ་བ་ལས། རིགས་ལྔ་སོ་སོའི་དཀྱིལ་འཁོར་ལྔ་དང་ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ཁྲོ་བོ་བཅུའི་ཕྲེང་བ་དང་བཅས་པ་བསྒོམ་ཞིང་རྗེས་སུ་གནང་བ་ནི། ༀ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཆེན་པོ་འཁོར་འདས་ཐམས་ཅད་ལ་ཡེ་ནས་ཁྱབ་པའི་རང་བཞིན་རྨད་དུ་བྱུང་བའི་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་དཔལ་ཀུན་ཏུ་བཟང་པོ་ཁྱོད་ཡིན་པས། རིགས་ཀྱི་བུ་འདི་ལ་མཆོག་གི་དཀྱིལ་འཁོར་དངོས་གྲུབ་ཀུན་གྱི་སྦྱིན་པ་དམ་པ་སྤྱོད་པ་སྟེ་སྩོལ་ཅིག་ཅེས་པའོ། །གསུམ་པ་དབང་དང་མི་ལྡན་པའི་ཉེས་པ་ནི་སྒོ་གསུམ་ཡོ་བྱད་དང་བཅས་པས་གསང་སྔགས་ཀྱི་སློབ་དཔོན་མཉེས་པར་མ་བྱས་ཤིང་ཕྱི་ནང་གསང་བའི་དབང་རྣམས་རྒྱུད་ལ་ཐོབ་པར་མ་བྱས་པར་གསང་སྔགས་ཉན་པ་དང་། སྒྲུབ་པ་དང་གཞན་ལ་འཆད་པ་ལ་སོགས་པ་རྩོམ་པར་བྱེད་པ་རྣམས་ལ། ཚེ་འདིར་བསྒྲུབས་པའི་འབྲས་བུ་དངོས་གྲུབ་མེད་ཅིང་ཕྱི་མ་ངན་སོང་དུ་སྡུག་བསྔལ་མྱོང་བས་བརླག་པར་འགྱུར་ཏེ། ཆོས་ཟབ་མོ་ལ་དབང་ཟོས་པའི་ཕྱིར་རོ། །ལས་རྒྱ་མཚོའི་རྒྱུད་ལས། དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་བསྒྲུབ་པ་ལོག་པར་འགྱུར། །ཞེས་སོ། །གཉིས་པ་ཕན་པའི་དབང་ནི་སློབ་མ་ལྷའི་བདག་ཉིད་དུ་གསལ་བ་ལ། རིན་པོ་ཆེའི་དབུ་རྒྱན་བཅིངས་པ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་བསྐུར་ཏེ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གསལ་ཞིང་ཕྱིར་མི་ལྡོག་པར་མཚོན་པའོ། །ཅོད་པན་ཏེ་དར་དབྱངས་ཀྱིས་སྒྲིབ་པ་གཉིས་དག་ཅིང་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་མཚོན་པའོ། །མེ་ཏོག་གི་ཕྲེང་བས་ནི་ལས་དང་བག་ཆགས་དག་ཅིང་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ཐོབ་པའི་མཚོན་བྱེད་དོ། །དེ་གསུམ་ག་དབུ་རྒྱན་གྱི་དབང་སྟེ་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་འགྱུར་བའོ། །གོ་ཆ་ནི་ཉོན་མོངས་པའི་མཚོན་གྱིས་མི་ཚུགས་ཤིང་བདུད་ཀྱི་སྒྱུ་འདུལ་བར་མཚོན་པའོ། །རྒྱལ་མཚན་ནི་འཁོར་བའི་རྒྱུ་ཀུན་ནས་ལྡང་བའི་ཆ་དང་བཅས་པ་དག་ཅིང་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པའོ། །རྡོ་རྗེ་ལ་སོགས་པ་རིགས་ལྔའི་ཕྱག་རྒྱ་ནི་ཉོན་མོངས་པ་ལྔ་གནས་སུ་དག་ཅིང་ཡེ་ཤེས་ལྔ་ཐུགས་སུ་ཆུད་པར་མཚོན་པ་དང་། གདུགས་ནི་ཉོན་མོངས་པའི་གདུང་བ་སྐྱོབ་ཅིང་ཐུགས་རྗེས་འགྲོ་བ་སྐྱོབ་པར་མཚོན་པ་དང་། འདི་བཞི་ནི་གཞན་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །བུམ་པ་ནི་ཉོན་མོངས་པའི་དྲི་མ་འཁྲུད་ཅིང་རིགས་ལྔའི་ནུས་པ་འཇོག་པ་སྟེ་ཟག་པ་མེད་པའི་ཆུ་རྒྱན་མཚོན་པའོ། །བཟའ་བ་དང་བཏུང་བ་ནི་འཁོར་འདས་ཀྱི་རྒུད་པ་དང་བྲལ་ནས་བསམ་གཏན་གྱི་རོས་རྒྱས་པར་མཚོན་པའོ། །འདི་གཉིས་ནི་རང་དོན་ཕུན་སུམ་ཚོགས་པའི་དབང་ངོ་། །ཉི་མ་ཟླ་བ་ཆུ་ས་ཤ་ཆེན་གྱི་དྭངས་མ་སྟེ་སྙིང་པོ་ལྔ་ཡི་དབང་བསྐུར་བ་ནི། ཕུང་པོ་ལྔ་ཡབ་ལྔ་འབྱུང་བ་ལྔ་ཡུམ་ལྔ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་ཅིང་དབྱེར་མེད་པར་མཚོན་པའོ། །འདི་ནི་འཁོར་འདས་གཉིས་སུ་མེད་པར་སྟོན་པའི་དབང་ངོ་། །གསུམ་པ་དབང་ཐོབ་པའི་ཕན་ཡོན་ནི་དེ་ལྟར་ནུས་པ་དང་ཕན་པའི་དབང་རྣམས་རྫོགས་པར་ཐོབ་པའི་དུས་འདི་ཕྱིན་ཆད་རིགས་ཀྱི་བུ་ཁྱོད་རྒྱལ་བ་ཀུན་ཏུ་བཟང་པོའི་སྲས་སུ་གྱུར་པ་ཡིན་ཏེ། གསང་རྒྱུད་ལས། གསང་བའི་དབང་ནི་ཐོབ་མ་ཐག །ཀུན་བཟང་དོན་གྱི་སྲས་སུ་འགྱུར། །ཞེས་སོ། །དེའང་ཕྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་སེམས་བསྐྱེད་ཐོབ་མ་ཐག་ཏུ་རྒྱལ་བའི་སྲས་སུ་བརྗོད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་པ་དང་མཐུན་ནོ། །དབང་ཐོབ་ནས་སྐྱེ་བ་ཕྱི་མ་ངན་སོང་དུ་ལྷུང་བའི་ལས་དང་བག་ཆགས་ཀྱིས་མཚམས་སྦྱོར་བ་མངོན་གྱུར་བསྲབས་ཤིང་ཟད་པས་ངན་སོང་གསུམ་དང་དེའི་སྡུག་བསྔལ་ཐམས་ཅད་མེད་པ་དང་། ཚེ་དབང་གི་རྒྱུ་མཐུན་ཡོད་པས་འདིར་ཡང་ཚེ་རིང་ཞིང་ནོར་དང་འབྱོར་བ་དང་དབང་ཕྱུག་དམ་པའི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་ཞིང་སྡུག་བསྔལ་མེད་པ་དང་། ཕྱི་མ་ལ་ཡང་གནས་སྐབས་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིའི་ནང་དུ་སྐྱེ་ཞིང་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་པ་དང་མཐར་ཐུག་ཐར་པའི་བདག་པོ་ཆོས་སྐུ་དང་གཟུགས་སྐུ་ཕུན་སུམ་ཚོགས་པས་འགྲོ་བའི་དོན་གཉིས་ཕུན་སུམ་ཚོགས་པ་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། །དེ་སྐད་དུའང་ཁ་སྦྱོར་ཐིག་ལེའི་རྒྱུད་ལས། དབང་ཐོབ་བདེ་བ་ཕུན་སུམ་ཚོགས། །འདིར་ཡང་ལེགས་པ་ཀུན་འགྲུབ་ཅིང་། །ངན་སོང་ཐམས་ཅད་མེད་པ་དང་། །ཕྱི་མར་དོན་གཉིས་ལྷུན་གྲུབ་འགྱུར། །ཞེས་སོ། །ཐུགས་ཀྱི་ཡེ་ཤེས་མཆོག་ཏུ་གསང་བའི་སྙིང་པོ་ཕུན་སུམ་ཚོགས་པ་ཟབ་མོ་དེ་ཁོ་ན་ཉིད་ངེས་པ་ལས་སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཡེ་ཤེས་སྦྱིན་པའི་ལེའུ་སྟེ་བཅུ་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གཉིས་པ་ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་བསྟན་པ་ལ་གཉིས་ཏེ། ཐ་མལ་གྱི་མངོན་ཞེན་བཟློག་པ་བསྐྱེད་པའི་རིམ་པ་དང་། སྙིང་པོའི་དོན་ལ་འཇུག་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཐབས་བསྐྱེད་པའི་རིམ་པ་ཚོགས་ཀྱི་དཀྱིལ་འཁོར་བསྟན་པ་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། གཞི་དཀྱིལ་འཁོར་དུ་དབང་བསྐུར་བ་དེ་ནས་ལམ་བསྐྱེད་པའི་རིམ་པ་ཐབས་སྣང་བའི་དངོས་པོ་ལམ་དུ་བསླང་བའི་ཕྱིར། དེ་བཞིན་གཤེགས་པ་ཐབས་ཀྱིས་རོལ་པས་དགྱེས་པ་ཆེན་པོས་ཀུན་ཏུ་བཟང་པོ་ཉིད་ཐབས་སྣང་བའི་སྒྱུ་འཕྲུལ་འདོད་ཡོན་ལྔ་ལ་སོགས་པ་འཁོར་བའི་ཆོས་ཉོན་མོངས་པའི་རྣམ་པར་སྣང་བ་རྣམས་ཤེས་རབ་སྟོང་པའི་རང་བཞིན་དུ་གནས་པས་དྲྭ་བའི་ངོ་བོ་སྟེ་ཡེ་ནས་སྤང་བླང་དང་དགག་བསྒྲུབ་གཉིས་སུ་མེད་པའི་ཆོས་ཉིད་ཟུང་འཇུག་ཆེན་པོ་ནི་ཡེ་ནས་སངས་རྒྱས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རྒྱས་པོ་ཞེས་བྱའོ། །དེ་ཉིད་ཤེས་པར་བྱ་བའི་ཕྱིར་འདོད་ཡོན་དང་ཉོན་མོངས་པ་མ་སྤངས་པར་ཇི་ལྟར་སྣང་དུས་ཉིད་ནས་ཡེ་ཤེས་ཆེན་པོར་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དམ་པ་ལ་ཡབ་ཡུམ་སྙོམས་པར་ཞུགས་ནས་ཐམས་ཅད་ཐར་ལམ་དུ་བསྟན་པའི་ཆེད་དུ་བརྗོད་པ་འདི་སྐད་ཅེས་བརྗོད་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤེས་པར་བྱ་བ་དང་། ལམ་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་ཉམས་སུ་བླང་བའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་ངང་ལས་བྱུང་བར་རྒྱུ་གཅིག་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་ཏུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཐོག་མ་གང་ལས་བྱུང་བ་བརྟག་པར་བྱ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་སྟོང་པའི་ངང་ལས་དང་པོར་བྱུང་བར་མ་ཟད། ད་ལྟ་སྣང་དུས་ཉིད་ནས་ཀྱང་ཡིག་འབྲུ་ཨའི་ཚུལ་དུ་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་སྣང་སྟོང་གཉིས་སུ་མེད་པར་གནས་ཏེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཨའི་ཚུལ་དུ་གནས་སོ། །ཞེས་སོ། །དེའང་སྣང་བ་ནི་ༀ། སྟོང་པ་ནི་ཨཱཿ གཉིས་སུ་མེད་པ་ནི་ཧཱུྃ་གི་རང་བཞིན་དུ་གནས་པས་སྣང་བཞིན་དུ་སྟོང་སྟོང་བཞིན་དུ་སྣང་སྣང་བ་དང་སྟོང་པ་གཉིས་སུ་མེད་པ་སྟེ། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་ཇི་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པའང་གསུངས། །ཞེས་པ་དང་། གང་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །མེ་ཡི་རང་བཞིན་ཚ་བས་བྱིན་གྱིས་བརླབས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབས་དང་སྟེ་མ་དག་པ་མེད་ཅིང་དག་པ་འབའ་ཞིག་གི་ཚུལ་དུ་གནས་ཏེ། གསང་རྒྱུད་ལས། ཆོས་ཀུན་ཡེ་ནས་དཀྱིལ་འཁོར་དུ། །བྱིན་གྱིས་བརླབས་པ་རྣམ་པར་དག །ཅེས་སོ། །དེའང་སྟོང་པ་ཆོས་སྐུ་སྣང་བ་ལོངས་སྐུ་སྣ་ཚོགས་སུ་སྣང་བ་སྤྲུལ་པ་སྐུའི་རང་བཞིན་ནི། གཟུགས་ཐམས་ཅད་སྐུའི་དཀྱིལ་འཁོར། སྒྲ་ཐམས་ཅད་གསུང་གི་དཀྱིལ་འཁོར། ཆོས་ཉིད་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་སོ། །དེ་ལྟར་གནས་པའི་རང་བཞིན་རྣམས་ཀྱང་དུས་གཞན་ནམ་ལྐོག་ཏུ་གྱུར་པ་ལ་སོགས་པ་མ་ཡིན་པར་སྣང་དུས་འདི་ཉིད་ནས་ཕྱི་སྣང་བ་ཡུམ་ནང་ཕུང་པོ་ཡབ་རྟོགས་ཚོགས་ལྷའི་རང་བཞིན་དུ་གནས་པའི་ངོ་བོ་མངོན་སུམ་པར་སྣང་ཞིང་སྣང་དུས་ཉིད་ནས་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་བའི་དགོངས་པ་སྟོན་པ་ཡིན་ཏེ། ཀུན་བྱེད་ལས། ཀུན་རྒྱུ་བྱང་ཆུབ་སེམས་ལས་ནི། །སེམས་ཀྱི་ངོ་བོ་འབྱུང་ཆེན་ལྔ། །སྟོན་པ་བྱང་ཆུབ་སེམས་ལྔ་བྱུང་། །སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །ཆོས་ནི་རང་གི་ངོ་བོས་འཆད། །སྟོན་ནི་རང་གི་རང་བཞིན་སྟོན། །སྟོན་པ་ལོངས་སྤྱོད་རྫོགས་སྐུ་སྟེ། །དགོངས་པ་ཉིད་ལ་ཉིད་མི་རྟོག །ཆོས་རྣམས་གཞན་ལའང་རྟོག་མི་བྱེད། །བྱང་ཆུབ་སེམས་ཀྱི་སྟོན་པ་ལྔས། །ཀུན་ཀྱང་ཆོས་ཉིད་དེ་བཞིན་སྟོན། །ཞེས་སོ། །དེ་བཞིན་དུ་ཡེ་ཤེས་ཡོད་པར་དུག་ལྔས་སྟོན་པ་དང་། སྐུ་ལྔ་སེམས་ཀྱིས་སྟོན་པ་དང་། ཡུམ་ལྔ་འབྱུང་ལྔས་སྟོན་པ་སྟེ། བཞིན་དང་གཟུགས་བརྙན་ལས་ཀྱང་གསལ་བར་ཆོས་རྣམས་ཀྱི་རང་གི་མཚན་ཉིད་སངས་རྒྱས་པའི་ཆོས་ཉིད་དང་སྣང་ལ་ངོས་གཟུང་མེད་པའི་ཆོས་ཅན་དུ་མངོན་དུ་སྟོན་པའོ། །དེ་ལྟར་གནས་པའི་དོན་གཞིའི་གནས་ལུགས་རང་གི་བསོད་ནམས་དང་བླ་མ་དམ་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱལ་པོ་ཆེན་པོར་རྟོགས་པ་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་སྤོང་ལེན་མེད་པར་ཕྱམ་གཅིག་ཡེ་ཤེས་ཀྱི་རོལ་བར་འཆར་བས་གསང་ཆེན་དོན་གྱི་གནས་ལུགས་སོ། །དེ་ནི་དབྱིངས་དེ་བཞིན་ཉིད་དུ་བཤད་པའོ། །བསྐྱེད་རིམ་ལྟར་ན། རྒྱུ་གཅིག་པ་ཏིང་ངེ་འཛིན་གསུམ་དང་། ཡིག་འབྲུ་ལྷ་སོ་སོའི་སྙིང་པོ་བསྐྱེད་པ་དང་། བྱིན་གྱིས་བརླབས་པ་ལྷའི་དཀྱིལ་འཁོར་དུ་བསྐྱེད་པ་དང་། མངོན་སུམ་པ་དེའི་ངང་ལ་ལྷན་ཅིག་པའི་རྫོགས་པ་བསྒོམ་པ་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་ཤེས་པར་བྱེད་པའོ། །རྫོགས་རིམ་དང་སྦྱར་ན། རྒྱུ་གཅིག་པ་འཁོར་འདས་སེམས་སུ་གཅིག་པའོ། །ཡིག་འབྲུའི་ཚུལ་སྐྱེ་བ་མེད་པའི་ངང་དུ་རྟོགས་པའོ། །བྱིན་གྱིས་བརླབས་པ་དེ་ལྟར་མཉམ་པར་འཇོག་པ་ཐུགས་རྡོ་རྗེའི་ངོ་བོར་གཉིས་སུ་མེད་པར་གྱུར་པའོ། །མངོན་སུམ་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་བསྒོམས་པ་ལས་རྟོགས་པ་སྟེ། ལས་རིམ་ལས། རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར། །སྒྲ་རྟེན་ཡིད་ལ་བྱེད་མིན་པར་། །རང་རིག་མངོན་སུམ་དམིགས་བྲལ་བར། །རང་གསལ་གསུམ་བྲལ་མི་སྒུལ་བས། །ངེས་པར་གདེང་དུ་གང་བྱས་པ། །ཐོས་བསམ་བརྟན་པའི་ལྟ་མཐར་ཕྱིན། །ཅེས་སོ། །ཟུང་འཇུག་ལྟར་ན། རྒྱུ་གཅིག་པ་བསྐྱེད་རྫོགས་དང་བདེན་གཉིས་སུ་གཅིག་པ་དང་། དེའི་ངོ་བོ་རྟག་ཆད་ལས་འདས་པ་ཡི་གེ་སྤྲིན་དུ་གནས་པ་དང་། དབྱིངས་རང་བཞིན་གྱིས་དག་པའི་ངང་ལས་བསྐྱེད་རྫོགས་སུ་རང་སྣང་བར་བྱིན་གྱིས་བརླབས་པ་དང་། དེ་ཉིད་རིག་པས་ཐག་ཆོད་ཅིང་མི་འགལ་བར་མངོན་དུ་རྟོགས་ནས་ཉིན་མཚན་དུ་བརྩོན་པ་སྟེ། རྔམ་གློག་ལས། རྟོགས་པ་ཡང་ནི་རྣམ་པ་བཞིར། །རྣལ་འབྱོར་ནང་པ་བཞེད་པ་སྟེ། །རྒྱུ་གཅིག་པ་དང་ཡི་གེའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་ལས། །རྫོགས་ཆེན་དོན་ལ་འཇུག་འགྱུར་ཏེ། །རྒྱུན་ནི་བདེན་གཉིས་ཅིག་ཅར་དུ། །གཅིག་པས་གཅིག་པའི་མཚན་ཉིད་དང་། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །ཆོས་ཀུན་རང་བཞིན་རྟོགས་པ་དང་། །སྐྱེ་མེད་དབྱིངས་ཀྱི་བྱིན་རླབས་ལས། །ཆོས་ཀུན་སྣང་བར་ཤེས་པ་དང་། །དེ་ལྟ་བུ་ཡི་རང་བཞིན་ཏེ། །གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིག་པས་ཐག་ཆོད་ན། །རྣལ་འབྱོར་ས་ལ་སླེབས་པ་ཡིན། །ཞེས་སོ། །གཞུང་འདི་ལྟ་བུ་ནི་ཕྱོགས་གཅིག་བུ་འདི་ཁོ་ན་ཡིན་ནོ་ཞེས་པའང་མི་རུང་སྟེ། རྡོ་རྗེའི་ཚིག་བརླིང་ཞིང་གང་དུའང་སྦྱར་དུ་ཡོད་པའི་ཕྱིར་རོ། །གཉིས་པ་ལམ་ཐབས་དང་ཤེས་རབ་ཀྱི་དཀྱིལ་འཁོར་ཉམས་སུ་བླང་བ་ལ་གསུམ་སྟེ། ཅིར་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར། རོལ་པ་ཚོགས་ཀྱི་དཀྱིལ་འཁོར། གང་བསྒྲུབ་ཐབས་ཀྱི་ཡན་ལག་གོ། །དང་པོ་ལ་གཉིས་ཏེ། སྣང་སེམས་གཉིས་མེད་ཀྱི་དཀྱིལ་འཁོར་སྤྱིར་བསྟན་པ་དང་། སྦྱོར་སྒྲོལ་གཉིས་མེད་ཀྱི་དཀྱིལ་འཁོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། འཛིན་བྱེད་ཡབ་ཀྱི་དཀྱིལ་འཁོར། གཟུང་ཡུལ་ཡུམ་གྱི་དཀྱིལ་འཁོར། རོལ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་རོ། །དང་པོ་ལའང་གཉིས་ལས། ཞི་བའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་ནི་ལུས་ཀྱི་ཡན་ལག་ལྔ་དང་མིག་ལ་སོགས་པའི་དབང་པོ་དང་དེ་དག་གི་རྣམ་པར་ཤེས་པའི་ཚོགས་དང་བཅས་པ་ཀུན་ཐ་མལ་གྱི་རྣམ་པ་རང་མཚན་པ་མིན་པར་ༀ་སྟེ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་བྱ་ཞིང་དེའི་མཚོན་བྱེད་དུ་ཡབ་ལྔ་སེམས་དཔའ་བརྒྱད་སྒོ་བ་བཞི་ཐུབ་པ་དྲུག་དང་བཅས་པའི་རང་བཞིན་མེ་ལོང་ནང་གི་གཟུགས་བརྙན་ལྟར་མེད་བཞིན་སྣང་བའི་རིགས་ལྔ་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ་མོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་དུ་ཤེས་པར་བྱ་བ་ནི་ཡང་ན་གདུལ་བྱའི་དབང་ངམ་རང་གི་མོས་པའི་དབང་གིས་ཕུང་པོ་དང་དབང་ཤེས་ཀུན་ཡེ་ཤེས་ལྔའི་ངོ་བོ་རབ་ཏུ་ཁྲོས་པའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གཉིས་པ་ཡུམ་གྱི་དཀྱིལ་འཁོར་ལའང་གཉིས་ལས། དང་པོ་ཞི་བའི་ཡུམ་དུ་ཤེས་པར་བྱ་བ་ནི་སྣང་སྲིད་སྐྱེ་འགྲོས་བསྡུས་པའི་གཟུགས་ཐམས་ཅད་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་ཁོངས་ནས་ཆོས་དང་འབྱུང་བ་ལྔར་སྣང་བ་ཐམས་ཅད། ཐ་མལ་བའི་གཟུགས་སྒྲ་ལ་སོགས་པའི་རྣམ་པ་དེ་དག་ཏུ་མིན་པར་མཱུཾ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཤེས་པར་བྱ་ཞིང་། དེའི་མཚོན་བྱེད་སྒོ་མ་བཞི་སེམས་མ་བརྒྱད་ཡུམ་ལྔའི་རྣམ་པ་སྟེ། སྣང་ལ་ངོས་གཟུང་མེད་པ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་ཡུམ་དུ་གསལ་བ་ནི་ཡང་ན་གདུལ་བྱའམ་རང་གི་མོས་བའི་དབང་གིས་ཁྲོ་མོའི་དཀྱིལ་འཁོར་བསྒོམ་མོ། །གསུམ་པ་རོལ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་ནི། ལུས་ལ་བགོ་བའི་གོས་དང་འདོགས་པའི་རྒྱན་དང་བཟའ་བ་དང་བཏུང་བ་ངག་གི་གླུ་དང་བརྗོད་པའི་ཚིག་དང་ལུས་ཀྱི་རྣམ་འགྱུར་རྐང་པའི་བྲོ་དང་ལག་པའི་གར་དང་ཉེ་བར་སྤྱད་པའི་ཡོ་བྱད་ཀྱི་ཚོགས་ཅི་དང་ཅི་སྤྱོད་པ་ཐམས་ཅད་ཀྱི་སྤྲིན་ཕུང་ཆེན་པོ་ལ་ཐ་མལ་གྱི་སྣང་བ་མ་ཡིན་པར། སྣང་སྟོང་ངམ་ཡབ་ཡུམ་གཉིས་སུ་མེད་པའི་རང་བཞིན་ཧཱུྃ་སྟེ་གཉིས་མེད་བདེ་བ་ཆེན་པོའི་ཆོས་ཉིད་དུ་ཤེས་པས་ཆགས་ཞེན་མེད་ལ་ཚོགས་ཀྱི་ཡོ་བྱད་རྨི་ལམ་ལྟར་བདེན་མེད་ཀྱི་ངང་ནས་ལྷ་མོ་དྲུག་གི་རང་བཞིན་དུ་རབ་ཏུ་ལོངས་སྤྱོད་ན་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་ངོ་མཚར་བའི་རང་བཞིན་འབྱུང་བའི་དཀྱིལ་འཁོར་ཕུང་པོ་ཁམས་དང་སྐྱེ་མཆེད་ན་བཞུགས་པའི་སངས་རྒྱས་ཐམས་ཅད་མཉེས་པས་མྱུར་དུ་བྱང་ཆུབ་འགྲུབ་པའི་ཕན་ཡོན་རླབས་པོ་ཆེ་ཐོབ་པར་བྱེད་དོ། །གཉིས་པ་སྦྱོར་སྒྲོལ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་གསུམ་སྟེ། སྦྱོར་བ་གནས་སུ་དག་པ་བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དང་། སྒྲོལ་བ་གནས་སུ་དག་པ་ཐབས་ཆེན་གསང་བའི་དཀྱིལ་འཁོར། སྦྱོར་སྒྲོལ་གྱི་ཉེས་པས་མི་གོས་པས་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། རྟེན་ཕྱག་རྒྱའི་དབྱེ་བ་དང་། བརྟེན་པ་ཡེ་ཤེས་ཀྱི་རང་བཞིན་ནོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། བཅུ་གཉིས་མ་ནི་མཁའ་པད་འདབ་བརྒྱད་དང་ལྡན་པས་ཡབ་ཡུམ་གཉིས་ཀ་ལ་བདེ་བས་ཁྱབ་པར་བྱེད་པས་ལྷ་མོ་སྟེ། འཇམ་དཔལ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་སོ། །བཅུ་དྲུག་མ་ནི་འདབ་མ་བཞི་དང་ལྡན་པས་ཡབ་ལ་བདེ་བ་སྦྱིན་པའི་ཕྱིར་ཀླུ་མོ་སྟེ། དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་སོ། །ཉི་ཤུ་མ་ནི་འདབ་མ་གཉིས་དང་ལྡན་པས་ཡུམ་ལ་བདེ་བ་འབྱིན་པའི་ཕྱིར་རིགས་ངན་མོ་སྟེ། རྣམ་པ་ཉི་ཤུའི་བྱང་ཆུབ་པའོ། །ཞེས་སོ། །དེའང་བཅུ་གཉིས་ནས་བཅོ་ལྔའི་བར་ལྷ་མོ། བཅུ་དྲུག་ནས་བཅུ་དགུའི་བར་ཀླུ་མོ། ཉི་ཤུ་ཕན་ཆད་རིགས་ངན་མོས་བསྡུས་པ་ཡིན་ནོ། །དེ་དག་ཀྱང་གཟུགས་བཟང་ཞིང་ཆགས་པ་ཆེ་བ། གཞན་དང་མི་འགྲོགས་ཤིང་གསང་ཐུབ་པ། སྦྱོར་ཐབས་ལ་མཁས་ཤིང་ཤེས་རབ་ཆེ་བ། སྒྲུབ་པ་པོ་ལ་གུས་ཤིང་སྙིང་ཉེ་བ། དད་བརྩོན་དང་སྙིང་རྗེ་ཆེ་བ། བདེ་བའི་རྩ་ཁྱད་པར་ཅན་ལྡན་པ་སྟེ། དེ་ལྟར་ན་ཡུམ་དེ་གསུམ་ནི་ཐུགས་གསུང་སྐུའི་ཡུམ་སྟེ་དངོས་གྲུབ་མྱུར་དུ་འཐོབ་བོ། །འདིར་ཁ་ཅིག་ལྷ་ཀླུའི་བུ་མོ་དངོས་སུ་འགུགས་པར་འདོད་པ་དང་། ཁ་ཅིག་གཟུགས་མཛེས་མི་མཛེས་བར་མ་གསུམ་ལ་འདོད་པ་དང་། ལས། ཡེ་ཤེས། ཕྱག་རྒྱ་ཆེན་པོ་གསུམ་ལ་འདོད་པ་ནི་གཞུང་གི་དགོངས་པ་མ་མཐོང་བ་སྟེ། རིམ་པ་ལྟར། རྣལ་འབྱོར་པ་ཀུན་གྱིས་བསྟེན་ཅིང་བདག་གིར་བྱ་བའི་ཡུལ་དུ་མ་གྱུར་པ་དང་། མི་མཛེས་པ་ལས་བདེ་བའི་འོས་མ་ཡིན་པ་དང་། ལས་ཀྱི་ལས་རྒྱ་དངོས་ཀྱི་རྟེན་ལ་སྦྱོར་བའི་རིམ་པར་གསུངས་པས་གནོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག་སྟེ། པདྨ་ཅན། དུང་ཅན་མ། རི་མོ་ཅན། རི་དྭགས་ཅན་མ། གླང་པོ་ཅན་མ། སྣ་ཚོགས་ཅན་མའོ། །དང་པོ་ལའང་གསུམ་ལས། པདྨ་ཅན་རབ་ནི་ལུས་ཧ་ཅང་རིང་བ་མ་ཡིན་ཐུང་བ་མ་ཡིན། བྱད་གཟུར་བ་མ་ཡིན་ལེབ་པ་མ་ཡིན། ཤ་རྩི་སྔོ་བ་མ་ཡིན་སེར་བ་མ་ཡིན། མཛེས་ཤིང་དཀར་ལ་དམར་ཆགས་པ་སྟེ། སྐྱེས་པ་བས་རྩ་སྣ་བདུན་ཅུ་རྩ་གཉིས་ཀྱིས་མང་བ། སྐྲ་སེར་ཞིང་ལི་བ། ལུས་ལ་ཙནྡན་གྱི་དྲི་བྲོ་ཞིང་ཁ་ནས་ཨུཏྤལའི་ངད་ལྡང་བ། ལུས་རྒྱས་ཀྱང་སྐེད་པ་ཕྲ་བ། རྐང་ལག་བྱ་ལྟར་དམར་ཞིང་ཕྲ་བ། མཆུ་སྒོར་ཅུང་ཟད་ཆེ་ཞིང་མཆུ་ལ་པདྨ་རི་མོ་ཡོད་པ། སོ་ལེགས་ཤིང་མཆུ་ལ་བུང་བ་འདུལ་བ། ལྟེ་བ་ཟབ་ཅིང་པདྨའི་རི་མོ་ཡོད་པ་ས་ལའང་པདྨའི་རི་མོ་འབྲི་བ། ལྟེ་བའི་འོག་ནས་རི་མོ་འགྲེང་བུ་གསུམ་ཡོད་པ། སྨིན་མཚམས་སུ་རི་མོ་གསུམ་བསྒྲེང་བ། སྐྲ་མཚམས་དང་མུར་གོང་ནས་དར་ཐོད་ལྟ་བུའི་རི་མོ་ཡོད་པ། ལྕེ་ལ་རལ་གྲི་ལྟ་བུའི་རི་མོ་དང་། ཕྲག་གོང་ངམ་སོགས་དབྲག་ན་གཡུང་དྲུང་འཁྱིལ་བ་ལྟ་བུའི་རི་མོ་ཡོད་པ། ནུ་མ་ཕྲ་ལ་འབུར་བ། བྷ་ག་རུབ་ཅིང་སྤུ་མེད་ཤ་ལྡན་མཐོན་པོ་རུས་སྦལ་གྱི་རྒྱབ་དང་འདྲ་བ་ཡོད་པ་སྟེ། བྱེད་པ་སྡུག་ཅིང་བཅོས་དཀའ་བ། མཐོང་བ་ཙམ་གྱིས་བདེ་བ་བསྐྱེད་ཅིང་། སྐད་ཐོས་པའམ་རེག་པས་རྟོག་པ་མི་རྟོག་པའི་ཡེ་ཤེས་སུ་བསྒྱུར་ཅིང་བདེ་བའི་ཏིང་འཛིན་ངང་གིས་འཕེལ་བ་སྟེ། དེ་ལྟ་བུ་ཡོད་པའི་ཡུལ་ཕྱོགས་ཙམ་དུའང་བཀྲ་ཤིས་ཤིང་། རྣལ་འབྱོར་པའི་བདེ་བ་རྒྱས་པར་བྱེད་ལ། དེ་དང་རྩ་ཕྲད་ན་ཚེ་འདི་ཉིད་ལ་མཆོག་གི་གོ་འཕང་ཐོབ་པར་ངེས་སོ། །པདྨ་ཅན་འབྲིང་ནི་ཤ་དཀར་ཞིང་རུས་ཁྱིམ་ཆེ་ལ་ཡན་ལག་རགས་པ། སྤྱོད་ལམ་རྩིང་ཞིང་ཁོང་དལ་བ། འཇིག་རྟེན་གྱི་བྱ་བ་མཁས་ཤིང་བུ་ཚ་ཁྱེའུ་སྐྱེ་བ། གཞན་གྱིས་བཅོས་སུ་མི་བཏུབ་ཅིང་སྙིང་ཉེ་སྟེ། དེ་དང་རྩ་འཕྲད་ན་ལོ་དུས་ཚུན་ཆད་ཀྱི་འབྲས་བུ་ཐོབ་བོ། །པདྨ་ཅན་ཐ་མ་ནི་མདོག་དཀར་ཞིང་བྱད་ལེགས་ཀྱང་སྙིང་དུ་མི་སྡུག་པ། གཟུགས་འཆོས་ཤིང་བྱི་དོར་ལ་བརྩོན་པ། ཁ་ཡངས་ཤིང་གསང་མི་ཐུབ་པ། མིག་ཕྲ་ཞིང་བ་སྤུ་ཁ་ན་ཡང་བ་སྟེ། དེ་ནི་དཀར་མོ་མིག་སྒྱུ་མ་ཞེས་བྱ་བ་སྟེ་མི་བསྟེན་ནོ། །དེ་ལྟར་པདྨ་ཅན་ནི་ཀུན་ཏུ་བཟང་པོ་ཡེ་ཤེས་མཆོག་གི་ཡུམ་མོ། །གཉིས་པ་དུང་ཅན་མ་ལའང་གསུམ་ལས། རབ་ནི་མདོག་སྣུམ་ཞིང་སྐྲ་རྩེ་འཁྱིལ་བ། ཤ་སེར་ལ་རྩ་དམར་བ། སྤྱོད་ལམ་མཁས་ལ་འདུག་ཚུགས་ལེགས་པ། ཚིག་དལ་ལ་ཟུར་མིག་ལྟ་བ། ཤེས་རབ་ཆེ་ཞིང་ཟུར་ཙམ་གྱིས་གོ་བ། ཟུག་རྔུ་རྣོ་ཞིང་རྣམ་རྟོག་རགས་པ། ཤ་ལུས་སྦོམ་ཞིང་མཉེན་ལ་འབོལ་བ། སྐད་གདངས་ཆེ་ཞིང་དུང་འབུད་པ་འདྲ་བ། ལྟེ་བ་ན་དུང་གཡས་སུ་འཁྱིལ་བ་ལྟ་བུའི་རི་མོ་ཡོད་པ་སྟེ། དེ་དང་རྩ་འཕྲད་ན་ཚེ་འདི་ཉིད་ལ་མཆོག་གི་གོ་འཕང་འཐོབ་བོ། །འབྲིང་ནི་རྒྱབ་ནས་བལྟས་ན་དགྱེ་བ་སྙམ་པ། མདུན་ནས་བལྟ་ན་དགུ་བ་སྙམ་པ། ལུས་མཛེས་ལ་རྔོམ་ཆུང་བ། བྲང་དགྱེ་ཞིང་ཨོལ་ཀོ་ལེགས་པ། བྱད་ཀྱི་གཟེངས་ཐུང་ཞིང་རྒྱས་པ། ཁྱིམ་དུ་བྱད་བྱིང་བྱིང་ཙུག་བྱེད་པ། ལུས་འདྲེས་ནས་སྙིང་ཉེ་ཞིང་བརྩེ་གདུང་ཆེ་བ་སྟེ། དེ་དང་འཕྲད་ན་ལོ་དང་ཟླ་བས་དངོས་གྲུབ་འགྲུབ་བོ། །ཐ་མ་ནི་ཤ་སེར་ལ་མིག་འབོར་ཆེ་བ། བློ་རྣོ་ལ་དྲན་པ་གསལ་བ། འདུག་མི་ཚུགས་ཤིང་འགྲོ་ལ་དགའ་བ། ལག་འཚུབ་ཅིང་བྱ་བྱེད་མང་བ། གཞུང་ངན་ཞིང་ཆད་ལ་མི་བཙན་པ། སྐྱེས་པ་མིག་ལ་འཚོ་ཞིང་མིག་སེར་ཆེ་བ་སྟེ། བཀྲ་མི་ཤེས་པས་མི་བསྟེན་ནོ། །དེ་ལྟར་དུང་ཅན་མ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་མོ། །གསུམ་པ་རི་མོ་ཅན་ལའང་གསུམ་ལས། རབ་ནི་སྔོ་ལ་བྱད་དཀྱུས་དང་ཡན་ལག་རིང་བ། མཆུ་སྐོར་ཆེ་ཞིང་ཤ་ལུས་སྦོམ་པ། ཨོལ་ཀོ་ནས་པདྨའི་བར་དུ་གཉེར་ཆུང་ཡོད་པ། མིག་དཀྱུས་རིང་ཞིང་ལེགས་པ། སོ་རིང་ཐུང་མེད་ཅིང་མཉམ་པ། བྱད་དང་ལུས་ལ་རྨེ་བ་ཆུང་ངུ་ཡོད་ཅིང་སྐད་སྙན་པ། ཞི་དལ་ཆེ་ཞིང་སྤྱོད་ལམ་འཇམ་པ། གཟུགས་བཟང་ཞིང་ཞེས་མཁས་པ། དབྱིབས་ཕྱེད་ཅིང་དཔྲལ་བར་རི་མོ་གསུམ་འགྲེང་བ། ལྷ་ཆོས་དང་མི་ཆོས་གང་ལའང་གོམས་འདྲེས་ཆེ་བ། སྐྲ་མཚམས་ན་ཐོད་བཅིངས་པ་ལྟ་བུའི་རི་མོ་གཅིག་གམ་གསུམ་ཡོད་པ་སྟེ། དེ་དང་འཕྲད་ན་ལོངས་སྤྱོད་དང་ལྡན་ཞིང་དངོས་གྲུབ་མྱུར་དུ་འཐོབ་བོ། །འབྲིང་ནི་རྟགས་དེ་དག་གི་སྟེང་དུ་དད་པ་དང་ཤེས་རབ་ཆེ་བ། གསང་ཐུབ་ཅིང་སྙིང་ཉེ་བའོ། །ཐ་མ་ནི་ཤ་རྩི་ནག་ལ་དཔྲལ་བ་སེར་བ། མིག་ཆུང་ལ་གཏིང་མིག་ཏུ་ཡོད་པ། ཁ་ཡངས་ཤིང་གཏམ་མང་བ། ཉོན་མོངས་ཆེ་ཞིང་གསང་མི་ཐུབ་པ་སྟེ་མི་བསྟེན་ནོ། །དེ་ལྟར་རི་མོ་ཅན་ནི་རིན་ཅེན་རིགས་ཀྱི་ཡུམ་མོ། །བཞི་པ་རི་དྭགས་ཅན་ནི། རི་དྭགས་ཀྱི་ལུས་འདྲ་བ་སྟེ། ཤ་རྒྱས་ཤིང་ནུ་མ་ཆེ་བ་། སྨད་ཀྱི་ཤ་རྒྱས་ཤིང་བྷ་ག་རུབ་པ། དབུགས་དང་སྐྱེ་གནས་ལ་གླ་རྩི་བྲོ་བ། སྐེད་པ་ཕྲ་ཞིང་འགྲོས་དལ་བ། སྐྱེས་པ་ལ་མིག་མི་འཛུམ་པར་ལྟ་ཞིང་སྐད་སྙན་པ་སྟེ། དེ་དང་འཕྲད་ནའང་དངོས་གྲུབ་མྱུར་དུ་འཐོབ་བོ། །འདི་ཡི་འབྲིང་ནི་གཟུགས་མཛེས་ཤིང་སྐད་སྙན་པ། གུས་ཤིང་གསང་ཐུབ་པའོ། །ཐ་མ་ནི་དེ་ལས་ལྡོག་པ་སྟེ་མི་བསྟེན་ནོ། །དེ་ལྟར་རི་དྭགས་ཅན་ནི་རྡོ་རྗེའི་རིགས་ཀྱི་ཡུམ་མོ། །ལྔ་པ་གླང་པོ་ཅན་མ་རབ་ནི་མིག་དཀྱུས་རིང་ལ་སྨིན་དབྲག་ཡངས་པ། ལུས་མི་རིང་ཞིང་ཁོང་དལ་བ། གཞན་གྱི་ངག་མི་ཕྱོགས་ཤིང་སེམས་ཆུང་བ། རྣ་བ་ཆེ་ཞིང་ངོ་ཚ་ཆུང་བ། སྤྱོད་པ་རིགས་མ་རིགས་ཤེས་ཤིང་ལྷོད་ཆགས་པ། ཁ་དབང་ཆེ་ཞིང་ཤོགས་ཆེ་བ། དྲི་ཞིམ་ཞིང་ཡན་ལག་ཐུང་བ་སྟེ། དེ་ཉིད་རྩ་མང་བས་དངོས་གྲུབ་མུར་དུ་འགྲུབ་བོ། །འབྲིང་ནི་བྱད་སྔོ་ཞིང་གཟེངས་མཐོ་བ། ལུས་ཁྱིམ་ལེགས་ཤིང་ཤེད་ཆེ་བ། དོན་མི་འཆོར་ཞིང་བསླུར་མི་བཏུབ་པ། མདོ་ཆེ་ལ་སྤྲོ་རིང་བ་སྟེ་དཔལ་གྱི་མཚན་དང་ལྡན་པས་བསྟེན་ནོ། །ཐ་མ་ནི་རྣམ་འགྱུར་དང་གཏམ་མང་བ། རྫུན་ཆེ་ལ་ཁྲོ་འདོད་པ། དགའ་མི་དགའ་གཉིས་ཀ་སླ་བ། འདོད་ཆེ་ཞིང་སྟེར་མི་དགའ་བ་སྟེ། བྲེ་མོ་རྟ་རི་མའི་རིགས་ཞེས་བྱ་བ་ཡིན་པས་མི་བསྟེན་ནོ། །དེ་ལྟར་གླང་པོ་ཅན་ནི་པདྨའི་རིགས་ཀྱི་ཡུམ་མོ། །དྲུག་པ་སྣ་ཚོགས་ཅན་མ་རབ་ནི། གཟུགས་མཛེས་ཤིང་སྐེད་པ་ཕྲ་བ། སྐད་སྙན་ཞིང་གསང་ཐུབ་པ། ཤ་མདངས་གསལ་ཞིང་གཏིང་འཚེར་བ། ཅུང་ཟད་ཐུང་ཞིང་སྐྲ་ལི་བ། འགྲོས་མགྱོགས་ཞིང་གཏམ་བྲེལ་བ། བྱ་བཞག་མཁས་ཤིང་སྟོབས་ཆེ་བ། དཔྲལ་བ་ན་གཉེར་མ་རྡོ་རྗེ་རྒྱ་གྲམ་ལྟར་ཡོད་པ་སྟེ། དེ་དང་འཕྲད་ན་དངོས་གྲུབ་ཉེ་བའོ། །འབྲིང་ནི་དེའི་སྟེང་དུ་དད་པ་དང་ངོ་ཚ་ཤེས་ཤིང་སྤྲོ་ཐུང་བར་མངོན་པའོ། །ཐ་མ་ནི་དེ་དག་དང་མི་ལྡན་ཞིང་གོམ་པ་གྱ་ཚོམ་དུ་འདོར་བ། ཤ་རྩུབ་ཅིང་ཡན་ལག་རགས་པ། རྫུན་ཆེ་ཞིང་ཁྲོ་འདོད་པ། གཏམ་མང་ཞིང་དགོད་ཀ་ཡངས་པ། བརྟགས་ཤིང་མི་མཛེས་ལ་འཇིགས་པར་སྣང་བ། ངོ་ཚ་ཆུང་ཞིང་འཐབ་ལ་དགའ་བ། ཀུན་དང་མི་མཐུན་ཞིང་ཡིད་དུ་མི་འོང་བ་སྟེ། བཀྲ་མི་ཤིས་པས་མི་བསྟེན་ནོ། །དེ་ལྟར་སྣ་ཚོགས་ཅན་ནི་ལས་ཀྱི་རིགས་ཀྱི་ཡུམ་མོ། །མཚན་འདི་དག་ནི་ལོ་ཉི་ཤུ་མན་ཆད་དུ་གསལ་ཞིང་དེ་ནས་ཅུང་ཟད་མི་གསལ་བ་ཡིན་ནོ། །དེ་ལྟར་ལས་སུ་རུང་བའི་ཕྱག་རྒྱ་ནི། ཁྱད་པར་དུ་འཕགས་ཏེ། མ་ཧཱ་མཱ་ཡཱ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །དེ་ལྟ་བུའི་ཕྱག་རྒྱ་མཚན་དང་ལྡན་པ་བཙལ་ནས། དགེ་བསྙེན་ནས་བཟུང་སྟེ། གསང་བའི་དབང་གི་བར་གྱིས་རྒྱུད་སྦྱངས་ཤིང་དག་པར་བྱས་ཏེ་གདོད་སྒྲུབ་པའི་གྲོགས་སུ་རུང་བ་ཡིན་ནོ། །ཇི་སྐད་དུ་ཧེ་བཛྲ་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །ཅེས་གསུངས་པ་དང་མཐུན་ནོ། །གཉིས་པ་བརྟེན་པ་ཡེ་ཤེས་ཀྱི་རིམ་པ་ལ་གསུམ་སྟེ། སྔོན་དུ་བསྙེན་པ་བྱ་བ། སྒྲུབ་པ་དང་སྒྲུབ་པ་ཆེན་པོས་ལས་ལ་སྦྱར་བ། དངོས་གཞི་ཡེ་ཤེས་ཀྱི་དབྱེ་བའོ། །དང་པོ་ནི། རང་ཉིད་རླུང་སེམས་ལས་སུ་རུང་བས། ཉི་མ་འགར་དལ་བར་བྱ་སྟེ། བཅུད་ཅན་བཟའ་བ་དང་། བསྐུ་མཉེ་བྱ་བ་དང་། འདོད་པའི་གཏམ་དང་། བལྟ་བ་དང་། དགོད་པ་ལ་སོགས་པས་ལུས་ཀྱི་རྩ་རྣམས་བདེ་བས་རྒྱས་པར་བྱའོ། །གཉིས་པ་ནི། དེ་ནས་སྟན་བདེ་བ་ལ་ལྷའི་དཀྱིལ་འཁོར་ཡབ་ཡུམ་དུ་གསལ་བའི་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་ཤིང་། དེའི་རྩེར་སངས་རྒྱས་ཀྱི་དཀྱིལ་འཁོར་བསྐྱེད་ཅིང་སྤྱན་དྲངས་པ་ལ། འཁྱུད་པ་དང་། འོ་བྱ་བ་དང་། སེན་མོ་གདབ་པ་དང་། ནུ་མ་མཉེད་པ་ལ་སོགས་པས་ཁམས་བྱང་ཆུབ་ཀྱི་སེམས་གཡོ་བར་བྱེད་པ་ནི་བསྒྲུབ་པའོ། །དེ་ནས་སྙོམས་པར་ཞུགས་པས་ཡབ་ཡུམ་གཉིས་སུ་མེད་པའི་རོལ་པ་ནི་སྒྲུབ་པ་ཆེན་པོའོ། །གསུམ་པ་ནི། དེའི་ཚེ་དྭངས་མ་སྤྱི་བོ་ནས་མགྲིན་པར་གཡོ་བ་ནི་དགའ་བའི་ཡེ་ཤེས། མགྲིན་པ་ནས་སྙིང་གར་བབས་པ་ནི་མཆོག་དགའི་ཡེ་ཤེས། སྙིང་ག་ནས་ལྟེ་བར་བབས་པ་ནི་དགའ་བྲལ་གྱིས་ཡེ་ཤེས། ལྟེ་བ་ནས་གསང་བར་བབས་པ་ནི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ། གཟུང་བ་དང་འཛིན་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་ཞིང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བདེ་བ་ཆེན་པོ་ནི་དགྱེས་མཉམ་མཆོག་གི་མཆོད་སྦྱིན་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་སོ། །དེ་ནས་རྡོ་རྗེའི་ལམ་ནས་ཐིག་ལེ་དཀར་དམར་དྲངས་ཏེ། ལྟེ་བ་ནས་སྤྱི་བོའི་བར་གྱི་འཁོར་ལོ་བཞི་དང་དེའི་རྩ་འདབ་རྣམས་གང་བས་ཟག་པ་མེད་པའི་བདེ་བས་རྒྱས་ཤིང་སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་ཀྱིས་ཁྱབ་པར་བསམ་པ་ནི་སྒྲུབ་པའི་ཉི་ཟླའི་སྙིང་པོ་དེ། དཀྱིལ་འཁོར་རྡོ་རྗེའི་ལྕེ་ཡིས་བླང་། །ཞེས་པའོ། །དེ་ནས་རྩ་རྣམས་སུ་འཁྲུལ་འཁོར་དང་། དམིགས་པ་དང་། དམིགས་པ་མེད་པའི་གནད་གསུམ་གྱིས་དགྲམ་ཞིང་། རང་བཞིན་སྤྲོས་པ་དང་བྲལ་བའི་ངང་དུ་ལ་བཟླ་བ་ནི་ཆོས་ཉིད་དོན་གྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་དགོངས་པའོ། །དེའང་ཡེ་ཤེས་དང་པོས་ཞེ་སྡང་གི་རྟོག་པ་གནས་སུ་དག་པས་བདེ་བར་གསལ་ལ་རང་བཞིན་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །གཉིས་པ་ནི་ང་རྒྱལ་རློམ་སེམས་དག་ཅིང་ཡབ་ཡུམ་གཉིས་སུ་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གསུམ་པ་ནི། འདོད་ཆགས་རགས་པའི་འཛིན་རྟོག་ནུབ་པས་བདེ་བའི་རང་བཞིན་སྟོང་པར་ཤེས་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །བཞི་པ་ནི། ཕྲག་དོག་དག་ཅིང་བདེ་སྟོང་གི་བྱ་བ་མཐར་ཐུག་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་ཡས་བརྟན་གྱི་དགའ་བ་བཞི་མཐར་ཕྱིན་ཏེ། གང་དུའང་རྟོག་པ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྦྱོར་བ་ཐམས་ཅད་ཡེ་ཤེས་སུ་དག་ཅིང་། ཡེ་ཤེས་བཞི་ཆོས་ཀྱི་དབྱིངས་སུ་དག་པ་ནི། ལྷ་ས་བོན་ལ་ཐིམ། ས་བོན་ནཱ་ད་ལ་ཐིམ། ནཱ་ད་བིན་དྷུ་ལ་ཐིམ། བིན་དྷུ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ནི་རང་བཞིན་ལྔ་དང་སྦྱར་བ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་མཐར་ཐུག་པའོ། །དེའང་ལེའུ་བཅུ་གསུམ་པར། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་རོལ་མོ་ལས། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཞེས་པའི་དོན་འདིར་བསྟན་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་ལྔ་ལས། ཡུལ་གང་ལ་སྦྱར་བ་ནི་བཅུ་གཉིས་མ་ཐུགས་ཀྱི་གསང་ཡུམ་ལྷ་མོ་བཅུ་དྲུག་མ་གསུང་གི་གསང་ཡུམ་ཀླུ་མོ་ཉི་ཤུ་མ་སྐུའི་གསང་ཡུམ་རིགས་ངན་མོ་རྣམས་ཀྱི་བཟང་ངན་དང་བྱེ་བྲག་སོ་སོར་དབྱེ་ནས་ངན་པ་དོར་བཟང་བ་བསྟེན་པའམ་ཡང་ན་མི་དབྱེ་བར་གང་རུང་ཡུལ་དུ་བྱེད་པའོ། །ཚུལ་ཇི་ལྟ་བུས་སྦྱར་ན་ནི་ལྷ་གཅིག་ལའང་བསྙེན་སྒྲུབ་བཞིས་བསྟེན་པ་ལྟར་འདིར་ཡང་ཕྱག་རྒྱའི་རྒྱུད་སྦྱོང་ཞིང་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད་པས་བསྙེན་པ་དང་། འདུ་ཤེས་དག་པས་ལྟ་བ་དང་རེག་པ་ལ་སོགས་པ་ནི་ཉེ་བའི་བསྙེན་པ་དང་། ལྷར་གསལ་བས་འཁྱུད་པ་ལ་སོགས་པ་ནི་སྒྲུབ་པ་དང་། གཉིས་སུ་མེད་པར་རོལ་པས་འཁོར་ལོ་བཞི་ནས་གསང་བར་འབེབས་པ་ནི་སྒྲུབ་པ་ཆེན་པོའི་རིམ་པ་བཞིས་ཡེ་ཤེས་ལ་སྦྱོར་བའོ། །ངོ་བོ་གང་སྦྱོར་བ་ནི་དེ་ནས་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡུངས་འབྲུ་ཙམ་གྱི་རྟེན་བསམ་པ་ལ། བདེ་བ་ཆེན་པོའི་རང་བཞིན་ཐུགས་ཀྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཚོམ་བུས་བརྒྱན་པ་སྤྲོ་ཞིང་བསྐྱེད་ལ་ཡེ་ཤེས་པ་དབྱིངས་ནས་སྤྱན་དྲངས་ཤིང་བསྟིམ་སྟེ་བཞུགས་པའི། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ། རོལ་པའི་མཆོད་པ་ཕུལ་བས། སྤྱན་དྲངས་པའི་ལྷ་དང་བདག་གི་ལུས་ཀྱི་གནས་སུ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དགྱེས་པ་མཉམ་པའི་མཆོག་གི་སྦྱིན་པ་ཆེན་པོས་སོ་སོར་བསྟིམ་ཞིང་ཚིམ་པར་ཕུལ་བས་གཉིས་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསམ་ཞིང་བྱང་ཆུབ་ཀྱི་སེམས་པདྨོར་འཁྱིལ་བ་འཛིན་པར་བྱེད་དོ། །དངོས་གྲུབ་ཇི་ལྟར་བླང་བ་ནི་དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིས་བསྒྲུབ་པ་བྱས་པའི་མཁའ་གསང་གི་ཉི་མ་དང་ཟླ་བའི་སྙིང་པོ་དེ་རྩ་འཁོར་ལོ་བཞིའི་དཀྱིལ་འཁོར་དུ་གསང་བ་རྡོ་རྗེའི་ལྕེ་ཡིས་བླངས་ཏེ། མས་རིམ་གྱིས་དགང་ཞིང་ལུས་ཀྱི་གནས་ཐམས་ཅད་དུ་ཁྱབ་པར་དགྲམ་ཞིང་ཡེ་ཤེས་སུ་ལ་བཟླའོ། །འདི་ལ་ཁ་ཅིག་ལྷར་གསལ་བའི་ལྕེ་རྡོ་རྗེར་བསམ་པས་བླངས་ཏེ་ཁོང་དུ་འཐུང་བར་འདོད་པ་ནི་མ་ཡིན་ཏེ། སྦྱོར་བའི་དོན་མ་གོ་བ་ཡིན་ནོ། །བསྒྲུབ་པ་དེའི་འབྲས་བུ་ནི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བ་དང་མངོན་པར་ཤེས་པས་ཆོས་ཐམས་ཅད་མངོན་སུམ་དུ་གསལ་བར་རྟོགས་པ་དང་། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ས་དང་ལམ་གྱི་ཁྱད་པར་གོང་མར་བགྲོད་པ་དང་། ཚེ་ཉི་ཟླ་དང་མཉམ་པས་རང་བཞིན་གྱི་དོན་སྒྲུབ་ཅིང་རྡོ་རྗེའི་སྐུ་བརྙེས་པ་དང་། ལ་སོགས་པའི་ཁོངས་ནས་རལ་གྲི་དང་། མིག་སྨན་དང་། རིལ་བུ་དང་། གསེར་འགྱུར་དང་། རྐང་མགྱོགས་ལ་སོགས་པ་ཐུན་མོང་གི་གྲུབ་པ་བརྒྱད་ཐོབ་པར་བསྟན་ཏོ། །མཐར་ཐུག་ཀུན་ཏུ་བཟང་པོའི་ས་མཆོག་ཡིད་བཞིན་སྤྲིན་གྱིས་བདག་པོར་འགྱུར་ཞིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པའོ། །གཉིས་པ་སྒྲོལ་བ་གནས་སུ་དག་པ་ཐབས་ཆེན་གསང་བའི་དཀྱིལ་འཁོར་ལ་གསུམ་ལས། གང་བསྒྲལ་བའི་ཡུལ་ནི་སྙིང་རྗེའི་ཞིང་དུ་གྱུར་པ་སྟེ། རྡོ་རྗེ་ཕུར་པ་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེ་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་པ་སྟེ། རང་ལ་ཞེ་སྡང་གི་སེམས་རང་མཚན་པ་མེད་ཅིང་སྙིང་རྗེས་འདྲོངས་པ་དགོས་སོ། །དེའང་ཞི་རྒྱས་ཀྱིས་མི་འདུལ་ཞིང་མངོན་སྤྱོད་ཀྱིས་འདུལ་བར་བྱ་བའི་སེམས་ཅན་དེ། མཆོག་མཐོ་རིས་ཀྱིས་ལྷ་མི་དང་མཆོག་ཕྲན་ངན་སོང་གི་འགྲོ་བ་སྟེ་དབྱེ་ན་ཞིང་རྣམ་པ་བཅུ་པོ་རྣམས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་གནས་པས། དེ་དག་རང་རང་གི་སྡུག་བསྔལ་དེ་དང་བྲལ་བར་བྱ་བའི་ཕྱིར་བསྒྲལ་ལ། དེའང་དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ལས་ལོག་དང་འཁུས་པ་དང་། །འདུས་པར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་སོ། །དེའང་གཞན་དོན་དུ་འགྱུར་པ། འགྱུར་བར་ཤེས་པ། སྙིང་རྗེ་ཆེན་པོ་གསུམ་ཡོད་པ་ལ་ནི། རྒྱུའི་ཐེག་པ་ལའང་མི་དགེ་བ་དང་པོ་བདུན་གནང་བའི་སྐབས་ཡོད་དེ། སེམས་དཔའ་ཆེ་ལ་མི་དགེ་བདུན་པོ་གནང་། །ཞེས་པ་དང་། མི་ནག་མདུང་ཐུང་ཅན་ལ་བྱ་བ་བཞིན་ནོ། །ཇི་ལྟར་བསྒྲལ་བའི་ཐབས་ནི་རྣལ་འབྱོར་པ་རབ་ཏིང་ངེ་འཛིན་གྱིས་སྒྲོལ་ལ། འབྲིང་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱས་སྒྲོལ་ལ། ཐ་མས་དེ་དག་གི་སྟེང་དུ་འབྲུབ་ཁུང་དང་ལིངྒ་ལ་སོགས་པ་རྫས་དངོས་སུ་བསགས་ཏེ་གཟུགས་བརྙན་དང་བཅས་པས་སྒྲོལ་བ་ཡིན་པས། བཅའ་གཞི་ནི་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་འབྲུབ་ཁུང་རོ་སོལ་གྱིས་བྱུགས་པ་ཨེ་གྲུ་གསུམ་འབར་བའི་ནང་དུ་མ་ལས་ཉི་མ་དང་ཨ་ལས་ཟླ་བའི་སྟེང་དུ་ལིངྒ་མིང་རུས་དང་བཅས་པ་སྒྲོལ་བའི་ལས་ལ་མཁས་པའི་རྣལ་འབྱོར་བས་བཞག་སྟེ། ཏིང་ངེ་འཛིན་གྱིས་དགུག་གཞུག་བྱའོ། །དེའང་མཁས་ཚུལ་ལྔ་སྟེ། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་སྒོམ་པ་ལ་མཁས་པ། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་ལ་མཁས་པ། ཐབས་ཆེན་གསང་བས་སྒྲོལ་བའི་གདམས་ངག་ལ་མཁས་པ། མངོན་ཕྱུང་ཟབ་མོས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའོ། །དེ་ནས་བདག་ཉིད་དཔའ་བོ་ཆེན་པོ་ཡབ་ཡུམ་གྱི་ངོ་བོར་བསྐྱེད་ལ་གདུག་པ་ཅན་བསྒྲལ་བར་བྱའོ་སྙམ་པའི་ང་རྒྱལ་དང་ལྡན་པས། ལག་པའི་སོར་མོ་བཅུ་ལ་དཔའ་བོ་འབྲུ་ལྔའམ་སྒྲོལ་གིང་བཅུའི་ས་བོན་ཧཱུྃ་བཅུ་ལས་གིང་ཕོ་བཅུར་བསྐྱེད་པའི་བར་དུ་ཟངས་གྲིའམ་ཕུར་པ་འདྲིལ་ཞིང་ལག་པའི་འདུ་བྱེད་ལིངྒའི་སྙིང་ལ་གཟིར་བས་ཤ་ཁྲག་དུམ་བུར་གཏུབས་ཏེ་སྒྲོལ་གིང་བཅུས་གཙོ་བོ་ལ་བསྟབས་ཤིང་དཀྱིལ་འཁོར་ལ་མཆོད་པར་བསྒོམ་མོ། །ཡང་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཏེ། རྣམ་པར་ཤེས་པ་ཧཱུྃ་དཀར་པོ་གཅིག་ཏུ་གྱུར་པས་ལས་དང་བག་ཆགས་ཐམས་ཅད་རྣམ་པར་དག་ནས་ཧཱུྃ་དེ་ཉིད་རིམ་གྱིས་ཟླ་ཚེས་ཀྱི་དབྱིངས་སུ་ཐིམ་ནས་ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས་ཡོངས་སུ་གྱུར་པ་ལས། ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འོད་འབར་བ་གཅིག་ཏུ་གྱུར། དེ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་འོད་ཟེར་རབ་ཏུ་འཕྲོ་བས་བརྗིད་པར་བསྒོམ་མོ། །དེའི་སྤྱི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བའི་རྟགས་སུ་ཀུན་ཏུ་བཟང་པོའི་སྐུ་ཚོན་གང་བ་གཅིག་བསྒོམ་སྟེ། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བའི་གདན་ལ་བཞག་ནས། ཕཊ་ཀྱི་སྒྲས་འོག་མིན་དུ་འཕངས། དེ་བཞིན་གཤེགས་པའི་ཞལ་དུ་ཞུགས་ཡུམ་གྱི་མཁར་རྡོ་རྗེ་སེམས་དཔར་བསྐྱེད་དེ་དེ་བཞིན་གཤེགས་པའི་སྲས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པར་བསམ་མོ། །དེ་ལྟར་བསྒྲལ་བའི་ཕན་ཡོན་ནི་སྡིག་པ་ཅན་དེ་དག་ཕྱི་མ་ངན་སོང་མུ་མཐའ་མེད་པར་སྐྱེ་ངེས་མངོན་སྤྱོད་ཀྱིས་བསྒྲལ་བས་མཐོ་རིས་སུ་ཐར་པ་ཐོབ་པའི་ཐབས་འདི་ནི། ཐེག་པ་གཞན་ལས་ངོ་མཚར་བ་རྡོ་རྗེ་ཐེག་པའི་གསང་ཆེན་ཏེ་སྡིག་ཅན་ངན་འགྲོ་ལས་ཐར་ནས་གྲོལ་བ་ཐོབ་པའི་ཐབས་འདི་ནི་ཁྱད་པར་འཕགས་པའོ། །ཁ་ཅིག་གསོད་པ་འདི་ནི་ཞེ་སྡང་གི་ལས་ཡིན་པས་ལམ་དམ་པ་མ་ཡིན་ནོ་ཞེ་ན། དེའང་དམ་པ་རྣམས་ནི་ཞེ་སྡང་མེད་པའི་ཕན་སེམས་ཀྱིས་སྒྲོལ་བས་འགྲོ་བ་ཐར་པ་ལ་དགོད་པའི་ཕྱིར་ཉེས་པ་མེད་དེ། རིག་བྱེད་བླ་མ་ལས། གང་དུ་གདུག་པ་གདུག་སྤྱོད་པ། །དེ་ལ་ཉེས་པ་མ་མཐོང་ངོ་། །ཞེས་པ་དང་། རྣལ་འབྱོར་གྱི་རྒྱུད་ངན་སོང་སྦྱོང་བ་ལས་ཀྱང་། བླ་མ་དམོད་བརྩོན་མ་རུངས་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །ཞེས་པ་དང་། ཡང་། བླ་མ་དམོད་ལ་བརྩོན་པ་དང་། །དཀོན་ཅོག་གསུམ་ལ་གནོད་པ་དང་། །སངས་རྒྱས་བསྟན་པ་འཇིག་པ་ནི། །སྔགས་མཁན་སྔགས་ཀྱིས་བསྒྲལ་བར་བྱ། །ཞེས་སོ། །གསུམ་པ་སྦྱོར་སྒྲོལ་གྱི་ཉེས་པས་མི་གོས་པ་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་ནི། དོན་དམ་པར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡེ་གདོད་མ་ནས་སྐྱེ་བ་མེད་པའི་དེ་བཞིན་ཉིད་ཡིན་ཏེ། དཀོན་ཅོག་ཏ་ལའི་མདོ་ལས། ཆོས་ཀུན་མ་སྐྱེས་རྟག་ཏུ་ནམ་མཁའ་འདྲ། །ཞེས་པ་དང་། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་ཡོད་མིན་སངས་རྒྱས་ཆོས་མེད་དེ། །ནམ་ཡང་སེམས་ཅན་མེད་པར་སུས་མཐོང་ཞིང་། །ནམ་མཁའ་འདྲ་བའི་ཆོས་ཉིད་སུས་ཤེས་པ། །དེ་ནི་མྱུར་དུ་སྐྱེས་བུ་གཙོ་བོར་འགྱུར། །ཞེས་སོ། །ཀུན་རྫོབ་སྣང་ཙམ་ཉིད་ནས་རང་བཞིན་མེད་བཞིན་དུ་རྐྱེན་གྱིས་སྣ་ཚོགས་སུ་སྣང་བའི་ཤིང་བུ་རྡེའུ་ལས་རྟ་གླང་དང་སྐྱེས་བ་བུད་མེད་ལ་སོགས་པའི་རྣམ་པར་ཤར་བའི་སྒྱུ་མ་དང་ངོས་གཟུང་མེད་པའི་མིག་གཡོར་གྱི་ཚུལ་ཏེ། ཡེ་ཤེས་སྣང་པ་རྒྱན་གྱི་མདོ་ལས། ཇི་ལྟར་སྒྱུ་མར་གྱུར་པའི་གཟུགས། །སྐྱེས་པ་མ་ཡིན་འོང་བ་མིན། །སྣ་ཚོགས་ཆོས་རྣམས་དེ་འདྲ་སྟེ། །སྐྱེས་པ་མ་ཡིན་འོང་བ་མིན། །ཞེས་སོ། །དེ་ལྟར་ཆོས་རྣམས་ཐམས་ཅད་ཡེ་ནས་དག་ཅིང་སྒྱུ་མའི་རང་བཞིན་ཡིན་པས་སྦྱོར་སྒྲོལ་ཡང་ཡེ་ནས་དག་ཅིང་སྒྱུ་མའི་རང་བཞིན་དུ་ཁོང་དུ་ཆུད་པའི་རྣལ་འབྱོར་པས། སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་བྱེད་དུས་ཉིད་ནས་ལས་གསོག་བྱེད་ཀྱི་ཉེས་པས་བསྐྱེད་པའི་སྦྱོར་སྒྲོལ་རང་མཚན་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་དོན་ལ་བྱས་པ་མེད་དེ། འཛིན་ཞེན་མེད་པའི་ཕྱིར་རོ། །དེ་སྐད་དུའང་ཡེ་ཤེས་རྒྱས་པ་ལས། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེའི་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པས་རྣམ་པར་སྤྱོད། །ཅེས་པ་དང་། སྡུད་པ་ལས། སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་ཀྱང་། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་པ་དང་། རྣལ་འབྱོར་གྱི་རྒྱུད་ལས། སེམས་ཅན་ཐམས་ཅད་བསད་ན་ཡང་། །དེ་ལ་སྡིག་གིས་གོས་པ་མེད། །ཅེས་སོ། །དེའང་སྡིག་པ་རང་མཚན་པ་འབྱུང་བ་ལ་བདེན་ཞེན་རང་མཚན་ཡོད་པ་དགོས་ཤིང་ངོ་བོ་མ་གྲུབ་པ་དང་། འདུ་ཤེས་གཞན་དུ་གྱུར་པ་དང་། འཛིན་ཞེན་མེད་པ་སྨྱོ་བའི་གང་ཟག་གི་ཉེས་པས་ཀྱང་ལྟུང་བ་མེད་པར་བཞག་སྟེ། འདུལ་བ་མདོ་རྩ་ལས། རྨི་ལམ་ནི་མེད་པ་དང་འདྲའོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ། །ཞེས་པ་དང་། སྨྱོ་བ་དང་སེམས་འཁྲུགས་པ་ལ་ལྟུང་བ་མེད་དོ། །ཞེས་པ་དང་། ཤེས་གཙོ་འདུ་ཤེས་གཞན་དུ་གྱུར་པ་ཉིད་ནའོ། །ཞེས་པ་ལ་སོགས་པས་ཤེས་ཏེ། འདིར་ཡང་སྦྱོར་སྒྲོལ་རྨི་ལམ་ལྟར་ངོ་བོ་མེད་པར་རྟོག་པ་དང་། འདུ་ཤེས་ལྷར་གྱུར་པ་དང་། སྨྱོན་པ་ལྟར་བདེན་ཞེན་མེད་པས་ཉེས་པ་མེད་པའོ། །གཉིས་པ་རོལ་པ་ཚོགས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། ཇི་ལྟར་བྱ་བའི་ཐབས་སོ། །དང་པོ་ནི། ག་ན་ཙཀྲའི་སྒྲ་ལས་ཚོགས་ཀྱི་འཁོར་ལོ་སྟེ། དེའི་མཚན་ཉིད་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་སྐབས་གང་ཞིག་རྟེན་དང་གང་ཟག་དང་ཡོ་བྱད་ཁྱད་པར་ཅན་ཚོགས་པ་སྟེ། ཀུན་གསལ་ལས། རྟེན་དང་གང་ཟག་ཡོ་བྱད་ཚོགས། །ཐབས་ཆེན་གསང་བས་ཚོགས་ཞེས་བྱ། །ཞེས་སོ། །གཉིས་པ་ལས་གསུམ་སྟེ། དབྱེ་བ་དངོས་དང། ལས་རིམ་དང་། གང་གི་དོན་དུ་བྱ་བའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པ། །ཚོགས་ཆེན་པོ་རུ་ངེས་པར་བརྟག །ཅེས་པས། རྣམ་པ་བཞི་སྟེ། སྐལ་ལྡན་འདུས་པའི་ཚོགས། །འབྱོར་ལྡན་ཡོ་བྱད་ཀྱི་ཚོགས། དངོས་གྲུབ་ལྷའི་ཚོགས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ནི། དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཕོ་མོ་ཟུང་དུ་ཚོགས་པ་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་མཚོན་པའོ། །དེའང་འདུས་པ་ཆུང་ངུའི་ཚེ་གཙོ་བོ་ཡབ་ཡུམ་ཙམ། སྐུ་གསུང་ཐུགས་ཀྱི་རང་བཞིན་ཟུང་གསུམ། རིགས་ལྔའི་མཚོན་བྱེད་ཟུང་ལྔ་སྟེ། གཉིས་དང་། དྲུག་དང་། བཅུ་ཚང་བའོ། །འདུས་པ་འབྲིང་ལ་དཀྱིལ་འཁོར་གྱི་ལྷའི་གྲངས་ཏེ་བརྒྱའོ། །འདུས་པ་ཆེན་པོ་ལ་དེ་ཡན་ཆད་རབ་ཏུ་མང་པོའོ། །དེ་སྐད་དུའང་གསང་རྒྱུད་ལས། འདུས་པ་ཆུང་ལ་གཉིས་དྲུག་བཅུ། །འབྲིང་ལ་དཀྱིལ་འཁོར་གྲངས་ཡིན་ཏེ། ཆེན་པོ་རབ་ཏུ་མང་པོའོ། །ཞེས་སོ། །དེའང་རྣལ་འབྱོར་ཕོ་མོ་གང་རུང་མང་པོ་ཚོགས་ཀྱང་ཟུང་དུ་མ་འབྲེལ་བས་དཔའ་བོའི་དགའ་སྟོན་དང་། དཔའ་མོའི་སྟོན་མོ་ཞེས་པར་འགྱུར་རོ། །གཉིས་པ་ནི། ཕྱི་ནང་གསང་བའི་ཡོ་བྱད་ཐམས་ཅད་ཡིན་ལ། ཁྱད་པར་དུ་ཤ་དང་ཆང་ནི་མེད་དུ་མི་རུང་བའི་ཐབས་དང་ཤེས་རབ་ཀྱི་རྫས་ཏེ་དེ་ལས། མ་ཧཱ་མཱྃ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་འབྲུ་བཅུད་ཤིང་འབྲས་དང་། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་སོ། །དེའང་གླུ་གར་དང་རོལ་མོའི་སྤྲིན་ཕུང་དུ་མས་བརྒྱན་པའོ། །གསུམ་པ་ནི། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་གཙོ་བོ་ལ་འཁོར་གྱིས་བསྐོར་བ་ཐམས་ཅད་དེ་དངོས་ཀྱི་སྐུ་དང་། མེ་ཏོག་གི་ཚོམ་བུ་ལྷར་བསྐྱེད་པ་དང་། ཏིང་ངེ་འཛིན་གྱིས་བསོད་ནམས་ཀྱི་ཞིང་དུ་སྤྱན་དྲངས་པ་ཐམས་ཅད་དོ། །བཞི་པ་ནི། རྒྱུན་གྱི་ཚོགས་གཉིས་དང་ཁྱད་པར་དུ་ཚོགས་ཀྱི་འཁོར་ལོའི་ཚེ་ཐབས་བསྐྱེད་རིམ་དང་འབྲེལ་བའི་ཀུན་ཏུ་སྤྱོད་པ་སྣང་བཅས་ཐམས་ཅད་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་རྫོགས་རིམ་གྱིས་བསྡུས་པའི་ཟབ་མོ་སྐྱེ་མེད་དུ་རྟོགས་ཤིང་བསྒོམ་པ་རྣམས་ཡེ་ཤེས་སོ། །གཉིས་པ་ལས་རིམ་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའི་རིམ་པའོ། །དང་པོ་ནི། ཞི་བའི་ཚོགས་ཀྱི་ཚེ་རྣལ་འབྱོར་བ་རྣམས་ཞི་བའི་ཆ་ལུགས་དང་ཕྱག་མཚན་དང་མེ་ཏོག་ཕོག་པའི་ལྷའི་རྟགས་དང་ལྡན་པས་ཚོགས་ཁང་དུ་ཞུགས་པ་ན། གཤིན་རྗེ་གཤེད་ལ་སོགས་པའི་སྒོ་བ་བཞི་ཚོགས་ཁང་གི་སྒོ་ནས་སྡོད་པས། ལེགས་པར་འོངས་སམ་ཞེས་པའི་བརྡར་མཛུབ་མོ་གཅིག་བསྒྲེངས་པའི་ལན་དུ། འོངས་སོ་ཞེས་གཉིས་བསྒྲེངས་ཏེ་ནང་དུ་ཕྱིན་པ་ལས་ལས་ཀྱི་རྡོ་རྗེས་རིགས་གང་ཡིན་ཞེས་པའི་བརྡར། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གདེངས་པའི་ལན་དུ། རིགས་གང་ལ་མེ་ཏོག་ཕོག་པའི་གཙོ་བོ་དེའི་ཕྱག་རྒྱ་བསྟན་ཏོ། །དེ་ནས་རྡོ་རྗེ་སློབ་དཔོན་ལ་ཕྱག་འཚལ་ཏེ། དབང་གི་རིམ་པས་བུམ་དབང་དགེ་བསྙེན། གསང་དབང་དགེ་ཚུལ། ཤེས་རབ་ཡེ་ཤེས་དགེ་སློང་། རྫོགས་པ་ཆེན་པོ་གནས་བརྟན་ཏེ། གཙོ་བོའི་ཕྱོགས་བཞི་ནས་རིགས་བཞི་གྲལ་རྐྱང་པའམ། གཡས་གཡོན་དང་གུང་ལ་རིགས་ལྔའི་དཀྱིལ་འཁོར་གྱི་གྲལ་མཚོན་པ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་མཚན་གྲལ་འགོར་བཞག་པ་ནས་རིམ་གྱིས་འཁོད་དེ། ཆོ་ག་རྫོགས་པར་བྱེད་པ་ཡིན་ནོ། །གཉིས་པ་ཁྲོ་བོ་ལ་ཡང་ཚུལ་དེ་དང་འདྲ་བར་ཤེས་པར་བྱའོ། །ཞི་ཁྲོ་ཕྱོགས་གཅིག་པའི་ཚོགས་འཁོར་ལ་ནི་ཞི་བའི་རྣལ་འབྱོར་ཕོ་མོ་རྣམས་རྡོ་རྗེ་སློབ་དཔོན་གྱི་གཡས་གྲལ་དང་། ཁྲོ་བོ་རྣམས་གཡོན་གྲལ་ལ་འཁོད་དོ། །རྣལ་འབྱོར་ཕོ་མོ་ཡང་གྲངས་མཉམ་ན་ཤིན་ཏུ་ལེགས་སོ། །གསུམ་པ་གང་གི་དོན་དུ་བྱ་བ་ནི། ལས་བཞིའི་བྱེ་བྲག་གིས་ཤེས་པར་བྱ་སྟེ། རྣལ་འབྱོར་པ་གང་དག་དམ་ཚིག་གསོ་ཞིང་སྒྲིབ་པ་སྦྱོང་ན་ཞི་བའི་དོན་དུ་ཚོགས་ཀྱིས་བསྐངས་ཤིང་། ཚེ་དང་འབྱོར་བ་སྤེལ་ན་རྒྱས་པ། དབང་དང་དགུག་པའི་ཆེད་དུ་དབང་། བགེགས་དང་གདུག་པ་ཚར་གཅོད་པ་ལ་སོགས་པའི་དོན་དུ་དྲག་པོའི་རིམ་པ་སོ་སོའི་འདོད་དོན་བསྒྲུབ་པ་ལ་སྦྱོར་བ་ཡིན་ནོ། །གསུམ་པ་ཇི་ལྟར་བྱ་བའི་ཐབས་ལ་ལྔ་སྟེ། དང་པོ་རྟེན་དང་ཡོ་བྱད་བཤམ་པ་ནི། གནས་དེར་མཚན་མོ་ལ་སོགས་པའི་ཚེ་ལྷའི་དཀྱིལ་འཁོར་རས་བྲིས་སམ་རྡུལ་མཚོན་ཚོམ་བུ་བཀོད་པའི་དྲུང་དུ་ཕྱི་ནང་གསང་བའི་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བ་དང་། ནང་མཆོད་བདུད་རྩི་རིལ་བུས་བྲན་པ་རྣམས་བཤམ་མོ། །གཉིས་པ་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པ་ནི་རྣལ་འབྱོར་ཕོ་མོ་ཀུན་གྲལ་ལ་འཁོད་པ་ལ་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་མེ་ཏོག་གཏོར་ནས་ཕོད་ཀའི་ཕུ་དུང་པུས་མོས་བསྣོལ་ཞིང་འདུད་དེ། ཧོཿ དཔལ་ཀུན་ཏུ་བཟང་པོའི་རང་བཞིན་ཚད་མེད་པའི་ཐུགས་རྗེས་འགྲོ་བའི་དོན་ལ་ཞུགས་པ་བླ་མ་རྡོ་རྗེ་འཛིན་པ་ཆེ་གེ་མོས་གཙོ་མཛད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དགོངས་སུ་གསོལ། ཆོས་ཐམས་ཅད་རྫོགས་པ་ཆེན་པོའི་རང་བཞིན་དུ་གདོད་ནས་མངོན་པར་བྱང་ཆུབ་ཀྱང་། འགྲོ་བའི་ཁམས་རྣམ་མ་རིག་པའི་དབང་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་ཁྱབ་པ་ལ་དགོངས་ཏེ། ཐུགས་རྗེ་ཆེན་པོའི་རོལ་པས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ཟབ་མོས་རྣལ་འབྱོར་ལ་གནས་པར་ཞུ་འཚལ། ཞེས་དལ་བུས་བརྗོད་ནས་ཕྱག་བྱའོ། །གསུམ་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་ནི། དེ་ནས་བགེགས་ལ་གཏོར་མ་བྱིན་ནས་རྒྱ་མཚོའི་མཐར་བསྐྲད་དེ། མེ་རི་མེ་དཔུང་མཚོན་ཆའི་ར་བ་ཁྲོ་བོ་བཅུ་དང་བཅས་པའི་མཚམས་བཅད་དེ་སྔར་བསྟན་པ་བཞིན་ལྷའི་དཀྱིལ་འཁོར་དུ་གསལ་བཏབ་ལ། མཆོད་པས་མཉེས་པའི་བར་དུ་མཉེས་པར་བྱ་སྟེ། ཚོགས་མཆོད་རྣམས་བསང་སྦྱངས་སྤེལ་བསྒྱུར་ཇི་ལྟ་བ་བཞིན་བྱའོ། །དེའང་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ལས་གྲུབ་པར་བྱིན་གྱིས་བརླབས་ཏེ་མཆོད་དོ། །བཞི་པ་ལོངས་སྤྱོད་པ་ནི་ལག་པ་གཉིས་ཀྱི་མཐིལ་དུ་ཉི་མ་དང་ཟླ་བའི་དབུས་སུ་དཔའ་བོ་འབྲུ་ལྔ་དང་དཔའ་མོ་འབྲུ་ལྔ་ལས། ཚོགས་ཀྱི་ལྷ་ཡབ་ཡུམ་བཅུ་འདོད་ཡོན་ལྔའི་མཆོད་སྤྲིན་འགྱེད་པ་གསལ་བར་བསྐྱེད་ནས། བཟའ་བཏུང་ལ་རེག་པས་མཉེས་པར་བསམས་ལ། དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ལྷ་མཆོད་པར་བྱའོ། །དེ་ཡང་ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་ཐབས་དང་ཤེས་རབ་ཀྱི་རྫས་པདྨའི་ཕྱག་རྒྱས་བྲིམ་ཞིང་། ཧཱུྃ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདི་ནི་ཆོས་རྣམས་བཟང་པོ་སྟེ། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་ལེན་པ་པོས་ཀྱང་པདྨའི་ཕྱག་རྒྱས། ༀ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །འདོད་ཆགས་ལ་སོགས་དྲི་མ་བྲལ། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ལ་ལ་ཧོཿ ཞེས་པས་བླངས་ཏེ་ལོངས་སྤྱོད། དེའང་ཚོགས་ཀྱི་གྲལ་དུ་རྩོད་པ་དང་ཀུ་ཅོ་དང་ཐ་མལ་གྱི་སྣང་བས་བདེན་པར་ཞེན་པ་ལ་སོགས་པ་མི་བྱ་བར། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པས། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་ཀྱི་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ། །ལྔ་པ་མཇུག་གི་བྱ་བ་ནི། རྗེས་ལ་ལྷག་མའི་གཏོར་མ་བཏང་ལ། རྡོ་རྗེའི་གླུ་དང་། དཔལ་གྱི་བྲོ་དང་། བསྔོ་བ་དང་། བཀྲ་ཤིས་བརྗོད་པ་རྣམས་བྱའོ། །དེའི་ཕན་ཡོན་ཡང་། རྡོ་རྗེའི་དྲྭ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོ། །དེའང་རྣམ་པ་གསུམ་གྱིས་ཐེག་པ་འོག་མའི་མཆོད་སྦྱིན་ལས་འཕགས་ཏེ། ཡུལ་ལྷར་གསལ་བས་སངས་རྒྱས་ཡིན་པ་དང་། དངོས་གྲུབ་བདུད་རྩིར་གྱུར་པས་ཐ་མལ་མ་ཡིན་པ་དང་། བསམ་པ་ཆོས་ཉིད་དུ་རོལ་པས་འཛིན་ཞེན་མེད་པ་སྟེ། དེའི་ཕྱིར་ཐབས་ཀྱི་རང་བཞིན་རྡོ་རྗེའིི་ཐེག་པ་ཤེས་རབ་ཁྱད་པར་ཅན་གྱིས་འཕགས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཀུན་ཏུ་བཟང་པོའི་ཚོགས་མཆོད་མདོར་བསྟན་པ་དང་། དཀྱིལ་འཁོར་སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་ལས། རང་བཞིན་ཤེས་པར་བྱ་བ་ནི་དག་པ་གསུམ་དང་མཉམ་པ་བཞིས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཀུན་ཏུ་བཟང་པོའི་ཞིང་དུ་མཚོན་པ་སྟེ། དེའང་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔའི་ངོ་བོ་ཡུམ་ལྔའི་རང་བཞིན་དུ་དག་ཅིང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་ཡབ་ལྔར་དག་ལ། རང་རང་གི་རྒྱུད་ཀྱི་དབང་པོ་དང་རྣམ་པར་ཤེས་པ་དང་དེ་དག་གི་ཡུལ་རྣམས་སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་དུ་དག་པའོ། །ཡང་སྣོད་གཞལ་ཡས་ཁང་། བཅུད་ལྷ་དང་ལྷ་མོ། རང་གི་རྒྱུད་ཡེ་ཤེས་ལྔའི་རང་བཞིན་དཀྱིལ་འཁོར་ཆེན་པོར་གནས་པ་རྣམས་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་རྣམ་པར་དག་པར་རྟོགས་ཤིང་། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་མཉམ་ཞིང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་མཉམ་པ་གཉིས་དང་། ཕུང་པོ་ལྔ་སངས་རྒྱས་སུ་མཉམ་པ་དང་། རྣམ་ཤེས་བརྒྱད་ཡེ་ཤེས་སུ་མཉམ་པ་སྟེ། ལྷག་པའི་མཉམ་པ་གཉིས་ཀྱིས་ཆོས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པའི་དཀྱིལ་འཁོར་ཏེ། ཆོས་ཉིད་དོན་གྱི་གནས་ལུགས་ཇི་ལྟར་ཤར་ཞིང་སྣང་བ་དེ་དག་རང་བཞིན་ཀུན་ཏུ་བཟང་པོའི་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁོར་འདས་ཀུན་ལ་ཁྱབ་པ་སྟེ། ཀུན་བྱེད་ལས། ཀྱཻ། དཀྱིལ་ནི་མ་ནོར་དོན་གྱི་སྙིང་པོ་སྟེ། །འཁོར་ནི་འཁོར་འདས་བརྡལ་བ་ཡོངས་ལ་ཁྱབ། །ཅེས་སོ། །གང་གིས་ཤེས་པར་བྱ་བ་ནི། དེ་ལྟར་རྫོགས་པ་ཆེན་པོའི་རང་བཞིན་དུ་རྟོགས་པས་ཆོས་ཉིད་དོན་གྱི་དཀྱིལ་འཁོར་ལ་དབང་ཐོབ་པའི་ཚད་སྒོ་གསུམ་གྱི་བྱེད་སྤྱོད་ཅི་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཉིད་ངང་ངམ་ཤུགས་ཀྱིས་རྫོགས་པར་གྱུར་ནས་ཅིར་སྣང་ཡེ་ཤེས་སུ་འཆར་བ་སྟེ། ནམ་མཁའ་ཆེ་ལས། ཆོས་ཀུན་སྐྱེ་མེད་ལྷུན་རྫོགས་ཤིང་། །ཡེ་ནས་གྲོལ་བར་རྟོགས་པ་ན། །ཀུན་སྤྱོད་བསྐྱེད་རྫོགས་ལྷུན་གྱིས་གྲུབ། །མ་བྱས་རང་བཞིན་རྫོགས་པར་སྣང་། །ཞེས་སོ། །དེའང་སྔར་སྨོས་པ་བཞིན་སྔགས་ཀྱི་ཡན་ལག་ལྔ་མ་ཉམས་ཤིང་ཡོ་བྱད་ལྔ་དང་ལྡན་པ་དང་ཆོ་ག་ལྔ་པོ་རྫོགས་པར་ཤེས་པ་ཡི་རྣལ་འབྱོར་པས་དུས་ཁྱད་པར་ཅན་ལ་སོགས་པར་དུར་ཁྲོད་ལ་སོགས་པའི་གནས་སུ་རྟེན་གང་ཟག་ཚོགས་ཀྱི་ཡོ་བྱད་རྣམས་ཡོངས་སུ་ཚོགས་པའི་དཀྱིལ་འཁོར་གྱིས་མཉེས་པར་བྱས་ཏེ། བསྒྲུབས་ན་འབྲས་བུ་གནས་སྐབས་རིག་འཛིན་གསུམ་དང་ཕྲིན་ལས་བཞི་མཐར་ཐུག་ངེས་པར་ལེགས་པའི་དགོས་པ་བྱང་ཆུབ་འགྲུབ་པར་འགྱུར་རོ། །གཉིས་པ་དཀྱིལ་འཁོར་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རྟེན་དཀྱིལ་འཁོར་གྱི་རང་བཞིན་དང་། དེ་ཇི་ལྟར་བསྒྲུབ་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཞི་བའི་དཀྱིལ་འཁོར་དང་། ཁྲོ་བོའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་སྟེ། ཚོམ་བུ་ལྔ་པ། གསུམ་པ། གཅིག་པའི་དཀྱིལ་འཁོར་རོ། །དང་པོ་ནི། རིགས་ལྔ་དང་རིགས་ལྔའི་ཞིང་ཡུམ་ལྔ་དང་གཉིས་སུ་མེད་པར་སྦྱོར་བ་ལས་ཚོམ་བུ་ལྔ་ཡི་ལྷ་ཡབ་ཡུམ་རྩ་བ་ལྔ་ལས་ཡབ་ཡུམ་བཅུ། རིགས་བཞི་པོ་རེ་རེའང་བཅུ་བཅུ་སྟེ། ལྔ་བཅུ་བཀོད་ལ་ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ཁོག་པ་སྟོང་པ་ཕྱོགས་མཚམས་བརྒྱད་སྟེང་འོག་གཉིས་ཏེ་རྩིབས་བཅུ་ལ་ཧཱུྃ་ཀ་ར་ལ་སོགས་པའི་ཁྲོ་བོ་བཅུ་དང་། རྡོ་རྗེ་སྒྲ་འབྱིན་མ་ལ་སོགས་པ་ཁྲོ་མོ་བཅུ་བར་ཆད་བསྲུང་བའི་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ་པར་བྱའོ། །དེའང་དབུས་སུ་གཙོ་བོ་ཡབ་ཡུམ་ཀུན་ཏུ་བཟང་པོའི་རང་བཞིན་ལ། སེམས་དབང་རྡོ་རྗེ། རིན་ཅེན་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། ལས་ཀྱི་རྡོ་རྗེ་བཞིའི་ཡུམ། བརྟན་མ་རྡོ་རྗེ། འབར་མ་རྡོ་རྗེ། སྡུད་མ་རྡོ་རྗེ། བསྐྱོད་མ་རྡོ་རྗེ་སྟེ་ཡབ་ཡུམ་བཅུའོ། །ཤར་དུ་མི་བསྐྱོད་པ་ཡབ་ཡུམ་ལ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་ཆགས་པ། རྡོ་རྗེ་ལེགས་པ་བཞིའི་ཡུམ། སྒེག་མོ། བདུག་པ། ལྕགས་ཀྱུ། རྡོ་རྗེ་སྒྲོལ་མའོ། །ལྷོར་རིན་ཅེན་འབྱུང་ལྡན་ཡབ་ཡུམ་ལ། རྡོ་རྗེ་རིན་ཅེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་བཞིའི་ཡུམ། ཕྲེང་མ། མེ་ཏོག་མ། ཞགས་པ་མ། རྡོ་རྗེ་བདེ་མའོ། །ནུབ་ཏུ་འོད་དཔག་མེད་ཡབ་ཡུམ་ལ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་འཁོར་ལོ། །རྡོ་རྗེ་སྨྲ་བ་བཞིའི་ཡུམ། གླུ་མ། མར་མེ། ལྕགས་སྒྲོགས་མ། རྡོ་རྗེ་གསལ་བཀྲ་མའོ། །བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ། རྡོ་རྗེ་ལས། རྡོ་རྗེ་བསྲུང་བ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ཁུ་ཚུར་བཞིའི་ཡུམ། གར་མ། དྲི་ཆབ་མ། དྲིལ་བུ་མ། རྡོ་རྗེ་འབེབས་མའོ། །དེ་ལྟར་ལྔ་བཅུའི་ཕྱི་རོལ་ཏུ་ཁྲོ་བོ་བཅུ་ཡབ་ཡུམ་དང་བཅས་པས་ལྷ་བདུན་བཅུ་ནི་ཚོམ་བུ་ལྔ་བའོ། །སྤྱིར་ན་ཚོམ་བུ་ནི་སྒོ་དང་རྟ་བབས་ལ་སོགས་པ་གཞལ་མེད་ཁང་གི་རྣམ་པར་མེད་པའི་ལྷའི་གཙོ་འཁོར་ཡིན་ལ། དཀྱིལ་འཁོར་ནི་གཞལ་མེད་ཁང་དང་བཅས་པར་འདོད་ཀྱང་། འདིར་ལྷ་དེ་དག་སྐོར་ཚོམས་སུ་འདུག་པའི་ཆ་ནས་བཏགས་པ་ཡིན་ནོ། །གཉིས་པ་ཚོམ་བུ་གསུམ་པའི་དཀྱིལ་འཁོར་ནི། དེ་བཞིན་གཤེགས་པའི་རིགས་དང་རྡོ་རྗེའི་རིགས་དང་པདྨའི་རིགས་ཏེ་རེ་རེའང་ཡབ་ཡུམ་བཅུ་བཅུའི་རང་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་སུམ་ཅུའི་དཀྱིལ་འཁོར་གྱི་མཐར་ཁྲོ་བོའི་ཚོགས་ཏེ་སྒོ་བ་ཡབ་ཡུམ་བརྒྱད་དང་ལྡན་པ་ཡི་ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ་པར་བྱའོ། །གསུམ་པ་ཚོམ་བུ་གཅིག་པའི་དཀྱིལ་འཁོར་ནི། རིགས་ཐམས་ཅད་ཀྱི་ནང་ནས་དེ་བཞིན་ཉིད་ཀུན་ཏུ་བཟང་པོའི་རིགས་ཏེ་རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་རིགས་ལྔར་ཕྱེ་བའི་ཐུགས་ཀྱི་ཐུགས་ཏེ་གཙོ་བོར་རྣམ་སྣང་མཐིང་གས་བརྒྱན་པ་ནི་ཐུགས་ཀྱི་མཆོག །ལྷ་བཅུའི་དཀྱིལ་འཁོར་གྱི་མཐར་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་ཁྲོ་བོའི་ཚོགས་དང་ལྡན་པ་ཡི་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་པོ་རྣམས་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ནི། ཁྲོ་བོ་ལྔ་དང་ཁྲོ་མོ་ཀྲོ་དྷཱི་ཤྭ་རི་ལྔའི་ཚོགས་ཆེན་པོ་སྟེ་ཡབ་ཡམ་བཅུ་དང་། དེ་དག་གི་བྱ་བ་བསྒྲུབ་པའི་ཕོ་ཉ་གནས་ཀྱི་མ་མོ་བརྒྱད་དང་། ཕྱག་བརྙན་ཡུལ་གྱི་ཕྲ་མེན་བརྒྱད་དང་། བཀའ་ཉན་ཡེ་ཤེས་ཀྱི་སྒོ་མ་བཞི་དང་། ཅི་བགྱིའི་ལས་བྱེད་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོགས་རྣམས་ཀྱིས་འབར་བའི་དཀྱིལ་འཁོར་དུ་ཚོགས་སྒྲུབ་ནའང་། གནས་སྐབས་སུ་གདུག་པ་ཅན་ཚར་གཅོད་པ་ལ་སོགས་པ་དྲག་པོའི་ལས་རྣམས་དང་། མཐར་ཐུག་ངེས་པར་ལེགས་པའི་དགོངས་པ་མཆོག་གི་དངོས་གྲུབ་འགྲུབ་བོ། །གཉིས་པ་དེ་ཉིད་ཇི་ལྟར་བསྒྲུབ་པའི་རིམ་པ་ལ་བཞི་སྟེ། ཚོམ་བུ་གཅིག་པ། གསུམ་པ། ལྔ་པ། རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒྲུབ་པའོ། །དང་པོ་ལའང་གཉིས་ལས། གང་ཟག་གང་གིས་བསྒྲུབ་པ་ནི་སེམས་ཉིད་རྣལ་མའི་དོན་ལ་བློ་ཆོས་ཉིད་དུ་འབྱོར་བ་སྟེ། དབྱེ་ན། གཞི་རང་བཞིན་གྱི་རྣལ་འབྱོར། ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར། འབྲས་བུ་ལྷུན་གྲུབ་ཀྱི་རྣལ་འབྱོར་གསུམ་ལས། ལམ་མོ། །དེའང་རིམ་གཉིས་ལས། གཞི་དང་རང་བཞིན་འབྲས་བུའི་ཚུལ། །བསྐྱེད་དང་རྫོགས་པའི་རྣལ་འབྱོར་པས། །ཞེས་པ་དང་། དབུ་མ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་སོ། །དེ་བཞིན་གཤེགས་པའི་གསང་བ་ཟབ་མོ་རྨད་དུ་བྱུང་བའི་སྔགས་ཀྱི་ཚིག་དོན་འཆང་བར་བྱེད་པའོ། །དེའང་མནྟྲའི་སྒྲ་ལས་སྔགས་ཏེ། གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་གྱི་རང་བཞིན་འཆང་བའོ། །དང་པོ་ནི། ཕྱི་ནང་གི་ལྟ་སྒོམ་སྤྱོད་འབྲས་གསང་བ་རྨད་དུ་བྱུང་བས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའོ། །གཉིས་པ་ནི། དྲང་སྲོང་ལ་སོགས་པ་ཏིང་ངེ་འཛིན་ལ་དབང་ཐོབ་པའི་རིག་པའི་མཐུས་སྡུག་བསྔལ་ལས་སྐྱོབ་པའོ། །གསུམ་པ་ནི། བདེན་ཚིག་བགོས་པའི་ཚིག་འབྲས་བུ་ཕན་གནོད་བྱེད་པའོ། །དེ་ལྟ་བུའི་དོན་གྱིས་བསྒྲུབ་པར་བྱ་བའི་དངོས་གྲུབ་ནི་མཆོག་དང་ཐུན་མོང་གི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་པ་ཕྱོགས་བྲལ་འཛིན་ཞེན་མེད་པའི་ངང་དུ་གནས་ཤིང་། བླང་དོར་མེད་པར་སྤྱོད་པས་ཆོས་ལའང་ཐོགས་ཆགས་དང་ཞེན་པ་མེད་པའི་རང་བཞིན་ཆོས་ཐམས་ཅད་ཡེ་ནས་ངོ་བོ་གཅིག་ཅིང་དབྱེར་མེད་པར་རྟོགས་པའི་རྣལ་འབྱོར་པས་བསྒྲུབ་པའོ། །དཀྱིལ་འཁོར་གང་བསྒྲུབ་པའི་ཐུགས་རྡོ་རྗེའི་རིགས་སུ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་འདུས་པས། ལྷ་དང་གཞལ་ཡས་ཁང་པ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་རབ་ཏུ་བསྒོམ་ཞིང་། འདོད་ཡོན་ཐམས་ཅད་ལ་ཞེན་ཆགས་མེད་པ་ལྷ་ལ་ལྷ་མཆོད་ཚུལ་གྱིས་རོལ་ཞིང་བསྟིམ་པར་བྱའོ། །དེའི་འབྲས་བུ་སེམས་ཉིད་གཉིས་སུ་མེད་པའི་ཆོས་སྐུར་གྱུར་ནས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཆེན་པོའི་གོ་འཕང་འཐོབ་བོ། །གཉིས་པ་ཚོམ་བུ་གསུམ་པ་ནི། སྔ་མ་ལས་གཞན་ཡང་ན་སྐུ་མི་བསྐྱོད་པ་གསུང་འོད་དཔག་མེད་ཐུགས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཉིད་བསྒྲུབ་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་མ་ལུས་པ་བསྡུ་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འདུས་པའི་ཕྱིར་རོ། །དེ་བསྒྲུབ་པའི་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ཡང་ལྷའི་རྣམ་པར་གསལ་ཞིང་མཚན་དང་དཔེ་བྱད་དུ་འབར་བའི་འོད་ཟེར་འཕྲོ་བས་སེམས་ཅན་གྱི་དོན་བྱེད་པར་བསྒོམ་པའོ། །འདོད་ཡོན་ཐམས་ཅད་ཡུམ་དུ་བསམ་པ་ཡབ་ཀྱིས་རོལ་པས་གཉིས་སུ་མེད་པའི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་རང་བཞིན་གྱི་ངང་དུ་ཐིམ་པར་བསམ་མོ། །འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་དངོས་གྲུབ་མཆོག་ཐོབ་པར་འགྱུར་རོ། །དེ་ལས་གདུལ་བྱའི་དོན་དུ་ལྷའི་དཀྱིལ་འཁོར་མ་ལུས་པ་ཡོན་ཏན་གྱི་དཔལ་འབར་བ་འགྲུབ་ཅིང་། སེམས་ཅན་ཉོན་མོངས་པའི་སྡུག་བསྔལ་མ་ལུས་པ་སེལ་བར་མཛད་ནས། སེམས་ཅན་དེ་དག་རྡོ་རྗེའི་རིགས་སུ་སྐྱེ་བའི་གནས་ལ་འགོད་པའི་ཕྲིན་ལས་བྱེད་དོ། །གསུམ་པ་ཚོམ་བུ་ལྔ་པ་ལ་ཡང་གཉིས་ལས། གང་ཟག་གང་གིས་ཚུལ་ཇི་ལྟ་བུས་བསྒྲུབ་པའི་ཚུལ་ནི། སྔགས་འཆང་བའི་རྣལ་འབྱོར་པས་དངོས་གྲུབ་ཡང་དག་པ་ནི་རྒྱུད་ལ་ཐོབ་པར་བྱ་བའི་ཕྱིར། ཡབ་ཡུམ་ཐབས་དང་ཤེས་རབ་ཏུ་གསལ་ཞིང་ཏིང་ངེ་འཛིན་གསུམ་ལ་སོགས་པའི་ཆོ་ག་ཐམས་ཅད་ཀྱི་ཚོམ་བུའི་དཀྱིལ་འཁོར་ལྔ་དང་ཕྱི་རོལ་ཏུ་ཁྲོ་ཕྲེང་བསྒོམ་མོ། །འདོད་ཡོན་ལ་ཆགས་པ་མེད་པའི་ཚུལ་གྱིས་ནི་ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མཆོད་བྱ་མཆོད་བྱེད་གཉིས་སུ་འཛིན་ཞེན་མེད་པར་བསྟིམ་པར་བྱའོ། །འབྲས་བུ་དངོས་གྲུབ་མཆོག་གི་སྙིང་པོ་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་བོ། །དེའང་ཁ་ཅིག་ཚོམ་བུ་གཅིག་པས་ཕྱག་རྒྱ་དང་། གསུམ་པས་ཚེ་དབང་དང་། ལྔ་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་སོ་སོར་འགྲུབ་པར་འདོད་པ་ནི་མ་འབྲེལ་ཏེ། ཚོམ་བུ་རེ་རེས་ཀྱང་གནས་སྐབས་སུ་རིག་འཛིན་གསུམ་དང་མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་འགྲུབ་པའི་ཕྱིར་རོ། །བཞི་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལའང་གཉིས་ལས། གང་ཟག་གང་གིས་ཇི་ལྟར་བསྒྲུབ་པ་ནི། རྣལ་འབྱོར་པ་ཡབ་ཐབས་དང་ཡུམ་ཤེས་རབ་ཀྱི་རང་བཞིན་གྱིས། དེ་བཞིན་གཤེགས་པ་ལྔ་དང་ལྔའི་ཡུམ་དུ་བསྒོམ་ཞིང་དབང་པོ་དང་རྟོག་ཚོགས་སེམས་དཔའ་དང་སེམས་མ་སྒོ་བ་ཡབ་ཡུམ་དང་བཅས་པ་ཉིད་དུ་བསྒོམ་པར་བྱའོ། །ལྷ་དེ་དག་ཀྱང་འོད་ཟེར་གྱི་ཚོགས་རྣམ་པ་མང་པོ་ཕྱོགས་བཅུར་འཕྲོ་བའོ། །འགྲེལ་བ་སྤར་ཁབ་ལས་འདི་སྒྱུར་འཕྲུལ་བསྡུས་པ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་ཡིན་ནོ་ཟེར་བའང་མི་འགལ་མོད་ཀྱི། གཞུང་དུ་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་གསལ་ལོ། །གསུམ་པ་གང་སྒྲུབ་ཐབས་ཀྱི་ཡན་ལག་ལ་གསུམ་ལས། གང་སྒྲུབ་པ་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཆོས་ཐམས་ཅད་དཀྱིལ་འཁོར་དུ་སྒྲུབ་པའི་ཚེ་ཕྱི་ནང་གི་ལུས་དང་ལོངས་སྤྱོད་ལ་སོགས་པ་སྤྱད་པར་བྱ་བའི་ཡུལ་དང་། སྤྱོད་བྱེད་བདག་ཉིད་དཀྱིལ་འཁོར་གྱིས་རོལ་པས། སོ་སོའི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རྣམ་པ་སྐབས་སུ་གང་བབ་རྣམས་ཕྱིན་ཅི་མ་ལོག་པ་ཡང་དག་པར་སོ་སོར་གསལ་ཞིང་མ་འདྲེས་པར་ཤེས་པར་བྱའོ། །ཇི་ལྟར་བསྒྲུབ་པ་མཐུན་པའི་ཡན་ལག་ནི་སྒྲུབ་པའི་གནས་མཚན་ཉིད་ཚང་ཞིང་བར་ཆད་མེད་པ་དང་ཉེ་བར་མཁོ་བའི་ལོངས་སྤྱོད་མཐའ་གཉིས་སུ་མ་ལྷུང་ཞིང་ཅི་བདེ་བར་ཡོད་པ་དང་། དེས་མཚོན་ནས་སྒྲུབ་པའི་གྲོགས་སུ་འགྱུར་བའི་ཡོ་བྱད་དང་རྟེན་དང་དམ་རྫས་ལ་སོགས་པ་མཐུན་པའི་རྐྱེན་རྣམས་མ་ཉམས་པར་ཚང་ཞིང་འགལ་རྐྱེན་མེད་ལ། སྒྲུབ་པའི་བློ་ནི། རྐྱེན་གཞན་གྱིས་མི་འཕྲོག་ཅིང་མཐའ་གཅིག་ཏུ་ཚུགས་པས་ཞེ་བཅད་རབ་དང་ལྡན་པའི་རྣལ་འབྱོར་པས། སྒྲུབ་པ་ལ་འཇུག་པའི་དང་པོ་ངས་མ་གྲུབ་ཀྱི་བར་དུ་སྟན་འདི་ལས་ལྡང་བ་དང་གནས་འདི་ནས་འགྲོ་བར་མི་བྱའོ་སྙམ་པ་ལ་སོགས་པའི་དམ་བཅའ་ཇི་ལྟར་ནོས་པ་བཞིན་དུ་བརྟན་པར་བྱ་ཞིང་། སྒྲུབ་དུས་སུ་དེ་ལས་གཞན་པའི་བྱ་བ་ལ་བརྩོན་པ་དང་། རྟགས་དང་མཚན་མ་ངན་པའམ། མ་བྱུང་བས་སྒྱིད་ལུག་པ་དང་། ངས་མི་འགྲུབ་སྙམ་དུ་བདག་ཉིད་བརྙས་པས་ལེ་ལོ་རྣམས་དང་། སོས་དལ་དང་དུས་སུ་མི་སྒྲུབ་ཅིང་ལུས་ངག་ཆ་བབས་སུ་བྱེད་པའི་སྒྱིད་སྙོམས་ལ་ལུས་པ་རྣམས་མེད་པ་ཡི་སྒོ་ནས་བརྩོན་འགྲུས་བསྐྱེད་ཅིང་། སྔགས་དང་ཏིང་ངེ་འཛིན་ལ་སོགས་པ་ཡིན་ནམ་མ་ཡིན་ནམ་འབྲས་བུ་འབྱུང་ངམ་མི་འབྱུང་ངམ་སྙམ་པ་ལ་སོགས་པའི་ཐེ་ཚོམ་དང་ཡིད་གཉིས་མེད་པར་ཡིན་ངེས་སྙམ་པ་མཐའ་གཅིག་ཏུ་གཏིང་ཚུགས་པའི་བློས་སྒྲུབ་པར་བྱས་ན་གང་སྒྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་ཏེ། རྡོ་རྗེ་གསང་བའི་མཆོག་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་སྐུ་དམ་པ་འཐོབ་པར་འགྱུར་རོ། །ནམ་གྱི་ཚེ་སྒྲུབ་པ་དུས་ཀྱི་ཡན་ལག་ནི། སྒྲུབ་པའི་ཞག་ནི། ལེའུ་དགུ་པར། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ལ་སོགས་པ་དང་སྒྲུབ་པ་ལ་འཇུག་པའི་ཚེས་གྲངས་དང་གཟའ་སྐར་ལ་སོགས་པ་ནི་རྒྱས་པའི་རྒྱུད་ལས། དུས་ནི་ཡར་ངོའི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསང་མཆོག་དངོས་གྲུབ་ཐོབ་བྱའི་ཕྱིར། །གཟའ་སྐར་ཤིས་པའང་བླང་བར་བྱ། །ཞེས་སྨོས་པ་བཞིན་དུ་བཤད་པར་བྱའོ། །དེའང་སྤང་བླང་མེད་པས་ངེས་བཟུང་མི་འཐད་དོ་ཞེ་ན། ངོ་བོ་ལ་དེ་ལྟར་ཡིན་ཡང་ཀུན་རྫོབ་རྒྱུ་འབྲས་མི་བསླུ་བའི་རྟེན་འབྲེལ་གྱིས་མཐུན་པའི་ཚེ་འཇུག་གི་མི་མཐུན་པའི་ཚེ་མི་འཇུག་སྟེ། དྲོད་གཤེར་འཛོམ་དུས་ས་བོན་གདབ་ཀྱི་དེ་ལས་གཞན་གྱི་དུས་སུ་མི་གདབ་པ་དང་འདྲ་བར་ཤེས་པར་བྱ་སྟེ། རྔམ་གློག་ལས། རིག་བྱེད་དག་གི་ཡན་ལག་ལས། །དུས་རྣམས་ཤེས་པར་བྱ་བ་ནི། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚོད་བཟང་བ་ནི། །མཚན་མའི་རྟོག་པ་ཡིན་མོད་ཀྱང་། །བརྟགས་དང་དངོས་གྲུབ་མཚན་མ་འབྱུང་། །ཞེས་སོ། །འདིར་ཕྱིན་ཅི་ལོག་གི་གྲོང་ཁྱེར་ལྷུན་མཐོ་ཞིང་ཐེ་ཚོམ་གྱི་རྩིག་པ་བརྒལ་བར་དཀའ་བའི་ར་བས་བསྐོར་ནས། མཐོང་བ་དང་ཤེས་པ་རྒྱ་ཆུང་ངུར་གྱུར་པ་དག་ན་རེ། ཁྱོད་ཀྱི་གསང་བ་སྙིང་པོ་འདི་རྒྱུད་མ་ཡིན་ཏེ། རྒྱུད་ལ་ཁ་འཕངས་པས་སོ་ཞེ་ན། དེ་ལྟ་ན་ཁྱེད་རང་རྒྱུད་དུ་འདོད་པའི་ངེས་བརྗོད་བླ་མ་དང་། བརྟག་གཉིས་ལ་སོགས་པའང་རྒྱུད་མ་ཡིན་པར་འགྱུར་ཏེ། རྒྱུད་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །དེའང་། ཇི་སྐད་མང་དུ་བརྗོད་པས་ཅི། །ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྱ། །ཞེས་པ་ལ་སོགས་པ་དང་། འཇམ་དཔལ་ལས་ཀྱང་། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་འཕངས་སོ། །དེས་ན་སྟོན་པས་རྒྱུད་མཚུངས་པར་གསུངས་པའི་རང་བཞིན་གོང་འོག་གི་བཟློས་པ་སྤང་པ་དང་། རྩ་རྒྱུད་འདི་ལས་འཕྲོས་པའི་ཡན་ལག་གི་རྒྱུད་དང་འགྲེལ་བ་བསྒྲུབ་པའི་དོན་དུ་ཁ་འཕངས་ཏེ་གསུངས་པ་ཡིན་ནོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པར་ཡེ་ནས་དག་པས་ཐམས་ཅད་སྤང་བླང་མེད་པར་སྤྱོད་པར་བྱའོ། །རྡོ་རྗེ་གསང་བའི་ངོ་བོ་རྒྱུད་འདི་ནི། ཚིག་ཏུའོ། །ཞེས་གསུངས་དུས་ལྷུན་སྟུག་པོ་བཀོད་པའི་རང་སྣང་ཐམས་ཅད་སངས་རྒྱས་ཀྱི་རོལ་པ་ལས་གཞན་མ་ཡིན་པས་དེ་བཞིན་གཤེགས་པ་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ཆེད་དུ་གླེང་ངོ་ཞེས་བྱ་བ་སྟེ། ཡུལ་ཡུལ་ཅན་གཉིས་སུ་མེད་པར་མཚོན་པ་ཡིན་ནོ། །ཚུལ་འདིས་ཆོས་ཐམས་ཅད་རང་སྣང་དུ་བསྟན་ཏེ། རང་སྣང་ལ་རང་གི་སེམས་ཉིད་གཉིས་སུ་མེད་པ་རྨི་ལམ་དང་འདྲ་བར་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་བསྟན་ཏོ། །ཆོས་ཉིད་གསང་བའི་སྙིང་པོ་གང་སྣང་ཡེ་ཤེས་ཀྱི་རོལ་པ་དེ་ཁོ་ན་ཉིད་ངེས་པ་ལས། རྣལ་འབྱོར་པ་ལྟ་སྤྱོད་མཐུན་པ་ཀུན་འདུས་པ་དང་། དེ་རྣམས་ཀྱིས་འབྱོར་བའི་ཡོ་བྱད་བདེ་བར་སྤྱོད་པ་དང་། དེའི་དུས་སུ་ཡི་དམ་གྱི་ལྷ་དང་མཁའ་འགྲོ་དམ་ཅན་འདུ་བར་བྱེད་པ་དང་། ཞེན་འཛིན་མེད་པའི་སྒོ་ནས་རྒྱུད་ལ་ཚོགས་གཉིས་རྫོགས་པར་བྱེད་པས་ཚོགས་ཀྱི་དཀྱིལ་འཁོར་གྱི་དོན་ཏེ། གང་སྣང་གི་ཆོས་ཐམས་ཅད་ཐབས་ཤེས་ཀྱི་ལམ་དུ་བྱེད་པའི་ལེའུ་སྟེ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། ༈ །།དོན་གཉིས་པ་དེའི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ཚོགས་ཀྱི་དཀྱིལ་འཁོར་བཤད་པ་དེ་ནས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་གཉིས་སུ་མེད་པར་རོལ་པའི་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་འདོད་དགུ་ལྷུན་རྫོགས་སུ་འབྱུང་བའི་རང་བཞིན་ནམ་མཁའི་མཐས་ཀླས་པ་ཀུན་ཏུ་རྣམ་པར་སྤྲོས་ཏེ། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་སྤྱོད་ཡུལ་ཐམས་ཅད་དུ་ལོངས་སྤྱོད་ཆེན་པོས་འབྱོར་བའི་རྒྱན་རང་རང་གི་སྣང་བ་དང་མཐུན་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟོན་པ་ཉིད་ཀྱི་རང་སྣང་དག་པའི་འཁོར་བཀོད་པ་ན། བསྐུལ་ཞིང་ཞུ་བ་པོའི་རྣམ་པ་མེད་པར་ཆེད་དུ་བརྗོད་པ་འདི་དག་རང་བྱུང་དུ་བརྗོད་དོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཚོགས་ཀྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་སྤྱིར་བསྟན་པ། ཚོགས་བསྒྲུབ་པའི་འབྲས་བུ་བྱེ་བྲག་ཏུ་བཤད། ཚོགས་ཀྱི་རྟེན་དཀྱིལ་འཁོར་ཀུན་འདུས་པ་ཆེན་པོས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་སྒྱུ་འཕྲུལ་དྲྭ་བའི་ངོ་བོར་ཡུལ་ཡུལ་ཅན་ཡབ་ཡུམ་ཟུང་འབྲེལ་ཆེན་པོར་མངོན་པར་རྫོགས་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པ་ཉིད། བློ་གསལ་གདབ་ཅིང་གོམས་པར་བྱས་པའི་དོན་བརྟན་པའི་ཏིང་ངེ་འཛིན་གྱི་འཕྲོ་འདུས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་བོ། །གཉིས་པ་ལ་ལྔ་ལས། བྲོ་གར་གྱི་ཏིང་ངེ་འཛིན་ཕན་ཡོན་དང་བཅས་པ་གཉིས་ལས། ཏིང་ངེ་འཛིན་ནི་ལུས་ཀྱི་མགོ་ལ་སོགས་པ་ཡན་ལག་ལྔ་རིགས་ལྔའི་དཀྱིལ་འཁོར་དུ་བསྐྱེད་ཅིང་། ས་གཞི་རྡོ་རྗེའི་རང་བཞིན་ལ་གནས་ཁང་ལྷའི་གཞལ་མེད་ཁང་མཛེས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་མོས་པར་བྱས་ཏེ། རྐང་པའི་བྲོ་དང་ལག་པའི་གར་གྱི་ཕྱག་རྒྱ་རྣམ་པ་སྣ་ཚོགས་པའི་འདུ་འཕྲོ་དང་། སྒྱུ་འཕྲུལ་དྲྭ་བ་གཉིས་སུ་མེད་པ་ལྷའི་རྣམ་པ་དང་བདེན་མེད་དུ་ཤེས་པའི་ངང་ནས་འགྲོ་འདུག་དང་ལག་པའི་འདུ་བྱེད་ཐམས་ཅད་ལྷའི་རང་བཞིན་ལས་མི་འདའ་བའི་ཕྱིར་ན། བྲོ་གར་ལ་སོགས་པའི་བྱ་བ་ཅི་བྱེད་ཐམས་ཅད་ཕྱག་རྒྱའི་སྒྲར་བརྗོད་དེ་མཛུབ་མོ་བརྐྱངས་བསྐུམས་ལ་སོགས་པ་ཕྱག་རྒྱར་འདོད་པ་མ་ཡིན་ནོ། །ཕན་ཡོན་ནི། དེ་ལྟར་བྱས་པ་ཡིས་ས་ལ་འཛུལ་ཞིང་རི་བྲག་རྣམས་ལ་ཐོགས་པ་མེད་པས་འོག་གི་ཕྱག་རྒྱ་ཀླུ་མོ་རྣམས་དབང་དུ་བྱེད་པ་དང་། སྟེང་གི་ལམ་ནམ་མཁའ་ལ་བྱ་བཞིན་ཐོགས་པ་མེད་པར་འགྲོ་བས་ལྷ་དང་ལྷ་མ་ཡིན་ལ་སོགས་པ་དབང་དུ་བྱེད་པར་འགྱུར་རོ། །གཉིས་པ་གླུའི་ཕྱག་རྒྱ་ལའང་གཉིས་ལས། ཏིང་ངེ་འཛིན་ནི་རང་གི་ལྐོག་མར་ཧྲཱིཿབཀོད་ལ་ངག་གི་གདངས་གླུ་སྙན་པོ་དང་དེའི་ཚིག་བསྟོད་པ་དང་ཤིས་པ་བརྗོད་པ་ལ་སོགས་པ་སྒྲ་ཡི་ཕྱག་རྒྱ་ཡིས་དཀྱིལ་འཁོར་གྱི་ལྷ་མཆོད་པའོ། །ཕན་ཡོན་ནི། གསུང་མི་ཟད་རྒྱན་གྱི་འཁོར་ལོ་གཅིག་གིས་གོ་བར་ནུས་པ་ཆོས་ཀྱི་གསུང་དུང་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །དེའང་འོད་ཟེར་ཀུན་ཏུ་བཀྱེ་བའི་མདོ་ལས། ང་ལ་འོད་ཟེར་ཡང་ཡོད་དེ། །དེ་མིང་ཆོས་ཀྱི་དུང་ཞེས་བྱ། །དབྱངས་གཅིག་ཐམས་ཅད་གོ་བ་ཡིས། །འཇིག་རྟེན་ཀུན་ཏུ་ཁྱབ་པར་བྱེད། །འོད་ཟེར་དེ་ཡི་དགེ་བའི་རྩ། །དཔག་མེད་དེ་ལས་སྐྱེས་པ་ཡིན། །ཞེས་པ་ལྟར་རོ། །དེའང་སངས་རྒྱས་ཀྱི་གསུང་ནི་གདུལ་བྱ་གང་ཡོད་དུ་ཉེ་རིང་མེད་པར་མོས་པ་དང་མཐུན་པར་ཐོས་པ་སྟེ། འཁོར་གྱི་ཁྱམས་དང་གདྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་ཕ་རོལ་ལ་ཁྱད་མེད་པ་སྟེ་ནུབ་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་མ་གལ་གྱི་བུས་ཕྱིན་ནས་ཤཱཀྱ་ཐུབ་པའི་ཆོས་སྔོན་བཞིན་ཐོས་པ་དང་། སྐལ་པ་མེད་ན་འཁོར་གྱི་ནང་ན་འཁོད་ཀྱང་མི་ཐོས་ཏེ་ཟ་མ་ཏོག་གསུངས་པ་ན་ཛེ་ཏཱའི་ཚལ་དུ་ཉན་ཐོས་ཀུན་གྱིས་མ་ཐོས་པ་བྱང་ཆུབ་སེམས་དཔས་ཐོས་པ་བཞིན་ནོ། །གསུམ་པ་རྒྱན་དང་གོས་ཀྱི་ཕྱག་རྒྱ་ལའང་གཉིས་ལས། ཏིང་ངེ་འཛིན་ནི་ཏྲཱྃ་ལས་དབུ་རྒྱན་ལ་སོགས་པའི་རྒྱན་རྣམས་རིན་པོ་ཆེར་གསལ་ཞིང་། ཨ་ལས་གོས་རྣམས་ལྷའི་གོས་དང་ཞི་ཁྲོའི་ཆ་ལུགས་སུ་བྱིན་གྱིས་བརླབས་ཏེ། རིན་པོ་ཆེ་དང་རུས་པ་ལ་སོགས་པའི་རྒྱན་དང་སྟོད་གཡོགས་སྨད་དཀྲིས་ལ་སོགས་པའི་བགོ་བ་རྣམས་གྱོན་ནས་ལྷ་ལ་མཆོད་པའི་ཕྱག་རྒྱ་ཡིས་ལོངས་སྤྱོད་དོ། །ཕན་ཡོན་ནི་གནས་སྐབས་སུ་འོད་དང་གཟི་བརྗིད་སྲེད་མེད་ཀྱི་བུས་ཀྱང་མི་ཤིགས་པའི་གོ་ཆ་སྲ་བའི་གོས་སུ་འགྱུར་ཞིང་མཐར་ཐུག་མཚན་དང་དཔེ་བྱད་ཀྱིས་འབར་བ་འཁོར་ལོས་སྒྱུར་བ་དང་བྱང་ཆུབ་སེམས་དཔའ་ཡིན་ལ། དེའི་རྒྱལ་པོ་སངས་རྒྱས་ཀྱི་སྐུ་སྟེ་བདུད་དང་ཕྱིར་རྒོལ་བ་གང་གིས་ཀྱང་ཐུབ་པ་མེད་པའི་སྟོབས་བཅུས་གནོན་པ་འགྲུབ་བོ། །དེའང་འཛམ་བུའི་གླིང་བའི་མི་བདུན་ལས་གྱད་གཅིག་སྟོབས་ཆེའོ། །དེ་བཞིན་དུ་གྱད་འདུན་ལས་ཤཱཀྱའི་གཞོན་ནུ་གཅིག་གོ། །དེ་བདུན་ལས་ལྷ་མ་ཡིན་དང་། ལྷ་དང་། གནོད་སྦྱིན་དང་། སྲེད་མེད་ཀྱི་བུ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟོབས་དང་སྒྱུ་རྩལ་བདུན་འགྱུར་གྱི་བར་དུ་འཕགས་ཤིང་། དེ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་བཀང་བའི་སྟོབས་ལས་སངས་རྒྱས་འཕགས་པར་དཀོན་ཅོག་བརྩེགས་པ་ལས་གསུངས་པའི་ཚུལ་གྱིས་སྟོབས་བཅུའི་རྩལ་མངའ་བ་ཡིན་ནོ། །བཞི་པ་བཟའ་བཏུང་གི་ཕྱག་རྒྱ་ལའང་གཉིས་ལས། ཏིང་ངེ་འཛིན་ནི། ཁྃ་ལས་བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་ཏེ། ཉ་དང་ཤ་ལ་སོགས་པའི་བཟའ་བ་དང་ཇ་དང་ཆང་ལ་སོགས་པའི་བཏུང་བའི་ཕྱག་རྒྱ་ཡིས་ཕྱི་ནང་གི་ལྷ་མཆོད་དོ། །ཕན་ཡོན་ནི། རང་གི་ལུས་འདོད་དགུར་བསྒྱུར་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སྐུ་དང་གསུང་རོ་བྲོ་བའི་མཆོག་གང་ལ་ལོངས་སྤྱད་པ་དེ་དག་རོ་བརྒྱ་དང་ལྡན་པའི་བདུད་རྩིར་འགྲུབ་བོ། །ལྔ་པ་སྦྱོར་སྒྲོལ་གྱི་ཕྱག་རྒྱའི་ཏིང་ངེ་འཛིན་ནི་ཡབ་ཡུམ་ལྷར་གསལ་བའི་མཁའ་གསང་དུ་དཀྱིལ་འཁོར་སྤྱན་དྲངས་ཏེ། ཨཱཿལི་བདེ་བ་ཆེན་པོས་མཆོད་པ་དང་། ཞིང་དང་ཞིང་ཕྲན་གྱི་ཤ་ཁྲག་བདུད་རྩིར་གྱུར་པས་མཆོད་པ་ཀཱ་ལི་སྒྲོལ་བའི་ཕྱག་རྒྱ་ཡིས་མཉེས་པར་བྱའོ། །ཕན་ཡོན་ནི། སྦྱོར་བས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་སྒྲོལ་བས་གདུག་པ་ཅན་ཚར་བཅད་དེ། རང་གཞན་གྱི་གནོད་པ་ཞི་བ་དང་ཕ་རོལ་ཐར་པ་ལ་སོགས་པའི་ཕྲིན་ལས་རླབས་པོ་ཆེ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཚོགས་སྒྲུབ་པའི་འབྲས་བུ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ངེས་ཚིག་དང་། དབྱེ་བའོ། །དང་པོ་ནི། བིདྱཱ་དྷཱ་ར་ཞེས་པས། བིདྱཱ་ནི་རིག་པ་སྟེ་ཤེས་རབ་དང་ཡེ་ཤེས་དང་སངས་རྒྱས་ཀྱི་གདུང་ངོ་། །དྷཱ་ར་ནི་འཛིན་ཅིང་འཆང་བ་སྟེ་དོན་ལ་སློབ་པའམ་ལྡན་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན་པ་དང་། རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ན་རཀ་སྐོང་བཤགས་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པས། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དང་པོ་ནི། མཚན་ཉིད་གསུམ་ལྡན་ཏེ། ཡི་དམ་ལྷའི་རྣལ་འབྱོར་དུ་སྨིན་པ། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ་པ་སྟེ། རྔམ་གློག་ལས། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་སོ། །གཉིས་པ་ནི། རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་འགྱུར་ཞིང་དེ་ཉིད་མ་སྤངས་བར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་ཕུང་པོའི་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་བློ་སྐྱེས་པ་སྟེ། ལུས་དང་ཕུང་པོའི་བཅས་པ་ཡིས། །གནས་པར་དབང་བའི་རིགས་གྲུབ་ཅིང་། །ལྷག་རྟོག་འབྱུང་ལས་ལུས་བཅས་འདས། །ཟག་ཀུན་ཟད་པའི་རིགས་ཆེན་དེ། །ཇི་ལྟར་སྤྱོད་ཀྱང་བཟློག་པ་མེད། །རང་དབང་ཐོབ་པས་དབུགས་དབྱུང་ཕྱིར། །སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་སོ། །གསུམ་པ་ནི། རང་གི་ལུས་གང་བསྒོམས་པའི་ཆ་བྱད་དུ་གནས་གྱུར་པ་སྟེ། ཞུས་ལན་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། །ཞེས་སོ། །འོ་ན་སངས་རྒྱས་དངོས་སུ་འགྱུར་མོད་སྙམ་ན། ད་དུང་སྒྲིབ་པ་མཐའ་དག་མ་བྲལ་བས་བསྒྲུབ་དགོས་ཏེ། འདི་ལྟར་མངོན་རྟོགས་རྒྱན་ལས། སངས་རྒྱས་ཉིད་ནི་ཐོབ་པ་དང་། །ཞེས་ས་དང་པོར་སངས་རྒྱས་ཐོབ་པར་བཤད་ཀྱང་། ས་ལྷག་མའི་དྲི་མ་སྦྱོང་དགོས་པར་གསུངས་པ་བཞིན་དུ་འདིར་ཡང་ཤེས་པར་བྱ་སྟེ། རྡོ་རྗེ་ལས། བྱང་ཆུབ་ཕྱག་རྒྱའི་ཆ་ལུགས་སྐུ། །མཚན་དང་དཔེ་བྱད་ལ་སོགས་པས། །ཆ་ལུགས་མངོན་དུ་བྱུང་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་སོ། །བཞི་པ་ནི། སྤངས་པ་དང་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཏེ། རྡོ་རྗེ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱོངས། །སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་སོ། །གཉིས་པ་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། རྣམ་པར་འཕྲུལ་པའི་སྐྱེ་བ། ཟག་པ་མེད་པའི་བསྡུས་ཚུལ། ཕ་རོལ་ཕྱིན་པའི་རྫོགས་ཚུལ། མཐར་ཐུག་པའི་ཐོབ་ཚུལ་ལོ། །དང་པོ་ནི། རིག་འཛིན་དེ་དག་གིས་འགྲོ་བའི་དོན་དུ་མིའི་གཙོ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷའི་གཙོ་བོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་། ཚངས་པ་ཆེན་པོའི་སྐྱེ་བར་སྤྲུལ་ནས་གང་ལ་གང་འདུལ་གྱིས་དོན་བྱེད་དོ། །ཁ་ཅིག་རྣམ་སྨིན་གྱིས་མི། ཚེ་དབང་གིས་ལྷ། ཕྱག་རྒྱ་ཆེན་པོས་ཚངས་པ། ལྷུན་གྲུབ་གྱིས་ཀུན་གྱི་རོལ་པར་བཞེད་དེ་འགལ་བ་མེད་དོ། །གཉིས་པ་ནི། རྣམ་སྨིན་ཚོགས་སྦྱོར་མཐར་ཐུག་གི་ས་དང་། ཚེ་དབང་མཐོང་ལམ་ཡན་ཆད་སློབ་པའི་ས་དང་། ཕྱག་རྒྱ་ཆེན་པོ་འཕགས་པའི་ཡེ་ཤེས་མཐོང་སྒོམ་གྱི་རྟོགས་པ་ཁྱད་པར་ཅན་གྱི་ས་དང་། ལྷུན་གྲུབ་སངས་རྒྱས་ཀྱི་སས་བསྡུས་ཀྱང་དེ་ཐམས་ཅད་ཕྱོགས་གཅིག་ཏུ་ཁྱད་པར་གྱི་ས་བཅུ་གསུམ་པས་བསྡུས་ཏེ། དེར་ངེས་པར་མངོན་དུ་བྱེད་པ་སྟེ། དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་ཆུ་ནང་ན་ཡོད་ཀྱང་སྐམ་སར་བཏོན་པ་དང་འདྲའོ། །དེའང་འཕགས་པའི་ཡེ་ཤེས་ཀྱི་ཆ་ནས་ཕྱག་རྒྱ་ཆེན་པོ་དང་། སྐྱེ་ཤི་མེད་པའི་ཆ་ནས་ཚེ་དབང་དུ་བཏགས་པའོ། །གཞན་ཡང་སར་ཆུད་པ། ས་ལ་གནས་པ། སར་སྨིན་པ་སྟེ་གསུམ་དུའང་བཤད་དོ། །ཁ་ཅིག་ཚེ་དབང་ས་དང་པོ། ཕྱག་རྒྱ་བརྒྱད་པ། ལྷུན་གྲུབ་བཅུ་བར་འདོད་པ་ནི་སྒྱུ་འཕྲུལ་གྱི་དགོངས་པ་མ་དགོངས་ཏེ། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱི། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་པ་དང་། ལུས་མ་བོར་བར་སངས་རྒྱས་སུ། ཞེས་ལྷུན་གྲུབ་སངས་རྒྱས་སུ་བཤད་པ་དང་ཡང་འགལ་ཞིང་། ཚེ་དབང་དང་ཕྱག་རྒྱའི་མཚན་ཉིད་མ་ཕྱེད་པར་སྣང་ངོ་། །གསུམ་པ་ནི། རིམ་གྱིས་པས་ཕ་རོལ་ཏུ་ཕྱིན་པ་བཅུ་རིམ་གྱིས་སྦྱོང་ཞིང་ས་བཅུ་འཕར་བར་སྟོན་ལ། ཅིག་ཅར་བས་མྱུར་དུ་རྫོགས་པ་སྟེ། དེའང་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲས་བུ་དང་བཅས་པ་བཙལ་བ་མེད་པར་ལྷུན་གྱིས་རྫོགས་པར་བསྟན་ཏོ། །དེ་བཞིན་དུ་མཉམ་པ་ཉིད་དུ་རིག་པས་གོས་པ་མེད་པ་དང་བླང་དོར་མེད་པ་ནི་ཚུལ་ཁྲིམས་སོ། །འཁྲུགས་པ་མེད་པ་དང་ཡེ་ཤེས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ནི་བཟོད་པའོ། །ཉམས་པ་མེད་པ་དང་བྱེད་སྤྱོད་ཚོགས་སུ་གྱུར་པ་ནི་བརྩོན་འགྲུས་སོ། །དབང་པོ་ཡུལ་ལ་འཇུག་ཀྱང་མཉམ་པ་ཉིད་ལས་མི་གཡོ་ཞིང་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་གནས་པ་ནི་བསམ་གཏན་ནོ། །རང་བཞིན་ཕྱི་ཅི་མ་ལོག་པར་རྟོགས་པས་དངོས་པོ་དང་མཚན་མར་འཛིན་པ་ལས་འདས་པ་ནི་ཤེས་རབ་བོ། །བདག་ཀྱང་གཞན་གྱི་དོན་དུ་འགྱུར་པ་ནི་ཐབས་སོ། །ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་འགྱུར་བ་ནི་སྨོན་ལམ་མོ། །མི་མཐུན་པའི་ཕྱོགས་ཀྱིས་ཡོངས་སུ་མི་བརྫི་བ་ནི་སྟོབས་སོ། །དོན་ཇི་ལྟ་བ་བཞིན་རྟོགས་པ་ནི་ཡེ་ཤེས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་ལྷུན་གྱིས་རྫོགས་པས་ས་བཅུའང་དུས་ཡུན་རིང་མོ་ཞིག་ཏུ་སྦྱངས་མི་དགོས་པར་མྱུར་དུ་རྫོགས་པར་འགྱུར་རོ། །ས་རྣམས་ཀྱི་ངེས་ཚིག་དང་ཡོན་ཏན་ཡང་། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་དང་། །འདི་ལྟར་བྱང་ཆུབ་མི་མཐུན་ཕྱོགས། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བརྗོད་དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པས་ན། །མངོན་དུ་གྱུར་པའི་ས་ཞེས་བྱ། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་གྱུར་པའི་ས་ཞེས་བྱ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །ཡོན་ཏན་ནི་ས་དང་པོར་སྐད་ཅིག་སྔ་ཕྱི་མེད་བཞིན་དུ་སངས་རྒྱས་བརྒྱའི་ཞལ་བལྟ་བ་ལ་སོགས་པ་བརྒྱ་ཕྲག་བཅུ་གཉིས་མངོན་དུ་བྱེད་དེ། ཕལ་པོ་ཆེ་ལས། ཏིང་འཛིན་བརྒྱ་དང་སངས་རྒྱས་བརྒྱ་རྣམས་མཐོང་བྱེད་ཅིང་། །ཞིང་བརྒྱ་བསྐྱོད་ཅིང་རབ་ཏུ་སྣང་བྱེད་ཀུན་ཏུ་འགྲོ། །སེམས་ཅན་བརྒྱ་སྦྱོང་ཆོས་ཀྱི་སྒོ་ལ་འགོད་པར་བྱེད། །བསྐལ་པ་བརྒྱར་འཇུག་ལུས་བརྒྱ་རབ་ཏུ་སྟོན་པར་བྱེད། །རྒྱལ་བའི་སྲས་ཀྱང་བརྒྱ་ཡི་གྲངས་ཚད་རབ་ཏུ་སྟོན། །དེ་ཡི་གོང་ན་སྨོན་མཆོག་སྟོབས་ལྡན་ཚད་ཀྱང་མེད། །ཅེས་སོ། །དེ་བཞིན་དུ་ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་གཉིས། ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། དྲུག་པར་བྱེ་བ་ཁྲག་ཁྲིག་ཕྲག་བཅུ་གཉིས། བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས། བརྒྱད་པར་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པ། དགུ་པར་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ། བཅུ་པར་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་ཉན་པ་དང་། ཞིང་གཡོ་བར་བྱེད་པ་དང་། འོད་ཀྱིས་གསལ་བར་བྱེད་པ་དང་། ཞིང་དེ་དག་ཏུ་འགྲོ་བ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། ཆོས་ཀྱི་སྒོ་འབྱེད་པ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། དུས་སྐད་ཅིག་མ་གཅིག་བསྐལ་པ་དུ་མར་སྟོན་ཞིང་། བསྐལ་པ་དུ་མ་སྐད་ཅིག་མ་གཅིག་ཏུ་སྟོན་པ་དང་། སྔོན་དང་ཕྱི་མའི་མཐར་དེ་སྙེད་ལ་གཟིགས་པ་འཇུག་པ་དང་། རང་གི་ལུས་སངས་རྒྱས་ཀྱི་སྐུ་དུ་མར་སྤྲུལ་པ་དང་། དེ་རེ་རེའང་འཁོར་དུ་མས་བསྐོར་བར་སྟོན་པ་རྣམས་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་བའོ། །བཞི་པ་མཐར་ཐུག་སའི་ཐོབ་ཚུལ་ནི། དེ་ལྟར་ས་བཅུ་རྫོགས་ནས་འོད་ཟེར་མང་པོ་བཀྱེ་ནས་སེམས་ཅན་གྱི་དོན་མཛད་པ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། ཡེ་ཤེས་ཀྱི་སྣང་བ་དང་ཐུགས་རྗེ་ཆེན་པོས་ཆགས་པ་མེད་པས་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་དང་། ཆོས་ཐམས་ཅད་ཀྱི་དབང་མཐར་ཐུག་པ་ལྷུན་གྱིས་རྫོགས་པ་ས་བཅུ་གསུམ་རྡོ་རྗེ་འཛིན་པའམ། ཡི་གེ་འཁོར་ལོ་ཚོགས་ཆེན་ནམ། ཁྱད་པར་ཆེན་པོའམ། རིག་པ་འཛིན་པའི་ས་ཞེས་བྱ་བ་ལྷུན་གྲུབ་ཏུ་རྫོགས་པའོ། །དེའང་ས་བཅུ་གསུམ་པ་ཉིད་ཆོས་སྐུ་སྤྲོས་དང་བྲལ་བའི་ཆ་ནས་ཁྱད་པར་ཆེན་པོའོ། །དེའི་ངང་ལས་ལོངས་སྐུའི་འཆར་གཞི་བྱེད་པས་ཡི་གེ་ཚོགས་ཆེན། དེ་ཉིད་ཀུན་གྱི་བླ་མ་ཡིན་པས་རྡོ་རྗེ་འཛིན་པ། ཡེ་ཤེས་མཐར་ཐུག་གི་ངོ་བོ་ཡིན་པས་རིག་པ་འཛིན་པ་ཞེས་ཡོན་ཏན་གྱི་ཆ་ནས་དེ་སྐད་དུ་གྲགས་སོ། །ས་འདི་དག་ལ་སྐས་ཀྱི་གདང་བུ་ལྟར་མཐོ་དམན་ཡོད་པ་མ་ཡིན་ཏེ། སངས་རྒྱས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆ་ནས་དེ་སྐད་བརྗོད་དོ། །ཡོན་ཏན་གྱིས་ཕྱེ་བས་དེ་དང་དེ་ལས་མང་བར་ཡང་གསུངས་ཏེ། བདེ་བ་ཚད་མེད་པས་བཅུ་བཞི་པ་བདེ་བ་ཆེན་པོ། བཅོ་ལྔ་པ་ཏིང་ངེ་འཛིན། བཅུ་དྲུག་པ་ཡེ་ཤེས་བླ་མ་ཞེས་གྲགས་ཤིང་། དོན་གྱི་ངོ་བོ་ལ་གྲུབ་བསལ་མེད་པས་ས་གཅིག་ཏུའང་བཤད་དེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་རྫོགས་པ་ཆེན་པོར་གཅིག་པ་སྟེ། ཀུན་བྱེད་ལས། གཅིག་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས། །ཞེས་སོ། །སྤྱི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། རིག་འཛིན་འགྲུབ་པའི་རྒྱུ། དེས་གྲུབ་པ་གནས་སྐབས་ཀྱི་འབྲས་བུ། དེ་མཐར་ཕྱིན་པ་མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གཉིས་ལས། རྒྱུ་དངོས་ནི་ཆོས་ཐམས་ཅད་རྟོགས་པ་བཞིའི་ཚུལ་གྱིས་ཡེ་ནས་སངས་རྒྱས་པར་ཤེས་པའི་མཚན་ཉིད་ཀྱི་ལྟ་བ་ཕུན་སུམ་ཚོགས་པའི་གནས་ལུགས་རྒྱུད་ལ་འབྱོར་བའི་གཟུངས་ནི་འབྲས་བུ་རིག་འཛིན་བཞིར་སྨིན་པར་བྱེད་པའི་རྒྱུ་ཡིན་ཞིང་། ཤེས་ནས་སྒྲུབ་པ་ལ་འཇུག་པའི་མཚན་ཉིད་བསྐྱེད་རྫོགས་ཟུང་འབྲེལ་དུ་འབྱོར་པའི་གཟུངས་ནི། འབྲས་བུ་རིག་འཛིན་བཞིར་སྨིན་པར་བྱེད་པའི་རྐྱེན་ཡིན་ཏེ། མཚན་ཉིད་ཤེས་ནས་བསྒྲུབས་པས་ཆོས་ཀྱི་འབྲས་བུ་ཐོབ་པའོ། །དེ་ལྟ་བུའི་རྒྱུ་རྐྱེན་ལ་གོམས་ཤིང་འདྲེས་པར་བྱས་པས་ནུས་མཐུ་ཁྱད་པར་ཅན་དུ་གང་གྱུར་པ་དེ་ནི། རྒྱུ་ས་བོན་གྲུང་པོ། རྐྱེན་ཆུ་ལུད་ཀྱིས་བྲན་པས། འབྲས་བུ་མྱུ་གུ་ནས་སྟོན་ཐོག་གི་བར་དུ་འབྱུང་བ་བཞིན་དུ། རྣམ་པར་སྨིན་པ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་བར་དུ་འབྱུང་ངོ་། །གཉིས་པ་དེས་གྲུབ་པའི་ཚུལ་ནི་དེ་ལྟ་བུའི་རིག་འཛིན་རྣམས་ནི་རྒྱལ་བ་སྐྱེད་པར་བྱེད་པའི་ཞིང་ཡང་ཡིན་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གྲགས་ཤིང་ལུང་བསྟན་པ་ཐོབ་སྟེ། འདི་ལྟར་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན། རིག་འཛིན་ག་གེ་མོ་ཞིག་གནས་ཏེ། དུས་འདི་ཞེས་བྱ་བ་ལ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་བོ་ཞེས་པའོ། །གཉིས་པ་དེས་གྲུབ་པ་གནས་སྐབས་ཀྱི་འབྲས་བུ་ལ་གཉིས་ལས། འགྲོ་བ་གང་གིས་བསྒྲུབ་པ་ནི། རིག་འཛིན་དེ་དག་ལས་ཁ་ཅིག་གླིང་བཞིའི་མི་དང་འདོད་པའི་ལྷ་དང་གཟུགས་ཀྱི་ཚངས་པ་ལ་སོགས་པ་ཡི་གནས་སུ། དེ་དག་གི་རྣམ་པར་སྐྱེ་བ་རྣམ་པར་དག་པ་སྐྱོན་མེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་ཉིད་འཛིན་མེད་ཀྱི་གནས་རིགས་དེ་དག་གི་འགྲོ་བ་རྣམས་དང་ཡོན་ཏན་གྱི་ཆོས་མཚུངས་པའམ་སྐལ་པ་མཉམ་པ་མ་ཡིན་ནོ། །དཔེར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འགྲོ་བའི་གནས་རིགས་སོ་སོའི་ལུས་སུ་སྣང་ཡང་སྐལ་པ་དང་ཡོན་ཏན་མི་མཚུངས་པ་བཞིན་ནོ། །དེའང་སྐྱེ་བ་འཛིན་ཚུལ་བཞི་སྟེ། མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་དོན་སྨིན་ལམ་དབང་དག་དང་། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གི་སྐྱེ་བར་འདོད་པ་ཡིན། །ཞེས་སོ། །དེ་ལས་སོ་སོ་སྐྱེ་བོའི་སར་ལས་བཟང་ངན་གྱིས་མཐོ་རིས་དང་ངན་སོང་དུ་སྐྱེའོ། །ས་དང་པོ་ནས་བདུན་པའི་བར་དུ་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྲུལ་པས་སྐྱེ་བར་འདོད་དོ། །དག་པ་ས་གསུམ་དུ་ཏིང་ངེ་འཛིན་དང་དབང་འབྱོར་བས་གང་ལ་གང་འདུལ་དུ་སྐྱེ་བར་སྣང་ངོ་། །སངས་རྒྱས་ཀྱི་སར་ལྷུན་གྱིས་གྲུབ་པའི་སྤྲུལ་པས་དབང་འབྱོར་པ་ཆེན་པོའི་རོལ་པ་མཛད་པ་བཅུ་གཉིས་ལ་སོགས་པར་སྣང་ངོ་། །འཕགས་པ་རྣམས་ལ་སྐྱེ་བ་མཚན་ཉིད་པ་མེད་དེ། སྐྱེ་རྒ་ན་འཆིའི་ཆུ་བོ་ལས་བརྒལ་བའི་ཕྱིར། འོན་ཀྱང་ཐུགས་རྗེས་སྤྲུལ་པ་སྟེ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་རྒ་དང་ན་བར་སྟོན། །ཞེས་པ་དང་། སྡུད་པ་ལས། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་སོ། །དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ནི་ལས་ཀྱི་སྐྱེ་བ་ཟད་དེ་ལུས་བོར་མ་ཐག་ཏུ་འཕགས་པའི་ས་ཐོབ་པས་སྦྱོར་ལམ་མཐར་ཐུག་དང་གཅིག་པའི་ཕྱིར་རོ། །དེའང་སྦྱོར་ལམ་དྲོད་ནས་ཀྱང་ངན་འགྲོ་མེད་པར་མངོན་རྟོགས་རྒྱན་གྱི་དྲོད་ཀྱི་སྐབས་སུ། ཐེ་ཚོམ་མི་དལ་ཟད་པ་དང་། །ཞེས་པའོ། །དེས་ན་སྨོན་ལམ་གྱིས་དག་པའི་ཞིང་ལ་སོགས་པར་འགྲོ་བའི་དོན་དུ་སྐྱེའོ། །ཚེ་དབང་དང་ཕྱག་རྒྱ་ནི་ཏིང་ངེ་འཛིན་གྱི་སྐྱེ་བས་དོན་བྱེད་ཀྱི། སྐྱེ་བ་རང་མཚན་པ་མེད་དེ། ལུས་དེ་ཉིད་རྡོ་རྗེའི་སྐུར་གནས་གྱུར་པས་འཇིག་འབྲལ་མེད་པའི་ཕྱིར་རོ། །ལྷུན་གྲུབ་ནི་དབང་འབྱོར་བའི་སྐྱེ་བ་གང་ལ་གང་འདུལ་དེར་སྣང་བས་སྤྲུལ་པ་འགྱེད་པ་ཡིན་ནོ། །གཉིས་པ་ས་གང་གིས་བསྡུས་པ་ནི། རིག་འཛིན་དང་པོ་གསུམ་རྒྱུའི་སས་བསྡུས་ཤིང་། ཕྱི་མ་འབྲས་བུའི་སས་བསྡུས་ལ། དེ་ཐམས་ཅད་ཕྱིར་མི་ལྡོག་པས་ཁྱད་པར་གྱི་སས་བསྡུས་པ་ཡིན་པའི་ཕྱིར། ཁྱད་པར་ས་ལ་གནས་འགྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་སོ། །རྒྱུའི་སས་བསྡུས་ཚུལ་དུ་བཤད་ན། རིག་འཛིན་དང་པོ་གསུམ་པོ་དེ་མི་དང་ལྷ་དང་ཚངས་པ་ཡི་སྐྱེ་བ་འཛིན་མོད་ཀྱི། ཁྱད་པར་དུ་ས་བཅུ་ལ་གནས་པར་འགྱུར་བ་ཡིན་ཏེ། ས་བཅུའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་ཏུ་རྫོགས་པར་རྒྱུད་ལ་ཐོབ་པའི་ཕྱིར་ཞེས་པའོ། །འབྲས་བུའི་སས་བསྡུས་ཚུལ་དུ་བཤད་ན། ལྷུབ་གྲུབ་དེ་ཁྱད་པར་གྱི་ས་བཅུ་གསུམ་རྡོ་རྗེ་འཛིན་པ་ལ་གནས་པར་འགྱུར་བ་ཡིན་ཏེ། འབྲས་བུ་མཐར་ཐུག་གི་སྒྲུབ་བྱེད་རྒྱུའི་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་ཀུན་ཏུ་རྫོགས་པའི་ཕྱིར་ཞེས་སོ། །ཕྱིར་མི་ལྡོག་པར་ཁྱད་པར་གྱི་སས་བསྡུས་ཚུལ་དུ་བཤད་ན་རིག་འཛིན་བཞི་པོ་ཐམས་ཅད་འབྲས་བུའི་རིག་འཛིན་ལ་གནས་པར་ངེས་པས་ཁྱད་པར་གྱི་ས་ལ་གནས་པར་གྱུར་པ་ཡིན་ཏེ། ས་དེ་ཉིད་གྲུབ་པའི་ངོ་བོ་རྒྱུ་དང་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་རྫོགས་པར་བསྒྲུབ་པའི་རིམ་པ་དཔེར་ན་ལྕགས་ཀྱུས་ཟིན་པའི་ཉ་སྐམ་སར་བཏོན་པ་བཞིན་ཞེས་པའོ། །གསུམ་པ་མཐར་ཐུག་གི་འབྲས་བུ་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནི་ཐབས་མཐར་ཕྱིན་པ་རྣམ་པར་འཕྲུལ་པའི་སྤྲུལ་པ་དང་ཕྲིན་ལས་ཀྱི་འགྲོ་བ་འདུལ་བའི་ས་ཡིན་ཏེ། མདོ་ལས། འོད་ཟེར་བཀྱེ་བས་གདུལ་བྱ་སྣོད་དུ་རུང་བར་བྱེད་པའི་ཕྱིར་ཀུན་ཏུ་འོད་ཀྱི་སའོ། །ཞེས་སོ། །ཤེས་རབ་དང་ཐབས་ཀྱི་མཆོག་ཟུང་དུ་འབྲེལ་བ་མཐར་ཐུག་པ་བཅུ་གཉིས་མ་ཆགས་པདྨ་ཅན་ལྷུན་སྟུག་པོ་བཀོད་པའི་ཞིང་ཁམས་རྩོལ་མེད་དུ་རང་སྣང་བའི་སྟེ། ཀུན་གསལ་ལས། པདྨ་ཅན་ལ་ལོངས་སྤྱོད་རྫོགས། །ལྷུན་གྲུབ་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །ཤེས་རབ་མཆོག་གི་ལོངས་སྤྲུལ་གཉིས་ཆོས་སྐུའི་གཞི་ལ་མྱ་ངན་ལས་འདའ་བ་དེའི་དབྱིངས་སུ་ཐིམ་པའི་གཞིར་གྱུར་པས་མཆོག་ཏུ་གྱུར་པ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཞིང་ཁམས་གདོད་མའི་ཀུན་ཏུ་བཟང་པོ་སྟེ། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཉིད་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་ལྟར་གནས་སྐབས་དང་མཐར་ཐུག་གི་ས་ཡི་ཁྱད་པར་རབ་ཏུ་དགའ་བ་ལ་སོགས་པ་བཅུ་དང་ཀུན་ཏུ་འོད་ལ་སོགས་པ་གསུམ་ནི་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཕྱེ་བ་སྟེ། བཙལ་བ་མེད་པར་རང་བཞིན་ལྷུན་གྱིས་རྫོགས་པ་ནི་མཐར་ཐུག་གི་ཐོབ་བྱའོ། །གསུམ་པ་ཚོགས་ཀྱི་རྟེན་དཀྱིལ་འཁོར་ཀུན་འདུས་པ་ཆེན་པོས་དོན་བསྡུ་བ་ལ་གསུམ་སྟེ། ཀུན་ཏུ་བཟང་པོའི་བསྐྱེད་རྫོགས་བསྟན་པ། ཚུལ་དེས་དཀྱིལ་འཁོར་ཀུན་འགྲུབ་པ། ཕྲ་མོའི་ཉེས་པས་མི་གོས་པའོ། །དང་པོ་ལ་གཉིས་ལས། བསྒོམ་ཚུལ་དངོས་ནི། ཏིང་ངེ་འཛིན་གསུམ་སྔོན་དུ་སོང་བས་ནམ་མཁའི་དཀྱིལ་འཁོར་རབ་ཏུ་དྭངས་པའི་དབྱིངས་ཡེ་ཤེས་ཀྱི་གཞལ་ཡས་ཁང་འོད་དང་བཅས་པའི་ནང་ན་ཉི་ཟླ་པདྨའི་གདན་ལ། ཡེ་ཤེས་རྒྱལ་པོ་ཀུན་ཏུ་བཟང་པོ་སྟངས་དཔྱལ་གཉིས་ཟུང་དུ་སྦྱོར་བས་རྡོ་རྗེའི་སྐྱིལ་ཀྲུང་མཉམ་བཞག་དང་བཅས་པའི་སྐུ་ལས་འོད་ཟེར་དུ་མ་འཕྲོ་བར་བསྒོམ་མོ། །དེའང་ཐུན་མོང་གི་ཐེག་པས་སངས་རྒྱས་རྣམས་ལ་རྒྱུད་ཐ་དད་ཞིང་ཐ་དད་དུས་ཐ་དད་ཚུལ་ཐ་དད་པར་འདོད་པ་ལས་ཁྱད་པར་དུ་བསྟན་ཏེ། དེའང་དེ་ལྟར་སྣང་བའི་སྤྲུལ་པའི་སྐུ་རྣམས་ཀྱང་གདུལ་བྱའི་སྣང་ངོར་ཡིན་གྱི། ཐུན་མོང་མ་ཡིན་པའི་ཐེག་པས་གཞལ་ན་ཆོས་སྐུ་སྐྱེ་བ་མེད་པ་དང་། ལོངས་སྐུ་འགག་པ་མེད་པ་འོག་མིན་ན་བཞུགས་པ་དག་གིས་བསྡུས་པས་དེའི་ཕྱིར་རང་བཞིན་གྱི་སྐུ་གང་མོས་ཤིག་བསྒོམས་པས་ཐམས་ཅད་འགྲུབ་ཅིང་། ཁྱད་པར་དུ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནམ་བྱེད་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཟུང་ཅིག་བསྒོམ་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱང་མ་ལུས་པར་ནི་བསྒོམ་པར་འགྱུར་ཏེ། ལྷའི་དཀྱིལ་འཁོར་ཐམས་ཅད་ཀྱང་སྐུ་གསུང་ཐུགས་དང་དབྱིངས་རང་བཞིན་གྱིས་དག་པ་གཅིག་ཏུ་འདུ་བའི་ཕྱིར་རོ། །དེའི་འཐད་པ་དགོད་པ་ནི། དེ་ལྟར་བསྒོམས་པའི་ལྷ་དེ་རང་གི་སེམས་ཡིན་པས་ཇི་ལྟར་འགྲུབ་སྙམ་པ་དང་། ཡང་ལྷའི་རང་བཞིན་གཞན་ཞིག་ནས་འོངས་པས་དངོས་གྲུབ་སྟེར་བ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྤང་བའི་ཕྱིར། འདས་པ་ལ་སོགས་པའི་དུས་བཞི་དང་ཤར་ལ་སོགས་པའི་ཕྱོགས་བཅུ་པོ་གང་ནས་ཀྱང་རྫོགས་པའི་སངས་རྒྱས་སེམས་ལས་ལོགས་སུ་གྱུར་པའི་རང་མཚན་པ་ཞིག་སྒྲུབ་རྒྱུའམ། འབྱོན་འབྱོན་པོར་རྙེད་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་ཇི་ལྟར་གནས་པ་དེ་ཉིད་རྫོགས་པའི་སངས་རྒྱས་ཡིན་གྱི། ཕྱོགས་གཞན་ནས་སངས་རྒྱས་འདི་ལྟ་བུ་ཞིག་ཅེའམ། སེམས་འདི་ཉིད་ད་ལྟ་སངས་རྒྱས་ཀྱི་ས་བོན་ནམ་རྒྱུ་ཡིན་པ་སྦྱངས་པས་ནམ་ཞིག་ན་སངས་རྒྱས་སུ་འགྱུར་གྱི་ད་ལྟ་སངས་རྒྱས་མ་ཡིན་ནོ་སྙམ་པ་སྟེ་ཡུལ་དུས་གཞན་དུ་ཕྱེ་བ་རྣམས་ཀྱིས་སངས་རྒྱས་རྙེད་པར་མི་འགྱུར་བས། དེའི་ཕྱིར་སངས་རྒྱས་སེམས་ལས་གཞན་དུ་མ་འཚོལ་ཞིག་ཅེས་གདམས་སོ། །དེ་སྐད་དུ་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་མདུན་དུ་སངས་རྒྱས་ཀྱི་སྐུ་ཞིག་བཞུགས་པ་དེས་ལུང་བསྟན་ནས་མི་སྣང་བར་གྱུར་པ་དེའི་ཚེ། རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དེ་ནི་གང་ནས་བྱོན། གང་དུ་བཞུད་སྙམ་མོ། །ཞེས་པ་ནས། ཆོས་འཕགས་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་ནི་གང་ནས་བྱོན་པའང་མེད་ཅིང་གང་དུའང་བཞུད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་བྱོན་ནས་མི་སྣང་བར་གྱུར་ན། དེ་གང་ནས་བྱོན་པའམ་བཞུད་པ་ཡོད་དམ། རྟག་ཏུ་ངུས་སྨྲས་པ། དེ་ནི་མ་མཆིས་ཏེ་གཉིད་ཀྱིས་ལོག་པ་ལས་གཞན་མེད་དོ། །ཆོས་འཕགས་ཀྱིས་སྨྲས་པ། དེ་བཞིན་དུ་སེམས་ལས་གུད་ན་མེད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཞེས་པ་དང་། སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཚུལ་དེས་དཀྱིལ་འཁོར་ཀུན་འགྲུབ་པ་ནི། དཀྱིལ་འཁོར་ཀུན་ཏུ་བཟང་པོ་གཅིག་གི་བསྐྱེད་རྫོགས་ལ་རབ་ཏུ་སྦྱོར་ཞིང་བསྒོམ་པར་བྱས་པས་དེ་ལས་འཕྲོས་པའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཉི་ཟླ་གྲུབ་པ་ན་དེའི་འོད་ཟེར་མ་ལུས་པ་ཐམས་ཅད་འགྲུབ་པ་བཞིན་ནོ། །གསུམ་པ་ཉེས་པ་ཕྲ་མོས་མི་གོས་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་དུ་ཤེས་པས་སྤང་བླང་གཉིས་སུ་མེད་པ་དེ་ལྟ་བུ་དོན་རྟོགས་ནས་རྫོགས་རིམ་ལ་དབང་འབྱོར་བས་བསྐྱེད་རིམ་གྱི་ཆོ་ག་ཕྲ་མོ་རྣམས་ལ་ལྷག་གམ་མ་ཚང་ནའང་། ཆོ་གའི་ཡན་ལག་ཉམས་པའི་སྐྱོན་ཉིད་དག་སྟེ་དེའི་ཉེས་པ་མེད་པ་དངོས་གྲུབ་ལ་སྒྲིབ་པར་མི་འགྱུར་ཏེ། རྡོ་རྗེ་ལས། ཆོས་ཉིད་དག་པའི་རྣལ་འབྱོར་པས། །བསྐྱེད་པའི་ཆོ་ག་ལས་རབ་དག །ལྷག་དང་མ་ཚང་ཉེས་བྲལ་ཅིང་། །དངོས་གྲུབ་ཡ་མཚན་ཆེན་པོར་འགྲུབ། །ཅེས་སོ། །དེའང་མཚན་བཅས་བསྐྱེད་པ་དང་མཚན་མེད་རྫོགས་པའི་རིམ་པར་སྤྱི་ལ་གྲགས་ཀྱང་། རྣལ་འབྱོར་པའི་བློ་དངོས་པོ་དང་མཚན་མར་འཛིན་པ་དེའི་ཚེ་གང་བསྒོམས་ཀྱང་མཚན་བཅས་ལས་མི་འདའ་ཞིང་། བློ་མཚན་འཛིན་མེད་པའི་ཚེ་ཅི་བསྒོམས་ཀྱང་མཚན་མེད་ཡིན་ཏེ། རྔམ་གློག་ལས། དེས་ན་རྣལ་འབྱོར་སྐྱེས་བུ་ཡིས། །མཚན་མེད་ངང་ལ་གནས་བཅས་ནས། །མཚན་མའི་རྣལ་འབྱོར་བསྒོམ་པར་བྱ། །མཚན་མ་མེད་དང་མཚན་མ་ཡང་། །ཐ་དད་མིན་པར་ཤེས་པར་བྱ། །དེ་ལྟར་རིག་པའི་རྣལ་འབྱོར་པ། །དེ་ཉིད་ང་ཡི་ས་ཐོབ་ཡིན། །སངས་རྒྱས་ཞེས་ཀྱང་དེ་ལ་བྱ། །ཞེས་པ་དང་། ཡང་། ཇི་སྲིད་མཚན་མར་འཛིན་ཡོད་པ། །དེ་སྲིད་མཚན་བཅས་འཇིག་རྟེན་པ། །ནམ་ཞིག་དངོས་པོ་མཚན་མ་མེད། །དེ་ཚེ་རབ་ནི་འཇིག་རྟེན་འདས། །སྤྱོད་ཡུལ་ཀུན་ཏུ་བཟང་པོའི་ཞིང་། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། །ཅེས་སོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི་དེ་སྐད་ཅེས་རང་སྣང་དག་པའི་འཁོར་ལ་ཆེད་དུ་བརྗོད་པས། ཏིང་ངེ་འཛིན་གྱི་རོལ་མོའི་སྤྲིན་བཀོད་པའི་མཆོད་པ་ཕྱོགས་བཅུར་མི་སྒྲིབ་པར་གསལ་བའི་རྒྱན་ཕུན་སུམ་ཚོགས་པ་རང་སྣང་བ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཐབས་ཀྱི་རོལ་པ་མཆོག་ཏུ་གསང་བའི་སྙིང་པོ་སྣང་བཅས་ཚོགས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས། ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།དོན་གཉིས་པ་སྙིང་པོའི་དོན་ལ་འཇུག་པ་རྫོགས་པའི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ལམ་བསྐྱེད་པའི་རིམ་པ་བསྟན་པ་དེ་ནས་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་གནས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་བླ་ན་མེད་པའི་དགྱེས་པ་ཆེན་པོས་རོལ་ཏེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག་ནི་སྣོད་དུ་མ་གྱུར་པ་རྣམས་པ་ཤིན་ཏུ་གསང་བའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་སྙིང་པོའི་སྤྲིན་སྐལ་བ་མཆོག་དང་ལྡན་པ་རྣམས་ལ་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མན་ངག་དམ་པའི་ཆེད་དུ་བརྗོད་པ་འདི་དག་བརྗོད་པར་མཛད་དོ་ཞེས་སོ། །གཉིས་པ་ལ་གཉིས་ཏེ། དོན་གསང་བ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་ཚུལ་སྤྱིར་བསྟན་པ་དང་། རང་བཞིན་རྫོགས་པ་ཆེན་པོའི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དོན་ངོས་བཟུང་བ་ནི་སྤྱིར་ཐེག་པ་སོ་སོའི་དོན་མཐར་ཐུག་རང་རང་གི་སྟོན་བྱེད་སློབ་དཔོན་ལ་རག་ལས་ཤིང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་དོན་མཐར་ཐུག་པ་རྒྱུད་ལུང་གི་གཞུང་ཚིག་ལ་གབ་ཅིང་སྦས་པ་རྣམས་བླ་མའི་ཐུགས་ལ་གནས་པ་གདམས་ངག་འདོད་པས་བླ་མ་མཉེས་པར་བྱ་བ་ལ་ཐུག་གོ། །དེའང་ཐེག་པ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ལས་འདས་པ་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་རིས་གྲངས་མེད་པ་ན་ཡོད་པས་མ་ངེས་མོད་ཀྱི། ད་ལྟའི་བསྐལ་པ་བཟང་པོ་འདི་དག་མི་མཇེད་ཀྱི་འཇིག་རྟེན་འདིར་སངས་རྒྱས་ཀྱི་སྒྲོན་མ་བཀོད་ཅིང་། དམན་པ་དང་མཆོག་དང་ཕྱིན་ཅི་ལོག་གི་ཐེག་པ་དང་གཞུང་ལུགས་ཀྱི་ཚུལ་རྣམས་རེ་ཞིག་བསྡུས་ན་བརྒྱད་ལས། དང་པོ་ཡང་དག་པའི་དོན་མ་རྟོགས་པ་ནི་གྲུབ་པའི་མཐའ་ལ་མ་ཞུགས་པའི་སྐྱེ་བོ་ཕལ་པ་སྟེ། ལེགས་པ་ཙམ་ཞིག་དོན་དུ་གཉེར་བས་བདེ་འགྲོ་བསྒྲུབ་པ་སོར་བཞག་ལྷ་དང་མིའི་ཐེག་པའོ། །དེའི་དོན་དགེ་བ་བཅུས་འདོད་པའི་ལྷ་དང་མིར་འཕེན་ཅིང་། བསམ་གཏན་གཟུགས་མེད་ཀྱི་ཁམས་གོང་མ་བསྒྲུབ་པ་སྟེ། དབུ་མ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཞེས་པ་ལ་སོགས་པ་གསུངས་སོ། །འདི་ལ་ཁ་ཅིག་ཕྱལ་བ་དང་རྒྱང་འཕེན་པ་གཉིས་ལ་འདོད་པས་ནི་སྔ་ཕྱིའི་འབྲེལ་མ་འགྲིག་ཅིང་ཐེག་པའི་རྣམ་དབྱེ་མ་ཕྱེད་པར་ཟད་དོ། །དེའང་སྔར་ཐེག་པ་ལྔའི་སྐབས་སུ་ལྷ་མིའི་ཐེག་པ་གསུངས་པ་དང་། ཐེག་པ་སྲིད་དོ་ཅོག་གི་དོན་འདིར་བསྡུས་པས་སོར་བཞག་གི་ཐེག་པ་ལ་བརྗོད་དོ། །ཕྱལ་བ་དང་རྒྱང་འཕེན་ནི་ཕྱིན་ཅི་ལོག་ཏུ་རྟོག་པའི་མུ་སྟེགས་ཀྱི་ནང་ཚན་ཡིན་པས་འདིར་མ་འབྲེལ་ལོ། །ཡང་དག་པའི་དོན་ལས་ཕྱིན་ཅི་ལོག་པར་རྟོག་པ་ནི་མུ་སྟེགས་བྱེད་དེ། ལྟ་བ་ལོག་པའི་གྲངས་ཀྱིས་དེའི་དབྱེ་བ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་རྟག་པར་ལྟ་བ་སྡེ་བཞི་ཆད་པར་ལྟ་བ་དང་བཅས་པས་ཏིར་ཏི་ཀ་སྡེ་ལྔར་གྲགས་སོ། །རྟག་པ་བཞི་ནི། དབང་ཕྱུག་རྟག་པར་སྨྲ་བའི་རིག་པ་ཅན་དང་། ཁྱབ་འཇུག་རྟག་པར་སྨྲ་བ་ཁྱབ་འཇུག་པ་དང་། གཙོ་བོ་རྟག་པར་སྨྲ་བ་གྲངས་ཅན་པས་དང་། རྡུལ་ཕྲན་རྟག་པར་སྨྲ་བ་བྱེ་བྲག་པའོ། །དེ་དག་ཀྱང་དྲང་སྲོང་སེར་སྐྱ་དང་། གཟེག་གཟན་དང་། རྐང་མིག་པ་དང་། འུག་ཕྲུག་པའི་རྗེས་སུ་འབྲང་བའོ། །ཆད་པར་ལྟ་བ་ནི་རྒྱང་འཕེན་པའམ། ཚུ་རོལ་མཛེས་པར་སྨྲ་བའམ། ནམ་མཁའི་གོས་ཅན་པ་ཞེས་བྱ་སྟེ། ཕུར་བུ་ལྷར་འཛིན་པའོ། །དེ་ཐམས་ཅད་ཀྱང་བདག་ཏུ་སྨྲ་བ་སྟེ། རྟག་པར་ལྟ་བ་རྣམས་ནི་བདག་གམ་གཙོ་བོ་རྟག་པ་གཅིག་པུ་རང་དབང་ཅན་ཡིན་ཞིང་། འབྱུང་བ་རྣམས་ལ་དབང་བྱེད་པ་ཁྱབ་པའི་རང་བཞིན་སེམས་ཅན་ཀུན་གྱི་སྙིང་ལ་གནས་པར་འདོད་ཅིང་། དབང་ཕྱུག་ཁྱབ་འཇུག་ལ་སོགས་པའི་ལྷ་རྟག་པས་མཐོ་རིས་སམ་ངན་སོང་དུ་འཕེན་པར་འདོད་ལ། ཆད་པ་པོས་མའི་མངའ་དུ་བདག་གློ་བུར་དུ་བྱུང་ནས་གནས་པ། ཤི་བའི་ཚེ་བདག་རྒྱུན་ཆད་པས་ན་སྔ་ཕྱིའི་མུར་ཐུག་སྟེ་ཚེ་ལྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་འདོད་པས་མུར་ཐུག་པའམ་རྒྱང་འཕེན་པ་ཞེས་བྱའོ། །བསྡུ་ན་རྟག་ཆད་གཉིས་སུ་འདུའོ། །ཡང་དག་པའི་དོན་གྱི་ཕྱོགས་ཙམ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་གཉིས་ཏེ། བདག་མེད་གཅིག་དང་ཕྱེད་དང་གཉིས་རྟོགས་ཤིང་འཁོར་བ་ལས་གྲོལ་བའི་ཕྱིར་རོ། །ཉན་ཐོས་ལ་དབྱེ་ན་རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་དོ། །དེའང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་ཕྱེ་བ་བདུན་ཏེ། འོད་སྲུངས་པའི་སྡེ། ས་སྟོན་པའི་སྡེ། ཆོས་སྲུངས་པའི་སྡེ། མང་དུ་ཐོས་པའི་སྡེ། གོས་དམར་ཅན་གྱི་སྡེ། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། རྩ་བའི་གྱེས་གཞི་དང་བདུན་པོ་འདི་དག་ནི་རྒྱལ་རིགས་སྒྲ་གཅན་འཛིན་རབ་ཏུ་བཟང་པོ་བཅོམ་ལྡན་འདས་ཀྱི་སྲས་སུ་གྱུར་པ་དེའི་སློབ་བརྒྱུད། སཾ་སྐྲྀ་ཏའི་སྐད་དུ་སྨྲ་ཞིང་། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་ལྔ་མན་ཆད་དེ། རྟགས་སུ་ཨུཏྤལ་དང་པདྨ་དང་རིན་པོ་ཆེ་འབྱུང་བའོ། །ཕལ་ཆེན་པའི་སྡེ་ལ་ཕྱེ་བ། ཤར་གྱི་རི་བོའི་སྡེ། གངས་ཀྱི་རི་བོའི་སྡེ། རྟག་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ། གྱེས་གཞི་དང་ལྔའོ། །འདི་དག་ནི་བྲམ་ཟེའི་རིགས་གནས་བརྟན་འོད་སྲུངས་ཆེན་པོའི་སློབ་བརྒྱུད། པྲ་ཀྲྀ་ཏའི་སྐད་དུ་སྨྲ་བ། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཆད་ཉི་ཤུ་རྩ་གསུམ་མན་ཆད་དེ་རྟགས་སུ་གཡུང་དྲུང་འཁྱིལ་བ་དང་དབལ་བེའུ་འབྱུང་བའོ། །གནས་བརྟན་པའི་སྡེ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ན་གནས་པའི་སྡེའོ། །འདི་དག་ནི་སྨྱུག་མ་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཀཱ་ཏ་ཡཱ་ན་ཆེན་པོའི་སློབ་བརྒྱུད། ཨ་ཝ་བྲྀ་ཤའི་སྐད་དུ་སྨྲ་བ། སྣམ་ཕྲན་ནི་དགུ་ཡན་ཆད་ཉི་ཤུ་རྩ་གཅིག་མན་ཆད་ལ་རྟགས་སུ་དུང་བྲིས་པའོ། །མང་པོས་བཀུར་བ་ལ་གསུམ་སྟེ། ས་སྒྲོག་རིགས་ཀྱི་སྡེ། བསྲུང་བའི་སྡེ། གནས་མ་བུའི་སྡེ། འདི་དག་འདྲེགས་མཁན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ཉེ་བ་འཁོར་གྱི་སློབ་བརྒྱུད། བི་ཤ་ཙིའི་སྐད་དུ་སྨྲ་བ། སྣམ་ཕྲན་ནི་གནས་བརྟན་པ་དང་མཐུན་པའོ། །དེ་དག་གིས་གང་ཟག་གི་བདག་དང་ང་དང་ང་ཡིར་འཛིན་པ་ཕུང་པོ་དང་། དེ་ལས་གཞན་ནའང་མེད་པར་རྟོགས་པས་འབྲས་བུ་མངོན་དུ་བྱེད་པའོ། །རང་སངས་རྒྱས་ལ་དབྱེ་ན། ཚོགས་སྤྱོད་ཆེ་བ། ཆུང་བ། བསེ་རུ་ལྟ་བུ་གསུམ་མོ། །ལྟ་བ་ནི་གང་ཟག་གི་བདག་མེད་དང་། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་པས་ཕྱེད་དང་གཉིས་དང་། སྲིད་པ་ཐ་མའི་དུས་སུ་རང་གི་བྱང་ཆུབ་འགྲུབ་པ་བླ་མ་ལ་དངོས་སུ་མི་ལྟོས་པར་རྟེན་འབྲེལ་གྱི་ཆོས་ཉིད་རང་ཤར་དུ་རྟོགས་ནས་གྲོལ་ཏེ། བརྡའི་ཆོས་སྟོན་གྱི་ངག་གིས་མི་སྨྲ་བ་ཡིན་ནོ། །གནས་ལུགས་ཀྱི་དོན་ཡང་དག་པ་ཉིད་ལྷག་མ་མ་ལུས་པར་མ་རྟོགས་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ། རྒྱུ་སེམས་ཅན་གྱིས་ཚོགས་གཉིས་བསྒྲུབས་པས་འབྲས་བུ་བསྐལ་པ་གྲངས་མེད་པ་དུ་མ་ནས་སངས་རྒྱས་གདོད་འགྲུབ་པར་འདོད་པ་སྟེ། དབྱེ་ན། དབུ་མ་དང་། སེམས་ཙམ་གཉིས་སོ། །དེ་ལ་ཕྱི་སྣོད་དུ་སྣང་བ་སེམས་སུ་ཁས་བླངས་ནས། སེམས་དེ་ཡང་རང་རིག་པ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པར་བདེན་པ་དང་བརྫུན་པར་འདོད་པས་རྣམ་བདེན་བརྫུན་གཉིས་ཏེ། དབུ་མ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། གང་དག་དངོས་པོ་སྣ་ཚོགས་སུ་སྣང་བ་རང་གི་སེམས་སུ་ཁས་བླངས་ནས། སེམས་དེ་ཡང་དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་གཟུང་བ་དང་འཛིན་པ་གཉིས་མེད་པ་བདེན་པའམ་བརྫུན་པར་སྨྲ་བའི་རང་བཞིན་གྱིས་ཕྱོགས་གཉིས་པོ་དགག་པར་བྱ་སྟེ་ཞེས་སོ། །དབུ་མ་ལའང་གཉིས་ལས། རང་རྒྱུད་པ་ནི་སྣ་ཚོགས་སུ་སྣང་བ་འདི་དག་ཀུན་རྫོབ་སྒྱུ་མ་ལྟར་གྲུབ་ཅིང་། དོན་དམ་པར་དེ་ཡང་གྲུབ་པ་མེད་པའི་རང་བཞིན་ནམ་མཁའ་ལྟར་འདོད་པའོ། །དབུ་མ་ཐལ་འགྱུར་བ་ནི་དུས་ཐམས་ཅད་དུ་རང་བཞིན་མེད་པས་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་སྣང་བ་དེ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་གང་དུའང་གྲུབ་པ་མེད་ཅིང་མཐའ་བཞིའི་དྲི་མ་ལས་འདས་པར་འདོད་དོ། །དེ་ཐམས་ཅད་ཀྱང་ལྟ་བ་བདག་ཉིད་ཀྱིས་སྟོང་པའི་ཆོས་ཉིད་དུ་ཐག་བཅད་ནས་ལམ་མི་དགེ་བ་འདོར་ཞིང་དགེ་བ་སྒྲུབ་ལ་འབྲས་བུ་ཕྱིས་འགྲུབ་པར་ཁས་ལེན་ཏེ། ཐེག་པ་གོང་མས་གཞལ་དུས་དེ་དག་ཆོས་ཐམས་ཅད་བདག་མེད་ཅིང་མཉམ་པ་ཉིད་དུ་རྟོགས་པར་འདོད་ཀྱང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཉམ་པའི་དོན་མ་མཐོང་བ་དང་། ལས་ཉོན་མོངས་པ་ཉིད་ཡེ་ཤེས་སུ་ཤར་བར་སྤང་བླང་མེད་པའི་རང་བཞིན་མ་རྟོགས་པ་དང་ཐབས་ཉུང་ཞིང་དཀའ་ཚེགས་དང་བཅས་པས་དུས་རིང་མོ་ཞིག་ན་འབྲས་བུ་འགྲུབ་པར་འདོད་པའི་ཕྱིར་ཡང་དག་ཉིད་མ་རྟོགས་པ་ཞེས་བྱའོ། །ཁ་ཅིག་ཤེས་རབ་ཁྱད་མེད་ཀྱང་ཐབས་ཀྱིས་འཕགས་སོ་ཞེས་འདོད་པའང་འདྲེས་པ་ཡིན་ཏེ། ཐབས་ཁྱད་ཞུགས་ཤིང་གོང་དུ་འཕགས་པས་ཐབས་དེས་བཞག་པའི་ཤེས་རབ་ཀྱང་ཁྱད་འཕགས་ཤིང་། ཆོས་ཐམས་ཅད་དཀྱིལ་འཁོར་དུ་གནས་པ་དང་། ད་ལྟའི་སེམས་འདི་ཉིད་སྤུ་མ་བརྗེས་པ་ནས་སངས་རྒྱས་སུ་གྲུབ་པར་འདོད་པའི་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ག་ལ་ཡོད། དེས་ན་ཐབས་དང་ཤེས་རབ་གཉིས་ཀས་འཕགས་ཏེ། ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་ཡོད་པར་བཤད་དོ། །གཞན་ཡང་ཐེག་པ་གསུམ་རྣམ་པར་བཞག་པ་ལས་ཀྱང་། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱི་ཐེག་པ་ནི། །ཆེན་པོའི་ཆེན་པོར་ཡོངས་སུ་བསྒྲགས། །ཞེས་པ་དང་། ཐབས་ཞགས་ལས་ཀྱང་། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་ནི། །ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་སྟེ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་ཉིད། །ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་སོ། །གཙང་སྦྲ་དང་དཀའ་ཐུབ་གཙོ་བོར་བྱེད་པས་སྒོ་གསུམ་གྱི་ཉེས་སྤྱོད་འདུལ་བ་ནི་བྱ་སྤྱོད་ཀྱི་རྒྱུད་དེ། དབྱེ་ན་སེམས་བསྐྱེད་ཙམ་ལ་བརྟེན་ནས་ལྷ་བསྒྲུབ་པ་དང་། དཀའ་ཐུབ་དང་སྨྱུང་གནས་ཙམ་ལ་བརྟེན་ནས་ལྷ་བསྒྲུབ་པ་དང་། རིག་གཏད་རྗེས་གནང་ཙམ་ལ་བརྟེན་ནས་ལྷ་བསྒྲུབ་པ་སྟེ་གསུམ་དུ་ཡོད་དོ། །དེའང་གཟའ་སྐར་དང་དུས་ཚིགས་བཟང་པོ་ལ་སྒྲུབ་པའི་མགོ་བརྩམ་ཞིང་འཇུག་པ་དག་གྲོལ་ཏུ་བྱེད་དོ། །དགོངས་པ་ནི་རྣལ་འབྱོར་གྱི་རྒྱུད་དེ། ཨ་པཱི་པྲ་ཡའི་སྒྲ་ལས་སེམས་ཀྱི་དགོངས་པ་ལ་འཇུག་ཅིང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གཙོ་བོས་ལྷ་བསྒྲུབ་བོ། །དེའང་དབང་མ་ཐོབ་པར་ལྷ་བསྒྲུབ་པའི་ལུགས་མེད་དོ། །སྐུ་གསུང་ཐུགས་ཀྱི་གསང་བ་གསལ་པོར་སྟོན་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པའི་བློ་ཅན་ཐེག་པ་འོག་མ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བའོ། །དབྱེ་ན་བསྐྱེད་རིམ་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། རྫོགས་རིམ་གཙོ་བོར་སྟོན་པ་མའི་རྒྱུད་དང་། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དོ། །ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་གསང་བའི་དོན་རྨད་དུ་བྱུང་བ་ནི་རྫོགས་པ་ཆེན་པོ་སེམས་དང་ཡེ་ཤེས་རང་སྣང་བར་སྟོན་པ་སྒྱུ་འཕྲུལ་ཆེན་པོ་སྟེ། ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་ངོ་བོ་ཉིད་དང་རང་བཞིན་དང་ཐབས་ཁྱད་པར་གྱིས་གསང་བ་སྟེ། དབྱེ་ན་སེམས་དང་ཡེ་ཤེས་གཉིས་མེད་དུ་སྟོན་པ་བསྐྱེད་རྫོགས་ཟུང་འཇུག་གི་རྫོགས་པ་ཆེན་པོ། སེམས་གཙོ་བོར་སྟོན་པ་སེམས་ཀློང་ཡེ་གྲོལ་གྱི་རྫོགས་པ་ཆེན་པོ། ཡེ་ཤེས་གཙོ་བོར་སྟོན་པ་འོད་གསལ་ཆོས་ཉིད་ཀྱི་རྫོགས་པ་ཆེན་པོའོ། །དེ་ལྟར་ཐེག་པ་སོ་སོའི་ཚུལ་རྣམས་ནི་རྟོགས་པར་བྱ་བའི་དོན་ཡིན་ནོ། །གཉིས་པ་དོན་དེ་གང་གི་དབྱིངས་ན་གནས་ཚུལ་བསྟན་པ་ནི་ཐེག་པ་དེ་དག་གི་དོན་རྣམས་རྗོད་བྱེད་ཀྱི་གཞུང་ལ་གནས་ཤིང་། གཞུང་ཡང་ཡི་གེ་སིལ་བུའི་ཁོང་ན་གནས་ཏེ། དབྱངས་དང་གསལ་བྱེད་ཀྱི་སྒྲ་ཐ་སྙད་བཏགས་པ་ཨ་དང་མ་འདུས་པ་ལས་རང་གི་མར་མཚོན་པ་ལྟ་བུའི་མིང་འབྱུང་ཞིང་། མིང་དུ་མ་ཚོགས་པའི་སྤྱི་ལ་ཚིག་རྣམས་བརྟེན་པའི་ཚིག་གིས་ཤློ་ཀ་དང་རབ་ཏུ་བྱེད་པ་དང་། བསྟན་བཅོས་སམ་རྒྱུད་སྡེ་སོ་སོའི་ལུས་གྲུབ་ཅིང་། སོ་སོའི་གཞུང་དེས་རང་རང་གི་བརྗོད་བྱའི་དོན་རབ་ཏུ་མཚོན་ཏེ་གནས་སོ། །གསུམ་པ་དོན་དེ་མ་ནོར་པར་གང་གིས་སྟོན་པ་ནི་དེ་ལྟ་བུའི་གཞུང་ཚིག་སོ་སོའི་ཁོང་ན་རང་རང་གི་བརྗོད་བྱའི་དོན་གནས་ཤིང་། ཁྱད་པར་དུ་རང་བཞིན་གསང་བའི་སྙིང་པོ་འདི་རྒྱུད་ཚིག་སོ་སོའི་ཁོང་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ལ་སོགས་པ་རང་བཞིན་གྱིས་རྟོགས་པར་དཀའ་བའི་དོན་རྣམས་གབ་ཅིང་། ཐ་མལ་བའི་སྤྱོད་ཡུལ་དུ་བསྒྲག་ཏུ་མི་རུང་བའི་གསང་བ་ཟབ་མོ་རྣམས་སྐལ་མེད་རྣམས་ཀྱིས་མི་གོ་བར་བྱ་བའི་ཕྱིར་བརྡ་ལ་སོགས་པས་སྦས་པའི་རང་བཞིན། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཞེས་པ་ལྟ་བུའི་དོན་རྣམས་མངོན་སུམ་དུ་འབྱིན་པ་ནི་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་རྡོ་རྗེའི་སློབ་དཔོན་གྱི་ཐུགས་ལ་གནས་པས་དེ་ལ་ཐུག་ཅིག་པའོ། །ཁ་ཅིག་འོག་མིན་དུ་སྟོན་པ་ཀུན་ཏུ་བཟང་པོས་འབྱིན་ལ། ཐ་མལ་བ་རྣམས་ལ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་ཟེར་བ་ནི་འགྲིག་འགྲིག་འདྲ་ཡང་མ་འབྲེལ་ཏེ། རྒྱུད་འདིའི་ཁོང་ནས་དོན་འབྱིན་པ་རྒྱུད་གསུང་པ་པོ་ལས་གཞན་ཞིག་བསྟན་པ་ཡིན་གྱི། ཀུན་ཏུ་བཟང་པོ་ཉིད་ཀྱིས་འཆད་ཉན་བྱེད་ཅིང་དོན་འབྱིན་པ་ག་ལ་རིགས། དེ་བས་དོན་མ་གོ་བར་ཟད་དོ། །གཉིས་པ་རང་བཞིན་རྫོགས་པ་ཆེན་པོའི་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྙིང་པོའི་ཟབ་དོན་དངོས་བསྟན་པ། །དེ་གཞན་ལས་ཁྱད་པར་འཕགས་ཚུལ། །གང་ལ་གདམས་པའི་སྣོད་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གསུམ་ལས། ཐབས་བསྐྱེད་པའི་རིམ་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ལས། ཕྱིས་ལམ་གྱིས་སྔར་སངས་རྒྱས་མ་ཡིན་པ་སངས་རྒྱས་སུ་བསྒྲུབ་པ་ལྟ་བུ་མ་ཡིན་ཏེ། འགྲོ་བ་ཀུན་ལ་ཡེ་ནས་དེ་ལྟར་གནས་པ་ནི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་ཆས་སུ་ལྡན་པའི་རང་བཞིན་ཏེ། དེ་ལྟར་རྟོགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཡེ་ནས་ཡིན་པའི་དཀྱིལ་འཁོར་ལ་ནི་ཡིན་པར་ཤེས་པའི་དཀྱིལ་འཁོར་དུ་གསལ་འདེབས་ཤིང་བསྒོམ་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟ་བུ་ཡིན་ཡང་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས། གཞི་དེ་ལྟར་ཡིན་ཀྱང་ལམ་གྱིས་བསྒྲུབ་དགོས་ཏེ། གསེར་དང་དངུལ་གྱི་རྡོའི་ཁམས་ལ་གསེར་དངུལ་དུ་ཡོད་ཀྱང་། བཞུ་བཏུལ་མ་བྱས་ན་མི་སྣང་བ་དང་། དུང་དཀར་པོར་གནས་ཀྱང་བད་ཀན་མ་སྦྱངས་ཀྱི་བར་སེར་པོར་སྣང་བས་བད་ཀན་སྦྱོང་དགོས་པ་བཞིན་ནོ། །གཉིས་པ་ཤེས་རབ་རྫོགས་པའི་རིམ་པ་ནི་བདེ་གསལ་རྣམ་པར་མི་རྟོག་པའི་དཀྱིལ་འཁོར། རྟོག་ཚོགས་ཉོན་མོངས་སུ་སྣང་བ་ཐབས་ཀྱིས་ཟིན་པའི་དཀྱིལ་འཁོར་ལས་བྱུང་བ་སྟེ། དེ་ཉིད་མ་སྤངས་རང་སར་དག་པའི་རང་བཞིན་ཡིན་པས་ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །གསུམ་པ་གཉིས་མེད་འོད་གསལ་གྱི་རིམ་པ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་སོགས་པ་ན་ཡེ་ནས་ལྷུན་གྱིས་གྲུབ་པ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་ནི་གསང་བའི་ཐིག་ལེ་རྨད་དུ་བྱུང་བ་སྟེ། རྐྱེན་བླ་མའི་མན་ངག་གིས་ཉམས་སུ་བླངས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་དབྱིངས་ཡིན་ནོ། །ཚུལ་འདི་ནི་རྒྱུད་འདིར་ཤིན་ཏུ་གབ་ཅིང་སྦས་པས་སྔོན་གྱི་སྒྱུ་འཕྲུལ་མཁན་པོ་ཕལ་གྱིས་མ་རྟོགས་པར་སྣང་ངོ་། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕྱི་བསྐྱེད་པའི་རིམ་པ། ནང་རྫོགས་པའི་རིམ་པ། གསང་བ་འོད་གསལ་གྱི་རིམ་པའོ། །དང་པོ་ལ་གཉིས་ལས། ལྟ་བས་ཐག་བཅད་པ་ནི་ཕྱི་འབྱུང་བ་ལྔར་སྣང་བའི་གཟུགས་བརྙན་ནི་མེད་བཞིན་སྣང་བའི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་གཟུགས་སྣང་བ་སྟེ་གདོད་མ་ནས་ངོ་བོ་ཉིད་མེད་པའི་རིགས་ཆོས་ཉིད་ཀྱི་རོལ་པའམ་ཡུམ་དུ་གནས་པའོ། །དེའང་ཆོས་ཅན་སྣང་བ་ལ་ཆོས་ཉིད་སྟོང་པ་དབྱེར་མེད་དུ་གནས་པའི་དོན་ཏེ། ངེས་བརྗོད་བླ་མ་ལས། སྣ་ཚོགས་ཆོས་ཀྱི་རང་བཞིན་གྱིས། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་པ་དང་། ཤེས་རབ་སྙིང་པོ་ལས། སྟོང་པ་ཉིད་གཟུགས་སོ་ཞེས་སོ། །ཕུང་པོ་ལྔ་ལ་འབྱུང་བ་ཆེན་པོའི་སྒྲས་བརྗོད་པ་ནི་རིགས་ཀྱི་ཡབ་ལྔའི་དེ་བཞིན་ཉིད་གཟུགས་སྟོང་པའི་རང་བཞིན་ཏེ་མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །དེའང་འབྱུང་བ་དངོས་ནི་ནང་གི་ཕུང་པོས་བསྡུས་པའི་རང་བཞིན་སྲ་བ་དང་གཤེར་བ་དང་དྲོ་བ་དང་ཡང་ཞིང་གཡོ་བ་དང་གོ་འབྱེད་པ་ཡིན་ལ། ཕྱི་རོལ་གྱི་འདི་དག་ནི་འབྱུང་འགྱུར་རམ་འབྱུང་གཟུགས་ཞེས་བྱ་སྟེ། བཞིན་དང་མེ་ལོང་གི་གཟུགས་བརྙན་ལྟར་ནང་གི་རྣམ་པ་ཕྱི་རོལ་ཏུ་སྣང་བའོ། །དེ་ལྟར་ཕུང་པོ་ལྔའི་ཆོས་ཅན་རང་གི་ངོ་བོས་སྟོང་པ་ནི་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་དེ། གཟུགས་སྟོང་པའོ་ཞེས་པ་ལ་སོགས་པ་དང་། དབུ་མ་ལས། གཟུགས་ཀྱི་རང་བཞིན་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བརྗོད། །ཅེས་པ་ལྟར་རོ། །རིག་པ་བྱང་ཆུབ་ཀྱི་སེམས་གཞི་དང་རྩ་བ་མེད་པའི་རང་བཞིན་ཡེ་ནས་རྣམ་པར་རྟོག་པ་ཡུལ་ལ་མི་རྟོག་པ་ནི་རྡོ་རྗེའི་རང་བཞིན་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཚོགས་སོ། །དེའང་རིག་པ་གསལ་བ་དང་སྟོང་པ་གཉིས་སུ་མེད་པའི་དབྱིངས་བརྗོད་དུ་མེད་པ་ནི་བགྲང་བ་ལས་འདས་པའི་ཡེ་ཤེས་ཀུན་གྱི་འབྱུང་གནས་ཡིན་པས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཚོགས་ཞེས་བཏགས་པ་ཡིན་ནོ། །མིག་ལ་སོགས་པའི་དབང་པོ་དང་། གཟུགས་ལ་སོགས་པའི་ཡུལ་དང་། འདས་པ་ལ་སོགས་པའི་དུས་དང་མིག་གི་རྣམ་པ་ཤེས་པ་ལ་སོགས་པའི་རིག་པ་རྣམས་ཀྱང་སེམས་དཔའ་དང་སེམས་མ་དང་སྒོ་བའི་བར་དུ་རྣམ་པར་དག་ལ། དེ་དག་གི་རང་བཞིན་ཡང་སྣང་ལ་ངོ་བོ་མེད་པ་ཀུན་ཏུ་སྟེ་ཆོས་སྣ་ཚོགས་བའི་ངོ་བོ་སྟོང་བར་རོ་གཅིག་པས་བཟང་པོའི་ཆོས་ཉིད་གྲུབ་བསལ་མེད་པའི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ལ་དེ་ལྟར་རྟོགས་པ་ནི་ལྟ་བུའོ། །དེའང་དབུ་མ་ལས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་དང་། ཡུམ་བར་མ་ལས། ཆོས་གཅིག་ཤེས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། འདི་ལྟ་སྟེ་ཆོས་ཉིད་ཞི་བའི་རྣམ་པའོ་ཞེས་སོ། །གཉིས་པ་བསྒོམ་པས་ཉམས་སུ་བླང་བ་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་ངོ་བོ་མེད་པ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་ཤེས་ནས་དེའི་ངང་ལ་བསྒོམ་པ་སྟེ་ལས་དང་པོ་པ་བློའི་ནུས་པ་ཆུང་བ་རྣམས་ཀྱིས་བསྐྱེད་རིམ་གསལ་བར་བསྒོམས་པ་རིམ་གྱིས་མི་དམིགས་པའི་ངང་དུ་མཉམ་པར་འཇོག་ཅིང་། གོམས་པ་ཀློང་དུ་གྱུར་པའམ་བློ་མཆོག་རྣམས་ཀྱིས་སྣང་སེམས་གང་ཤར་གྱི་རང་བཞིན་ཡེ་སྟོང་རྩ་བ་བྲལ་བར་ལྟ་བའམ། བསྐྱེད་རིམ་དེ་ཉིད་རང་བཞིན་མེད་པ་གཟུགས་བརྙན་ལྟ་བུའི་གང་ལ་མཉམ་པར་འཇོག་པའོ། །དེའི་ཚེ་དངོས་པོ་དང་མཚན་མར་འཛིན་ཞེན་མེད་པའི་བློ་སྤྲོས་པ་དང་བྲལ་བའི་ངོ་བོ་དེ་ཉིད་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ལྷག་པ་ཡི་དགོངས་པ་ཟབ་མོ་ཡིན་ཏེ། དེ་ཉིད་ཀྱི་ངང་ལ་མེ་ལོང་ལྟ་བུ་ལ་སོགས་པ་ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་ཚང་བར་ལྡན་པ་ཡིན་ནོ། །དེའང་ཕྱི་ཡུལ་གྱི་རྣམ་པ་མ་འགགས་པར་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་ངོ་བོ་སྟོང་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེར་འཛིན་མེད་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །གཟུགས་སྒྲ་ལ་སོགས་པ་སོ་སོར་སྣང་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དགག་སྒྲུབ་ལ་སོགས་པའི་ཉོན་མོངས་གྲོལ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་དུག་ལྔ་ཤར་དུས་ངོས་ཟིན་པ་ཙམ་གྱིས་མ་སྤངས་གནས་སུ་དག་པ་ནི་ཡེ་ཤེས་ལྔའོ། །ཡང་སེམས་རྩེ་གཅིག་མཉམ་པར་བཞག་པའི་ཚེ་ངོ་བོ་སྟོང་པ་ཉིད་ནི་ཆོས་དབྱིངས་ཡེ་ཤེས་སོ། །རིག་པའི་གསལ་དྭངས་མ་འགགས་པ་མེ་ལོང་ཡེ་ཤེས། གཉིས་འཛིན་མེད་པ་མཉམ་ཉིད་ཡེ་ཤེས། ཡུལ་སྣང་མ་འགགས་པ་སོར་རྟོག་ཡེ་ཤེས། གཟུང་འཛིན་གྲོལ་བ་བྱ་གྲུབ་ཡེ་ཤེས། དེའང་སྐབས་འདིར་བསྐྱེད་རིམ་དེ་ཉིད་ཀྱི་ཆོས་ཉིད་དེའི་ངང་ལ་བཞག་པར་བསྟན་པ་ཡིན་གྱི། བསྐྱེད་རིམ་སྨོས་པ་མ་ཡིན་ནོ། །ཁ་ཅིག་བསྐྱེད་རིམ་ལྷའི་དཀྱིལ་འཁོར་ལ་སྦྱོར་བ་དེ་དག་གིས་ཕྱོགས་ཙམ་མ་མཐོང་ཞིང་འཛོལ་བར་ཟད་དོ། །གཉིས་པ་ནང་རྫོགས་པའི་རིམ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དང་པོ་ནི། རྒྱ་མཚོ་ལས། བྱེ་བྲག་རླུང་ལས་གྱུར་པ་ཡི། །ཡེ་ཤེས་འབྱུང་བའི་སྟེང་འོག་སྒོ། །དགུག་དང་དགུག་པའི་ཐབས་ཉིད་དེ། །འཁོར་ལོ་གསུམ་གྱི་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །བཀུག་པ་གསུམ་གྱི་སེམས་ལྔའི་རིམ། །སྐྱེས་པས་བཅུ་དྲུག་ས་ཐོབ་པའི། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །འཆིང་བ་ཉིད་ཀྱིས་ཐར་པའི་ལམ། །ཞེས་པས། འདི་ལ་གསུམ་སྟེ། སྟེང་སྒོ་རླུང་ལ་བསླབ་པ། འོག་སྒོ་ཐིག་ལེ་ལ་བསླབ་པ། དེའི་གྲོགས་ཙནྜ་ལཱིའི་སྒོམ་ཐབས་སོ། །དང་པོ་ལ་གཉིས་ལས། རང་བཞིན་ཤེས་པར་བྱ་བ་ནི་རྡོ་རྗེའི་ལུས་ལ་རྩའི་གཙོ་བོ་གསུམ་སྟེ། གཡས་རོ་མ་དཀར་བ། གཡོན་རྐྱང་མ་དམར་བ། དབུས་ཀུན་འདར་མ་མཐིང་ག་སྟེ། སྲོག་ཤིང་གསུམ་པོ་དེས་སྒོ་གསུམ་དང་དུག་གསུམ་གྱི་རྟེན་བྱེད་པ། ཐབས་ཤེས་ཟུང་འཇུག་གིས་སྦྱངས་པས་སྐུ་གསུམ་གྱི་རྟེན་བྱེད་པའོ། །དེ་ལས་གྱེས་པའི་འཁོར་ལོ་གསུམ་ནི་སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས་ཀྱི་འཁོར་ལོ་སྟེ་ཡེ་ཤེས་ཀྱི་ཁམས་དང་རླུང་བསྒོམ་པའི་དབང་དུ་བྱས་པའོ། །དེའི་སྟེང་དུ་ཙནྜ་ལཱི་བསྒོམ་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་དང་བཞིར་ཕྱེ་བའོ། །རྩ་འདབ་ཀྱང་རིམ་པ་བཞིན་སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་དང་། བརྒྱད་དང་། དྲུག་ཅུ་རྩ་བཞིའོ། །དེ་ལས་ཀྱང་ཕྱེ་ན་ཡེ་ཤེས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། ཀྱེ་རྡོ་རྗེ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། །རྩ་རྣམས་ཀྱིས་ནི་རིགས་བཤད་དོ། །ཅེས་པ་ལྟར་རོ། །རྩ་དེ་དག་ཏུ་ཉིན་ཞག་ཕྲུགས་གཅིག་ལ་ཡེ་ཤེས་ཀྱི་རླུང་བག་ལ་ཞ་བའི་ཚུལ་གྱིས་གྲངས་མཐུན་པར་རྒྱུ་ཡང་། གསལ་པོར་མི་རྒྱུ་བས་ཡོན་ཏན་ཁྱད་པར་ཅན་མངོན་དུ་མ་གྱུར་པ་ཡིན་ཞིང་། རླུང་བཅིངས་པ་ན་ཉོན་མོངས་པའི་རླུང་ཉིད་ཡེ་ཤེས་ཀྱི་རླུང་དུ་གྱུར་པ་རྒྱུ་བས་རྣལ་འབྱོར་པ་ལ་ཡོན་ཏན་འཆར་རོ། །སྤྱིར་རགས་པའི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་ལ་རྒྱུ་བ་ཡིན་ནོ། །དེའང་རགས་པར་རྒྱུ་བ་ནི་ལས་སམ་ཉོན་མོངས་པའི་རླུང་ཡིན་ལ། དེ་བཅིངས་པས་གསལ་ལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ནི་ཡེ་ཤེས་ཀྱི་རླུང་ངོ་། །དེའང་གྱེན་རྒྱུ། ཐུར་སེལ། མཉམ་གནས་གསུམ་ནི་ལུས་ཀྱི་སྟེ་འོག་བར་གསུམ་ན་རྒྱུ་ཞིང་། ཕྱིར་འགྲོ་བ། ནང་དུ་འཇུག་པ། དེ་གཉིས་མཉམ་པར་གནས་པ་གསུམ་ལའང་དེ་སྐད་ཅེས་གྲགས་སོ། །དེ་དག་ཀྱང་སྣ་བུག་གཡས་ནས་རྒྱུ་བའི་ཕོ་རླུང་དང་། གཡོན་ནས་རྒྱུ་བའི་མོ་རླུང་དང་། མཉམ་པར་རྒྱུ་བའི་ཚེ་མ་ནིང་གི་རླུང་ཞེས་བྱའོ། །རླུང་གི་ཁ་དོག་ལྔ་ནི། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ཡེ་ཤེས་ཆེན་པོ་ནམ་མཁའི་རླུང་ནི་མཐིང་ག་སྟེ། སྙིང་གའི་རྩ་འདབ་ཀྱི་ཕྱོགས་བཞི་དབུས་དང་ལྔར་བརྟེན་ཞིང་། རླུང་དེ་དག་ཀྱང་དབུ་མར་ཚུད་པ་ན་ཡེ་ཤེས་ཀྱི་རླུང་དུ་གྱུར་པས་རླུང་ལྔའི་གདངས་དུ་བ་དང་སྨིག་རྒྱུ་དང་སྟོང་གཟུགས་སྣ་ཚོགས་སུ་འཆར་བ་ཡིན་ནོ། །གཉིས་པ་ཤེས་ནས་ཉམས་སུ་བླང་བ་ལ་གསུམ་ལས། དང་པོ་བྱ་བའི་རིམ་པ་ནི་རོ་རྐྱང་གི་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གཡས་གཡོན་ལ་ཟུག་པ་ནས་རླུང་དལ་བུས་བཏང་བས་སྒྲིབ་པ་སངས་ཤིང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གསལ་བཏབ། ནང་དུ་རྔུབས་པས་ཡེ་ཤེས་ཀྱི་རླུང་དེ་ནས་ཞུགས་པ་མར་སྣ་གཉིས་སྤུ་ནག་མཚམས་ནས་དབུ་མར་ཆུད་པའི་ནང་དུ་སོང་བས་འཁོར་ལོ་བཞི་དང་རྩ་འདབ་རྣམས་ཡེ་ཤེས་ཀྱིས་ཁྱབ་པར་བསྒོམ་ཞིང་ཐུབ་ཐང་དུ་འཛིན་པའོ། །དེ་ལ་ཅུང་ཟད་བརྟན་ནས་མན་ངག་དངོས་བསྒོམ་པ་ནི་རིམ་པས་བསླབ་ཅིང་གོམས་ནས་ཅིག་ཅར་དུ་བྱ་བ་ལ་བཞི་སྟེ། ཀུན་ཏུ་བཟང་པོའི་མན་ངག་སྙིང་ལ་བསྒོམ་པ། ཀུན་ཏུ་བཟང་མོའི་མན་ངག་ལྟེ་བ་ལ་བསྒོམ་པ། སྦྱོར་བ་དག་པའི་མན་ངག་མགྲིན་པ་ལ་བསྒོམ་པ། བརྡལ་ཁྱབ་ཆེན་པོའི་མན་ངག་སྤྱི་བོ་ལ་བསྒོམ་པའོ། །དང་པོ་ནི། སྙིང་ག་ཆོས་ཀྱི་འཁོར་ལོ་རིན་པོ་ཆེའི་སྒྲོམ་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་པ་ལྔའི་ངོ་བོ་ཡབ་ལྔའི་རྒྱུར་སེམས་སྦྱང་། དེ་བརྟན་ནས་འོད་ཀྱི་གོང་བུ་ལྔ་ལ་སེམས་སྦྱང་། དེ་བརྟན་ནས་རིགས་ལྔའི་སྐུར་སེམས་སྦྱང་ངོ་། །དེ་བཞིན་དུ་ལྟེ་བ་མགྲིན་པ་སྤྱི་བོ་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་བསྒོམ་པས་གནས་སྐབས་སུ་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། རྫུ་འཕྲུལ་ལ་སོགས་པ་འགྲུབ་ཅིང་མཐར་ཐུག་སངས་རྒྱས་ཀྱི་མཆོག་ཐོབ་པར་འགྱུར་རོ། །གཉིས་པ་འོག་སྒོ་ཐིག་ལེ་ལ་བསླབ་པ་ལའང་གཉིས་ལས། རང་བཞིན་ཤེས་པར་བྱ་བ་ནི་ཟླ་གསང་ལས། འདོད་ཆགས་མེད་ལ་བྱང་ཆུབ་མེད། །ཅེས་པ་དང་། རྒྱས་པ་ལས། ཉོན་མོངས་རང་དང་སྤྱི་བསྟན་པ། །མཚན་ཉིད་མ་ནོར་དོན་རྟོགས་ན། །རྣམ་པར་བྱང་བའི་ལམ་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱང་། །འདི་ཉིད་ཡིན་ཏེ་གཞན་དུ་མེད། །སྒྱུ་མའི་རྩལ་འཛིན་ཐབས་སུ་འགྲོ། །མཚན་རྣམས་མི་གནས་ཤེས་རབ་སྦྱོར། །ཞེས་པ་དང་། སྒྲོན་གསལ་ལས། སྐྱེས་བུ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པས་འདི་ལ་དབྱེ་བ་དང་། ས་ལམ་གྱི་རྫོགས་ཚུལ་གཉིས་ལས། དང་པོ་ནི། དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་དགའ་དང་། དགའ་བྲལ་གྱི་དགའ་བ་བཞིའོ། །དེའང་རེ་རེ་བཞིན་དགའ་བའི་དགའ་བ་ལ་སོགས་པ་བཅུ་དྲུག་གོ། །དེ་དག་ཀྱང་རྣམ་པ་གསུམ་ལས། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་ནི། སྙོམས་འཇུག་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཡབ་ཀྱི་རྣམ་རྟོག་རགས་རིམ་སྤོང་བ་དགའ་བ་དང་། ཐམས་ཅད་སྤོང་བ་མཆོག་དགའ། ཡུམ་གྱི་རགས་རིམ་སྤོང་བ་དགའ་བྲལ། ཐམས་ཅད་སྤང་བ་ལྷན་ཅིག་སྐྱེས་དགའ་འོ། །གནས་ལ་ལྟོས་པའི་དགའ་བ་བཞི་ནི་ཡབ་ཀྱི་ལུས་ཁོལ་བུར་བདེ་བ་སྐྱེལ་བ་དགའ་བ། ཁྱབ་པར་སྐྱེས་པ་མཆོག་དགའ། ཡུམ་ལ་ཁོལ་བུར་སྐྱེས་པ་དགའ་བྲལ། ཁྱབ་པར་སྐྱེས་པ་ལྷན་ཅིག་སྐྱེས་དགའ་འོ། །གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ནི་སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་དགའ་བྲལ། གསང་བར་ལྷན་ཅིག་སྐྱེས་དགའ་འོ། །གཉིས་པ་ས་ལམ་གྱི་རྫོགས་ཚུལ་ནི་རྡོ་རྗེ་ལས་རིམ་ལས། གནས་ཀྱི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་བར་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་པས། སྤྱི་བོ་ནས་རྡོ་རྗེའི་བར་དུ་ཡས་བརྟན་གྱི་དགའ་བ་བཞི་ཕྱེ་བས་བཅུ་དྲུག་ལ་རྒྱུའི་ས་རྣམས་རྫོགས་ཏེ། དེའང་དགའ་བའི་དགའ་བ་བཞི་ནི་ཚོགས་ལམ་མོ། །མཆོག་དགའི་དགའ་བ་ནི་སྦྱོར་ལམ་མོ། །མཆོག་དགའ་ནི་ས་དང་པོ། དགའ་བྲལ་ནི་གཉིས་པ། ལྷན་ཅིག་སྐྱེས་དགའ་ནི་འོད་བྱེད་པའོ། །དགའ་བྲལ་གྱི་དགའ་བ་ས་བཞི་པ། མཆོག་དགའ་ལྔ་པ། དགའ་བྲལ་དྲུག་པ། ལྷན་ཅིག་སྐྱེས་དགའ་བདུན་པའོ། །ལྷན་ཅིག་སྐྱེས་དགའི་དགའ་བ་ས་བརྒྱད་བ། མཆོག་དགའ་དགུ་པ། དགའ་བྲལ་བཅུ་པ། ལྷན་ཅིག་སྐྱེས་དགའ་ཀུན་ཏུ་འོད་ཀྱི་ས་སྟེ། དེའི་ཚེ་སྙིགས་མ་གཉིས་ནང་དུ་ལུས། དྭངས་མ་གཉིས་རྡོ་རྗེའི་རྩེར་ཟིལ་པ་ལྟ་བུར་བྱུང་བ། ཡུམ་ལའང་དགའ་བ་བཅུ་དྲུག་རྫོགས་པས་སྙིགས་མ་གཉིས་ནང་དུ་ལུས། དྭངས་མ་གཉིས་ཕྱིར་པདྨའི་རྩེར་འཐོན་པས་ཡབ་ཡུམ་གྱི་ཐིག་ལེ་དཀར་དམར་བཞི་འདྲེས་པའི་ཚེ་ཡབ་ལ་བདེ་བ་གསལ་བའི་རོ་ཡོད། ཡུམ་ལ་མི་རྟོག་པ་སྟོང་པའི་རོ་ཡོད། དེ་གཉིས་འདྲེས་པས་བདེ་སྟོང་ཟུང་འཇུག་གི་དགོངས་པ་ཤར་བ་ནི་མཐའ་གཉིས་ཀྱིས་མ་བསྒྲིབས་པར་གསལ་བའི་ཕྱིར། ཀུན་ཏུ་འོད་ཀྱི་ས་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོའོ། །དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་རྫོགས་ཏེ། བྱང་ཆུབ་སེམས་ཀྱིས་རྩ་གནས་ཐམས་ཅད་ཁྱབ་པར་གཏོང་བ་སྦྱིན་པ། མི་འཛག་པར་སྡོམ་པས་ཚུལ་ཁྲིམས། སྦྱོར་བའི་ཐབས་ལ་མི་སྐྲག་པས་བཟོད་པ། བདེ་བའི་ཐབས་ལ་འབད་པས་བརྩོན་འགྲུས། དེའི་ངང་ལ་སེམས་རྩེ་གཅིག་པ་བསམ་གཏན། རྟོག་ཚོགས་བདེ་བའི་དཀྱིལ་འཁོར་དུ་ཤར་བ་ཤེས་རབ། དེ་ལྟར་སྤྱད་ཀྱང་ཉོན་མོངས་པས་མི་གོས་པ་ཐབས། རྣམ་པར་རྟོག་པ་དུས་གཅིག་འཇོམས་པས་སྟོབས། འབྲས་བུ་ལ་དམིགས་པས་སྨོན་ལམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའང་རྒྱས་པ་ལས། ཕ་རོལ་ཕྱིན་བཅུ་རྒྱུ་འབྲས་རྫོགས། །ཞེས་སོ། །བདེ་བ་ཆེན་པོ་དོན་གྱི་དབང་ནི། དེ་ལྟར་བདེ་སྟོང་གི་རོ་མྱོང་བའི་ཉི་ཟླ་འདྲེས་པའི་ཐིག་ལེ་རླུང་གིས་གྱེན་དུ་དྲངས་ཏེ་ཆོས་ཉིད་ཀྱི་ངང་དུ་འཇོག་པའོ། །དེའང་མས་བརྟན་གྱི་དགའ་བ་བཞི་ཕྱེ་བས་བཅུ་དྲུག་པོ་ལྷན་ཅིག་སྐྱེས་དགའ་ནས་བརྩམས་ཏེ་གསང་སྔགས་ཀྱི་ས་ལམ་ལ་སྦྱར་ཏེ། དེའང་ལྷན་ཅིག་སྐྱེས་དགའི་དགའ་བ་བཞི་ནི་ཚོགས་ལམ་མོ། །དགའ་བྲལ་གྱི་ལྷན་ཅིག་སྐྱེས་དགའ་ནི་སྦྱོར་ལམ་མོ། །དགའ་བྲལ་ནི་མཐོང་ལམ་ས་དང་པོའོ། །མཆོག་དགའ་ས་གཉིས་པ། དགའ་བ་ས་གསུམ་པའོ། །མཆོག་དགའི་ལྷན་ཅིག་སྐྱེས་དགའ་བཞི་པ། དགའ་བྲལ་ལྔ་པ། མཆོག་དགའ་དྲུག་པ། དགའ་བ་བདུན་པའོ། །དགའ་བའི་ལྷན་ཅིག་སྐྱེས་དགའ་བརྒྱད་པ། དགའ་བྲལ་དགུ་པ། མཆོག་དགའ་བཅུ་པ། དགའ་བ་སངས་རྒྱས་ཀྱི་ས་སྟེ། དེའང་ཐིག་ལེ་རྡོ་རྗེའི་རྩ་བ་ནས་ལྟེ་བའི་བར་དུ་ཀུན་ཏུ་འོད། སྙིང་ག་ནས་མགྲིན་པའི་བར་པདྨ་ཅན། སྤྱི་བོ་ནས་ལུས་ཐམས་ཅད་ལ་ཁྱབ་པ་རྡོ་རྗེ་འཛིན་པའམ་འཁོར་ལོ་ཚོགས་ཆེན་གྱི་སའོ། །དེའང་ཐིག་ལེ་རྡོ་རྗེའི་རྩ་བ་ནས་རྩེ་མོར་ཕར་འགྲོ་བ་ན་རྒྱུའི་ས་རྣམས་དང་། རྩེ་མོ་ནས་ནང་དུ་འོང་བ་ལ་འབྲས་བུའི་ས་སྦྱར་ནས་རྫོགས་པར་འདོད་པའི་ལུགས་ཡོད་ཀྱང་། འདིར་བླ་མའི་མན་ངག་གི་ཡས་བརྟན་དང་མས་བརྟན་གྱི་རིམ་པ་ལ་སྦྱར་བ་ཡིན་ནོ། །དེ་བཞིན་དུ་མངོན་ཤེས་དྲུག་དང་མཚན་དཔེ་ཡང་རྫོགས་ཏེ། ཐབས་ཀྱིས་དྲངས་པས་ཐིག་ལེ་རང་གནས་སུ་སླེབ་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ། ཐིག་ལེ་འགྲོ་འོང་བྱེད་པ་རྫུ་འཕྲུལ་གྱི་མངོན་ཤེས། བདེ་སྟོང་བརྗོད་པ་དང་བྲལ་བ་ལྷའི་རྣ་བ། སངས་རྒྱས་ཀྱི་ས་གསུམ་མཐོང་བ་ལྷའི་སྤྱན། བདེ་ལ་དེར་འཛིན་མེད་པས་ཟག་པ་མེད་པ་ལྷའི་ཤངས། ཡབ་ཡུམ་གཅིག་གིས་གཅིག་གི་རོ་མྱོང་ཚུལ་ཤེས་པས་གཞན་གྱིས་སེམས་ཤེས་པའི་མངོན་པར་ཤེས་པའོ། །ཡབ་ཡུམ་གྱི་དགའ་བ་བཅུ་དྲུག་ཉི་ཟླ་ཟུང་དུ་འབྲེལ་བ་ནི་མཚན་སུམ་ཅུ་རྩ་གཉིས། ཡབ་ཀྱི་ཟླ་བའི་ཐིག་ལེ་དགའ་བ་བཅུ་དྲུག་པོ་རེ་རེའང་ཡེ་ཤེས་ལྔ་ལྔ་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །ཡུམ་ལ་མི་ལྡན་ཏེ་ཆོས་ཉིད་སྟོང་པ་ཡིན་པའི་ཕྱིར་རོ། །དེ་དག་གི་དོན་ཡང་རྒྱ་མཚོ་ལས། ཐབས་ཀྱིས་ལྡོག་པས་སྔོན་གནས་ཤེས། །འགྲོ་འོང་རྫུ་འཕྲུལ་དེས་ལུང་གསལ། །བརྗོད་འདྲར་ཐོས་ཤིང་ས་གསུམ་གསལ། །ཕུང་ཁམས་ཡུལ་གྱི་ཟག་པ་མེད། །ཨཱ་ལི་ཀཱ་ལིའི་བདེ་བ་ཉིད། །ཕན་ཚུན་འདྲེས་ཤིང་གཅིག་པར་ཤེས། །བཅུ་དྲུག་ངོས་གཉིས་མཚན་དང་ལྡན། །ཕྱོགས་གཅིག་ཡེ་ཤེས་ལྔ་ལྡན་པ། །བརྒྱད་ཅུ་བཟོད་སོགས་རྒྱུ་ལས་འཕགས། །ཐིག་ལེ་གཉིས་མེད་བདེ་ཆེན་ཉིད། །ཅེས་སོ། །དེའང་རྒྱུའི་ཐེག་པས་བཟོད་པ་ལ་སོགས་པ་ཕྱི་རོལ་ཏུ་བསྐྲུན་པའི་དགེ་བས་མངོན་ཤེས་དང་མཚན་དཔེ་ཐོབ་པར་འདོད་པའི་ལུགས་ལས་ཁྱད་པར་དུ་འཕགས་སོ། །གཉིས་པ་ཤེས་ནས་ཉམས་སུ་བླང་ཚུལ་ནི་རླུང་སེམས་ལས་སུ་རུང་བས་ལས་ཀྱི་ཕྱག་རྒྱ་ལ་རོལ་བའི་བདེ་བས་བསྐུལ་ཏེ། ཡབ་ཡུམ་ལྷར་བསྐྱེད་པ་དང་། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་རློབ་པ་དང་། ཐིག་ལེ་དབབ་པ་དང་། རྡོ་རྗེའི་བུམ་པར་བཟུང་བ་དང་། གྱེན་དུ་ཧཱུྃ་གི་བ་ཐག་པ་རྒྱུས་པ་ལྟར་དྲང་བ་དང་། ལུས་ཐམས་ཅད་ལ་ཁྱབ་པར་དགྲམ་པ་དང་། དེ་ཐམས་ཅད་གནས་ལུགས་རྫོགས་པ་ཆེན་པོའི་ངང་ལ་རང་བཞིན་གཉིས་སུ་མེད་པར་མཉམ་པར་བཞག་པའོ། །དེའི་འབྲས་བུ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པ་སྟེ། ཨཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གསུམ་པ་དེའི་གྲོགས་ཙཎྜ་ལཱི་བསྒོམ་པ་ནི་རྒྱམ་ཚོ་ལས། ཟག་མེད་བདེ་བའི་མེ་སྦར་ཏེ། །བསྲེག་པ་སྟེང་གི་འཇོ་བར་བཤད། །ཅེས་པས། ལྟེ་འོག་སོར་བཞིའི་ཐད་རྩ་གསུམ་འདུས་པའི་མདོར་ཨཱཿཐུང་མེའི་རང་བཞིན་རེག་བྱ་ཤིན་ཏུ་ཚ་བ་ཡུངས་འབྲུ་ཙམ་ལ་སེམས་གཟུང་ངོ་། །དེ་བརྟན་ནས་མཐེ་བོང་ཙམ་ལ་མེ་འབར་བས་ལུས་ཀྱི་རྩ་གསུམ་པའི་རྩ་འདབ་དང་བཅས་པའི་ནང་ཁེངས་པས་ལས་དང་སྒྲིབ་པ་བསྲེགས། ཁམས་དྭངས་མ་དཀར་དམར་གྱི་བདུད་རྩིའི་རྒྱུན་སྤྱི་བོའི་ཧཾ་ལས་བབས་པས་ལུས་ཀྱི་ནང་ཐམས་ཅད་བདེ་སྟོང་གིས་ཁྱབ་པར་བསྒོམ་མོ། །དེ་ལྟར་བསྒོམས་པས་དྲོད་སྐྱེ་ཞིང་བདེ་སྟོང་གི་ཡེ་ཤེས་འཆར་བར་བྱེད་པའི་ཐབས་དམ་པའོ། །གཉིས་པ་གྲོལ་ལམ་ལ་གཉིས་ཏེ། སྣང་བ་ལྷའི་ཏིང་ངེ་འཛིན་བསྒོམ་པ་དང་། སྟོང་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དང་པོ་ནི། ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་པའི་ངང་ལ་བྱུང་ཚོར་གྱི་རྣམ་རྟོག་ཅི་སྐྱེས་བསྐྱེད་རིམ་གྱིས་ཟིན་པར་བྱེད་པའོ། །དེའི་མཐུས་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཐམས་ཅད་འགྲུབ་སྟེ། སེམས་རྩེ་གཅིག་པ་ཉིད་ཏིང་ངེ་འཛིན་གྱི་ངོ་བོ་དང་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། མཉམ་གཞག་ཏུ་སྣང་བའི་ཡུལ་དང་དེར་འཛིན་གྱི་བློ་གཉིས་སུ་མེད་པར་གང་སྣང་གི་ཐོག་ཏུ་མ་ཡེངས་པར་ཕྱམ་མེ་བཞག་པས་གཉིས་སུ་མེད་པའི་དོན་ལ་ངང་གིས་གནས་ཤིང་། རྗེས་ཐོབ་ཏུ་སྣང་བ་སྒྱུ་མ། རིག་པ་རང་གྲོལ་ཆོས་ཉིད་རྫོགས་པ་ཆེན་པོར་རྩལ་སྦྱང་བར་བྱའོ། །དེ་ལྟར་སྦྱངས་པས་སེམས་གནས་པའི་ཞི་གནས་དང་། རང་བཞིན་མེད་པའི་དོན་རྟོགས་པའི་ལྷག་མཐོང་ཟུང་འབྲེལ་དུ་འཆར་རོ། །དེ་ལྟར་ཞི་གནས་ཀྱིས་ཟིན་པའི་ལྷག་མཐོང་བསྒོམས་པས་ཉོན་མོངས་པ་མགོ་ནོན་པ་དང་རྩ་བ་དྲུངས་ནས་འབྱིན་པ་ཡིན་ཏེ་ཡེ་ཤེས་རྒྱས་པ་ལས། ཞི་གནས་ཀྱིས་ནི་ཉོན་མོངས་མགོ་ནོན་ཞིང་། །ལྷག་མཐོང་དམ་པས་རྩ་བ་རབ་ཏུ་འབྱིན། །ཞེས་པ་དང་། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་པ་ལྟར་རོ། །དེའང་། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །ཞེས་པའང་འདི་ཉིད་ཀྱི་དོན་ལ་ཟེར་རོ། །ཚུལ་དེའི་འབྲས་བུ་ནི་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་འགྲུབ་པའོ། །དེའང་གང་ཟག་རྟོག་པ་ཤས་ཆུང་ཞིང་ཉོན་མོངས་པ་རགས་པ་རྣམས་ལ་ཐབས་ལམ་སྟེང་འོག་གི་སྒོ་གཉིས་བསྟན་ཞིང་། རྟོག་པ་ཤས་ཆེ་བ་ལ་ནི་ལྷ་དང་མི་རྟོག་པ་བསྒོམ་པའི་རིམ་པ་བསྟན་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ལས། བདེ་སྟོང་གི་དོན་ལ་བསྒོམ་པའི་ཚུལ་ནི་ཡབ་ཡུམ་གྱི་དྭངས་མ་དཀར་དམར་གྱི་སྙིང་པོ་ཐིག་ལེ་རྡོ་རྗེ་དང་པདྨའི་རྩེར་ཕན་ཚན་འདྲེས་ཤིང་མཉམ་པར་སྦྱོར་བས་ཐོབ་པའི་བདེ་བ་དང་སྟོང་པའི་ཡེ་ཤེས་མཆོག་ཏུ་གསང་བའི་རོལ་མོ་ཡིས་མཁའ་གསང་གི་དཀྱིལ་འཁོར་དུ་སྤྱན་དྲངས་པའི་ལྷ་རྣམས་མཆོད་ཅིང་། རླུང་གིས་གྱེན་དུ་དྲངས་ཏེ་འཁོར་ལོ་བཞིའི་རྩ་དང་ལུས་ཐམས་ཅད་ན་རང་བཞིན་གྱིས་གནས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་རང་གི་སེམས་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རབ་ཏུ་དགྱེས་པ་ཆེན་པོར་གྱུར་པ་ལ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་འབུལ་བའོ། །གཉིས་པ་དེའི་འབྲས་བུ་ནི་དེ་ལྟར་ཟག་པ་མེད་པའི་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས་གནས་སྐབས་རིག་འཛིན་གསུམ་དང་གྲུབ་པ་ཆེན་པོ་བརྒྱད་ཐོབ་ཅིང་། མཐར་ཐུག་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ཞིང་ཡེ་ཤེས་ཀྱི་སྒྱུ་མར་སངས་རྒྱས་ཉིད་ལ་རང་སྣང་བ་ལྷུན་སྟུག་པོ་བཀོད་པའི་རང་བཞིན་བཀོད་པ་ཚད་མེད་པའི་རོལ་མོ་རིགས་ལྔའི་དཀྱིལ་འཁོར་བསམ་ཡས་དང་མཆོག་ཆོས་སྐུའི་ཞིང་ཁམས་ཀུན་ཏུ་བཟང་པོའི་གཞི་ལ་མཐར་ཕྱིན་པ་ཉིད་འཐོབ་བོ། །གསུམ་པ་གསང་བ་འོད་གསལ་གྱི་རིམ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། འོད་གསལ་གྱི་རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ནི། རྒྱ་མཚོ་ལས། ཡེ་ནས་མངོན་རྫོགས་སངས་རྒྱས་ཆོས། །ལུས་ཅན་ཀུན་ལ་གནས་པའི་ཕྱིར། །ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་ནི། །ལུས་ཅན་ཀུན་གྱི་ལུས་ལ་གནས། །ཞི་དང་ཁྲོ་ཚུལ་དཔག་མེད་འཆང་། །ཚེ་འདི་ཉིད་དམ་བར་མ་དོར། །གོམས་པའི་དབང་གིས་གསལ་བར་བྱེད། །ཅེས་པས། སེམས་ཅན་ཐམས་ཅད་ཀྱི་སྙིང་ག་ན་རྒྱལ་བ་བཞི་བཅུ་རྩ་གཉིས་དང་། སྤྱི་བོ་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆ་ཕྲ་ལ་དྭངས་པ་འོད་ལྔའི་རང་བཞིན་ཀུན་རྫོབ་ཀྱི་ཐིག་ལེའི་དྭངས་མ་ལ་བརྟེན་ནས་རྩ་འདབ་རྣམས་ལ་ཚོམ་བུའི་ཚུལ་དུ་གནས་པ་ནི་གཞི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འོག་མིན་ན་བཞུགས་པ་ཞེས་བྱ་སྟེ། བསྐྱེད་རྫོགས་གོམས་པར་བྱས་པས་དེའི་རང་བཞིན་གསལ་བར་མཐོང་ངོ་། །དེའང་རྣམ་སྨིན་གྱི་རྒྱ་ལས་མ་གྲོལ་བར་མི་སྣང་སྟེ། ཤ་ཁྲག་གི་ལུས་རགས་པས་བསྒྲིབས་པའི་ཕྱིར་རོ། །འདི་ཉིད་བསྐྱེད་རྫོགས་བརྟན་ཞིང་ཡིད་ལྷའི་སྐུ་འཇའ་ཚོན་ལྟ་བུ་ཤིན་ཏུ་གསལ་ཡང་ལུས་རྒྱ་ལས་མ་གྲོལ་ལ། གྲོལ་མ་ཐག་ཏུ་ཕྱག་རྒྱ་ཆེན་པོའི་དོན་མཐོང་བ་རྣམས་ནི་རྣམ་པར་སྨིན་པའི་རིག་འཛིན་ཏེ་བར་དོར་ལྷའི་སྐུར་གྲོལ་ནས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལྟ་བུའི་བསྐྱེད་པ་དང་རྫོགས་པ་ལ་བརྟེན་ནས་ལུས་འདི་ཉིད་སྐྱེ་ཤི་མེད་པར་གྱུར་པ་སྒྲིབ་པ་ཅུང་ཟད་སྦྱོངས་པ་ནི་ཚེ་དབང་དང་། ཕྱག་རྒྱ་ཆེན་པོས་ལུས་མ་བོར་བར་སངས་རྒྱས་ཐོབ་ཅིང་། ལྷུན་གྲུབ་ནི་སངས་རྒྱས་ཉིད་དེ་དཀྱིལ་འཁོར་དེ་ཉིད་མངོན་དུ་གྱུར་པའོ། །དེ་ལྟ་བུའི་འོག་མིན་ཡེ་ནས་རང་ལ་ཡོད་པས་བསྐྱེད་རྫོགས་གསལ་བཏབ་པས་འཚང་རྒྱ་བ་ཡིན་གྱི། སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་དག་པ་ཕྱོགས་བཅུའི་འཇིག་རྟེན་གཞན་ནས་བཙལ་ཞིང་བསྒྲུབ་ཏུ་མེད་དེ། ཕྱོགས་བཅུ་དུ་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་གསུངས་པ་ཡིན་ནོ། །གཉིས་པ་ནི། མཚན་མོའི་ཁང་པ་ཡིད་དང་མཐུན་པར་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བཅས་ཏེ་མི་གཡོ་བར་བྱ་སྟེ། ལམ་རིམ་ལས། དེ་ཕྱིར་ལྷག་མ་ཆ་མཉམ་པའི། །བདེ་ལྡན་བྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་ཚུལ། །འཛིན་རྩོལ་མེད་པའི་སེམས་ཀྱི་འདུག །ཅེས་སོ། །འདིས་མི་གཡོ་བ་གསུམ་བསྟན་པའོ། །ཆོས་བདུན་ནི་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་གཞག །སྐེད་པ་དོང་རྩེ་ལྟར་བསྲང་བ། མགྲིན་པ་ཡིད་ཙམ་དགུ་བ། མིག་སྣ་རྩེ་ལ་དབབ་པ། ལྕེ་ཡ་རྐན་ལ་སྦྱར་བ། མཆུ་དང་སོ་ཐ་མལ་པར་གཞག་པའོ། །ཁྱད་པར་དུ་སྨིན་མཚམས་ནས་སོར་བཅུ་གཉིས་ཀྱི་ནམ་མཁའ་ལ་བལྟ་ཞིང་ངག་མི་སྨྲ་བ་དང་། སེམས་གང་དུ་མི་བསམ་པར་ནམ་མཁའི་ངང་དུ་བཞག་པའོ། །དེ་ལྟར་ཞག་གཅིག་དང་། གསུམ་དང་། བདུན་དུ་བྱས་པས་དུ་བ་ལ་སོགས་པའི་མཚན་མ་མཐོང་ངོ་། །དེ་བཞིན་བཅུ་བཞི་དང་། ཉེར་གཅིག་དང་། ཟླ་བ་གཅིག་ཏུ་བྱས་པས་དང་པོར་དུ་བ་ལྟ་བུ་དང་། སྤྲིན་དང་། མིག་སྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། ཉི་མའི་སྣང་བ་འདྲ་བ་མཐོང་སྟེ། ལམ་རིམ་ལས། སྨིག་རྒྱུ་དུ་བ་སྤྲིན་མེ་ཁྱེར། །མར་མེ་ཉི་མའི་ཚུལ་དུ་སྦྱར། །ཞེས་སོ། །དེ་དག་གི་ཚེ་ལུས་ངག་ཡིད་གསུམ་གྱི་ཕྱི་ནང་གསང་བའི་བྱ་བ་ཐམས་ཅད་སྤངས་ལ་གནས་པར་བྱ་སྟེ། དེ་ཉིད་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་ཀུན། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །རྒྱུད་ལ་ལྡན་ཀྱང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་ཕྱིར་རོ། །ཞེས་སོ། །དེ་ལྟར་མུན་པའི་རྣལ་འབྱོར་ལ་གོམས་ནས་ཉིན་མོའི་ཚེ་སྔ་མ་བཞིན་དུ་འདུག་ལ་གང་དུའང་དྲན་བསམ་བྲལ་བའི་ངང་དུ་བཞག་སྟེ། དེ་ལས། མི་དམིགས་ཤིན་ཏུ་མི་དམིགས་དང་། །རྗེས་སུ་མི་དམིགས་རིམ་པ་ཡིས། །མི་གནས་མི་རྟོག་རློམ་སེམས་མེད། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཅེས་སོ། །དེའང་ཕྱི་གཟུང་བའི་ཡུལ། ནང་འཛིན་པའི་སེམས། བར་རང་གི་ལུས་ངག་དང་བཅས་པ་ལ་འཛིན་པ་མེད་པར་ཤིན་ཏུ་མི་དམིགས་པ་ལ་སོགས་པའོ། །དེའི་ཚེ་གང་དུའང་མི་རྟོག་པས་ཞི་གནས་ལ། གསལ་བས་ལྷག་མཐོང་སྟེ་ཟུང་དུ་འབྲེལ་བའོ། །དེ་ལྟར་ཟླ་བ་དྲུག་དང་། ལོ་གཅིག་དང་། ལོ་གཅིག་ཟླ་བ་གཉིས་སམ་བཞིར་བརྩོན་པར་བྱས་ན་སྟེང་གི་རླུང་རྒྱུ་བ་རགས་པ་རྣམས་འགགས་ཏེ། ཡེ་ཤེས་ཀྱི་རླུང་ལ་དབང་ཐོབ་ནས་རྣམ་སྨིན་དང་ཚེ་དབང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གསུམ་རིམ་པས་ཐོབ་ཅིང་། ལོ་སྟོང་དྲུག་བརྒྱ་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ། འདི་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་སོ། །ཚུལ་འདི་འོད་གསལ་གྱིས་ཟག་མེད་འགྲུབ་པའི་དུས་ལ་སྦྱར་བ་ཡིན་ནོ། །དེའང་རྟགས་ནི་འོད་ལྔའི་སྣང་བ་སྣ་ཚོགས་དང་། ཐིག་ལེ་དང་། རིན་པོ་ཆེ་འབར་བ་འདྲ་བ་དང་། སྒྲ་གཅན་གྱི་དཀྱིལ་འཁོར་ལྟ་བུ་བཞི་སྣང་ངོ་། །འཇམ་དཔལ་ལས། འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པ་དང་། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །ཅེས་པ་དང་། ཕལ་པོ་ཆེ་ལས། རིན་ཅེན་རྒྱ་མཚོ་འབྲེལ་བ་ཡིས། །འོད་ཀྱི་དཀྱིལ་འཁོར་རྣམ་པར་བཀྲ། །ལ་ལ་ནམ་མཁའི་དཀྱིལ་ན་གསལ། །ཞེས་སོ། །དཔལ་བེའུ་དང་རིན་ཅེན་ནི་སྙིང་གའོ། །རྒྱ་མཚོ་ནི་མིག་གོ། །འབྲེལ་བ་ནི་ཤར་བ་སྟེ་སྟོང་གཟུགས་ནམ་མཁར་སྣང་བའོ། །དེ་ལྟར་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེའི་ཚེ་ཚེའི་དུས་བྱས་ན་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་དག་པར་སྐྱེ་སྟེ་ཚེ་དབང་ཐོབ་ནས་འཚང་རྒྱའོ། །དེའི་ཡོན་ཏན་ནི་གསང་བའི་ཐིག་ལེ་ཞེས་པ་ལ་སོགས་པའོ། །དེ་ནས་གོམས་པས་འབྱུང་བ་ལྔའི་རླུང་རྒྱུ་བ་ཡེ་ཤེས་སུ་ནུབ་སྟེ། ཡེ་ཤེས་ལྔའི་རང་བཞིན་སྣང་བས་ཁྱབ་པ་ནི་ཉམས་གོང་འཕེལ་གྱི་སྣང་བའོ། །དེ་ནས་གོམས་པ་ལས་སངས་རྒྱས་ཀྱི་ཞིང་ཁམས་རིགས་ལྔ་མཐོང་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་པའོ། །དེ་ནས་འབྱུང་བ་ལྔའི་རླུང་ཡེ་ཤེས་ལྔར་འཇུག་པའི་འཕེལ་ཟད་པས་སྣང་བ་ཐམས་ཅད་ནམ་མཁའི་སྤྲིན་མེད་པ་བཞིན་གྱུར་པ་ནི་ཆོས་ཉིད་ཟད་པའི་སྣང་བ་སྟེ་ལྷུན་གྲུབ་ཏུ་ཉེ་བའོ། །དེའང་སྣང་བ་དང་པོ་གཉིས་ནི་རྣམ་སྨིན་གྱི་རྟེན་ལ་མཐོང་ཞིང་། ཚད་ཕེབས་ནི་ཚེ་དབང་། ཟད་པ་ནི་ཕྱག་རྒྱའི་རིག་འཛིན་ཏེ། དེ་དག་རྫོགས་ནས་སངས་རྒྱས་ཀྱིས་ལྷུན་གྱིས་གྲུབ་པའི་རིག་འཛིན་འཐོབ་བོ། །ཚུལ་འདི་ལ་འཁྲུལ་ནས་ཁ་ཅིག་སྤྲུལ་སྐུ་ལོངས་སྐུ་གཉིས་འཁོར་ལོ་ཚོགས་ཆེན་དུ་འཇུག་པའི་འོག་ན་ཡོད་ཅེས་ཟེར་བ་ནི། ལམ་སྣང་གི་ལོངས་སྐུ་སྤྲུལ་སྐུ་དང་། མཐར་ཐུག་གི་ལོངས་སྤྲུལ་གཉིས་མ་ཕྱེད་པ་ཡིན་ནོ། །དེའང་སྣང་བ་དེ་དག་གི་ཚེ་སྣང་ལ་དེར་འཛིན་མེད་པའི་ཡེ་ཤེས་ནང་གི་ཉམས་འཆར་ཏེ། ལམ་རིམ་ལས། མཐའ་དང་དབུས་ཀྱང་བརྟག་ཏུ་མེད། །གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །ཞེས་སོ། །སྣང་བ་དང་པོའི་ཚེ་སྒོ་གསུམ་ལྷུག་པར་གནས་པས་ལུས་བདེ་ངག་གསལ་སེམས་མི་རྟོག་པའི་དྲོད་གསུམ་དང་དབུགས་ཕྱི་ནང་དུ་རྒྱུ་བ་རགས་པ་ལ་དབང་ཐོབ་སྟེ། དེ་ཉིད་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །བཟོད་པ་ཕྲ་མོ་ཐོབ་པ་དང་། །འགྱུ་བའི་དབུགས་ལ་དབང་ཐོབ་སྟེ། །དོན་ལ་རྣལ་དུ་ཕེབས་པ་དང་། །ངེས་པར་དྲོད་གསུམ་མྱོང་བའོ། །ཞེས་སོ། །དེའང་ཕྱི་རྟགས་སུ་འོད་དང་ཐིག་ལེའི་སྣང་བ་ནི་ཟད་པར་ཡི་གེའི་སྐྱེ་མཆེད་ཡིན་པས་མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔ་ཤས་ཆུང་ངུ་འགྲོ་བ་དང་། ཏིང་ངེ་འཛིན་བརྟན་པ་དང་སྣང་བ་མཆེད་པ་སྟེ། དེ་ལས། དེ་ལའང་སྔ་མ་ཕྱི་ནང་སྟེ། །ཕྱི་རོལ་ཟད་པར་སྐྱེ་མཆེད་དངོས། །མཐོང་དང་པདྨོའི་འོད་སོགས་མཐོང་། །ནང་དུ་བཟོད་ཐོབ་བྱེ་བྲག་དང་། །ཆུ་ལྔ་རྒྱུན་ལམ་བགས་ཀྱིས་གཅད། །ཅེས་སོ། །རྨི་ལམ་དགེ་བའང་མཐོང་སྟེ། དེ་ལས། རྣལ་འབྱོར་གནས་པའི་རྨི་ལམ་ཡང་། །གཅེར་བུར་ཕྱུང་ཞིང་དྲི་མ་དག །ཅེས་སོ། །སྣང་བ་གཉིས་པའི་ཚེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པའི་རྣམ་པར་རྟོག་ཅིང་སྣང་བ་ཆེར་མཆེད་པ་སྟེ། ལམ་རིམ་ལས། གཟུང་འཛིན་བྲལ་བའི་རིག་པ་ཉིད། །ཡེ་ཤེས་སྒྱུ་མར་མི་གཡོ་གསལ། །ཆུ་དང་ཆུ་ཟླ་ཇི་བཞིན་དུ། །མཚུངས་པར་གསལ་བའི་ངོ་བོར་བརྗོད། །རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། །ཡེ་ཤེས་སྒྱུ་མར་རང་སྣང་ཕྱིར། །ཆགས་སྡང་རེ་དོགས་མི་འབྱུང་སྟེ། །ཡེ་ཤེས་སྒྱུ་མ་གཞན་དུ་མིན། །ཞེས་སོ། །དེའི་ཚེ་འགྲོ་བ་ལ་རང་དབང་མེད་པའི་སྙིང་རྗེ་འབྱུང་སྟེ། རྡོ་རྗེ་ལས། དེ་ལྟར་སྒྱུ་མ་ཐོབ་གོམས་པས། །འཁོར་བའི་ཆོས་ལ་ཚད་མེད་པའི། །བྱང་ཆུབ་སེམས་ཀྱིས་ཕྲོགས་པར་འགྱུར། །མ་འཁྲུགས་འཁྲུལ་ལ་ངོ་མཚར་སྐྱེ། །དོན་མེད་འདུག་ལ་དེ་བཞིན་ཏེ། །ཚེ་འདི་སྤྱོད་ཡུལ་ཐམས་ཅད་ཀུན། །རྨི་ལམ་དུའང་སྒྱུ་མར་མཐོང་། །ཞེས་སོ། །དེའི་ཚེ་ཡོན་ཏན་ཚད་མེད་པ་སྐྱེ་སྟེ། དེ་ལས། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །སྤྱོད་ཡུལ་སངས་རྒྱས་ཉིད་དང་གཅིག །རྒྱུ་སྤྱོད་བསོད་ནམས་ཚོགས་ཆེན་ལྡན། །དེ་ཉིད་མ་ཆགས་ཡེ་ཤེས་ཆེ། །རྣལ་འབྱོར་ཕྱི་མ་རྩོལ་བ་མེད། །ཅེས་སོ། །ཚེ་དབང་ཐོབ་པར་བྱེད་དོ། །རྨི་ལམ་ན་ཡང་སྒྱུ་མར་མཐོང་བས་ཆོས་ཐམས་ཅད་ལ་འཛིན་ཞེན་མེད་པའོ། །དེའི་ཚེ་ལུས་ཤིང་བལ་ལྟར་ཡང་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང་། ཕྱི་ནང་གི་སྲིན་བུ་དང་ཤིག་སྲོ་མེད་པ་ལ་སོགས་པའི་རྟགས་དང་ལྡན་པའོ། །སྣང་བ་གསུམ་པ་ནི་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་རང་སྣང་བ་སྟེ། ལམ་རིམ་ལས། ཕུང་སོགས་དཀྱིལ་འཁོར་ལྷར་སྣང་བ། །རྒྱ་མཚོ་དྭངས་པའི་གཟུགས་བརྙན་བཞིན། །ཀུན་དངོས་རང་རིག་ལྷར་གསལ་བ། །གཅིག་དང་དུ་མ་ཡོངས་ཀྱི་མེད། །གསལ་ལ་ཡུལ་མེད་མི་གཡོ་བ། །རྣལ་འབྱོར་ངོ་བོར་རྒྱལ་བས་གསུངས། །རང་བཞིན་སྤྲོས་དང་རྣལ་འབྱོར་སྤྲོས། །དེའང་གདུག་འདུལ་ཞི་ཁྲོར་སྤྲོས། །འཁོར་ལོ་སྤྲོས་དང་ཕྱག་རྒྱ་སྤྲོས། །ཚོམ་བུ་སྤྲོས་དང་དཀྱིལ་འཁོར་སྤྲོས། །ཀུན་ནས་སྤྲོས་ཕྱིར་འབྲས་བུ་སྤྲོས། །སྤྲོས་པ་ཉམས་གསལ་རྣལ་འབྱོར་སྒྲའོ། །ཞེས་སོ། །སྣང་བ་འདི་དག་སངས་རྒྱས་སྟོང་ལ་སོགས་པའི་དཀྱིལ་འཁོར་བསྒོམས་པ་ལས་ཀྱང་སྣང་ཞིང་། འོད་གསལ་བ་ལས་དངོས་སུ་སྣང་བའོ། །དེའི་ཚེ་རྟགས་ཀྱང་ཁྱད་པར་དུ་འཕགས་པ་སའི་བདེན་པ་མཐོང་བ་རྣམས་དང་། ཁྱད་པར་དུ་དེ་ལས། མངོན་ཤེས་དྲུག་དང་རྩ་ལྔ་རྫོགས། །རབ་འབྲིང་ཆ་ཡིས་ཡུལ་ཁམས་གླིང་། །ཚུན་ཆད་གསལ་ཞིང་འདུལ་བར་བྱེད། །ཅེས་སོ། །རྩ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་ལྔ་ལྔར་ཕྱེ་བའི་ཡེ་ཤེས་ཐོབ་པའོ། །གསལ་བ་ནི་ལྷའི་མིག་གིས་བར་དུ་ཆོད་ཀྱང་མཐོང་བའོ། །འདི་ནས་རྨི་ལམ་མེད་དོ། །སྣང་བ་བཞི་པའི་ཚེ་ལུས་དང་སྣང་བའི་རྒྱ་ལས་གྲོལ་ཏེ། རྡོ་རྗེ་ལས། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལ་གྲོལ། །ཞེས་སོ། །དེའང་སྔོན་གོམས་པ་ལས་འབད་མེད་ལྷུན་གྱིས་གྲུབ་སྟེ། དེ་ལས། རང་གི་མི་གཡོ་མཐོང་གོམས་དང་། །དོན་དུ་གཉེར་རིམ་བརྩལ་བ་ཡིས། །ལམ་ཀུན་རྫོགས་པའི་སྟོབས་ཕྱིན་ཅིང་། །རྣལ་འབྱོར་བྲལ་ནས་ལྷུན་གྱིས་གྲུབ། །ལྷན་ཅིག་གནས་པའི་དྲི་མ་དག །ཅེས་སོ། །དེའི་ཡོན་ཏན་ཡང་ལམ་རིམ་ལས། མཉམ་པར་བཞག་ལས་མ་གཡོས་ཤིང་། །སྟོང་གི་འཇིག་རྟེན་བརྒྱ་སྟོ ང་ཕྲག །བཅུ་ཡི་རྡུལ་སྙེད་འཇིག་རྟེན་དང་། །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་ཁམས་སུ། །རྔོན་དང་སྨད་ཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་སོ། །དེ་ལྟར་སྣང་བ་བཞི་མཐར་ཕྱིན་ནས་འབྲས་བུ་སངས་རྒྱས་ཀྱི་ས་མཆོག་གསུམ་ལྷུན་གྱིས་གྲུབ་བོ། །དེའི་ཚེ་ཡོན་ཏན་ཉི་ཤུ་རྩ་ལྔར་གནས་པའི་དང་པོ་སྐུ་ལྔ་ནི། ཆོས་སྐུ་སྤྲོས་པ་དང་བྲལ་བ། ལོངས་སྐུ་འོད་གསལ་ཆེན་པོ། སྤྲུལ་སྐུ་ངེས་མེད་སྣ་ཚོགས། མངོན་བྱང་སྤང་རྟོགས་མཐར་ཕྱིན། རྡོ་རྗེ་མི་འགྱུར་ཆེན་པོ་སྟེ། ལམ་རིམ་ལས། ཆོས་དང་ལོངས་སྤྱོད་སྣ་ཚོགས་སྤྲུལ། །མངོན་བྱང་རྡོ་རྗེའི་རང་བཞིན་སྐུ། །ཞེས་སོ། །གསུང་ལྔ་ནི། ཆོས་སྐུའི་གསུང་བརྗོད་མེད་ཆེན་པོ་ནི། དེ་ལས། མ་སྐྱེས་དོན་གྱི་གསུང་མཆོག་གིས། །སྨྲ་བརྗོད་མེད་པར་གོ་བར་མཛད། །ཅེས་སོ། །ལོངས་སྐུའི་གསུང་འགག་མེད་རང་གསལ་ནི་མེ་ལོང་ལྟ་བུ་སྟེ། དེ་ལས། མེ་ལོང་ལྟ་བུར་ཆོས་བརྒྱད་ཀྱིས། །མཚོན་པའི་དབང་ཕྱུག་སྐུ་མཐོང་བས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེའི། །རྒྱུད་ལ་རྡོ་རྗེའི་དོན་སྣང་བྱེད། །ཅེས་སོ། །སྤྲུལ་སྐུའི་གསུང་ཡན་ལག་དྲུག་ཅུ་ནི། །དེ་ལས། དྲུག་ནི་རྩ་བ་ཡན་ལག་ཚུལ། །ཚངས་པའི་ངག་ལྟར་ལས་ཅན་ལ། །སྣང་བ་ཤ་ཡི་རྣ་བས་ཐོས། །ཞེས་སོ། །མངོན་བྱང་གི་གསུང་ཡེ་ཤེས་རང་གསལ་ནི། ཡང་དེ་ལས། རིག་པའི་ཡེ་ཤེས་མིང་ལྔ་ཡང་། །ཡི་གེ་ཕྲེང་བའི་བྱིན་རླབས་ཀྱིས། །རང་བཞིན་གསང་བའི་རྒྱུད་རྣམས་ཀུན། །ཉི་མ་ལྟ་བུར་གསལ་བར་སྣང་། །ཞེས་སོ། །རྡོ་རྗེའི་གསུང་གྲགས་སྟོང་དབྱེར་མེད་ནི། དེ་ལས། སྒྲ་ལྟར་གྲགས་དང་དབྱེར་མེད་པར། །མཐོང་ཐོས་བྱེད་པའང་དེ་ཉིད་མཐུས། །ཞེས་སོ། །དེའང་རང་སྣང་ལོངས་སྐུ་ནི་སྐབས་འདིར་ཆོས་ཀྱི་སྐུའི་ཁོངས་སུ་བསྡུས་ཏེ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་འབའ་ཞིག་ཡིན་པའི་ཕྱིར་རོ། །ཐུགས་ལྔའི་དང་པོ་དངོས་པོ་མེད་པར་གསལ་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། རྡོ་རྗེ་ལས། ནམ་མཁའ་ལྟ་བུར་ཡེ་གསལ་སྟོང་། །ཞེས་སོ། །རྟོག་པ་མེད་པར་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཡུལ་མེད་མེ་ལོང་ལྟར་གསལ་བ། །ཞེས་སོ། །བཟང་ངན་མེད་པར་གསལ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། མི་ཕྱེད་བླང་དོར་མེད་མཉམ་ཞིང་། །ཞེས་སོ། །ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་སོ་སོར་རྟོག་པའི་ཡེ་ཤེས་ནི། ཉིད་ཀྱི་དབྱིངས་ལས་མི་གཞན་ཕྱིར། །ཤེས་དང་རང་སྤྱི་དབྱེར་མེད་གསལ། །ཞེས་སོ། །བདག་གཞན་གྱི་བྱ་བ་རྩོལ་མེད་དུ་བསྒྲུབ་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི། དོན་གཉིས་ལྷུན་རྫོགས་བྱ་བ་གྲུབ། །ཅེས་སོ། །དེ་དག་ནི་སྐུ་ལྔའི་ཐུགས་སོ། །ཡོན་ཏན་ལྔ་ནི་རིག་པ་ཞིང་ཁམས་རྣམ་དག་རྒྱ་དང་བྲལ་བའི་རང་བཞིན་ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་སྣང་སྟེ། རང་རྒྱུད་མེད་པའི་རིག་སྣང་བ། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི། །ཕྱོགས་བཅུ་མ་ལུས་སངས་རྒྱས་ཞིང་། །ཞེས་སོ། །རིག་པ་གཞལ་ཡས་ཁང་དུ་སྣང་སྟེ། ལྷུན་རྫོགས་རིག་པ་རང་སྣང་བ། །གཞལ་ཡས་ཁང་དང་གཟུང་དང་འཛིན། །འབྲལ་བའི་རང་བཞིན་རྟེན་པ་དང་། །བརྟེན་ཅན་མིན་པ་ཀུན་གྱི་གནས། །ཞེས་སོ། །རིག་པ་འོད་ཟེར་དུ་སྣང་སྟེ། རང་བཞིན་མ་བསྒྲིབས་གསལ་བའི་ཕྱིར། །སྣ་ཚོགས་འོད་ཟེར་ཕྱོགས་བཅུར་གསལ། །ཞེས་སོ། །རིག་པ་ཉིད་གདན་ཁྲིར་སྣང་སྟེ། སྟོབས་སོགས་འབྲས་བུ་ཀུན་རྫོགས་ཕྱིར། །གདན་ལྔའི་བྱེ་བྲག་སྣང་བའོ། །ཞེས་སོ། །རིག་པ་ཉིད་རྒྱན་དུ་སྣང་སྟེ། མ་སྤངས་ལྷུན་གྱིས་རྫོགས་པའི་ཕྱིར། །སྣ་ཚོགས་དཀྱིལ་འཁོར་ཆེན་པོའི་རྒྱན། །ཞེས་སོ། །དེ་དག་ནི་ལྷུན་སྟུག་པོ་བཀོད་པའི་ཞིང་ངོ་། །ཕྲིན་ལས་ལྔ་ནི་མཛད་པ་ལྔ་སྟེ། གདུལ་བྱའི་རྒྱུད་མཉེན་ཅིང་ཞི་བར་མཛད་པ་དང་། ཆོས་དང་ཟང་ཟིང་གིས་སེམས་ཅན་ཚིམ་ཞིང་རྒྱས་པར་མཛད་པ་དང་། འགྲོ་བ་དབང་དུ་མཛད་པ་དང་། གདུག་པ་ཅན་རྣམས་མངོན་སྤྱོད་དྲག་པོས་ཚར་གཅོད་པ་དང་། རིགས་ཐམས་ཅད་ཀྱི་བདག་པོས་ཕྱོགས་དང་རིས་ཐམས་ཅད་དུ་ཉེ་རིང་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། གདུལ་བའི་བྱ་བ་ཐ་དད་པས། །ཞི་དང་ཁྲོ་དང་མ་མོས་ཉམས། །ཞི་ཕྱིར་རྣམ་བཞི་རོལ་པ་རྣམས། །གང་ལ་འཚམས་པར་འདུལ་བར་མཛད། །དེ་ཉིད་རིགས་བཞིའི་ཆ་འཛིན་པ། །ལས་ཀྱི་རིགས་ལ་ལྷུན་གྱིས་གྲུབ། །ཅེས་སོ། །ཚུལ་འདི་ནི་རྒྱུད་འདི་ཡི་ཤིན་ཏུ་གསང་བ་གབ་ཅིང་སྦས་པའི་བརྗོད་བྱ་སྟེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་འོད་གསལ་རིན་པོ་ཆེའི་སྒྲོན་མ་ལས་འབྱུང་བ་ལྟར་བཀོད་པ་ཡིན་ནོ། །སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་འདའ་ཀ་མའི་གདམས་ངག་དང་སྦྱར་ན། དེ་ལྟར་བསྒོམས་པའི་དབང་པོ་ཐ་མ་རྣམ་སྨིན་གྱི་བར་དོར་གྲོལ་བར་བྱ་བའི་ཕྱིར། འཆི་ཁར་བསྐྱེད་རིམ་ལྷའི་དཀྱིལ་འཁོར་དང་། རྫོགས་རིམ་སྤྲོས་པ་མེད་པའི་ངང་ལས་མ་ཡེངས་པར་བྱས་པས། བར་དོར་ལྷའི་སྐུར་འཚང་རྒྱ་བར་བྱེད་དོ། །དབང་པོ་དམན་པ་རྣམ་སྨིན་མ་ཐོབ་པ་རྣམས་ནི། སྙིང་གའི་འོད་གསལ་ལ་སེམས་བཟུང་སྟེ་འོད་ཀྱི་གོང་བུ་དག་པའི་ཞིང་དུ་ཉི་ཟླའི་རླུང་འཕོ་བ་དང་མཉམ་དུ་འཕངས་པས་ཕྱི་མ་དེ་ལ་རྣམ་སྨིན་ནམ་ཚེ་དབང་ཐོབ་ནས་དག་པའི་ཞིང་དུ་འཚང་རྒྱ་བར་བཤད་དོ། །ཡང་ཁ་ཅིག་བར་དོར་ཞི་ཁྲོའི་དཀྱིལ་འཁོར་ཤར་བ་ལ་རང་ངོ་ཤེས་པས་གྲོལ་བར་ཡོད་པ་ཡང་གསུངས་ཏེ། ཕྱག་རྒྱའི་རིག་འཛིན་ལྷུན་གྲུབ་ཐོབ་ནས་དེ་ཉིད་དུ་གྲོལ་བར་ངེས་སོ། །དེ་བས་ན་ལེའུ་འདིའི་བརྗོད་བྱའི་དངོས་གཞི་ནི་འོད་གསལ་གྱི་དོན་ལ་འཇུག་པར་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། །དེ་དག་གིས་སྤྱིའི་དོན་བཤད་ཟིན་ཏོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། དང་པོ་གཞི་འོད་གསལ་གྱི་རང་བཞིན་ངོས་གཟུང་བ་ནི་འཁོར་ལོ་བཞི་དང་ཁྱད་པར་སྙིང་ག་ན་གནས་པ་འོད་གསལ་གསང་བའི་ཐིག་ལེ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་ཀྱི་ཆོས་དབྱིངས་འོག་མིན་སྟུག་པོ་བཀོད་པའི་རང་བཞིན་དུ་གནས་པ་དེ་ནི་ཡེ་ནས་སངས་རྒྱས་ཀུན་གྱི་དངོས་པོར་ལྷུན་གྱིས་གྲུབ་པས་སྐུ་གསུམ་རང་ལ་གནས་པ་ཞེས་བྱའོ། །དེ་ལས་ལོངས་སྤྲུལ་མངོན་པར་སྣང་བའི་གཞི་བྱེད་པའོ། །གཉིས་པ་ལམ་ཡེ་ཤེས་ཀྱི་སྣང་བ་ངོས་གཟུང་བ་ནི་དེ་ལྟ་བུའི་དཀྱིལ་འཁོར་བསྒོམས་པས་ཏིང་ངེ་འཛིན་གྱི་སྣང་ཡུལ་འོད་དང་ཐིག་ལེ་ལ་སོགས་པ་རྟགས་བཅུའི་རང་བཞིན་མཐོང་བ་ནི། ཕྱོགས་བཅུ་དུས་བཞིར་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཡོན་ཏན་དང་ཕྲིན་ལས་དང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་ཀྱི་ཞལ་མཐོང་བ་ཡིན་ཏེ། རྒྱས་པ་ལས། མཚན་མ་མེད་པའི་དོན་མཐོང་ན། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མཐོང་། །ཞེས་པ་དང་། ཆོས་གཅིག་མཐོང་བས་ཀུན་མཐོང་བ་དང་། སངས་རྒྱས་མཐར་ཐུག་ཆོས་སྐུར་བཤད་པ་དང་། སྐྱེ་མེད་ཀྱི་དོན་ལ་གོམས་པས་སངས་རྒྱས་ཀྱི་ཞལ་མཐོང་བར་གསུངས་པའི་ཚུལ་གྱིས་སེམས་ཉིད་རང་བཞིན་གྱིས་དག་པའི་སངས་རྒྱས་ལ་ཏིང་ངེ་འཛིན་གྱིས་དབང་སྒྱུར་བ་དེ་ཉིད་ཆོས་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་དམ་པ་ཡིན་ཏེ། གནས་ལུགས་མཐར་ཐུག་གི་དོན་བསྒོམས་པ་ཡིན་པའི་ཕྱིར་རོ། །ཡེ་ཤེས་དམ་པ་ལས། ངང་གིས་མི་གཡོ་ཏིང་འཛིན་མཆོག །ཆོས་རྣམས་ཀུན་གྱི་སྙིང་པོའོ། །ཞེས་སོ། །དེ་ལྟར་བསྒོམས་པའི་ཚེ་རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་བསྐྱེད་པའི་དཀྱིལ་འཁོར་ལ་གནས་པ་དེས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་བསྒོམ་པ་ཉིད་ཤེས་རབ་རྫོགས་པའི་རིམ་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པས་ལམ་གོང་ནས་གོང་གི་ཡོན་ཏན་རྫོགས་པར་མངོན་དུ་བྱེད་དོ། །ཁྱད་པར་རང་སྣང་རིགས་ལྔའི་ཞིང་དུ་གྱུར་པ་དེའི་ཚེ་ཕྱི་དང་ནང་གི་རྩ་གནས་འཁོར་ལོ་ཐམས་ཅད་ན་ཡེ་ཤེས་ཀྱི་རང་བཞིན་རིག་པའི་རྒྱན་དུ་ལྷ་སོ་སོའི་དཀྱིལ་འཁོར་མ་ལུས་པ་ཐོགས་ཏེ། ཡོན་ཏན་བརྒྱ་ཕྲག་བཅུ་ལ་སོགས་པས་མཛེས་སོ། །དེ་ནས་དེ་དག་གི་འཛིན་པ་ཐམས་ཅད་ཟད་པ་ན་ས་དང་ལམ་གྱི་རང་བཞིན་ཡེ་ནས་དག་པའི་ཆོས་ཉིད་ཟད་པ་ལ་ཐུག་གོ། །འབྲས་བུ་ནི་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཆོས་སྐུའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ལས་ཐུགས་རྗེ་སྤྲུལ་པའི་དཀྱིལ་འཁོར་མ་ལུས་པ་ལྷུན་གྲུབ་ཆེན་པོར་ཡོངས་ཀྱིས་འབྱུང་ཞིང་། དེའི་མཐུས་ཕྱོགས་བཅུ་དུས་བཞིའི་འཇིག་རྟེན་དྲུག་གི་དཀྱིལ་འཁོར་མ་ལུས་པ་འདུལ་བའི་མགོན་དུ་གྱུར་པ་སྟེ། ཐུབ་པ་དྲུག་ལ་སོགས་པའི་རང་བཞིན་དུ་སྣང་བས་སེམས་ཅན་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཡིས་གང་ལ་གང་འདུལ་དུ་སྣང་ཡང་། སྣང་དུས་ཉིད་ནས་བསྒྲལ་བར་བྱ་བའི་སེམས་ཅན་རང་མཚན་པ་དང་སྒྲོལ་བར་བྱེད་པའི་སྤྲུལ་སྐུ་བདེན་པར་མེད་པའི་ཚུལ་གྱིས་གདུལ་བྱ་དང་འདུལ་བྱེད་ཀྱི་དཀྱིལ་འཁོར་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་སྤྱོད་པ་འཐོབ་པའོ། །དེ་སྐད་དུའང་སྒྱུ་འཕྲུལ་དྲྭ་བ་ལས། སེམས་ཅན་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དཔེར་ན་སྒྱུ་མའི་མཁན་པོའི་འགས། །གྱོ་མོ་སོགས་ལ་སྔགས་བཟླས་ཏེ། །ལེགས་པར་བྱས་པའི་གཟུགས་དག་ལ། །སྦྱོར་བ་གོམས་པ་བསྣུན་ན་ནི། །རྐང་བཞི་པ་ལ་སོགས་པའི་གཟུགས། །ཞེན་པའི་སེམས་ལ་སྣང་བར་འགྱུར། །དེ་བཞིན་བསོད་ནམས་ཡེ་ཤེས་ལས། །བྱུང་བའི་ཚོགས་ཀྱིས་བགོས་པའི་སེམས། །སེམས་ཅན་རྣམས་ཀྱི་བསམ་པ་ལ། །བླ་མེད་བྱང་ཆུབ་སྣང་བར་བྱེད། །ཅེས་སོ། །གསུམ་པ་དོན་བསྡུ་བ་ནི། ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་སུ་རྫོགས་པའི་དཀྱིལ་འཁོར་དུ་གནས་པ་ལ། དེ་ལྟར་ཤེས་པར་བྱེད་པའི་ཐོས་པ་དང་དེའི་དོན་སེམས་ཀྱིས་དཔྱོད་པའི་བསམ་པ་དང་། དེ་ཐོག་ཏུ་སྒོམ་པར་བྱེད་པའི་རང་བཞིན་ཐབས་བསྐྱེད་པ་དང་ཤེས་རབ་རྫོགས་པའི་རིམ་པ་མཉམ་པར་སྦྱོར་བའི་དོན་གྱིས་བསྒྲུབས་པའི་འབྲས་བུ་རང་བྱུང་གི་ཡེ་ཤེས་གདུལ་བྱའི་དོན་ལ་ཐུགས་རྗེ་ཆེན་པོས་ཀུན་ནས་ངམ་པར་མཛད་པའི་ཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པར་ཐོབ་པའོ། །དེ་ལྟ་བུའི་ཚུལ་ཕུན་སུམ་ཚོགས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བསླུ་བ་མེད་པའི་ཆོས་སུ་ཞལ་གྱིས་བཞེས་ཤིང་ལམ་བསྐྱེད་རྫོགས་གཉིས་སུ་མེད་པར་བསྒོམས་པས་འབྲས་བུ་སངས་རྒྱས་འགྲུབ་པའི་རངབཞིན་ལས་འདའ་བར་མི་མཛད་པའི་དམ་ཚིག་གི་མཆོག་ཏུ་བསྟན་པ་ཡིན་ནོ། །གཉིས་པ་དེ་གཞན་ལས་ཁྱད་པར་འཕགས་པའི་ཚུལ་ལ་གསུམ་ལས། སྒྲུབ་པོ་གང་ཟག་གི་ཆེ་བ་ནི། རྣལ་འབྱོར་པ་གང་ཞིག་ཐེག་པ་འདི་ལ་མོས་པར་གྱུར་པ་ཙམ་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་རང་རང་བཞུགས་པའི་ཕྱོགས་དང་དུས་མ་ལུས་པ་ཀུན་ནས་དུས་དང་རྣམ་པ་ཐམས་ཅད་དུ་གསང་ཆེན་དོན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རྒྱུད་ལ་བསྙེན་པ་སྟེ་མྱུར་དུ་འཐོབ་པ་ཡི་རང་བཞིན་རྨད་དུ་བྱུང་བའི་གསང་བ་ལ་ཉེ་བའི་སྲས་སུ་དགོངས་པར་འགྱུར་རོ། །དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བུ་སྟོང་ཡོད་ཀྱང་མཚན་དང་ལྡན་པ་དེ་བུའི་དམ་པར་འཛིན་པ་བཞིན་དུ་ཉན་རང་དང་རྒྱུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉེ་བའི་སྲས་མ་ཡིན་ཏེ། དེ་དག་གིས་སངས་རྒྱས་ཀྱི་དགོངས་པ་རང་བཞིན་གསང་བའི་སྙིང་པོ་ཐོས་པ་ལ་སོགས་པའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །གཉིས་པ་སྒྲུབ་ཐབས་ལམ་གྱི་ཆེ་བ་ལ་བཞི་ལས། ལམ་ཀུན་གྱི་འབྲས་བུ་ཡིན་པའི་ཆེ་བ་ནི། དུས་ཀྱི་ཡུན་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་དུ་རྒྱུའི་ཐེག་པ་སྣ་ཚོགས་ལ་ཤིན་ཏུ་སྦྱངས་ཏེ་དེ་ལ་རབ་ཏུ་གནས་པར་བྱས་ཤིང་བརྩོན་པ་དང་། གསང་སྔགས་ཀྱི་ཐེག་པའི་སྒོ་ནས་ཕྱི་ནང་གི་དཀྱིལ་འཁོར་མ་ལུས་པ་བསྙེན་ཅིང་བསྒྲུབ་པ་དེ་ཐམས་ཅད་ཀྱི་དོན་དུ་གཉེར་བྱ་ཡི་འབྲས་བུ་གསང་ཆེན་ཨ་ཏི་ཡོ་གའི་ཐེག་པ་འདི་ཡིན་ཏེ། འཚང་རྒྱ་བ་ལ་ཐམས་ཅད་ལམ་འདི་ལ་རག་ལུས་པའི་ཕྱིར་རོ། །གཉིས་པ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན་པར་བསྟན་པ་ནི། སྣྲེལ་གཞི་དང་སྟེང་འོག་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་སྔར་འདས་པ་དང་ད་ལྟར་བྱུང་ནས་འགྲོ་བའི་དོན་མཛད་པ་ཡི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱང་ལམ་འདི་ལ་མངའ་བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བགྲོད་ལམ་གཅིག་པུ་འདི་ལས་གཞན་མེད་པའི་ཕྱིར་རོ། །དེའང་རྒྱུའི་ཐེག་པས་བགྲོད་ཀྱང་འབྲས་བུའི་ཐེག་པར་འཇུག་དགོས་ཏེ། སངས་རྒྱས་འབྲས་བུའི་ཐེག་པ་ལས་འབྱུང་བའི་ཕྱིར་ཏེ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་འགྲུབ་བོ། །གསུམ་པ་རྣལ་འབྱོར་པ་ཀུན་གྱི་ལམ་ཡིན་པར་བསྟན་པ་ནི། སྔར་དང་ད་ལྟར་བྱུང་བའི་རྣལ་འབྱོར་པ་ཀུན་དང་མ་འོངས་པ་ན་འབྱུང་བའི་རིག་འཛིན་གྱི་རྣལ་འབྱོར་པ་ཐམས་ཅད་ཀུན་ལམ་འདི་ཡིས་ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་ཀྱིས་འགྲུབ་པར་འགྱུར་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་ལ་ཐ་དད་མེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་ལས་ཀྱང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །ཞེས་སོ། །བཞི་པ་རྒྱུའི་ཐེག་པ་ལས་ཁྱད་པར་འཕགས་པའི་ཚུལ་ནི། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཚུལ་འདི་ནི་ཐེག་པ་འོག་མ་ལ་གྲགས་པའི་གསང་ཆེན་འབྲས་བུ་མངོན་དུ་བྱེད་ངེས་པ་ཡི་མན་ངག་ཚེ་འདི་ཉིད་ལ་འབྲས་བུའི་ངོ་བོ་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་ལམ་དུ་བྱས་པས་གཞན་ནས་བསྒྲུབ་མ་དགོས་པར་རང་ཆས་སུ་གྲུབ་པའི་སངས་རྒྱས་ཉེ་ལམ་འདིས་མངོན་དུ་གྱུར་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་སོ། །གསུམ་པ་དེ་ལས་མཆོག་ཏུ་གྱུར་པའི་ལམ་གཞན་མེད་པར་བསྟན་པ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྔ་ཕྱིར་གཤེགས་ཤིང་ད་ལྟར་བཞུགས་པའི་དཀྱིལ་འཁོར་སྲས་དང་བཅས་པ་མ་ལུས་པ་ཐམས་ཅད་ལ་ཨ་ཏིའི་ཐེག་པ་ཡེ་གྲོལ་ལྷུན་གྱིས་རྫོགས་པ་འདི་ལས་གཞན་གྱི་ཉེ་ལམ་གསང་བའི་ངེས་དོན་ཅུང་ཟད་ཀྱང་མེད་དེ། དེ་ལས་བཟང་བའི་ཆོས་གཞན་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་ན་སངས་རྒྱས་ཀྱིས་བཙལ་བས་རྙེད་པར་རིག་པ་ལ་གཞན་དུ་བཙལ་ཀྱང་རྒྱལ་བས་དེ་ལས་བཟང་བའི་ཆོས་ནམ་ཡང་མི་བརྙེས་སོ་སྟེ་མི་རྙེད་པའི་དོན་ཏོ། །འདིར་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་དོན་ཡང་འགྲོ་བའི་སེམས་དང་དབང་པོ་ལ་སོགས་པ་ཡེ་ནས་སངས་རྒྱས་པ་ཉིད་མཐར་ཐུག་གི་འབྲས་བུ་ཐོབ་དུས་ནའང་དེ་ཐོག་ཏུ་ཕྱིན་པ་ལས་གཞན་མེད་པས་དེ་སྐད་ཅེས་བྱ་སྟེ། རྒྱ་མཚོ་ལས། དཔག་བསམ་ཤིང་དང་རིན་ཅེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟར་གནས། །དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བགྲོད་དུ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཞེས་སོ། །འོ་ན་འབྲས་བུ་ཡིན་ན་གདོད་བསྐྱེད་རྫོགས་ལ་སོགས་པས་ཅི་བྱ་སྙམ་ན། དེ་ལྟར་གནས་པ་དེ་མཐར་ཐུག་གི་བགྲོད་བྱའི་ཆ་ནས་འབྲས་བུར་བཞག་ཅིང་། དེའི་ངོ་བོ་མ་རིག་པས་བསྒྲིབས་ཏེ་ཡིན་ཡང་ཕྱིན་ཅི་ལོག་ཏུ་སྣང་བ་དུང་སེར་འཛིན་བཞིན་གྱུར་པ་སྦྱོང་དུས་རང་གི་ངོ་བོ་དང་པོའི་གཞི་ཐོག་ཏུ་ཕེབས་ཤིང་འཁྲུལ་སྣང་གློ་བུར་བ་ལྡོག་པ་ལས་འབྲས་བུ་གཞན་ཞིག་སྔར་མེད་གསར་བྱུང་དུ་བསྒྲུབ་པ་མ་ཡིན་ཏེ། ཀུན་འདུས་ལས། བཙལ་ནས་ཐོབ་པ་མ་ཡིན་ཏེ། །རྒྱུ་ཉིད་དུས་ན་འབྲས་བུའི་མཆོག །ཅེས་སོ། །གསུམ་པ་གང་ལ་གདམས་པའི་སྣོད་བསྟན་པ་ལ་གཉིས་ལས། སྐལ་བཟང་སྦྱིན་པའི་སྣོད་ནི། སངས་རྒྱས་ཀུན་གྱི་གསང་བ་ཕྱག་རྒྱ་ཆེན་པོ་གསང་སྔགས་ནང་བ་གསུམ་ཡིན་ལ། དེ་དག་གི་ནང་ནས་ཀྱང་མཆོག་ཏུ་འཕགས་ཤིང་ངོ་མཚར་བའི་མཆོག་རང་བཞིན་གསང་བའི་སྙིང་པོའི་རྒྱུད་ཡིན་པས་གང་ཟག་མང་དུ་ཐོས་པས་ཚིག་གི་རིམ་པ་ལ་མཁས་ཤིང་དེའི་དོན་བསམ་བྱུང་གི་ཤེས་རབ་ཀྱིས་དཔྱད་པས་དོན་གྱི་གནས་ལུགས་ལ་མཁས་པ་དེས་ཡང་དག་པའི་དོན་དེ་ཉིད་བསྒོམ་པ་ལ་ཡང་དང་ཡང་དུ་ལེགས་པར་རབ་ཏུ་སྦྱངས་པའི་ཤེས་རབ་ཀྱི་མིག་དང་ལྡན་པ་རྣམས་ཀྱིས་ཟུངས་ཤིག་པའོ། །དེའི་ནང་ནས་ཀྱང་རང་བཞིན་གསང་བའི་སྙིང་པོའི་སྣོད་དང་ལྡན་པས་ཟབ་མོའི་དོན་རླབས་པོ་ཆེ་ལ་མི་སྐྲག་ཅིང་མོས་པ་སེམས་ཀྱི་ངང་ཚུལ་དགེ་ཞིང་བཟང་བས་སྡིག་པ་སྤོང་ཞིང་རྐྱེན་གྱིས་མི་འགྱུར་ལ་དད་པ་བརྟན་པ་དེ་ལ་ཆོས་འདི་གཏད་པར་བྱ་ཞིང་རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མ་དང་ཆོས་ཀྱི་ཕྱོགས་སུ་གཏོང་ནུས་པ་ལ་ཡོངས་སུ་རྫོགས་པར་སྦྱིན་ཏེ། སྡུད་པ་ལས། ཆོས་ཕྱིར་སྲོག་ཀྱང་གཏོང་ལ་ཞུམ་པའི་སེམས་ཀྱང་མེད། །རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཞེས་པས། ནོར་བཟང་དང་རྟག་ཏུ་ངུ་ལྟ་བུ་ལ་ཚིག་དོན་རྫོགས་པར་སྦྱིན་ནོ། །གཉིས་པ་སྐལ་མེད་ལ་མི་སྦྱིན་པར་བསྟན་པ་ནི། སྦྱིན་པར་བྱ་བའི་སྣོད་ལས་གཞན་དུ་བསྟན་ཡང་མི་གོ་བ་དང་གོ་ཡང་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་སྡོམ་པ་དང་དམ་ཚིག་འཆལ་བ་བསྙེན་སྒྲུབ་ཚོགས་གཉིས་ལས་གཡེལ་བའམ་དངངས་ཤིང་སྐྲག་པ་སྐྱེ་བ་རྣམས་ལ་དུས་ནམ་ཡང་སྦྱིན་པར་མི་བྱ་སྟེ། ཉེས་པ་ཆེན་པོས་གདུང་བར་བྱེད་པའི་ཕྱིར་རོ། །གང་ཞེ་ན་ཡང་དག་པའི་དོན་ལ་རྨོངས་པས་མི་ཤེས་ཤིང་སྐལ་པ་མེད་པ་དང་། སྒོ་གསུམ་འཕྱར་བ་མ་བསྡམས་མ་ཞི་བས་སྡིག་པ་བྱེད་ཅིང་གསང་བ་སྒྲོགས་པ་ལ་སོགས་པ་རྣམས་ལ་གལ་ཏེ་བྱིན་ན་མཁའ་འགྲོ་དང་དམ་ཅན་གྱི་ཆད་པས་དུས་མིན་པར་ནི་སྲོག་ཟད་ནས་ཚེའི་དུས་བྱེད་ཅིང་། ཕྱི་མ་ལ་ཚ་དམྱལ་མུན་པ་མི་བཟད་པས་འཁྲིགས་པ་རྣམས་སུ་དམྱལ་བའི་མེས་བསྲེགས་ཤིང་གྲང་དམྱལ་གྱི་གངས་དང་བུ་ཡུག་ལ་སོགས་པས་སྦྲེབས་ནས་སྲོག་གི་ཟུངས་ཙམ་ལུས་ཀྱང་ཉམ་ཐག་པའི་སྡུག་བསྔལ་གྱིས་གདུངས་པར་ཡུན་རིང་གནས་ཏེ་བསྐལ་པ་སྟོང་ཕྲག་ཉི་ཤུ་ལ་སོགས་པར་ཐར་པའི་སྐབས་མེད་དོ། །དེ་སྐད་དུ་ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས། མཚོན་དང་མེ་དང་དུག་དང་ནི། །དེ་བཞིན་གདོན་དང་རིམས་རྣམས་དང་། །སྦྲུལ་དང་ཤ་ཟ་དག་གིས་ཀྱང་། །བསོད་ནས་དམྱལ་བ་ཆེན་པོར་སྐྱེ། །ཞེས་པ་དང་། མདོ་ལས། ཆོས་ཀྱི་ཕོངས་པའི་ལས་བསགས་པ་དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །ཞེས་སོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་དཀྱིལ་འཁོར་གྱི་དབང་ཕྱུག་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་རང་སྣང་དུ་བཀོད་པ་རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པར་མཛད་དོ། །མཆོག་ཏུ་གསང་བའི་སྙིང་པོ་རྫོགས་པ་ཆེན་པོའི་གདམས་ངག་ཚེ་འདི་ཉིད་དུ་གྲོལ་བར་བྱེད་པའི་དེ་ཁོ་ན་ཉིད་ངེས་པ་ལས། ཚེ་གཅིག་ལ་སངས་རྒྱས་ཐོབ་པར་བྱེད་པའི་དོན་ཐེག་པ་འོག་མ་ལ་ཤིན་ཏུ་གསང་བའི་མན་ངག་གི་སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། ༈ །།དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལ་བསྟོད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། ལམ་བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་འབྲས་བུ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བ་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། སྐུ་ལྔ་ཡེ་ཤེས་ལྔ་དང་བཅས་པ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་ལས་དང་པོ་སྐུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་སྐུ་ལྔ་རྫོགས་པས་ༀ་ཞེས་གླུའི་འགོ་འདྲེན་པར་བྱེད་པ་སྟེ། སྐུའི་དཀྱིལ་འཁོར་དེ་ཡང་སྐུ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་དུ་མཚོན་པའི་ཕྱིར་བསྟན་པའོ། །དེའང་གླུའི་ཡན་ལག་ལྔ་དང་ལྡན་པ་སྟེ། གླུ་ལེན་པ་པོ། གླུའི་དབྱངས། གླུའི་ཚིག །གླུའི་རྒྱན། གླུ་བྱིན་གྱིས་རློབ་པར་བྱེད་པ་རྣམས་སོ། །དེའང་གླུའི་དབྱངས་ནི་འདྲེན་པ་སྟེ། ལྔའི་རྗེས་སུ་སྐྱེས་པ། དྲུག་གི་རྗེས་སུ་སྐྱེས་པ། བར་མའི་རྗེས་སུ་སྐྱེས་པ། དྲི་ཟའི་རྗེས་སུ་སྐྱེས་པ། བློ་གསལ་གྱི་དབྱངས། འཁོར་ཉན་པ་རྣམས་འབྱུང་བ་ན་དབྱངས་ཀྱིས་འདྲེན་པའོ། །དེའང་སྐུ་དེ་ཡང་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ནོ། །དེའང་རང་སྣང་དག་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པའི་རང་བཞིན་སྤྲོས་པ་དང་བྲལ་བའི་དཀྱིལ་འཁོར་ནི། སྐུའི་ཐུགས་རྣམ་པར་དག་པའི་ཐིག་ལེ་ཆེན་པོ་གཉིས་སུ་མེད་པའོ། །དེ་ལྟ་བུའི་རང་སྣང་དེ་ཡང་བསོད་ནམས་ཕུན་སུམ་ཚོགས་པའི་རང་བཞིན་སྣང་ལ་རང་བཞིན་མེད་པའི་དཀྱིལ་འཁོར་ནི། སྐུའི་སྐུ་སྟེ་རིགས་ལྔའི་རང་བཞིན་མཐའ་དབུས་མེད་པར་ཁྱབ་པས་སྐུ་ཡི་ཚོགས་བསམ་གྱིས་མི་ཁྱབ་པའོ། །དེའི་ངོ་བོ་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་ནི། སྐུའི་གསུང་བརྗོད་བྲལ་དོན་གྱི་ཐིག་ལེ་ཆེན་པོ་སྟེ་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན་ཏུ་རྫོགས་པའོ། །དེ་ལས་དགྱེས་པས་ཧོཿཞེས་སོ། །གཉིས་པ་གསུང་པདྨ་རིགས་ཀྱི་དཀྱིལ་འཁོར་དུ་སོ་སོར་རྟོག་པའི་ཡེ་ཤེས་ཡེ་ནས་རྣམ་པར་དག་པའི་ཕྱིར་གསུང་ལྔ་རྫོགས་ཤིང་ལྷུན་གྱིས་གྲུབ་པས་ༀ་ཞེས་སོ། །གསུང་རྡོ་རྗེ་འོད་དཔག་མེད་ཀྱི་དཀྱིལ་འཁོར་དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཐིག་ལེ་ཆེན་པོའོ། །སྣང་བ་དང་སྟོང་པ་དབྱེར་མེད་པས་རྡོ་རྗེ་སོ་སོར་རྟོག་པ་ལ་སོགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྡན་པ་ནི་གསུང་གི་ཐུགས་སོ། །ཡང་གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་རང་སྒྲ་ཆེན་པོ་མཐའ་ཡས་པ་མངའ་བ་ནི་གསུང་གི་གསུང་ངོ་། །དོན་གྱི་རྡོ་རྗེ་རང་སྣང་བ་ནི་རྒྱལ་པོ་སྟེ། སྣང་སྟོང་དབྱེར་མེད་པའི་ཐིག་ལེ་ཆེན་པོ་གསུང་གི་སྐུ་སྟེ་ངོ་མཚར་ཆེ་ཧོཿ གསུམ་པ་ཐུགས་སངས་རྒྱས་རིགས་ཀྱི་དཀྱིལ་འཁོར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཐུགས་ལྔ་རྫོགས་པས་ༀ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེན་པོ་རྣམ་པར་སྣང་མཛད་དོ། །དེ་ཉིད་ལ་ཡོན་ཏན་དང་ཕྲིན་ལས་མ་ལུས་པ་ཀུན་ཏུ་རྫོགས་པ་ནི་ཐུགས་ཀྱི་ཐུགས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་མ་བཙལ་བར་ཡེ་ནས་ལྷུན་རྫོགས་སུ་གནས་པ་རང་བཞིན་ཀུན་ཏུ་བཟང་པོའི་ངང་ནི་ཐུགས་ཀྱི་གསུང་ངོ་། །དེའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་དུ་འདུས་པའི་ཚོགས་ཆེན་པོ་ནི་རང་བཞིན་དག་པས་ཐིག་ལེ་ཆེན་པོ་སྟེ་ཐུགས་ཀྱི་སྐུའོ། །ལྷུན་གྱིས་གྲུབ་པས་ཧོཿཞེས་སོ། །བཞི་པ་ཡོན་ཏན་རིན་པོ་ཆེ་རིགས་ཀྱི་དཀྱིལ་འཁོར་དུ་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཡོན་ཏན་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་པས་ༀ་ཞིང་ཁམས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་མཚན་མ་ཐམས་ཅད་མི་དམིགས་ཤིང་ཐབས་ཤེས་ཀྱི་སྒྱུ་འཕྲུལ་ལྷུན་སྟུག་པོ་བཀོད་པའི་རང་སྣང་མཉམ་པའི་དབྱིངས་ན་གཞལ་ཡས་ཁང་དང་། ལྷའི་དཀྱིལ་འཁོར་མཐའ་ཡས་པ་རྒྱན་གྱི་བྱེ་བྲག་ཀུན་ཏུ་ཀླུབས་ཤིང་འོད་ཟེར་སྣ་ཚོགས་པ་ཕྱོགས་བཅུར་འཕྲོ་བ་ནི་ཡོན་ཏན་གྱི་སྐུའོ། །ཡེ་ཤེས་མཐའ་ཡས་པ་ཀུན་ནས་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་མཉམ་པའི་ངང་དུ་ཐིམ་པ་ནི་བརྡའམ་རང་བཞིན་ཏེ་ཡོན་ཏན་གྱི་གསུང་ངོ་། །ཏིང་ངེ་འཛིན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་སྣ་ཚོགས་ཀྱི་གཏེར་ཡིད་བཞིན་གྱི་ནོར་བུ་ལྟར་དགོས་འདོད་འབྱུང་བའི་སྐུ་གསུང་ཐུགས་ཆེན་པོ་མངའ་བ་ནི་ཡོན་ཏན་གྱི་ཐུགས་ཏེ་ངོ་མཚར་ཆེ་ཧོཿཞེས་སོ། །ལྔ་པ་ཕྲིན་ལས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཕྲིན་ལས་ལྔ་ལྷུན་གྱིས་གྲུབ་པས་ༀ་གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཞིང་གི་རྡུལ་ཕྲ་བ་སྙེད་དུ་འཇུག་པ་ནི་གདུལ་བྱའི་ཞིང་ཕུན་སུམ་ཚོགས་པའོ། །དེ་དག་ཏུ་རྒྱལ་བའི་དོན་ཕྲིན་ལས་རྣམ་པ་བཞི་པོ་རྣམས་ཀྱི་གྲངས་ཀྱང་རྡུལ་ཕྲན་སྙེད་སྟོན་པ་ནི་མཛད་པ་རང་གི་ངོ་བོ་ཡིན་ཏེ་ཕྲིན་ལས་ཀྱི་སྐུའོ། །གང་གིས་སྟོན་ན་གང་ལ་གང་འདུལ་གྱི་སྤྲུལ་པ་ཡང་རྡུལ་ཕྲན་གྱི་གྲངས་དང་མཉམ་པ་བསམ་ཡས་ཀྱིས་གདུལ་བ་ནི་སྤྲུལ་པ་འཕྲོ་བ་སྟེ་ཕྲིན་ལས་ཀྱི་གསུང་ངོ་། །ཇི་ལྟར་འདུལ་ན་སྤྲུལ་པ་དེ་དག་གིས་ཞིང་དེ་དག་ཏུ་སྐད་ཅིག་ཡུད་ཙམ་ལ་ཁྱབ་ནས་འབད་རྩོལ་མེད་པར་འགྲོ་བའི་དོན་ལྷུན་གྱིས་གྲུབ་པ་ནི། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་རྩོལ་མེད་དུ་གྲུབ་པས་ཕྲིན་ལས་ཀྱི་ཐུགས་སོ། །དེ་ནི་ངོ་མཚར་བས་ཧོཿཞེས་བཞད་པའོ། །གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ཡབ་ཡུམ་ལ་བྱེ་བྲག་ཏུ་བསྟོད་པ་ནི། སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པས་ༀ་ཕྱོགས་བཅུ་དུས་བཞི་དང་རང་སྣང་གི་རིགས་ལྔའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པའི་རང་བཞིན་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡིན་ལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱེད་པ་པོའི་བདག་ཉིད་ཆེན་པོ་ནི་ཀུན་ཏུ་བཟང་པོ་དང་། སྐུ་གསུང་ཐུགས་ཀྱི་བྱ་བ་མོས་ཡུལ་ཀུན་ཏུ་ཁྱབ་པ་ནི་ཀུན་ཏུ་བཟང་མོ་སྟེ། ཡབ་ཡུམ་གཉིས་སུ་མེད་པའི་རང་བཞིན་དེ་ནི་འཁོར་འདས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་ཆོས་ཉིད་ཐིག་ལེ་ཆེན་པོའི་དབྱིངས་སུ་བྱང་ཆུབ་པས་དུས་གསུམ་འཕོ་འགྱུར་མེད་པའི་རང་བཞིན་གཞི་ལམ་འབྲས་བུའི་ཀུན་ཏུ་བཟང་པོ་ཡབ་ཡུམ་ནི་སངས་རྒྱས་དང་སེམས་ཅན་ཀུན་གྱི་གདོད་མའི་མགོན་པོར་ལྷུན་གྱིས་གྲུབ་པས་ཧོཿཞེས་དགྱེས་པ་ཆེན་པོའི་གླུས་བསྔགས་པའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཚུལ་དེ་སྐད་ཅེས་ལྷུན་སྟུག་པོ་བཀོད་པའི་ཞིང་རང་སྣང་དག་པའི་འཁོར་ལ་ཞུ་བ་པོ་མེད་པར་ཆེད་དུ་བསྒྲགས་སོ། །འབྲས་བུ་གསང་བའི་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ངས་པ་ལས། གནས་ལུགས་ཇི་ལྟ་བ་བཞིན་བསྟོད་པས་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་དབང་ཕྱུག་ཆེན་པོ་ཉིད་རང་བཞིན་ལྷུན་གྱིས་མཉེས་པའི་ལེའུ་སྟེ་བཅུ་བཞི་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གཉིས་པ་ཁྲོ་བོ་མངོན་པར་འབྱུང་བའི་དཀྱིལ་འཁོར་བཤད་པ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་རང་བཞིན་ཁྲོ་བའི་དཀྱིལ་འཁོར་སྣང་བའི་ཚུལ་བསྟན་པ། ལམ་ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ། འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། གཞི་ལྷུན་གྱིས་གྲུབ་པའི་ཁྲོ་བོ་སྤྱིར་བསྟན་པ། དེ་ལས་སྤྲུལ་པའི་ཁྲོ་བོ་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་དོན་ངོས་གཟུང་བའོ། །དང་པོ་ནི། ཀྲོ་དྷའི་སྒྲ་ལས་ཁྲོ་བོ་སྟེ་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཞིང་འགྲོ་བའི་དོན་རྔམས་པའི་ཕྲིན་ལས་དྲག་པོས་མཛད་པའོ། །དབྱེ་ན་གསུམ་སྟེ། ཞི་བ་ཆོས་ཉིད་ཀྱི་ཁྲོ་བོ་དངོས་པོ་དང་། མཚན་མ་མེད་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བའོ། །དེའི་ངང་ལས་འོག་མིན་དུ་ཧེ་རུ་ཀའི་དཀྱིལ་འཁོར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་དོན་གྱི་གནས་ལུགས་སོ། །དེའི་ཐུགས་རྗེ་ལྷུན་གྱིས་གྲུབ་པས་གང་ལ་གང་འདུལ་གྱི་ཁྲོ་བོར་སྣང་བ་ནི་མཛད་པ་ཕྲིན་ལས་ཀྱི་རང་བཞིན་སྤྲུལ་པའི་སྐུའི་ངོ་བོ་སྟེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡང་ཆོས་བཞིའི་སྒོ་ནས་ཀྱང་ཁྲོ་བོར་བསྟན་ཏེ། ཆོས་ཉིད་དང་། ཡེ་ཤེས་དང་། མཛད་པ་དང་། ཕྲིན་ལས་སོ། །དང་པོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་ནི་མཚན་མའི་གནས་མེད་པས་ངང་གིས་ཁྲོ་བ་སྟེ། རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་སོ། །གཉིས་པ་ནི། ཡེ་ཤེས་རྒྱས་པ་ན་མི་ཤེས་པ་དང་ཕྱིན་ཅི་ལོག་གི་གནས་མེད་པས་སྤང་བྱ་ལ་ལྟོས་ནས་ངང་གིས་ཁྲོ་བས་ཏེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཐམས་ཅད་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཞེས་པ་དང་། གསུམ་པ་ནི། ཐུགས་རྗེས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་ཕྱོགས་འཇོམས་པས་ཤུགས་ཀྱིས་ཁྲོ་བ་སྟེ། ལྷ་རྒྱུད་ལས། འཛིན་པ་མི་རྟོག་ཐུགས་རྗེ་ཞེན་ཆགས་ཁྲོ། །ཞེས་སོ། །བཞི་པ་ནི། གདུལ་བྱའི་དབང་གིས་ཁྲོ་བོར་བཅོས་པ་ལྟར་སྣང་བ་སྟེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་སོ། །དེའང་འགྲོ་བ་ལ་གདུག་པ་ཅན་འབྱུང་བ་དང་། ཆགས་སོགས་ཞི་བའི་རིགས་གཉིས་སུ་འབྱུང་བ་ཅི་ཡིན་ཞེ་ན། སྤྱི་བོ་དང་སྙིང་ག་ན་ཁྲོ་བོ་དང་ཞི་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་ཡོད་པའི་རྩལ་ཆེ་ཆུང་དང་། མ་རིག་པ་བདག་ཏུ་འཛིན་པས་འཁོར་བར་འཁྲུལ་དུས་ཞེ་སྡང་དང་དེའི་འཁོར་ང་རྒྱལ་ཕྲག་དོག་གཉིས་དང་མཚུངས་ལྡན་གྱི་ལས་ཀྱིས་ཁྲོ་བོའི་གདངས་མ་རུངས་ཤིང་གཏུམ་པར་སྣང་བས་ཕ་རོལ་ལ་གནོད་པའི་གཞིར་གྱུར་ཅིང་། འདོད་ཆགས་ཀྱིས་ཞི་བའི་མདངས་འཕེལ་བས་དགའ་ཞིང་ཆགས་པས་དབང་དུ་བྱེད་པ་དང་། གཏི་མུག་ནི་གཉིས་ཀའི་ངོ་བོར་གནས་པ་སྟེ། ཡེ་ཤེས་རོལ་པའི་རྒྱུད་ལས། གཞི་ལ་གྲུབ་པའི་སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པས། །དབང་པོའང་ཞི་དྲག་གཉིས་སུ་སྣང་། །ཞེས་སོ། །དེ་ཉིད་འདུལ་བ་ལ་འདུལ་བྱེད་ཀྱང་ཞི་ཁྲོ་གཉིས་ལྷུན་གྲུབ་ཏུ་འབྱུང་སྟེ། དེ་ལས། དེ་ཉིད་འདུལ་ཕྱིར་དཀྱིལ་འཁོར་གཉིས། །ཕྱོགས་དུས་ཀུན་ཏུ་ཞི་ཁྲོར་སྣང་། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །དེ་དག་ཀྱང་གཞི་ལམ་འབྲས་བུ་གསུམ་དུ་གནས་ཏེ། གཞི་ལ་ཡེ་ནས་དག་པའི་ཁྲོ་བོ་ནི་སེམས་ཅན་ཀུན་དང་སངས་རྒྱས་ཐམས་ཅད་ལ་ཁྲག་འཐུང་གི་དཀྱིལ་འཁོར་ལྷུན་གྲུབ་ཏུ་སྤྱི་བོར་གནས་པ་སྟེ། བྷནྡྷ་སྨུག་ནག་འབར་བའི་གཞལ་ཡས་ན། །མཐུ་ཆེན་འདུད་ཀྱི་རྒྱལ་པོ་དང་མགོ་བཅད་བརྩིགས། །རྔམས་པའི་ཁྲོ་བོ་རྣམས་ཀྱིས་གཟེར་གྱིས་བཏབ། །ཅེས་པ་དང་། ཕྲ་བཀོད་ལས། རང་རང་མགོ་ལ་ཁྲོ་སྐུར་གནས། །ཞེས་སོ། །ལམ་མངོན་པར་སྒྲུབ་པའི་ཁྲོ་བོ་ནི་དཀྱིལ་འཁོར་དུ་བསྐྱེད་ཅིང་བསྒོམ་པ་སྟེ། གསང་རྒྱུད་ལས། ལམ་གྱི་ཁྲོ་བོའི་དཀྱིལ་འཁོར་ནི། །འབར་བའི་ཚོགས་ཆེན་རབ་ཏུ་སྒོམ། །ཞེས་སོ། །འབྲས་བུ་ལྷུན་གྱིས་གྲུབ་པའི་ཁྲོ་བོ་ནི་དྲི་མ་དབྱིངས་སུ་དག་སྟེ་རང་སྣང་ལྷུན་སྟུག་པོ་བཀོད་པར་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་བ་སྟེ། དེ་ལས། འབྲས་བུ་དེ་བཞིན་ཉིད་དབྱིངས་ཁྲོ། །སྐུ་གསུམ་ལྷུན་སྟུག་རང་སྣང་གསལ། །ཞེས་སོ། །དེའང་གཞི་ལ་ཁྲོ་བོ་མེད་ན་ལམ་དུ་དེ་བསྒྲུབ་པ་ཡང་བླ་མེད་ཀྱི་ཐེག་པའི་ཚུལ་ལ་མི་རིགས་པ་དང་། ལུས་གྲུབ་ཀྱི་དཀྱིལ་འཁོར་གསར་རྙིང་ལ་གྲགས་པ་ཕལ་པོ་ཆེ་འདི་དག་དོན་ལ་མི་གནས་པར་འགྱུར་བ་དང་། བསྒྲུབས་ཀྱང་མི་འགྲུབ་པའི་སྐྱོན་དང་། སྤྲུལ་པའི་འཕྲོ་གཞི་མེད་པས་དེ་ལས་འཕྲོས་པའི་སྤྲུལ་པ་མི་རིགས་པའི་སྐྱོན་ལ་སོགས་པ་དུ་མ་ཡོད་དོ། །དེས་གཞི་ལ་ཡོད་པའི་ཁྲོ་བོ་སངས་རྒྱས་ཀྱིས་མངོན་དུ་གྱུར། སེམས་ཅན་ཀྱིས་མ་གྱུར། ལམ་པས་རྗེས་སུ་སློབ་པར་བྱེད་པ་བསྟན་པའོ། །གཉིས་པ་དེ་ལས་སྤྲུལ་པའི་ཁྲོ་བོ་བྱེ་བྲག་ཏུ་བཤད་པ་ནི། རྒྱུད་འདིར་བཅོམ་ལྡན་འདས་ཧེ་རུ་ཀས་འཇིག་རྟེན་གྱི་ཁྲོ་བོ་མ་ལུས་པ་རྣམས་བཏུལ་ནས་དཀྱིལ་འཁོར་གྱི་གདན་དང་མུ་རན་ལ་བཀོད་པར་བསྟན་པ་ནི་འདི་ཉིད་དུ་རྒྱས་པར་འཆད་པས་ཤེས་ལ། ཐུགས་རྗེའི་སྤྲུལ་པས་རུ་ཏྲ་ཇི་ལྟར་བཏུལ་བའི་ཚུལ་དགོངས་འདུས་ལས་འབྱུང་བ་བཞིན་ཏེ། དེ་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་གཉིས་དང་དྲུག་གི་སྔོན་རོལ་ཏུ་བསྐལ་བ་ཀུན་བཀོད་ཞེས་བྱ་བ་ལ་ཞིང་ཁམས་མངོན་པར་དགའ་བར་སངས་རྒྱས་མི་བསྐྱོད་པའི་བསྟན་པ་བྱུང་སྟེ། དེའི་ཚེ་གསང་སྔགས་སྤྱོད་པའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞིག་བྱུང་ངོ་། །དེའི་ཉེ་འཁོར་དུ་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བ་ལ་བུ་ཐར་པ་ནག་པོ་ཞེས་པ་དང་། དེའི་གཡོག་དན་ཕག་ཅེས་བྱ་ཡོད་དོ། །དེའི་ཚེ་ཐར་པ་ནག་པོ་གཡོག་དང་བཅས་པ་དགེ་སློང་ཐུབ་དཀའ་གཞོན་ནུའི་དྲུང་དུ་སོང་སྟེ་གསོལ་བ། དགེ་སློང་ཆེན་པོ་དངོས་པོ་ཐམས་ཅད་ལ་མི་དགའ་བར་སྤྱད་པས་གྲོལ་བའི་ལམ་ཡོད་ཅེས་ཐོས་ན་དེ་ལྟ་ཉིད་དུ་ངེས་སམ། དགེ་སློང་གིས་སྨྲས་པ་ཡོད་དུ་རུང་ངོ་། །དེ་ནས་ཐར་པ་གཡོག་དང་བཅས་ཏེ་རབ་ཏུ་བྱུང་ནས་འདུན་ཏེ་ཐམས་ཅད་ཇི་ལྟ་བའི་ལམ་གང་ཡིན་ཞེས་དྲིས་པའི་ལན་དུ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱོད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་སྨྲས་པས། དེ་གཉིས་ཡི་རངས་ཏེ་སོང་བ་ལས། ཐར་པ་ནི་ཐབས་ལ་མི་མཁས་ཤིང་བློ་གྲོས་རྟུལ་བས་སྒྲ་ཇི་ལྟ་བ་བཞིན་དངོས་པོ་བཞི་ལ་རང་དགར་སྤྱོད་པས་ལུས་དམ་པར་འཆོས་ཀྱང་སེམས་ངན་འགྲོའི་ལམ་དུ་ཞུགས་སོ། །དན་ཕག་ནི་བློ་གྲོས་རྣོ་ཞིང་ཐབས་ལ་མཁས་པས་དོན་ཇི་ལྟ་བ་བཞིན་སྤྱོད་དེ། ལུས་མ་རབས་སུ་བཅུག་སྟེ་བྲན་བྱེད་ཀྱང་སེམས་དམ་པའི་ལམ་དུ་ཞུགས་སོ། །དེ་ནས་དེ་གཉིས་ལྷ་སྤྱོད་མ་མཐུན་ཏེ་རྩོད་པ་ལས། དགེ་སློང་ལ་དྲིས་པས། དན་ཕག་ལྟར་ངེས་སོ་ཞེས་སྨྲས་པ་ན། ཐར་པ་འཁྲུགས་ཏེ་གཉིས་ཀ་ལྟར་རོ་ཞེས་ཀྱང་མ་མཉམ་པར། བདག་གཅིག་པུ་སུན་འབྱིན་སྙམ་ནས། གཡོག་དང་དགེ་སློང་གཉིས་ཀ་སྤྱོས་ཤིང་ཐག་རིང་པོར་སྤྱུགས་སོ། །དེ་ནས་ཐར་པས་སངས་རྒྱས་ཀྱི་གསང་བ་སྒྲ་ཇི་ལྟ་བར་སྤྱད་ཅིང་ལོག་པར་བསྒྱུར། །ལོག་པའི་བརྟུལ་ཞུགས་བཟུང་ནས་དུར་ཁྲོད་ཀྱི་མི་རོ་ཟོས་ཤིང་གཡང་གཞི་གྱོན་ནས་དུར་ཁྲོད་ཀྱི་ཅེ་སྤྱང་ནག་པོ་དང་། འཕར་བ་རྐང་སྡེབས་དང་། སྲིན་པོ་ལག་སྡེབས་དང་། བྱ་གཅན་གསོད་བྱེད་དང་། དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་པའི་མ་རུངས་པ་རྣམས་བརྟེན་ཏེ་ཐམས་ཅད་ཀྱི་སྲོག་འཕྲོག་ཅིང་། སྨད་འཚོང་མའི་ཚོགས་མང་པོ་བསྡུས་ཏེ་ཆགས་པ་ཆེན་པོ་སྤྱོད་པས་གནས་སོ། །རྒྱུ་དེས་ཤི་བའི་འོག་ཏུ་ངན་འགྲོ་མུ་མཐའ་མེད་པར་བརྒྱུད་དེ་མཐའ་མ་ལ་རུ་ཏྲ་ཐར་པ་ནག་པོ་ཞེས་བྱ་བ། གཟུགས་ཀྱི་ཁམས་མན་ཆད་དབང་དུ་བསྡུས་ཤིང་ཤ་དང་ཁྲག་ལ་དད་པས་འགྲོ་བའི་ཚོགས་ལ་གནོད་པའི་བགེགས་སུ་གྱུར་རོ། །དེའི་ཚེ་དཔལ་ཧ་ཡ་གྲཱི་ཝ་ལ་སོགས་པའི་སྐུས་ཀྱང་མ་ཐུལ་བར་གསང་བདག་གིས་དཔལ་ཆེན་པོར་བྱས་ཏེ། ལུས་ཀྱི་ནང་དུ་ཞུགས་ནས་བརྒྱངས་པས་གདོད་བཀའ་ཉན་ཅིང་ལས་ལ་འདུ་བར་གྱུར་ཅིང་། ཞབས་ཀྱི་འོག་ནས་གདུང་བའི་སྨྲེ་བཤགས་ཆེན་པོས་སྔོན་གྱི་སྡིག་པ་བཤགས་ཏེ་ཆུང་མ་དང་བཅས་པ་འབངས་སུ་ཁས་བླངས་ནས་བཏུལ་བའོ། །དེ་ཡང་མངོན་སྤྱོད་ལས་གཞན་གྱིས་མི་ཐུལ་བའི་རིགས་ཅན་བདུད་དང་གཤིན་རྗེ་ལ་སོགས་པ་རྣམས་ལ་དེ་བས་ཀྱང་འཇིགས་པའི་སྐུ་གསུང་ཐུགས་སུ་སྤྲུལ་ནས་ཚར་གཅོད་ཅིང་འདུལ་བར་མཛད་པའོ། །གསུམ་པ་སྐབས་ཀྱི་དོན་ངོས་གཟུང་བ་ལ་གསུམ་སྟེ། དཀྱིལ་འཁོར་ངོས་གཟུང་བ། རུ་ཏྲ་ངོས་གཟུང་བ། དུས་དང་སྟོན་པ་ངོས་གཟུང་བའོ། །དང་པོ་ལ་གཉིས་ལས། རྩོད་པ་བཀོད་པ་ནི། སྐབས་འདིའི་ཁྲོ་བོའི་དཀྱིལ་འཁོར་རང་བཞིན་ཡིན་ནམ། སྤྲུལ་པ་ཡིན། དང་པོ་ལྟར་ན་གདུལ་བྱའི་དོན་དུ་དཀྱིལ་འཁོར་སྤྲོས་པར་བཤད་པ་དང་འགལ་ཞིང་། གཉིས་པ་ལྟར་ན་ཁྲོ་བོའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ཞེས་འོག་མིན་དུ་རང་སྣང་བར་བཤད་པ་དང་འགལ་ཞེས་པའོ། །གཉིས་པ་དེའི་ལན་གསལ་བར་བཤད་པ་ནི། ཀུན་ཏུ་བཟང་པོ་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་གནས་པའི་རང་སྣང་ལས་དེ་ལྟར་སྣང་བ་ཡིན་ཏེ། རང་བཞིན་གྱི་དཀྱིལ་འཁོར་གྱི་ཞེས་པས་གྲུབ་བོ། །སྤྲུལ་པ་ལྟར་བསྟན་པ་ནི་གདུལ་བྱའི་ངོར་དེ་ལྟར་སྣང་བའི་འཆར་གཞི་བྱེད་པ་ཉིད་ཤེས་པར་བྱ་བ་ལ་བཏགས་ནས་ཆ་མཐུན་པར་བཤད་པ་ལས་། སྤྲུལ་པ་རང་མཚན་པའི་དཀྱིལ་འཁོར་གྱིས་གདུལ་བྱ་རང་མཚན་པ་བཏུལ་བ་ནི་མེད་དེ། འོན་ཀྱང་དེ་ལྟར་འཕྲུལ་པ་སྒྱུ་མའི་རྩེད་འཇོ་བསྟན་པ་བཞིན་ནོ། །སྟོན་པའི་འཐད་པ་ཡང་སེམས་ཅན་གྱི་རྒྱུད་ན་དེ་ལྟ་བུའི་རིགས་ཡོད་པ་རྣམས་ཚུལ་དེ་ལྟ་བུས་འདུལ་བའི་དཔེར་མཛད་པ་སྟེ་བཟོ་ལ་སོགས་པའི་སྔོན་དུ་དེའི་དཔེ་འགོད་པ་བཞིན་ནོ། །དེའང་རང་བཞིན་གྱི་དཀྱིལ་འཁོར་དབྱིངས་ནས་རང་སྣང་བ་དེའི་ཚེ་རང་སྣང་ཡེ་ཤེས་ཀྱི་རོལ་པ་དེ་སྣང་བ་ནི་སྤྱི་བོ་ན་ཁྲག་འཐུང་གི་དཀྱིལ་འཁོར་གནས་པའི་རྩལ་ལས་ལྷུན་གྱིས་གྲུབ་པར་རང་སྣང་བ་ཡིན་ནོ། །དེ་ལས་གདུལ་བྱའི་འཇིག་རྟེན་དུ་དེ་ལྟར་སྣང་བ་ནི་དབྱིངས་ཀྱི་ཟླ་བ་ལས་ཆུ་སྣོད་དུ་སྣང་བ་བཞིན་ནོ། །དེའང་ཞི་ཁྲོའི་རང་སྣང་ལས་གཞན་སྣང་ལོངས་སྤྱོད་རྫོགས་པ་དེ་འདྲ་བ་ཆུའི་ཟླ་གཟུགས་བཞིན་སྣང་བ་ནི་སྤྲུལ་པའི་སྐུ་སྟེ། མདོ་སྡེ་རྒྱན་ལས། ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། ཞེས་ཆོས་སྐུའི་མཁའ་ལ་ལོངས་སྐུའི་ཟླ་བ་གདུལ་བྱའི་ཆུ་ནང་དུ་སྤྲུལ་སྐུར་སྣང་བའི་དཔེས་བསྟན་པ་བཞིན་ནོ། །སྔར་ཞི་བའི་རང་བཞིན་ཕྱིས་ཁྲོ་བོར་བསྒྱུར་བ་མ་ཡིན་ཏེ། ཡེ་ནས་དེ་ལྟར་ལྷུན་གྱིས་གྲུབ་ནས་གནས་ཤིང་དུས་ཐ་དད་པའང་མེད་དེ། བརྗོད་བྱའི་དབྱིངས་དེ་ལྟར་གནས་པ་བརྗོད་བྱེད་ཀྱི་གཞུང་དགོད་པ་ན་དུས་གཅིག་ཏུ་བསྟན་དུ་མ་བཏུབ་པས་རིམ་གྱིས་གསུངས་ཤིང་སྤྲུལ་པ་སྐད་བརྗོད་པའོ། །གཉིས་པ་རུ་ཏྲ་ངོས་གཟུང་བ་ལ་གཉིས་ལས། རྩོད་པ་དགོད་པ་ནི། འདིར་གསུངས་པའི་རུ་ཏྲ་ནི་ཐ་མལ་པ་ཡིན་ནམ། སྤྲུལ་པ་ཡིན། དང་པོ་ལྟར་ན་ཡི་དྭགས་སྲིན་པོ་ཆེན་པོ་ཞེས་ཟེར་པས། གཟུགས་ཁམས་དབང་དུ་སྡུད་པ་དེ་མི་འཐད་དེ། འདོད་ཁམས་པ་ཡིན་པའི་ཕྱིར་དང་། བསམ་གཏན་གྱི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་དང་། དཔལ་ཆེན་པོའི་ཞལ་མཐོང་ཞིང་དངོས་ཀྱི་གདུལ་བྱར་གྱུར་པ་ཡང་མི་འཐད་དེ། དཔལ་ཆེན་པོ་དང་སྤྱོད་ཡུལ་གཅིག་ཏུ་མ་སྤྱོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་མི་རིགས་སོ་ཞེས་པའོ། །གཉིས་པ་ལན་ལ་གཉིས་ལས། ཕྱོགས་དང་པོའི་ལན་ནི་འདོད་ཁམས་པ་ཡིན་ཡང་གཟུགས་ཁམས་དབང་དུ་སྡུད་པ་ཡང་འགལ་བ་མེད་དེ། འདོད་པའི་རྟེན་ལ་འཕགས་ས་ཐོབ་པས་གཟུགས་ཁམས་པ་སྡུད་པ་དང་། སྔོན་གྱི་ལས་རྨད་དུ་བྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པས་དེས་སྡུད་པའོ། །འདོད་པའི་ཡི་དྭགས་ཆེན་པོར་སྨོས་པས་ཏིང་ངེ་འཛིན་མ་ཐོབ་པར་མི་འགྱུར་ཏེ། རྟེན་འདོད་པ་ཡིན་ཡང་སེམས་གཟུགས་ཀྱི་ཏིང་ངེ་འཛིན་ཐོབ་པ་མི་འགལ་ཏེ། འདོད་པའི་སོ་སོ་སྐྱེ་བོས་བསམ་གཏན་གཟུགས་མེད་ཀྱི་སེམས་ཐོབ་པར་གསུངས་པ་དང་། འདོད་པའི་འཕགས་པ་བཞིན་ནོ། །ཡི་དྭགས་སྲིན་པོ་ཆེན་པོ་ཞེས་པས་ཀྱང་དོན་ལ་ཏིང་ངེ་འཛིན་དང་རྫུ་འཕྲུལ་ཆེ་བར་མཚོན་པའོ། །དཔལ་ཆེན་པོའི་ཞལ་མཐོང་བ་ལ་སྐལ་བ་གཅིག་པའི་སྤྱོད་ཡུལ་སྤྱད་པ་ དགོས་ནའང་ཧ་ཅང་ཐལ་ཏེ། ཐུབ་པ་དྲུག་མཐོང་བའི་སེམས་ཅན་གྱིས་ཐུབ་པ་དང་སྤྱོད་ཡུལ་གཅིག་ཏུ་སྤྱད་པར་ཐལ ་བ་དང་། ལྷ་མི་དུད་འགྲོ་བེམ་པོ་ལ་སོགས་པ་མཐོང་བའི་ཚེའང་དེ་དག་སྤྱོད་ཡུལ་གཅིག་ཏུ་སྤྱོད་པར་ཐལ་བའི་སྐྱོན་མི་སྤོང་བ་ཡིན་ནོ། །དེ་བས་ན་འདིར་བསྟན་པའི་རུ་ཏྲ་འཁོར་དང་བཅས་པ་ནི་ཐ་མལ་པ་སྣང་ཡང་ཐ་མལ་པ་མ་ཡིན་ཏེ། འཕགས་པས་སེམས་ཅན་སྐྱོ་བ་བསྐྱེད་པའི་ཕྱིར་དམྱལ་བ་དང་ཡི་དྭགས་ཀྱི་འཇིག་རྟེན་སྤྲུལ་པ་བཞིན་དུ། རང་སྣང་གི་སྟོན་པ་ཐུགས་རྗེའི་འཆར་ཚུལ་དང་། ཡེ་ནས་གནས་པའི་ཁྲོ་བོ་མངོན་པར་འབྱུང་བའི་ཆོ་འཕྲུལ་འོག་མིན་དུ་བཀོད་པ་ཉིད་ལོངས་སྤྱོད་ཆེན་པོ་ཁྲོ་བོའི་རོལ་པར་དེ་ལྟར་སྣང་བ་ཡིན་མོད། ཡི་དྭགས་ལ་སོགས་པ་ཐ་མལ་པའི་གཟུགས་སུ་སྣང་བས་ཐ་མལ་པ་ཡིན་ནའང་ཧ་ཅང་ཐལ་ཏེ། འགྲོ་བ་འདུལ་བའི་ཐུབ་པ་རྣམས་ཀྱང་ཐ་མལ་པའི་གཟུགས་དང་སྐྱེ་རྒ་ན་འཆི་དང་ནད་དང་གཡུལ་འགྱེད་པ་ལ་སོགས་པར་སྤྲུལ་པ་སྣང་བའང་དོན་ལ་ཐ་མལ་པར་འགྱུར་རོ། །ཡང་འོག་མིན་ན་ཁྲི་འདེགས་པའི་སེང་གེ་ལ་སོགས་པར་སྣང་བ་དེ་ཡང་ཐ་མལ་པར་འགྱུར་རོ། །འདོད་ན་ཡོན་ཏན་ལྔའི་རོལ་པ་ཉིད་སྟོབས་སོགས་ཀྱི་ཆར་གནས་པའི་བརྡ་དོན་རང་སྣང་བས་རྒྱལ་བའི་རོལ་བར་བཤད་པས་གསལ་ལོ། །ཕྱོགས་གཉིས་པའི་ལན་ནི་ངན་སོང་གི་སྡུག་བསྔལ་རང་མཚན་པ་མྱོང་བ་མེད་དེ། རུ་ཏྲ་དེ་ཉིད་རང་སྣང་ཡེ་ཤེས་ཀྱི་སྤྲུལ་པ་བཀོད་པའི་ཕྱིར་རོ། །དེ་སྔོན་བསྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཞེས་པའང་དེ་ལྟར་སྣང་བའི་རུ་ཏྲ་ལ་ཡོད་པར་བསྟན་པ་མ་ཡིན་ཏེ། ཕྱིས་འཇིག་རྟེན་དུ་རུ་ཏྲ་རང་མཚན་པ་འབྱུང་བ་རྣམས་ལ་རྒྱུ་དེ་ལྟ་བུས་བསྐྱེད་པར་བསྟན་པའོ། །དེའང་ཐུན་མོང་གི་མདོ་སྡེ་ལས་ཀྱང་མི་ཐུང་སོར་ཕྲེང་ཅན་གྱིས་མི་སྟོང་དུ་གཅིག་གིས་མ་ལོངས་པ་བསད་པའི་སོར་མོའི་ཕྲེང་བ་བསྒྲུབས་པ་ལས། སངས་རྒྱས་ཀྱིས་བཏུལ་ནས་དེའི་ཉེས་པ་མེད་པར་བསྟན་པ་ཡང་དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་མི་བསད་དེ་ཕྲེང་བར་བྱས་པ་ལས་ཕྱི་རབས་གཉེན་པོ་མཆོག་རྣམས་ཉེས་པས་མི་གོས་པར་བསྟན་པ་ལ་དགོངས་པ་ལྟ་བུའོ། །ཡང་སྤྲུལ་པའི་ཉན་ཐོས་ཀྱིས་བསླབ་པའི་མཚམས་ལས་འདས་པ་སྔོན་ཡང་དེ་ལྟར་འདས་ཤིང་། ཕྱིས་ཀྱང་ངན་སོང་དུ་སྐྱེས་པ་འཁོར་གྱིས་མཐོང་བའི་ཆོ་འཕྲུལ་བསྟན་པས་དགེ་སློང་རྣམས་བཏུལ་བའི་ཚེའང་སྤྲུལ་པ་ལ་དེ་ལྟ་བུའི་ལས་བསགས་པ་དང་སྔ་ཕྱི་བརྒྱུད་ནས་སྡུག་བསྔལ་མྱོང་བ་མེད་པ་བཞིན་ནོ། །ཚུལ་འདི་དེ་བས་ཀྱང་ཆེས་འཕགས་ཏེ་གཞན་གྱི་ངོར་དེ་ལྟར་བསྟན་ནས་སྤྲུལ་པའི་རུ་ཏྲ་དང་དཀྱིལ་འཁོར་བསྟན་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་ཁྲོ་བོའི་དཀྱིལ་འཁོར་མངོན་དུ་གྱུར་པ་ན་ཡེ་ཤེས་ཀྱི་རོལ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་དུ་རང་སྣང་བ་སྟེ། དེ་ལས་གདུལ་བྱའི་འཇིག་རྟེན་དུ་དེ་ལྟར་སྣང་བའི་འཕྲོ་གཞི་བྱེད་པའོ། །གལ་ཏེ་འཕྲོ་གཞི་ལ་དེ་ལྟར་མེད་ན་འཕྲོ་བའི་རྣམ་འཕྲུལ་ཡང་དེ་ལྟ་བུ་འབྱུང་བར་མི་རིགས་ཏེ། ནམ་མཁའི་ཟླ་བ་དང་ཆུའི་རྫིང་བུའི་གཟུགས་བརྙན་རྣམ་པ་ཐ་མི་དད་པའི་དབྱིངས་སུ་ཇི་ལྟར་རུང་སྟེ། ནམ་མཁར་ཟླ་བ་ཡོད་ཀྱང་རྫིང་བུར་ལྗོན་ཤིང་ལ་སོགས་པ་རྣམ་པ་གཞན་སྣང་བ་ལ་སོགས་པ་མ་ངེས་པའི་སྐྱོན་དུ་འགྱུར་རོ། །སངས་རྒྱས་རྣམས་ཀྱི་རྣམ་པར་སྤྲུལ་པ་རྒྱ་མཚོ་སྣང་བ་ཡང་ཁ་ཅིག་ཏུ་ནི་གདུལ་བྱའི་དབང་དང་གཞི་ལ་གནས་པའི་དབྱེ་བས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐ་དད་པར་སྣང་བ་སྟེ། དོན་གྱི་ངོ་བོ་ལ་འཁོར་འདས་གཉིས་སུ་མེད་པར་རྒྱུ་གཅིག་པ་ལ་སོགས་པའི་ཚུལ་གྱིས་གཞི་འཆར་གཞིའི་ངང་ལས་དེ་དང་དེར་འཆར་བ་ནི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །འོ་ན་མ་དག་པ་ཡང་འཆར་གཞིར་ཡོད་དམ་གདུལ་བྱ་ལ་དེ་ལྟར་སྣང་བའི་ཕྱིར་ཞེ་ན། མ་དག་པ་ཞེས་པ་གང་ལ་ཟེར། འགྲོ་དྲུག་ཏུ་སྣང་བ་ལ་བྱེད་ན་དེའི་འཆར་གཞི་ཐུགས་རྗེ་རོལ་པ་ལ་འགྲོ་བ་དྲུག་གི་སྤྱོད་ཡུལ་རྒྱ་མཚོར་སྣང་བའི་རོལ་པར་རང་བཞིན་གྱིས་དག་པར་ཡོད་པར་བཤད་དོ། །རྩ་འཁོར་དྲུག་གི་རང་བཞིན་འགྲོ་བ་དྲུག་གི་འཇིག་རྟེན་སྣང་བ་ཡོད་པའི་ཕྱིར་ཏེ། རྡོ་རྗེ་ལས། འཁོར་ལོ་དྲུག་གི་རང་བཞིན་གྱིས། །འཇིག་རྟེན་དྲུག་གི་སྣང་བ་ནི། །ཡེ་ནས་སྣང་བ་ལྷུན་གྲུབ་པས། །རླུང་སེམས་བྱེད་པས་དེ་ལྟར་སྣང་། །ཞེས་སོ། །དེའང་འཁོར་བའི་ཚེ་མ་རིག་པས་དེ་ལྟར་བདེ་སྡུག་ལ་སོགས་པར་འཁོར་ཡང་། འཁོར་བའི་རང་བཞིན་གཟུགས་བརྙན་དང་འདྲ་བར་རྟོགས་པ་མཐར་ཕྱིན་པའི་ཚེ་དེ་དག་གི་འཆར་གཞི་འགྲོ་དྲུག་སོ་སོའི་འཇིག་རྟེན་དུ་ཐུབ་པ་དྲུག་གི་རོལ་པ་སྟོན་པ་ཡང་དེ་ལས་བྱུང་བའོ། །དེའང་འགྲོ་བ་དྲུག་གི་འཆར་གཞི་སྣང་བས་འགྲོ་དྲུག་རང་མཚན་པའི་འཁོར་བ་ཡོད་པར་མི་འགྱུར་རོ། །རྫུ་འཕྲུལ་སྣ་ཚོགས་སུ་འགྱེད་པའི་ཚེ་ལས་དག་པའི་སེམས་དཔའ་ལ་དེ་མེད་པ་དང་། མེ་ལོང་ཀུན་གྱི་འཆར་གཞིར་གནས་ཀྱང་དེའི་ངོ་བོ་ལ་གོས་པ་མེད་པ་བཞིན་ནོ། །འདི་ལྟར་སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། ཞིང་གི་རང་བཞིན་རྒྱ་མཚོ་རྣམས། །སེམས་ཀྱི་སྤྱོད་ཡུལ་སྣ་ཚོགས་སྣང་། །ཇི་ལྟར་དང་བའི་རྒྱ་མཚོ་ལ། །གཟུགས་བརྙན་རྒྱ་མཚོར་སྣང་བ་བཞིན། །ས་ཆུ་མེ་རླུང་ནམ་མཁའ་དང་། །སེམས་ཀྱི་རང་བཞིན་རྒྱ་མཚོ་ན། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རྣམས། །སུས་ཀྱང་བཀོད་པ་མེད་པར་གནས། །ལ་ལ་རང་བཞིན་དག་པ་དང་། །ཁ་ཅིག་སྤྱོད་ཡུལ་སྣ་ཚོགས་ལ། །འགྲོ་བའི་ཁམས་ཀུན་གསལ་བར་སྣང་། །བ་སྤུའི་ཁུང་བུ་ཉག་རེ་ལའང་། །སངས་རྒྱས་ཞིང་ཁམས་རྒྱ་མཚོ་སྟེ། །སྣ་ཚོགས་བརྗོད་ཀྱིས་མི་ལང་བའོ། །ཞེས་སོ། །དེས་ནས་སངས་རྒྱས་ཀྱི་ཆོས་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཏེ་བློ་ཞན་པ་དག་གིས་ཇི་ལྟར་དཔག་པར་ནུས། གཞན་ཡང་འགྲོ་དྲུག་ཏུ་སྣང་བས་འཁོར་བར་མི་འགྱུར་ཏེ། ཐུབ་པ་དྲུག་དང་སྒྱུ་མ་དང་མིག་འཕྲུལ་གྱི་འགྲོ་བ་བཞིན། དེའང་འཁོར་བའི་སྡུག་བསྔལ་འབྱུང་བའི་རྒྱུ་བདག་ཏུ་འཛིན་པ་ལོག་པ་ན་སྡུག་བསྔལ་སོ་སོ་ལོག་པ་ཡིན་གྱི། འཆར་གཞི་འཁོར་ལོ་དྲུག་གི་རྩ་འདབ་ཐུགས་རྗེས་འཁོར་བ་ལ་རང་དང་མཐུན་པར་སྣང་བ་སྟོན་པའི་རང་བཞིན་མེ་ལོང་གི་ངོས་ལྟ་བུ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་འདི་ཉིད་མེད་ན་འགྲོ་དྲུག་གི་སྣང་བའང་གློ་བུར་དུ་གང་གིས་བྱས་པ་དང་། སངས་རྒྱས་ཀྱི་ལོངས་སྤྱོད་ཆེན་པོའི་སྐུ་ལ་འཁོར་འདས་ཀྱི་འབྱོར་བ་ཐམས་ཅད་མ་ཚང་བར་འགྱུར་བ་དང་། མ་དག་པ་འཁོར་བ་ལ་སྣང་བའི་སྐུ་དང་ཐུགས་རྗེའི་རོལ་པ་རྒྱུན་ཆད་པར་འགྱུར་རོ། །འདི་ལྟར་རྣལ་འབྱོར་སེམས་ཙམ་པས་ཀྱང་ཀུན་གཞི་ལ་ཐོག་མ་མེད་པའི་དུས་ནས་ཡུལ་དང་དོན་དང་ལུས་སུ་སྣང་བའི་ངོ་བོ་གསུམ་ཡོད་པར་བཤད་དེ། དེ་ཉིད་མ་དག་པ་སྦྱངས་པ་ལས་དག་པའི་རང་བཞིན་དུ་གནས་གྱུར་ཀྱང་དོན་གྱི་ཀུན་གཞི་སྔོན་དང་ཕྱི་མ་ད་ལྟ་གསུམ་དུ་འཕོ་འགྱུར་མེད་པར་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པར་འདོད་པས། འཆར་གཞི་འཁོར་འདས་ཀྱི་རོལ་བ་དེ་ཉིད་མེད་པར་མི་འགྱུར་བ་ཇི་ལྟ་བ་བཞིན་ནོ། །ལན་དངོས་མདོར་བསྡུ་ན། འདི་ཡི་རུ་ཏྲ་ནི་ཡེ་ཐོག་དང་པོར་ཀུན་ཏུ་བཟང་པོ་སངས་རྒྱས་པའི་ཚེ་རང་སྣང་གི་རྩ་འདབ་འཁོར་ལོ་ན་སྣང་བའི་བདུད་བཏུལ་བར་རང་སྣང་བ་ཡིན་པས་རང་མཚན་པའང་མ་ཡིན་ཏེ། རང་སྣང་ཡིན་པའི་ཕྱིར་རོ། །སྤྲུལ་བའང་མ་ཡིན་ཏེ། སྤྲུལ་པ་ནི་གདུལ་བྱ་གཞན་གྱི་སྣང་ངོ་ལ་ལྟོས་པ་ཡིན་ལ། འདི་རང་སྣང་ཡིན་པས་གདུལ་བྱ་དང་གདུལ་བྱེད་ཐ་དད་པ་དོན་ལ་མ་གྲུབ་པའི་ཕྱིར་རོ། །དེས་ན་རང་སྣང་བ་ཡེ་ཐོག་དང་པོར་སྣང་བའོ། །མདོ་དང་མིང་འདྲ་བ་ལས་དོན་མ་མཚུངས་ཏེ་དུས་ཐ་དད་པ་དང་། གདུལ་བྱ་དང་འདུལ་བྱེད་རྒྱུད་ཐ་དད་པ་དང་། ངོ་བོ་གཅིག་ལ་ཐ་དད་ལྟར་སྣང་བའི་ཁྱད་ཡོད་དོ། །གསུམ་པ་དུས་དང་སྟོན་པ་ངོས་གཟུང་བ་ལ་གཉིས་ཏེ། དུས་མཚུངས་མི་མཚུངས་དང་། འདུལ་བྱེད་ཀྱི་སྟོན་པ་གཅིག་མི་གཅིག་ངོས་བཟུང་བའོ། །དང་པོ་ལ་གཉིས་ལས། རྩོད་པ་དགོད་པ་ནི། འདིར་ཐོག་མ་མེད་པའི་དུས་སུ་བཏུལ་ཞིང་། མདོར་བསྟན་པ་འདི་ལ་བཏུལ་བས་དུས་ཐ་དད་ཅིང་། མདོར་འཛམ་གླིང་དང་། འདིར་འོག་མིན་དུ་བཤད་པས་གནས་ཀྱང་ཐ་དད་པས་མི་མཚུངས་པའི་ཕྱིར་རོ་ཞེ་ན། ལན་ནི་འདིར་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟན་པས་ཐོག་མ་མེད་པའི་དུས་ཞེས་བརྗོད་དེ། ལོའམ་བསྐལ་པ་ཀུན་གྱི་སྔོན་རོལ་ལྟ་བུ་འབའ་ཞིག་མ་ཡིན་ལ། བསྟན་པ་འདིའང་བསྐལ་པ་བཟང་པོ་ལྟ་བུ་གཅིག་ཁོ་ནར་ངེས་པའང་མ་ཡིན་ཏེ། གདུལ་བའི་ཞིང་དང་དུས་སྐད་ཅིག་མ་གཅིག་བསྐལ་པ་སྔ་ཕྱི་དང་འཇིག་རྟེན་དུ་མར་སྟོན་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེས་ན་དུས་ཐོག་མ་མེད་པ་ནི་ངོ་བོ་ལ་ལྟོས་ཏེ་མ་ངེས་པའི་དུས་ཡིན་ལ། འགྲོ་བ་ལ་སྣང་བའི་རང་སྣང་དུ་བཀོད་པའི་དུས་ལ་ངོས་བཟུང་བྱས་པ་དང་ཡང་མི་འགལ་བ་དེ་ལྟར་ཡིན་ནོ། །འཛམ་གླིང་དང་འོག་མིན་ཡང་སྟོན་པ་དང་འགྲོ་བ་རང་སྣང་སོ་སོར་སྣང་བ་ཙམ་ལས་འོག་མིན་ཕྱོགས་འདི་ཁོ་ན་ཡོད་ཅེས་ངེས་བཟུང་མི་རུང་སྟེ། དག་པའི་སེམས་དཔའ་དང་སངས་རྒྱས་ཀྱི་སྣང་བ་ཡིན་ལ། དེ་ཉིད་གར་ཁྱབ་ན་འོག་མིན་གྱིས་ཁྱབ་པའི་ཕྱིར་རོ། །གཟུགས་ཀྱི་འོག་མིན་ལྟར་དངོས་པོ་ཐ་དད་པའི་ཞིང་གཞན་ཡོད་པ་མ་ཡིན་ནོ། །གཉིས་པ་ལའང་གཉིས་ལས། རྩོད་པ་དགོད་པ་ནི། མདོར་བཏུལ་བ་དང་། འདིར་བཏུལ་བ་གཉིས་གཅིག་གམ་ཐ་དད། གཅིག་ན་མདོར་གསང་བདག་དང་། འདིར་ཧེ་རུ་ཀས་བཏུལ་བར་གསུངས་པས་ཐ་དད་དང་། གཉིས་པ་ལྟར་ནའང་དེ་སྔོན་བརྟེན་པའི་ཞེས་པ་ལ་སོགས་པས་མདོ་དང་མཐུན་པར་སྣང་བས་སོ་ཞེ་ན། གཉིས་པ་དེའི་ལན་ནི། སྤྱིར་གྱི་གསང་བདག་ཧེ་རུ་ཀའང་ཐ་དད་པ་མ་ཡིན་ཏེ། གདུལ་བྱའི་ངོར་གསང་བདག་ཏུ་སྣང་བ་དེ་ཉིད་རང་སྣང་དག་པའི་ཞིང་དུ་ཧེ་རུ་ཀར་གནས་པས་ཕྱི་ནང་ལྟར་ཡང་ཡིན་མོད། མདོ་དང་རྣམ་པ་མཚུངས་པས་གཅིག་པའང་མ་ངེས་ཏེ། དེ་ཁོ་ན་འདྲ་བའི་རྒྱུད་གཞན་ཡང་ཡོད་པ་དང་ལྷ་སྦྱིན་དང་མཆོད་སྦྱིན་མིང་མཚུངས་ཀྱང་ཐ་དད་པ་བཞིན་ནོ། །དེས་ན་རང་སྣང་འོག་མིན་དུ་ཏིང་ངེ་འཛིན་གྱི་རོལ་པས་བཏུལ་བ་དེ་བཞིན་དུ་གདུལ་བྱའི་སྣང་ངོར་གསང་བདག་གིས་བཏུལ་བར་སྣང་སྟེ། དུས་དང་སྟོན་པའང་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་པས་མཚུངས་པ་མི་འགལ་ཏེ། དེ་ལྟར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །མདོར་བསྡུ་ན་མི་འཇིགས་པ་བཞི་ཡོད་པའི་བརྡར་སེང་གེའི་ཁྲི་སྣང་བ་ལྟར། བདུད་དང་ཕྱིར་རྒོལ་བ་མཐའ་དག་ལས་རྒྱལ་ཞིང་དྲེགས་པ་ཅན་ཟིལ་གྱིས་གནོན་བའི་མངའ་དབང་རྫོགས་པའི་བརྡར་རུ་ཏྲ་བཏུལ་བར་སྣང་བ་ཡིན་ནོ། །དེའང་བྱང་ཆུབ་བརྙེས་པ་དེའི་ཚེ་བདུད་བཏུལ་བར་སྣང་དགོས་པས་རུ་ཏྲ་སྟེ་དྲེགས་པ་ཅན་གྱི་བདུད་དཔུང་ཡེ་ཐོག་དང་པོར་བཅོམ་པའི་ཚུལ་བསྟན་པ་ན་རང་སྣང་རྩ་འདབ་ཀྱི་སྣང་བ་ལ་དབང་སྒྱུར་བའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཁྲོ་བོ་མངོན་པར་འབྱུང་བའི་ཚུལ་མདོར་བསྟན་པ་དང་། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཞི་བའི་དཀྱིལ་འཁོར་བསྟན་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཉིད་ཀྱིས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་ལྷུན་སྟུག་པོ་བཀོད་པའི་ཞིང་དུ་རང་སྣང་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་འདུ་མཛད་དེ་སྤྲུལ་པ་སྐུའི་ཁྲོ་བོ་འབྱུང་བའི་འཆར་གཞིར་བཞུགས་སོ། །གཉིས་པ་ལ་གཉིས་ཏེ། གདུལ་བྱ་ལས་ཀྱི་ཁྲོ་བོའི་བྱུང་ཚུལ་དང་། འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། དགོས་ཆེད་དྲི་བ་དང་། དེའི་ལན་བཤད་པའོ། །དང་པོ་ནི། འཆར་གཞི་ལོངས་སྐུ་དང་དེ་ལས་ཤར་བ་སྤྲུལ་པ་སྐུའི་ཁྲོ་བོའི་དཀྱིལ་འཁོར་བསྟན་པ་དེའི་དགོངས་པའམ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྒྱུ་གང་གིས་བསྐྱེད་པ་དང་། འབྲས་བུ་གང་དུ་སྨིན་པའོ། །དེའང་སྤྲུལ་སྐུའི་ཁྲོ་བོའི་འདུལ་བ་ལ་ལོངས་སྐུའི་ཁྲོ་བོ་དགོས་ལ། ལོངས་སྐུའི་ཁྲོ་བོས་མཛད་པའི་ཆོ་འཕྲུལ་རང་སྣང་དུ་སྟོན་པ་ཅི་འདྲ་བ་སྤྲུལ་སྐུའི་ཁྲོ་བོས་གདུལ་བྱའི་འཇིག་རྟེན་དུ་སྟོན་པས་ཆུ་དང་ཟླ་གཟུགས་བཞིན་འབྲེལ་བ་གྲུབ་པ་དེའི་ཕྱིར་མ་དག་པར་སྣང་བ་ཉིད་འདུལ་བར་སྟོན་པའོ། །སྐབས་འདིའི་གདུལ་བྱ་དང་འདུལ་བྱེད་བཟང་ངན་གྱིས་བསྐྱེད་པའི་རྒྱུ་འབྲས་དང་བཟང་ངན་དུ་སྣང་ཡང་དོན་ལ་བཟང་ངན་མེད་དེ། ངོ་བོའི་འཆར་ཚུལ་དེ་ལྟར་སྣང་བའི་ཕྱིར་རོ། །དེས་ན་འདི་དང་མདོ་གཉིས་འཆར་གཞི་དང་འཆར་བྱེད་དུ་འབྲེལ་ལོ། །རྣམ་པ་དེ་འདྲ་བས་དུས་གཅིག་པའང་མི་དགོས་ཏེ། འཆར་བྱེད་འཆར་གཞི་དང་དུས་གཅིག་ཀྱང་། འཆར་གཞི་འཆར་བྱེད་དང་གཅིག་པའི་ངེས་པ་མེད་དེ་ཟླ་བ་དང་ཆུ་ཟླའི་དུས་བཞིན་ནོ། །འོན་ཏེ་གཅིག་པའང་མི་འགལ་བ་རུང་སྟེ། དེ་ལྟར་བྱིན་གྱིས་རློབ་ནུས་པའི་ཕྱིར་རོ། །དང་པོ་ནི། ང་དང་ང་ཡིར་འཛིན་པས་གང་ཟག་གི་བདག་ཏུ་རང་གི་སེམས་རྨོངས་པའི་རྣམ་པར་རྟོག་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་འཛིན་པ་ལ་བདག་ཏུ་ཞེན་པ་དང་། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་བརྡ་ཙམ་བློས་བརྟགས་ཙམ་ཡིན་པ་ལ་དེ་ལྟར་མ་ཤེས་པས་བདེན་བདེན་གྲུབ་གྲུབ་པོར་མངོན་པར་ཞེན་པ་ཀུན་བརྟགས་པའི་མ་རིག་པས་གཟུང་ཡུལ་ལ་བདག་གིར་ཞེན་པས་འཁོར་བར་འཁྱམས་ཤིང་སྲིད་པའི་རྒྱུ་བྱེད་དེ། སྡུག་བསྔལ་གྱིས་ཁོར་མོར་གདུངས་ལ་ཡང་དག་པའི་ལམ་འཁོར་བ་ལས་ངེས་པར་འབྱིན་པའི་ཤེས་རབ་ཟབ་མོ་དང་བྲལ་བ་དག་ནི་སྲིད་པའི་འདུ་བྱེད་པ་སྤྱིའི་རྒྱུ་ཡིན་ལ། དེའི་སྟེང་དུ་དོན་ཟབ་མོ་རྒྱུད་ལུང་གི་ཁོང་ན་གབ་པའི་རང་བཞིན་རྟོགས་པར་ཤིན་ཏུ་དཀའ་བ་རང་བཞིན་གྱི་གསང་བ་མ་རྟོགས་པར་སྦྱོར་སྒྲོལ་གྱི་ཐབས་ལ་སོགས་པ་སྦས་པའི་གསང་བ་སྤྱོད་པ་བརླང་པོ་རང་གབ་ལ་མངོན་པར་འཆེལ་ནས་སྤྱོད་ཅིང་། རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་གི་འབྲེལ་བ་ལས་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་ལ་རྨོངས་པས་གསང་བ་ཟབ་མོ་རྣམས་ཀྱི་སྒྲ་ཇི་ལྟ་བར་སྤྱོད་ཅིང་ཕྱིན་ཅི་ལོག་གི་ལམ་ལ་ཞུགས་པ་རྣམས་རུ་ཏྲ་འབྱུང་བའི་རྒྱུ་སྟེ་ཐར་པ་ནག་པོ་ལྟ་བུའོ། །དེ་སྐད་དུའང་སངས་རྒྱས་མཉམ་སྦྱོར་ལས། འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་བརྩོན་པར་འགྱུར། །ལྟ་བ་ཤིན་ཏུ་ལོག་པ་ཡིས། །མནར་མེད་དམྱལ་བ་ཆེན་པོར་ལྟུང་། །ཞེས་སོ། །གཉིས་པ་འབྲས་བུ་གང་དུ་སྨིན་པ་ལ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །དང་པོ་ལའང་གཉིས་ལས། དམྱལ་བར་སྐྱེས་པའི་ཚུལ་ནི་སྔོན་ཞེ་སྡང་གིས་ཀུན་ནས་བསླང་བའི་ལས་གསོད་པ་ལ་སོགས་པ་དང་། ང་རྒྱལ་དང་ཕྲག་དོག་གི་ལས་བླ་མ་དང་མཆེད་གྲོགས་ལ་ངན་སེམས་དང་ཚིག་རྩུབ་དང་ལོག་པར་ལྟ་བ་ལ་སོགས་པ་དམ་ཚིག་ཉམས་པའི་ཉེས་པ་ནི་སྲིད་པའི་ས་བོན་རྩུབ་མོ་སྟེ་མི་དགེ་རྔམས་པོ་ཆེ་དེས་བར་དོ་མེད་པར་རྡོ་རྗེའི་དམྱལ་བར་འཕངས་ནས་བར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བ་མནར་མེད་པར་སྐད་ཅིག་ལ་བརྫུས་ཏེ་སྐྱེས་སོ། །དེ་ཉིད་དུ་བསྐལ་ཆེན་དུ་མར་སྡུག་བསྔལ་སྤྱོད་དོ། །དམྱལ་བ་པ་དེ་དག་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་བ་དང་ལས་ཅུང་ཟད་བསྲབས་ཏེ། དེ་ལས་ཐར་དུ་ཉེ་བ་ན་གྲང་དམྱལ་གྱི་གནས་དག་མཐོང་ནས་འདི་བས་ཤིན་ཏུ་གྲང་བའི་གནས་ཕ་གིར་སྐྱེས་ཤིང་སྡུག་བསྔལ་མྱོང་ཡང་ཅི་མ་རུང་སྙམ་པའི་མོད་ལ་ཡང་དེར་སྐྱེས་ཏེ། གངས་དང་བུ་ཡུག་ལ་སོགས་པས་རབ་ཏུ་སྦྲེབས་པ་སྟེ་ཤིན་ཏུ་གྲང་བ་དང་ལུས་ཀྱང་པདྨ་ལྟར་བཞི་ཚལ་ལམ་བརྒྱད་འཚལ་ལ་སོགས་པ་རགས་པའི་སྡུག་བསྔལ་དྲག་པོ་སྟེ། བཟོད་དཀའ་བ་བསྟུད་མར་འབྱུང་བ་དག་གིས་རབ་ཏུ་ཉེན་པ་བསྐལ་བ་དུ་མར་གདུང་ངོ་། །དེ་ལྟ་བུའི་སྡུག་བསྔལ་མི་བཟད་པའི་དམྱལ་བར་རབ་ཏུ་ཚ་བ་དང་། ལ་སོགས་པ་ནི་ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་ཏེ་བརྒྱད་དང་། ཤིན་ཏུ་གྲང་བ་པདྨ་ཆེན་པོ་ལྟར་གས་པ་དང་། ལ་སོགས་པ་ནི་པདྨ་ལྟར་གས་པ། ཨུཏྤལ་ལྟར་གས་པ། ཀྱི་ཧུད་ཟེར་བ། ཨ་ཆུ་ཟེར་བ། སོ་ཐམ་ཐམ་པ། ཆུ་བུར་རྡོལ་བ་ཅན། ཆུ་བུར་ཅན་ཏེ་བརྒྱད་པོ་དག་ཏུ་ཕན་ཚུན་ཟུང་རེ་རེ་ཞིང་སྐྱེས་རེས་བྱེད་དེ། དྲན་པ་ཉེར་གཞག་གི་མདོ་ལས། གང་དག་བར་མཚམས་མེད་པའི་ལས། །བསགས་པ་དེ་དག་མནར་མེད་པར། །སྐྱེས་ནས་དམྱལ་མེས་ཡུན་རིང་བསྲེག །དེ་ནས་པདྨ་ཆེར་སྐྱེས་ཤིང་། །དེ་བཞིན་ཡང་སོས་ཆུ་བུར་ཅན། །ཕན་ཚུན་སྡུག་བསྔལ་རབ་ཏུ་མྱོང་། །ཞེས་སོ། །དེའང་ཐེག་པ་ཐུན་མོང་བ་ལྟར་བསྐལ་པ་གཅིག་ལ་སོགས་པ་ནས་དམྱལ་བའི་གནས་ནས་ཐར་པའི་ལོ་གྲངས་དང་བཅས་པ་ལས་ལྷག་པར་བསྟན་པའི་ཕྱིར། དམྱལ་བའི་གནས་དེ་དག་ཏུ་སྐྱེས་དུས་འཇིག་རྟེན་གྱི་ཁམས་ལ་ཆགས་འཇིག་འབྱུང་བ་ན་འཇིག་རྟེན་གྱི་ཁམས་གཞན་དུ་བརྒྱུད་ཅིང་དེར་ཡང་ཆགས་འཇིག་བྱུང་དུས་གཞན་དུ་དམྱལ་བའི་ཚ་གྲང་གི་གནས་ཟུང་བརྒྱད་ཡོད་པར་སྐྱེ་ཞིང་། དེ་དག་གི་ཚེ་ཚད་ནི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མྱང་ངོ་། །དེའང་བསྐལ་ཆེན་ནི་འཇིག་རྟེན་གྱི་ཁམས་གཅིག་ཆགས་པ། གནས་པ། འཇིག་པ། སྟོངས་པ་བཞི་ལ་བར་བསྐལ་ཉི་ཤུ་ཉི་ཤུ་སྟེ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོར་བཤད་པ་ནི། མཛོད་ལས། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བསྐལ་པ་ཉི་ཤུར་གནས་པ་ཡིན། །ཆགས་པ་དང་ནི་འཇིག་པ་དང་། །ཞི་གནས་འདུག་པ་དག་མཉམ་མོ། །དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །ཞེས་སོ། །དེའང་ཉན་ཐོས་པ་ལྟར་ཕྱི་རོལ་གྱི་སྣོད་དང་དམྱལ་གནས་ཀྱི་ཆགས་འཇིག་བདེན་པར་གྲུབ་པ་མེད་ཀྱང་། སེམས་ཅན་དེ་དག་ལས་སྣང་ལ་དེར་སྐྱེས་དུས་འཇིག་རྟེན་ལ་ཆགས་འཇིག་བྱུང་བར་སྣང་ཞིང་། འཇིག་རྟེན་གཞན་གྱི་དམྱལ་ཁམས་སོ་སོར་སྐྱེས་པར་སྣང་བ་རྨི་ལམ་བཞིན་ཏེ་འཁྲུལ་པའི་བག་ཆགས་མཐུ་བརྟས་པ་ལས་བྱུང་བའོ། །གཉིས་པ་ཡི་དྭགས་སུ་སྐྱེས་པའི་ཚུལ་ནི། དེ་ནས་དམྱལ་བའི་རྣམ་པར་སྨིན་པ་དེ་དག་ཟད་པ་དང་ཡི་དྭགས་སུ་སྐྱེས་སོ། །དེའང་ཟད་པ་ལ་གཉིས་ཏེ། གཉེན་པོས་བཅོམ་ནས་ཟད་པ་ཚ་རེག་དང་གྲང་རེག་ལྟ་བུ་སྟེ་གཉེན་པོ་དགེ་བས་སྤང་བྱ་མི་དགེ་བ་ཟད་པ་དང་། རང་གི་འབྲས་བུ་རྣམ་སྨིན་གྱིས་ཟད་པ་ས་བོན་ལས་མྱུ་གུ་སྐྱེས་སྟོབས་ཀྱིས་ཟད་པ་ལྟར་དགེ་སྡིག་གི་འབྲས་བུ་མྱོང་བའོ། །འདི་ནི་ཕྱི་མའོ། །དེའང་ཡི་དྭགས་སུ་སྐྱེ་བའི་ལས་ཡོད་བཞིན་དུ་དམྱལ་བར་སྐྱེ་བའི་ལས་མ་ཟད་ཀྱི་བར་མི་སྐྱེ་བ་ཅི་ཡིན་ཞེ་ན། ལས་གཉིས་ཡོད་ན་ཆེན་པོའི་འབྲས་བུ་སྔོན་ལ་མ་བྱུང་གི་བར་དུ་ཆུང་ངུ་འབྱིན་མི་ནུས་ཏེ། ཉི་མའི་འོད་ཡོད་དུས་གཟའ་སྐར་གྱི་འོད་མི་སྣང་བ་བཞིན་ནོ། །དེས་ན་དགེ་སྡིག་སྟོབས་གང་ཆེའི་ལས་རེ་རེའང་སྟོབས་གང་ཆེ་སྔོན་ལ་སྨིན་པའོ། །དེའང་མཛོད་ལས། ལས་ཀྱི་འཁོར་བ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་པ་ལས། འདི་ནི་ལྕི་བ་སྔོན་ལ་སྨིན་པའོ། །དེའང་བཀྲེས་སྐོམ་གྱི་མེས་གདུངས་ཤིང་ཟས་སྐོམ་འབའ་ཞིག་ཡིད་ལ་འདོད་པས་ན་ཡི་དྭགས་ཏེ། རབ་ཏུ་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་ནི་སྤྱི་མཐུན་གྱི་སྒྲིབ་པ་ཅན་ནོ། །ཀུན་གྱི་ཡིད་དུ་འོང་བ་ཉི་མ་དང་ཟླ་བ་ཡང་གདུངས་ཤིང་མི་དགའ་བས་ཕྱི་རོལ་འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་ཆུ་གཙང་རྣག་ཁྲག་ལ་སོགས་པར་མཐོང་བ་ནི་ཕྱིའི་སྒྲིབ་པ་ཅན་ནོ། །བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ཞིང་དགུན་ནི་ཉི་མའང་བསིལ། །ཞེས་པ་ལྟར་རོ། །བཟའ་བཏུང་དང་པོར་མི་རྙེད་ཅིང་རྙེད་ཀྱང་མགྲིན་པར་མི་ཆུད་ཆུད་ནའང་ནང་ཁྲོལ་ལ་མེ་འབར་ཏེ། ལུས་ཀྱི་ཕྱི་ནང་ཀུན་ཏུ་མེ་འབར་བའི་ཕྱིར་ན་ལོངས་སྤྱོད་ཀྱི་དངོས་པོ་རྣམས་གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་སྐད་ཅིག་ལ་འགྱུར་བ་ནི་མེ་ལྕེའི་འཁོར་ལོ་ཅན་ནོ། །སྐོམ་པའི་ཚེ་རྒྱ་མཚོ་དང་ཆུ་ཀླུང་ཆེན་པོ་དང་། བཀྲེས་པའི་ཚེ་བཟའ་བའི་བྱེ་བྲག་དང་། གནས་དང་ཡོ་བྱད་ཡིད་དུ་འོང་བ་དག་ལ་ལོངས་སྤྱོད་པར་འདོད་ནས་བལྟས་ཤིང་དེའི་དྲུང་དུ་ཕྱིན་པའི་ཚེ། ཡང་ལྷག་རོལ་ལམ་རྗེས་ཙམ་ཡང་མེད་པར་འགྱུར་ཞིང་སྡུག་བསྔལ་འཕེལ་བ་ནི་ཟས་སྐོམ་གྱི་སྒྲིབ་པ་ཅན་ནོ། །རུས་གཟེབ་ལ་པགས་པས་གཡོགས་པ་ཙམ་ལས་ཤ་ཁྲག་གི་མདངས་མེད་པར་ཤིན་ཏུ་རིད་ཅིང་སྐམ་པ་དང་ལུས་དང་ཡན་ལག་མི་འཚམས་པར་རི་རབ་དང་འཇག་མ་ཙམ་ལ་དབང་པོ་མ་ཚང་ཞིང་སྐྱོན་ཆགས་པ་མགོ་བོ་རི་རབ་ཙམ་ལ་ཁ་ཁབ་མིག་ཙམ་པ་ལ་སོགས་པ་རྣམ་པར་མི་འཚམས་པའི་རང་བཞིན་དུ་གྱུར་པ་ནི་བསྐལ་པ་ཆེན་པོ་དྲུག་ཏུ་ཡི་དྭགས་ཀྱི་འཇིག་རྟེན་དེར་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་སྐྱེས་སོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་ཇི་ལྟར་འཚེ་བའི་ཚུལ་ནི། དེ་ནས་ཡི་དྭགས་སུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་རྒྱུ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཡང་ཁད་ཀྱིས་བསྲབས་ཏེ་རགས་པ་དེ་ཟད་པ་དང་། ཕྲ་བའི་རྒྱུ་དང་སྔོན་གྱི་སྐྱེ་བ་ལ་ཁྲོ་བོ་མགོ་དང་ཕྱག་དུ་མ་ཡོད་པ་བསྒོམས་ཤིང་རང་མཚན་དུ་ཞེན་ནས་ཕྲ་མེན་ལ་སོགས་པའི་འཁོར་ཡིད་ལ་བྱས་ཏེ་དྲག་སྔགས་རྩུབ་མོ་རྣམས་བཟླས་ཤིང་དངོས་པོ་བཞི་ལ་སྤྱད་པ་ལ་སོགས་པའི་ལས་ཀྱི་སྲིད་པས་རུ་ཏྲའི་རྒྱུད་དུ་མཚམས་སྦྱོར་ནས་སྐྱེས་སོ། །དེ་ཡང་ངོ་བོ་ཡི་དྭགས་ཀྱི་འགྲོ་བས་བསྡུས་ཤིང་ཆ་ལུགས་སྲིན་པོ་ཆེན་པོ་མཚོན་ཆ་དང་མགོ་ཐོད་ཐོགས་པ་སེམས་རབ་ཏུ་གདུག་པ་ཅན་ཁྲོ་ཞིང་གཏུམ་པོ་འཇིགས་སུ་རུང་བ་སྟེ། རྫུ་འཕྲུལ་ནི་ལུས་གཅིག་ལའང་མགོ་བརྒྱ་ཡོད་པ་དང་དེ་ཡང་སྟག་དང་སེང་གེ་ལ་སོགས་པའི་མགོ་བརྙན་མི་འདྲ་བ་སྣ་ཚོགས་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ལུས་བརྒྱ་ལ་མ་ཧེ་ལྟ་བུའི་མགོ་གཅིག་པ་དང་། གླང་པོ་ཆེ་དང་ཆུ་སྲིན་ལ་སོགས་པའི་ལུས་སྣ་ཚོགས་པ་དང་། ལུས་གཅིག་ལ་ཡན་ལག་རབ་ཏུ་མང་པོ་དང་། ཡན་ལག་དེ་དག་ཀྱང་ཁ་དོག་དང་རྣམ་པ་མི་འདྲ་བ་སྣ་ཚོགས་པ་དང་། དེ་དག་གིས་རྡོ་དང་མདུང་ཐུང་ལ་སོགས་པ་གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ། མ་མོ་དང་ཤ་ཟ་དང་མཁའ་འགྲོ་ལ་སོགས་པའི་འཁོར་རབ་ཏུ་མང་པོ་དང་ལྡན་པ། ཡན་ལག་སྦྲུལ་དུ་བྱུང་ཞིང་ལུས་ལ་གཤོག་པ་ཐོགས་པ་ལ་སོགས་པ་འཇིགས་པའི་གཟུགས་སྣ་ཚོགས་དང་། ར་ལ་ར་ལ། རུ་ལུ་རུ་ལུ་ལ་སོགས་པ་འཇིགས་པའི་ང་རོ་སྣ་ཚོགས་སྒྲོགས་པའོ། །དེའི་བྱེད་ལས་ནི་འཇིགས་པའི་གཟུགས་དང་མི་སྙན་པའི་ང་རོ་དང་མི་ཞིམ་པའི་དྲི་དང་རིམས་ནད་གཏོང་བའི་ཁ་རླང་གིས་འཚུབས་པས་འགྲོ་བ་ཐམས་ཅད་སྐྱི་བུང་ཞེས་དངངས་པར་བྱེད་པ། ཕྱོགས་ཐམས་ཅད་རབ་ཏུ་འཇིགས་པའི་རླུང་ནག་གི་མུན་པས་ཁེབས་ཤིང་། གྲང་པ་དང་ཚ་བའི་ཁའི་དབུགས་ཀྱིས་སྟེང་འོག་ཕྱོགས་བཅུ་ཀུན་ཏུ་སྟོང་ཁམས་ཐམས་ཅད་འཁྲུགས་པར་བྱེད་པ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞིས་འགྲོ་བ་ལ་འདེབས་པར་བྱེད་པ། སེམས་མྱོས་ཤིང་ལུས་དང་དྲན་པ་ཉམས་པར་བྱེད་པའི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པ་ཡོད་པའོ། །དེའི་མཐུས་དགའ་བོ་དང་འཇོག་པོ་ལ་སོགས་པ་ཀླུའི་རིས་དང་། ཐགས་བཟང་རིས་ལ་སོགས་པ་ལྷ་མ་ཡིན་གྱིས་རིས་དང་། དབང་པོ་དང་ཁྱབ་འཇུག་ལ་སོགས་པའི་འདོད་པའི་ལྷའི་རིས་དང་། དེས་མཚོན་པ་གཞན་འཕྲུལ་དབང་བྱེད་མན་ཆད་དོ། །བསམ་གཏན་དང་པོའི་ཚངས་རིས་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། གཉིས་པའི་འོད་ཆུང་ཚད་མེད་འོད་འོད་གསལ་དང་། གསུམ་པའི་དགེ་ཆུང་ཚད་མེད་དགེ་དགེ་རྒྱས་དང་། བཞི་བའི་སྤྲིན་མེད་བསོད་ནམས་སྐྱེས་འབྲས་བུ་ཆེ་སྟེ་གནས་རིས་བཅུ་གཉིས་མན་ཅད་དབང་དུ་བསྡུས་སོ། །གཉིས་པ་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོས་བཏུལ་ཚུལ་ལ་གཉིས་ལས། དང་པོ་གདུལ་བྱ་གཟིགས་ཚུལ་ནི་རུ་ཏྲ་དེ་སྔོན་ཐེག་པ་ཆེན་པོར་སེམས་བསྐྱེད་ཅིང་དབང་མནོས་ཏེ། དགེ་བའི་བཤེས་གཉེན་བསྟེན་པའི་བསོད་ནམས་ཀྱི་སྟོབས་ཀྱིས་ཆེ་བཙན་དང་འདུལ་ཞིང་དུ་གྱུར་པ། དཔལ་ཆེན་པོ་ཧེ་རུ་ཀ་ཐམས་ཅད་མཁྱེན་པས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་རང་བྱུང་གི་ཐུགས་རྗེ་དང་ཐབས་ལ་མཁས་པའི་མཛད་པས་བསྐལ་པ་ཇི་ལྟ་བ་བཞིན་འདུལ་བའི་ཆོ་འཕྲུལ་སྟོན་པར་འགྱུར་ཏེ་གདུལ་བའི་དུས་ལ་བབ་པོ་སྙམ་དུ་དགོངས་པའོ། །གཉིས་པ་བཏུལ་བ་དངོས་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོ་འཕྲུལ་བཞིས་དྲེགས་པ་ཅན་ཟིལ་གྱིས་མནན་པ། ཕྲིན་ལས་དྲག་པོས་གདུག་པ་ཅན་ཙར་བཅད་པ། ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ལས། རྒྱུ་ཏིང་ངེ་འཛིན་ལ་མཉམ་པ་བཞག་པ་ནི་གདུལ་བྱ་ལས་ཀྱི་ཁྲོ་བོ་སྣང་བ་དེ་ནས་འདུལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་སྐུ་ནི་ཆེ་བའི་རྡོ་རྗེ་གཉིས་སུ་མེད་པའི་རང་བཞིན་རྒྱ་ཆད་ཕྱོགས་ལྷུང་མེད་པར་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་སྣང་སྟོང་གཉིས་མེད་ནམ་མཁའ་ལྟ་བུའི་ངང་ལས་རང་སྣང་ཁྲོ་བོའི་ལོངས་སྐུ་འབྱུང་སྟེ། དགོས་པ་ནི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་ན་སྲིད་པ་གསུམ་གྱི་བདག་པོ་དྲེགས་པ་རུ་ཏྲ་འདུལ་བའི་ང་རྒྱལ་ཆེན་པོ་ཞེ་སྡང་ལ་སོགས་པའི་སྙེམས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཆེན་པོ་ཀུན་ཏུ་བཟང་པོ་ནི་བཅོམ་ལྡན་འདས་གདུལ་བྱ་འདུལ་བའི་ཐབས་ལ་དགྱེས་པ་ཆེན་པོས་ཏེ། དེས་ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་ཡེ་ཤེས་རང་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སོ། །གཉིས་པ་དེ་ལས་ཆོ་འཕྲུལ་ཇི་ལྟར་སྤྲོས་པའི་ཚུལ་ལ་བཞི་ལས། དབྱིངས་གང་ལས་སྤྲོས་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་ཁྲོ་མོ་དབང་ཕྱུག་ཆེན་མོ་གདངས་ཀྱི་ཡུལ་བྱ་བ་མོ་ཀུན་ཏུ་བཟང་མོ་རང་སྣང་དུ་མངོན་དུ་བྱུང་སྟེ། ཧི་ཧི་ཞེས་ཡབ་ལ་དགྱེས་པའི་སྐུའི་གཟི་མདངས་ཀྱིས་གསང་བའི་པདྨ་བདེ་བས་རྒྱས་པར་མཛད་ནས་བསྟན་པས། བྱེད་པ་པོ་ཀུན་ཏུ་བཟང་པོ་ཡང་ཧ་ཧ་ཞེས་རིན་པོ་ཆེ་རྒྱས་པར་མཛད་དེ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་ཏེ་རོལ་བའི་དགྱེས་པས་པདྨར་ནོར་བུ་ཐིམ་པར་མཛད་ནས་རོལ་ལོ། །ཚུལ་ཇི་ལྟར་སྤྲོས་པ་ནི་ཡབ་ཀྱི་བྱང་ཆུབ་སེམས་ཀྱི་སྤྲིན་ཡུམ་གྱི་མཁར་བབས་པ་ལས་བྱུང་བ་ནི་རྒྱུའོ། །དེའི་ཚེ་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ་ཞེས་པ་ནི་རྐྱེན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཁྲོ་བོ་འབར་བའི་དཀྱིལ་འཁོར་གྱིས་མ་རུངས་པའི་རྣམ་འགྱུར་གསུམ་དང་ལྡན་པས་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་དུམ་བུར་གྱིས་ཤིག་པའོ། །ངོ་བོ་གང་སྤྲོས་པ་ནི་དེ་སྐད་ཅེས་བརྗོད་པས་ནམ་མཁའི་མཐས་ཀླས་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་གོ་མཚམས་མེད་པར་ཁྱབ་པར་ཀུན་ཏུ་བཟང་མོ་ཡུམ་གྱི་མཁའ་དབྱིངས་ལས་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེ་ཆུང་སྟོང་གསུམ་གྱི་འཇིག་རྟེན་ཙམ་པ་ལ་གྲངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་སྙེད་ཙམ་འཐོན་པར་གྱུར་པས་གང་ངོ་། །སྤྲོས་པའི་ལྟས་ནི་དེ་ལྟར་ཁྲོ་བོའི་སྤྲིན་གྱིས་ནམ་མཁའི་ཁམས་ཀུན་གསལ་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་ས་དང་རི་དང་གླིང་ཐམས་ཅད་ཆུང་ངུར་གཡོས་འབྲིང་དུ་རབ་ཏུ་གཡོས་ཆེན་པོར་ཀུན་ཏུ་རབ་ཏུ་གཡོས་སོ། །འབྲུག་ལ་སོགས་པའི་སྒྲ་སྐད་ཆུང་ངུར་འུར་འུར་འབྲིང་དུ་རབ་ཏུ་འུར་འུར་ཆེམ་པོར་ཀུན་ཏུ་རབ་ཏུ་འུར་འུར་རོ། །ལྷའི་རྔ་བོ་ཆེ་ལ་སོགས་པ་རོལ་མོའི་ཚོགས་རྣམས་ལ་མ་བརྡུངས་ཀྱང་རང་སྒྲ་ཆུང་ངུར་ཆེམ་ཆེམ་འབྲིང་དུ་རབ་ཏུ་ཆེམ་ཆེམ་ཆེན་པོར་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །རི་དང་ས་རྡོ་ལ་སོགས་པ་རགས་པའི་དངོས་པོ་འདུས་པ་རྣམས་མ་གྱེས་ཙམ་དུ་ཆུང་ངུར་ཤིག་ཤིག་འབྲིང་དུ་རབ་ཏུ་ཤིག་ཤིག་ཆེན་པོར་ཀུན་ཏུ་རབ་ཏུ་ཤིག་ཤིག་གོ། །རྒྱ་མཚོ་ལ་སོགས་པའི་རྦ་རླབས་ཆུང་ངུར་འཐོར་འཐོར་འབྲིང་དུ་རབ་ཏུ་འཐོར་འཐོར་ཆེན་པོར་ཀུན་ཏུ་རབ་ཏུ་འཐོར་འཐོར་རོ། །ཆུང་འབྲིང་ཆེ་གསུམ་ནི་ས་འོག་ས་སྟེང་ས་བླ་གསུམ་དུ་བསྟན་པའོ། །དེ་ལྟར་ལྔ་པོ་ལ་གསུམ་གསུམ་གྱི་ལྟས་ཆེན་པོ་བཅོ་ལྔ་ཞེས་སོ། །དེ་ནི་སྣོད་ལྟར་ཕྱི་ལ་སྦྱར་བ་ཡིན་ཞིང་སྣོད་ཟིལ་གྱིས་གནོན་པའོ། །བཅུད་ལྟར་ནང་དུ་སྦྱར་ན་གཡོ་བ་གསུམ་འགྲོ་བའི་སེམས་གསུམ་མོ། །འུར་བ་གསུམ་སྒོ་གསུམ་མོ། །ཆེམ་པ་གསུམ་གཟུང་བ་དང་འཛིན་པ་དང་གཉིས་བཅས། ཤིག་པ་གསུམ་དུག་གསུམ་མོ། །འཐོར་བ་གསུམ་སྤང་གཉེན་འཛིན་པ་དང་བཅས་པ་སྟེ་བཅོ་ལྔ་དག་པར་བྱས་པའོ། །ཡེ་ཤེས་ལྟར་གསང་བར་སྦྱར་ན་རང་སྣང་འོད་ལྔའི་སྣང་བ་གཡོས་པ་གསུམ་མོ། །ཡེ་ཤེས་ཀྱི་གཞལ་ཡས་ཁང་ཕྱོགས་བཅུར་གསལ་བ་ནི་འུར་བ་གསུམ་མོ། །བརྟེན་པ་ལྷའི་དཀྱིལ་འཁོར་ནི་ཆེམ་པ་གསུམ་མོ། །སྣང་བ་མི་འདྲ་བའི་བཀོད་པ་དུ་མར་སྣང་བ་ནི་ཤིག་པ་གསུམ་མོ། །དཀྱིལ་འཁོར་གྱི་འཕྲོ་འདུ་དང་རོལ་བ་ནི་འཐོར་བ་གསུམ་མོ། །ཡང་གསང་བླ་མེད་ལྟར་སྦྱར་ན་སྣང་ཡུལ་བཟང་ངན་བར་མ་གསུམ་ནི་གཡོས་པ་གསུམ་མོ། །ཤེས་པ་དགག་སྒྲུབ་བར་མ་གསུམ་ནི་འུར་པ་གསུམ་མོ། །དེ་ཉིད་རང་གྲོལ་ཀུན་ཏུ་བཟང་པོ་ཐབས་ཤེས་ཟུང་འབྲེལ་གསུམ་དུ་ཤར་བས་ཆེམ་པ་གསུམ་མོ། །དེའི་ཚེ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་བདེ་གསལ་མི་རྟོག་པ་གསུམ་དུ་ཤར་བ་ནི་ཤིག་པ་གསུམ་མོ། །རང་བཞིན་རྟོགས་པས་སྤང་གཉེན་འཛིན་པ་གསུམ་ཞིག་པ་ནི་འཐོར་བ་གསུམ་སྟེ་འཁོར་བ་ཆོས་ཉིད་དུ་གྲོལ་བའི་ལྟས་ཆེན་པོ་བཅོ་ལྔའོ། །དེ་དག་བསྟན་པས་དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་གཙོ་བོ་རང་རང་གི་གནས་རིས་ན་དབང་ཆེ་བ་དང་། འོད་དང་གཟི་བརྗིད་ཆེ་བ་དང་། སྟོབས་དང་ནུས་མཐུ་ཆེ་བའི་ལྷ་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཐམས་ཅད་ལུས་འགྱེལ་ཞིང་གཟི་བརྗིད་ཆུང་བར་གྱུར་པས་བརྒྱལ། ངག་ཅུང་ཟད་ཀྱང་སྨྲ་བར་མི་ནུས་པས་རབ་ཏུ་བརྒྱལ། སེམས་སྐྲག་ཅིང་དཔའ་བཀོང་ལ་དྲན་པ་ཉམས་པས་ཀུན་ཏུ་བརྒྱལ་བར་གྱུར་ཏོ། །གཉིས་པ་ཕྲིན་ལས་དྲག་པོས་གདུག་པ་ཅན་ཚར་གཅོད་པ་ལ་བཞི་སྟེ། གཙོ་བོ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀོད་པ། དྲེགས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ། མོ་རྒྱུད་སྦྱོར་བས་དགྱེས་པ། འཁོར་གྱི་དཀྱིལ་འཁོར་སྤྲོས་པའོ། །དང་པོ་ལ་གཉིས་ལས། གཙོ་བོ་ཆེ་མཆོག་ཏུ་བཞུགས་པའི་ཚུལ་ནི་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཉིད་འཇིགས་བྱེད་ཆེན་པོ་ཤིན་ཏུ་རྔམས་པའི་ཆ་ལུགས་སྐྱི་བུང་ཞེས་བྱེད་པའི་རྣམ་པ་ཡེ་ཤེས་ཀྱི་གཟི་མདངས་ཉི་མ་འབུམ་ལས་འབར་བ་ཆེན་པོའི་འོད་འཕྲོ་བ་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ལ་རྣམ་འགྱུར་ཅིར་ཡང་འགྱུར་བ། དབུ་དང་ཕྱག་ཞབས་གྲངས་མཐའ་ཡས་པ་སྟོང་ཁམས་ཀྱི་རྡུལ་སྙེད་མངའ་བའི་ཕྱག་ན་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་འཛིན་པ་དེ། རྣམ་པར་ཐར་པའི་དབུ་གསུམ་དང་། ཕ་རོལ་ཏུ་ཕྱིན་པའི་ཕྱག་དྲུག་དང་། རྫུ་འཕྲུལ་གྱི་རྐང་པའི་ཞབས་བཞིར་གྱུར་ཏེ། འཁོར་བ་མ་སྤངས་གནས་སུ་དག་པའི་དུར་ཁྲོད་ཆེན་པོར་དགྱེས་ནས། འདོད་ཆགས་གནས་སུ་དག་པའི་ཕྱིར་ཁྲག་གི་རྒྱ་མཚོའི་ཀློང་དཀྱིལ་ན་ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཀེང་རུས་ཀྱི་ཚོགས་སྤུངས་ཤིང་བརྩེགས་པའི་རི་རབ་ཆེན་པོའི་སྟེང་ན་གཏི་མུག་གནས་སུ་དག་པའི་ཕྱིར་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བ་ཆེན་པོའི་ཀློང་གི་དབུས་འཁོར་ལོ་རྩིབས་བཞི་བའི་དཀྱིལ་ན། ལྷ་དབང་ཕྱུག་ཆེན་པོ་སྟེ་མ་ཧཱ་དྷེ་བ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་མོ་ཨུ་མ་དྷེ་བཱི་སྟེ་ཁྱོ་ཤུག་གི་གདན་ལ་གཡོན་བརྐྱངས་གཡས་བསྐུམ་དུ་བཞུགས་སོ། །ཁ་ཅིག་གཡས་བརྐྱངས་གཡོན་བསྐུམ་དུ་འདོད་པ་ནི་ཤེས་རབ་དང་ཐབས་ཀྱི་དག་པ་དང་མི་མཐུན་ནོ། །གཉིས་པ་འཁོར་རིགས་བཞིར་བཀོད་ཚུལ་ནི། གོང་དུ་སྤྲོས་པའི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་གི་ཚོགས་དེ་དག་ཀྱང་རིགས་ལྔའམ་བཞིའི་རང་བཞིན་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རིགས་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་བཛྲ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་ཤར་ཕྱོགས་སུ་བཞུགས་སོ། །ཁ་ཅིག་བུདྡྷ་ཧེ་རུ་ཀར་འདོད་པས་ནི་ཕྱོགས་མ་མཐོང་སྟེ་ཆེ་མཆོག་བུདྡྷ་ཧེ་རུ་ཀར་གསུངས་པའི་ཕྱིར་རོ། །མཉམ་ཉིད་ཡེ་ཤེས་ཀྱི་རིགས་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེ་སྟེ་རཏྣ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་རྩིབས་ལྷོ་ཕྱོགས་སུ་བཞུགས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིགས་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཧེ་རུ་ཀར་གྱུར་ཏེ་རྩིབས་ནུབ་ཕྱོགས་སུ་བཞུགས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རིགས་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་སྟེ་ཀརྨ་ཧེ་རུ་ཀར་གྱུར་ཏེ་རྩིབས་བྱང་ཕྱོགས་སུ་བཞུགས་སོ། །ཁྲོ་བོའི་རིགས་བཞི་པོ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་ཧཱུྃ་དང་ཕཊ་ལ་སོགས་རྔམས་པའི་ང་རོ་དང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་དུག་གསུམ་རྩད་ནས་གཅོད་ཅིང་སྐུ་གསུམ་མཚོན་པའི་དབུ་གསུམ་དང་རྒྱུད་དྲུག་དབྱིངས་སུ་སྒྲོལ་བའི་ཕྱག་དྲུག་དང་ཕྲིན་ལས་བཞིས་འགྲོ་བའི་དོན་མཛད་ཅིང་སྐྱེ་གནས་བཞི་གནས་སུ་སྒྲོལ་བའི་ཕྱིར་ཞབས་བཞིས་ཕྱིན་ཅི་ལོག་བཞི་དང་བདུད་བཞི་གནོན་པའི་བརྡར་ཤར་དུ་དྲི་ཟ་དང་། བྱང་དུ་གནོད་སྦྱིན་དང་། ནུབ་ཏུ་སྲིན་པོ་དང་། ལྷོར་གཤིན་རྗེ་དང་ལ་སོགས་པ་ནི་མ་རུངས་པའི་གདུག་པ་ཅན་གྱི་རིགས་ཇི་སྙེད་པ་བསྡུས་ཏེ། དེ་དག་སོ་སོའི་ཁྱོ་ཤུག་གི་གདན་བྱི་ཆིངས་སུ་བྱས་པ་ལ་སྔ་མ་བཞིན་བརྐྱངས་བསྐུམས་སུ་བཞུགས་སོ། །ཧེ་རུ་ཀ་རིགས་ལྔའི་བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་བུདྡྷ་ཀྲོ་ཏཱི་ཤྭ་རཱི་མ་ལ་སོགས་པ་རྣམས་ཀྱང་ཁྲོ་བོ་སོ་སོའི་སྐུ་ལ་འཁྱུད་ཅིང་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །གཉིས་པ་ཕོ་རྒྱུད་དངོས་སུ་བསྒྲལ་བ་ལ་གཉིས་ལས། དྲེགས་པ་ཅན་གྱི་ང་རྒྱལ་གྱིས་གཏུམ་རྔམས་བསྒྲགས་པ་ནི་དེ་ནས་གདན་དུ་བསྣོོལ་བའི་དྲེགས་པ་ཆེན་པོ་རུ་ཏྲ་ལ་སོགས་པའི་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་རྣམས་ཀྱིས་གདུག་ཅིང་གཏུམ་པའི་སེམས་ཀྱིས་ཁྲོས་ཏེ། ལུས་གདན་དུ་བཏིང་ཡང་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས་ཚིག་མཐུན་པའི་མགྲིན་གཅིག་ཏུ་གདུག་པའི་ང་རོ་དང་མི་སྙན་པའི་བརླང་པོའི་གཏུམ་ཚིག་དྲག་པོ་སྨྲས་པ། ངེད་རྣམས་རྐང་པའི་འོག་ནས་ཐོང་ཐོང་ཁྱེད་ཅག་སྙིང་རྗེའི་བདག་པོ་འགྲོ་བ་ལ་ཕན་འདོགས་པའི་གཟུགས་བརྙན་མ་ཡིན་ནམ། ཅི་དེ་ལྟར་རང་བྱེད་དམ་ཞེས་ཟེར་ཞིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་བརྒལ་བའི་ཕྱིར་རྔམ་མོ། །གཉིས་པ་ཐུགས་རྗེའི་མངོན་སྤྱོད་དྲག་པོས་དངོས་སུ་བསྒྲལ་བ་ལ་གཉིས་ལས། དང་པོ་འཇིགས་གཟུགས་རྔམས་པའི་སྤྲིན་སྤྲོས་པ་ནི་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཉིད་ཕྱིར་ཧེ་རུ་ཀའི་དགུ་ཀློང་རྔམས་པའི་ཞལ་དུ་གསོལ་བ་དང་ནང་དུ་སྙོམས་འཇུག་དགུ་བརྙེས་པའི་རྟགས་སུ་དབུ་དགུ་དང་། ཕྱིར་སྒྲོལ་གིང་བཅོ་བརྒྱད་ཀྱིས་གདུག་པ་ཅན་སྒྲོལ་བ་དང་ནང་དུ་སྟོང་པ་ཉིད་བཅོ་བརྒྱད་ཀྱི་བརྡར་ཕྱག་བཅོ་བརྒྱད་དང་། ཕྱིར་ཚད་མེད་པ་བཞི་དང་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད་ཅིང་ནང་དུ་རྣམ་པར་ཐར་པ་བརྒྱད་བརྙེས་པའི་རྟགས་སུ་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས། གདུག་པ་ཅན་ལ་རྔམས་པའི་སྐད་ཀྱིས་ཐབས་ལ་མཁས་པའི་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་གདུལ་བྱའི་སྣང་ངོར་ཤིན་ཏུ་ཁྲོས་པར་བསྟན་ནས། ཧཱུྃ་གསུམ་ནི་ལུས་ངག་ཡིད་གསུམ་སྡུས་ཤིག་པའོ། །ཧ་གསུམ་ནི་དགོད་ཅིག་པ་སྟེ་དུག་གསུམ་ཞལ་དུ་གསོལ་བར་རྔམས་པའོ། །ཁཱ་ཧི་གསུམ་ནི་ཟོ་ཤིག་པ་སྟེ་ཤ་ཁྲག་རུས་པ་གསུམ་ལ་རོལ་པའོ། །སྔགས་དེ་སྐད་ཅེས་བརྗོད་པས་འདར་ཞིང་དངངས་ཏེ་ལས་སུ་རུང་བར་བྱས་པའོ། །གཉིས་པ་བསྒྲལ་བ་དངོས་ནི་ཁྲོ་བོའི་ཚོགས་དེ་དག་གིས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་དོན་སྙིང་ཕྱུང་པ་ནི་རྣམ་ཤེས་ཀྱི་ཚོགས་ལ་བདག་ཏུ་འཛིན་པའི་ངོ་བོ་རྩད་ནས་བཅད་པའོ། །མིག་ལ་སོགས་པ་དབང་པོ་ཀུན་ཕྱུང་བ་ནི་ཡུལ་འཛིན་གྱི་སྒོ་བཀག་པའོ། །རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་དྲངས་པ་ནི་གཟུང་འཛིན་གྱི་རྟེན་ལུས་སུ་ཞེན་པ་སྤངས་པའོ། །མགོ་ལ་སོགས་པའི་ཡན་ལག་ཀུན་བཅད་བཏུབས་ནས་ནི་སྲིད་པར་འདུ་བྱེད་བཤིག་པའོ། །ཤ་ཀུན་ཟོས་པས་གཏི་མུག་དག་པར་མཛད་པའོ། །ཁྲག་ཀུན་འཐུངས་པ་ནི་འདོད་ཆགས་དག་པའོ། །རུས་པ་ཀུན་འཆོས་པ་ནི་ཞེ་སྡང་དག་པར་བྱས་པའོ། །གསུམ་པ་མོ་རྒྱུད་སྦྱོར་བས་དགྱེས་པ་ལ་གཉིས་ཏེ། འཇིག་རྟེན་བསྡུ་བའི་ཆོ་འཕྲུལ་དང་། སྦྱོར་བ་ཆེན་པོས་རོལ་པའོ། །དང་པོ་ལའང་གཉིས་ལས། སྣོད་ཀྱི་འཇིག་རྟེན་བསྡུ་བ་ནི་དེ་ནས་འཇིག་རྟེན་གཅིག་ཏུ་བསྡུ་བའི་སྔགས་བརྗོད་པ་ལས། ཧཱུྃ་གསུམ་ནི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱིས་སྡུས་ཤིག་པའོ། །བྷྱོ་ནི་མ་མོ་རྣམས་སོ། །ཨེ་ནི་འདིར་རོ། །ཨ་ར་ལི་ནི་མཁའ་འགྲོ་མའམ་ཕོ་ཉ་མོའོ། །ཧྲིཾ་ཧྲིཾ་ནི་འདུས་ཤིག་པའོ། །ཛཿཛཿཤོག་ཤོག་གམ་ཁུག་གཅིག་པའོ། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དབྱིངས་ཀྱིས་མཐས་གཏུགས་པ་དང་བཅས་པ་ཐམས་ཅད་ཡུངས་འབྲུ་ཙམ་དུ་ཆུད་པར་བསྡུས་སོ། །འདི་ནི་སངས་རྒྱས་ཀྱི་དབང་འབྱོར་བའི་རྫུ་འཕྲུལ་ཏེ་ཕལ་པོ་ཆེ་ལས། ནམ་མཁའི་དབྱིངས་དང་ཆོས་ཀྱི་དབྱིངས་ཉིད་དང་། །འཇིག་རྟེན་དབྱིངས་རྣམས་ཡུངས་འབྲུ་གཅིག་བསྡུས་ཏེ། །དེ་དག་ཚད་ཀྱང་སྔོན་བཞིན་ཉམས་པ་མེད། །འདི་ནི་བདེ་གཤེགས་དབྱིངས་ཀྱི་རྣམ་འཕྲུལ་ལོ། །ཞེས་པ་ལྟར་རོ། །གཉིས་པ་བཅུད་ཀྱི་སེམས་ཅན་བསྡུ་བ་ནི། དེ་ནས་མཐུ་ཆེ་བའི་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་གནས་འཇོག་དང་སེར་སྐྱ་དང་གནོད་སྦྱིན་ལ་སོགས་པ་ལྷ་དང་ལྷ་མ་ཡིན་གྱི་བློན་པོ་ཆེན་པོ་བཀའ་ཉན་པ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་ནི་དྲེགས་པ་ཆེན་པོ་དང་ཚངས་པ་ལ་སོགས་པ་ཉི་ཤུ་རྩ་བརྒྱད་ཡིན་པས་ན་དེ་དག་སོ་སོའི་ཆུང་མ་ནི་འབྱུང་མོ་ཕལ་པའི་རིགས་ཐམས་ཅད་ཀྱི་ཡང་རྗེ་མོ་རྣམ་བརྙན་ཆེན་མོ་ལ་སོགས་པ་བློན་པོའི་ཐུགས་གཅེས་མ་ཡིན་ལ། དེའི་ཡང་རྗེ་མོ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དོ། །འདི་དག་ཐུན་མོང་གི་ལུགས་ཀྱིས་འཇིག་རྟེན་པར་བྱེད་ཀྱང་། ཐུན་མོང་མ་ཡིན་པས་འཇིག་རྟེན་ལས་འདས་པར་བསྟན་ཅིང་། ཤིན་ཏུ་ཐུན་མོང་མ་ཡིན་པས་རྩ་གནས་འཁོར་ལོའི་ནང་ན་ཡོད་པ་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་པས་ན་དེའི་རྗེས་སུ་འབྲང་བ་ཡིན། འདིར་འཇིག་རྟེན་པའི་གཏམ་རྒྱུད་ལ་སོགས་པའི་དཔེས་བསྙད་ན་གོ་བར་སླ་བས་དེ་དང་མཐུན་པར་བརྗོད་པར་བྱའོ། །དེའང་ཁྱོའི་མིང་ཆུང་མ་ལ་གྲགས་པར་ཟད་དེ། སྲིན་མོ་ཆེན་པོ་མིའི་སྲིན་མོ་ནི་དུར་ཁྲོད་ཀྱི་དྲེགས་པ་དབང་ཕྱུག་ཆེན་པོའི་ཆུང་མ་སྟེ། ཚིལ་དང་ཞག་གི་མཆོད་སྦྱིན་གྱིས་མགུ་བར་བྱེད་པའོ། །ཚངས་མ་ནི་ཚངས་པའི་ཆུང་མ་སྟེ། སྔོན་ལྟེ་བ་པདྨོའི་གཞལ་ཡས་ནས་སྐྱེས་པ་དེའི་ཚེ་ཡིད་ཀྱི་བུ་མོར་སྤྲུལ་ཏེ་དེ་ལ་བལྟ་བའི་ཕྱིར་ཕྱོགས་བཞིིའི་གདོང་བཞི་དང་། སྟེང་གི་གདོང་སྟེ་ལྔ་ཡོད་པ་ལས། ཁྱབ་འཇུག་གིས་ཕྲག་དོག་བྱས་ཏེ་འཁོར་ལོ་འཕངས་པས་སྟེང་གི་མགོ་ཆད་པའོ། །འཁྲུག་མོ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དབང་ཕྱུག་ཆེན་པོའི་ཆུང་མའོ། །དེའང་ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ་ལུས་རྫོང་དུ་བྱིན་གྱིས་བརླབས་ནས་ལྷའི་དམག་བཙུད་དེ་འཐབ་པས་ལྷ་རྒྱལ་བར་བྱེད་པའོ། །དབང་མོ་དང་ནི་བརྒྱ་བྱིན་གྱི་ཆུང་མ་སྟེ། སྔོན་དྲང་སྲོང་གི་ཆུང་མ་ལ་ཞུགས་པས། ལན་ཅིག་དྲང་སྲོང་གཞན་ཞིག་གིས་མགྲོན་དུ་བོས་ཏེ་སྟན་གསུམ་བཏིང་ནས་ཁོང་གཉིས་མགྲོན་དུ་བོས་པས། དྲང་སྲོང་དེར་ཅི་བྱེད་བྲིས་པ་ན་དྲང་སྲོང་གཞན་དེས་ཁྱེད་གསུམ་ཡོད་ཅེས་བརྗོད་པས དེས་བརྒྱ་བྱིན་མོའི་ལྟོ་བར་མིད་པ་དེ་འཐོན་དགོས་པར་བྱུང་དུས་དྲང་སྲོང་ཁྲོས་ཏེ། ཁྱོད་ཀྱི་ལུས་ལ་བུད་མེད་ཀྱི་མཚན་མ་སྟོང་ཤོག་ཅིག་ཅེས་པའི་དམོད་པས་དེ་ལྟར་གྱུར་པ་ལྷ་རྣམས་ཀྱིས་མཐོང་ནས་དྲང་སྲོང་ལ་བཟོད་པར་གསོལ་བས་མིག་སྟོང་དུ་བྱིན་གྱིས་བརླབས་པས་མཚན་སྟོང་དབང་པོ་མིག་སྟོང་ལྡན་ཞེས་གྲགས་སོ། །འཇུག་སྲེད་མོ་དང་ནི་ཁྱབ་འཇུག་གི་ཆུང་མ་སྟེ། ས་སྟེང་ས་བླ་ས་འོག་གསུམ་དུ་ཁྱབ་པར་འཇུག་པའོ། །གཞོན་ནུ་མོ་དང་ནི་གཞོན་ནུ་སྨིན་དྲུག་གི་ཆུང་མའོ། །ལྷའི་བུ་མོ་ལ་མེ་ལྷའི་ཡིད་ཀྱིས་ཆགས་པ་སྤྱད་པས་གཞོན་ནུ་གདོང་དྲུག་ཡོད་པ་བཙས་ཏེ་ལྷའི་རྒྱལ་པོར་གྱུར་པས་སྨིན་དྲུག་གོ། །དམར་མོ་དང་ནི་འཇུག་སྲིད་ཀྱི་ཆུང་མའོ། །དེའང་ལུས་ཟངས་འདྲ་བས་དེ་སྐད་དུ་གྲགས་སོ། །བདུད་རྩི་མོ་དང་ནི་ཉི་མའི་ཆུང་མའོ། །དེའང་བསྐལ་པ་རྫོགས་ལྡན་གྱི་དུས་སུ་རྒྱ་མཚོ་བསྲུབས་པ་ལས་ཉི་མ་བྱུང་སྟེ། མཁའ་ལ་སོང་བས་འཇིག་རྟེན་སྣང་བ་ན་འགྲོ་བའི་མིག་གི་བདུད་རྩི་ཞེས་གྲགས་སོ། །ཞི་བ་མོ་ནི་ཟླ་བའི་ཆུང་མ་སྟེ། ཡང་རྒྱ་མཚོ་བསྲུབས་པས་ཟླ་བ་བྱུང་བ་མཁའ་ལ་སོང་བས་ཚ་བའི་གདུང་བ་ཞི་བའི་ཕྱིར་ཞི་བ་དང་བསིལ་ཟེར་ཅན་དུ་གྲགས་སོ། །བེ་ཅོན་མོ་དང་ནི་བེ་ཅོན་གྱི་ཆུང་མ་སྟེ། སྤེན་པ་ལགས་ན་བེ་ཅོན་ཐོགས་འཇོམས་པར་གྲགས་སོ། །སྲིན་མོ་དང་ནི་སྲིན་པོའི་ཆུང་མ་སྟེ། ལངྐ་པུ་རིའི་གྲོང་ན་ལངྐ་མགྲིན་བཅུ་ཞེས་བྱ་བ་གདོང་བཅུ་ཡོད་པ་ལ་གྲགས་སོ། །ཟ་བ་མོ་ནི་ལྷའི་དམག་དཔོན་མ་ཧཱ་ཀཱ་ལའི་ཆུང་མ་སྟེ། ལྷ་མ་ཡིན་དང་དམ་ཚིག་ཉམས་པ་རྣམས་ཟ་བར་བྱེད་པའི་ཕྱིར་རོ། །དགའ་བ་མོ་དང་ནི་དགའ་བྱེད་དབང་ཕྱུག་གི་ཆུང་མ་སྟེ། ནོར་སྦྱིན་པས་གཞན་དགའ་བར་བྱེད་པ་རྣམ་ཐོས་སྲས་སོ། །ར་རོ་ཁྲག་འཐུང་མྱོས་མ་དང་ནི་ལྷ་སྟོབས་བཟང་གི་ཆུང་མ་སྟེ། དབང་པོའི་མཆོད་སྦྱིན་ལ་རིག་བྱེད་ཀྱི་རྡེའུ་བཏང་བས་ཆང་གིས་ར་རོ་ནས་མྱོས་པས་དེ་སྐད་དུ་གྲགས་སོ། །གཅིག་པུར་སྤྱོད་མ་དང་ནི་དྲི་ཟ་ཏམ་བུ་རའི་ཆུང་མའོ། །དེའང་ལྷའི་རོལ་མོ་མཁན་ཡིན་ཏེ། པི་ཝང་སྒྲེང་བས་མདུན་ན་འགྲོ་བའོ། །བྷྲིཾ་གི་རི་ཏི་ཞེས་ཀྱང་བྱ་སྟེ་དབང་ཕྱུག་གི་བུ་ཡིན་ཞེས་ཟེར་རོ། །ཡིད་འཕྲོག་མ་དང་ནི་དཔལ་མོ་སྟེ་འདོད་ལྷ་ཀ་མ་དྷེ་བའི་ཆུང་མའོ། །དེའང་གཟུགས་མཛེས་པས་ཐམས་ཅད་ཀྱིས་མཐོང་ན་དོན་འཆོར་བར་བྱེད་པས་དེ་སྐད་གྲགས་སོ། །གྲུབ་མོ་དང་ནི་ནོར་སྲུང་གི་ཆུང་མའོ། །དེའང་ནོར་གྲུབ་ཅིང་བྱད་གཏོང་བའོ། །རླུང་མོ་དང་ནི་རླུང་ལྷའི་ཆུང་མ་སྟེ་རླུང་གི་གཞི་མ་གནས་པའོ། །གསོད་བྱེད་མ་དང་ནི་བདུད་གསོད་བྱེད་ཀྱི་ཆུང་མའོ། །མེ་མོ་དང་ནི་མེ་ལྷའི་ཆུང་མའོ། །ཕག་མོ་དང་ནི་ས་བདག་ཕག་ཆེན་གྱི་ཆུང་མའོ། །དེའང་སའི་འོག་ན་ཕག་གི་གཟུགས་ཀྱི་འཇིག་རྟེན་འདེགས་སོ་ཞེས་གྲགས་སོ། །རྒན་བྱེད་མོ་དང་ནི་གཤིན་རྗེའི་ཆུང་མའོ། །སྔར་མ་ཧཱ་དྷེ་ཝའི་ཆུང་མ་ཡིན་པ་ལ། ཨུ་མ་གཅིག་པུ་ལ་བལྟས་པས་མོ་ཁྲོས་ཏེ། རྒན་མོར་སྤྲུལ་པས་དེ་སྐད་ཅེས་སོ། །སྣ་ཆེན་མོ་དང་ནི་ཚོགས་བདག་གི་ཆུང་མའོ། །དེའང་དབང་ཕྱུག་གི་ཆུང་མ་མེ་ཏོག་མདའ་ཅན་ལ་བུ་བཙས་པ་ན་ཨུ་མས་བུ་ཡོད་དམ་དྲིས་པས་བུ་དང་ཡོད་དེ་མགོ་མེད་ཟེར་བ་དང་། དེ་ལྟར་གྱུར་ཅིག་ཅེས་དམོད་བོར་བ་བཞིན་གྱུར་པས། བྲེད་དེ་བཟོད་པར་གསོལ་ནས་ཞུས་པ་ན། མགོ་སོ་མ་གཅིག་སྦྱོར་ཅིག་དེ་ལྟར་འགྱུར་རོ་ཟེར་རོ། །གླང་པོ་ཆེའི་ཕྲུ་གུའི་མགོ་སྦྱར་བས་གླང་སྣ་ཅན་ཞེས་སོ། །ཆུ་ལྷ་མོ་དང་ནི་ཆུ་ལྷའི་ཆུང་མའོ། །ནག་མོ་ཆེན་མོ་དང་ནི་ནག་པོ་རྣམ་འཇིག་ཆེན་པོའི་ཆུང་མའོ། །དེའང་ཡུལ་ལངྐ་བུ་རིར་སྲིན་པོའི་བུ་བཞི་སྟེ། བི་ཤ་ན་རྣམ་འཇིག །དྷ་ཤ་གྲཱི་ཝ་མགྲིན་བཅུ། སུམ་པ་ཀ་ར་བུམ་སྣ། ར་མན་ཏ་འབོད་གྲོགས་བཞིའོ། །ར་མགོ་དམར་སེར་ཆེན་མོ་དང་ནི་སྲིན་པོ་དྷ་ཤ་གྲཱི་ཝའི་ཆུང་མའོ། །བུམ་སྣ་སྔོ་ནག་ཆེན་མོ་དང་ནི་སྲིན་པོ་བུམ་སྣའི་ཆུང་མའོ། །གསུས་འཛིན་སེར་ནག་ཆེན་མོ་ནི་འབོད་གྲོགས་ཏེ་གསུས་པོ་ཆེའི་ཆུང་མའོ། །ལ་སོགས་པ་ནི་དབང་ཆེ་བ་ཇི་སྙེད་པའི་ཆུང་མ་རྣམས་སྡུད་པ་སྟེ། ཕྱིའི་ལས་སྒྲུབ་པའི་བྲན་དང་དེའི་ཡང་བྲན་དང་ནང་གི་ལས་སྒྲུབ་པའི་གཡོག་དང་དེའི་ཡང་གཡོག་ལ་སོགས་པ་འཇིག་རྟེན་པའི་འཁོར་ཞིང་གི་རྡུལ་སྙེད་ཀྱི་གྲངས་ཐམས་ཅད་ཀྱང་དབང་དུ་བསྡུས་སོ། །གཉིས་པ་སྦྱོར་བ་ཆེན་པོའི་རོལ་པ་ལ་གསུམ་ལས། རྒྱུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ནི་དབང་དུ་བསྡུས་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་འགྲོ་བའི་དཔལ་ཁྲག་འཐུང་ཆེན་པོས་གདུལ་བྱ་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོའི་ཚོགས་འབར་བར་སྣང་བར་བྱས་ནས། ཡབ་ཡུམ་དེ་དག་ཀུན་ཀྱང་དགྱེས་པས་གཉིས་སུ་མེད་པར་རོལ་པའི་དཀྱིལ་འཁོར་གྱིས་སྤྲིན་རང་སྣང་ནམ་མཁའི་དབྱིངས་ཀུན་ཏུ་ཁྱབ་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྐྱེན་རིག་པ་ཆེན་པོའི་གསང་སྔགས་བསྒྲགས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་སྐད་ཅེས་ཕྱུང་ངོ་ༀ་ཧཱུྃ་ཨཱཿནི་སྐུ་ཐུགས་གསུང་ངོ་། །བཛྲ་པྲ་བྷེ་ཤ་ཡ་ནི་རྡོ་རྗེ་གཞུག་པར་བྱའོ། །ཨ་ལ་ལ་ཧོ་ནི་ཤིན་ཏུ་ངོ་མཚར་ཆེ་བའོ། །འབྲས་བུ་གཉིས་སུ་མེད་པར་སྦྱར་བ་ནི་དེ་སྐད་ཅེས་བརྗོད་པས་འབྱུང་པོའི་རྒྱལ་མོ་རྣམས་ཧེ་རུ་ཀའི་ཚོགས་ལ་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་རང་རང་གི་པདྨའི་དཀྱིལ་འཁོར་སྡུད་པ་སྟེ་འཛུམ་ཞིང་རྒྱས་པ་སྟེ་འབྱེད་པར་གྱུར་ནས་ཧེ་རུ་ཀའི་སྐུ་ལ་སྦྱོར་བ་ནི་དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། དམར་མོ་དང་། དགའ་བ་མོ་དང་། གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་ལ་སོགས་པ་བརྒྱད་པོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཆེ་མཆོག་འཁོར་ལོའི་སྐུ་ལ་ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་ལ་སོགས་པ་ཤར་གྱི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མོ་དང་། ཟབ་མོ་དང་། སྲིན་མོ་ལ་སོགས་པ་ལྷོའི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨའི་སྐུ་ལ་ཁྲག་གིས་མྱོས་མ་དང་། གཅིག་པུར་སྤྱོད་མ་དང་། ཡིད་འཕྲོག་མོ་དང་། གྲུབ་མོ་དང་། རླུང་མོ་ལ་སོགས་པ་ནུབ་ཀྱི་ལྔ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ་མི་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་ཆེན་མོ་དང་། ཆུ་ལྷ་མོ་ལ་སོགས་པ་བྱང་གི་ལྔ་རྣམས་འཁྲིལ་ལོ། །བཞི་པ་འཁོར་གྱི་དཀྱིལ་འཁོར་སྤྲོ་བའི་ཚུལ་ལ་ལྔ་ལས། དང་པོ་སྤྲོ་བའི་སྦྱོར་བ་ནི་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲག་འཐུང་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུྃ་ཞེས་བརྗོད་ཅིང་དབང་མོ་རྣམས་ཀྱིས་པདྨའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཁྲག་འཐུང་ལྔའི་རྡོ་རྗེེ་ལ་བསྡུས་ནས་ཕན་ཚུན་ཕྱག་ཞབས་བསྣོལ་ཞིང་སྟོད་སྨད་ཤིན་ཏུ་བཅུམ་པས་བདེ་བ་རྒྱས་པར་གྱུར་ཏོ། །གཉིས་པ་མ་མོ་སྤྲོས་པ་ནི་དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས་རྒྱུ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཐུགས་རྣམ་པར་དག་པ་ཞི་བའི་ལས་མཛད་པ་དཀར་མོ་སྟེ་དབང་མོ་ཉེར་བརྒྱད་རེ་རེ་ལ་རེ་རེ་བྱུང་བས་ཚོགས་དང་ཞེས་སོ། །དེའང་གྲངས་ལྷག་པའི་སྐྱོན་མེད་དེ། ག་རཱི་མའི་རིགས་གཅིག་ཏུ་སྡུད་པའོ། །ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །འདིར་དབང་མོའི་མཁའ་ནས་འཐོན་ཞིང་། སྒྲུབ་ཐབས་སུ་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་བ་ལས་འཐོན་པ་འགལ་ལོ་སྙམ་ན་སྐྱོན་མེད་དེ། སྔོན་བྱུང་དྲེགས་པ་འདུལ་བའི་ཚེ་དགོས་ཆེད་ཀྱིས་དེ་ལྟར་སྣང་ལ། རྗེས་འཇུག་ཉམས་སུ་ལེན་པའི་ཚེ་སྒྲུབ་ཐབས་ལྟར་ཡིན་ནོ། །ཡོན་ཏན་གྱི་ཚོགས་སྡུད་པས་རྐུན་མོའི་ཚོགས་དང་སྟེ་དབང་གི་ལས་སོ། །སྤང་བླང་གཉིས་སུ་མེད་པས་རྨོངས་མོའི་ཚོགས་དང་སྟེ་སེམས་ཀྱི་དྲན་པ་ཉམས་པར་བྱེད་པས་དྲག་པོའོ། །མི་མཐུན་པའི་ཕྱོགས་རྡུལ་དུ་རློག་པས་ཐལ་བྱེད་མོའི་ཚོགས་དང་སྟེ་དྲག་པོའི་ལས་སོ། །ཡོན་ཏན་གྱིས་གང་བས་སྦོས་མོའི་ཚོགས་དང་སྟེ་རྒྱས་པའོ། །འཐབ་ཅིང་འཁྲུག་པས་གཏུམ་མོའི་ཚོགས་དང་སྟེ་དྲག་པོའོ། །གང་ཡང་འགྲུབ་པས་སྨེ་ཤ་ཅན་གྱི་ཚོགས་ཏེ་ལས་ཐམས་ཅད་པའོ། །ཚེ་དང་ཡོ་བྱད་འཕེལ་པ་མ་ཚོགས་མའམ་མ་མོའི་ཚོགས་རྣམས་ཏེ་རྒྱས་པའི་ལས་སོ། །ཞིང་དབྱུག་དང་མདའ་གཞུ་ལ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་བའི་འོད་ཟེར་དང་རྒྱན་དང་བཅས་ནས་དབང་ཕྱུག་མ་རྣམས་ཀྱི་མཁའ་ལས་ཕྱིར་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་གྱི་ཤར་ལྷོའི་ཕྱོགས་ཀྱི་རྩིབས་མཆན་ནས་གཡས་སྐོར་དུ་འཁོར་བར་འཇིགས་པའི་གཟུགས་དང་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །དེའང་རྩིབས་མཆན་བཞི་དང་གྲུ་ཆད་བཞི་ལའོ། །གསུམ་པ་ཕྲ་མེན་མ་སྤྲོས་པ་ནི་དེ་ནས་ཤིན་ཏུ་དགྱེས་ཏེ་ཧེ་ཞེས་བརྗོད་པས། ཟིལ་གྱིས་གནོན་པས་སེང་གདོང་ཆེན་མོའི་ཚོགས་དང་ནི་རྒྱས་པའོ། །དཔའ་གཏུམ་ཕུན་སུམ་ཚོགས་པ་སྟག་གདོང་ཆེན་མོའི་ཚོགས་དང་ནི་དྲག་པོའོ། །ཕུང་པོའི་བདུད་འཇོམས་ཤིང་ཐབས་ལ་མཁས་པ་ཝ་གདོང་ཆེན་མོའི་ཚོགས་དང་ནི་དྲག་པོའོ། །བསླུ་བའི་བདུད་འཇོམས་ཤིང་མེལ་ཚེ་མཁས་པ་ཁྱི་གདོང་ཆེན་མོའི་ཚོགས་དང་ནི་ལས་ཐམས་ཅད་པའོ། །མིག་རྣོ་བས་གཞད་གདོང་ཆེན་མོའི་ཚོགས་དང་སྟེ་ཤེས་བྱ་ཐམས་ཅད་ཐོགས་པ་མེད་པར་རྒྱས་པའོ། །སྲོག་དང་བྲལ་བའི་རོ་ལ་སྤྱོད་པས་ཀང་ཀའི་གདོང་ཅན་མའི་ཚོགས་དང་ནི་འཆི་བདག་གི་བདུད་འཇོམས་པ་སྟེ་ཞི་བའོ། །ཐམས་ཅད་མི་སྤོང་བ་དུར་བྱའི་གདོང་ཅན་མའི་ཚོགས་དང་ནི་འཁོར་བ་མི་སྤོང་བར་ཆོས་ཉིད་དུ་སྒྲོལ་བས་དབང་ངོ་། །མཚན་མོ་མཐོང་བས་འུག་གདོང་ཆེན་མོའི་ཚོགས་དང་བཅས་པ་འཁོར་བ་སྤྱན་གྱིས་གཟིགས་པ་ཞི་བའི་ལས་མཛད་པའོ། །དེ་དག་ཀྱང་ཁར་བསྣོལ་བ་དང་རོ་ལ་བལྟ་བ་ལ་སོགས་པ་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཁྱམས་ནང་མའི་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་། མཚམས་བཞིར་གཤོག་པ་ཅན་བཞི་ཤར་ཕྱོགས་ནས་འཁོར་བར་རྔམས་པའི་མདངས་ཀྱིས་འཁོད་དོ། །བཞི་པ་སྒོ་མ་སྤྲོས་པ་ནི་དེ་ནས་ཤིན་ཏུ་དགྱེས་པས་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་ཞིང་མ་ལུས་པར་ཁྱབ་པར་བྱས་ནས་ཕཊཿཅེས་བརྗོད་པས་ཚད་མེད་པ་བཞིས་འགྲོ་བའི་དོན་མཛད་ཅིང་ཕྱིན་ཅི་ལོག་བཞི་དང་བདུད་བཞི་འཇོམས་པའི་བརྡར་རྡོ་རྗེ་སྲིང་འགྲོ་མ་དང་སྟེ་རྟ་གདོང་མ་དང་རྡོ་རྗེ་གདོང་མོ་མ་དང་སྟེ་ཕག་གདོང་མ་དང་། རྡོ་རྗེ་འཇིག་རྟེན་མ་དང་སྟེ་དྲེད་གདོང་མ་དང་། རྡོ་རྗེ་རོ་ལངས་མ་སྟེ་སྤྱང་གདོང་མའི་ཚོགས་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་སྟེ་རང་རང་གི་ལག་ཆ་དང་ངོ་མཚར་གྱི་རྒྱན་དང་བཅས་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞིར་གདུག་པ་ཅན་ལ་ཤིན་ཏུ་རྔམས་པའི་གཟུགས་ཀྱིས་གནས་སོ། །ལྔ་པ་འཁོར་རྣམས་རང་རང་གི་གནས་སུ་བཏང་བ་ནི་དེ་ནས་ཡབ་ཡུམ་འཁོར་དང་བཅས་པ་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་མ་ལུས་པར་ཕཊཿཅེས་བསྒྲགས་པས་སྙིང་རྗེས་རྔམས་ཤིང་ཐམས་ཅད་ཁྲོས་ནས་སྐུ་ལ་འཁྲིལ་བ་དང་སླས་སུ་བཀོད་པའི་མ་མོ་ཐམས་ཅད་ཀྱང་སྔོན་གང་ནས་འོངས་པ་བཞིན་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་རྫུ་འཕྲུལ་གྱིས་ཕྱིར་བཀྱེའོ། །གསུམ་པ་ཐུགས་རྗེས་རྗེས་སུ་བཟུང་ནས་བཀའ་ལ་བཏགས་པའི་ཚུལ་ལ་བཞི་སྟེ། གནས་སྤར་ཏེ་དཀྱིལ་འཁོར་མཐོང་བའི་ཚུལ་བསྟན་པ། སྟོང་ཁམས་ཐམས་ཅད་མཉམ་དུ་བཏུལ་བ། དྲེགས་པ་ཅན་གྱིས་འབངས་སུ་ཁས་བླང་བ། དབང་བསྐུར་ཏེ་བཀའ་བསྒོ་བའོ། །དང་པོ་ལ་གསུམ་ལས། རྒྱུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་གསང་སྔགས་བརྗོད་པ་ནི། དེ་ནས་བཅོམ་ལྡན་འདས་རྗེས་སུ་བཟུང་བའི་ཚུལ་གྱིས་དགྱེས་པ་ཆེན་པོ་འགྲོ་བའི་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་ཀྱང་ཆོས་ཀྱི་དབྱིངས་ལས་རང་བྱུང་གི་ཐུགས་རྗེ་ཆེན་པོ་གདུལ་བྱའི་ནད་གསོ་བས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་ནི་རྡོ་རྗེ་བདུད་རྩི་ཆེན་པོའོ། །མ་ཧཱ་ཀྲོ་དྷ་ནི་ཁྲོ་བོ་ཆེན་པོ། ཨྃ་ཨྃ་ཨྃ་ནི་ལན་གསུམ་དུ་དབང་བསྐུར་བའོ། །དེ་ལས་སླར་ཡང་དྲེགས་པ་ཅན་ཕྱུང་སྟེ་ཁྲུས་བྱས་པ་ནི། དེ་སྐད་ཅེས་བརྗོད་པས་སྔར་ཤ་ཟོས་ཤིང་ཞལ་དུ་བསྟབས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རིགས་ལྔ་བོ་དེ་དག་གི་འོག་སྒོའི་སྣམ་ཁུང་ནས་འཐོན་ཏེ་དྲི་ཆེན་ལ་སོགས་པའི་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས་དེ་དག་པར་བྱ་བའི་ཕྱིར། ཁྲོ་བོ་སོ་སོའི་སྣམ་ཁུང་ནས་ཁྲོ་བོ་ཨུ་ཙུཥྨ་ཀྲོ་ཏ་ཕྱུང་ནས་མི་གཙང་བའི་འདམ་ཀུན་འཐུངས་ཏེ་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེད་པར་བྱས་ནས་བཞག་གོ། །ཨུ་ཙུཥྨ་ཀྲོ་ཏ་ཁྲོ་བོ་རྨེ་བ་བརྩེགས་པ་སྟེ། འདམ་ཁུང་ནས་འཐོན་པའི་སྟེང་དུ་འདམ་འཐུངས་པས་དེ་སྐད་ཅེས་བྱའོ། །འབར་བའི་དཀྱིལ་འཁོར་གྱི་ཞལ་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་གྱི་ཚོགས་རིགས་ལྔ་པོ་ཡུམ་དང་བཅས་པ་དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ལྔ་དང་ཕྲིན་ལས་བཞིའི་དབྱེ་བས་རེ་རེ་ཞིང་དམ་པ་རིགས་བརྒྱར་མཚོན་པའི་བརྡར་དབུ་བརྒྱ་པ་དང་། ཕྱག་སྟོང་བརྒྱད་བརྒྱ་པ་དང་། ཞབས་བརྒྱད་བརྒྱ་པ་དང་། སྐུ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་ཆེན་པོའི་ཀློང་དཀྱིལ་ན་བཞུགས་པར་མཐོང་ངོ་། །དེ་ནི་དང་པོ་སངས་རྒྱས་བསམ་ཡས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དུ་བདེན་པ་མཐོང་བར་བྱས་པའོ། །གཉིས་པ་སྟོང་ཁམས་མཉམ་དུ་བཏུལ་བ་ནི། འོག་མིན་དུ་རང་སྣང་ཡེ་ཤེས་ཀྱི་ཆོ་འཕྲུལ་རང་བཀོད་པ་དེའི་དུས་སུ་གདུལ་བྱའི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་པོ་ཀུན་ཏུ་གནས་པའི་དྲེགས་པའི་དབང་ཕྱུག་ཐམས་ཅད་སོ་སོ་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཐབས་ཀྱི་རོལ་པ་སྣ་ཚོགས་སུ་སྣང་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྟེང་འོག་གི་འཇིག་རྟེན་སོ་སོར་སྣང་བས་གདུལ་བྱ་དེ་དག་སྔ་ཕྱི་མེད་པར་དུས་གཅིག་ཏུ་བཏུལ་ལོ། །འདིས་ནི་རང་སྣང་ལྷུན་སྟུག་པོ་བཀོད་པར་སྣང་བ་ཅི་འདྲ་བ་གཞན་སྣང་ཕྱོགས་བཅུར་སྣང་བར་བསྟན་ཏོ། །གསུམ་པ་དྲེགས་པ་ཅན་གྱིས་འབངས་སུ་ཁས་བླངས་པ་ལ་བཞི་ལས། དང་པོ་འབངས་སུ་དམ་བཅས་ཏེ་དཀྱིལ་འཁོར་གྱི་གདན་དུ་ཕུལ་བ་ནི། ཆོ་འཕྲུལ་བཀོད་པ་དེ་ནས་དྲེགས་པ་ཅན་དེ་དག་སྐྲག་ཅིང་ལུས་ཤིན་ཏུ་འདར་ཞིང་སེམས་བྲེད་པས་རབ་ཏུ་དཔའ་ཞུམ་པའི་ང་རོས་བདག་ཅག་གི་ལུས་འབངས་སུ་མཆི། ངག་འབངས་སུ་མཆི། སེམས་འབངས་སུ་ནན་ཏན་མ་བགྱིས་ན་རང་རང་གི་མགོ་དང་ལུས་ནི་ཚལ་པ་བརྒྱར་གཤགས་ཤིང་སྙིང་ཡང་ཚལ་བ་བརྒྱ་སྟོང་དུ་འགས་ཤིང་གཏུབ་པར་གྱུར་ཅིག །ལུས་ཀྱང་རུལ་ཅིང་མྱགས་ལ་དམོད་པའི་མེས་ཚིག་ནས་ཚེ་འདིར་བརླག་པ་དང་ཕྱི་མར་དམྱལ་བར་ལྷུང་ནས་འོ་འདོད་ཆེན་པོ་འབོད་པར་ཤོག་ཅིག་ཅེས་འབངས་སུ་མཆི་བའི་མནའ་ཚིག་བོར་ནས་རང་རང་གི་ལུས་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་རང་རང་གིས་གཞག་གོ། །གཉིས་པ་འཁོར་ཕུལ་ཏེ་གུས་པའི་གཙུག་གིས་མཆོད་པ་ནི། དྲེགས་པ་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཡང་སྨྲས་པ་བདག་ཅག་རྣམས་ཀྱི་མཆིས་འབྲང་ཆུང་མ་དང་། མ་དང་སྲིང་མོ་དང་བུ་མོ་རྣམས་ཁྲོ་བོའི་ཚོགས་ཀྱིས་ལོངས་སྤྱོད་ཀྱི་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །གདུག་པ་ཅན་འཇོམས་པའི་དཔའ་བོ་རྗེས་སུ་འཛིན་པའི་ལྷ་སྐྱབས་ཀྱི་དམ་པར་གྱུར་པའི་རྗེས་ངེས་པར་བཞེས་སུ་གསོལ། བདག་ཅག་སོ་སོའི་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཞལ་མཐོང་བའི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་མིང་ཙམ་འཛིན་པར་བྱེད་པའི་འགྲོ་བ་ལ་ཡང་བདག་ཅག་གི་སྤྱི་གཙུག་གི་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་བཀུར་བ་ལྟར། ཡིད་གཡོ་སྒྱུ་མེད་ཅིང་མཆོག་ཏུ་གུས་པ་དང་ལྡན་པའི་སེམས་ཀྱིས་མཆོད་གནས་སུ་བློས་བླངས་ཏེ་རྟག་ཏུ་སྤྱི་བོའི་གཙུག་ཏུ་བཞག་སྟེ་བཀུར་སྟི་དང་རིམ་གྲོ་ཆེ་བར་བགྱི་ཞིང་། དཀྱིལ་འཁོར་གྱི་མཚན་འཆང་བ་དེ་ཡི་དགོས་པའི་འདོད་དོན་ཕྲིན་ལས་རྣམ་བཞི་ཅི་འགྲུབ་ཡང་རུང་སྟེ་རེ་བ་མ་ལུས་པ་རྫོགས་པར་བདག་ཅག་གིས་བསྒྲུབ་པར་བགྱིའོ། །གསུམ་པ་དམ་བཅས་ཏེ་ལས་ཀྱི་སྟོང་གྲོགས་བྱེད་པ་ནི། གལ་ཏེ་དཔའ་བོའི་སྤྱན་སྔ་འདིར་བདག་ཅག་རྣམས་ཀྱིས་ཁས་བླངས་དམ་བཅས་པའི་ཚིག་སྨྲས་པ་བཞིན་དུ་བདག་ཅག་གིས་མ་བསྒྲུབས་ན་བདག་ཅག་རྣམས་ཀྱི་མགོ་དང་ལུས་དང་སྙིང་རྣམས་ཚལ་པར་འགས་ཤིང་དམོད་པའི་མཚོན་གྱིས་གཏུབས་ཏེ་དུམ་བུར་གྱུར་ནས་རུལ་བར་མཆིའོ་ཞེས་སྨྲས་སོ། །བཞི་པ་དབང་མོ་རྣམས་འབངས་སུ་འོངས་ནས་བཀའ་ཉན་པའི་ཕྲིན་ལས་ཞུ་བ་ནི། དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་མ་དང་སྲིང་མོ་དང་བུ་མོའི་ཚོགས་ཐམས་ཅད་སྔར་བཀྱེ་བ་ལས། སླར་ཡང་ཁྲོ་བོའི་དཀྱིལ་འཁོར་དུ་སྐད་ཅིག་ཡུད་ཙམ་གྱིས་འོངས་ནས་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀུན་བགེགས་དཔུང་འཇོམས་པའི་དཔའ་བོ་ཆེན་པོའི་འབངས་སུ་མཆི་ན་དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་གང་བྱེད་སྔར་རང་རང་གི་ལས་ལ་སྤྱོད་པ་བཞིན་དུ་འདི་ལྟར་གྱིས་ཤིག་པའི་ལས་ཀྱི་དངོས་གྲུབ་བཀའ་བསྒོ་བ་སྩལ་དུ་གསོལ་ཞེས་སྨྲས་སོ། །བཞི་པ་དབང་བསྐུར་ཏེ་བཀའ་བསྒོ་བ་ནི། དེ་ནས་བཅོམ་ལྡན་འདས་ཆེ་མཆོག་འགྲོ་བ་ལ་དགྱེས་པ་ཆེན་པོས་དེ་དག་གི་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་མིའི་སྲིན་མོ་ཞེས་པ་ལ་སོགས་པ་རང་རང་གི་མིང་གི་དབང་བསྐུར་ཏེ། སོ་སོའི་ལས་ལ་བསྒོ་བའི་འབར་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཁྱམས་ཕྱི་མའི་ནང་དུ་རིམ་པར་བཀོད་དོ། །རོལ་པའི་ཡེ་ཤེས་མཆོག་ཏུ་གསང་བའི་སྙིང་པོ་ལོངས་སྤྱོད་རྫོགས་པ་སྐུའི་དེ་ཁོ་ན་ཉིད་ངེས་པ་ལས། ལྷུན་སྟུག་པོ་བཀོད་པར་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་རང་སྣང་མཐའ་དབུས་མེད་པར་ཁྱབ་པའི་སྤྲིན་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པར་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གཉིས་པ་ལམ་ཇི་ལྟར་བསྒྲུབ་པ་ཐབས་ཀྱི་ཡན་ལག་རྒྱ་ཆེར་བཤད་པ་ལ་ལྔ་སྟེ། ཐུགས་རྒྱུད་བསྐུལ་བ་གསང་སྔགས་ཀྱི་དཀྱིལ་འཁོར། དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར། དེར་མཆོད་པ་ཇི་ལྟར་བྱ་བའི་ཚུལ། དམ་ཚིག་དང་ལྡན་པས་འགྲུབ་པ་དམ་ཚིག་གི་རིམ་པ། དམ་ཚིག་ཅན་གྱིས་ཕྲིན་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་བཅུ་ལས། དང་པོ་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི་ཐོག་མར་སེམས་བསྐྱེད་པར་བྱ་སྟེ། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་བརྗོད་པས་སྙིང་རྗེས་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྙམ་དུ་བསམ་ནས་ཏིང་ངེ་འཛིན་གསུམ་བ སྒོམ་མོ། །གཉིས་པ་དཀྱིལ་འཁོར་བསྐྱེད་པ་ནི་ཐོག་མར་གཞལ་ཡས་ཁང་བསྐྱེད་པ་དང་། ལྷ་བསྐྱེད་པ་གཉིས་ལས། འདིར་སྒྲུབ་ཐབས་དང་བསྟུན་ཏེ་རང་ཉིད་ཆོ་ག་ལྔའི་སྒོ་ནས་དཔལ་ཆེན་པོའི་སྐུར་བསྐྱེད་ལ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཞེས་པ་ཁྲོ་བོའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་འཁོར་གྱི་གནས་སུ་འཁོར་བསྐྱེད་པར་བྱ་སྟེ། བདག་གི་སེམས་ཉིད་གདོད་མའི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་སྟེ་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་ལས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲོས་ལ་རང་རང་གི་གནས་སུ་བཞུགས་ཤིང་གསལ་གདབ། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་གཞིན་གཤེགས་པའི་སྲས་སུ་བདག་བྱ་བ་ཐུགས་ཀྱི་སེམས་དཔའ་སྤྲོས་པས་དཀྱིལ་འཁོར་ལ་བསྐོར་བ་དང་ཕྱག་ལ་སོགས་པ་བྱས་ཏེ་ཐུགས་ཀར་ཐིམ་པར་བསམ་མོ། །གསུམ་པ་དཀྱིལ་འཁོར་སྤྱན་དྲང་བ་ནི། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། ལ་སོགས་པའི་མཐར། རུ་ལུ་རུ་ལུ་རུ་ལུ་ཧཱུྃ་ཨེ་ཧྱེ་ཧི་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿས་སྤྱན་དྲང་ངོ་། །བཞི་པ་རིག་པའི་མེ་ཏོག་དོར་བ་ནི་རཾ་ཞེས་བརྗོད་པས་ཉེ་གནས་སུ་བྱོན་པར་བསམ་པ་ནི་འདྲེས་པ་ནན་ཏན་གྱི་ཕྱག་གོ། །ལྔ་པ་བསྟིམ་པ་ནི་ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ༀ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེས་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཅེས་པས་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དྲུག་པ་བརྟན་ཅིང་དམ་ཚིག་བསྐུལ་བས་དབང་དུ་བྱ་བ་ནི། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟྭྃ་གྱིས་བརྟན་པར་བྱའོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ་ཀྱིས་དམ་ཚིག་རྗེས་སུ་བསྐུལ་བར་བྱའོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོཿས་དབང་དུ་བྱས་ཏེ་མཉེས་པར་བསམ་མོ། །བདུན་པ་སྔགས་ཀྱི་མཆོད་པས་གསལ་བར་མཆོད་པ་ནི། ཨ་ལི་ཨུ་ལི་ཏ་ལི་ཏ་པ་ལི། དཾཥྚ་གོ་ན་ར་ཏྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོཿཞེས་པ་ནི་མཆོད་པའི་གླུའོ། །བརྒྱད་པ་གསལ་གདབ་པ་ནི་ཧཱུྃ་ཧ་ཧེ་ཕཊ། སྨུག་ནག་སྔོ་ནག་སེར་ནག་དང་། །ཞེས་པ་ལ་སོགས་པས་ལྷའི་དཀྱིལ་འཁོར་གསལ་བཏབ་ལ་གསང་སྔགས་ཅི་འགྲུབ་ཏུ་བཟླས་པས་ཀྱང་མཉེས་པར་བྱའོ། །དགུ་པ་མཆོད་པ་ནི་ལེའུ་བཅོ་བརྒྱད་པ་ལས་གསུངས་པའི་སྒྲོལ་བ། སྦྱོར་བ། བདུད་རྩི། ཐུན་མོང་འདོད་ཡོན་ལྔའི་མཆོད་པས་མཆོད་ནས། ཚོགས་ཀྱིས་མཆོད་པར་བྱའོ། །གལ་ཏེ་ལས་འགའ་ཞིག་བསྒྲུབ་ཏུ་ཡོད་ན་ཚོགས་ཀྱི་རྗེས་ལ་ཕྲིན་ལས་བརྩམས་ཏེ་ལྷག་མའི་གཏོར་མ་བཏང་ངོ་། །བཅུ་པ་རྗེས་ཀྱི་བྱ་བ་ནི་དེ་ནས་ཉམས་ཆགས་བཤགས་པ་དང་། སྨོན་ལམ་གདབ་པ་དང་། བཟོད་པར་གསོལ་བ་དང་། བསྔོ་བ་དང་། བཀྲ་ཤིས་བརྗོད་པ་དང་། རྟེན་གྱི་དཀྱིལ་འཁོར་ཡོད་ན་བསྡུ་བ་རྣམས་བྱའོ། །དེའང་བཅོ་ལྔ་པ་ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་དང་། བཅུ་དྲུག་པ་གསང་སྔགས་ཀྱི་དཀྱིལ་འཁོར་དང་། བཅུ་བདུན་པ་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བཅོ་བརྒྱད་པ་དེ་ཉིད་མཆོད་པའི་ཐབས་དང་། བཅུ་དགུ་པ་དམ་ཚིག་གི་རིམ་པ་དང་། ཉི་ཤུ་པ་ཕྲིན་ལས་བསྒྲུབ་པ་དང་། རྩ་གཅིག་པ་ཁྲོ་བོ་དགྱེས་པ་གླུའི་བསྟོད་དབྱངས་ཏེ། འདི་དག་གིས་དཀྱིལ་འཁོར་གཅིག་གི་ཆ་རྐྱེན་རྫོགས་པར་བསྟན་པ་ཡིན་ནོ། །དེའང་རིམ་པ་འདི་དག་རྒྱས་པར་སྒྲུབ་ཐབས་སྣང་བ་དམ་པ་རྒྱན་ལས་གསུངས་པ་དེར་བལྟའོ། །འདི་ཙམ་གྱིས་ནི་མངོན་པར་རྟོགས་པའི་རིམ་པ་ཕྲིན་ལས་དང་བཅས་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བསམས་ནས་སྤྱིའི་དོན་དུ་བཀོད་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། གསང་སྔགས་འབྱུང་བའི་ཚུལ་མདོར་བསྟན་པ། ཇི་ལྟར་བྱུང་བའི་རང་བཞིན་རྒྱས་པར་བཤད་པ། ལྟས་ཁྱད་པར་ཅན་གྱིས་མཇུག་བསྡུ་བའོ། །དང་པོ་ནི། རང་བཞིན་གྱི་དཀྱིལ་འཁོར་བཀོད་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་གོང་དུ་བསྟན་པ་འདི་དག་དམ་ཚིག་ཆེན་པོའི་གསུང་གི་རང་བཞིན་ཡིན་པས་དེ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་གྲུབ་པར་བྱ་བའི་ཕྱིར། རང་སྣང་བཀོད་པའི་དེ་བཞིན་གཤེགས་པའི་ཁྲོ་བོ་ཞེས་སྨོས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་གཞན་གྱི་རྒྱུད་ཀྱིས་བསྡུས་པ་བསལ་ནས། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་རྡོ་རྗེ་དབྱིངས་དང་ཐ་མི་དད་པར་བསྟན་པའོ། །དེ་ལྟ་བུའི་ཁྲོ་བོ་ཁྲག་འཐུང་ཆེན་པོ་རང་རང་གི་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གིས་རང་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་རང་བྱུང་གི་ཡེ་ཤེས་སྔགས་ཀྱི་རང་སྒྲར་རང་ཤར་བ་འབྲུག་སྟོང་ལྡིར་བ་ཙམ་པའི་ང་རོ་རྔམས་པ་ལས་གསུང་གི་དཀྱིལ་འཁོར་སྔགས་ཀྱི་ཚོགས་འདི་དག་རང་ཤར་དུ་ཕྱུང་ངོ་། །གཉིས་པ་ལ་ལྔ་སྟེ། ལྷ་བསྐྱེད་པའི། ཡེ་ཤེས་པ་སྤྱན་དྲངས་པའི། དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པའི། རིག་པའི་མེ་ཏོག་དོར་བའི། ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་སོ། །དང་པོ་ལའང་ལྔ་ལས། གཙོ་བོ་ཡབ་ཡུམ་བསྐྱེད་པ་ལས། ཡབ་ཀྱི་སྔགས་ནི། ༀ་ཞེས་པ་ལ་སོགས་པ་སྟེ། ༀ་བཀྲ་ཤིས་པ་དང་སྔགས་བྱིན་གྱིས་རློབ་པའོ། །ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པའོ། །མ་ཧཱ་ཆེན་པོ། ཤྲཱི་ནི་དཔལ། ཧེ་རུ་ཀ་ནི་ཁྲག་འཐུང་། མ་ཧཱ་ཙཎྜ་ནི་གཏུམ་པོ་ཆེན་པོ། སརྦ་དུཥྚཱན་སྡང་བ་ཐམས་ཅད་དོ། །ཨནྟ་ཀ་མཐར་བྱེད་པའོ། །དེ་དག་རྩ་བའི་སྔགས་ཏེ་བཅོམ་ལྡན་འདས་ལ་འབོད་པའོ། །ཧ་ན་རྒྱོབ་ཅིག །ད་ཧ་སྲེགས་ཤིག །བ་ཙ་ཚོས་ཤིག །ཧཱུྃ་ཧཱུྃ་ཧཱུྃ་ནི་གདུག་པ་ཅན་གྱི་ལུས་ངག་ཡིད་གསུམ་སྡུད་པའོ། །ཕཊ་ནི་དུམ་བུར་གཏོང་བའོ། །དེ་དག་ཕྲིན་ལས་ཀྱི་སྔགས་སོ། །དེ་བཞིན་དུ་བཛྲ་ནི་རྡོ་རྗེ། རཏྣ་རིན་པོ་ཆེ། པདྨ་ནི་སྐད་སོར་བཞག་སྟེ་པདྨ། ཀརྨ་ལས་ཏེ། གཞན་རྣམས་སྔ་མ་བཞིན་ནོ། །ཡུམ་གྱི་སྔགས་ནི་ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ནི་དེ་བཞིན་གཤེགས་པ་ཁྲོ་མོ་དབང་ཕྱུག་མ། སརྦ་དུཥྚཱན་ཧཱུྃ་ཕཊ་སྡང་བ་ཀུན་བསྡུས་ལ་ཆོམ་ཞིག་པའོ། །ༀ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ་ཞེས་པ། རྡོ་རྗེའི་གཟུངས་མ་ཁྲོ་མོ་དབང་ཕྱུག་འབར་བ་ཆེན་མོ་གདུག་པ་ཅན་བསྡུས་ལ་གཏོར་ཅིག་པའོ། །ༀ་མ་ཧཱ་སུརྻ་རཏྣ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ད་མ་ནི་རིན་ཅེན་ཉི་མའི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་རྣམ་པར་འཇོམས་མའོ། །ༀ་ཧྲི་ཤྭ་ཏ་ས་མ་ཏ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཁཱ་ཧི་ཀུན་ཏུ་རྒོད་པའི་ཁྲོ་མོ་དབང་ཕྱུག་ཆེན་མོ་ཟོ་ཞིག་པའོ། །ༀ་སརྦ་ཨ་མོ་གྷ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་བི་ཤྭ་ནི་ཐམས་ཅད་དོན་ཡོད་པའི་ཁྲོ་མོ་དབང་ཕྱུག་སྣ་ཚོགས་མའོ། །གཉིས་པ་མ་མོ་བརྒྱད་ཀྱི་སྔགས་ནི། ༀ་བཛྲ་སྔར་བཞིན་ནོ། །ག་རཱི་ནི་དཀར་མོའོ། །དེ་སྔོན་གྱི་གཞུང་ཕལ་ཆེ་བར་ཀོའུ་རཱི་ཞེས་བརྗོད་པའང་དེ་ཉིད་དེ། མཛོད་ལྡན་དང་། མཁས་པ་དང་། པདྨ་ལ་དགའ་བ་ལ་སོགས་པ་དུ་མ་ལ་འཇུག་ཀྱང་། མཛོད་ལྡན་དུ་བསྒྱུར་རོ། །ཙ་རཱི་ནི་ཆོམ་རྐུན་མའོ། །བྲ་མོ་ཧཱ་ནི་རབ་ཏུ་རྨོངས་མའོ། །བཻཏྟ་ལཱི་ནི་རོ་ལངས་མའོ། །ཙཎྜ་ལཱི་ནི་གཏུམ་མོའོ། །པུཀྐ་སཱི་ནི་སྤོས་མོའོ། །གསྨ་རཱི་ནི་སྨེ་ཤ་ཅན་ནོ། །སྨ་ཤ་ནི་དུར་ཁྲོད་མའོ། །ཧ་བརྒྱད་ནི་དེ་དག་གི་ས་བོན་ནོ། །དེའང་ༀ་བཛྲ་ག་རཱི་ཛཿ ཞེས་པ་དང་སྦྱར་ན་ཕྲིན་ལས་བསྒྲུབ་པ་སྟེ། ཛཿབསལ་ན་མཉེས་པར་བྱེད་པའོ། །དེ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་ཕྲ་མེན་མ་བརྒྱད་ཀྱི་སྔགས་ནི་སེང་ཧཱ་མུ་ཁཱ་ནི་སེང་གདོང་མའོ། །བྱཱ་གྲྀ་མུ་ཁཱ་སྟག་གདོང་མའོ། སྲི་ལ་མུ་ཁཱ་ཝ་གདོང་མའོ། །ཤྭ་ན་སྤྱང་ཀི། ཀྲི་ཏ་བྱ་རྒོད། ཀང་ཀ་དུར་བྱ། ཁ་ཁཱ་བྱ་རོག །ཧུ་ལུ་མུ་ཁཱ་འུག་པའི་གདོང་ཅན་མའོ། །ཧེ་བརྒྱད་ནི་ས་བོན་ནོ། །ཕྲིན་ལས་ཀྱི་སྔགས་ཀྱང་སྔ་མ་བཞིན་ནོ། །བཞི་པ་སྒོ་མ་བཞིའི་སྔགས་ནི། ཨཱརྻ་ཏེ་ཛ་ཏེ་ང་ནི་འཕགས་པའི་གཟི་བརྗིད་དེ་རྟ་མགོ་ཅན་ནོ། །ཨ་མོ་གྷ་ནི་དོན་ཡོད་པ་སྟེ་ཕག་གི་གདོང་ཅན་ནོ། །བཛྲ་ལོ་ཀ་རྡོ་རྗེ་འཇིག་རྟེན་སྣང་བྱེད་མ་སྟེ་དྲེད་གདོང་མའོ། །བྷ་སྨི་པ་ལ་ཡ་བ་ཏི་ནི་ཐལ་བར་བྱེད་པ་སྟེ་སྤྱང་གདོང་ཅན་ནོ། །མཐའ་རྟེན་གྱི་ཛཿཧཱུྃ་བྃ་ཧོཿབཞི་ནི་ས་བོན་ནོ། །ལྔ་པ་དབང་ཕྱུག་མ་རྣམས་ཀྱི་སྔགས་ནི། བྷྱོ་ཉི་ཤུ་རྩ་བརྒྱད་དེ། དེའང་བྷ་གཱི་ནི་སྲིང་མོ། བྷརྻ་ཆུང་མ། དེ་དག་གི་སྒྲ་བསྡུས་ཏེ་བྷྱོ་ཞེས་ས་བོན་དུ་བྱས་པའོ། །ལས་བསྒྲུབ་པའི་ཚེ་ༀ་མ་ནུ་རཀྵ་སཱི་བྷྱོ་དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ་ཅེས་པ་ལ་སོགས་པ་སོ་སོའི་སྔགས་དང་སྦྱར་རོ། །གཉིས་པ་ཡེ་ཤེས་པ་སྤྱན་དྲང་བའི་སྔགས་ནི་རུ་ལུ་རུ་ལུ་རུ་ལུ་ཧཱུྃ་ནི་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་འབོད་པའོ། །དེའང་སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གི་གདུག་པའི་གླུ་དཔལ་ཆེན་པོས་བྱིན་གྱིས་བརླབས་པའོ། །ཨེ་ཧྱེ་ཧི་ནི་ཚུར་སྤྱོན་ཚུར་སྤྱོན་ནོ། །ཨ་ན་ཡ་ཧོཿགནས་འདིར་རོ། །ཛཿཧཱུྃ་བྃ་ཧོཿནི་ཚད་མེད་བཞིས་སེམས་ཅན་གྱི་ལས་ལ་བསྐུལ་བའོ། །རྃ་ནི་དམ་ཚིག་པ་དང་ཡེ་ཤེས་པ་སྤྱན་དྲངས་པའི་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པའོ། །བླ་མ་རོང་པ་ནི་རིག་པའི་མེ་ཏོག་དོར་བ་སྟེ་བདག་དང་ལྷ་རང་བཞིན་དབྱེར་མེད་དུ་རྟོགས་ནས་གཉིས་སུ་མེད་པ་ལ་ཕྱོགས་པའོ་ཞེས་འཆད་དོ། །གསུམ་པ་རིག་པའི་མེ་ཏོག་དོར་བའི་སྔགས་ནི་ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་ནི་ཁྲོ་བོ་དམ་ཚིག་ལ་འདུས་ཤིག་པའོ། །བཞི་པ་དངོས་གྲུབ་ཀྱི་དོན་དུ་གསོལ་བ་གདབ་པ་ནི། ༀ། གདུལ་བྱ་ལས་ཀྱི་ཁྲོ་བོ་མ་རུངས་པ་འདུལ་བ་ལ་ཡེ་ཤེས་ཀྱི་རང་བཞིན་དེ་བས་ཀྱང་ཁྲོས་པར་སྣང་བས་གདུལ་བྱའི་རྒྱུད་ཞི་བར་མཛད་པ་ཐུགས་རྗེ་ངང་གིས་ཁྲོ་བོར་སྤྲུལ་པ་ནི་འགྲོ་བའི་དཔལ་ཆེན་པོ་རབ་ཏུ་རྔམས་པའི་ཚོགས། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རང་བཞིན་འབར་བའི་བྱིན་རླབས་རྨད་དུ་བྱུང་བ་ཆེན་པོ་དེ་དུས་ད་ལྟ་ཉིད་དུ་ནི་བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་རྩོལ་ཅིག་པའོ། །ས་མ་ཡ་སྟྭཾ་དམ་ཚིག་ལ་ནོས་ཤིག །ས་མ་ཡ་ཕཊ་དམ་ཚིག་སྤྲོས་ཤིག །ས་མ་ཡ་ཧོཿདམ་ཚིག་ཡིན་ནོ་ཞེས་པའོ། །ལྔ་པ་ཕྲིན་ལས་ཀྱི་དོན་དུ་གཏོར་མ་སྦྱིན་པའི་སྔགས་ནི་ཨ་ལི་ཨུ་ལི་བཟའ་བ་དང་བཏུང་བ། ཏ་ལི་ཏ་བ་ལི་དེ་དག་གི་ཡན་ལག་གོ། །དཾཥྚ་ག་ན་ར་ཏྲི་མཆེ་བ་ཅན་རྡོ་རྗེ་དྲག་པོའི་ཚོགས། ཁ་རྃ་ཡོ་གི་ནི་ཁཱ་ཧི་ཧོཿཞལ་འབར་བ་རྣལ་འབྱོར་མའི་ཚོགས་གསོལ་ཅིག་པའོ། །དེ་དག་གང་གི་ཞལ་དུ་གསོལ་སྙམ་ན་ཧཱུྃ་ཧ་ཧེ་ཕཊ་ལྷ་སུམ་ཅུའི་དཀྱིལ་འཁོར་རོ། །དེའང་འདི་ལྟར་རིག་པར་བྱ་སྟེ། གསང་སྔགས་འདི་དག་བོད་སྐད་དུ་མ་བསྒྱུར་བ་ནི་གསུང་པ་པོའི་བདེན་ཚིག་འགྲུབ་པར་བྱ་བའི་ཕྱིར་རོ། །གལ་ཏེ་བསྒྱུར་ནས་བཟླས་ན་དངོས་གྲུབ་མེད་དེ། བོད་སྐད་དུ་སྔོན་གྱི་གསང་སྔགས་གསུང་བ་པོས་བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །སྐད་སོ་སོར་ཤན་སྦྱོར་མ་ཤེས་ཀྱང་ཉེས་པ་མེད་དེ། དད་པ་དང་མོས་པ་རྩེ་གཅིག་པས་བཟླས་ན་དངོས་གྲུབ་ཆེན་པོ་ཇི་ལྟ་བ་བཞིན་འབྱུང་ངོ་། །སྒྲ་སྦྱོར་ཤེས་ནའང་ཕན་ཡོན་ཡོད་དེ། ཚིག་དོན་གོ་བས་དོན་གྱི་གཟུངས་འགྲུབ་པ་དང་ཚིག་ལ་རྨོངས་པ་མེད་པ་ཡིན་ནོ། །གསུམ་པ་ལྟས་ཁྱད་པར་ཅན་གྱིས་མཇུག་བསྡུ་བ་ནི། དེ་སྐད་ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཀྱི་སྣོད་མ་དག་པའི་དངོས་པོ་དང་བཅུད་ཀྱི་སྒྲིབ་པའི་ཚོགས་ལས། ལུས་ཀྱི་མི་དགེ་བ་རྣམས་ཚིག །ངག་གི་རབ་ཏུ་ཚིག །སེམས་ཀྱི་ཀུན་ཏུ་རབ་ཏུ་ཚིག་གོ། །དེ་ལྟར་ཐ་མལ་གྱི་དངོས་པོ་སྒྲིབ་པ་དང་བཅས་པ་ཚིག་ནས་སྣང་བ་སྣོད་ཀྱི་འཇིག་རྟེན་ཡེ་ཤེས་ཀྱི་སྣང་བར་འབར་ཞིང་གདུལ་བྱའི་སྒོ་གསུམ་ལ་སྐུའི་ཡེ་ཤེས་འབར། གསུང་གི་རབ་ཏུ་འབར། ཐུགས་ཀྱི་ཀུན་ཏུ་རབ་ཏུ་འབར་རོ། །དེའི་ཚེ་སྣང་སྲིད་སྣོད་བཅུད་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་རིགས་ལྔའི་རང་བཞིན་གྱིས་ནམ་མཁའི་དབྱིངས་ཐམས་ཅད་སྐུའི་དཀྱིལ་འཁོར་གྱིས་གང་ཞིང་སྐུ་དེ་དག་ལས་གསང་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ཙམ་གྱིས་ཁྱབ་པར་རབ་ཏུ་གང་བ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་འོད་དང་གཟི་བརྗིད་ཀྱིས་གསལ་ལ་ཆོས་སྐུས་ཁྱབ་པའི་ཐུགས་ཀྱི་རང་བཞིན་གཉིས་སུ་མེད་པས་ཀུན་ཏུ་གང་ན་གྱུར་ཏོ། །ཞེས་པའོ། །ཡང་དཀྱིལ་འཁོར་གསུམ་གྱིས་ནམ་མཁའ་དང་ས་གཞི་དང་བར་སྣང་གསུམ་དུ་གང་རབ་ཏུ་གང་ཀུན་ཏུ་གང་ངོ་། །ཡང་རང་སྣང་ལྷུན་སྟུག་པོ་བཀོད་པར་འོད་དང་གཟི་བརྗིད་དང་ཡེ་ཤེས་ཀྱི་བཀོད་པས་གང་རབ་ཏུ་གང་ཀུན་ཏུ་གང་བའོ། །གསུང་མཆོག་ཏུ་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་རང་སྒྲའི་དེ་ཁོ་ན་ཉིད་ངེས་པ་ལས། ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་མཐའ་དབུས་མེད་པར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གཉིས་པ་དམིགས་པའི་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་གསུམ་སྟེ། དཀྱིལ་འཁོར་འབྱུང་བའི་རྒྱུ་སྤྱིར་བསྟན། དཀྱིལ་འཁོར་གྱི་རང་བཞིན་རྒྱས་པར་བཤད། ངོ་མཚར་གྱི་ལྟས་སྣང་བའོ། །དང་པོ་ནི། གསུང་གསང་སྔགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་སྤྲིན་ཕུང་གསང་སྔགས་དང་བཅས་པ་དེ་དག་གི་རྣམ་པ་གསལ་བར་བྱེད་པ་ན་དམིགས་པའི་རྟེན་དགོས་པས་ཕྱི་རབས་ཀྱི་གདུལ་བྱ་ལ་ཕན་པའི་དོན་དུ་གཟུགས་བརྙན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རོ། །དང་པོ་ལ་གསུམ་ལས། གཞན་ཡས་ཁང་དངོས་ནི། ཡེ་ཤེས་ལྔ་མཚོན་པའི་ཕྱིར་ཕྱི་ནང་མེད་པར་མེ་དཔུང་འབར་བའི་ཀློང་ཕོ་བྲང་གི་འོག་གཞི་ལྟེ་བ་མུ་ཁྱུད་དང་བཅས་པའི་འཁོར་ལོ་རྩིབས་བཞི་པ་ནི་རིགས་ལྔའི་རང་བཞིན་གྱི་བརྡའོ། །དེའང་ཚད་མེད་པ་བཞི་དང་བདེན་པ་བཞི་མཚོན་པའི་ཕྱིར་གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན་པའོ། །དེའི་སྟེང་དུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཡོན་ཏན་རྒྱས་པའི་བརྡར་གྲུ་བཞི་པ་རྣམ་པར་ཐར་པ་བཞིའི་མཚོན་བྱེད་དུ་སྒོ་ཁྱུད་བཞི་དང་ལྡན་པའི་དབུས་སྐུ་ལྔའི་བརྡར་འཁོར་ལོ་རྩིབས་བཞི་གྲུ་ཆད་དང་བཅས་པས་མཛེས་པའོ། །དེས་མཚོན་པ་རྣམ་ཐར་བརྒྱད་ཀྱི་རྟ་བབས་དང་བདེན་པ་གཉིས་ཀྱི་དོན་མཚོན་པ་ཡེ་ཤེས་འབར་བའི་བར་ཁྱམས་ཕྱི་ནང་གཉིས་ཀྱི་མཛེས་ཤིང་བནྡྷའི་རྩིག་པ་ཆེན་པོས་ལྷུན་མཐོ་བའོ། །གཉིས་པ་དེ་མཛེས་པར་བྱེད་པའི་རྒྱན་ནི། ཕལ་ཆེར་གོང་དང་མཚུངས་ཤིང་། ཁྱད་པར་དུ་ཐོད་པ་སྐམ་རློན་གྱི་རྩིག་པ་ལ་སྦྲུལ་ནག་གི་ཆུན་པོས་དཀྲིས་ཤིང་། ཐོད་པ་སྦྲུལ་གྱི་ཟར་ཚགས་དང་། ཉི་མ་དང་ཟླ་བའི་མཐོང་ཁུང་དང་། ཚངས་པའི་གདུང་དང་། མཆོག་ཆེན་གྱི་ཀ་བ་དང་། རུས་སྦལ་གྱི་ཀ་གདན་དང་། ཞིང་གི་ལྕམ་དང་། མཆོག་ཕྲན་གྱི་དྲལ་བ་དང་། གཡང་གཞིའི་ཐོག་གཡམ་དང་། རྒྱུ་མའི་དྲྭ་བ་དང་། དོན་སྙིང་གི་དྲྭ་ཕྱེད་དང་། སྒོ་བཞི་རུས་སྦལ་གྱི་མ་ཐེམ་དང་། ཆུ་སྲིན་གྱི་ཡ་ཐེམ་དང་། སྦྲུལ་ནག་གི་སྐྱེས་བུ་དང་། ཞིང་ཆེན་གྱི་སྒོ་གླེགས་ལ་སོགས་པ་སྣ་ཚོགས་པས་བརྒྱན་ཅིང་། ཉི་མ་དང་ཟླ་བ་དང་གཟའ་སྐར་གྱི་ཁ་བད་དང་རྒྱན་གྱིས་བརྗིད་ཅིང་མེ་དཔུང་འབར་བའི་རྩེ་ལས་མེའི་ཚ་ཚ་ཕྱོགས་བཅུར་འཕྲོ་བའི་ཕྲེང་བ་མང་པོ་དང་འོད་ཟེར་འཁྲུགས་པས་མཛེས་པའོ། །གསུམ་པ་གདན་གྱི་ཁྱད་པར་ནི་འགྲོ་བ་ཟིལ་གྱིས་གནོན་པ་ཁྱུ་མཆོག་དང་། གཟི་བརྗིད་ཆེ་བ་མ་ཧེ་དང་། གདུག་པ་ཆེ་བ་གཟིག་དང་། དཔའ་བརྟུལ་ཆེ་བ་སྟག་དང་། རང་བཞིན་གྱིས་གཏུམ་པའི་དོམ་རྣམས་ཀྱི་སྦར་བས་ནི་བཏེགས་པའོ། །མི་ཤེས་པ་དག་སྡེར་མོས་ལྷ་ཆེན་པོ་བཟུང་ཞེས་འཆད་པ་ནི་མ་ཡིན་ཏེ། འདི་དག་གི་ཁྲིའི་སྟེང་དུ་དྲེགས་པ་ཕོ་མོ་བསྣོལ་བ་ལ་བཞུགས་པ་ཡིན་ནོ། །དེའི་སྟེང་དུ་དྲེགས་པའི་དབང་ཕྱུག་ལྷ་ཆེན་པོ་ལ་སོགས་པ་ཁྱོ་ཤུག་ཟུང་དུ་བསྣོལ་བའོ། །བཟུང་ནི་ཡི་གེ་མ་དག་པའོ། །སྲོག་ཆགས་འདི་དག་ཀྱང་སྐུ་གསུང་ཐུགས་ཡེ་ཤེས་ལྔའི་མཚོན་བྱེད་དུ་རང་སྣང་བའོ། །གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་ལ་གཉིས་ཏེ། གཙོ་བོའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ་གསུམ་ལས། སྐུ་མདོག་དང་ཞལ་ཕྱག་གི་རྣམ་པ་ལས། སྐུ་མདོག་གི་གཏི་མུག་གནས་སུ་དག་པས་གཙོ་བོ་སྨུག་ནག །ཞེ་སྡང་དག་པས་བཛྲ་ཧེ་རུ་ཀ་སྔོ་ནག །ང་རྒྱལ་དག་པས་རཏྣ་སེར་ནག་དང་། །འདོད་ཆགས་དག་པས་པདྨ་དམར་ནག །ཕྲག་དོག་དག་པས་ཀརྨ་ཡབ་ཡུམ་ལྗང་ནག་སྟེ་རྩ་ཞལ་དང་བཅས་པའོ། །དབུས་དང་ཤར་ནུབ་བྱང་བཞིའི་ཧེ་རུ་ཀའི་གཡས་དཀར་ཞིང་། ལྷོའི་གཡས་སྔོན་པོའོ། །དབུས་དང་ལྷོ་དང་བྱང་གི་གཡོན་དམར་ཞིང་། ཤར་དང་ནུབ་ཀྱི་གཡོན་སེར་པོའོ། །དེའང་དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་རྟགས་སུ་ཐམས་ཅད་ལ་ནག་པོའི་སྒྲ་སྨོས་སོ། །གདུལ་བྱ་གདུག་པ་ཅན་གྱི་སྣང་ངོར་རབ་ཏུ་འཇིགས་པའི་སྐུ་སྟེ། ཞལ་ཕྱག་གི་གནས་ལུགས་ནི་དུག་གསུམ་དག་ཅིང་སྐུ་གསུམ་མངའ་བའི་ཕྱིར་ཐམས་ཅད་ཀྱང་དབུ་གསུམ་པ། ཡེ་ཤེས་དྲུག་ལ་དབང་སྒྱུར་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འགྲོ་བ་དྲུག་སྒྲོལ་བའི་ཕྱིར་ཕྱག་དྲུག་པ་རྫུ་འཕྲུལ་བཞི་དང་བདུད་བཞི་འདུལ་བའི་བརྡར་ཞབས་བཞི་བརྐྱང་བསྐུམ་དུ་བགྲད་པའོ། །གཉིས་པ་རྒྱན་ཆས་དང་གསུང་གི་ང་རོ་ལ། རྒྱན་ཆས་ནི་དཔལ་གྱི་ཆས་བརྒྱད་དེ། ཐེག་པ་ཆེན་པོའི་དོན་ལ་མངའ་བརྙེས་པའི་མཚོན་བྱེད་དུ་གླང་ཆེན་སྤགས་པའི་སྟོད་གཡོགས། དྲེགས་པ་དབང་དུ་སྡུད་པ་ཞིང་གི་གཡང་གཞིའི་སྟོད་གཡོགས། གཟུང་འཛིན་གྱི་མཐའ་ལས་གྲོལ་བ་སྟག་ལྤགས་ཀྱི་ཤམ་ཐབས་ཏེ་ཀོ་རློན་གྱི་གོས་ནི་རྣམ་པ་སྣ་ཚོགས་དང་ལྡན་པའོ། །སྦྲུལ་ནི་རྒྱལ་རིག་དཀར་པོའི་དབུ་རྒྱན། རྗེ་རིགས་སེར་པོའི་སྙན་ཆ་དང་མགུར་ཆུ། བྲམ་ཟེའི་རིགས་དམར་པོའི་དོ་ཤལ་དང་དཔུང་རྒྱན། རྨོངས་རིགས་ལྗང་གུའི་སྐེད་རག །གདོལ་བའི་རིགས་ནག་པོའི་ཕྱག་ཞབས་ཀྱི་གདུ་བུའོ། །ཐོད་ཕྲེང་ནི་མི་མགོ་སྐམ་པོའི་དབུ་རྒྱན། རྙིང་པའི་སེར་རལ་ཁ། རློན་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་ལོ། །ཉི་མ་དང་ཟླ་བའི་ཆས་ནི་ཕྲག་པ་གཡས་གཡོན་ནས་འོད་འགྱེད་པ་སྟེ་ཐབས་དང་ཤེས་རབ་ཀྱིས་སྣང་བའི་བརྡའོ། །དེ་དག་གིས་མཚོན་ནས། རཀྟའི་ཐེག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་དང་བརྒྱད་དོ། །དེའང་ཀོ་རློན། སྦྲུལ། ཐོད་ཕྲེང་། ཉི་ཟླ་གཉིས། རཀྟ། ཞག །ཐལ་བ་རྣམས་དུར་ཁྲོད་ཆས་བརྒྱད་དོ། །གསུང་གི་ང་རོ་ནི་རྔམས་པའི་སྒྲ་སྐད་ཆེན་པོ་འཇིགས་པར་སྒྲོགས་པ་འབྲུག་སྟོང་ལྡིར་བ་ཙམ་མོ། །གསུམ་པ་ཕྱག་མཚན་དང་བཙུན་མོའི་སྦྱོར་ཚུལ་ལ། ཕྱག་མཚན་ནི། སངས་རྒྱས་གསང་བ་ཕྱག་གཡས་གཡོན་གྱི་དང་པོ་གཉིས་ན་རྡོ་རྗེ་དང་འཁོར་ལོ། བར་བ་ན་རལ་གྲི་དང་དུང་ཆེན། ཐ་མ་གཉིས་ན་དགྲ་སྟྭ་དང་ཐོང་གཤོལ་ལ་སོགས་ཀྱི་སྒྲ་དབྱུག་ཏོ། །ཏྲི་ཤུལ། བཻ་ཅོན་ལ་སོགས་པའོ་ཞེས་གསུངས་ཤིང་། རོང་པ་ནི་གཡས་དང་པོ་རང་རང་གི་ཕྱག་མཚན། གཡོན་དང་པོ་བནྡྷ་རཀྟས་བཀང་བ། གཞན་རྣམས་རིམ་པ་བཞིན་སྦྱོར་བར་བཞེད་ཀྱང་། འདིར་སྒྱུ་འཕྲུལ་རྡོ་རྗེ་དང་མཐུན་པར་སྦྱར་ན། གཡས་དང་པོ་རྣམས་རང་རང་གི་ཕྱག་མཚན་འཛིན་པ་སྟེ། དེའང་བཛྲ་ཧེ་རུ་ཀའི་གཡས་དང་པོ་རྡོ་རྗེ་རྩེ་དགུ་པའོ། །རིགས་ལྔ་གའི་གཡས་བར་མ་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་བར་མ་དུང་ཆེན་ཏེ་ཐོད་པ་ལྕང་ལོ་མེད་པ་ཁྲག་གིས་གང་བའོ། །ཀརྨ་ཧེ་རུ་ཀའི་གཡས་དང་པོ་རལ་གྲི། དེ་བཞིན་གཤེགས་པའི་གཡོན་དང་པོ་དང་། རིན་པོ་ཆེའི་གཡོན་ཐ་མ་གཉིས་ན་དགྲ་སྟྭ། ལས་ཀྱི་གཡོན་དང་པོ་ཐོང་གཤོལ། རྡོ་རྗེའི་གཡོན་ཐ་མ་དང་། ལས་ཀྱི་གཡོན་ཐ་མ་གཉིས་སྟོང་གི་འཇིག་རྟེན་ཁོར་ཡུག་དང་བཅས་པ་མཚོན་པའི་ཕྱིར་རྔེ་ཆུང་ངོ་། །ལ་སོགས་ཀྱིས་བསྡུས་པ། བུདྡྷའི་གཡས་དང་པོ་འཁོར་ལོ། རཏྣའི་རིན་པོ་ཆེ། པདྨའི་པདྨ། བུདྡྷའི་གཡོན་ཐ་མ་ཁ་ཊྭཱཾ་ག །རིན་པོ་ཆེའི་གཡོན་དང་པོ་རྒྱུ་ཞགས། རྡོ་རྗེ་དང་པདྨའི་གཡོན་དང་པོ་དྲིལ་བུ། པདྨའི་གཡོན་ཐ་མ་རྔེ་ཆུང་། ཐམས་ཅད་ཀྱི་གཡས་ཐ་མ་ཏི་ར་སྟེ་ཞིང་དབྱུག་གདེངས་པ་སྟེ། རང་གི་ལག་ཆ་སྣ་ཚོགས་བསྣམས་པའོ། །དེའང་རྡོ་རྗེ་ལས། རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། །འཇིག་རྟེན་ཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟྭ་དང་། །ཁ་ཊྭཱྃ་རབ་ཏུ་འཁྲོལ་བའོ། །ནོར་བུ་རིན་ཅེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟྭ་རབ་ཏུ་བསྡེབས། །ཆགས་མཆོག་པདྨ་ཆེན་པོ་དང་། །དྲིལ་བུ་རྔ་ཡི་སྒྲ་སྒྲོགས་པའོ། །ལས་ཀྱི་རལ་གྲི་གཤོལ་ཆེན་དང་། །འཇིག་རྟེན་རྒྱང་མར་འཕེན་པ་སྟེ། །བར་མ་རྡོ་རྗེ་དུང་དམར་འཁྲུག །ཏི་ར་ཆེན་པོ་རབ་བསྡེབས་པའོ། །ཞེས་སོ། །བཙུན་མོའི་འཁྲིལ་ཚུལ་ནི་རང་རང་གི་རིགས་ཀྱི་བཙུན་མོ་ལྔ་ནི་ཞལ་གཅིག་ཕྱག་གཉིས་མ་འཇིགས་པའི་ཚོགས་གཡས་ཡབ་ལ་འཁྱུད་ཅིང་གཡོན་ཐོད་ཁྲག་གཙོ་བོའི་ཞལ་དུ་སྟོབ་པ་དང་འཁྲིལ་བའོ། །གཉིས་པ་འཁོར་གྱི་བཀོད་པ་ལ་གཉིས་ལས། དང་པོ་ཁྲོ་མོ་ཉི་ཤུའི་བཀོད་པ་ནི། གནས་ཀྱི་མ་མོ་བརྒྱད་ནི། དེའང་རྣམ་ཤེས་ཚོགས་བརྒྱད་འཁོར་བ་བསྐྱེད་པའི་གནས་ཡིན་ལ། དེ་རྣམས་གནས་སུ་དག་པར་བྱེད་པའི་ཕྱིར་གནས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་ལ་ག་རཱི་དཀར་མོ་ཞིང་དབྱུག་དང་བྷན་དམར། ཙ་རཱི་སེར་མོ་མདའ་གཞུ་འགེངས་པ། བྲ་མོ་ཧཱ་དམར་མོ་ཕྱག་གཉིས་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བ། བཻཏྟ་ལཱི་ནག་མོ་རྡོ་རྗེ་འཕྱར་ཞིང་བྷན་དམར་ཐུགས་ཀར་འཛིན་པ། པུཀྐ་སཱི་དམར་སེར་བྱིས་པའི་རྒྱུ་མ་འདྲེན་པ། གསྨ་རི་ལྗང་ནག་དུང་དམར་དཀྲུག་ཅིང་གསོལ་བ། སྨ་ཤ་ནཱི་མཐིང་ནག་བྱིས་པའི་སྙིང་ཟ་བ། ཙཎྜ་ལཱི་སེར་སྐྱ་བམ་གྱི་མགོ་ལུས་འདྲལ་བའོ། །ཡུལ་གྱི་ཕྱག་རྒྱ་ཕྲ་མེན་བརྒྱད་ལ། དེའང་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ། ཡིད་ཀྱི་ཡུལ་ཆོས། ཉོན་མོངས་པ་ཅན་གྱི་ཡུལ་ཀུན་གཞི། ཀུན་གཞིའི་ཡུལ་ཕྱི་ནང་གི་ཆོས་ཐམས་ཅད་གནས་སུ་དག་པས་ཡུལ་གྱི་ཕྱག་རྒྱའོ། །དེའང་སེང་ཧ་སེར་མོ་ལག་པས་རོ་བསྣོལ་ནས་ཁའི་ཐད་དུ་འཛིན་པ། བྱཱ་གྲྀ་དམར་མོ་རོ་ལ་མིག་འབྲུ་ཚུགས་སུ་བལྟ་བ་དང་། སྲི་ལ་ནག་མོ་ཞིང་ལ་འདག་པ་དང་། ཤྭ་ན་མཐིང་ག་རོའི་ལྟོ་བ་འདྲལ་བ་དང་། ཀྲི་ཏ་དམར་མོ་རོའི་རྒྱུ་མ་འདྲེན་པ་དང་། ཀང་ཀ་སེར་མོ་ཞིང་ཆེན་ཕྲག་ལ་ཁུར་བ་དང་། ཀཱ་ཀཱ་ནག་མོ་བྷན་གྲི་ཐོགས་པ་དང་། ཧུ་ལུ་མཐིང་ག་ལྕགས་ཀྱུ་འདེབས་པའོ། །སྒོ་མ་བཞིའི་ཕྱག་རྒྱས་རབ་ཏུ་མཛེས་པ་ནི། ཕྱིན་ཅི་ལོག་གི་བདུད་བཞི་འཇོམས་ཤིང་ཡེ་ཤེས་བཞི་ཡིས་རྒྱས་འདེབས་པ་སྟེ། རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན་པ། ཕག་གདོང་ནག་མོ་ཞགས་པ་འཛིན་པ། དྲེད་གདོང་དམར་མོ་ལྕགས་སྒྲོག་འཛིན་པ། སྤྱང་གདོང་ལྗང་གུ་དྲིལ་ཆེན་འཛིན་པའོ། །གཉིས་པ་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱི་བཀོད་པ་ནི་སླས་ཆུང་མ་དང་བྱི་མོ་མཛའ་མོ་དང་བྲན་མོའི་ཚོགས་ནི་གཡོག་གི་ལས་བྱེད་པའི་ཆ་ནས་བཏགས་ཏེ་དེ་ལྟར་བཅུ་ཕྲག་གཉིས་དང་ནི་བརྒྱད་ཀྱིས་མཛེས་པར་བསྐོར་བའོ། །དེ་དག་རང་རང་གི་འོག་ན་རོའི་གདན་དང་ཐོད་རློན་ལ་སོགས་པའི་ལག་ཆ་དང་བཅས་ཏེ་ཕྲིན་ལས་ཅི་བགྱི་ཞེས་ནི་ཆས་ཏེ་འཁོར་བར་གནས་སོ། །ཇི་ལྟར་གནས་ན། སྲིན་མོ་སྨུག་ནག་ཐོད་རློན་འཆང་བ་དང་། ཚངས་པ་དམར་སེར་པདྨ་འཛིན་པ་དང་། འཁྲུག་མོ་དཀར་ལྗང་ཏྲི་ཤུལ་འཛིན་པ་དང་། རྟོགས་འདོད་སྔོན་མོ་འཁོར་ལོ་ཐོགས་པ་དང་། གཞོན་ནུ་དམར་མོ་མདུང་ཐུང་འཛིན་པ་དང་། དབང་མོ་དཀར་མོ་རྡོ་རྗེ་འཛིན་པ་དང་། འདོད་པ་དམར་མོ་ཙནྡན། བདུད་རྩི་དམར་མོ་པདྨ། ཟླ་བ་དཀར་མོ་པུནྜ་རི་ཀ །བཻ་ཅོན་ལྗང་གུ་དབྱུག་ཏོ། །སྲིན་མོ་དམར་ནག་དུང་ཁྲག་འཐུང་བ། ཟ་བ་ལྗང་ནག་རོ་ཡི་རྒྱུ་མ་འདྲེན་པ། དགའ་བ་དམར་མོ་གྲི་གུག །མྱོས་མ་དམར་མོ་གཤོལ། གཅིག་པུར་སྤྱོད་མ་སེར་མོ་སྤུ་གྲི། ཡིད་འཕྲོག་དམར་མོ་མདའ་གཞུ། གྲུབ་མོ་དཀར་མོ་བུམ་པ། རླུང་ལྷ་སྔོན་མོ་བ་དན། གསོད་བྱེད་དཀར་མོ་རལ་གྲི། མེ་མོ་དམར་མོ་གསལ་ཤིང་། ཕག་མོ་ནག་མོ་མཆེ་ཞགས། རྒན་བྱེད་ནག་མོ་ཞིང་ཟ་བ་དང་། སྣ་འཕྱང་དཀར་མོ་ཐོད་ཁྲག་འཐུང་བ། ཆུ་ལྷ་དམར་མོ་སྦྲུལ་ཞགས། ནག་མོ་ཆེན་མོ་ལྕགས་ཀྱུ། སེར་མོ་ཞགས་པ། དམར་མོ་ལྕག་སྒྲོག །ནག་མོ་དྲིལ་བུ་འཁྲོལ་བའོ། །ལེའུ་འདི་ནི་བྲི་བ་དང་སྒོམ་པ་ལ་སོགས་པ་སྤྱིའི་དོན་དུ་སྨོས་ཀྱི་གཅིག་ཁོ་ནའི་ཕྱོགས་སུ་ཆད་པ་ནི་མ་ཡིན་ནོ། །གསུམ་པ་ངོ་མཚར་གྱི་ལྟས་སྣང་བ་ནི་དེ་སྐད་ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཡེ་ཤེས་ཀྱི་ཁྲོ་བོ་མེ་དཔུང་འབར་བའི་དཀྱིལ་འཁོར་ཞིང་གི་རྡུལ་སྙེད་ནམ་མཁའི་དབྱིངས་དང་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པ་ཀུན་ཏུ་སྐུ་གསུང་ཐུགས་ཀྱི་སྣང་བས་གང་བར་གྱུར་ཏོ། །རང་བཞིན་གསང་བའི་སྙིང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་གྱི་རྣམ་དབྱེ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གསུམ་པ་དེར་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པ་དེ་ནས་བཅོམ་ལྡན་འདས་མཆོད་སྤྲིན་གྱི་རོལ་པ་ལ་དགྱེས་པ་ཆེན་པོས་ཕྱི་ནང་གསང་བའི་རང་བཞིན་གྱིས་མཉེས་པའི་མཆོད་པ་ཆེན་པོ་འདི་དག་ཆེད་དུ་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། སྦྱོར་སྒྲོལ་གྱི་མཆོད་པ་སྤྱིར་བསྟན། དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད། དེའི་ཕན་ཡོན་དངོས་གྲུབ་འགྲུབ་པའི་ཚུལ་བརྗོད་པའོ། །དང་པོ་ལ་གཉིས་ལས། སྒྲོལ་བའི་མཆོད་པ་ནི། དེ་ལ་རྒྱལ་བ་མཆོད་པ་དང་སེམས་ཅན་ལ་སྦྱིན་པ་བྱ་བའི་ཚུལ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། དེ་དག་གི་ནང་ནས་མཆོག་དམ་པ་ནི་སེམས་ཉིད་ཡེ་ནས་དག་པ་མཆོད་བྱ་དང་མཆོད་བྱེད་མེད་པ་དོན་གྱི་མཆོད་པ་སྟེ་མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིན་པས་ན། ཐོག་མར་བདག་ཉིད་ཀྱིས་འཁོར་བའི་གནས་འདིར་མ་རིག་པའི་ལོག་པར་རྟོག་པས་དངོས་པོ་དང་མཚན་མར་གོམས་པའི་ཕྱིན་ཅི་ལོག་སྤྲོས་པའི་མཐའ་བརྒྱད་དང་གཟུང་འཛིན་དུ་ཞེན་པའི་བློ་ངན་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་ངང་དུ་བསྒྲལ་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཅན་དུ་བསྒོམ་པར་བྱའོ། །དེ་སྐད་དུའང་རྒྱ་མཚོ་ལས། མཆོད་པའི་ཕྱག་རྒྱ་ཆེ་མཆོག་ནི། །སེམས་ཀྱི་རྟོག་ཚོགས་ཀུན་བསྒྲལ་ཏེ། །མཆོད་དང་མཆོད་བྱ་མི་དམིགས་པའི། །རང་བཞིན་ནམ་མཁའི་ངང་དུ་བསྒོམ། །ཞེས་སོ། །ཁ་ཅིག་ལྟ་བ་རྟོགས་པ་གོམས་པའི་སྒོམ་པར་སྦྱོར་བ་ནི་མ་རྟོགས་པའི་རྣམ་འགྱུར་དུ་སྣང་ངོ་། །མཆོད་པ་སྤྱིའི་སྔོན་འགྲོའམ་རྫོགས་རིམ་དུ་སྦྱར་ཡང་འགལ་བ་མེད་མོད། འོན་ཀྱང་སྒྲོལ་མཆོད་ལ་སྒྲ་ཉེ་བའི་ཕྱིར་བཤད་དེ། ཐོག་མ་མེད་པ་ནས་བདག་གཞན་དུ་རྟོག་པ་གོམས་པ་དེ་ཡོད་པས་ཞེ་སྡང་རང་ག་མ་འབྱུང་བའི་ཕྱིར། སྒྲོལ་བའི་ཚེ་གཉིས་སུ་མེད་པའི་དོན་དང་དམིགས་པ་མེད་པའི་སྙིང་རྗེའི་ངང་ནས་རང་གི་གཟུང་འཛིན་གྱི་ཞེན་པ་དང་བསྒྲུབ་བྱ་ཐབས་ཤེས་ཀྱི་ངང་ནས་བསྒྲལ་ཅེས་བྱ་བ་ཡིན་ནོ། །ཇི་ལྟར་བསྒྲལ་བ་དངོས་ནི། རང་གི་གཉིས་འཛིན་གྱི་རྟོག་པ་ཆོས་དབྱིངས་སུ་བསྒྲལ་བ་དེ་ནས་བསྒྲལ་བའི་ཡུལ་དང་སྒྲོལ་བྱེད་བདག་ཉིད་གཉིས་སུ་མེད་པའི་བློ་ཡིས་ནི་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ངང་ལས། ཐབས་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱ་སྟེ། ཞིང་བཅུ་ལྟ་བུའི་སེམས་ཅན་བློ་ངན་སྲིད་པའི་འཇིག་རྟེན་འོག་མར་བརྒྱུད་པ་འདི་དག་སྙིང་རེ་རྗེ་སྙམ་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམས་ནས། བདག་ཉིད་སྒྱུ་མ་དང་ཡུལ་མིག་ཡོར་གྱི་ཚུལ་ཙམ་དུ་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་སྣང་ཡང་དོན་དམ་པར་གཉིས་སུ་མེད་པར་རྟོགས་པས་བསྒྲལ་བར་བྱའོ། །དེའང་སྐབས་དང་སྦྱར་ཏེ་བྱ་ཞིང་རྒྱས་པར་ལེའུ་བཅུ་གཅིག་པ་དང་། ཉི་ཤུ་བའི་སྐབས་དྲག་པོའི་ཕྲིན་ལས་ལྟར་བྱའོ། །གཉིས་པ་སྦྱོར་བའི་མཆོད་པ་ནི་གོང་དུ་བཤད་པ་ལྟར་བདག་དང་ཡུམ་ལྷར་བསྐྱེད་པའི་གསང་བར་དཀྱིལ་འཁོར་སྤྱན་དྲངས་ལ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་རྫས་ཆེན་པོ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས་སྐྱེས་པའི་ངོ་བོས་བདག་ཉིད་མཉེས་པ་དེ་ཡིས་དེ་བཞིན་གཤེགས་པ་ཀུན་མཉེས་པར་བྱའོ། །གཉིས་པ་དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་དམ་རྫས་བདུད་རྩིའི་མཆོད་པ་ནི་བདག་གཞན་འཁོར་འདས་མཉམ་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་ལ་སོགས་པ་དག་བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཡེ་ནས་དཀྱིལ་འཁོར་དུ་གནས་པ་ལ་ཏིང་ངེ་འཛིན་ཟབ་མོས་གསལ་བཏབ་པ་དང་བདག་དང་མཉམ་པ་ཡེ་ཤེས་ལྷའི་ཚོགས་ལ་དབུལ་ལོ། །དེའང་དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ། རཀྟ། བྱང་ཆུབ་ཀྱི་སེམས་ལྔ་ནི་ངོ་བོ་ཡེ་ནས་དག་པ་ཆོས་ཀྱི་དབྱིངས། རང་བཞིན་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རིགས་ལྔ་དང་། ཡེ་ཤེས་ལྷའི་ངོ་བོར་གནས་ཤིང་། བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་པས་དུག་ལྔ་དང་། འབྱུང་བའི་ནད་རྣམས་སེལ་བའི་ཕྱིར་སྨན་གྱི་མཆོག་སྟེ། ཐལ་བ་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་མཆོག །ཅེས་སོ། །རྩ་བརྒྱད་སྟོང་ལས་སྦྱར་བ་ནི་དེ་དག་གི་ཡེ་ཤེས་ལྔ་ལྔ་ལ་སོགས་པར་ཕྱེ་ན་དེ་ཙམ་དུ་གནས་པའོ། །གཉིས་པ་འདོད་ཡོན་གྱི་མཆོད་པ་ལ་གཉིས་ལས། མཆོད་རྫས་ནི་ཤ་དང་མར་ལ་སོགས་པའི་བཟའ་བ་དང་ཤིང་ཏོག་ལ་སོགས་པའི་བཅའ་བ་དང་ཇ་དང་རྒུད་ཆང་ལ་སོགས་པའི་བཏུང་བ་དང་ལི་ཆུ་དང་ཟ་བ་བེར་ལ་སོགས་པའི་བགོ་བ་དང་། གཞན་ཡང་ལྷ་དང་མིའི་ལོངས་སྤྱོད་འདོད་ཡོན་ལྔ་དང་ལྡན་པ་ཐམས་ཅད་ཀུན་ཇི་ལྟར་འབུལ་ཚུལ་ནི། མཆོད་ཡུལ་ཡེ་ཤེས་ཀྱི་ལྷའི་དཀྱིལ་འཁོར་དུ་གསལ་བ་ནི་མཆོད་རྫས་འདོད་ཡོན་གྱི་ལྷའི་དཀྱིལ་འཁོར་ཐིམ་པའི་ཚུལ་གྱིས་དབུལ་ཞིང་བདག་ཡབ་ཏུ་ཤེས་པ་ལ་རྫས་ཡུམ་དུ་རོལ་པས་ལོངས་སྤྱོད་པར་བྱའོ། །དེ་སྐད་དུའང་མཉམ་སྦྱོར་ལས། ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཆེ་བའི་དམ་པ་རབ་ཏུ་འགྲུབ། །ཅེས་སོ། །གསུམ་པ་དེའི་ཕན་ཡོན་ལ་གཉིས་ལས། ཐུན་མོང་གི་དངོས་གྲུབ་ལའང་འཐད་པའི་ཚུལ་དགོད་པ་ནི་ཕྱོགས་བཅུ་དུས་བཞིར་སེམས་ཅན་གྱི་དོན་ལ་གཤེགས་པ་ཡི། བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་རྨད་པོ་ཆེ་ཐམས་ཅད་ཀྱང་སེམས་གོམས་པ་ལས་གཞན་ན་ཡོད་པ་མ་ཡིན་ན། ཐུན་མོང་གི་དངོས་གྲུབ་ལྷ་སྲིན་བྲན་དུ་འཁོལ་བ་དང་ལས་ཕྲན་ཚེགས་ཞི་རྒྱས་དབང་དྲག་ལ་སོགས་འགྲུབ་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་འཐད་པ་གྲུབ་པའི་དོན་དངོས་སོ། །གཉིས་པ་མཆོག་གི་དངོས་གྲུབ་ནི་རྣལ་འབྱོར་པ་རྟོགས་པ་དང་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱིས་མཚན་བཅས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་བསྐྱེད་རིམ་རྫོགས་པར་གྱུར་ཅིང་མཚན་མེད་རྫོགས་པ་ཆེན་པོ་བྱ་རྩོལ་མེད་པའི་ངང་ལ་འདིའོ་ཞེས་སྤྲོས་པའི་མཐའ་དང་འཛིན་ཞེན་དུ་གསལ་བའི་ཡིད་གཉིས་གང་ཡང་མེད་པ་ན་དེ་བཞིན་ཉིད་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་ཏེ། སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོ་ཕྲིན་ལས་དང་བཅས་པ་འབར་ཞིང་ཐོབ་པར་འགྱུར་རོ། །དེའང་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ཞིང་། སེམས་ཀྱང་ཡེ་ཤེས་ལྔའི་རང་བཞིན་ཐབས་ཀྱི་གྲུབ་རྫས་ཀྱིས་མཚོན་ནས་ལམ་དུ་བྱས་པ་ལས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་རྫོགས་པར་གྱུར་ཏེ། སྒྱུ་འཕྲུལ་ཐལ་བ་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་མེད་པ་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བར་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབས། །དཀྱིལ་འཁོར་འབར་བ་ཐོབ་པར་འགྱུར། །ཞེས་སོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་བརྗོད་པས་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་མཉེས་པའི་མཆོད་པ་ཆེན་པོས་ཕྱི་ནང་གི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །ཡེ་ཤེས་གསང་བའི་སྙིང་པོ་ཀུན་ལ་ཁྱབ་པའི་དེ་ཁོ་ན་ཉིད་ངེས་པ་ལས། བླ་ན་མེད་པའི་ཡོ་བྱད་ཀྱིས་རྒྱལ་བ་མཆོད་ཅིང་སེམས་ཅན་ལ་སྦྱིན་པ་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་བཞི་པ་དམ་ཚིག་དང་ལྡན་པས་འགྲུབ་པ་དམ་ཚིག་གི་རིམ་པ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། མཆོད་སྦྱིན་བཤད་པ་དེ་ནས་བཅོམ་ལྡན་འདས་དམ་ཚིག་ཆེན་པོའི་རང་བཞིན་ལ་དགྱེས་པ་ཆེན་པོས་གསང་སྔགས་འཆང་བའི་རྣལ་འབྱོར་པ་རྣམས་འབྲས་བུ་མྱུར་དུ་འགྲུབ་ཅིང་ལོག་པར་མི་ལྟུང་བས་སྨོན་པའི་དོན་ཡོད་པར་བྱ་བའི་ཕྱིར་གསང་ཆེན་རྒྱལ་པོའི་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། བསྲུང་བྱ་དམ་ཚིག་གི་རང་བཞིན། དམ་ཚིག་དང་སྡོམ་པའི་ཁྱད་པར། བསླབ་གསུམ་མི་འགལ་བར་འདུས་ཚུལ་ལོ། །དང་པོ་ལ་ལྔ་སྟེ། ངེས་ཚིག །དབྱེ་བ། ཕན་ཡོན། ཉེས་དམིགས། གསོ་ཐབས་སོ། །དང་པོ་ནི། ས་མ་ཡ་ཞེས་པའི་སྒྲ་ལས་དམ་ཚིག་ཏུ་བཤད་དེ། དེ་ལ་གསུམ་ལས། བསྲུངས་ན་ཕན་ཡོན་འཐོབ་པས་དམ་ཚིག་ཏུ་གཞག་པ་ནི། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཕྱོགས་རྣམས་ཚིག་པར་འགྱུར། །ཞེས་སོ། །ཉམས་ན་ཉེས་དམིགས་འཐོབ་པས་ཀྱང་དེ་སྐད་ཅེས་བྱ་སྟེ། ཡང་དེ་ཉིད་ལས། དམ་པ་རྣམས་ཀྱི་བཀའ་བཅག་ཅིང་། །བྱིན་རླབས་དམོད་པོར་རང་བཞིན་གྲུབ། །དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་བར་འགྱུར། །ཞེས་སོ། །ཐུན་མོང་དམ་བཅའི་ཚུལ་གྱིས་ཀྱང་དེ་སྐད་ཅེས་བྱ་སྟེ། ཡེ་ཤེས་དམ་པ་ལས། རྒྱལ་བའི་གསང་ཆེན་རྨད་ཀྱི་ཆོས། །མ་ཉམས་དམ་དུ་འཛིན་པའི་ཕྱིར། །བླ་མས་ཇི་སྐད་བསྟན་པ་བཞིན། །དམ་བཅས་ཚིག་ནི་བརྟན་འཛིན་པ། །དམ་ཚིག་ཅེས་སུ་བཤད་པ་ཡིན། །ཞེས་སོ། །མདོར་ན་སྤང་བྱ་སྤོང་ཞིང་བསྒྲུབ་བྱ་སྒྲུབ་པར་དམ་བཅས་པ་ལས་མི་ཉམས་པར་བྱེད་པའི་སྒོ་གསུམ་གྱི་བརྩོན་པའི་རང་བཞིན་དགེ་བ་ཆ་དང་བཅས་པ་ལ་དེ་སྐད་ཅེས་བྱའོ། །གཉིས་པ་དབྱེ་བ་ལ་གསུམ་སྟེ། ངོ་བོའི་དབྱེ་བ། ཡན་ལག་གི་དབྱེ་བ། བསམ་གྱིས་མི་ཁྱབ་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དངོས་དང་། དེའི་དབྱེ་བའོ། །དང་པོ་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ཏེ། དེའང་ལྗོན་ཤིང་གི་རྩ་བ་ལྟར་བསྲུངས་ཤིང་བསྐྱེད་ན་ཡོན་ཏན་གྱི་འབྱུང་གནས་ཡིན་ཞིང་མ་བསྲུངས་ན་མི་འབྱུང་བས་རྩ་བའི་དམ་ཚིག་ཅེས་བྱ་ལ། དེ་བསྲུང་བའི་ཐབས་དང་གྲོགས་སུ་གྱུར་པའི་ཕྱིར་ཡན་ལག་གི་དམ་ཚིག་ཅེས་བྱའོ། །གཉིས་པ་དེའི་དབྱེ་བ་ལ་བཅོ་ལྔ་སྟེ། རྩ་བའི་ལྔ་དང་། ཡན་ལག་གི་བཅུའོ། །རྩ་བ་ལྔ་ནི། བླ་མེད་མི་སྤང་བ། བླ་མ་བཀུར་བ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ། ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ། གསང་བའི་དོན་གཞན་དུ་མི་བསྒྲག་པའོ། །དང་པོ་ནི། དཀོན་ཅོག་གསུམ་ནམ་ཡང་མི་སྤང་བའོ། །དབྱེ་ན་གཞི་སེམས་ཅན་ཐམས་ཅད་ཡེ་ནས་དཀོན་མཆོག་གསུམ་དུ་གནས་པས་མི་སྤང་བ་དང་། ལམ་བསྐྱེད་རྫོགས་གཉིས་སུ་མེད་པའི་རང་བཞིན་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་མི་སྤང་བ་དང་། འབྲས་བུ་བླ་ན་མེད་པའི་སངས་རྒྱས་སྐུ་གསུམ། དེའི་གསུང་མདོ་རྒྱུད་ལུང་དང་རྟོགས་པའི་ཆོས། དེའི་དོན་ལ་སློབ་པའི་དགེ་འདུན་དཀོན་ཅོག་གསུམ་མི་སྤང་བའོ། །དེའང་སེམས་ཅན་གྱི་སེམས་ཉིད་ཡེ་ནས་དག་པའི་སངས་རྒྱས་སུ་བཤད་དེ། སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་སོ། །དེའི་ཡི་གེ་འཁོར་ལོ་ལས་བྱུང་བའི་ངག་ཀྱང་ཆོས་སུ་བཤད་དེ། རྡོ་རྗེ་ལས། ཨཱ་ལི་ཀཱ་ལི་ལས་བྱུང་བའི། །འགྲོ་བའི་སྒྲ་སྐད་དམ་པའི་ཆོས། །ཞེས་སོ། །བསོད་ནམས་དང་དགེ་བ་བསྒྲུབ་པའི་ཞིང་དུ་གྱུར་པས་དགེ་འདུན་དུའང་བཤད་དེ། ལེགས་པར་གྲུབ་པ་ལས། སྦྱིན་སོགས་བསོད་ནམས་རྣམ་འཕེལ་ཞིང་། །དེ་དགེའང་བསྒྲུབ་པའི་རིགས་ཡོད་ཕྱིར། །རྣམ་པ་གཉིས་ཀྱིས་ཆོས་འགྲུབ་པས། །མ་ལུས་འགྲོ་ཀུན་དགེ་འདུན་ཉིད། །ཅེས་སོ། །ཡང་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་སེམས་ཉིད་རང་བཞིན་ཀྱིས་དག་པའི་སངས་རྒྱས། བདེན་པ་གཉིས་དང་བསྐྱེད་རྫོགས་ཆོས། ཉམས་སུ་ལེན་པ་པོ་དགེ་འདུན་ཏེ་ཡེ་ཤེས་དྲྭ་བ་ལས། བདེན་དོན་བདེན་པའི་རང་བཞིན་དེ་ཉིད་འཛིན། །རྣལ་འབྱོར་པ་དེ་དཀོན་ཅོག་གསུམ་དངོས་ཉིད། །ཅེས་སོ། །འབྲས་བུའི་གསུམ་ཡང་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །སྐྱབས་གསུམ་རྣམ་པར་གཞག་པ་ཡིན། །ཞེས་སོ། །ཁ་ཅིག་བླ་མེད་མི་སྤང་བ་ཕྱོགས་རེ་ཁོ་ནར་འཆད་པ་ནི་མི་འཐད་དེ། དཀོན་ཅོག་གི་རང་བཞིན་མ་ཤེས་པའི་ཕྱིར་རོ། །བླ་མ་བཀུར་བ་ལའང་གཉིས་ཏེ། དབྱེ་བ་དང་། བཀུར་ཐབས་སོ། །དང་པོ་ལ་ལྔ་སྟེ། འདྲེན་པའི་བླ་མ་ནི་ཆོས་ཀྱི་སྒོར་འདྲེན་པ་རབ་བྱུང་གི་མཁན་པོ་ལྟ་བུ་སྟེ། འདུལ་བ་ལས། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །ཞེས་པ་དང་། ཀཱ་རི་ཀཱ་ལས། བླ་མ་གནས་པའི་སྒོ་གླེགས་ལ། །ལག་པས་དལ་གྱིས་བརྡུང་བར་བྱ། །ནང་ཞུགས་གུས་པས་བླ་མ་ལ། །ཁམས་བདེ་མི་བདེ་ལ་སོགས་དྲི། །ཞེས་སོ། །ཤེས་རྒྱུད་འགྲོལ་བའི་བླ་མ་ནི་ཆོས་འཆད་པའི་སློབ་དཔོན་ལྟ་བུ་སྟེ། མདོ་སྡེ་ཐར་པ་ཆེན་པོ་ལས། ཆོས་སྨྲ་བའི་དགེ་སློང་ལ་གུས་པས་བླ་མར་བྱ་སྟེ། ཞེས་པ་དང་། དཀོན་བརྩེགས་ལས། ཆོས་སྨྲ་བ་ནི་བླ་མའི་མཆོག་རབ་སྟེ། །རྒྱལ་བའི་མཆོད་སྡོང་ཆེན་པོ་དེ་བཀུར་རོ། །ཞེས་སོ། །མན་ངག་སྟོན་ཅིང་ལུང་འབོགས་པའི་བླ་མ་ནི་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་ལྟ་བུ་སྟེ། སྡོང་པོ་བཀོད་པ་ལས། དེ་ནི་བདག་གིས་ཐོག་མ་མེད་པ་ནས་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་ཡིན་ཏེ། ཞེས་སོ། །ཉམས་ཆགས་སྐོང་བའི་སློབ་དཔོན་ནི་སྡིག་པ་བཤགས་པའི་ཡུལ་དུ་གྱུར་པ་སྟེ། སུ་སི་ཏི་ཀ་རའི་རྒྱུད་ལས། བཤགས་པའི་ཡུལ་དུ་གང་གྱུར་པ། །དེ་ཡང་དེ་ཡི་བླ་མ་ཡིན། །ཞེས་སོ། །དམ་ཚིག་དབང་གི་བླ་མ་ནི། རྒྱ་མཚོ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །བླ་མ་ལ་ནི་དེ་བཞིན་གཤེགས། །ཞེས་སོ། །དེ་དག་གི་སྟེང་དུ་ཀུན་གྱིས་དམ་པར་བཀུར་ཞིང་། བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་བླ་མ་དང་དྲུག་ཏུའང་བཤད་དེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དང་། །ཆག་ཉམས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་གི་ལུང་གི་སློབ་དཔོན་རྣམས། ཞེས་སོ། །གཉིས་པ་བཀུར་ཐབས་ནི་ཐུན་མོང་གི་བླ་མ་རྣམས་བསོད་ནམས་དང་མཆོད་པའི་ཞིང་ལ་སོགས་པ་དམ་པའི་ཡུལ་དུ་བལྟ་བས་བདག་ཉིད་ནད་པ། གདམས་པ་སྨན། ཉམས་སུ་ལེན་པ་དེ་རྒྱུད་ལ་བསྟེན་པ། དགེ་བའི་བཤེས་གཉེན་སྨན་པ་མཁས་པའི་ཚུལ་གྱིས་བསྟེན་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་དང་། ཆོས་ལ་སྨན་དང་། ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བ་དང་། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ། །ཞེས་པའི་ཚུལ་གྱིས་སོ། །ཁྱད་པར་དུ་གསང་སྔགས་རྡོ་རྗེའི་སློབ་དཔོན་ལ་ཚུལ་གསུམ་གྱིས་བཀུར་ཏེ། དེའང་དཀོན་ཅོག་བཞི་པར་གསུངས་པ་ནི། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །སློབ་དཔོན་ཡང་ནི་བཞི་པ་ཡིན། །ཞེས་སོ། །སངས་རྒྱས་དང་མཉམ་པར་ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་སོ། །ལྷག་པར་ཡང་ཐུགས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས། །བླ་མའི་བ་སྤུ་ཁུང་གཅིག་མཆོག །ཅེས་པའི་ཚུལ་གྱིས་ཇི་ལྟར་མཉེས་པའི་རིམ་པས་བཀུར་བར་བྱའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་ལའང་གཉིས་ལས་སྔགས་ནི་ལྷ་སོ་སོའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རིམ་པ་སྟེ་ལྷའི་དེ་ཁོ་ན་ཉིད་ལ་སོགས་པ་ལྔས་བཟླས་པ་དང་། ཕྱག་རྒྱ་ནི་དངོས་གྲུབ་བསྒྲུབ་པའི་གྲོགས་ཀྱི་ཡན་ལག་སྟེ། བསམ་པ་ཆོས་ཀྱི་ཕྱག་རྒྱ། བརྗོད་པ་དམ་ཚིག་གི་ཕྱག་བརྒྱ། བསྒྱུར་བ་ལས་ཀྱི་ཕྱག་རྒྱ། ལྷའི་སྐུ་ཕྱག་རྒྱ་ཆེན་པོའོ། །རྒྱུན་མི་གཅད་པ་རབ་ཆུ་བོའི་རྒྱུན་ལྟ་བུ། འབྲིང་ཉིན་མཚན་གྱི་ཐུན་ལ་གནས་པ། ཐ་མའང་ཉ་སྟོང་བརྒྱད་ལ་སོགས་པ་ཟླ་བ་དང་ལོའི་དུས་སུ་མ་ཆག་པར་བྱེད་པ་སྟེ། རྔམ་གློག་ལས། རབ་ཀྱིས་ཆུ་བོའི་རྒྱུན་བཞིན་ནམ། །ཉིན་གསུམ་མཚན་གསུམ་ཉིན་མཚན་དུ། །མ་ཡེངས་པ་ཡི་ངང་གིས་བཟླ། །འབྲིང་གིས་ཟླ་གཅིག་དུས་དྲུག་དང་། །དུས་བཞི་བར་དུ་མི་གཅད་ཅིང་། །ཐ་མར་བརྩོན་པའི་རྣལ་འབྱོར་པས། །ཟླ་རེའམ་ར་བའི་དུས་དག་ཏུ། །བརྩོན་པར་འབད་དེ་མི་བྱེད་པ། །བྱང་ཆུབ་ས་བོན་བརླག་པ་ཡིན། །ཚོགས་དང་གཏོར་མའང་དེ་བཞིན་ཏེ། །ཐ་མས་ལོ་ཟླ་མི་འདའ་འོ། །ཞེས་སོ། །ཡང་དག་པའི་ལམ་དུ་ཞུགས་པ་ལ་བྱམས་པ་ནི་མཆེད་ལ་བརྩེ་གདུང་བྱ་བ་སྟེ། སྤྱིར་མཆེད་ལྕམ་རྣམ་པ་དྲུག་སྟེ། སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་བདག་གི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དོ། །སངས་རྒྱས་ཀྱི་ཆོས་ལ་ཞུགས་སོ་ཅོག་ནི་བསྟན་པ་གཅིག་པའི་མཆེད་དོ། །ལྟ་སྤྱོད་གཅིག་པ་ནི་མཐུན་པའི་མཆེད་དོ། །བླ་མ་གཅིག་པ་ནི་མཛེས་པའི་མཆེད་དོ། །ཆོས་ལྷན་ཅིག་ཏུ་ཉན་པ་ནི་ཉེ་བའི་མཆེད་དོ། །དབང་ལྷན་ཅིག་ཏུ་ཞུས་པ་ནི་འདྲེས་པའི་མཆེད་དེ་རྡོ་རྗེའི་སྤུན་ནོ། །འདིར་ནི་སྤྱིར་ཐར་བའི་ལམ་དང་ཐེག་པ་ཆེན་པོར་ཞུགས་པ་ལ་བརྩེ་བ་སྟེ། དཔལ་ཕྲེང་གི་མདོ་ལས། བྱང་ཆུབ་སེམས་བརྟན་ཐེག་ཆེན་ཞུགས་ལ་བྱམས། །ཞེས་སོ། །ཁྱད་པར་དུ་རྡོ་རྗེའི་སྤུན་ལ་བརྩེ་གདུང་བྱ་བ་སྟེ། རྔམ་གློག་ལས། རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔམ་དང་བཅས་ཀྱི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་བསྒྲུབ། །ཅི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲའོ། །ཞེས་སོ། །གསང་བ་མི་བསྒྲགས་པའི་དམ་ཚིག་ཀྱང་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཟབ་མོ་རྣམས་སྣོད་མ་ཡིན་པའི་འགྲོ་བ་ལ་ཤིན་ཏུ་གསང་བ་སྟེ། ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་གདམས་པ་བཅུ། །ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷ་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞིར་བཤད་དོ། །སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ནས་བསྒྲུབ་པར་བྱ། །གསང་བར་འོས་པའི་དམ་ཚིག་ནི། །ཕུད་དང་གཏོར་མ་ཚོགས་དག་དང་། །བནྡྷ་ཕུར་པ་མར་མེའི་སྣོད། །རྫས་དང་ལག་ཆ་དཀྱིལ་འཁོར་རྣམས། །སྐྱེ་བོས་མཐོང་བར་ཡོངས་མི་བྱ། །དྲིལ་བུ་རྔེའུ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོངས་མི་བརྡུང་། གྲོགས་ཀྱི་སྐྱོན་དང་མཚང་རྣམས་དང་། །སེམས་ཅན་ཀུན་གྱི་ངན་སྤྱོད་རྣམས། །ཀུན་ལ་གནོད་པའི་སྤྱོད་པས་རྣམས། །ཤིན་ཏུ་གསང་ན་བྱང་ཆུབ་རྒྱུ། །གཉེར་གཏད་པ་ནི་གདམས་པ་སྟེ། །སྔར་བཤད་སློབ་དཔོན་མཆེད་ཀྱིས་སོ། །ཞེས་སོ། །དེའང་ལྟ་བ་ཟབ་མོ། སྤྱོད་པ་བརླང་པོ། ལྷའི་མིང་གཟུངས། གྲུབ་པའི་རྟགས་ཏེ་སྤྱིར་གསང་བཞི། གྲུབ་པའི་གནས། དུས། གྲོགས། རྫས་ཏེ་བར་གསང་བཞི། ཕུད་དང་གཏོར་མ་ལ་སོགས་པ་མཐོང་དུ་མི་རུང་བའི་དམ་རྫས་རྣམས་གསང་བར་འོས་པ། བླ་མ་དང་མཆེད་ལྕམ་གྱིས་འདི་ལྟར་གྱིས་ཤིག་ལ་སོགས་པ་གཉེར་དུ་གཏད་པ་སྟེ་བཅུ་པོ་འདི་དག་གང་ལ་གསང་ན། དེ་ཉིད་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་པ་དང་། རྔམ་གློག་ལས། སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བཤད་པ་མིན། །ཞེས་སོ། །ཇི་ལྟར་གསང་ན་དེ་ལས། སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ལུས་ཀྱིས་ཐམས་ཅད་སྦས་ལ་སྤྱད། །ངག་གི་རྡོ་རྗེའི་ལྕེ་ཡོད་ཀྱང་། །བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་རྩ་བའི་དམ་ཚིག་གི་ལྷ་མི་སྤང་བ་དང་། དངོས་གྲུབ་ཀྱི་འབྱུང་གནས་བླ་མ་བཀུར་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པ་ནི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་དམ་ཚིག་ཡིན་ལ། དེའི་ཡན་ལག་ཏུ་ཡང་དག་པའི་ལམ་དུ་ཞུགས་པ་དང་། མཆེད་ལྕམ་ལ་གུས་པ་ནི་བླ་མའི་ཐུགས་དང་འགལ་བ་བསྲུང་ཞིང་། གསང་བ་གཞན་ལ་མི་སྨྲ་བ་ནི་ལྷ་དང་སྔགས་དང་ཕྱག་རྒྱའི་དེ་ཉིད་དང་འགལ་བ་བསྲུང་བ་ཡིན་ནོ། །ཁ་ཅིག་ལྷ་དང་སྔགས་ཕྱག་རྒྱ་གཉིས་སྒྲུབ་པ། དེ་དག་གི་ཐུགས་དང་འགལ་བ་བསྲུང་བའི་ཕྱིར་བླ་མ་དང་མཆེད་ལ་གུས་པ། གསང་བ་མི་སྨྲ་བ་གསུམ་སྲུང་བའོ་ཞེས་པ་ནི་མ་ཡིན་ཏེ། མཉམ་སྦྱོར་ལས། སྒྲུབ་པའི་དམ་ཚིག་ཆེན་པོ་ནི། །ལྷ་དང་བླ་མ་མི་སྤང་ཞིང་། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཅེས་པ་སྟེ། དངོས་གྲུབ་སྒྲུབ་པའི་རྩ་བ་བླ་མ་ཡིན་ལ། དེ་མཉེས་ན་དངོས་གྲུབ་འབྱུང་བ་དེ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པ་ལས་ཀུན་མཁྱེན་གྱི། །ཡོན་ཏན་མཆོག་ནི་མ་ལུས་འབྱུང་། །ཞེས་པ་དང་། རྡོ་རྗེ་ལས། དཀྱིལ་འཁོར་དབང་ཕྱུག་བླ་མ་ཉིད། །ཅེས་པས་ལྷའི་དཀྱིལ་འཁོར་གྱི་གཙོ་བོ་བླ་མར་གསུངས་པའི་ཕྱིར། དེ་མཉེས་པ་འབའ་ཞིག་བསྒྲུབ་དགོས་པས། སྒྲུབ་པའི་དམ་ཚིག་ཁོ་ནར་བཤད་པའི་ལུང་དང་འགལ་ལོ། །དེ་ལྟར་ལྔ་པོ་ཡང་སྐུ་གསུང་ཐུགས་ཀྱི་རང་བཞིན་གསུམ་གསུམ་ལས་མ་འདས་པས། སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་དུ་གནས་ཏེ། དཔེར་ན་བླ་མེད་མི་སྤང་བའང་ལུས་ཀྱིས་བཀུར་ཞིང་། ངག་གི་བསྟོད་ལ། སེམས་ཀྱིས་གུས་པར་བྱ་བ་དང་། བླ་མ་ལའང་ཚུལ་དེ་དང་མཆེད་ལའང་སྒོ་གསུམ་གུས་པ་དང་། སྔགས་དང་ཕྱག་རྒྱའི་དམ་ཚིག་ལའང་སྒོ་གསུམ་ཚང་བ་དང་། གསང་བ་ཡང་སྒོ་གསུམ་གྱི་བྱ་བས་གསང་ཞིང་སྦེད་པའོ། །ཁ་ཅིག་བླ་མ་དང་མཆེད་ལྕམ་ལ་གུས་པ་ནི་གཞི་མ་ལུས་ཀྱི་བྱ་བ་ཡིན་པས་སྐུའི་དམ་ཚིག་ལྷ་མི་སྤང་ཞིང་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་ནི་བཟླས་བརྗོད་ཀྱི་ཡན་ལག་སྟེ་གསུང་གི་དམ་ཚིག །གསང་བ་མི་སྨྲ་བ་ནི་ཡིད་ལ་བརྣག་པར་བྱ་བ་ཡིན་པས་ཐུགས་ཀྱི་དམ་ཚིག་གོ་ཟེར་བ་དེ་ཡང་རིགས་པར་མ་མཐོང་སྟེ། འདོན་པ་བསྒྱུར་ན་མཚུངས་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་དམ་ཚིག་བཅུ་ལ། མི་སྤང་བ་ལྔ་དང་། དང་དུ་བླང་བ་ལྔའོ། །དང་པོ་ནི། ཉོན་མོངས་པ་ལྔ་སྟེ། དེའང་རང་བཞིན་ཤེས་པས་མི་སྤང་བ། ཐབས་ཀྱིས་ཟིན་ན་ལམ་གྱི་གྲོགས་ཡིན་པས་མི་སྤང་བ། སྐུ་དང་ཡེ་ཤེས་ཡིན་པས་མི་སྤང་བའོ། །དང་པོ་ལ་གཉིས་ལས། སངས་རྒྱས་ཀྱི་རིགས་སམ་གདུང་ཡིན་པས་མི་སྤང་བ་ནི། མདོ་ལས། རྨོངས་པའི་སེམས་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དོ། །རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །ཞེས་པ་དང་། དྲི་མ་མེད་པར་གྲགས་པ་ལས་ཀྱང་། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་པ་ལ་སོགས་པ་གསུངས་སོ། །རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་སྤང་བླང་མེད་པའི་ཕྱིར་མི་སྤང་བ་ལའང་ཀུན་རྫོབ་ཏུ་ཉོན་མོངས་པ་སྨིག་རྒྱུ་དང་འདྲ་སྟེ། སྐད་ཅིག་གིས་མི་རྟག་པས་རང་གིས་རང་སྤངས་ཤིང་། དེའང་སྣང་ལ་ངོས་བཟུང་གི་དངོས་པོ་དང་ངོ་བོ་བདེན་པའི་ཆོས་སུ་མ་གྲུབ་པའི་ཕྱིར་སྤང་བྱར་མེད་དེ། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་སོ། །དོན་དམ་པར་གང་གི་དངོས་པོར་ཡང་མ་གྲུབ་ཅིང་ཀུན་ཏུ་བཙལ་ན་མི་རྙེད་པས་ཀྱང་སྤང་དུ་མེད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྟེན་དང་བྲལ། །ཞེས་པ་དང་། སྤྱོད་འཇུག་ལས། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་དབང་སོགས་ལ་མིན་དེ་དག་བར་ནའང་མིན། །ཞེས་པ་དང་། ཡེ་ནས་སྟོང་པའི་དངོས་འདི་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་གཟུང་བར་གྱིས། །ཞེས་སོ། །གཉིས་པ་ཐབས་ཀྱིས་ཟིན་ན་ལམ་གྱིས་གྲོགས་ཡིན་པས་མི་སྤང་བ་ནི། ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་ལ། དེ་ཉིད་མན་ངག་གིས་ཉམས་སུ་བླངས་པས་ཉེ་ལམ་དུ་འགྱུར་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཚུལ་འདི་མདོ་སྡེ་ལས་ཀྱང་གསུངས་ཏེ། དཀོན་ཅོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་བའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་པ་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་གསུངས་སོ། །གཞན་ཡང་སྤང་བྱ་ཉོན་མོངས་པ་མེད་ན་སྤོང་བྱེད་གཉེན་པོ་མི་འབྱུང་བས་ཀྱང་སྤོང་བར་མི་རིགས་པ་དང་། ཉོན་མོངས་པའི་ཆོས་ཅན་ཡོད་ན་དེ་རང་གིས་ངོ་བོས་སྟོང་པའི་ཆོས་ཉིད་ཡོད་པས་ཀྱང་ཆོས་ཉིད་མངོན་དུ་བྱ་བའི་ཕྱིར་མི་སྤང་བ་དང་། ཉོན་མོངས་པ་ལ་བརྟེན་ནས་སེམས་ཅན་གྱི་དོན་འགྲུབ་པའི་ཡན་ལག་དུ་འགྱུར་བས་ཀྱང་མི་སྤང་བ་ཡིན་ནོ། །འོ་ན་ཉོན་མོངས་པ་མ་སྤངས་ན་ཡོན་ཏན་མི་སྐྱེ་ཞིང་སངས་རྒྱས་མི་འཐོབ་བོ་ཞེ་ན། ལམ་དང་འབྲས་བུའི་ཡོན་ཏན་ནི་ཉོན་མོངས་པའི་རྒྱུ་ཁོ་ན་ལས་འཐོབ་སྟེ། ཡེ་ཤེས་ཡིན་ཞིང་དེ་གོམས་པར་བྱས་པའི་ཕྱིར་རོ། །ངན་འགྲོ་ལ་སོགས་པར་བརྒྱུད་ཅིང་འཆིང་བ་མ་ཡིན་ནམ་ཞེ་ན། ཉོན་མོངས་པའི་རང་བཞིན་ཤེས་ནས་གོམས་ན་དེའི་ཉེས་པས་མི་གོས་ཤིང་བདེ་འགྲོའི་ལུས་དང་འབྲས་བུ་འཛིན་པ་ཁོ་ནའོ། །ཁ་ཅིག་ན་རེ་ཉོན་མོངས་པ་ལམ་དུ་བྱེད་པ་ན་ཐབས་ཀྱི་ཟིན་དགོས་སམ་མི་དགོས། དགོས་ན་ཉོན་མོངས་པ་ལམ་དུ་བྱས་པ་མ་ཡིན་ཏེ། ཐབས་ལམ་དུ་བྱས་པའི་ཕྱིར། མི་ དགོས་ན་ཐ་ལམ་པ་དང་ཁྱད་མེད་པར་ཐལ ་ལོ་ཞེ་ན། བཤད་པ། ནས་ལ་ཟན་བྱེད་པར་འདོད་མོད། བརྔོ་བ་དང་བཏགས་པས་བྱས་ན་ནས་ཀྱི་ཟན་དུའང་མི་འགྱུར་ཏེ། ཕྱེའི་ཟན་ཡིན་པའི་ཕྱིར་དང་། མ་བྱས་ན་ཟན་དུའང་མི་འགྲུབ་བོ་ཞེས་པ་འདི་ལ་ལན་ཅི་ཡོད། དེའང་རྒྱུ་ནས་ལ་རྐྱེན་བརྔོ་བ་དང་བཏགས་པས་ཟན་དུ་འགྱུར་རོ་ཞེ་ན། འདིར་ཡང་རྒྱུ་ཉོན་མོངས་པ་ལ་རྐྱེན་ཐབས་ཀྱི་ལམ་དུ་བྱེད་པ་ཁོ་ནའོ། །འདི་ལྟར་ཉོན་མོངས་པའི་དངོས་པོ་གཅིག་ལ་ཉན་རང་གིས་སྤང་བྱར་མཐོང་བ་དང་བྱང་ཆུབ་སེམས་དཔས་སྤྱད་བྱར་མཐོང་བ་དང་། གསང་སྔགས་ཐུན་མོང་བས་དག་བྱར་མཐོང་བ་དང་། ཐུན་མོང་མ་ཡིན་པས་བླང་བྱར་མཐོང་བ་ནི་དཔེར་ན་གསེར་ལས་བྱས་པའི་རང་བཞིན་གཅིག་ལ། ཆོལ་ཟངས་སུ་བྱས་པའི་ཚེ་བཙོག་པ་དང་། གཞོང་པར་བྱས་པའི་ཚེ་གཙང་བ་དང་། གདུ་བུར་བྱས་པའི་ཚེ་རྒྱན་དང་། ལྷའི་སྐུ་གཟུགས་སུ་བྱས་པའི་ཚེ་མཆོད་པའི་རྟེན་དུ་བྱེད་པ་བཞིན་དུ། རྐྱེན་གྱིས་ཐེག་པ་སོ་སོའི་དེ་ལྟར་མཐོང་ཡང་ངོ་བོ་ཡེ་ནས་དག་པའི་ཡེ་ཤེས་ཡིན་པས། གཞི་ལམ་འབྲས་བུའི་ཆོས་སུ་ཉོན་མོངས་པ་དེ་ཉིད་འགྱུར་བའི་སྤང་བར་བྱ་བ་མ་ཡིན་པའི་རྒྱུ་མཚན་འཐད་པ་དང་བཅས་པའོ། །གསུམ་པ་སྐུ་དང་ཡེ་ཤེས་ཡིན་པས་མི་སྤང་བ་ནི། དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་པས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་ཏེ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གོ། །ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེའི་རིགས་ཏེ་མི་བསྐྱོད་པའི་དམ་ཚིག་གོ། །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེའི་རིགས་ཏེ་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་གོ། །འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་པདྨའི་རིགས་ཏེ་སྣང་བ་མཐའ་ཡས་ཀྱི་དམ་ཚིག་གོ། །ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་ལས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའི་དམ་ཚིག་གོ། །དེས་ན་འགྲོ་བའི་སེམས་སོ་ཅོག་ཏུ་འཆར་བ་ཉོན་མོངས་ལྔར་སྣང་དུས་ནས་སྐུ་དང་ཡེ་ཤེས་སུ་གྲུབ་པའི་ཕྱིར་མི་སྤང་བར་གདམས་སོ། །གཉིས་པ་དང་དུ་བླང་བའི་དམ་ཚིག་ལྔ་ནི་བདུད་རྩི་ལྔ་སྟེ། དེའང་ཡེ་ནས་བླང་དོར་མེད་པའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་ཀྱང་དང་དུ་བླང་སྟེ། ལེ་ལག་ལས། བདུད་རྩི་ཡེ་ནས་དག་པའི་ཆོས། །བླང་དོར་མེད་པ་ཀུན་ལས་འདས། །ཡེ་བསྲུང་ཆེན་པོའི་དམ་ཚིག་ཏུ། །མཁས་པས་དང་དུ་བླང་བར་བྱ། །ཞེས་སོ། །རིགས་ལྔའི་རང་བཞིན་ཡིན་པས་ཀྱང་ དང་དུ་བླང་དགོས་ཏེ། ཐལ་པ ་ལས། བདུད་རྩི་ལྔ་ནི་རིགས་ལྔའི་དངོས། །དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས། །ཞེས་སོ། །དངོས་གྲུབ་སྒྲུབ་པའི་རྫས་ཡིན་པས་ཀྱང་དང་དུ་བླང་སྟེ། གསང་འདུས་ལས། ཤ་ཆེན་དམ་ཚིག་ཆེན་པོ་ནི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །ཡང་བདུད་རྩི་ལྔ་དང་ཤ་ལྔ་བརྟེན་ན་མཁའ་འགྲོ་འདུ་ཞིང་དངོས་གྲུབ་ཉེ་བས་ཀྱང་དང་དུ་བླང་སྟེ། མདོ་ལས། བ་ལང་ཁྱི་དང་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་པ་དང་། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱིས། །བརྟུལ་ཞུགས་འདི་ལྔ་གཙོར་སྤྱད་ན། །དམ་ཚིག་དམ་པར་བཟུང་བས་ན། །སྔོན་གྱི་དམ་ཚིག་ཡིན་པར་གྲགས། །ཞེས་པས་བརྟུལ་ཞུགས་སྤྱོད་པའི་གྲོགས་སུ་གྱུར་པས་ཀྱང་དང་དུ་བླང་བར་བྱ་བ་ཡིན་ནོ། །གཉིས་པ་ཡན་ལག་གི་དབྱེ་བ་ནི་སུམ་བརྒྱ་དྲུག་ཅུ་སྟེ། དེའང་དམ་ཚིག་ནི་ལྷའི་རང་བཞིན་ཡིན་ལ། ལྷ་ཐམས་ཅད་ཀྱི་རྩ་བ་ནི་ཐབས་དང་ཤེས་རབ་ཡིན་པས་རྩ་བའི་བླ་མེད་མི་སྤང་བ་ལ་སོགས་པ་ལྔ་པོའི་གང་རུང་གཅིག་ལའང་རྩ་བ་ཐབས་དང་ཤེས་རབ། དེ་གཉིས་ལ་སྐུ་གསུང་ཐུགས་སུ་ཕྱེ་བས་དྲུག །དེ་དག་ལའང་སྐུ་གསང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔ་སྟེ་སུམ་ཅུ། རྩ་བའི་ཐབས་ཤེས་གཉིས་བསྣན་པས་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་ལྔ་ག་ལས་ཕྱེ་བས་བརྒྱ་དྲུག་ཅུའོ། །ཡན་ལག་གི་དམ་ཚིག་ཉིས་བརྒྱ་ནི་ཡན་ལག་གི་བཅུའི་འདོད་ཆགས་མི་སྤང་བ་ལྟ་བུ་གཅིག་ལའང་ཐབས་དང་ཤེས་རབ་གཉིས་ལས། ཐབས་ལ་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ། ཤེས་རབ་ལའང་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ་ཕྲག་གཉིས་ལ་ཉི་ཤུའོ། །དེ་ལྟར་ཉི་ཤུ་ཚན་པ་བཅུ་ལ་ཉིས་བརྒྱའོ། །རོང་པ་ནི་ཡན་ལག་གི་དམ་ཚིག་ནི་ཡན་ལག་ནས་དབྱེ་བར་བྱ་སྟེ། གཅིག་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་རྣམ་པ་ལྔ་དང་། སྐུ་གསུང་ཐུགས་ཀྱི་དངོས་གཞི་གསུམ་ཡང་དེ་ཉིད་དུ་ཞིག་སྟེ་ཡན་ལག་གི་གཞི་མེད། རྩ་བ་ཐབས་དང་ཤེས་རབ་གཉིས་ཀྱང་ཐབས་ཤེས་རབ་དང་ལྡན། ཤེས་རབ་ཐབས་དང་ལྡན་པས་རྩ་བ་གཉིས་པོ་ཞིག་སྟེ་ཡན་ལག་བཞིར་འགྱུར་བས། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཆ་ཤས་སུ་འགྱུར་པས་ན། རྩ་བའི་འཕྲོ་གཞི་མེད་དེ་ཡན་ལག་དང་ཆ་ཤས་ཉི་ཤུ་ཉི་ཤུར་འགྱུར་རོ་ཞེས་དཀོན་ཅོག་འགྲེལ་དུ་བཞེད་དོ། །དམ་ཚིག་འདི་དག་ནི་ཡོན་ཏན་གྱི་ཆ་ཆས་དབྱེ་བ་ཡིན་གྱི། མཚན་ཉིད་ཐ་དད་པའི་རྣམ་གྲངས་ནི་སོ་སོར་བཤད་པ་མེད། ཅེས་གསུངས་སོ། །གསུམ་པ་བསམ་གྱིས་མི་ཁྱབ་པར་དབྱེ་བ་ནི་སེམས་ཅན་གྱི་རྟོག་ཚོགས་ཇི་སྙེད་པའི་གཉེན་པོར་དམ་ཚིག་གི་དབྱེ་བའང་དེ་སྙེད་ཡིན་པས་གྲངས་འདི་ཁོ་ནའོ་ཞེས་གཅིག་ཏུ་ཆད་པ་མེད་དེ། གསལ་བཀྲ་ལས། དམ་ཚིག་རྣམ་པའི་གྲངས་དག་ནི། །སེམས་ཅན་གྲངས་དང་ལོག་རྟོག་གྲངས། །རྟོག་འདུལ་གཉེན་པོར་དམ་ཚིག་གྲངས། །རྒྱལ་བ་ཉིད་ཀྱིས་བརྗོད་ལས་འདས། །ཞེས་སོ། །གསུམ་པ་དམ་ཚིག་བསྲུངས་བའི་ཕན་ཡོན་ནི། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་སྟེ། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །བཞི་པ་མ་བསྲུངས་པའི་ཉེས་དམིགས་ནི། རང་ཉིད་ཀྱི་ལེགས་པ་ལས་ཉམས་ཤིང་གཞན་ལ་ཉེས་པ་ངང་གིས་སྦྱིན་པ་སྟེ། དེ་ལས། དམ་ཚིག་ལས་ནི་འདས་གྱུར་ན། །འདི་ཕྱིར་བདེ་ལེགས་ཉམས་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་མྱོང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་ལ། །བསྐལ་པ་བྱེ་བ་གྲངས་མེད་གནས། །ཞེས་པ་དང་། ཀུན་འདུས་ལས། ཇི་ལྟར་འོ་མ་རུལ་པ་དག །རུལ་པས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །ལྔ་པ་གསོ་ཐབས་ནི། དེའང་ཉན་ཐོས་ལྟར་མ་ཡིན་གྱི། གསང་སྔགས་ནི་གསོར་རུང་བའི་ཐབས་ཡོད་དེ། རྔམ་གློག་ལས། དམ་ཚིག་ཉམས་པར་གྱུར་པ་ན། །མགོན་བཙུན་མཉེས་པའི་དོན་རྟོགས་ན། །དེ་ཉིད་བསྐང་བའི་གནས་སུ་འགྱུར། །བླ་མ་སྤུན་ལ་སྨད་གྱུར་ན། །ཚེ་འདི་ཉིད་ལ་མཉེས་བྱས་ཏེ། །མཐོལ་བཤགས་དྲག་པོས་འགྱོད་བྱས་ན། །དེ་ནི་བསྐང་བའི་མཆོག་ཏུ་འགྱུར། །གལ་ཏེ་བདག་གམ་བླ་མ་སྤུན། །མ་བསྐང་བར་དུ་ཚེ་འཕོས་ན། །དེ་ནི་བསྐང་བའི་ཚད་ལས་འདས། །གསུང་གི་ཐ་ཚིག་རལ་གྱུར་ན། །རྡོ་རྗེ་ཆོས་སུ་བདག་བསྒོམ་སྟེ། །ཐ་ཚིག་གང་བརླག་འབུམ་འབུམ་འདོན། །ཐུགས་ཀྱི་ཐ་ཚིག་རལ་གྱུར་ན། །རྡོ་རྗེ་སེམས་དཔར་བདག་བསྒོམ་ལ། །ལོ་གསུམ་བར་དུ་མི་སྨྲ་བར། །བསམ་གཏན་སྦྱོར་བ་རབ་ཏུ་བྱ། །ཡན་ལག་ཐ་ཚིག་རལ་གྱུར་ན། །སོ་སོ་རང་རང་རིགས་ཀྱིས་བསྐང་། །ཞེས་པས་སྐུ་གསུང་ཐུགས་ཀྱི་ཉམས་ཆག་གི་གཙོ་བོ་སྒོ་གསུམ་དང་སྦྱར་ལ་བརྩོན་པས་བསྐང་བཤགས་བྱས་ན་དག་པར་འགྱུར་རོ། །འདི་ནི་ཐབས་ཀྱི་དམ་པ་སྟེ་འོག་མ་དག་ལས་འཕགས་སོ། །དེའང་ཉན་ཐོས་ཀྱི་སྡོམ་ཁྲིམས་ནི་འཆབ་སེམས་མ་སྐྱེས་ན་ལན་བདུན་གསོ་བར་སྣང་ཞིང་སྐྱེས་ན་ལན་གཅིག་ལའང་གསོར་མི་རུང་བས་རྫ་བེའུ་ཆག་པ་དང་འདྲའོ། །བྱང་ཆུབ་སེམས་དཔའ་ནི་རིན་པོ་ཆེའི་སྣོད་ཆགས་པ་དང་འདྲ་སྟེ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉམས་པ་གསོ་བར་རུང་སྟེ། མགར་བ་མཁས་པས་སྔ་མ་ལས་ལྷག་པའི་སྣོད་བྱར་རུང་བ་བཞིན་ནོ། །གསང་སྔགས་ནི་རིན་པོ་ཆེའི་སྣོད་གཞོམ་པ་དང་འདྲ་སྟེ་རང་གི་སྟོབས་ཀྱིས་གསོར་རུང་བས་ན། མགར་བ་མི་དགོས་པར་རང་གི་རྩོལ་བས་གཞོམ་པ་བསྲང་དུ་ཡོད་པ་དང་འདྲའོ། །གཉིས་པ་དམ་ཚིག་དང་སྡོམ་པའི་ཁྱད་པར་ནི། དེའང་རང་གི་རྒྱུད་སྡོམ་པའི་ཆ་ནས་སྡོམ་པའང་ཡིན་ལ། སངས་རྒྱས་ཀྱི་གསང་བའི་རྡོ་རྗེ་གསུམ་འཛིན་ཞིང་མི་ཉམས་པར་བྱེད་པས་དམ་ཚིག་ཀྱང་ཡིན་ཏེ། བུམ་པ་གཅིག་ཉིད་བྱས་པའང་ཡིན་ལ་མི་རྟག་པའང་ཡིན་པ་བཞིན་ནོ། །དེས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དེ། ཕྲ་རྒྱས་ལས། དེ་ལྟར་སུམ་བརྒྱ་དྲུག་ཅུ་རྣམས། །བདག་གི་རྡོ་རྗེ་མཆོག་གསུམ་པོས། །ལོག་པར་མི་ལྟུང་སྡོམ་པའི་དངོས། །ས་གཞི་ལྟ་བུར་གསུངས་པ་ཡིན། །ཞེས་པ་དང་། རྔམ་གློག་ལས། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། །ལོག་རྟོག་ཡེ་ནས་རྣམ་པར་དག །དེ་བས་སྡོམ་པ་རྣམ་པར་དག །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་སོ། །དེའང་སྡོམ་པའི་ངོས་ནས་གཞལ་ན་གསུམ་སྟེ། སོ་སོ་ཐར་པ། བྱང་ཆུབ་སེམས་དཔའ། རིག་པ་འཛིན་པའི་སྡོམ་པ་སྟེ། རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་པ་དང་། རྔམ་གློག་ལས། དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །དེའང་སོ་སོ་ཐར་པའི་སྡོམ་པ་ནི་རང་ཉིད་གཅིག་པུ་ཞི་བདེ་འདོད་པས་ཇི་སྲིད་འཚོའི་བར་དུ་རིགས་བདུན་གང་ཡང་རུང་བ་བསྲུང་ཞིང་། བྱང་ཆུབ་སེམས་དཔའི་སྡོམ་པ་གཉིས་དོན་དུ་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་སྡོམས། དགེ་བ་ཆོས་སྡུད་ཀྱིས་རྟོགས་པ་དང་ཡོན་ཏན་ཁྱད་པར་ཅན་རྣམས་བསྒྲུབ། སེམས་ཅན་དོན་བྱེད་ཀྱིས་གཞན་ལ་ཕན་འདོགས་པའོ། །རིག་པ་འཛིན་པའི་སྡོམ་པས་གཞན་དོན་རླབས་པོ་ཆེ་སྒྲུབ་ཅིང་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བ་སྟེ། ཀུན་འདུས་ལས། དེ་ལྟར་སྡོམ་པ་གསུམ་པོ་ཡང་། །རང་དང་གཞན་དོན་ཕན་པ་ཆེ། །ཞེས་སོ། །དམ་ཚིག་ནི་རྡོ་རྗེ་གསུམ་གྱི་རང་བཞིན་ཉམས་པ་མེད་པར་བསྲུངས་པས་གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་པ་ཡིན་ནོ། །གསུམ་པ་བསླབ་གསུམ་མི་འགལ་བར་འདུས་ཚུལ་བསྟན་པ་ལ་གཉིས་ཏེ། མི་འགལ་བ་དང་། འདུས་ཚུལ་ལོ། །དང་པོ་ནི། འདི་ལྟར་ཉན་ཐོས་ཀྱི་ཕས་ཕམ་པ་བཞི་བསྲུང་བྱའི་རྩ་བ་དང་། དེའི་ཡན་ལག་ཆང་མི་འཐུང་བ་ལ་སོགས་པ་ཡིན་ཞིང་། བྱང་ཆུབ་སེམས་དཔའི་སེམས་ཅན་ལ་འཚེ་བ་ཆ་དང་བཅས་པ་ལས་ལྡོག་པ་ལྟར་སྣང་བས་སྡོམ་པ་གསུམ་ཚང་བ་དང་འགལ་ལོ་སྙམ་ན། མི་འགལ་བར་སྟོན་པ་ལ་གཉིས་ལས། དང་པོ་ཉན་ཐོས་ཀྱི་སོ་སོ་ཐར་པའི་སྡོམ་པ་དང་མི་འགལ་བའི་ཚུལ་ནི། དེའང་སྲོག་གཅོད་པའི་ཕམ་པར་གྱུར་པ་ལ། གཞི་མི་ཡིན་པ་བསམ་པ་དེ་ཉིད་ལས་གཞན་དུ་མ་འཁྲུལ་པར་ཞེ་སྡང་རང་ག་མས་གསོད་པར་རྩོམ་པ། དངོས་གཞི་མཚོན་ལ་སོགས་པར་སྲོག་གི་དབང་པོ་འགག་པ། རྗེས་ཡི་རང་བ་སྟེ་ཆོས་བཞི་ཚང་དགོས་པ་ལ། འདིར་སྒྲོལ་བའི་སྐབས་སུ་རྣམ་པ་ཧཱུྃ་དུ་གསལ་ཞིང་ངོ་བོ་མ་སྐྱེས་པ་ཡིན་པས་མི་དང་མི་ལས་གཞན་དུད་འགྲོ་ལ་སོགས་པའི་འགྲོ་བ་ཕ་མ་ཡིན་པས་གཞིའི་ཡན་ལག་མ་ཚང་ངོ་། །དེའི་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡོད་ཀྱི་གསོད་སེམས་རང་ག་མ་མེད་པས་བསམ་པའི་ཡན་ལག་ཀྱང་མ་ཚང་ངོ་། །གསད་བྱ་དང་གསོད་བྱེད་དུ་འཛིན་པ་མེད་པས་སྲོག་ཀྱང་མེད་ཅིང་དེ་གཅད་བའང་མེད་པས་དངོས་གཞིའི་ཡན་ལག་ཀྱང་མ་ཚང་ངོ་། །རྗེས་ཞེ་སྡང་གིས་ཀུན་ནས་བསླང་བའི་ཡི་རང་མེད་པས་ཡོངས་སུ་རྫོགས་པའི་ཡན་ལག་ཀྱང་མ་ཚང་བས་ཉེས་པ་གང་ཡང་མེད་དོ། །དེ་བཞིན་དུ་མ་བྱིན་པར་ལེན་པའི་ཚེའང་གཞི་མིས་བདག་ཏུ་བཟུང་བའི་རྫས་དགོས་པ་ལ། འདིར་བདག་གཞན་གཉིས་སུ་མེད་པའི་དོན་རྟོགས་པས་རང་སྣང་གི་རྫས་རྨི་ལམ་ལྟ་བུ་ལེན་པའི་ཕྱིར་དང་། བསམ་པ་བརྐུ་བའི་སེམས་དགོས་པ་ལས། འདིར་རང་སེམས་ཀྱི་སྣང་བ་ཙམ་ལ་རང་སྣང་རོལ་གྱིས་བརྐུ་སེམས་མེད་པ་དང་། དངོས་གཞི་རིན་ཐང་ཚང་བ་སྤྲོས་ཏེ་བདག་གིར་བྱེད་པ་ལས། དེ་ཡང་མ་ཚང་སྟེ་སྒྱུ་མ་དང་རྨི་ལམ་ལྟར་གཉིས་སུ་མེད་པས་སྤྲོས་པ་མེད་པ་དང་། རྗེས་ཐོབ་བློ་དགོས་པ་ལས། ཐོབ་བྱ་དང་ཐོབ་བྱེད་དུ་ཞེན་པ་མེད་པའི་ཕྱིར་རོ། །མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་ལ་ཡང་། གཞི་མིའི་བུད་མེད་ལ་སོགས་པ་དགོས་པ་ལས། འདི་ལྷར་བསྐྱེད་པ་དང་། དངོས་པོ་ཟག་བྱེད་དུ་ནོར་བུ་བཅུག་ནས་བགས་རིམ་འདས་པ་དགོས་པ་ལས། རྡོ་རྗེ་དང་པདྨར་གསལ་བས་དེ་གཉིས་རང་མཚན་པ་མ་ཚང་བ་དང་། བསམ་པ་མ་འཁྲུལ་བས་བདེ་བ་མྱོང་བར་འདོད་པ་ཡང་། དཀྱིལ་འཁོར་གསུམ་དུ་ཤེས་པས་བསམ་པའི་ཡན་ལག་མ་ཚང་བའི་ཕྱིར་ཉེས་པ་མེད་དེ། བརྫུན་དུ་སྨྲ་བ་ཡང་ཕ་རོལ་པོའི་འགྲོ་བ་ལ་འདུ་ཤེས་གཞན་དུ་བསྒྱུར་བས་ལྷ་ལ་སོགས་པ་མ་མཐོང་བཞིན་དུ་མཐོང་ངོ་ཞེས་པ་ལ་སོགས་པ་དགོས་པ་ལས། ཆོས་ཐམས་ཅད་རྫུན་སྙམ་དུ་ཤེས་ནས་གཞན་ལ་ཕན་པའི་ཡན་ལག་ཏུ་སྨྲས་པའི་ཕྱིར་ན་ཉེས་པ་མེད་དོ། །དེ་བཞིན་དུ་ཆང་བཏུང་བའང་བདུད་རྩིར་བསྒྱུར་བའི་ཕྱིར་ན་ལོངས་སྤྱོད་དུ་མི་རུང་བར་བཤད་པ་དང་མི་འགལ་ལོ། །དེ་ཐམས་ཅད་ཀྱི་སྐབས་སུ་བདག་ཉིད་དགེ་སློང་ཡིན་པ། ཡུལ་མ་འཁྲུལ་པ། འདུ་ཤེས་གཞན་དུ་མ་གྱུར་པ་རྣམས་དགོས་པ་ལས། འདིར་ལྷའི་དཀྱིལ་འཁོར་དུ་གནས་གྱུར་པའི་ཕྱིར་ཉན་ཐོས་ཀྱི་སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་མེད་དོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་བ་མེད་དེ། གཞན་ལ་ཕན་འདོད་ཀྱི་སྙིང་རྗེ་དང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་རོ། །དེ་གཉིས་དང་ལྡན་པ་ནི་སེམས་དཔའ་རྣམས་ལའང་གནང་བ་ཡིན་ཏེ། ཕལ་པོ་ཆེ་ལས། ཡང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་འབབ་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་སོ། །གཉིས་པ་འདུས་ཚུལ་ལའང་གཉིས་ལས། ཉན་ཐོས་ཀྱི་ཚུལ་ནི་གཙོ་བོར་རང་དོན་སྒྲུབ་པའི་སྡོམ་པ་དེ་ཡང་འདིར་རྣལ་འབྱོར་པས་རང་གི་སྡུག་བསྔལ་ལས་ཐར་པའི་ཕྱིར་རྒྱུད་སྡོམ་པར་འདུས་ཏེ། སྲོག་གཅོད་དུས་ཉིད་ན་སེམས་ཀྱི་ཞེ་སྡང་ལ་སོགས་པའི་མི་དགེ་བ་མེད་པས་རང་གི་ཟག་པ་རང་མཚན་པ་བསྡམ་པའི་ཕྱིར་སྲོག་གཅོད་པ་སྤོང་བའི་སྡོམ་པའང་བསྡུས་སོ། །དེ་བཞིན་དུ་ལྷག་མ་རྣམ་ལའང་སྦྱར་ཏེ་ཟག་པ་རང་མཚན་པ་བསྡམས་པས་ན་ཐབས་ཀྱི་སྤྱོད་པ་བརླང་པོ་ལྟར་སྣང་ཡང་ངོ་བོ་ཉན་ཐོས་ཀྱི་སྡོམ་པ་འདུས་པ་ཁོ་ནའོ། །དཔེར་ན་སྨན་པ་ཁ་ཅིག་ཚ་བའི་ནད་ལ་བསིལ་སྨན་བྱེད་པ་ན། ལ་ལས་ལྡོག་སྟེ་བཅོས་པས་མྱུར་དུ་ཕན་པ་གཉིས་འགལ་བ་ལྟར་སྣང་ཡང་དོན་ལ་འགལ་བ་མེད་པ་ལྟར། ལམ་གྱི་ཐབས་འགལ་བར་སྣང་ཡང་། དོན་ལ་རང་རྒྱུད་ཀྱི་ཉོན་མོངས་པ་སྤོང་ཞིང་དགེ་བ་བསྒྲུབ་པར་དོན་མཐུན་པ་ཁོ་ནའོ། །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་འདུས་ཚུལ་ནི། སྤྱོད་པ་གང་ལ་སྦྱོར་བ་དེའི་ཚེ་ཐ་མལ་གྱི་ཉོན་མོངས་རང་ག་མའི་འཇུག་པ་སྡོམ་པས་སྡོམ་པའི་ཚུལ་ཁྲིམས་སོ། །དེ་ལ་བརྟེན་ནས་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོ། །ཐབས་དེས་གཞན་ལ་ཕན་འདོགས་ཤིང་རྗེས་སུ་འཛིན་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དེ་བཞིན་དུ་གསང་སྔགས་ཀྱི་སྡོམ་པའང་ཇི་སྙེད་ཐམས་ཅད་འདིར་འདུས་ཏེ། རྒྱུད་སྡོམ་ཞིང་ཉོན་མོངས་པ་དག་པར་ཚུལ་མཚུངས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། དམ་ཚིག་ཆེན་པོའི་ངོ་བོ་སྤྱིར་བསྟན་པ་དང་། སྒྲུབ་བསྲུང་གི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་ལས། དང་པོ་གསང་བའི་དམ་ཚིག་གཞན་ལས་འཕགས་པའི་ཚུལ་ནི་གང་ཟག་གང་ཞིག་གསང་ཆེན་བླ་ན་མེད་པའི་ཐེག་པ་འདིར་ཞུགས་ཏེ་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་ངེས་པ་སྟེ་ཉམས་སུ་བླངས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དུག་ལྔ་དང་དེས་བསྐྱེད་པའི་ལས་རྣམས་ཀུན་ལ་སྤྱད་ཀྱང་། སྒྱུ་མའི་སྤྲུལ་པས་སྤྱད་པ་ལྟར་ལས་དེ་ཉིད་བྱས་པར་སྣང་ལ་དེའི་སྒྲིབ་པ་དང་བག་ཆགས་མི་གསོག་པའི་སྟེང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་འགྱུར་ཏེ། སྤྱོད་པ་དེ་ཉིད་ཀྱི་ངོ་བོ་ལ་སོ་སོར་ཐར་པའི་ཚུལ་ཁྲིམས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་གསང་སྔགས་ཀྱི་དམ་ཚིག་རྣམས་ཕུན་སུམ་ཚོགས་པའི་དོན་ཚང་ཞིང་རྫོགས་པའི་ཕྱིར་རོ། །གཉིས་པ་གསང་བའི་དམ་ཚིགས་ཏུ་འདུལ་སྡོམ་ཐམས་ཅད་འདུས་པར་བསྟན་པ་ནི་གསང་ཆེན་བླ་ན་མེད་པའི་མཆོག་གི་དམ་ཚིག་ཏུ་ཉེས་སྤྱོད་འདུལ་བའི་དབང་གིས་རྣམ་པར་བཞག་པའི་ཚུལ་ཁྲིམས་སོ་སོ་ཐར་པའི་སྡོམ་པ་དང་། དེས་མཚོན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཕྱི་པ་གསུམ་ནང་པ་དང་བཅས་པ་ཇི་སྙེད་པའི་སྡོམ་པ་བསམ་ཡས་ཡོད་པ་མ་ལུས་པའི་ཡོན་ཏན་ཀུན་ཡར་ལྡན་དུ་འདུས་ཤིང་འོག་མའི་སྐྱོན་གྱི་ཕྱོགས་ཕྲ་མོ་ཙམ་ཡང་རྣམ་པར་དག་པའོ། །གསུམ་པ་རྩ་བའི་དམ་ཚིག་ཆེན་པོའི་རྣམ་པར་གཞག་པ་ལ་བཞི་ལས། དང་པོ་སྲོག་གཅད་པ་ནི་དོན་དམ་པར་ཆོས་ཡོད་པ་རྟག་པའི་མཐའ་དང་མེད་པ་ཆད་པའི་མཐའ་དང་མཐའ་གཉིས་དང་བྲལ་བའི་དབུ་མའང་མི་དམིགས་ཤིང་། ཀུན་རྫོབ་ཏུ་བདག་ཉིད་སྒྱུ་མ་དང་སེམས་ཅན་མིག་ཡོར་ལྟ་བུའི་ཚུལ་གྱིས་སྒྲོལ་བ་ལྟར་སྣང་ཡང་། སྣང་དུས་དེ་ཉིད་ན་སེམས་ཅན་རང་མཚན་དུ་མ་གྲུབ་པས་སྲོག་བདེན་པ་བ་མེད་ཅིང་སྲོག་རང་བཞིན་མ་གྲུབ་པས་སྲོག་ཀྱང་གཅོད་དུ་མེད་དེ་རྨི་ལམ་བཞིན་ནོ། །སྲོག་དང་སྲོག་ལྡན་གྱི་སྐྱེས་བུར་སྣང་བའང་རང་སེམས་འཁྲུལ་པའི་ལོག་རྟོག་ཙམ་ལས་དོན་ལ་གཉིས་སུ་གྲུབ་པ་མེད་དེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། བདག་དང་གཞན་དང་སྲོག་དང་སྐྱེས་བུ་རྣམས། །མེད་པར་སྣང་ལ་རང་བཞིན་གཉིས་སུ་མེད། །ཕྱིན་ཅི་ལོག་ཙམ་ཉིད་ལས་གཞན་མེད་དེ། །ཡང་དག་མ་ཡིན་ཀུན་བརྟགས་སྒྱུ་མའི་ཚུལ། །ཞེས་པ་དང་། དཀོན་ཅོག་བརྩེགས་པའི་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་གསོད་པ་ཡོད་མིན་ལྟར། །འགྲོ་བ་འདི་དག་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །གང་དག་དེ་ལྟར་མཐའ་ཡས་མོས་བྱེད་པ། །དེ་དག་འཇིག་རྟེན་ན་ནི་ཚོར་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱོད་ཀྱང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤངས་སེམས་ཅན་འདུལ་བར་བྱེད། །མི་དབང་རྣམས་ནི་སེམས་ཅན་ཕན་པ་མཛད། །ཅེས་གསུངས་པ་བཞིན་ནོ། །དགོས་པ་ནི་ངེས་བརྗོད་ལས། སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མར་སྨོད་བརྩོན་མ་རུངས་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམས་ཏེ་གསོད་པར་བྱ། །ཞེས་པ་དང་། དེ་ལྟར་བསྒྲལ་བའི་དགོས་ཆེད་ཀྱང་། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོང་ཞིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །ཞེས་པ་དང་། ཡ་མཱ་རི་ལས་ཀྱང་། ཨེ་མ་ཧོ་གསོད་པ་འདི་ནི་བཟང་། །གསོད་པ་གསོད་པ་མ་ཡིན་ཏེ། །ཞེས་སོ། །གཉིས་པ་མ་བྱིན་པར་བླང་བ་ནི་ཆོས་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀར་རང་བཞིན་དབྱེར་མེད་པས་དོན་ལ་མ་གྲུབ་ཅིང་། ཐ་སྙད་དུའང་མ་གྲུབ་སྟེ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་ལེན་པའི་ཚུལ་ཏེ་གཞན་དུ་སྣང་བའི་རྫས་དང་ལེན་པ་པོ་བདག་ཉིད་དོན་ལ་ཐ་དད་མིན་པའི་རང་བཞིན་དུ་ཤེས་ནས། རང་སྣང་གི་རྫས་ལ་རང་སྣང་ལེན་པའི་ཚུལ་གྱིས་མ་བྱིན་པར་ལེན་དུས་དེ་ཉིད་ནའང་བླང་བྱའི་ཡུལ་སེམས་ཅན་གཞན་དང་དེས་བདག་ཏུ་བཟུང་བའི་རྫས་རང་མཚན་པ་མ་བྱིན་པར་བླང་རྒྱུ་མེད་པའི་ཕྱིར་མ་བྱིན་པར་བླངས་པ་ཡང་མེད་དེ། བླང་བྱའི་ཡུལ་བླང་རྒྱུའི་རྫས་ལེན་པ་པོ་བདག་ཉིད་ཀྱི་མཚོན་པའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་དེ་བཞིན་ཉིད་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་དཀོན་ཅོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པར་སྨིན་པ་མེད། །དེ་བཞིན་ཆགས་མེད་ཡེ་ཤེས་འདི་བསླབས་ཏེ། །མྱ་ངན་འདས་པ་དམ་པ་མཆོག་ཞིར་འགྲོ། །ཞེས་སོ། །བླང་བའི་དགོས་པ་ཡང་ཕྱུག་པོ་དེ་དག་གི་ཚོགས་རྫོགས་ལ་བཀྲེན་པ་དག་གི་འདོད་པ་འགྲུབ་པ་སྟེ། རྡོ་རྗེ་ལས། འཇུངས་པ་རྣམས་ལ་ནོར་བླངས་ལ། །སེམས་ཅན་བཀྲེན་ལ་སྦྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ། །ཞེས་སོ། །གསུམ་པ་རྫུན་དུ་སྨྲ་བ་ནི་གཞན་དོན་དུ་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་ན་ཇི་ལྟར་ཕན་པ་དེ་ལྟར་སྨྲས་ཀྱང་ཉེས་པ་མེད་དེ། འདི་ལྟར་འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཀྱི་རང་བཞིན་སྒྱུ་མ་ལྟ་བུ་དང་རྨི་ལམ་ལྟ་བུ་ལ་སོགས་པ་ཡིན་ལ། དེ་དག་སོ་སོའི་མིང་དང་ཚིག་ཏུ་བཏགས་པ་དེ་ཡང་སོ་སོའི་རྟོག་པས་གློ་བུར་དུ་བཏགས་པའི་ཕྱིར་བརྫུན་པ་ཉིད་དེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དངོས་པོ་མེད་པ་སྟེ། གང་བརྗོད་ཅིང་སྣང་ལ་བཏགས་པ་དེ་དག་ནི་གློ་བུར་བ་ཡིན་པའི་ཕྱིར་བརྫུན་པའོ། །ཞེས་སོ། །དེ་ལྟར་རྟོགས་ན་གཏོང་བྱའི་ཡུལ་བརྫུན་པ་ཉིད་ལ་གཏོང་བྱེད་བདག་ནི་བརྫུན་པའི་ངག་ཏུ་ཡོད་མེད་ལ་སོགས་པའི་བརྫུན་སྤྱོད་ཅིང་གཏོང་བ་དེའི་ཚེ། གཏོང་དུས་དེ་ཉིད་ནས་བརྫུན་ཞེས་བྱ་བའི་ཆོས་སུ་གྲུབ་གྲུབ་པོ་མིང་ཙམ་བཏགས་པ་ཙམ་དུའང་ཡོད་པ་མ་ཡིན་ཏེ། སྒྲ་དེ་ཉིད་ཕྱི་ནང་གང་ནའང་མེད་པ་དང་དེའི་ངོ་བོ་གྲགས་སྟོང་སྐྱེ་མེད་ཡིན་པའི་ཕྱིར་རོ། །དེ་སྐད་དུའང་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། ཇི་ལྟར་འཆང་བ་བཅངས་ཏེ་བྱིས་པ་ལ། །སྟོན་ཞིང་ངག་ཏུ་ཡོད་ཅེས་བརྗོད་བྱས་ནས། །དེ་ཡིས་འཆང་བ་སྟོང་པ་མཐོང་ནས་ནི། །བྱིས་པ་དེ་ནི་ཆོ་ངེས་ངུ་བ་ལྟར། །དེ་བཞིན་སངས་རྒྱས་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཚུལ་ལ་མཁས་ཤིང་མཁྱེན་པ་རྣམས། །ཆོས་རྣམས་འདི་ཀུན་གསོག་གསོབ་མཁྱེན་གྱུར་ནས། །འཇིག་རྟེན་དག་ལ་ཡོད་དང་མེད་ཅེས་སྟོན། །ཞེས་པ་ལྟར་རོ། །དགོས་པ་ནི་ཅིའི་ཕྱིར་ཞེ་ན། སྔ་མ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །བཞི་པ་མི་ཚངས་པར་སྤྱོད་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གང་དུའང་མ་ཆགས་པ་དངོས་པོ་དང་མཚན་མར་གྲུབ་པ་ཅུང་ཟད་ཀྱང་མེད་པའི་གནས་ལུགས་སྟོང་པ་ཉིད་ལ་བློས་དེ་ལྟར་རྟོགས་པ་ནི་ཆགས་པ་དང་སྟེ་ཤེས་རབ་ཀྱིས་མཐའ་གཉིས་ལ་མི་གནས་པའི་ངང་ནས་ཡབ་ཡུམ་སྙོམས་པར་ཞུགས་པའི་ཡེ་ཤེས་ལ་ཆགས་པ་ཉིད་ནས་ཐ་མལ་གྱི་འདོད་ཆགས་མེད་པ་དེ་ནི་ཐབས་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། ཐ་མལ་རང་གི་འདོད་ཆགས་ལས་མཆོག་ཏུ་གྱུར་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱལ་པོ་སྟེ་ཚངས་པར་སྤྱོད་པའི་དམ་པ་ཤིན་ཏུ་རྣམ་པར་དག་པའི་ཆགས་པ་ཆེན་པོ་པདྨའི་རིགས་སེམས་ཅན་ལ་ཐུགས་རྗེ་འབྱུང་བའི་ངང་ཚུལ་ཡིན་ནོ། །ཇི་སྐད་དུ་དཀོན་ཅོག་བརྩེགས་པ་ལས། ཇི་ལྟར་རྨི་ལམ་སྒྱུ་མའི་རང་བཞིན་དུ། །སྐྱེས་བུ་འདོད་བསྟེན་དེ་ཡང་དེ་འདྲ་སྟེ། །ངོ་བོ་ཉིད་ཀྱིས་སྟོང་ལ་དངོས་པོ་མེད། །ལས་མེད་རྣམ་པར་སྨིན་པ་དེ་ཡོད་མིན། །ཞེས་སོ། །དགོས་པ་ནི། སྔ་མ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པས་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་སོ། །གཉིས་པ་སྒྲུབ་བསྲུང་གི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། ངོ་བོ་ངེས་ཚིག་དང་བཅས་པ། །ཕན་ཡོན་ཉེས་དམིགས་དང་བཅས་པ། །རང་བཞིན་དབྱེ་བ་དང་བཅས་པ། །ཕན་ཡོན་ཆེན་པོ་བཤད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་ངེས་ཚིག་གོ། །དང་པོ་ལའང་གཉིས་ལས། རྩ་བའི་དམ་ཚིག་ནི་གཞི་ལམ་འབྲས་བུ་གསུམ་གྱི་བླ་ན་མེད་པའི་དཀོན་ཅོག་གསུམ་མི་སྤང་བ་དང་པོའོ། །ཆོས་དང་དམ་ཚིག་གིས་འབྲེལ་བའི་བླ་མ་རྣམས་དང་ཁྱད་པར་དུ་གསང་སྔགས་རྡོ་རྗེའི་བླ་མ་བཀུར་བ་གཉིས་པའོ། །དེའང་དབང་བསྐུར་བ་རྒྱུད་བཤད་པ་གདམས་པ་བསྟན་པ་ནི་གསུམ་ལྡན་ཏེ་དེ་ལས་གཉན་པའི་བླ་མ་མེད་དོ། །དབང་བསྐུར་བ་ལ་སོགས་པ་གང་རུང་གཉིས་ནི་གཉིས་ལྡན་ཏེ་བར་མའོ། །གང་རུང་རེ་རེ་ནི་གཅིག་ལྡན་ཏེ་ཅུང་ཟད་མི་གཉན་ནོ། །བཀུར་བའི་རིམ་པའང་དེ་བཞིན་དུ་བྱ་ཞིང་། རེ་རེའམ་གཉིས་ལྡན་ལྟ་བུ་ལ། དབང་དང་བཤད་པ་དང་མན་ངག་གསུམ་ནི་སྔ་མ་སྔ་མ་ལས་གཉན་ནོ། །དབང་ལའང་རིམ་པ་གོང་མ་གོང་མ་གཉན་པས་བླ་མ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དཀྱིལ་འཁོར་གང་དུ་ཞུགས་པའི་ལྷ་རྣམས་ཀྱི་རྒྱུ་མ་ནོར་བ་རྩ་བའི་སྔགས་ལ་སོགས་པ་ཡན་ལག་ལྔའི་སྒོ་ནས་བཟླས་ཤིང་དམ་ཚིག་ཆོས་ལས་ཕྱག་རྒྱ་ཆེན་པོ་དང་བཞིའི་སྒོ་ནས་ལྷ་སོ་སོའི་ཕྱག་རྒྱ་འཆང་བ་རྣམས་རྒྱུན་མི་གཅོད་པར་དུས་དང་བརྩོན་པའི་རིམ་པས་བྱེད་པ་ནི་གསུམ་པའོ། །ཡང་དག་པའི་ལམ་དུ་སྟེ་ཐེག་པ་ཆེན་པོར་ཞུགས་པའི་གང་ཟག་རྣམས་ལ་བྱམས་པ་ནི་བཞི་པའོ། །གབ་པ་དང་སྦས་པའི་ལྟ་སྤྱོད་གསང་བའི་དོན་རྣམས་ཕྱི་རོལ་སྣོད་དུ་མ་གྱུར་པ་ལ་སྨྲ་བར་མི་བྱ་བ་ནི་ལྔ་པའོ། །དོན་དེ་དག་རྣམས་ནི་དམ་ཚིག་གི་རྩ་བ་ལྔ་པོ་རྣམས་ཡིན་ཏེ། དང་པོ་གསུམ་སྒྲུབ་པའི་དམ་ཚིག་དང་ཕྱི་མ་གཉིས་དེ་དག་གི་ཐུགས་དང་འགལ་བ་བསྲུང་བའི་དམ་ཚིག་གི་མཆོག་ཡིན་ནོ། །གཉིས་པ་ཡན་ལག་གི་དམ་ཚིག་ལའང་གཉིས་ལས། མི་སྤང་བའི་དམ་ཚིག་ལྔ་ནི་གཏི་མུག་གང་དུ་མི་རྟོག་པ་དང་འདོད་ཆགས་བདེ་བ་ཆེན་པོ་དང་ཞེ་སྡང་གསལ་བ་ཆེན་པོ་དང་ཕྲག་དོག་ཁྲོ་བ་ཆེན་པོ་རྣམས་ནི་གཞི་ཡེ་ནས་དག་ཅིང་ཐབས་ཀྱི་ལམ་དུ་འགྱུར་བ་ལ་འབྲས་བུ་སྐུ་དང་ཡེ་ཤེས་སུ་འཆར་བའི་རང་བཞིན་ཡིན་པས་ནམ་ཡང་མི་སྤང་ངོ་། །དང་དུ་བླང་བའི་དམ་ཚིག་ལྔ་ནི་དཀར་རྩི་བྱང་ཆུབ་ཀྱི་སེམས་དང་དམར་རྩི་པདྨ་རཀྟ་དང་དྲི་ཆེན་དྲི་ཆུ་དང་ཤ་ཆེན་ལྔའི་དྭངས་མ་རྣམས་ནི། ཁ་ཅིག་གིས་བཙོག་པར་འཛིན་པས་དེ་དང་མཐུན་པའི་བློ་སྤང་བྱར་ཤེས་པ་ནི་དམ་རྫས་ཀྱིས་དག་ཅིང་དབེན་པའི་སྣོད་ཡིན་པས་དེ་ཉིད་དུ་མི་འདོར་རོ། །འདི་ལ་ཁ་ཅིག་ཡེ་ནས་དག་པའི་སྣོད་བཅུད་དུ་གནས་པས་མི་དོར་ཞེས་པ་དང་། ལ་ལ་དམ་རྫས་དག་པ་དང་དེའི་སྣོད་ཀ་པཱ་ལ་མི་དོར་ཞེས་ཟེར་བས་མ་ཤེས་པར་སྣང་སྟེ་གཞུང་དེ་ཉིད་བཀླགས་པས་ཤེས་སོ། །དེ་དག་ནི་རྩ་བའི་གྲོགས་སམ་ཐབས་སུ་བྱུང་བས་ན་ཡན་ལག་རྣམ་པ་བཅུ་ཡི་དམ་ཚིག་སྟེ་རང་དགར་སྤྱད་ན་ཐ་མལ་བ་བཞིན་འགྱུར་བས། ཡེ་ནས་དག་པ་གསུམ་དང་མཉམ་པ་བཞིར་གནས་པའི་དོན་རྟོགས་པས་རང་བཞིན་ཤེས་པར་བྱས་ལ་རང་རང་གི་ཐབས་ཀྱིས་ཟིན་པའི་ཚུལ་གྱིས་སྤྱོད་པར་བྱའོ། །གཉིས་པ་ངེས་ཚིག་ལའང་གཉིས་ལས། རྩ་བའི་ངེས་ཚིག་ནི་བསྲུང་ཞིང་བསྒྲུབ་པའི་དམ་ཚིག་རྣམ་པ་ལྔ་ནི་གསང་སྔགས་བསྒྲུབ་པའི་རྩ་བའི་དམ་ཚིག་ཡིན་ཏེ། ལྗོན་ཤིང་གི་རྩ་བ་ལྟར་བསྲུངས་ན་དངོས་གྲུབ་འབྱུང་ཞིང་ཉམས་ན་ཐེག་པ་ཆེན་པོའི་རིགས་ཏེ་མངོན་པར་བྱང་ཆུབ་པའི་སྐལ་བ་མེད་པར་འགྱུར་རོ། །དེའང་གནས་སྐབས་རྒྱངས་བསྲིངས་པ་ཙམ་ལ་དེ་སྐད་བྱ་ཡི་གཏན་དུ་རིགས་སམ་སྐལ་པ་མེད་པ་མ་ཡིན་ཏེ། ཐར་པའི་ས་བོན་བསྐྲུན་པའི་ཕྱིར་དང་། རིགས་ཆད་མི་སྲིད་པའི་ཕྱིར་རོ། །རིགས་ཞེས་པ་ནི་མཚན་ཉིད་ཀྱི་ཐེག་པས་ཐོག་མ་མེད་པའི་ཆོས་ཁམས་དགེ་བ་ས་བོན་གྱི་ཚུལ་དུ་འདོད་དེ། སྙིང་པོ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་སོ། །ཡོད་ལུགས་གཉིས་ཏེ། ཆོས་ཉིད་དང་། ཆོས་ཅན་ནོ། །དེའང་རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པས་མཆོག་ཉིད་དོ། །ཞེས་སོ། །དང་པོ་འདི་ནི་སེམས་ཉིད་དོན་གྱི་ཀུན་གཞི་ཡེ་ནས་རང་བཞིན་གྱིས་དག་ཅིང་འོད་གསལ་བ་སྟེ། རྒྱུད་བླ་མ་ལས། དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཅེན་གཏེར། །དྲི་མེད་བསལ་དང་གཞག་མེད་ཆོས་ཉིད་ཀྱང་། །ཞེས་སོ། །ཆོས་ཅན་ནི་དོན་གྱི་ཀུན་གཞིའི་སྟེང་ན་ལྗོན་པའི་ས་བོན་ལྟར་སངས་རྒྱས་ཀྱི་མཚན་དཔེ་འོད་ཟེར་དང་བཅས་པ་འབྱུང་རུང་གི་དངོས་པོ་ཤིན་ཏུ་ཕྲ་བའི་རང་བཞིན་དུ་ཐོག་མ་མེད་པ་ནས་ཡོད་པ་སྦྱངས་པ་ལས་གཟུགས་སྐུ་འབྱུང་བར་འདོད་དེ། དེ་ཉིད་ལས། ཇི་ལྟར་ཨ་མྲ་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་པས་ལྗོན་ཤིང་གི། །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །པགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་ལ་དེ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་ངོ་བོར་འགྱུར། །ཞེས་སོ། །དེའང་རིགས་དང་པོས་ཆོས་སྐུ་དང་། གཉིས་པས་གཟུགས་སྐུ་བསྐྱེད་པར། དེ་ཉིད་ལས། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་སོ། །དེ་ལྟར་གཞི་ལ་ཡོད་པའི་རིགས་སད་པ་ན་སེམས་བསྐྱེད་དང་ལམ་བསྒྲུབ་པའི་སྐལ་པ་ཡོད་པས་རིགས་དང་པོ་སད་པའི་རྟགས་སུ། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་སོ། །གཉིས་པ་སད་པའི་རྟགས་ནི། སྔ་མ་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཡང་དག་བཤད། །ཅེས་སོ། །དེ་ལྟ་བུའི་རིགས་དེ་ཉིད་གསང་སྔགས་པ་ལྟར་ན། ཉི་མ་སྤྲིན་གྱིས་བསྒྲིབས་པའམ་འདམ་གྱིས་གོས་པའི་ནོར་བུ་ལྟར་སྐུ་དང་ཡེ་ཤེས་དང་ཞིང་ཁམས་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པར་འདོད་ཅིང་ཆོས་ཐམས་ཅད་ཡེ་ནས་སངས་མ་རྒྱས་པ་མེད་པར་འདོད་དེ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །ཞེས་པ་ལ་སོགས་པ་དང་། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་སོ། །དེ་ལྟ་ནའང་གློ་བུར་ཀུན་ཏུ་བརྟགས་པའི་དྲི་མ་ཉིད་ཆག་རོམ་ཆུ་རུ་ཞུ་བ་ལྟར་ཡེ་ཤེས་སུ་གྲོལ་བར་འདོད་དེ། ཉོན་མོངས་ལྔ་ནི་ཡེ་ཤེས་ལྔ། །སྲིད་པ་གསུམ་ནི་བདེ་ལྡན་ཞིང་། །ཞེས་རྡོ་རྗེ་ལས་བཤད་པ་བཞིན་ནོ། །ཚུལ་འདི་ཉིད་བཀའ་ཐ་མ་ངེས་པ་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། ཇི་ལྟར་མི་ཡི་གསེར་གྱི་གར་བུ་ནི། །ཉལ་ཉིལ་རྣམ་པའི་ནང་དུ་ལྷུང་གྱུར་ལ། །དེར་དེ་ལོ་ནི་མི་ཉུང་བ་ཞིག་ཏུ། །དེ་ལྟར་གནས་ཀྱང་མི་འཇིག་ཆོས་ཅན་ནོ། །ལྷ་ཡིས་ལྷ་ཡི་མིག་གིས་དེ་མཐོང་ནས། །རྣམ་པར་སྦྱང་ཕྱིར་གཞན་ལ་སྨྲས་པ་ནི། །འདི་ན་རིན་ཅེན་མཆོག་གི་གསེར་ཡོད་ལ། །རྣམ་པར་སྦྱོངས་ལ་དེ་ཉིད་བྱ་བ་གྱིས། །དེ་བཞིན་ངས་ནི་སེམས་ཅན་ཐམས་ཅད་ཀྱང་། །ཉོན་མོངས་རྣམས་ཀྱིས་ཡུན་རིང་རྟག་ནོན་མཐོང་། །དེ་དག་གིས་ནི་གློ་བུར་ཉོན་མོངས་ཤེས། །རང་བཞིན་སྦྱང་ཕྱིར་ཐབས་ཀྱི་ཆོས་སྟོན་ཏོ། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་དེ་ལྟ་བུའི་རིགས་ལས་ཉམས་པ་མ་ཡིན་ཀྱང་། རྣལ་འབྱོར་སེམས་ཙམ་པ་ལྟར་རེ་ཞིག་ལམ་སྒྲུབ་པའི་རིགས་ལས་ཉམས་པར་འགྲྱུར་པས་དེ་སྐད་ཅེས་བྱའོ། །ཡན་ལག་གི་ངེས་ཚིག་ནི་མི་སྤང་བ་དང་མི་དོར་བའི་དམ་ཚིག་ལྔ་ཚན་གཉིས་ནི་རྩ་བ་སྒྲུབ་པའི་གྲོགས་སུ་དགོས་པས་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ། དེ་དག་ཀྱང་རྩ་བ་དང་གཉན་མི་གཉན་དགོས་པའི་དབང་གིས་མཉམ་པས་ན་དེ་ལས་ཤིན་ཏུ་འདའ་དཀའ་བ་ཡིན་ཏེ། ར་བ་མཚམས་ཀྱི་འོབས་དང་འདྲ་བས་སོ། །གཉིས་པ་ཕན་ཡོན་ཉེས་དམིགས་དང་བཅས་པ་ལའང་གཉིས་ལས། དམ་ཚིག་ལ་གནས་པའི་ཕན་ཡོན་ནི་ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པར་མཉམ་ཉིད་ཀྱི་དོན་ལ་ལམ་ཐབས་དང་ཤེས་རབ་ཟབ་མོས་མཉམ་པར་སྦྱོར་བ་ཡི་རང་བཞན་ནི་མཉམ་པའི་དམ་ཚིག་ཆེན་པོ་དེ་ཉིད་ལ་གནས་ན་འབྲས་བུ་སྐུ་གསུམ་འདུ་འབྲལ་མེད་པར་མཉམ་པ་ཉིད་ཀྱི་ཡོན་ཏན་ལྷུན་རྫོགས་ཆེན་པོ་སངས་རྒྱས་ཐོབ་པར་འགྱུར་བས་ན་དམ་ཚིག་བསྲུང་བར་བྱའོ། །དམ་ཚིག་ལས་འདས་ན་སངས་རྒྱས་ཐོབ་པ་མ་ཡིན་པས་འདའ་བར་མི་བྱ་སྟེ། རྒྱལ་པོའི་ཁྲིམས་ལ་གནས་པས་བདེ་བ་བྱུང་ཞིང་འདས་པས་ཆད་པ་འབྱུང་བ་བཞིན་ནོ། །གཉིས་པ་ཉམས་པའི་ཉེས་དམིགས་ལ་གཉིས་ལས། རྩ་བའི་དམ་ཚིག་ཉམས་པའི་ཉེས་པ་ལའང་ཉམས་གྲིབ་གཞན་ལ་གནོད་པ་ནི་རྩ་བའི་དམ་ཚིག་ཉམས་པའི་གང་ཟག་བསླབ་སྡོམ་ཕྱལ་བར་དོར་བ་དག་དམ་ཚིག་གསོ་བའི་ཐབས་ལ་ཉེ་བར་མི་བརྩོན་ན་དེ་དང་སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་ཡུད་ཙམ་གཅིག་ཏུའང་ཕན་ཚུན་གཏམ་སྨྲ་བར་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན་ཚེ་འདིར་ནད་དང་གནོད་པ་ལ་སོགས་པ་མི་འདོད་པའི་རྐྱེན་སྣ་ཚོགས་འབྱུང་ཞིང་ཕྱི་མར་དེ་དང་མཉམ་དུ་དམྱལ་བར་འགྲོ་དགོས་པས་དམ་ཚིག་ཉམས་པ་ལས་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་བ་འབྱུང་བའི་ཕྱིར་རོ། །དེའང་ཟླས་ཉམས་པ་ཞེས་བྱའོ། །ཁ་ཅིག་དེ་དང་ལུང་པ་གཅིག་གི་ཆུ་ལའང་མི་བཏུང་ཟེར་བ་ནི་དགོངས་པ་མ་ཡིན་ཏེ། འདི་ལྟར་གསང་སྔགས་འོག་མ་འོག་མ་རྣམས་དོག་ཅིང་གོང་མ་གོང་མ་དེ་ལས་ཡངས་པས་དམ་ཚིག་བསྲུང་མཚམས་ཀྱང་དེ་བཞིན་ཏེ་ཀྲྀ་ཡ་བས་ལུང་བ་གཅིག་གི་ཆུ་ལའང་མི་བཏུང་བར་བཤད་དེ། དམ་ཚིག་བཀོད་པ་ལས། ཀྲི་ཡ་རྣམས་ལས་ཁྱད་པར་དུ། །ལུང་གཅིག་ཆུ་ལ་མི་བཏུང་དང་། །ཞེས་སོ། །ཨུ་པས་ལུང་པ་གཅིག་ཏུ་གནས་ཀྱང་མཐོང་བར་མི་བྱ་བ་དང་། ཡོ་ག་བས་མཐོང་ཡང་འཕྲད་པར་མི་བྱ་བ་དང་། མ་ཧཱ་དང་ཨ་ནུ་ཨ་ཏི་གསུམ་གྱིས་འཕྲད་ཀྱང་གཏམ་མི་སྨྲ་བར་བྱ་ཡི། གནས་གཅིག་ཏུ་འདུག་པ་ཙམ་ལ་ཉེས་པ་དེ་ཙམ་མ་གསུངས་སོ། །གཉིས་པ་ཉམས་པའི་ཉེས་པ་རང་ལ་འབྱུང་བ་ནི་རྩ་བའི་དམ་ཚིག་ཉམས་པར་གྱུར་ན་ཆར་ཕབ་ན་ཐན་པ་འབྱུང་བའམ་མཐུ་བཏང་ན་རང་ལ་ལོག་པ་ལྟར་གང་སྒྲུབ་པ་ཐམས་ཅད་དེ་ལས་ལོག་པར་འགྱུར་ཞིང་། ཀུན་གྱི་ཡིད་དུ་མི་འོང་བ་དང་། ཚེ་འདིར་ཕོངས་པ་དང་ནད་དང་གདོན་དང་འཚེ་བ་དང་ཚེ་ཐུང་བ་ལ་སོགས་པ་མི་འདོད་པ་ཐམས་ཅད་འབྱུང་ཞིང་། ཕྱི་མར་དམྱལ་བར་ལྟུང་ཞིང་བསྐལ་པ་དུ་མར་སྡུག་བསྔལ་བ་ལ་སོགས་པ་རང་གི་ཡིད་དུ་མི་འོང་བ་རྣམ་པ་སྣ་ཚོགས་པའི་རང་བཞིན་རྒྱུ་དམ་ཚིག་ཉམས་པས་བསྐྱེད་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་སྡུག་བསྔལ་དུ་མ་མི་འདོད་བཞིན་དུ་རང་དབང་མེད་པར་འདུ་བར་བྱེད་དོ། །གཉིས་པ་ཡན་ལག་གི་དམ་ཚིག་ཉམས་པའི་ཉེས་པ་ནི། ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་ཚེ་འདིར་སྒྲུབ་པའི་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་ཡང་མེད་ཅིང་ཕྱི་མ་ངན་སོང་གསུམ་དུ་ལྷུང་སྟེ། རྡོ་རྗེ་ལས། དམ་ཚིག་ཉམས་པས་ཐུར་དུ་འགྲོ། །འདིར་ཡང་ལེགས་པའི་འབྲས་བུ་མེད། །ཅེས་པ་ལྟར་རོ། །གསུམ་པ་རང་བཞིན་དང་དབྱེ་བ་བཤད་པ་ལ་གཉིས་ལས། དམ་ཚིག་གི་རང་བཞིན་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེན་པོའི་ངོ་བོ་སངས་རྒྱས་ཀུན་གྱི་བདག་ཉིད་དམ་པ་ཡིན་ནོ། །དེའི་ཕྱིར་བསྲུངས་ན་ཕན་ཡོན་དང་ཉམས་ན་ཉེས་དམིགས་ཆེན་པོ་འབྱུང་བ་འཐད་པ་དང་བཅས་པའོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། རྣམ་གྲངས་ཀྱི་དབྱེ་བ་དང་། བསམ་གྱིས་མི་ཁྱབ་པའི་དབྱེ་བའོ། །དང་པོ་ལའང་གཉིས་ལས། རྩ་བའི་དབྱེ་བ་ནི་རྩ་བའི་དམ་ཚིག་ལྔ་པོ་ལ་ནི་བླ་མེད་མི་སྤང་བ་ལྟ་བུ་གཅིག་ལའང་རྩ་བ་ཐབས་དང་། ཤེས་རབ་གཉིས་དང་དེ་གཉིས་ལ་སྐུ་གསུང་ཐུགས་གསུམ་གསུམ་སྟེ་དྲུག་དང་དེ་རེ་རེའང་ཡོན་ཏན་ཕྲིན་ལས་སྐུ་གསུང་ཐུགས་ལྔ་ལྔ་སྟེ་བསྡོམས་པས་བཅུ་ཕྲག་གསུམ་ཡོད་དོ། །ཡན་ལག་གི་དབྱེ་བ་ནི་ཡན་ལག་གི་དམ་ཚིག་ལྔ་གཉིས་ཏེ་བཅུ་ལ་འདོད་ཆགས་མི་སྤོང་བ་ལྟ་བུ་གཅིག་ལའང་ཐབས་དང་ཤེས་རབ་ལས། ཐབས་ལ་ཡེ་ཤེས་ལྔ་དང་ཡུམ་ལྔ། ཤེས་རབ་ལ་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ་ཕྲག་གཉིས་སུ་དབྱེ་བས་ཉི་ཤུ་ཡོད་དོ། །གཉིས་པ་བསམ་གྱིས་མི་ཁྱབ་པའི་དབྱེ་བ་ལ་གཉིས་ལས། ཆོས་ཅན་བསམ་གྱིས་མི་ཁྱབ་པས་དམ་ཚིག་བསམ་གྱིས་མི་ཁྱབ་པ་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་དེ་དག་ནི་ངོ་མཚར་རྨད་པོ་ཆེ་ཡིན་ཏེ། འགྲོ་བའི་ཁམས་རྣམས་ཡེ་ཤེས་ཆེན་པོར་འདུལ་བའི་ཕྱིར་རོ། །དེའང་སེམས་ཅན་མཐའ་ཡས་པ་ལྟར་དེ་རེ་རེ་ལ་ལྟོས་པའི་དམ་ཚིག་སུམ་བརྒྱ་དྲུག་ཅུའང་དེ་སྙེད་དུ་འགྱུར་བས་མཐའ་ཡས་སོ་ཞེས་བསྟན་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་ཡོད་པ་དེ་དག་གི་རྣམ་པར་རྟོག་པ་ཇི་སྙེད་ཡོད་པ་འདུལ་བའི་ཕྱིར་རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་དེ་སྙེད་དུ་སྤྲོ་བས་ནམ་མཁའི་དབྱིངས་དང་ཆོས་ཀྱི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པའོ། །ཁ་ཅིག་སེམས་ཅན་གྱི་རྟོག་པ་མང་བ་བཞིན་དམ་ཚིག་ཀྱང་རིགས་མི་འདྲ་སྟེ་དེ་སྙེད་དུ་འཆད་པ་ནི་དགོངས་པ་མ་ཡིན་ཏེ། དམ་ཚིག་དེ་ནི་ཞེས་རྩ་བ་དང་ཡན་ལག་གི་དམ་ཚིག་བཤད་མ་ཐག་པ་དེ་ལ་སྙེགས་པ་དང་འགལ་ལོ། །གཉིས་པ་ཆོས་ཉིད་བསམ་གྱི་མི་ཁྱབ་པས། དམ་ཚིག་བསམ་གྱིས་མི་ཁྱབ་པ་ནི། དེ་ལྟར་ཆོས་ཅན་རྣམ་གྲངས་ཀྱི་དམ་ཚིག་བསྟན་པ་ལས་གཞན་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་བླང་དོར་མེད་པས་སྤང་བླང་བསྲུང་མཚམས་ལས་འདས་པ་རྒྱལ་མཆོག་ཀུན་ཏུ་བཟང་པོ་བྱ་རྩོལ་མེད་པའི་མཆོག་གི་རོལ་པར་ཆོས་ཐམས་ཅད་མ་ལུས་པར་འདུས་ཤིང་གཉིས་སུ་མེད་པའི་ཕྱག་རྒྱ་ནམ་མཁའ་ལྟ་བུ་ཡིན་པས་ན། གང་གིས་ཀྱང་བཅོས་ཤིང་རྩོལ་སྒྲུབ་རེ་དོགས་མེད་པའི་རང་བཞིན་ཏེ། དམ་ཚིག་ཐམས་ཅད་ཀྱི་སྙིང་པོའི་མཆོག་དམ་པ་མ་ལུས་ལ་ཀུན་དེ་ཡིན་པས་ན་དེ་བཞིན་ཉིད་ལ་བཅོས་བསླད་དང་རེ་དོགས་མེད་པའི་གནས་ལུགས་རྫོགས་པ་ཆེན་པོའི་ངང་དུ་ཤེས་པར་བྱའོ། །དེ་སྐད་དུའང་ཀུན་བྱེད་ལས། ཀྱེ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་། །རྩ་བ་བྱང་ཆུབ་སེམས་སུ་ཀུན་གཅིག་པས། །ཀུན་ཀྱང་སྙིང་པོའི་དམ་ཚིག་གཅིག་ཡིན་ཏེ། །བསྲུང་དང་མི་བསྲུང་དོན་ལས་འདས་པར་རྟོགས། །ཀྱེ། ཀུན་བྱེད་རྒྱལ་པོ་ལྟ་བའི་དམ་ཚིག་ནི། །སྐྱེ་མེད་ནམ་མཁའ་ལྟ་བུར་ཕྱོགས་འདས་པས། །གང་གིས་དེ་དག་ལེགས་པར་རྟོགས་པ་དེ། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྟོགས་པ་ཡིན། །ཀྱེ། ཆོས་རྣམས་རྩ་བ་སེམས་སུ་གཅིག་པ་ལྟར། །དམ་ཚིག་རྩ་བ་བསྲུང་དུ་མེད་པར་གཅིག །ཀྱེ། ཀུན་བྱེད་ང་ཡི་དགོངས་པའི་དམ་ཚིག་ནི། །མ་ཡེངས་དྲན་པས་དངོས་པོ་ཡེ་ཤེས་སུ། །མ་བཅོས་སུས་ཀྱང་མ་བྱས་རང་བྱུང་སྟེ། །རིག་པས་དབང་སྒྱུར་བསྲུང་དང་མི་བསྲུང་མེད། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བྱུང་སྙིང་པོར་གསལ་བས་དབང་བསྒྱུར་ནས། །ཀུན་བྱེད་རྒྱལ་པོས་བྱས་པའི་ཆོས་རྣམས་ལ། །རིག་དང་མ་རིག་གཉིས་ཀའི་ཡུལ་ལས་འདས། །འདའ་ཉམས་བསྲུང་མཚམས་མེད་པའི་དམ་ཚིག་ཡིན། །ཞེས་སོ། །དེས་ན་གནས་ལུགས་དོན་གྱི་དམ་ཚིག་ནི་བརྗོད་དུ་མེད་པ་དང་བསྟན་དུ་མེད་པ་དང་མཚན་མ་མེད་པ་དང་ཡེ་ཇི་བཞིན་པའི་ཆོས་ཉིད་དུས་གསུམ་འཕོ་འགྱུར་མེད་པའི་ཏིང་ངེ་འཛིན་ཏེ། དེ་ལ་སོགས་པ་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་པས་དམ་ཚིག་གི་ངོ་བོ་མཐའ་ཡས་པའི་མཆོག་རྫོགས་པ་ཆེན་པོ་དོན་གྱི་གནས་ལུགས་སུ་གནས་པའོ། །དེ་ལྟ་བུའི་དམ་ཚིག་ཏུ་དམ་ཚིག་ཐམས་ཅད་མ་བསྒྲུབས་ཀྱང་ངང་གིས་འདུ་བའི་ཡོན་ཏན་ནི། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ནོར་བུ་རིན་ཅེན་རྙེད་པའི་མིས། །འཇིག་རྟེན་སོ་ནམ་མི་དགོས་བཞིན། །མ་བསྒོམས་སེམས་ཀྱི་དོན་རྟོགས་ན། །ཡོན་ཏན་མ་ལུས་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་སོ། །བཞི་པ་ཕན་ཡོན་ཆེན་པོ་རྒྱ་ཆེར་བཤད་པ་ལ་ལྔ་ལས། དང་པོ་འཇིག་རྟེན་པས་བསྟོད་ཅིང་བཀུར་བ་ནི། རྒྱལ་བའི་རིགས་ཀྱི་མཆོག་གསང་སྔགས་འཛིན་ཅིང་དམ་ཚིག་ལ་གནས་པ་དེ་ལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་གཙོ་བོ་དང་དེའི་འཁོར་གྱིས་བསྟོད་ཅིང་བཀུར་སྟི་དང་ཕུ་དུད་བྱེད་པར་འགྱུར་རོ། །གཉིས་པ་འཕགས་པས་བྱིན་གྱིས་རློབ་པ་ནི། ལྷ་དང་མིའི་སྐྱེ་རྒུ་རྣམས་ཀྱི་ནང་ནས་དམ་པ་མཆོག་གཙོ་བོ་སངས་རྒྱས་རྣམས་དང་། དེའི་སྲས་དམ་པ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིས་རིམ་པ་བཞིན་སྲས་ཀྱི་ཐུ་བོ་དང་སྤུན་གྱི་དྭངས་མར་དགོངས་ཤིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་རློབ་པའོ། །གསུམ་པ་རྒྱལ་བའི་སྤྱོད་ཡུལ་ཐོབ་པའི་ཕན་ཡོན་ནི། དམ་ཚིག་ལ་གནས་པ་དེ་ཉིད་བདེ་བར་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་སར་ཆུད་པ་ས་ལ་གནས་པ་ས་ཡོངས་སུ་སྨིན་པའི་རིག་འཛིན་གསུམ་ལ་ཞུགས་པའི་མཐར་ཆོས་ཐམས་ཅད་ལ་འཇིགས་པ་མེད་པའི་མཆོག་ཀུན་ཏུ་བཟང་པོར་སྦྱོར་ཞིང་ཐོབ་པར་བྱེད་དོ། །དེའང་སྒྲིབ་པ་གཉིས་དང་། བདུད་བཞི་དང་། འཁོར་འདས་གཉིས་དང་། ཤེས་བྱ་གང་ལའང་འཇིགས་པ་མེད་པས་འཇིགས་མེད་ཀུན་ཏུ་བཟང་པོ་འབྲས་བུའི་སངས་རྒྱས་སུ་བཤད་དོ། །སར་ཆུད་པའི་རིག་འཛིན་ནི་དཀྱིལ་འཁོར་དུ་ཞུགས་ཏེ་བསྐྱེད་རྫོགས་དང་པོར་མནོས་པ་དག་གོ། །ས་ལ་གནས་པའི་རིག་འཛིན་ནི་རྟོགས་པ་དང་ཏིང་ངེ་འཛིན་ཐོབ་ནས་དེ་ལ་རྒྱུན་དུ་གནས་པའོ། །སར་སྨིན་པའི་རིག་འཛིན་ནི་ཐོབ་པ་དེ་ལས་ཀྱང་སྟོབས་ཆེར་གྱུར་ཏེ། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཐོབ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་ཞིང་ཐོབ་པར་བྱེད་པའོ། །བཞི་པ་སྡོམ་པ་དང་དམ་ཚིག་གི་ཡོན་ཏན་འདུས་པའི་ཕན་ཡོན་ནི། བླ་ན་མེད་པའི་དམ་ཚིག་གི་ནང་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་བཞིན་པའི་ཆོས་ཉིད་ནམ་མཁའ་ལྟ་བུ་དང་། སེམས་ཅན་འདུལ་བའི་ཐབས་ཐེག་པ་མཐའ་དག་གི་དོན་དང་། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་ལ་སོགས་པ་ཇི་སྙེད་པ་དེ་དག་གི་སྡོམ་པ་བསམ་ཡས་ཀྱི་རིགས་གང་ཡིན་པ་མ་ལུས་པ་ཀུན་ཡར་ལྡན་གྱི་ཚུལ་བྲེ་མིག་ཏུ་ཕུལ་ལྟར་འདུས་ཤིང་དེ་དག་གི་ཡོན་ཏན་མ་ལུས་པ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ལྔ་པ་ཉམས་ཀྱང་གསོར་རུང་བའི་ཕན་ཡོན་ནི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ན་ཉན་ཐོས་ཀྱི་འདུལ་ཁྲིམས་རྫ་བེའུ་ཆགས་པ་ལྟར་གསོ་མི་རུང་བ་མ་ཡིན་གྱི་དབང་ནོད་པ་དང་བཤགས་པ་ལ་སོགས་པའི་ཆོ་གས་བསྐངས་པས། སྔ་མ་བཞིན་སོར་ཆུད་ཅིང་རྫོགས་པར་འགྱུར་བ་དང་དེ་ལ་སོགས་པའི་ཕན་ཡོན་མཐའ་ཡས་པའི་མཆོག་གསང་སྔགས་ལ་ཡོད་དོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་བརྗོད་པས་རང་སྣང་གི་དེ་བཞིན་གཤེགས་པའི་ཚོགས་ཉིད་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དཀྱིལ་འཁོར་གྱི་མངའ་བདག་དེ་ཉིད་ལ་འདུད་པར་གྱུར་ཏོ། །དམ་ཚིག་གསང་བའི་སྙིང་པོ་ཁོ་ན་ཉིད་ངེས་པ་ལས་རྩ་བ་དང་ཡན་ལག་གི་དམ་ཚིག་གི་དོན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་ལྔ་པ་དམ་ཚིག་ཅན་གྱིས་ཕྲིན་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། དམ་ཚིག་གི་རིམ་པ་བཤད་པ་དེ་ནས་དམ་ཚིག་ཅན་གྱིས་ཕྲིན་ལས་འགྲུབ་པའི་ཕྱིར་བཅོམ་ལྡན་འདས་ཡེ་ཤེས་ཀྱི་དགྱེས་པ་ཆེན་པོ་ཉིད་ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་ཕྲིན་ལས་སུ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལས་ཐམས་ཅད་འགྲུབ་པའི་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། ཕྲིན་ལས་བཞིའི་རིམ་པ་སྤྱིར་བསྟན། ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བྱེ་བྲག་ཏུ་བཤད་པ། ལས་བཞི་སྒྲུབ་པའི་གནས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དང་པོ་ལ་བཞི་སྟེ། དྲག་པོའི་ལས། དབང་གི་ལས། རྒྱས་པའི་ལས། ཞི་བའི་ལས་སོ། །དང་པོ་ལ་གསུམ་ལས། བསྲེག་པ་མེའི་ལས་ནི་དྲག་པོའི་ཐབ་ཁུང་གྲུ་གསུམ་ཨེའི་རྣམ་པ་ཅན་མཚན་ཉིད་རྣམས་ཚང་བའི་ཚོགས་ཀྱི་དབུས་སུ་ལྷ་སོ་སོའི་དཀྱིལ་འཁོར་གྱི་མཆོག་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་པ་བཅུག་སྟེ། གཉིས་སུ་མེད་པའི་རང་བཞིན་དྲག་པོའི་མེ་དཔུང་འབར་བའི་མེ་ལྷ་གཏུམ་ཆེན་རྔམས་པའི་ཆ་བྱད་ཅན་ལ་སྔགས་མཁན་བསྒྲུབ་བྱ་ལ་རབ་ཏུ་ཁྲོས་པའི་ཡིད་ཀྱིས་དྲག་པོའི་མཆོད་པ་དང་བསྲེག་རྫས་སྦྱིན་པར་བྱས་ན། ཚོགས་གཉིས་ལས་གྲུབ་པའི་སངས་རྒྱས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་ཡང་འཇིག་ན་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་སྨོས་པའོ། །ཡང་ན་སེམས་ཅན་ཐམས་ཅད་སངས་རྒྱས་སུ་བཤད་པས་བསྒྲུབ་བྱ་དེ་ཉིད་འཇིག་ཅེས་སྦྱར་རོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི་ལིང་གའི་རྒྱུ་བདུད་རྩི་ལྔའམ་ཡང་ན་ཉ་ཤ་བུ་རམ་ཏིལ་ནག་སྦྲང་རྩི་འབྲས་ཏེ་ཟས་ལྔ་དེའི་གསེབ་ཏུ་བསྒྲུབ་བྱའི་དྲི་མ་རྐང་རྗེས་ཀྱི་ས་དང་བཅས་པ་ལ་བསྒྲུབ་བྱའི་མཚན་མ་སྟེ། གཟུགས་ལ་དཔྲལ་བར་མིང་སྙིང་གར་རུས་འདོམས་སུ་བླ་བཏགས་གང་ཡོད་དང་མཱ་ར་ཡ་ཕཊ་དང་བཅས་པར་བྲི་ཞིང་མཐའ་མ་འགུགས་བྱེད་ཀྱི་ཡི་གེ་ཛཿས་བསྐོར་བ་གྲོ་གའམ་རས་སམ་ཤོག་བུ་ལ་བྲིས་ཏེ་དེའི་ནང་དུ་གཞུག་པའམ་མདུན་རྒྱབ་གང་རུང་དུ་གླན་པར་བྱའོ། །དེ་ལ་བསྒྲུབ་བྱ་སྔགས་ཏིང་ངེ་འཛིན་ཕྱག་རྒྱ་གསུམ་གྱིས་བཀུག་ནས་ལྕགས་ལ་སོགས་པ་རྡོ་རྗེ་ཕུར་པ་བཛྲ་ཀཱི་ལ་ཡར་བསྐྱེད་པས་སྙིང་ག་ལ་སོགས་པའི་གནས་སུ་གདབ་པར་བྱ་སྟེ། ལུས་ངག་རྡུལ་ཕྲན་བཞིན་དུ་བྱས་པར་བསམས་ནས་ཀརྨ་ཧེ་རུ་ཀའི་ཚོགས་སམ། སྔ་མའི་ཐབ་ཁུང་དུ་དྲག་པོའི་ལྷ་བསྐྱེད་པའི་ཚོགས་ལ་འབུལ་ཞིང་སྦྱིན་སྲེག་བྱའོ། །གསུམ་པ་མནན་པ་བྲོའི་ལས་ནི་ཨེའི་ཚོགས་ཀྱི་སྟེ་དྲག་པོའི་དཀྱིལ་འཁོར་རམ་ཐབ་ཁུང་དེའི་ཁོར་ཡུག་ཏུ་རྣལ་འབྱོར་པ་དེས་གུང་སྲིན་གཉིས་མཐེ་བོས་མནན་མཛུབ་མོ་གཉིས་བརྐྱངས་པ་བཀན་པའི་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས། ཕྱག་རྒྱ་དེ་ལྟར་བཅིངས་པར་གྱུར་པས་ལུས་བསྐྱོད་ནས་རྡོ་རྗེའི་འགྲོས་སུ་གོམ་པ་དོར་ཞིང་ལུས་དང་ཕྱག་རྒྱ་ཕྱོགས་བཅུར་གཡོ་བས། ཧཱུྃ་ཧཱུྃ་ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །མཱ་ར་ཡ་ཕཊ་ཅེས་བརྗོད་ཅིང་། ལིང་གའི་སྟེང་དུ་རྐང་པས་བྲོ་བརྡུངས་པས་བསྒྲུབ་བྱ་རྡུལ་དུ་སོང་བར་བསམ་མོ། །དེས་ནི་གང་དམིགས་དེ་ཉིད་དྲན་པ་མྱོས་ནས་སྙིང་གས་ཏེ་ལུས་ཚིག་ཅིང་དངོས་པོ་མེད་པར་འགྱུར་རོ། །ཁ་ཅིག་སྔར་གྱི་སྦྱིན་སྲེག་གི་ལས་ཟིན་པ་དང་ས་གཞི་བསུབས་ལ། དེའི་སྟེང་དུ་རྣལ་འབྱོར་ཕོ་མོ་རྣམས་གྲལ་གྲུ་གསུམ་དུ་བྱས་ཏེ་མེ་དཔུང་གི་དབུས་སུ་ཀརྨ་ཧེ་རུ་ཀའི་རྣམ་པར་བསྐྱེད་ལ། ཐམས་ཅད་སྲིན་ལག་སྦྲེལ་ཏེ་དབུས་སུ་ལིང་ག་བཞག་པའི་མཐར་བྲོ་བརྡུང་ཞེས་ཟེར་རོ། །དེའང་སྲེག་མནན་བྲོ་གསུམ་པོ་འདི་གང་རུང་རེ་རེས་ཀྱང་ལས་འགྲུབ་ལ། གསུམ་ག་ཚང་ན་མཆོག་ཏུ་འགྲུབ་བོ། །གཉིས་པ་དབང་གི་ལས་ལའང་གསུམ་ལས། དང་པོ་སྲེག་པ་མེ་ཡི་ལས་ནི་ཝྃ་གྱི་དབྱིབས་དང་དེས་མཚོན་ཞིང་བྲིས་པའི་ཐབ་ཁུང་ཟླ་གམ་མོ། །ཚོགས་ཀྱི་དཀྱིལ་འཁོར་མཆོག་ནི་ཐབ་ཀྱི་མཚན་ཉིད་དང་ལྷའི་གཙོ་འཁོར་གཉིས་ཀ་ལ་འཇུག་སྟེ་ཐམས་ཅད་ལ་དེ་བཞིན་དུ་སྦྱར་རོ། །དེའི་ནང་དུ་ཐབ་ཀྱི་མེ་དང་མེ་ལྷ་རབ་ཏུ་འབར་བ་དབང་གི་ཆ་བྱད་ཅན་གཟི་བརྗིད་ཆེ་ཞིང་སྐུ་བོང་གི་ལྷུན་ཆེན་པོ་བཞུགས་པ་ལ་སྔགས་མཁན་བསྒྲུབ་བྱ་ལ་རྗེས་སུ་ཆགས་པའི་ཡིད་ཀྱིས་དབང་དང་མཐུན་པའི་རྫས་མེ་ལ་མཆོད་སྦྱིན་བྱས་ན་རྡོ་རྗེ་གསུང་སྟེ་སྣང་བ་མཐའ་ཡས་ཡང་དབང་དུ་འགྱུར་རོ། །གཉིས་པ་གདབ་པ་ཕུར་བུའི་ལས་ནི། བདུད་རྩི་ལྔའམ་ཡང་ན་ཟས་ལྔ་བསྒྲུབ་བྱའི་གོས་དང་དྲི་མར་བཅས་པ་ལ་གང་དབང་དུ་བྱ་བ་དེའི་མཚན་མ་གཟུགས་བྱས་པའི་ནང་དུ་ཤོག་བུ་ལ་སོགས་པའི་བྱང་བུ་ལ་མིང་རུས་མཚན་གསུམ་དུ་བཅས་པ་བྲིས་ལ་གཞུག་པར་བྱ་ཞིང་། ཟངས་ལ་སོགས་པའི་ཕུར་པ་རྡོ་རྗེ་ཆགས་པ་སྟེ་པདྨ་ཀཱི་ལ་ཡར་བསྐྱེས་པས་གདབ་ཅིང་། བཏབ་པའི་ལིང་ག་དེ་ཉིད་ཆགས་པའི་ཚོགས་པདྨ་ཧེ་རུ་ཀ་འཁོར་བཅས་སམ་སྔར་གྱི་ཐབ་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ་པར་དབུལ་ལོ། །གསུམ་པ་མནན་པ་བྲོའི་ལས་ནི། ཝྃ་གྱི་ཚོགས་ཀྱི་དཀྱིལ་འཁོར་ཐབ་ཁུང་གི་མཐའ་འམ་དབང་གི་དཀྱིལ་འཁོར་དུ་རྣལ་འབྱོར་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས་ཏེ་བྲོ་བྱས་ན་འགྲོ་བ་ཐམས་ཅད་འགུགས་པར་འགྱུར་བའི་རྡོ་རྗེ་པདྨ་དང་དབང་ཆེན་མཛེས་པའང་ཕྱི་བཞིན་འབྲང་ན་མིའི་འགྲོ་བ་ཕལ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡིད་ལ་ཅི་འདོད་པ་དེ་བཞིན་འོང་བར་འགྱུར་རོ། །གསུམ་པ་རྒྱས་པའི་ལས་ལའང་གསུམ་ལས། དང་པོ་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག་སྟེ་ཐབ་གྲུ་བཞི་པར་མེ་དང་མེ་ལྷ་གཉིས་པོ་འོད་ཟེར་འབར་བའི་ཚོགས་ནང་དུ་འདུ་བས་ལོངས་སྤྱོད་སྡུད་ཅིང་ཕྱིར་འཕྲོ་བའི་གཟི་བརྗིད་ཆེན་པོས་རེ་བ་བསྐོང་བར་བསམ་པ་ལ་སྔགས་མཁན་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་རྒྱས་པའི་མཆོད་སྤྱིན་བྱས་ན། ཚེ་དང་དཔལ་དང་འབྱོར་བ་འཕེལ་བ་ལ་སོགས་པའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་པ་འཐོབ་བོ། །གཉིས་པ་ནི། བདུད་རྩི་ལྔའམ་ཟས་ལྔ་གང་རུང་གི་གསེབ་ཏུ་འབྲུ་དང་རིན་པོ་ཆེ་ལ་སོགས་པ་བསྲེས་ལ་ནོར་བུ་གསེར་དངུལ་མུ་ཏིག་རྟ་གླང་ལ་སོགས་པ་གང་རྒྱས་ཤིང་འཕེལ་བར་འདོད་པ་དེའི་གཟུགས་ཀྱི་མཚན་མ་མིང་སྤེལ་བྲིས་པ་དང་བཅས་པ་བྱས་ཏེ། འདོད་པའི་ཡོན་ཏན་གང་དགོས་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དུ་བསྒོམ་པ་ནི་བརྟག་པའོ། །དེ་ལ་གསེར་ལ་སོགས་པའི་ཕུར་པ་ང་རྒྱལ་དགའ་སྤྲོ་སྟེ་རཏྣ་ཀཱི་ལ་ཡ་དངོས་གྲུབ་ཀྱི་ཆར་འབེབས་པར་བསྐྱེད་ལ་ཕུར་པ་གདབ་ཅིང་། ཡོན་ཏན་རྡོ་རྗེའི་གཟི་བརྗིད་ཆེན་པོ་འཕེལ་བར་རཏྣ་ཧེ་རུ་ཀའི་ཚོགས་སམ་གོང་གི་རྒྱས་པའི་མེ་ཐབ་ཏུ་དབུལ་ལོ། །གསུམ་པ་ནི། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་རྒྱས་པར་བྱེད་པའི་དཀྱིལ་འཁོར་རམ་ཐབ་ཁུང་གི་མཐའ་མར་རྣལ་འབྱོར་པ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་པ་ཕྱོགས་བཅུར་བསྐྱོད་ནས་བྲོ་བརྡུངས་པའི་འོད་ཟེར་གྱིས་ལོངས་སྤྱོད་སྤྲིན་ཕུང་དཔལ་དང་གཟི་བརྗིད་འབར་བའི་རྣམ་འཕྲུལ་ཆེན་པོ་རང་གི་གནས་དེར་ཆར་དུ་འབབ་པའི་ཏིང་ངེ་འཛིན་སྤྲོ་ཞིང་དེས་སེམས་ཅན་གྱི་དབུལ་བ་བསལ་བར་བསམས་ན། ཡོན་ཏན་འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ནམ་མཁའ་གང་བར་འགྱུར་ཞིང་བསམ་པ་ཐམས་ཅད་འགྲུབ་པའོ། །བཞི་པ་ཞི་བའི་ལས་ལའང་གསུམ་ལས། དང་པོ་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག་སྟེ་ཐབ་ཁུང་ཟླུམ་པོའི་ནང་དུ་མེ་དང་མེ་ལྷ་གཉིས་ཀ་འོད་གསལ་བའི་གཟི་བརྗིད་འཚེར་བ་ཞི་བའི་རྣམ་པར་བསྐྱེད་ལ་སྔགས་མཁན་སེམས་རབ་ཏུ་དྭངས་པའི་ཡིད་ཀྱིས་ནད་དང་གནོད་པ་དང་འཇིགས་པ་ཞི་བའི་མཆོད་སྦྱིན་བྱས་ན། ཤིན་ཏུ་མ་རུངས་པའི་གཏུམ་ཆེན་རྔམ་པ་བདུད་དང་རཱུ་ཏྲ་ལ་སོགས་པའང་སེམས་རབ་ཏུ་ཞི་བ་བྱང་ཆུབ་ཀྱི་སེམས་སུ་ལྷན་ནེར་འགྱུར་ན་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་སྨོས་པའོ། །གཉིས་པ་ནི། བདུད་རྩི་ལྔ་དང་ཟས་ལྔའི་གསེབ་ཏུ་གང་ཞི་བར་འདོད་པ་དེའི་གོས་དང་དྲི་མ་ལ་སོགས་པ་བསྲེས་ལ་སྔར་བཞིན་ལིང་ག་བྱས་པ་དེ་ཉིད་ལུས་གཏུམ་ངག་རྔམ་སེམས་འཁྲུགས་པའི་རྣམ་པ་ཅན་དགྲའམ་བགེགས་ལ་སོགས་པ་གང་ཡིན་པ་དེའི་ངོ་བོར་བརྟག་ཅིང་དངུལ་ལ་སོགས་པའི་ཕུར་བུ་དེ་ཉིད་ལྷན་ནེར་གསལ་བ་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་གདབ་ཅིང་དཔལ་དང་གཟི་བརྗིད་འབར་བ་ལྷན་ནེའི་ཚོགས་བུདྡྷ་ཧེ་རུ་ཀ་འཁོར་བཅས་སམ་ཞི་བའི་མེ་ལྷ་ལ་དབུལ་ལོ། །གསུམ་པ་ནི། ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་ཞི་བའི་དཀྱིལ་འཁོར་རམ་ཐབ་ཁུང་གི་མཐར་རྣལ་འབྱོར་པ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས་ཏེ་བྲོ་བྱས་ན། ཕ་རོལ་ཁྲོ་བའི་མེ་འབར་བ་ཡང་ཞི་བས་ལྷན་ནེའི་བྱིན་བརླབས་ཀྱིས་ཁྱབ་ནས་སྡིག་པ་དང་གདུག་སེམས་ཐམས་ཅད་ཡིད་ལ་ཅུང་ཟད་ཀྱང་མི་འགྱུ་བས་གཡོ་བ་མེད་པར་བྱེད་པའོ། །དེ་ལྟར་ཨེ་ཝྃ་མཱ་ཡཱ་བཞི་ནི་ཡི་གེའི་དབྱིབས་ཀྱིས་ཐབ་ཁུང་གི་དབྱིབས་མཚོན་པར་བྱེད་པའོ། །བླ་མ་རོང་བ་ནི་བྃ་བན་ནའི་སྒྲ་སྡུད་ཅིང་འཆིང་བས་ཞི་བ་དང་དབང་དུ་སྦྱོར་བ་ནི་ཡུལ་ཐ་དད་ཀྱི་ཡི་གེའི་དབྱིབས་མི་འདྲ་བ་རྣམས་ལ་གཟིགས་པར་སྣང་ངོ་། །གཉིས་པ་ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བཤད་པ་ལ་གཉིས་ཏེ། དམ་ཅན་ལ་བཀའ་བསྒོ་བ་དང་། བྲོ་གར་གྱི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ལས་ལ་བསྒོ་བའི་ཚུལ་བརྗོད་པ་ནི། དེ་ལྟར་ཕྲིན་ལས་བཞི་པོ་གང་ཡང་རུང་བའི་རྗེས་ཐོག་ཏུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་དེ། བཟའ་བཏུང་གི་ལྷག་མ་བསྡུས་ལ་རྡོ་རྗེ་སློབ་དཔོན་གྱི་ཁ་ཕྲུས་བྱིན་གྱིས་བརླབས་ཏེ། དཔལ་ཆེན་པོའི་དཀྱིལ་འཁོར་དུ་འདུས་པའི་སླས་ལྷ་ཆེན་པོ་རྣམས་ཀྱི་ཆུང་མ་དང་བྱི་མོ་མཛའ་མོ་དང་བྲན་མོའི་ཚོགས་རྣམས་ལྷག་མའི་མཆོད་སྦྱིན་འདོད་པའི་མགྲོན་ཡིན་པས་སྦྱིན་ཏེ་ཟ་ལམ་བདུན་ཅུའི་སར་བསྐྱལ་ཞིང་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་རང་རང་གི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས་ཞི་བ་ལ་སོགས་པ་གང་འདོད་པའི་ལས་དེ་བྱེད་པར་བསྒོ་བར་བྱའོ། །གཉིས་པ་ཇི་ལྟར་བསྒོ་བ་དངོས་ནི། སྔོན་དྲེགས་པའི་དབང་ཕྱུག་རྣམས་བཏུལ་བའི་ཚེ་དཔལ་ཆེན་པོ་ཧེ་རུ་ཀ་ཤིན་ཏུ་གདུག་ཅིང་གཏུམ་བག་ཅན་མཛད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་མ་ལུས་པ་རྣམས་འདུལ་བར་མཛད་པའི་དབང་ཕྱུག་དང་བྱིན་རླབས་རྨད་པོ་ཆེ་མངའ་བས་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་དབང་དུ་བསྡུས་ནས་དེ་དག་གི་འཁོར་དང་ཆུང་མ་དང་བུ་མོ་དང་མ་དང་ཕུ་ནུ་མོ་མ་ལུས་པ་རྣམས་ལོངས་སྤྱོད་ཀྱི་ཕྱིར་དབང་ཕྱུག་དང་སླས་སུ་བྱིན་གྱིས་བརླབས་པ་བྱས་ཏེ། དགུགས་པ་དང་བཅིང་བ་དང་གསོད་པ་ལ་སོགས་པའི་སོ་སོའི་ལས་རྣམས་དཔལ་ཆེན་པོས་རང་རང་ལ་བསྒོས་པ་དེ་ཉིད་སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པའི་ལུགས་བཞིན་སྐད་ཅིག་ཀྱང་མ་ཐོགས་པར་ལས་ཀྱི་འབྲས་བུ་མྱུར་དུ་མངོན་པར་ཕྱུང་བར་མཛོད་ཅིག །རང་རང་གིས་དམ་བཅའ་པ་བཞིན་དུ་མ་བྱས་ན་སྔོན་ཇི་ལྟར་དམ་བཅས་ཤིང་རང་རང་གི་མནའ་ཚིག་བོར་བའི་སྡོམ་པ་དམ་བཅས་པ་དེ་ལས་འདའ་བར་འགྱུར་ལ། གལ་ཏེ་དམ་ཚིག་དེ་ལས་འདས་པར་གྱུར་ན་ཁྱེད་ཅག་གི་མགོ་ལུས་དང་སྙིང་ཡང་ཚལ་པ་བདུན་དུ་ཡཀྴ་མེ་འབར་གྱི་ཁྲོ་བོས་དུམ་བུར་གཏུབ་པར་འགྱུར་རོ། །རྒྱུ་མཚན་དེ་བས་ན་རྣལ་འབྱོར་སྔགས་འཆང་བདག་གིས་ཇི་ལྟར་བཅོལ་བ་བཞིན་དུ་བྱོས་ཤིག །གལ་ཏེ་ལས་དེ་མངོན་དུ་མ་བྱས་ན་རང་རང་གིས་མནའ་བོར་ཞིང་ཁས་བླངས་པའི་དམོད་པ་བཞིན་རུལ་མྱགས་ཚིག་ནས་རྡོ་རྗེའི་དམྱལ་བར་འགྲོ་བར་འགྱུར་རོ། །དེས་ན་རྣལ་འབྱོར་པ་དམ་ཚིག་ལ་གནས་པར་གྱུར་པའི་ཕྲིན་ལས་ཅི་འདོད་པ་རྣམས་ཡོངས་སུ་བྱ་བ་དང་རྣལ་འབྱོར་པ་བདག་ཅག་གི་འཁོར་རྣམས་ཀྱང་རང་གི་བུ་གཅིག་པ་བཞིན་དུ་སྐྱོངས་ཤིག་དང་། དེའི་མཐུས་ཁྱེད་ཅག་ཕྲ་མེན་མ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་བས་ཇི་ལྟར་བཅོལ་བའི་ལས་རྣསམ་མངོན་དུ་བྱོས་ཞེས་བཀའ་བསྒོའོ། །གཉིས་པ་བྲོ་གར་གྱི་ཕན་ཡོན་ལ་གཉིས་ཏེ། དོན་ངོས་གཟུང་བ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། ཁྲོ་བོའི་དཀྱིལ་འཁོར་སྒྲུབ་པའི་ཕྲིན་ལས་ཀྱི་གཙོ་བོ་ནི་བྲོ་གར་འདི་ཡིན་ནོ་ཞེས་པའོ། །གཉིས་པ་ལ་བཞི་ལས། གཙོ་བོ་ལྔའི་བྲོ་གར་གྱི་ཕན་ཡོན་ནི། །ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀ་ལ་སོགས་པ་བཙུན་མོ་དང་བཅས་པའི་བྲོ་གར་ལས་བཞིའི་སྐབས་སུ་བསྟན་པ་ལྟར་གླུ་ཚིག་གི་ང་རོ་ཆེན་མོས་ནི་ཞི་རྒྱས་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཅི་འདོད་པར་ཕྲིན་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་གནས་ཀྱི་མ་མོ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། ཀ་རཱིའི་སྒྲ་ལས་བསྒྱུར་བས་མཛོད་ལྡན་ཏེ་དཀར་མོ་ཆེན་མོ་ལ་སོགས་པ་ཕྱོགས་མ་བཞིའི་རྣམ་པར་གསལ་བའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི་སྐྱེ་འགྲོ་དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ཅིང་ཚེ་དང་ཡོ་བྱད་ལ་སོགས་པ་འཕེལ་བར་འདོད་ན་འཕེལ་བར་བྱེད་དོ། །སྦོས་མོ་ཆེན་མོ་པུཀྐ་སཱི་ལ་སོགས་པ་མཚམས་མ་བཞིའི་བྲོ་གར་གླུ་ཚིག་ཆེན་མོས་ནི་དགྲ་བགེགས་ལ་སོགས་པ་ལྷན་ནེ་སྟེ་ཞི་བར་འདོད་ན་ཞི་ཞིང་ལྷན་ནེར་བྱེད་ལ་སེམས་རྨུགས་ཤིང་མི་གསལ་བར་འདོད་ན་རྨུགས་པར་བྱེད་དོ། །གསུམ་པ་ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སེང་གདོང་ཆེན་མོ་ལ་སོགས་པ་ཕྱོགས་མ་བཞིའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི་གདུག་པ་ཅན་ཐམས་ཅད་དེ་དགྲ་བགེགས་ཀུན་གྱི་ལུས་སྲོག་ལ་ཟ་བར་བྱེད་ཅིང་རྡུལ་ཕྲ་རབ་ཀྱི་ཆ་ཤས་ཙམ་ཡང་མེད་པར་བྱེད་དོ། །བཞད་གདོང་ཆེན་མོ་ལ་སོགས་པ་མཚམས་མ་བཞིའི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི་གདུག་པ་ཅན་ཐམས་ཅད་ཀྱི་ལུས་ཀུན་ལས་ནང་ཁྲོལ་དང་དོན་སྙིང་འབྱིན་པར་བྱེད་ཅིང་དེ་དག་གི་སྲོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཀུན་ལས་རབ་ཏུ་ཉམས་པར་བྱེད་དོ། །བཞི་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སླས་དང་བྱི་མོ་བྲན་མོ་ཡི་བྲོ་གར་དང་གླུ་ཚིག་ཆེན་མོས་ནི་ཕོ་ཉ་དགྲ་ལ་རྦད་ཅིང་མངག་གཞུག་ལས་ལ་གཏང་བར་བྱ་བ་སྟེ་ཕྱིར་འགལ་བྱེད་ཆམ་ལ་འབེབས་པའི་ལས་ཐམས་ཅད་དང་། ནང་དུ་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །གསུམ་པ་ལས་བཞི་བསྒྲུབ་པའི་གནས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ནི། ཤིང་ལྗོན་པའི་ནགས་ཚལ་དང་ནི་ལྕུག་ཕྲན་གྱི་ཚལ་སྐྱེད་ཤིང་གི་ར་བ་དང་། ཤིང་སྡོང་གཅིག་གི་དྲུང་དང་ནི་མེས་རེག་སྟེ་ནགས་མེས་ཚིག་པའི་གནས་རྣམས་སུ་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་རྣམས་བསྒྲུབ་པའི་ཕྱིར་དྭངས་པ་དང་དགའ་བ་དང་ཆགས་པ་དང་ཁྲོས་པའི་ཡིད་བཞི་རིམ་པ་ལྟར་ལྡན་པས་ཀཱ་ལི་སྟེ་ཐབས་ཀྱི་ཕྲིན་ལས་བཞི་པོ་རབ་ཏུ་བསྒྲུབ་པར་བྱའོ། །ཁ་ཅིག་ཡུམ་བཞི་དང་སྦྱར་ནས་འཆད་པ་ན་ཨཱ་ལིའི་སྒྲ་ལ་འཇུག་པ་སྟེ་སྐབས་མ་ཡིན་ནོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེས་བརྗོད་པས་གཙོ་བོ་དེ་བཞི ན་གཤེགས་པ་ཉིད་ལ་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཕྲིན་ལས་རྣམ་པ་བཞིའི་དོན་རྟོགས་པ་སྟེ་ལུང་ནོད་པའི་ཚུལ་གྱིས་བསྒྲུབ་པར་གྱུར་ཏོ། །རང་བཞིན་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས། སངས་རྒྱས་ཀྱི་མཛད་པ་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རྣམ་པ་བཞིར་གནས་པ་དེ་ཉིད་གདུལ་བྱའི་དོན་དུ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་ལ་གཉིས་ཏེ། བསྟོད་ཚུལ་མདོར་བསྟན་པ་དང་། བསྟོད་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་མཛད་པ་རྫོགས་པ་དེ་ནས་རང་སྣང་གི་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཁྲག་འཐུང་རིགས་ལྔ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་སྣང་བ་ཆེན་པོ་དེ་ཉིད་ལ་ཤིན་ཏུ་རྔམ་པའི་མདངས་ཀྱིས་དགྱེས་པའི་གླུ་འདི་སྐད་ཅེས་བླངས་སོ། །གཉིས་པ་ལ་གཉིས་ཏེ། རིགས་དང་རིགས་ཀྱི་བདག་པོ་ལ་བསྟོད་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། རིགས་ལྔ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པའོ། །དང་པོ་ལ་ལྔ་ལས། སྐུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཧཱུྃ་ཞེས་པ་རྣམས་ནི་ཁྲོ་བོའི་གླུ་རྣམས་རེ་རེ་ཞིང་སྐུ་ལྔ་ཡེ་ཤེས་ལྔ་ལྡན་དུ་མཚོན་ཞིང་འགོ་འདྲེན་པའོ། །དེའང་སྐུ་ནི་བདུད་དང་རཱུ་ཏྲ་ལ་སོགས་པ་དྲེགས་པ་ཅན་རྣམས་འདུལ་བར་བྱེད་པས་གཏུམ་པོ་ཆེན་པོ་སྟེ། བསྐལ་པ་འཇིག་པའི་མེ་ལྟར་འབར་ཞིང་མེ་དཔུང་གི་ཀློང་ན་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་ཕྱོགས་གཅིག་ཏུ་བསྡུས་པ་དང་མཚུངས་པ་ཕྱོགས་བཅུར་འཕྲོ་ཞིང་། གདུག་པ་ཅན་བསྡིགས་པའི་ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན་འཁྱུག་པ། གདུག་པ་ཅན་ཚར་གཅོད་པའི་མཆེ་བ་ཟངས་ཡག་རྣོ་དཀར་བཞིས་མ་རུངས་པ་ཟ་བར་བྱེད་པའི་འཇིགས་བྱེད་ཆེན་པོར་གནས་པའོ། །ཧོ་ནི་ངོ་མཚར་བའི་གད་མོ་སྟེ་འོག་མ་རྣམས་ལ་ཡང་སྦྱར་རོ། །གཉིས་པ་གསུང་གི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཁྲོ་བོའི་གསུང་རྔམ་པའི་ང་རོ་འབྲུག་སྒྲ་སྟོང་དུས་གཅིག་ལ་ལྡིར་བ་ལྟ་བུའི་གཏུམ་ཆེན་དང་དྲག་ཤུལ་རི་རབ་འབུམ་དུས་གཅིག་ཏུ་བསྙིལ་བའི་སྒྲ་སྐད་དང་མཉམ་པ། ཨ་ཨ་དང་ཧ་ཧ་དང་ཨ་ལ་ལའི་གད་རྒྱངས་ཆེན་པོ་དགོད་པ། དབུགས་ཀྱི་ཤུགས་ལས་བཤུག་པའི་འཐོར་རླུང་ཆེན་པོས་གདུག་པ་ཅན་རྣམས་འཇིགས་པས་གཡེང་བ་བྱེད་པ་ནི་དུས་མཐའི་རླུང་བས་ཀྱང་ཆེའོ། །གསུམ་པ་ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་ནི། ཤེས་བྱ་མ་ལུས་པ་མཁྱེན་པ་ནི་མ་རིག་པའི་ཚོགས་ལ་ཁྲོས་པའི་ཤེས་རབ་ཀྱི་འོད་ཟེར་ཆེན་པོ་མངའ་བ་ནི། ཡེ་ཤེས་ལྔའི་དཀྱིལ་འཁོར་ཀུན་ཏུ་གསལ་བས་གནས་སྐབས་དུག་ལྔར་འབར་བའི་ངོ་བོ་ཡེ་ཤེས་སུ་གནས་པའི་ཉོན་མོངས་པ་རང་མཚན་གྱི་རྩལ་ཀུན་ཏུ་འཇོམས་པའི་ཡེ་ཤེས་དེ་ཡང་སྤྲུལ་སྐུ་ལ་ལྟོས་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་། ལོངས་སྐུ་ལ་ལྟོས་ནས་མེ་ལོང་ལྟ་བུ་ལ་སོགས་པ་སྣ་ཚོགས་ཀྱི་ཡེ་ཤེས་རྣམས་ངོ་བོ་གཉིས་སུ་མེད་པའི་ཐིག་ལེ་ཆེན་པོ་ཆོས་ཉིད་དོན་གྱི་ཡེ་ཤེས་སུ་རོ་གཅིག་པའོ། །བཞི་པ་ཡོན་ཏན་གྱི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། གདུག་པ་ཅན་འདུལ་བའི་ཡོན་ཏན་མངའ་བས་ཁྲོ་བོའི་རྒྱལ་པོ་ཡིན་ཞིང་། དེ་ལས་སྤྲུལ་པ་དུ་མའི་ཆར་འབབ་པའི་གཞི་བྱེད་པས་སྤྲིན་ཆེན་པོ་ཞེས་བྱ་ལ། ཐུགས་ཁྲོས་པས་ཁྲོ་བོའི་དཀྱིལ་འཁོར་གྱི་ཆར་ཆེན་པོ་འབེབས་ཤིང་། གདུལ་བྱའི་དོན་དུ་གང་ལ་གང་འདུལ་གྱི་དཀྱིལ་འཁོར་ཡིད་བཞིན་གྱི་ནོར་བུ་ལྟར་བསམ་པ་བཞིན་དུ་འབྱུང་བའི་གཏེར་ལས་སྤྲུལ་པ་སྣ་ཚོགས་པ་ཁྲོས་པའི་གཟུགས་སུ་ནམ་མཁའ་ཁྱབ་པར་འབྱུང་བ་ཐམས་ཅད་ཀྱང་གནས་ལུགས་ཐིག་ལེ་ཆེན་པོ་གཅིག་ཏུ་གནས་སོ། །ལྔ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཕུང་པོ་ལ་སོགས་པའི་བདུད་བཞི་པོ་ཀུན་གྱི་སྟོབས་འཇོམས་པས་ན་བདུད་ཆེན་པོ་ཡིན་ཞིང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ནི་འཁོར་བར་འདུ་བྱེད་པས་བདུད་ཀྱི་དབང་པོ་རྣམས་ཀྱང་འདུལ་བར་བྱེད་པའི་ཕྱིར་བདུད་དེ་ལས་དང་ཉོན་མོངས་པའི་བདུད་རྣམས་འཇོམས་ཤིང་། བདུད་དང་གཤིན་རྗེ་ལ་སོགས་པ་འཇིགས་པའི་ཚོགས་པའི་ཚོགས་ཀྱང་རབ་ཏུ་འཇིགས་ཤིང་སྐྲག་པར་བྱེད་པ་ཆེན་པོ་ཧེ་རུ་ཀ་རྣམས་ནི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བས་ཐིག་ལེ་ཆེན་པོའོ། །ཡང་ན་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་བདུད་ཀུན་གྱི་ནི་བདུད་ཆེན་པོ་དགའ་རབ་དབང་ཕྱུག་ལྟ་བུ་ཡིན་ཞིང་། བདུད་དེའི་བདུད་ནི་དྲེགས་པའི་རཱུ་ཏྲ་ཡིན་པས་འཇིགས་པའི་ཚོགས་ཆུང་མ་དང་བཅས་པ་འཇིགས་པར་བྱེད་པ་ནི་འཇིགས་བྱེད་ཆེ་མཆོག་ཉིད་དེ་སྤྲོས་པ་མེད་པའི་ངོ་བོར་བཞུགས་པས་ཐིག་ལེ་ཆེན་པོའོ། །ཞེས་སོ། །གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པ་ནི། ཆེ་མཆོག་ཡབ་ཡུམ་གྱི་སྐུ་ནི་སྐྱེ་ཤི་འཕོ་འགྱུར་མེད་པས་རྡོ་རྗེའི་བྲག་ཆེན་པོ་ཉིད་དེ་འཇིག་འབྲལ་མེད་པས་རབ་ཏུ་སྲ་བ་ཆེན་པོ་མཚན་དཔེས་འབར་ཞིང་། གསུང་དང་ཡོན་ཏན་ནི་ཡེ་ཤེས་རྡོ་རྗེའི་ཆུ་བོས་གདུལ་བྱའི་ཚོགས་སྡུད་ཅིང་ཚིམ་པར་བྱེད་པ་པོ་ཡིན་ལ། ཐུགས་ནི་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འོད་གསལ་བ་སྟེ་ཤེས་བྱའི་ཡུལ་མ་ལུས་པ་མངོན་སུམ་དུ་གྱུར་ཅིང་ཐུགས་རྗེའི་འོད་ཟེར་རབ་ཏུ་འབར་བ་ཆེན་པོས་འགྲོ་བའི་མ་རིག་པའི་མུན་པ་སེལ་བར་བྱེད་པའོ། །ཕྲིན་ལས་ནི་ལྷུན་གྱིས་གྲུབ་པ་རྡོ་རྗེའི་བདག་ཉིད་གདུལ་བྱ་ལ་ཁྱབ་ཅིང་གཡོ་བར་བྱེད་པས་རླུང་སྟེ་བདུད་དང་མུ་སྟེགས་ལ་སོགས་པ་འཐོར་ཞིང་ལས་བཞིའི་དོན་རྣམས་ཡོངས་སུ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པ་ལའང་གཉིས་ལས། བརྟེན་པ་ལྷའི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུྃ། གཏུམ་ཆེན་དུས་མཐའི་ཞེས་པ་ནས་འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿའི་བར་ཏེ། ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་ལ་སོ་སོར་བསྟོད་པའོ། །རྟེན་གཞལ་ཡས་ཁང་ལ་བསྟོད་པ་ནི། རྡོ་རྗེའི་བྲག་ཆེན་ཀེང་རུས་ཀྱི་རི་རབ་དང་། ཆུ་བོ་རཀྟའི་རྒྱ་མ ཚོ་དང་། མེ་ཡེ་ཤེས་ཀྱི་མེ་རི་དང་། རླུང་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སྦྱར་ཏེ་བཤད་དོ། །དེ་སྐད་ཅེས་དེ་བཞིན་གཤེགས་པས་ཆེད་དུ་གླེང་ངོ་། །འབྲས་བུ་གསང་བའི་སྙིང་པོ་སྐུ་དང་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ངེས་པ་ལས། རང་སྣང་ཡེ་ཤེས་ཀྱི་ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉེར་གཅིག་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གསུམ་པ་རྒྱུད་དམ་པར་གདམས་ནས་རྗེས་འཇུག་ལ་གཏད་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད་པ། ཚིག་གི་དོན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། སྒྱུ་འཕྲུལ་རྩ་བའི་དཀྱིལ་འཁོར་རྫོགས་པར་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་སྟེ། དེའི་མཚན་གྱི་རྣམ་གྲངས་ལ། བདེ་བ་ཆེན་པོ། རྡོ་རྗེ་སྙིང་པོ། དམ་པ་དང་པོ། གདོད་མའི་མགོན་པོ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའོ། །སྟོན་པ་དེས་རང་སྣང་ལྷུན་སྟུག་པོ་བཀོད་པའི་རིགས་ལྔ་སེམས་དཔའ་བརྒྱད་ལ་སོགས་པའི་དེ་བཞིན་གཤེགས་པ་ཉིད་ལ་གསང་སྔགས་ཀྱི་རྒྱལ་པོ་འདི་ཉིད་མི་ནུབ་ཅིང་འགྲོ་བ་ལ་ཕན་གདགས་པའི་ཕྱིར་བརྟན་པར་ཟུངས་ཤིག་ཅེས་པ་འདི་ཆེད་དུ་བརྗོད་ཅིང་ཁྱད་པར་དུ་རིག་པའི་སེམས་དཔའ་གསང་བདག་ལ་གདམས་པར་མཛད་དོ། །ཁ་ཅིག་ནི་གསང་བདག་འཆད་པའི་སྐྱེས་བུ་ཡིན་གྱི། རྡོ་རྗེ་ལས་དང་། ཆོས་དང་། ཀུན་ནས་སྣང་བའི་དཔལ་ལ་གདམས་པའོ། །ཞེས་པའང་རིགས་པར་མ་མཐོང་སྟེ། འདི་ལྟར་ཕྱག་ན་རྡོ་རྗེ་ལ་གདམས་པས་གཞན་ལ་མ་གདམས་པར་མི་འགྱུར་པ་དང་། འོག་མིན་དུ་ཀུན་བཟང་ཉིད་རིགས་ལྔའི་གཙོ་བོ་རྣམ་པར་སྣང་མཛད་དུ་སྣང་བས་སྟོན་ཅིང་འཆད་པའི་སྐྱེས་བུ་ཡིན་ལ། གསང་བདག་འཁོར་དུ་སྣང་བས་འཛིན་པ་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལམ་ཀུན་གྱི་འབྲས་བུར་གདམས་པ་དང་། གསང་བ་ཀུན་གྱི་མཆོག་ཏུ་གདམས་པའོ། །དང་པོ་ལ་གཉིས་ཏེ། གདམས་བྱ་རྒྱུད་ཀྱི་རང་བཞིན་དང་། གང་ལ་གདམས་པ་སྣོད་ཀྱི་ཆེ་བའོ། །དང་པོ་ལ་གསུམ་ལས། འབྲས་བུ་རྒྱུད་དངོས་བསྟན་པ་ནི། རང་སྣང་གི་འཁོར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ཡབ་ཡུམ་དུ་སྣང་བ་རྣམས་ལ་ཀྱེ་ཀྱེ་ཞེས་བོས་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་རང་བཞིན་འདི་དག་ཐམས་ཅད་དེ་བཞིན་གཤེགས་པའི་རིགས་ལྔ་ཡབ་ཡུམ་དང་སེམས་དཔར་བཅས་པ་སྟེ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གནས་པ་ནི་གཞི་གསང་བའི་སྙིང་པོ་སྟེ། དེས་མཚོན་ནས་ལམ་དང་འབྲས་བུ་གསང་བའི་སྙིང་པོ་ནི་རྒྱུད་ཀྱི་ངོ་བོའོ། །གཉིས་པ་ལམ་གཞན་དེའི་རྐང་སྟེགས་སུ་བསྟན་པ་ནི། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱི་སྤྲོས་པ་ལ་བློ་འཆེལ་ནས་སྲིད་པ་གསུམ་པོར་འཁྱམས་པའི་འགྲོ་བ་ཡིས་ཕྱི་ནང་གཞན་ལ་སོགས་པའི་རྣམ་པར་རྟོག་པ་མི་བཟད་པའི་ཞགས་པས་སོ་སོར་ཟིན་ཏེ་སྡུག་བསྔལ་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་ལས། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །ཅེས་པ་དང་། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་པ་སྐྱེས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་པའི་ཚུལ་གྱིས་འཁོར་བར་འཁྱམས་པའི་སེམས་ཅན་གྱི་དབང་པོའི་རིམ་པ་དང་སྦྱར་ཏེ་ཐེག་པ་སོ་སོའི་ས་རྣམས་དང་ལམ་གྱི་ཁྱད་པར་གོང་འོག་ཏུ་བཀོད་པ་ཡང་རང་བཞིན་གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཡིན་གྱི་ལམ་ཚང་ལ་མ་ནོར་བ་དངོས་མ་ཡིན་ཏེ། དེ་དག་གི་མཐར་འདིར་འཇུག་དགོས་པའི་ཕྱིར་རོ། །གསུམ་པ་རྣམ་གྲངས་དུ་མ་གསུངས་པའི་དགོས་པ་ནི། དེ་ལྟ་ན་གསང་བའི་སྙིང་པོ་གཅིག་པུ་གསུངས་པས་ཆོག་མོད། ཐེག་པའི་རྣམ་གྲངས་མཐོ་དམན་མང་པོ་བསྟན་ཅི་དགོས་ཤེ་ན། སེམས་ཅན་རྣམས་ནི་དབང་པོས་རིམ་པ་སྣ་ཚོགས་སུ་གནས་སྐབས་གནས་པས་གང་ལ་གང་འཚམས་ཀྱིས་སོ་སོར་བསྟན་ཏེ། འདི་ཉིད་དང་པོ་ནས་གོ་བའམ་འཕྲད་པ་ཤིན་ཏུ་དཀའ་བས་སྔོན་འགྲོའམ་སྟེགས་སུ་བསྟན་ཏེ། ཕྱིས་འདི་དང་འཕྲད་ཅིང་སྤྱད་པ་བྱ་བའི་ཕྱིར་སྤངས་པ་དང་རྟོགས་པའི་ཡེ་ཤེས་ངོ་མཚར་བ་རབ་འབྱམས་མངའ་བའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་རང་བྱུང་གི་ཐུགས་རྗེ་སྤྲུལ་པའི་སྐུ་འཇིག་རྟེན་དུ་སྣང་བས་གསུངས་པའི་ཆོས་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་མི་འགྱུར་ཞེས་བྱ་བ་ནི་གང་ཅུང་ཟད་ཅིག་ཀྱང་ཡོང་སྟེ་དུས་རྣམ་པ་ཐམས་ཅད་དུ་མ་གསུངས་པ་ཡིན་ནོ། །དེ་སྐད་དུའང་ལེགས་བྱིན་གྱིས་ཞུས་པའི་མདོ་ལས། འཇིག་རྟེན་རྣམས་ལ་ཕན་པ་མཛད་པའི་ཕྱིར། །རྒྱལ་བ་རྣམ་འདྲེན་དེ་ཡིས་ཆོས་གསུངས་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་ཞི་མཛད་ཅིང་། །མྱ་ངན་འདས་པའི་ལམ་ལ་འགོད་པར་མཛད། །ནམ་ཡང་དོན་དུ་མི་འགྱུར་མི་མངའ་སྟེ། །ཉེས་ཟད་རྫུན་གྱི་ཚིག་སྤངས་དྲང་སྲོང་ཆེ། །ཞེས་སོ། །དེས་བསྟན་པའི་ཆོས་ནི་ཤེས་བྱ་མ་ལུས་པ་མངོན་སུམ་གྱིས་གཟིགས་ཤིང་སྒྲིབ་པ་མཐའ་དག་སྤངས་པ་སངས་རྒྱས་ཀྱི་གསུང་ཡིན་པའི་ཕྱིར་ན་དོན་དུ་འགྱུར་བ་ཁོ་ནའོ། །དེ་ལ་ཡེ་ཤེས་ཀྱི་གཟིགས་པ་ནི། རྒྱུད་བླ་མ་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང་། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་སོ། །སྒྲིབ་པ་མཐའ་དག་དང་བྲལ་བ་ནི་སངས་རྒྱས་ཏེ་རྫུན་སྤངས་པའི་སྐྱེས་བུ་ཚད་མར་གྱུར་པ་ནི། རྣམ་འགྲེལ་ལས། ཉེས་པ་སྤངས་པས་བརྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་སོ། །དེ་ལྟར་སངས་རྒྱས་ཀྱིས་གསུངས་པ་དོན་དུ་འགྱུར་བ་བཞིན་དུ་དེའི་སྲས་དང་སློབ་མ་དག་གིས་རྒྱལ་བའི་བཀའི་རྗེས་སུ་འབྲངས་ཏེ་རྣམ་བཤད་མཛད་པའང་བཀའ་བཞིན་འགྱུར་པ་ནི། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བས་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་སོ། །གཉིས་པ་གང་ལ་གདམས་པ་སྣོད་ཀྱི་ཆེ་བ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པའི་ཕྱག་རྒྱ་དམ་པ་ནི་གཞི་ལམ་འབྲས་བུའི་གསང་ཆེན་ཆོས་ཐམས་ཅད་ཀྱི་སྙིང་པོ་འདི་ཡིན་ནོ། །དེའང་བརྗོད་བྱ་དོན་དང་རྗོད་བྱེད་རྒྱུད་ཀྱི་གཞུང་གཉིས་ཀ་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པའི་ཕྱིར་དེ་ལས་འདའ་བར་དཀའ་བས་ཕྱག་རྒྱར་བཤད་དེ་དཔེར་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་བཏབ་པ་བཞིན་ཏེ། མཉམ་སྦྱོར་ལས། འདའ་དཀའ་དེ་བཞིན་མི་ཤིགས་པ། །རྒྱལ་པོའི་ཕྱག་རྒྱ་མཆོག་གི་རྟགས། །བདག་ཉིད་ཆེན་པོའི་མཚན་མའི་གཟུགས། །དེ་བས་ཕྱག་རྒྱ་ཞེས་བྱའོ། །ཞེས་སོ། །དེ་ལྟ་བུའི་ཚུལ་ནི་རྒྱ་དུ་མས་བཏབ་ཅིང་རང་བཞིན་དང་གནས་སྐབས་ཀྱི་གསང་བའི་དོན་དེ་ཉིད་ཕྱིན་ཅི་མ་ལོག་པར་རང་གིས་རྟོགས་ནས་སྐལ་པ་ལྡན་པས་གཞན་ལ་སྨྲ་བར་གང་བྱེད་པའི་གང་ཟག་དེ་ཉིད་རྒྱུད་ཀྱི་སྟོན་པ་ཕུན་སུམ་ཚོགས་པ་ང་ཀུན་ཏུ་བཟང་པོ་ཡིན་ཞིང་། ཕན་པ་དང་ནུས་པའི་དབང་ཡང་ཡེ་ནས་ངང་ངམ་ལྷུན་གྱིས་རྫོགས་པ་ཡིན་ནོ། །ཚིག་འདིས་རྒྱུད་འཆད་པ་དེ་ལ་སྟོན་པས་ཐོག་མ་མེད་པའི་དུས་སུ་དབང་བསྐུར་ཟིན་པས་ཚེ་འདི་ལ་མ་མནོས་ཀྱང་རྒྱུད་ལ་དབང་བས་བདག་དོན་དང་གཞན་དོན་བྱོས་ཤིག །ང་ཀུན་ཏུ་བཟང་པོ་དངོས་ཀྱི་བྱིན་གྱིས་བརླབས་ཤིང་ཡེ་ནས་སངས་རྒྱས་པ་དང་གསང་བ་ཟབ་མོའི་དོན་ལ་མོས་ཤིང་མི་སྐྲག་པར་གྱུར་པའི་ཕྱིར་རོ་ཞེས་བྱ་བར་བསྟན་ཏོ། །གཉིས་པ་གསང་བ་ཀུན་གྱི་མཆོག་ཏུ་གདམས་པ་ལ་གཉིས་ཏེ། གསང་དོན་དངོས་དང་། དེ་འཛིན་པའི་གང་ཟག་དམ་པར་ལུང་བསྟན་པའོ། །དང་པོ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་མཐར་ཐུག་པ་རྒྱུད་ཀྱི་དམ་པ་འདི་ལས་གཞན་ཅུང་ཟད་ཀྱང་མི་མངའ་བ་ཡིན་པས་མཆོག་དམ་པར་ཟུངས་ཤིག་ཅེས་པའོ། །དེའི་དོན་ཡང་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་གསང་བའི་སྙིང་པོར་སངས་རྒྱས་པ་ནི་གཞིའི་རྒྱུད་དེ། རྒྱལ་བ་ཐམས་ཅད་ཀྱིས་གཏན་ལ་དབབ་བྱའི་དོན་མཐར་ཐུག་པའོ། །དེ་ཉིད་སྟོན་པ་གཞུང་གི་ཚོགས་ལའང་དོན་ཟབ་མོ་ཡོད་པ་རྟག་པའི་མཐར་སྒྲོ་འདོགས་པ་དང་མེད་པ་ཆད་པའི་མཐར་སྐུར་པ་འདེབས་པ་དང་། ཡོད་མེད་གཉིས་ཡིན་པ་དང་མིན་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡི་རང་བཞིན་ཡེ་ནས་སྟོང་ཞིང་བདག་མེད་པས་བློ་ཡི་ཡུལ་ལས་འདས་པ་ནི། གསང་བའི་སྙིང་པོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ་ཆོས་ཉིད་བསམ་བརྗོད་མེད་པ་ངེས་པའི་དབྱིངས་ནས་བརྗོད་པའི་དོན་དུ་སྟོན་པས་བྱུང་བའོ། །དེ་སྐད་དུའང་མངོན་རྟོགས་རྒྱན་ལས། ཟབ་པ་ཉིད་དེ་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་པ་དང་། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མེད། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཆོས་རྣམས་མ་སྐྱེས་མཁའ་ལྟར་རབ་ཞི་བ། །དོན་དམ་གཟིགས་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། །རྒྱལ་བ་རྣམ་འདྲེན་ཟག་པ་མེད་ཞི་བ། །དེ་བཞིན་ཉིད་དབྱིངས་ནས་ནི་བསྟན་པར་མཛད། །ཅེས་སོ། །རྗོད་བྱེད་ཀྱི་ཚིག་ལེའུ་ཉི་ཤུ་རྩ་གཉིས་པོ་འདི་དག་ཀྱང་དེ་བཞིན་ཉིད་ཀྱི་རང་བཞིན་སྒྲོ་འདོགས་དང་སྐུར་པ་ཞི་བ་ཡི་དོན་གྱི་ལྟ་བ་ཟབ་མོ་དང་སྤྱོད་པ་བརླང་པོ་རྣམས་སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་བསྟན་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་སྙིང་པོ་གཞི་ལམ་འབྲས་བུའི་དེ་ཁོ་ན་ཉིད་དེ་ནི། ཀུན་ཏུ་བཟང་པོའི་ཐུགས་ཀྱི་དབྱིངས་རུམ་ངེས་པའི་དབྱིངས་ནས་ཕྱུང་སྟེ་ལྷན་ཅིག་པའི་འཁོར་ལ་སྐལ་ལྡན་གྱི་གདུལ་བྱའི་དོན་དུ་གསུངས་པའོ། །གཉིས་པ་དེ་འཛིན་པའི་གང་ཟག་དམ་པར་ལུང་བསྟན་པ་ནི། རྒྱུད་འདི་འཛིན་ཅིང་སྟོན་པའི་གང་ཟག་དེ་ནི་ངེས་པ་ཁོ་ནར་གཞན་ལ་སྟོན་པ་རིག་པའི་སྐྱེས་བུ་དང་རང་ཉིད་གྲོལ་བ་སྐྱེ་བ་གཅིག་གིས་མི་ཐོགས་པར་སངས་རྒྱས་སུ་ལུང་བསྟན་ཏེ། དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་པ་དང་། རྡོ་རྗེ་ལས། ཆོས་ཚུལ་འདི་ལ་གང་སྤྱོད་པ། །དེ་ནི་ཚེ་འདིར་རྫོགས་འཚང་རྒྱ། །ཞེས་པ་དང་། རྡོ་རྗེ་མེ་ལོང་ལས། རང་རིག་ཡེ་ཤེས་དོན་སྟོན་ཕྱིར། །རང་སྣང་རིག་པས་མངོན་བྱས་ལ། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའི། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །ཞེས་སོ། །དེ་ལྟ་བུའི་གང་ཟག་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྲས་པོ་ནི་དམ་པ་ཡིན་ཏེ། ཐུགས་ཀྱི་གསང་བ་རྨད་དུ་བྱུང་བ་འདི་ལྟ་བུ་ལས་སྐྱེས་པ་ཡིན་པའི་ཕྱིར། དཔེར་ན་འཁོར་ལོས་སྒྱུར་བའི་བུ་ཐུ་བོ་རྒྱལ་ཚབ་ཏུ་སྐྱེས་པ་བཞིན་ནོ། །དེ་ཉིད་གནས་སྐབས་སུ་སར་ཆུད་པ། ས་ལ་གནས་པ། སར་སྨིན་པ་གསུམ་ལ་གནས་ཤིང་། མཐར་ཐུག་འབྲས་བུའི་ས་རབ་མཆོག་ཏུ་གྱུར་པ་རྡོ་རྗེ་འཛིན་པའི་ས་ཞེས་བྱ། ཐབས་དང་ཤེས་རབ་མཆོག་གི་ས་ཞེས་བྱ། རིག་པ་འཛིན་པའི་ས་ཞེས་ཀྱང་བྱ། མཐར་ཐུག་པ་དེ་ལ་གནས་པར་འགྱུར་རོ། །དེ་ནི་ང་ཡིན་ཞེས་པ་དང་སྦྱར་ན་ད་ལྟ་ཉིད་ནས་རིག་པ་འཛིན་པའི་ས་ལ་གནས་པར་བསྟན་ཏེ། འཆད་པའི་སྟོན་པ་ཀུན་བཟང་དངོས་སུ་གསུངས་པའི་ཕྱིར་རོ། །དེའི་ཡོན་ཏན་ཡོངས་སུ་མ་རྫོགས་པར་སྣང་ཡང་དོན་ལ་རྫོགས་པར་ཡོད་དེ། སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་ཕྱིར་རོ། །དཔེར་ན་མི་དབུལ་པོའི་ས་འོག་གམ་ཁྱིམ་ན་རིན་པོ་ཆེའི་གཏེར་ཡོད་པ་འབྱིན་པའི་རྩོལ་བ་ལ་གནས་པའི་ཚེ། དུས་དེ་ནས་ལོངས་སྤྱོད་མིག་ལམ་མ་འགྱུར་བས་དབུལ་པོར་བརྗོད་ཀྱང་གཏེར་ཆེན་དངོས་སུ་དབང་བར་ཐག་ཆོད་པས་འབྱོར་པ་ཅན་ཡིན་པ་བཞིན་དུ། ས་རབ་རིག་པ་འཛིན་པ་རང་ལ་གནས་པ་དེ་ཉིད་མངོན་དུ་བྱེད་པའི་རྩོལ་བ་ལ་ཞུགས་པས་ན་ས་རབ་རིག་པ་འཛིན་པ་གནས་ཞེས་ཀྱང་བཤད་པར་བྱ་སྟེ། འདི་ཁོ་ནར་ངེས་སོ་ཞེས་ཕྱོགས་གཅིག་ཏུ་རྟག་པ་མཐའ་བཟུང་གིས་རྒྱུད་སྡེ་ཆེན་པོ་བཤད་པར་མི་བྱ་སྟེ། རྡོ་རྗེའི་ཚིག་བརླིང་ཞིང་གང་དུའང་སྦྱར་དུ་ཡོད་པའི་ཕྱིར་རོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། རྒྱུད་ཀྱི་སྟོན་པས་མཛད་པ་ཆེན་པོའི་བཤད་པ་རྫོགས་ནས་ཇི་ལྟར་བཞུགས་ཚུལ་སྟོན་པ་སྟེ། དེའང་མདོ་དང་རྒྱུད་སྡེ་ཁ་ཅིག་གིས་ནི་བཤད་པ་རྫོགས་ནས་འཁོར་རྣམས་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་པ་ཙམ་སྟོན་ཞིང་། དེ་ནས་སྤྱོད་ལམ་གཞན་གྱིས་བཞུགས་པར་མངོན་པར་དུས་རེས་འགའ་བར་བསྟན་ལ། ཐབས་ཀྱི་ཞགས་པ་ལས། ཉིད་ཀྱི་ཐུགས་ཀར་ཞུགས་ནས་མི་སྣང་བར་གྱུར་ཏོ། །ཞེས་དཀྱིལ་འཁོར་བསྡུ་བས་མི་སྣང་བར་གསུངས་ཤིང་། དེ་དག་ཏུ་སྟོན་པ། བསྟན་པ། འཁོར། དུས། གནས་རྣམས་རེ་འགའ་བ་དང་། སྟོན་པ་ཉིད་ལས་གཞན་དུ་གྱུར་པས་དམན་པ་དང་། ཆོས་ཀྱང་སྣ་ཚོགས་པ་དང་། གནས་ཀྱང་གདུལ་བྱའི་སྣང་བས་བསྡུས་པ་སྟེ། ཐུན་མོང་དུ་གྱུར་པ་རྣམས་ལས་ཆེས་གསང་ཞིང་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར་རྒྱུད་ཀྱི་དོན་དེ་སྐད་ཅེས་བརྗོད་པས་རང་སྣང་འོད་གསལ་དུ་བཀོད་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཏིལ་གྱི་གོང་བུ་ཇི་སྙེད་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་ཁྱབ་པ་དེ་དག་ཐམས་ཅད་གཉིས་སུ་མི་དམིགས་ཤིང་། ངོ་བོ་དབྱེར་མེད་པར་དགྱེས་ནས་དུས་གསུམ་འཕོ་འགྱུར་མེད་པའི་ངང་གཞིར་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ་མཉམ་པ་ཉིད་ཀྱི་དབྱིངས་མཐའ་དབུས་མེད་པའི་ཞིང་ཁམས། སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཉིད་དེ། ནམ་མཁའ་བཞིན་དུ་རང་བཞིན་འཕོ་འགྱུར་དང་འཕེལ་འགྲིབ་མེད་པའི་ཚུལ་གྱིས་བཞུགས་སོ། །ཞིང་ཁམས་གསང་བའི་སྙིང་པོ་ཡེ་ཤེས་ཀྱི་རང་སྣང་དེ་ཁོ་ན་ཉིད་ངེས་པ་ལས། མཛད་པ་རྫོགས་ནས་དགོངས་པ་ལ་བཞུགས་པས་མཉེས་པ་དང་རྒྱུད་མི་ནུབ་པར་གཏད་པས་འཁོར་གྱིས་ཡོངས་སུ་བཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་གསུམ་ལས། དང་པོ་རྒྱུད་གང་གི་ཁོངས་སུ་གཏོགས་པ་ནི། བརྗོད་བྱ་གཞན་ལས་ཁྱད་པར་དུ་འཕགས་པ་བདེན་པ་དབྱེར་མེད་ཀྱི་དོན་ཡེ་ནས་སངས་རྒྱས་པར་སྟོན་པས་རྗོད་བྱེད་ཚིག་གི་རྒྱུད་ལའང་འཕགས་པ་ཞེས་བརྗོད་དོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་རྟོག་པ་ཟེར་ལ། འདི་ནི་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རྟོག་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོ་ལེའུ་སྟོང་ཕྲག་བརྒྱ་ཡོད་པ་ལས་དེའི་ཁོངས་སུ་གཏོགས་སོ། །གཉིས་པ་ལེ་ལག་གང་ཡིན་པ་དེ་ནི། དེའི་ནང་ནས་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞིའམ་བྱུང་ཁུངས་ཡིན་པས་ལུང་གི་སྤྱི་ཞེས་བྱའོ། །དེ་ཉིད་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གསང་བ་ཡིན་ལ། མཆོག་ཏུ་འཕགས་ཤིང་རབ་ཏུ་ཟབ་ལ་རྒྱ་ཆེ་བའི་གནས་སྟོན་པའི་ཕྱིར་གསང་བའི་སྙིང་པོ་གཞི་ལམ་འབྲས་བུའི་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་ལེའུ་ཞེས་བྱ་བ་ཡིན་ཏེ། འདི་ལས་ཐེག་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་མ་ལུས་པར་འཕྲོས་ཏེ་བསྟན་པས་ན་ཀུན་གྱི་རྩ་བར་གྱུར་པ་ཡིན་ནོ། །གསུམ་པ་འབྲས་བུ་མཆོག་ཏུ་བསྟན་པ་ནི། རྒྱལ་བ་རྣམས་ཀྱིས་འགྲོ་བའི་དོན་དུ་སྒྱུ་འཕྲུལ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བ་དེ་དག་གི་ནང་ནས་འབྲས་བུ་གསང་སྔགས་བླ་ན་མེད་པའི་མཆོག་རྩ་བའི་རྒྱུད་ཆེན་པོ་རྫོགས་སོ། །ཞེས་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །དེ་ལྟར་རྒྱུད་དོན་ཟབ་ཅིང་རྒྱ་ཆེ་འཕགས་བློའི་སྤྱོད་ཡུལ་གངས་ཅན་མཚོ། །མཁའ་ལྟར་རབ་ཞི་རྙོག་པ་ཀུན་བྲལ་གདོད་ནས་འོད་གསལ་འདུས་མ་བྱས། །ཇི་སྙེད་ཇི་བཞིན་གཟིགས་པའི་གསང་ཆེན་ཤིན་ཏུ་རྨད་བྱུང་མཐའ་ཡས་གང་། །རྒྱལ་བའི་ཐུགས་རྗེས་འགྲོ་ལ་སྣང་བྱས་གངས་རིའི་ཁྲོད་འདིར་ཅུང་ཟད་གསལ། །དེ་དོན་མཁས་རྣམས་རིམ་པར་ལེགས་བཤད་གསེར་གྱི་དྲྭ་བས་མཛེས་བྱས་ནའང་། །ཚིག་དོན་བརྒལ་དཀའི་ཆོས་ཚུལ་རྒྱ་མཚོ་ད་དུང་ཅུང་ཟད་ཡོངས་མི་གསལ། །འདི་ནི་ཤིན་ཏུ་རྟོགས་དཀའ་རླབས་ཆེན་གསང་བའི་མཛོད་ཡིན་ཕྱིར། །ཀུན་གྱི་ཡུལ་མིན་མཆོག་གསང་རབ་ནི་རིགས་ལྡན་འགྲོ་བའི་ཐུགས་ལ་གནས། །གང་འདིར་བདག་བློའི་མཚོ་སྐྱེས་ཚལ་དུ་ཚིག་དོན་རྣམ་བཀྲའི་གཟུགས་སྣང་བ། །ཀུན་དགའི་ཆ་ཤས་ཟླ་བའི་གཟུགས་བརྙན་དྭངས་པའི་རྫིང་བུར་ཤར་བ་བཞིན། །གསལ་ཞིང་ཡོངས་དག་དཀྱིལ་འཁོར་གང་བས་ཆུ་ནང་ཀུན་ཏུ་མཛེས་པ་ནི། །ལྷ་ཡི་ཐུགས་རྗེ་ཤིན་ཏུ་རྨད་བྱུང་ཆེས་དཀར་རོལ་བའི་ཟུང་གིས་བརྒྱན། །ཚུལ་འདི་སྐལ་བཟང་སློབ་མའི་མཆོག་གྱུར་པ། །བློ་བཟང་དགེ་བའི་འབྱུང་གནས་དམ་པ་དང་། །དད་ལྡན་གཏོང་ཕོད་སྲི་ཞུའི་མཆོག་གྱུར་པ། །ཤཱཀྱ་ཡེ་ཤེས་བཟང་པོས་བསྐུལ་བའི་ངོར། །ཇི་བཞིན་དོན་ཉིད་སྤྱོད་པའི་རྣལ་འབྱོར་པས། །རྒྱུད་དོན་ཟབ་མོའི་རང་བཞིན་མངོན་ཕྱུངས་ནས། །གངས་རི་ཐོད་དཀར་རིན་ཅེན་སྙིང་པོའི་མགུལ། །ཨོ་རྒྱན་རྫོང་ཞེས་བྱ་བའི་གནས་སུ་བཀོད། །ཇི་བཞིན་དོན་ཉིད་དེ་ལྟར་ཕྱེ་ཡང་རྒྱུད་དོན་རྡོ་རྗེའི་ཚིག་བརླིང་བས། །འགལ་འཁྲུལ་ནོར་བའི་རང་བཞིན་མཆིས་སྲིད་འཕགས་པའི་གོ་འཕང་མ་ཐོབ་ཕྱིར། །རྒྱལ་དང་རྒྱལ་སྲས་བླ་མའི་ཚོགས་དང་བློ་མཆོག་མངའ་བ་ཇི་སྙེད་དང་། །ཡེ་ཤེས་ལས་གྲུབ་མཁའ་འགྲོའི་སྤྲིན་ཕུང་དམ་ཅན་རྒྱ་མཚོས་བཟོད་པར་མཛོད། །སྔོན་རབས་སྐྱེ་བར་ཀྃ་རུའི་ཤར་ཕྱོགས་བྷེ་ལ་ཧེ་ཏའི་ནགས་ཁྲོད་དུ། །མ་ཧཱ་མི་ཏྲ་པདྨའི་རྗེས་སློབ་ཕྱི་ནང་གྲུབ་པའི་དོན་ཀུན་ཤེས། །དེ་ལས་འདིར་འོངས་མདོ་རྒྱུད་གསལ་བའི་བློ་གྲོས་དམ་པ་ངང་གིས་གྲུབ། །ཟབ་དོན་སྙིང་པོའི་བདུད་རྩིས་རབ་བརླན་ངེས་གསང་སྙིང་པོའི་ཚུལ་འདིར་མོས། །ད་ནི་རྒྱལ་བའི་བསྟན་པ་རིན་ཅེན་གཏེར། །ཕན་བདེའི་འོད་སྟོང་མངའ་བའང་ནུབ་ཏུ་ཉེ། །ལེགས་ལྡན་འགྲོ་བའི་མིག་ཀྱང་ཕལ་ཆེར་ཟུམ། །གང་ནའང་ཆོས་ཚུལ་འདི་འདྲ་དཀོན་པས་ན། །ཐོས་བསམ་སྙིང་པོའི་དོན་ལ་ནན་ཏན་བསྐྱེད། །ནམ་ཡང་མི་རྟག་སྐྱེས་བུའི་ཚེ་འགྲོ་སྟེ། །ལྦུ་བ་བརྡོལ་འདྲ་སོ་སོར་འཇིག་གྱུར་ཅིང་། །སྲིད་པའི་བདེ་སྡུག་ཁོར་མོར་འཁྱམས་པ་ན། །འཁོར་བའི་གྲོང་ལས་ཞི་བདེའི་ནགས་ཁྲོད་དུ། །རང་བཞིན་འདའ་བས་བརྩོན་པའི་གོ་བགོས་ཤོག །དེ་བས་རབ་ཏུ་ཐར་པའི་ལམ་ཞུགས་ཏེ། །དེ་རིང་ཉིད་ནས་སྲིད་ལ་སྐྱོ་བ་ཡིས། །དོ་མོད་ཙམ་ཡང་གནས་པའི་མཐུ་མེད་ཅེས། །ད་ལྟ་ཉིད་ནས་ངེས་པར་བསམ་འཚལ་ལོ། །མཛོད་ལྡན་རྣམས་ཀྱི་ཡེ་ཤེས་གངས་ཅན་མཚོ། །མཚོ་གཏེར་ཟབ་མོ་ཤིན་ཏུ་རྨད་བྱུང་དྭངས། །དྭངས་པའི་འོད་ཀྱི་ཡོན་ཏན་ཕུན་ཚོགས་ཀུན། །ཀུན་ནས་བརྩོན་པས་ལེགས་གྲུབ་འབད་པར་མཛོད། །དུས་རྣམས་ཀུན་ཏུ་དུས་གསུམ་རྒྱལ་བའི་མཛད་པ་ཅན། །བླ་ན་མེད་པའི་བླ་མ་དམ་པ་མཉེས་བྱ་ཞིང་། །དམ་ལས་མི་འདའ་དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་། །ལྷག་བསམ་རྣམ་དག་ལྷག་པའི་ཏིང་འཛིན་ཟབ་མོ་བསྒོམ། །དེ་ལྟར་ལེགས་གསུངས་ཞི་བའི་ཆོས་ཚུལ་ཚངས་པའི་རྔ་སྒྲ་སྙན་པོ་ཡིས། །མ་རིག་གཉིད་མྱོས་འཇིག་རྟེན་གསུམ་རྣམས་སྐད་ཅིག་དེ་ལས་རབ་སད་དེ། །ཡེ་ཤེས་དམ་པའི་གོ་འཕང་ལ་གནས་གདོད་མའི་གཞི་ལ་མཐར་ཕྱིན་ནས། །ཆོས་སྐུའི་མཁའ་དབྱིངས་དྲི་མ་མེད་ལ་གཟུགས་སྐུའི་དཀྱིལ་འཁོར་སྣང་བར་ཤོག །ཕྱི་ནང་སྣོད་བཅུད་རིགས་ལྔའི་ཞིང་དུ་མ་ལུས་རང་བཞིན་རྣམ་དག་ཅིང་། །ཉོན་མོངས་ཡེ་ཤེས་དྲི་མ་མེད་ལ་དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་མཆོག །ཡེ་ནས་ཡིན་ལ་དེ་ལྟར་གསལ་བས་གློ་བུར་སྒྲིབ་གཉིས་རྣམ་དག་ཅིང་། །གང་ནའང་སྲིད་ཅེས་མིང་ཙམ་མེད་ལ་ཐམས་ཅད་ཀུན་བཟང་ཉིད་གྱུར་ཅིག །ཕྱོགས་བཅུ་དུས་བཞིའི་རང་བཞིན་གཉིས་མེད་དཔལ་ལྡན་དགའ་བའི་སྐྱེད་མོས་ཚལ། །གདོད་ནས་མངོན་པར་བྱང་ཆུབ་ཚུལ་འདི་གསལ་བར་བཀོད་པའི་ལེགས་བྱས་དེས། །འགྲོ་བས་རང་བཞིན་འབད་པ་མེད་པར་ཞི་བའི་དབྱིངས་སུ་ལེགས་གཞོལ་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་སངས་རྒྱས་པད་མ་འཛུམ་པར་ཤོག །དཔལ་ལྡན་ཡོན་ཏན་སྤྲིན་གྱི་བཞོན་པའི་བླ་རེ་ཤིན་ཏུ་གསལ་བ་ཅན། །མཛད་པའི་རྣམ་འགྲོས་ནམ་མཁའི་འཁོར་ཁྱབ་ཕན་བདེའི་ཆར་གྱི་ཚོགས་མང་བ། །ལེགས་གསུངས་རང་བཞིན་གསང་བའི་སྙིང་པོ་རྒྱ་ཆེར་བཤད་པའི་བསོད་ནམས་དེས། །ནམ་མཁའི་མཐའ་ཀླས་སྐྱེ་རྒུ་ཡོངས་ཀྱི་ཀུན་ཏུ་བཟང་པོའི་གནས་འཐོབ་ཤོག །ལས་དང་ཉོན་མོངས་སྲིད་པའི་མཚོ་ལས་བརྒལ་བར་ཤོག །ས་དང་ལམ་དང་གཟུངས་དང་ཏིང་འཛིན་འགྲུབ་པར་ཤོག །གནས་སྐབས་མཐར་ཐུག་རེ་བ་ཐམས་ཅད་རྫོགས་པར་ཤོག །དག་པའི་ཞིང་རྣམས་རྒྱལ་བས་ཡོངས་གང་མཐོང་བར་ཤོག །བགེགས་དང་སྲིན་པོ་མཁའ་འགྲོའི་གདོན་གྱི་ཚོགས་ཞི་ཞིང་། །ཚེ་དང་དཔལ་དང་སྐལ་པ་བཟང་པོས་ལེགས་འབྱོར་ཏེ། །ཞི་དང་རྒྱས་དང་དབང་དང་མངོན་སྤྱོད་འགྲུབ་པ་ཡིས། །འགྲོ་བའི་དོན་གཉིས་རིན་ཅེན་མཆོག་ལེགས་འབྱུང་བར་ཤོག །ཆོས་ཚུལ་འདི་ཡང་ཇི་སྲིད་ནམ་མཁའ་གནས་ཀྱི་བར། །འགྲོ་བའི་དོན་དུ་དེ་སྲིད་གནས་པའི་དོན་བྱེད་ཅིང་། །ཉི་ཟླའི་མཆོག་དང་ནོར་བུ་དཔག་བསམ་བུམ་མཆོག་བཞིན། །ལྷུན་གྱིས་གྲུབ་པའི་མཛད་པ་ཆེན་པོས་ཕྱོགས་རྣམས་ཀུན་ཏུ་ཁྱབ་པར་ཤོག །གདྒཱའི་ཆུ་བོ་རྒྱུན་རིང་ཇི་བཞིན་འདིས་ཀྱང་གཞན་ཕན་རྒྱུན་རིང་ཞིང་། །འོད་ལྡན་རྣམས་ཀྱི་བདུད་རྩིའི་མཆོག་བཞིན་ཉོན་མོངས་གདུང་བ་སེལ་བ་དང་། །ཡིད་བཞིན་རིན་ཅེན་སྤྲིན་གྱི་ཚོགས་བཞིན་འདོད་དགུའི་རེ་བ་རྣམས་སྐོང་ཞིང་། །ས་ཆེན་གླིང་བཞི་སྣང་བྱེད་མཆོག་བཞིན་ཡིད་མཁའི་མུན་པ་སེལ་བར་ཤོག །ཆོས་ཚུལ་སྟོན་ཀའི་རི་བོང་འཛིན་གཟུགས་ལེགས་བཤད་རྒྱུ་སྐར་ཕྲེང་བ་ཅན། །དོན་རྣམས་གསལ་བའི་འོད་དཀར་གྱིས་མཛེས་བློ་གསལ་ཀུནྡའི་ཁ་འབྱེད་པ། །ཉེས་པའི་ཆ་ཤས་སྒྲིབ་པ་མེད་ཅན་མ་རིག་མུན་པ་སེལ་བའི་དཔལ། །བློ་གྲོས་རྟ་ལྔའི་བཞོན་པས་རབ་བསྐྱོད་སྐལ་ལྡན་འགྲོ་བའི་སྣང་བྱེད་ཡིན། །གང་རྣམས་ཕྱི་ནང་དོན་རྣམས་ཤེས་འདོད་གཞུང་ལུགས་རྒྱ་མཚོར་གནས་བཅས་ཏེ། །ཇི་བཞིན་དོན་ཉིད་རྣམ་དཔྱོད་མིག་གིས་དེ་བཞིན་ལེགས་པར་ལྟ་འདོད་པ། །དེ་དག་གིས་ཀྱང་ཚུལ་འདི་མཐོང་ན་དགའ་བའི་བློ་གྲོས་ཆེར་འཕེལ་ཅིང་། །གྲགས་དང་མ་གྲགས་ཚིག་དོན་རྣམ་བཀྲའི་ཚུལ་ལ་ཤིན་ཏུ་མཁས་པར་འགྱུར། །རྒྱུད་དོན་རྒྱ་མཚོའི་ཕ་རོལ་བརྒལ་འདོད་པས། །ལེགས་བཤད་རིན་ཅེན་གྲུ་བོ་འདིར་ཞུགས་ཏེ། །དོན་ཟབ་བ་དན་གཤོག་ཡངས་བརྐྱང་བྱས་ནས། །ཚིག་དོན་ཇི་བཞིན་དོན་གཉིས་བླང་བར་རིགས། །འདིར་ནི་རྒྱུད་དོན་འོ་མའི་ཆུ་གཏེར་མཆོག །བདག་བློའི་རྣམ་དཔྱོད་བཟང་པོས་ལེགས་བསྲུབས་ཏེ། །སྙིང་པོའི་རང་བཞིན་བཅུད་དུ་རབ་བསྡུས་ནས། །ཕྱི་རབས་འགྲོ་བ་རྣམས་ལ་སྣང་བར་བྱས། །ཕྱོགས་ཙམ་མ་ཡིན་དོན་ཀུན་གསལ་བ་ཡིན། །གྲགས་ཕྱིར་མ་ཡིན་གཞན་ཕན་བརྩེ་བ་ཡིན། །རྙེད་ཕྱིར་མ་ཡིན་ཆོས་དོན་མཐོང་ཕྱིར་ཡིན། །ཉེས་བཤད་མ་ཡིན་ལེགས་བཤད་རྒྱམ་ཚོ་ཡིན། །ཡེ་ཤེས་རྣམ་བཀྲ་ནོར་བུའི་ཁང་བཟང་དབང་པོའི་གཞུ་དང་དུས་མཚན་དང་། །ཉི་མ་རྣམ་བཀྲ་དཀར་བའི་མཆོག་དང་ཟླ་ཟེར་བདུད་རྩིའི་སྐྱེད་མོས་ཚལ། །གཞི་ལམ་འབྲས་བུའི་དེ་ཉིད་ལེགས་མཚོན་མཆོག་གསང་རྫོགས་པ་ཆེན་པོའི་དོན། །མ་ལུས་རང་བཞིན་གཅིག་ཏུ་བསྟན་པ་གསང་བའི་སྙིང་པོ་དམ་པ་ཡིན། །འོད་ལྡན་རྣམས་ཀྱི་སྙིང་པོ་ལ་རེག་པདྨའི་དྲྭ་བས་ཆེར་མཛེས་ཤིང་། །བདུད་རྩིའི་ལྷ་དང་མིའམ་ཅིས་མཆོད་ཤིན་ཏུ་གསང་བའི་མཛོད་མངའ་བ། །རྒྱལ་བའི་ཡུམ་གྱུར་ཀུན་གྱི་འབྲས་བུ་གསང་བའི་སྙིང་པོར་འགྲོ་བའི་ལམ། །དེ་ཉིད་ལེགས་གསུངས་རྒྱ་ཆེའི་ཚུལ་ལ་ཆེན་པོ་རྣམས་ཀྱིས་མཆོག་ཏུ་བསྔགས། །ལམ་འདིར་ཞུགས་རྣམས་ཀུན་ལས་མཆོག་གྱུར་ས་རབ་རིག་པ་འཛིན་ལ་གནས། །ལྷ་མིའི་འཇིག་རྟེེན་མཆོག་གི་གཙོ་དང་དྲང་སྲོང་གྲུབ་པས་ཕྱག་བྱས་ཤིང་། །དོན་གཉིས་འབྲས་བུ་ཚེ་འདིར་འབྱོར་པས་ཞིང་གི་དམ་པ་རྒྱ་ཆེ་བ། །དེ་ཕྱིར་དེ་དག་འབྱུང་བའི་མཛོད་ནི་རྣམ་བཤད་རྒྱ་མཚོ་འདི་ཡིན་པས། །ཐར་འདོད་རྣམས་ཀྱིས་ཆོས་ཚུལ་མཆོག་འདི་གཙུག་གི་རྒྱན་དུ་གུས་པས་བཟུང་། །དགེ་ལེགས་ཡིད་བཞིན་སྟོན་ཀའི་སྤྲིན་ནི་འཇུག་པའི་སྣང་བ་རྒྱ་ཆེ་བ། །འོད་ཟེར་སྣ་ཚོགས་ཀུན་ནས་འཁྲུག་ཅིང་ཞིང་རྣམས་བྱེ་བ་གསལ་བར་བྱེད། །མ་ལུས་དེ་དག་ལམ་ལྡན་འདིར་བརྟེན་ལེགས་པའི་འབྲས་བུ་མཆོག་འགྲུབ་སྟེ། །ཕྱོགས་བཅུའི་མགོན་པོས་རབ་ཏུ་དགོངས་ཤིང་ཀུན་ནས་བསྔགས་པར་མཛད་པ་ཡིན། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ། སྒྱུ་འཕྲུལ་དྲྭ་བའི་རྣམ་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་མུན་པ་ཐམས་ཅད་ངེས་པར་སེལ་བ་ཞེས་བྱ་བ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྒྱ་མཚོ་ལ་མང་དུ་ཐོས་ཤིང་ལེགས་པར་སྦྱངས་པའི་མེ་ཏོག་རྒྱུན་ཆགས་པས་བློའི་པད་མཚོ་གང་བར་བྱས་པའི་རང་བཞིན། ཐེག་པ་མཆོག་གི་རྣལ་འབྱོར་པ་རྡོ་རྗེ་གཟི་བརྗིད་ཀྱིས་སྔོན་གྱི་འགྲེལ་ཆེན་དུ་མ་དང་། བླ་མ་རྣམས་ཀྱི་ལེགས་བཤད་མངོན་པར་སྣང་བའི་ཚོགས་དང་། རྒྱུད་ལུང་མན་ངག་དུ་མའི་སྙིང་པོ་བསྡུས་ཏེ་གཞན་ལ་ཕན་པའི་བློས་ཤིན་ཏུ་གསལ་བར་ཕྱེ་ནས། འབྲུག་གི་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་བཀྲ་ཤིས་ཀྱི་ཉི་མ་ཤར་བ་ལ་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།