མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ།
༄༅ །མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་བཞུགས་པ་ལགས་སོ། །རྒྱུད་ཀྱི་རྒྱལ་པོ་གསང་བ་སྙིང་པོ་འདི་བཤད་ན། དབང་པོ་རབ་ལ་མཚན་བསྟན་པ་ལ་གསུམ་སྟེ། དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་ནོ། །དགོས་དོན་ནི། དབང་པོ་རབ་ཀྱིས་རྩ་ལ་རྟེན་ནས། ནད་ངོས་འཛིན་པ་ལྟར། མཚན་གྱིས་རྒྱུད་དབུའ་ཞབས་ཀྱི་དོན་རྟོགས་པའོ། །འབྲིང་དང་ཐ་མས་གླེགས་བམ་ཚེགས་ཆུང་བའོ། །བསྡུས་པའི་དོན་ལ་བཞི་སྟེ། གང་བསྟན་ན་རྒྱུད་ཀྱི་མཚན་བསྟན། གང་གིས་བསྟན་ན་བསྡུད་པ་པོས་བསྟན། གང་དུ་ཇི་ལྟར་བསྟན་ན་དབུའ་དང་ལེའུ་འཚམས་སུ་བསྟན། བསྟན་པའི་དགོས་པ་མཚན་གྱི་འོག་ཏུ་དོན་ཀུན་འདུས་པའོ། །ཚིག་དོན་ལ་གཉིས་སྟེ། སྐད་གང་ཡིན་ངོས་བཟུང་བ་དང་། མཚན་གྱི་དོན་བཤད་པའོ། །སྐད་གང་ཡིན་ངོས་བཟུང་ན་གཉིས་སྟེ། བྱེ་བྲག་དང་། སྐད་ལུགས་སོ། །བྱེ་བྲག་ལ་གསུམ་སྟེ། སྒྲ་སྐད་ལ་འཇུག་པ་བྷྱ་སྐ་ར་ནའི་སྐད་དང་། ཆོས་སྐད་ཐམས་ཅད་ལ་འཇུག་པ་བྷྱ་ག་ཏ་ཡུག་ཏིའི་སྐད་དང་། སྒྱུར་ཐམས་ཅད་ལ་འཇུག་པ་བིང་པ་ཏའི་སྐད་དོ། །སྐད་ལུགས་ལ་བཞི་སྟེ། དྷེ་བ་བྷ་ས་ཞེས་བྱ་བ་སང་ཀྲི་ཏ་ལེགས་པར་སྦྱངས་པའི་ལྷའི་སྐད་དང་། ཨ་སུ་རམ་བྷ་ཞེས་བྱ་བ་ཨ་བ་བྲག་ཤི་ཏ་ཟུར་ཆག་པ་ལྷ་མ་ཡིན་གྱི་སྐད་དང་། པྲེ་ཏ་བྷ་ས་ཞེས་བྱ་བ་འབྲེ་ཤ་ཙི་ཏ་ཤ་ཟ་ཡི་དྭགས་ཀྱི་སྐད་དང་། ཡོ་ག་བྷ་ས་ཞེས་བྱ་བ་པྲ་ཀྲི་ཏ་ཕལ་པ་འཇིག་རྟེན་པའི་སྐད་ལས། འདིར་སང་ཀྲི་ཏའི་སྐད་དོ། །མཚན་གྱི་དོན་བཤད་པ་ལ་གསུམ་སྟེ། རྒྱུད་ལྟར་ན་སྒྱུ་འཕྲུལ་དྲྭ་བ་དང་། ལུང་ལྟར་ན་ལུང་གི་སྤྱི་དང་། མན་ངག་ལྟར་ན་གསང་བ་སྙིང་པོའོ། །རྒྱུད་ལྟར་ལ་བཞི་སྟེ། དང་པོ་ཕྱི་ལྟར་སྒྲོ་འདོགས་གཅོད་པའི་སྒྱུ་འཕྲུལ་དྲྭ་བ་ནི། ལུང་ལས། ཀུན་འབྱུང་དཀྱིལ་འཁོར་སྒྱུ་འཕྲུལ་ཆེ། །མང་ལ་འབྲེལ་བ་དྲྭ་བའི་དོན། །ཞེས་སོ། །གཉིས་པ་ནང་རྩ་གནས་ཀྱི་སྒྱུ་འཕྲུལ་དྲ་བ་ནི། ལུང་ལས། གནས་བཞི་གར་ཐབས་སྒྱུ་མ་ལ། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །ཅིར་གསལ་བདག་ཉིད་རིག་པར་འབྲེལ། །དྲ་བའི་དོན་དུ་ང་ཡིས་བཤད། །ཅེས་སོ། །གསུམ་པ་གསང་བ་སྙོམས་འཇུག་པ་དགོངས་པའི་སྒྱུ་འཕྲུལ་དྲྭ་བ་ནི། ལུང་ལས། ཤེས་རབ་ཐབས་རོལ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོར་ཤར། །ཐབས་དང་ཐབས་བྱུང་འབྲེལ་བ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་སྒྱུ་འཕྲུལ་དྲ་བ་ནི། སྟོང་ཞིང་དབེན་པའི་སེམས་ཉིད་ནི། །རིགས་དང་ཁ་དོག་དབྱིབས་མྱེད་དེ། །ཅིར་ཡང་མྱེད་ལས་ཅིར་ཡང་སྣང་། །ཅིར་འགྱུར་སྒྱུ་འཕྲུལ་རྒྱ་མཚོའི་འབྱུང་། །སེམས་ཀྱི་སྒྱུ་འཕྲུལ་ཆེན་པོ་ཡིན། །ཞེས་སོ། །ལུང་ལྟར་ན་ལུང་གི་སྤྱི་ནི་གསུམ་སྟེ། དྲང་དོན་སྟོན་པ་མཚན་ཉིད་ཀྱི་ལུང་། ངེས་པར་ཟད་པ་སྔགས་ཀྱི་ལུང་། དེ་ཁོ་ན་ཉིད་དབྱེར་མེད་པའི་ལུང་འདིའོ། །དེ་ཡང་འདི་ཉིད་ཀྱི་ལེའུ་ཐ་མ་ནས། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། ཞེས་སོ། །མན་ངག་ལྟར་ན་གསང་བ་སྙིང་པོ་ནི། མཚན་གྱི་དངོས་བསྟན་འདི་ཁོ་ན་ལྟར་ཡིན་ཏེ། །༄༅༅། །རྒྱ་གར་སྐད་དུ། འགྷུ་ཧ། གསང་བ། གར་བ། སྙིང་པོ། སྟྭད་དྭ། དེ་ཁོ་ན་ཉིད། ཡ་ཧི། ངེས་པའོ། །ཞེས་པ་སྟེ། རྒྱ་གར་གྱི་ཡུལ་ནི་སྟོན་པས་ཞབས་ཀྱིས་བཅགས་པའི་གནས་ཡིན་པས་བྱིན་བརླབས་ཆེ་ཞིང་བཀྲ་ཤིས་པ་དང་། དཀར་པོའི་ཆོས་འབྱུང་ས་ཡིན་པས་ཁུངས་བཙུན་པ་དང་། སང་ཀྲི་ཏའི་སྒྲ་སྐད་བཟང་པོ་ལ་བློ་སྦྱངས་པས། བག་ཆགས་བཟང་པོ་སོག་པའི་དགོས་པ་ཡོད་པས། རྒྱ་གར་སྐད་ཀླད་དུ་སྨོས་པ་ཡིན་ནོ། །ཁ༽གཏར་ཀས་གགས་སེལ་བའི་ཚིག་ཀླག་ཁྲ་མོ་གཟན་ལ་འཇུམས་པ་ལྟར་བཤད་པས། གགས་གསལ་ན། སེམས་དང་ཡེ་ཤེས་རང་སྣང་བར་བསྟོན་པའི་རྒྱུད་དཔལ་གསང་བ་སྙིང་པོ་འདི་ལ་མཚན་གསུམ་སྟེ། རྒྱུད་དང་སྐྱེས་བུའི་མཚན་ཐུན་མོང་དུ་བསྟན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ། ལུང་ལྟར་ན་ལུང་ཐམས་ཅད་ཀྱི་སྤྱིའི་ལུང་། མན་ངག་ལྟར་ན་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་གསུམ་ལས། འདིར་མཚན་གཞན་མ་སྨོས་པར། མན་ངག་ལྟར་ཁོ་ན་ངེས་པ་ཅི་ཞེས་ན། དེ་ནི་རྒྱུད་མན་ངག་ལྟར་བཤད་པའམ། གལ་ཆེ་ཞིང་གཙོའ་ཆེ་བའི་དབང་དུ་སྨོས་པ་ཡིན་ནོ། །བོད་སྐད་དུ། གསང་བ། དེར་རང་བཞིན་སྟན། སྤྱི་དོན་བཤད་པ། མཚན་ལ་གཉིས་ཏེ། གྲོལ་ལམ་དང་སྦྱར་བ་དང་། ཐབས་ལམ་དང་སྦྱར་ནས་བཤད་པའོ། །གྲོལ་ལམ་དང་སྦྱར་ན། གསང་བ་ལ་གསུམ་སྟེ། རང་བཞིན་གྱིས་གསང་བ། སྦས་པའི་གསང་བ་དང་། གབ་པའི་གསང་བའོ། །རང་བཞིན་གྱི་གསང་བ་ལ་བཞི་སྟེ། ཡེ་ནས་གསང་བ་དང་། སྣ་ཚོགས་སྣང་ལ་རང་བཞིན་གསང་བ་དང་། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བ་དང་། གཞན་དུ་མིན་ལ་ཤིན་ཏུ་གསང་བའོ། །ཡེ་ནས་གསང་བ་ནི། དོན་དམ་གཉིས་མྱེད་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པའོ། །སྣ་ཚོགས་སྣང་ལ་རང་བཞིན་གསང་བ་ནི། དོན་དམ་དེ་ཉིད་ཀུན་རྫོབ་ཏུ་མི་བཟད་པ་རྒྱན་གྱི་འཁོར་ལོར་ཤར་བ་ངོ་མ་ཤེས་པའོ། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བ་ནི། བདེན་པ་དབྱེར་མྱེད་ཡུལ་སེམས་ལས་གྲོལ་བ་ཡིན་ཡང་ངོ་མ་ཤེས་པའོ། །གཞན་དུ་མིན་ལ་ཤིན་ཏུ་གསང་བ་ནི། རིག་པ་སྤྱོད་ཡུལ་དང་བྲལ་བ་ལས། འབྲས་བུ་གཞན་ན་ཡོད་པ་མ་ཡིན་ཡང་། དེ་ཉིད་རང་ངོ་རང་གིས་མ་ཤེས་པའོ། །དེ་ཡང་ལེའུ་གཉིས་པ་ལས། ཨེ་མའོ་ཡེ་ནས་གསང་བའི་ཆོས། སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལ་ཤིན་དུ་གསང་ཞེས་སོ། །གཉིས་པ་སྦས་པའི་གསང་བ་ནི་བཞི་སྟེ། གང་སྦས་ན་སྤྱོད་པ་སྦྱོར་སྒྲོལ་ལ་སོགས་པ་སྦས། གང་དུ་སྦས་ན་ཙམ་དུ་ཡི་གེའི་རྒྱུད་དུ་སྦས། གང་གིས་སྦས་ན་སྟོན་པས་སྦས། ཅིའི་ཕྱིར་སྦས་ན་ར་ཆོད་ཅན་སུན་དབྱུང་བའི་ཕྱིར་སྦས་སོ། །དེ་ཡང་རོལ་པའི་ལེའུ་གསུམ་པ་ནས། རྒྱུད་ཆེན་གསང་བའི་དོན་རྣམས་ཀུན། །སྦས་བཤད་བརྡའ་ཡིས་རྣམ་པར་འབྱེད། །ཅེས་སོ། །གསུམ་པ་གབ་པའི་གསང་བ་ལ་བཞི་སྟེ། གང་གབ་ན་གསང་བའི་མན་ངག་གབ། གང་དུ་གབ་ན་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གབ། གང་ལ་གབ་ན་མ་རྟོགས་པ་ལ་གབ། ཅིའི་ཕྱིར་གབ་ན་རྒྱུད་དང་རིག་པ་འབྲེལ་བའི་ཕྱིར་གབ་བོ། །དེ་ཡང་ལེའུ་བཅུ་གསུམ་པ་ལས། ཁོ་ན་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་སོ། །སྙིང་པོ། སྙིང་པོ་ལ་གསུམ་སྟེ། རྒྱུའི་སྙིང་པོ་དང་། འབྲས་བུའི་སྙིང་པོ་དང་། བཅུད་འདུས་པ་དོན་གྱི་སྙིང་པོའོ། །རྒྱུའི་སྙིང་པོ་ནི། རྒྱུད་འདིའི་བྱིན་བརླབས་ལས་ཐེག་པ་ཐུན་མོང་བ་ལ་ཤར་ཏེ། ལེའུ་གསུམ་པ་ནས། རང་བཞིན་གསང་བའི་སྙིང་པོ་ནི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་སྟན་ལ་ངེས་པར་འབེབས་ཞེས་སོ། །འབྲས་བུའི་སྙིང་པོ་ནི། ཐེག་པ་གང་གི་ལམ་ནས་བགྲོད་ཀྱང་། མཐར་ཐུག་རང་བཞིན་གསང་བའི་སྙིང་པོའོ་དོན་མངོན་དུ་བྱེད་པའོ། །དེ་ཡང་ལེའུ་ཐ་མ་ནས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །བཅུད་འདུས་པ་དོན་གྱི་སྙིང་པོ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་ཕབ་ཀྱང་། མཐར་ཐུག་གི་འབྲས་བུ་རྟོག་ཚོགས་བཞི་བཅུ་རྩ་གཉིས་ལས་མྱི་མངའ་བའོ། །ལེའུ་ཐ་མ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མྱི་མངའ། །སྒྲོ་དང་སྐུར་པ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དོ་ངེས་པའི་དབྱིངས་ཕྱུང་། །ཞེས་སོ། །དེ་ཁོ་ན་ཉིད། དེ་མཚན་ཉིད་སྟན། དེ་ཁོ་ན་ཉིད་ལ་གསུམ་སྟེ། མ་བཅོས་པའི་དེ་ཁོ་ན་ཉིད། མ་ནོར་བའི་དེ་ཁོ་ན་ཉིད། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །མ་བཅོས་པའི་དེ་ཁོ་ན་ཉིད་ནི། གཉིས་མྱེད་ཀྱི་ཡེ་ཤེས་ལ་བློས་མ་བཅོས་པའོ། །ཐལ་བའི་ལེའུ་བཞི་པ་ནས། རང་བཞིན་ཡེ་ནས་མ་བཅོས་པའི། །རིགས་ཀྱི་དཀྱིལ་འཁོར་མངོན་པར་རྫོགས། །ཞེས་སོ། །མ་ནོར་བའི་དེ་ཁོ་ན་ཉིད་ནི། མ་བཅོས་པ་དེ་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱ་སྣ་ཚོགས་པར་སྣང་བའོ། །དེ་ཡང་རོལ་པའི་ལེའུ་གཉིས་པ་ལས། འབྲས་བུ་སྐུ་མཆོག་ཡེ་ཤེས་ཆེ། །རང་བཞིན་བྱིན་བརླབས་ཤུགས་ཀྱིས་སྣང་། །ཞེས་སོ། །གཞན་མ་ཡིན་པའི་དེ་ཁོ་ན་ཉིད་ནི། དེ་ལྟར་སྣང་ཡང་རང་རིག་ཉིད་སྣང་བ་ལས། གཞན་མ་ཡིན་པའོ། །དེ་ཡང་ལེའུ་གཉིས་པ་ལས། ཉིད་ལས་གཞན་ཞེས་བྱ་བའི་ཆོས། རྩལ་ཡང་རྒྱལ་བས་མི་སྙེམས་སོ། །ཞེས་སོ། །ངེས་པའོ། །ངེ་དོན་སྟན། ངེས་པ་ལ་གསུམ་སྟེ། གཞིའི་ངེས་པ་དང་། ལམ་ངེས་པ་དང་། འབྲས་བུ་ངེས་པའོ། །གཞིའི་ངེས་པ་ནི། གཞིའི་སྒྲོ་སྐུར་དང་བྲལ་བར་ངེས་པའོ། །ལེའུ་གཉིས་པ་ལས་སྒྲོ་དང་སྐུར་པ་ཞི་བའི། །གསང་བ་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་སོ། །ལམ་ངེས་པ་ནི། འབྲས་བུ་ཉིད་ལམ་དུ་བྱེད་པར་ངེས་ཏེ། ལེའུ་བཅུ་གསུམ་པ་ལས། འདི་ནི་གསང་ཆེན་ངེས་པའི ། འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་སོ། །འབྲས་བུ་ངེས་པ་ནི། རང་གི་ངོ་བོས་འབྲས་བུ་ཉིད་ལམ་དུ་བྱེད་པར་ངེས་ཏེ། ལེའུ་བཅུ་གསུམ་པ་ལས། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མྱེད། །ཅེས་སོ། །གཉིས་པ་ཐབས་ལམ་དང་སྦྱར་ནས་བཤད་ན། གསང་བ་ནི་བཞི་སྟེ། ལུས་ལ་གནས་པའི་རྩ་འཁོར་ལོ་དྲུག་གཞལ་ཡས་ཁང་དུ་མ་ཤེས་པ་དང་། རྩ་ལ་རྟེན་པའི་ཁམས་ཐིག་ལེ་ལྷ་སྐུར་མ་ཤེས་པ་དང་། ཐིག་ལེ་ལས་གྲུབ་པའི་སྔགས་ཡི་གེ་གསུང་དུ་མ་ཤེས་པ་དང་། དེ་དག་ལ་ཁྱབ་པའི་སྙིང་པོ་རླུང་ཐུགས་སུ་མ་ཤེས་པས་གསང་བའོ། །དེ་ཡང་ཐལ་བའི་ལེའུ་ལྔ་པ་ལས། བཅུ་དྲུག་བདུད་རྩི་འཛག་པའི། །དཀར་དམར་འོད་ཟེར་འཕྲོ་བ་ཅན། །ཨཾ་ཡིག་དབྱངས་ཀྱི་ཡི་གེས་བརྒྱན། །ཞེས་སོ། །སྙིང་པོ་ནི། དེ་ལྟར་གནས་པ་དེ་ཉམས་སུ་ལེན་པའི་མན་ངག་སྒོམ་པ་སྟེ། ཐལ་བའི་ལེའུ་དེ་ཉིད་ལས། །མེ་རླུང་སྦྱོར་བས་སྐུལ་བྱས་སྟེ། །ཐིག་ལེ་འོད་ཟེར་གྱེན་འབར་བས། །སྨིན་བྱེད་ཁྱབ་པས་བདེ་བའི་མཆོག །རང་གི་གནས་སུ་རྣམ་པར་འཁྱིལ། །ཞེས་སོ། །དེ་ཁོ་ན་ཉིད་ནི། དགའ་བ་བཞིའི་ཉམས་སྐྱེས་པ་སྟེ། ཐའ་བའི་ལེའུ་ལྔ་པ་ལས། དགའ་དང་རྗེས་སུ་དགའ་བ་དང་། །དགའ་བྲལ་ལྷན་ཅིག་སྐྱེས་པའོ། །ཞེས་སོ། །ངེས་པ་ནི། འབྲས་བུ་ཐོབ་པ་སྟེ། འདི་ཉིད་ཀྱི་ལེའུ་བཅུ་གཅིག་པ་ལས། བསྒྲུབ་པ་ཉི་ཟླའི་སྙིང་པོ་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་པ་གསལ་ལོ། །༼ཀ།ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་པ་དེ། རྒྱུད་ཀྱི་སྟོན་པ་ལ་ཕྱག་འཚལ་བ་ནི་གསུམ་སྟེ། དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་ནོ། །དགོས་དོན་ལ་གཉིས་ཏེ། སྟོན་པ་ཕྱག་འཚལ་བས་ཕྱི་རབས་རྣམས་ཚོགས་སྐྱེ་ཞིང་སྒྲིབ་པ་འབྱང་བར་འགྱུར་པ་དང་། སྟོན་པ་དེ་ལ་ཕྱག་འཚལ་བས་རྒྱུད་འདི་ཐམས་ཅད་ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པར་ཤེས་པའོ། །བསྡུས་དོན་ལ་བཞི་སྟེ། ཡུལ་གང་ལ་འཚལ་ན་སྟོན་པ་ལའོ། །གང་གིས་འཚལ་ན་སྡུད་པ་བོས། ཚུལ་ཇི་ལྟར་བཙལ་ན་ཐ་མི་དད་པའི་ཚུལ་གྱིས་སོ། །ཅིའི་ཕྱིར་བཙལ་ན་མ་འོངས་པའི་ཚོགས་བསགས་པའི་ཕྱིར་བཙལ་ལོ། །ཚིག་དོན་ནི་གཉིས་ཏེ། སྟོན་པ་ལ་ཕྱག་འཚལ་བ་དང་། དབང་པོ་ཐ་མའི་དོན་དུ་བཤད་ཐབས་ཀྱི་མན་ངག་བསྟན་པའོ། །སྟོན་པ་ལ་ཕྱག་འཚལ་བ་ནི། ༡ །འདིར་གཏར་ཀ་གགས་གསལ་བ་ནི། ཕྱག་ནི་སྟོན་པ་ཉིད་ལ་ཉིད་འཚལ་བར་མི་འོས་ན། བསྡུད་པ་པོས་ཕྱག་འཚལ་ན། སྟོན་པས་མ་གསུངས་བར་འགོད་པར་མི་འོས་སོ་ཞེ་ན། རྒྱ་མཚོའ་ལས། འཁོར་ལོ་དབུས་ཀྱི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །སྐྱེས་བུ་བཀའ་སྡོད་མདུན་ན་གནས། །རྗོད་པ་མྱེད་པར་སྒྲོ་བ་མཛད། །འཁོར་གྱི་ནང་ན་སྐལ་མཆོག་ལྡན། །ལག་ན་རྡོ་རྗེས་སྡུད་པར་མཛད། །ཅེས་པས། སྡུད་པ་པོས་ཕྱག་འཚལ་སྟེ། འགྲེལ་པ་པར་ཁབ་ནས། སྡུད་པོས་ཚིག་གཉེར་བའི་ཚེ་རང་གི་སྟོན་པ་ལ་མཆོད་པའོ། །ཞེས་སོ། །འདི་ལྟར་བཞེད་དེ། དེ་བཞིན་གཤེགས་པ་ཉིད་ལ་ཉིད་འཆད། ཉིད་ལ་ཉིད་གླིང་། ཉིད་ལ་ཉིད་ཕྱག་འཚལ་ཏེ། གཞུང་ནས་ཀྱང་། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ལ་ཆེད་དུ་བརྗོད་དོ། །ཅེས་སོ། །ཕྱག་ལ་གཉིས་ཏེ། མ་རྟོགས་པའི་དོན་དུ་མཚན་མ་བརྡའི་ཕྱག་བཙལ། རྟོགས་པའི་དོན་དུ་རིག་པ་ཡེ་ཤེས་ཀྱི་ཕྱག་བཙལ་ལོ། ༢ །བཅོམ། བཅོམ་པ་ནི་བཞི་སྟེ། ཡིད་རང་འབྱུང་གི་ཡེ་ཤེས་ཆེན་པོ་ལ་ལས་ཀྱི་སྒྲིབ་པས་མ་གོས་པས་ཉོན་མོངས་པའི་བདུད་བཅོམ། ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་ལ་ཉེར་ལེན་གྱི་ཕུང་པོ་ལྔ་མ་གྲུབ་པས་ཕུང་པོའི་བདུད་བཅོམ། དེ་ལ་འདོད་ཁམས་ཀྱི་ལྷ་མེ་ཏོག་གི་མདའ་ཅན་གྱིས་བར་དུ་གཅད་དུ་མྱེད་པས་ལྷའི་བུའི་བདུད་བཅོམ། རང་འབྱུང་ཡེ་ཤེས་སྐྱེ་འགག་ལས་གྲོལ་བས་འཆི་བདག་བཅོམ། ལྡན། ལྡན་པ་ནི་ཡིད་རང་འབྱུང་གི་ཡེ་ཤེས་དེ་ཡང་ལེགས་པ་དྲུག་དང་ལྡན་དེ། དཔལ་དང་ལྡན། གྲགས་པ་དང་ལྡན། དབང་ཕྱུག་དང་ལྡན། བརྩོན་འགྲུས་དང་ལྡན། ཡེ་ཤེས་དང་ལྡན། གཟུགས་བཟང་དང་ལྡན་པའོ། །འདས། འདས་པ་ནི་གསུམ་སྟེ། རྒྱུ་ཡིད་ཀྱི་རྣམ་ཤེས་དམྱིགས་པ་ལས་འདས། ལམ་རང་འབྱུང་གི་ཡེ་ཤེས་བསྒྲིབ་པ་ལས་འདས། འབྲས་བུ་ཀུན་ཏུ་བཟང་པོ་མཐའ་ཐམས་ཅད་ལས་འདས་པའོ། །དཔལ། དཔལ་ལ་གསུམ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་སེམས་ཉིད་དང་། རྟོགས་པ་མངོན་དུ་གྱུར་པའི་དཔལ་རང་ངོ་རང་གིས་ཤེས་པ་དང་། ཐུགས་རྗེ་ཆེན་པོ་ཞར་ལ་འབྱུང་བའི་དཔལ་འགྲོ་དོན་མཛད་པའོ། །ཀུན་ཏུ་བཟང་པོ་ལ། ཀུན་ཏུ་བཟང་པོ་ནི་བཞི་སྟེ། རང་བཞིན་ཀུན་ཏུ་བཟང་པོ་ནི་གཉེར་པོས་བཅོས་སུ་མྱེད་པའི་སེམས་ཉིད་མཉམ་པ་ཉིད་དང་། རྟོགས་པ་ཀུན་ཏུ་བཟང་པོ་ནི་སེམས་ཅན་ལ་གནས་པའི་ཡིད་སྐུ་གསུང་ཐུགས་དབྱེར་མེད་དུ་རྟོགས་པ་དང་། སྤྱོད་པ་ཀུན་ཏུ་བཟང་པོ་ནི་དེ་ལྟར་རྟོགས་ན་ཅི་སྤྱོད་ཀྱང་བླང་དོར་མྱེད་པར་སྤྱོད་པ་དང་། དུས་ཀུན་ཏུ་བཟང་པོ་ནི་འདས་མ་འོངས་ད་ལྟར་གསུམ་དབྱེར་མྱེད་པས་དུས་བཞི་མཉམ་པ་ཉིད་དུ་རྟོགས་པའོ། །ལ་ཞེས་པ་ངོ་བོ་དེ་ཡུལ་དུ་བྱས་པའོ། །༣ གཉིས་པ་དབང་པོ་ཐ་མའི་དོན་དུ་བཤད་ཐབས་ཀྱི་མན་ངག་ལ་བཞི་སྟེ། བཤད་ཚུལ་ཉེས་པའི་སྐྱོན་བརྒྱད་སྤང་བ་དང་། འདྲེན་པའི་ཚིག་བཅུ་འཕྲུལ་པར་བྱ་བ་དང་། དགོས་པའི་དམྱིགས་བཞི་བཟུང་བ་དང་། ངག་དོན་གྱི་མངོན་རྟོགས་སྡེབ་པའོ། །དང་པོ་བཤད་ཚུལ་ཉེས་པའི་སྐྱོན་བརྒྱད་སྤང་བ་ནི། གོང་འོག་གི་འཁྲུགས་སྡེབ་མ་ཤེས་ན་རིན་པོ་ཆེ་རྩར་འཆོལ་བའི་བཤད་པ་དང་གཅིག །རྟོག་གེ་བའི་གགས་སེལ་མ་ཤེས་ན་འཛངས་པ་ལྕེ་གདུམ་གྱི་བཤད་པ་དང་གཉིས། མྱི་འཐུན་པའི་ཚིག་དོན་སྡེབ་མ་ཤེས་ན་ཤེས་རབ་ལོང་བའི་བཤད་པ་དང་གསུམ། འབྲེལ་ཚུལ་གཉིས་དང་མ་འབྲེལ་ན་སྙོན་པའི་སྙོན་ཚིག་ལྟ་བུའི་བཤད་པ་དང་བཞི། སྤྱི་དང་ཁྱད་པར་གྱི་དགོས་ཆེད་མྱེད་ན་དོན་མྱེད་ཕྱལ་བའི་བཤད་པ་དང་ལྔ། མངོན་པར་རྟོགས་པའི་གོ་རིམས་སྡེབ་མ་ཤེས་ན་བདུད་རྩི་རོ་ཉམས་ཀྱི་བཤང་པ་དང་དྲུག །རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་ཁྱད་མྱེད་པར་བཤད་ན་རྡོ་རྗེའི་ཐེག་པ་ན་བབས་པའི་བཤད་པ་དང་བདུན། གསང་སྔགས་ཕྱི་ནང་འདྲེས་མར་བཤད་ན་སྙན་བསྒྲུབ་བཞིའི་དོན་ལས་གོལ་ཏེ་འབྲོག་འཆོལ་བའི་བཤད་པ་དང་བརྒྱད་དོ། །དེ་ལས་སྐྱོན་དང་པོའི་དབང་དུ་མི་གཏང་བའི་ཕྱིར་ན་འཁྲུགས་སྡེབ་པའོ། །དེས་གཞན་འདྲེའོ། །འདྲེན་པའི་ཚིག་བཅུ་འཕྲུགས་པར་བྱ་བ་ནི། རང་བཞིན་ལྟ་བའི་ཚིག་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟར་བཤད་པ་ནི། དེ་ནི་ལྟ་བའོ། །རྣམ་པར་འབྱེད་པའི་ཚིག་རྟག་གི་འཆོངས་པ་ལྟར་བཤད་དེ། དེ་ནི་ས་གཅད་པའོ། །སྤྱི་དོན་བསྡུད་པའི་ཚིག་སེང་གེའི་རྩལ་སྟོབས་ལྟར་བཤད་དེ། དེ་ནི་གླེང་གཞིའོ། །འབྲེལ་པ་སྦྱོར་བའི་ཚིག་བྱ་ངང་མོའི་འབྱོལ་འགྲོས་ལྟར་བཤད་དེ། དེ་ནི་གོང་འོག་གི་འབྲེལ་པའོ། །རང་རྐྱེན་གཉེར་གྱི་ཚིག་རུ་སྦལ་གྱི་མནུར་འགྲོས་ལྟར་བཤད་དེ། དེ་ནི་གོང་འོག་གི་འབྲུ་མནན་པའོ། །ལྡེམ་དགོངས་མན་ངག་གི་ཚིག་སྣ་ཕྲུག་བྲག་ལ་འཛེག་པ་ལྟར་བཤད་དེ། དེ་ནི་ལྡེམ་དགོངས་བརྒྱད་དོ། །གཏར་ཀས་གགས་གསལ་བའི་ཚིག་ཀླག་གཟན་ལ་འཇུམས་པ་ལྟར་བཤད་དེ། དེ་ནི་གགས་གསལ་བའོ། །ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟར་བཤད་དེ། དེ་ནི་ལྟ་སྤྱོད་ཀྱི་ཁྱད་པར་བསྟན་པའོ། །སྣོལ་མཚམས་འཕེན་བསྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟར་བཤད་དེ། དེ་ནི་འཁྲུགས་སྡེབ་པའོ། །མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ་ལྟར་བཤད་དེ། དེ་ནི་གོ་བར་ཀ་བ་དཔེས་མཚོན་པའོ། །དགོས་པའི་དམིགས་བཞི་བཟུང་བ་ནི། དྲང་དོན་དང་ངེས་དོན་དང་། དགོངས་བཤད་དང་དགོངས་མིན་དང་། སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་དང་། མདོ་རྒྱས་དང་རྩ་བཤད་གཉིས་ཏེ་ཟུང་བཞི་ཡ་བརྒྱད་ནི། རྡོ་རྗེའི་ཚིག་དོན་སོ་སོར་འབྲེལ་བའོ། །ངག་དོན་གྱི་མངོན་རྟོགས་སྡེབས་པ་ནི་བཞི་སྟེ། རྒྱུ་གླེང་གཞིའི་དང་། རྐྱེན་གླེང་བླང་བ་དང་། གཞུང་ཉིད་ཀྱི་དོན་དང་། འགྲོ་བའི་དོན་དུ་སྣང་ཕྱིར་ཡོངས་སུ་བཟུང་བའོ། །རྒྱུ་གླེང་གཞི་ལ་ལྔ་སྟེ། དུས་གང་གི་ཚེ་བྱུང་། སྟོན་པ་གང་གིས་བཤད། གནས་གང་དུ་གནས། འཁོར་གང་ལ་གསུངས། སྡུད་པ་པོ་གང་གིས་བསྡུས་པའོ། །དུས་ནི་སྒྲོ་སྐུར་དང་བྲལ་བའི་དུས་སུ་བླ་ན་མྱེད་པའི་འཁོར་ལོ་སྐོར་རོ། །སྟོན་པ་ལ་གཉིས་ཏེ། རང་བཞིན་ཆོས་སྐུ་དང་། མཛད་སྤྱོད་གཟུགས་སྐུའོ། །རང་བཞིན་ཆོས་སྐུ་རྒྱས་པར་དྲུག་བསྡུས་པར་བཞི་སྟེ། བྱང་ཆུབ་ཆེན་པོའི་རང་བཞིན་དང་། ཆོས་རྣམས་རོལ་པ་ཆེན་པོར་ལོངས་སྤྱོད་པ་དང་། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པའི་བདག་པོ་དང་། ཆོས་སོ་ལྕོག་དང་དབྱེར་མྱེད་པའོ། །སྟོན་པའི་མཛད་སྤྱོད་ནི་གཟུགས་སྐུ་རྣམ་པ་གཉིས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རྣལ་འབྱོར་པ་ས་བཅུ་ཐོབ་པ་ལ་སྣང་བ་དང་། སྤྲུལ་པའི་སྐུ་རྣལ་འབྱོར་བ་ལས་དག་པ་ལ་སྣང་བའོ། །ལོངས་སྐུ་ནི་སྟོན་པའི་ངོ་བོ་ཡིན་ཏེ། དེ་ཡང་སྟོན་པའི་བདག་ཉིད་ཀུན་ཏུ་བཟང་པོ་དང་། འཚད་པའི་སྐྱེས་བུ་རིགས་ལྔའོ། །སྤྲུལ་སྐུ་ལ་གཉིས་ཏེ། ཞི་བས་འདུས་བ་ལ་ཐུབ་དྲུག །ཁྲོ་བོས་འདུལ་བ་ལ་དྲག་པོར་བསྟན་པའོ། །གནས་ནི་གསུམ་སྟེ། ཕྱི་ཆོས་ཀྱི་དབྱིངས། ནང་གཞལ་ཡས་ཁང་། གསང་བ་ཡུམ་གྱི་བྷ་གའོ། །འཁོར་ལ་གསུམ་སྟེ། ལྷན་ཅིག་པ་དང་། གོ་ཕྱེ་བ་དང་། དད་པས་འདུས་པའོ། །ལྷན་ཅིག་པ་ལ་བཞི་སྟེ། ཉིད་ལས་མི་ཞན་པའི་འཁོར་རིགས་ལྔ་ཡབ་ཡུམ་དང་། རྒྱལ་སྲས་སེམས་དཔའི་འཁོར་དང་། གདུག་པ་འདུལ་བ་ཁྲོ་བོའི་འཁོར་དང་། སྤྲུལ་པ་ཐུབ་པའི་འཁོར་རོ། །འདི་དག་ཡང་རིམ་པ་ཡིན་མྱིན་དུ་འཁོར་དང་སྟོན་པར་ཡང་འགྱུར་རོ། །གོ་ཕྱེ་བ་རྒྱུའི་སེམས་དཔའོ། །དད་པས་འདུས་པ་ལྷ་ཆེན་བརྒྱད་རང་བཞིན་གྱི་འཁོར་དུའོ། །བསྡུད་པ་པོ་ནི་ཀུན་ཏུ་བཟང་པོ་ཉིད་ལ་ཉིད་བཤད་ཉིད་ལ་ཉིད་བསྡུས་པའོ། །གཏར་ཀས་བདེ་གཤེགས་གསལ་བ་ནི། རྒྱུད་དང་མདོའ་སྡེ་ཐམས་ཅད་ཀྱི་ནང་ནས། དུས་ལ་འདི་སྐད་བདག་གིས་ཐོས་པ་བཤད་པ་ལ། འདིར་ནི་འདི་སྐད་བཤད་པ་ཟེར་བའི་གནད་ཀ་ཅི་ཞེ་ན། ལོག་པར་རྟོགས་པ་བཞི་དགག་པའི་ཕྱིར་སྟོན་པ་ཉིད་ཀྱིས་བསྡུས་པ་སྟེ། འདི་སྐད་ཅེས་པས། མང་པོར་སྒྲོ་འདོགས་པ་དང་། ཉུང་བར་སྐུར་པ་འདེབས་པ་གཉིས་ཀྱི་ལོག་རྟོགས་བཀག །བཤད་ཅེས་པས། ཚིག་ཏུ་ཐོས་པ་དང་། སྟོན་པས་བཤད་པ་བཞིན་དུ་འཁོར་གྱིས་མ་རྟོགས་པའི་སྐྱོན་གསལ་ལོ། །འདི། ཨེ༽ གནས་སྟོན། སྐད། བྃ༽ སྟོན་པ། བཤད། མ༽ འཁོར། པའི། སྟན་པ། དུས་ན། ཡ༽ དུས་དངོས། ཐུན་མོང་མ་ཡིན་པའི་གླེང་གཞིའ་ལ་བཞི་སྟེ། ཕྱི་སྐུ་ལྔ་ལྷུན་གྲུབ་དུ་བཤད། ནང་སྙིང་ཆོས་ཀྱི་འཁོར་ལོ་དང་སྦྱར་ནས་བཤད། གསང་བ་གསང་དབང་དང་སྦྱར་ནས་བཤད། དེ་ཁོ་ན་ཉིད་དབྱེར་མྱེད་དུ་བཤད་པའོ། །ཕྱི་སྐུ་ལྔ་ལྷུན་གྲུབ་ཏུ་སྦྱར་ན། འདི་ནི་གནས་ཏེ། ཆོས་ཀྱི་དབྱིངས་སོ། །སྐད་ནི་སྟོན་པ་སྟེ། སྐུ་ལྔ་ལྷུན་གྲུབ་པའོ། །བཤད་པ་ནི་འཁོར་ཏེ། རིག་པ་རང་སྣང་གི་འཁོར་རོ། །པའི་ནི་སྟན་པ་སྟེ། རང་བཞིན་གསང་བའི་སྙིང་པོའོ། །དུས་ནི་དུས་ཏེ། ཀུན་ཏུ་བཟང་པོ་རྟོགས་པ་མངོན་དུ་གྱུར་པའི་དུས་སོ། །དེ་ཡང་སྒྱུ་འཕྲུལ་བླ་མའི་ལེའུ་དང་པོ་ནས། སངས་རྒྱས་ཀུན་གྱི་བླ་མ་དེ། །རྣལ་འབྱོར་ཀུན་གྱི་གསང་མཆོག་བདེ། །གནས་གསང་བ་ན་བཞུགས་ནས་སུ། །སྙིང་པོ་བླ་མས་འདི་སྐད་བཤད། །ཅེས་སོ། །ནང་སྙིང་ཀ་ཆོས་ཀྱི་འཁོར་ལོ་དང་སྦྱར་ནས་བཤད་ན། འདི་ནི་གནས་ཏེ། སྙིང་རིན་པོ་ཆེ་གུར་ཕུབ་པའི་ནང་ན་རྩ་འཕྲིན་ལས་བཞིའི་དབྱིབས་ཅན་སྣོད་ཀྱི་འོད་དང་བཅས་པའོ། །སྐད་ནི་སྟོན་པ་སྟེ། རིག་པ་ཆོས་ཀྱི་སྐུ་སྲོག་མི་ཤིགས་པའི་ཐིག་ལེར་བཞུགས་པའོ། །བཤད་ནི་འཁོར་ཏེ། ཡིད་ཀྱི་རྣམ་ཤེས་རང་ལ་རང་གིས་གོ་བའོ། །པའི་ཞེས་པ་སྟན་པ་སྟེ། དོན་ཟབ་མོ་རང་འབྱུང་གི་ཡེ་ཤེས་རང་ལ་ཉམས་སུ་མྱོང་བའོ། །དུས་ནི་དུས་ཏེ། ཡེ་ནས་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་རང་ལ་རང་ཆས་སུ་ཡོད་པའོ། །དེ་ཡང་བཤད་རྒྱུད་རྒྱ་མཚོའ་ལས། །དྷརྨ་ཙཀྲ་ཆོས་ཀྱི་དབྱིངས། །འོད་བཞི་ཨེ་སོགས་དབྱིབས་གནས་སུ། །མི་ཤིགས་ཐིག་ལེ་བྃ་དབྱིབས་བདག །རང་ལ་བདེའ་བ་གསལ་བྱེད་པ། །པ་ར་མ་ཏ་དོན་ཟབ་མོ། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །བདེའ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་འདོད། །ཅེས་སོ། །གསང་བ་བྷ་ག་ལ་གསང་དབང་དང་སྦྱར་ནས་བཤད་ན། འདི་ནི་གནས་ཏེ། ཡུམ་གྱི་མཁའ་འཕྲིན་ལས་བཞིའི་དབྱིབས་ཅན་ནོ། །སྐད་ནི་སྟོན་པ་སྟེ། གསང་བའི་རྡོ་རྗེ་བདེའ་བ་ཆེན་པོའི་ཐིག་ལེའ་བྱང་ཆུབ་སེམས་གསལ་བར་བྱེད་པའོ། །བཤད་པ་ནི་འཁོར་ཏེ། ཡིད་ཀྱི་རྣམ་པར་ཤེས་པས་རླུང་སེམས་གཡོའ་བ་དང་བཅས་པས་བདེ་གསལ་མི་རྟོག་པའི་བདེ་བ་གོ་བའོ། །པའི་ཞེས་པ་སྟན་པ་སྟེ། དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁུ་བ་དཀར་དམར་ལ་རྟེན་ནས། རང་བཞིན་ལྷན་ཅིག་སྐྱེས་པ་ཟག་བྲལ་ཉམས་སུ་མྱོང་བའོ། །དུས་ནི་དུས་ཏེ། བསམ་གྱིས་མི་ཁྱབ་པ་པའི་དུས་ན་ཡོད་པ་དེ། ཡབ་ཡུམ་ཁ་སྦྱོར་བའི་དུས་ན་ཉམས་སུ་མྱོང་བའོ། །དེ་ཡང་བཤད་རྒྱུད་ཐལ་བ་ཞེས་ཀྱང་བྱ། སྒྱུ་འཕྲུལ་རོལ་བའི་ལེའུ་གསུམ་པ་ནས། འདི་ཞེས་སྟེ་བར་མཚོན་པ་ནི། ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེད་ལས་མིང་ཅན། །བྃ་དབྱིབས་ཐིག་ལེར་བཅས་སྟོན་པའོ། །མ་ད་མ་ནུ་སྟོམ་བྱེད་ཡིད། །ལས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བ་བཤད་པར་འདོད། །པ་ཏྲ་དོན་དམ་ངེས་པའི་རྒྱུད། །ཡང་དག་ཐེག་ཆེན་འདི་ཉིད་དོ། །དུས་ནི་བསམ་གྱིས་མི་ཁྱབ་པར། །དེ་མིང་ཀུན་ཏུ་མཚོན་པར་བྱེད། །ཅེས་སོ། །དེ་ཁོ་ན་ཉིད་དབྱེར་མེད་དུ་བཤད་པ་ནི། འདི་ནི་གནས་ཏེ། ཡུལ་རྣམ་པར་དག་པར་ཤེས་པའོ། །སྐད་ནི་སྟོན་པ་སྟེ། རང་སེམས་རང་གིས་ཤེས་པའོ། །བཤད་པ་ནི་འཁོར་ཏེ། སེམས་དེ་ཉིད་བག་ཆགས་དང་བཅས་པས་ཤེས་བྱ་ཡོད་པས་སོ། །པའི་ནི་སྟན་པ་སྟེ། རང་གསང་བའི་སྙིང་པོ་སེམས་དང་ཡེ་ཤེས་རང་སྣང་བར་གོ་བའོ། །དུས་ནི་དུས་དངོས་ཏེ། རང་གི་ཡིད་རང་འབྱུང་ལྷུན་གྲུབ་ཀྱི་སྟོན་པ་དེ། རྟོགས་པ་མངོན་དུ་གྱུར་ཏེ། དུས་བཞི་མཉམ་པ་ཉིད་དུ་ཤེས་པ་དེའོ། །དེ་ཡང་སྒྱུ་འཕྲུལ་རྒྱ་བཅུ་པ་ལས། འབྲུ་ལྟར་ལྡན་པའི་ཐབས་ཆེན་པོ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་སོ། །དེ་ལྟར་ཕུན་སུམ་ཚོགས་པ་རྣམ་པ་ལྔ་རང་ལ་རང་ཆས་སུ་ཡོད་པ་དེ། རྟོགས་པའི་དུས་སྟོན་པས་འགྲོ་བ་ལ་བཤད་པའོ། །བདེ་བཞིན་གཤེགས་པ་སྟེ། སྟོན་པའི་རང་བཞིན་ཆོས་སྐུའི་མཚན་ལ་བསྡུས་པར་བཞི་སྟེ། དང་པོ་བྱང་ཆུབ་ཆེན་པོའི་རང་བཞིན་དུ་བསྟན་པ། སྟོན་པའི་རང་བཞིན་དོན་དམ་པ་ཆོས་སྐུའི་མཚན་རྒྱས་པར་སྟན་པ་ལ་གཉིས་ཏེ། གྲོལ་ལམ་དང་། ཐབས་ལམ་མོ། །གྲོལ་ལམ་ལ་གཉིས་ཏེ། དང་པོ་ཇི་ལྟར་གྲོལ་བ་དང་། དེའི་མཚན་ཉིད་རྣམ་གྲངས་སོ། །དང་པོ་ཇི་ལྟར་གྲོལ་བ་ནི། རྒྱུ་རང་གི་ཡིད་གཉིས་མྱེད་ཀྱི་རིག་པ་རང་འབྱུང་གི་ཡེ་ཤེས་ཆེན་པོ་དེ་ལ། དང་པོ་ལྟ་བས་རྟོགས། དེ་ཉིད་ལམ་དུ་གོམས་པས། མངོན་དུ་གྱུར་ནས་ཞེན་པ་མཐའ་དག་དང་བྲལ་བའོ། །དེའི་མཚན་གྱི་རྣམ་གྲངས་ནི་བདུན་ཏེ། དང་པོ་གཞི་ཇི་ལྟ་བར་སོན་པ་ནི། དེ་བཞིན་ཞེས་པ། གཞི་དེ་བཞིན་ཉིད་ལྷུན་གྱིས་གྲུབ་པ་གཉིས་མྱེད་ཀྱི་རིག་པ་ཡེ་ཤེས་མ་བཅོས་པའོ། །གཤེགས་པ་ནི། ཡེ་ཤེས་དེ་ཉིད་ལམ་གྱིས་མངོན་དུ་བྱང་ནས་གོམས་པས་ཞེན་པ་མཐའ་དག་ལས་གྲོལ་བའོ། །རྒྱ་བཅུ་པའི་ལེའུ་བཅུ་གཅིག་པ་ལས། བདེ་གཤེགས་དབྱིངས་ཉིད་དེ་བཞིན་ཉིད་གནས་པ། །དུས་བཞི་རྒྱལ་བ་ཀུན་དང་མཉམ་པར་འུབ། །ཅེས་སོ། །གཉིས་པ་ཡོན་ཏན་ཐམས་ཅད་བརྩལ་བ་མྱེད་པར་ལྷུན་གྱིས་རྫོགས་པ་ནི། ཡང་དག་པར་རྫོགས་པའི་ཞེས་པ། ཡང་དག་པར་ཞེས་པ། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་ཡང་དག་པར་བསགས་ཤིང་རྫོགས་པའི་མཐར་ཕྱིན་ལ། འབྲས་བུ་སྐུ་དང་ཡེ་ཤེས་ཀྱང་ཡང་དག་པར་བསགས་ཤིང་རྫོགས་པའོ། །ཡང་ན་ཡང་བྱ་གང་ཡང་མྱི་དམྱིགས་པས་ན་ཡང་དག །འབྲས་བུ་ཡོན་ཏན་གྱི་ཆོས་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པས་རྫོགས་པའོ། །གསུམ་པ་ལྟ་བ་ངན་པའི་དྲི་མ་དང་བྲལ་ཞིང་ཡེ་ཤེས་མཐའ་དབུས་མྱེད་པར་རྡལ་བ་ནི། སངས་རྒྱས། སངས་ཅེས་པ། འཁོར་བའི་ལྟ་ངན་དང་མ་རིག་པ་རྙིད་དང་འདྲ་བ་ནི་སངས། ཡོན་ཏན་མཐའ་དབུས་མྱེད་པ་ལ་མཁྱེན་པའི་ཡེ་ཤེས་ཀྱིས་ཡུལ་ཤེས་བྱ་ལ་པད་མ་ཁ་ཕྱེ་བ་བཞིན་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །བཞི་པ་ཡོན་ཏན་ཐམས་ཅད་རང་ལ་ལྷུན་གྱིས་གྲུབ་ཀྱང་རང་གི་ངོ་བོ་འདི་ཞེས་སྟན་དུ་མྱེད་པ་ནི། བཅོམ་ལྡན་འདས། བཅོམ་པ་ནི། ལས་ཀྱི་བག་ཆགས་མྱེད་པས་ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པའི་སྒྲིབ་པ་མྱེད་པས་ཕུང་པོའི་བདུད་བཅོམ། ཤེས་བྱའི་སྒྲིབ་པ་མྱེད་པས་ལྷའི་བུའི་བདུད་བཅོམ། ཐམས་ཅད་རང་རིག་ཏུ་དག་པས་འཆི་བདག་གི་བདུད་བཅོམ། ལྡན་པ་ནི། བདུད་ཐམས་ཅད་རང་རིག་དུ་བཅོམ་ནས་ཡངས་པ་ཕུན་སུམ་ཚོགས་པ་དང་ལྡན། ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན། འདས་པ་ནི། ངོ་བོ་འདི་ཞེས་བྱ་བ་མ་གྲུབ་དེ་སྟན་དུ་མྱེད་དོ། ༈ །གཉིས་པ་ཆོས་རྣམས་རོལ་པར་ལོངས་སྤྱོད་པ་བསྟན། ལོངས་སྤྱོད་ཆེན་པོ། ལྔ་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་མངའ་མཛད་ཀྱང་སྤྱོད་ཡུལ་དང་བྲལ་བ་ལ་གཉིས་ཏེ། འཇིག་རྟེན་པའི་ལོངས་སྤྱོད་དང་། འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་དོ། །འཇིག་རྟེན་པའི་ལོངས་སྤྱོད་ནི། འདོད་ཡོན་རྣམ་ལྔ་ཆོས་ཉིད་ཀྱི་རྒྱན་དུ་རིག་པར་བྱས་ནས་དགའ་བ་དེའི་ལོངས་སྤྱོད་དང་ཡང་ལྡན་ལ། འདས་པའི་ལོངས་སྤྱོད་ཡེ་ཤེས་ཆེན་པོས། ཆོས་ཀྱི་དབྱིངས་རྟོགས་ནས། ཆོས་ཉིད་ལ་ཡེ་ཤེས་ཀྱིས་ལོངས་སྤྱོད་པ་དང་ཡང་ལྡན་པ་མི་འགལ་ལོ། །འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་གཉིས་སུ་མྱེད་པས་ན་ཆེན་པོ་ཞེས་བྱའོ། །རྒྱ་བཅུ་པའི་ལེའུ་གཅིག་པ་ནས། རྡོ་རྗེ་མཉམ་ཉིད་ཐུགས་སུ་ཆུད་པའི། མཉམ་རྫོགས་ཆེན་པོའི་ལྷུན་ལ་རོལ་པ་མཛད། ཅེས་པས་སོ། ༈ །གསུམ་པ་ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་ཀྱི་བདག་པོར་བསྟན། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། དྲུག་པ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ཡིན་ཡང་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ནི། འོ་ན་སྟོན་པ་དེ་སངས་རྒྱས་ཐམས་ཅད་དང་གཅིག་གམ་ཐ་དད་ཞེ་ན། ཐ་མྱི་དད་དེ། ཕྱོགས་བཅུ་དང་། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དང་དབྱེར་མྱེད་པ་མཉམ་པ་ཉིད་དང་། ཕྱོགས་བཅུ་དུས་བཞི་ན་བཞུགས་པའི་དེ་བ་ཐམས་ཅད་ཀྱི། སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་ཐམས་ཅད་ཀྱི་བདག་ཉིད་དུ་ཡང་ཀུན་ཏུ་བཟང་པོ་དེ་འགྱུར་བ་ཡིན་ནོ། །དེ་ཡང་ཐལ་བའི་ལེའུ་བཞི་པ་ནས། མི་བཟད་རྒྱན་གྱི་འཁོར་ལོ་ཉིད། །ཀུན་ནས་སྐུ་གསུང་ཐུགས་ཀྱི་བདག །ཡོན་ཏན་འཕྲིན་ལས་རྫོགས་པའི་སྟོབས། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །ཅེས་སོ། །རྒྱ་བཅུ་པའི་ལེའུ་བཅུ་གཅིག་པ་ལས། ཕྱོགས་བཅུ་དུས་བཞིའི་དབྱིངས་ནས་མཐར་བཏུགས་པ། །རང་རིག་རྒྱལ་པོ་ཆེའི་རྟོགས་པར་འགྱུར། །ཞེས་པས་གསལ་ལོ། །གཏར་ཀ་གགས་གསལ་བ་ནི། ཕྱོགས་བཅུ་ཅེས་པ། སྟོན་པ་འདི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་ན། ཉན་ཐོས་ཀྱི་སྒོར་ཞུགས་པས་ཀྱང་མ་ཧཱའི་འབྲས་བུ་ཚེ་འདི་ཉིད་ལ་ཐོབ་བམ། མི་ཐོབ་ན། ཕྱོགས་བཅུ་དང་འགལ་བ། ཐོབ་ན་ཉན་ཐོས་དང་འགལ་ལོ་ཞེ་ན། འདིའ་རང་བཞིན་དེ་ལྟར་ཡིན་ཡང་། གདུལ་བྱའི་བློ་ལོག་པའི་དབང་གིས། ཚེ་འདི་ཉིད་ལ་མྱི་ཐོབ་བོ། །ཉན་ཐོས་ཀྱི་ལམ་སྦྱངས་སྒྲོད་ནས་འཇུག་འདིར་ཐོབ་པ་མི་འགལ་ལོ། །མ་ལུས་མི་ལུས་ལུས་པ་མྱེད་པ་ཐམས་ཅད་དང་། བཞི་པ་ཆོས་སོ་ལྕོག་དང་དབྱེར་མྱེད་པར་བསྟན། བདུན་པ་གཉིས་སུ་མྱེད་པའི་བདག་ཉིད་ཆེན་པོ་ལ་དུས་གསུམ་འདུ་འབྲལ་མྱེད་པར་བསྟན་པ་ནི་གཉིས་ཏེ། སྟོན་པ་དེ་དུས་གསུམ་གྱི་འཁོར་འདས་དང་གཅིག་པ་དང་། དོན་དམ་ཀུན་རྫོབ་དབྱེར་མྱེད་ཀྱི་ཆོས་དང་ཐ་མི་དད་པའོ། །དང་པོ་འཁོར་འདས་དུས་གསུམ་གྱི་ཆོས་དང་གཅིག་པ་ནི། མ་ལུས་པ་ནི་འཁོར་བ་དང་འདས་པའོ། །མྱི་ལུས་པ་ནི་མ་འོངས་པ་རྣམས་སོ། །ལུས་པ་མྱེད་པ་ནི་ད་ལྟར་བ་རྣམས་སོ། །དེ་ལྟར་དུས་གསུམ་གྱིས་བསྡུས་པའི་འཁོར་འདས་རྣམས་སོ། །དེ་ལྟར་ན་འཁོར་བའི་སེམས་ཅན་རྣམས་ཀྱི་ཡིད་ཡང་ཀུན་ཏུ་བཟང་པོ་ཡིན་ལ། འདས་པའི་ཐུགས་རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ་ཡིན་ནོ། །སོ་སོ་མ་ཡིན་ཐ་མི་དད་དབྱེར་མྱེད་པའི་རང་བཞིན་ཏེ། གཉིས་པ་དོན་དམ་པའི་དང་། ཀུན་རྫོབ་དབྱེར་མྱེད་ཀྱི་ཆོས་དང་ཐ་མི་དད་པ་ནི། དེ་ལྟར་དུས་གསུམ་གྱིས་བསྡུས་པའི་འཁོར་བའི་ཆོས་དང་། མྱ་ངན་ལས་འདས་པའི་ཆོས་ཀུན་ཡང་། ཀུན་རྫོབ་ཏུ་ནི་སོ་སོ་མ་ཡིན། དོན་དམ་དུ་ནི་ཐ་མི་དད། བདེན་པ་གཉིས་སུ་ཡང་དབྱེར་མྱེད། །དེ་ལྟར་འཁོར་འདས་གཉིས་མྱེད་ཀྱི་ཡེ་ཤེས་དེ་ནི། སྟོན་པའི་རང་བཞིན་ནོ། །དེ་ནི་ལྷག་མ་དང་བཅས་པའི་ཚིག་གིས་སྙེག་པ་སྟེ། དེ་ལ་ཉེ་བ་ལ་སྙེག་པ་ནི། དེ་ལྟ་བུ་དེ་གནས་ག་ན་བཞུགས་ཞེ་ན་འོག་མིན་ན་བཞུགས་ཞེས་སྙེག་ལ། རིང་བ་ལ་སྙེག་པ་ནི། སྟོན་པའི་རང་བཞིན་གཉིས་མྱེད་ཀྱི་ཡེ་ཤེས་དེ། གདུལ་བྱ་ལ་སྣང་ཚུལ་རང་ཇི་ལྟར་སྣང་ཞེ་ན། སྐུ་མདུན་དང་རྒྱབ་མྱེད་པ་ཅེས་པས། སྟོན་པའི་ངོ་བོ་སྟོན་པ་ལ་སྙེག་གོ ། ༈ །གཉིས་པ་ཐབས་ལམ་དང་སྦྱར་ནས་བཤད་ན་བཞི་སྟེ། དང་པོ་བྱང་ཆུབ་ཆེན་པོའི་རང་བཞིན་ནི། དེ་བཞིན་ནི། རང་གི་ལུས་ཁམས་བདུད་རྩིའོ། །གཤེགས་པ་ནི། གསང་བའི་རྡོ་རྗེ་ལ་བྱང་སེམས་ཕབ་པའོ། །ཡང་དག་པ་ནི། ཐ་མལ་གྱི་ཞེན་པ་དག་པའོ། །རྫོགས་པ་ནི། དགའ་བ་བཞི་དང་ལྡན་པའོ། །རྒྱས་པ་ནི། ཡང་བྱ་ལ་ལྟོས་པའི་དགའ་བ་བཞི་སངས་ནས། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞི་རྒྱས་པའོ། །བཅོམ་ལྡན་འདས་ནི། ཐིག་ལེ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྣང་བས་བདུད་བཞི་བཅོམ། བདེ་སྟོང་གི་ཉམས་དང་ལྡན། དེ་ཉིད་ངོ་བོས་སྟོང་པའོ། །གཉིས་པ་ཆོས་རྣམས་རོལ་པར་ལོངས་སྤྱོད་པ་ནི། ལོངས་སྤྱོད་ཆེན་པོ་ཅེས་པ། ཐིག་ལེ་དེས་རྒྱལ་བ་མཆོད་པའི་རྫས་དང་། སེམས་ཅན་གྱི་དབང་རྫས་སུ་སྤྱོད་པ་ལ། འཁོར་འདས་ཀྱི་བརྗོད་བྱ་མ་ལུས་པར་རྫོགས་པའོ། །གསུམ་པ་ཕྱོགས་དུས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི་བདག་པོ་བསྟན་པ་ནི། ཕྱོགས་བཅུ་དུས་བཞིའི་ཅེས་པ། རང་གི་ལུས་ལ་རྩ་གནས་པའི་ནང་ན། ཁམས་ཀྱི་ཐིག་ལེ་ལྷ་ཚོགས་སུ་གནས་པའི་རྟོག་ཚོགས་རྣམས་དང་། ཡེ་ཤེས་ཀྱི་ལྷ་དབྱེར་མྱེད་པའི་བདག་ཉིད་དོ། །བཞི་པ་ཆོས་སོ་ལྕོག་དང་དབྱེར་མྱེད་པ་ནི། མ་ལུས་མི་ལུས་བཅས་སོགས་ནི། མ་དག་པ་འཁྲུལ་པའི་སྣང་བའི་སྐབས་ན། ཁུ་བ་ཐིག་ལེར་སྣང་ཡང་། དག་པ་ཡེ་ཤེས་ཀྱི་སྣང་བའི་སྐབས་ན། ལུས་ཀྱི་རྟོག་ཚོགས་སངས་རྒྱས་སོ། །དེ་ལྟར་སྣང་བས་གཉིས་སུ་ཕྱེ་ཡང་། འཁོར་འདས་ཀུན་ཡང་སོ་སོར་དབྱེར་མྱེད་པའོ། །དེ་ཡང་བཤད་རྒྱུད་སྒྱུ་འཕྲུལ་རོལ་པའི་ལེའུ་གསུམ་པ་ནས། བཅུད་འདུས་ཐིག་ལེ་ཆེན་པོ་ནི། །སྣང་དང་སྟོན་པ་ལ་སོགས་པ། །བརྗོད་བྱ་མ་ལུས་རྫོགས་པར་སྣང་། །རྟོག་ཚོགས་སངས་རྒྱས་བཞི་བཅུ་ལྔ། །སྣང་བས་ཕྱེ་ཕྱིར་གཉིས་སུ་མྱེད། །ཅེས་སོ། ༈ །གཏར་ཀ་ནི། མ་ལུས་མི་ལུས་འཁོར་བའི་ཆོས་ཉིད་ཡིན་ན། སོ་སོ་མ་ཡིན་པས་འཁོར་བའི་ཆོས་དང་ཡང་སྟོན་པ་ཐ་མི་དད་དབྱེར་མྱེད་པ་ཡིན་ན། འཁོར་བ་སྡིག་པ་བྱེད་པ་དང་ཡང་སྤྱོད་པ་སྤྱོད་པ་ཡིན་ནམ། མྱིན་ན་མ་ལུས་མི་ལུས་པ་དང་འགལ་ལོ་ཞེ་ན། དོན་དེ་ལྟར་ཡིན་ཡང་འཁོར་བ་ཡིན་པ་མ་ཤེས་པས་འགལ་བ་མྱེད་དོ། །རྒྱས་པའི་ལེའུ་བདུན་ཅུ་གཉིས་པ་ནས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །ཡེ་ནས་རྣམ་པར་དག་པ་ལ། །རྣམ་རྟོག་རྐྱེན་གྱིས་གློ་བུར་དུ། །ཁམས་གསུམ་འཁོར་བའི་རྩོན་རར་གནས། །རང་རིག་སྒྲིབ་མྱེད་དག་པ་ཡིས། །མྱ་ངན་འདས་དང་འཁོར་བ་གཉིས། །རང་བཞིན་མྱེད་པའི་དོན་རྟོགས་ན། །སངས་རྒྱས་ཞིང་དུ་རྣམ་པར་དག །ཅེས་སོ། །འོག་མིན་གྱི་གནས། གནས་ཀྱི་རང་བཞིན་སྟན་པ་ནི་གསུམ་སྟེ། ལྷ་གནས་ཀྱི་འོག་མིན་དང་། རིག་པའི་འོག་མྱིན་དང་། གསང་བའི་འོག་མིན་དང་། ལྷ་གནས་ཀྱི་འོག་མིན་ནི། སྲིད་པའི་རྩེ་མོའི་གནས་ཏེ། དེ་མ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྩང་མའི་རིགས་དག་ཡངས་པའི། །འོག་མྱིན་ཆེན་པོའི་གནས་མཆོག་ན། །ཅེས་སོ། །རིག་པའི་འོག་མིན་ནི། ཡུལ་ཆོས་ཀྱི་དབྱིངས་སོ། །དེ་ནི་རྟོགས་པ་ཀུན་གྱི་བླར་གྱུར་ཅིང་། གནས་གང་གི་ཡང་འོག་ཏུ་མ་གྱུར་བས་སོ། །ཆོས་ཀྱི་དབྱིངས་དེ་ནི། དུས་གསུམ་དུ་མྱི་འགྱུར་ཞིང་འདུས་མ་བྱས་པས་ན། དེ་ལ་མཐའ་དབུས་ཀྱི་ཚད་བཟུང་དུ་མྱེད་དོ། །དེ་ཡང་རོལ་པའི་ལེའུ་དང་པོ་ནས། འོག་མིན་ལྷུན་གྱིས་གྲུབ་པའི་གནས། །མཐའ་དང་དབུས་མྱེད་འཁྱིལ་བའི་བདག །ཅེས་སོ། །གསང་བའི་འོག་མིན་ནི། ཡུམ་གྱི་མཁའ་བདེ་སྟོང་གི་རྣམ་པ་སྟེ། ཁྲོ་བོ་ཆེན་པོ་སྟོབས་ཀྱི་དབང་ཕྱུག་གི་རྒྱུད་ལས། དགའ་བའི་གཞལ་ཡས་ཁང་ན། དབྱེར་མྱེད་པའི་བདེ་བ་དང་ལྡན་པ་ཅེས་སོ། །བདེ་བ་ལ་མཐའ་དབུས་མྱེད་པར་གནས་པའོ། ༈ །སྤྱིར་གནས་ལ་གཉིས་ཏེ། གྲོལ་ལམ་དུ་བཤད་པ་དང་། ཐབས་ལམ་དུ་བཤད་པའོ། །དེ་ཡང་གྲོལ་ལམ་ནི། འདོད་ཆགས་དང་བྲལ་བའི་ཚུལ་གྱིས་སངས་རྒྱ་བ་ལ་དགོངས་པ་ཤས་ཆེ་ལ། ཐབས་ལམ་ནི། འདོད་ཆགས་དང་བཅས་པའི་ཚུལ་གྱིས་སངས་རྒྱ་བ་ལ་དགོངས་པ་ཤས་ཆེའོ། །དེ་ཡང་གྲོལ་ལམ་གཞུང་རང་བཤད། ཐབས་ལམ་བཤད་རྒྱུད་ཀྱིས་བཀྲོལ་བའི་དགོངས་པའོ། །མཐའ་དང་དབུས་མྱེད་པ་ན། གཞིའ་ཚད་མྱེད་པའི་ཡེ་ཤེས་ཀྱི་འཁོར་ལོར་གསལ་བ་ལ། ཞེས་པ་དེ་ལ། གནས་ཀྱི་གཞིའ་བསྟན་པ་ནི་གསུམ་སྟེ། རྒྱུད་དང་། ངོ་བོ་དང་། འབྲས་བུའོ། །རྒྱུ་ནི་ཚད་མྱེད་པ་བཞི་ལས་གྲུབ་པས། ཆེ་ཆུང་ཡང་ཚད་མྱེད་དོ། །ངོ་བོ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་རྡོ་རྗེ་ར་བས་སྐོར་བའོ། །འབྲས་བུ་ནི། ལྟེ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཤར་མེ་ལོང་ལྟ་བུའི་ཡེ་ཤེས། ལྷོ་མཉམ་པ་ཉིད། ནུབ་སོ་སོར་རྟོག་པ། བྱང་བྱ་བ་གྲུབ་པའི་ཡེ་ཤེས་སུ་གསལ་བའོ། །དེ་ནི་དབུས་ཀྱི་ཕོ་བྲང་དུ་སྣང་བའོ། །དེ་ཡང་ཐལ་བ་ལས། ཚད་མྱེད་ཡེ་ཤེས་འཁོར་ལོའོ་གནས། །ཚོགས་རྫོགས་མཚན་མའི་གནས་འཇོམས་ཤིང་། །ཅེས་གསུང་པས་གསལ་ལོ། །ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། ཞེས་པ། གནས་ཀྱི་རྒྱུ་བསྟན་པ་ལ་གསུམ་སྟེ། རྒྱུ་དང་། དཔེའ་དང་། ཁྱད་པར་རོ། །རྒྱུ་ནི་ཡེ་ཤེས་རྣམ་པ་ལྔ་ལས་གྲུབ་པའོ། །དཔེའ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཁ་དོག་སྣ་ལྔར་འབར་བའོ། །ཁྱད་པར་ནི། སེམས་ཅན་གྱི་བློོས་གཞལ་བར་མི་ནུས་ཡང་། ཡེ་ཤེས་ལྷའི་བཞུགས་གནས་ཀྱི་རྒྱུར་གྱུར་པས་གཞལ་ཡས་ཁང་གྲུབ་བོ། །དེ་ཡང་རོལ་པ་ནས། མ་བཀོད་ཡེ་ནས་རྒྱན་པ་ཡི། །རིགས་ཀྱི་ཡོན་ཏན་ཀུན་འབྱུང་གནས། །ཡང་དག་ཚུལ་གྱིས་ལོག་ལྟ་འཇོམས། །ཞེས་སོ། །རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་པ། ཞེས། གཞལ་ཡས་ཁང་གི་རྒྱ་ཁྱོན་ཆེ་ཆུང་གི་ཚད་ནི་གཉིས་ཏེ། རྒྱ་ཆུང་བར་མ་ཆད་པ་དང་། ཆེ་བར་མ་ཆད་པའོ། །ཆུང་བར་མ་ཆད་པ་ནི། དེ་བཞིན་གཤེགས་པས་སྟོང་གསུམ་ཉུངས་འབྲུ་གཅིག་གི་ནང་དུ་ཡང་ཆུད་པར་གདུལ་བྱས་མཐོང་ལ། ཆེ་བར་མ་ཆད་པ་ནི། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་ཡང་གཞལ་ཡས་ཁང་གིས་ཡང་ཁྱབ་པའོ། །དེ་ལས་འདིར་རྒྱ་ཆེ་བའི་དགོངས་པའོ། །འོ་ན་ཕྱལ་བར་འགྱུར་རོ་མཉམ་པ་ལ། ཡོན་ཏན་ཅེས་སོ། །ཡོན་ཏན་དཔག་ཏུ་མྱེད་པ་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ཞེས་པ། གཞལ་ཡས་ཁང་གི་ཕྱིའི་དབྱིབས་ལ་གཉིས་ཏེ། དོན་དང་། རྟགས་སོ། །དོན་ནི། ཀུན་ཏུ་བཟང་པོའི་ཐུགས་རིག་པའི་ཡེ་ཤེས་དཔག་ཏུ་མྱེད་པར་རྒྱས་པའོ། །རྟགས་ནི། དེ་མཚོན་པའི་ཕྱིར། གཞལ་ཡས་ཁང་གི་དབྱིབས་ཀྱང་གྲུ་བཞིར་འབྱུང་བ་དེ། གྲུ་བཞི་འཕྲིན་ལས་བཞི་ལས་རྒྱས་པའི་དབྱིབས་ཡིན་པའི་ཕྱིར་རོ། །དེ་ཡང་ཐལ་བ་ནས། མྱ་ངན་ཀུན་བྲལ་གྲོང་ཁྱེར་ཆེ། །ཁང་པ་གྲུ་བཞི་སྒོ་ཁྱུད་བཅས། །ཅེས་སོ། །ལྷག་པའི་ཡེ་ཤེས་རིན་པོ་ཆེའི། གློོ་འབུར་གྱིས་མཛེས་པ། ཞེས་པ་ལ། གློ་འབུར་གྱི་དབྱིབས་ནི་གསུམ་སྟེ། ཁྱད་པར་དང་། དབྱིབས་དང་། ཁ་དོག་གོ ། །ཁྱད་པར་ནི། དོན་རང་འབྱུང་གི་ཡེ་ཤེས་ཆེན་པོ་གཅིག་ལས། ཡེ་ཤེས་བཞིར་སྣང་ལ། ཡེ་ཤེས་བཞི་ལས་ལྷག་པའི་ཡེ་ཤེས་རིན་པོ་ཆེ་རེ་རེ་ལ་ཡང་བཞི་བཞིར་སྣང་བའོ། །དབྱིབས་ནི། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་གློ་འབུར་འཁར་ཐམས་བཞིས་གཞལ་ཡས་ཁང་གི་ཕྱོགས་བཞིར་མཛེས་པར་བྱས་པའོ། །ཁ་དོག་ནི། ཤར་རྐང་ཀ་རི་ལྟར་དཀར་བ། ལྷོ་གསེར་ཞུན་མ་ལྟར་སེར་བ། ནུབ་པད་མ་ར་ག་ལྟར་དམར་བ། བྱང་ཨིན་ཏྲ་ནི་ལ་ལྟར་ལྗང་བའོ། །རོལ་པ་ནས། ཆོས་ཉིད་སྣང་བའི་བདག་ཉིད་ཅན། །ཡེ་ཤེས་ཉི་ཤུ་རྩ་ལྔའི་བདག །རང་རིག་དོན་མཐུན་རྟགས་ཀྱི་ཚུལ། །ཅེས་གསུངས་སོ། ༈ །གཏར་ཀས་གགས་གསལ་བ་ནི། རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་པ་དང་། གྲུ་བཞིར་གྱུར་པ་འགལ་མཉམ་པ་ལ། དེ་སྣང་བ་གཉིས་ཀྱི་དབང་སྨོས་པས་མི་འགལ་ཏེ། རང་བཞིན་གྱི་སྣང་བའི་དབང་དུ་ཆོས་ཉིད་ལ་རྒྱ་ཆད་མྱེད་པའི་དབང་དུ་སྨོས། འོ་ན་དབྱིབས་མྱེད་དོ་ཕྱལ་བར་གྱུར་ཏོ་མཉམ་པ་ལ། གདུལ་བྱའི་སྣང་བའི་དབང་དུ་རྒྱས་པ་མཚོན་པའི་གྲུ་བཞིར་སྨོས་པའོ། །རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི། དཀྱིལ་འཁོར་མ་ལུས་པ་ཐམས་ཅད། །སོ་སོ་མ་ཡིན་ངོ་བོ་ཉིད་ཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཞེས་པ་ལ། རྩེ་མོ་དབུའ་རྩེ་ལྟ་བུའི་དབྱིབས་ནི་གཉིས་ཏེ། དོན་དང་། རྟགས་སོ། །དོན་ནི། ཕྱོགས་བཅུ་ན། བཞུགས་ཤིང་། དུས་བཞིར་གཤེགས་པའི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གཅིག་པའོ། །རྟགས་ནི། གཞལ་ཡས་ཁང་གི་རྩེ་མོ་ཡེ་ཤེས་ལྔའི་འོད་དཔུང་དུ་འཁྱིལ་བའི་རིན་པོ་ཆེ་འབར་བས་ཏེ། དཔེན་ན་རྨ་བྱའི་མདོངས་ལྟ་བུའོ། །དེ་ཡང་རོལ་པ་ནས། རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མ་བརྒྱན་དུ་བྱས། །ངོ་བོ་གཉིས་མྱེད་འཁྱིལ་བའི་བདག །ཞེས་སོ། །འོ་ན་ཅིག་དུ་འདྲེས་ནས་དབྱེར་མེད་དམ་ཞེ་ན། ཡེ་ཤེས་བསམ་གྱིས་མྱི་ཁྱབ་པའི། ཅེས་གསུངས་པ་ཡིན་ནོ། ༈ །རིན་པོ་ཆེ་ཕ་གུའི་རྒྱན། ཡེ་ཤེས་བསམ་གྱིས་མི་ཁྱབ་པ། རིན་པོ་ཆེའི་རྒྱན་བསྟན་པ་ནི། ཡེ་ཤེས་སོ་སོའི་མཚན་ཉིད་དང་། བྱེ་བྲག་གི་ཆ་འཛིན་པ་ནི། ཐུགས་ཆེ་བའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་ལྡན་དེ། རོལ་པ་ནས། དེ་ལས་བསམ་ཡས་གྲངས་མྱེད་པའི། ཞེས་སོ། །ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་རྩོགས་པ། རྣམ་པ་ཐ་དད་མ་འདྲེས་པ་འཇའ་ལྟར་སྣང་བ། པའི་བྱེ་བྲག་དང་། ཁྱད་ཐེག་པ་གཞན་ལས་སམ་གཞལ་ཡས་ཁང་གཞན་ལས། པར་དུ་གྱུར་པ། དཔག་པ། ལྷ་མིས་དཔག་པར་དཀའ་བ། ཚད་དཔག་ཏུ་མྱེད་པ། རྒྱུ་ཡེ་ཤེས་ལས་གྲུབ་པ། རྟགས་རིན་པོ་ཆེར་སྣང་བ། དབྱིབས་དང་ཁ་དོག་དཀར་ལ་ཟླུམ་པ་ཤར་ན་ཡོད། ལྷོ་ན་གྲུ་བཞི་སེར་པོ། ནུབ་ན་དམར་པོ་ཟླ་ཁམ། བྱང་ན་གྲུ་གསུམ་ལྗང་ཁུ། དེ་མ་ཡིན་པ་རྣམ་པ་མི་འདྲ་བ། དབྱིབས་ཐ་དད་པ། བྱེ་བྲག་མོང་པོ་ཡོད་དེ། ལྟ་བས་མི་ངོམས་པ་ནི། ཐེག་པ་གཞན་ལས་ཁྱད་པར་དུ་གྱུར་པ་དང་། དགོས་པ་དཔག་པ། ཚད་གཟུང་དུ་མྱེད་པའི་ཕྱིར། རིན་པོ་ཆེ་ཕ་གུ་སྣ་ཚོགས་ཀྱིས་རྩིག་པ་བྱས་པའོ། །དེ་ཡང་རོལ་བ་ནས། དེ་ལས་བསམ་ཡས་གྲངས་མྱེད་པའི། །ཐ་དད་སྣ་ཚོགས་འཇིགས་པ་མྱེད། །བདེ་བཞིན་ཉིད་སྣང་དེ་བཞིན་ཉིད། །དབྱིབས་དང་ཁ་དོག་རྣམས་དཔག་པའི། །རྣམ་པ་ཐ་དད་བྱེ་བྲག་མཆོག །ཁྱད་པར་ཡོན་ཏན་གནས་ཀྱིས་མཛེས། །ལྷ་དང་མི་སོགས་ཚད་འདས་ཤིང་། །དཔག་མྱེད་རིགས་ཀྱི་རྒྱན་རྣམས་དང་། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱིས་འཕྲེང་བ་དང་། རྒྱུ་ཡེ་ཤེས་ལས་ནི་གྲུབ། རྟགས་རིན་པོ་ཆེར་ནི་སྣང་། རྣམ་པ་བྱེ་བྲག་སྣ་ཚོགས་སུ་ནི་མ་འདྲེས་པས། ཐུགས་རྗེ་རྒྱུན་མི་ཆད་པ་དང་། མྱི་བརྗེད་པའི་གཟུངས་ཐོབ་པས་ན། རིན་པོ་ཆེའི་འཕྲེང་བས་རྒྱན་དེ་དྲ་བར་བྱས་པའོ། །དྲ་བ་དྲ་ཕྱེད་ཀྱི་རྒྱན། ཆུན་འཕྱང་དང་། བདེན་པ་གཉིས་དབྱེར་མྱེད་པའི་རྟགས་སུ་ཆུན་འཕྱང་དང་། ཐབས་ཤེས་རབ་ཀྱིས་དོན་སོ་སོར་མཛད་པས་ན་ཤར་བུའི་རྒྱན་རྣམས་ཀྱིས་དྲྭ་བ་དང་དྲྭ་བ་ཕྱེད་བར་བྱས་པའོ། །དེ་ཡང་ཡེ་ཤེས་ཀྱི་རྒྱུན་ཐག་ལ། རིན་པོ་ཆེའི་ཡོན་ཏན་རྒྱུས་པའི་རྒྱན་རྣམས་ནི། ནམ་མཁའི་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མྱེད་པ། གསལ་ལ་མ་འདྲེས་པར་གསལ་བའོ། །ཐལ་བ་ནས། ཀུན་ནས་རྒྱ་ཡོངས་མ་ཆད་པའི། །འཕྲེང་བ་ཆུན་འཕྱང་ཤར་བུ་དང་། །ཞེས་སོ། །ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། འདོད་ཡོན་གྱི་རྒྱན་ནི། འདོད་པའི་ཡོན་ཏན་ལྔ་སྟེ། གཟུགས་ཀྱི་ལྷ་མོ་དཀར་མོ་ཕྱག་ན་མེ་ལོང་ཐོགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དེ་ལྟ་བུའི་གཟུགས་མཛེས་པ་མང་པོ་གནས་པས་ན་སྣ་ཚོགས་དང་། ཞེས་བྱའོ། །སྒྲ་སྣ་ཚོགས་དང་། སྒྲའི་ལྷ་མོ་སེར་མོ་ཕྱག་ན་པི་ཝང་དང་། གླིང་བུ་དང་། སྒྲའི་རོལ་མོ་སྣ་ཚོགས་པ་མང་པོ་བསྣམས་པ་དང་། དྲི་སྣ་ཚོགས་དང་། དྲིའི་ལྷ་མོ་ལྗང་ཁུ། ལག་ན་གདུག་སྤོས་ལྟ་བུ་ལ་སོགས་པ་དྲི་སྣ་ཚོགས་ཐོགས་པ་རྣམས་དང་། རོ་སྣ་ཚོགས་དང་། རོའི་ལྷ་མོ་དམར་མོ། ལག་ན་ཞལ་ཟས་རོ་མཆོག་བརྒྱ་ལྡན་སྣ་ཚོགས་ཐོགས་པ་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པ། །རེག་བྱའི་ལྷ་མོ་མཐིང་ཀ །ཕྱག་ན་ལྷའི་ན་བཟའ་ལ་སོགས་པ་རེག་བྱ་འཇམ་པོ་སྣ་ཚོགས་ཐོགས་པའོ། །དེ་དག་ཕྱོགས་བཅུ་ནས་སྤྲིན་བཞིན་འཁྲིགས་སོ། །རོལ་པའི་ལེའུ་དང་པོ་ནས། ཀུན་ནས་སྤྲུལ་པ་ལྷ་མོའི་ཚོགས། །ཡེ་ཤེས་བཀོད་པ་མ་འདྲེས་པའི། །འདོད་ཡོན་ཚོགས་ཀྱིས་རྣམ་པར་སླུབས། །ཕྱོགས་བཅུ་ཀུན་ནས་འཁྲིགས་པ་ཡི། །སྤྲིན་ཕུང་ལྟ་བུས་རབ་ཏུ་བརྒྱན། །ཞེས་སོ། །རྒྱན་སྤྱིའི་མཚན་ཉིད་བསྟན་པ་ནི། རང་འབྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན། །གཞལ་ཡས་ཁང་གི་རྒྱན་དེ་དག་མཚན་ཉིད་ཅི་ཞེ་ན། རྒྱུ་རྐྱེན་གཞན་གྱིས་མ་སྐྱེད་པར། གཞལ་ཡས་ཁང་ལ་རང་འབྱུང་དུ་གྲུབ་པས་ན། ཀུན་བཟང་གི་ཆེ་བའི་ཡོན་ཏན་རང་འབྱུང་དུ་ཤར་བ། གཅིག་ལ་གཅིག་མི་སྒྲིབ་པ་ནི་དར་ལེའུ་རྒན་གྱི་ཐག་པས་ཤེལ་འཕྲེང་རྒྱུས་པ་དང་འདྲ་བ། གསལ་བ་ནི་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མྱེད་པའི། ལྷ་དང་མི་བསམ་གྱིས་མྱི་ཁྱབ་པས་ཕྱོགས་ཐམས་ཅད་ནས་སླུབས་པའོ། །བསམ་གྱིས་མི་ཁྱབ་པར་སླུབས་པ། །བཤད་རྒྱུད་རོལ་པ་ནས། རང་འབྱུང་ཞི་རྒྱས་དབང་དྲག་བརྒྱན། །མཐའ་ཡས་མཛད་པ་ཀུན་སྟོན་ཅིང་། །ཐ་དད་དཔག་པའི་ཚུལ་གྱིས་གནས། །སྒྲིབ་མྱེད་གསལ་བའི་བདག་ཉིད་ཅན། །བསམ་འདས་རྒྱ་ཆེན་གྲངས་མྱེད་སླུབས། །ཞེས་སོ། །སྒོ་དང་སྒོ་ཁྱུད་པ་སྟན་པ་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། སྒོ་ནི་བཞི་སྟེ། ཤར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། ལྷོ་མཚན་མ་མྱེད་པ་དང་། ནུབ་སྨོན་པ་མྱེད་པ་དང་། བྱང་རང་བཞིན་གྱིས་འོད་གསལ་བའོ། །སྒོ་དེ་བཞི་ནས་མ་ཧཱ་ཡོ་གར་འཇུག་པའོ། །སྒོ་ཁྱུད་ནི་མཚོན་སྣ་ཡེ་ཤེས་ལྔའི་རང་བཞིན་པན་ཙ་རགས་ཕྱོགས་ཐམས་ཅད་འཁོར་བའོ། །རོལ་བ་ནས། སྟོད་སྨོན་མཚན་མྱེད་འོད་གསལ་སྒོ། །སངས་རྒྱས་ཐོག་པས་རྣམ་པར་སྤྲས། །ཞེས་སོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། །རྟ་བབས་ནི་གསུམ་སྟེ། ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་རྣམ་པར་ཐར་པ་བརྒྱད་དང་། ཐེམ་སྐས་ཀྱི་རྒྱན་དུ་གྱུར་པའི་རྣམ་པར་ཐར་པ་བརྒྱད་དང་། ལྟ་བབས་ཀྱི་རྒྱན་བརྒྱད་དོ། །དང་པོ་ནི་བརྒྱད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་དང་། ནང་གཟུགས་མྱེད་པར་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བའི་རྣམ་པར་ཐར་པ་དང་། སྡུག་པའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་རྫོགས་པར་གནས་པ་དང་། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་དང་། རྣམ་པར་ཤེས་པ་མཐའ་ཡས་སོ་མཉམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་དང་། ཅི་ཡང་མྱེད་དོ་མཉམ་ནས་ཅི་ཡང་མྱེད་པའི་སྐྱེ་མཆེད་རྫོགས་པར་བྱ་བ་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མིན་གྱི་སྐྱེ་མཆེད་རྫོགས་པར་བྱས་ནས་གནས་པ་དང་། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་འཇུག་པ་རྣམས་སོ། །རྟ་བབས་ཀྱི་རྒྱན་དུ་གྱུར་པའི་རྣམ་པར་ཐར་པ་བརྒྱད་ནི། རྟ་རྐང་དང་། པད་མ་དང་། ཟ་རང་རྩགས་དང་། སྣ་འཕྱོང་དང་། ཆུན་འཕྱང་དང་། འཕྲེང་བ་དང་། སྒྲོམ་བུ་དང་། ཁྱུང་མགོ་སྟེ། རྒྱ་བཅུ་པ་ལས། ཞབས་དང་མ་ཆགས་ཟ་རང་རྩགས། །སྣ་འཕྱོང་ཆུན་འཕྱང་འཕྲེང་བ་དང་། །སྣ་ཚོགས་ཁྱུང་མགོ་རིམ་པར་འཁྲིགས། །ཞེས་སོ། །ཐེམ་སྐས་སུ་གྱུར་པའི་རྟ་བབས་བརྒྱད་ནི། །རང་སངས་རྒྱས་ཀྱི་ཐེག་པ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་དང་། མ་ཧཱ་ཡོ་ག་དང་། ཨ་ནུ་འོ། །ཐལ་བ་ནས། ཕྱི་ནང་གསང་བ་ཟབ་མོ་ཡི། །རྣམ་ཐར་བརྒྱད་ཀྱི་རྟ་བབས་ལྡན། །ཞེས་སོ། །ཕྱི་དང་ནང་མྱེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། གཞལ་ཡས་ཁང་གི་རང་བཞིན་ནི། ཕྱི་ནང་མྱེད་པ་ནི། ཕྱི་ནས་ལྟས་ན་ནང་གསལ་ལ། ནང་ནས་ལྟས་ན་ཕྱི་གསལ་ཏེ། ཤེལ་སྒོང་ལྟར་དག་པའོ། །ཀུན་ཏུ་ཡང་ནང་དུ་གྱུར་བ་ནི། ཕྱི་གཞལ་ཡས་ཁང་དུ་སྣང་ཡང་། ཀུན་ཏུ་བཟང་པོའི་ཆེ་བ་ཡིན་པས་སོ། །ནང་ཡང་ཡེ་ཤེས། ཕྱི་ཡང་ཡེ་ཤེས་སུ་སོང་བའོ། ༈ །གཏར་ཀ་བྱ་བ་ལ། འོ་ན་ཕྱི་མྱེད་པའི་ནང་འབའ་ཞིག་ཏུ་སྨོས་པ་འགལ་ཞེ་ན། མི་འགལ་ཏེ་འདི་དེ་བཞིན་གཤེགས་པའི་སྣང་བའི་དབང་དུ་བྱས་པས། དེ་བཞིན་གཤེགས་པའི་སྣང་བ་ལ་ཕྱི་ནང་མྱེད་པའོ། །ཐལ་བ་ནས། ཕྱི་དང་ནང་མྱེད་ཡེ་ཤེས་དངོས། །མཐའ་དབུས་མྱེད་པའི་བདེ་ཆེན་དབྱིངས། །ཅེས་སོ། །ཡང་ན། ཕྱི་སེམས་ཅན་གྱི་སེམས་དང་། ནང་སངས་རྒྱས་ཀྱི་དགོངས་པ་གཉིས་མྱེད། ཤེས་བྱ་ཆོས་ཀྱི་དབྱིངས་དང་། ཤེས་བྱེད་རིག་པའི་ཆ་གཉིས་མྱེད། དོན་དམ་པ་དང་ཀུན་རྫོབ་ཀྱི་ཆ་གཉིས་མྱེད་དེ། བདེན་པ་དབྱེར་མྱེད་མ་རྟོགས་པ་དེ་རྟོགས་པར་བྱེད་པའི་ཕྱིར་སྨོས་སོ། །གནས་འདི་ཉིད་རིག་པའི་འོག་མིན་ཡིན་པས་ན། རིག་པ་ལ་ཕྱི་ནང་མྱེད། རིག་ཅིང་གོ་བས་ན་ཐམས་ཅད་ནང་དུ་འགྱུར་རོ། །བརྒྱ་བཅུ་པའི་ལེའུ་དྲུག་ཅུ་གསུམ་པ་ནས། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་། །ནང་དང་ནང་གི་ཕྱི་རོལ་གྱི། །རྣམ་ཏོག་སྣ་ཚོགས་འཛིན་པ་ཡང་། །དངོས་པོ་མྱེད་དབྱིངས་སྐད་ཅིག་མ། །ཞེས་སོ། ༈ །གཉིས་པ་གནས་ཐབས་ལམ་དུ་བཤད་པ་ནི། འོག་མིན་ཅེས་པ། ཡུམ་གྱི་བྷ་ག་འཁོར་ལོ་རིམ་པ་གསུམ་སྟེ། ཕྱི་རིམ་པ་གཉིས། བར་ན་གསུམ། ནང་པདྨ་འདབ་བརྒྱད་དོ། །ནང་མ་དེ་ལས་དང་ཡོན་ཏན་གཉིས་ཀྱིས་ཕྱི་མ་ལས་ཁྱད་པར་དུ་གྱུར་པས་ན་འོག་མིན་ནོ། །སྦྱོར་བའི་ལས་དང་བྱང་སེམས་ཀྱི་བཅུད་མཐའ་བཞི་དང་བྲལ་བས་སོ། །གནས་ཀྱི་གཞི་ནི། གཞི་ཚད་མྱེད་པ་ཅེས་པ། དགའ་བ་བཞིའི་ཡེ་ཤེས་སོ། །གནས་ཀྱི་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་ཅེས་པ། བྱང་ཆུབ་སེམས་ལ་ཐུན་མོང་དང་ཁྱད་པར་གྱི་དགོས་པ་འབྱུང་ཞིང་ལྡན་པས་སོ། །གཞལ་ཡས་ཁང་གི་རྒྱ་ཁྱོན་ནི། ཕྱོགས་བཅུར་ཅེས་པ། དགའ་བ་བཞིའི་ངོ་བོ་ལ་བློས་དཔག་པར་དཀའ་བའོ། །གཞལ་ཡས་ཁང་གི་ཕྱིའི་དབྱིབས་ནི། ཡོན་ཏན་དཔག་ཏུ་མྱེད་པ་ཅེས་པ། བློས་དཔག་པར་དཀའ་བའི་དགའ་བ་བཞིར་གྱུར་པས་སོ། །གློ་བུར་ནི་ལྷག་པའི་ཅེས་པ། དགའ་བའི་ཡེ་ཤེས་ལྔ་དང་ལྡན་པར་འཁོར་ལོར་སྐོར་བའོ། །རྩེ་མོ་ནི། རྩེ་མོ་ཕྱོགས་བཅུར་ཅེས་པ། སྣོད་རྩ། བཅུད་ཐིག་ལེ། དེ་སངས་རྒྱས་ཀྱི་ངོ་བོ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་སྤྱི་བོར་འཁྱིལ་བས་སོ། །རིན་པོ་ཆེའི་རྒྱན་ནི། ཡེ་ཤེས་བསམ་གྱིས་མྱི་ཁྱབ་ཅེས་པ། རྡོ་རྗེ་དབྱིངས་ཕྱུག་མའི་སྣ་རྩེ་ཉུངས་དཀར་ཙམ་གྱིས་གཞན་ལས་དཔག་པ་དང་། རྩ་ས་ཡ་བཅུ་གསུམ་དུ་བདེ་བ་སྣ་ཚོགས་རྒྱས་པས་ན་ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་སོ། །འདོད་ཡོན་གྱི་རྒྱན་ནི། གཟུགས་སྣ་ཚོགས་ཅེས་པ། ཁུ་བ་མཆོད་པར་བྱེད་པའོ། །དེ་རྣམས་ནི་བཤད་རྒྱུད་རོལ་པའི་ལེའུ་གསུམ་པ་ནས། དེ་གནས་པདྨ་རིམ་གསུམ་པོ། །གཉིས་གསུམ་བརྒྱན་ཀྱི་ཁྱད་པར་ཅན། །ཐ་མ་གནས་དང་ཡོན་ཏན་གྱིས། །མངོན་པར་མཐོ་བས་འོག་མྱིན་ཏེ། །ལས་དང་བཅུད་ཀྱིས་མཐའ་བྲལ་བ། །ཡེ་ཤེས་བཞི་ལ་དཔག་མྱི་རིགས། །དགོས་པ་འབྱུང་ལྡན་རིན་པོ་ཆེ། །ཡེ་ཤེས་ལྔའི་འཁོར་ལོ་བསྐོར། །སངས་རྒྱས་ངོ་བོ་སྣོད་བཅུད་ཀྱི། །སྤྱི་བོ་ཤིན་ཏུ་འཁྱིལ་བར་གནས། །ཉུངས་དཀར་སོན་གྱིས་དཔག་པ་ནི། །ས་ཡ་བཅུ་གསུམ་བདེ་བས་རྒྱན། །འདོད་ཡོན་ཁྱད་པར་ཅན་གྱིས་མཛེས། །ཞེས་སོ། །སྒོ་བསྟན་པ། རྣམ་པར་ཐར་པ་བཞི་ཅེས་པ། ཡུམ་གྱི་བྷ་ག་ལ་རྣམ་ཏོག་ནུབ་པས་ན་འོག་མིན། བྷ་ག་པདྨ་འདབ་བརྒྱད་ཆགས་པའི་སྐྱོན་གྱིས་མ་གོས་པའི་གདན་ལ། རྒྱལ་བ་ཀུན་བཞུགས་པ་དང་འབྱུང་བས་ན་དུས་གསུམ་གྱི་བདེ་བ་འཆར། བདེ་བ་དེའི་རྣམ་པ་དགའ་བ་བཞིའོ། །དགའ་བ་དེ་ཕྱག་རྒྱ་བཞི་དང་ལྟན་ཏེ། ལུས་རྩའི་ཕྱག་རྒྱ་དང་། ཁམས་བདུད་རྩིའི། དབྱིབས་ཡི་གེའི། སྙིང་པོ་རླུང་གི་ཕྱག་རྒྱའོ། །དེ་རྟོགས་པར་དཀའ་བས། དབང་མ་ཐོབ་པའི་སྐྱེ་བོ་སོགས་དང་། སྐལ་མྱེད་ཉན་ཐོས་ལ་གསང་བས་ན། ནང་རྟེན་རྣམ་རྟོག་དང་། ཕྱི་གཏན་འདུལ་ཁྲིམས་སོ། །རྟ་བབས་ནི། རྣམ་པར་ཐར་པ་བརྒྱད་ཅེས་པ། དགའ་བ་བཞི་དང་། ཕྱག་རྒྱ་བཞི་སྟེ་བརྒྱད་དོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། ནུབ་ཕྱོགས་འོག་མིན་གནས་མཆོག་ཏུ། །མ་ཆགས་པདྨའི་གདན་སྟིང་བ། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཕྱག་རྒྱ་བཞི་དང་ངེས་པར་ལྡན། །དབང་དང་སྐལ་མེད་གསལ་བའི་ཕྱིར། །ནང་གཏན་ཕྱི་རིམ་ལྕགས་དང་ལྡན། །ཞེས་སོ། །གཞལ་ཡས་ཁང་གི་རང་བཞིན་ནི། ཕྱི་དང་ནང་མྱེད་པ་ཅེས་པ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བའི་ངོ་བོ་ལ། ཕྱི་ནང་གི་རྣམ་རྟོག་བྲལ་བའོ། །གཞལ་ཡས་ཁང་གི་གདན་ནི། མི་འཇིགས་པ་ཅེས་པ། བྱང་ཆུབ་སེམས་ཀྱི་བདེ་བའི་རོ་ཉིད་ལ། སངས་རྒྱས་ཀྱི་འབྲས་བུའི་ཆོས། སྟོབས་བཅུ་དང་། མྱི་འཇིགས་པ་བཞི་ལ་སོགས་པ་རྫོགས་ས྄ོཧ྅྅྅ ། ཡུམ་གྱི་ཁུ་བ་ཟླ་བ། ཡབ་ཀྱི་ཁུ་བ་ཉི་མ། དེ་ལ་སེམས་ཉིད་སངས་རྒྱས་བཞུགས་པའོ། །དེ་ཡང་ཐལ་བ་ནས། གང་ཡང་བདེ་བྱེད་ཕྱི་ནང་བྲལ། །བདེ་བ་ཆེན་པོའི་རོ་ཉིད་ལ། །འབྲས་བུའི་ཆོས་ཀུན་རྫོགས་པར་ལྡན། །བྱང་ཆུབ་མཆོག་ཏུ་ཉི་ཟླ་ཤར། །དེ་ཉིད་བཞུགས་གནས་ཡིན་པར་བཤད། །ཅེས་སོ། ༈ །གཏར་ཀ་གགས་གསལ་བ་ནི། འོག་མིན་སངས་རྒྱས་ཀྱི་གནས་སུ་སེང་གེ་ལ་སོགས་པའི་བྱོལ་སོང་ཡོང་བ་ཅི་ཏེ་ཞེ་ན། དེ་ནི་མྱི་འགལ་ཏེ། བྱང་ཆུབ་སེམས་དཔས་ལུས་གདན་དུ་ཕུལ་བའམ། ཡང་ན་མི་འཇིགས་པ་དང་སྟོབས་རྣམས་ཆེ་བ་སེམས་ཅན་ལ་སྟན་པའི་རྡར་སྒྱུ་མ་ལྟ་བུའི་གཟུགས་སོ། །སྡོས་པ་ཅན་མ་ཡིན་པས་འགལ་བ་མྱེད་དོ། །མི་འཇིགས་པ་སེང་གེའི་ཁྲི་དང་། ཞེས་པ། སེམས་ཅན་གྱི་གདན་བསྟན། སེམས་ཅན་གྱི་གདན་ལ་བཞི་སྟེ། ལྷ་གང་ཡིན། དོན་ཅི་དང་ལྡན། རྟགས་གང་བྱུང་། གནས་གང་ལ་དབང་ངོ་། །ལྷ་ནི་རྡོ་རྗེ་སེམས་པའི་གདན་ནོ། །དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཞེ་སྡང་འདུལ་བའི་ཕྱིར་མྱི་འཇིགས་པ་བཞི་དང་ལྡན་ཏེ། ད་རུང་མངོན་པར་སངས་མ་རྒྱས་ཟེར་བ་དང་། ཟག་པ་མ་ཟད་པ་ཡིན། བར་ཆད་འབྱུང་ངེས་པར་མ་བྱུང་ཟེར་བ་བཞིས་འཇིགས་པ་དང་བྲལ་ཏེ། རྡོ་རྗེ་སེམས་དཔའ་ནི། མངོན་པར་སངས་རྒྱས་པ་དང་། ཟག་པ་ཟད་པ་དང་། གཞན་གྱིས་བར་མི་ཆོད་པ་དང་། ངེས་པར་འཁོར་བ་ལ་བྱུང་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཇིགས་མྱེད་པའི་ཐུགས་ཀྱིས་ཆོས་ཀྱི་འཁོར་ལོ་སྟོན་པའོ། །རྟགས་གང་བྱུང་ན། སེང་གེ་གཅན་གཟན་གཞན་གྱི་འཇིགས་པ་དང་བྲལ་བ་དེ་གདན་དུ་སྟིང་བའོ། །གནས་གང་ལ་དབང་ན། དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་ན་འབྱུང་བའོ། །སྟོབས་གླང་པོ་ཆེའི་ཁྲི་དང་། ཞེས་པ། ལྷ་གང་གི་གདན་ཡིན་ན། རྣམ་པར་སྣང་མཛད་ཀྱིའོ། །དོན་ཅི་དང་ལྡན་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་གཏི་མུག་འདུལ་བའི་ཕྱིར་སྟོབས་བཅུ་དང་ལྡན་ཏེ། གནས་དང་གནས་མྱིན་གང་ཡང་མཁྱེན་པའི་སྟོབས་དང་། དུས་གསུམ་འདས་པའི་རྣམ་སྨིན་མཁྱེན་པའི་དང་། ཁམས་སྣ་ཚོགས་མཁྱེན་པའི་དང་། ཕ་རོལ་གྱི་མོས་པ་མཁྱེན་པའི་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་དང་། བསམ་གཏན་མཐར་ཕྱིན་ཉོན་མོངས་པ་མཁྱེན་པའི་དང་། སྔོན་གྱི་གནས་མཁྱེན་པའི་དང་། སྐྱེ་བ་དང་འཆི་འཕོ་བ་མཁྱེན་པའི་དང་། ཟག་པ་ཟད་མྱེད་སེམས་གྲོལ་མཁྱེན་པའི་སྟོབས་བཅུས། སེམས་ཅན་ལ་མངོན་ཤེས་དྲུག་སྟོན་པའོ། །རྟགས་གང་བྱུང་ན། གླང་པོ་ཆེའི་རྒྱབ་ཏུ་ཤོང་ཚད་ཐེག་པས་ན་སྟོབས་ཆེ་བའོ། །གནས་ནི་འཁོར་ལོའི་ཤར་གྱི་རྩིབས་སྟེངས་སུ་བཞུགས་པའོ། །རྫུ་འཕྲུལ་རྟའི་ཁྲི་དང་། ལྷ་གང་གི་གདན་ཡིན་ན། རིན་ཆེན་འབྱུང་ལྡན་གྱི་གདན་ནོ། །དོན་ཅི་དང་ལྡན་ན། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ང་རྒྱལ་འདུལ་བའི་ཕྱིར་ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། འདུན་བའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་པའི་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བཞིས། སེམས་ཀྱི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སྤྱོད་པའི་ཏིང་ངེ་འཛིན་དང་། མོས་པའི་ཏིང་ངེ་འཛིན་བཞིས། ཡེ་ཤེས་བཞི་འགྲོ་བ་སྟོན་པས་སོ། །རྟགས་གང་དུ་བྱུང་ན། རྟ་རྫུ་འཕྲུལ་ཅན་གྱི་གདན་ནོ། །གནས་གང་ལ་དབང་ན། ལྷོའི་རྩིབས་སྟེངས་སུའོ། ༈ །གདན་ལ་ངག་དོན་བཞི་སྟེ། ཆོས་ཀྱི་འཁོར་ལོ་སྐོར་བའི་གདན་དང་། ཡོན་གྱི་ཆེ་བ་བཅོམ་པའི་གདན་དང་། ཐུགས་རྗེས་འགྲོ་དོན་མཛད་པའི་གདན་དང་། སའི་ཁྱད་པར་སྒྲོད་པའི་གདན་ནོ། །ཆོས་ཀྱི་འཁོར་ལོ་སྐོར་བ་ནི། གཞལ་ཡས་ཁང་གི་དབུས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའོ། །ཡོན་ཏན་གྱི་ཆེ་བ་བཅོམ་པ་ནི། སེང་གེའི་གདན་ནི་ཡོན་ཏན་མི་འཇིགས་པ་བཞི་དང་ལྡན་པའོ། །དེས་གཞན་གྱི་ཆེ་བ་འཇོམས་པའོ། །གཞན་དེས་འདྲེ། ཐུགས་རྗེས་འགྲོ་དོན་མཛད་པ་ནི། རིན་པོ་ཆེའི་ཁྲི་རྐང་གི་གདན་ལས་སེམས་ཅན་ལ་དགོས་འདོད་ཡིད་བཞིན་དུ་འབྱུང་བའོ། །སའི་ཁྱད་པར་བསྒྲོད་པ་ནི། ས་བཅུ་ཐོབ་པའི་རྒྱུའི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་གྱུར་ཏེ། འབྲས་བུ་སྐུ་གསུམ་གྱི་ས་ཐོབ་པས་ན། བཅུ་གཅིག་ཀུན་ཏུ་འོད་ལ་སྤྲུལ་སྐུ། བཅུ་གཉིས་མ་ཆགས་པད་མ་ཅན་ལ་ལོངས་སྐུ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ཆོས་སྐུ་སྟེ། དེ་བས་ན་རྟགས་སུ། ཉི་མ་དང་། ཟླ་བ་དང་། པདྨའི་གདན་ནོ། །དེ་ཡང་སེམས་ཅན་གྱི་གདན་འདི་དག་ལ་འདོད་ལུགས་གཉིས་ཏེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གཞན་ལ་སྟོན་པའི་བརྡ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་ལུས་གདན་དུ་སྤྲུལ་ནས་རྣ་བས་ཆོས་ཉན་ཅིང་ཤེས་བྱའི་སྒྲིབ་པ་སྦྱོང་བའོ། །དེ་ཡང་རོལ་པ་ནས། མཚན་མ་རྟགས་ཀྱི་གནས་རྫོགས་ཤིང་། །ཐུགས་རྗེའི་བྱང་ཆུབ་སེམས་ཉིད་ལྡན། །ཞེས་སོ། །དབང་རྨ་བྱའི་ཁྲི་དང་། ལྷ་གང་གི་གདན་ཡིན་ན། སྣང་བ་མཐའ་ཡས་སོ། །དོན་ཅི་དང་ལྡན་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་འདོད་ཆགས་འདུལ་བའི་ཕྱིར་དབང་བཅུའ་སྟེ། ཡོ་བྱད་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཚེ་ལ་དབང་བ་དང་། ཡེ་ཤེས་ལ་དབང་། ཆོས་ལ་དབང་། སེམས་ལ་དབང་། ལས་ལ་དབང་། རྫུ་འཕྲུལ་ལ་དབང་། སྨོན་ལམ་ལ་དབང་། མོས་པ་ལ་དབང་བ་དང་བཅུས། ཁམས་གསུམ་གྱི་དབང་ཕྱུག་ཏུ་བསྟོན་པའོ། །རྟགས་གང་བྱུང་ན། རྨ་བྱ་སྤུ་གདུག་ཅིང་ཡིད་གདུང་བའི་དོན་ཏེ། གནས་གང་ལ་དབང་ན། ནུབ་ཕྱོགས་ཀྱི་འཁོར་ལོའི་རྩིབས་སྟེངས་སུའོ། །ཐོགས་པ་མྱེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། ལྷ་གང་གི་གདན་ཡིན་ན། དོན་ཡོད་གྲུབ་པའོ། །དོན་བརྟགས་ཅི་དང་ལྡན་ན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཕྲག་དོག་ཅན་འདུལ་བའི་ཕྱིར་འཕྲིན་ལས་བཞི་འགྲུབ་སྟེ། ཞི་བའི་ལས་དང་། རྒྱས་པ་དང་། དབང་དང་། དྲག་པོའི་ལས་ལ་ཐོགས་པ་མྱེད་པར་ལྷུན་གྲུབ་ཏུ་སྟོན་པའོ། །རྟགས་གང་བྱུང་ན་མཁའ་ལྡིང་ཤང་ཤང་མི་དང་བྱའི་ནུས་པ་ཀུན་ཡོད་པ་བྱུང་ངོ་། །གནས་གང་ལ་དབང་ན་བྱང་ཕྱོགས་སོ། །དེ་དག་ཡང་རོལ་བའི་རྒྱུད་ལས། རྒྱུ་རྐྱེན་ལམ་དང་ཐབས་ཀྱི་ཆོས། །དེ་དག་འབྲས་བུའི་བདག་ཉིད་ཅན། །མི་འཇིགས་རྣམ་བཞི་སྟོབས་བཅུ་དང་། །རྫུ་འཕྲུལ་རྐང་པ་དབང་བཅུ་ཡི། །ཐོགས་མྱེད་གསང་ཆེན་མཚོན་ལྔའི་བདག ༈ །ཉི་ཟླའི་གདན་སྟན་པ་ནི། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། ཅེས་པ་ལ་གསུམ་སྟེ། ནང་ཡིད་རང་འབྱུང་གི་ཡེ་ཤེས་ལ་སྒྲིབ་པ་མྱེད་པ་དང་། ལམ་དུ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དང་། ཉི་མ་ཤེས་རབ་སྟོང་པ་དང་། ཟླ་བ་ཐབས་རྒྱ་ཆེ་བར་སྟན་པའོ། །ནང་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ། ལམ་བར་ཆད་ཀྱི་སྒྲིབ་པ་མྱེད་པའི་ས་ཐོབ། རྟགས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་རིགས་ལྔ་འཁོར་དང་བཅས་པའི་གདན་དུ་གདིང་བར་བསམ་མོ། །དེ་ཡང་རོལ་བ་ལས། ཀུན་ཏུ་སྒྲིབ་པ་མྱེད་པའི་མཆོག །ཐམས་ཅད་རང་གི་དཀྱིལ་འཁོར་ཉིད། །ཅེས་སོ། །གོས་པ་མྱེད་པ་པད་མའི། པད་མའི་གདན་སྟན། པདྨའི་གདན་ལ་གཉིས་ཏེ། དོན་དང་། བརྟགས་སོ། །དོན་ནི། རང་རིག་པ་ལ་ཉེས་པའི་སྐྱོན་གྱིས་མི་གོས་པའམ། རིགས་ལྔའི་ཐུགས་ཉེས་པའི་སྐྱོན་དང་བྲལ་བའོ། །དེའི་རྟགས་སུ་པདྨ་བསྟན་པ་ནི། པདྨ་ལ་འདམ་གྱི་སྐྱོན་གྱི་མི་གོས་པར་འདམ་ཡོན་ཏན་དུ་འགྱུར་ཏེ། འདམ་གྱིས་པདྨ་མཛེས་པ་དང་། རྒས་སྲ་བ་དང་། སྦྲང་རྩི་མང་བ་དང་། སད་ཀྱིས་མྱི་འཇིགས་པའོ། །དེ་བས་ན་རང་གི་རིག་པ་ལ་འཁོར་བའི་སྐྱོན་གྱིས་མི་གོས་ཤིང་། གོས་པར་མྱི་འགྱུར་ཏེ། ཐལ་བ་ནས། ཀུན་ནས་མ་ཆགས་རྣམ་པར་དག །ཞེས་པས་སོ། །རིན་པོ་ཆེའི་གདན་ལ། རིན་པོ་ཆེའི་གདན། རིན་པོ་ཆེའི་ཁྲི་རྐང་ལ་གཉིས་ཏེ། ངོ་བོ་དང་། ཡོན་ཏན་ནོ། །ངོ་བོ་ནི། རིགས་ལྔ་ལ། རེ་རེ་ལ་རིན་པོ་ཆེའི་ཁྲི་རྐང་། མཛོད་དམྱིག་བདུན་བདུན་ཡོད་པ། ཀ་བ་བརྒྱད་ཀྱིས་བཏེག་པའོ། །ཡོན་ཏན་ནི། རྒྱལ་སྲིད་རིན་པོ་ཆེ་དཔུང་བདུན་ཚང་བ། སེམས་ཅན་གྱི་དགོས་འདོད་ཡིད་བཞིན་དུ་སྐོང་བའོ། །དེ་ཡང་རོལ་པ་ནས། ཀུན་འབྱུང་རིན་ཆེན་རྩིགས་པའི་ཁྲི། །དེ་དག་ཉི་ཤུ་རྩ་ལྔའི་གདན། །ཅེས་སོ། །སྐུའི་མཚན་ཉིད་སྟན། སྐུ་མདུན་དང་རྒྱབ་མྱེད་པར་ཐམས་ཅད་ཞལ་ཐལ་བར་གསལ་ཞིང་། ཞེས་པ་སྟེ། སྟོན་པའི་ངོ་བོ་དངོས་སུ་བསྟན་པ་ལ་གཉིས་ཏེ། གྲོལ་ལམ་དུ་བཤད་པ་དང་། ཐབས་ལམ་དུ་བཤད་པའོ། །གྲོལ་ལམ་དུ་བཤད་ན། སྟོན་པའི་བདག་ཉིད་དང་། འཆད་པའི་སྐྱེས་བུ་མཚན་ཐུན་མོང་དུ་བསྟན་པ་ནི། དང་པོ་སྐུའི་མཚན་ཉིད་ནི། རྒྱུ་སེམས་ཅན་གྱི་སེམས་ལ་ཕྱི་ནང་མྱེད། ལམ་ཡེ་ཤེས་ལ་ཕྱི་ནང་མྱེད། འབྲས་བུ་ཆོས་སྐུ་ལ་ཕྱི་ནང་མྱེད་པས། ཡེ་ཤེས་སྒྱུ་མ་ལྟ་བུའི་སྐུ་ལ་མདུན་རྒྱབ་མ་གྲུབ་པའོ། །ཐམས་ཅད་དུ་ཞལ་ཐལ་བར་གསལ་བ་ནི། ལོངས་སྐུ་རྡོས་ཅས་མ་ཡིན་པ་དང་། འཁོར་ཐམས་ཅད་ལ་མཉམ་པར་དགོངས་པ་སྟེ། ཞལ་ཐམས་ཅད་ལ་སྟོན་པ་དང་། ཐུགས་ཕྱོགས་རིས་མྱེད་པས་ཐམས་ཅད་ལ་ཁྱབ། ཞལ་སྒྲིབ་པ་སྤངས་པས་ཕྱོགས་བཅུར་གསལ་ལོ། །རོལ་པ་ནས། རྣམ་པར་བཀོད་པའི་སྐུ་ཆེན་པོ། །ཐམས་ཅད་གསལ་བར་བྱེད་པའི་མཆོག །ཐམས་ཅད་མ་འགགས་ཐེག་པའི་ཚུལ། །ཟབ་མོ་རྒྱ་ཆེན་གསང་བའི་སྔགས། །དོན་ཀུན་ངེས་པར་གཅོད་བྱེད་པའི། །རང་རིག་ཡེ་ཤེས་འགྱུར་བ་མྱེད། །ཅེས་སོ། ༈ །འདིར་གཏར་ཀས་གགས་བསལ་བ་ནི། སྐུ་ལ་མདུན་རྒྱབ་མྱེད་པས་ཞལ་གསལ་རྒྱུ་མི་ཡོང་སྙམ་པ་ལ། དེ་ལྟར་མ་ཡིན་ཏེ། སྟོན་པ་རྡོས་བཅས་ཀྱི་ལུས་ལས་གྲོལ་བས་ཚ་རེག་དང་གྲང་རེག་སྤངས་པའི་སྐུ་ལ་ཕྱི་ནང་མྱེད་པ་ཆོས་སྐུར་བཞུགས་ཏེ། ནམ་མཁའ་འཇའ་ལྟ་བུ་གང་ནས་ལྟས་ཀྱང་གསལ་བ་ལ། གདུལ་བྱའི་བློས་བཏགས་པ་ཕྱོགས་གཅིག་ཏུ་འཛིན་པ་དགག་པ་དང་། མདུན་རྒྱབ་ཏུ་འཛིན་པའི་རྟོག་པ་བྲལ་བའོ། །དེ་ཡང་འཁོར་ལ་དགོངས་པས་གདུལ་བྱའི་བློ་ལ་ཞལ་ཡང་ང་ལ་སྟན་ལ། ཐུགས་ཀྱང་ང་ལ་མཉེས་པར་གཏོད་སྙམ་པའི་བསམ་པ་ལ་དགོངས་པའོ། །མཚན་དང་། མཚན་དཔེའ་བསྟན་པ་ལ། དཔེའ་བྱད་དུ་ལྡན་པ། ཞེས་པ། སྤྱིར་མཚན་དཔེའ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱིའོ། །ཐུན་མོང་ལ་གཉིས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེའ་བྱད་བཟང་པོ་བརྒྱད་ཅུའོ། །མཚན་ནི། ཕྱག་དང་ཞབས་ཀྱི་ཐིལ་ལ་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་དུ་གནས་པ་དང་། ཕྱག་དང་ཞབས་དྲྭ་བས་འབྲལ་བ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོའ་བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་འཐོ་བ་དང་། ཡན་ལག་གི་པུ་གྱེན་དུ་འཁྱིལ་བ་དང་། རི་དྭགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་རླ་དྲང་པོར་སླེབ་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་གྱི་ཁ་དོག་ལྟ་བུ་དང་། མདོག་ཤིན་དུ་འཇམ་པ་དང་། པུ་རེ་རེ་ནས། གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེངྒེའི་རོ་སྟོད་ལྟ་བུ་དང་། འཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་པ་ཤིན་དུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་། ཤིང་ན་གྲོ་ཏ་ལྟར་ཆུ་ཞེང་གབ་པ་དང་། དབུའ་སྤྱི་ཙུག་དང་ལྡན་པ་དང་། ལྗགས་ཤིན་དུ་ཡངས་པ་དང་། ཚངས་བའི་དབྱངས་དང་། སེངྒེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་དུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་བཞི་བཅུ་ཚང་བ་དང་། སྤྱན་དཀར་ནག་ཕྱེད་པ་དང་། བའི་རྫི་མ་ལྟ་བུའོ། །དཔེའུ་བྱད་ནི། སེན་མོ་ཟངས་ལྟར་དམར་བ་དང་། སེན་མོ་སྣུམ་པ་དང་། སེན་མོ་མཐོ་བ་དང་། སེན་མོ་ཟླུམ་པ་དང་། སོར་མོ་རྒྱས་པ་དང་། སོར་མོ་རིམས་ཀྱིས་བཞོལ་བ་དང་། རྩ་མྱི་མངོན་པ་དང་། རྩ་ལ་མདུད་པ་མྱེད་པ་དང་། ལོང་བུ་མྱི་མངོན་པ་དང་། ཞབས་མྱི་མཉམ་པ་མྱེད་པ་དང་། སིངྒེའི་འགྲོས་སུ་བཞུད་པ་དང་། གླང་པོ་ཆེའི་འགྲོས་སུ་བཞུད་པ་དང་། ངང་པའི་སྟབས་སུ་བཞུད་པ་དང་། ཁྱུ་མཆོག་གི་སྟབས་སུ་བཞུད་པ་དང་། གཡས་ཕྱོགས་སུ་བཞུད་པ་དང་། མཛེས་པར་བཞུད་པ་དང་། མི་གཡོ་བར་བཞུད་པ་དང་། སྐུ་ཤིན་དུ་ལེགས་པ་དང་། སྐུ་ཤིན་དུ་སྦྱངས་བ་དང་། སྐུ་རིམས་ཀྱིས་བཞོལ་བ་དང་། སྐུ་ཤིན་ཏུ་གཙང་བ་དང་། སྐུ་ཤིན་ཏུ་འཇམ་པ་དང་། སྐུ་ཤིན་དུ་རྣམ་པར་དག་པ་དང་། དཔེའ་བྱད་ཤིན་ཏུ་རྫོགས་པ་དང་། སྐུ་ཆེ་ཞིང་མཛེས་པ་དང་། སྐུ་ལེགས་པར་མཉམ་པ་དང་། སྐུ་ཤིན་དུ་གཞོན་པ་དང་། སྐུ་ཞུམ་པ་མྱེད་པ་དང་། སྐུ་ཤིན་དུ་རྒྱས་པ་དང་། སྐུ་ཤིན་དུ་འཁྲེགས་པ་དང་། ཡན་ལག་དང་ཉིང་ལག་དཔའ་བར་མཛེས་པ་དང་། སྣང་བ་རབ་རིབ་མྱེད་ཅིང་རྣམ་པར་དག་པ་དང་། ཕྱལ་བཟླུམ་པ་དང་། ཕྱལ་ཤིན་དུ་བྱང་བ་དང་། ཕྱལ་མ་ཞོམ་པ་དང་། ཕྱལ་ཕྱམ་མེར་འདུག་པ་དང་། ལྟེ་བ་ཟབ་མ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཀུན་ནས་མཛེས་པ་དང་། ཀུན་སྤྱོད་པ་ཤིན་དུ་གཙང་བ་དང་། སྐུ་ལ་རྨེ་བ་མྱེད་པ་དང་། ཕྱག་ཤིང་བལ་ལྟར་འཇམ་པ་དང་། ཕྱག་གི་རི་མོ་སྣུམ་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་མི་རིང་བ་དང་། ཞལ་གཟུགས་བརྙན་སྣང་བ་དང་། ལྗགས་ཤིན་དུ་འཇམ་པ་དང་། ལྗགས་ཤིན་ཏུ་སྲབ་པ་དང་། ལྗགས་ཤིན་དུ་དམར་བ་དང་། གླང་པོའི་ང་རོ་དང་འབྲུག་གི་དབྱངས་དང་ལྡན་པ་དང་། སྙན་ཅིང་འཇམ་པ་དང་ཉམས་སུ་བདེའ་བའི་གསུང་དང་ལྡན་པ་དང་། ཚེམས་མཆེའ་བ་ཟླུམ་པ་དང་། ཚེམས་མཆེའ་བ་རྣོ་བ་དང་། ཚེམས་མཆེའ་བ་དཀར་བ་དང་། ཚེམས་མཆེའ་བ་མཉམ་པ་དང་། ཚེམས་མཆེའ་བ་རིང་ཞིང་བཞོལ་བ་དང་། ཤངས་ལེགས་པར་མཐོའ་བ་དང་། ཤངས་ལེགས་པར་གཙང་བ་དང་། སྤྱན་གྱི་ཀྱུས་རིང་བ་དང་། སྤྱན་རྣམ་པར་དག་པ་དང་། རྫི་མ་འཐུག་པ་དང་། སྤྱན་དཀར་ནག་ཕྱེད་ཅིང་པད་མོའི་འདབ་མ་ལྟ་བུ་དང་། སྨིན་མ་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན་མའི་སྤུ་སྣུམ་པ་དང་། སྙན་ལེགས་ཤིང་སྙན་ཤལ་རིང་བ་དང་། སྙན་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། ཞལ་ཕྲལ་བ་ལེགས་པར་གྲུབ་པ་དང་། ཞལ་ཕྲལ་བ་ཡངས་པ་དང་། དབུའ་ཤིན་དུ་རྒྱས་པ་དང་། དབུའ་བུང་བ་ལྟར་གནག་པ་དང་། དབུའ་སྐྲ་འཐུག་པ་དང་། དབུའ་སྐྲ་འཇམ་པ་དང་། དབུའ་སྐྲ་མི་འཛིངས་པ་དང་། དབུའ་སྐྲ་མི་རྩུབ་པ་དང་། དབུའ་དྲི་ཞིམ་པ་དང་། ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པས་རྒྱན་པའོ། །ཁྱད་པར་གྱི་མཚན་དཔེའ་ནི། ཡེ་ཤེས་ཆེན་པོ་དང་ལྡན་པའི་རྟགས་སུ་གྱུར་པའི་སྲས་སེམས་དཔའ་དང་། སེམས་མའི་ཚོགས་ཀྱི་ཕྱག་རྒྱར་སྣང་བས་ཀུན་ནས་སྐོར་ཞིང་བཞུགས་པའོ། །ཅིའི་ཕྱིར་མཚན་དང་དཔེའ་བྱད་དུ་ཞེ་ན། དགེ་ཤིས་ཀྱི་རྟགས་སུ་གྱུར་པ་དང་། གསལ་བ་སོ་སོར་དབྱེར་བའི་ཕྱིར་རྒྱན་དུ་གྱུར་བས་སོ། །དེ་ཡང་མཚན་དཔེའ་ཐུན་མོང་བ་འདི་རྣམས་ནི། སྤྲུལ་པའི་སྐུ་དང་ལོངས་སྐུ་གཉིས་ཀ་ལ་ལྡན་ལ། ཁྱད་པར་གྱི་མཚན་དཔེ་འདི་རྣམས་ནི། སྤྲུལ་སྐུ་ལ་མི་ལྡན། ལོངས་སྐུ་ལ་ལྡན་ནོ། །གསང་བའི་གནས་སྣུབས་སུ་ནུབ་པ་ནི་སྤྲུལ་སྐུ་ལ་ལྡན་ལ། ལོངས་སྐུ་ལ་མི་ལྡན་ཏེ། ལོངས་སྐུ་གསང་བའི་ཡུམ་དང་མཁའ་སྦྱོར་སྙོམས་འཇུག་ཏུ་བཞུགས་པའི་ཕྱིར་རོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། འོག་མིན་གྱི་གནས་ན་ཐུབ་པ་དྲུག་ཡོད་དམ་མྱེད། ཡོད་ན་ལེའུ་དང་པོ་འོག་མིན་གྱི་གླེང་གཞིར་མ་བྱུང་། མྱེད་ན་རྗེས་འཇུག་གིས་སྤྱན་དྲང་བའི་ཡུལ་མྱེད་དོ། །བྱས་པ་ལ། དེ་གདུལ་བྱའི་དབང་ནི་ཏེ། འོག་མིན་ན་ཐུབ་དྲུག་གིས་འདུལ་བའི་གདུལ་བྱ་མྱེད་པས་སྐུ་མངོན་དུ་མ་ཕྱུང་ངོ་། །དོན་ཀུན་ཏུ་བཟང་པོ་ལ་ཚང་བས་རྗེས་འཇུག་ལམ་པའི་ཉམས་ལེན་དང་མི་འགལ་ལོ། །དེ་བས་ན་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པ་ཀུན་ཏུ་སྣང་བ། ཞེས་སོ། །ལེའུ་གསུམ་པ་ནས་ཀྱང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་རླབས་ཞེས་བྱ་བའི། རིག་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་འཐོན་ཏེ། ཞེས་སོ། །དེ་བས་ན་སྤྲུལ་པའི་སྐུ་སྤྲོས་པ་དངོས་ནི་ལེའུ་གསུམ་པ་སྤྲུལ་པ་སྐུའི་གླེང་གཞིའ་ན་གསལ་ལོ། །སྣང་ཚུལ་བསྟན་པ་ལ། བསམ་གྱིས་མྱི་ཁྱབ་པ་ཐམས་ཅད་དུ། སྐུ་གསུང་ཐུགས། སྣ་ཚོགས་པ་ཀུན་ཏུ་སྣང་བ། ཅེས་པ་སྟེ། སྟོན་པའི་མཛད་པ་ནི་གཉིས་ཏེ། རང་ལ་རྫོགས་པ་དང་། གཞན་ལ་ཁྱབ་པའོ། །རང་ལ་རྫོགས་པ་ནི། ཉི་ཤུ་རྩ་ལྔ་ལྷུན་གྱིས་གྲུབ་པ་སྟེ། སྐུ་ལྔ་ནི། ཆོས་སྐུ་སྐྱེ་མྱེད་དང་། ལོངས་སྐུ་སྒྱུ་མ་དང་། སྤྲུལ་སྐུ་མ་འགགས་པ་དང་། རྡོ་རྗེའི་སྐུ་སྟོང་ཉིད་དང་། མངོན་པར་བྱང་ཆུབ་པའི་སྐུ་རིག་པ་རང་གསལ་ལོ། །གསུང་ལྔ་ནི། སྐྱེ་མྱེད་དོན་གྱི་གསུང་དང་། དགོངས་པ་བརྡའི་གསུང་དང་། སྣ་ཚོགས་ཚིག་གི་གསུང་དང་། གྲག་སྟོང་དབྱེར་མྱེད་ཀྱི་གསུང་དང་། རིག་པ་སྒྱུ་མའི་གསུང་ངོ་། །ཐུགས་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྟོང་པ་ཉིད་དང་། མེ་ལོང་ལྟ་བུའི་ཡེ་ཤེས་རང་གསལ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་མི་འབྱེད་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་མ་འགགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་མཐར་ཐུག་པའི་ཐུགས་སོ། །ཡོན་ཏན་ལྔ་ནི། གཞལ་ཡས་ཁང་དང་། རྒྱན་དང་། གདན་དང་། འོད་ཟེར་དང་། ཞིང་ཁམས་སོ། །འཕྲིན་ལས་ལྔ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྲུབ་པའོ། །གཞན་ལ་ཁྱབ་པ་ནི། རང་ལ་དེ་དག་རྫོགས་པའི་ནད་ཀས། གདུལ་བྱ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་སྣང་བ་ལ། དེ་དག་འདུལ་བའི་སྐུ་གསུང་ཐུགས་ཀྱང་སྣ་ཚོགས་པ་ཀུན་དུ་སྣང་ངོ་། །དེ་ཡང་ཞི་ཁྲོ་ལ་སོགས་པའི་སྐུ་སྣ་ཚོགས་དང་། ལྷ་དང་མི་དང་དྲི་ཟ་ལ་སོགས་པ་སྐད་སྣ་ཚོགས་དང་། དུས་གསུམ་མཁྱེན་པའི་ཐུགས་སྣ་ཚོགས་སུ་སྣང་སྟེ། མདོར་ན་སྤྲུལ་པའི་འབྱིན་པོའི། དེ་ཡང་རོལ་པ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་འཇིགས་མྱེད་སྙེམས་དང་བྲལ། །ཆོས་ཀུན་སྤྱིའི་བདག་ཉིད་ཅན། །ཉི་ཤུ་རྩ་ལྔའི་གནས་རྫོགས་པས། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་དག །ཉི་ཤུ་རྩ་ལྔ་མངོན་པར་རྫོགས། །བསམ་གྱིས་མི་ཁྱབ་ཐམས་ཅད་ཀུན། །སྐུ་དང་གསུང་ཐུགས་བདག་ཉིད་ཆེ་ཞེས་སོ། །མདོར་ན་སྐུ་གསུམ་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བཞུགས་པའི་ནད་ཀས། སྐུའི་མཛད་པ་མ་ངེས། གསུང་གི་བརྗོད་པ་མ་འགགས། ཐུགས་ཀྱི་མཁྱེན་པ་མ་རྨོངས་པར་འཆར་ཞེས་བྱའོ། །སྒྱུ་འཕྲུལ་རྡོ་རྗེ་ལས་ཀྱང་། རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །ཅིག་དང་དུ་མ་རྣམ་ཡངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་དེ། །གདོད་ནས་ཐེག་མཆོག་སྟོན་མཛད་ཕྱིར། །སྒྲིབ་པའི་མཐའ་ཡངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྣང་བར་མཛད། །ཅེས་སོ། །བཞུགས་ཚུལ་བསྟན། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱི་དཀྱིལ་མོ་བཀྲུང་དུ་བཞུགས་པ། ཞེས་གསུ ང་སྟེ། བཞུགས་ཚུལ་སྟན་པ་ནི། དེ་ལྟར་གདུལ་བྱ་ལ་ཐུགས་མྱི་གནས་པའི་ཡེ་ཤེས་ཀྱིས་འགྲོ་དོན་མཛད་ན། ཐབས་ཤེས་རབ་གཉིས་ལ་རྟེན་དགོས་པས་ན། ཡབ་ཀྱི་ཐབས་རྡོ་རྗེའི་དཀྱིལ་ཀྲུང་དང་། ཡུམ་གྱི་ཞབས་པདྨའི་དཀྱིལ་ཀྲུང་ཤེས་རབ་མས་འཁྱུད་ནས། ཡབ་ཀྱི་གསང་བའི་ལིང་ཀ་དང་། ཡུམ་གྱི་གསང་བའི་བྷ་ག་གཉིས་རྩེ་སྤྲད་པས། ཐ་མལ་པའི་རྟོག་པ་བརྟུལ་ནས། བདེའ་བ་ཡེ་ཤེས་ལ་ཞུགས་པའོ། །དེ་ཡང་རོལ་པ་ནས། ཨ་ལི་ཀ་ལི་མཉམ་གནས་པའི། །ཞབས་གཉིས་པདྨར་བསྣོལ་བའི་རྒྱ། །བཏུལ་ཤུགས་དཀྱིལ་ཀྲུང་རིགས་ཀྱི་བདག །ཀུན་ནས་ཐབས་དང་ཤེས་རབ་རྫོགས། །ཞེས་སོ། །ཡུམ་ཤེས་རབ་ཀྱི་ཞབས་དང་། ཡབ་ཐབས་ཀྱི་ཞབས་གཉིས་ཡིན་པར་ནི། ཐལ་བ་ནས་ཡང་། ཉི་ཟླ་ཐབས་དང་ཤེས་རབ་ཀྱིས། །རོ་གཉིས་མཉམ་པར་བཏུལ་ཞགས་བཞུགས། །ཞེས་སོ། །ཡང་གཙོའི་ཆོས་ཀྱི་མཛོད་སྙོམས་པ། ཀུན་བཟང་ཡུམ་དང་འཁྲིལ་བའི་ཚུལ་ལོ། །ཡེ་ཤེས་དྲུག་གི་ཕྱག །ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། དེ་ལ་ཕྱག་བསྟན། ཕྱག་སྟན་པ་ནི་གཉིས་ཏེ། ཕྱག་དང་། ཕྱག་མཚན་ནོ། །ཕྱག་ནི་དྲུག་ཏུ་བྱུང་སྟེ། དོན་ཡེ་ཤེས་དྲུག་དང་ལྡན་པས་སོ། །ཡེ་ཤེས་དྲུག་ནི། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། མི་གནས་པ་མདའ་ཀ་ཐུགས་ཀྱི་ཡེ་ཤེས་དྲུག་གོ། །ཕྱག་མཚན་ནི། རྒྱུ་ཡེ་ཤེས་ལས་གྲུབ་པ། རྟགས་རིན་པོ་ཆེ་འོད་འབར་བའི་རྣམ་པ་ཅན། གཡས་དང་པོ་རྡོ་རྗེ། བར་མ་འཁོར་ལོ། ཐ་མ་རིན་པོ་ཆེ། གཡོན་དང་པོ་དྲིལ་བུ། བར་མ་པདྨ། ཐ་མ་རལ་གྲི་སྟེ། ཕྱག་དྲུག་དང་། ཕྱག་མཚན་དྲུག་པོ་ཡང་ཡེ་ཤེས་དྲུག་དང་ལྡན་པ་ཅན་ནོ། །བཤད་པའི་རྒྱུད་སྒྱུ་འཕྲུལ་རོལ་པ་ནས། ཡེ་ཤེས་དྲུག་གི་བདག་ཉིད་ཀྱིས། །ཕྱག་རྒྱ་རིན་ཆེན་འབར་བའི་མཚན། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རལ་གྲི་འབར། །ཞེས་སོ། ༈ །གཏར་ཀ་གགས་གསལ་བ། ལེའུ་དང་པོར་ཡུམ་ཀུན་ཏུ་བཟང་མོ་མ་བྱུང་བ་དེ། འོག་མིན་ན་མྱེད་དམ། ཡོད་ཀྱང་མ་བཀོད་ཞེ་ན། མྱེད་ན་ལེའུ་གཉིས་པར་སྟ ན་པ་དེ་ཡང་། མོ་ཤམ་གྱི་བུའམ་རི་བོང་རྭ་ལྟར་མི་བདེན་རྫུན་པར་ཐལ་ལ། ཡོད་ན་མ་བཀོད་པའི་འཐད་པ་ཅི་ཡིན་ཞེ་ན། ཡོད་དེ། ཡུམ་གྱི་ཞལ་ཕྱག་གསལ་བར་མ་བཀོད་ཡང་། དོན་གྱིས་ཚང་དེ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས། ཞེས་སོ། །ཡུམ་མྱེད་པར་མཉམ་པའི་བརྟུལ་ཤུགས་མི་ཡོང་ངོ་། །དེ་ཡང་ཞལ་ཕྱག་མ་སྟན་པ་ནི། ཡབ་བྱུང་ན་ཡུམ་ལུས་དང་གྲིབ་མ་བཞིན་ཏེ། ཐབས་ཤེས་རབ་དབྱེར་མྱེད་དམ། དབྱིངས་ཡེ་ཤེས་འདུ་འབྲལ་མྱེད་པའི་བདག་ཉིད་དོ། །སྐུ་གསུང་ཐུགས། བསམ་གྱིས་མི་ཁྱབ་པའི། དབུའ་གསུམ་དང་ལྡན་པ། དབུའ་བསྟན་ཅེས་པ་དེ་ལ། ཞལ་སྟན་པ་ནི་བཞི་སྟེ། དོན་དང་། རྟགས་དང་། ངོ་བོ་དང་། དེ་ལྟར་གཞན་ལ་ཡང་སྦྱར་བར་བྱའོ། །དོན་ནི། རྣམ་པར་ཐར་པ་གསུམ་བསྒོམ་པའི་འབྲས་བུའོ། །རྟགས་ནི། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་ནི། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་གྱུར་པའོ། །དེ་ཡང་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། སྐུ་ཐམས་ཅད་པ། གསུང་གི་གསང་བ་བསམ་གྱི་མི་ཁྱབ་པ་འདྲེ། ངོ་བོ་ནི། ཞལ་གསུམ། གཡས་དཀར། གཡོན་དམར། དབུས་མཐིང་ངོ་། །དེ་ལྟར་གཞན་ལ་ཡང་སྦྱར་བ་ནི། འཁོར་རིགས་ལྔ་གཞན་ཡང་དབུའ་གསུམ་ཕྱག་དྲུག་དུ་ལྡན་ཞེས་འཕྲོ་འཚོལ་ལོ། །དེ་ཡང་ཐལ་བ་ནས། མཐིལ་ཀ་དཀར་དང་དམར་བའི་མདངས། །རིགས་ཀྱི་རིགས་ཆེན་དབུའ་རྒྱན་མཛེས། །གཅོད་པན་སངས་རྒྱས་ཀུན་གྱི་བདག །དྲུག་པ་རིགས་རྣམས་ཀུན་གྱི་གནས། །ཞལ་གསུམ་ཕྱག་དྲུག་མཉམ་པའི་སྟབས། །རིན་ཆེན་འབར་བའི་ཉེ་བར་སྤྲས། །ཞེས་སོ། ༈ །གཉིས་པ་ཐབས་ལམ་དུ་བཤད་ན། དང་པོ་སྐུ་མཚན་ཉིད་སྟན་པ་ནི། སྐུ་མདུན་དང་རྒྱབ་མྱེད་པ་ཅེས་པ། ལུས་ཀྱི་བཅུད་ལ་དྭངས་མའི་ཐིག་ལེ་དང་། སྙིགས་མ་དྲི་ཆེན་ལ་སོགས་པ་མྱེད་དེ། བཅུད་ལྔ་དྭངས་སྙིགས་མྱེད་པར་ཡེ་ཤེས་ཁོ་ནར་གསལ་བའོ། །སྐུའི་མཚན་དཔེའ་ནི། མཚན་དང་དཔེའ་བྱད་ཅེས་པ། སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཀྱི་ཡི་གེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་དང་། མགྲིན་པ་ལོངས་སྤྱོད་ཀྱི་ཡིག་བཅུ་དྲུག་ནི་དཔེའ་བརྒྱད་ཅུའོ། །ཐུགས་ཀྱི་མཛད་པ་ནི། བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ། ཅེས་པ། རྩ་ས་ཡ་བཅུ་གསུམ་གྱི་ནང་དུ། བདེའ་སྐྱེ་བ་ནི་བརྡའ་སྤྲོད་པས་གསུང་། བདེའ་འགགས་ཏེ་ཐིམ་པ་ནི་ཐུགས། བདེའ་བ་གནས་པ་ནི་སྐུའོ། །རྟེན་རྩའི་ནང་ཀུན་ཏུ། རྟེན་ཅན་ཐིག་ལེ་ཀུན་ཏུ་སྣང་ངོ་། །ཞབས་ཀྱི་བཞུགས་ཚུལ་ནི། ཐབས་དང་ཤེས་རབ་ཅེས་པ། མ་ལས་འབྱུང་བའི་རཀྟ་ཉི་མ། ཕ་ལས་འབྱུང་བའི་བྱང་སེམས་ཟླ་བ། དེ་གཉིས་ཀྱི་རོ་མཉམ་པར་ཉམས་སུ་མྱོང་བས་བཏུལ་ཤུགས་སོ། །ཕྱག་བསྟན་པ་ནི། ཡེ་ཤེས་དྲུག་ཅེས་པ། དྭངས་མའི་ཐིག་ལེ་ལྔ་ཡེ་ཤེས། སྙིགས་མའི་ཐིག་ལེ་དང་དྲུག་གོ། །དབུའ་ནི། སྐུ་གསུང་ཐུགས་ཅེས་པ། ཐིག་ལེ་སྣང་སྟོང་དབྱེར་མྱེད་དུ་སྣང་བའོ། །དེ་ཡང་ཐལ་བ་ནས། བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར། །དྭངས་སྙིགས་མྱེད་པར་ཀུན་ཏུ་གསལ། །སྒྲ་དབྱངས་གསུང་གི་གནས་གཞིའི། །དབྱེའ་བ་གསུམ་གསུམ་ངོས་གཉིས་དང་། །བཞི་བཅུ་གཉིས་སུ་འགྱུར་བ་ཡིན། །ས་ཡ་བཅུ་གསུམ་ལ་སོགས་པ། །སྐྱེ་འགག་གནས་པའི་ངོ་བོ་ཡང་། །རྟེན་ཅན་ཇི་བཞིན་རྟེན་དེ་བཞིན། །ཉི་ཟླ་ཐམས་དང་ཤེས་རབ་ཀྱིས། །རོ་གཉིས་མཉམ་པར་དུས་གསུམ་བཞུགས། །དྭངས་མའི་ཐིག་ལེ་ཆེན་པོ་ནི། །བདེ་བས་དངོས་པོའང་ཡེ་ཤེས་སྣང་། །ཞེས་སོ། ༈ །འདིར་གཏར་ཀས་གགས་གསལ་ན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པ་དང་། དབུའ་གསུམ་དང་ལྡན་པ་གཉིས་མྱི་འགལ་ལམ་ཞེ་ན། མི་འགལ་ཏེ། སྐུ་གསུང་ཐུགས་ཀྱི་དགོངས་པ་རྒྱ་ཆེ་བ་ནི། གདུལ་བྱས་དཔག་པར་དཀའ་སྟེ། སྤྲུལ་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ལ། དབུའ་གསུམ་ནི། བསམ་གྱིས་མྱི་ཁྱབ་པ་མཚོན་པའི་བརྡར་སྟན་པའོ། །བཅོམ། རིགས་ལྔ་སྤྱིའི་མཚན་བསྟན། ཉིད་ལས་མི་ཞན་པའི་འཁོར་ལ་གཉིས་ཏེ། གྲོལ་ལམ་དང་། ཐབས་ལམ་མོ། །དང་པོ་ལྟར་ན། བཅོམ་པ་ནི་བདུད་བཞི་སྟེ། ཉོན་མོངས་པ་ལྔ་མ་སང་པ་གནས་སུ་དག་པས་ཉོན་མོངས་པའི་བདུད་བཅོམ། ཕུང་པོ་ལྔ་རིགས་ལྔར་སྣང་བས་ཕུང་པོའི་བདུད་བཅོམ། ཡུལ་སྒྱུ་མར་སྣང་བས་ལྷའི་བུའི་བདུད་བཅོམ། ཆོས་ཐམས་ཅད་མ་སྐྱེས་པར་རྟོགས་པས་འཆི་བདག་གི་བདུད་བཅོམ་པའོ། །རྒྱས་པའི་ལེའུ་བདུན་ཅུ་གཉིས་པ་ལས། ཉོན་མོངས་པ་ཉིད་རྣམ་པར་དག །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །བདག་ཉིད་ལྷའི་དཀྱིལ་འཁོར་ནི། སྐྱེ་ཤི་མྱེད་པར་གཡུང་དྲུང་གནས། །བདུད་བཞི་བཅོམ་པའི་སྐྱེས་མཆོག་གིས། །དྲེགས་པ་ཆེན་པོ་ཐམས་ཅད་བཅོམ། །ཞེས་སོ། །ལྡན། ལྡན་པ་ནི། གང་ལ་ན་ལོངས་སྐུ་རིགས་ལྔའོ། །སྐུ་མཚན་དཔེའ་དང་ལྡན། གསུང་བརྡའ་ཚིག་དང་ལྡན། ཐུགས་མ་རྨོངས་པའི་མཁྱེན་པ་དང་། ཡོན་ཏན་རང་བྱུང་དུ་ལྡན། འཕྲིན་ལས་མ་འགགས་པར་ལྡན་པས་ན་ལྡན་ནོ། །འདས། མཐའ་བཞིའི་དྲི་མ་ལས་འདས་སོ། །དེ་བཞིན་གཤེགས་པ། ལ་གཉིས་ཏེ། སྟོན་པ་དང་སྦྱར་བ་དང་། འཇིག་རྟེན་ཆོས་ལུགས་དང་སྦྱར་བའོ། །དང་པོ་ནི། སྟོན་པ་ཀུན་ཏུ་བཟང་པོ་སངས་རྒྱས་པ་དེ་བཞིན་དུ། རིགས་ལྔ་ཡང་གཤེགས་པའོ། །གཉིས་པ་ནི། དཔེར་ན་ཕ་མའི་རྒྱུ་དང་། དྲི་ཟ་ཉེ་འཁོར་གྱི་རྐྱེན་གྱིས། སེམས་ཅན་གྱི་ལུས་ངག་ཡིད་གསུམ་དུ་འགྲུབ་པའི་འབྲས་བུ་མྱོང་བ་བཞིན་དུ། དེ་བཞིན་གཤེགས་པའི་གནས་སྐབས་ན་ཡང་། རྒྱུ་སེམས་ཅན་གྱི་སེམས་ཆོས་ཉིད་བྱང་ཆུབ་སེམས་སུ་ནི་རྟོག །རྐྱེན་ཤེས་རབ་དང་ཏིང་ངེ་འཛིན་དུ་ནི་ལྡན། འབྲས་བུ་སྐུ་གསུང་ཐུགས་སུ་གྲུབ་ནས། འགྲོ་བའི་དོན་ལ་གཤེགས་པས་ན། དེ་བཞིན་གཤེགས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་རྒྱལ་པོ་དང་། ཞེས་པ་དེ་ལ། རྡོ་རྗེ་སེམས་དཔའ། རྣམ་པར་ཤེས་པའི་རྒྱལ་པོ་ནི་བརྒྱད་དེ། ཀུན་གཞིའི་རྣམ་པར་ཤེས་པ་ལས་དཀར་ནག་གི་རྣམ་སྨིན་གསོག་པའི་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་ངར་སེམས་དང་བཅས་པར་འཛིན་པ་དང་། ཡིད་ཀྱི་རྣམ་ཤེས་རྣམ་པར་རིག་པ་དང་བཅས་པ་དང་། དབང་པོ་སྒོ་ལྔའི་རྣམ་ཤེས་འཛིན་པ་དང་བཅས་པ་དང་བརྒྱད་དོ། །དེ་དག་རིག་ཅིང་གྲོལ་བས་ན། རྒྱལ་པོ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཡང་སྒྱུ་འཕྲུལ་གྱི་མདོའ་ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོའི་ལེའུ་ལྔ་པ་ནས། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རྣམ་སྨིན་ངར་སེམས་རྣམ་རིག་པའི། །ཤེས་བརྒྱད་རྣམ་ཤེས་ཕུང་པོ་ཀུན། །རིག་པའི་དབྱིངས་ལས་ཤར་བས་ན། །ཞེ་སྡང་ཆེན་པོའི་ཡེ་ཤེས་ལས། །རྡོ་རྗེ་སེམས་དཔའི་རང་བཞིན་ཡིན། །ཞེས་སོ། ༈ །རྒྱལ་བ་རིགས་ལྔ་འདི་རྣམས་ལ་ངག་དོན་དུ་དྲུག་སྟེ། མ་དག་པའི་ཕུ ང་པོ་དང་སྦྱར་བ་དང་། དག་པའི་ཕུང་པོ་དང་། ཉོན་མོངས་པ་དང་། ཡེ་ཤེས་དང་། རླུང་ལྔ་དང་། དམ་རྫས་ལྔའོ། །མ་དག་པའི་ཕུང་པོ་དང་སྦྱར་ན་ལྔ་སྟེ། རྣམ་པར་ཤེས་པའི་ཕུང་པོ་རྡོ་རྗེ་སེམས་དཔའ་དང་། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའོ། །འདི་ཉིད་ནས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཅེས་སོ། །དག་པའི་ཕུང་པོ་ནི། ཤེས་རབ་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ། ཚུལ་ཁྲིམས་ཀྱི་ཕུང་པོ་རྣམ་སྣང་། ཏིང་ངེ་འཛིན་གྱི་ཕུང་པོ་རིན་ཆེན་འབྱུང་ལྡན། རྣམ་པར་གྲོལ་བའི་ཕུང་པོ་སྣང་བ་མཐའ་ཡས། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དོན་ཡོད་གྲུབ་པའོ། །དེ་ཡང་རྔམ་ཀློག་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མྱེད། །ཕུང་པོ་ལྔ་དོན་སངས་རྒྱས་ལྔ། །ཞེས་སོ། །ཉོན་མོངས་པ་ལྔ་དང་། ཞེ་སྡང་རྡོ་རྗེ་སེམས་དཔའ། གཏིའ་མུག་རྣམ་པར་སྣང་མཛད། ང་རྒྱལ་རིན་ཆེན་འབྱུང་ལྡན། འདོད་ཆགས་སྣང་བ་མཐའ་ཡས། འཕྲག་དོག་དོན་ཡོད་གྲུབ་པའོ། །དེ་ཡང་བརྒྱ་བཅུ་པའི་ལེའུ་དོན་གསུམ་ནས། མི་རིག་པ་ནི་རིག་པར་གྱུར། །ཕྱིན་ཅི་ལོག་ཉིད་ཡང་དག་སྟེ། །ཉོན་མོངས་ལྔ་པོ་དེ་བཞིན་གཤེགས། །དངོས་མྱེད་རྟོགས་ན་བྱང་ཆུབ་ལམ། །ཅེས་སོ། །ཡེ་ཤེས་དང་སྦྱར་ན་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་རྡོ་རྗེ་སེམས་དཔའ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་སྣང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་འབྱུང་། སོ་སོར་བརྟོག་པའི་ཡེ་ཤེས་སྣང་མཐའ། བྱ་བ་གྲུབ་པའི་ཡེ་ཤེས་དོན་གྲུབ་བོ། །བརྒྱ་བཅུ་པའི་ལེའུ་བདུན་དུ་བརྒྱད་པ་ལས། རིགས་ལྔའི་དཀྱིལ་འཁོར་བསྡུས་བསྐུས་ཤིང་། ཡེ་ཤེས་ལྔའི་འོད་ཟེར་འཕྲོ། ཞེས་སོ། །རླུང་དང་སྦྱར་བ་ནི་ལྔ་སྟེ། ནམ་མཁའི་རླུང་རྡོ་རྗེ་སེམས་དཔའ། སའི་རླུང་རྣམ་སྣང་། མེའི་རླུང་རིན་འབྱུང་། ཆུའི་རླུང་སྣང་མཐའ། རླུང་གི་རླུང་དོན་གྲུབ་བོ། །དེ་ཡང་ཁྲོ་བོ་ཆེན་པོ་སྟོབས་ཀྱི་དབང་ཕྱུག་རྣལ་འབྱོར་གྲུབ་པའི་རྒྱུད་ལས། སྣང་སྟོང་ནམ་མཁའི་དབྱིངས་ལ་ཕྱག་འཚལ་ལོ། །གཟུགས་འཛིན་སྟན་པའི་ས་ལ་ཕྱག་འཚལ་ལོ། །རིན་ཆེན་འབར་བའི་མེ་ལ་ཕྱག་འཚལ་ལོ། །མཐའ་ཡས་ཆོས་ཀྱི་ཆུ་ལ་ཕྱག་འཚལ་ལོ། །དོན་ཡོད་སྐྱོད་པའི་རླུང་ལ་ཕྱག་འཚལ་ལོ། །འབྱུང་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་སོ། །དམ་རྫས་ནི་ལྔ་སྟེ། བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའ་དང་། དྲི་ཆེན་རྣམ་པར་སྣང་མཛད། ཤ་ཆེན་རིན་ཆེན་འབྱུང་ལྡན། རག་ཏ་སྣང་བ་མཐའ་ཡས་དང་། དྲི་ཆུ་དོན་ཡོད་གྲུབ་པའོ། །དེ་ཡང་བདུད་རྩི་ལས། བྱང་སེམས་དཀར་བས་རྡོ་རྗེ་སེམས། །དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །མངས་ས་རིན་ཆེན་འབྱུང་ལྡན་ཏེ། །རག་ཏ་ཆགས་མྱེད་སྣང་མཐའ་ཡས། །དྲི་ཆུ་ལྗང་ཁུ་དོན་ཡོད་གྲུབ། །ཅེས་སོ། །དེ་བཞིན་གཤེགས་པ། རྣམ་སྣང་། དེ་བཞིན་གཤེགས་པ་ནི། གཞིའ་མ་ནོར་བར་གཤེགས། ལམ་མཛེས་པར་གཤེགས། འབྲས་བུ་བདེའ་བར་གཤེགས་སོ། །གཟུགས་ཀྱི་རྒྱལ་པོ་དང་། ཞེས་པ། གཟུགས་ལ་གཉིས་ཏེ། རྒྱུ་དང་། འབྲས་བུའོ། །རྒྱུའི་གཟུགས་ལ་བཞི་སྟེ། ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་ཆེན་པོ་བཞིའོ། །འབྲས་བུའི་གཟུགས་ལ་བཅུ་གཅིག་སྟེ། དབང་པོ་ལྔ་དང་། དེ་རྣམས་ཀྱི་ཡུལ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ། །རྒྱལ་པོ་ནི་རྣམ་སྣང་ངོ་། །དེ་ཡང་རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་དང་འབྲས་བུའི་གཟུགས་རྣམས་ཀུན། །ཆོས་ཀྱི་དབྱིངས་ལས་བྱུང་བས་ན། །འབྱེད་མྱེད་དོན་གྱི་གཏི་མུག་པས། །རྣམ་པར་སྣང་མཛད་རང་བཞིན་ཡིན། །ཅེས་སོ། །དེ་བཞིན་གཤེགས་པ། ཞེས་པ། རིན་འབྱུང་། དེ་མ་ནོར་བ། བཞིན་མ་བཅོས་པ། དེའི་ངང་དུ་གཤེགས་པའོ། །ཚོར་བའི་རྒྱལ་པོ་དང་། ཞེས་པ། ཚོར་བ་ནི། ཚོར་བ་བདེའ་བ་ར་རོ་ཆང་འཐུངས་པ་ལྟ་བུ་དང་། ཚོར་བ་སྡུག་བསྔལ་བ་མྱ་ངན་གྱི་རྣམ་པ་ལྟ་བུ་དང་། བདེ་སྡུག་གཉིས་ཀ་མ་ཡིན་པ་དང་གསུམ་མོ། །རྒྱལ་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཡང་རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །བདེ་སྡུག་གཉིས་ཀ་མ་ཡིན་པའི། །ཚོར་བའི་ཕུང་པོ་ཐམས་ཅད་ཀུན། །མཉམ་ཉིད་དབྱིངས་སུ་སྣང་བས་ན། །ང་རྒྱལ་ཆེན་པོའི་རང་བཞིན་པས། །མྱོང་བ་རིན་ཆེན་རང་བཞིན་ཅེས་སོ། ༈ །འདིར་སེམས་ཅན་ལ་གནས་པའི་ཉེ་བར་ལེན་པའི་ཕུང་པོ་དང་། དེ་བཞིན་གཤེགས་པ་ལ་མངའ་བའི་ཟག་མྱེད་ཀྱི་ཕུང་པོ་རྒྱུ་འབྲས་སུ་སྦྱར་ན། རྣམ་པར་ཤེས་པའི་ཕུང་པོ་ཡང་ཤེས་ཤིང་རིག་པ་ཡིན་ལ། ཤེས་རབ་ཀྱི་ཕུང་པོ་ཡང་སྤྱི་དང་རང་གི་མཚན་ཉིད་དབྱེར་མྱེད་པ་ཡིན་པས་སྦྱར་རོ། །གཟུགས་ཀྱི་ཕུང་པོ་ཡང་དེ་བཞིན་དུ་རུང་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡང་ཚུལ་ཁྲིམས་མ་ཡིན་པ་འཆལ་བའི་ཚུལ་ཁྲིམས་ཀྱི་ཕུང་པོས་འཇིགས་པས། ཚུལ་ཁྲིམས་དང་གཟུགས་སུ་སྦྱར་རོ། །ཚོར་བ་ཡང་ཉམས་སུ་མྱོང་བར་བྱེད་པ་ཡིན་ལ། ཏིང་ངེ་འཛིན་ཡང་ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བར་བྱེད་པ་དང་སྦྱར་རོ། །འདུ་ཤེས་ཀྱང་ཡུལ་ལ་མཚན་མར་འཛིན་ལ། རྣམ་པར་གྲོལ་བའི་ཕུང་པོ་ཡང་ཡེ་ཤེས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འཛིན་པར་སྦྱར། འདུ་བྱེད་ཡང་དགེའ་བ་དང་མྱི་དགེའ་བའི་ལས་ལ་འདུ་བྱེད་ལ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡང་ཡེ་ཤེས་ཀྱི་དབྱིངས་རྟོགས་སམ་མཐོང་བའི་དུས་ན། མི་རྟོག་པའི་དོན་ལ་འཇུག་པར་བྱེད་པས་ན་འདུ་བྱེད་དང་སྦྱར་རོ། །དེ་བས་ན་སེམས་ཅན་གྱི་སེམས་ཉེ་བར་ལེན་པའི་ཕུང་པོ་ཟག་བཅས་དང་། དེ་བཞིན་གཤེགས་པའི་ཟག་མྱེད་ཀྱི་ཕུང་པོ་ལྔ་རྒྱུ་དང་འབྲས་བུའི་ཚུལ་དུ་སྦྱར་བའོ། །སྣང་བ་མཐའ་ཡས། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། ཞེས་པའི། དེ་བཞིན་ནི་སྔོན་གྱི་རྒྱལ་བའོ། །གཤེགས་པ་ནི་དེ་དང་ལམ་མཐུན་པར་གཤེགས་པའོ། །འདུ་ཤེས་ནི་གསུམ་སྟེ། འདུ་ཤེས་ཕྲ་བ་ཁབ་དམིག་དུ་སྐུད་པ་འཛུད་ལྟ་བུ་རྒྱ་ཆུང་བ་དང་། རྒྱ་ཆེ་བ་རགས་པ་ཡུལ་མཁར་རྩིགས་པ་ལྟ་བུ་དང་། ཚད་མྱེད་པ་ཅིར་ཡང་སྣང་བའོ། །རྒྱལ་པོ་ནི་རྣམ་སྣང་ངོ་། །དེ་ཡང་རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །ཡུལ་ལ་འདུ་ཤེས་ཕྲ་རགས་ཀྱིས། །བྱེད་པའི་ཕུང་པོ་ཐམས་ཅད་ཀུན། །མ་འདྲེས་དབྱིངས་ལས་སྣང་བས་ན། །ཤེས་རབ་རླབས་ཀྱི་འདོད་ཆགས་པས། །སྣང་བ་མཐའ་ཡས་རང་བཞིན་ནོ། །ཞེས་སོ། །དོན་ཡོད་གྲུབ་པའོ། །དེ་བཞིན་གཤེགས་པ། སྟོན་པ་ཀུན་ཏུ་བཟང་པོ་གཤེགས་པ་བཞིན་དུ། དོན་ཡོད་གྲུབ་པ་ཡང་སངས་རྒྱས་སུ་གཤེགས་པའོ། །འདུ་བྱེད་ཀྱི། ཞེས་པ། སེམས་ལས་བྱུང་བ་དང་། མ་བྱུང་བ་ལས། སེམས་དང་ལྡན་པ་ལྔ་བཅུ་རྩ་གཅིག །སེམས་དང་མི་ལྡན་པ་བཅུ་བཞིའོ། །དོན་གྲུབ་བོ། །རྒྱལ་པོ་དང་། ཞེས་པ། འདུ་བྱེད་ཀྱི་ཕུང་པོ་ནི་གཉིས་ཏེ། སེམས་དང་ལྡན་པ་དང་། སེམས་དང་མི་ལྡན་པའོ། །དང་པོ་ལ་སྤྱིར་དྲུག་སྟེ། ལྔ་ཀུན་ཏུ་འགྲོ་བ་དང་། ལྔ་ཡུལ་སོ་སོར་ངེས་པ་དང་། བཅུ་གཅིག་དགེ་བ་དང་། དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། བཞི་གཞན་དབང་དུ་གྱུར་པའོ། །ལྔ་ཀུན་ཏུ་འགྲོ་བ་ནི། རེག་པས་ཡུལ་དང་དབང་པོ་རྣམ་ཤེས་གསུམ་གཅོད་པ་དང་། ཡིད་ལ་བྱེད་པ་དམྱིགས་པ་ལ་སེམས་འཇུག་པ་དང་། ཚོར་བས་དགེ་མྱི་དགེའ་ལུང་མ་སྟན་གྱི་འབྲས་བུ་མྱོང་བ་དང་། འདུ་ཤེས་ཀྱི་བྱེ་བྲག་འབྱེད་པ་དང་། སེམས་དཔའ་སྐྱོན་ཡོན་ཤེས་པའོ། །ལྔ་ཡུལ་སོ་སོར་ངེས་པ་ནི། འདུན་པས་བསམ་པའི་དངོས་པོ་ལ་གཏོད་པ་དང་། མོས་པས་ངེས་པར་འཛིན་པ་དང་། དྲན་པས་མི་བརྗེད་པ་དང་། ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པ་དང་། ཤེས་རབ་ཀྱིས་རྣམ་པར་འབྱེད་པའོ། །བཅུ་གཅིག་དགེ་བ་ནི། དད་པ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མྱེད་པ་དང་། གཏི་མུག་མྱེད་པ་དང་། བརྩོན་འགྲུས་ཆེ་བ་དང་། ཤིན་ཏུ་སྦྱངས་བ་དང་། བག་ཡོད་པ་དང་། གཏང་སྙོམས་དང་། རྣམ་པར་མི་འཚེའ་བའོ། །དྲུག་རྩ་བའི་ཉོན་མོངས་པ་ནི། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་མོ། །ཉི་ཤུ་ཉེ་བའི་ཉོན་མོངས་པ་ནི། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། འཕྲག་དོག་དང་། སེར་སྣ་དང་། རྒྱུ་དང་། གཡོའ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མྱེད་པ་དང་། ཁྲེལ་མྱེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མྱེད་པ་དང་། རྗེད་ངས་པ་དང་། གཡེང་བ་དང་། ཤེས་བཞིན་མ་ཡིན་པའོ། །བཞི་གཞན་དབང་དུ་གྱུར་པ་ནི། འགྱོད་པ་དང་། གཉིད་དང་། བརྟོག་པ་དང་། སྤྱོད་པའོ། །སེམས་དང་མི་ལྡན་པ་ལ་བཅུ་བཞི་སྟེ། ཐོབ་པ་དང་། འདུ་ཤེས་མྱེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མྱེད་པ་དང་། སྲོག་གི་དབང་པོ་དང་། རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། མྱི་གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། སོ་སོའི་སྐྱེ་བའོ། །དེ་ཡང་རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །དགེའ་དང་མྱི་དགེ་གཉིས་ཀ་མྱེད། །སེམས་ལས་བྱུང་དང་མ་བྱུང་བའི། །འདུ་བྱེད་ཕུང་པོ་ཐམས་ཅད་ཀུན། །སྤྲོ་བསྡུའ་དབྱིངས་ལས་བྱུང་བས་ན། །རྣམ་པར་གྲོལ་བའི་འཕྲག་དོག་པས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཞེས་སོ། ༈ །གཉིས་པ་ཐབས་ལམ་དང་སྦྱར་ན། བཅོམ་ལྡན་འདས་ཅེས་པ། གནས་པ་རྩའི་འཁོར་ལོས་ཉོན་མོངས་པའི་བདུད་བཅོམ། རྟེན་པ་ཐིག་ལེས་ཕུང་པོའི་བདུད་བཅོམ། གྲུབ་པ་ཡི་གེས་ལྷའི་བུའི་བདུད་བཅོམ། སྐྱོད་པ་རླུང་གིས་འཆི་བདག་གི་བདུད་བཅོམ་མོ། །རྩ་རླུང་ཐིག་ལེ་ཡི་གེ་བཞི་ལ་ལྡན་པའི་བདེ་བ་ཆེན་པོར་ལྡན། བདེ་བ་རང་གི་ངོ་བོ་མ་གྲུབ་པས་འདས་སོ། །དེ་བཞིན་གཤེགས་པ་ཅེས་པ། ཐིག་ལེ་བདེ་བའི་རང་བཞིན་ཏེ། ཡུམ་གྱིས་མཁའ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཤེགས་པའོ། །རྣམ་པར་ཤེས་པའི་རྒྱལ་པོ་ཅེས་པ། རྩ་ལུས་ཀྱི་འཁོར་ལོ་སྟོང་པ་ཉིད་དོ། །གཟུགས་ཀྱི་རྒྱལ་པོ་ཅེས་པ། ཐིག་ལེ་གཟུགས་སུ་གྲུབ་པའོ། །ཚོར་བ་ཅེས་པ། སྔགས་ཀྱི་ཡི་གེའི་སྒྲ་འབྱིན་པའོ། །འདུ་ཤེས་ཅེས་པ། རླུང་དང་ཐིག་ལེ་འདྲེས་པའོ། །འདུ་བྱེད་ཅེས་པ། རླུང་གི་དགག་སྒྲུབ་ཀྱིས་ཀུན་སྐྱོད་པའོ། །ཡང་ན་རྩ་དྲག་པོས་ཏེ་མི་སྐྱོད་པ། ཐིག་ལེ་ཞི་བ་སྟེ་རྣམ་སྣང་། ཡི་གེ་རྒྱས་པ་རིན་འབྱུང་། རླུང་སེམས་དབང་སྟེ་སྣང་མཐའ། རླུང་ལྷུན་གྲུབ་སྟེ་དོན་གྲུབ་ཀྱི་ལས་སོ། །ཡང་ན་རྩ་བཞུགས་པའི་གནས། ཐིག་ལེ་རིགས་ལྔའི་སྐུའོ། །ཡི་གེའི་ལས། རླུང་གི་ཡོན་ཏན་ནོ། །ཐལ་བ་ནས། མཚན་ཉིད་ཀུན་བཅོམ་བདེ་ཆེན་པོ། །རང་གི་ངོ་བོ་མ་གྲུབ་པ། །རང་བཞིན་ལྷན་ཅིག་སྐྱེས་པའི་ཕྱིར། །བཅོམ་ལྡན་དེ་བཞིན་གཤེགས་ཞེས་བྱ། །གཟུགས་སོགས་ལྷག་པའི་ཐིག་ལེ་ནི། །ལས་དང་ཡོན་ཏན་དོན་ལྡན་ཕྱིར། །རིགས་ཀྱི་བདག་པོ་ཉིད་དུ་བརྗོད། །ཅེས་སོ། ༈ །འདིར་རིགས་ལྔ་ལ་ངག་དོན་གསུམ་སྟེ། རང་བཞིན་གྱི་སྣང་བའི་དབང་དུ་བྱས་པ་དང་། གདུལ་བྱའི་སྣང་བའི་དབང་དུ་བྱས་པ་དང་། བདེ་བར་གཤེགས་པའི་སྣང་བའི་དབང་དུ་བྱས་པའོ། །རང་བཞིན་གྱི་སྣང་བའི་དབང་ནི་བཞི་ཡིན་ཏེ། རང་བཞིན་གྱི་སྣང་བའི་དབང་དུ་རྣམ་པར་ཤེས་པའི་ཕུང་པོ་ཡེ་ནས་མི་སྐྱོད་པའི་རང་བཞིན་ཡིན་པ་དང་། གཟུགས་ཀྱི་ཕུང་པོ་ཡེ་ནས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ཏེ། དེས་འདྲེའོ། །གདུལ་བྱའི་སྣང་བ་ལམ་ལ་གཉིས་ཏེ། འཁྲུལ་པའི་སྣང་བ་མ་དག་པ་དང་། གདུལ་བྱའི་སྣང་བ་རྣལ་འབྱོར་པ་ཉམས་ཀྱི་སྣང་བའོ། །དེ་ལ་མ་དག་པ་འཁྲུལ་པའི་སྣང་བའི་དབང་དུ་ན། དེ་བཞིན་གཤེགས་པ་ནི་ལྷའོ། །རྣམ་པར་ཤེས་པ་ནི་རྟོག་པའོ། །རྒྱལ་པོ་ནི་ལྷ་དང་རྟོག་པ་ངོ་སྤྲད་པ་ཏེ། མདོར་ན་རང་བཞིན་རྟོག་བཅས་བརྒྱ་བཅུ་རིགས་ལྔར་ངོ་སྤྲད་པའོ། །རྟོགས་ལྡན་རྣལ་འབྱོར་པ་ཉམས་ཀྱི་སྣང་བའི་དབང་དུ་ན། ཡིད་རང་འབྱུང་ནི་སྟོན་པ། རྟོག་ཚོགས་ནི་འཁོར་དུ་སྣང་སྟེ། རྒྱལ་པོ་ནི་ཟག་པ་མྱེད་པའི་ལོངས་སྤྱོད་ཡོངས་སུ་རྫོགས་པ་དང་། རང་རང་གི་འཁོར་ལོ་དབང་སྒྱུར་བ་སྟེ། ཐུན་མོང་མ་ཡིན་པའི་གླེང་གཞི་ལྟ་བུའོ། །བདེ་བར་གཤེགས་པ་འབྲས་བུའི་སྣང་བའི་དབང་དུ་བྱས་ན། སེམས་ཅན་གྱི་རྟོགས་པ་ཡེ་ནས་བཀའ་དག་པར་ཐུགས་སུ་ཆུད་པའི་རིགས་ལྔ་འཁོར་བཅས་སུ་སྣང་བའོ། །དེ་ཡང་ཐལ་བའི་ལེའུ་གཉིས་པ་ནས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །འཁྲུལ་པའི་ཡུལ་རྟོག་འཛིན་བཅས་པས། །ཐ་སྙད་རྟོག་པའི་ཆོས་རྣམས་སྣང་། །རྒྱུ་དང་ལམ་དང་འབྲས་བུའི། །བྱ་བ་ཆེན་པོའི་གནས་རྫོགས་ཤིང་། །ཅེས་གསུངས་པས་གསལ་ལོ། །སངས་རྒྱས་གསང་བའི་ཁོག་གཞུང་ཐུགས་ཀྱི་ཐིག་པ་ན་ཚིག་གོང་མ་གཉིས་པ་དེ་བཞུགས་སོ། །རིགས་ལྔ་སྤྱིའི་སྐུ་མདོག་སྟན་པ་ནི། དེ་དག་ཀུན་ཀྱང་། ཅེས་པ། དེ་དག་ནི་ལྔའོ། །སྐུ་མདོག་ནི་རིགས་ཀྱི་དཀྱིལ་འཁོར་དང་བཅས་པ་རྣམས་སོ། །སྐུ་མདོག་ལ་གྲོལ་ལམ་དང་། ཐབས་ལམ་མོ། །མཐིང་ཀ་དང་། ཞེས་པ་ལ། གཉིས་ཏེ། ནང་རྟགས་དང་། ཕྱི་རྟགས་སོ། །ནང་རྟགས་ནི། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མཁྱེན་པའོ། །ཕྱི་རྟགས་ནི། ཆོས་ཉིད་མི་འགྱུར་བ་སྟེ། དཔེར་ན་བལ་ནག་ཚོས་ཀྱིས་མི་འགྱུར་བ་བཞིན་ནོ། །ཐུགས་ཀྱི་རིགས། མི་སྐྱོད་པའི་སྐུ་མདོག་ཏུ་ཤར་བའོ། །དཀར་པོ་དང་། ཞེས་པ། ནང་རྟགས་ནི། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མཁྱེན་པའོ། །ཕྱི་རྟགས་ནི། ཆོས་ཉིད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པའི་སྐུ་མདོག་གོ། །སྐུའི་རིགས་པ། རྣམ་པ་སྣང་མཛད་ཀྱི་སྐུ་མདོག་གོ། །སེར་པོ་དང་། ཞེས་པ། ནང་རྟགས་ནི། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤེས་པའོ། །ཕྱི་རྟགས་ནི། ཐུགས་ཆེ་བའི་ཡེ་ཤེས་རྒྱས་པའི་རྟགས་སུ་སྐུ་མདོག་སེར་པོའོ། །ཡོན་ཏན་གྱི་རིགས། རིན་འབྱུང་གིའོ། །ལེའུ་རྒན་དང་། ཞེས་པ། ནང་རྟགས་ནི། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་མཁྱེན། ཕྱི་རྟགས་ནི། སེམས་ཅན་ལ་ཐུགས་རྗེས་ཆགས་པའི་རྟགས་སུ། གསུང་གི་རིགས། སྣང་བ་མཐའ་ཡས་ཀྱི་སྐུ་མདོག་དམར་པོར་སྣང་ངོ་། །ལྗང་ཁུའི་མདོག་ཏུ་མཚེར་བ། ཞེས་པའི། ནང་རྟགས་ནི། འཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་མཁྱེན་པའོ། །ཕྱི་རྟགས་ནི། འཕྲིན་ལས་སྣ་ཚོགས་མཛད་པའི་ཕྱིར། ལས་ཀྱི་རིགས། དོན་གྲུབ་སྐུ་མདོག་ལྗང་ཁུའོ། །རོལ་པ་ནས། ཆོས་དབྱིངས་མེ་ལོང་མཉམ་པ་ཉིད། །སོ་སོ་ཀུན་ཏོག་བྱ་བ་གྲུབ། །ཉོན་མོངས་ལས་ཀུན་རྣམ་དག་པའི། །རིགས་ཀྱི་བདེ་གཤེགས་ཐམས་ཅད་མཁྱེན། །ཅེས་པས། ནང་ཐུགས་ཡེ་ཤེས་སུ་མཁྱེན་པའོ། །ཡང་། བྱང་ཆུབ་སེམས་ཉིད་འགྱུར་བ་མེད། །མ་འདྲེས་ལས་ཀུན་རྣམ་པར་དག །ཡོན་ཏན་ཚོགས་རྫོགས་ལྷུན་གྲུབ་ཅིང་། །ཆགས་པ་ཆེན་པོས་ཀུན་སྤྱོད་པ། །དེ་དག་འཕྲིན་ལས་སྣ་ཚོགས་ཀྱིས། །རང་གི་ཞིང་ཁམས་ཆེན་པོར་སྤྱོད། །ཅེས་སོ། །སྐུ་མདོག་ཐབས་ལམ་ དུ་བཤད་ན། གཡས་རོ་མ་དམར་པོའི་བཅུད་དང་ཁུ་བ་ཁྲག་གཡོན ་རྐྱང་མ་ཐིག་ལེ་ལྗང་། དབུས་ཀུན་དྷར་མ་དཀར། མཁའ་རྩ་སྔོན་པོའི་ཁུ་ག་ལོང་རྩ་ཁུ་བ་སེར་པོ་དང་བཅས་པའོ། །རྒྱུ་དེ་ལྔ་ལས་གནས་རྩ་ནང་ན་གནས། ཁ་དོག་དྭངས་མའི་ཐིག་ལེ་ལྔ་འོད་དུ་འབར་རོ། །ར་དོང་ལས་ཀྱང་རིགས་ལྔའི་མཚན་འཛིན་ནོ། །ཐལ་བ་ནས། བཅུད་ལྔ་ཁུ་བ་ཐིག་ལེ་ནི། །རྒྱུ་དང་ལས་ཀྱི་ཁ་དོག་ལྡན། །ར་དོང་ལས་ཀྱང་དེ་བཞིན་ཏེ། །རང་གི་མཚན་ཉིད་ཀུན་ཏུ་སྣང་། །ཞེས་སོ། །འདིར་སྐུ་མདོག་སྟན་པ་ལ་གཉིས་ཏེ། རང་བཞིན་གྱི་སྐུ་མདོག་ཡེ་ཤེས་ལྔ་དང་། མཚོན་པའི་སྐུ་མདོག་གདུལ་བྱ་ལ་བསྟན་པའོ། །དང་པོ་རང་བཞིན་གྱི་སྐུ་མདོག་ནི། མི་འགྱུར་བ་ནམ་མཁའ་ལྟ་བུ་དང་། སྐྱོན་མེད་པ་དུང་ལྟ་བུ་དང་། དང་བ་ཟླ་བ་ལྟ་བུ་དང་། སྣུམ་ལ་འདྲིལ་བ་སྐུ་མུཏ་ལྟ་བུ་དང་། གསལ་ལ་མཚེར་བ་ཉི་མ་ལྟ་བུའོ། །མཚོན་པའི་སྐུ་མདོག་ལ་གཉིས་ཏེ། དོན་དང་རྟགས་སོ། །དོན་ནི། ཐུགས་ཡེ་ཤེས་ཆེན་པོ་ལྔ་དང་ལྡན་པའོ། །རྟགས་ནི། སེམས་ཅན་གྱི་ལུས་ལ་ཡེ་ཤེས་ཡོད་པ་དེ། མ་རྟོགས་པས་དེ་རྟོགས་པར་བྱ་བའི་ཕྱིར་རམ། མཚོན་པར་རིགས་ལྔ་འཁོར་བཅས་ཀྱི་སྐུ་མདོག་སྟན་པ་སྟེ། བརྒྱ་བཅུ་པའི་ལེའུ་བདུན་ཅུ་གསུམ་པ་ནས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་ཉམ་རྟོག་སྒྲིབ་བྱས་པས། །ཡེ་ཤེས་ལྔའི་དོན་མ་མཐོང་། །མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་སྟན་པའི་ཕྱིར། །དཀར་དང་སེར་དང་དམར་བ་དང་། །ལྗང་ཁུ་ལ་སོགས་གནག་སྟན་ཕྱིར། །འདི་ཡིས་ལྷུན་གྲུབ་རྟོགས་པར་ཅེས། །ཞེས་སོ། ༈ །འདིར་སྐུ་མདོག་ལ་གཏར་ཀས་གགས་གསལ་ན། རིགས་ལྔ་ཡབ་ཡུམ་གྱི་སྐུ་མདོག་ཡིན་ནམ། ལྷ་ཐམས་ཅད་ཀྱི་ཡིན། །རིགས་ལྔ་ཡབ་ཡུམ་གྱི་ཡིན་ན། ལྷ་གཞན་ལ་སྐུ་མདོག་མྱེད་དམ། གཞན་གྱི་ཡིན་ན་འདིར་ལྔ་ལས་མྱེད་བྱས་པ་ལ། འདི་ལྟར་བཞེད་དེ། གདུལ་བྱའི་དབང་དུ་སྨོས་པ་ཡིན་ཏེ། འོག་མིན་ན་གདུལ་བྱ་མཛད་པ་རྫོགས་པ་ཡོད་པས། སྐུ་མདོག་ཀྱང་ཡེ་ཤེས་ལྔར་སྟན། རྩ་བ་ཡང་ཡེ་ཤེས་ལྔར་འདུས་སོ། །གདུལ་བྱ་མོས་པ་སྤྱོད་པ་སྐུ་མདོག་ཐ་དད་ལ་མོས་ན་ཉི་ཤུ་རྩ་ལྔའི་རིགས་སུ་ཡང་འབྱེད་དོ། །ལེའུ་དྲུག་པ་ནས། ལྗང་ཁུ་ལ་སོགས་སྣ་ཚོགས་པའི། ཞེས་སོ། །བཙུན་མོ་དམ་པ། རིགས་ལྔའི་ཡུམ་སྟན་པ་ནི། ཡུམ་སྤྱིར་བསྟན། བཙུན་མོ་ནི། སྤྱད་པར་བྱ་བའི་ཡུལ་དུ་གྱུར་པའོ། །དམ་པ་ནི། སྣོད་འབྱུང་བ་ལྔ་ཆོས་ཀྱི་དབྱིངས་སུ་གྱུར་པའོ། །དེ་ཡང་གྲོལ་ལམ་དང་། ཐབས་ལམ་མོ། །དབྱིངས་ཕྱུག་མ། སྣང་བའི་ནམ་མཁའ་དབྱིངས་སྟོང་པ། དང་། སྣང་བ་ནམ་མཁའ་ནི། ཆོས་ཀྱི་དབྱིངས་ཕྱུག་སྟེ། རྡོ་རྗེ་སེམས་དཔའི་ཡུམ་མོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། གསལ་སྟོང་མི་བསྒྲིབ་གོའི་བྱེད་པ། སྣང་སྟོང་ནམ་མཁའི་ཁམས་རྣམས་ཀུན། །སྟོང་ཞི་དབྱིངས་ལས་ཤར་བས་ན། །ཐམས་ཅད་གནས་པའི་རྟེན་ཡིན་པས། །རྡོ་རྗེ་དབྱིངས་ཕྱུག་རང་བཞིན། །ཞེས་སོ། །སྲ་བའི་ས་མི་འགྱུར། དབྱིངས་དང་། ཞེས། སངས་རྒྱས་སྤྱན། སྲ་བ་ས་ནི། སངས་རྒྱས་སྤྱན་ཏེ། རྣམ་པར་སྣང་མཛད་ཀྱི་ཡུམ་མོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །སྲ་བརྟེན་སྐྱེ་འཁྲུང་རྟེན་རྣམས་ཀུན། །ས་ཡི་ཁམས་སུ་གྲགས་པ་རྣམས། །མི་འགྱུར་དབྱིངས་ལས་ཤར་བས་ན། །ཐམས་ཅད་སྐྱེད་པའི་རྟེན་ཡིན་པས། །དེ་བཞིན་དབྱིངས་ཕྱུག་རང་བཞིན་ཡིན། །ཞེས་སོ། །གཉེན་པའི་ཆུའི། དབྱིངས་དང་། ཞེས། མ་མ་ཀི། ཆུ་ནི་གཉེན་པ་སྟེ། མ་མ་གིའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ཡུམ་མོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཆུའི། གཉེན་བསྟུད་བཤེར་བའི་མཚན་ཉིད་ཀུན། །ཆུའི་ཁམས་སུ་རྣམ་པར་གྲགས། །ཀུན་བསྟུད་དབྱིངས་ལས་ཤར་བས་ན། །ཡོན་ཏན་ཚོགས་ཆེན་ཀུན་བསྟུད་པས། །རིན་ཆེན་དབྱིངས་ཕྱུག་རང་བཞིན་ནོ། །ཞེས་སོ། །གྲོ་བའི་མེའི་དབྱིངས་དང་། ཞེས། གོས་དཀར་མོ། མེ་གྲོ་བས་ཏེ། ཡུམ་གོས་དཀར་མོའོ། །སྣང་བ་མཐའ་ཡས་ཀྱི་ཡུམ་མོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །གསལ་གྲོའི་ངོ་བོ་ཐམས་ཅད་ཀུན། །མེའི་ཁམས་སུ་རྣམ་པར་གྲགས། །སྣང་གསལ་དབྱིངས་ལས་ཤར་བས་ན། །གསལ་གྲོ་སྐྱད་པའི་རང་བཞིན་པས། །པདྨ་དབྱིངས་ཕྱུག་རང་བཞིན་ཡིན། །ཞེས་སོ། །བསྐྱོད་པའི་དབྱིངས་ལ་སོགས་པ། ཞེས། དམ་ཚིག་སྒྲོལ་མ། རླུང་སྐྱོད་པའི་ལས་ཅན་ནི། དམ་ཚིག་སྒྲོལ་མ་སྟེ། དོན་ཡོད་གྲུབ་པའི་ཡུམ་མོ། །དེ་ཡང་རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཡང་གཡོ་འདེགས་སྐྱོད་ཐམས་ཅད་ཀུན། །རླུང་གི་ཁམས་སུ་གྲགས་པ་སྟེ། །སྐྱོད་ཆེན་དབྱིངས་ལས་ཤར་བས་ན། །ཐོགས་མྱེད་ཤུགས་སྐྱོད་རང་བཞིན་པས། །ལས་ཀྱི་དབྱིངས་ཕྱུག་རང་བཞིན་ཡིན། །ཞེས་སོ། ༈ །ཐབས་ལམ་དུ་བཤད་ན། བཙུན་མོ་ཅེས་པ། ཕྱི་ནམ་མཁའ་ལ་སོགས་པ་འབྱུང་བ་ལྔའི་རྩལ་སྣང་བས། ནང་ཡེ་ཤེས་ཀྱི་འབྱུང་བ་ལྔའི་ལས་ཀྱིས། བདེ་བའི་ཡེ་ཤེས་སྐྱེད་པའི་ཕྱིར་ན་བཙུན་མོའོ། །དེ་ཡང་ནམ་མཁའི་རླུང་སྲོག་འཛིན་པ་དང་། ཕྱི་ནམ་མཁའ་འོ། །ནང་སའི་དྭངས་མ་རྩ་དང་། ཆུའི་དྭངས་མ་ཁྲག་དང་། མེའི་དྭངས་མ་དྲོད་དང་། རླུང་གི་དྭངས་མ་དབུགས་ལྔས། ཕུང་པོ་ལྔ་གནས་པར་བྱེད། རྟེག་པར་བྱེད། མཚོའ་བར་བྱེད། འབྱུང་བར་བྱེད་པས་ན་ཡུམ་མོ། །དེ་ཡང་རོལ་པ་ནས། ཁམས་བསོགས་ནང་གི་འབྱུང་ལས་སྣང་། །ཡེ་ཤེས་འབྱུང་ལྔའི་ལས་དག་གིས། །སྐྱེད་ཕྱིར་དབྱིངས་སུ་བརྗོད་པ་སྟེ། །བཙུན་མོའི་དངོས་པོར་དེས་འདོད་དོ། །ཅེས་སོ། །བཙུན་མོའི་ཚོགས་དང་གཉིས་སུ་མྱེད་པར། ཞེས་པ་ནི། འབྱུང་བ་ལྔ་ཡུམ་ཡིན་ཡང་། འབྱུང་བ་རེ་རེ་ལས་མི་འདྲ་བ་དུ་མ་བྱེད་པས་ན་ཚོགས་སོ། །གཉིས་སུ་མྱེད་པ་ནི། ཡུམ་དབྱིངས་དང་། ཡབ་ཡེ་ཤེས་སོ། །ཡང་ན་ཡབ་ཐབས། ཡུམ་ཤེས་རབ་བོ། །ཐབས་ཤེས་རབ་གཉིས་མྱེད་དོ། །རོལ་པ་ནས། འབྱུང་བ་ཆེ་གནས་རྣམ་པར་དག །གསལ་སྣང་རྡོ་རྗེ་དབང་ཕྱུག་དབྱིངས། །སྲ་འཁྲེགས་བདེ་གཤེགས་ཕྱག་རྒྱ་སྟེ། །བསྟུད་ཅིང་བླན་བྱེད་ཡོན་ཏན་དབྱིངས། །གསལ་གྲོ་སྨིན་པས་པདྨའི་ཚོགས། །སྐྱོད་པའི་འཕྲིན་ལས་ལས་ཀུན་རྫོགས། །དོན་མཐུན་རྟགས་ཀྱི་ཕྱག་རྒྱ་ཉིད། །ཐུན་མོང་དམ་པའི་ཆ་ལུགས་ཀྱིས། །དེ་དག་དཀྱིལ་འཁོར་སྟན་པར་མཛད། །ཅེས་སོ། །སྤྱིའི་བཞུགས་ཚུལ་སྟན། ཆོས་ཀྱི་དབྱིངས་མཐའ་ཡས་ཁྱབ་པ་ནི་འདི་ལྟ་སྟེ། ཞེས་པ་ལ། གཉིས་སུ་མྱེད་པར་བཞུགས་ཚུལ་གྱི་ཚད་བསྟན་པ་ནི་གཉིས་ཏེ། གྲོལ་ལམ་དང་། ཐབས་ལམ་མོ། །དང་པོ་ནི། གནས་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་གནས་ཀྱི་བདག་པོས་ཀྱང་ཁྱབ་པའོ། །དེའི་དཔེ་ནི། ཏིལ་གྱི་གང་བུ་འབྲུས་ཁེངས་ནས་གནས་པ་ལྟར་རོ། །ཐབས་ལམ་དུ་ན། ཐིག་ལེའི་སྣོད་རྩ་ཡིན་ལ། རྩས་ལུས་ཐམས་ཅད་ལ་ཁྱབ་སྟེ། དེའི་ཁྱད་པར་གྱིས་ཐིག་ལེས་ཀྱང་ལུས་ཐམས་ཅད་ལ་ཁྱབ་པའོ། །དཔེར་ན་ཏིལ་གང་དང་འདྲ་བ་ཡུམ་གྱི་བྷ་ག་ལ། གང་བ་ནི་ཐིག་ལེས་སོ། །ཁྱབ་པ་ནི་བདེ་བས་སོ། །དེ་ཡང་ཐལ་བ་ནས། ཐིག་ལེ་སྣོད་ཀྱི་ཁྱད་པར་གྱིས། ཏིལ་གང་ལྟ་བུར་མཁའ་གང་བ། དཀྱིལ་འཁོར་ཚོགས་ཆེན་བརྗོད་མི་ལང་ཅེས་སོ། །དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་གནས་སོ། །ཞེས། དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཏིལ་འབྲུས་ཁྱབ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ཆོས་ཅན་མཚན་མའི་རྣམ་པར་སྣང་བ་ཐམས་ཅད་ནི། ཆོས་ཉིད་སྐྱེ་བ་མྱེད་པས་ཁྱབ་ལ། ཆོས་ཉིད་ཀྱིས་གར་ཁྱབ་པ་ཐམས་ཅད་དུ་རིག་པའི་ཡེ་ཤེས་ཀྱིས་ཁྱབ། དབྱིངས་དང་ཡེ་ཤེས་ཀྱིས་གར་ཁྱབ་པར་རིགས་ལྔ་ཡབ་ཡུམ་གྱིས་ཡང་གང་ནས་ཁྱབ་པར་བཞུགས་སོ། །འདིར་གཏར་ཀ་གགས་གསལ་ན། ཆོས་ཀྱི་དབྱིངས་ལ་ཐ་དབུས་མྱེད་པར་བཤད། ལྷ་བྷུ་ཏ་བཞི་བཅུ་རྩ་གཉིས་སུ་བཤད་པ་ལ། ཆོས་ཀྱི་དབྱིངས་ལྷས་ཁྱབ་པ་དང་། གང་ལ་འགལ་ལོ་ཞེ་ན། མྱི་འགལ་བར་དགོངས་པ་ནི་གཉིས་ཏེ། དོན་དམ་པར་དབྱིངས་ཀྱི་ནང་ཡེ་ཤེས་ཀྱི་འོད་ཀྱིས་རྒྱས་གདབ། སེམས་ཅན་ཐམས་ཅད་ཡང་རང་བཞིན་གྱིས་སངས་རྒྱས་ཡིན་པས་སོ། །ཡང་ན་སངས་རྒྱས་གངྒ་རླུང་གི་བྱེ་མ་སྙེད་བཤད་པ་དང་། ཆོས་ཀྱི་དབྱིངས་གཅིག་ལས་མྱེད་པས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། ཞེས་སོགས་ཏེ་དེ་ལ། ས་སྙིང་སྐུའི་རིགས། རིག་པ་ཁྱད་པར་ཅན་གྱི་འཁོར་རྒྱལ་སྲས་སེམས་དཔའ་ལ་གཉིས་ཏེ། དང་པོ་ནང་གི་སེམས་དཔའ་བསྟན། བསྟན་པ་ནི་གཉིས་ཏེ། གྲོལ་ལམ་དང་། ཐབས་ལམ་མོ། །དང་པོ་ནི། དེ་ནས་ཅེས་པ། རིགས་ལྔ་བཤད་པའི་རྗེས་སུའོ། །བྱང་ཆུབ་ནི་རྟོགས་པའི་བདག་ཉིད་རང་དོན་ནོ། །ཆེན་པོ་ནི་གཞན་ལས་ཁྱད་འཕགས་པ་སྟེ་གཞན་དོན་ནོ། །རྡོ་རྗེ་ནི་སྟོང་པ་ཉིད། མཐོང་བ་ནི་རྩ་འབར་བ་གཞུང་རིང་གི་ནང་ན་དམྱིག་གི་རྣམ་ཤེས་ཟར་མའི་མེ་ཏོག་ལྟ་བུའོ། །དེ་ནི་བྱང་ཆུབ་སེམས་དཔའ་པའི་སྙིང་པོ་སྐུའི་རིགས་སུ་ཤེས་པར་བྱའོ། །དེ་ཡང་རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཁ་དོག་དབྱིབས་ལ་གཅོད་པ་ཀུན། །མྱིག་གི་རྣམ་ཤེས་ཞེས་སུ་གྲགས། །མཐོང་བའི་ཡེ་ཤེས་ཉིད་ཡིན་ཕྱིར། །སའི་སྙིང་པོའི་རང་བཞིན་ཡིན། །ཞེས་པས་གསལ་ལོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། ཕྱག་ན་རྡོ་རྗེ་ལས་ཀྱི་རིགས། གཞན་གོང་མས་ཐམས་ཅད་འདྲེ། ཅེས་བྱང་ཆུབ་ཀྱི་དོན་གོང་དང་འདྲ། ཐོས་པ་ནི། རྣ་བའི་རྩ་སྒྲ་འབྱིན་གྱི་ནང་ན། སྣའི་རྣམ་ཤེས་གྲོ་བ་བཅུས་པ་འདྲ་བ་དེ། བྱང་ཆུབ་སེམས་པ་ཕྱག་ན་རྡོ་རྗེ་ལས་ཀྱི་རིགས་སོ། །རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྒྲ་རྣམས་ཀུན་ལ་སྤྱོད་པ་ཀུན། །རྣ་བའི་རྣམ་ཤེས་ཞེས་སུ་གྲགས། །ཐོས་པའི་ཡེ་ཤེས་ཉིད་ཡིན་ཕྱིར། །ཕྱག་ན་རྡོ་རྗེའི་རང་བཞིན་ཡིན། །ཞེས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་བསྣོམ་པ་དང་། ཞེས། ནམ་མཁའི་སྙིང་པོ་ཡོན་ཏན་གྱི་རིགས། སྣོམ་པ་ནི། སྣའི་རྩ་ཀུན་ཏུ་རྒྱལ་མས་དྲི་ཚོར་རོ། །སྣའི་རྣམ་ཤེས་ཟངས་ཀྱི་མོ་ཁབ་ལྟ་བུའི་ཐིག་ལེ་ནི། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡོན་ཏན་གྱི་རིགས་སོ། །རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །དྲི་རྣམས་ཀུན་ལ་གཅོད་པ་ཀུན། །སྣ་ཡི་རྣམ་ཤེས་ཞེས་སུ་གྲགས། །ཚོར་བའི་ཡེ་ཤེས་ཡིན་པའི་ཕྱིར། །ནམ་མཁའི་སྙིང་པོའི་རང་བཞིན་ནོ་ཅེས་སོ། །བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང་། སྤྱན་རས་གཟིགས་གསུང་གི་རིགས། མྱོང་བ་ནི་ལྕེའི་རྣམ་ཤེས་ཀྱིས་རོ་མྱོང་བ་སྟེ། རྩ་རྔམ་བྱེད་མའི་ནང་ན། ལྕེའི་རྣམ་ཤེས་དར་ལེའུ་རྒན་ལྟ་བུའོ། །དེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་གསུང་གི་རིགས་སོ། །རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རོ་རྣམས་ཀུན་ལ་སྤྱོད་པ་ཀུན། །ལྕེའི་རྣམ་ཤེས་ཞེས་སུ་གྲགས། །མྱོང་བའི་ཡེ་ཤེས་ཡིན་པའི་ཕྱིར། །སྤྱན་རས་གཟིགས་ཀྱི་རང་བཞིན་ནོ། །ཞེས་སོ། ༈ །ཐབས་ལམ་དུ་བཤད་ན། བྱང་ཆུབ་ཆེན་པོ་རྡོ་རྗེ་ཅེས་པ། རྣམ་ཤེས་བཞིའི་ཐིག་ལེས། ལས་ཀྱི་སྒྲིབ་པ་སྦྱོང་བས་ན་བྱང་། ངོ་བོ་བདེ་བ་ཐོབ་པས་ན་ཆུབ། བདེ་བས་རྟོག་པའི་ཉེས་པ་འཇོམས་པས་རྡོ་རྗེ། དམྱིག་གི་རྣམ་ཤེས་ཐིག་ལེ་དཀར་པོས་མཐོང་། རྣ་བའི་རྣམ་ཤེས་ཐིག་ལེ་མཐིང་ཀས་ཐོས། སྣའི་རྣམ་ཤེས་ཐིག་ལེ་སེར་པོས་ཚོར། ལྕེའི་རྣམ་ཤེས་ཐིག་ལེ་དམར་པོས་མྱོང་ངོ་། །དེ་ཡང་ཐལ་བ་ནས། དམིག་བསོགས་རང་གི་ཐིག་ལེ་ནི། །ལས་དང་ངོ་བོ་འབྲས་བུའི་ཕྱིར། །སེམས་དཔའ་ཆེན་པོ་ཉིད་དུ་བརྗོད། །ཉེས་ཟད་བྱེད་ཕྱིར་རྡོ་རྗེ་སྟེ། །རང་གི་གནས་ཀྱིས་ཕྱེ་བའོ། །ཅེས་སོ། །བཙུན་མོ་མཐོང་བ་ཅེས་པ། དམྱིག་གི་ཐིག་ལེ་ལས་རླུང་སེམས་འདྲེས་ནས། ནང་གི་ཐིག་ལེ་དེ་ཉིད་ཕྱིར་ཡུལ་ལ་འཇུག །དེས་གཟུགས་སྒྲ་དྲི་རོ་ལ་སོགས་སྤྱད་ནས། རྣལ་འབྱོར་པའི་རྩ་ནང་གི་བཅུད་ཐིག་ལེ་ལ་བདེ་བ་སྐྱེད་པའོ། །དེ་ཡང་ཐལ་བ་ནས། གཟུགས་བསོགས་ནང་ཉིད་ཕྱིར་སྣང་སྟེ། །རང་གི་རྩ་བཅུད་བཅས་པ་ལས། །བདེ་བསྐྱེད་པས་བཙུན་མོའི་ཅེས་སོ། །དེས་ན་ཐབས་ལམ་དང་སྦྱར་ནས་བཤད་པའི་རྒྱུད་ཀྱི་རྗེས་སུ་འདྲས་པའོ། ༈ །འདིར་སེམས་དཔའ་ལ་ངག་དོན་དུ་ཆོས་གསུམ་སྟེ། རྣམ་ཤེས་དང་དབང་པོའི་དེ་སྨོན་ཉིད་གང་ཡིན། ཡབ་ཡུམ་གྱི་འཐད་པ་ཅིས་བྱེད། དབང་པོ་དང་རྣམ་ཤེས་ཅིག་གམ་ཐ་དད་པའོ། །རྣམ་ཤེས་དང་དབང་པོའི་དེ་ཁོ་ན་ཉིད་ནི་ལྔ་སྟེ། ལྡང་ཞིང་རྒྱུ་བའི་རླུང་དམིག་ལ་ཡོད་པ་དང་། རྣམ་པར་རྒྱུ་བ་རྣ་བ་ལ། ཡང་དག་རྒྱུ་བ་སྣ་ལ། རབ་དུ་རྒྱུ་བ་ལྕེ་ལ། ངེས་པར་རྒྱུ་བ་ལུས་ལའོ། །དེ་རྣམས་ཀྱིས་ཐིག་ལེ་ལྔ་དང་། དབྱེར་མྱེད་དུ་གནས་སོ། །དེ་ཡང་ཁྲོ་བོ་སྟོབས་ཀྱི་རྒྱུད་ལས། རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་སྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གནས། །ངེས་པར་རྒྱུ་བ་ལུས་ལ་གནས། །ཞེས་སོ། །དེ་ཡང་རྣམ་ཤེས་ཐིག་ལེ་ནང་ན་གསལ། །དབང་པོའི་ཐིག་ལེ་ཕྱིར་གསལ་ལོ། །ཡབ་ཡུམ་གྱི་འཐད་པ་ཅིས་བྱེད་པ་ནི། རླུང་དང་རྣམ་ཤེས་འདྲེས་ནས་ཡུལ་ལ་སྤྱོད་པས་ན་ཡབ་ཡུམ་དུ་འབྲེལ་ལོ། །དབང་པོ་དང་རྣམ་ཤེས་ཅིག་གམ་ཐ་དད་པ་ནི། ངོ་བོ་ཅིག་ལ་ལས་ཀྱི་དབྱེ་བས་ཐ་དད་དེ། ངོ་བོ་ཅིག་པས་སེམས་སུ་འདུས། ལས་ཀྱི་དབྱེ་བ་ཐ་དད་དེ། རྣམ་ཤེས་ནི་ནང་ན་ཐིག་ལེ་དང་ཡིད་འདྲེས་ནས་གཟུགས་སྒྲ་དྲི་རོ་ཤེས་ལ། དབང་པོ་ནི་དོན་མི་གོ་ཡང་འཕྲལ་མཐོང་བྱ་མ་ལུས་ཀྱི་རྣམ་ཤེས་ལ། དབང་པོ་རྡོ་རྗེ། ཡུལ་པདྨ། རེག་བྱ་ཤེས་པའི་རྣམ་ཤེས། རེག་པ་དང་བཅས་པའི་ལས་བཞི་ལས། རྟག་པ་དང་། ཆད་པ་དང་། བདག་དང་། མཚན་མར་དབྱེ་བའོ། །འདིར་གཏར་ཀ་གགས་གསལ་ན། རྣམ་པར་ཤེས་པའི་ཕུར་པོ་རྡོ་རྗེ་སེམས་དཔའ་ཡིན་ན། འདིར་རྣམ་ཤེས་སེམས་པར་སྦྱར་བ་དང་འགལ་ཏེ། རྣམ་ཤེས་གཅིག་ལ་བཟང་ངན་ཅན་ཡིན་ཏེ། འཁོར་དང་གཙོ་བོར་སོང་བས་སོ། །ཡང་ན་གཅིག་ན་འདབས་ལ། མི་གཅིག་ན་ཇི་ལྟར་མི་གཅིག་ཞེ་ན། འདི་ལྟར་བཞེད་དེ། ཚོགས་བརྒྱད་སྤྱིའི་མཚན་ཉིད་རྣམ་པར་ཤེས་པའི་ཕུང་པོ། ཚོགས་བརྒྱད་ལས་མིག་གི་རྣམ་པར་ཤེས་པའོ། །འདི་རྣམས་རང་གི་མཚན་ཉིད་འཛིན་པ་སེམས་དཔའ་འོ། །སྐུ་ལ་སེ་སྒེག་མོ། བཙུན་མོ་མཐོང་བར་བྱ་བ་དང་། ཞེས། ནང་གི་སེམས་མ་བསྟན་པ་ནི། རྣམ་ཤེས་ལྔའི་སྤྱད་བྱར་གྱུར་པས་ན་བཙུན་མོའོ། །མཐོང་བར་བྱ་བ་ནི་གཟུགས་མཛེས་སྡུག་གཉིས་ཀ་མ་ཡིན་པའོ། །དེ་ནི་ལྷ་མོ་སྐུ་ལ་སེ་མའོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀུན། །ཁ་དོག་དབྱིབས་དང་མཚན་མ་རྣམས། །གཟུགས་ཀྱི་སྐྱེ་མཆེད་ཉིད་དུ་གྲགས། །མཐོང་བར་བྱ་བའི་ཡུལ་ཡིན་པས། །གཟུགས་མཛེས་མ་ཡི་རང་བཞིན་ནོ། །ཞེས་སོ། །ལས་ཀྱི་རིགས་གར་མ། བསྙན་པར་བྱ་བ་དང་། ཞེས། སྙན་པར་བྱ་བ་ནི། སྒྲ་སྙན་མི་སྙན་གཉིས་ཀ་མ་ཡིན་པ་རྣམས་སོ། །དེ་ནི་ལྷ་མོ་ལས་རིགས་ནིར་ཏི་མའོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀུན། །ཟིན་དང་མ་ཟིན་གཉིས་ཀ་ལས། །འབྱུང་བ་སྒྲའི་ཁམས་སུ་གྲགས། །ཐོས་པར་བྱ་བའི་ཡུལ་ཡིན་པས། །ནིར་ཏི་མའི་རང་བཞིན་ནོ། །ཞེས་སོ། །ཡོན་ཏན་གྱི་འཕྲེང་བ་མ། སྣམ་པར་བྱ་བ་དང་། ཞེས། སྣམ་པར་བྱ་བ་ནི། སྣས་དྲི་ཞིམ་མྱི་ཞིམ་གཉིས་ཀ་མ་ཡིན་པའོ། །དེ་ནི་ལྷ་མོ་ཡོན་མ་ལེའི་རང་བཞིན་ནོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་དང་སྦྱར་དང་གྱུར། །ཞིམ་དང་དྲི་ང་དེ་ལས་བཞན། །དྲིའི་ཁམས་དང་སྐྱེ་མཆེད་དེ། །སྣམ་པར་བྱ་བའི་ཡུལ་ཡིན་པས། །མ་ལེ་མའི་རང་བཞིན་ནོ། །ཞེས་སོ། །གསུང་གི་རིགས་ཀླུ་མ། མྱོང་བར་བྱ་བའི་ཚོགས་དང་། ཞེས། མྱོང་བར་བྱ་བ་ནི། ལྕེས་རོ་བྲོ་མི་བྲོ་གཉིས་ཀ་མ་ཡིན་པ་སྟེ། གསུང་རིགས་གྷིར་ཏི་མའི་རང་བཞིན་ནི། རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཁ་མངར་ལ་སོགས་རི་རྣམས་ཀུན། །རོ་ཡི་སྐྱེ་མཆེད་ཉིད་དུ་གྲགས། །མྱོང་བར་བྱ་བའི་ཡུལ་ཡིན་པས། །གྷིར་ཏི་མའི་རང་བཞིན་ནོ། །ཞེས་སོ། །ཚོགས་ནི་ཡུལ་རོ་དྲུག་ལ་སོགས་པར་སྣང་བས་ན་ཚོགས་སོ། །གཉིས་པ་དབང་པོའི་སེམས་དཔའ་ཡབ་ཡུམ་སྟན། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། ཅེས་སྐུའི་བྱམས་པ་སྟེ། གཉིས་པ་ཕྱིའི་བྱང་ཆུབ་སེམས་དཔའ་བསྟན་པ་ནི། བྱང་ཆུབ་ནི་སྒྲིབ་པ་བྱང་ནས་ཡེ་ཤེས་ཆུབ་པའོ། །ཆེན་པོ་ནི་རང་བཞིན་གྱི་དོན་སྤྱོད་པའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པའོ། །མཐོང་བྱེད་ནི་དམྱིག་གི་དབང་པོའོ། །རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མཐོང་བྱེད་དང་བའི་དག་ཉིད་དེ། །མྱིག་གི་ཁམས་ཞེས་བྱ་བར་གྲགས། །མཐོང་བའི་བྱ་བ་བྱེད་པའི་ཕྱིར། །བྱམས་པ་མི་ཏྲིའི་རང་བཞིན་ཡིན། །ཞེས་སོ། །ལས་ཀྱི་རིགས་སྒྲིབ་སེལ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། ཞེས། རྣ་བའི་དབང་པོས་སྒྲ་ཐོས་པར་བྱེད་པ་ནི། ལས་རིགས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྟེ། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཐོས་བྱེད་དང་བའི་བདག་ཉིད་དེ། །རྣ་བའི་ཁམས་ཞེས་བྱ་བར་གྲགས། །ཐོས་པའི་བྱ་བ་བྱེད་པའི་ཕྱིར། །སྒྲིབ་པ་ཀུན་སེལ་རང་བཞིན་ཡིན། །ཞེས་སོ། །ཡོན་ཏན་གྱི་རིགས་འཇམ་དཔལ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། ཅེས། སྣོམ་བྱེད་སྣའི་དབང་པོ་ནི། ཡོན་ཏན་གྱི་རིགས་འཇམ་དཔལ་གཞོན་ནུ་སྟེ། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྣོམ་བྱེད་དང་བའི་བདག་ཉིད་དེ། །སྣའི་ཁམས་ཞེས་བྱ་བར་གྲགས། །ཚོར་བའི་བྱ་བ་བྱེད་པའི་ཕྱིར། །འཇམ་པའི་དཔལ་གྱི་རང་བཞིན་ཡིན། །ཞེས་སོ། །གསུང་གི་རིགས་ཀུན་ཏུ་བཟང་པོ། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང་། ཅེས། མྱོང་བྱེད་ལྕེའི་དབང་པོས་རོ་མྱོང་བ་ནི་ཀུན་ཏུ་བཟང་པོས་སྟེ། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱིས། །མྱོང་བར་བྱེད་པའི་བདག་ཉིད་དེ། །ལྕེའི་ཁམས་ཞེས་བྱ་བར་གྲགས། །མྱོང་བའི་བྱ་བ་བྱེད་པས་ན། །ཀུན་ཏུ་བཟང་པོའི་རང་བཞིན་ཡིན། །ཞེས་སོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། ལེའུ་འདིར་རྟོག་ཚོགས་བཞི་བཅུ་རྩ་གཉིས་སུ་འདོད་དམ་མི་འདོད། མི་འདོད་ན་ལྷ་རྟོགས་ཚོགས་དང་སྦྱར་བ་དང་འགལ། འདོད་ན་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྐུར་སྨོས་ཏེ། སྐུ་མདུན་དང་རྒྱབ་མྱེད་པ་ཞེས་བཤད། སྒོ་མ་བཞི་མཐའ་བཞི་ཡངས་པར་བཤད་དེ། རྟག་པར་མ་ཡིན་པ་དང་ཅེས་པས། མཐའ་བཞི་དང་བྲལ་བ་ནི་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་པས་སོ། །དེ་ལ་ལྷ་ལ་ལ་ཡེ་ཤེས་ཀྱི་སྐུར་སྨོས། ལ་ལ་རྟོག་ཚོགས་སུ་སྨོས་པས་འགལ་ལོ་ཞེ་ན། འདི་ལྟར་ཤེས་པར་བྱ་སྟེ། གདུལ་བྱའི་སྣང་བ་ལ་དགོངས་པ་ཡིན་ནོ། །འོག་མིན་ན་འཁོར་ཐེག་པ་མས་སྦྱངས་ལ་ཤེས་བྱའི་སྒྲིབ་པ་ཡོད་པས། དེ་སྦྱོང་བའི་ཆེད་དུ་སྟོན་པ་ཀུན་ཏུ་བཟང་པོ་ཤེས་བྱ་དག་པའི་སྐུར་ལྡན། དེ་ལ་རིགས་ལྔ་ལ་སོགས་པ་ཉིད་ལས་མི་ཞན་པའི་འཁོར་ཡིན་ཡང་། གཙོ་འཁོར་ཁྱད་པར་དུ་བྱ་བའི་ཕྱིར་རྟོག་ཚོགས་སུ་སྨོས། འོག་མིན་དུ་ཐེག་པ་མས་སྦྱངས་པའི་འཁོར་རང་ལ་ཡང་གདུལ་བྱ་དང་བསྟུན་ནས་སྣོད་དུ་རུང་མྱི་རུང་དགག་པའི་ཕྱིར། སྒོ་བ་རྣམས་ཁྲོ་བོར་རྨོས་སོ། །སྣོད་དུ་མི་རུང་བའི་ཉེས་པ་མཐའ་བཞི་ཡིན་པའི་ཕྱིར་ན། དེ་དག་པར་བྱ་བའི་ཕྱིར་སྒོ་མ་རྣམས་མཐའ་ཡངས་པར་རྨོས་སོ། །ཡང་ན་སྟོན་པ་ནི་ཀུན་ཏུ་བཟང་པོ་སྐུ་ལྔ་ལྷུན་གྲུབ་ཡིན་ལ། འཁོར་ནི་སྟོན་པའི་ཁྱད་པར་ལས་སྣང་བས་གདུལ་བྱ་དང་སྟུན་ནས་སྤྲུལ་པའོ། །བཙུན་མོ་འདས་པ་དང་། སོགས་ཏེ། སྤོས་མ། ཕྱིའི་སེམས་མ་བཞི་ནི། དུས་བཞི་སྤྱད་པའི་ཡུལ་དུ་གྱུར་པས་ན་བཙུན་མོ། འདས་པ་ནི་རྒྱུ་འབྲས་སྤྱད་ཟིན་པའོ། །དེ་ཡང་སྤྱིད་ཀྱི་དུས་ནི་འདས་པའོ། །དེ་ནི་ལྷ་མོ་གདུག་སྤོས་མའོ། །རྔམ་ཀློག་ནས། སྣོད་བཅུད་སེམས་ཅན་ཐམས་ཅད་ཀྱི། །རྒྱུ་འབྲས་ཀུན་ཏུ་རྣམ་པར་སྤྱད། །སྔོན་འདས་དུས་སུ་རྣམ་པར་གྲགས། །སྔོན་འདས་སྤྱིད་ཀྱི་རང་བཞིན་ནི། །སྤོས་མེ་མའི་རང་བཞིན་ནོ། །ཞེས་སོ། །ད་ལྟར་དང་། ཞེས། མེ་ཏོག་མ། རྒྱུ་འབྲས་འཚོགས་པ་ནི་ད་ལྟར་ཏེ། དབྱར་གྱི་དུས་སོ། །དེ་ནི་ལྷ་མོ་མེ་ཏོག་མའོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་སྤྱད་འབྲས་བུ་མ་སྤྱད་ཀུན། །ད་ལྟ་ཉིད་ཀྱི་དུས་སུ་གྲགས། །ད་ལྟ་དབྱར་གྱི་རང་བཞིན་ཏེ། །མེ་ཏོག་མའི་རང་བཞིན་ནོ། །ཞེས་སོ། །འབྱུང་བ་དང་། ཞེས། དྲི་ཆབ་མ། འབྱུང་བ་ནི། རྒྱུ་འབྲས་འབྱུང་བར་མ་ངེས་པ་ནི་གུ་ན་གྷན་དྷེ་མ་སྟེ། རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་འབྲས་ངེས་པར་མ་འཚོགས་པས། །མ་འོངས་རྒུན་གྱི་རང་བཞིན་ཡིན། །གྷན་དྷེ་མའི་རང་བཞིན་ནོ། །ཅེས་པས་འཇམ་དཔལ་གྱི་ཡུམ་མོ། །མ་བྱོན་པའི་ཚོགས་དང་། ཞེས། མར་མེ། རྒྱུ་འབྲས་ཡོངས་ཀྱིས་མ་སྤྱད་པ་འམ། ཡུལ་དུ་མ་གྱུར་བ་ནི་མ་བྱོན་པ་སྟེ། སྟོན་མར་མེའོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་འབྲས་ཡོངས་ཀྱིས་མ་སྤྱད་པ། །མ་འོངས་དུས་སུ་རབ་ཏུ་གྲགས། །མ་བྱོན་མེ་ཏོག་རང་བཞིན་ནི། །ཨ་ལོ་ཀའི་རང་བཞིན་ནོ། །ཅེས་པས་སེམས་དཔའ་ཀུན་ཏུ་བཟང་པོའི་ཡུམ་མོ། ༈ །ནང་ཐབས་ལམ་དང་སྦྱར་ན། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད། ཅེས་པ། རྣལ་འབྱོར་པས་སྟོད་ཀྱི་རླུང་མནན། སྨད་ཀྱི་རླུང་ཐེན་ནས། བདེ་བ་བཞི་སྟེ། ཉམས་དེ་ཤར་བའི་དུས་ན། དམྱིག་གིས་གཟུགས་མཐོང་། རྣ་བས་སྒྲ་ཐོས། སྣས་དྲི་ཚོར། ལྕེས་ཆོས་ཉིད་ཀྱི་རོ་མྱོང་བ་ནི་སེམས་དཔའོ། །དེང་ས་མཐོང་བའི་ཡེ་ཤེས་ཞེས་བྱ། ཐོས་པའི་ཡེ་ཤེས་ཞེས་བྱ། དེས་འདྲེ། བཙུན་མོ་འདས་པ་ནི། རླུང་ཕྱིར་ལ་ཐོན་པ་ནི་འདས་པའོ། །ཁོང་ན་གནས་པ་ནི་ད་ལྟ་བ། ནང་དུ་འཇུག་པ་ནི་འབྱུང་བ། དེ་དག་ལས་སྲོག་དང་རྩལ་བར་གྱུར་པ་ནི་མ་བྱོན་པའོ། །དེ་ཡང་དབང་པོ་བཞི་རླུང་བཞིས་གྲུབ་པར་བྱེད་པས་ན་བཙུན་མོ་ཡིན་ནོ། །དེ་ཡང་ཐལ་བ་ནས། དུས་ནི་རླུང་གིས་སྒོ་ཕྱེ་སྟེ། །བྱམས་པ་ལ་སོགས་ཡེ་ཤེས་བཞི། །དེ་བདེ་རིམ་པ་སྐྱེ་བ་ཡང་། །ཏིང་འཛིན་དབང་དུ་ངེས་པར་གསུངས། །ཞེས་སོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། བཙུན་མོ་ནི་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པ་ཡིན་ན། འབྱུང་བར་མ་ངེས་པ་ཅིར་འགྱུར་ཆ་མྱེད་པ་དང་། མ་བྱོན་པ་ཡུལ་དུ་མ་གྱུར་བ་གཉིས་སྤྱད་པའི་ཡུལ་དུ་ཅི་སྟེ་འགྲོ་ཞེ་ན། དེ་ནི་སེམས་ཅན་གྱི་རྟོག་པ་འགག་པའི་ཆེ་ཡིན་ཏེ། དུས་གསུམ་སྤྱིའི་མཚན་ཉིད་འདས་མ་བྱུང་ད་ལྟར་གསུམ་ཡིན་ཡང་། དེ་གང་རུང་གཅིག་རང་ལ་ཡང་དུས་གསུམ་ཚང་བ་དང་། དབྱར་དགུན་སྟོན་དཔྱིད་བཞི་ལ་དུས་བཞི་རང་གི་མཚན་ཉིད་ཆ་བཤད་པས་ན། ད་ལྟར་གྱི་སེམས་ཅན་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིར་འཛིན་པ་ཡོད་དེ། དེ་དབང་པོའི་སྤྱོད་ཡུལ་དུ་གྱུར་བས་ན་ཡུམ་མོ། །རྟོགས་པ་དང་ལྡན་པའི་གང་ཟག་ལ་དུས་བཞི་ལ་དབྱེར་མྱེད་དོ། །དེ་ཡང་སྒྱུ་འཕྲུལ་རྒྱ་བཅུ་པའི་ལེའུ་ཉི་ཤུ་བདུན་པ་ནས། འདས་དང་ད་ལྟར་མ་འོངས་དང་། །འབྱུང་བར་མ་ངེས་དུས་འདི་དག །སྔ་ཕྱི་མྱེད་པར་མཉམ་ཡིན་ཏེ། །ངེས་པ་མྱེད་པར་ཡང་དག་གསུང་། །ཞེས་སོ། །རྣམ་པར་རྒྱལ་བ། འཇོམས་པ་ཆེན་པོ་རེག་པ་དང་། །སོགས་སྟེ་དེ་ལ། གདུག་པ་འདུལ་བའི་འཁོར་ལ་གཉིས་ཏེ། གྲོལ་ལམ་དང་དུ་བཤད་པ་དང་། ཐབས་ལམ་དུའོ། །དང་པོ་ལ། འཇོམས་པ་ནི། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །རྒོལ་བ་ངན་པ་འཇོམས་པའོ། །ཆེན་པོ་ནི་འཇིག་རྟེན་པའི་ཁྲོ་བོ་ལས་ཁྱད་པར་དུ་བྱས་པའོ། །རེག་པ་ནི་ལུས་ཀྱི་རྣམ་པར་ཤེས་པ་འཇམ་རྩུབ་ཤེས་པ་སྟེ། རྣམ་པར་རྒྱལ་བའོ། ། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རེག་བྱ་ཀུན་ལ་གཅོད་པ་ཀུན། །ལུས་ཀྱི་རྣམ་ཤེས་ཞེས་སུ་གྲགས། །རེག་པའི་ཡེ་ཤེས་ཡིན་པའི་ཕྱིར། །རྣམ་པར་རྒྱལ་བའི་རང་བཞིན་ནོ། །ཞེས་སོ། །གཤིན་རྗེ་གཤེད་པོ། འཇོམས་པ་ཆེན་པོ་རེག་བྱེད་དང་། ཞེས། རེག་བྱེད་ཀྱི་དབང་པོ་ནི་གཤིན་རྗེ་གཤེད་དེ། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རེག་བྱེད་དང་བའི་བདག་ཉིད་དེ། །ལུས་ཀྱི་ཁམས་ཞེས་བྱ་བར་གྲགས། །རེག་བྱེད་རེག་པར་བྱེད་པས་ན། །གཤིན་རྗེ་འཇོམས་པའི་རང་བཞིན་ནོ། །ཞེས་སོ། །འཇོམས་པ་ཆེན་པོ་རེག་བྱ་དང་། ཞེས་པའི། རྟ་མགྲིན། རེག་བྱ་ནི་ཡུལ་ཏེ་རྟ་མགྲིན་དང་སྦྱར་རོ། །རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །འབྱུང་དང་འབྱུང་འགྱུར་རེག་བྱ་རྣམས། །རེག་པར་བྱའི་ཡུལ་ཡིན་པས། །རྟ་མཆོག་དབང་གི་རང་བཞིན་ཡིན། །ཞེས་སོ། །འཇོམས་པ་ཆེན་པོ་རེག་ཤེས་དང་། ཞེས་པ། བདུད་རྩི་འཁྱིལ་བ། རེག་བྱེད་ནི་ལུས་ཀྱི་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པའི་སེམས་ལས་བྱུང་བ་རེག་ཤེས་ཏེ། བདུད་རྩི་འཁྱིལ་པ་དང་སྦྱར། རྔམ་ཀློག་ནས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཚོགས་དྲུག་འགགས་པའི་དེ་མ་ཐག །གོ་འབྱེད་གསལ་བའི་རང་བཞིན་ཉིད། །ཡིད་ཀྱི་ཁམས་ཞེས་བྱ་བར་གྲགས། །ངེས་གཅོད་བྱ་བ་བྱེད་པའི་ཕྱིར། །བདུད་རྩི་འཁྱིལ་པའི་རང་བཞིན་ཡིན། །ཞེས་སོ། ༈ །གཏར་ཀ་གགས་གསལ་བ་ནི། འོག་མྱིན་གྱི་གནས་ན། ཁྲོ་བོ་ཡོད་དམ་མྱེད། མྱེད་ན་འཇོམས་པ་ཆེན་པོ་དང་འགལ། ཡོད་ན་འོག་མིན་ན་ཁྲོ་བོས་འདུལ་བའི་གདུལ་བྱ་ཡོད་དམ་མྱེད། ཡོད་ན་གདུལ་བྱ་གང་ཡིན། མྱེད་ན་གདུལ་བྱ་མྱེད་པའི་འདུལ་བྱེད་མི་དགོས། ཞེ་ན། དེ་ནི་འདི་ལྟར་དུ་བཞེད་དེ། འོག་མིན་ན་གདུལ་བྱ་རང་རྒྱུད་པ་རུ་ཏྲ་ལྟ་བུ་མྱེད། ཁྲོ་བོས་འདུལ་དགོས་པའི་གདུལ་བྱ་ཡོད་དེ། བྱང་ཆུབ་སེམས་དཔའི་འཁོར་མས་སྦྱངས་ཡོད་པ་རྣམས། རང་རྒྱུད་པ་མྱིན་ཡང་། རང་གི་ལྟ་བ་ལ་ད་རུང་མངོན་པར་ཞེན་པ་ཡོད་པས་མ་ཏིའི་སྣོད་དུ་མ་གྱུར་བ་དང་། ཤེས་བྱའི་སྒྲིབ་པ་ལ་སྲབ་འཐུག་ཡོད་པ་དང་། དེ་དག་འདུལ་བའི་ཕྱིར་སྒོ་བསྲུངས་ཁྲོ་བོར་སྨོས་སོ། །དེ་ཡང་བླ་མ་ནས། ནུབ་ཕྱོགས་འོག་མིན་གནས་མཆོག་ན། །མ་ཆགས་པད་མའི་གདན་སྟེང་པ། །དུས་གསུམ་སངས་རྒྱས་བཞུགས་པའི་གནས། །རྣམ་པར་ཐར་པའི་སྒོ་བཞི་ལ། །ཡེ་ཤེས་བཞིའི་རྒྱ་དང་ལྡན། །དབང་དང་སྐལ་མྱེད་གསལ་བའི་ཕྱིར། །ནང་སྟན་ཕྱི་རིམ་ལྕགས་དང་ལྡན། །ཞེས་སོ། །བཙུན་མོ་རྟག་པར་མ་ཡིན་པ་དང་། ཞེས། ཤར་ལྕགས་ཀྱུ་མ། སྒོ་བ་བཞི་ཡུམ་ནི། རྟག་པ་ནི་སྐད་ཅིག་མ་གཉིས་པར་མི་འགྱུར་བར་འཛིན་པའོ། །རྟག་པར་ལྟ་བ་དེ་གནས་འགྱུར་བ་དེ་ཡུམ་སྟོབས་ཆེན་མས་ཏེ། རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །འཇིགས་དང་སྐད་ཅིག་མི་རྟག་པ། །རྟག་པར་མ་ཡིན་ཞེས་སུ་གྲགས། །སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། །ལྕགས་ཀྱུ་མའི་རང་བཞིན་ནོ། །ཅེས་སོ། །ཆད་པར་མ་ཡིན་པ་དང་། ཞེས་པ། ལྷོ་ཞགས་པ་མ། ཆད་པར་ལྟ་བ་ནི། ལས་དང་དཀོན་མཆོག་བདེན་པར་འདོད་པ་རྣམས་མྱེད་པར་འཛིན་པ་སྟེ། དེ་གནས་འགྱུར་ཏེ་ཆད་པར་མ་ཡིན་པ་ནི་ཡུམ་གཤད་མ་སྟེ། རྔམ་ཀློག་ལས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཀུན་ཏོག་གཞན་དབང་མྱེད་མིན་པ། །ཆད་པར་མ་ཡིན་ཞེས་སུ་གྲགས། །རྨི་ལམ་ལྟ་བུར་སེམས་སྣང་ཕྱིར། །ཞགས་པ་མའི་རང་བཞིན་ནོ། །ཞེས་སོ། །བདག་དུ་མ་ཡིན་པ་དང་། ཞེས་པ། ནུབ་ལྕགས་སྒྲོག་མ། བདག་ནི་གང་ཟག་དང་ཆོས་ཀྱི་བདག་ཡོད་པར་ལྟ་ཏེ། དེ་མ་ཡིན་པ་ནི་ལྷ་མོ་མགྲིན་པ་སྟེ། རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །གཟུང་འཛིན་དངོས་པོར་མ་གྲུབ་པ། །མཚན་མར་མ་ཡིན་ཞེས་སུ་གྲགས། །སྨྱིག་རྒྱུ་ལྟ་བུར་སེམས་སྣང་ཕྱིར། །ལྕགས་སྒྲོག་མའི་རང་བཞིན་ནོ། །ཞེས་སོ། །མཚན་མར་མ་ཡིན་པའི་ཚོགས་དང་། ཞེས་པའི། བྱང་དྲིལ་བུ་མ། མཚན་མ་ནི་གཟུང་འཛིན་དུ་ལྟ་བ་སྟེ། དེ་མ་ཡིན་པ་ནི་བདུད་རྩི་འཁྱིལ་མའོ། །རྔམ་ཀློག་ནས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །སྐྱེས་བུའི་བྱེད་པ་མ་གྲུབ་པ། །བདག་དུ་མ་ཡིན་ཞེས་སུ་གྲགས། །སྒྲ་སྙན་ལྟ་བུར་སེམས་སྣང་ཕྱིར། །རྡོ་རྗེ་འབེབས་མའི་རང་བཞིན་ནོ། །ཞེས་སོ། །ལ་སོགས་པ་ནི། ལོག་པར་ལྟ་བ་ཐམས་ཅད་དག་པར་བྱེད་དོ། ༈ །ཐབས་ལམ་དུ་སྦྱར་ན། འཇོམས་པ་ཅེས་པ། གསང་བའི་ཡུལ་ཡུམ་གྱི་བྷ་ག་དང་། གསང་བའི་དབང་པོ་རྡོ་རྗེ་དང་། གསང་བའི་རྣམ་ཤེས་བདེ་བ་དང་། དེ་གསུམ་གྱིས་ལུས་ཀྱི་རྣམ་ཤེས་སོ། །དེ་བཞིས་རྟོག་པ་འཇོམས་པས་ཁྲོ་བོའོ། །བཞི་ནི་མཚན་ཉིད་དང་ལས་ཀྱིས་ཕྱེ་བའོ། །དེ་རྣམས། རྟག །ཆད། བདག །མཚན་མ་བཞིར་མི་གནས་པ་འམ། མཚན་མ་ངན་པ་མི་སྐྱེ་བ་ནི་ཡུམ་མོ། །དེ་ཡང་ཐལ་བ་ནས། གསང་ཡུམ་དབང་པོ་རྣམ་ཤེས་རེག །ལུས་ཀྱི་ཆོས་བཞི་འདུས་སྤྱད་པས། །མ་ལུས་འཇོམས་ཕྱིར་ཁྲོ་བོ་སྟེ། །མཚན་ཉིད་ལས་ཀྱིས་ཕྱེ་བ་ཡིན། །གསང་གསུམ་ཐབས་ཀྱི་སྤྱོད་པ་ཉིད། །རྟག་བསོགས་མཚན་མ་ལས་སྐྱེད་ཕྱིར། །བཙུན་མོ་ཞེས་སུ་སྟན་པ་སྟེ། །ལས་ཀྱི་སྐབས་ཀྱིས་མི་གནས་པའོ། །ཞེས་སོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། འདིར་གོ་ལོག་སྟེ། རིགས་ལྔ་སངས་རྒྱས་ཐམས་ཅད་ཀྱི་རྩ་བ་རྟོག་ཚོགས་སུ་བཤད་ནས། སྒོ་མ་བཞི་མཐའ་བཞི་དང་བྲལ་བར་བཤད་པས་ནོར་ཞེ་ན། མ་ནོར་ཏེ། སེམས་ཅན་གྱི་རྟོག་ཚོགས་ལ་དགོངས་པ་སྟེ། རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་ནི་གཙོ་བོ་ཡིན་ལ། གཙོ་བོའི་འཕྲིན་ལས་བྱེད་པར་སྒོ་མ་བཞི་སྤྲུལ་པ་ཡིན་པས། གཙོ་བོའི་ཆེ་བ་འབྱིན་པས་མི་འགལ་ལོ། ༈ །འདིར་གགས་གསལ་ན། རྟོག་ཚོགས་སུ་སྨོས་པའི་འཁོར་འདི་རྣམས། ཐུགས་ཡེ་ཤེས་རིག་པ་རང་སྣང་བའི་འཁོར་ཡིན་ནམ། ཤེས་རྒྱུད་མས་སྦྱངས་ཡིན། མས་སྦྱངས་ཡིན་ཟེར་ན། རྒྱུད་ཅིག་མས་སྦྱངས་སམ། རྒྱུད་ཐ་དད་མས་སྦྱངས། ཅིག་སྦྱངས་ཟེར་ན། གཅིག་གི་རྒྱུད་ལ་རིགས་ལྔ་དང་། སེམས་དཔའ་ལ་སོགས་པ་ཐ་དད་པ་འོང་བར་མི་རིགས། རྒྱུད་ཐ་དད་པ་སྦྱངས་ཟེར་ན་ཡང་། འདིར་གང་ཟག་གཅིག་གི་ཤེས་རྒྱུད་ལ་ཡོད་པ་རྣམས་ལས་མ་སྨོས་པས། འགྲོ་ལ་ཤེས་རྒྱུད་གཉིས་འཆང་ཡོད་དམ་ཞེས་བྱ། །ཡང་རང་སྣང་བ་ཡིན་ན་ཡང་། མས་སྦྱངས་པ་ཡོད་དམ་མྱེད། ཡོད་ན་གོང་དང་འདྲ་ལ། མྱེད་ན་ཡང་གདུལ་བྱ་མྱེད་པའི་འདུལ་བྱེད་མི་སྲིད་དོ། །འོ་ན་ཇི་ལྟར་ཤེས་པར་བྱ་ན། འདི་རྣམས་ཐུགས་ཡེ་ཤེས་རིག་པ་རང་སྣང་བ་ཡིན། ཤེས་རྒྱུད་མས་སྦྱངས་ཡང་ཡོད་དེ། ཀྲི་ཡོག་ལ་སོགས་པའི་སེམས་དཔའ་མ་ཧའི་ཆོས་ཉན་པ་ཡོད་དོ། །དེ་ཡང་རྒྱ་མཚོ་ལས། དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་བསོགས་པའི། །དང་པོ་སངས་རྒྱས་སར་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མྱེད་དག །རྣམ་གཉིས་ཚུལ་དུ་འདུག་པ་ཡིན། །ཞེས་པ་དང་། ཡང་རྒྱུད་འདི་ཉིད་ལས་ཀྱང་། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་། གཉིས་སུ་མེད་པར་བཞུགས་སོ། །ཅེས་གསལ་ལོ། །སྤྱིའི་བཞུགས་ཚུལ་བསྟན་པ་ནི། དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་། གཉིས་སུ་མྱེད་པར་བཞུགས་སོ། །དེ་ལྟ་བུའི་ཚོགས་ནི་དད་པས་འདུས་པ་གཏམ་ཉན་པའི་རྒྱུའི་སེམས་དཔའ་ལ་སོགས་པ་རྣམས་སོ། །བརྗོད་ཀྱིས་མི་ལང་བ་ནི་གྲངས་སོ། །གཉིས་སུ་མྱེད་པར་བཞུགས་པ་ནི་དགུ་སྟེ། རང་བཞིན་གྱི་སྣང་བའི་དབང་དུ་བདག་ཉིད་ཆེན་པོར་སྐུ་དང་ཡེ་ཤེས་སེལ་མྱེད་པར་བཞུགས། ཐུན་མོང་མ་ཡིན་དབང་དུ་སྟོན་འཁོར་ཐམས་ཅད་རྟོག་ཚོགས་དང་གཉིས་སུ་མྱེད་པར་བཞུགས། འོག་མྱིན་དུ་འཚོགས་ཚད་གནས་ལ་གཉིས་སུ་མྱེད་པར་བཞུགས། རིགས་ལྔ་སྟོན་པ་དང་དགོངས་པ་གཉིས་སུ་མྱེད་པར་བཞུགས། སེམས་དཔའ་དང་ཁྲོ་བོ་སྟོན་པ་དང་གནས་ལ་གཉིས་སུ་མྱེད་པར་བཞུགས་སོ། །ཐམས་ཅད་ཀྱང་སྐུ་སྤྱོད་ལམ་གྱིས་བཞུགས། གསུང་མཛད་པ་སྒྲོ་ཞིང་བཞུགས། ཐུགས་ཏིང་ངེ་འཛིན་རྫུ་འཕྲུལ་གྱིས་བཞུགས། དོན་དབྱིངས་ཡེ་ཤེས་གཉིས་མྱེད་དུ་བཞུགས། རྟགས་ཐབས་དང་ཤེས་རབ་གཉིས་མྱེད་དུ་བཞུགས་སོ། །དེ་ཡང་ཐལ་བ་ནས། ཕྱི་ནང་དཀྱིལ་འཁོར་སྟན་མཛད་ཅིང་། །རིགས་ཀྱི་འཁོར་ལོ་ཀུན་རྫོགས་བདག །སྟོང་ཁམས་ཀུན་ཏུ་མཐའ་ཡས་པར། །དེ་དག་དཀྱིལ་འཁོར་གསལ་བར་སྣང་། །གཉིས་མྱེད་མཉམ་པ་ཆེན་པོའི་སྐུ། །དྲངས་མྱེད་བརྗོད་ཀྱིས་མི་ལང་བ། །གཉིས་སུ་མྱེད་པར་བརྟན་བཞུགས་པའོ། །ཞེས་སོ། ༈ །གཉིས་སུ་མྱེད་པར་བཞུགས་པ་ལ་གཏར་ཀ་གགས་གསལ་ན་གསུམ་སྟེ། དགོངས་པ་ལ་གཉིས་སུ་མྱེད་པར་བཞུགས་སམ། གནས་ལ་གཉིས་སུ་མྱེད་པར་བཞུགས་སམ། བཞུགས་ཚུལ་གཉིས་སུ་མྱེད་པར་བཞུགས་ཞེ་ན། དགོངས་པ་ལ་གཉིས་སུ་མྱེད་པར་བཞུགས་པ་ན། སྟོན་འཁོར་དགོངས་པ་ལ་ཁྱད་མྱེད་པར་ཐལ། གནས་ལ་གཉིས་སུ་མྱེད་པར་བཞུགས་ན། སྟོན་པ་དབུས་ན་བཞུགས། འཆད་པ་འདུན་བཞུགས། རིགས་ལྔ་རྩིབས་ལ་བཞུགས། སེམས་དཔའ་རྩིབས་འཆན་ལ་སོགས་པ་ན་བཞུགས་ཏེ་འགལ་ལོ། །བཞུགས་ཚུལ་གཉིས་སུ་མྱེད་ཟེར་ན། ཀུན་བཟང་མཉམ་བཞག །རིགས་ལྔ་དཀྱིལ་ཀྲུང་། སེསམ་དཔའ་ཕྱེད་དཀྱིལ། བསྒོ་བ་དོར་ཐབས་ཟེར་བས་འགལ་ལོ། །འོ་ན་གང་ཞེ་ན། ལྷ་རྣམས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པར་བཞུགས་པའོ། །དེ་བས་ན་སྒྱུ་འཕྲུལ་དྲྭ་བ་ཟེར་རོ། །དེ་ཡང་སྒྱུ་འཕྲུལ་བླ་མ་ནས། ཤེས་རབ་ཐབས་རོལ་སྒྱུ་མ་ལས། །རང་བཞིན་སྒྱུ་འཕྲུལ་ཆེན་པོར་ཤར། །ཐབས་དང་ཐབས་བྱུང་འབྲེལ་པ་ཉིད། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །ཞེས་སོ། ༈ །དེ་ནས་དེ་བཞིན་གཤེགས་པ། །ཞེས། འདིར་གླེང་གཞི་སྡུས་པ་ལ་གསུམ་སྟེ། དགོས་དོན་ནི་གཉིས་ཏེ། སྔོན་འབྱུང་དུ་ཕུན་སུམ་ཚོགས་པ་དང་དགོངས་པ་བརྡས་གོ་ནས་སྡུས་པ་དང་། རྗེས་འཇུག་ལ་དགོངས་པ་ལ་བཞི་སྟེ། གོང་དུ་རྒྱས་པར་ཤེས་པ་དེ་འདིར་སྡུས་པར་གོ་བར་བྱ་བའམ། གོང་དུ་མ་ཤེས་པ་དེ་འདིར་ཤེས་པར་བྱེད་པའམ། གདུལ་བྱ་གླེང་གཞི་རྒྱས་པ་ལ་མོས་པ་ལ་གོང་དུ་བཤད་པའམ། སྡུས་པ་ལ་མོས་པ་འདིར་སྡུས་ཏེ་སྟན་པའོ། །སྤྱི་དོན་གཉིས་པ་སྡུས་དོན་ནི། སྟན་པ་བརྡས་གོ་ནས་སྟོན་འཁོར་དབྱེར་མྱེད་ཀྱིས་སྡུས་སོ། །གསུམ་པ་ཚིག་དོན་ནི། དེ་ནས་ཞེས་པ། གླེང་གཞི་རྒྱས་པར་བཤད་པའི་རྗེས་དེ་ནས། བསྡུས་པ་འཆད་པས་སོ། །དེ་བཞིན་གཤེགས་པ་ནི། རིགས་ལྔ་སེམས་དཔའ་ཁྲོ་བོ་སྟེ་ཡབ་རྣམས་སོ། །བཙུན་མོའི་ཚོགས་དང་། ཞེས། རིགས་ལྔ་སེམས་མ་ཁྲོ་མོ་རྣམས་སོ། །གཉིས་སུ་མྱེད་པའི་གསང་བའི། ཞེས། ལྷ་ཡབ་ཐབས་རྒྱ་ཆེ་བ་དང་། ཡུམ་ཤེས་རབ་ཟབ་པ་གཉིས་མྱེད་དོ། །དཀྱིལ་འཁོར་དེ་དག །ཞེས་པ། ཡེ་ནས་སེམས་ཅན་གྱི་རྟོགས་ཚོགས་རྣམས་སྐུ་དང་ཡེ་ཤེས་སུ་སངས་རྒྱས་དེ་རྟོགས་པར་དཀའ་བས་ན་གསང་བའི་དལ་ལོ། །ཉིད་ཀྱི་གསང་བ་འདི་ཉིད། ཅེས། སངས་རྒྱས་པ་དེ་མཚོན་པར་བྱེད་པའི་རྒྱུད་འདི་ཉིད་དོ། །སྐུ་དང་། ཞེས། སྟོན་པ་དང་སྦྱར་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ་ལྔ་དབྱེར་མྱེད་དོ། །གདུལ་བྱའི་སྣང་བར་འཆད་པའི་སྐྱེས་བུ་སྐུ་རྣམས་སྣང་ངོ་། །གསུང་དང་། ཞེས་པ། སྟོན་པ་ནི། སྐྱེ་མྱེད་དོན་གྱི་གསུང་། དགོངས་པ་བརྡའི་གསུང་། སྒྲགས་སྟོང་དབྱེར་མྱེད་ཀྱི་གསུང་། རིག་པ་སྒྱུ་མའི་གསུང་། སྣ་ཚོགས་ཚིག་གི་གསུང་ལྔ་དབྱེར་མྱེད་དོ། །ཐུགས་དང་། ཞེས། ཐུགས་ལྔ་ནི། ཆོས་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོར་རྟོག །བྱ་བ་གྲུབ་པ་ལྔ་དབྱེར་མྱེད། འཁོར་ནི་ཐུགས་མི་སྐྱོད་པ་འཆད་པའི་སྐྱེས་བུའོ། །ཡོན་ཏན་དང་། ཞེས། སྟོན་པ་ནི། ཞིང་ཁམས། གཞལ་ཡས་ཁང་། གདན། རྒྱན། འོད་ཟེར་ལྔ་སྟེ། ཡོན་ཏན་ལྔ་ལྷུན་གྲུབ་བོ། །འཆད་པའི་སྐྱེས་བུ་ནི། ཡོན་ཏན་རིན་ཆེན་འབྱུང་ལྡན་ནོ། །ཕྲིན་ལས། ཞེས། སྟོན་པ་ནི། ཞི་རྒྱས། དབང་། དྲག་ལྷུན་གྲུབ་བོ། །འཆད་པའི་སྐྱེས་བུ་ལས་ཀྱི་རིགས་དོན་གྲུབ་བོ། །རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ། སྟོན་པ་སྐུ་ལྔ་ལྷུན་གྲུབ་དང་། འཁོར་འཆད་པའི་སྐྱེས་བུ་རིགས་ལྔ་དབྱེར་མེད་དུ་དགོངས་པས་བརྡའ་འབྱལ་བ་ལས་ཕྱུང་ངོ་། །ཨེ། ངོམ་པའོ། །ཨེ་མ། རབ་ཏུ་ངོམ་པའོ། །ཨེ་མའོ། ནི་ཤིན་ཏུ་ངོམ་པའོ། །ཆེ་བ་འམ་ངོམ་པ་ནི་གཉིས་ཏེ། ཚིག་དང་། དོན་ནོ། །ཚིག་ནི། རང་རིག་པ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ཞལ་ཕྱག་གི་རྣམ་པར་སྣང་བ་ངོ་མཚར་ཆེ་བ་དང་། རང་རིག་པ་ཉིད་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་སྣང་བ་དང་། རང་རིག་པའི་ཡེ་ཤེས་ཉིད་འཁོར་དུ་སྣང་བ་ལ་ངོམ་པ་དང་གསུམ་མོ། །དོན་ནི། གོང་དུ་གསུངས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་སྡུས་པའི་ཆོས་ཐམས་ཅད། ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཏེ་གནས་པ་དེ་ནི། འབྲས་བུ་ལམ་གྱིས་མ་སྒྲུབས། གཉན་པོས་མ་བཅོས་པར། ཡེ་ནས་དེ་ལྟར་སངས་རྒྱས་པར་རྟོགས་པ་ལ་ངོ་མཚར་སྐྱེས་པའོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། ཕུན་སུམ་ཚོགས་པ་ལྔ་ཡོད་པ་ལ། ངོམ་པ་གསུམ་ལས་མྱེད་པའི་གཏན་ཚིགས་གང་ཞེ་ན། དེ་ནི་སྟོན་པ་དང་གནས་འཁོར་གསུམ་ལ་ངོམ་པ་སྟེ། དེ་གསུམ་ལ་ངོམ་པའི་འཐད་པ་ནི། སྟོན་པ་དང་གནས་འཁོར་གསུམ་ཚང་ན། དུས་དང་སྟོན་པ་གཉིས་ཤུགས་ལ་ཡོང་བ་དང་། སྟོན་པ་མ་གསུངས་པ་དང་། དུས་ད་རུང་མ་རྫོགས་པས་ནའོ། །འོ་ན་ཅི་ལ་ངོམ་ན། ཕུང་པོ་སངས་རྒྱས་སུ་ཡེ་ནས་གནས་པ་ལ་རྟོགས་པས་ངོམ་མོ། །དེ་བཞིན། ཉིད་ཀྱི། དབྱིངས་ཉིད། ཅེས་པ་ལ། སྣང་བ་ལ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་སྣང་བ། ལེའུ་སྡུད་དང་པོ་ལ་གཉིས་ཏེ། དོན་བསྡུས་པ་དང་། ཚིག་བསྡུས་པའོ། །ཚིག་བསྡུས་པ་ནི། སྣང་བ་རྣམ་པ་གསུམ་དུ་བསྡུས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ་གནས་ཀྱི་རང་བཞིན་དང་། གཞི་བསྡུས་ཏེ། དེ་བཞིན་ཉིད་ལ་ཕྱི་ནང་མྱེད་པས་ན། ཕྱི་དང་ནང་མྱེད་པར་ཀུན་ཏུ་ཡང་ནང་དུ་གྱུར་པ་བསྡུ། དབྱིངས་ཉིད་ནི། ཆོས་ཀྱི་དབྱིངས་མཐའ་དབུས་མྱེད་པ་དེ། འོག་མྱིན་གྱི་གནས་མཐའ་དང་དབུས་མྱེད་པ་བསྡུའོ། །དེ་ལྟར་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་ཡེ་ནས་གནས་པས་ན། དེ་ནི་རང་བཞིན་གྱི་སྣང་བའོ། །དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར། ཞེས་པ་ནི། གཉིས་པ་གདུལ་བྱའོ་སྣང་བ་ལ་གཉིས་ལས། དང་པོ་ལྟ་བ་བསྟན། དབང་སྒྱུར་ནི། དབྱིངས་དེ་ལ་ཡིད་རང་འབྱུང་གི་ཡེ་ཤེས་རྟོགས་པས་དབང་སྒྱུར་བས་ན། སྟོན་པའི་ངོ་བོ་བསྡུས་ཏེ། སྐུ་མདུན་དང་རྒྱབ་མྱེད་པ་ལ་སོགས་པ་བསྡུའོ། །དེ་ཡང་དེ་ལྟར་རྟོགས་པའི་ཡེ་ཤེས་ཉིད་སྟོན་པའི་ངོ་བོར་སྣང་ངོ་། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི། རྟོགས་པའི་ཡེ་ཤེས་ཉིད་རིག་པའི་ངང་དུ་གསལ་བའི་བྱེ་བྲག་ལས་འཁོར་འདས་སུ་སྣང་བ་ཐ་མྱི་དད་དེ། དེར་སྟོན་པའི་རང་བཞིན་བསྡུ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་ཅེས་པ་ལ་སོགས་སོ། །ཐུགས་རྗེའི་ངང་། ཞེས་པ། དེ་བས་ན་སྟོན་པའི་ངོ་བོ་དང་། རང་བཞིན་ལ། འཁོར་འདས་གཉིས་མྱེད་དུ་འབྲེལ་བས་ན། རྒྱ་ཆད་ཕྱོགས་ལྷུང་མྱེད་པའི་ཐུགས་རྗེ་ཆེན་པོའི་ངང་ཞེས་པའོ། །དེ་ལྟར་རྟོགས་པའི་རིག་པ་ལ་འཁོར་འདས་ཐ་མི་དད་པའི་རང་བཞིན་ནོ། །རང་སྣང་བ་ཉིད། རང་སྣང་བ་ཉིད་ཅེས་པ་ནི། གནས་ཀྱི་ངོ་བོ་བསྡུད་དེ། རིག་པ་ལ་ཡེ་ཤེས་ལྔར་སྣང་བས་ན། གཞི་ཚད་མྱེད་པ་བསྡུ། རིག་པ་ལ་དགོས་འདོད་འབྱུང་བས། ཡེ་ཤེས་རིན་པོ་ཆེ་བསྡུ། རིག་པ་སྤྲོས་པ་དང་བྲལ་བ་ལ་རྒྱ་ཕྱོགས་བཅུ་བསྡུ། རྟོགས་པའི་ཡེ་ཤེས་རྒྱུ་དང་འབྲས་བུ་ཀུན་ཏུ་རྫོགས་པས་གྲུ་བཞི་དང་། རྩེ་མོ་དང་། རྒྱན་ཐམས་ཅད་རང་སྣང་བར་རུང་། དེ་ཡན་ཆད་ཀྱིས་ལྟ་བ་རྟོགས་པའོ། །གཉིས་པ་ཏིང་ངེ་འཛིན་སྟན། ཏིང་འཛིན། ཏིང་འཛིན་ནི། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པ་བསྡུའོ། །མཚན་མ་མྱེད་པ་ལ་སོགས་པའི་སྒོ་བཞི་ནས་ཞུགས་ནས་བསྒོམས་པས་ན་དེ་ནི་སྒོམ་པའོ། །གཟུགས་བརྙན། ཞེས་པས། འདིར་རྟ་བབས་བསྡུ་སྟེ། ཐེག་པའི་རྒྱན་གྱི་སྒོ་ནས་ཆོས་སྐུ་མཚོན་དགོས་པས། དེ་མཚོན་པའི་རྟགས་སམ། ཐེམ་སྐས་རྟ་བབས་ཀྱི་གཟུགས་བརྙན་བསྒོམ་པའོ། །རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ་ཅེས་བསྡུའོ། །སྒྱུ་མ། ཞེས། སེམས་ཅན་གྱི་གདན་བསྡུད་དེ། རྟོགས་པའི་རིག་པ་ཉིད། སྟོབས་ལ་སོགས་པའི་འབྲས་བུའི་ཆོས་སུ་སྣང་བས་ན། དེའི་རྟགས་སུ་སེངྒེ་ལ་སོགས་པའི་གདན་སྒྱུ་མ་སྒོ། མི་འཇིགས་པ་སེངྒེའི་ཁྲི་དང་ཅེས་པ་སོགས་བསྡུའོ། །རྣམ་དག །ཞེས། པད་མ་དང་རིན་པོ་ཆེའི་གདན་བསྡུད་དེ། ཐམས་ཅད་རང་རིག་ཏུ་ཤེས་པས་ཅི་སྤྱད་ཀྱང་ཉེས་སྐྱོན་དང་བྲལ་བས་ན། དགོས་པ་འབྱུང་བ་སྟེ། དེའི་རྟགས་སུ་པདྨ་རིན་ཆེན་བསྒོམ་པའོ། །གོས་པ་མྱེད་པ་པདྨ་རིན་པོ་ཆེ་བསྡུའོ། །གསལ་བ་ནི། ཞེས། ཉི་ཟླ་བསྡུ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མྱེད་པར་གསལ་བའི་ཕྱིར་ཉི་ཟླའི་གདན་བསྒོམ་པའོ། །རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དལ་བསྡུའོ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས། ཞེས་པས། སེལ་མྱེད་པའི། ཞེས་པས། ཡོན་ཏན་ཡིད་བཞིན་རིན་པོ་ཆེ། ཞེས། འཁོར་དང་ཚད་བསྡུ་སྟེ་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་སེལ་མྱེད་དོ། །བྱང་ཆུབ་ཆེན་པོ་ནས། མཚན་མར་མ་ཡིན་པ་ཡན་ཆད་བསྡུའོ། །སྐུ་མདོག་བསྡུས་ཏེ་ཡོན་ཏན་རིན་པོ་ཆེ་ཤེལ་གྱི་གའུར་ཅུག་པ་ལྟར། སྐུ་མདོག་ལྔ་བསྡུའོ། །དེ་དག་ཀྱང་མཐིང་ཀ་དང་ཅེས་པ་སོགས་བསྡུའོ། །དེ་ལྟར་བལྟ་བ་དང་ཏིང་ངེས་གདུལ་བྱའི་སྣང་བའོ། །ཉིད་ལས་མི་གཞན་པའི་འཁོར་ལྷ་བསྡུད་དེ། ཕུང་པོ་དང་འབྱུང་བ་ལྔ་ཡེ་ནས་དཀར་དག་པའི་ལྷ་ཡབ་ཡུམ་བཅུ་སྟེ། སྐུ་རྣམ་སྣང་ཡབ་ཡུམ་དང་། གསུང་སྣང་མཐའ་ཡབ་ཡུམ་དང་། ཐུགས་མི་སྐྱོད་པ་ཡབ་ཡུམ་དང་། ཡོན་ཏན་རིན་འབྱུང་ཡབ་ཡུམ་དང་། འཕྲིན་ལས་དོན་གྲུབ་ཡབ་ཡུམ་རྣམས་སོ། །དེ་རྣམས་ཡང་རྟོག་ཚོགས་ཡིན་པས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་ཅེས་སོགས་བསྡུའོ། །ཐམས་ཅད་ཆོས་ཀྱི་དབྱིངས་ན་གནས་པས། དཔེར་ན་ཏིལ་གྱི་གང་བུ་བསྡུའོ། ༈ །དོན་བསྡུ་བ་ནི་བཅུ་གཉིས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པ། ༼སྐྱེ་མྱེད་ཡིན་པས་ན།༽ རང་བཞིན་གྱི་དཀྱིལ་འཁོར་དང་། དབང་སྒྱུར་ཅེས་པ། ༼ཡེ་ཤེས་ཀྱི་དབང་སྒྱུར་བས་ན།༽ རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ཐུགས་རྗེའི་ཅེས་པས། ༼ཐུགས་རྗེ་འབྱུང་བས་ན།༽ ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་དང་། ངང་ཅེས་པ། ༼ཐུགས་རྗེས་འདུལ་བའི་ངང་ཡིན་པས།༽ ཐུགས་རྗེས་འདུལ་བའི་དཀྱིལ་འཁོར་དང་། རང་སྣང་བ་ཉིད་ཅེས་པ། ༼རང་སྣང་དང་དབྱེར་མྱེད་པས།༽ ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ཏིང་འཛིན་ཞེས་པ། སྒོམས་པ་ཡན། ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་ཅེས་པ། ༼རྟེན་མཚོན་པར་བྱེད་པས་ན།༽ གཟུགས་བརྙན་གྱི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཅེས་པ། དེ་ཁོ་ན་ཉིད་མཚོན་པས་ན། ལྷག་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། སེལ་མྱེད་ཅེས་པ། བྱང་ཆུབ་སེམས་གཞན་པའི། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཡོན་ཏན་ཅེས་པ། ༼བྱང་ཆུབ་སེམས་ཅིར་ཡང་སྣང་བས་ན།༽ ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཡིད་བཞིན་ཅེས་པ། ༼དགོས་པ་འབྱུང་བས་ན།༽ ཚོགས་ཀྱི་དཀྱིལ་འཁོར་དང་། མི་བཟད་པར་ལྡན་ཅེས་པ། ༼རང་འབྱུང་ཡིན་པས་ན།༽ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྣམས་འདུས་པར་གསལ་ལོ། །མི་བཟད་པར་ལྡན་རྒྱན་གྱི་འཁོར་ལོ། །ཞེས་པ། དེ་ལྟར་བསྒོམས་པའི་འབྲས་བུ་ཅིར་སྣང་ཞེ་ན། བདེ་བར་གཤེགས་པའི་སྣང་བ་སྟེ། རྟོགས་པའི་དུས་ན་རྟོག་ཚོགས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རང་སྣང་ངོ་། །དེ་ཡང་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི། སྐུའི་གསང་བ་བསམ་གྱིས་མྱི་ཁྱབ་པ་དང་། སྐུ་ཐམས་ཅད་པའོ། །གསུང་ཐུགས་དེས་འདྲེ། རྒྱན་རང་བཞིན་གྱི་དོན་བྱེད་པས་མཛེས་པའོ། །འཁོར་ལོ་མཛད་པ་བཅུ་གཉིས་རྒྱུན་མི་ཆད་དོ། །རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཅེས། རྡོ་རྗེ་ནི་འཇོམས་པས་ཏེ་རྣམ་ཏོག་གོ། །མཆོག་གི་སྐུ་ལྔ་ལྷུན་གྲུབ་བོ། །དེ་ལྟ་བུར་རྟོགས་པའི་གནས་ཉིད་དོ། །ཞེས་རྡོ་རྗེ་གསང་བའི་ཚིག་དུའོ། །ཞེས། རྡོ་རྗེའི་ཐེག་པ་རྟོགས་པར་བཀའ་བས་ན་གསང་བ། དེ་ལ་མཚོན་པའི་ཚིག་ཏུའོ་ཞེས་བྱ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྒྱུད་སྤྱིའི་མཚན། གསང་བ་ནི་རྟོགས་པར་བཀའ་བའོ། །སྙིང་པོ་ནི་བཅུད་འདུས་པ་དོན་གྱི་སྙིང་པོའོ། །དེ་ཁོ་ན་ཉིད་ནི་མི་བསླུ་བའོ། །ངེས་པ་ནི་ཡང་དག་པའི་དོན་ནོ། །དེ་ལྟ་བུའི་རྒྱུད་ལས་ཅེས་སོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཞེས། དགོས་ལེའུ་མཚན། ཐུན་མོང་དང་མཐུན་པར་བྱས་ན། ཕུན་སུམ་ཚོགས་པ་ལྔ་འཚོགས་ནས། གླེང་སླངས་འབྱུང་བའི་གཞིར་གྱུར་པས་ན་གླེང་གཞི། ཁྱད་པར་དུ་ན། ཕུན་སུམ་ཚོགས་པའི་གནས་སྐབས་ན། རྒྱུད་དབུ་ཞབས་ཀྱི་དོན་འདུས་པར་སྟན་པས་ན། ཁྱད་པར་གླེང་གཞིར་བསྟན་པ་ཡིན་ནོ། ༈ །འདིར་ལེའུའི་སྡུད་ལ་གཏར་ཀས་གགས་གསལ་ན། ལེའུ་སྡུད་འདི་སྟོན་པ་ཡིན་ནམ་མིན། སྟོན་པ་མིན་ན་སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་བ་དང་འགལ་ལ། ཡིན་ན་སྟོན་པས་གསུངས་སམ། འཁོར་གྱིས་གསུང་། སྟོན་པས་གསུངས་ན། གླེང་སླངས་མྱེད་པར་སྟན་པ་གསུང་བར་མི་རིགས་སོ། །འཁོར་རམ་སྡུད་པ་པོས་གསུངས་ཞེ་ན། སྟོན་པས་མ་གསུངས་པར་སྡུད་པ་པོས་གསུང་བར་མི་རིགས་སོ། །འོ་ན་ཇི་ལྟར་ཤེས་བྱ་ཞེ་ན། ལེའུ་སྡུད་འདི་སྟོན་པ་ཡིན་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་པས་སོ། །གསུངས་པ་ནི། སྣང་བ་གསུམ་གྱི་དབང་དུ་སྟེ། དེ་ལྟ་རང་བཞིན་གྱི་སྣང་བ་གཞི། གདུལ་བྱའི་སྣང་བ་ལམ། བདེ་བར་གཤེགས་པའི་སྣང་བ་འབྲས་བུ་སྟེ། རང་བཞིན་གྱི་སྣང་བ་ལ། འོག་མིན་དུ་ཕུན་སུམ་ཚོགས་པ་ལྔ་ཚོགས་པས། ཆོས་གསུང་བ་ཡང་ཚིག་ཏུ་གསུང་མི་དགོས་ཏེ། དགོངས་པ་བརྡས་གསུང་ངོ་། །ཞུ་བ་ཡང་ཚིག་ཏུ་ཞུ་མི་དགོས་ཏེ། འཁོར་གྱིས་བསམས་པ་སྟོན་པས་མཁྱེན་ནོ། །དེ་བས་ན་སྟོན་པའི་དགོངས་པས། འཁོར་ལ་སེམས་ཅན་གྱི་རྟོག་ཚོགས་སངས་རྒྱས་སུ་དྲངས་སྲིད་པས། འཁོར་གྱིས་དེ་ལྟར་རྟོགས་པའོ། །དེ་བས་ན་འདི་སྐད་བཤད་ཅེས་སོ། །གདུལ་བྱའི་སྣང་བ་ནི། དེ་ལྟར་འཁོར་མས་སྦྱངས་ཀྱིས་གོ་ཙམ་ན། འདི་ལྟ་བུའི་ཆོས་འགྲོ་ལའང་བཤད་པར་ཞུ་བྱས་པས། ལེའུ་གཉིས་པར་གླེང་སླང་ངོ་། །དེ་བས་ན་སྣང་བ་དབྱེར་མེད་དུ་རྟོགས་པ་འབྲས་བུའོ། །ལེའུ་དང་པོའི་རྟོག་ཚོགས་ལས་གཞན་མི་མངའ་བས་ན་ལེའུ་བསྡུས་པའོ། ༈ །ལེའུ་གཉིས་པ་གླེང་སླང་བ་ལ་གཉིས་ཏེ། གླེང་སླང་བ་དང་། གཞུང་དོན་ནོ། །གླེང་སླང་བ་ལ་གཉིས་ཏེ། ཡབ་ཀྱིས་འཁོར་འདས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོར་གཏན་ལ་ཕབ་པའི་གླེང་སླང་བ་དང་། ཡུམ་གྱིས་འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཏན་ལ་ཕབ་སྟེ་གླེང་སླང་བའོ། །གཞུང་དོན་ལ་གཉིས་ཏེ། དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དང་པོ་དོན་དམ་ལ་ལྔ་སྟེ། སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྟན། འགག་པ་མྱེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བསྟན། གནས་པ་མྱེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསྟན། དམྱིགས་པ་མྱེད་པས་སོ་སོར་རྟོག་པའི་ཡེ་ཤེས་བསྟན། འགྲོ་འོང་མྱེད་པས་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་ནོ། །ཀུན་རྫོབ་ཏུ་སེམས་བསྐྱེད་པ་ལ་གསུམ་སྟེ། དོན་མ་རྟོགས་པ་རྣམས་གསང་བ་བཞིས་མཆོད་པ་ཡིན་པ་དང་། འཁྲུལ་པའི་ཞེན་པ་ཟློག་པའི་ཕྱིར་སྙིང་རྗེ་སྐྱེས་པ་དང་། བཅིངས་གྲོལ་མྱེད་པའི་ཐེག་པས་འགྲོ་དོན་མཛད་པའོ། །ཡབ་ཡུམ་འཇུག་པར་དགོངས་པ་སྟན། དེ་བཞིན་བཅོམ་ལྡན་འདས་བྱེད་པ་པོ་ཡིད་རྡོ་རྗེ་ཀུན་ཏུ་བཟང་པོ། ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེས། ཞེས་པ་ལ། ཡབ་ཡུམ་ལ་འཇུག་པར་དགོངས་པའི་དོན་གསུངས་པ་ལོ་རྒྱུས་སུ་བརྗོད་པ་ནི་བཞི་སྟེ། གང་གིས་གླེངས། ཇི་ལྟར་གླེངས། གང་གླེངས། གླེངས་པའི་འབྲས་བུ་གང་ཡིན་པའོ། །གང་གིས་གླེངས་ན། སྟོན་པ་ཀུན་ཏུ་བཟང་པོས་སོ། །ཇི་ལྟར་གླེངས་ན། དེ་བཞིན་གཤེགས་པ་ཉིད་ལ་ཉིད་གླེངས། གང་གླེངས་ན། ཐམས་ཅད་སངས་རྒྱས་པར་གླེངས། གླེངས་པའི་འབྲས་བུ་ནི། དེ་ལྟར་ཐམས་ཅད་ཀྱིས་རྟོགས་པའོ། །དེ་ནས་ཅེས་པ། དེ་གོང་མའི་འཇུག་སྡུད་ལ། ནས་འོག་མའི་དབུ་འདྲེན་ནོ། །བཅོམ་ལྡན་འདས་ནི། བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དྲུག་དང་ལྡན། མཐའི་ཞེན་པ་ལས་འདས་སོ། །བྱེད་པ་པོ་ནི། མུ་སྟེགས་ལྟར་ཕྱའམ་དབང་ཕྱུག་གི་བྱེད་པོས་བྱས་པར་འདོད་པ་ལྟ་བུ་མ་ཡིན་ཏེ། འདིར་ཡིད་ཀྱི་རྣམ་པར་ཤེས་པས་འཁོར་འདས་ཐམས་ཅད་ཀྱི་བྱེད་པ་པོ་བྱས་ཏེ། ཡིད་ཀྱི་རྣམ་ཤེས་མ་རིག་པས་སླད་པའི་དུས་ན་ནི་འཁོར་བ་ཐམས་ཅད་བྱས་ལ། རྟོགས་པའི་དུས་ན་མྱ་ངན་ལས་འདས་པ་ཐམས་ཅད་བྱས། ལམ་གྱི་དུས་ན་སྟོན་པ་རྒྱུད་དང་དལ་གྱི་བྱེད་པ་པོར་ཤར་རོ། །དེ་གང་ཡིན་ཞེ་ན། ཡིད་རྡོ་རྗེ་ཀུན་ཏུ་བཟང་པོ་ཅེས་སོ། །ཡིད་གནས་སུ་དག་པར་རྟོགས་པ་ནི། རྡོ་རྗེ་ལྟ་བུའི་ཡེ་ཤེས་སོ། །དེ་ནི་དུས་ཐམས་ཅད་དུ་བླང་དོར་ཐམས་ཅད་དང་བྲལ་བས་ན་ཀུན་དུ་བཟང་པོའོ། །དེ་ལྟར་ན། རྟོག་བཅས་འཁྲུལ་པའི་ཡིད་དང་། རྟོག་མྱེད་ཡེ་ཤེས་ཀྱི་ཡིད་ལས་ཡེ་ཤེས་སོ། །ཡིད་དེས་སྣང་བ་འཁོར་འདས་སུ་གྲུབ་པར་བྱེད་པས་ན། ཐམས་ཅད་མ་ལུས་པའི་ཅེས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་ཐམས་ཅད་དོ། །རང་བཞིན་ནི། ཡེ་ནས་འཁོར་འདས་གཉིས་མེད་ཀྱི་རང་བཞིན་ནོ། །ཚུལ་ནི། འཁོར་འདས་གཉིས་ཀྱང་དབྱེར་མི་ཕྱེད་པའི་ཚུལ་ལོ། །རྡོ་རྗེ་ནི་ཡེ་ནས་སྣང་སྟོང་དབྱེར་མི་ཕྱེད་པ་ཁོ་ན་ལའོ། །བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པ་གྱུར་ཏོ། །ཞེས་པ། བཙུན་མོ་ནི། སྤྱད་པར་བྱ་བའམ། འཇུག་པར་བྱ་བའམ། གནས་པར་བྱ་བའི་དོན་ནོ། །བྱ་བ་མོ་ནི། ཡིད་ཀྱི་ཡུལ་དུ་བྱ་བ་བྱེད་པའོ། །དེ་ཡང་འདུས་མ་བྱས་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་བྱ་བ་བྱེད་པའོ། །ཀུན་ཏུ་བཟང་མོ་ནི་བླང་དོར་མཐའ་དག་དང་བྲལ་བའོ། །འཇུག་པར་གྱུར་ཏོ་ནི། ཐབས་ཤེས་རབ་གཉིས་མེད་དམ། དབྱིངས་ཡེ་ཤེས་གཉིས་མེད་དམ། ཡིད་ཆོས་དབྱེར་མྱེད་པར་གྱུར་པའོ། །དེ་ཡང་རྟོགས་པར་བྱ་བའི་ཡུལ་ཆོས་ཀྱི་དབྱིངས་ལོགས་ཞིག་ན་ཡོད་པ་ལ། ཡེ་ཤེས་བྱ་བའི་རིག་པ་ཞིག་འཇུག་པར་མ་ཡིན་ཏེ། དབྱིངས་རིག་པ་དང་ལྡན་ན་ཡེ་ཤེས། ཡེ་ཤེས་སྤྲོས་པ་དང་བྲལ་ན་ཆོས་དབྱིངས། དབྱིངས་རིག་པ་གཉིས་མེད་ན་དོན་རང་གི་མཚན་ཉིད་རང་གིས་རྟོགས་པར་གྱུར་པ་ལ། འཇུག་པར་གྱུར་ཏོ་ཞེས་བྱའོ། །བཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད། དགོངས་པ་རང་གི་ངོ་བོ་བསྟན། གཅིག་གི་རང་བཞིན་དུ་དབྱེར་མེད་པས། ཞེས་པ། དགོངས་པ་རང་གི་ངོ་བོ་ནི། །ཕྱོགས་བཅུ་ན་བཞུགས་ཤིང་། དུས་བཞིར་གཤེགས་པའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད། ཕྱི་ལྟར་ན་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་སུ་གཅིག །ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་དབྱེར་མེད་དོ། །ཡང་ན་ནང་ལྟར་ན་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཐམས་ཅད་སངས་རྒྱས་པའི་རང་བཞིན་དུ་གཅིག །སངས་རྒྱས་པའི་རང་བཞིན་དུ་དབྱེར་མྱེད་པའོ། །གསང་བ་ལྟར་ན། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཅིག་སྟེ། དབྱེར་མྱེད་པའི་དགོངས་པས་སོ། །འོ་ན་སེམས་ཅན་ལ་དེ་བཞིན་གཤེགས་པ་ཅིའི་ཕྱིར་བྱ་ཞེ་ན། སེམས་ཅན་རྣམས་ཀྱང་འབྱུང་བར་མ་ངེས་པའི་དུས་ཀྱི་དམ་པ་ཡིན་པས་སོ། ༈ །བརྗོད་དོ་ཞེས། འགྲོ་བའི་དོན་དུ་བརྗོད་ན། འགྲོ་བ་སེམས་ཅན་རྣམས་གོང་དུ་སངས་རྒྱས་པའི་རང་བཞིན་དུ་དབྱེར་མྱེད་པའི་རང་བཞིན་དུ་སྟན་པས་ཉིད་ལ་ཉིད་ཅེས་བྱ་བའམ། དེ་བཞིན་གཤེགས་པ་འདི་སྟོན་པ། ཉིད་དེ་བཞིན་གཤེགས་པ་འདི་འཁོར། ཉིད་ལ་འགྲོ་བའི་དོན་ནམ། ཆེད་དུ་བརྗོད་པ་པའི་ཚིག་རྣམས་དགོངས་པས། འདི་བརྗོད་དོ། །ཞེས། བརྗོད་པ་ནི་འགྲོ་བའི་དོན་ལ་ཐུགས་ཀྱིས་དགོངས་པ་ཙམ་མོ། ༈ །ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་བསྟན་པ་ལ་ཕུང་པོ་ལྔ་རིགས་ལྔར་སངས་རྒྱས་ལ་བསྟན་པ་ནི། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་རིགས་ལྔ་རུ་གྲགས། །ཞེས་པའི་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པས། ཨེ་མའོ་ནི་ངམ་ཚིག་ངོ་མཚར་བ་སྟེ། གང་ལ་ངམ་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་རྡོ་རྗེ་ལྟ་བུའི་ཡེ་ཤེས་སུ་གནས་པ་ལ་ངོ་མཚར་སྐྱེས་བའོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། ཡེ་ཤེས་རྡོ་རྗེ་ལྟ་བུ་དབྱེར་མེད་ཅིག་ལ། ཕུང་པོ་ལྔའི་ཡན་ལག་ལྟ་བུར་སྣང་། སྣང་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་ལྔ་ཡིན་པར་གྲགས་པའི་རྒྱུད་ཀུན་ལས་གྲགས་སོ། །དེ་ཡང་ཇི་ལྟར་ཡིན་ན། ཐལ་བའི་ལེའུ་གཉིས་པ་ནས། ནང་གི་འགྲོ་གནས་མ་ལུས་ཀུན། །རིགས་ཀྱི་དཀྱིལ་འཁོར་རྫོགས་པ་ཉིད། །གཟུགས་སུ་རྣམ་པར་སྣང་མཛད་དེ། །ཚོར་བ་རིན་ཆེན་འབྱུང་ལྡན་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་བདག །འདུ་བྱེད་དོན་ཡོད་གྲུབ་པའི་སྐུ། །རྣམ་ཤེས་རྡོ་རྗེ་མི་སྐྱོད་པ། །ཡེ་ཤེས་རྣམ་པ་ལྔ་བདག་ཉིད། །ཅེས་སོ། །འདི་ལ་གཉིས་ཏེ། སེམས་ལ་སྦྱར་བ་དང་། ཀྱུས་དབང་ཅན་ནོ། །སེམས་ལ་སྦྱར་ན་གཉིས་ཏེ། མ་རྟོགས་པ་འཁྲུལ་པའི་དུས་དང་། རྟོགས་པ་ཉམས་ཀྱིས་དུས་སོ། །མ་རྟོགས་པ་འཁྲུལ་པའི་དུས་ན། ཡེ་ཤེས་ལྔ་ཕུང་པོ་ལྔར་སྣང་། ཡེ་ཤེས་ཀྱི་ཁྱད་པར་སྐྱེ་མཆེད་དུ་སྣང་། ཆོས་ཀྱི་དབྱིངས་འབྱུང་བ་ལྔར་སྣང་ངོ་། །རྟོགས་ལྡན་ཉམས་ཀྱི་དུས་ན། ཉེར་ལེན་གྱི་ཕུང་པོ་ལ་སངས་རྒྱས་རིགས་ལྔར་སྣང་། ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མར་སྣང་། འབྱུང་བ་ལྔ་ཡུམ་ལྔར་སྣང་སྟེ། སྐུ་དང་ཡེ་ཤེས་ཁོ་ནར་གསལ་ལོ། །ཀྱུས་དབང་ཅན་དུ་བཤད་ན། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག །ཅེས་སོ། །ཁམས་དང་སྐྱེ་མཆེད་སེམས་དཔའ་དང་། སེམས་མར་སངས་རྒྱས་པ་བསྟན་པ་ནི། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་པ་སྟེ། མིག་ལ་རྟེན་ནས་གཟུགས་སྐྱེ་བས་ན་སྐྱེ་མཆེད། བྱེད་པ་མྱེད་པར་རང་གི་མཚན་ཉིད་འཛིན་པས་ན་ཁམས། མང་པོ་ཀུན་ནི། རྣམ་ཤེས་ནང་གི་སྐྱེ་མཆེད་དང་། དབང་པོ་ཕྱིའི་སྐྱེ་མཆེད་དང་། མིག་གི་ཡུལ་གྱི་ཁམས་ལ་སོགས་པའོ། །དེ་རྣམས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱི་ལྷར་གནས་པ་ཉིད་དོ། །དེ་ཡང་ཕུང་པོའི་སངས་རྒྱས་སུ་གྱུར་ཕན་ཆད། ཁམས་དང་སྐྱེ་མཆེད་ཡང་སངས་རྒྱས་ཀྱི་སྲས་སོ། །དེ་ཡང་ཐལ་བ་ནས། རགས་པ་ཐབས་ཀྱི་ཕྱག་རྒྱ་སྟེ། །མཚན་ཉིད་མྱེད་པ་ཤེས་རབ་ཡུམ། །གཉིས་མྱེད་སྦྱོར་བའི་བྱིན་བརླབས་ལས། །རིགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ། །ཁམས་དང་སྐྱེ་མཆེད་རྣམ་དག་པའི། །བྱང་ཆུབ་སེམས་དཔས་གནས་ཀུན་མཛེས། །རང་བཞིན་མ་བཅོས་ལྷུན་གྱིས་གྲུབ། །ཅེས་སོ། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་པ་སྟེ། ས་སངས་རྒྱས་སྤྱན་ཐམས་ཅད་མཁྱེན་པའི་མིང་ཅན། ཆུ་མ་མ་ཀི་ཐུགས་རྗེ་རྒྱུན་མི་ཆད་པའི་མིང་ཅན། མེ་གོས་དཀར་མོ་ཉེས་པའི་སྐྱོན་གྱིས་མ་གོས་པའི་མིང་ཅན། རླུང་དམ་ཚིག་སྒྲོལ་མ་འཕྲིན་ལས་ཀྱི་མིང་ཅན། ནམ་མཁའ་ཀུན་ཏུ་བཟང་མོ་ཆོས་ཉིད་འབྱུང་ཁུངས་ཀྱི་མིང་ཅན་ནོ། །དེ་ཡང་ཐལ་བ་ནས། བྱང་ཆུབ་སེམས་ཀྱི་སྣང་བ་ལས། །རང་བཞིན་རྫོགས་པས་གནས་ཀུན་སྦྱོང་། །ཕྱི་རོལ་འབྱུང་ཚོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མྱེད་པར། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བསྡུད་ལྷ་མོ་མ་མ་ཀི། །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡང་ཞིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཅེས་སོ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་པ་ནི། སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ངན་འགྲོའི་སྲིད་པ་གསུམ་གྱིས་སྡུས་པའི་སེམས་ཅན་རྣམས་ཀྱི་ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཕྱིའི་སྐྱེ་མཆེད་དང་ནང་གི་སྐྱེ་མཆེད་སེམས་དཔའ་དང་ཁྲོ་བོ། དེའི་ཡུལ་སེམས་མ་དང་ཁྲོ་མོར་གནས་པ་དེ། ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་ཞིང་། མ་བཅོས་ཤིང་མ་སྒྱུར་བར་གནས་པའོ། །ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་སེལ་མྱེད། ཐམས་ཅད་མ་ལུས་ཆོས་པ་ཆོག །ཅེས་པའི། ཐམས་ཅད་ནི་འཁོར་འདས་ཐམས་ཅད་དོ། །མ་ལུས་པ་ནི་འཁོར་བའི་སེམས་ཉིད་ལ། རང་བཞིན་རྟོག་བཅས་རྒྱ་བཅུ་སྟེ། རྣམ་པར་ཤེས་པའི་ཚོགས་བརྒྱད། གཟུགས་ལ་བཅོ་ལྔ། ཚོར་བ་ལ་གསུམ། འདུ་ཤེས་ལ་གསུམ། འདུ་བྱེད་ལ་ལྔ་བཅུ་གཅིག་གོ། །དེ་ལྟར་འཁོར་བའམ། མྱ་ངན་ལས་འདས་པས་བསྡུས་པའི། ཆོས་སོ་ལྕོག་ཐམས་ཅད་དོ། །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་པ། བཏགས་པའི་ཐ་སྙད་བརྩལ་ན་མི་རྙེད་པས་ཀྱང་སངས་རྒྱས་ཡིན། རང་རིག་སྐུ་དང་ཡེ་ཤེས་སུ་ཀ་དག་ཅིང་ལྷུན་གྱིས་གྲུབ་པས་ཀྱང་སངས་རྒྱས་ཡིན། དོན་དམ་ཉིད་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་གནས་པས་ཀྱང་སངས་རྒྱས་ཡིན། སེམས་རང་བཞིན་གྱིས་འོད་གསལ་བས་ཀྱང་འབུ་ཏའོ། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །ཞེས་པ། རང་ཉིད་སངས་རྒྱས་སུ་མ་ཤེས་ན། དེ་ལས་གཞན་པའི་སངས་རྒྱས་ཡོད་ཞེས་འཆད་པའི་ཆོས་ནི། གཞན་ནས་རྙེད་པར་དཀའ་སྟེ། སྨུན་ལོང་ནམ་མཁའི་མཐའ་ཚོལ་བ་དང་འདྲ་བས་མི་རྙེད་དོ། །སངས་རྒྱས་ཉིད་ཀྱིས་མི་སྙེམས་སོ། །ཞེས། ཐལ་བ་ལས། སྟོང་གསུམ་འཇིག་རྟེན་གྲངས་མྱེད་པའི། །རིགས་ཀྱི་དཀྱིལ་འཁོར་མཐའ་ཡས་ཀུན། །ཀུན་བཟང་ཡེ་ཤེས་རྣམ་བཀོད་པས། །ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས། །ཀུན་རྫོབ་སྣང་བ་བསམ་ཡས་པར། །མེ་ལོང་ཆུ་ཟླ་འཇའ་ཚོན་ལྟར། །སྣང་ལ་མ་འགགས་ཀུན་རྟེན་ཅིང་། །རིགས་ཀྱི་དཀྱིལ་འཁོར་མངོན་གནས་པའོ། །ཀུན་ཏུ་བཟང་པོའི་ཆོས་རྣམས་ཀུན། །སངས་རྒྱས་བསྟན་པས་རྫོགས་པ་ཉིད། །དེ་ལས་ལྷག་པའི་དོན་སྨྲ་བ། །དམིགས་པའི་ཡུལ་རྟོག་ཀུན་དང་བྲལ། །ཞེས་སོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་རྟོག་བཅས་ཚོགས་བརྒྱད་ཅུ་ལྷར་བཤད་པ་ན། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །ཞེས་བརྗོད་པའི་དོན་ལ་མཉེས། བརྗོད་བྱེད་ཚིག་ལས་མཉེས། བརྗོད་པས་འགྲེལ་བའི་ལྟ་བ་ལ་མཉེས་སོ། །དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། ཞེས་པ། ཡབ་ཀྱིས་གླེང་སླང་བའི་བརྗེས་དེ་ནས། ཡུམ་གྱིས་གླེང་སླང་བ་སྟོན་པས་སོ། །བཙུན་མོ་ནི་དཔྱད་པར་བྱ་བའི་ཡུལ་དུ་གྱུར་པའོ། །འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དག་པ་ནི་ཡུམ་མོ། །ཀུན་ཏུ་བཟང་མོ་ནི་བཞི་སྟེ། རང་བཞིན་ཀུན་ཏུ་བཟང་མོ། རྟོགས་པ་ཀུན་ཏུ་བཟང་མོ། ཕྱག་རྒྱ་ཀུན་ཏུ་བཟང་མོ། དུས་ཀུན་ཏུ་བཟང་མོའོ། །བཅོམ་ལྡན་འདས་རྡོ་རྗེའི་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མྱེད་པར་གྱུར་ནས། ཞེས་པ་བདུད་བཞི་ངང་གིས་བཅོམ། སྐུ་དང་ཡེ་ཤེས་ཤུགས་ཀྱིས་ལྡན། མཐའ་བཞི་ཡོངས་ཀྱིས་འདས། རྟག་བཅས་འཁོར་བའི་ཡིད་གནས་སུ་དག་པས་ན། རྟོག་མྱེད་ཡེ་ཤེས་ཀྱི་ཡིད་ཁོ་ན་ལ། རྡོ་རྗེའི་ཡིད་ཅེས་བྱ། སྤྱོད་ཡུལ་ཐམས་ཅད་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་མོའོ། །ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས། ཡེ་ཤེས་ཀྱིས་མི་རྟོགས་སུ་མི་སྟུབ་པ་འམ། གཉིས་སུ་མྱེད་པའི་མཚན་ཉིད་རང་གིས་རྟོགས་པས་ན། གཉིས་སུ་མྱེད་པར་གྱུར་ནས་ཞེས་སོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཅེས་འགྲོ་བའི་ཆེད་དུ་སྟན་པར་དགོངས་པའོ། །ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་སྟན་པ་ནི། ཀྱེ་མའོ། །ཕྱོགས་བཅུའི། སྟོང་ཁམས། ཡེ་ནས་དབེན། ཞེས་པའི། ཀྱེ་མའོ་ནི། ཡུམ་གྱིས་ཡབ་ལ་བོས་པའོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་དང་། མཚམས་བརྒྱད་སྟེང་འོག་ཕྱོགས་བཅུ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །སྟོང་ལ་གསུམ་སྟེ། གླིང་བཞི་རི་རབ་ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་པ་ནི། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སོ། །དེ་ལྟ་བུ་སྟོང་ལ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །དེ་ལྟ་བུ་གཅིག་དུ་བསྒྲངས་པ་སྟོང་ལ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་སོ། །ཁམས་ནི་གསུམ་སྟེ། འདོད་ཁམས་གནས་རིས་ཉི་ཤུ་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མྱེད་སྐྱེ་མཆེད་མུ་བཞིའོ། །དེ་ལྟར་ན་ཕྱོགས་བཅུ་དང་། སྟོང་གསུམ་དང་། ཁམས་གསུམ་དུ་སྣང་བ་ཐམས་ཅད། ཡེ་ནས་སངས་རྒྱས་ཀྱི་ཞིང་ཁམས་སོ། །ཆོས་ཀྱི་དབྱིངས་མུ་མཐའ་དང་བྲལ་བ་ཡིན་པས་ན། དབེན་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ཚིག་བླ་གདགས་སོ། །དེ་ཡང་ཐལ་བ་ནས། ཕྱོགས་བཅུའི་མཐའ་རྣམས་ཞི་བ་ཉིད། །ཡེ་ནས་མ་བཅོས་དབེན་པར་གནས། །ཅེས་སོ། །སྲིད་པ་གསུམ་ནི་དག་པའི་ཞིང་། །ཞེས་སྟེང་ལྷའི་སྲིད་པ་དང་། བར་མིའི་སྲིད་པ་དང་། འོག་ངན་སོང་གི་སྲིད་པའོ། །སྟེང་ལྷའི་སྲིད་པ་ནི། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་དང་། གཟུགས་མྱེད་པའི་ལྷའོ། །བར་མིའི་སྲིད་པ་ནི། གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པའོ། །འོག་ངན་སོང་གི་སྲིད་པ་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་གནས་སོ། །དེ་དག་ནི་སངས་རྒྱས་ཀྱི་ཞིང་། བདེ་བ་ཅན་དང་། པད་མ་ཅན་དང་། ལྕང་ལོ་ཅན་དང་། འོག་མིན་གྱི་གནས་སོ། །དེ་ཡང་ཆགས་པ་སྤྲུལ་སྐུ། གནས་པ་ལོངས་སྐུ། སྟོངས་པ་ཆོས་ཀྱི་སྐུའི་ཞིང་ཁམས་རྣམ་པར་དག་པར་གནས་པའོ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཞེས་སྙིགས་མ་ལྔ་སྟེ། དུས་ཀྱི་སྙིགས་མ་ནི། དུས་ལྔ་བརྒྱའི་ཐ་མ་ལ་བབ་པའོ། །ཚེའི་སྙིགས་མ་ནི་ཚེ་ལོ་བཅུ་པའི་དུས་སོ། །ལས་ཀྱི་སྙིགས་མ་ནི། ཕ་ངོ་བུས་མི་ཤེས་ཏེ་བསད་གཅད་ཀྱི་ལས་བྱེད་པའོ། །ལྟ་བའི་སྙིགས་མ་ནི། རྟག་ཆད་ཀྱི་མཐར་ཞེན་པའོ། །ཉོན་མོངས་པའི་སྙིགས་མ་ནི། ཉོན་མོངས་པ་ལྔ་བདག་འཛིན་དུ་ཞེན་པའོ། །དེ་ལྟ་བུའི་སྙིགས་མ་ལྔ་ཉིད་ནི། ཡང་དག་ཏུ་ཤེས་ན། བདེ་བ་དང་ལྡན་པའི་གནས་ཏེ། པད་མ་ཅན་ལ་སོགས་པའོ། །ཡང་ན་སྙིགས་མར་གྱུར་པའི་ས་ཆུ་མེ་རླུང་ནམ་མཁའ་ལྔས་བསྡུས་པའི་གནས་འདི་བདེ་བའི་གནས་ཡིན་ནོ། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཞེས་པ། གཟུགས་ཀྱི་ཕུང་པོ་སྐྱེ་འཇིག་ཅན་ཉིད་རྣམ་སྣང་དུ་མངོན་པར་རྫོགས་སངས་རྒྱས་པར་ཤེས། རྣམ་པར་ཤེས་པ་རྣོ་ལྟུལ་ཅན་གྱི་ཕུང་པོ་རྡོ་རྗེ་སེམས་དཔའ། བདེ་སྡུག་ཅན་གྱི་ཚོར་བ་རིན་འབྱུང་། རྒྱ་ཆེ་ཆུང་ཅན་གྱི་འདུ་ཤེས་སྣང་མཐའ། མི་གནས་པར་ཀུན་ལ་སྤྱོད་པའི་འདུ་བྱེད་དོན་ཡོད་གྲུབ་པ་སྟེ། མ་རྟོགས་པའི་དུས་ན་ཕུང་པོ་ལྔར་སྣང་ཡང་། རྟོགས་པའི་དུས་ན་རིགས་ལྔའི་སངས་རྒྱས་སོ། ༈ །འདིར་དོན་གྱིས་གཏར་ཀ་གགས་གསལ་བ་ནི། འདིར་ཡབ་ཡུམ་གླེང་སླངས་ནས། འཁོར་ལ་གསང་དབང་སྐུར་བར་འདོད་དམ་མི་འདོད། མི་འདོད་ན། ཡབ་ཡུམ་ལ་སྙོམས་པར་ཞུགས་པ་ལ་དགོས་པ་མྱེད་དོ། །གསང་བའི་དབང་བསྐུར་བར་འདོད་ན། གསང་དབང་ལ་དབང་རྫས་བྱང་སེམས་དཀར་དམར་དགོས་པ་ལ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྐུ་ལ། བྱང་སེམས་དཀར་དམར་མྱེད་པས་དབང་མྱི་ཐོབ་བོ་ཞེ་ན། དེ་ཡེ་ཤེས་ཀྱི་རོ་མྱོང་བ་ཅི་ལྟོ་ཞེས་པ་ལ། དེས་མི་འོང་སྟེ་དབང་རྫས་མྱེད་པའི་དབང་བསྐུར་བར་མི་རིགས་སོ། །འོ་ན་གང་ཞེ་ན། འདི་ལྟར་དུ་བཞེད་དེ། ཀུན་ཏུ་བཟང་པོ་ཡབ་ཡུམ་ཡེ་ཤེས་སྒྱུ་མའི་སྐུ་ཡིན་ལ། དེས་ཡེ་ཤེས་སྒྱུ་མའི་ཙམ་གྱི་བྱང་སེམས་དཀར་དམར་ལ་རྟེན་ནས། གསང་བའི་དབང་བསྐུར་ཏེ། དཔེའུ་ཆུང་རང་གནས་ནས། གནས་བརྟན་རྩ་དང་ཐིག་ལེ་ལས། །རིགས་ཀྱི་ཡེ་ཤེས་གཟུགས་སུ་སྐྱེ། །ཞེས་ཟེར་བས། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྐུ་ལ། ཡེ་ཤེས་ཀྱི་ཉི་ཟླ་བྱང་སེམས་ཕྱུང་ནས། འཁོར་ལ་གསང་དབང་བསྐུར་བས། དབང་ཐོབ་ནས་རྒྱུད་ཞུ་བའི་སྤོབས་པ་དང་ལྡན་པར་གྱུར་པས་ན། ཡབ་ཡུམ་གླེང་སླང་བའོ། ༈ །འདི་ལ་གཉིས་ཏེ། སེམས་ལ་སྦྱར་བ་དང་། གཞུང་དབང་བཙན་ནོ། །སེམས་ལ་སྦྱར་ན་གཉིས་ཏེ། མ་རྟོགས་འཁྲུལ་པའི་དབང་དུ་བྱས་པ་དང་། རྣལ་འབྱོར་པ་རྟོགས་ལྡན་ཉམས་ཀྱི་སྣང་བའི་དབང་དུ་བྱས་པའོ། །མ་རྟོགས་པའི་དུས་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སེམས་སུ་འདུས་སོ། །སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་དེ་མ་རྟོགས་པའི་དུས་ན། ཕྱོགས་བཅུ་དང་། སྟོང་གསུམ་དང་། ཁམས་སུ་སྣང་བ་འདི་དག །ཡུལ་ངམ་གྲོག་དང་གཡང་ས། ལྕོང་རོང་དང་བྱ་སྐྱིབས། མཐོན་དམན་དང་བདེ་སྡུག་ཅན་དུ་སྣང་། སྲིད་པ་གསུམ་པོ་ནི་འཁོར་བའི་འཁོར་ས། སྙིགས་མ་ལྔ་པོ་ནི་ལོག་པར་བཅལ་པའི་གནས། ཕུང་པོ་ལྔ་པོ་སྡུག་བསྔལ་གྱི་གཏན་ཞིང་ངོ་། །རྟོགས་ལྡན་ཉམས་ཀྱི་སྣང་བས་དབང་དུ་བྱས་ན། སེམས་ཅན་གྱི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་རྟོགས་པའི་དུས་ན། ཕྱོགས་བཅུའི་སྟོང་ཁམས་ཉིད་ཡེ་ནས་ཡོད་མྱེད་ཀྱི་མཐའ་ལས་དབེན། སྲིད་པ་གསུམ་ཉིད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བདེ་བ་ཅན་དང་། པད་མ་ཅན་དང་། ལྕང་ལོ་ཅན་དང་འཐུག་པོ་བཀོད་པར་སྣང་། སྙིགས་མ་ལྔ་ཉིད་སྐུ་དང་ཡེ་ཤེས་ཀྱི་བདེ་བ། ཕུང་པོ་ལྔ་ཉིད་རིགས་ལྔའི་སངས། འཁོར་བ་ཐམས་ཅད་ནི་མྱ་ངན་ལས་འདས་པའི་ཡོན་ཏན་མཆོག་གི་སྙིང་པོའམ། བྱང་ཆུབ་མཆོག་གི་སྙིང་པོ་ཞེས་བྱ་སྟེ། སྐུ་དང་ཡེ་ཤེས་ཡོངས་སུ་དག་པའི་ཞིང་ཁམས་རྣམ་པར་དག་པའི་རང་བཞིན་ནོ། །གཞུང་དབང་ནི། ཀྱེ་མའོ་ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། ཞེས་སོ། །ཐམས་ཅད་མཆོག་གི་སྙིང་པོ་བས། །ཞེས་པས་དེའི་ཕྱིར་ན། སྙིགས་མ་ལྔ་དང་། ཕུང་པོ་ལྔ་ནི། སྒྱུ་མ་ལྟ་བུ། དམྱིགས་སྒྱུ་ལྟ་བུའི་རང་བཞིན་གྱིས་འོད་གསལ་བའོ། །དེ་བས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་མ་སྤངས་པར་གནས་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་སུ་གྱུར་པ་ནི་མཆོག་གི་སྙིང་པོའོ། །དེ་ལམ་དང་སྒྲུབ་བྱ་མ་ནོར་བར་སྟན་པ་ནི། གཞན་དུ་རྒྱལ་བས་ཆོས་མི་བརྩལ། །ཞེས། དེ་ལྟར་ན་སེམས་ཀྱི་ཆོས་ཉིད་རྟོགས་པར་བྱ་བ་ལས་མ་རྟོགས་པ་དང་། སེམས་ལས་མ་རྟོགས་པ། གཞན་ནས་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོབ་པར་འདོད་ན། ཤིན་ཏུ་རྙེད་པར་དཀའ་བའོ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །ཞེས་པ། སེམས་ཉིད་ལས་མ་རྟོགས་པ་གཞན་ན་ཆོས་མྱེད་དེ། ཅིའི་ཕྱིར་ཞེ་ན། འཁོར་འདས་སུ་སྣང་བ་ཡང་རང་གི་སེམས་སྣང་བས་སོ། །བརྩལ་ཀྱང་རྒྱལ་བའི་མི་སྙེམས་སོ། །ཞེས་པ། བརྩལ་བར་འདོད་ན། སེམས་ཅན་གྱིས་ལྷ་ལྟ་ཅི་སྨོས་ཏེ། སངས་རྒྱས་ཉིད་ཀྱིས་ཀྱང་དོན་མི་རྙེད་དོ། །ཅིའི་ཕྱིར་ཞེ་ན། གཞན་ན་མྱེད་པའི་ཕྱིར་རོ། །མདོར་ན་ཡིད་གཉིས་དང་། ཐེ་ཚོམ་དང་། སོམ་ཉི་མྱེད་པར་རྟོགས་པ་བརྗོད་པའོ། ༈ །འདིར་གཏར་ཀ་གགས་བསལ་པ་ནི། སེམས་བསྐྱེད་པ་འདི་སླེང་སླང་བ་ཡིན་ནམ་རྒྱུད་དོན་ཡིན། གླེང་སླང་བ་ཡིན་ན། སེམས་ལྔ་བསྐྱེད་པ་དེ་གླེང་སླངས་སུ་མི་འགྲོ། རྒྱུད་དོན་ཡིན་ན། སེམས་བསྐྱེད་ནས། ཡང་གསང་བ་བཞིས་ཆོད་པ་ལ་ཆོས་ཞུས་པའི་ཚིག །སྡོད་བྱུང་ཞེ་ན། འདི་ལྟར་ཏེ། ཡབ་ཡུམ་གྱིས་གླེང་སླང་བའི་འབྲས་བུ་སེམས་ལྔ་བསྐྱེད་པར་བྱུང་བས་རྒྱུད་དོན་ཡིན། སེམས་བསྐྱེད་པའི་འབྲས་བུ་གསང་བ་བཞིས་ཆོད་པ་ལ་བཤད་པར་ཞུས་པ་དེ་ཁོ་ན་རྒྱུད་དོན་ཞུས་པ་སྟེ། བདག་དོན་དུ་སེམས་བསྐྱེད། གཞན་དོན་དུ་བཅིངས་གྲོལ་མྱེད་པའི་ཐེག་པ་འཆད་པའོ། །ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་པ། མ་རྟོགས་འཁྲུལ་བའི་སྣང་བ། འཁོར་བ་འདི་ཐམས་ཅད། ཡེ་གདོད་མ་གནས་ལུགས་རང་ནས་སངས་རྒྱས་ཏེ། རྣལ་འབྱོར་པ་རྟོགས་ལྡན་ཉམས་ཀྱི་སྣང་བ་ལ་ཡང་དེ་ལྟར་སྣང་ལ། བདེ་བར་གཤེགས་པའི་སྣང་བ་ལ་ཡང་དེ་ལྟར་ཡིན་ནོ། །དེ་ནས་གཉིས་སུ་མྱེད་པའི་བདག་ཉིད་ཆེན་པོས། ཞེས་པ། ཡབ་ཡུམ་གྱིས་རྟོགས་པའི་ཉམས་བརྗོད་པའི་གླེང་སླང་བའི་རྗེས་དེ་ནས། ཡབ་ཡུམ་གཉིས་སུ་མྱེད། ཐབས་ཤེས་རབ་གཉིས་སུ་ཎ། དབྱིངས་ཡེ་ཤེས་གཉིས་སུ་ཎ། འཁོར་འདས་གཉིས་སུ་ཎ། དེ་ལྟར་སྟོན་པ་ཁོ་ན་ལ་བདག་ཉིད་ཆེན་པོ་ཞེས་སོ། །ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་པ་བསྐྱེད་པ་འདི་གསུངས་སོ། །ཞེས། ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་ལྷུན་གྲུབ་དུ་སངས་རྒྱས་ཀྱང་། སངས་རྒྱས་པར་མ་ཤེས་པས་ན། སེམས་ཉིད་ཡེ་ཤེས་ལྔར་གནས་པ་དེ། ཡེ་ཤེས་ལྔར་བསྐྱེད་པའི་ཐབས་འདི་སྟོན་པས་གསུངས་སོ། ༈ །འདིར་བྱང་ཆུབ་སེམས་བསྐྱེད་པ་ལ་གཉིས་ཏེ། དོན་དམ་པ་བྱང་ཆུབ་སེམས་དང་། ཀུན་རྫོབ་བྱང་ཆུབ་སེམས་སོ། །དོན་དམ་པ་བྱང་ཆུབ་སེམས་ལ་ངག་དོན་བཞི་སྟེ། དང་པོ་གནས་འགྱུར་གྱི་གཞི་ནི། ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡིད་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་སོ་སོར་རྟོག་པ། ཡིད་དང་ཀུན་གཞི་མི་ཕྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་ཡེ་ཤེས་ལྔའི་དབྱེ་བ་ནི། དང་པོ་ཆོས་ཐམས་ཅད་སྟོང་ཞིང་བདག་མྱེད་པར་རྟོགས་པའི་ཆ་ནས་གཟུང་ན་སྟོང་ཉིད་ཀྱི་ཡེ་ཤེས། གསལ་ལ་མ་འགགས་པའི་ཆ་གཟུང་ནས་མེ་ལོང་ལྟ་བུའི་ཡེ་ཤེས། རང་དང་སྤྱིའི་མཚན་ཉིད་རྟོགས་པའི་ཆ་བཟུང་ནས་སོ་སོར་རྟོག་པའི་ཡེ་ཤེས། འཁོར་འདས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཆ་གཟུང་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས། བདག་དང་གཞན་གྱི་དོན་སྤྱོད་པའི་ཆ་གཟུང་ནས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གསུམ་པ་ཡེ་ཤེས་ལྔ་ལ་གཞི་ལམ་འབྲས་བུར་སྟན་ན། རང་སེམས་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་དེ་གཞི། ཡེ་ནས་སངས་རྒྱས་པ་དེ་ཡེ་ཤེས་སུ་བསྐྱེད་པའི་ཐབས་གསུངས་པ་དེ་ལམ། བསྐྱེད་པའི་དོན་མཐར་ཕྱིན་པ་དེ་འབྲས་བུའོ། །བཞི་པ་བསྐྱེད་ཐབས་ནི་གསུམ་སྟེ། ཆེ་བ་དང་། སེམས་ལྔའི་དམྱིགས་པའི་ཡུལ་དང་། སེམས་སྐྱེ་བའི་རིམ་པའོ། །ཆེ་བ་ནི། འདོད་ཆགས་ཀྱི་སྤྱོད་པ་ནི་རྨད་དུ་བྱུང་བའི་ཡེ་ཤེས་ལྔར་སྣང་ལ། དེ་ཉིད་ཐབས་ཀྱི་ཐེག་པ་ཆེན་པོའི་ཆོས་སོ། །དམྱིགས་པའི་ཡུལ་ནི། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། དེ་ནི་སྐྱེ་བ་དང་། འགག་པ་དང་། གནས་པ་དང་། དམྱིགས་པ་དང་། འགྲོ་འོང་གི་མཐའ་གང་དུ་ཡང་མ་སྐྱེད་པའི། སེམས་ལྔ་སྐྱེ་བའི་བྱེ་བྲག་ནི། དང་པོ་གཡོ་ལྡང་། འཇུག་པ། གནས་པ། སྨོན་པ་བཞི་ནི ། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་སོ། །རྫོགས་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་དབང་གི་ཉམས་སོ། །ཨེ་མའོ་ངོ་མཚར་སྨད་ཀྱི་ཆོས། །ཞེས་པའི། ཨེ་མའོ་ནི་ངམ་ཞིང་ངོ་མཚར་བ་སྟེ། གང་ལ་ངོ་མཚར་ན། ཚིག་ལ་ངོ་མཚར་ཆེ་ལ། དོན་ལ་སྨད་དུ་འབྱུང་བ་སྟེ། ཐེག་པ་འོག་མ་བས་སྨད་ཀྱང་། དངོས་གྲུབ་ཏུ་མྱུར་བའི་ཆོས་ཡིན་པས་སྨད་ཀྱི་ཆོས་སོ། །ཆེ་བསྟན། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས། དེའི་གནས་གང་ཡིན་ཞེ་ན། ཚོགས་གཉིས་རྫོགས་པའི་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་གནག་པའི་གསང་བའོ། །སྐྱེ་བ་མྱེད་ལས་ཐམས་ཅད་སྐྱེས། །ཞེས་དམྱིགས་པའི་ཡུལ་སྟན། གསང་བ་དེ་དངོས་གང་ཡིན་ཞེ་ན། སྐྱེ་བ་མྱེད་པ་ནི། ཆོས་ཐམས་ཅད་ནི་ཡེ་གདོད་མ་ནས་མ་བྱུང་སྐྱེས་སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་ཡིན་པའོ། །དེ་ལྟར་ཡིན་པའི་གཏན་ཚིགས་ནི་བཞི་སྟེ། རྒྱུ་རྐྱེན་གཞན་གྱིས་མ་སྐྱེད་པའི་ཕྱིར་ན་སྐྱེ་བ་མྱེད་པ་དང་། བྱེད་པ་པོ་གཞན་གྱིས་མ་བྱས་པའི་ཕྱིར་ན་སྐྱེ་བ་མྱེད་པ་དང་། དུས་གློ་བུར་དུ་མ་བྱུང་བའི་ཕྱིར་ན་སྐྱེ་བ་མྱེད་པ་དང་། སྐྱེ་བའི་དངོས་པོ་འདི་འདྲ་ཞེས་མ་རྙེད་པའི་ཕྱིར་ན་སྐྱེ་བ་མྱེད་པའོ། །འོ་ན་མཚན་མ་མྱེད་པའི་སྟོང་པ་ཕྱོགས་ཅིག་ཏུ་འགགས་ཤིང་ཐིམ་པ་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ། སྐྱེ་བ་མྱེད་པའི་དོན་དེ་ཉིད་མཚན་མ་སྣ་ཚོགས་པ་ཐམས་ཅད་དུ་སྣང་བས་ན་ཐམས་ཅད་སྐྱེས་ཞེས་བྱའོ། །སྐྱེས་པ་ཉིད་ན་སྐྱེ་བ་མྱེད། །ཅེས་བྱེ་བྲག་གི་ངོ་བོ་སྟན། དེ་ལྟར་སྐྱེས་བ་ཉིད་ན་སྐྱེ་བ་མྱེད་པའི་མཐར་ཕྱིན་ཏེ། སྐྱེ་བ་དང་། སྐྱེས་པ་ཡང་གཉིས་སུ་མྱེད་པས་ན། སྐྱེས་པའི་མཚན་མ་ཉིད་ངོ་བོར་མ་གྲུབ་སྟེ། སྐྱེས་ཙམ་ཉིད་ན་སྟོང་པ་ནི། སྐྱེས་པ་ཉིད་ན་སྐྱེ་བ་མྱེད་ཞེས་བྱའོ། ༈ །སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བཞི་སྟེ། གཞི་རང་སེམས་དང་སྦྱར་བ་དང་། ལམ་གྲོལ་ལམ་དང་སྦྱར་བ་དང་། ཐབས་ལམ་གསང་དབང་དང་སྦྱར་བ། འབྲས་བུ་ཆོས་སྐུ་དང་སྦྱར་བའོ། །དང་པོ་གཞི་རང་སེམས་དང་སྦྱར་ན་གཉིས་ཏེ། མ་རྟོགས་པ་འཁྲུལ་པའི་གནས་སྐབས་དང་། །རྟོགས་པ་ཉམས་ཀྱི་གནས་སྐབས་སོ། །མ་རྟོགས་པ་འཁྲུལ་པའི་གནས་སྐབས་ནི། ཆོས་ཐམས་ཅད་ཀྱི་རྩ་བ། རང་གི་སེམས་ཀྱི་མཚན་ཉིད་དེ་ནི། ཡེ་གདོད་མ་ནས་མ་བྱུང་མ་སྐྱེས་སྐྱེ་བ་མྱེད་པ་སྟོང་ཞིང་བདག་མྱེད་པ་ཆོས་ཀྱི་དབྱིངས་ཡིན་ལ། དེ་མ་རྟོགས་པའི་དུས་ན། སེམས་ཅན་གྱི་ལས་དང་སྡུག་བསྔལ་ལ་སོགས་པ་འཁོར་བའི་ཆོས་སུ་སྣང་ཞིང་སྐྱེས་ལ། སྐྱེས་པ་དེ་ཉིད་ཀྱི་དུས་ན་ཡང་། ཡེ་ཤེས་དེ་ཉིད་ལས་གཡོས་པ་མྱེད་དོ། །རྟོགས་པ་དང་སྦྱར་ན། སེམས་ཀྱི་ཆོས་ཉིད་དེ་རྟོགས་པའི་དུས་ན་ནི། འཕགས་པའི་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ཏེ་མྱ་ངན་ལས་འདས་པའི་ཆོས་སྣ་ཚོགས་སུ་སྣང་ཞིང་སྐྱེས་ལ། དེ་ལྟར་སྐྱེས་ཙམ་ཉིད་ན་སྐྱེ་བ་མྱེད་པའི་མཐར་ཕྱིན་པའོ། །དེ་ལྟར་སུ་མ་རྟོགས་པ་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་བློ་བསྐྱེད་པའོ། །ལམ་གྲོལ་ལམ་ནི། རང་སེམས་སངས་རྒྱས་སུ་རྟོགས་པའོ། །ཐབས་ལམ་ནི། ཡབ་ཡུམ་གཉིས་སུ་མྱེད་པའི་དུས་སུ། སྐྱེ་བ་མྱེད་པ་ལས་ལུས་ཀྱི་རྩ་གནས་ནས་རྟེན་ཐིག་ལེ་གཡོ་ཞིང་། ལྟང་བ་ནི་གཡོ་ལྟང་བྱང་ཆུབ་ཀྱི་སེམས་སོ། །འབྲས་བུ་ཆོས་སྐུ་དང་སྦྱར་བ་ནི། སེམས་ཀྱི་ཆོས་ཉིད་དབྱིངས་རིག་གཉིས་སུ་མྱེད་པ་དེ། ཨེ་མའོ་ངོ་མཚར་སྨད་ཀྱི་ཆོས། །ཞེས་པའོ། །ཨེ་མའོ་ནི་ངམ་ཞིང་ངོ་མཚར་བའོ། །ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལས་སྐྱེ་འགག་ཏུ་སྣང་བ་ལའོ། །དེ་གང་གི་ཆོས་ལུགས་ཡིན་ན། གསང་བ་སྨད་དུ་བྱུང་བ་མ་ཧཱ་ཡོ་གའི་ཆོས་ལུགས་སོ། །དབྱེ་བ་བསྟན། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ། དེ་གང་གི་གསུང་ཡིན་ན། སྐུ་ལྔ་ལྷུན་གྲུབ་ཏུ་གནས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡིན། དེ་གང་གི་སྤྱོད་ཡུལ་ཡིན་ན། ཐེག་པ་འོག་མ་པའི་སྤྱོད་ཡུལ་དུ་མ་གྱུར་བས་གསང་ངོ་། །འགག་པ་མྱེད་ལས་ཐམས་ཅད་འགག །ཅེས་པ། དམྱིགས་པའི་ཡུལ་བསྟན། དེའི་དངོས་གཞི་གང་ཞེ་ན། མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཐམས་ཅད་དུ་གསལ་ལ་མ་འགགས་པས་འགག་པ་མྱེད་ལ། གསལ་བའི་དུས་ན་རང་གི་ངོ་བོ་སྟན་པར་དཀའ་བས་འགགས་ཞེས་བྱའོ། །འགག་པ་ཉིད་ན་འགག་པ་མྱེད། །ཅེས། བྱེ་བྲག་གི་ངོ་བོ་བསྟན། དེ་ལྟར་འགགས་པ་ཉིད་ན་འགག་པ་མྱེད་པའི་མཐར་ཕྱིན་ཏེ། སྐྱེ་འཆི་ལས་ཡང་དག་པར་འདས་པའོ། །དེ་ཡང་སེམས་དང་སེམས་སུ་སྣང་དུ་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་། འགག་པའི་དུས་ན་འགག་པ་མྱེད་དེ། འགག་པ་དང་འགག་པ་མྱེད་པ་གཉིས་མྱེད་དུ་རྟོགས་པ་ཁོ་ན་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སེམས་བསྐྱེད་ཞེས་བྱའོ། ༈ །མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཞི་སྟེ། དང་པོ་གཞི་རང་སེམས་དང་སྦྱར་ན། སེམས་ཀྱི་ངོ་བོ་ནི་འགག་པ་མྱེད་པ་ཡིན། མ་རིག་པའི་དབང་དུ་གནས་སྐབས་འགག་པ་ལྟར་ཡང་མངོན། ཡང་དག་པའི་གནས་སྐབས་ན། འགག་པ་དང་། འགག་པ་མྱེད་པ་གཉིས་དབྱེར་མྱེད་དོ། །གཉིས་པ་གྲོལ་ལམ་དང་སྦྱར་ན། འགག་པ་དང་མི་འགག་པ་དབྱེར་མྱེད་སྤྱོད་ཡུལ་དང་བྲལ་བའོ། །གསུམ་པ་ཐབས་ལམ་དུ་ན། ཡབ་ཡུམ་གྱི་བདེ་བ་སྐྱེས་པ་ནི་འགག་པ་མྱེད། བདེ་བ་དེ་སྔ་མ་འགགས་པ་ལྟར་སྣང་བས་ན་ཐམས་ཅད་འགག །སྔ་མའི་བདེ་བ་དང་ཕྱི་མའི་བདེ་བ་སྔ་ཕྱི་མ་ཆད་པར་ལྟར་སྣང་བ་ནི་འགག་མྱེད་དོ། །དེ་ནི་སྨོན་འཇུག་བྱང་ཆུབ་སེམས་སོ། །བཞི་པ་ལོངས་སྐུ་དང་སྦྱར་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་གང་ཡང་མ་འགགས་པར་སྐུ་ཉམས་སུ་གཏར་བས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །དབྱེ་བ་སྟན། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པའི། ཨེ་མའོ་ནི་ངམ་པ་སྟེ། གང་ལ་ངམ་ཞིང་ངོ་མཚར་ཞེ་ན། གསང་སྔགས་ཀྱི་སྤྱོད་པ་ཉིད་རྨད་དུ་བྱུང་བའི་ཡེ་ཤེས་ལྔར་སྣང་ལ། དེ་ཁོ་ན་ཐེག་པ་ཆེན་པོ་གསང་བ་མ་ཧཱ་ཡོ་གའི་ཆོས་ཡིན་པས་རྨད་ཀྱི་ཆོས་སོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས། དེ་ཉིད་ནི་སྐུ་ལྔར་རྫོགས་པའི་སངས་རྒྱས་ཀུན་གྱི་རྒྱུད་དང་ངོ་བོ་ཉིད་ཡིན་པས། དེ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་བའི་དོན་གྱིས་ན་ཀུན་གྱི་གསང་ཞེས་བྱའོ། །དམྱིགས་པའི་ཡུལ་བསྟན། གནས་པ་མྱེད་ལས་ཐམས་ཅད་གནས། །ཞེས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། ཆོས་ཐམས་ཅད་མཉམ་ཉིད་ཐུགས་སུ་ཆུད་པས། བདག་དང་གཞན་དུ་ཡང་གནས་པ་མྱེད་དོ། །འོ་ན་གང་ལ་ཡང་གནས་པ་མྱེད་པ་ཞིག་ཡིན་ནམ་ཞེ་ན། དངོས་དང་མཚན་མ་ཀུན་ལ་ཁྱབ་པར་ཡང་གནས་སོ། །བྱེ་བྲག །གནས་པ་ཉིད་ན་གནས་པ་མྱེད། །ཅེས། དེ་ལྟར་གནས་པ་ཉིད་རྟོགས་ན། གནས་པ་མྱེད་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཁོ་ནའོ། །དེ་སུས་རྟོགས་པའི་གང་ཟག་དེ་ཉིད་སེམས་བསྐྱེད་པ་ཞེས་བྱའོ། ༈ །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཞི་སྟེ། དང་པོ་གཞི་སེམས་ཉིད་ནི། སེམས་ཉིད་ཀྱི་ངོ་བོ་ནི་གང་དུ་ཡང་གནས་པ་མྱེད། སེམས་ཀྱི་རྣམ་པ་མ་རྟོགས་པའི་དུས་ན་འགྲོ་བ་དྲུག་གི་ལུས་ལ་གནས། དེ་ལྟར་གནས་པ་ཉིད་ན་གནས་པ་མྱེད་དོ། །གཉིས་པ་གྲོལ་ལམ་དུ་ན། རང་སེམས་གཟུང་འཛིན་དང་བྲལ་བའི་མཉམ་པ་ཉིད་དུ་རྟོགས་པའོ། །གསུམ་པ་ཐབས་ལམ་དང་སྦྱར་ན། ཡབ་ཡུམ་གྱི་བདེ་བ་ལ། དགའ་བ་བཞིའི་ཐིག་ལེ་བབ་པའི་དུས་ན། དགའ་བ་དེ་ཉིད་སེམས་ཡུལ་དུ་གནས་ཅར་མྱེད་པའི་ཚུལ་གྱིས། སེམས་རང་གསལ་དུ་གནས་པ་ནི། གནས་པ་བྱང་ཆུབ་སེམས་སོ། །གཞི་ལམ་འབྲས་བུ་དང་སྦྱར་ན། སེམས་ཅན་དངོས་པོ་དང་་མཚན་མར་འཛིན་ཅིང་གནས་པ་མྱེད་པའི་ཆ་བཟུང་ནས་རྟོགས་པའི་དུས་ན། མངོན་པར་བྱང་ཆུབ་པའི་སྐུ་ཞེས་གདགས་སོ། །དབྱེ་བ་སྟན། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པའི། ཨེ་མ་ནི་ངོ་མཚར་པ་སྟེ། གང་ལ་ངོ་མཚར་ན། གསང་བ་རྨད་དུ་འབྱུང་བའི་ཆོས་འདི་ལ་ངོ་མཚར་རོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དེ་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བའོ། །དམྱིགས་པའི། དམྱིགས་པ་མྱེད་ལས་ཐམས་ཅད་དམྱིགས། ཞེས། སོ་སོར་རྟོག་པའི་ཡེ་ཤེས་ནི། ཆོས་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མྱེད་པར་རྟོགས་པས། འཁོར་བའི་མཐའ་ལ་དམྱིགས་པ་མྱེད་ལ། རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པས་མྱ་ངན་ལས་འདས་པའི་མཐའ་ལ་དམྱིགས་པ་མྱེད་དོ། །དེ་ལྟར་སྣང་ཙམ་ན་སྤྱི་དང་རང་གི་མཚན་ཉིད་ཤེས་པས་ཐམས་ཅད་ལ་དམྱིགས་པ་མྱེད་དོ། །བྱེ་བྲག །དམྱིགས་པ་ཉིད་ན་དམྱིགས་པ་མྱེད། །ཅེས། དེ་ལྟར་སྤྱི་དང་རང་གི་མཚན་ཉིད་དམྱིགས་བྱ་དམྱིགས་བྱེད་དབྱེར་མྱེད་དུ་ཤེས་པ་ཁོ་ན་སུས་རྟོགས་པ་དེ། སོ་སོར་རྟོག་པའི་ཡེ་ཤེས་སུ་སེམས་བསྐྱེད་པའོ། ༈ །སོ་སོར་རྟོག་པའི་ཡེ་ཤེས་ལ་བཞི་སྟེ། དང་པོ་རྒྱུ་སེམས་ཅན་དང་སྦྱར་ན། སེམས་ཉིད་ཀྱིས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའོ། །གཉིས་པ་གྲོལ་ལམ་དང་སྦྱར་ན། སེམས་ཀྱི་རང་བཞིན་ནི་དམྱིགས་པ་མྱེད་པ་ཡིན། རྣམ་པ་ནི་དམིགས་པ་ཅན་ཡིན་ཏེ། དེ་ལྟར་སྣང་ཙམ་དམྱིགས་པ་དང་དམྱིགས་པ་མྱེད་པ་དབྱེར་མྱེད་དོ། །ཐབས་ལམ་དུ་སྦྱར་ན། བདེ་བའི་ཡེ་ཤེས་གཅིག་ལས། ཉམས་ཀྱི་སྣང་བས་ས་འཐོན་དམན་ལ་དམིགས་ནས། སྔ་མ་ལས་ཕྱི་མ་ལ་སྨོན་པས་ན། སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གཞི་ལམ་འབྲས་བུ་གསུམ་དང་སྦྱར་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་གསུམ་དང་ལྡན་པའི་དུས་ན། སྤྲུལ་པའི་སྐུ་འགྲོ་བའི་དོན་ལ་ངང་ངམ་ཤུགས་ཀྱིས་འབྱུང་བས་ན། སྤྲུལ་པའི་སྐུ་འགྲོ་དོན་དཔག་གིས་མི་ལང་བར། མཛད་པ་ཐ་དད་པ། དོན་ཕྱོགས་མྱེད་དུ་མ་ཞེས་བྱ་བར་གདགས་པར་བྱའོ། །དབྱེ་བ་སྟན། ཨེ་མའོ་ངོ་མཚོར་རྨད་ཀྱི་ཆོས། །ཞེས་པ། ཨེ་མའོ་ནི་ངམ་ཞིང་ངོ་མཚར་བའོ། །ངོ་གང་ལ་མཚར་ན། ཐེག་པ་གཞན་གྱིས་སྨད་ཡང་། རང་ལ་ཐུན་མོང་མ་ཡིན་པའི་དངོས་གྲུབ་འབྱུང་བའི་ཆོས་ཡིན་པས་སོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཞེས་པ། དེ་ནི་རྩ་སྤྲུལ་པའི་སྐུར་རྫོགས། ཡི་གེ་ལོངས་སྤྱོད་རྫོགས་པའི་སྐུར་རྫོགས། ཁམས་བདུད་རྩིའི་ཐིག་ལེ་ཆོས་སྐུར་རྫོགས། སྙིང་པོ་རླུང་ངོ་བོ་ཉིད་ཀྱི་སྐུར་རྫོགས། དེས་མ་རིག་པ་སངས། ཡེ་ཤེས་རྒྱས། སྐུ་བཞི་ཀུན་གྱི་གསང་བའི་དོན་ཡིན་པས་ན་གསང་ངོ་། །དམྱིགས་ཡུལ། འགྲོ་འོང་མྱེད་ལས་འགྲོ་དང་འོང་། །ཅེས། བྱ་བ་གྲུབ་པའི་ཡེ་ཤེས་ནི། འབྱུང་འཇུག་དང་འགྲོ་འོང་མྱེད་པའོ། །འོ་ན་གང་དུ་ཡང་འགྲོ་འོང་མྱེད་པ་ཡིན་ནམ་ཞེས་ན། འགྲོ་འོང་མྱེད་པའི་ཡེ་ཤེས་དེས། འདི་ལྟར་དངོས་པོ་དང་མཚན་མ་ཀུན་ལ་ཁྱབ་པར་གནས་པས་ན། འགྲོ་དང་འོང་ཞེས་བརྟགས་པ་ཙམ་དུ་ཟད་དོ། །བྱེ་བྲག །འགྲོ་འོང་ཉིད་ན་འགྲོ་འོང་མྱེད། །ཅེས། དེ་ལྟར་ཐམས་ཅད་ལ་ཁྱབ་པ་དེ་ཡང་ཡེ་ནས་གནས་པས་འགྲོ་འོང་ཉིད་ན་འགྲོ་འོང་མྱེད་ཞེས་བྱའོ། །དེ་རྟོགས་ན། སེམས་དང་སེམས་སུ་སྣང་བ་ཡང་དེ་ཡིན། བྱ་གྲུབ་ཡེ་ཤེས་སུ་སེམས་བསྐྱེད་པ་དེ་ཡིན། ཐབས་ཀྱི་ལམ་དུ་སྦྱར་ན། ཐིག་ལེ་གྱེན་ལ་བཟློག་པའི་དགའ་བ་ནི་འགྲོ་འོང་དུ་བྱུང་ཡང་། དོན་གྱི་ངོ་བོ་ལ་འགྲོ་འོང་གང་ཡང་མྱེད་པའོ། ༈ །བྱ་བ་གྲུབ་པའི་ཡེ་ཤེས་ལ་བཞི་སྟེ། དང་པོ་གཞི་སེམས་ཉིད་དང་སྦྱར་ན། སེམས་འགྲོ་འོང་ཅན་དུ་འདོད་པའི་མ་རིག་པ་ལས་ལོག་པ་ནི་ཆོས་ཅན། ཡིད་ཀུན་བཏགས་ཀྱི་ཞེན་པ་དང་བྲལ་བ་ནི་ཆོས་ཉིད། དེ་གཉིས་དབྱེར་མྱེད་པ་གཞིའོ། །གྲོལ་ལམ་དུ་སྦྱར་ན། དོན་དམ་པ་འགྲོ་འོང་མྱེད་པ་ལས། ཀུན་རྫོབ་སྒྱུ་མ་ཙམ་དུ་འགྲོ་འོང་ལྟར་ཡང་སྣང་། དེ་ལྟར་སྣང་ཙམ་ཉིད་ན། དོན་དམ་པ་དང་ཀུན་རྫོབ་ཐ་མི་དད་པས་ན་འགྲོ་འོང་མྱེད་ཞེས་བྱའོ། །བཞི་པ་འབྲས་བུ་སྐུ་དང་སྦྱར་ན། དེ་ལྟར་སྤྲུལ་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་ན་ཡང་། སེམས་ཅན་ལྟར་སྐྱེ་ཤི་མྱེད་པས་ན་རྡོ་རྗེའི་སྐུ་ཞེས་བྱའོ། །དེ་བས་ན་ཆོས་ཀྱི་སྐུ་མྱེད་ཅི་ཡང་མྱི་འདྲ་བ་མ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་བདེ་སྐྱེད་དང་ཆེ་བའི་ཡོན་ཏན་གང་ཡང་མི་འགོག་པར་སྤྱོད་པའོ། །མངོན་པར་བྱང་ཆུབ་པའི་སྐུ་ནི་ལོངས་སྐུ་བདེ་སྐྱིད་གང་ཡང་སྤྱོད་ཀྱང་། སེམས་ཅན་ལྟར་དངོས་པོ་དང་མཚན་མར་འཛིན་ཅིང་གནས་པ་མྱེད་པས་མངོན་པར་བྱང་ཆུབ་པའོ། །སྤྲུལ་པའི་སྐུས་འགྲོ་དོན་བྱེད་པའི་དུས་ན་སྙིང་རྗེ་དང་སྙིང་རྗེའི་ཡུལ་ཐ་དད་དུ་མྱི་དམྱིགས་པའོ། །དེ་ལྟར་དོན་བྱེད་པ་ཉིད་སེམས་ཅན་ལྟར་འགྲོ་འོང་མྱེད་པ་ཁོ་ན་རྡོ་རྗེའི་སྐུའོ། །དེ་ལྟར་གོ་བར་བྱ་བ་ནི་སེམས་བསྐྱེད་པ་ཡིན་ནོ། །ཀུན་རྫོབ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པ་ནི། འདི་མན་ཆད་ཀུན་རྫོབ་ཏུ་སེམས་བསྐྱེད་པ་བསྟན། ཞེས་བརྗོད་པས། འཁོར་གྱིས་ཞུས་པ་སྟན། དེ་བཞིན་གཤེགས་པ་ཐམས་ཅད་དང་། །བཙུན་མོའི་ཚོགས་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར་ཏོ། །ཞེས་པ་དེ་ལ་གཉིས་ཏེ། གྲོལ་ལམ་དུ་ན། སྐྱེས་པ་ཙམ་ན་སྐྱེ་བ་མྱེད། འགག་པ་ཙམ་ན་འགག་པ་མྱེད། གནས་པ་ཙམ་ན་གནས་པ་མྱེད། དམྱིགས་པ་ཙམ་ན་དམྱིགས་པ་མྱེད། འགྲོ་འོང་ཙམ་ན་འགྲོ་འོང་མྱེད་པ་ཡིན་ལ། དེ་ལྟར་སུ་ཞིག་གིས་རྟོགས་པ་དེ་ནི་ཡེ་ཤེས་ལྔར་བློ་བསྐྱེད་ཅིང་། སྐུ་ལྔ་ཐོབ་པ་ཡིན་ནོ་ཞེས་བརྗོད་པ་ལ། དེའི་དོན་ལ་མཉེས་པས། ཡེ་ཤེས་ལྔ་ཐམས་ཅད་ལ་ཁྱབ་པར་གྱུར་ཏོ། །ཐབས་ལམ་དུ་ན། དེ་ལྟར་གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའི་དབང་ཐུན་མོང་དུ་བསྐུར་བས། ཤེས་པ་བདེ་སྟོང་དབྱེར་མྱེད་དུ་ཉམས་སུ་མྱོང་དེ། གཞི་ཇི་བཞིན་དུ་སོན་ནས། རྡོ་རྗེ་གསང་བའི་གྲལ་དུ་འཁོད་པ་ནི་མཉེས་པ་སྟེ། གཙོ་འཁོར་དགོངས་པ་ཐ་མི་དད་དུ་གྱུར་པའོ། །འདི་མན་ཆད་ཀུན་རྫོབ་ཏུ་སེམས་བསྐྱེད་པ་སྟན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད། འཁོར་གྱིས་ཞུས་པ་སྟན། བཙུན་མོའི་ཚོགས་དང་བཅས་པས། །དེ་ལྟར་སྟོན་པས་གླེང་སླང་བ་དེ་ནས། འཁོར་གྱིས་གླེང་སླང་བའམ། དོན་དམ་དུ་སེམས་བསྐྱེད་པ་དེ་ནས། ཀུན་རྫོབ་ཏུ་སེམས་བསྐྱེད་པ་སྟོན་པའོ། །འཁོར་གྱིས་དེ་བཞིན་གཤེགས་པ་ཡུམ་དང་བཅས་པ་རྣམས་ཀྱིས། དེ་ལྟར་ཡིན་པ་མ་རྟོགས་ཏེ། སེམས་ཅན་ཐམས་ཅད་གསང་བ་བཞིས་མཆོད་པས། དེའི་དོན་དུ་ཐུགས་རྗེ་ཆེན་པོ་བསྐྱེད་ལ་བཅིངས་གྲོལ་མྱེད་པའི་སྟན་པ་གསུངས་པ་ཞེས་བརྗོད་དོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ། གསང་བ་བཞིས་ཆོད་པ་སྟན་པ་ནི། ཨེ་མའོ་ཡེ་ནས་གསང་བའི་ཆོས། །ཞེས། ཨེ་མའོ་ནི་ངོ་མཚར་ཆེ་བས་ཏེ། གང་ཞེ་ན། ཆོས་ཐམས་ཅད་སངས་རྒྱས་པ་ཡང་ངོ་མཚར་ཆེ་ལ། དེ་ལྟར་མ་རྟོགས་པ་ཡང་ངོ་མཚར་ཆེ་སྟེ། སངས་རྒྱས་བ་དེ་ཡང་ད་བཟོད་སངས་རྒྱས་པ་ལྟ་བུ་མ་ཡིན་ཞིང་། ཡེ་ནས་སངས་རྒྱས་པ་ཡིན་ལ། མ་རྟོགས་པ་ཡང་བཟོད་མ་རྟོགས་པ་མ་ཡིན་ཏེ། ཡེ་ནས་མ་རྟོགས་པ་ཡིན། དེ་ལྟ་བུ་དེ་ལ་ཡེ་ཐོག་མ་ཉིད་ནས་གསང་བའི་ཆོས་ཞེས་གསུངས་པ་ཡིན་ནོ། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ཞེས། དེ་ལྟར་མ་རྟོགས་པ་དེ་ཀོག་ཏུ་སྦས་པ་ཞིག་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ། རྟོགས་པར་བྱ་བ་ནི་སྣ་ཚོགས་པར་སྣང་བ་འདི་ཀུན་ཡིན་ལ། དེའི་རང་བཞིན་མ་རྟོགས་པས་རང་གསང་ཆེན་པོར་གྱུར་པས་ན། རང་བཞིན་གྱི་གསང་བ་ཞེས་བྱའོ། །ངོ་བོ་ཉིད་ཀྱི་རབ་ཏུ་གསང་། །ཞེས། ཆོས་ཐམས་ཅད་ཀུན་རྫོབ་ཏུ་མཚན་མ་སྣ་ཚོགས་པར་སྣང་བ་ནི། སྐུ་ངོ་བོ་ཉིད་རང་བཞིན་དུ་སངས་རྒྱས་ལ། དོན་དམ་པར་རང་བཞིན་མྱེད་པར་ནི། གསུང་ངོ་བོ་ཉིད་ཀྱི་རང་བཞིན་དུ་སངས་རྒྱས། དོན་དམ་པ་དང་ཀུན་རྫོབ་དབྱེར་མྱེད་པ་ནི། ཐུགས་ངོ་བོ་ཉིད་ཀྱི་རང་བཞིན་དུ་སངས་རྒྱས། དེ་ལྟར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་དམ་རང་བཞིན་དུ་གནས་པ་དེ་ལྟར་མ་རྟོགས་པས་ན་རབ་ཏུ་གསང་ངོ་། །གཞན་དུ་མིན་ལས་ཤིན་དུ་གསང་། །ཞེས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བྱ་བ་དེ་ཡང་། གཞན་དུ་མྱེད་དེ་བདག་གི་ལུས་ངག་ཡིད་གསུམ་དུ་དག་པ་དེ་ཡིན་ལ། དེ་ཤིན་དུ་རྟོགས་པར་དཀའ་བས་ན་ཤིན་ཏུ་གསང་ཞེས་བྱའོ། །དེ་ལྟར་མ་འོང་པའི་སེམས་ཅན་འདི་རྣམས་ལ་བདེན་པ་དབྱེར་མྱེད་ཀྱི་དོན་རང་ཆས་སུ་གནས་ཀྱང་། གསང་བ་བཞི་པོ་འདི་རྣམས་ཀྱིས་ཆོད་པས་མ་རྟོགས་པ་འདི་རྣམས། ཀུན་ཏུ་བཟང་པོའི་ཞལ་མ་མཐོང་དབང་མ་ཐོབ་པས། མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་མི་ནུས་ཏེ། འདི་རྣམས་ཀྱི་དོན་དུ་ལམ་རྐྱེན་གྱི་རྒྱུད་འདི་ཉིད་དང་། ལམ་སྟེགས་ཀྱི་ཐེག་པ་གཞན་ཞིག་གསུང་དུ་གསོལ་ཞེས་ཞུས་པའོ། །སྟོན་པ་དོན་དུ་ཞུས་པ་འདི་ལ་བཞི་སྟེ། གཞི་ལམ་འབྲས་བུར་བསྡུས་པ་དང་། སྣང་བ་བཞིར་བསྡུས་པ་དང་། གྲོལ་ལམ་དང་། ཐབས་ལམ་དང་སྦྱར་བའོ། །གཞི་ལམ་འབྲས་བུར་བསྡུས་ན། ཡེ་ནས་གསང་བཞིའི་གནས་ལུགས་དེ་ངོ་བོ་ཉིད། སྣ་ཚོགས་སྣང་ལ་རང་བཞིན་གསང་བ་འཁྲུལ་བས་རྟགས་པ། ངོ་བོ་ཉིད་ཀྱིས་གསང་བ་ལམ། གཞན་དུ་མིན་ལ་གསང་བ་འབྲས་བུའོ། །སྣང་བ་བཞིར་བསྡུས་ན། ཡེ་ནས་གསང་བ་རང་བཞིན་གྱི་སྣང་བ། སྣ་ཚོགས་སྣང་བ་མ་རྟོགས་འཁྲུལ་པའི་སྣང་བ། ངོ་བོ་ཉིད་ཀྱིས་གསང་བ་གདུལ་བྱ་ཉམས་ཀྱི་སྣང་བ། གཞན་དུ་མིན་ལ་གསང་བ་བདེ་བར་གཤེགས་པའི་སྣང་བའོ། །གྲོལ་ལམ་དུ་སྦྱར་ན། ཡེ་ནས་གསང་བ་དོན་དམ། སྣ་ཚོགས་སྣང་ལ་རང་བཞིན་གསང་བ་འཁྲུལ་པས་བཏགས་པ། ངོ་བོ་ཉིད་ཀྱིས་གསང་བ་དབྱེར་མྱེད། གཞན་དུ་མིན་ལས་གསང་བ་དབྱེར་མྱེད་སྤྱོད་ཡུལ་དང་འབྲལ་བའོ། །ཐབས་ལམ་དུ་ན། རང་བྱུང་གི་ཡེ་ཤེས་རང་ལ་རང་ཆས་སུ་ཡོད་ཀྱང་ཡོད་པར་མ་ཤེས་པ་ནི་ཡེ་ནས་གསང་བ། རང་བྱུང་གི་ཡེ་ཤེས་དེ་ཉིད་རྟོགས་ཚོགས་སུ་རང་སྣང་ལ། རྟོག་ཚོགས་ཐམས་ཅད་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་རང་བཞིན་གྱིས་གནས་ཏེ། དེ་རྟོག་པ་སྣ་ཚོགས་ཀྱིས་སྒྲིབས་ནས་མ་རྟོགས་པ་ནི་རང་བཞིན་གྱིས་གསང་བ། རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡུལ་སེམས་གཉིས་བདེན་པ་གཉིས་ལ་སོགས་པའི་ངོ་བོ་གསུམ་དུ་ཡང་མ་གྲུབ་སྟེ་བརྗོད་པ་ཙམ་དང་ཡང་བྲལ་བས། རང་གི་ངོ་བོ་ཉིད་ཡུལ་དུ་མ་དམིགས་ཏེ། དེ་མ་རྟོགས་པ་ནི་ངོ་བོ་ཉིད་ཀྱིས་གསང་བ། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་དེར་སེམས་ཉིད་ལས་གཞན་མྱེད་པ་བཞིན་དུ། ཉོན་མོངས་པ་དང་། ཤེས་བྱ་དང་། ལྟ་བའི་སྒྲིབ་པ་རང་ལ་ཡོད་པར་མ་རྟོགས་པས། གཞན་ནས་ཚོལ་བ་ནི་དབུལ་མོའི་གཏེར་རམ་གྱད་ཀྱི་ནོར་བུ་དང་འདྲ་བར། གཞན་ནས་མྱི་རྙེད་པས་ཤིན་དུ་གསང་ངོ་། །དེ་ཡང་ཐལ་བ་ནས། ཡེ་ནས་གསང་བ་ཆེན་པོའི་ཆོས། །རང་བཞིན་གསང་བས་གཞིར་འགྱུར་ཞིང་། །དོན་དམ་ཀུན་རྫོབ་རྣམ་པར་དག །ཐབས་དང་ཤེས་རབ་འབྱུང་འཇུག་གནས། །ངོ་བོ་ཉིད་ཀྱིས་ལམ་གསང་བ། །ཤིན་ཏུ་གསང་བས་འབྲས་བུར་རྫོགས། །ཅེས་པས་གསལ་ལོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། འདིར་ཐུགས་རྗེ་རང་གི་ངོ་བོ་སངས་རྒྱས་དང་སེམས་ཅན་གཉིས་སུ་མྱེད་པར་རྟོགས་པར་སྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདས་པའི་ཆོས་སོ། །ཐུགས་རྗེ་རང་གི་ངོ་བོ་སྟན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་པས་དབྱེར་མྱེད་ན་ཡང་། ཞེས་པའི། ཆོས་ཐམས་ཅད་ནི་འཁོར་བའི་ཆོས་སོ། །ཡེ་ནས་ནི་གཞི་དངོས་པོའི་གནས་ལུགས་ནས་སོ། །སངས་རྒྱས་པའི་ངོ་བོ་ཉིད་ནི། དོན་དམ་དུ་ཆོས་སྐུར་སངས་རྒྱས། ཀུན་རྫོབ་དུ་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་སངས་རྒྱས། སངས་རྒྱས་ཀྱི་ཐུགས་དང་། སེམས་ཅན་གྱི་སེམས་རང་གི་ངོ་བོ་ཉིད་སངས་རྒྱས་སུ་གཅིག་གོ། །ཐུགས་རྗེ་སྐྱེ་བའི་ཡུལ་བསྟན། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས། ཞེས། ཐུགས་རྗེ་སྐྱེ་བའི་ཡུལ་ནི། ཕྱིན་ཅི་ལོག་དུ་འགྲོ་བ་རྣམས་སོ། །དེའི་སེམས་ཀྱི་རྣམ་པར་རྟོག་པ་ནི་མ་རིག་པ་ལས་ཡིན་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་གཞི་ལམ་གོལ། ཀུན་ཏུ་བཏགས་པའི་མ་རིག་པས་མཚམས་སྦྱར་ནས། འགྲོ་བ་ལྔའི་རིགས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལས། ཞེས། འབྲས་བུ་སྨིན་པ་ནི། ཉོན་མོངས་པ་ལྔའི་དབང་དུ་འགྲོ་བ་ནི། ང་རྒྱལ་དང་འཕྲག་དོག་ལས་ལྷ། འདོད་ཆགས་མི། སེར་སྣ་ཡི་དྭགས། གཏི་མུག་བྱོལ་སོང་། ཞེ་སྡང་དམྱལ་བར་སྨིན། སེར་སྣ་དང་ང་རྒྱལ་ངོ་བོ་ཅིག་པའམ། རིགས་གཅིག་པས་ལྔ། དེ་རེ་རེ་ཡང་རིགས་བསམ་གྱིས་མྱི་ཁྱབ་པས། ལས་དང་བག་ཆགས་སུ་བཅས་པར་སྨིན་ནོ། །ཐུགས་རྗེ་སྐྱེ་ཚུལ་ལམ་ཐབས་སྟན་པ། ཐུགས་རྗེ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཞེས་མྱི་དམྱིགས་པའི་ཐུགས་རྗེ་རྣམ་པ་བཞི་སྟེ། རྟག་པ་རྒྱུན་དུ་སྐྱེ་བའི་ཐུགས་རྗེ་ནི་ཆུ་བོའི་རྒྱུན་ལྟར་ཆད་པ་མྱེད་པར་སྐྱེས་པ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བའི་ཐུགས་རྗེ་ཉི་མའི་འོད་དང་འདྲ། སྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བའི་ཐུགས་རྗེ་ནི། སྤྲང་པོ་ཟས་སྐོམ་སློང་བ་ལྟ་བུ། ཡུལ་དང་ཕྲད་ནས་སྐྱེ་བའི་ཐུགས་རྗེ་ནི་མཛེས་སྤྲང་རྐང་ཆད་ལག་རྡུམ་དང་ཕྲད་པ་ལྟར་སྐྱེའོ། །དེ་ཡང་སེམས་ཉིད་སངས་རྒྱས་སུ་ཡེ་ནས་སངས་རྒྱས་པར་ཤེས་པའི་ཐུགས་རྗེ་ཆེན་པོ་གཞན་ལས་ཁྱད་འཕགས་པ་སྐྱེས་པའོ། ༈ །གཏར་ཀ་གགས་གསལ་བ་ནི། ཐུགས་རྗེ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས། ཟེར་བ་ནི། གོང་དུ་ཡབ་ཡུམ་གླེང་སླང་བ་དེ། འགྲོ་བའི་དོན་དུ་གླེང་སླང་བ་མྱིན་ནམ། ཡིན་ན་ད་སྡོད་ཐུགས་རྗེ་སྐྱེས་པ་དང་འགལ་ལ། འགྲོ་བའི་དོན་དུ་གླེང་སླང་བ་མྱེན་ན། གླེང་གང་གི་དོན་དུ་སླང་ཞེ་ན། དེ་ནི་འདི་ལྟར་སྟེ། གོང་མ་ཡང་འགྲོ་བའི་དོན་དུ་ཀླེང་བ་ཡིན་ཡང་། འགྲོ་བ་ལ་འཁོར་གྱིས་རྒྱུད་བཤད་པར་མ་ཞུས་པས་འགལ་བ་མྱེད། འདིར་འགྲོ་བའི་དོན་དུ་བཤད་པར་ཞུས་པས། ཐུགས་རྗེ་ཆེན་པོས་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སེམས་ཅན་ལ་སྐྱེས་པ་ཡིན་ནོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས། འགྲོ་བ་འཁྲུལ་པ་མ་རྟོགས་པ་རྣམས་ཀྱི་དོན་ཆེད་དུ་འདི་བརྗོད་དོ། །གང་གི་དོན་དུ་བཤད་པའི་འཁྲུལ་ཚུལ་བསྟན་པ་ནི། ཨེ་མའོ་བདེ་གཤེགས་སྙིང་པོ་ལས། ཞེས། ཨེ་མའོ་ནི་ངོམ་པ་སྟེ། སྣང་བ་མཐར་ཐུག་ཅིག་ལས་མྱེད་པ་ལས་དུ་མར་འཁྲུལ་བ་ལ་ངམ་པའོ། །བདེ་གཤེགས་སྙིང་པོ་ནི། སེམས་ཉིད་ལ་གཉིས་སུ་སྣང་བ་སྟེ། གཞི་དོན་གྱི་ཀུན་གཞི་ནི་རང་བཞིན་རྣམ་དག་གི་ངོ་བོ་སྟེ། འདས་པ་བསྐྱེད་པར་བྱེད་པའི་རྒྱུའི་སྙིང་པོའོ། །སྦྱོར་བ་དོན་གྱི་ཀུན་གཞི་ནི། བག་ཆགས་སོག་པའི་གནས་ཏེ། འཁོར་བ་སྐྱེད་པར་བྱེད་པའི་རྒྱུའོ། །དེ་ལྟར་གཉིས་ལས། འདིར་བདེ་བར་གཤེགས་པའི་སྙིང་པོ་ནི། གཞི་དོན་གྱི་ཀུན་གཞི་ལ་བྱ་སྟེ། སྤྲོས་པའི་ཟུག་རྔུ་དང་བྲལ་བ་འདས་པའི་རྒྱུ་དེ་ལས། དེ་ཉིད་འཁྲུལ་གཞིར་གྱུར་པ་དེ་ལས་སོ། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ་རྒྱུ་གང་ལས་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རྒྱུ་ཅན་ལས་སོ། །རྐྱེན་གང་ལས་ན། རང་གི་རྣམ་རྟོག་གི་ཉོན་མོངས་པ་ལྔ་དང་། ལས་གསུམ་ལས་སོ། །ཀྱིས་ཅེས་པ་བྱེད་པའི་ཚིག་ཡིན་ཏེ། རྒྱུ་རྐྱེན་གཉིས་ཀྱིས་འབྲས་བུ་དངོས་པོ་བཤིས་ལ་མྱེད་པ་གཅིག་བློ་བུར་དུ་སྤྲུལ་ཞེས་སོ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །ཞེས། དེའི་འབྲས་བུ་ནི། ལུས་སྣ་ཚོགས་ནི་བཟང་ངན་ཆེ་ཆུང་ཅན་ལ་སོགས་པའོ། །དེ་ཡང་བསྡུ་ན་དྲུག་སྟེ། ལྷ་འོད་ཀྱི་ལུས། ལྷ་མ་ཡིན་སྤྲུལ་པའི་ལུས། མི་དང་བྱོལ་སོང་ཤ་ཁྲག་གི་ལུས། ཡི་དྭགས་རྩ་དབུགས་ཀྱི་ལུས། དམྱལ་བ་ལས་ཀྱི་ལུས་སོ། །ལོངས་སྤྱོད་སྣ་ཚོགས་པ་ནི། དགའ་ལྡན་ལྷའི་ལོངས་སྤྱོད། འཐབ་རྩོད་ལྷ་མ་ཡིན་གྱི་ལོངས་སྤྱོད། སྐྱིད་སྡུག་་མིའི་ལོངས་སྤྱོད། སྡུག་བསྔལ་བྱོལ་སོང་གི་ལོངས་སྤྱོད། སེར་སྣ་ཡི་དྭགས་ཀྱི་ལོངས་སྤྱོད་དེ། གཙོ་བསྲེག་སྦྲེབས་པའི་ཚ་གྲང་གི་སྡུག་བསྔལ་ལ་གནས་པ་དམྱལ་བའི་ལོངས་སྤྱོད་དོ། །གནས་དང་སྡུག་བསྔལ་ལ་སོགས་པའི། །ཞེས་པ། གནས་ནི་དྲུག་སྟེ། ལྷ་ལ་དགའ་ལྡན་གྱི་གནས་དང་། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་གནས་དང་། མི་འདོད་ལྡན་གྱི་གནས་དང་། བྱོལ་སོང་ཉམས་ལྡན་གྱི་གནས་དང་། ཡི་དྭགས་མིད་ལྡན་གྱི་གནས་དང་། དམྱལ་བ་བཟོད་ལྡན་གྱི་གནས་སོ། །སྡུག་བསྔལ་ལ་དྲུག་ཏེ། ལྷ་ལ་ལྟུང་བའི་སྡུག་བསྔལ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྤྱི་དང་བྱེ་བྲག །སྤྱིར་སྐྱེ་རྒས་ན་འཆི་བྱེ་བྲག་བརྒྱད་དོ། །བྱོལ་སོང་སྡུག་བསྔལ་ལོ། །ཡི་དྭགས་བཀྲེས་སྐོམ། དམྱལ་བ་ཚ་གྲང་ངོ་། །སོགས་ནི་བྱེ་བྲག་མི་འདྲ་བ་དུ་མ་ཡོད་པའོ། །བདག་དང་བདག་གིར་སོ་སོར་འཛིན། །ནང་འཛིན་པའི་བདག་གིས། ཕྱི་གཟུང་བའི་ཡུལ་ལ་བདག་གིས་འཛིན། ནང་རིས་སོ་སོ་དང་། དགྲ་ཟུན་ལ་སོགས་པ་སོ་སོར་འཛིན་པའོ། །སུས་ཀྱང་མ་བཅིངས་བཅིངས་མྱེད་དེ། །ཞེས། དེ་སུས་བྱས་ན། སུས་ཀྱང་མ་བྱས་ཏེ། ཁམས་གསུམ་འཁོར་བར་འཁྲུལ་ཡང་། འཆིང་བར་བྱེད་པའི་རྩོན་རྫི་ལྟ་བུའམ། བཅིངས་པར་བྱ་བ་ཡོད་མ་ཡིན། །བཅིང་པར་བྱ་བའི་བརྩོན་ལྟ་བུ་ཡང་ཡོད་པ་མ་ཡིན། འོ་ན་སུས་བྱས་ཞེ་ན། དེ་ལྟར་བདག་གཞན་དུ་འཛིན་པའི་དུས་ན་ཡང་། གཞན་སུ་ཞིག་གིས་བཅིངས་པ་མ་ཡིན་པ་ནི། སུས་ཀྱང་མི་འཆིང་། འཆིང་བ་དང་། མི་འཆིང་བ་ཡང་མྱེད་དེ། དོན་དམ་པར་བཅིང་བར་བྱ་བའི་གཞི་ཡང་ཡོད་པ་མ་ཡིན་ནོ། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ཞེས། འོ་ན་འཁོར་བར་སུས་བཅིངས་ན། རང་གི་རྣམ་པར་རྟོག་པས་བདག་གཞན་དུ་འཛིན་པ་དེས་བཅིངས། དེས་སྒྲིབས། དེས་སྡམས་སོ། །ནམ་གྱི་མཁའ་ལ་མདུད་པ་འདོར། །དེའི་དཔེ་ནི་གཉིས་ཏེ། མི་སྙོན་པས་ནམ་མཁའ་སྟོང་པ་ལ་མདུད་པ་འདོར་བ་དང་འདྲ་བ་དང་། ཐང་ཕྲོམ་ཟོས་པའི་མིས་ནམ་ཀ་ལ་སྐྲ་ཤད་འཇག་པར་མཐོང་བ་ལྟར། རང་སེམས་སྟོང་པ་ལ་འཁྲུལ་པའི་མདུད་པ་འདོར་བའོ། །དངོས་པ་གང་བཤད་པའི་ཚུལ་ལོ། །བཅིངས་མྱེད་རྣམ་པར་གྲོལ་མྱེད་པའི། །ཞེས། བཅིང་མཁན་མྱེད་པས། ཅིངས་པ་ཡང་མྱེད། ཅིངས་པ་མྱེད་པས་ན་གྲོ་བ་ཡང་མྱེད། དེ་ལྟར་བཅིངས་པ་མྱེད་ཙམ་ན། དེ་ལས་ལྟོས་པའི་གྲོལ་བ་ཡང་མྱེད་པ་ཡིན་ནོ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས། འོ་ན་གང་ཞེ་ན། ཆོས་ཐམས་ཅད་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་རྫོགས་པར་སངས་རྒྱས་པ་དེ་རང་བཞིན་རྣམ་དག་གི་ངོ་བོ་ཡང་ཡིན། རྒྱུད་དག་པའི་སངས་རྒྱས་ཀྱིས་ཐུགས་སུ་ཆུད་པའི་ཆོས་ཡང་དེ་ཡིན། ཡེ་ནས་ལྷུན་གྱིས་གྲུབ་པ་རྫོགས་པ་ཆེན་པོར་སངས་རྒྱས་པ་ཡང་དེ་ཡིན་ནོ། །སྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་པ། དེའི་དོན་སྟན་པའི་ཕྱིར་རམ། དེའི་འཇུག་པའི་ལམ་སྟེགས་སྟན་པའི་ཕྱིར་ན། ཐུབ་པ་དྲུག་སྤྲོས་ནས། ཐེག་པ་སྣ་ཚོགས་ཞིག་སྤྲོ་བར་མཛད་པའོ། །ཞེས་དེ་བཞིན་གཤེགས་པ་ཉིད། སྟོན་པ་སངས་རྒྱས། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་། །འཁོར་གྱི་སངས་རྒྱས་ཉིད་ལ། འགྲོ་བའི་དོན། ༈ །གཏར་ཀ་གགས་གསལ་བ་ནི། འདིར་བཅིང་གྲོལ་མྱེད་པའི་ཆོས་གསུང་བར་བྱས་ནས། འོག་ཏུ་རྫོགས་ཆེན་གྱི་ཆོས་ལྟ་བུ་ཞིག་འོང་ལ་ཐང་པ་ལ། མ་ཧཱ་ཡོ་གའི་ལྟ་བསྒོམ་ལྔ་བྱུང་བ་དང་འགལ། ཞེ་ན། དེ་ནི་མི་འགལ་ཏེ། ལྷ་སྒོམ་པ་དེ་ཡང་། ཡོ་ག་བ་འམ་ཀྲི་ཡ་ལྟར་རང་ལ་མྱེད་པ་གཅིག་རྩལ་ནས་ཀུན་བཏགས་སུ་རང་རྒྱུད་པར་སྒོམ་པ་ལྟ་བུ་མིན་ཏེ། ལྷ་ཉིད་རང་ལ་རྟོག་ཚོགས་སུ་ཡོད་པ་ཁོ་ན་བཅིངས་གྲོལ་མྱེད་པའི་ཆོས་ཡིན་པར་ཤེས་པར་བྱའོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་གསང་བ་ནི་རྟོགས་པར་དཀའ་བ། སྙིང་པོ་ནི་བཅུད་འདུས་པ། དེ་ཁོ་ན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ཉིད། ངེས་པ་ནི་ཡང་དག་པའི་ངེས་པའི་དོན་ཁོ་ནའོ། །དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།གྲོལ་ལམ་དུ་ན། སྐྱེ་བ་མྱེད་ལས་ཐམས་ཅད་སྐྱེས་ཅེས་པ་ལ་སོགས་ནི། དོན་དམ་པར་སེམས་བསྐྱེད་པའོ། །ཐབས་ལམ་དུ་ན། ཡབ་ཡུམ་གྱི་ཐིག་ལེ་དཀར་དམར་ནི། ཀུན་རྫོབ་དུ་སེམས་བསྐྱེད་པའོ། །བདེ་སྟོང་ཉམས་སུ་མྱོང་བ་ནི་དོན་དམ་དུ་སེམས་བསྐྱེད་པའོ། །སེམས་ཅན་གྱི་སེམས་ཡེ་ནས་སངས་རྒྱས་པའི་ཡེ་ཤེས་སུ་བློ་བསྐྱེད་པའོ། །གླེང་སླངས་བས་སེམས་བསྐྱེད་འབྱུང་བའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཞེས་པ། དེ་ནས་ནི། ལེའུ་གཉིས་པར་འོག་མིན་གྱི་སྟོན་པ་མཐོང་བའི་སྐལ་བ་མྱེད་པ། གསང་བ་བཞི་མ་རྟོགས་པ་རྣམས་ལ་སྟན་པ་སྤྲོ་བར་ཞུས་པས། སྤྲོ་བར་མཛད་པའི་བརྗེས་དེ་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ལས་ནི། ཀུན་ཏུ་བཟང་པོ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ལས་སོ། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི། ཞེས། དཔེར་ན་ཉི་མ་བར་སྣང་ལ་ཤར་བས་འོད་འཛམ་བུ་གླིང་དུ་གསལ་བ་དེ། ཉི་མ་ཉིད་ཡིན་ནམ་ཞེ་ན། ཉི་མའི་བྱིན་རླབས་ཡིན་བྱ་བ་དང་འདྲ་བར། དེ་བཞིན་གཤེགས་པའི་ཐུགས་རྗེའི་བྱིན་རླབས་སམ། རང་བཞིན་ཉིད་ཐུབ་པ་ཆེན་པོ་དྲུག་ལྷར་སྣང་བ་ལ་བྱའོ། །རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཅེས་པའི། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཞེས་རིག་པ་ནི། མཉམ་པ་ཉིད་ཀྱི་དོན་རིག་པའི་དུས་སོ། །སྐྱེས་བུ་ནི་བྱང་ཆུབ་སེམས་ལས་སྐྱེས་པས་སྐྱེས་བུ། ཐུབ་པ་ནི་ལུས་ངག་ཡིད་གསུམ་གསུངས་པ་མྱེད་པར་ཐུབ་པ། དྲུག་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་གྲངས་མྱེད་ན་ཡང་། ཐུགས་རྗེས་འགྲོ་བའི་དོན་བྱ་བའི་གནས་འཇིག་རྟེན་དྲུག་ཡོད་པས། དེ་དང་སྦྱར་བའི་སྤྲུལ་པ་དྲུག་སྟན་པ་ནི། ལྷ་ལ་ཐུབ་པ་ཆེན་པོ་སྲིད་ཐུབ་འཛིན་དང་། ལྷ་མ་ཡིན་ལ་རྣམ་པར་རྒྱལ་བ་དང་། མི་ལ་ཤཱཀྱ་སེངྒེ་དང་། བྱོལ་སོང་ལ་རྣམ་པར་གནོན་དང་། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོའོ། །སྤྲུལ་སྐུ་འཇིག་རྟེན་དུ་སྣང་བར་གྱུར་པ་ཙམ་ལ་ཐོན་ཏེ་ཞེས་སོ། ༈ །ལེའུ་གསུམ་པ་ལ་ངག་དོན་དུ་གཉིས་ཏེ། གཏན་ལ་འབེབས་པའི་ཕུན་སུམ་ཚོགས་པ་དང་། གཏན་ལ་ཕབ་པའི་ཆོས་སོ། །གཏན་ལ་འབེབས་པ་ནི་ལྔ་སྟེ། སྤྲུལ་པ་གང་ལས་ཕྱུང་། ངོ་བོ་གང་སྟོན། གནས་གང་དུ་སྟོན། ལས་ཅི་མཛད། གདུལ་བྱ་གང་གི་དོན་མཛད་ཞེས་སོ། །སྤྲུལ་པ་གང་ལས་ཕྱུང་ན། སྟོན་པ་རྡོ་རྗེ་འཆང་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་ཕྱུང་ངོ་། །ངོ་བོ་གང་སྟོན་ན། ཐུབ་པ་དྲུག་གི་སྟོན་ནོ། །གནས་གང་དུ་སྟོན་ན། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རྣམས་སུ་སྟོན་ནོ། །ལས་ཅི་མཛད་ན། བསྟན་པ་འདུལ་བ་བཞིས། འགྲོ་བ་སེམས་ཅན་ལྔའི་དོན་མཛད། གདུལ་བྱ་གང་གི་དོན་བྱེད་ན། ཉོན་མོངས་པ་སྟོང་ཕྲག་བརྒྱ་བཅུ་རྩ་བཞིའི་གཉེན་པོར། ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་གསུངས་སོ། །གཏན་ལ་ཕབ་པའི་ཆོས་ནི་གཉིས་ཏེ། ཐེག་པ་སྤྱིའི་གནས་ལུགས་དང་། རྒྱུད་འདི་ཉིད་ཀྱི་ལྟ་བའོ། །གནས་སྟན་པ་ནི། ཐོན་ནས་ཀྱང་ལས་ཀྱི་དབང་གིས། ཞེས། སྣྲེལ་ཐད་ཀ །གཞི་དང་བཞི། ཡན་སྟེང་། མན་འོག །གྱི། ཞེས་པ་ཐོན་ནས་ཀྱང་ཅེས་པ་ནི། སྣང་བར་གྱུར་ནས་ཀྱང་། སེམས་ཅན་གྱི་ལས་ལ་དགེ་སྡིག་གཉིས་དཔྱད་པའི་དབང་གིས་གནས་ཡང་མི་མཐུན་པ་སྟོན་པས་ན། སྣྲེལ་བཞི། གཞི་ནི་ལྗིད་ཕྲེད་དུ་ཕེབས་པས་ཏེ་ཐད་ཀའོ། །ཡན་སྟེང་ལྷ། མན་འོག་དམྱལ་བའོ། ༈ །གགས་གསལ་བ་ནི། ལེའུ་དང་པོ་གླེང་གཞི་བྱུང་། གཉིས་པར་གླེང་སླངས་ནས། གསུམ་པར་ཡང་གླེང་གཞི་བྱུང་བས། འདབས་སོ་ཞེ་ན། མ་འདབས་ཏེ། ལེའུ་དང་པོ་རང་བཞིན་གྱི་སྣང་བ་ལ་དགོངས། གཉིས་པར་དེ་བཞིན་གཤེགས་པས་རང་གི་ས་གོ་ཡང་། འགྲོ་བ་འཁྲུལ་པ་ལ་ཆོས་བཤད་པར་ཞུས་པས། བདེ་བར་གཤེགས་པའི་སྣང་བ་ལ་དགོངས་སོ། །འོག་མིན་མཐོང་བའི་སྐལ་བ་མྱེད་པ་ལ་སྤྲུལ་སྐུ་སྟན་པས། ལེའུ་གསུམ་པར་སྤྲུལ་སྐུའི་གླེང་གཞི་སྟོན་ནོ། །འདི་མན་ཆད་འཁྲུལ་པའི་སྣང་བ་ལ་དགོངས་པའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མྱེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཞེས་པས། ཕྱི་སྣོད་འཇིག་པ་ལ་ནང་བཅུད་འཇིག་པ་རྟེན་པའོ། །དྲུག་ནི་རིགས་དྲུག་གི་གནས་སོ། །དེ་རེ་རེ་ལ་ཡང་ཕྱོགས་བཅུའོ། །དྲངས་མཐའ་ཡས། ཚད་ལ་མུ་མྱེད། མཚོན་པ་ཙམ་དུ་གྲངས་བཟུང་ན་གསུམ་སྟེ། གླིང་བཞི་གླིང་ཕྲན་མཐའ་ལྕགས་རིས་སྐོར་བ་སྟེང་འོག་དང་བཅས་པ། གཅིག་ནས་གཉིས་སུ་གྲངས་པ་སྟོང་ལ། སྟོང་ཆུང་རྒྱུན་ནམ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །སྟོང་ཆུང་རྒྱུན་གཅིག་ནས་གཉིས་སུ་གྲངས་པ་སྟོང་པ་ནི་སྟོང་འབྲིང་པོ་འམ་སྟོང་གཉིས་པ་བར་མ་ཞེས་བྱའོ། །སྟོང་འབྲིང་པོ་གཅིག་ནས་གཉིས་སུ་གྲངས་པ་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོ་དེ་ལྟ་བུ་གནས་རེ་རེ་ཞེས་བྱ་བའི་དོན་ཏེ། སྟོན་པ་བསྟན་པ་ནི། ཐུབ་པ་ཆེན་པོ། བཅོམ་ལྡན་འདས་རེ་རེས། ཞེས་པ། གདུལ་བྱའི་སྣང་བ་དང་བཏུན་པའི་སྟོན་པ་ནི་གཉིས་ཏེ། ཇི་སྙད་པར་བསྟན་པ་དང་། ཇི་ལྟ་བར་བསྟན་པའོ། །ཇི་སྙེད་པ་ནི། དཔེར་ན་ཟླ་བ་གཅིག་ལས་མྱེད་ཡང་། ཆུ་སྣོད་བརྒྱ་རྩ་བརྒྱད་དུ་སྣང་བ་ལྟར། སྤྲུལ་པ་གཅིག་གིས་གདུལ་བྱ་ཀུན་ལ་སྣང་བར་སྤྲུལ་ལོ། །ཇི་ལྟ་བ་ནི། དེ་བཞིན་གཤེགས་པའི་སྤྲུལ་པས་འཇིག་རྟེན་ཁམས་གཅིག་ཏུ་ཡང་བསམ་གྱིས་མི་ཁྱབ་པས་དོན་མཛད་དེ། རེ་ཤིག་མཚན་ཉིད་ཀྱི་ཐེག་པའི་ལུགས་ཀྱིས་མི་སྲིད་པའི་ཚེས་བཞི་དང་། མྱི་འགལ་བར་བྱ་བའི་ཕྱིར་ན། མཛད་པ་མཐར་ཕྱིན་པའི་སྤྲུལ་སྐུ་རེ་རེས་དོན་མཛད་པར་སྟན་པའི་ཕྱིར་ན། རེ་རེས་ཞེས་སྨོས་པ་ཡིན་ནོ། །འདུལ་ཐབས་སྟན་པ་ནི། འདུལ་བ་རྣམ་པ་བཞིས། ཞེས་པ། དེ་ལྟར་དོན་མཛད་པ་དེ་ཡང་ནན་གྱིས་བྱེད་པ་མ་ཡིན་པས། འདུལ་བ་བཞི་སྟེ། མངོན་སུམ་གྱིས་འདུལ་བ་དང་། ༼ལྟམ་པ་དང་།༽ རྫུ་འཕྲུལ་གྱིས་འདུལ་བ་དང་། ༼དུས་བཞི་ཀུན་ཏུ་མཁྱེན་པ་དང་།༽ བསོད་ནམས་ཀྱིས་འདུལ་བ་དང་། ༼ཀུན་ཏུ་སྐུ་བསམ་གྱིས།༽ རིག་པས་འདུལ་བའོ། །༼དེ་དག་ཀུན་ཀྱང་འདི་ལྟ་སྟེ།༽ མངོན་སུམ་གྱིས་འདུལ་བ་ནི། མངོན་སྤྱོད་དོ། །༼མཛད་པ་བཅུ་གཉིས།༽ རྫུ་འཕྲུལ་གྱི་འདུལ་བ་ནི་མངོན་ཤེས་སོ། །བསོད་ནམས་ནི་དགེ་བ་ལ་འཛུད་པའོ། །རིག་པས་ནི་རིག་པ་དང་མི་འགལ་བར་ཕྱིན་ཅི་ལོག་ཡོང་ངོ་། །འཁོར་སྟན་པ་ནི། འགྲོ་བ་ལྔའི་དོན་མཛད་དེ། ཞེས་པ། འགྲོ་བ་རིགས་དྲུག་རེ་རེའི་ནང་ན་ཉོན་མོངས་པ་ལྔ་ཚང་བ་ལ་དགོངས་པ་སྟེ། གཏི་མུག་གི་མུན་པ་སེལ། ཞེ་སྡང་གི་མེ་གསོད། གཟི་བརྗིད་མཐའ་ཡས། དྷརྨ་ཙཉཏྲ་྅྅྅འམ་བཏང་སྙོམས་དོན་གྲུབ། རྒྱ་གྲམ་བརྩེགས་པ། ཀེའུ་ཤན་དཔེ་མྱེད་བསམ་འདས། ལྟམ་པ་དང་། ཞེས་ལུམ་བི་ཚལ་དུ། བྱང་ཆུབ་ཀྱི་ཤིང་ཀླག་ཤ་ལ་འཇུས་ནས་འཆན་ཁུང་གཡས་སུ་སྐུ་ལྟམ་མོ། །རབ་ཏུ་བྱུང་བ་དང་། ཞེས་མཆོད་རྟེན་རྣམ་དག་གི་རྩར། རང་གི་དབུ་སྐྲ་རང་གིས་བཞར་ཏེ་འཁོར་བ་ལས་རབ་ཏུ་བྱུང་ངོ་། །དཀའ་ཐུབ་མཛད་པ་དང་། ཞེས་ཆུ་བོ་ན་ར་ཛ་རའི་འགྲམ་དུ་དཀའ་ཐུབ་ལོ་བདུན་མཛད་པ་དང་། སངས་རྒྱས་པ་དང་། ཞེས་ཡུལ་མ་ཧཱ་བོ་དེར་རྡོ་རྗེའི་གདན་ལ་སངས་རྒྱས། ཡང་ན་རྡོ་རྗེ་གདན་ལ་སྲོད་ལ་བདུད་བཏུལ། ནམ་ཕྱེད་སངས་རྒྱས་པའོ། །བདུད་བཏུལ་བ་དང་། ཞེས་དེ་ནས་ཡུལ་མ་ག་དར་བདུད་བཞི་བཏུལ་ནས་རྒོལ་བ་ངན་ཚར་གཅོད་པ་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཞེས་དེ་ནས་ཡུལ་བ་ར་ན་སེར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྐོར། བྱ་རྒོད་ཕུང་པོའི་རི་ལ་མཚན་མ་མྱེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ཞེས་དེ་ནས་ཡུལ་གཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་ལོ། །མཛད་པ་བཅུ་གཉིས་ལ་ངག་དོན་དུ་གཉིས་ཏེ། འཇིག་རྟེན་པའི་མཛད་པ་དང་། འདས་པའི་མཛད་པའོ། །འཇིག་རྟེན་པའི་མཛད་པ་ནི་དྲུག་སྟེ། ལྷུམས་སུ་ཞུགས་པ་ནི། ཀུན་ཏུ་བཟང་པོའི་ཐུགས་ལས་ཡེ་ཤེས་ཀྱི་རྩལ་ཤར་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། མཚན་ཉིད་པ་ལྟར། དགའ་ལྡན་གྱི་གནས་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱིས་སྐུལ་ནས། འཇིག་རྟེན་སེམས་ཅན་གྱི་དོན་མཛད་པ་བཞི་ལ་གཟིགས་ནས་ལྷུམས་སུ་ཞུགས་པའོ། །གཉིས་པ་སྐུ་ལྟམ་པ་ནི། ལུམ་བིའི་ཚལ་དུ། བྱང་ཆུབ་ཀྱི་ཤིང་ཀླག་ཤ་ལ་ཡུམ་གྱི་ཕྱག་གཡས་པ་འཇུས་ནས། མའི་མཆན་ཁུང་གཡས་སུ་སྐུ་ལྟམ། དེ་ལ་ལྷ་ཀ་ཤི་ཀས་ལག་ཏུ་བླངས། ཚངས་པ་དང་བརྒྱ་བྱིན་གྱིས་ཕ་མའི་ཚུལ་དུ་བྱས། ཀླུའི་རྒྱལ་པོས་རི་རབ་ཀྱི་བྱང་ཕྱོགས་དྷར་ན་འཛིན་ནས་ཆུ་བླངས་ནས་སྐུ་ཁྲུས་གསོལ། བྲམ་ཟེ་མཚན་མཁན་ལ་མཚན་བཏགས། མིང་རྒྱལ་བུ་དོན་ཐམས་ཅད་གྲུབ་པར་བཏགས་སོ། །གསུམ་པ་གཞོན་ནུ་རོལ་རྩེད་མཛད་པ་ནི། རང་གི་ན་མཉམ་དང་རོལ་རྩེད་མཛད་པའོ། །བཞི་པ་འཇིག་རྟེན་པའི་སློབ་དཔོན་མཛད་པ་ནི། གཟོ་དང་རིགས་བྱེད་ཐམས་ཅད་སླབས་པའོ། །ལྔ་པ་རྒྱལ་སྲིད་གཟུང་བ་ནི། ཤཱཀྱའི་ལག་ན་བེ་ཅོན་གྱི་བུ་མོ་ཤག་གཟའ་ས་མཚོ་མ་ཁབ་ཏུ་བཞེས་པའོ། །དྲུག་པ་རབ་ཏུ་བྱུང་བ་ནི། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་སྒོ་བཞིར་སྐྱེ་རྒས་ན་འཆི་སྡུག་བསྔལ་མཐོང་ནས། ཁྱིམ་ནས་ཁྱིམ་མྱེད་པར་རབ་ཏུ་འབྱུང་བཞེད་པ་ལ་མ་བཏང་བ་ལ། རྒྱལ་པོ་བཞིས་ནམ་མཁའ་ལ་སྤྱན་དྲངས་ནས། མཆོད་རྟེན་རྣམ་དག་གི་རྩར་རང་གི་དབུ་སྐྲ་རང་རིག་བཞར་ནས་རབ་ཏུ་བྱུང་ངོ་། །འདས་པའི་མཛད་པ་ནི་དྲུག་སྟེ། དང་པོ་དཀའ་ཐུབ་མཛད་པ་ནི། ཆུ་བོ་ནེ་ར་ཛ་རའི་འགྲམ་དུ་དཀའ་ཐུབ་ལོ་གསུམ་དུ་འབྲས་ས་ལུ་ལྗང་པ་རེ་དང་ཆུ་ཐིགས་པ་རེ་གསོལ། ལོ་གསུམ་དུ་ཅི་ཡང་མ་གསོལ་ཡང་བསྐྲེས་ཤིང་སྙེལ་བ་མྱེད་དོ། །གཉིས་པ་བདུད་བཏུལ་བ་ནི། ཡུལ་མ་ག་དྷ་ར་བདུད་བཞི་བཏུལ་ཏེ། ལྷ་མེ་ཏོག་གི་མདའ་ཅན་དང་། ལྷ་མོ་མཛེས་སྡུག་རྟེན་པ་གཉིས་རང་སར་བཏུལ་ལོ། །གསུམ་པ་སངས་རྒྱས་པ་ནི། ཡུལ་མ་ཧཱ་བྷོ་དིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་ཏེ་སངས་རྒྱས་པའོ། །བཞི་པ་ཆོས་ཀྱི་འཁོར་ལོ་སྐོར་བ་ནི། ཡུལ་བ་ར་ན་སེར་བདེན་པ་བཞི་གསུངས། བྱ་རྒོད་ཕུང་པོའི་རི་ལ་ཡུམ་ཆེན་མོ་གསུངས་སོ། །ལྔ་པ་ཆོ་འཕྲུལ་ཆེན་པོ་བསྟན་པ་ནི། ཡུལ་གཉེན་ཡོད་ཀྱི་གླིང་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་ནས། ཆོ་འཕྲུལ་བསྟན་ནོ། །དྲུག་པ་མྱ་ངན་ལས་འདས་པ་ནི། གྲོང་ཁྱེར་རྩ་མཆོག་ཏུ་སྐུ་མྱ་ངན་ལས་འདས་ནས། སྐུ་གདུང་དང་རིང་སྲེལ་བསྒོས་པའོ། །གཏར་ཀ་གགས་གསལ་བ་ནི། ཆོས་ཀྱི་འཁོར་ལོ་སྐོར་བ་དང་ཅེས་པ་ནི། སྐུའི་མཛད་པ་ཡིན། སྐུས་ཆོས་ཀྱི་འཁོར་ལོ་སྐོར་བར་མི་འཐད་ཞེ་ན། སྐུ་བཞུགས་ཙམ་ན་ཆོས་གསུངས་པ་དེ་སྐུའི་མཛད་པ། གསུང་པ་དེ་སྤོ་ཏི་གླེགས་བམ་ལ་བསྡུས་པ་དེ་གསུང་གི་མཛད་པའོ། །ཡང་ན་མངོན་སུམ་གྱིས་འདུལ་བའི་དུས་ན། ཆོས་ཀྱི་འཁོར་ལོ་བཀའ་རིམ་པ་གསུམ་དུ་སྐོར་ལ། རིགས་པས་འདུལ་བའི་དུས་ན་སྟོང་ཕྲག་བརྒྱ་བཅུ་ལ་སོགས་པ་གསུངས་པས་ཡང་མི་འགལ་ལོ། །མྱ་ངན་ལས་འདས་པ་ལ་སོགས་པར། བདེ་བྱེད་གཞོན་ནུའམ་ཁམས་གསུམ་བདེ་རྒྱས་སོ། །སྟོན་པས་ཐུབ་པས། ཞེས་ཡུལ་ཡངས་པ་ཅན་གྱི་ཉེ་འཁོར་ན། ཤིང་ས་ལ་ཟུང་གཅིག་གི་ཚལ་དུ་མྱ་ངན་ལས་འདས་ཏེ། བསོགས་པ་ནི་སྐུ་གདུང་དགོས་པ་དང་། ལྷུམས་སུ་ཞུགས་པ་དང་། གཞོན་ནུ་རོལ་རྩེད་མཛད་པ་དང་། ཁབ་བཞེས་པ་དང་། འཇིག་རྟེན་གྱི་སློབ་དཔོན་མཛད་པ་སྟེ། མདོར་ན་མ་ཚང་བ་རྣམས་བསྡུའོ། །དུས་ཀྱི་མངོན་ཤེས་བསྟན་པ་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཞེས་ནང་གི་མངོན་ཤེས་ནི། འདས་པའི་གནས་དང་། ད་ལྟར་གྱི་གནས་དང་། མ་འོངས་པའི་གནས་དང་། འབྱུང་བར་མ་ངེས་པའི་གནས་ཐ་མི་དད་དེ། སྔོན་གར་གནས། ད་ལྟ་གར་འགྲོ། ཕྱིས་ཅིར་འགྱུར་རྣམས། སྔོན་གྱི་གཏན་ཚིགས་རྣམས་ཞག་གསུམ་ལོན་པ་ལྟ་བུའི་དུས་བཞིན་དྲན། ༈ གཏར་ཀས་གགས་གསལ་བ་ནི། དུས་བཞི་ཐད་ཀར་མཁྱེན་ན་མངོན་ཤེས་སུ་མི་འགྲོ། ཐ་མི་དད་དུ་མཁྱེན་ན་ཡང་རྟག་པ་གཉིས་ཏེ། དངོས་པོའི་གནས་ལུགས་ལ་མ་ཡིན་པ་ཅིག་ཐ་མི་དད་དུ་མཁྱེན་ན་རྒྱལ་བའི་དགོངས་པ་ཀུན་བཏགས་སུ་འགྲོ། དངོས་པོའི་གནས་ལུགས་ལ་ཡིན་པ་ཅིག་ཐ་མི་དད་དུ་མཁྱེན་ན། ཡང་གཉིས་ཏེ། སྐྱེ་མྱེད་དུ་མཁྱེན་ན་དེ་མངོན་ཤེས་སུ་མི་འགྲོ། འགག་མྱེད་དུ་མཁྱེན་ན། དཔེར་ན་ཆོས་ཅན་ཆགས་ཤིང་ལྟ་བུ་གཅིག་ལ། འདས་པ་ཡལ་ག་ལོ་མ་ཅན་དང་། མ་འོངས་པ་མེར་བུས་ན་ཐལ་བར་འགྲོ་བ་གཉིས། ད་ལྟའི་ཆགས་ཤིང་ལ་ཇི་ལྟར་སྒྲུབ་ཞེ་ན། དེ་འདི་ལྟར་བཞེད་དེ། ཡོངས་སུ་རྫོགས་པའི་དངོས་ནས་སྒྲུབས་ན་སྣང་བ་ཐ་དད་འདི་བརྩལ་ན་མ་རྙེད་པས་ན། ད་ལྟར་གྱི་ཆགས་ཤིང་ལ་འདས་མ་འོངས་གཉིས་ཚང་། སྟོང་པ་ལ་ཐ་དད་མྱེད་པའི་ཕྱིར་ཡང་ད་ལྟར་འདས་མ་འོངས་གཉིས་ཚང་། བསམས་ན་སྣང་དུ་རུང་བའི་ཕྱིར་ཡང་ད་ལྟར་ལ་འདས་མ་འོངས་གཉིས་ཚང་བའོ། །མ་འདྲེས་པའི་དངོས་ནས། འདས་མ་འོངས་ད་ལྟར་གསུམ་གཅིག་གི་གོ་ས་གཅིག་གིས་མ་བཀག་སྟེ། དེ་ཉིད་ལས་གཞན་དུ་འགྱུར་བ་ཡང་མ་ཡིན་ནོ། །ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་བསྟན་པ་ནི། ཐམས་ཅད་ཀྱི་སེམས་ཉིད་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། ཞེས། ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ནི། སེམས་ཅན་འདི་ནི་ཞེ་སྡང་ཅན་ནོ། །འདི་ནི་གཏི་མུག་ཅན་ནོ། །འདི་ནི་ང་རྒྱལ་ཅན་ནོ། །འདི་ནི་འདོད་ཆགས་ཅན་ནོ། །འདི་ནི་འཕྲག་དོག་ཅན་ནོ་ཞེའམ། འདི་ནི་ཞེ་སྡང་དང་བྲལ་བའོ་འམ། འདི་ནི་དུག་ལྔ་དང་བྲལ་བའོ་ཞེས། སེམས་ཀྱི་རྒྱུད་ཐ་དད་པ་རྣམས་མཁྱེན་པའོ། །སྤྱན་གྱི་མངོན་ཤེས་བསྟན་པ་ནི། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་དུ་གཟིགས་པ་དང་། ཞེས་པ་ལ་སྤྱན་གྱི་མངོན་ཤེས་ནི་གཉིས་ཏེ། འདས་པ་མཁྱེན་པའི་སྤྱན་གྱིས། སངས་རྒྱས་རྣམས་ཉིད་ཀྱི་གནས་གང་ན་བཞུགས་པ་མཐོང་། འཁོར་བ་མཁྱེན་པའི་སྤྱན་གྱིས། སྣོད་བཅུད་ཆེ་ཆུང་ཅན་རྣམས་དཔེར་ན་སྐྱུ་རུ་ར་རློན་པ་ལག་ཐིལ་དུ་གཞག་པ་ལྟར་མཐོང་། སྙན་གྱི་མངོན་ཤེས་བསྟན་པ་ནི། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་བསན་པ་དང་། ཞེས་སྙན་གྱི་མངོན་ཤེས་ནི། སངས་རྒྱས་ཀྱི་གསུང་ཞིང་ཁམས་ཐ་དད་པ་ལྟར་ན་སྒྲོགས་པ་དང་། སེམས་ཅན་སོ་སོའི་སྐད་མི་ཅིག་པ་རྣམས་ཐོས་པ་ནི། དཔེར་ན་ད་ལྟར་རང་གི་རྣ་བའི་དྲུང་ན་འཁོད་པ་ལྟར་ཐོས་པའོ། །རྫུ་འཕྲུལ་གྱི་མངོན་ཤེས། རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་སྤྱོད་པ་དང་། ཞེས་རྫུ་འཕྲུལ་གྱི་མངོན་ཤེས་བསྟན་པ་ནི། སེམས་ཅན་གང་ལ་གང་འདུལ་ལ། སངས་རྒྱས་འཁོར་དང་བཅས་པས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས་སེམས་ཅན་དེའི་དོན་བྱེད་པའོ། །ཟག་པ་མྱེད་པའི་སྤྱོད་པ་རྫོགས་པའོ། །ཟག་པ་མྱེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ། ཞེས་མངོན་ཤེས་ཀྱི་ཁྱད་པར་ནི་གཉིས་ཏེ། ཟག་པ་དང་བཅས་པ་ཕྱོགས་ཅིག་པའི་མངོན་ཤེས་ནི། འཇིག་རྟེན་གྱི་ལྷ་ཀླུའི་མངོན་ཤེས་ལྟ་བུ་མ་ཡིན་ཏེ། འགྲོ་བ་མ་ལུས་པའི་དོན་མཛད་ཡང་རང་ལ་ཟག་པ་མྱེད་པའོ། །ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་ཅིའི་ཕྱིར་ཟག་པ་མྱེད་ན། འགྲོ་བའི་དོན་ལ་བླང་དོར་མྱེད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པས། ཚོགས་གཉིས་རྫོགས་པར་གྱུར་པས་ཟག་པ་མྱེད་དོ། །མངོན་ཤེས་ནི། ལྐོག་ཏུ་གྱུར་པའི་དོན་མངོན་དུ་ཤེས་པའོ། །ཆེན་པོ་ནི། འཇིག་རྟེན་ལས་ཁྱད་པར་འཕགས་པའོ། །དྲུག་ནི་ཐུན་མོང་མ་ཡིན་ཏེ། དུས་ཀྱི་མངོན་ཤེས་དང་། གནས་ཀྱི་མངོན་ཤེས་དང་། སྤྱན་གྱི་དང་། སྙན་དང་། ཕ་རོལ་སེམས་དང་། རྫུ་འཕྲུལ་གྱི་མངོན་ཤེས་དང་དྲུག་གོ། ༈ །འདིར་མངོན་ཤེས་ལ་གགས་གསལ་ན། ཟག་མྱེད་ཀྱི་མངོན་ཤེས་ལ། རྫུ་འཕྲུལ་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྫུ་འཕྲུལ་ཤན་པའི་གཟུགས་སུ་སྤྲུལ་ཡང་སྡིག་པས་མི་གོས་པས་ཟག་པ་མྱེད། ཤན་པ་དང་སྨན་འཚོང་མས་འདུལ་བར་ཤེས་ན་ཡང་དེར་སྤྲུལ་བས་ན་རྫུ་འཕྲུལ་ལོ། །མངོན་པར་ཤེས་སོ་ཆེན་པོ་དྲུག་ཟེར་ཡང་ལྔ་ལས་མ་བྱུང་བ་ཅི་ཞེ་ན། མངོན་ཤེས་ལྔ་ཀུན་ཏུ་བཟང་པོའི་སྤྱོད་པས་འདུལ་བ་དང་དྲུག་གམ། ཡང་ན་དུས་མཁྱེན་པ་ལ་གནས་མཁྱེན་པ་དབྱེའོ། །ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་ཞི་བས་འདུལ་བ་ལ་ཞི་བའི་སྐུར་སྟོན། ཁྲོ་བོས་འདུལ་བ་ལ་ཁྲོ་བོའི་སྐུར་སྟོན། ཤན་པ་དང་། སྨད་འཚོང་མ་དང་། བྱ་དང་། རི་དྭགས་དང་། གཅན་གཟན་ལ་སོགས་པ་གང་ལ་གང་འདུལ་དུ་སྟོན་པས་ན། སྐུས་འདུལ་བར་སྣང་བའོ། །ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཞེས་ཐུགས་ཀྱིས་འདུལ་བ་ནི། ཞི་བའི་སེམས་ཀྱིས་ཐུལ་ན་དང་བའི་སེམས་དང་། རྒྱས་པའི་ཐུགས་ཀྱིས་འདུལ་ན་དགའ་བའི་སེམས་དང་། དབང་གི་ཐུགས་ཀྱིས་འདུལ་ན་ཆགས་པའི་སེམས་དང་། དྲག་པོས་འདུལ་ན་ཁྲོས་པའི་སེམས་ཏེ། ཐུགས་བསམ་གྱིས་མི་ཁྱབ་པར་ཟད་དོ། ༈ །གཏར་ཀ་གགས་གསལ་བ་ནི། འདིར་འདུལ་བ་བཞི་ལ། མངོན་སུམ་གྱིས་འདུལ་བ་མཛད་པ་བཅུ་གཉིས་བསྟན། རྫུ་འཕྲུལ་གྱིས་འདུལ་བ་མངོན་པར་ཤེས་པ་ལྔའམ་དྲུག་ཏུ་བསྟན། བསོད་ནམས་ཀྱིས་འདུལ་བ་ལ་བསམ་གྱིས་མི་ཁྱབ་པ་བཞིར་བསྟན། རིག་པས་འདུལ་བ་ལ་ལྷ་མིའི་ཐེག་པ་ལ་སོགས་པའི་ཆོས་གསུངས་པ་ལ། གོང་མའམ་གཞན་རྣམས་བསམ་གྱིས་མི་ཁྱབ་པར་འདུས་སམ་མ་འདུས། འདུས་ན་མཚོན་ཚུལ་འདྲེས། མ་འདུས་ན་བསམ་གྱིས་མི་ཁྱབ་པ་དང་འགལ་ཞེ་ན། མི་འགལ་ཏེ། རྒྱུད་འདིའི་ཚིག་གི་དབང་དུ་བྱས་པ་མ་ཡིན་ཏེ། འགྲོ་བ་ཐ་དད་ཀྱི་བསམ་པ་ལ་དགོངས་པའི་དབང་དུ་བྱས་པས་འགལ་བ་མྱེད་དོ། །ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པ་ཞལ་གྱིས་འདུལ་བར་དགོངས་ན། འཇིགས་གཟུགས་སེངྒེའི་ཞལ་དང་། ཟ་བྱེད་སྟག་གི་ཞལ་དང་། གཏུམ་པ་དོམ་གྱི་ཞལ་དང་། མྱོས་བྱེད་ཕག་གི་གདོང་དང་། མགྱོགས་མྱུར་རྟའི་ཞལ་ལ་སོགས་པ་སྣ་ཚོགས་པར་སྟོན་པའོ། །ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དང་། ཞེས་གསུང་གིས་འདུལ་བར་དགོངས་ན། ལྷ་འདུས་ན་སང་ཀྲི་ཏའི་སྐད་དང་། ལྷ་མ་ཡིན་ལ་ཨ་སུ་རམ་བྷའི་སྐད་དང་། མི་ལ་པྲ་ཏྲི་ཏ་འཇིག་རྟེན་ཕལ་པའི་སྐད་དང་། ལྷ་སྲིན་ལ་བྷེ་ཤ་ཙི་པ་ཤ་ཟ་ཡི་དྭགས་ཀྱི་སྐད་ལ་སོགས་པ་སྣ་ཚོགས་པར་སྟོན་པའོ། །བསམ་གྱིས་མི་ཁྱབ་པ་གྲངས་མྱེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པས་དེ་ལྟར་སྐུས་འདུལ་ན་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཆུ་བོ་གངྒའི་བྱེ་མ་བས་ཀྱང་མང་། གསུང་གིས་འདུལ་ན་གསུང་བསམ་ཡས་ཏེ། ཐམས་ཅད་ཀྱི་སྐད་དུ་སྟོན། ཐུགས་ཀྱིས་འདུལ་ན། སེམས་བསམ་ཡས། མདོར་ན་གདུལ་བྱ་ལ་གྲངས་མྱེད་པས། འདུལ་བྱེད་ལ་ཡང་གྲངས་མྱེད་ལ། འདུལ་ཐབས་ལ་ཡང་གྲངས་མྱེད་དེ། ཕྱོགས་བཅུར་ཁྱབ་པར་སྣང་བ་ཁོ་ནའོ། ༈ །འདིར་གཏར་ཀ་གགས་གསལ་བ་ནི། བསམ་གྱིས་མི་ཁྱབ་པ་དེ། གདུལ་བྱ་རེ་རེ་ལ་རེ་རེ་སྟོན་པ་ཡིན་ནམ་མྱིན། གདུལ་བྱ་རེ་རེ་ལ་འདུལ་བྱེད་རེ་རེ་སྟོན་ན། གོང་གི་ཐུབ་པ་དྲུག་དང་གྲངས་འགལ། མི་སྟོན་ན་བསམ་གྱིས་མྱི་ཁྱབ་པ་དང་འགལ་ཞེ་ན། མི་འགལ་ཏེ། ཐུབ་པ་དྲུག་གཅིག་ལ་ཡང་བསམ་གྱིས་མི་ཁྱབ་པའི་འདུལ་ཐབས་འདི་རྣམས་དང་ལྡན་པའོ། །འོ་ན་སྐུ་བསམ་གྱིས་མྱི་ཁྱབ་པར་སྤྲུལ་ན། ཤན་པའི་གཟུགས་སུ་སྤྲུལ་ལམ་མི་སྤྲུལ། སྤྲུལ་ན་ཤན་པ་བྱེད་དགོས། མ་བྱས་ན་སྤྲུལ་པ་ལ་དགོས་པ་མྱེད། ཤན་པ་བྱེད་ན་སངས་རྒྱས་ཡང་ངན་འགྲོའི་སྡིག་སྤྱོད་དུ་ཐལ། དེ་ནི་འདི་ལྟར་བཞེད་དེ། གསད་གསོ་ནུས་པའི་ཤན་པ་བྱེད་པ་ལ་འགལ་བ་མྱེད་ལ། བསད་གསོ་མི་ནུས་པའི་ཤན་པ་མྱེད་ན་བསམ་གྱིས་མྱི་ཁྱབ་པའི་གོ་བ་དང་འགལ་བས་ཤན་པ་བྱེད་དེ། བསད་གསོ་ནུས་པས་སོ། །དེ་བས་ན་བསོད་ནམས་ཀྱིས་བཏུལ་ནས་དགེ་བ་ལ་འགོད་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་མཛད་པའོ། །དེ་དག་ཐམས་ཅད་ཀྱང་འདི་ལྟར་ཏེ། འདུལ་བའི་དབང་གིས། ཞེས་པ། འཇིག་རྟེན་པའི་ཐེག་པ་བསྟན་པ་ནི། ལྷ་དང་མིའི་ཐེག་པ་དང་། ཞེས་པ་དེ་དག་ནི་གོང་དུ་འགྲོ་བའི་དོན་མཛད་པའི་ཚུལ་བསྟན་པ་རྣམས་སོ། །ཐམས་ཅད་ནི་གོང་མ་མ་ལུས་པའོ། །འདི་ལྟར་ཏེ་ནི་འདུལ་ཐབས་སྟན་པའོ། །གདུལ་བྱ་སོ་སོའི་སྔོན་གྱི་ལས་འཕྲོ་དང་སྣོད་དུ་སྦྱར་ནས་འདུལ་བའི་དབང་གིས་ནའོ། །ལྷ་དང་མིའི་ཐེག་པ་ལ་གསུམ་སྟེ། ལྟ་བ་དང་། ལམ་དང་། འབྲས་བུའོ། །ལྟ་བ་ནི་ཕྱལ་བ་དང་། རྒྱང་ཕན་དང་། དགེ་བ་ལ་ལྟ་བའོ། །ལམ་ལ་གསུམ་སྟེ། དགེ་བ་བཅུ་སྤྱོད། མི་དགེ་བ་བཅུ་སྤོང་། ཚངས་པའི་གནས་བཞི་བསྒོམ་པའོ། །དགེ་བ་བཅུ་སྤྱོད་པ་ནི། ཡི་གེ་བྲི། མཆོད་པ་འབུལ། སྦྱིན་པ་གཏོང་། འཆད་པ་ལ་ཉན། ཁ་འདོན་ལ་སོགས་པ་བྱེད་པའོ། །ཡང་ན་ལུས་ཀྱི་སྒོ་ནས། མ་བྱིན་པ་ལེན་པ་དང་། མི་ཚངས་པ་སྤྱོད་པ་དང་། སྲོག་གཅོད་པ་གསུམ། ངག་གི་སྒོ་ནས། རྫུན་དང་། ཕྲ་མ་དང་། ངག་འཁྱལ་བ་དང་། ཚིག་རྩུབ་མོ་བཞིའོ། །སེམས་ཀྱི་སྒོ་ནས། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གསུམ་སྤོང་བའོ། །ཚངས་པའི་གནས་བཞི་སྟེ། བུ་གཅིག་པའི་མ་ལྟ་བུའི་བྱམས་པ་དང་། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་ཕོད་པའི་སྙིང་རྗེ་དང་། བདེ་བས་ཀུན་ལ་ཁྱབ་པར་འདོད་པའི་དགའ་བ་དང་། ཀུན་ལ་སྙོམས་པར་འདོད་པའི་བཏང་སྙོམས་སོ། །འབྲས་བུ་ནི་བསམ་གཏན་བཞི་ལ་སོགས་པའི་མཐོ་རིས་ཀྱི་ལྷ་གནས་ཐོབ་པའོ། །དེ་ཡང་ཐལ་བ་ནས། མྱི་དགེ་བཅུ་ལས་ཟློག་བྱེད་ཅིང་། །ཚད་མྱེད་བཞིར་བཅས་བསམ་གཏན་བཞི། །ལྷ་དང་མི་ཡི་གནས་རྫོགས་པའི། །དགེ་ཚོགས་ཀུན་ནས་མ་སྒྲིབས་པ། །ལེགས་སྤྱད་སྡོམ་པ་བཟང་ལས་བྱུང་། །ལས་ཀྱི་བག་ཆགས་དག་བྱེད་པའོ། །ཅེས་སོ། །འདས་པའི་ཐེག་པ་བསྟན་པ་ནི། ཉན་ཐོས་ཀྱི་ཐེག་པ་དང་། ཞེས་པ་མོས་པ་ཆུང་བའི་ཉན་ཐོས་ལ་གསུམ་སྟེ། ལྟ་བ་ནི། གང་ཟག་དང་ཆོས་ཀྱི་བདག་གཉིས་ཡོད་པར་འདོད། ལམ་ནི་བདེན་པ་བཞི་སྟེ། སྡུག་བསྔལ་གྱི་བདེན་པ་ནི་ཤས་པར་འདོད། ཀུན་འབྱུང་གི་བདེན་པ་ནི་སྤོང་བར་འདོད། འགོག་པའི་བདེན་པ་མངོན་དུ་བྱ་བར་འདོད། ལམ་གྱི་བདེན་པ་རྒྱུད་ལ་རྟེན་པར་འདོད། དེ་ལ་སྡུག་བསྔལ་དང་ཀུན་འབྱུང་གཉིས་ནི་འཁོར་བའི་ཆོས་གཏན་ལ་འབེབས། འགོག་པ་དང་ལམ་གྱིས་མྱ་ངན་ལས་འདས་པའི་ཆོས་སུ་འདོད་པའོ། །འབྲས་བུ་ནི། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་པ་དང་། ཕྱིར་མི་འོང་པ་དང་། དགྲ་བཅོམ་པ་ཐོབ་པའོ། །དེ་ཡང་སྒྱུ་འཕྲུལ་རོལ་པ་ནས། འཁོར་གནས་མྱ་ངན་འདས་པའི་ཆོས། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །རྒྱུ་དང་འབྲས་བུ་རྣམ་དག་པའི། །རྒྱུན་ཞུགས་ལན་ཅིག་ཕྱིར་འོང་དང་། །མི་ལྡོག་དགྲ་བཅོམ་བརྟུལ་ཤུགས་མཆོག །ཅེས་སོ། །གཏར་ཀ་གགས་གསལ་བ། ལྷ་དང་མིའི་ཐེག་པ་དང་ཅེས་པ་དང་། གཟུང་བ་དང་འཛིན་པའི་ཅེས་པ་དང་། འདུལ་བ་མདོ་སྡེ་ཅེས་ལན་གསུམ་བརྡབས་སོ་ཞེ་ན། མ་བརྡབས་ཏེ། འདུལ་བའི་དབང་ནི་ཐེག་པའི་མིང་ངམ་རྣམ་གྲངས་སོ། །གཟུང་བ་དང་འཛིན་པ་ནི། ཐེག་པའི་དོན་བསྟན་པའི་ཚུལ་ཡིན་ལ། འདུལ་བ་མདོ་སྡེ་ནི་རྒྱུད་འདིའི་ཆེ་བའམ། འདིར་འཇུག་པའི་ལམ་སྟེགས་ལྟ་བུ་བསྟན་པས་བརྡབས་པ་མྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་དང་། ཞེས་དམྱིགས་པ་ཕྲ་བའི་རང་སངས་རྒྱས་ནི་གསུམ་སྟེ། ལྟ་བ་ནི། གང་ཟག་གི་བདག་ཡོད། ཆོས་ཀྱི་ཁམས་ཕྱོགས་གཅིག་ལ་བདག་མྱེད་པར་རྟོགས་པའོ། །ལམ་ནི་གཉིས་ཏེ། ཕྱིའི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་ལོ། །ཕྱི་ནི། སའི་ཁམས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་ཁམས་དང་། དུས་ཀྱིས་འགྱུར་བ་དང་། ས་བོན་དང་། མྱུ་གུ་དང་། སྡོང་བུ་དང་། ཡལ་ཀ་དང་། མེ་ཏོག་དང་། འབྲས་བུ་སྟེ། རང་སངས་རྒྱས་གཟུང་བའི་ཡུལ་སྤངས་པས་ཕྱི་མི་འདོད་དོ། །ནང་ནི་གཉིས་ཏེ། ལུགས་འབྱུང་དང་། ལུགས་ཟློག་གོ། །ལུགས་འབྱུང་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། དེ་བཞིན་དུ་མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །དེ་ནི་འཁོར་བའི་རྒྱུ་འབྲས་ཐབས་དང་ཅེས་པར་འདོད་དོ། །ལུགས་ལས་ཟློག་པ་ནི། དུར་ཁྲོད་དུ་ཕྱིན་ཏེ། ཀེང་རུས་ཀྱི་རི་རབ་འདི་ཅི་ལས་བྱུང་རྟགས་ཤི་བ་ལས་བྱུང་། ཤི་བ་གང་ལས་བྱུང་རྟགས་པས། སྐྱེ་བ་ལས་བྱུང་། ཐ་མ་མ་རིག་པ་ལ་ཐུག་ཏེ། དེར་བསྒོམ་མོ། །དེ་ནི་མྱ་ངན་ལས་འདས་པའི་རྒྱུ་འབྲས་བླང་བྱ་ཐབས་དང་བཅས་པར་འདོད་དོ། །འབྲས་བུ་ནི། བསེ་རུ་ལྟར་གཅིག་པུ་དང་། ནེ་ཙོ་ལྟར་ཁྱུས་ལྡིང་བའོ། །ཐལ་བ་ནས། རང་རྒྱལ་བྱང་ཆུབ་རྫོགས་པའི་ལམ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །དེར་གནས་འཁོར་བའི་མཐའ་འགོག་ཅིང་། །མྱ་ངན་འདས་ལམ་མངོན་པར་གཉེར། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མི་ཚོགས་གཟུགས་དང་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་པ་དང་། ལེན་པ་སྲིད་པ་སྐྱེ་རྒས་ཤི། །ཆོས་རྣམས་མངོན་པར་དགའ་བའི་མཐུས། །འཕགས་པའི་ཡེ་ཤེས་ཟག་པ་མྱེད། །ཉོན་མོངས་ལས་དང་སྡུག་བསྔལ་གྱི། །ཆ་ཤེས་རྒྱུན་གྱི་ཡུལ་ལས་འདས། །ཅེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པ་དང་། ཞེས་ཐེག་པ་ཆེན་པོ་ལ་གསུམ་སྟེ། ལྟ་བ་ནི་དོན་དམ་སྐྱེ་མྱེད་དང་། ཀུན་རྫོབ་མཚན་ཉིད་བཞི་ལྡན་ནོ། །ལམ་ནི། བདག་དོན་དང་། གཞན་དོན་ནོ། །བདག་དོན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། དགེ་བ་བཅུ་དང་། ལམ་ལྔའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་གསུམ་ལ་བརྩོན་འགྲུས་ཀྱིས་གྲོགས་བྱས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས། བསམ་གཏན་དང་ཤེས་རབ་ལ་བརྩོན་འགྲུས་ཀྱིས་གྲོགས་བྱས་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས། སྟོབས་དང་། སྨོན་ལམ་དང་། ཐབས་དང་། ཡེ་ཤེས་ནི་ཤེས་རབ་ཀྱི་ཆ་ལས་ཏགས་སོ། །དགེ་བ་བཅུ་ནི། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་མོ། །ལམ་ལྔ་ནི། ཚོགས་ལམ། སྦྱོར་ལམ། བསྒོམ་ལམ། མཐོང་ལམ། མཐར་ཕྱིན་པའི་ལམ་མོ། །དེ་ལ་ལམ་བཞི་ནི་མཚན་ཉིད་པའོ། །མཐར་ཕྱིན་པའི་ལམ་ནི་བཏགས་པ་སྟེ། འབྲས་བུ་ལ་ལམ་དུ་བཏགས་པའོ། །དེ་ལ་ལམ་ལྔ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྫོགས་ཏེ། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཚོགས་ལམ་དུ་ཚོགས་བཞི་གསུམ་བཅུ་གཉིས་རྫོགས་སོ། །སྦྱོར་ལམ་དུ་ལྔ་གཉིས་བཅུ་རྫོགས་ཏེ། དབང་པོ་ལྔ་དང་། སྟོབས་ལྔའོ། །མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་སོ། །སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་རྫོགས་སོ། །གཞན་དོན་ནི་བསྡུ་བའི་དངོས་པོ་བཞི་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་དང་མཐུན་པ་དང་། དོན་སྤྱོད་པའོ། །འབྲས་བུ་ནི། ལྷག་བཅས་དང་། ལྷག་མྱེད་ཀྱིས་ཀུན་ཏུ་འོད་ཀྱི་ས་ནོན་པའོ། །ཐལ་བ་ནས། ཡང་དག་དགྲ་བཅོམ་ཆེན་པོའི་སྐུ། །དངོས་མྱེད་ནམ་མཁའ་དྭངས་བའི་བདག །ཤེས་རབ་སྙིང་སྟོབས་ལས་ཀྱི་མཐུས། །སྦྱིན་དང་ཡང་དག་སྦྱངས་པའི་བདག །རྣམ་པར་གྲོལ་བས་གཞན་རྒྱུད་སེལ། །ཐེག་པ་ཆེན་པོའི་མཚན་ཉིད་ཅན། །བདག་གཞན་རྒྱུད་རྣམས་གྲོལ་བའི་བློས། །ཡང་དག་ཡེ་ཤེས་སྤྱོད་པ་སྤྱོད། །ཕ་རོལ་ཕྱིན་པ་རྣམ་པ་ཡིས། །ས་བཅུའི་ཡེ་ཤེས་རྫོགས་མཛད་ཅིང་། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དག །མ་འདྲེས་གཟུངས་ཀྱིས་སྤྱད་བྱས་ཏེ། །ཡང་དག་ཐེག་པའི་གནས་རྫོགས་པས། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །ཚད་མྱེད་བསྡུ་བའི་དངོས་པོ་ཡིས། །སྤྱོད་པ་རྒྱ་ཆེན་འཛིན་དང་བྲལ། །ཡང་དག་བསོད་ནམས་ཡེ་ཤེས་དག །ཐམས་ཅད་རྫོགས་པའི་འབྲས་བུ་ཉིད། །ཅེས་བཤད་རྒྱུད་ནས་རྒྱས་པར་བཤད་པ་རྣམས་བཀྲོལ་ལོ། །བླ་ན་མྱེད་པའི་ཐེག་པས། ཞེས་པ་འབྲས་བུ་གསང་སྔགས་བླ་ན་མྱེད་པའི་ཐེག་པ་ནི་གཉིས་ཏེ། ཕྱི་པ་ཐུབ་པའི་རྒྱུད་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའོ། །ཕྱི་པ་ཐུབ་པའི་རྒྱུད་ནི། ཁྲུས་དང་གཙང་སྦྲ་གཙོ་ཆེ་བ་ཀྲི་ཡ་དང་། སྤྱོད་པ་ཀྲི་ཡར་སྤྱོད་ཅིང་ལྟ་བ་ཡོ་གར་ལྟ་བའི་ཨུ་པ་ཡ་དང་། རྣལ་འབྱོར་གྱི་རྒྱུད་ཡོ་གའོ། །ནང་པ་ཐབས་ཀྱི་རྒྱུད་ནི། སྐུའི་རྒྱུད་རྣལ་འབྱོར་ཆེན་པོ་སྐྱེད་པ་དང་། གསུང་གི་རྒྱུད་རྗེས་སུ་རྣལ་འབྱོར་རྫོགས་པ་དང་ཐུགས་ཀྱི་རྒྱུད་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོའོ། །ཐལ་བ་ནས། རྒྱུ་ཡང་གསང་ལ་འབྲས་བུའང་གསང་། །སྙིང་པོ་ཆོས་ཀྱི་དོན་ལས་བྱུང་། །སྐུ་དང་གསུང་དང་ཐུགས་ཀྱི་བདག །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ཉིད། །ཕྱག་རྒྱའི་དཀྱིལ་འཁོར་སྣ་ཚོགས་གཞི། །རྡོ་རྗེའི་ཐེག་པ་བླ་ན་མྱེད། །ཅེས་སོ། །དེ་དག་གིས་ཅི་བྱེད་ཞེ་ན། མ་རིག་པ་གཉིས་ལས་བྱུང་བའི་རྣམ་པར་རྟོག་པའམ། ཉོན་མོངས་པ་སྟོང་ཕྲག་རྒྱ་བཅུ་རྩ་བཞིའི་གཉན་པོ་བྱེད་པ་སྟེ། དངོས་སུ་ན་ཕྱི་རྒྱུད་སྡེ་གསུམ་གསུངས་པར་མངོན་ནོ། ༈ །གཏར་ཀ་གགས་གསལ་བ་ནི། བླ་ན་མྱེད་པའི་ཐེག་པས་ཞེས་པ་ནི། འབྲས་བུ་བསྐྱེད་རྫོགས་གསུམ་ཡིན་ནམ་མྱིན། ཡིན་ན་དགོངས་འདུས་ནས། ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་གྱུར་པ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་མོ། །གང་དག་རིམ་པར་བཀོད་ལགས་ན། །ཞེས་མཚན་ཉིད་སྡེ་གསུམ་ཤཱཀ་ཐུབ་ཀྱིས་གསུངས་ནས། ཡང་། མཉམ་པས་བླང་དོར་མྱེད་སྤྱོད་ཅིང་། བྱང་ཆུབ་གཞན་ནས་མ་ཚལ་བའི། །ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་པས། རྒྱུད་ལུང་མན་ངག་གསུམ་ནམ་གསུང་བར་འགྱུར་ཅེས། རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་རས་ཞུས་པ་དང་འགལ་ལོ། །དེར་ཤཱཀ་ཐུབ་ཀྱིས་བསྐྱེད་རྫོགས་གསུམ་མ་གསུངས་ན། ཐུབ་དྲུག་ཀུན་ཏུ་བཟང་པོའི་ཐུགས་ལས་སྤྲུལ་ནས། གསང་སྔགས་བསྐྱེད་རྫོགས་གསུམ་མི་གསུང་བ་ཅི་ཏེ་ཞེ་ན། འདི་ལྟར་བཞེད་དེ། སྤྱིར་ཀ་ལ་གསུམ་ལས། ཞལ་ནས་གསུངས་པ་ནི། ཀྲི་ཡོ་ག་སྡེ་གསུམ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་ལ། རྗེས་སུ་སྣང་བ་ནི་བསྐྱེད་རྫོགས་གསུམ་ཡིན་ཏེ། ཤཱཀ་ཐུབ་ཀྱིས་ལུང་བསྟན་པ་ནི། ང་ནི་འདི་ན་མི་སྣང་ནས། ལོ་ནི་བརྒྱད་དང་བཅུ་གཉིས་ན། བསྟན་པའི་སྙིང་པོ་དམ་པ་ཞིག །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་དག །ལག་ན་རྡོ་རྗེས་སྣང་བར་བྱེད་ཞེས་སོ། །དེ་བས་ན་ལྷ་མི་ཕལ་པ་ལ། བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྲི་ཡོག་གསུངས། ཁྱད་པར་དུ་གྱུར་པ་ལ་བསྐྱེད་རྫོགས་གསུམ་གསུངས། རྒྱུད་འདིར་བྱུང་བ་ལ་བསྟན་པ་སྤྱིའི་བྱུང་ཚུལ་དང་། རྒྱུད་འདི་རང་གི་ཆེ་བར་བསྟན་པ་ཡིན་ནོ། །མ་རིག་པའི་རྟོག་པ། ཞེས་པ་རྒྱུ་མ་རིག་པ་ལས་བྱུང་བའི། གཟུང་འཛིན་གྱི་རྣམ་པར་རྟོག་པའོ། །ཉོན་མོངས་པ་སྟོང་ཕྲག་བརྒྱ་བཅུ་རྩ་བཞིའི་གཉེར་པོར། ཞེས་པའི་ཉོན་མོངས་པ་ནི། འདོད་ཆགས་སུ་རིགས་གཅིག་པ་ལ་ནང་མི་མཐུན་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་དུ་རིགས་ཅིག་པ་ལ་ནང་མི་མཐུན་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ཏུ་རིགས་ཅིག་པ་ལ་ནང་མི་མཐུན་པ་ཉི་ཁྲི་ཆིག་སྟོང་། དེ་གསུམ་ཆ་མཉམ་པ་ལས་ཉི་ཁྲི་ཆིག་སྟོང་སྟེ། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ངོ་། །ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གསུངས་སོ། །དེའི་གཉེན་པོ་ནི། འདོད་ཆགས་འདུལ་བའི་གཉེན་པོར་ཆོས་ཉི་ཁྲི་ཆིག་སྟོང་། ཞེ་སྡང་འདུལ་བའི་གཉེན་པོར་ཉི་ཁྲི་ཆིག་སྟོང་། གཏི་མུག་འདུལ་བའི་གཉེན་པོར་ཉི་ཁྲི་ཆིག་སྟོང་། དེ་གསུམ་ཆ་མཉམ་པ་འདུལ་བའི་གཉེན་པོར་ཉི་ཁྲི་ཆིག་སྟོང་སྟེ། དེ་ལྟར་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར། འདས་པའི་སངས་རྒྱས་རྣམས་ཀྱིས་སྔར་ཡང་གསུངས་སོ། །གསུང་ངོ་། །ད་ལྟར་བཞུགས་པ་རྣམས་ཡང་གསུང་ངོ་། །གསུངས་བར་འགྱུར་རོ། །ཞེས་ཕྱིས་འབྱུང་བའི་སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཡང་གསུངས་བར་འགྱུར་རོ། ༈ །ཉོན་མོངས་པ་སྟོང་ཕྲག་ཅེས་པ་ལ་སོགས་པའི་གགས་གསལ་བ་ནི། བསྟན་པའི་འབྱུང་གནས་སྤྱིའི་གླེང་གཞི་འདི་བསྟན་པ་ཡིན་ནམ་མྱིན། མྱིན་ན་ནི། གླེང་གཞིའི་ངེས་ཚིག་གིས་གསལ། ཡིན་ན་རྒྱུ་གླེང་གཞི་དང་རྐྱེན་གླེང་སླང་བ་གཉིས་ལན་གཉིས་འབྱུང་བར་མི་རིགས་སོ་ཞེ་ན། འདི་ལྟར་བཞེད་དེ། འདི་གསང་བ་སྙིང་པོའི་བསྟན་པ་མྱིན། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་ཡིན་པའོ། །དེ་ཡང་གསང་བ་སྙིང་པོ་ལས་ཐམས་ཅད་སྤྲོས་པའི་ཆེ་བར་གྱུར་པས་སོ། །དེ་དག་ཐམས་ཅད་ཀྱང་། ཞེས་པའི་དེ་དག་ནི་གོང་གི་ཐེག་པ་དང་། ཆོས་ཀྱི་སྒོ་མོ་རྣམས་སོ། །དེ་ལ་གཉིས་ཏེ། ཉོན་མོངས་པ་དང་སྦྱར་བ་དང་། དེའི་གཉེན་པོ་དང་སྦྱར་བའོ། །གཟུང་བ་དང་འཛིན་པའི། ཞེས་ཉོན་མོངས་པ་དང་སྦྱར་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་གང་དུ་འདུས་ཞེ་ན། གཟུང་འཛིན་གཉིས་སུ་འདུས་ཏེ། ནང་འཛིན་སེམས་དང་། ཕྱི་གཟུང་ཡུལ་གཉིས་སོ། །ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ། ཞེས་གཟུང་བའི་ཡུལ་མྱེད་པར་གཟུང་བས། ཕྱི་རྟེན་འབྲེལ་དུ་འཁོར་ལ། འཛིན་པའི་སེམས་མྱེད་པར་འཛིན་པའི་སེམས་སུ་བཟུང་བས། ནང་རྟེན་འབྲེལ་དུ་འཁོར་བའི་ཕྱིར། གཟུང་བ་དང་འཛིན་པའི་ཕྱི་ནང་གི་རྟེན་འབྲེལ་བར་འབྱུང་བ་དང་ཞེས་བྱའོ། །འཛིན་པས་འཁྲུལ་པ་ལ་འདོགས་པ་དང་། ཞེས་འཛིན་པའི་སེམས་འཁྲུལ་པ་ཉིད་ཡུལ་དུ་སྣང་བ་ཡིན་པ་ལས། དེ་ལྟར་མ་རྟོགས་ནས་ཡུལ་གྱི་ངོ་བོ་ཞིག་ལོགས་ཞིག་ན་ཡོད་དོ་ཞེས་རྟོག་པས་ན། འཁྲུལ་པ་ལ་འདོགས་ཞེས་བྱའོ། །ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང་། ཞེས་གཟུང་འཛིན་ལས། ལས་དགེ་བ་དང་། མི་དགེ་བའི་འབྲས་བུས། མཐོ་རིས་དང་ངན་སོང་ཆུད་མི་ཟ། ཞེས་བྱའོ། །དེ་ཡང་ཀུན་རྫོབ་ཏུ་ལས་དང་ལས་ཀྱི་འབྲས་བུ་ནི་ཆུད་མི་ཟ་ལ། དོན་དམ་པར་ནི་ལས་དང་ལས་ཀྱི་འབྲས་བུས་མི་གོས་སོ། ༈ །ཉོན་མོངས་པ་འདུལ་བའི་གཉེན་པོ་དང་སྦྱར་ན། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་ཐམས་ཅད་ཀྱང་བསྡུ་ན། རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་གཉིས་སུ་འདུས་ཏེ། རྒྱུའི་ཐེག་པ་དང་སྦྱར་ན། གཟུང་བ་དང་འཛིན་པ་ནི། ཉན་ཐོས་ཕྱི་གཟུང་བའི་ཡུལ་ལ་ཆོས་ཀྱི་བདག་ཏུ་ལྟ། ནང་འཛིན་པའི་སེམས་ལ་གང་ཟག་གི་བདག་ཏུ་ལྟ་བས། ཉན་ཐོས་ལ་བདེན་པ་བཞིའི་སྒོ་ནས་དོན་མཛད་ཅིང་ཆོས་བསྟོན་པའོ། །ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། རང་སངས་རྒྱས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་ཅིང་ཆོས་སྟོན་པ་དང་སྦྱར། འཛིན་པས་ཁྲུལ་པ་ལ་འདོགས་པ་ནི། ལྷ་མིའི་ཐེག་པས། སེམས་འཛིན་པས་འཁོར་བ་གཅིག་ནས་གཅིག་ཏུ་ལོང་རྟགས་པས། དེ་ལ་ལྷ་དང་མིའི་ཐེག་པ་རྣམས་ལ་དགེ་བཅུ་དང་ཚངས་པའི་གནས་གཞི་དོན་མཛད་ཅིང་ཆོས་སྟོན་པའོ། །ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ནི། བྱང་ཆུབ་སེམས་དཔའི་ཐེག་པས་བདེན་པ་གཉིས་སུ་རྟོགས་པས། ཇི་ལྟར་སྤྱད་ཀྱང་ལས་རྒྱུ་འབྲས་ཀྱི་འབྲས་བུ་ཆུད་མི་ཟ་བར་ཐོབ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་པས་སོ། །ལས་དང་ལས་ཀྱི་འབྲས་བུས་མི་གོས་པ་ནི། ཀྲི་ཡོག་སྡེ་གསུམ་དང་སྦྱར་ཏེ། མཆོད་པ་ཕུལ་བའི་ལས་ཀྱིས་བསོད་ནམས་ཚོགས་རྫོགས། དེའི་ལས་ཀྱི་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་རྣམ་པར་རྟོག་པས་མི་གོས་སོ། །གོས་པར་མྱི་འབྱུང་པ་ནི། བསྐྱེད་རྫོགས་གཉིས་ཏེ། ཐབས་ཤེས་རབ་སམ། ལྷ་དང་ལྷ་མོར་ཤེས་སོ། །གོས་སུ་མྱེད་པར་སྟོན་པའི་མཐར་ཐུག་པ་ནི། ཨ་ཏི་ཏེ། འོ་ན་ད་ལྟ་ལས་དང་ལས་ཀྱི་འབྲས་བུས་མི་གོས། སྔར་ཡང་མ་གོས། ཕྱིས་ཀྱང་གོས་པར་མི་འགྱུར་རམ་ཞེ་ན། གོས་སུ་ཡང་ཡོང་མྱེད་དེ། གོས་པར་བྱ་བའི་གནས་ཀུན་གཞི་ཡང་ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་ལ། གོ་བར་བྱེད་པའི་བག་ཆགས་ཀྱང་ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་པས། གང་གིས་གང་ལ་གོ་སྟེ། གོས་སུ་མྱེད་པ་སྟོན་པའི་མཐར་ཐུག་གོ། །ཚིག་འདི་རྣམས་སེམས་ཅན་ལ་གོ་བ་བདེ་བས་ཐེག་པ་རིམ་པར་སྦྱར་བ་ཙམ་ལས། གཞུང་ཉིད་ནི་ཐེག་པ་ཐམས་ཅད་ཀྱི་སྤྱི་ཚིག་ཏུ་དྲིལ་ནས་བསྟན་པ་ཡིན་པས་ན། དོན་མ་ནོར་བར་ཤེས་པར་བྱ། ཚིག་ཐེག་པ་ཐ་དད་དུ་མ་སྦྱར་ཡང་ཆོག་གོ། །ལས་དང་ལས་ཀྱི་འབྲས་བུས་མི་གོས། ཞེས་གཟུང་འཛིན་དང་བྲལ་བ་རྣམས་ལ། ལས་དང་ལས་ཀྱི་འབྲས་བུས་མ་གོས་སོ། །གོས་པར་མི་འགྱུར། གཟུང་འཛིན་དང་བྲལ་ན་ལས་ཀྱི་འབྲས་བུས་གོས་པར་མི་འགྱུར་རོ། །གོས་སུ་མྱེད་པར་སྟོན་པའི་མཐར་ཐུག་གོ། །ཞེས་པ་གཟུང་འཛིན་མྱེད་པས། སྒོ་བྱའི་ཀུན་གཞི་མྱེད་ལ། སྒོ་རྒྱུའི་བག་ཆགས་མྱེད་པར་སྟོན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་པ་དེ་ཡན་ཆད་དུ་ཀྲི་ཡའི་དོན་འདུལ་བའི་དབང་དུ་བཤད་པ་དེ་ནས། ད་ནི་ངེས་པའི་དོན་སྟོན་པས་དེ་ནས་ཅེའམ། དེ་ཡན་ཆད་དུ་གླེང་གཞི་དང་གླེང་སླང་རྫོགས་པ་དེ་ནས་ལྟ་བ་སྟོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཐམས་ཅད། ཇི་སྐད་བོས་ཀྱང་འགལ་བ་མེད་པའམ། སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་བས་ན། དེ་སྐད་ཅེས་བྱའོ། །དེ་གཉིས་ཀ་ཡང་ཁྱད་པར་མྱེད་པར་ལྟ་བ་འབའ་ཞིག་ཏུ་སྟོན་པ་ནི་རྒྱུད་དོན་ལྟ་བ་དང་སྦྱར་བ་དང་དངོས་དོན་ཐེག་པ་དང་སྦྱར་བ་གཉིས་ལས། ཐབས་ལམ་དུ་བཤད་པ་ནི། དང་པོར་སྤྲུལ་པ་འབྱུང་བའི་གནས་ནི། དེ་ནས་དེ་བཞིན་གཤེགས་པ་ཅེས་པ། བྱང་སེམས་ཐིག་ལེ་ཟུང་འཇུག་གི་བདེ་བར་གཤེགས་པའི་བྱིན་རླབས་ལས། དགའ་བ་བཅུ་དྲུག་ལས་བདེ་བ་ཐོན་པའོ། །གནས་བསྟན་པ་ནི། ཐོན་ནས་ཀྱང་ལས་ཀྱི་དབང་གིས། ཞེས་སོགས་ནི། ལུས་ཀྱི་རྩ་འཁོར་ལོ་དྲུག་གོ། །སྟོན་པ་ནི། ཐུབ་པ་ཆེན་པོ་ཞེས་པ། རྩ་འཁོར་ལོ་དྲུག་ཏུ་སྤྲུལ་པའི་ཐིག་ལེ་དྲུག་ཏུ་ཤར་བའོ། །བསྟན་པ་ནི། འདུལ་བ་རྣམ་པ་བཞི་སྟེ། མངོན་སུམ་གྱིས་འདུལ་བ་ནི། བལྟམས་པ་དང་ཞེས་པ་ལ་སོགས་པ་ནི། རྩ་གནས་ནས་ཐེག་ལེ་ལྟམ། ཐིག་ལེ་བདེ་བར་རབ་ཏུ་བྱུང་། ཐིག་ལེ་སྣོད་དུ་བླུགས་པ་དཀའ་ཐུབ་མཛད། སློབ་མ་ལ་བྱིན་པ་སངས་རྒྱས་པ། སྒྲིབ་པ་དྲལ་བ་བདུད་བཏུལ་བ། བདེ་བ་ཤར་བ་ཆོས་འཁོར། རྟགས་བྱུང་བ་ཆོ་འཕྲུལ། རྟོགས་པ་ཐོབ་པ་མྱ་ངན་འདས་པའོ། །རྫུ་འཕྲུལ་གྱིས་འདུལ་བ་ནི། དུས་བཞི་ཀུན་ཏུ་མཁྱེན། ཞེས་སོགས་ནི། ཐིག་ལེ་ལ་མངོན་ཤེས་ལྔ་ཚང་བའོ། །བསོད་ནམས་ཀྱིས་འདུལ་བ་ནི། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ། ཅེས་སོགས་ནི། ས་བོན་སྐུ། བདེ་བ་ཐུགས། ཡིག་འབྲུ་གསུང་ངོ་། །རིག་པས་འདུལ་བ་ནི། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་སོགས་ནི། རྩ་གནས་ཀྱི་ཡི་གེ་བསྟན་པར་ཤར་རོ། །དེ་ཡང་ཐལ་བ་ནས། ཐིག་ལེ་ཟུང་འཇུག་བདེ་བ་ནི། །སེམས་མཐའ་ལྡོག་པས་གོ་ཕྱེ་ནས། །འཁོར་ལོ་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེ་རང་ཤར་བ། །སྣང་བའི་མཛད་པ་བསམ་མི་ཁྱབ། །ཆགས་སོགས་ཉོན་མོངས་ལས་རྟོག་རོལ། །འདུལ་ཕྱིར་སྤྲུལ་པ་ཞེས་སུ་བཤད། །སྒྲ་དབྱངས་གསུམ་གི་བསྟན་པ་རྣམས། །ངེས་པར་གྲགས་པ་ཁོ་ན་ཉིད། །ཅེས་སོ། །འཁོར་བ་སྤྱིའི་མཚན་ཉིད་བསྟན་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་པ་ཇི་སྙེད་ནི་མང་པོར་གྱུར་པའོ། །འཇིག་རྟེན་ནི་རིགས་དྲུག་གི་གནས་སོ། །འཁྲུལ་པའི་ཆོས་ནི། སེམས་མ་རིགས་པས་འཁྲུལ། འཁྲུལ་པས་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བས་ན་འཁྲུལ་པའི་ཆོས་ཞེས་བྱ་བ་ཡིན་ནོ། །འཁྲུལ་པའི་ངོ་བོ་བསྟན་པ་ནི། རྒྱུ་མ་རིག་རྟོག་པའི། རྒྱུ་མ་རིག་པ་ལས་བྱུང་བའི་རྣམ་པར་རྟོག་པ་ལས། སེམས་རང་བཞིན་གྱིས་འོད་གསལ་ཡང་། ངེས་པའི་ཤེས་པ་མ་སྙེད་པ་ནི་མ་རིག་གོ། །གཟུང་འཛིན་གྱིས། ཞེས་ཡུལ་སེམས་ཕྱི་ནང་གི་གཟུང་འཛིན་གྱིས། ཡུལ་ཏོག་ཅེས་སུ་བཟུང་། སེམས་རྟོག་བཅས་སུ་འཛིན་ནོ། །ཕྱི་ནང་རྟེན་འབྲེལ་འཁོར་ཚུལ་གཉིས་སུ་འཁོར། །ཞེས་ཕྱིའི་རྟེན་ཅིང་འབྲེལ་བས་ཕྱི་སྣོད་དུ་འཁོར། ནང་གི་རྟེན་ཅིང་འབྲེལ་བས་ནང་བཅུད་དུ་འཁོར་བའོ། །ཕྱི་ནང་ལུགས་འབྱུང་དུ་ནི་སྐྱེས། ལུགས་ཟློག་དུ་ནི་འཁོར། རྒྱུན་མ་ཆད་པ་ནི་འབྲེལ་པའོ། །མི་ཉེས་པ་མཐུན་བདེ་སྡུག་མྱོང་བར་འགྱུར། །ཞེས་འགྲོ་བ་དྲུག་ནང་རིས་མི་མཐུན། བདེ་བ་དང་བྲལ། སྡུག་བསྔལ་མྱོང་། འགྲོ་བ་སོ་སོའི་ནང་དུ་ཡང་། བདེ་དང་སྡུག་བསྔལ་རིགས་མྱི་མཐུན་པ་དུ་མ་ཉམས་སུ་མྱོང་བར་བྱེད་པའོ། །རང་བཞིན་རང་བཞིན་ཉིད་ལས་ཉམས་པ་མྱེད། །ཅེས་དེ་ལྟར་མི་མཐུན་པའི་བདེ་སྡུག་རྣམ་པ་སྣ་ཚོགས་པ་ཉམས་སུ་མྱོང་བ་དེ་ཡང་རང་སེམས་འཁྲུལ་བའི་དབང་གིས་ཕྱིན་ཅི་ལོག་གི་རྟོག་པ་དེ་ཉིད་དེ་ལྟར་སྣང་བར་ཟད་ཀྱིས། ཡང་དག་པའི་དབྱིངས་ལ་ནི་གཡོ་བའམ། ཉམས་པ་རྡུལ་ཙམ་ཡང་མྱེད་དོ། ༈ །འདི་ལ་གཉིས་ཏེ། ཐེག་པ་སྤྱི་དང་སྦྱར་བ་དང་། འཁྲུལ་པའི་ཆོས་ཐམས་ཅད་ཀྱི་གཞིར་བསྟན་པའོ། །ཐེག་པ་སྤྱི་དང་སྦྱར་ན། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས་ནི། མདོར་བསྟན་པའོ། །མ་རིག་པ་ནི། ལྷ་མིའི་ཐེག་པའོ། །གཟུང་འཛིན་ནི། ཉན་ཐོས་ཀྱི་ཐེག་པའོ། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར་ནི། རང་སངས་རྒྱས་ཀྱི་ཐེག་པའོ། །མི་མཐུན་བདེ་སྡུག་མྱོང་བར་གྱུར་ནི། ལ་བཟླ་བའི་ལྟ་བ་སྟེ། སོ་སོའི་ལྟ་བ་མི་མཐུན་པ་དང་། སེམས་ཅན་གྱི་སྡུག་བསྔལ་ཡང་། འཁྲུལ་པ་དེ་ཉིད་རང་སྣང་བ་ལས་མ་རྟོགས་པ་ལས། སེམས་ཉིད་ཆོས་ཀྱི་དབྱིངས་ལ་ཉམས་པ་མྱེད་དོ། །གཉིས་པ་འཁྲུལ་པའི་སྣང་བ་ཆོས་ཐམས་ཅད་ཀྱི་གཞིར་བསྟན་པ་ནི། ཇི་སྙེད་འཁྲུལ་པའི་ཆོས་འདི་རྒྱུ་ཅི་ལས་བྱུང་ན། མ་རིག་པ་ལས་བྱུང་། རྐྱེན་ཅིས་བྱས་ན། ལས་དང་ཉོན་མོངས་པའི་གཟུང་འཛིན་གྱིས་བྱས། འཁོར་ཚུལ་ཇི་ལྟར་འཁོར་ན། ཕྱི་ནང་རྟེན་འབྲེལ་དུ་འཁོར། ངོ་བོ་གང་ཡིན་ན། མཐོ་རིས་ངན་སོང་གི་བདེ་སྡུག་འདི་ཡིན། རང་བཞིན་ཇི་ལྟར་ན། སངས་རྒྱས་ལས་མ་རྟོགས་པའི་སེམས་ཉིད་ལ་ཉམས་པ་མྱེད་དོ། །འདི་མན་ཆད་འཁོར་བ་རང་གི་མཚན་ཉིད་བསྟན། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་པ་ཡང་དག་པ་ནི་དོན་དམ་པའི་བདེན་པ་དང་། སྒྱུ་མ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དེ་ལྟར་བདེན་པ་གཉིས་ཀྱི་ཚུལ་གྱིས་ཀྱང་། བདག་དང་བདག་གི་གཞན་མྱེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་བདག་ནི་དབང་པོ་གཟུགས་ཅན་དང་། བདག་གི་ཡུལ་གཟུགས་སྒྲ་ལ་སོགས་པ་དང་། དེ་གཉིས་ལས་རྟེན་ནས་བྱུང་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དངོས་པོར་གྲུབ་པ་ནི་རྡུལ་ཙམ་ཡང་མྱེད་པའི་ཕྱིར་ན། གཟུང་འཛིན་གཉིས་ཀ་རྣམ་པར་དག་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཚུལ་གཅིག་པའི་ཕྱིར་རོ། ༈ །འདི་ལ་གཉིས་ཏེ། ཐེག་པ་སྤྱི་དང་སྦྱར་བ་དང་། གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་དང་སྦྱར་བའོ། །ཐེག་པ་སྤྱི་དང་སྦྱར་ན། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་པ་ནི། བདེན་པ་གཉིས་ཀྱི་དོན་རྟོགས་པ་ནི། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། དེ་ལ་ནི་བདག་དང་བདག་གིར་འཛིན་པའི་ཚུལ་གཉིས་མྱེད་དེ། རྣམ་པར་དག་པ་ཆོས་ཀྱི་དབྱིངས་སུ་ཚུལ་ཅིག་པས་སོ། །དེ་ཡང་བདག་གཞན་གྱི་རྟོག་པ་ཙམ་དེ་དོན་དུ་ནི་མྱེད་ལ། ལོག་པའི་རྒྱུ་ཉིད་རྙོགས་ན་རང་སེམས་སྐད་ཅིག་མ་སྟེ། དེ་ནི་གཞི་རྩ་མྱེད་པ་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུ་བླ་ན་མྱེད་པའི་དངོས་གྲུབ་གཞན་ནས་རེ་བ་ཡང་། བདག་གཞན་དུ་རྟོག་པ་ཡིན་པས། ཉིད་ལ་ཉིད་སྤྱོད། ཉིད་ལ་ཉིད་དབང་སྒྱུར་བའོ། །ཞེས་ལ་ཟླའོ། །གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་དང་སྦྱར་ན། དེ་ཉིད་ཁོ་ན་ཡང་མ་ཧཱའི་ལྟ་བར་ལ་ཟླ་ཡང་། འདིར་ནི་ལས་དང་པོ་པས་གཏན་ཚིག་བདེན་པ་གསུམ་གྱིས་གཏན་ལ་དབབ་སྟེ། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་དང་། དབྱེར་མྱེད་དོ། །དོན་དམ་པའི་བདེན་པ་ལ་གཉིས་ཏེ། གོ་བ་དང་། དེ་བསྒྲུབ་པར་བྱེད་པའི་རིག་པའོ། །གོ་བ་ནི། སྐྱེ་མྱེད་སྤྲོས་བྲལ་སྣང་སྟོང་ངོ་བོ་ཉིད་ཀྱི་རྒྱུར་གྲུབ་པའོ། །དེ་སྒྲུབ་པའི་རིག་པ་ལ་བཞི་སྟེ། རྒྱུ་རྐྱེན་གཞན་གྱིས་མ་སྐྱེས་པའི་ཕྱིར་སྐྱེ་བ་མྱེད་པ་དང་། བྱེད་པ་པོ་གཞན་གྱིས་མ་བྱས་པའི་ཕྱིར་སྐྱེ་བ་མྱེད་པ་དང་། སྐྱེས་པའི་དངོས་པོ་འདི་འདྲར་བྱ་བ་མྱི་རྙེད་པའི་ཕྱིར་སྐྱེ་བ་མྱེད་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་གཉིས་ཏེ། གོ་བ་དང་། དེ་སྒྲུབ་པའི་རིག་པའོ། །གོ་བ་ནི། རིག་པ་སྒྱུ་མའི་སྣང་བ་དེ། རིག་པ་རང་རྒྱུད་པ་མྱེན་པའམ། ཕྱོགས་གཅིག་ཏུ་གྲུབ་པ་མྱེད་པའོ། །དེ་སྒྲུབ་པའི་རིག་པ་གཉིས་ཏེ། སྣང་བ་ཡངས་པས་མི་ཡོངས་པ་དང་། སྣང་བ་འདི་མྱེད་ན་ཡང་སྐྱོན་དུ་འགྱུར་བའོ། །བདེན་པ་དབྱེར་མྱེད་ལ་གཉིས་ཏེ། གོ་བ་དང་། དེ་བསྒྲུབ་པའི་རིག་པའོ། །གོ་བ་ནི། སྣང་བ་ལ་སྟོང་པའི་རྩིས་མ་ཟིན་པ་མྱེད། སྟོང་པ་ལ་སྣང་བའི་རྩིས་མ་ཟིན་པ་མྱེད་དེ། སྣང་སྟོང་ངོ་མཉམ་གྱིས་གཉིས་མྱེད་ཆེན་པོའོ། །དེ་བསྒྲུབ་པར་བྱེད་པའི་རིག་པ་ནི། སྣང་སྟོང་གང་གི་ཡང་མཐར་མ་ལྷུང་བའི་ཕྱིར་དབྱེར་མྱེད་དོ། །དེ་ཡང་དོན་དམ་ཤེས་པས་སྟོང་པའི་མཐར་མ་ལྷུང་ལ། ཀུན་རྫོབ་ཤེས་པས་སྣང་བའི་མཐར་མ་ལྷུང་སྟེ། དེ་ཁོ་ན་ལ་བདེན་པ་དབྱེར་མྱེད་ཆེན་པོ་ཞེས་བྱའོ། །འཁོར་བ་ལོག་རྟོག་ལ་དབང་སྒྱུར་བ་བསྟན་པ་ནི། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོགས་པ་ཙམ་ཉིད་ལས། །ཞེས་འོ་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པའི་ཚུལ་གཅིག་པ་ཡིན་ན། བདག་དང་གཞན་གྱི་རྣམ་པར་རྟོག་པ་དང་། གཞན་ཡོང་ཇི་ལྟ་བ་ཞིག་ཡིན་ཞེ་ན། ལོག་པར་རྟོགས་ཅེས་པས་མ་རིག་པ་ལས་བྱུང་བའི་ཕྱིར། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པའི། འཁྲུལ་པའི་སེམས་ཉིད་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པར་སྣང་བ་ཙམ་དུ་ཟད་ཀྱིས། མ་རིག་པའི་བདག་དང་། མྱོང་བ་ཕུང་པོའི་བདག་དང་། གཟུང་འཛིན་གྱི་གཞན་རྣམས་ནི། ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ཞེས་འཁྲུལ་པའི་དབང་གིས། ཡང་དག་པ་ལས་ལོག་པར་རྟོགས་པ་ཙམ་ཉིད་ལས། ཕྲ་ཏེ་རྡུལ་ཕྲ་རབ་ཀྱི་དངོས་པོར་ཡང་གྲུབ་པ་མྱེད་ལ། ཟབ་སྟེ་སྟོང་བ་བདག་མྱེད་པ་ཙམ་གྱི་ངང་དུ་ཡང་ཡོད་པ་མ་ཡིན་ཏེ། ཡང་ན་ཕྲ་ཏེ་ཤའི་མྱིག་གིས་ཡང་ལྟར་མྱེད་ལ། ཟབ་སྟེ་ནི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་ཡང་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ན། ལོག་པར་རྟོགས་པ་ཙམ་ཉིད་ལས། ཕྲ་ཞིང་ཟབ་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །སེམས་ཅན་གྱི་དུས་ན། འཁྲུལ་པའི་སེམས་ཡུལ་དུ་བྱས་ནས་བག་ཆགས་ཀྱི་མཐུ་ལྟས་ལས་ལོག་པར་རྟོག་པ་སྐད་ཅིག་མ་ཕྱི་མས་སྤྱོད་མི་འཇུག་པའི་ཕྱིར། ལོག་རྟོག་ཉིད་ལ་ལོག་རྟོག་སྤྱོད་པའམ། འཁྲུལ་པ་ཉིད་སྤྱོད་པར་ཟད་ཀྱིས་ཞེས་བྱའོ། །གཞན་དུ་གཡོ་བ་ཅི་ཡང་མྱེད། །ཅེས་པ་ཡུལ་གཞན་ཞིག་ན་སྣང་བ་ཡོད་པ་མ་ཡིན་པའི་ཕྱིར། གཞན་དུ་གཡོ་བ་ཅི་ཡང་ཞེས་བྱའོ། ༈ །གྲུབ་མཐའ་རྟོགས་པ་བཞི་ནི། རྒྱུ་གཅིག་པར་རྟོགས་པ་༼ལོག་རྟོག་༽ལ་གསུམ་སྟེ། གཞལ་བྱ་འདས་ཀྱི་ཞེན་སྣང་ངོ་། །གོ་བའམ་རྟོགས་པ་གང་སྐྱེ་ན། འཁོར་འདས་སེམས་སུ་རྒྱུ་ཅིག་པར་རྟོགས་པའོ། །ཞེན་པ་གང་གྲོལ་ན། འཁོར་འདས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་ལོ། །ཡིག་འབྲུའི་ཚུལ་དུ་རྟོགས་༼རྣམ་དག་༽པ་ལ་གསུམ་སྟེ། གཞལ་བྱ་འཁོར་འདས་ཀྱི་ཞེན་སྣང་ངོ་། །གོ་བ་འམ་རྟོགས་པ་གང་སྐྱེ་ན། ༀ་ཨཱཿཧཱུྃ་གསུམ་གྱི་སྒོ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྟོགས་སོ། །ཞེན་པ་ནི། འབྲས་བུ་གཞན་ནས་ཐོབ་པ་མཉམ་ནས་གཞན་ནས་ཚོལ་བའི་ཞེན་པ་གྲོལ་བའོ། །བྱིན་གྱིས་རླབས་ཀྱིས་རྟོགས་པ་༼ཉིད་ལ་དབང་སྒྱུར་༽པ་གསུམ་སྟེ། གཞལ་བྱ་མཐུན། རྟོགས་པ་གང་སྐྱེ་ན། རྒྱུ་ཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་རྟོགས་པའི་མཐུ་ངོ་ཤེས་ནས་རྟན་པར་རྟོགས་སོ། །ཞེན་པ་ནི། མི་ཏན་པའི་ཞེན་པ་གྲོལ་ནས་ཏན་པའོ། །མངོན་༼ཉིད་སྤྱོད་ཕྱིར་༽སུམ་པར་རྟོགས་པ་ལ་གསུམ་སྟེ། ཞེན་པ་མཐུན། གོ་བ་ནི། མཐུ་ངོ་ཤེས་ནས་ཏན་པ་དེ་སྒྲ་ཙམ་མ་ཡིན་པར་བློ་གཏིང་དུ་གོ། །ཞེན་པ་ནི། སྒྲ་བཞིན་དུ་འཛིན་པའི་ཞེན་པ་ལས་གྲོལ་ལོ། །ལོག་རྟོག་གི་རང་བཞིན་ཤེས་ནས་འདས་པ་ལ་དབང་སྒྱུར་བ་བསྟན་པ་ནི། ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །ཞེས་ལོག་རྟོག་སྔ་མ་ནི་རྒྱུ། ལོག་རྟོག་ཕྱི་མ་ནི་འབྲས་བུ། ཡང་ན་རྒྱུ་ནི་ཉོན་མོངས་པ། འབྲས་བུ་ནི་སྡུག་བསྔལ་བ། རྒྱུ་ལོག་རྟོག་རྒྱུན་མ་ཆད་པས། འབྲས་བུ་སྡུག་བསྔལ་ཡང་རྒྱུན་མི་ཆད་པའི་ཕྱིར། རྒྱུན་ཉིད་ཀྱང་ཞེས་བྱའོ། །གཞི་རྩ་མྱེད་དབྱིངས་སྐད་ཅིག་མ། །ཞེས་དེ་ལྟར་སེམས་ཀྱི་ལོག་རྟོག་དང་། འབྲས་བུ་སྡུག་བསྔལ་གྱི་རྒྱུན་དེ་ཉིད་ཀྱང་། འཕགས་པའི་དུས་ན། གཅིག་དང་དུ་མར་བྲལ། མཐའ་དང་དབུས་མྱེད་དེ། གཞི་དང་རྩ་བ་མྱེད་པའི་ཆོས་ཀྱི་དབྱིངས་དང་། ཡེ་ཤེས་སྐད་ཅིག་མར་རང་སྣང་བའོ། །རྣམ་པར་དག་པས་དབྱིངས་ཉིད་ཚུལ། །ཞེས་གཟུང་འཛིན་རྣམ་པར་དག་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཚུལ་གཅིག་པའི་ཕྱིར། རྣམ་པར་དག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཚུལ་ལོ། །ཉིད་ལ་དབང་སྒྱུར་ཉིད་སྤྱོད་ཕྱིར། །ཞེས་པ་འཕགས་པའི་དུས་ན་གཟུང་འཛིན་དང་བྲལ་བའི་རིག་པའི་ཡེ་ཤེས་ཉིད་སྣ་ཚོགས་པར་སྣང་ལ། དེ་ལ་རོལ་ཅིང་སྤྱོད་པ་ཡང་ཡེ་ཤེས་ཉིད་ཡིན་ཏེ། ཡེ་ཤེས་ལ་ཡེ་ཤེས་རོལ། ཡེ་ཤེས་ལ་ཡེ་ཤེས་དབང་སྒྱུར་བའི་ཕྱིར་རོ། །བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་པ་བདག་ནི་དབང་པོ་གཟུགས་ཅན། གཞན་ནི་ཡུལ་གཟུགས་སྒྲ་ལ་སོགས་པའོ། །རྟོག་པའི་རྒྱུན་ནི། དེ་ཉིད་ལ་རྟེན་ཏེ་བྱུང་བའི་རྣམ་པར་རྟོག་པ་རྒྱུན་ཆགས་པའོ། །རྣམ་དག་བླ་ན་མྱེད་པའི་མཆོག །ཅེས་པ་དབང་པོ་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག །ཡུལ་གཟུགས་སྒྲ་ལྷ་མོའི་དཀྱིལ་འཁོར་དུ་རྣམ་པར་དག །དེ་ཉིད་ལ་རྟེན་ཏེ་བྱུང་བའི་རྣམ་པར་རྟོག་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་པས་རྣམ་པར་དག་ཅེས་བྱའོ། །དེ་ལྟར་དག་པ་རྣམས་ཀྱི་ཚུལ་དུ་རྟོགས་པ་དེ་ནི། ཐེག་པ་གང་གི་ལུགས་ཀྱིས་རྟོགས་ཞེ་ན། ཐེག་པ་གཞན་གྱི་ལུགས་ཀྱིས་མི་རྟོགས་ཏེ། གསང་སྔགས་ཀྱི་ཐེག་པ་བླ་ན་མྱེད་པ་འདིའི་ལུགས་ཀྱིས་རྟོགས་པས་ཐེག་པའི་མཆོག་ཅེས་སོ། །ཡང་ན་དབང་པོ་ལྷའི་དཀྱིལ་འཁོར་དུ་རྣམ་པར་དག །རྣམ་པར་རྟོག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག །དེ་ལྟར་སྟོན་པའི་གོང་ན་ཡོན་ཏན་དུ་བྱ་བ་གཞན་མྱེད་པའི་ཕྱིར་རྣམ་དག་བླ་མེད་ཅེས་བྱའོ། །དེ་ནི་ཐེག་པ་ཐམས་ཅད་ཀྱི་མཆོག་ཡིན་པས་ན་མཆོག་གོ། །ཐེག་པ་བཞིའི་ངེས་འབྱུང་ལ། །ཞེས་ལྷ་མིའི་ཐེག་པ་དགེ་བ་བཅུ་དང་། ཉན་ཐོས་ཀྱི་ཐེག་པ་བདེན་པ་བཞི་དང་། རང་སངས་རྒྱས་ཀྱི་ཐེག་པ་རྟེན་འབྲེལ་བཅུ་གཉིས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་བདེན་པ་གཉིས་ཀྱིས་ནི། འབྲས་བུ་ནི་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་ལ། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསང་སྔགས་རྡོ་རྗེ་ཐེག་པས་ནི། འབྲས་བུ་བླ་ན་མྱེད་པའི་བྱང་ཆུབ་ཏུ་གྲུབ་པར་བྱེད་པས་འབྲས་བུར་གནས་ཞེས་བྱའོ། །ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མྱེད་ལས་ཅིར་ཡང་འགྲུབ། །ཅེས་པ་ཡང་དག་པར་མ་ནོར་བར་རྟོགས་པས་རབ་ཏུ་བརྟགས་ན། རང་བཞིན་མྱེད་པ་ལས་རྟོགས་པའི་ཁྱེད་པར་གྱིས་ཅིར་ཡང་འགྲུབ་སྟེ། མ་ནོར་མ་རྟོགས་པའི་དུས་ན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་སོགས་ཏེ། མྱ་ངན་ལས་འདས་པའི་ཡོན་ཏན་སྣ་ཚོགས་ཡང་འགྲུབ་ལ། མ་རྟོགས་ཤིང་འཁྲུལ་བའི་དུས་ན། འཁོར་བའི་ཆོས་སྣ་ཚོགས་ཡང་འགྲུབ་པས། རང་བཞིན་མྱེད་ལས་ཅིར་ཡང་འགྲུབ་ཞེས་བྱའོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་དེ་བཞིན་གཤེགས་པ་ནི། གཟུགས་ཀྱི་སྐུར་མི་བཞུགས། ཆོས་ཀྱི་སྐུར་བཞུགས་པས་ན། ཆོས་ཀྱི་སྐུ་དེ་ལ་ནི་མྱ་ངན་ལས་འདའ་བ་མྱི་མངའ་བས། སངས་རྒྱས་མྱ་ངན་ལས་ཡོངས་མི་འདའ་ཞེས་སོ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་སངས་རྒྱས་སྐུ་མྱ་ངན་ལས་མ་འདས་པ་དང་། དེའི་ཞལ་ནས་གསུངས་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བའོ། ༈ །གཏར་ཀ་གགས་གསལ་བ་ནི། གོང་ནས་མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པས་ཞེས་བཤད་ནས། འདིར་སངས་རྒྱས་མྱ་ངན་ཡོངས་མི་འདའ་ཞེས་པས་འགལ་ཞེ་ན། མི་འགལ་ཏེ། གོང་མ་དེ་ནི་ཐེག་པ་ཐུན་མོང་དང་བྱུང་ཚུལ་སྟུན་པའི་དབང་དུ་ཡིན་ལ། འདི་ནི་ཐེག་པ་ཆེན་པོ་བས། དོན་དམ་ལ་སངས་རྒྱས་ལ་མྱ་ངན་ལས་འདའ་བ་མི་མངའ་ལ། ཆོས་ལ་ཡང་དར་ནུབ་མྱེད་དེ། དེ་ལྟར་སྣང་བ་དེ་གདུལ་བྱ་མ་རྟོགས་པའི་སྣང་བ་ཡིན་ལ། རྟོགས་ལྡན་ཉམས་ཀྱི་སྣང་བ་ལ་དེ་གར་ཡང་མ་གྲུབ་བོ། །མ་རིག་སྨིན་མཛད་གདུལ་བྱའི་ཕྱིར། །འབྱུང་གནས་མྱ་ངན་འདའ་བར་སྟོན། །ཞེས་པ་འོ་ན་སངས་རྒྱས་མྱ་ངན་མི་འདའ་ན། དང་པོ་ཡུམ་གྱི་ལྷུམས་ནས་བལྟམས་པ་དང་། མཇུག་མྱ་ངན་ལས་འདས་པའི་བར་གྱི་ཚུལ་ནི་ཇི་ལྟར་ཡིན་ཞེ་ན། སེམས་ཅན་མ་རིག་པ་ལས་བྱུང་བའི་རྣམ་པར་སྨིན་པ་གྲོལ་བར་མཛད་པ་དང་། གདུལ་བྱའི་རྒྱུད་སྨིན་པར་བྱ་བའི་ཕྱིར། ཡུམ་གྱི་ལྷུམས་ནས་བལྟམས་པ་དང་མྱ་ངན་ལས་འདའ་བར་སྟོན་པར་མཛད་པས། གདུལ་བྱ་ལེ་ལོ་ཅན་བརྩོན་འགྲུས་ལ་འགོད་པའི་ཕྱིར་རོ། །འདུལ་བ་མདོ་སྡེ་ཆོས་མངོན་དང་། །ཞེས་ཉོན་མོངས་རྟ་རྒོད་དང་འདྲ་བ་ཁྲིམས་ཉི་རྒྱ་ལྔ་བཅུས་འདུལ་བ་དང་། དྲང་དོན་དང་ངེས་དོན་སྟོན་པའི་མདོ་སྡེ་དང་། ཤེས་རབ་ཀྱིས་ཡང་དག་པའི་དོན་མངོན་པར་སྟོན་པ་སྟེ། མཚན་ཉིད་ཀྱི་སྡེ་སྣོད་གསུམ་ཉན་རང་བྱང་སེམས་སོ། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །ཞེས་སྲུང་བའི་དམ་ཚིག་སྟོན་པའི་ཀྲི་ཡ་དང་། སྒྲུབ་པའི་ཐབས་སྟོན་པ་ཨུ་པ་ཡ་དང་། གྲུབ་པའི་འབྲས་བུ་སྟོན་པ་ཡོ་ག་སྟེ། ཕྱི་པ་ཐུབ་པའི་རྒྱུད་ཞེས་བྱ་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་ཕྱི་པའི་རྒྱུད་གསུམ་དུ་བསྟོན་པའོ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཅེས་སྐུའི་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག །གསུང་གི་རྒྱུད་རྫོགས་པ་ཨ་ནུ་ཡོ་ག །ཐུགས་ཀྱི་རྒྱུད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཐམས་ཅད་དོ། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །ཞེས་དེ་ལྟར་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ། མཚན་ཉིད་ཀྱི་སྡེ་སྣོད་གསུམ། རྣལ་འབྱོར་ཕྱི་པའི་རྒྱུད་གསུམ། རྣལ་འབྱོར་ནང་པ་བླ་ན་མྱེད་པའི་རྒྱུད་གསུམ་པོར་གྲངས་པ་རྣམས་སོ། །གསང་བ་སྙིང་པོ་ལས་འཕྲོས་ཏེ། །ཞེས་དེ་རྣམས་ཡང་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་རྩ་བ་གསང་བའི་སྙིང་པོ་ལས་ཕྲོས་པའོ། །བློ་སྨན་པ་སྐལ་བ་མྱེད་པ་ལ་གསང་། ཐུགས་ཀྱི་བཅུད་འདུས་སྙིང་པོའོ། །རང་བཞིན་གསང་བའི་སྙིང་པོ་འདིས། །ཞེས་པ། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །རང་བཞིན་གསང་བའི་སྙིང་པོ་འདི། ཀུན་ཏུ་བཟང་པོའི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །དེ་བས་ན་ཐུགས་ཡང་དག་པའི་ཡེ་ཤེས་ལས་འཕྲོས་པའོ། །ཐུགས་ཡང་དག་པའི་རྟགས་ཀྱི་ཕྱག་རྒྱ་འདི་རྟོགས་པར་དཀའ་བས་གསང་ངོ་། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་པ་དཔེར་ན་ཆུ་བྲན་ཐམས་ཅད་བྱུང་ཡང་ཕྱིའི་རྒྱ་མཚོ་ལས་འབྱུང་ལ། སླར་ཡང་དེར་འགྲོ་བ་ལྟར། ཆོས་ཐམས་ཅད་བྱུང་ཡང་ཀུན་ཏུ་བཟང་པོའི་ཐུགས་ཡང་དག་པའི་ཡེ་ཤེས་ལས་བྱུང་ལ། གཏན་ལ་ཡང་ཐུགས་ཡང་དག་པའི་ཡེ་ཤེས་ཁོ་ནར་འབེབས་པའོ། །གཏར་ཀ་གགས་གསལ་བ་ནི། གསང་བ་སྙིང་པོ་འདི་ལས་ཐེག་པ་ཐམས་ཅད་འཕྲོས་པ་དང་འགལ་ཞེ་ན། མི་འགལ་ཏེ། རང་བཞིན་གསང་བའི་སྙིང་པོ་ནི། ཆོས་སྐུ་ཡིན་ལ། ཆོས་སྐུ་དེས་ཐམས་ཅད་སྟན་པ་ཡིན་པ་དང་། ཐམས་ཅད་སྤྲོས་པ་ཡིན་པས་འགལ་བ་མྱེད་དོ། །ཆོས་རྣམས་མིང་དུ་རྟགས་པ་ཙམ། །ཞེས་ཆོས་ཐམས་ཅད་ནི་ཡང་དག་པར་ན། དངོས་པོ་ཅིར་ཡང་མ་གྲུབ་ཅིང་། ཚིག་དང་ཡི་གེ་ལས་འདས་ཏེ། བརྗོད་པའི་ཐ་སྙད་དང་བྲལ་བ་བཞིན་དུ། ཀུན་རྫོབ་ཏུ་མིང་དང་མཚན་མ་ཙམ་ཡིན་པའི་ཕྱིར། ཆོས་རྣམས་མིང་དུ་རྟགས་པ་ཙམ་མོ། །འོ་ན་སུས་རྟགས་ཞེ་ན། སྟོན་པས་དོན་དང་མཐུན་ཕྱོགས་སུ། །ཞེས་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་དེས། དོན་ཆོས་ཉིད་དང་མཐུན་པའི་ཕྱོགས་སུ་སྟོན་པ་ནི། མིང་དང་ཚིག་ཏུ་བརྟགས་ནས་བསྟན། །ཞེས་དཔེར་ན་མུན་ཁུང་དུ་གསེར་ཚོལ་བ་སྒྲོན་མེ་ལ་རྟེན་ནས་ཚོལ་བ་ལྟར། ཚིག་གི་སྒྲོན་མེས་དོན་གྱི་གསེར་ཚོལ་ལོ། །མིང་ལ་རྟེན་ནས་ཚིག་མཚོན་ནོ། །སྟོན་མིང་ཚིག་ལ་དངོས་པོ་མྱེད། །ཅེས་དེ་ལྟར་སྟོན་ཡང་། དོན་དམ་པར་ན་ཡང་དག་པའི་སངས་རྒྱས་སྟོན་པའོ་ཉིད་དང་། མིང་དང་ཚིག་ཏུ་བརྟགས་ནས་བསྟན་པའི་ཆོས་ཐམས་ཅད་ལ། དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མྱེད་པས། སྟོན་མིང་ཚིག་ལ་དངོས་པོ་མྱེད་ཞེས་བརྗོད་དོ། །ཐབས་ལམ་དུ་ན། དང་པོ་འཁྲུལ་བའི་སྣང་བ་བསྟན་པ་ནི། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །ཞེས་སོགས་ནི། ཕུང་པོ་རྟོགས་ཚོགས་སྒྱུ་མར་སྣང་བའི་ཐིག་ལེ་རྣམས་སོ། །མཉམ་པ་བཞི་བསྟན་པ་ནི། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །ཞེས་སོགས་ན། ཉི་ཟླ་བྱང་སེམས་ཀུན་རྫོབ་ཏུ་མཉམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་མཉམ་པའོ། །དེ་ལ་རྩད་པ་སྤང་བ་ནི། །བདག་དང་བདག་གི་གཞན་རྣམས་ནི། །ཞེས་པ་ལ་སོགས་པ་ནི། བདེ་བ་དང་ཐེག་ལེ་དབྱེར་མེད་པའོ། །རྟོགས་པ་བཞིའི་གཏན་ཚིག་ནི། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ནི། །ཞེས་སོགས་ནི། ཐིག་ལེ་མ་སྐྱེས་པར་མཉམ། ཡི་གེར་ཤར། བདེ་བས་བྱིན་རླབས། ལྷན་སྐྱེས་མངོན་སུམ་དུ་མྱོང་ངོ་། །དག་པ་གསུམ་གྱི་གཏན་ཚིག་ནི། །བདག་དང་གཞན་དང་རྟོག་པའི་རྒྱུན། །ཞེས་སོགས་ནི། ཐིག་ལེ་ལྟར་དག་པའོ། །ཕུང་པོ་ལྷའི་དལ་དུ་ཤེས། རྟོག་པ་བདེ་བར་ཤེས་པའོ། །དེ་ལྟར་འགྲུབ་པའི་ཐེག་པ་ནི། ཐེག་པ་བཞིའི་ངེས་འབྱུང་ཞེས་པ་ལ་སོགས་པ་ནི། དགའ་བ་རང་སྣང་རང་རིག་མངོན་སུམ་དུ་གསལ་བའོ། །བསྟན་པ་དར་ནུབ་མྱེད་པ་ནི། ཐིག་ལེ་དུས་གསུམ་དུ་མི་འགྱུར་བ་སྟེ། སངས་རྒྱས་མྱ་ངན་ཡོངས་མི་འདའོ། །བསྟན་པ་ཐམས་ཅད་འདི་ལས་བྱུང་བ་ནི། འདུལ་བ་མདོ་སྡེ་ཞེས་པ། སྲོག་དང་རྩོལ་བ་ལས་ཀླུང་བྱུང་ཡང་། སྲོག་དང་རྩོལ་བར་ཐིམ་པའོ། །ཐལ་བ་ནས། ཕུང་བསོགས་པའི་འཇིག་རྟེན་ཀུན། །ལོག་རྟོག་སྒྱུ་མར་སྣང་ཙམ་ལས། །ཉི་ཟླའི་གདན་གཉིས་ལས་ཉིད་ཀྱིས། །མ་སྐྱེས་མཉམ་ལ་གནས་འགྱུར་ཞིང་། །ཕུང་བསོགས་ལྷའི་དཀྱིལ་འཁོར་དུ། །རང་སྣང་རང་རིག་མངོན་སུམ་གསལ། །དུས་གསུམ་དུའང་མི་འགྱུར་ཕྱིར། །ཐེག་འདི་ཐབས་དང་རྡོ་རྗེར་བཤད། །སྙིང་པོའི་དོན་ཀུན་རིན་ཆེན་མདངས། །ཁ་དོག་སྣ་ལྔའི་བདག་ཉིད་ལ། །སྲོག་དང་རྩལ་བས་ཆེད་འཛིན་ཅིང་། །ཕྱི་ནང་ཡུལ་ཀུན་སྤྲོ་བར་མཛད། །ཅེས་བཤད་རྒྱུད་སྒྱུ་འཕྲུལ་ཐལ་བས་ཀྲོལ་བའོ། །དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མྱེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས། རྡོ་རྗེ་ལས་ཕྱུང་ངོ་། །ཞེས་བསྟན་པ་བཤད་པའི་རྗེས་དེ་ནས། ལེའུ་བསྡུད་སྟོན་པའོ། །རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྟོན་པའོ། །འཁོར་དང་སྟོན་པ་གཉིས་མྱེད་དོ། །གཙོ་དང་འཁོར་གྱི་དལ་ལོ། །ཐུགས་ཡེ་ཤེས་ཀྱི་གསང་བ་འདི་ཉིད། སྣང་བ་སྐུ། སྒྲག་པ་གསུང་། མི་རྟོག་པ་ཐུགས། ཆེ་བ་ཡོན་ཏན། མཛད་པའི་ལས་རྣམས་དབྱེར་མྱེད་པའི་རྡོ་རྗེ་ལས་ཕྱུང་བའོ། །ཨ་ཧོ། ཞེས་པ་ཨ་མ་སྐྱེས་པ། ཧོ་མ་འགགས་པས་ཏེ། མ་སྐྱེས་པའི་དོན་ལ་དགྱེས་པའོ། །སྲིད་རྩ་ཉེས་དམིགས། བདག་ཏུ་རྟོག་ལས་འཕྲོས། ཞེས་པ་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བའི། སྲིད་པ་རྩ་བའམ། སྒྱུ་མའམ། ཉེས་དམིགས་ཅི་ལས་བྱུང་ཞེ་ན། མ་རིག་པ་ལས་བྱུང་བའི་ཉེས་པས། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལས་བྱུང་ཞིང་འཕྲོས་པའོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོགས་པའི་གཟུང་འཛིན་གྱིས། །རྒྱུ་དྲུག་སྐྱེ་འགག །ལུས་དང་ལོངས་སྤྱོད་དང་། ཞེས་པ་གང་དུ་འཕྲོས་ཞེ་ན། འགྲོ་བ་རིགས་དྲུག་གི་སེམས་ཅན་སྣ་ཚོགས་ཀྱི་གནས་སུ་སྐྱེས་ཤིང་ལུས་བླངས་པ། སོ་སོའི་བདེ་སྐྱིད་དང་སྡུག་བསྔལ་སྐྱེ་འཆི་ལ་སོགས་པ་སྣ་ཚོགས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་བསྡུའོ། །སྤྱིར་ལེའུ་བསྡུད་ལ་དོན་གཉིས་ཏེ། དོན་བསྡུ་བ་དང་། ཚིག་བསྡུ་བ་ལས། འདིར་དོན་བསྡུ་བ་གཙོར་སྟོན་པ་སྟེ། ཨ་སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་ལ། ཧོ་ཐབས་མཆོག་ཆོ་འཕྲུལ་རོལ་པའོ། །སྲིད་པ་གསུམ་གྱི་འཁྲུལ་འཁོར་ཐམས་ཅད་ཀུན། །ལོག་རྟོག་ཉིད་ལས་ཅི་ཡང་མ་ཡིན་ཞེས་བྱ་སྟེ། དེར་ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས་ཞེས་པ་མན་ཆད་དེ། འཁོར་བ་ཡོངས་སུ་ཤེས་པའི་ལྟ་བ་དང་། འདས་པ་ཡོངས་སུ་ཤེས་པའི་ལྟ་བ་རྣམས་བསྡུའོ། །རང་རིག་ཡེ་ཤེས་བདག་མྱེད་ཀྱི་ཐུགས་ནི། བྱ་བྱེད་མྱེད་པར་ཀུན་ལ་དབང་བསྒྱུར་བ་སྟེ། དེ་ཉིད་ཡོན་ཏན་ཞིང་རབ་ཡིན་པས་ན། གཞན་མྱེད་རང་རིག་དེ་ལྟར་སྣང་ངོ་། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི། ཞེས་པ་ནས། གོས་སུ་མྱེད་པ་སྟོན་པའི་མཐར་ཐུག་གོ། །ཞེས་པའི་བར་ཡན་ཆད། བསྡུའོ། །དེ་ཡང་བསྟན་པ་སྤྱིའི་ཚུལ་རྣམས་དེར་བསྡུའོ། །ཚིག་བསྡུ་བ་ནི། ཨ་ཧོ་སྲིད་རྩ་ཉེས་དམིགས། ཞེས་པས་སྟོན་ཏོ། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ཞེས་སྤྱིའི་གནས་འབྱུང་བ་ཆེན་པོ་ལྔའོ། །ཁྱད་པར་རང་གི་སྡུག་བསྔལ་གནས་སུ་སྣང་ངོ་། །གནས་མི་རྟག་ཏེ། རྒྱུད་དྲུག་ཅིག་ནས་ཅིག་ཏུ་འཁྲུལ་ཞིང་འཁོར་བ་ཤིང་རྟའི་འཕང་ལོ་ལྟ་བུའོ། །བསོགས་པ་ནི་སྡུག་བསྔལ་ལས་ཐར་བ་མྱེད་པའོ། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །ཅེས་པའོ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མྱེད། །ཅེས་པ་དེ་ཡང་རང་རིག་འཁྲུལ་པའི་དབང་གིས་སེམས་ཉིད་ལོག་པར་རྟོགས་པར་མཐོང་བར་ཟད། གཞན་ནས་གཡོས་ཤིང་འབྱུང་བར་མྱེད་དོ། །རང་བཞིན་ཉིད་ལས་ཉམས་པ་མྱེད། །ཅེས་པ་ནས། སྟོན་མིང་ཚིག་ལ་དངོས་པོ་མྱེད། །ཅེས་པའི་བར་རོ། །སྟོང་ཉིད་བདག་མྱེད་ཡེ་མཁྱེན་རང་རིག་ཐུགས། །ཞེས་འཕགས་པའི་དུས་ན། ཆོས་ཐམས་ཅད་ཡེ་ནས་སྟོང་པའི་རང་བཞིན། སྟོང་པ་ལ་བདག་གི་དངོས་པོར་གྲུབ་པ་མྱེད་པས་བདག་མྱེད། སྟོང་པ་དང་བདག་མྱེད་པའི་དོན་ཇི་ལྟ་བ་བཞིན་མཁྱེན་པས་ཡེ་མཁྱེན། ཇི་ལྟར་མཁྱེན་པ་དེ་རང་གི་རིག་པའམ་ཐུགས་ཡང་དག་པའི་ཡེ་ཤེས་ཡིན་པས་རང་རིག་ཐུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོ་ཞེས་པའོ། །དམྱིགས་བྱ་དམྱིགས་བྱེད་མྱེད་པར་དྲན་དབང་བསྒྱུར། །ཞེས་དམྱིགས་བྱ་ཆོས་ཀྱི་དབྱིངས་ལ། དམྱིགས་བྱེད་རིག་པའི་ཡེ་ཤེས། དེ་ཡང་ལོག་ན་མྱེད་དེ། སྤྲོས་པ་དང་བྲལ་བའི་ཆ་ནས་ནི་ཆོས་ཀྱི་དབྱིངས། ཤེས་ཤིང་རྟོགས་པའི་ཆ་ནས་རིག་པའི་ཡེ་ཤེས་དེ། དབྱིངས་རིག་པ་དང་ལྡན། རིག་པ་སྤྲོས་པ་དང་བྲལ་བས་གཉིས་མྱེད་དེ། དབྱིངས་ཡེ་ཤེས་གཉིས་མྱེད་རྟོགས་པས། འཁོར་འདས་ལ་ཡིད་དྲན་པའི་དབང་པོ་ཇི་ལྟར་འདོད་པར་དབང་སྒྱུར་རོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་ཞེས་པ་ནས། ཐུབ་པ་བཅོམ་ལྡན་འདས་རེ་རེས། ཞེས་པའི་བར་དུ་བསྡུའོ། །ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས། །ཞེས་ཤིན་ཏུ་ངོ་མཚར་ཡ་མཚན་ཆེ་སྟེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་། སངས་རྒྱས་ཀྱི་ཞིང་ཁམས་ཡོངས་སུ་དག་པ་ལ་སོགས་པ་ཡང་། གཞན་ལོགས་ན་མྱེད་དེ། ངོ་མཚར་ནི། འདུལ་བ་རྣམ་པ་བཞིས་དོན་མཛད་པའོ། །ཞེས་བསྡུའོ། །སྐུ་ནི། བལྟམས་པ་དང་ཞེས་བསྡུ། གསུང་ནི། དེ་དག་ཀྱང་འདི་ལྟ་སྟེ། ཞེས་པ་བསྡུའོ། །ཡོན་ཏན་ནི། དུས་བཞི་དང་། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཞེས་པ་བསྡུའོ། །ཞིང་ཁམས་ནི། སྦྲེལ་གཞི་དག་ཞེས་པ་བསྡུའོ། །གཞན་ན་མྱེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སྐོར་བའི་རིག་པའི་ཡེ་ཤེས་ཉིད། མྱ་ངན་ལས་འདས་པའི་ཆེ་བའི་ཡོན་ཏན་སྣ་ཚོགས་སུ་སྣང་བ་དེ་ལྟར་ཡིན་ནོ། །ཞེས་རྡོ་རྗེ་གསང་བའི་ཚིག་དུའོ། །ཞེས་རྡོ་རྗེ་ནི་ཐུགས་སོ། །གསང་བ་ནི་ཡེ་ཤེས་རྟོགས་པར་དཀའ་བའོ། །མདོར་ན་ཐུགས་གསང་བའི་ཡེ་ཤེས་རྟོགས་པར་དཀའ་བ་སྟེ། ཚིག་ཏུ་མཚོན་པའོ། །ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མྱེད་པ་དང་། ཞེས་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱས་ཆོས་གསུངས་པ་ཀུན་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཞེས་པ་ནས། བསམ་གྱིས་མི་ཁྱབ་གྲངས་མྱེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ་ཞེས་པའི་བར་བསྡུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་། ཞེས་དུས་གསུམ་དུ་གཤེགས་ཤིང་ཕྱོགས་བཅུ་ན་བཞུགས་པ་རྣམས་ཀྱིས་འགྲོ་བའི་དོན་དུ་གསུངས་པ་ཡང་། དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། ཞེས་པ་ནས། སྟོན་མིང་ཚིག་ལ་དངོས་པོ་མྱེད་ཞེས་བརྗོད་དོ། །ཞེས་པ་ཡན་ཆད་བསྡུས་སོ། །དེ་དག་དུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །ཞེས་ལེའུ་བསྡུད་ཚིག་བཞི་ཚིག་ཏུ་བཅད་པ་གཉིས་པོ་དེར་ཐམས་ཅད་འདུས་པར་དེ་བ་ཉིད་ཀྱིས་ཡང་མཁྱེན། དེ་དང་འདྲ་བ་འགའ་དང་འགལ་ཀྱང་ཤེས་སོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་ཀུན་ཏུ་བཟང་པོའི་ཐུགས་རྟོགས་པར་དཀའ་བས་གསང་། དེ་ཁོ་ན་ཡེ་ཤེས་ཀྱི་སྙིང་པོ། དེ་ནི་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །ཆོས་ཐམས་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།འཁོར་བའི་ཆོས་དང་མྱ་ངན་འདས་པའི་ཆོས་རྣམ་པ་གཉིས་གཏན་ལ་ཕབ་སྟེ། འཁོར་བའི་ཆོས་ཐམས་ཅད་ནི་འཁྲུལ་པའི་སེམས་རང་སྣང་བར་གཏན་ལ་ཕབ། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་རྟོགས་པའི་ཡེ་ཤེས་རང་སྣང་བར་གཏན་ལ་ཕབ་བོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། ཞེས་ལེའུ་གསུམ་པའི་རྗེས་དེ་ནས་ལེའུ་བཞི་པ་བསྟན་པར་བཞེད་པའོ། །རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། ཡི་གེ་འཁོར་ལོའི་ལེའུ་འདི་བསྟན་པ་ལ་དགོངས་པ་གཅིག་ཏུ་གྱུར་པའམ། དགོངས་པ་མཐུན་པའོ། །ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཡི་གེ་འཁོར་ལོའི་བསྟན་པ་ལ་དགོངས་པ་གཅིག་ཏུ་གྱུར་པའམ། ཡང་ན་ཡི་གེ་འཁོར་ལོ་འདི་ཤིན་ཏུ་ཟབ་པས། འདི་བཤད་ཅིང་བསྟན་པར་དཀའ་བས། དེ་བཞིན་གཤེགས་པ་འགའ་དང་འགས་སྟོན་མྱི་སྤྱོད་པས། དེ་བཞིན་གཤེགས་པ་ཀུན་སྒྲོས་སམ། བློས་ནས་བཤད་དགོས་པའི་ཕྱིར། དགོངས་པ་གཅིག་ཏུ་གྱུར་ནས་སོ། །མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ། ཞེས་པ་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་མཉམ། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མཉམ། དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེར་མྱེད་པར་མཉམ་པས་མཉམ་པ་ཆེན་པོའོ། །ཡང་ན་ཆོས་ཐམས་ཅད་སངས་རྒྱས་པར་མཉམ་པས་མཉམ་པ་ཆེན་པོའོ། །ཚུལ་གང་དུ་མཉམ་ཞེ་ན། དབྱིངས་དང་ཡེ་ཤེས་ཐ་མི་དད་པའི་ངང་དུ་མཉམ་མོ། །རྡོ་རྗེ་ནི་རིག་པའི་ཡེ་ཤེས་སོ། །དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མ་གཡོས་པར། ཞེས་པ་དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ངང་དུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་བཞུགས་པ་ངེས་བྱའོ། །དེ་ཡང་ཆོས་ཐམས་ཅད་ནི། འཁོར་བ་དང་མྱ་ངན་ལས་འདས་བསྡུས་པའི་ཆོས་ཐམས་ཅད་ལ་བྱའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། འཕྲ་ལ་ལམ་གྱིས་མ་བསྒྲུབས། གཉེན་པོས་མ་བཅོས་ཏེ། ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་པར་རྟོགས་ནས། རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མ་ཡེངས་པར་བྱ་བ་ལ་ནི་ཏིང་ངེ་འཛིན་ལས་མ་གཡོས་པར་ཞེས་བྱའོ། །ཡང་ན་དེ་ལྟར་ཆོས་ཐམས་ཅད་དེ་ལྟར་སངས་རྒྱས་པའི་རང་བཞིན་ལས་མི་འདའ་བ་ལ་ཡང་ཏིང་ངེ་འཛིན་ལས་མ་གཡོ་བར་ཞེས་བྱའོ། །ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེའི། འཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པ་ཆོས་ཐམས་ཅད་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་བྱའོ། །དེ་ཡང་མིང་གི་མཚན་ཉིད་ཙམ་མམ། བརྟགས་ཙམ་དུ་ཡོད་པའི་ཕྱིར། མིང་ཙམ་དུ་གནས་པ་ཞེས་བྱའོ། །ཡི་གེ་ཞེས་པ་ནི་བཞི་སྟེ། ཡི་གེའི་རང་བཞིན་དང་། ཡི་གེའི་སྒྲ་དང་། ཡི་གེའི་དབྱིབས། ཡི་གེའི་གྲངས་དང་བཞིའོ། །ཡི་གེའི་རང་བཞིན་ནི་བཞི་སྟེ། ཡི་གེ་ཡེ་ནས་རྣམ་པར་དག་ཅིང་སངས་རྒྱས་པ། དབྱིངས་དང་ཡེ་ཤེས་ཐ་མི་དད་པས། ཐབས་དང་ཤེས་རབ་མཉམ་ཞིང་དབྱེར་མྱི་ཕྱེད་པའམ། མཉམ་པ་ཉིད་གཉིས་སུ་མྱེད་པའི་རང་བཞིན་དུ་གནས་སོ། །ཡི་གེའི་དབྱིབས་ནི། ཨ་སེང་གེ་བླལ་བ་འདྲ་བ་དང་། ཀ་པི་ཝང་རྟག་གྱེད་འདྲ་བ་ཞེས་བྱ་སྟེ། ཡི་གེའི་གཟུགས་སམ་དབྱིབས་ཀྱི་དོན་སྟོན་པ་ལ་བྱ་སྟེ། དེ་ཡང་དཔེར་ན་སེང་གེ་བླལ་བའི་ཁར་སྲོག་ཆགས་སོང་ན། མི་མངོན་པའམ་མི་སྣང་བ་དང་འདྲ་བར། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གྲོལ་ནས་མི་དམྱིགས་པར་ཏོགས་པ་ལ་བྱའོ། །ཀ་པི་ཝང་རྟག་གྱེད་འདྲ་བ་ནི། དཔེར་ན་པི་ཝང་གི་སྒྲ་སྐད་སྙན་པོས་རྣ་བའི་དབང་པོ་ཚིམ་པར་བྱེད་པ་དང་འདྲ་བར། ཀ་ཀར་མའི་སྒྲ་ལས་གྲངས་ན་འཕྲིན་ལས་ཏེ། དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱིས་འགྲོ་བ་སེམས་ཅན་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་མཛད་པའམ། ཚིམ་པར་མཛད་པའོ། །ཡི་གེའི་སྒྲ་ནི། ཨག་ཤ་ར་ཟེར་ན། མྱི་འགྱུར་པ་སྟེ། དེ་ཡང་སྒྲ་མི་འགྱུར་པ་དང་། དོན་མི་འགྱུར་བའོ། །སྒྲ་མི་འགྱུར་པ་ནི། ཀ་བར་མི་འགྱུར་ལ། བ་ཀར་མི་འགྱུར་བའོ། །དོན་མྱི་འགྱུར་བ་ནི། ཡེ་ནས་སངས་རྒྱས་པའི་དོན་དེ། དངོས་པོ་དང་མཚན་མར་ནམ་ཡང་མི་འགྱུར་བའོ། །བྱན་ཏྟ་ན་ཞེས་བྱ་སྟེ། ཁྲིད་བྱེད་དེ། དཔེར་ན་ཚ་བས་ཁྲིད་ནས་ཟན་བརྡེགས་པར་བྱེད་པ་དང་འདྲ་བར། ཡི་གེས་ཁྲིད་ནས་དོན་གཏན་དུ་ཕེབས་པར་བྱེད་པའོ། །སུ་བརྣིལ་ཞེས་བྱ་སྟེ། གསལ་བྱེད་དོ། །དེ་ཡང་ཡི་གེ་ལ་རྟེན་ནས་དོན་གསལ་བར་བྱེད་པས་ན་གསལ་བྱེད་དོ། །ཡི་གེའི་གྲངས་ནི། གསལ་བྱེད་ཀའི་སྡེ་ཚན་དང་། དབྱངས་ཡིག་ཨའི་སྡེ་ཚན་རྣམས་སོ། །འཕྲེང་བ་ནི། ཡིག་འབྲུ་བཞི་བཅུ་རྩ་གཉིས་རིན་པོ་ཆེའི་འཕྲེང་བ་ལྟར་མཛེས་པའོ། །འཁོར་ལོ་ནི། ཡི་གེ་དེ་ཉིད་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་ཡིན་པའོ། །དེ་ལྟར་ཡིག་འབྲུ་བཞི་བཅུ་རྩ་གཉིས་པོ་འདི་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་རྡ་ོརྗེ་ལས་ཕྱུང་བའོ། །ཡི་གེ་ཨ་ལ་སེམས་སྦྱང་བ་བ སྟན་པ་ནི། ཨ་རབ་དུ་བསྟན་འགྱུར་ཨ་དཀར་ལས། ཞེས་པ་ཆོས་ཀྱི་དབྱིངས་ཀྱི་ངང་དུ། རང་གི་སེམས་ཡི་གེ་ཨ་དཀར་པོར་གསལ་བར་བསྒོམས་ཏེ། དེ་ཡང་གསལ་བའི་ཚད་བརྒྱད་དེ། ས་ལེ་བ་དང་། སང་ངེ་བ་དང་། ལྷན་ནེ་བ་དང་། ལྷང་ངེ་བ་དང་། མི་གཡོ་བ་དང་། རབ་ཏུ་མི་གཡོ་བ་དང་། མྱི་འགྱུར་བ་དང་། རབ་ཏུ་མི་འགྱུར་བའོ། །འོ་ན་དང་པོ་ཨ་གཅིག་པོ་ལྷག་པར་བསྒོམས་ཅི་སྟེ་ཞེ་ན། ཨ་ནི་ཆོས་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱི་ཆོས་ཉིད་མཚོན་པའི་ཨ་ལ་སེམས་སྦྱོང་བའོ། །ཆོས་ཉིད་དེ་བསྟན་ཞིང་མི་འགྱུར་བ་ཡིན་པས་དེ་ལ་འགྲིས་པ་ནི་རབ་ཏུ་སྟན་འགྱུར་རོ། །རང་གི་བྱང་ཆུབ་སེམས་མཚོན་པའི་ཨ་དཀར་པོ་ཁ་དོག་འོད་འབར་བ་མདུན་གྱི་ནམ་མཁར་སྒོམ་པ་ནི་ཨ་དཀར་པོ། ལས་ཞེས་པ་འཕྲོ་འདུ་སྟན་ནོ། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །ཞེས་པ་ཨ་དེ་ལས་ཨ་ཕྲ་མོ་སྡུས་བྲིས་པ་ལྟ་བུ་ཨ་པ་ར་ན་ཕཊ་ཞེས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས་འཕགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། མཉེས་པའི་མཆོད་པ་ཕུལ། སྐུའི་བྱིན་བརླབས་བསྡུས། གསུང་གི་དངོས་གྲུབ་བླངས། ཐུགས་ཀྱི་སྣང་བ་ཐོབ་པར་བྱས་པ་ནི། གསལ་འགྱུར་ནས་སོ། །དེ་ལ་ཨ་ས་ཧ་ར་ན་ཧཱུྃ་ཞེས་བསྡུས་ཏེ། དངོས་གྲུབ་ཏུ་བྱིན་རླབས་ནས་ཐིམ་པའོ། །བསྡུས་ཀྱང་འཕེལ་འགྲིབ་མྱེད་པར་བསྟན། །ཞེས་པ་དེ་གསལ་བའི་ཚད་ནི། སྔར་ཨ་སྤྲོས་པས་ཆུང་དུ་མ་སོང་ལ། ཕྱིས་བསྡུས་པས་ཨ་ཆེར་མ་སོང་སྟེ། བསྡུས་ཀྱང་མ་འཕེལ། སྤྲོས་ཀྱང་མ་འགྲིབས་ཏེ། ཤིན་ཏུ་བསྟན་པར་གྱུར་ནས་སོ། །གཏར་ཀས་གགས་གསལ་བ་ནི། འདིར་ཏིང་ངེ་འཛིན་གསུམ་ལས། དེ་ཏིང་དང་། ཀུན་སྣང་མ་བསྟན་པར། དང་པོ་རྒྱུའི་ཨ་བསྒོམ་པ་སྟོན་པ་ཅི་སྟེ་ཞེ་ན། དེ་ནི་ཅིར་ལས་དང་པོ་བས་ཨ་སྟོང་པ་ཉིད་ཀྱི་ཡི་གེ་ལ་སེམས་སྦྱོངས་ན། ལས་ཐམས་ཅད་གྲུབ་པ་དང་། ཨ་གཅིག་པོ་བསྒོམས་པས་འཕྲ་མོ་ལས་སུ་རུང་ན་གཞན་སྦྱང་སླ་བ་དང་། སྤྱིར་གསུང་ཡི་གེ་གཅིག་པུ་བསྒོམ་པ་དང་། སྐུ་གཅིག་པུ་བསྒོམ་པ་དང་། ཐུགས་སྟོང་པ་གཅིག་པུ་འགྲུབ་པ་ཐ་དད་དུ་ཡོད་པ་ལ་དགོངས་པའོ། །འདིར་གསུང་ཡི་གེ་གཅིག་པུ་ལ་དགོངས་པའི་གསུང་། མིང་ཚོགས་གཞན་ལ་སེམས་སྦྱང་བསྟན་པ་ནི། དེ་ལས་མིང་ཚོགས་གསལ་འབར་ཀུན། །ཞེས་པ་ཡི་གེ་ཨ་དེ་ལས། མིང་གི་ཚོགས་དང་། ཚིག་གི་ཚོགས་སྟོན་པར་བྱེད་པའི་ཀ་ཁ་ག་གྷ་ང་ལ་སོགས་པ། ཁ་དོག་གསལ་བ་འོད་འབར་བ་ཀུན་ཡང་། སྤྲོ་ཞིང་བསྡུ་བའང་དེ་བཞིན་ཏེ། །ཞེས་ས་ར་ན་ཕ་ར་ན་ཕཊ་ཀྱིས། འཇིག་རྟེན་ཁམས་གང་བར་སྤྲོ་བ་དང་། སང་ཧ་ར་ན་ཧཱུྃ་གིས་ཚུར་བསྡུ་བ་ཡང་། ཨའི་སྤྲོ་བསྡུ་དེ་བཞིན་དུ་ཚུལ་མཐུན་པར་བྱ་བའོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །ཞེས་པ་ཨའི་སྤྲོ་བསྡུ་བྱ་བ་འདི་ནི། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དངོས་གྲུབ་ཀྱི་རྒྱུ་ནི། ཏིང་ངེ་འཛིན་འདི་བསྟན་པ་ལས་འབྱུང་སྟེ་ཞེས་བྱའོ། །སེམས་སྦྱངས་པའི་ཡོན་ཏན་ནི། བསྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་དེ་ལྟར་བློ་སྦྱངས་ཤིང་འཕྲོ་འདུ་གོམས་ཤིང་བསྟན་པ་ལས། མྱུར་དུ་དངོས་གྲུབ་འབྱུང་བའི་རྒྱུའམ། གཞི་མ་ལྟ་བུའམ། ཡེ་ཤེས་རྡོ་རྗེ་དང་འདྲ་བའི་མཆོག་གི་གནས་ཡིན་ནོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་ལྟ་བུ་ནི། ཨ་ལི་ཀ་ལི་ལ་སེམས་སྦྱངས་པའི་ཐབས་དེ་ཡིན་ནོ། །དེ་ནི་སྦྱོང་བའི་ཏིང་ངེ་འཛིན་ཏོ། །དང་པོ་སྦྱང་བའི་ཏིང་ངེ་འཛིན་ལ་གཉིས་ཏེ། བསྐྱེད་པའི་རིམ་པའི་དབང་དུ་དང་། རྫོགས་པའི་རིམ་པའི་དབང་དུའོ། །རྫོགས་པའི་རིམ་པ་ནི། གནས་ལུས་ཀྱི་ལྟེ་བ་ན། ཀུན་གཞི་ཀུན་ཏུ་བཟང་པོའི་ས་བོན། ཐིག་ལེ་ཉུངས་ཀར་ཙམ་པ། མ་ལྟེ་བུ་ལྟེ་འབྲེལ་ནས་འཁོར་བ་ཐམས་ཅད་བསྐྱེད་པའི་རྒྱུ་སྟེ། ཡི་གེ་ཨ་དཀར་པོར་བསྒོམ་པའོ། །དེ་བསྟན་པ་དང་ལུས་ཀྱི་རྩ་རྣམས་ཨ་ཕྲ་མོའི་བདེ་བས་འགེངས་པའོ། །བདེ་བ་དེ་ཡང་འཕེལ་འགྲིབ་མྱེད་པར་གྱུར་པས་བསྟན་པ་ཐོབ་པ་དང་། ཡང་ཐིག་ལེ་དེ་ཉིད་ལས་ཀ་ཁ་ལ་སོགས་པའི་ཡང་། བདེ་བ། གསལ་བ། མི་རྟོག་པ། སྣང་ལ་ངོ་བོ་མ་གྲུབ་པར་སྤྲོས་ནས། བདེ་གསལ་མི་རྟོག་པའི་ཉམས་ལ་འཇུག་པ་ནི། འཕྲ་མོའི་ཏིང་ངེ་འཛིན་དེས། རྡོ་རྗེ་ལྟ་བུའི་དངོས་གྲུབ་བསྟན་པར་འབྱུང་བས་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པར་བྱེད་པའི་རྒྱུ་དེ་ཡིན་ནོ། །བསྐྱེད་པའི་རིམ་པའི་རིམ་པའི་དབང་དུ་གཉིས་ཏེ། འཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་བར་བྱ་བ་དང་། ཏིང་ངེ་འཛིན་གསུམ་སྒོམ་པའི་གནས་སྐབས་སོ། །ཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་བར་སྦྱོང་ན། གནས་ནི་རང་གི་སྙིང་ཀར་སྒོམ་མོ། །ཨ་ལི་ཀ་ལིའི་སྤྲོ་བསྡུ་དེ་ཡང་། སྙིང་ཀར་ཉི་མ་ཟླ་བའི་དལ་བཀོད་ནས་སྦྱང་ངོ་། །ཏིང་ངེ་འཛིན་གསུམ་སྒོམ་པའི་གནས་སྐབས་སུ་བྱ་ན། གནས་ནི་ནམ་མཁའ་ལ་སྒོམ་མོ། །དེ་ནི་རྒྱུའི་ཏིང་ངེ་འཛིན་དུ་འདོད་པའོ། །དེ་རྣམས་ནང་དུ་སྒོམ་ཡང་སྤྲོ་བསྡུ་ནི་ཨ་རབ་ཏུ་ཞེས་སོ། །འདིར་ཡེ་གེ་ལ་གསུམ་སྟེ། ཆོས་སྐུའི་ཡི་གེ་དང་། ལོངས་སྐུའི་ཡི་གེ་དང་། སྤྲུལ་སྐུའི་ཡི་གེའོ། །ཆོས་སྐུའི་ཡི་གེ་ནི། ཨ་སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་ལ། ཀྵ་རང་འབྱུང་གི་ཡེ་ཤེས་ཆེན་པོ་ཤར་བས། དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པའི་དོན། ལྷག་པ་ཆེན་པོ་ཆོས་ཀྱི་སྐུར་གནས་པའོ། །ལོངས་སྐུའི་ཡི་གེ་ནི། ཏ་ཐ་ལ་སོགས་པ་རིགས་ལྔ་ཡབ་ཡུམ་ལོངས་སྐུའི་གཙོ་བོ། ཀ་ཁ་དང་པ་ཕ་ལ་སོགས་པ་སེམས་དཔའ་སེམས་མ་ལོངས་སྐུའི་འཁོར་དུ་གནས་པ་སྟེ། ལོངས་སྐུ་ཐབས་ཤེས་རབ་ཀྱི་སྒྱུ་འཕྲུལ་དྲྭ་བར་གནས་སོ། །སྤྲུལ་སྐུ་ནི། ཨི་ནས་ཨེ་ཡན་ཆད་དེ། སྤྲུལ་པའི་སྐུ་ཐུབ་པ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་རྫོགས་པར་མཛད་པའོ། །སྐུ་གསུམ་པོ་དེ་རྣམས་ཡང་བསྡུ་ན་གསུམ། སྐུ་དང་། གསུང་དང་། ཐུགས་སུ་འདུས་པས་ན། ཤད་ནི་ལོངས་སྐུ་ཡིན། ཏིག་ནི་ཤེས་རབ་སྟེ་སྤྲུལ་སྐུ། འགོའ་ནི་ཐུགས་ཏེ་ཆོས་སྐུ། སྐུ་ལོངས་སྐུ། གསུང་སྤྲུལ་སྐུ། ཐུགས་ཆོས་སྐུ་སྟེ། དེ་གསུམ་གྱིས་ཁྱབ་བོ། །ཨ། ནི་ཀུན་ཏུ་བཟང་པོའི་ས་བོན། ཀ །ནི་བྱང་ཆུབ་སེམས་དཔའི་སྙིང་པོ། ཁ། ནི་ཕྱག་རྡོར། ག །ནི་ནམ་ཀའི་སྙིང་པོ། གྷ། ནི་སྤྱན་རས་གཟིགས། ང་། ནི་སྒོ་བ་གཤིན་རྗེ་གཤེད་པོ། ཙ། ནི་ལྷ་མོ་ལ་སེ་སྒེག་མོ། ཚ། ནི་ནིར་ཏི་གར་མ། ཛ། ནི་མ་ལེ་འཕྲེང་བ་མ། ཛྷ། ནི་གྷིར་ཏི་གླུ་མ། ཉ། ནི་སྒོ་བ་སྟོབས་པོ་ཆེའོ། །ཊ། ནི་རྣམ་པར་སྣང་མཛད། ཋ། ནི་རྡོ་རྗེ་སེམས་དཔའ། ཌ། ནི་རིན་ཆེན་འབྱུང་ལྡན། དྷ། ནི་སྣང་བ་མཐའ་ཡས། ཎ། ནི་དོན་ཡོད་གྲུབ་པའི་ས་བོན་བསྐྱེད་པའི་རྒྱུའོ། །ལྷ་བཞི་བཅུ་རྩ་གཉིས་ཀྱི་ཡིག་འབྲུའི་དཀྱིལ་འཁོར་ལ་བཞི་སྟེ། འབྱུང་བའི་གནས། དབྱེ་བའི་རྣམ་གྲངས། བོད་པའི་སྒྲ་དང་། ལྷ་རྣམས་དང་སྦྱར་ཏེ་སྤྱོད་པའོ། །འབྱུང་བའི་གནས་ནི། ཨ་ཁོང་ནས་འབྱུང་། ཀའི་སྡེ་ཚན་གེ་བ་ནས་འབྱུང་། ཙའི་སྡེ་ཚན་ལྕེ་རྩ་དང་པོ་ལས་འབྱུང་། ཊ་ལོག་གི་སྡེ་ཚན་ལྕེ་རྩེ་དང་ཀན་ལས་འབྱུང་། ཏ་མ་ལོག་པའི་སྡེ་ཚན་ལྕེ་ལས་འབྱུང་། སའི་སྡེ་ཚན་ཞལ་གྱི་སྒྲོས་མཆུ་ལས་འབྱུང་། ཝ་མ་མཆུ་ལས་སོ། །ར་ལྕེ་ལས་སོ། །ལ་ལྕེ་དང་སོ་ལས་སོ། །ཤ་དང་ས་ནི་ལྕེ་དང་སོ་ལས་སོ། །ཀྵ་ལྟེ་བ་ནས་སོ། །ཨི་ཨཱི་སྤྱི་བོ་ནས་སོ། །ཨུ་མཆུ་ལས་སོ། །ཨེ་གེ་བ་ནས། ཨོ་ཨཱོ་མཆུ་ལས་སོ། །དབྱེ་བའི་རྣམ་གྲངས་ནི་གཉིས་ཏེ། གསལ་བྱེད་མིང་ཡིག་དང་། དབྱངས་ཡིག་གོ། །གསལ་བྱེད་ལ་བཞི་སྟེ། སྡེ་ཚན་གྱི་ཡི་གེ་དང་། ཆོ་འཕྲུལ་གྱི་དང་། ཨུས་མ་ཤའི་དང་། མཐར་ཟད་དོ། །བོད་པའི་སྒྲ་ནི་གཉིས་ཏེ། མིང་ཡིག་དང་། དབྱངས་ཡིག་གོ། །མིང་ཡིག་ལ། ཀ་ནི་ཐུང་བ། ཁ་རིང་བ། ག་འཐུག་པོ། བྷ་འཐུག་པོ། ཧའི་གད་པ་ཅན། ང་དྲག་པོ། ཙ་རིང་པོ། དེས་འདྲེའོ། །ཊ་ལོག་ནི་ར་སྟ་ཅན་ནོ། །དབྱངས་ནི། ཨི་ནི་སྨད་པའི་སྒྲའོ། །ཨུ་ནི་ཀུག་པའི་སྒྲའོ། །ཨེ་ནི་སྒྲེང་བའི་སྒྲའོ། །ཨོ་ནི་བསྟོད་པའི་སྒྲའོ། །ལྷ་རྣམས་དང་སྦྱར་ཏེ་བསྐྱེད་པའོ། །ཨ་ཨ་ནུད་སརྦ་དྷརྨའི་སྒྲ་ལས་དྲངས་ན། ཆོས་ཐམས་ཅད་མ་སྐྱེས་སྐྱེ་བ་མྱེད་དེ། ཀུན་ཏུ་བཟང་མོར་བཤད་དོ། །ཀ་ཀ་རུ་ནི་ཐུགས་རྗེ་བྱང་ཆུབ་སེམས་ཏེ། ས་སྙིང་ལ་སོགས་སོ། །ཙ་ཙར་ཡ་ནི་སྤྱད་པར་བྱ་བ་སྟེ། སྒེག་མོ་ལ་སོགས་པའོ། །ཊ་ཋ་ག་ཏ་ནི་དེ་བཞིན་གཤེགས་པ་སྟེ། རིགས་ལྔ་ཡབ་ཡུམ་མོ། །ཊ་ལོག་གམས་སྐོར་ཏེ་ཡབ་ཀུན་རྫོབ་ཀྱི་ཆ་འཛིན་པའོ། །མ་ལོག་པ་གཡོན་སྐོར་ཏེ་ཡུམ་དོན་དམ་གྱི་ཆ་འཛིན་པའོ། །པ་པ་ར་མི་ཏ་དོན་དམ་པ་སྟེ། དོན་དམ་པའི་སེམས་དཔའ་བྱམས་པ་ལ་སོགས་པའོ། །ཡ་ཡ་ར་ནི་དུས་བཞི་སྟེ་སེམས་མའོ། །ང་ཉ་ན་མ་བཞི་ནི་ཡི་གེའི་ལས་བྱེད་ཀླད་སྐོར་ཏེ་སྒོ་བའོ། །ཤ་བི་ཤ་ན་དག་བྱེད་དེ་སྒོ་མའོ། །ཀྵ་ར་ན་རྟོག་པ་ཟད་བྱེད་ཀྱི་ཡིད་རང་འབྱུང་ངོ་། །ཨ་ཨ་རི་ས་རི་ནི་སྒྲ་ནི། སྐྱེ་བའི་ཆོ་འཕྲུལ་ཏེ། ཨ་སྐྱེ་མྱེད། ཨི་ལ་སོགས་པ་གུ་གུ་འགྲེང་བུའི་ཆོ་འཕྲུལ་ལོ། །གཏར་ཀས་གགས་གསལ་བ་ནི། འདིར་ཏ་ཐ་ལ་སོགས་པ་རྣམས་རིགས་ལྔའི་ཡི་གེ་ཡིན་ལ་ཀ་ཁ་སེམས་དཔའི་ཡི་གེ་ཡིན་ན། གཙོ་འཁོར་གྲངས་ལོག །མྱིན་ན་འོག་ནས། ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད་དང་འགལ་ཞེ་ན། དེ་ནི་རྟོག་པའི་དབང་དུ་དགོངས་ཏེ། ཀ་ཁ་ན་དམིགས་ལ་སོགས་པའི་སྐྱེ་མཆེད་དང་སྦྱར་ན། ལུས་ལ་སྔོན་དབང་པོ་སྒོ་ལྔས་བརྡའ་སྤྲོད་དགོས་པས་ཀ་ཁ་སྔོན་སྟན། སྒོ་ལྔ་བརྡ་སྤྲད་ནས་ཕུང་པོ་ལྔ་ཤེས་དགོས་པས། ཏ་ཐ་དེ་ནས་བསྟན་ནོ། །འཁོར་བྱ་བ་བྱེད་པས་སྔོན་སྟན། གཙོ་བོ་དབུས་སུ་བསྟན་ནོ། །ཏ། ནི་སངས་རྒྱས་སྤྱན་ནོ། །ཐ། ནི་དབྱིངས་ཕྱུག་མའོ། །ད། ནི་གོས་དཀར་མོའོ། །དྷ། ནི་མ་མ་ཀིའོ། །ན། ནི་དམ་ཚིག་སྒྲོལ་མའོ། །པ། ནི་བྱམས་པའོ། །ཕ། ནི་སྒྲིབ་པ་རྣམ་པར་སེལ་བའོ། །བ། ནི་འཇམ་དཔལ་ལོ། །བྷ། ནི་ཀུན་ཏུ་བཟང་པོའོ། །མ། ནི་རྟ་མགྲིན་ནོ། །ཡ། ནི་གདུག་སྤོས་མའོ། །ཝ། ནི་མེ་ཏོག་མའོ། །ར། ནི་མར་མེ་མའོ། །ལ། ནི་དྲི་ཆབ་མའོ། །ཤ །ནི་ལྕགས་ཀྱུ་མའོ། །ཥ། ནི་ཞགས་པ་མའོ། །ས། ནི་ལྕགས་སྒྲོག་མའོ། །ཧ། ནི་དྲིལ་བུ་མའོ། །ཀྴ། ནི་ཀུན་ཏུ་བཟང་པོའོ། །ཨི། ནི་ལྷའི་ཐུབ་པ་སྲིད་ཐུབ་འཛིན། ཨཱི། ནི་ལྷ་མ་ཡིན་གྱི་རྣམ་པར་རྒྱལ་བ། ཨུ། ནི་མྱིའི་ཐུབ་པ་ཤཱཀྱ་སེང་གེ། ཨཱུ། ནི་བྱོལ་སོང་གི་ཐུབ་པ་རྣམ་པར་གནོན་པ། ཨེ། ནི་ཡི་དྭགས་ཀྱི་རྣམ་པར་སྣང་བྱེད། ཨཱེ། ནི་དམྱལ་བའི་ཆོས་ཀྱི་རྒྱལ་པོའོ། །ཨོ། ནི་བདུད་རྩི། ཨཱོ། ནི་འཁྱིལ་པའོ། །འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། རྣམ་པར་དྲུག་ཏུ་གཡོས། ཞེས་པ་ཡི་གེའི་མཐུ་བསྟན་པ་ནི། འདི་དག་ནི་ཡི་གེའོ། །ཕྱུང་བ་ནི་སྟོན་པ་ཀུན་ཏུ་བཟང་པོའོ་སྐུ་གསུང་ཐུགས་ལས་སོ། །འཇིག་རྟེན་དྲུག་ནི། རིགས་དྲུག་གི་ཞིང་ངོ་། །ཕྱོགས་བཅུ་ནི། འཇིག་རྟེན་དྲུག་པོ་རེ་རེ་ལ་ཕྱོགས་བཅུ་ཡོད་པའོ། །རྣམ་པ་དྲུག་ཏུ་གཡོས་པ་ནི། ཤར་མཐོ་ན་ནུབ་དམའ། ནུབ་མཐོ་ན་ཤར་དམའ། བྱང་མཐོ་ན་ལྷོ་དམའ། ལྷོ་མཐོ་ན་བྱང་དམའ། དབུས་མཐོ་ན་མཐའ་དམའ། མཐའ་མཐོ་ན་དབུས་དམའ་བ་དང་དྲུག་གོ། །རབ་ཏུ་གཡོས། པ་ནི་དྲག་ཏུ་གཡོས་པ་ལ་རབ་ཏུ་གཡོས་ཞེས་བྱ་བ་ཡིན་ནོ། །ཀུན་ཏུ་རབ་ཏུ་གཡོས་ནས། ནི་འདིར་གཡོས་ལ་འདིར་མི་གཡོས་བྱ་བ་ལྟ་བུ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཡོས་པའོ། །ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཞེས་མིང་གི་མཚན་ཉིད་དམ། ཆོས་སུ་བརྟགས་པ་ཡོད་པ་ཙམ་དུ་གྱུར་པ་འམ། ཡང་ན་ཡི་གེ་ལས་མིང་ཡོང་ལ། མིང་ལས་ཚིག་ཡོང་། ཚིག་ལས་དོན་ཡོང་ཡང་། དང་པོ་མིང་དུ་འབྱུང་བར་གྱུར་ཏོ། །ཨ་ཧོ། ཞེས་ཨ་ནི་མ་སྐྱེས་པའོ། །ཧོ་ནི་མི་འགགས་པ་སྟེ། ཀ་ཁ་ལས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། འགྲོ་བའི་དོན། ཆེད་དུ་བརྗོད་པ་སྤྱིར་གོང་དུ། འདི་ཁྱད་པར་དུ། བརྗོད་དོ། །ཞེས་དེ་ཡན་ཆད་དུ་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཡི་གེའི་འབྲུ་མཐུ་དང་བཅས་པ་བསྟན་པ་དེ་ནས། འདི་མན་ཆད་དུ་ཡི་གེའི་དོན་སྟོན་པས་སོ། །རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་སྟོན་པའི་བདག་ཉིད་ཀུན་ཏུ་བཟང་པོ་ཉིད་ཀྱིས་འདི་བརྗོད་པའོ། །དོན་དམ་དུ་ན། ཨ་ནི་སྟོང་དང་མི་སྟོང་གི། །ཞེས་ཨ་ནི་རང་བཞིན་གྱིས་མ་སྐྱེས་ཤིང་། དུས་གསུམ་དུ་འདུས་མ་བྱས་པས། སྟོང་པའི་མཐར་ཕྱིན་པས་ན། དོན་དམ་པར་སྟོང་དང་ཞེས་བྱ། དེ་ཉིད་རྣམ་པ་སྣ་ཚོགས་པར་སྣང་བས་ན། མི་སྟོང་བའི་མཐར་ཕྱིན་ཏེ། ཀུན་རྫོབ་ཙམ་དུ་མི་སྟོང་གི་ཞེས་བྱའོ། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་དེ་ལྟར་གཉིས་ཀ་མཐར་ཕྱིན་ཏེ་གནས་ཙམ་ན། དབུས་ཀྱང་སུའི་དབུས་ཏེ། དབུ་མ་ཆོས་ཀྱི་དབྱིངས་ཙམ་དུ་ཡང་དམིགས་སུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཁོ་ན་དབྱེར་མྱེད་དོ། །ཀུན་རྫོབ་ཏུ་ན། ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཞེས་ཆོས་ཐམས་ཅད་ནི་མིང་གི་མཚན་ཉིད་ཙམ་མམ། བཏགས་པ་ཡོད་པ་ཙམ་དུ་གནས་པ་ལ། ཡེ་ནས་དག་ཅིང་སངས་རྒྱས་པ་བས། ཐམས་ཅད་མིང་བཏགས་པ་ཙམ་ཏེ། དོན་སངས་རྒྱས་པའོ། །ཡི་གེའི་འཕྲེང་བ་ཉིད་ལ་གནས། །ཞེས་དེ་ལྟར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་དེ་གང་གིས་བསྟན་ཞེ་ན། ཡི་གེས་བསྟན་ཞེའམ། ཡང་ན་ཡི་གེ་ཡེ་ནས་སངས་རྒྱས་པ་ཡིན་པ་དང་། ཡི་གེས་བརྗོད་པ་དང་། བསྟན་པའི་ཆོས་ཐམས་ཅད་དང་། རྙད་པའི་ཆོས་ཐམས་ཅད་ཀྱང་། ཡེ་ནས་སངས་རྒྱས་པས་ན། ཡི་གེ་ཡི་འཕྲེང་བ་ཉིད་ལ་སངས་རྒྱས་གནས་སོ། །འོ་ན་ཡི་གེ་ཡེ་ནས་སངས་རྒྱས་ན། སངས་རྒྱས་ལ་སྐུ་གསུམ་མངའ་བས། ཡི་གེ་ལ་སྐུ་གསུམ་ཚང་ངམ་ན་ཚང་ངོ་། །ཆོས་སྐུ་ནི། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཨ་སྐྱེ་བ་མྱེད་པ་དེ་ཉིད། །སོ་སོའི་དོན་གྱི་བྱ་བ་བྱེད་ནུས་པའི་ཕྱིར། མཚན་མའི་རྣམ་པ་སྣ་ཚོགས་པར་སྣང་ལ། སྣང་ཙམ་ཉིད་ན་མཚན་མ་མྱེད་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ། མ་གཡོས་བཞིན་དུ་སྣ་ཚོགས་སུ་སྣང་བ་ནི། ཆོས་ཀྱི་སྐུ་གཟུང་འཛིན་སྤངས་པའི་ཡེ་ཤེས་ཀྱིས། སྤྲོས་པ་དང་བྲལ་བར་ཡུལ་ཆོས་ཀྱི་དབྱིངས་རྟོགས་ཏེ། དབྱིངས་དང་ཡེ་ཤེས་ཐ་མི་དད་པ་དེ་ནི་ཆོས་ཀྱི་སྐུ་ཡིན་པ་དང་། ཨ་སྐྱེ་བ་མྱེད་པ་དེ་ཉིད་སོ་སོའི་དོན་གྱི་མཚན་མ་བྱེད་ནུས་པའི་མཚན་མའི་རྣམ་པ་སྣ་ཚོགས་པར་སྣང་ལ། སྣང་ཙམ་ཉིད་ན་མཚན་མའི་མྱེད་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཏེ། མཚན་མ་དང་མཚན་མ་མྱེད་པ་གཉིས་སུ་མྱེད་པ་དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ལོངས་སྐུ་སྟེ། ཀ་ལ་སོགས་པའི་བཞི་བཅུ་གཉིས། །ཞེས་ཀ་ལ་སོགས་པའི་ཡིག་འབྲུ་བཞི་བཅུ་རྩ་གཉིས་ནི། ཡེ་ནས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་ལ་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་ནི། མཚན་གྱི་མེ་ཏོག་ལ་དཔེའུ་བྱེད་ཀྱི་འབྲུ་ཆགས་པ་ནི། འཁོར་འདས་ཀྱི་ལོངས་སྤྱོད་གང་ཡང་མ་ཀག་པར་སྐུ་ཉམས་སུ་ཏར་བ་ཡིན་པ་ལྟར། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་སངས་རྒྱས་བཞི་བཅུ་རྩ་གཉིས་སྐུར་གྲུབ་སྟེ། ཡེ་ནས་ཆོས་སྐུ་ལས་ལོངས་སྐུར་སྣང་བ་ནི་ཨ་ལས་ཀ་ཁ་བྱུང་བ་དང་འདྲའོ། །སྤྲུལ་སྐུ་ནི། སྒྲའི་མིང་གིས་ཐམས་ཅད་བསྡུས། །ཞེས་སྤྲུལ་པའི་སྐུ་དང་སྦྱར་ཏེ། སྤྲུལ་པའི་སྐུ་ནི། འགྲོ་བའི་དོན་མཐར་ཕྱིན་པར་བྱེད་པ་དང་། ཀ་ལ་སོགས་པ་ཡིག་འབྲུ་བཞི་བཅུ་རྩ་གཉིས་ཀྱིས། སྒྲའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཐམས་ཅད་བརྗོད་པར་བྱེད། སྟོན་པར་བྱེད་པས་ན་སྤྲུལ་པའི་སྐུའོ། །ཀ་ལ་སོགས་པའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས། སྒྲའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཐམས་ཅད། བརྗོད་པར་བྱེད། སྟོན་པར་བྱེད། སྒྲ་ལས་མིང་བྱུང་། མིང་ལས་ཚིག་བྱུང་། ཚིག་གིས་དོན་ཐམས་ཅད་བསྡུས་པའོ། །སྐུ་གསུམ་པོ་དེར་གནས་སོ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཞེས་ཡི་གེས་བསྡུས་པའི་ཆོས་ཐམས་ཅད་ཀྱང་། མངོན་པར་རྫོགས་པ་སངས་རྒྱས་པའི་གཏན་ཚིགས་སུ་དེས་ངེས་སོ། །ཨེ་མའོ་ངོ་མཚར་ཡ་མཚན་གྱི། །ཞེས་ཨེ་མའོ་ཞེས་ངམ་སྟེ། ཡི་གེ་ཉིད་ཀྱང་ཡེ་ནས་སངས་རྒྱས་པ་ཡིན་པ་ལ།༼ཡི་གེ་༽ ཡི་གེས་བསྡུས་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱས་པ་དེ། ༼ཡི་གེ་༽ངོ་མཚར་ཆེ། ༼མིང་༽ཡ་མཚན་ཆེ། ༼ཚིག་༽འཕྲུལ་ཆེ། ༼དོན་༽ཐབས་ཆེ། ཞེས་ངམ་མོ། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཞེས་ངོ་མཚར་ཆེ་བའི་ཡིག་འབྲུ་བཞི་བཅུ་རྩ་གཉིས་ལ། མགོ། ཤད། ཏིག །གསུམ་མནན་པས་རྩ་ལྔ་གྱུར་པའི་སྒྲ་བྱུང་ངོ་། །ཡི་གེ་ལས་སྒྲ་བྱུང་། སྒྲ་ལས་མིང་བྱུང་ངོ་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །ཞེས་མིང་ལས་ཚིག་བྱུང་། ཚིག་རྣམས་མི་བརྗེད་པར་འཛིན་པའི་གནས་སུ་ཡི་གེ་ཉིད་གྱུར་པའོ། །འདི་ལ་གཉིས་ཏེ། ལྷ་དང་སྦྱར་བ་དང་། ཡི་གེ་རང་ལས། ལྷ་དང་སྦྱར་ན། ལྷ་ངོ་མཚར་ཆེ། ཡེ་ཤེས་ཡ་མཚན་ཆེ། ཡི་གེ་འཕྲུལ་ཆེ། དེ་ཇི་ལྟར་ཞེ་ན། ལྷ་བཞི་བཅུ་རྩ་གཉིས་མཚན་མར་ཡང་གསལ་བས་ན་ངོ་མཚར་ཆེའོ། །གསལ་ཙམ་ཉིད་ན། མཚན་མ་མྱེད་པ་ལས་མ་གཡོས་པས་ངོ་མཚར་ཆེ། ཡ་མཚན་ཆེ། མཚན་མ་དང་མཚན་མ་མྱེད་པ་གཉིས་མྱེད་པར་བསྒོམས་པ་ལས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གཅིག་འབྱུང་བས་འཕྲུལ་ཆེའོ། །དངོས་ལྷ་བཞི་བཅུ་རྩ་ལྔའི་མིང་གི་ཡི་གེས། འཁོར་འདས་ཐམས་ཅད་བསྡུས་པའམ། འཛིན་པའི་གནས་སུ་གྱུར་པ་དང་འདྲ་བར། ཡིག་འབྲུ་བཞི་བཅུ་རྩ་གཉིས་ལས་ལྷ་བཞི་བཅུ་རྩ་གཉིས་སྣང་། སྣང་ཙམ་ཉིད་ན་མཚན་མ་མྱེད། མཚན་མ་དང་མཚན་མ་མྱེད་པ་དབྱེར་མྱེད་པར་སྟོན་ནོ། །ཡི་གེ་རང་ལ་སྦྱར་ན་ཨེ་མའོ་ཅེས་པ་ལ་སོགས་པའོ། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་ཚིག་གི་སྒྲོན་མེས་དོན་གྱི་གསེར་ཚོལ་ཏེ། ཡི་གེས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་གཏན་ལ་ཕབ་པ་མན་ཅད་ནས་འཇིག་རྟེན་གྱི་ཡི་གེ་ཕྲ་མོ་ཡན་ཆད་སྟོན་པས་ན། དོན་ཆེན་པོ་ཟབ་མོ་སྣ་ཚོགས་སྨྲ་ཞིང་སྟོན་ཏེ། སྣ་ཚོགས་ནི་རྒྱ་ཆེ་བ་ལ་དགོངས། དོན་ཆེན་ནི་ཟབ་པ་ལ་དགོངས་པའོ། །དངོས་མྱེད་ཡི་གེའི་རང་བཞིན་སེམས། །ཞེས་ཇི་ལྟར་ཡི་གེ་ལ་དངོས་པོ་མྱེད་པ་བཞིན་དུ། སེམས་ལ་དངོས་པོ་མྱེད་དོ། །ཡང་ན་སེམས་ལ་དངོས་པོ་མྱེད་པ་བཞིན་དུ། སེམས་ཀྱི་རང་བཞིན་ཡི་གེར་སྣང་བ་ལ་ཡང་དངོས་པོ་མྱེད་དོ། །དངོས་པོ་མྱེད་པའི་ཡི་གེའི་རང་བཞིན་ནི་རང་གི་སེམས་སོ། ། བདག་མྱེད་མཐའ་བྲལ་མི་དམྱིགས་ཀྱང་། །ཞེས་སེམས་དངོས་པོ་མྱེད་པ་དེ་ལ་ནི་ང་དང་བདག་ཏུ་མྱེད་པའི་ཕྱིར་ཡང་བདག་མྱེད་ཅེས་བྱ། མཐའ་རྣམ་པ་གཉིས་དང་བྲལ་བས་ན་མཐའ་བྲལ་ཞེས་བྱ། དངོས་པོ་དང་མཚན་མ་ཇི་ལྟ་བུར་ཡང་དམྱིགས་སུ་མྱེད་ཡང་། དེ་ནི་སྤྲུལ་སྐུ་འམ་ཐུགས་སམ་ཡི་གེའི་མཚན་ཉིད་དོ། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །ཞེས་སེམས་དང་ཡི་གེའི་ངོ་བོ་མ་གྲུབ་ཡང་། དབྱིབས་ལྷའི་སྐུ་དང་། ཁ་དོག་དེ་ཡི་སྐུ་མདོག་དང་། མིང་དུ་བཏགས་པ་དང་། ཚོགས་ནི་སྐུའི་ཚོགས་དང་། མདོག་གི་ཚོགས་དང་། མིང་གི་ཚོགས་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཞེས་སེམས་དང་ཡི་གེ་ལ་དངོས་པོ་དང་མཚན་མ་མྱེད་ཡང་། ཆེ་བའི་ཡོན་ཏན་ལ་རོལ་པ་ཅིར་ཡང་མ་འགགས་པར་སྣང་བས་ན། གདུལ་བྱ་ལ་ཅི་ཡང་སྤྲུལ་ནས་སྟོན་ནོ། །སྤྲུལ་པའི་སྐུའམ་ཡི་གེའི་མཚན་ཉིད་དེ་ལྟར་སྟོན་པའོ། །ཕྱོགས་བཅུ་དུས་བཞིར་གཤེགས་པའི། །ཞེས་ཕྱོགས་བཅུ་ན་བཞུགས། དུས་བཞིར་གཤེགས། ཕྱོགས་བཅུ་དུས་བཞིར་མངོན་པར་རྫོགས་པར་སངས་རྒྱས་པའི་རྒྱལ་བ། འགྲོ་དོན་ལ་གཤེགས་པ་ནི། ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས། །ཞེས་ཡེ་ཤེས་ཆེན་པོས་ཆོས་ཀྱི་དབྱིངས་ལ་སེམས་དཔའི་ཕྱིར་ན། ཡེ་ཤེས་སེམས་དཔའ། དེ་དག་སྣང་གྲགས་ཀྱི་དྲན་རྟོག་ཐམས་ཅད་སྐུ་གསུང་ཐུགས་སུ་རྫོགས་པའོ། །དེ་ཡང་སྐུ་ཡི་གེའི་དབྱིབས། གསུང་སྒྲ། ཐུགས་ཨའོ། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཅེས་བྷུདྡྷ་བཞི་བཅུ་རྩ་གཉིས་དང་། དེ་ལ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་སྟེ་བཞི་བཅུ་རྩ་ལྔ་པོ་ཉིད་དོ། །དེ་ཡང་བཞི་བཅུ་གཉིས་ལས། སྐུ་གསུང་ཐུགས་གསུམ་དུ་འཕྲོ་བ་ཉིད་དོ། །ཡི་གེའི་མགོ་ནས་ཀྴ་ལ་རྫོགས། །ཞེས་ཡི་གེའི་མགོའི་བེར་ཀ་རིས་ལ་སྐུ་རྫོགས། བར་ན་ཏི་ག་ལ་གསུང་རྫོགས། ཤད་ལ་ཐུགས་རྫོགས། མགོ་ཨ་ནས། མཇུག་ཀྵའི་བར་ལ་སངས་རྒྱས་བཞི་བཅུ་རྩ་གཉིས་རྫོགས། དེ་ཡང་ལུས་ཀྱི་ཡི་གེ་ནི། ཨ་ནས་ཀྵའི་བར་རོ། །ཡན་ལག་གི་ཡི་གེ་ནི་ཨ་ཨཱ་ཨི་ཨཱི་ལ་སོགས་པའི་དབྱངས་ཡིག་རྣམས་སོ། །གཏར་ཀ་གགས་གསལ་བ་ནི། བྷུདྡྷ་བཞི་བཅུ་རྩ་གཉིས་ཡོད་པ་ལ། འདིར་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཅེས་པ་འགལ་ཞེ་ན། མི་འགལ་ཏེ། ལྷ་དང་ཡི་གེར་སྦྱར་བའི་དབང་དུ་སྟེ། ཡི་གེ་བཞི་བཅུ་གཉིས་ལྷ་དང་སྦྱར། ཁྱབ་འཇུག་གི་ཡི་གེ་གསུམ་སྐུ་གསུང་ཐུགས་དང་སྦྱར་ནས། སྤྱིར་གྲངས་པས་བཞི་བཅུ་རྩ་ལྔ་ཉིད་དོ། །དེ་ཡང་གོང་ནས། འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། ཅེས་སོ། །འོ་ན་ཡི་གེའི་མགོ་ནས་ཀྵ་ལ་རྫོགས་ན། ཀྵའི་འོག་ན་ཐུབ་དྲུག་གི་ཨ་ཡོད་པ་འཇོག་གམ་ཞེ་ན། དེ་ནི་མགོའི་ཨ་ལ་རྫོགས་སོ། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཞེས་སེམས་སྣ་ཚོགས་སུ་སྣང་བ་ཉིད། ཡི་གེ་སྣ་ཚོགས་སུ་སྣང་བ་སྟེ། ཀུན་གཞི་ནི་ཡི་གེ་ཨར་སྣང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡི་གེ་ཀྵར་སྣང་། ཕུང་པོ་ལྔ་ནི་ༀ་ཨཱ་ཧཱུྃ་སྭཱ་ཧཱ་འམ་ཊ་ཋ་ལས་སྭཱ་བར་སྣང་། འབྱུང་བ་ལྔ་ཏ་ཐ་ལ་སོགས་པར་སྣང་། རྣམ་ཤེས་ཀ་ཁ་ལ་སོགས་པར་སྣང་ངོ་། །ཡི་གེའི་དངོས་པོ་ཡོད་མ་ཡིན། །ཞེས་སེམས་ལ་དངོས་པོ་མྱེད་པའི་ཕྱིར་ན། ཡི་གེ་ལ་དངོས་པོ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་སེམས་སྣ་ཚོགས་སུ་སྣང་བ་ཉིད། ཡི་གེ་སྣ་ཚོགས་སུ་སྣང་བའོ། །ཀུན་གཞི་ཤོག་གུ་འདྲ། ཉོན་ཡིད་སྣག་ཚ་འདྲ། ཡིད་ཡི་གེ་འདྲ། སྒོ་ལྔ་ན་རོ་གུ་གུ་འདྲའོ། །དམྱིགས་མྱེད་དེ་ཉིད་སྣ་ཚོགས་པའི། །ཞེས་སེམས་དམིགས་མྱེད་དེ་ཉིད་ཁོ་ན། སྐུ་གསུང་ཐུགས་སྣ་ཚོགས་པར་སྣང་སྟེ། དེ་བས་ན་ཡི་གེ་སྣ་ཚོགས་པར་སྣང་བའོ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །ཞེས་ཕུང་པོ་ལྔ་ལ་སོགས་པར་སྣང་བའི་དུས་ན་སྐུ། ཡི་གེ་བཞི་བཅུ་རྩ་གཉིས་ལ་སོགས་པར་སྣང་བའི་དུས་ན་གསུང་། རྟོག་པ་ཐ་དད་ལས་གྲོལ་པའི་དུས་ན་ཐུགས། དེ་རྣམས་ངོ་བོ་གཅིག་ལས་ལྡོག་པ་ཐ་དད་པ་ནི་འཁོར་ལོ་ཆེན་པོ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ངོ་མཚར་གྱིས། །ཞེས་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་མངའ་བ་སྟེ། ཕྱིན་ཅི་ལོག་གི་འཇིག་རྟེན་སྲིད་པ་གསུམ་ན་མྱེད་པ་དེ་ངོ་མཚར་གྱིས། ཡ་མཚན་འཕྲུལ་ཆེན་བར་འགུགས་པ། །ཞེས་དེ་ལྟ་བུའི་ཡ་མཚན་ཅན་གྱི་འཕྲུལ་ནི། སྟོང་གསུམ་ཉུངས་འབྲུར་བཞུགས་པ་དང་། ཉུངས་འབྲུས་སྟོང་གསུམ་འགེངས་པར་བྱེད་པ་སྟེ། གང་གིས་འགུགས་ཤིང་ཐོབ་ན། ཡི་གེ་ལྷའི་དཀྱིལ་འཁོར་དུ་བསྒོམས་པས་སོ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཞེས་ཀུན་གཞི་གནས་འགྱུར་བ་ཆོས་ཀྱི་དབྱིངས་ལ། ཡིད་གནས་འགྱུར་བ་དབྱིངས་སྟོང་པའི་ཡེ་ཤེས་སྟེ། དབྱིངས་ལ་ཡེ་ཤེས་འབྱོར་བ་ནི་བྲིས་པ་སྟེ། ཆོས་ཀྱི་དབྱིངས་སྟོང་པ་ལ། ཀ་ལ་སོགས་པ་བྱུང་བ་ནི་བྲིས་པའོ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །ཅེས་བརྗོད་པའི་སྒྲ་སྣ་ཚོགས་པར་འབྱུང་བར་བྲིས་པ་ནི་ཡི་གེ་སྟེ། དབྱིངས་སྟོང་པ་ལས་བརྗོད་པའི་སྒྲ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །ཁྱབ་མཇུག་གི་ཡི་གེ་གསུམ་སྟན་པ་ནི། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཞེས་ངོ་བོ་ནི་ཡིག་མགོ། དོན་ནི་མ་ནོར་བར་རྟོགས་པའི་ལམ། ཐབས་ཤེས་རབ་ལས་དབྱེར་མྱེད། ལུས་ངག་ཡིད་གསུམ་ལས་ཐུགས་སོ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཞེས་ངོ་བོ་ནི་ཏིག་ཏེ་ཚག །དོན་ནི་མིང་དུ་སྨྲ་བ། ཐབས་ཤེས་རབ་ལས་ཤེས་རབ་སྟོང་པ། ལུས་ངག་ཡིད་གསུམ་ལས་གསུང་ངོ་། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་ངོ་བོ་ནི་ཤད། དོན་ནི་ཚིགས་སུ་གཅོད་པ། ཐབས་ཤེས་རབ་ལས་ཐབས་རྒྱ་ཆེ་བ། ལུས་ངག་ཡིད་གསུམ་ལས་སྐུའོ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས་ཚིགས་སུ་གཅོད་ཅིང་། དོན་རྫོགས་པར་མཛད་པའོ། །ཆོས་སྐུའི་ཡི་གེ་ནི། ཨ་ནི་སྐྱེ་མྱེད་དེ་བཞིན་ཉིད། །ཅེས་རྒྱུ་སེམས་ཅན་གྱི་དུས་ན་ཆོས་འདུས་བྱས་དང་། འདུས་མ་བྱས་གནས་སུ་དག་པ་ཆོས་ཀྱི་དབྱིངས་སོ། །ལྷའི་གནས་སྐབས་ན་ཀུན་ཏུ་བཟང་མོ་དང་། ཡི་གེའི་གནས་སྐབས་ན་ཨར་སྣང་བ་གསུམ་དབྱེར་མྱེད་དེ། ཆོས་ཀྱི་དབྱིངས་སྐྱེ་བ་མྱེད་པ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །འདི་རྣམས་ལ་རང་བཞིན་མཚུངས་ལྡན་གྱི་རྒྱུ་རྟོག་ཚོགས་དང་། སྐྱེད་པའི་ས་བོན་ཡི་གེ་དང་། སྐྱེད་ཐབས་ཀྱི་རིམ་པ་དང་། ཡོངས་སུ་གྲུབ་པའི་ལྷའི་ངོ་བོ་དང་། བཞི་བཞིར་བཤད་པར་བྱའོ། །གཏར་ཀ་གགས་བསལ་བ་ནི། ཨ་ཡི་གེ་ཀུན་གྱི་འགོ་བོར་བཞག་པའི་རྒྱུ་མཚན་ཅི་ཞེ་ན། ཨ་ཆོས་ཀྱི་དབྱིངས་ཡིན་པས། དེ་ལས་ཐམས་ཅད་འབྱུང་བས་སོ། །དེ་ཡང་སྒྱུ་འཕྲུལ་པིན་ཏར་ཏ་ལས། ཡི་གེ་ཀུན་གྱི་གཞི་བོའི་རྒྱུ། ཡིན་པའི་ཕྱིར་ན་འགོ་བར་བཞག །ཅེས་པས་གསལ་ལོ། །ལོངས་སྐུའི་ཡི་གེ་ལས། རིགས་ལྔའི་ཡི་གེ་བསྟན་པ་ནི། ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཅེས་ཡི་གེ་ན་ཋ། སེམས་ཅན་གྱི་དུས་ན་རྣམ་པར་ཤེས་པའི་ཕུང་པོ་ནི་རང་བཞིན་མཚུངས་ལྡན་གྱི་རྒྱུ། རྐྱེན་ལྷར་བསྒོམས་པ་ནི་འཕྲུལ། འབྲས་བུ་ནི་རྡོ་རྗེ་སེམས་དཔའ་ཉིད་དོ། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཅེས་ཡི་གེ་ན་ཊ། སེམས་ཅན་གྱི་དུས་ན་གཟུགས་ཀྱི་ཕུང་པོ་ནི་རང་བཞིན་མཚུངས་ལྡན་གྱི་རྒྱུ། རིག་པས་ཊ་ལས་སྐྱེད་པ་འཕྲུལ། ལྷ་ནི་རྣམ་པར་སྣང་མཛད་ཉིད་གྲུབ་པོ། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཅེས་ཡི་གེ་ཌ་དང་ཚོར་བའི་ཕུང་པོ་ནི་རང་བཞིན་མཚུངས་ལྡན་གྱི་རྒྱུ། དེ་ཏིང་ངེས་ལྷར་སྐྱེད་པ་ནི་འཕྲུལ། ལྷ་ནི་རིན་ཆེན་འབྱུང་ལྡན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ཆེ་བའི་ཡོན་ཏན་ཐམས་ཅད་རྫོགས་པའི་བདག་ཉིད་དོ། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཅེས་ཡི་གེ་ཌྷ་དང་འདུ་ཤེས་ཀྱི་ཕུང་པོ་ནི་རང་བཞིན་མཚུངས་ལྡན་གྱི་རྒྱུ། དེ་ལྟར་ཏིང་ངེས་བསྒོམས་པ་འཕྲུལ། སྣང་བ་མཐའ་ཡས་གསུང་གི་ལྷ། ཉེས་པའི་སྐྱོན་གྱི་མ་གོས་པས་རྣམ་དག་ཉིད་དོ། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཅེས་ཡི་གེ་ན་དང་འདུ་བྱེད་ཀྱི་ཕུང་པོ་ནི་རང་བཞིན་མཚུངས་ལྡན་གྱི་རྒྱུ། དེས་ཏིང་ངེས་སྐྱེད་པ་ནི་འཕྲུལ། དོན་ཡོད་གྲུབ་པ་ལ་ཀུན་ཏུ་ལས་ཞེས་བྱའོ། །དེ་ཡང་ཡི་གེར་སྣང་བ་དང་། སེམས་ཅན་དུ་སྣང་བ་དང་། ལྷར་སྣང་བ་གསུམ་དབྱེར་མྱེད་པས་ཉིད་ཞེས་བྱའོ། །ཐ་ལོག་ལ་སོགས་པ་ལ་ཡབ་ཏུ་འཇོག་པའི་རྒྱུ་མཚན་ནི་ཅི་ཡིན་ཞེ་ན། གགས་གསལ་བ་ནི། ཐ་ལོག་ལ་སོགས་པ་གཡས་སྐོར་ཡིན་པས་ན། གཡས་སྐོར་ཡབ་ཏུ་འཇོག་པ་ཡིན་ལ། ཐ་མ་ལོག་པ་ལ་སོགས་པ་གཡོན་སྐོར་ཡིན་པས་ན། གཡོན་སྐོར་ཡུམ་མོ། །ཡབ་ལ་སྒྱུ་འཕྲུལ་དུ ་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། ཡབ་ཐབས་ཡིན་པ་སྒྱུ་འཕྲུལ་ལོ། །ཡུམ་ཤེས་རབ་ཡིན་པས་དྲང་བའོ། །ཡང་འདིར་མགོར་ཊ་ཐ་བྱུང་བས་ཡི་གེའི་གྲལ་འཁྲུགས་ཞེ་ན། སྔོན་ལ་ཀ་ཁ་མི་སྟོན་པ་ཅི་ཡིན་ཞེ་ན། དེ་ནི་ལྷ་དང་ཡི་གེ་བྲང་སྤྲོད་བྱས་པའི་ནད་ཀས། རིགས་ལྔ་གཙོ་བོའོ་ཡི་གེ་སྔོན་ལ་བསྟན་ནོ། །རིགས་ཀྱི་ཡུམ་ལྔའི་ཡི་གེ་བསྟན། ཐ་ནས་དྲ་བས་མངོན་རྫོགས་ཉིད། །ཅེས་པ་ཡི་གེ་ཐ་ནི་གོ་མའི་ཏ་ལོག་དང་འབྲལ་བས་ན་དྲ་བ་སྟེ། གོང་མའི་ཐ་ནི་ཕུང་པོ་ལས་སྐྱེས་པས་ན་ཐབས། འདི་འབྱུང་བ་ནི་ཀ་ལས་སྐྱེད་པས་ན་ཤེས་རབ། ཐབས་ཤེས་རབ་ཏུ་འབྲེལ་བས་ན་དྲ་བ་སྟེ། ཡུམ་རྡོ་རྗེ་དབྱིངས་ཕྱུག་མར་མངོན་པར་རྫོགས་པ་སངས་རྒྱས་པ་ཉིད་དོ། །ཏ་ནི་དྲ་བས་བསྟན་པ་ཉིད། །ཅེས་གོང་གི་ཏ་སའི་རླུང་དང་། འདི་འབྱུང་བས་ཡི་ཏ་འབྲེལ་པ་ནི་དྲ་བ། དེ་ནི་རྟན་པ་སའི་རང་བཞིན་ས་སངས་རྒྱས་སྤྱན་ཉིད་དོ། །ད་ནི་དྲ་བས་ལྷ་མེ་ཉིད། །ཅེས་མེའི་རླུང་རང་ལ་གནས་པ་འདུ་ཤེས་ཀྱི་ཕུང་པོ་དང་། འབྱུང་བ་མེ་འབྲེལ་བས་དྲ་བ། མེ་གོས་དཀར་མོ་ཉིད་དོ། །ལྷ་མོ་ནི་གསལ་ལ་གཡེར་བའོ། །དྷ་ནི་དྲ་བས་འཁྲིལ་པ་ཉིད། །ཅེས་གོང་གི་དྷ་དང་འདི་གཉིས་ནང་ཚོར་བ་ཆུའི་རང་བཞིན་དང་། ཕྱིའི་ཡུལ་འབྱུང་བ་ཆུ་གཉིས་འབྲེལ་བས་དྲ་བ། འཁྲིལ་བ་ནི་ཆུ་ལ་མ་མ་ཀི་ཉིད་དོ། །ན་ནི་དྲ་བས་ཀུན་དུ་འགྱུར། །ཅེས་གོང་གི་ན་ལོག་ནི་འདུ་ཤེས་ཀྱི་ཕུང་པོ་དང་། འདི་འབྱུང་བ་རླུང་གཉིས་འབྲེལ་བས་ན་དྲ་བ། ཀུན་དུ་འགྱུར་བ་ནི་འབྱུང་བ་རླུང་སྟེ། ཡུམ་དམ་ཚིག་སྒྲོལ་མའོ། །འབྱུང་བ་ལྔ་དང་། ཡི་གེ་ལྔ་དང་། ཡུམ་ལྔ་དབྱེར་མྱེད་པའི་རང་བཞིན་དུ་སྦྱར་རོ། །གཏར་ཀ་གགས་གསལ་བ་ནི། ཐ་མ་ལོག་པའི་སྡེ་ཚན་ལ་དྲ་བར་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡུམ་ལྔ་སྐྱེད་པའི་ཡི་གེ་ཡིན་པའི་ཕྱིར་ན། ཡུམ་ནི་ཡབ་དང་འབྲེལ་བས་དྲ་བར་སྨོས་པའོ། །རྣམ་ཤེས་ཀྱི་སེམས་དཔའ་དང་། གཤིན་རྗེ་གཤེད་ཀྱི་ཡི་གེ་བསྟན་པ་ནི། ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཅེས་ཡི་གེ་ཨར་སྣང་བ་དང་། སེམས་ཅན་གྱི་མྱིག་གི་རྣམ་ཤེས་རིག་ཅིང་གསལ་བའི་ཐུགས་ལྟ་བུ་དང་། ལྷ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་གསུམ་དབྱེར་མྱེད་པ་ནི་མཆོག་ཡིན་ནོ། །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ཅེས་ཡི་གེ་ཁ་དང་། སེམས་ཅན་གྱི་སྣའི་དབང་པོ་རིག་ཅིང་གསལ་བ་ཐུགས་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་གསུམ་དབྱེར་མྱེད་པར་རྟོགས་པ་མཆོག་གོ། །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །ཅེས་ཡི་གེ་ག་དང་། སེམས་ཅན་གྱི་སྣའི་དབང་པོ་རིག་ཅིང་གསལ་བར་རྟོགས་པ་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གསུམ་དང་དབྱེར་མྱེད་པའོ། །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ཅེས་ཡི་གེ་གྷ་དང་། སེམས་ཅན་གྱི་ལྕེའི་དབང་པོ་རིག་ཅིང་གསལ་བ་ཐུགས་ལྟ་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་གསུམ་དབྱེར་མྱེད་པས་ན་མཆོག་གོ། །ང་ནི་ཐུགས་ཀྱང་འཇིགས་བྱེད་པའོ། །ཞེས་ཡི་གེ་ན་ངའི་ཡི་གེ་ཀླད་སྐོར། སེམས་ཅན་ན་ལུས་རེག་པ་རྣམ་ཤེས་ཀྱི་ལས་བྱེད། ལྷ་ནི་ཁྲོ་བོ་གཤིན་རྗེ་གཤེད་པོ། ལྷ་ཚོགས་རྣམས་ཐུགས་མཚན་མར་སྣང་བའི་ངོ་བོ་སྟེ། མཚན་མ་མྱེད་པ་ལས་མ་གཡོས་པར་བྱེད་པས་ན་འཇིགས་བྱེད་དོ། །ང་ཉ་མ་ཨོ་ལ་ཁྲོ་བོའི་ཡི་གེར་འཇོག་པ་ཅིའི་ཕྱིར་ཞེ་ན། རྒྱ་གར་གྱི་ཡི་གེ་ལ་ཀའི་སྡེ་ཚན་གྱི་ཀླད་སྐོར་ང་ཡིན། ཙའི་སྡེ་ཚན་གྱི་ཀླད་སྐོར་ཉ་ཡིན། པའི་སྡེ་ཚན་གྱི་ཀླད་སྐོར་མ་ཡིན་ཏེ། ཡི་གེའི་ལས་བྱེད་པའམ། ཁྲོ་བོས་ལྷའི་ལས་བྱེད་པས་ཆོས་མཐུན་པའམ། ལུས་ཀྱི་རྟོག་པ་དང་ལྷ་བྲང་སྤྲད་པའི་དུས་ན། ལུས་ཀྱི་དབང་པོས་ལས་བྱེད་པས་ན་ཁྲོ་བོར་བཤད་པ་ཡིན་ནོ། །གཏར་ཀས་གགས་གསལ་བ་ནི། ཀའི་སྡེ་ཚན་ལ་ཐུགས་སུ་འཇོག་པའི་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནང་ན་རིག་ཅིང་གསལ་བ་ནི་ཐུགས་ཡིན་པ་ཏེ། དེ་ཡང་སྔགས་ཀྱི་མདོ་རྒྱན་དམ་པ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་པས་ན་སྣ་ཚོགས་པས། །དེ་ཕྱིར་ཐུགས་ཀྱི་མཆོག་ཞེས་བྱ། །ཞེས་ལེགས་པར་གསུངས་པས་ནས་གལ་བ་མྱེད་དོ། །ནང་གི་སེམས་མ་དང་སྟོབ་པོ་ཆེའི་ཡི་གེ་བསྟན་པ་ནི། ཙ་ནི་སྤྱན་གྱི་སྐུའི་མཆོག །ཅེས་ཡི་གེ་ཙ་ནི་མྱིག་གི་ཡུལ་གཟུགས་གནས་སུ་དག་པ་ལྷ་མོ་སྒེག་མོའི་སྐུ་སྐྱེད་པའི་ཡིག་འབྲུའི་མཆོག་ཡིན་པའོ། །ཙའི་སྡེ་ཚན་ལ་སྐུར་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གཏར་ཀ་གགས་གསལ་བ་ནི། རྟོག་ཚོགས་ཀྱི་དབང་གིས་འགྱུར་བ་སྟེ། ཙའི་སྡེ་ཚན་ལྷ་མོ་རྣམས་ཀྱི་ཡི་གེ་ཡིན་པས། ཡུལ་ཕྱི་རོལ་གཟུགས་སུ་གྲུབ་པ་ལ་དགོངས་ནས་སྐུར་བཤད་པ་ཡིན་ནོ། །ཚ་ནི་སྙན་གྱི་སྐུའི་མཆོག །ཅེས་ཚ་ནི་རྣ་བའི་ཡུལ་སྒྲ་གནས་སུ་དག་པ། ལྷ་མོ་གར་མ་ཅན་མའི་སྐུ་སྐྱེད་པའི་ས་བོན་མཆོག་གོ། །ཛ་ནི་ཤངས་ཀྱི་སྐུའི་མཆོག །ཅེས་ཛ་ནི་སྣའི་དབང་པོ་དྲི་གནས་སུ་དག་པ་སྟེ། ལྷ་མོ་འཕྲེང་བ་མའི་སྐུ་སྐྱེད་པའི་ཡིག་འབྲུ་མཆོག་གོ། །ཛྷ་ནི་ལྗགས་ཀྱི་སྐུའི་མཆོག །ཅེས་ཛྷ་ནི་ལྕེའི་དབང་པོ་ཡུལ་རོ་གནས་སུ་དག་པ། ལྷ་མོ་གྷིར་ཏི་ཀླུ་མ་སྐུ་སྐྱེད་པའི་ཡིག་འབྲུའི་མཆོག་གོ། །ཉ་ནི་སྐུ་ཡང་འཇིགས་བྱེད་པའོ། །ཞེས་ཉ་ནི་ཡུལ་དུ་འཛིན་པ་རྣམ་ཤེས་བདེ་བའི་ཡེ་ཤེས་སུ་འཇིག་པར་བྱེད་པ་ཁྲོ་བོ་སྟོབས་པོ་ཆེའོ། །དེ་ཡང་སྐུའི་རང་བཞིན་མ་འགགས་པར་སྣང་། མ་འགགས་པ་ཉིད་མཚན་མ་མྱེད་པ་ལས་མ་གཡོས་པར་བྱེད་པའོ། །དབང་པོའི་བྱང་ཆུབ་སེམས་དཔའ་དང་། རྟ་མགྲིན་གྱི་ཡི་གེ་བསྟན་པ་ནི། པ་ནི་སྤྱན་གྱི་གསུང་གི་མཆོག །ཅེས་པ་ནི་དམིག་གི་དབང་པོས་ཡུལ་ལ་བརྡ་སྤྲོད་པས་གསུང་སྟེ། བྱང་ཆུབ་སེམས་དཔའ་བྱམས་པའོ། །པའི་སྡེ་ཚན་ལ་གསུང་དུ་བཞག་པའི་རྒྱུ་མཚན་ཅི་ཞེ་ན། གགས་གསལ་བ་ནི། པའི་སྡེ་ཚན་དབང་པོའི་བྱང་ཆུབ་སེམས་དཔའ་སྐྱེད་པ་སྟེ། དབང་པོས་ཡུལ་ལ་གོ་བར་བརྡ་སྤྲོད་པའི་དངོས་ནས་གསུངས་སོ། །དེ་ཡང་རྡོ་རྗེ་གཡུང་དྲུང་གི་མདོ་ལས། འཁྱིལ་ཞུང་གནས་པས་སྐུ་གསུང་ཐུགས། །ཕྱིར་འབྱུང་འགྲོ་བས་གསུང་གི་སྒྲ། །ཞེས་གསུངས་པས་གསལ་ལོ། །ཕ་ནི་སྙན་གྱི་གསུང་གི་མཆོག །ཅེས་ཕ་ནི་རྣ་བའི་དབང་པོས་བརྡ་སྤྲོད་པ་གསུང་ལྟ་བུ་སྟེ། སྒྲིབ་པ་སེལ་བའོ། །བ་ནི་ཤངས་ཀྱི་གསུང་གི་མཆོག །ཅེས་པ་ནི་སྣའི་དབང་པོ་དྲི་ལ་བརྡ་སྤྲོད་པའི་གསུང་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལོ། །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །ཅེས་བྷ་ཧ་ནེ་ལྕེའི་དབང་པོ་རོ་ལ་བརྡ་སྤྲོད་པས་གསུང་སྟེ་ཀུན་བཟང་ངོ་། །མ་ནི་གསུང་ཡང་འཇིགས་བྱེད་པའོ། །ཞེས་མ་ནི་ལུས་ཀྱི་རྣམ་ཤེས་ཐམས་ཅད་བདེ་བར་འཇིགས་བྱེད་ཁྲོ་བོ་རྟ་མགྲིན་ནོ། །ཚིག་གི་གསུང་ཐམས་ཅད། དོན་གྱི་གསུང་སྤྲོས་པ་མྱེད་པར་རྟོགས་པར་བྱེད་པའི་མཐུ་ཅན་ནོ། །དུས་བཞིའི་ལྷ་མོ་བསྟན་པ་ནི། ཡ་ནི་སྐྱེ་བ་རྣམ་པར་དག །ཅེས་ཡི་གེ་ཡ་ནི། ཕྱི་སྣོད་སྐྱེ་བ་ལྟར་སྣང་བ་དང་། ལྷ་མོ་སྤོས་མ་སྟེ། སྐྱེ་བར་འཛིན་པ་སྟེ། ལྷ་མོར་ཤེས་པ་ཁོ་ན་རྣམ་པར་དག་པའོ། །ཝ་ནི་གནས་པ་དག་པ་ཡིན། །ཅེས་ཡི་གེ་ཝ་ནི་ཕྱི་སྣོད་དུ་གནས་པར་འཛིན་པ་གནས་སུ་དག་པ་ནི། ལྷ་མོ་མེ་ཏོག་མའི་རང་བཞིན་ནོ། །ར་ནི་འཇིག་པ་དག་པ་ཡིན། །ཞེས་ར་ནི་ཕྱི་སྣོད་འཇིག་པར་འཛིན་པ་གནས་སུ་དག་པར་རྟོགས་པ་ལྷ་མོ་མར་མེའི་རང་བཞིན་ནོ། །ལ་ནི་སྟོང་པ་དག་པའོ། །ཞེས་ཕྱི་སྣོད་སྟོང་པར་འཛིན་པ་གནས་སུ་དག་པར་སྦྱོང་བ་ནི། ལྷ་མོ་དྲི་ཆབ་མའོ། །དེ་སྐྱེད་པའི་ཡི་གེ་ལའོ། །ཤ་ནི་རྟག་མྱེད་དག་པ་སྟེ། །ཞེས་ཡི་གེ་ཤ་ནི་ཁྲོ་མོ་ལྕགས་ཀྱུ་མ་སྐྱེད་པ་སྟེ། དེ་ནི་རྟག་པར་ལྟ་བ་དག་པའོ། །ཥ་ནི་ཆད་པའང་ཡོད་མ་ཡིན། །ཞེས་ཤ་ནི་ཁྲོ་མོ་ཞགས་པ་མ་སྐྱེད་པ་སྟེ། དེས་ཆད་པར་ལྟ་བ་མ་ཡིན་པར་རྟོགས་པའོ། །ཤའི་སྡེ་ཚན་ལ་མཐའ་བཞི་ཡངས་པར་འཇོག་པ་ནི། སྒོ་མ་བཞིས་མཐའ་བཞི་ཡོད། མཐའ་བཞིར་ཞེན་པ་ལས་གྲོལ་ན་སྒོ་མ་ཡིན། སྒོ་མ་བཞི་སྐྱེད་པའི་ཡི་གེ་ཡིན་པ་ནའོ། ༈ །འདིར་གཏར་ཀས་གགས་གསལ་བ་ནི། ལེའུ་དང་པོར་ནི། བཙུན་མོ་འདས་པ་དང་ཞེས་པའི་དུས་བཞིར་བྱུང་། འདས་དང་ད་ལྟར་མ་འོངས་འབྱུང་བར་མ་ངེས་པ་བཞིར་བྱུང་། འདིར་ཡང་ན་སྐྱེ་བ་རྣམ་པར་དག་ཞེས་པས། སྐྱེ་བ་གནས་པ་འཇིག་པ་སྟོང་པ་བཞིར་བྱུང་། ཡང་དབྱར་རྒུན་སྟོན་སྤྱིད་མ་བྱུང་བས་ཐམས་ཅད་འགལ་ལོ་ཞེ་ན། མ་འགལ་ཏེ། དུས་རིང་བའི་དབང་དུ་འཇིག་ཆགས་སྟོང་གནས་བཞི་ཡིན། དུས་བར་མ་ནི་འདས་མ་འོངས་ད་ལྟར་འབྱུང་བར་མ་ངེས་པ་ཡིན། དུས་ཉེ་བ་ནི་དབྱར་དགུན་སྟོན་སྤྱིད་བཞི་ཡིན་ནོ། །ཞེས་པས་སོ། །ཡའི་སྡེ་ཚན་ལ་འཇིག་ཆགས་སྟོང་གནས་སུ་འཇོག་པའི་འཐད་པ་ནི། ཕྱི་རོལ་ཡུལ་ནི་འཇིག་ཆགས་སྟོང་གནས་བཞི། དུས་བཞིར་གནས་པས། དུས་བཞིར་འཛིན་པ་དག་པའི་ཕྱིའི་ལྷ་མོ་བཞི་ཡིན་པ་དང་། དེའི་སྐྱེད་ཡིག་ཡིན་པས་སོ། །ས་ནི་མཐའ་བྲལ་བདག་མྱེད་པ། །ཞེས་ས་ནི་ལྕགས་སྒྲོག་མ་སྐྱེད་པ་སྟེ། དེས་མཐའ་ཐམས་ཅད་དང་བྲལ་བས་ཆོས་ཉིད་བདག་མྱེད་པར་རྟོགས་སོ། །ཧ་ནི་མཚན་མ་མྱེད་པ་ཉིད། །ཅེས་ཧ་ནི་ཁྲོ་མོ་དྲིལ་བུ་མ་སྟེ། དེས་ཆོས་ཐམས་ཅད་མཚན་མ་མྱེད་པར་རྟོགས་སོ། །ཀུན་པོ། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཞེས་ཀྵ་ནི་ཡིད་རང་འབྱུང་གི་ཡེ་ཤེས། རྣམ་ཤེས་ཀྱི་གནས་ཡོངས་སུ་དག་པའི་ཐུགས་སོ། །དེ་ཡང་ཡིད་ཀྱི་རྣམ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། རྣམ་ཤེས་ཀྱི་ཡིད་རྟོགས་སོ། །ཀྵ་ཐུབ་པ་དྲུག་དུ་བྱུང་བའི་འཐད་པ་ནི། ཙ་ཀི་ཏ་ཡན་གྱི་ཏན་ཏྲ་ལས། ཀྵ་ནི་ཀུན་ཏུ་བཟང་པོ་སྟེ། ཀུན་ཏུ་བཟང་མོའི་མཁའ་ལས་ནི། །བདག་གི་ཕྱག་རྒྱའི་ཀློང་ཡངས་སུ། །ཆོས་ཉིད་ཡངས་པའི་དཀྱིལ་འཁོར་ནས། །འབྲས་བུ་ཀུན་ཏུ་བཟང་པོར་ཤར། །བདག་དང་གཉིས་མྱེད་རྣམ་པར་དག །བདེ་ཆེན་རྒྱལ་བ་ཀུན་གྱི་ཐུགས། །དེ་རྟོགས་པ་ལས་ཐུབ་དྲུག་འབྱུང་། །ཞེས་པས་གསལ་ལོ། །སྤྲུལ་པ་སྐུའི་ཡི་གེ་བསྟན་པ་ནི། ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཞེས་ཨི་ལས་ཐུབ་པ་སྲིད་ཐུབ་འཛིན་སྐྱེད་དེ། གདུལ་བྱ་ལྷའི་རིགས་རྡུལ་ཕྲ་རབ་སྙེད་དང་མཉམ་པ་འདུལ་བའོ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ཞེས་ཨི་ལས་ཐུབ་པ་རྣམ་པར་རྒྱལ་བ་སྐྱེད་དེ། གདུལ་བྱ་ལྷ་མ་ཡིན་གྱི་རིས་རྡུལ་སྙེད་ཡོད་པ་རྣམས་འདུལ་ལོ། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཞེས་ཨུ་ལས་ཤཱཀྱ་སེང་གེ་སྐྱེད་པ་སྟེ། གདུལ་བྱ་མི་རྡུལ་སྙེད་འདུལ་བའི་གཉེན་པོའོ། །ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཞེས་ཨཱུ་ལས་རྣམ་པར་གནོན་པ་སྐྱེད་དེ། གདུལ་བྱ་བྱོལ་སོང་གི་རིགས་རྡུལ་སྙེད་འདུལ་བའོ། །ཨེ་ནི་རྡུལ་སྙེད་ཡི་དྭགས་སུ། །ཞེས་ཨེ་ལས་ཐུབ་པ་རྣམ་པར་སྣང་བྱེད་སྐྱེད་དེ། ཡི་དྭགས་ཀྱི་རིགས་རྡུལ་སྙེད་ཡོད་པ་འདུལ་ལོ། །ཨཱེ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཞེས་ཨེ་ལས་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་སྐྱེད་དེ། གདུལ་བྱ་དམྱལ་བའི་རིགས་རྡུལ་ཕྲ་རབ་དང་མཉམ་པ་འདུལ་བའི་ཕྱིར་རོ། །ཨ་ཐུབ་པ་དྲུག་ཏུ་འཇོག་པའི་རྒྱུ་མཚན་ནི་ཅིའི་ཕྱིར་ཞེ་ན། གཏར་ཀས་གགས་གསལ་བ་ནི། ཨ་དྲུག་གིས་སྐྱེ་བ་མྱེད་པ་མཚོན་ལ། གུ་གུ་འགྲེང་བུས་སྐྱེ་བའི་ཆོ་འཕྲུལ་མཚོན་ཏེ། ཤར་བའོ། །ཡང་ན་ཨ་ལི་ནི་ཤེས་རབ་ཀྱི་ཡི་གེ་ཏེ། ཐུབ་པ་དྲུག་ཡུལ་སྤངས་པ་དང་མཐུན་ནོ། །བདུད་རྩི་འཁྱིལ་བའི་ཡི་གེ་བསྟན་པ་ནི། ཨོ་ནི་ཐམས་ཅད་འཇིགས་པར་བྱེད། །ཅེས། ཨཱོ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་ཨོ་ནི་བདུད་རྩི། ཨཱོ་ནི་འཁྱིལ་བ་སྟེ། བདུད་རྩི་ནི་ལུས་ཀྱི་ཁམས་བདུད་རྩི་བྱང་ཆུབ་སེམས། འཁྱིལ་བ་ནི་བདེ་བས་ཏེ། གསང་བའི་ཡུམ་པདྨ་དང་། གསང་བའི་དབང་པོ་རྡོ་རྗེ་དང་། གསང་བའི་རྣམ་ཤེས་བདེ་བ་སྐྱེས་པའི་དུས་ན། ཁམས་བཅོ་བརྒྱད་དང་ཕྱིན་ཅི་ལོག་ཐམས་ཅད་བདེ་བར་འཇིག་པར་བྱེད། བདེ་བ་ཉིད་ཀྱང་བརྗོད་པ་དང་བྲལ་བའི་ངང་ཡེ་ཤེས་ལྔར་ཞིག་པ་ཡིན་ནོ། །ཡི་གེ་འཁོར་ལོའི་ཚོགས་ཆེན་འདིས། །ཞེས་ཡི་གེ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་པ་ལ། ཡི་གེ་ཐུན་མོང་དུ་སྣང་བའི་དུས་ན། རྒྱུ་བསོད་ནམས་ཀྱི་ཚོགས་གསོགས། ཡི་གེ་ལྷར་སྣང་བས་འབྲས་བུ་ཡེ་ཤེས་ཀྱི་ཚོགས། སྐུ་གསུང་ཐུགས་ཀྱི་འཕྲེང་བ་བསྡུས། །ཞེས་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ཤིང་བྲེང་མ་ཆད་པས་ན་འཕྲེང་བ། དེར་ཐམས་ཅད་འདུས་པས་བསྡུས་སོ། །གཏར་ཀས་གགས་གསལ་བ་ནི། ཨོ་ནི་ཐམས་ཅད་ཞིག་པ་ཡིན་ཞེས་ལ། གང་ཞིག །སྐྱེད་པའི་ལྷ་ཞིག་གམ། བརྗོད་པའི་ཡི་གེ་ཞིག །ཡི་གེ་ཞིག་ན་མྱེད་ལ་ཐམས་ཅད་ཞེ་ན། དེ་ལྟར་མ་ཡིན་ཏེ། སྤྱིར་ཡི་གེ་ལྷ་དང་བྲང་སྤྲད། ལྷ་རྟོག་པ་དང་བྲང་སྤྲད་པས། ལུས་ཀྱི་རྟོག་པ་རང་ཀ་མ་ལྷ་དང་སྦྱར། རྟོག་པ་དེ་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱེད་པ་ལུས་ཀྱི་དབང་པོ་ཡིན་པས་ན། རྟོག་པ་ཡེ་ཤེས་སུ་ཞིང་པའོ། །ཨོ་གཉིས་ཡོང་བ་ནི། རྟོག་པ་ཞིག་པ་དང་། ཡེ་ཤེས་སུ་འཁྱིལ་བས་སོ། །ཞེས་བརྗོད་དོ། །ཨ་ཧོ། ཞེས་ཨ་སྐྱེ་བ་མྱེད་པའི་དབྱིངས་ལས། ཧོ་འགག་པ་མྱེད་པའི་ཡི་གེར་ཤར་བ་ལས། དགྱེས་པའོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མྱེད་པའི་དཀྱིལ་འཁོར་དེ་དག་ཉིད་གསང་བ་འདི་ཉིད། ཅེས་ལེའུ་རྒྱས་པར་བཤད་པའི་རྗེས་དེ་ནས་སྟུས་པ་སྟོན་པས་སོ། ། ༼༈ གང་ཕྱུང་ན།༽ངོ་བོ་སངས་རྒྱས་ཡབ་ཡུམ་མོ། །དོན་དབྱིངས་དང་ཡེ་ཤེས་སོ། །རྟགས་ཐབས་དང་ཤེས་རབ་བོ། །ཕྱི་ཡབ་ཡུམ་གཉིས་མྱེད། ནང་ཐབས་དང་ཤེས་རབ་གཉིས་མྱེད། །གསང་བ་དབྱིངས་གཉིས་མྱེད་དོ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་ཡང་དག་པའི་ཡེ་ཤེས་ཉིད་སྣང་བའི་དངོས་ནས་སྐུ། བརྗོད་པས་གསུང་། རིག་པ་ཐུགས། ཁྱབ་པས་ཡོན་ཏན། ༼༈ གང་ལས་ཕྱུང་ན།༽མཛད་པས་འཕྲིན་ལས་ཏེ། དེ་ལྔ་ཡང་དག་པའི་ཡེ་ཤེས་སུ་ཅིག་པས་ན་རྡོ་རྗེའོ། །དེ་ལྟ་བུ་ལས་ཕྱུང་བའོ། །དེ་བས་ན་ལེའུ་དབྱེར་དུ་སྡུད་པའོ། །ཨ་ཧོ། ཞེས་ཨ་མ་སྐྱེས་པ་སྟོང་པ། ཧོ་མ་འགགས་པ་སྣང་བ། སྣང་སྟོང་ངོ་མཉམ་གྱི་རིག་པ་ལ་དགྱེས་པའོ། ། ༼༈ ཇི་ལྟར་ཕྱུང་ན།༽ཐབས་དང་ཤེས་རབ་དགྱེས་སྤྲིན། ཞེས་ཐབས་ནི་ཡབ་སྟེ་གཙོ་བོ་སྐུའི་ཕྱག་རྒྱ། ཤེས་རབ་ཡུམ་ཏེ་གཙོ་བོ་སྐུའི་ཕྱག་རྒྱ། ཡབ་ཡུམ་གྱི་དགྱེས་སྤྲིན་བྱང་ཆུབ་སེམས་སོ། །ཡང་ན་ཐབས་རང་རིག་པའི་ཡེ་ཤེས། ཤེས་རབ་ཆོས་ཀྱི་དབྱིངས། ཤེས་རབ་ཀྱིས་དབྱིངས་རྟོགས་པས་དགྱེས་སྤྲིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། ཞེས་པ་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་། །ཞེས་པའི་བར་དུའོ། །ཨ་རབ་ཏུ་བསྟན་འགྱུར་ཨ་ཀར་ནས། བསྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་པའི་བར་རྣམས་བསྡུས་པ་ཡིན་ནོ། །བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །ཞེས་ལྷག་པ་བྱང་ཆུབ་སེམས་ཀྱི་ཚོགས་ལས་དངོས་གྲུབ་དང་། དཀྱིལ་འཁོར་ཐམས་ཅད་འབྱུང་བའི་གཞིའམ། རྒྱུར་གྱུར་པས་ན་རྒྱུ། དེས་ལྷའི་འཁོར་ལོ་གྲུབ་པ་ནི། ཨ་ཀ་ཁ་ག་གྷ་ང་ཞེས་པ་ནས། ཨ་ཧོ་ཞེས་པའི་བར་རྣམས་འདིར་འདུས་པས་ན་བསྡུས་སོ། །འབྲས་བུ་རྒྱལ་བ་སྨིན་གྲུབ། ཅེས་རྒྱུ་དེས་བྱས་ནས། དེའི་འབྲས་བུ་ནི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྨིན་པར་བྱེད་གྲུབ་པར་བྱེད་པས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནས། མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས་ཞེས་པའི་བར་དུ་བསྡུའོ། །ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། ཞེས་དངོས་གྲུབ་དངོས་སུ་གང་གྲུབ་ཞེ་ན། ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཐོབ་ཅིང་གྲུབ་པས་པར་བྱེད་ན་ངོ་མཚར་ཏོ། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད་ཞེས་པ་ནས་ཨོས་ནི་ཐམས་ཅད་ཞིག་པ་ཡིན་ཞེས་པའི་བར་དུ་བསྡུའོ། །འདུས་མ་བྱས་ཉིད་འདུས་བྱས། ཞེས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་དབྱིངས་ཉིད་འདུས་བྱས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སྣང་བའོ། །ཨེ་མ་ངོ་མཚར་ཡ་མཚན་གྱི། ཞེས་པ་ནས། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན་ཞེས་པའི་བར་བསྡུའོ། །རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དམ། ཞེས་དོན་དམ་པར་ཡི་གེ་བཞི་བཅུ་རྩ་གཉིས་འདུས་མ་བྱས་སུ་གནས་པ་ལས། འདུས་བྱས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་འབྱིན་པ་ལས་མ་འདའ་བའི་དམ་ཚིག་གོ། །དེར་ནི་ཕྱོགས་བཅུ་དུས་བཞིར་རྫོགས་པའི། ཞེས་པ་ནས། ཡི་གེའི་འོག་ནས་ཀྵ་ལ་རྫོགས་ཞེས་པའི་བར་དུ་བསྡུའོ། །ཕྱུང་བའི་འབྲས་བུ། མདའ་བར་མི་མཛད་དབང་མྱེད། རྒྱུ་རྐྱེན་འཚོགས་པའི་མཐུ་ཆེན་ཡིན། ཞེས་རྒྱུ་ས་བོན་སྐྱེས་བུ་ལ། རྐྱེན་རྩི་ཆུ་ལུད་ལ་སོགས་པ་འཚོགས་ན། འབྲས་བུ་མྱུ་གུ་སྔོན་པོ་རང་དབང་མྱེད་པར་སྐྱེ་བ་དང་འདྲ་བར། རྒྱུ་ཆོས་ཉིད་དག་པ་ལས། རྐྱེན་ཐབས་དང་ཤེས་རབ་ཏུ་ལྡན་ན། འབྲས་བུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་དབང་མྱེད་པར་ཐོབ་པར་བྱེད་པས་ན། དེ་ལས་མི་འདའ། རང་དབང་མྱེད་དེ། ཅིའི་ཕྱིར་ན། རྒྱུ་རྐྱེན་ཚོགས་པའི་མཐུ་ལས་གྲུབ་པས་སོ། །དེར་ནི་སེམས་ཀྱི་རང་བཞིན་ཡི་གེ་སྟེ་ཞེས་པ་ནས། ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། ཞེས་པའི་བར་བསྡུའོ། །ཡང་ན་ཡི་གེའི་འཁོར་ལོ་ཚོགས་ཆེན་འདི། སྐུ་གསུང་ཐུགས་ཀྱི་འཕྲང་བར་བསྡུས། །ཞེས་པ་བསྡུའོ། །ཧོ། ཞེས་ལེའུ་དེར་འདུས་པ་ལ་རབ་ཏུ་དགྱེས་པའོ། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས། ཞེས་རྡོ་རྗེེ་ནི་ཐུགས། གསང་བ་ནི་ཐུགས་དེ་རྟོགས་པར་དཀའ་བའོ། །དེ་ཡང་ཐུགས་ལ་ཐུགས་ཀྱིས་བརྗོད། ཉིད་ལ་ཉིད་བརྗོད། དོན་དམ་པར་ན་གང་ཡང་བརྗོད་པ་མྱེད་པས་ན་རྡོ་རྗེ་གསང་བའི་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོ་གྱུར་ཏོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེར་གྱུར། ཡི་གེ་ཡེ་ནས་སངས་རྒྱས་པ་སྟེ། ཡི་གེ་དང་དེ་བཞིན་གཤེགས་པ་དབྱེར་མྱེད་པར་གྱུར་ཏོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཞེས་གསང་བ་རྟོགས་པར་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་མི་སླུ་བ། ངེས་པ་ངེས་དོན་ནོ། །ཡི་གེའི་འཕྲེང་བ་འཁོར་ལོར་བསྐོད་པའི་ལེའུ་སྟེ་བཞི་པའོ།། །།ཞེས་ཡི་གེ་ནི་བཞི་བཅུ་རྩ་གཉིས་སོ། །འཕྲེང་བ་ནི་རིན་པོ་ཆེའི་འཕྲེང་བ་རྒྱུས་པ་བཞིན། བྲེང་ཆགས་པའམ། རྒྱུན་མ་ཆད་པའོ། །ཡང་ན་ཆེ་བའི་ཡོན་ཏན་འཕྲེང་བ་ལྟ་བུར་ལྡན་པའོ། །འཁོར་ལོ་ནི་ཡི་གེ་ཉིད་ཀྱི་ལྷའི་འཁོར་ལོའོ། །བསྐོད་པ་ནི་ཐ་དད་མྱེད་བཞིན་དུ་ཐ་དད་པའི་རྣམ་པར་བཀོད་པ་སྟེ་ལེའུ་བཞི་པའོ། །དེ་ནས་ཡི་གེ་འཁོར་ལོའི་སྤྲིན་དཀོད་པ་ལས། ཞེས་ཡི་གེ་ཕྲེང་བའི་ལེའུ་བསྟན་པའི་རྗེས་དེ་ནས། སྒྱུ་འཕྲུལ་སྒྲུབ་པའི་ཏིང་ངེ་འཛིན་སྟོན་པའོ། །ཡིག་འབྲུ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་བཀོད་དོ། །བསྒོམས་པ་ལས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ་བའི་ཡོན་ཏན་སྣ་ཚོགས་པར་འབྱུང་བ་དང་། ཅིར་ཡང་སྒྲུབ་ཏུ་རུང་བ་ནི། དཔེར་ན་སྤྲིན་དང་འདྲ་སྟེ། བར་སྣང་ལ་སྤྲིན་བྱུང་། སྤྲིན་ལས་ཆར་བབ་པས། ས་གཞི་ལས་སྐྱེས་འཁྲུངས་སྐྱེ་བ་དང་འདྲ་བའོ། །སྒྱུ་འཕྲུལ་རྣམ་པར་འཕྲོས་གང་འཕྲོས་པ་འདི་ཆེད་དུ་བརྗོད་དོ། །ཞེས་སྒྱུ་ནི་ཤེས་རབ་སྟོང་པ། འཕྲུལ་ནི་ཐབས་མ་འགགས་པ། དེ་གཉིས་ཐ་དད་པ་མྱེད་བཞིན་དུ་ཐ་དད་པའི་རྣམ་པར་འཕྲོ་བ་འདི་འགྲོ་བའི་ཆེད་དུ་བརྗོད་པའོ། །རྩ་བ་མྱེད་པའི་སེམས་ཉིད་ནི། །ཞེས་ཀུན་གཞི་བྱང་ཆུབ་ཀྱི་སེམས་ནི་ཡེ་སྡོད་མ་ནས་རྣམ་པར་དག་སྟེ། ཅིག་དང་དུ་མའི་ངོ་བོ་དང་བྲལ་བ། མཐའ་དང་དབུས་མྱེད་པ། གཞི་དང་ཚད་མྱེད་པ། ཇི་ལྟ་བུའི་ངོ་བོར་ཡང་གྲུབ་པ་མྱེད་པའོ། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའམ། རིག་པ་མངོན་དུ་ཤར་བ་དེ་གནས་འགྱུར་བའི་དུས་ན། སྐུ་དང་ཡེ་ཤེས་ལ་སོགས་ཏེ་མྱ་ངན་ལས་འདས་པའི་ཆེ་བའི་ཡོན་ཏན་སྣ་ཚོགས་སུ་ཡང་རང་སྣང་ལ། མ་རྟོགས་པའམ་འཁྲུལ་པའི་དུས་ན། འཁོར་བའི་ཆོས་ཐམས་ཅད་དུ་ཡང་སྣང་བས། རྟོགས་མ་རྟོགས་ཀྱི་དབང་གིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྩ་བའམ། རྒྱུ་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར་ན་རྩ་བའོ། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཞེས་སེམས་ནི་ཅིའི་ངོ་བོར་ཡང་མ་གྲུབ་ལ། སེམས་ཡི་གེར་སྣང་ཡང་ཡི་གེ་ལ་དངོས་པོ་མ་གྲུབ་སྟེ། སེམས་དང་ཡི་གེ་དབྱེར་མྱི་ཕྱེད་པའི་ཕྱིར་ན། སེམས་ཉིད་ཡི་གེའི་རང་བཞིན་ཏེ། ཅེས་སོ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་སེམས་ཡི་གེར་རང་སྣང་ལ། ཡི་གེ་དཀྱིལ་འཁོར་དུ་བཀོད་དེ་བསྒོམས་པ་ལས། སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆེ་བའི་ཡོན་ཏན་སྣ་ཚོགས་པར་འབྱུང་ཞིང་། སྒྲུབ་པ་དང་སྒྱུར་དུ་སྟུབ་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མྱེད་བཞིན་དུ་སེམས་ཅན་གྱི་དགོས་འདོད་སྐོང་བའམ། ནམ་མཁའ་ལ་རྟོག་པ་མྱེད་བཞིན་དུ་སྤྲིན་ལས་ཆར་བབ་ནས། ས་གཞི་ལ་སྐྱེ་འཁྲུངས་སྨིན་པ་ལྟར། ཡི་གེ་ལས་དངོས་གྲུབ་སྣ་ཚོགས་པ་གྲུབ་པའོ། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །ཞེས་རྒྱུ་ནི་ཡིག་འབྲུ་བཞི་བཅུ་རྩ་གཉིས་མཚན་མའི་རྣམ་པ་ཁ་དོག་གསལ་ཞིང་འོད་འཕྲོ་བར་བསྒོམ་པའམ། འཕྲུལ་ནི་དེ་ལས་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་སྐུ་མདོག་དང་མཚན་མའི་རྣམ་པར་གསལ་བར་བསྒོམ་པ་ལ་བྱའོ། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཞེས་དྲ་བ་ནི་དེ་ལྟར་ཡིག་འབྲུ་དང་ལྷའི་མཚན་མར་གསལ་བ་ཡང་། གསལ་ཙམ་ཉིད་ན་མཚན་མ་མྱེད་པ་ལས་མ་གཡོས་ཏེ། མཚན་མ་དང་མཚན་མ་མྱེད་པ་གཉིས་ཤེས་རབ་ཀྱིས་རྟོག་པར་བྱ་སྟེ། ཏིང་ངེ་འཛིན་གྱིས་དགོངས་པ་རྩེ་གཅིག་ཏུ་ཡང་ངང་ཡང་དུ་འདྲིས་པར་བསྒོམ་པའི་མཐུས་འབྲས་བུ་མངོན་པར་རྫོགས་སོ། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཞེས་དེ་ལྟར་མཚན་མའི་རྣམ་པ་དང་། སྤྲོས་པ་དང་བྲལ་བ་གཉིས་མེད་དུ་རྟོགས་པས། ཏིང་ངེ་འཛིན་ལས་སུ་རུང་ནས་མངོན་དུ་གྱུར་པའི་དུས་སུ། ཕྱོགས་བཅུ་དུས་བཞི་ཐམས་ཅད་གནས་པའམ། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཞེས་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་དང་། མྱ་ངན་ལས་འདས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་གྲུབ་ཅིང་ཐོབ་པར་འགྱུར་རོ། །བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །ཞེས་ཏིང་ངེ་འཛིན་བསྟན་ན། སྦྱར་དུག་དང་། རེག་པ་དང་། ཁ་རླངས་དང་། མཐོང་བའི་དུག་རྣམས་ལ། བདག་རྣམ་པར་སྣང་མཛད་དུ་བསྒོམས་ནས། ཐུགས་ཀ་ནས་ཨ་དཀར་པོ་སྤྲོས་ལ། དུག་ལ་ཕོག་པས་བདུད་རྩིར་སྦྱངས་ནས། དུག་བདུད་རྩིར་འགྱུར་རོ། །རང་རྣམ་སྣང་གི་ང་རྒྱལ་གྱིས་སྙིང་ཁར་ཨ་ལས་ལུས་བདུད་རྩིར་ཁེངས་པར་བསྒོམས་ན། ལུས་ལས་བདུད་རྩི་འབྱུང་ངོ་། །ཨཱོཾ་འཛི་ན་འཛིག་ཨ་སྨྲི་ཏེ་ཧཱུཾ་ཧྲཱིཿཋཱ། ཅེས་སོ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ཞེས་ནད་རྩ་བ་བཞི་ནི། འདོད་ཆགས་ལས་མཁྲིས་པ། གཏི་མུག་ལས་བད་ཀན། ཞེ་སྡང་ལས་རླུང་། དུག་གསུམ་ཆ་མཉམ་པ་ལས་འདུས་པའོ། །ཡན་ལག་བཞི་བརྒྱ་ནི། དེ་རེ་རེ་ལ་བརྒྱ་བརྒྱའོ། །དེ་སེལ་ན། བདག་རྡོ་རྗེ་སེམས་དཔར་བསྒོམ། ཐུགས་ཀར་རྡོ་རྗེ་ལ་ཨ་བསྒོམ། རྡོ་རྗེས་ནད་བཅོམ། ཨས་བདུད་རྩིས་ནད་གསལ་ནུས་སོ། །ཧཱུཾ་བཛྲ་འདྲིག །རོ་ག་པྲ་ཤ་མ་ན་སྭཱ་ཧཱ། ཞེས་བཟླས་སོ། །ལོངས་སྤྱོད་འབྱུང་ཞིང་། བདག་རིན་ཆེན་འབྱུང་ལྡན་བསྒོམ། ཐུགས་ཀར་རིན་པོ་ཆེ་ལ་སྭ་བསྒོམ། སྭ་རཏ་ན་འདྲིག་མ་མ་བ་སུ་སྤུས་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་པས། ལོངས་སྤྱོད་ཅི་འདོད་ནམ་མཁའ་ལས་ཆར་དུ་བབ་བོ། །ངན་སོང་སྦྱོང་། ཞེས་བདག་སྣང་བ་མཐའ་ཡས་སུ་བསྒོམ། ཐུགས་ཀར་པད་མ་ལ་ཨ་བསྒོམ། དེའི་འོད་ཟེར་གྱིས་རེག་ན། ངན་སོང་གསུམ་གྱི་སྡུག་བསྔལ་འཇོམས་པར་བྱེད་དོ། །ཨཾ་ཨ་ལོ་ལིག །ཏི་པྲེ་དུ་སྭཱ་ཧཱ། ཞེས་བཟླས་སོ། །ཅིར་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་བདག་དོན་ཡོད་གྲུབ་པར་བསྒོམས་པའི་ཐུགས་ཁར་རྡོ་རྗེ་རྒྱ་གྲམ་ལ་ཧ་བསྒོམ། དེ་ལས་རང་ཇི་ལྟར་བསམ་པ་བཞིན་དུ་སྒོམ་སྟེ། རང་ཇི་ལྟར་འདོད་པ་བཞིན་དུ་སྒྱུར་དུ་ཡང་སྟུབ། གང་བསྒྲུབས་པ་ཡང་འགྲུབ་པར་འགྱུར་རོ།ཀ༽ ང༽།གཏར་ཀ་ནི། འདིར་ལྷ་ཐམས་ཅད་ཀྱི་ལས་ཚོགས་བྱུང་ནས། སྒོ་བ་དང་ཀུན་བཟང་ཡབ་ཡུམ་གྱི་དང་ཐུབ་པ་དྲུག་ལ་ལས་ཚོགས་མ་བྱུང་བ་ཅི་ཏེ་ཞེ་ན། དེ་ནི་ཀུན་བཟང་ཡབ་ཡུམ་གསུང་བའི་སྟོན་པ་ཡིན་པ་དང་། ཐུབ་དྲུག་འགྲོ་དྲུག་ལ་ཆོས་སྟོན་པས་ལེའུ་གསུམ་པར་གསུངས་པ་དང་། སྒོ་བས་ཞི་རྒྱས་དབང་དྲག་གི་ལས་བྱེད་པས། འདི་དག་ཐམས་ཅད་ཀྱང་ཞི་རྒྱས་དབང་དྲག་ཏུ་འདུས་པས་མ་གསུངས་སོ། །ཡང་ན་ལོངས་སྐུ་འཁོར་བཅས་རྣམས་གསུངས་སོ།ཅ༽ ཁ༽།ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་། །ཞེས་བདག་ནམ་མཁའ་དབྱིངས་ཕྱུག་མར་བསྒོམས་ནས། ཐུགས་ཀ་ནས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནམ་མཁར་བསྒོམས་ན། ནམ་མཁའ་ཉིད་རྡོ་རྗེ་བྲག་བཞིན་དུ་སྲ་བར་དམྱིགས་ན་ཡང་། དེ་བཞིན་དུ་འབྱུང་ངོ་། །བར་ན་མེ་ཡང་འཚིག་པ་དང་། །ཞེས་བདག་གོས་དཀར་མོའི་ཐུགས་ཀ་ནས། རཾ་ལས་མེ་འབར་བར་སྒོམ་ན། ཐམས་ཅད་མེ་འབར་ནས་ཐལ་བར་འགྱུར་ཏེ། དེ་བས་ཚིག་ཅིང་སྲེག་པ་དང་། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །ཞེས་བདག་མ་མ་ཀིའི་ཐུགས་ཀ་ནས། ཁཾ་ལས་ཆུར་བསྒོམས་ན། ཐམས་ཅད་ཆུར་འགྱུར་ཞིང་། ནམ་མཁའ་ལས་ཀྱང་ཆུ་འབབ། ས་སྐམ་ལས་ཀྱང་ཆུ་འབྱུང་བ་ཡང་དེ་བཞིན་ནོ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཞེས་བདག་དམ་ཚིག་སྒྲོལ་མའི་ཐུགས་ཀ་ནས། ཡཾ་ལས་ཡེ་ཤེས་ཀྱི་རླུང་བསྒོམས་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་རླུང་གིས་འཐོར་ནུས་སོ། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །ཞེས་བདག་སངས་རྒྱས་སྤྱན་དུ་བསྒོམས་པའི་ཐུགས་ཀ་ནས། ལཾ་ལས་གསེར་གྱི་ས་གཞིར་བསྒོམས་ནས། དེ་ཇེ་ཆུང་ཇེ་འཕྲ་ལ་འཐར་སྟོང་པར་བསྒོམས་ན། ས་ཐམས་ཅད་སྟོང་པར་འགྱུར། ས་ལ་རྟེན་པའི་སེམས་ཅན་ཐམས་ཅད་རྟེན་ས་མྱེད་དེ་ལྟུང་ངོ་། །དགུག་དང་། ཞེས་ནང་གི་སེམས་དཔའ་ཡབ་ཡུམ་གྱིས་བསྟན། བདག་སའི་སྙིང་པོ་དང་། ཡབ་ཡུམ་ལ་སེ་སྒེག་མོར་བསྒོམས་ནས། སྦྱོར་བ་ལས་བྱང་སེམས་ལྷ་མོ་བཞིར་སྤྲུལ་ཏེ། དགྲའི་རྣམ་པར་ཤེས་པ་མར་མེ་མ་ལྟ་བུ་དགུག་པ་དང་། བགེགས་ཀྱི་རྣམ་ཤེས་དུད་ཀ་ཀུག་ན། མངོན་དུ་ཁུགས་སོ། །བུད་མྱེད་ཡང་རྒྱལ་པོ་དང་བློན་པོ་ཡང་ཁུགས། གང་དབང་དུ་བྱ་བ་དེ་ཡང་ཁུགས་པར་འགྱུར་རོ། །གཏང་དང་། ཞེས་བདག་ཕྱག་ན་རྡོ་རྗེ་དང་། ཡུམ་ནིར་ཏི་མར་བསྒོམས་ནས། ཡཾ་ལས་རླུང་ཏོག་ནས་ཞིང་ཁམས་གཞན་དུ་གཏང་བ་དང་། དགྲ་ལ་སྤྲུལ་པའི་ཕོ་ཉར་གཏང་བ་དང་། རོ་ལང་ལ་སོགས་པའི་ཆོ་འཕྲུལ་བཏང་བ་ཡང་གྲུབ་བོ། །བཅིང་དང་། ཞེས་བདག་སྤྱན་རས་གཟིགས་དང་ཡུམ་གྟིར་ཀླུ་མར་བསྒོམས་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཀྱིས་དགྲ་བགེགས་ཅིངས་ནས། བྱང་དུ་འཇུག །དགྲ་བགེགས་ཀྱི་ཁ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱ་པ་ན་ངག་བཅིང་པའོ། །དགྲོལ། ཞེས་བདག་ནམ་མཁའི་སྙིང་པོ་དང་ཡུམ་མ་ལེ་འཕྲེང་བ་མར་བསྒོམས་ནས། ཐུགས་ཀའི་འོད་ཀྱིས། ནད་པ་དང་། བྱད་ཀྱིས་ཟིན་པ་དང་། རྐང་ལག་འཁུམས་པ་དང་ཞ་གྲུམ་དུ་སོང་བ་ལ་སྤྲོས་ན། བྱད་གྲོལ་ཞིང་ཞ་གྲུམ་སོས་པར་འགྲྱུར་རོ། །སྤྱིའི་སེམས་དཔའ་ཡབ་ཡུམ་གྱི་བསྟན། གསོ་དང་། བདག་བྱམས་པ་དང་ཡུམ་དྷུཥྤེ་སྤོས་མར་བསྒོམས་ནས། ནམ་མཁའ་ལ་སྤྲིན་བསྒོམས་ན་སད་ཐུབ། ཐུགས་ཀ་ནས་ཨ་ལས་བདུད་རྩིར་སྦྱངས་ན་འཆི་བ་གསོས། རླུང་གིས་སྤྲིན་གཏོར་ན་སེར་བ་ཐུབ། ལོ་ཏོག་དང་ནད་ལ་སོགས་པའི་གསོ་བའི་ཡུལ་གང་ལ་དམིགས་པ་ཐམས་ཅད་གསོས་པར་འགྱུར་རོ། །གསད་དང་། ཞེས་བདག་འཇམ་དཔལ་དང་ཡུམ་གྷན་དྷེ་དྲི་ཆབ་མར་བསྒོམས་ནས། བདག་གིས་དགྲ་བོའི་ལིང་ཀ་ཀུག་ནས། རལ་གྲིས་ཏབ་ན། དགྲའི་རྣམ་པར་ཤེས་པ་གསོད་པའི་ནུས་པ་དང་ལྡན་པར་འགྱུར་རོ། །ཕམ་དང་། ཞེས་བདག་སྒྲིབ་སེལ་དང་ཡུམ་མེ་ཏོག་མར་བསྒོམས་ནས། ཐུགས་ཀ་ནས་སྤྲུལ་པས་དགྲའི་རྐང་ལག་བཅིངས་པར་བསམས་ན། དགྲའི་གཡུལ་ཕམ་པར་བྱ་བ་དང་། རྒྱལ། ཞེས་བདག་ཀུན་བཟང་དང་མར་མེ་མར་བསྒོམས་ནས། ཐུགས་ཀ་ནས་དམག་དཔོན་རིན་པོ་ཆེ་སྤྲུལ་ནས་གཏང་ན། བདག་གཞན་གྱི་གཡུལ་་ལས་རྒྱལ་བར་འགྱུར་རོ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །ཞེས་དེ་ལྟར་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་ལ་བསྒོམས་ན། ཇི་ལྟར་དམྱིགས་པ་བཞིན་དུ་སྒྱུར་དུ་ཏུབ་སྟེ། སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་འདིས་ལས་ཐམས་ཅད་བྱེད་པར་འགྱུར། ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།ག༽ ཆ༽།དེ་ཉིད་ཡེ་ཤེས་རང་སྣང་བའི། །ཞེས་ཏིང་ངེ་འཛིན་གྱིས་ཇི་ལྟར་བསམ་པ་ལྟར་འགྲུབ་པ་དེ་ཉིད། དེ་ལྟར་འགྲུབ་པ་ཅི་སྟེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ཤེས་རང་སྣང་དུ་མཁྱེན་ཅིང་འབྱོངས་པས་འགྲུབ་བོ། །མིང་ཚིག་གཟུགས་བསོགས་ཡིད་བཞིན་གྱིས། །ཞེས་མིང་ཚིག་ནི་ངག་གསུང་དུ་རྟོགས་པ་དང་། གཟུགས་ནི་ལུས་སྐུར་རྟོགས་པ་དང་། བསོགས་ནི་སེམས་ཐུགས་སུ་རྟོགས་པའོ། །དེ་ལས་ཐམས་ཅད་འབྱུང་བའི་དཔེ་ནི། ཡིད་བཞིན་གྱི་ནོར་ནུ་རིན་པོ་ཆེ་ལ་རྟོག་པ་མྱེད་པར་དགོས་འདོད་འབྱུང་བའམ། དེ་བཞིན་དུ་སྣང་བ་དེ་ཉིད་ཡེ་ཤེས་རང་སྣང་དུ་རྟོགས་པའི་དུས་ན་འདོད་པ་འབྱུང་བའོ། །མུན་ལ་སྣང་འགྱུར་ཇི་བཞིན་དུ། །ཞེས་མུན་པའི་ནང་དུ་སྒྲོན་མེ་སྟེག་ན། མུན་པ་ཉིད་སྣང་བར་འགྱུར་བའམ། དེ་བཞིན་དུ་སྣང་བ་ཉིད་ཡེ་ཤེས་རང་སྣང་དུ་རྟོགས་ན་ཅིར་ཡང་སྒྱུར་དུ་བཏུབ་པའམ། འགྱུར་བས་གསེར་གྱུར་སྨན་གྱི་ཚུལ། །ཞེས་ཟངས་སྲང་སྟོང་གི་ནང་དུ་གསེར་འགྱུར་གྱི་རྩི་ཞོ་གཅིག་བརྟབ་པས། ཟངས་ཉིད་གསེར་དུ་འགྱུར་བ་བཞིན། ཏིང་ངེ་འཛིན་ཕྲ་མོས་སྣང་བ་འདི་ཉིད་ཡེ་ཤེས་རང་སྣང་དུ་འགྱུར། དུག་བུམ་པ་གང་གི་ནང་དུ། རྩི་མ་ཀི་ཏ་ཐིགས་པ་གཅིག་བླུགས་པས། དུག་ཉིད་སྨན་དུ་འགྱུར་བ་ལྟར། ལུས་ངག་ཡིད་ལྟར་བསྒོམས་པས་རྟོགས་ན། སྣང་བ་ཇི་ལྟར་སྒྱུར་སྒྱུར་དུ་སྟུབ་བོ། །ཡོན་ཏན། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཞེས་སྟོན་པ་རྡོ་རྗེ་སློབ་དཔོན་ནི། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་བརྩོན་པ། རང་གི་སེམས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་དེ། ལྟ་བ་ཡང་དག་པའི་དོན་རྟོགས། བསྒོམས་པ་ཞི་བའི་ལྷ་རྣམས་ཏིང་ངེ་འཛིན་གྱིས་གསལ་ལོ། །དམ་ཚིག་སྔགས་དང་ཕྱག་རྒྱ་དང་། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་སྲུང་། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། སྐྱེད་པ་སྐྱེན་དང་། སྐུལ་བ་ལས་ཀྱི་སྔགས་གསུམ་དང་། སྐུའི་ཕྱག་རྒྱ་ལྷ་དང་། དམ་ཚིག་གི་ཕྱག་རྒྱ་འཕྲོ་འདུ་དང་། ལས་ཀྱི་ཕྱག་རྒྱ་ཡུམ་དང་། ཞི་བ་ཆོས་ཀྱི་ཕྱག་རྒྱ་བཞི་སྟེ། དེ་ལྟར་སྔགས་དང་ཕྱག་རྒྱ་ཤེས་ཤིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལ་སོགས་པའི་ཡོ་བྱད་དང་ལྡན་ནོ། །འགྲུབ་འགྱུར། ཞེས་སྟོན་པ་དེ་ལྟ་བུས་སྒྱུ་འཕྲུལ་གྱི་དོན་འགྲུབ་པར་འགྱུར་རོ། །སྐྱོན་བསྟན། མི་ལྡན་དོན་མྱེད་བརླག །ཅེས་དེ་ལྟ་བུའམ། བྱང་ཆུབ་སེམས་ཀྱི་རྟོགས་པ་དང་མི་ལྡན་ན། སྒྲུབས་ཀྱང་ཚེ་འདིར་ནི་སྒྲུབ་པའི་དོན་མྱེད་ལ། ཕྱི་མར་བྱང་ཆུབ་ཀྱི་འབྲས་བུ་མྱེད་ཅིང་རླག་པར་འགྱུར་རོ། །ཆོས་སྐུ་བསྟན་པ་ནི། དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །ཞེས་འདས་པའི་རྒྱལ་བ་དང་། ད་ལྟར་བ་དང་། མ་འོངས་པའི་རྒྱལ་བས་ཐུགས་སུ་ཆུད་པར་འགྱུར་བའོ། །དུས་གསུམ་གྱི་རྒྱལ་བས་བྱང་ཆུབ་སེམས་ཐུགས་སུ་ཆུད་ནས་མངོན་པར་རྫོགས་པ་སངས་རྒྱས་སོ། །ཐུགས་སུ་ཆུད་པ་དངོས་གང་ཞེ་ན། དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཞེས་དངོས་གྲུབ་ལ་གཉིས་ཏེ། ཐུན་མོང་དང་། མཆོག་ལས། མཆོག་གོ། །མཆོག་ལ་སྙིང་པོ་ནི། བྱང་ཆུབ་ཀྱི་སེམས་རྟོགས་པའོ། །དེ་བས་ན་མཆོག་ནི་ཆོས་སྐུ་ཡིན་ནོ། །ཟད་པའི་དུས་མྱེད་ཡེ་ཤེས་མཛོད། །ཅེས་ཐུན་མོང་གི་དངོས་གྲུབ་གཞན་ལ་ནི། ཟད་ཅིང་མཐར་ཐུག་པ་ཡོད་ལ། བྱང་ཆུབ་སེམས་རྟོགས་པ་ལ་ནི། ཟད་ཅིང་བྲི་བ་མྱེད་དེ། ཡེ་ཤེས་ཀྱི་མཛོད་ཡིན་པས་སོ། །གཟུགས་སྐུ་བསྟན་པ་ནི། འཕེལ་འགྲིབ་མྱེད་པར་འབྱུང་བ་སྟེ། །ཞེས་དངོས་གྲུབ་གཞན་ལ་ནི་རེས་ཡོད་རེས་མྱེད་འབྱུང་ལ། བྱང་ཆུབ་སེམས་རྟོགས་པའི་དངོས་གྲུབ་ལ་ནི། ཟད་ཅིང་སྟོངས་པ་དང་། བྲི་ཞིང་རླག་པ་མྱེད་པར་འབྱུང་ངོ་། །དངོས་པོ་མྱེད་ལས་དངོས་པོ་སྤྲིན། །ཞེས་དངོས་པོ་དང་མཚན་མ་ཅིར་ཡང་མ་གྲུབ་པའི་ཆོས་ཉིད། ནམ་མཁའ་དང་འདྲ་བ་ལས། ཡེ་ཤེས་རང་སྣང་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྤྲིན་དང་འདྲ་བ་འབྱུང་བར་འགྱུར་རོ། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །ཞེས་དེ་ཡང་སྣ་ཚོགས་སུ་ཡང་སྣང་ལ། ཇི་ལྟར་འདོད་པ་བཞིན་དུ་སྒྱུར་དུ་སྒྱུར་དུ་ཡང་བཏུབ་སྟེ། ལེགས་པའི་ཡོན་ཏན་དུ་འགྱུར་བའོ། །ལྟ་བ་བསྟན་པ་ནི། དངོས་རྣམས་ཉིད་ན་དངོས་མྱེད་པའི། ཞེས་ཀུན་རྫོབ་ཏུ་དངོས་པོར་སྣང་བ་ཉིད་ན། དོན་དམ་པར་དངོས་པོ་མྱེད་པས། སྣང་ཕྱོགས་ཀྱི་སྟོང་པའི་ངོ་བོ་ཉིད་དོ། །སྟོང་ཕྱོགས་ཀྱི་སྟོང་པའི་ངོ་བོ་ཉིད་དོ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །ཞེས་དེ་ལྟར་ཤེས་རབ་ཀྱིས་གཉིས་མྱེད་དེ་རྟོགས་པར་བྱས་ནས། ཏིང་ངེ་འཛིན་གྱིས་དབང་སྒྱུར་ན། ཏིང་འཛིན་ཡིན་ནོ། །སྣང་སྟོང་གཉིས་མྱེད་ཀྱི་ངོ་བོ་ཉིད་དུ་རྟོགས་ནས། དེས་རང་གི་རྟོག་པ་ལ་དབང་སྒྱུར་བའི་ཏིང་ངེ་ཡིས། ལྟ་བའི་གོལ་ས་བསྟན་པ་ནི། གང་གིས་དམྱིགས་མྱེད་མི་ཤེས་པ། །ཞེས་རྣལ་འབྱོར་པ་གང་ཡང་རུང་བས། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དམྱིགས་པ་མྱེད་པ་ཡིན་པ་ལ། ཡེ་ནས་དམྱིགས་སུ་མྱེད་པའི་དོན་མི་ཤེས་པ་དེ་ཡིས། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །ཞེས་དེ་ལྟར་ཆོས་ཐམས་ཅད་དམྱིགས་སུ་མྱེད་པ་མི་ཤེས་པ་དེས་ཆོས་ཀྱི་དབྱིངས་ཟབ་ཅིང་རྒྱ་ཆེ་བ་དེ་ཤེས་པ་ལྟ་ག་ལ་འགྱུར་ཏེ་མི་ཤེས་པ་དེས་སོ། །གོལ་ས་གཅད་པའི་གཏན་ཚིགས་བསྟན་པ་ནི། དེ་ཕྱིར་དངོས་དང་དངོས་མྱེད་པས། །འཇིག་པས་དམྱིགས་མྱེད་ཤེས་པར་གྱིས། །ཞེས་ཆོས་ཀྱི་དབྱིངས་མི་ཤེས་པ་དེའི་ཕྱིར། དངོས་པོ་ཡོད་པའི་ཆོས་དང་། དངོས་པོ་མྱེད་པའི་ཆོས་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱི་གཏན་ཚིགས་ཀྱིས་ཡོད་མྱེད་ཀྱི་མཐའ་རྣམ་པ་གཉིས་བཤིག་ནས། དངོས་པོ་ཐམས་ཅད་དངོས་མྱེད་དུ་འཇིག་པས། ཐམས་ཅད་དམྱིགས་སུ་མྱེད་པའི་དོན་དུ་ཤེས་རབ་ཀྱིས་ཤེས་པར་གྱིས་ཞེས་བསྡམས་སོ། །འདིར་ལྟ་བ་དང་སྦྱར་བ་དང་། བྱང་སེམས་བཞིར་བསྟན་པ་ལ། བྱང་སེམས་བཞི་ནི། འཇིག་པ་བྱང་ཆུབ་ཀྱི་སེམས་དང་། ལྡང་བ་བྱང་ཆུབ་ཀྱི་སེམས་དང་། གནས་པ་བྱང་ཆུབ་ཀྱི་སེམས་དང་། སྨོན་པ་བྱང་ཆུབ་ཀྱི་སེམས་སོ། །འཇིག་པ་བྱང་ཆུབ་ཀྱི་སེམས་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱི་གཏན་ཚིགས་ཀྱིས། དངོས་པོ་དང་མཚན་མའི་ཆོས་ཐམས་ཅད། དངོས་པོ་དང་མཚན་མ་མྱེད་པའི་ངང་དུ་འཇིག་པ་ལ་བྱའོ། །ལྡང་བ་ནི། དངོས་པོ་དང་མཚན་མ་བཤིག་ནས། མཚན་མ་མྱེད་པའི་ངང་དུ་ལྡང་བ་ནི་ལྡང་བ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གནས་པ་ནི། དེ་ལྟར་དངོས་པོ་དང་མཚན་མ་བཤིག །མཚན་མ་མྱེད་པ་ལ་ལངས་ནས། མཚན་མ་མྱེད་པ་ལ་གནས་པ་ནི། གནས་པ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །སྨོན་པ་ནི། དེ་ལྟར་དངོས་པོ་དང་མཚན་མ་མྱེད་པར་བཤིག་ནས། སྨོན་ལམ་མཐར་ཕྱིན་པར་ལྷུན་གྱིས་གྲུབ་པ་ནི་སྨོན་པ་བྱང་སེམས་སོ། །ལྟ་བ་དང་སྦྱར་ན། སེམས་གཞིར་རྟོགས་པ་ཁོ་ན་ལྟ་བའོ། །ལྟ་བ་འདྲེས་པ་ཁོ་ན་བསྒོམ་པའོ། །གཞི་རྩ་མྱེད་པའི་སེམས་ཉིད་ནི། །ཞེས་རྟེན་པའི་གཞི་མྱེད། གནས་པའི་རྩ་བ་མྱེད། ཅིག་དང་དུ་མ་བྲལ། མཐའ་དང་དབུས་མྱེད་དེ་གང་ཡིན་ན། རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཕོ་མོ་མ་ཡིན་མ་ནིང་མིན། །ཞེས་རང་གི་རིག་པ་ཉིད། ཕོ་ཡང་མ་ཡིན། མོ་ཡང་མ་ཡིན། མ་ནིང་ཡང་མ་ཡིན། ཡང་ན། རིག་པ་བྱང་ཆུབ་སེམས་ནི། སྣང་ཕོའི་རྣམ་པར་ཡང་སྣང་ལ། གྲུབ་པ་ནི་ཕོའི་རྣམ་པར་ཡང་མ་གྲུབ། མོ་དང་མ་ནིང་ཡང་དེས་འདྲེའོ། །མཚན་མྱེད་མ་ཡིན་རིགས་རྒྱུད་མིན། །ཞེས་ཕོ་མོའི་མཚན་མ་མྱེད་པ་ཡང་མ་ཡིན། རྒྱལ་རིགས་སམ་རྗེའུ་རིགས་ལ་སོགས་པའི་རིགས་རྒྱུད་ཡང་མ་ཡིན། ཡང་ན། སྣང་ནི་མཚན་མྱེད་དམ་རིགས་རྒྱུད་ཅན་དུ་སྣང་ལ། གྲུབ་ནི་མཚན་མྱེད་དམ། རིགས་རྒྱུད་ཀྱི་རྣམ་པར་ཡང་མ་གྲུབ་པའོ། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །ཞེས་རིགས་གཅིག་ནས་གཅིག་ཏུ་རྒྱུད་པ་མ་ཡིན། དཀར་པོ་ལ་སོགས་པའི་ཁ་དོག་ལྔ་ཡང་མ་ཡིན། གྲུ་བཞི་ལ་སོགས་པའི་དབྱིབས་ཅན་ཡང་མ་ཡིན་པའམ། ཡང་ན། སྣང་ནི་ཁ་དོག་དང་དབྱིབས་ཀྱི་ངོ་བོར་ཡང་སྣང་ལ། གྲུབ་ནི་ཁ་དོག་དང་དབྱིབས་ཀྱི་ངོ་བོར་ཡང་མ་གྲུབ་པའོ། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་ཕྱི་དང་ནང་གི་གནས། ལུས་ངག་ཡིད་གསུམ་གྱི་གནས་སུ་ཡང་དངོས་པོར་ཡོད་པ་མ་ཡིན། ཇི་ལྟ་བུའི་ངོ་བོར་ཡང་མ་གྲུབ་པའམ། ཡང་ན། སྣང་ནི་ཕྱི་ནང་གི་གནས་སམ། ལུས་ངག་ཡིད་གསུམ་དུ་ཡང་སྣང་ལ། གྲུབ་ནི་དེ་དག་གི་ངོ་བོར་ཡང་མ་གྲུབ་པ་ཡིན་ནོ། །གཏར་ཀ་གགས་གསལ་བ་ནི། གཞི་རྩ་མྱེད་པའི་སེམས་ཉིད་ནི། །ཞེས་པ། མ་ཧཱའི་གཞེད་པ་ཡིན་ནམ། སེམས་སྤྱིའི་གནས་ལུགས་ཡིན། མ་ཧཱའི་གཞེད་པ་ཡིན་ན། སེམས་སྟོང་པ་ཕྱད་ཕྱོད་དུ་བསྟན་པས་མུ་སྟེགས་ཆད་པར་ལྟ་བ་དང་འདྲ། སྤྱིའི་རྣམ་པ་ཡིན་ན། ཉམས་ལེན་དང་འདོད་གཞུང་མྱེད་པར་སྤྱིའི་རྣམ་པར་དགོས་པ་མྱེད་དོ། །འདི་ལྟར་བཞེད་དེ། སེམས་སྤྱིའི་རྣམ་པ་དེ་ལྟ་བུར་གནས་པར་འདོད་པ་ལ། སྤྱིའི་རྣམ་པ་དེ་ཐམས་ཅད་རྒྱུ་ཡིན་པར་ཏན་ལ་འབེབས་པས། ནང་བཟུང་བ་མྱེད་པར་ཤེས་པ་ལས་ཐམས་ཅད་སྐྱེད་པ་སྟེ། རྒྱུ་དེ་ཤེས་ནས་འདི་རང་གི་གཞུང་དུ་ཐབས་ཤེས་རབ་ཀྱི་ལམ་དུ་ཀློང་སྟེ། དེ་བཞིན་ཉིད་དབྱིངས་ཡེ་ཤེས་སྟེ། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཞེས་འོ་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་། ཆོས་ཀྱི་དབྱིངས་དང་། དབྱིངས་རྟོགས་པའི་ཡེ་ཤེས་ནི། བྱང་ཆུབ་ཀྱི་སེམས་དེ་ཡིན་པའོ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་དབྱིངས་རྟོགས་པའི་གཟུང་འཛིན་དང་བྲལ་བ་དེ་ཉིད། ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྣང་ཞིང་། དེ་སྐྱེད་ཅིང་སྒྲུབ་པའི་རྒྱུ་ཁོ་ནའོ། །ཐབས་རང་གི་སེམས་ཉིད། ལས་ཐབས་བྱུང་ལམ་རྟོགས་ཐབས་དང་། ཐབས་ཀྱི་འབྲས་བུ་རྟོགས་པ་ཐབས་ཀྱི་ངོ་བོ། བསམ་ཡས། །ཞེས་ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས། ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འབྱུང་། བྱུང་བ་དེ་ཉིད་སྣ་ཚོགས་ཤིང་བསམ་ཡས་སོ། །ཡང་ན། ཐབས་རྟོགས་པར་བྱེད་པ་ལས། ཐབས་རྟོགས་པའི་ཡེ་ཤེས་བྱུང་། ཐུགས་ཀྱི་ཕྱག་རྒྱ་དེ་ཉིད་བསམ་གྱིས་མི་ཁྱབ་པའོ། །ཐབས་དད་མིན་ལ་ཐ་དད་པའི། །ཞེས་དེ་ལྟར་སྣང་ཡང་། དོན་དམ་པར་ཐ་དད་པ་མ་༼སངས་རྒྱས་སེམས་ཅན།༽ཡིན་པ། ཀུན་རྫོབ་༼སངས་རྒྱས་སེམས་ཅན།༽ཏུ་ནི་ཐ་དད་པའོ། །ནང་དང་ནང་གི་ཕྱི་རོལ་གྱི། །ཞེས་ནང་ནི་རྣམ་ཤེས་དང་དབང་པོ་དང་ཕུང་པོ། ནང་གི་ཕྱི་རོལ་ནི་འབྱུང་བ་དང་ཡུལ་གཟུགས་སྒྲ་ལ་སོགས་པའོ། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །ཞེས་ཐམས་ཅད་དཀྱིལ་འཁོར་དུ་མ་གྱུར་བ་མྱེད་དེ། དཀྱིལ་འཁོར་བསམ་ཡས་ལ། བསམ་ཡས་པ་ཉིད་ཡེ་ཤེས་ཡིན་པས། ཡེ་ཤེས་ཉིད་ཡེ་ཤེས་ལ་རོལ་ལོ། །དེ་ལྟར་ཡུལ་དང་། དབང་པོ་དང་། ཕུང་པོ་དང་། རྣམ་པར་ཤེས་པ་དང་། འབྱུང་བས་བསྡུས་པའི་ཆོས་ཐམས་ཅད་ནི། སངས་མ་རྒྱས་པ་གཅིག་ཀྱང་མྱེད་དེ། ཡུལ་ལྷ་མོའི་དཀྱིལ་འཁོར། དབང་པོ་ལྷའི་དཀྱིལ་འཁོར། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། འཇིགས་མྱེད་ཀུན་བཟང་ཕྱག་རྒྱའི་མཆོག །ཅེས་དེ་ལ་ནི་འཁོར་བ་དང་ངན་སོང་གི་འཇིགས་པ་མྱེད་དེ། ཐམས་ཅད་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ། ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པའི་མཆོག་དང་ལྡན་པ་ཡིན་ནོ། །གང་ཞིག་གླང་ཆེན་མྱོས་འདྲའི་སེམས། །ཞེས་དཔེར་ན་བྱོལ་སོང་གླང་པོ་ཆེ་དེ། ཡེ་ནས་བླུན་ཞིང་གཏི་མུག་པའི་སྟེང་དུ། འཕྲལ་བློ་བུར་དུ་རྒུན་འབྲུམ་གྱི་ཆང་གིས་སེམས་སླད་དེ་མྱོས་པ་དང་འདྲ་བར། སེམས་ཅན་ཡེ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ལྡན་པའི་སྟེང་དུ། ཀུན་ནས་བཏགས་པའི་ཕྱིན་ཅི་ལོག་གི་རྟོག་པས་བློ་བུར་དུ་སླད་པས་སོ། །མཉམ་པར་བཞག་ལ་བཏུལ་ནས་སུ། །དཔེར་ན་བྱོལ་སོང་གླང་པོ་ཆེ་དེ། ཡེ་ནས་བླུན་ཞིང་གཏི་མུག་པ་རྒུན་ཆང་གིས་མྱོས་ནས་སྤྱད་དུ་མ་ཏུབ་པ་དེ། གླང་རྫི་གླང་པོ་འདུལ་བའི་ཐབས་ལ་མཁས་པ་དེས། སྣ་ནས་འཛིན་པའི་ལྕགས་ཀྱུ་ནི་ཐོགས། རྣ་བར་སྙན་པའི་གླུ་ནི་བླངས། མིག་ལ་མཛེས་པའི་བ་དན་དམར་པོ་ནི་ཕྱར་ནས། གླང་པོ་ཆེ་བཏུལ་ཏེ། སྤྱད་དུ་བཏུབ་པར་བྱས་པ་བཞིན་དུ། སེམས་ཅན་གྱི་སེམས་གླང་པོ་ཆེ་མྱོས་པ་འདྲ་བ་དེ། གཞན་གང་གིས་ཡང་མི་ཐུལ་ཏེ། ཆོས་ཉིད་ལ་བློ་མཉམ་པར་བཞག་པས་ཐུལ་བར་འགྱུར་བའོ། །སྔགས་དང་ཕྱག་རྒྱ་རབ་བསྟན་ན། །ཞེས་དེ་ལྟར་ཆོས་ཉིད་ལ་བློ་མཉམ་པར་བཞག་པས་སེམས་ཐུལ་ནས། སྔགས་དང་ཕྱག་རྒྱའི་དོན་བསྟན་པའམ་སྔགས་དང་ཕྱག་རྒྱས་ལུས་ངག་ཡིད་གསུམ་བསྟན་ཞིང་མི་འགྱུར་བར་བསྒོམས་ན། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་བརྫོད་པས། ཞེས་ཡང་དག་པར་རྫོགས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡ་མཚན་ཆེན་པོ་ཐོབ་པར་འགྱུར་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ། །ཞེས་ཆོས་ཉིད་སྐྱེ་བ་མྱེད་པ་ལས་མ་གཡོས་བཞིན་དུ། སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་པར་སྣང་བའི་གཟིགས་མོས་དེ་བ་ཉིད་མཉེས་པར་གྱུར་ཏོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྣོད་ངན་པ་ལ་གསང་བའི་ཆོས་ཀྱི་སྙིང་པོ། ཡང་དག་པའི་དོན་དེ་ཁོ་ན་ཉིད། མི་སླུ་ངེས་པར་སྟོན་པ་ལས། སྒྱུ་འཕྲུལ་སྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །།སྒྱུ་འཕྲུལ་སྣ་ཚོགས་སུ་སྒྲུབ་པ་ཉིད། ཏིང་ངེ་འཛིན་གྱིས་བསྒྲུབ་དགོས་པས་སམ། ཡང་ན་མཆོག་གི་དངོས་གྲུབ་ཆོས་སྐུ་དང་། ཐུན་མོང་གི་དངོས་གྲུབ་ལས་སྣ་ཚོགས་པའི་ལེའུ་སྟེ་ལྔ་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཞེས་དེ་སྒྱུ་འཕྲུལ་སྣ་ཚོགས་བསྒྲུབ་པའི་ལེའུ་བསྟན་པའི་རྗེས་དེ་ནས། དཀྱིལ་འཁོར་སྤྲོ་བའི་ལེའུ་སྟོན་པས་སོ། །རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་ནི། སྟོན་པ་ཀུན་ཏུ་བཟང་པོའོ། །གཅིག་དང་དུ་མ་མྱེད་པའི་བདག་ཉིད་ཐམས་ཅད་ཀྱིས། ཞེས་སྟོན་པ་ཀུན་ཏུ་བཟང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་ན། གཅིག་དང་དུ་མ་མྱེད་པ་ཐམས་ཅད་དུ་བདག་ཉིད་དུ་གནས་པའི་ཕྱིར་བདག་ཉིད། དེ་ཐམས་ཅད་ཀྱི་ངོ་བོར་སྣང་བའི་ཕྱིར་ན། ཐམས་ཅད་ཀྱིས། ཞེས་བྱའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ། ཞེས་འགྲོ་བ་རིགས་དྲུག་ན་གནས་པའི། སྣོད་བཅུད་ཐམས་ཅད་ཀྱིས་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར། ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས། ཞེས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་མྱ་ངན་ལས་འདས་པ་ལ་སོགས་པའི་ཆེ་བའམ། རིགས་ལྔ་ལ་སོགས་པའི་ཆེ་བའི་ཡོན་ཏན་གྱིས། ལྷའི་དཀྱིལ་འཁོར་འཇིག་རྟེན་དྲུག་ཏུ་སྣང་བར་འདོད་པའམ་བཞེད་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་འགྲོ་བ་དྲུག་གི་སེམས་སངས་རྒྱས་པའི་ཆེ་བའི་དཀྱིལ་འཁོར་རང་ལ་ཡོད་པ་དེ་གཞན་ལ་བསྟན་པར་བཞེད་ནས། འགྲོ་བ་དྲུག་གི་སེམས་ཅན་གྱི་དོན་ཆེད་དུ་འདི་བརྗོད་ཅིང་གསུངས་སོ། །ལམ་ཅིག་ཆར་བའི་སྒོམ་པ་བསྟན་པ་ནི། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་པའི། ཞེས་རིག་པའི་མཚན་ཉིད་གསལ་ལ་རྟོག་པ་མྱེད་པ་ནི། ཤར་མེ་ལོང་ལྟ་བུའི་ཡེ་ཤེས་སྟེ། མངོན་པར་དགའ་བའི་ཞིང་ཁམས་སོ། །ཐམས་ཅད་ཡོན་ཏན་དུ་སྣང་བ་ནི་ལྷོ་ཕྱོགས་ཏེ་དཔལ་དང་ལྡན་པའི་ཞིང་ངོ་། །མ་རིག་པ་ནུབས་པའི་དུས་ན་ནུབ་ཕྱོགས་ཏེ་བདེ་བ་ཅན་གྱི་ཞིང་ངོ་། །སྒྲིབ་པ་བྱང་བས་ན་བྱང་སྟེ་བྱང་ཕྱོགས་རྣམ་དག་བཀོད་པའི་ཞིང་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དབུས་བྱང་ཆུབ་སྙིང་པོ་ནི་ཆོས་ཀྱི་དབྱིངས་སོ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་སེམས་ཅན་གྱིས་བརྟགས་པའི་དུས་ན། ཕྱོགས་བཞི་དབུས་དང་ལྔར་ཐམས་ཅད་འདུས་ལ། ཕྱོགས་བཞི་དབུས་དང་ལྔ་ནི་སངས་རྒྱས་རིགས་ལྔའི་ཞིང་ཁམས་ཡིན་པས། སྟོང་གསུམ་གྱི་སྟོང་ལ་སོགས་པ་སེམས་ཅན་གྱིས་བསམ་ཡས་པ་ཡང་ཡེ་སྡོད་མ་ནས་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་ལྷུན་གྱིས་གྲུབ་པར་གནས་སོ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་ཆོས་ཐམས་ཅད་ནི་རྣམ་པར་དག་པས། ཡེ་ནས་སངས་རྒྱས་པའི་ངང་དུ་རྫོགས། དེ་ལྟར་རྟོགས་ན། སྐྱོན་གྱི་རྣམ་པ་ཀུན་ཡེ་ཤེས་སུ་འབྱུང་། དེ་ཐེག་པ་ཆེན་པོ་ཡིན། དེ་ལྟ་བུའི་རྣལ་འབྱོར་པས་སྒོམ་པའི་ཏིང་ངེ་ནི། ཡེ་ཤེས་དེ་ཉིད་སངས་རྒྱས་ཀྱི་དལ་ཆེན་པོར་སྒོམ་པ་ལ་སྤྱོད་ཅེས་སོ། །འདི་མན་ཆད་ལམ་རིམས་ཀྱིས་པའི་བསྒོམ་པ་བསྟན་པ་ནི། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ཞེས་དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བ་ནི་ཆོས་ཀྱི་དབྱིངས། འཁོར་ལོ་རྩིབས་བཞི་ནི་ཡེ་ཤེས་བཞི། དབུས་དང་ཕྱི་རིམ་གྱི་མུ་ཆུད་ཟླུམ་པོ་རྡོ་རྗེའི་ར་བ་དང་བཅས་པར་བསྟན་པའོ། །འདི་རྣམས་ལེའུ་དང་པོ་དང་མཐུན་པར་བཤད་དོ། །གྲུ་ཆད་བཞིས་ཡིས་རྒྱན་པའི་ཁྱམས། །ཞེས་དེའི་ཕྱི་རིམ་ན་གྲུ་ཆད་བཞི་སེར་པོ། རྒྱན་པ་ནི་བློ་འབུར་བཞི་མཁར་ཐབས། བར་ཁྱམས་ནི་ལྷ་སྣམ་སྟེ་ཁ་དོག་ཕྱོགས་དང་མཐུན་པར་གནས་པའོ། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །ཞེས་ཕྱོགས་ཀུན་ནས་གྲུ་བཞིར་གྱུར་པའི་སྒོ་ཁྱུད་ནི་པན་ཙ་ར་གའི་རྩིག་པའོ། །ལྡན་ཅེས་པ་སྒོ་བཞི་རྟ་བབས་དང་ལྡན་པའོ། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །ཞེས་འདོད་ཡོན་སྣམ་བུ་ལ། གཟུགས་སྣ་ཚོགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་ལྷ་མོ་རྣམས་སོ། །སྣ་ཚོགས་པའི་གཟུགས་ཅན་དེ། མང་ཉུང་གི་ཚད་དཔེར་ན་ནམ་ཀའི་སྤྲིན་ཕུང་བཞིན་དུ་འཐིབས་པར་གནས་སོ། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །ཞེས་བདག་པོའི་རྒྱན་ནི། དེ་ལྟ་བུའི་དཀྱིལ་འཁོར་དེ་ལ། སངས་རྒྱས་བཞི་བཅུ་རྩ་གཉིས་བཞུགས་པས་གཞལ་ཡས་ཁང་མཛེས་པས་ན་རྒྱན་ཅེས་བྱའོ། །དེ་ཡང་ལྷའི་ཆེ་བའི་ཡོན་ཏན་ལ་གཞལ་ཡས་ཁང་། གཞལ་ཡས་ཁང་ལ་ལྷས་མཛེས་པར་བྱས་པའོ། །གཏར་ཀ་གགས་གསལ་བ་ནི། གཞལ་ཡས་ཁང་གི་རྒྱན་དུ་ལྷ་འགྲོ་བ་ནི་འཐད་པ་ནི་ཅི་ཡིན་ཞེ་ན། སྔ་ཕྱི་ལ་དགོངས་པ་ཡིན་ཏེ། སྔོན་ལ་གཞལ་ཡས་ཁང་བསྐྱེད་ནས། དེ་ནས་ལྷ་བསྐྱེད་པའི་དབང་དུ་རྩིས་པའམ། ལྷས་གཞལ་ཡས་ཁང་མཛེས་པར་བྱས་པས་ན། རྒྱུའི་མིང་འབྲས་བུ་ལ་ཏགས་པ་ལྟ་བུའོ། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཞེས་གདན་ནི། དབུས་སུ་མི་འཇིགས་པ་བཞི་མཚོན་པའི་སེང་གེའི་གདན་ནི་རྡོ་རྗེ་གདན་ནོ། །ཤར་དུ་རྣམ་སྣང་ལ་སྟོབས་བཅུ་མཚོན་པ་གླང་པོའི་གདན། ལྷོར་རིན་འབྱུང་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་མཚོན་པ་རྟ་མཆོག་གི་གདན། ནུབ་ཏུ་སྣང་བ་མཐའ་ཡས་ལ་དབང་བཅུ་མཚོན་པ་རྨ་བྱའི་གདན། བྱང་དོན་གྲུབ་འཕྲིན་ལས་ཐོགས་པ་མྱེད་པ་ཤང་ཤང་ཁྱུང་གི་གདན་རྣམས་སོ། །ཉི་ཟླ་པད་མ་རིན་པོ་ཆེ། །ཞེས་ཤེས་རབ་ཐོགས་པ་མྱེད་པ་མཚོན་པ་ཉི་མའི་གདན། ཐབས་འགག་པ་མྱེད་པ་མཚོན་པ་ཟླ་བའི་གདན། དགོས་འདོད་ཐམས་ཅད་འབྱུང་བ་རིན་པོ་ཆེའི་ཁྲི་རྐང་ངོ་། །དེ་ལ་རིགས་ལྔ་ལ་ལྔ་རྩེགས་ཏེ། རིན་པོ་ཆེའི་ཁྲི་རྐང་གི་བར་ན་སེམས་ཅན་བརྒྱད་བརྒྱད་ཁ་ཕྱིར་ལྟ་བ། སྟེང་ན་ཉི་ཟླ་པདྨའོ། །སེམས་དཔའ་དང་ཀུན་བཟང་ཡབ་ཡུམ་ལ་ཉི་ཟླ་པདྨ་གསུམ་རྩེག་གོ། །ཁྲོ་བོ་ལ་རྡོ་རྗེ་བྲག་གི་སྟེང་ན་ཉི་མ་རྐྱང་པའོ། །ཐུབ་པ་དྲུག་ལ་པདྨའོ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །ཞེས་བཞུགས་ཚུལ་ནི། དེ་ལྟ་བུའི་དཀྱིལ་འཁོར་དེ་ལ་གོང་གི་གདན་ལ། རིགས་ལྔ་རྫོགས་པའི་སངས་རྒྱས་ཡིན་པས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་སོ། །ཡུམ་རྣམས་ནི་ཡབ་ཀྱི་སྐུར་རྒྱབ་ན་པདྨའི་དཀྱིལ་མོ་ཀྲུང་ཞབས་ཐིལ་སྤྲད་པའི་ཚུལ་དུའོ། །སེམས་དཔའ་ཕྱད་དཀྱིལ་དུ་བཞུགས། ཐུབ་པ་འགྲོ་དོན་མཛད་པས་བཞེངས་ཐབས་སུ་བཞུགས། སྒོ་བ་བདུག་པ་འདུལ་བས་གྱད་ཀྱི་དོར་ཐབས་སུ་བཞུགས། ཀུན་བཟང་ཡབ་ཡུམ་ཆོས་ཉིད་མཉམ་པའི་ངང་ལ་སྐུ་རྫོགས་ཚུལ་དུ་བཞུགས། རིགས་ལྔ་བཞུགས་པ་བསྟན་པ་ནི། འཁོར་ལོར་རྒྱལ་པོ་རྒྱལ་མོ་དང་། །ཞེས་བཞུགས་གནས་ནི། དབུས་འཁོར་ལོ་ལ། རྒྱལ་པོ་རིགས་ལྔ་ནི། དབུས་རྡོ་རྗེ་སེམས་དཔའ། ཤར་རྣམ་སྣང་། ལྷོ་རིན་འབྱུང་། ནུབ་སྣང་མཐའ། བྱང་དོན་གྲུབ། རྒྱལ་མོ་ཡུམ་ལྔ་ནི། དབུས་དབྱིངས་ཕྱུག་མ། ཤར་སངས་རྒྱས་སྤྱན། ལྷོ་མ་མ་ཀི། ནུབ་གོས་དཀར་མོ། བྱང་དམ་ཚིག་སྒྲོལ་མའོ། །རྣམ་ཤེས་ཀྱི་སེམས་དཔའ་བསྟན་པ་ནི། གཡས་ནས་མཐོང་ཐོས་སྣོམ་པ་དང་། །ཞེས་དབུས་ཀྱི་གཙོ་བོ་ཞལ་ཤར་དུ་གཟིགས་པའི་གཡས་ཀྱི་རྩིབས་མཆན་ལ། མཐོང་བ་དམིག་གི་རྣམ་ཤེས་སའི་སྙིང་པོ། ཐོས་པ་རྣ་བའི་རྣམ་ཤེས་ཕྱག་ན་རྡོ་རྗེ། སྣོམ་པ་སྣའི་རྣམ་ཤེས་ནམ་ཀའི་སྙིང་པོ། མྱོང་བ་ལྕེའི་རྣམ་ཤེས་སྤྱིན་རས་གཟིགས་དང་བཞི། གཞལ་ཡས་ཁང་གི་རྩིབས་མཆན་ལ་བཞུགས་སོ། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །ཞེས་བཙུན་མོ་ནི་ཡུམ་སྟེ། གཟུགས་ཀྱི་ལྷ་མོ་སྒེག་མོ་ས་སྙིང་གི་ཡུམ་དང་། སྒྲའི་ལྷ་མོ་ནིར་ཏི་མ་ཕྱག་ན་རྡོ་རྗེའི་ཡུམ་དང་། དྲིའི་ལྷ་མོ་མ་ལེ་མ་ནམ་སྙིང་གི་ཡུམ་དང་། རོའི་ལྷ་མོ་གྷིར་ཏི་མ་སྤྱན་རས་གཟིགས་ཀྱི་ཡུམ་དང་། སེམས་དཔར་བཅས་པ་བཞུགས་སོ། །དབང་པོའི་སེམས་དཔའ་ཡབ་ཡུམ་ནི། གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཞེས་ཕྱིའི་གྲུ་ཆད་བཞི་ལ། མཐོང་བྱེད་མྱིག་གི་དབང་པོ་བྱམས་པ་དང་། ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །ཞེས་ཐོས་བྱེད་རྣ་བའི་དབང་པོ་འཇམ་དཔལ་དང་། སྣོམ་བྱེད་སྣའི་དབང་པོ་སྒྲིབ་སེལ་དང་། མྱོང་བྱེད་ལྕེའི་དབང་པོ་ཀུན་ཏུ་བཟང་པོ་རྣམས་སོ། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་བཙུན་མོ་ནི་དེ་རྣམས་ཀྱི་ཡུམ་སྟེ། འདས་པ་དཔྱིད་ཀྱི་དུས་སྤོས་མ་དང་། ད་ལྟར་དབྱར་གྱི་དུས་མེ་ཏོག་མ་དང་། མ་འོངས་པ་དགུན་གྱི་དུས་གྷན་དྷེ་མ་དང་། མ་བྱོན་པ་སྟོན་གྱི་དུས་ཨ་ལོ་ཀའོ། །སེམས་དཔའ་རྣམས་ཡུམ་དང་བཅས་པ་གྲུ་ཆད་ལ་གནས་སོ། །ཀུན་བཟང་ཡབ་ཡུམ་ཐུབ་དྲུག་བསྟན་པ་ནི། བར་ཁྱམས་ལ་ནི་ཐུབ་དྲུག་དང་། །ཞེས་དལ་གྱི་རབ་ཁྱམས་ལ་ནི། ཤར་ལྷོར་ལྷའི་ཐུབ་པ་སྲིད་ཐུབ་འཛིན། ལྷོར་མིའི་ཐུབ་པ་ཤཱཀྱ་སེང་གེ། ལྷོ་ནུབ་ལྷ་མ་ཡིན་གྱི་ཐུབ་པ་རྣམ་པར་རྒྱལ་བ། ནུབ་བྱང་བྱོལ་སོང་གི་ཐུབ་པ་རྣམ་པར་གནོན་པ། བྱང་དུ་ཡི་དྭགས་ཐུབ་པ་རྣམ་པར་སྣང་བྱེད། བྱང་ཤར་དུ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་བཞུགས་སོ། །མདུན་དང་རྒྱབ་དུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །ཞེས་རྡོ་རྗེ་སེམས་དཔའི་མདུན་སྔོས་ཤར་དུ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་བཞུགས། རྡོ་རྗེ་སེམས་དཔའི་རྒྱབ་ནུབ་ཏུ་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་བཞུགས་པའི་གནས་སུ་བསྟན་ནོ། །གཏར་ཀ་གསལ་བ་ནི། ཀུན་བཟང་ཡབ་ཡུམ་འཁོར་དུ་སོང་བས། དཀྱིལ་འཁོར་གཙོ་འཁོར་གོ་ལོག་ཞེ་ན། མ་ལོག་སྟེ། དཔེར་ན་འཇིག་རྟེན་སླབ་གཞི་དང་ཚུལ་བསྟུན་ནས། བུ་ཕོག་ནས་ཕ་མ་ཁྱིམ་ལོགས་སུ་གདོད་པ་དང་འདྲ་བའོ། །ཡང་ན་ཕྱ་མཁན་གྱི་ཚུལ་དེ། དཔེར་ན་རང་གིས་བཟོ་བྱས་ནས། རང་གིས་ལེགས་མི་ལེགས་ལྟ་བའོ། །ཡང་ན་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ལས་སྤྲུལ་པས་ཐུབ་པ་དྲུག་དང་གནས་གཅིག་པའོ། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །ཞེས་སྒོ་བཞིའི་སྒོ་ཁྱུད་ནང་དུ། འཇོམས་པའི་ཁྲོ་བོ་བཞི་ནི། ཤར་དུ་གཤིན་རྗེ་གཤེད་པོ། ལྷོར་སྟོབས་པོ་ཆེ། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ་བཞུགས་སོ། །བཙུན་མོའི་ཚོགས་དང་ལྡན་པར་གནས། །ཞེས་ཁྲོ་བོ་བཞིའི་བཙུན་མོ་ནི། ཤར་གཤེད་མ། ལྷོར་སྟོབས་ལྡན་མ། ནུབ་མགྲིན་མ། བྱང་དུ་བདུད་མ་སྟེ། སྒོ་སྐྱོང་གི་ཁྲོ་བོ་བཞི་ཡུམ་དང་ལྡན་པར་གནས་སོ། །གཙོ་བོའི་ཕྱག་མཚན་ནི། རྡོ་རྗེ་རྡོ་རྗེ་སེམས་དཔའི། འཁོར་ལོ་རྣམ་སྣང་གི། རིན་པོ་རིན་འབྱུང་གི། ཆེ། །པདྨ་སྣང་བ་མཐའ་ཡས་ཀྱི། རལ་གྲི་དོན་གྲུབ། དྲིལ་ཡུམ་རྣམས། བུ་འོད་ཟེར། འབར། །འཁོར་གྱི་ཕྱག་མཚན་བསྟན་པ་ནི། ཨུད་འཇམ་དཔལ་གྱི། དཔལ་ཀླུ་བྱམས་པའི། ཤིང་ལ་པས་གཞན་རྣམས་བསྡུས་ཤིང་དེ་རྣམས། སོགས་མཚན། །ཕྱག་མཚན་ནོ། །མཛེས་སེམས་མ་རྣམས་སྐུ། པའི་ཚུལ་མཉེས་ཕྱག་ན་མཆོད་པས། པའི་ཡོ་བྱེད་འཛིན་པའོ། །བཤད་རྒྱུད་རྡོ་རྗེའི་དབང་དུ་བྱས་ན། རྡོ་རྗེ་སེམས་པའི་ཕྱག་མཚན་ནི། རྡོ་རྗེ་འཁོར་ལོ་རལ་གྲི་གཡས། དྲིལ་བུ་རིན་ཆེན་པདྨ་གཡོན་ནོ། །རྣམ་སྣང་གི་ནི། འཁོར་ལོ་རྡོ་རྗེ་རལ་གྲི་གཡས། དྲིལ་བུ་པད་མ་རིན་ཆེན་གཡོན་ནོ། །རིན་འབྱུང་ནི། རིན་ཆེན་འཁོར་ལོ་རྡོ་རྗེ་གཡས། དྲིལ་བུ་པད་མ་རལ་གྲི་གཡོན་ནོ། །སྣང་བ་མཐའ་ཡས་ནི། པད་མ་རྡོ་རྗེ་འཁོར་ལོ་གཡས། དྲིལ་བུ་རིན་ཆེན་རལ་གྲི་གཡོན་ནོ། །དོན་གྲུབ་ནི། རལ་གྲི་འཁོར་ལོ་རྡོ་རྗེ་གཡས། དྲིལ་བུ་རིན་ཆེན་པདྨ་གཡོན་ནོ། །ཡུམ་གཡས་དྲིལ་བུ། གཡོན་རང་བརྟགས་གཙོ་དང་མཐུན་ནོ། །བཤད་རྒྱུད་རྡོ་རྗེ་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཅེས་སོ། །སེམས་དཔའ་རྣམས་ནི། སའི་སྙིང་པོ་རིན་ཆེན་མྱུ་གུ་བསྣམས། ནམ་མཁའི་སྙིང་པོ་རལ་གྲི། སྤྱན་རས་གཟིགས་པདྨ་དཀར་པོ། ཕྱག་ན་རྡོ་རྗེ་རྡོ་རྗེའོ། །འཇམ་དཔའ་ཨུད་དཔལ། བྱམས་པ་ཀླུ་ཤིང་། སྒྲིབ་སེལ་ཆོས་ཀྱི་པོ་ཏི། ཀུན་བཟང་རིན་ཆེན་སྙེ་མ་བསྣམས་ཏེ། རྡོ་རྗེ་ལས། རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ཨུད་དཔལ་ཀླུ་ཤིང་པོ་ཏི་སྙེ། །ཞེས་སོ། །སེམས་མ་རྣམས་ནི། སྒེག་མོ་མེ་ལོང་། མ་ལ་འཕྲེང་བ། གླུ་མ་པི་ཝང་། ནིར་ཏི་གར་བྱེད་པ། དུ་པེ་སྤོས། པུས་པེ་མེ་ཏོག །ཨ་ལོ་ཀེ་མར་མེ། གན་དྷེ་དྲི་ཆབ་སོ། །རྡོ་རྗེ་ལས། གཟུགས་མཛེས་རིན་ཆེན་འཕྲེང་བ་དང་། །པི་ཝང་གར་སྒྱུར་སྤོས་མེ་མ། །བྱུག་པ་གཙོ་བོའི་རིམ་ཤེས་བྱ། །ཞེས་སོ། །སྒོ་བ་ནི། གཤིན་རྗེ་ལ་མི་མགོ། སྟོབས་པོ་ཆེ་རྡོ་རྗེ། རྟ་མགྲིན་ཐོད་སྦྲུལ། བདུད་རྩི་འཁྱིལ་བ་རྡོ་རྗེ་རྒྱ་གྲམ། ཤར་གྱི་སྒོ་མ་ལྕགས་ཀྱུ། ལྷོ་ཞགས་པ། ནུབ་ལྕགས་སྒྲོག །བྱང་དྲིལ་བུའོ། །རྡོ་རྗེ་ལས། ནྲི་མགོ་རྡོ་རྗེ་ཐོད་རྒྱ་གྲམ། ལྕགས་ཀྱུ་ཞགས་པ་སྥོ་ཏ་ཏོ། །ཞེས་སོ། །ཐུབ་དྲུག་དང་ཀུན་བཟང་ནི། ཀུན་ཏུ་བཟང་པོ་མཉམ་བཞག་སྟེང་ན་རྡོ་རྗེ་རྩེ་ལྔ་ལ་ཡེ་ཤེས་ལྔའི་འོད་འཕྲོ་བ། ཀུན་ཏུ་བཟང་མོ་མཉམ་བཞག་སྟེང་ན་དྲིལ་བུའོ། །ལྷའི་ཐུབ་པ་སྲིད་ཐུབ་འཛིན་པི་ཝང་། མིའི་ཐུབ་པ་ཤཱཀྱ་སེང་གེ་སྲོག་ཤིང་དང་པར་བུ། ལྷ་མིན་ཐུབ་པ་རྣམ་པར་རྒྱལ་བ་གོ་མཚོན། བྱོལ་སོང་ཐུབ་པ་རྣམ་པར་རྣོན་པ་པོ་ཏི། ཡི་དྭགས་ཐུབ་པ་རྣམ་པར་སྣང་བྱེད་རིན་ཆེན་སྒྲོམ་བུ། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་གཡས་མེ་དཔུང་གཡོན་ཆུའི་བུམ་པའོ། །རྡོ་རྗེ་ལས། འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ལ་བསྟན་པ་ཉིད་དུ་གསུངས། །ཐུབ་པ་ངེས་པར་ཕྱག་གཉིས་ཤེས། །སྲེག་པར་པི་ཝང་གོ་མཚོན་སྡེབ། །སྒྲོམ་སྟོབ་པོ་ཏི་ཆོས་འཆད་ཚུལ། །མེ་དཔུང་བུམ་པར་ཤེས་པར་བྱ། །ཅེས་བཤད་པའི་རྒྱུད་རྡོ་རྗེ་ལས་གསུངས་པས་ཤེས་པར་བྱའོ། །མཐིང་ཀ་དཀར་པོ་སེར་ལེའུ་རྒན། །ལྗང་ཁུ་ལ་སོགས་སྣ་ཚོགས་པའི། །ཞེས་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི་ཆོས་ཉིད་མྱི་འགྱུར་བའི་སྐུ་མདོག་མཐིང་ཀ །རྣམ་པར་སྣང་མཛད་ཡབ་ཡུམ་མཉེས་པའི་སྐྱོན་གྱིས་མ་གོས་པས་སྐུ་མདོག་དཀར་པོ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་ཆེ་བའི་ཡོན་ཏན་རྒྱས་པས་སྐུ་མདོག་སེར་པོ། སྣང་བ་མཐའ་ཡས་ཡབ་ཡུམ་ཐུགས་རྗེས་ཆགས་པའི་རྟགས་སུ་སྐུ་མདོག་དམར་པོ། དོན་ཡོད་གྲུབ་པ་ཡབ་ཡུམ་འཕྲིན་ལས་སྣ་ཚོགས་མཛད་པས་སྐུ་མདོག་ལྗང་ཁུའོ། །ཀུན་ཏུ་བཟང་པོ་ཡབ་ཡུམ་ཆོས་ཀྱི་དབྱིངས་མཚོན་པས་སྐུ་མདོག་མཐིང་ཀའོ། །ལ་སོགས་ནི་སེམས་དཔའ་དང་སེམས་མ་སྟེ། ས་སྙིང་དང་སྒེག་མོ་དཀར་བ། ནམ་ཀའི་སྙིང་པོ་དང་མ་ལེ་སེར་བ། སྤྱན་རས་གཟིགས་དང་གྷིར་ཏི་མ་དམར་བ། ཕྱག་ན་རྡོ་རྗེ་དང་ནིར་ཏི་མ་ལྗང་ངོ་། །ཡང་། བྱམས་པ་དང་སྤོས་མ་དཀར། སྒྲིབ་སེལ་དང་མེ་ཏོག་མ་སེར། ཀུན་བཟང་དང་མར་མེ་མ་དམར། འཇམ་དཔལ་དང་གྷན་དྷེ་མ་ལྗང་ཁུའོ། །དེ་དག་ཉི་ཤུ་རྩ་ལྔར་ཡོད་པས་བསོགས་སོ། །སྣ་ཚོགས་ནི། གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག །སྟོབས་ཆེན་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་བ་ཡབ་ཡུམ་ལྗང་ནག་གོ། །ཡང་ན། སྒོ་བ་བཞི་ཡང་རིགས་ལྔའི་སྐུ་མདོག་གོ། །ཐུབ་པ་དྲུག་གི་སྐུ་མདོག་ལ་ངེས་པ་མྱེད་དེ་འགྲོ་བ་གང་འདུལ་དུ་སྟོན་པའམ། ཕལ་ཆེར་ཆེ་བའི་ཡོན་ཏན་རྒྱས་པའི་རྟགས་སུ་སྐུ་མདོག་སེར་པོ་གསེར་གཙོ་མ་ལྟ་བུ་ཁོ་ནའོ། །ཡུམ་རྣམས་ཀྱི་ཚུལ་ནི། མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །ཞེས་ཞི་བའི་ཚུལ་ནི་གཉིས་ཏེ། སྐུའི་ཚུལ་ལྔ་ནི། ང་རྒྱལ་གྱི་རི་སྙིལ་བས་སྐུ་གཉེན་པ་ཅན་ཡིན། ཞེ་སྡང་གི་མེ་བསད་པས་སྐུ་ལྕུག་པ་ཡིན། འདོད་ཆགས་ཀྱི་དུག་ཕྱུང་བས་སྐུ་འཁྲིལ་བ་ཡིན། འཕྲག་དོག་གི་ལྕགས་གྲོལ་བས་སྐུ་ལྡེམ་བབ་ཅན་ཡིན། གཏི་མུག་གི་མུན་ཁང་གསལ་བས་སྐུ་གཞོན་ཚུལ་ཆགས་པ་ཡིན་ཏེ། མདོར་ན་ཉོན་མོངས་པ་ལྔ་ལས་གྲོལ་བའི་སྐུ་ཡིན་ནོ། །ཡུམ་གྱི་ཚུལ་དུ་ཡང་བཞེད་པ་ཡིན་ནོ། །ཡབ་ཀྱི་ཚུལ་ནི། གསལ་མཚེར་ལྷུན་སྡུག་གཟི་བརྗིད་ལྡན། །ཞེས་ཡེ་ཤེས་ཀྱི་ཚུལ་ནི་བཞི་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དཀར་ལ་གསལ། སོ་སོར་རྟོག་པའི་ཡེ་ཤེས་དམར་ལ་མཚེར། མཉམ་པ་ཉིད་ཀྱི་ཡེ་ཤེས་ལྷུན་སྡུག །མེ་ལོང་ལྟ་བུའི་ཡེ་ཤེས་གཟི་བརྗིད་དང་ལྡན་པས་སྟེ། ཡེ་ཤེས་སམ་སྐུ་མདོག་གི་ཚུལ་ལོ། །ཡབ་ཀྱི་ཚུལ་དུ་ཡང་བཞེད་དོ། །སྐུ་དང་ཡེ་ཤེས་གཉིས་ལས་ཚུལ་དགུར་བཞེད་དོ། །སེམས་དཔའི་ཚུལ་ནི། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །ཞེས་བྱ་བ་གྲུབ་པའི་ཡེ་ཤེས་མཐར་ཕྱིན་པས་ན། ལྷ་རེ་རེའི་བ་སྤུའི་བུ་ག་ནས། འོད་ཟེར་བྱེ་བ་རྒྱ་སྟོང་ཁྲག་ཁྲིག་འཕྲོ་བའོ། །ཚོགས་ཆེན་པོ་ནི་གཙོ་འཁོར་ཐམས་ཅད་ལ་ཚང་བར་གནས་པའོ། །སྒོ་བའི་ཚུལ་ནི། འབར་བའི་འཕྲེང་བ་འཁྲིགས་པའི་འོད། །ཅེས་སྒོ་བཞི་ཁྲོ་བོ་ནི། ཐུགས་ལ་རྟོགས་པའི་མེ་འབར་བས་སེམས་ཀྱི་གདུག་པ་འདུལ། ཡུལ་ལ་ཐུགས་རྗེའི་མེ་འབར་བས་འབྱུང་པོ་གདུག་པ་འདུལ། མེ་དཔུང་ཕྱི་ནང་དུ་འབྲེལ་བས་འཕྲེང་བ། བར་མཚམས་མྱེད་པར་འཁྲིགས་པ་སྟེ། བ་སྤུའི་བུ་ག་ནས་འབར་བའི་ཀློང་ན་བཞུགས་སོ། །ཡང་ན་སྲིད་པའི་རྩེ་མོ་ནས་དམྱལ་བའི་གནས་ཡན་ཆད་ཀྱི་དོན་བྱེད་པས་ན་འཁྲིགས་པའོ། །མཐའ་དབུས་མྱེད་པར་ཁྱབ་པ་ཡི། །ཞེས་དཀྱིལ་འཁོར་དེ་དག་གི་ཡོན་ཏན་ནི། ཞི་བའི་དཀྱིལ་འཁོར་གྱིས་རྒྱུ་བྱས་ནས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མྱེད་པར་ཁྱབ་པའོ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་འབད་རྩོལ་མྱེད་པར་ལྷུན་གྱིས་གྲུབ་པར་གདུལ་བྱ་ལ་སྣང་ངོ་། །སྐུའི་ཐམས་ཅད་འབྱུང་བའི་གཞི། སྐུའི་ཕྱག་རྒྱ་ཆེ་མཆོག་ནི། །ཞེས་ཆོས་ཀྱི་སྐུ་དྲི་མ་མྱེད་པ་ནི། སྤང་བྱ་མ་རིག་པའི་སྣང་བ་སྤང་ནས། ཐོབ་བྱ་ཡེ་ཤེས་ཐོབ་པས་ན། སྐུ་ཕྱག་རྒྱ་ཡོན་ཏན་མཆོག་དང་ལྡན་པ་ནི། ཆོས་སྐུ་བསྟན་པ་ནི། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཞེས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སམ། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། གདུལ་བྱའི་སྣང་བ་ལ་དོན་མཛད་པ་མ་འགགས་པར་སྣང་སྟེ། གང་ཞེ་ན། གཟུགས་བསྟན་པ་ལས་ལོངས་སྐུ་བསྟན་པ་ནི། ཡང་དག་ཐར་པའི་གཟུགས་སྐུ་དང་། །ཞེས་བྱང་ཆུབ་སེམས་དཔའི་ས་ཐོབ་པ་ལྟ་བུ་ལ། འཕགས་པའི་སྐུས་འདུལ་བར་འོས་པ་རྣམས་ལ་ནི། ཡང་དག་པར་འཁོར་བ་ལས་ཐར་པ་ནི་གཟུགས་སྐུ་མཚན་དང་དཔེ་བྱེད་དུ་ལྡན་པར་སྟོན་པ་དང་། འདིར་ཞི་བའི་དཀྱིལ་འཁོར་ལ་གསུམ་སྟེ། བསྡུས་པ་དང་། འབྲིང་པོ་དང་། རྒྱས་པའོ། །བསྡུས་པ་ནི། གཙོ་བོ་རིགས་ལྔ་གང་ཡང་གང་ཡབ་ཡུམ་གཉིས་ལ། འཁོར་རིགས་ཆུང་དང་རིགས་བྱེ་བྲག་པ་མ་ངེས་པ་ཡབ་ཡུམ་བརྒྱད་དེ་བཅུ། སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །འབྲིང་པོ་ལ། གོང་ལྟར་སངས་རྒྱས་བཞི་བཅུ་རྩ་གཉིས་སོ། །རྒྱས་པ་ལ། རིགས་ལྔ་ཡབ་ཡུམ་ལ་རང་གི་རིགས་ཆུང་གིས་སྐོར་བས་ལྔ་བཅུ། ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག །ཀུན་བཟང་ཡབ་ཡུམ། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དེ། རྒྱ་བཅུ་རྩ་གཉིས། ཡང་ན་ཕྱི་རིམ་སྐལ་པའི་མེ་རི་ལ་མཚམས་ཀྱི་ལྷ་ཁྲོ་བོ་བཅུ་ཡབ་ཡུམ་ཉི་ཤུ་སྟེ་བརྒྱ་དང་གཉིས་སོ། །དལ་བརྒྱས་པ་ནི། རྔམ་ཀློག་གིས་སྟོན། སྒྲུབ་པ་ཐམས་ཞི་བ་འོད་ཀྱི་རིམ་པའོ། །དེ་མ་ཡིན་པ་བསམ་ཡས་ལྷུན་གྲུབ་པ་སློབ་པའོ། །དེ་རྣམས་ནི། དཀྱིལ་འཁོར་སྤྲོས་པ་སྟོན་པའོ། །སྤྲུལ་སྐུ་བསྟན་པ་ནི། འགྲོ་བ་མ་ལུས་འདུལ་བའི་ཕྱིར། །ཞེས་ལས་དང་ཉོན་མོངས་པའི་དབང་དུ་འགྲོ་བས། རིགས་དྲུག་མ་ལུས་པ་འདུལ་བའི་ཕྱིར་ན་ནི། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་སེམས་ཅན་སོ་སོའི་ལུས་དང་མཐུན་པར་བྱས་པའི། སྤྲུལ་པའི་སྐུ་ནི་སྣ་ཚོགས་པར་སྟོན། །ཡང་དག་པ་ལས་མ་གཡོས་པར་དོན་བྱེད་པ་བསྟན་པ་ནི། སྟོན་ཉིད་སྒྱུ་མ་དམྱིགས་ཡོར་ཚུལ། །ཞེས་དེ་ལྟར་སྐུ་སྣ་ཚོགས་པར་སྟོན་པས། སྟོན་པའི་དུས་ཉིད་ན་དངོས་པོར་མ་གྲུབ་པ་ནི། དཔེར་ན་སྒྱུ་མའམ། དམྱིགས་ཡོར་གྱི་ཚུལ་དུ་གནས་སོ། །སྐུ་དབྱེར་མྱེད་བསྟན་པ་ནི། ཚུལ་ཉིད་དབྱིངས་ལས་གཡོས་པ་མྱེད། །ཅེས་སྒྱུ་མའི་ཚུལ་དུ་སྣ་ཚོགས་པར་གནས་པ་ཉིད་ན། ཆོས་ཀྱི་དབྱིངས་ལས་གཡོས་པ་རྡུལ་ཙམ་ཡང་མྱེད་དོ། །འདིར་སྐུ་ལན་མང་དུ་གསུངས་པ་འདབས་སོ་ཞེ་ན། མ་འདབས་ཏེ། སྐུའི་ཕྱག་རྒྱ་ཆེ་མཆོག་ནི་ཞེས་པ་ནི། དང་པོ་ཆོས་སྐུ་ལས་སེམས་ཅན་ལ་ལོངས་སྐུར་སྣང་བའི་རིམ་པ་བསྟན་པའོ། །དེ་ཚོ་འགྲོ་དྲུག་ཐམས་ཅད་ལ། ཞེས་པ་ལ་སོགས་པ་ནི། སྐུ་འགྲོ་དོན་བྱེད་ཚུལ་བསྟན་པའོ། །འོག་མིན་བླ་མྱེད་གནས་མཆོག་ན་ཞེས་པ་ལ་སོགས་པ་ནི། ས་བཅུ་ཐོབ་པའི་སྒྲིབ་པ་སྦྱོང་ཚུལ་ལོ། །ཆོས་སྐུ་དཔག་མྱེད། ཅེས་པ་ལ་སོགས་པ་ནི། འབྲས་བུ་ཐོབ་ཚུལ་ལོ། །མཚན་དང་དཔེ་བྱད། ཅེས་པ་ལ་སོགས་ནི། འབྲས་བུའི་ས་གསུམ་ནོན་ཚུལ་ལོ། །སྐྱེ་ཤི་མྱེད་པ། ཞེས་པ་སོགས་ནི། གསང་སྔགས་མ་ཧཱ་ཡོ་གའི་འབྲས་བུ་སྐུ་ལྔ་ལྷུན་གྲུབ་བོ། །མ་གཡོས་བཞིན་དུ་སྣ་ཚོགས་པའི། །ཞེས་དེ་ལྟར་དོན་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ། གདུལ་བྱ་ལ་སྤྲུལ་པ་སྣ་ཚོགས་ལུས་སུ་སྣང་ལ། ཆོས་ཉིད་ཀྱིས་མ་བཅོས་ཡང་ལས་འཕྲོས་སྣང་བ་བསྟན་པ་ནི། དེ་ཚེ་མྱི་མཐུན་སྣ་ཚོགས་ལ། །ཞེས་སྣ་ཚོགས་པར་སྣང་བ་དེའི་ཚེ། ལས་དང་བག་ཆགས་མྱི་མཐུན་པའི་སེམས་ཅན་སྣ་ཚོགས་པ་ཡོད་པ་ལ། སོ་སོ་འདྲ་བར་སྣང་བ་ནི། །ཞེས་གདུལ་བྱ་སོ་སོའི་ལུས་དང་འདྲ་བར་འདུལ་བྱེད་སྣང་བ་ནི། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ཞེས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྟོགས་པའི་སངས་རྒྱས་ཀྱིས་མ་བཅོས་ཀྱང་། ལས་འཕྲོའི་དབང་གིས་སོ་སོར་སྣང་། །ཞེས་སྐལ་བ་ཆེ་ཆུང་གི་ལས་འཕྲོའི་དབང་གིས། གདུལ་བྱ་ལ་འདུལ་བྱེད་སོ་སོར་མཐུན་པར་སྣང་ངོ་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་དབྱིངས་ལས་མ་གཡོས་བཞིན་དུ་སྣང་བ་ནི། དཔེར་ན་བཞིན་གཅིག་གི་མདུན་ན། མེ་ལོང་མང་པོ་བཞག་པའི་དུས་ན། མེ་ལོང་རེ་རེའི་ནང་དུ་བཞིན་གྱི་གཟུགས་བརྙན་རེ་རེ་སྣང་བའམ། ཟླ་བ་ལ་ཆུར་སྣང་བའི་རྟོག་པ་མྱེད་བཞིན་དུ། ཟླ་བའི་གཟུགས་བརྙན་ཆུ་ཐ་དད་པའི་བྱེ་བྲག་ཐམས་ཅད་སྣང་བ་དང་འདྲ་བ་ནི། ལྷ་མི་ལ་སྣང་ཚུལ་བསྟན་པ་ནི། དེ་ཚོ་འགྲོ་དྲུག་ཐམས་ཅད་ལ། །ཞེས་སྣ་ཚོགས་མང་པོར་སྣང་བ་དེའི་ཚེ། ཇི་ལྟར་སྣང་ན་འགྲོ་བ་རིགས་དྲུག་མ་ལུས་པ་ཐམས་ཅད་ལ་སྣང་ཚུལ་ནི། སྡིག་སྤོང་གཟུགས་སུ་རྣམ་པར་དག །ཅེས་སྟོན་པས་སྡིག་པ་མྱི་དགེ་བ་སྤོང་ཞིང་། དགེ་བ་སྣ་ཚོགས་པ་ལ་འཇུག་པའི་སྤྲུལ་སྐུའི་གཟུགས་ཀྱི་རྣམ་པར་བསྟན་པའོ། །ཉན་ཐོས་ལ་སྣང་ཚུལ་བསྟན། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །ཞེས་དགེ་བའི་ཚུལ་འཛིན་པའི་ཉན་ཐོས་ཀྱི་འདུལ་བའི་རིག་ཅན་རྣམས་ལ་ནི། འཕགས་པ་དགྲ་བཅོམ་པ་དུག་ཆེན་སྒྱིངས་པ་ལྟ་བུའི་གཟུགས་ཀྱིས་ཡང་འདུལ་བར་སྣང་ངོ་། །རང་རྒྱལ་ལ་སྣང་ཚུལ་བསྟན་པ་ནི། རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །ཅེས་རང་སངས་རྒྱས་ཀྱིས་འདུལ་བའི་གདུལ་བྱ་ལ་ནི། བློ་རྣོ་བ་ཀུན་ལ། བསེ་རུ་ལྟར་ཅིག་པུར་གནས་པའི་ཚུལ་དུ་ཡང་སྣང་ལ། བློ་བཏུལ་པོ་ལ་ནི། ནེ་ཚོ་བཞིན་དུ་ཁྱུས་ལྡིངས་པའི་ཚུལ་དུ་ཡང་སྟོན་ནོ། །ཐེག་ཆེན་ལ་སྣང་ཚུལ་སྟོན་པ་ནི། གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་གཞན་ཡང་ཐེག་པ་རབ་དང་། རབ་ཀྱི་ཡང་མཆོག་ལ་སོགས་པ་རྣམས་ལ་ཡང་། བློའི་རིམ་པ་བཞིན་དུ་གང་ལ་གང་འདུལ་དུ་སྟོན་ནོ། །གནས་བསྟན་པ་ནི། འོག་མིན་བླ་མྱེད་གནས་མཆོག་ཏུ། །ཞེས་བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པས་འདུལ་བ་རྣམས་ལ་ནི། གནས་གཞན་ལས་མཆོག་ཏུ་གྱུར་པ་འོག་མིན་གྱི་གནས་སུ། སྟོན་པ་བསྟན་པ་ནི། སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཞེས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་རྣམ་པར་སྣང་མཛད་ཀྱི་སྐུའི་ཚུལ་དུ་སྟོན་པར་མཛད་ལ། འཁོར་བསྟན་པ་ནི། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །ཞེས་འཁོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཆེད་དམ། ས་བཅུའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། ཚིག་བསྟན་པ་ནི། དེ་བཞིན་གསུང་མཆོག་མི་སྨྲ་ཏེ། །ཞེས་སེམས་ཅན་ལ་བསྟན་པ་དེ་བཞིན་དུ། ཚིག་གི་གསུང་ཡོན་ཏན་མཆོག་གིས་ཆོས་མི་སྟོན་ཏེ། འོ་ན་གང་གིས་སྟོན་ཞེ་ན། སྐུ་ཡིས་ཆོས་རྣམས་མཇའ་བར་སྟོན། །ཞེས་སྐུ་མཚན་དང་དཔེ་བྱད་དུ་ལྡན་པས། ཆོས་རྣམས་ཀྱི་བརྡའ་མཇལ་བར་སྟོན་པའི་དཔེའོ། །གཏར་ཀ་གགས་གསལ་བ། ལེའུ་དང་པོ་དང་། འདིའི་འོག་མིན་ལ་ཁྱད་ཡོད་དམ་མྱེད། ཁྱད་མྱེད་ན་འདབས། ཡོད་ན་ཇི་ལྟར་ཡོད་ཞེ་ན། འདི་ལྟར་བཞེད་དེ། ལེའུ་དང་པོ་དང་ཁྱད་མྱེད། འདབས་ཡང་མ་འདབས་ཏེ། ལེའུ་དང་པོ་རྒྱུད་འཆད་པའི་གླེང་གཞི་ཡིན། འདི་མཚན་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའི་ངོ་ལ་སྣང་བ་ཡིན་པས་སོ། །ལེའུ་དང་པོ་རང་བཞིན་གྱི་དཀྱིལ་འཁོར་གནས་ལུགས་ཡིན། འདི་འཁོར་གྱིས་རྟོགས་ཚུལ་ཡིན་པས་འགལ་བ་མྱེད་དོ། །འཁོར་གྱི་སྒྲིབ་པ་དག་ཚུལ་ལ་དཔེ་བསྟན་པ་ནི། མེ་ལོང་བསྟན་པའི་ཚུལ་བཞིན་དུ། །ཞེས་ཆོས་བརྡས་འཇལ་བར་སྟོན་པའི་དཔེར་ནི། གཞིན་གནལ་མའི་མདུན་དུ་མེ་ལོང་བཞག་པས་དྲི་མ་གསལ་བ་བཞིན་དུ། དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཞེས་མེ་ལོང་གི་ནང་ན། བྱད་བཞིན་དངོས་ལ་དྲི་མ་དང་། ཁབས་དང་། གཉེར་ཚོགས་ལ་སོགས་གསལ་བར་སྣང་ལ། དེ་ཕྱི་བའི་ཐབས་ཐམས་ཅད་ཀྱང་སེལ་བར་ཤེས། གསལ་བར་སྣང་བ་དང་འདྲ་བར། དོན་བསྟན་པ་ནི། འཁོར་གྱིས་དེ་བཞིན་སྐུ་བལྟས་པས། །ཞེས་འཁོར་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་། སྟོན་པ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བལྟས་པ་ན། བྱང་ཆུབ་སྒྲིབ་པ་ཏིང་དཔག་མྱེད། །ཅེས་བྱང་ཆུབ་སེམས་དཔའ་ལ་སྒྲིབ་ཡང་། ཟབ་པ་གོ་བ་དང་། རྒྱ་ཆེ་བ་མ་ཤེས་པ་མྱེད་པས་ན། ཏིང་དཔག་མྱེད་པའོ། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །ཞེས་མེ་ལོང་གི་གཟུགས་བརྙན་སྣང་བཞིན་དུ། འཁོར་གྱི་གྲིབ་པ་གང་ཡིན་པ་ཐམས་ཅད་དཔལ་རྣམ་པར་སྣང་མཛད་ཀྱི་སྐུའམ། ཐུགས་ཀྱི་དགོངས་པ་ལ་སྣང་བས་སོ། །སྒྲིབ་པ་དག་ཚུལ་དངོས་ནི། དེ་ནས་ས་བཅུ་རིམ་གྱིས་བྱང་། །ཞེས་དེ་ལྟར་སྒྲིབ་པ་སྣང་བ་དེ་མཐོང་བས། གཉེན་པོ་ཡེ་ཤེས་ཀྱང་ཐུགས་ལ་གསལ་བར་སྣང་བས། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ཤེས་བྱའི་སྒྲིབ་པ་ཡོད་དེ་ཡང་རིམ་གྱིས་སམ་ཁང་ཀྱིས་བྱང་ངོ་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སྒྲིབ་པ་བྱང་བའི་བླ་ན་མྱེད་པའི་བྱང་ཆུབ་སྐུ་གསུམ་ཡང་དག་པར་འཐོབ་བོ། །ཐོབ་པ་དངོས་གང་ཞེ་ན། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ཅེས་ཆོས་ཀྱི་སྐུ་ཡོན་ཏན་བློས་དཔག་ཏུ་མྱེད། ངག་གིས་བརྗོད་དུ་མྱེད་པ་ཡང་འཐོབ་བོ། །ལོངས་སྤྱོད་ཟད་མྱེད་རིན་ཆེན་གཏེར། །ཞེས་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ། ཡོན་ཏན་ཟད་པའི་དུས་མྱེད་པ། རིན་པོ་ཆེའི་གཏེར་དང་འདྲ་བ་རང་གིས་འཐོབ། གཞན་ལ་སྟོན་ནུས་སོ། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་དེ་ལས་སྤྲུལ་པའི་སྐུ། སྤྲུལ་པའི་གྲངས་བྱེ་བ་དང་མཉམ་པའམ། བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་བྱེད་པ་ཡང་ཐོབ། སྤྲུལ་ཡང་ནུས་སོ། །གཏར་ཀས་གགས་གསལ་བ་ནི། འདིར་སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཅེས་པའི་ལོངས་སྐུ་གཅིག །ལོངས་སྤྱོད་ཟད་མྱེད་རིན་ཆེན་གཏེར། །ཅེས་པའི་ལོངས་སྐུ་གཅིག །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཅེས་པའི་ལོངས་སྐུ་གཅིག་ལོངས་སྐུ་གསུམ་འདབས་སོ་ཞེ་ན། མ་འདབས་ཏེ། སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཅེས་པ་ནི། མཚན་ཉིད་པ་ས་བཅུ་སྒྲོད་པའི་འོག་མིན་དུ་ཞལ་མཐོང་བ་ཡིན་ལ། ཞལ་མཐོང་སྒྲིབ་པ་བྲལ་ནས། འབྲས་སུ་ས་གསུམ་ལ་སྐུ་གསུམ་ཐོབ་པས་ན། ལོངས་སྤྱོད་ཟད་མྱེད་སྨོས་པ་ཡིན་ལ། ཟད་མི་ཤེས་པའི་གཏེར་དུ་འགྱུར་བ་ནི། འབྲས་བུ་གསང་སྔགས་མ་ཧཱ་ཡོ་ག་བའི་སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །དེ་བས་ན་འདབས་པ་མྱེད་དོ། །མཚན་དང་དཔེ་བྱད་ཡང་དག་རྫོགས། །ཞེས་དུས་དེར་ཐུན་མོང་གི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་རྒྱ་བཅུ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་སེམས་དཔའ་དང་སེམས་མ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པའོ། །སྤྱོད་ཡུལ་ཀུན་ཏུ་མ་དྷ་ལ། །ཞེས་གྲུབ་པ་མཐུ་ཐོབ་པའི་རྣལ་འབྱོར་པ་དེའི། དབང་པོ་དང་སྤྱོད་ཡུལ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ཡང་སྣང་བའོ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཞེས་རྒྱུའི་དུས་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་དེ། འདིར་ཚོགས་གཉིས་ཀྱང་རང་དོན་དུ་རྫོགས། གཞན་དོན་དུ་གཉིས་མྱེད་དུ་རོལ་སྤྱོད་ནུས་པའོ། །ཐབས་དང་ཤེས་རབ་སའི་མཆོག །ཅེས་ཚོགས་ཆེན་གཉིས་ནི་གང་ཡིན་ན། ཀུན་ཏུ་འོད་ཀྱི་ས་ཐོབ་པའི་རྒྱུ། ཐབས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡང་རྫོགས་སོ། །པདྨ་སྤྱན་གྱི་ས་ཐོབ་པའི་རྒྱུ། ཐབས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡང་རྫོགས་སོ། །ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པའི་རྒྱུ། ཐབས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡང་རྫོགས་པས། ཐབས་དང་ཤེས་རབ་དབྱེར་མྱེད་པའི་མཆོག་གོ། །དེ་ལ་སོགས་ཏེ་བསམ་ཡས་མཆོག །ཅེས་དེ་དག་ལ་སོགས་ཏེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན། མཐའ་ཡས་པ་བསམ་གྱིས་མྱི་ཁྱབ་པའི་ཡོན་ཏན་མཆོག་དང་ཡང་ལྡན་པའོ། །ཆོས་སྐུ་བསྟན་པ་ནི། སྐྱེ་ཤི་མྱེད་པའི་གཡུང་དྲུང་སྐུ། །ཞེས་སྐུ་ལྔར་སངས་རྒྱས་པར་བསྟན་པ་ནི། ཆོས་སྐུ་ནི། སྐྱེ་ཤི་ལས་གྲོལ་བ། ནམ་དུ་ཡང་འགྱུར་བ་མྱེད་པའི་ཚེའི་གཡུང་དྲུང་གི་སྐུའོ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཤེས་ཆོས་ཀྱི་སྐུ་ནི། སེམས་ཅན་ཉོན་མོངས་པ་ཀུན་གྱི་དོན་བྱེད་པའི། གཟུགས་སྐུ་རྣམ་པ་གཉིས་འབྱུང་བའི་གཞིའམ། རྟེན་ནམ་ཞིང་ལྟ་བུར་གནས་པའི། ལོངས་སྐུ་བསྟན་པ་ནི། ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཞེས་ལོངས་སྤྱོད་རྫོགས་པའི་སྐུ་ནི། ཆེ་བའི་ཡོན་ཏན་ཐམས་ཅད་ཟད་མི་ཤེས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་བ་ཐོབ་པར་འགྱུར་རོ། ༈ །འདིར་སྐུ་ལྔ་ཐོབ་པའི་རྒྱུ་དང་། རྐྱེན་དང་། རང་གི་ངོ་བོའོ། །དེ་ལ་སྐུ་ལྔ་ཐོབ་པའི་རྒྱུ་ནི། རང་ལ་ཉོན་མོངས་པ་ལྔ་གནས་པའོ། །སྐུ་ལྔ་ཐོབ་པའི་རྐྱེན་ནི། ཉོན་མོངས་པ་ཡེ་ཤེས་ལྔར་ཤེས། ཡེ་ཤེས་ལྔ་རིགས་ལྔར་བསྒོམ་པའོ། །སྐུ་ལྔ་རང་གི་ངོ་བོ་ནི། སྐྱེ་ཤི་མྱེད་པ་ཆོས་ཀྱི་སྐུ་ཡིན། ཆེ་བའི་ཡོན་ཏན་ཟད་མི་ཤེས་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སྟོང་པ་ཉིད་རིག་པ་ལ་འཛིན་པ་རྡོ་རྗེའི་སྐུ་ཡིན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར་བ་མངོན་པར་བྱང་ཆུབ་པའི་སྐུ་ཡིན། སེམས་ཅན་ཐམས་ཅད་ལ་མཉམ་པར་དོན་དབྱེར་མྱེད་དུ་མཛད་པ་སྤྲུལ་པའི་སྐུ་ཡིན་པའོ། །སྐུ་ལྔ་པོ་དེ་ཡང་སྐུ་གསུམ་དུ་འདུས་ཏེ། རྡོ་རྗེའི་སྐུ་ཆོས་ཀྱི་སྐུར་འདུས། མངོན་པར་བྱང་ཆུབ་པའི་སྐུ་ལོངས་སྤྱོད་རྫོགས་པའི་སྐུར་འདུས་པའོ། །རྡོ་རྗེའི་སྐུ་ནི། རྡོ་རྗེ་རིག་པ་འཛིན་པའི་སྐུ། །རྡོ་རྗེའི་སྐུ་ནི། རྡོ་རྗེ་ནི་མི་འགྱུར་བ་ཡིན་ཏེ། མི་འགྱུར་བའི་དོན་རིག་པ་ལ་འཛིན་པས་ན་སྐུ། རྡོ་རྗེའི་སྐུ་དེ་ལྟ་བུ་དེ་ཡང་ཐོབ་པར་འགྱུར་བའོ། །སྤྲུལ་པའི་སྐུ། ཐམས་ཅད་དབྱེར་མྱེད་མཉམ་པའི་སྐུ། །ཞེས་སྤྲུལ་པའི་སྐུ་ནི། སེམས་ཅན་ཐམས་ཅད་དང་དབྱེར་མྱེད་པར་མཉམ་པའི་དོན་མཛད་པ་ཡིན་དེ། སྤྲུལ་པའི་སྐུ་དེ་ལྟ་བུ་ཡང་ཐོབ་བོ། །མངོན་བྱང་སྐུ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཞེས་མངོན་པར་བྱང་ཆུབ་པའི་སྐུ་ནི། འཁོར་འདས་ཐམས་ཅད་མངོན་པར་མཁྱེན་པའི་ཡེ་ཤེས་ཡིན་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཡང་ཐོབ་བོ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཤེས། ཞེས་བརྗོད་པས། འབྲས་བུ་མཐར་ཕྱིན་པ་དེའི་ཚེ། སྐུ་ལྔ་པོ་ཀུན་ཀྱང་། དབྱེར་མྱེད་པར་ལྷུན་གྱིས་གྲུབ་སྟེ། སྐུ་ལྔ་ལྷུན་གྲུབ་ཏུ་རྫོགས་པའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མྱེད་པ་ཐམས་ཅད་དུ། །ཞེས་གོང་གི་དཀྱིལ་འཁོར་དེ་དག་གིས་རྒྱུ་བྱས་ནས། འགྲོ་བ་དྲུག་གི་གནས། ཕྱོགས་བཅུ་ཐམས་ཅད་དུ། དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་དུ་གསལ་བར་གྱུར་ཏོ། །ཞེས་སངས་རྒྱས་ཀྱི་དཀྱིལ་འཁོར། སེམས་ཅན་གྱིས་བརྗོད་དུ་མི་ལང་བ། སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་མོ་སྙེད་དང་གྲངས་མཉམ་པ་ཐམས་ཅད་དུ་གསལ་ལོ། །སྐུ་སྣང་བ་གསུང་གྲག་པ། ཐུགས་དྲན་རྟོག །ཡོན་ཏན་ཁྱབ་བྱ། འཕྲིན་ལས་མཛད་པ། ལས་ཕྱུང་ངོ་། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་ཐབས། ཤེས་རབ་གཉིས་སུ་མྱེད་པའི་རིགས་དྲུག་ཏུ་སྣང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བའི་རྒྱུད་འདི་ཉིད། ལེའུ་རྒྱས་པར་བསྟན་པའི་རྗེས་དེ་ནས། ལེའུ་བསྡུས་པ་སྟོན་པས། རིགས་ལྔ་ཡབ་ཡུམ་དང་། སྟོན་པ་ཡུམ། གཏར་ཀས་གསལ་བ་ནི། གསང་བ་སྙིང་པོའི་ལེའུ་ཉི་ཤུ་རྩ་གཉིས་ལ། ལེའུ་སྡུད་བཞི་ལས་མི་འོང་བའི་འཐད་པ་གང་ཡིན་ཞེ་ན། འདི་ལྟ་སྟེ། ལེའུ་ཉི་ཤུ་རྩ་གཉིས་ཡོད་ཡང་། གཞི་ལམ་འབྲས་བུ་གསུམ་དུ་འདུས་པས་སོ། །འོ་ན་ལྷག་པར་དང་པོ་དང་གསུམ་པ་དང་། དྲུག་པར་འོང་བ་ཅི་སྟེ་ཞེ་ན། ལེའུ་དང་པོ་གཞི་ཡིན་པས་སྡུས། ལམ་ལྟ་སྒོམ་གཉིས་ཡིན་པས་ན། ལེའུ་གསུམ་པར་ལྟ་བ་སྡུས། ལེའུ་བཞི་པར་ཡི་གེས་མཚོན་ནས་བསྒོམ་པ་བསྡུས། འབྲས་བུའི་རྩ་བའམ་གཞི་ལྟ་བུ་སྐུ་ལྔ་ཡིན་པས། ལེའུ་དྲུག་པར་བསྡུས་པའོ། །ཨ་སྟོན་པ། ཧོ། དགྱེས་པ། དམྱིགས་བྱ་དམྱིགས་བྱེད་མི་དམྱིགས་དཔག་མྱེད་བསམ་མི་ཁྱབ། །ཅེས་པ་འདི་ལ་བཞི་སྟེ། དང་པོ་ཕྱི་ལྟར་བཤད་ན། དམྱིགས་བྱ་ནི་ཡུལ། དམྱིགས་བྱེད་ནི་དབང་པོ། མྱི་དམྱིགས་པ་གཉིས་མྱེད་སྟོང་པ། དཔག་མྱེད་དེ་རྟོགས་པར་དཀའ་བ། བསམ་གྱིས་མི་ཁྱབ་རྒྱ་ཆེ་བར་གནས་པའོ། །གཉིས་པ་ནང་ལྟར་བཤད་ན། དམྱིགས་བྱ་ཕྱིའི་ཡུལ། དམྱིགས་བྱེད་ནང་གི་རྣམ་ཤེས། དེ་གཉིས་དངོས་པོ་དང་མཚན་མར་མི་དམིགས། དེ་བློས་བསམ་གྱིས་མི་ཁྱབ་བོ། །གསུམ་པ་གསང་བ་ལྟར་བཤད་ན། དམྱིགས་བྱ་ཡུལ་ཆོས་ཀྱི་དབྱིངས། དམྱིགས་བྱེད་རང་གི་རིག་པའི་ཡེ་ཤེས། དམྱིགས་བྱ་ཆོས་ཀྱི་དབྱིངས་དེ། དམྱིགས་བྱེད་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོགས་ནས། དབྱིངས་དང་རིག་པ་གཉིས་སུ་མྱེད་པས། དངོས་པོ་དང་མཚན་མ་མྱེད་པར་མཐར་ཕྱིན་པའི་དུས་ན། མཚན་མ་མྱེད་པའི་དོན་དེ་ནི་བློས་དཔག་ཏུ་མྱེད་པ། སེམས་ཀྱི་བསམ་པའི་ཡུལ་ལས་འདས་པའོ། །བཞི་པ་དེ་ཁོ་ན་ལྟར་བཤད་ན། དམྱིགས་བྱ་ཆོས་ཀྱི་དབྱིངས་ནི། ཡུལ་སྤྲོས་པ་དང་བྲལ་བ་ཡིན་ལ། དམྱིགས་བྱེད་རིག་པའི་ཡེ་ཤེས་ནི། དབྱིངས་རིག་པ་དང་ལྡན་པ་ཡིན། དབྱིངས་དང་ཡེ་ཤེས་དེ་གཉིས་སོ་སོའམ་ཐ་དད་དུ་མི་དམྱིགས་ལ། དབྱིངས་དང་ཡེ་ཤེས་དབྱེར་མྱེད་པ་དེ་ལས། ཆེ་བའི་ཡོན་ཏན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དཔག་ཏུ་མྱེད་ཅིང་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན། ཞེས་པ་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། ཞེས་པའི་བར་དུ་བསྡུའོ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་། །ཞེས་དེ་ལྟར་འབྱུང་བའི་རྒྱུ་གང་ཡིན་ཞེ་ན། དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པའི་དོན། ངང་གི་མཚན་ཉིད་རིག་ཅིང་རྟོགས་པའི་རིག་པའི་ཡེ་ཤེས་ཀྱི་གཟུགས་བརྙན་དེ་ཉིད། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་སྣང་བའོ། །དེར་ནི། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། ཞེས་པ་ནས། གཞན་ཡང་ཐེག་མཆོག་རིམ་པ་བཞིན། །ཞེས་པའི་བར་དུ་བསྡུའོ། །མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མྱེད་ཁྱབ་པའི་དབྱིངས། །ཞེས་དེ་ལས་གང་ལ་ཁྱབ་ན། མཉམ་པ་ཐབས་ཀྱི་རྒྱུད་དང་། མྱི་མཉམ་པ་སྟེ། རྒྱུད་གཞན་ཐེག་པ་འོག་མ་བ་ལྟ་བུ་ཀུན་ལ། སངས་རྒྱས་པའི་དཀྱིལ་འཁོར་གྱིས་ཁྱབ་པས་ཀུན་ཁྱབ། ཁྱབ་ཙམ་ན་དངོས་པོར་གྲུབ་པ་མྱེད་པས་ཁྱབ་མེད། དེ་ལྟ་བུའི་རང་བཞིན་ཡིན་པས་ཁྱབ་པའི་དབྱིངས་སོ། །དེར་ནི། འོག་མིན་བླ་མེད་གནས་མཆོག་ནས། །ཞེས་པ་ནས། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཞེས་པའི་བར་བསྡུའོ། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མྱེད། །ཨ་ཧོ། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསང་སྔགས་རྡོ་རྗེའི་ཚིག་ཏུ་དེ་སྐད་མཚོན་ནས་སྟོན་པའོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གསང་བ་ནི་རྟོགས་པར་དཀའ་བ། སྙིང་པོ་ནི་བཅུད་འདུས་པ་འདོན་གྱི་སྙིང་པོ། དེ་ཁོ་ན་ཉིད་ནི་མི་སླུ་བ། ངེས་པ་ཡང་དག་པའི་དོན་དེ་ལས། གོང་གི་དཀྱིལ་འཁོར་དེ་ཀུན་གྱི་རང་བཞིན་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་ཡེ་ནས་དངོས་དང་མཚན་མར་མྱི་དམྱིགས། སྐྱོན་གྱིས་མ་གོས་པར་འོད་གསལ་བ་ནི། ཀུན་ཏུ་འོད་གསལ་ལམ། སྣ་ཚོགས་པར་སྣང་བ་ནི་མྱེད་པའི་སྐྱོན་གྱིས་མ་སྒྲིབས་པར་འོད་གསལ་ལ། སྣང་ཙམ་ན་མཚན་མ་མྱེད་པའི་ངང་ལས་མ་གཡོས་པས་ནི། ཡོད་པའི་སྐྱོན་གྱིས་མ་སྒྲིབས་པར་འོད་གསལ་བས་ཡེ་ནས་ཀུན་གསལ། དེ་ལས་དཀྱིལ་འཁོར་བསམ་གྱིས་མྱི་ཁྱབ་པར་སྣང་བ་ནི་རྣམ་འཕྲོའོ། །དེ་ཙམ་ན་མཚན་མ་མྱེད་པའི་ངང་ལས་མ་གཡོས་པས་སྤྲོས་པ་མྱེད་དོ། །དེར་ནི། མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་ནས། དེའི་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་པའི་བར་དུ་བསྡུའོ། །དཀྱིལ་འཁོར་སྤྲོ་བའི་ལེའུ་སྟེ་དྲུག་པའོ།། །།ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་དོན་དུ་སྤྲོས། རང་བཞིན་གྱི་དཀྱིལ་འཁོར་འགྲོ་དོན་མཛད་པར་སྤྲོ་བའི་ལེའུ་སྟེ་དྲུག་པའོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས། ཞེས་དཀྱིལ་འཁོར་བསྟན་པའི་རྗེས་དེ་ནས། དེ་བསྐྱེད་ཅིང་བསྒྲུབ་པའི་སྔགས་སྟོན་ཏེ། དེ་བཞིན་གཤེགས་པ་རིགས་ལྔ་ཡབ་ཡུམ་དང་བཅས་པ་ཐམས་ཅད་དམ། སྟོན་པ་ཉིད་རིགས་ལྔ་སྤྱིའི་བདག་ཉིད་ཅན་དུ་གནས་པས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཞེས། དངོས་སུ་སྣང་བ་སྐུ། བརྗོད་པ་འབྱུང་བ་གསུང་། མཚོན་པར་སྣང་བ་ཐུགས་སོ། །གཞལ་ཡས་ཁང་བསྐྱེད་པ་ལ་གཉིས་ཏེ། གྲོལ་ལམ་དང་། ཐབས་ལམ་མོ། །གྲོལ་ལམ་དུ་ནི། བྷྲཱུཾ་ནི་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོ་སྒྱུར་བའི་སྙིང་པོ་འབྲུ་གཅིག་པ་ཡིན་ལ། བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོ་སྒྱུར་བ་ནི། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དུས་ན། བདག་ནི་དུས་གསུམ་གྱི་བདེ་བར་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དུ་གྱུར་ཅིག་པར་སྨོན་ལམ་བཏབ་པ་ཡིན་ལ། དེ་བཞིན་གཤེགས་པ་ནི་སྨོན་གནས་ལྷུན་གྱིས་གྲུབ་པ་ཡིན་པས། བྷྲཱུཾ་བརྗོད་པའི་འཕྲོ་འདུ་ཙམ་གྱིས་གཞལ་ཡས་ཁང་དུ་གསལ་གྱིས་བསྐྱེད་དོ། །དེ་ཡང་ཡི་གེ་བྷྲཱུཾ་གྱི་རྣམ་པར་སྣང་བ་གང་ཡིན་པ་དང་། བཞུགས་གནས་གཞལ་ཡས་ཁང་དང་། སངས་རྒྱས་གཙུག་ཏོར་འཁོར་ལོ་སྒྱུར་བ་གསུམ་དབྱེར་མྱེད་དོ། །བི་ཤ་ནི་སྣ་ཚོགས་དེ། རྒྱུ་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའོ། །བི་ཤུད་དྷེ་ནི་དག་པ་སྟེ། གདོས་བཅས་ལས་བདེ་བའོ། །བསྐྱེད་ཐབས་འཁོར་ལོ་བརྩིབས་བཞི་མུ་ཁྱུད་བཅས། །ཅེས་པས་བཤད་དོ། །ཐབས་ལམ་དུ་ནི། བྷྲཱུཾ་ནི་ཡུམ་གྱི་བ་ག་ཡི་གེ་བྷྲཱུཾ་གྱི་དབྱིབས་ཅན་དགོས་འདོད་འབྱུང་བའོ། །བི་ཤ་ནི་སྣ་ཚོགས་དེ། ཡུམ་གྱི་མཁའ་ལ། བསམ་གཏན་གྱི་ཨཱོཾ་དང་། ཤེས་རབ་ཀྱི་ཨ་དང་། ཟུང་འཇུག་གི་ཧཱུཾ་དང་། སྙིང་པོའི་ཨ་དང་། ལྷ་སྲིན་གྱི་ཀྴ་དང་། སྟོབས་ཀྱི་ཧཱུཾ་དྲག་གནས་པའོ། །བི་ཤུད་དེ་ནི་དག་པ་སྟེ། སྦྱོར་པའི་ལས་ཀྱིས་ཉོན་མོངས་པ་ཉིད་ཡེ་ཤེས་ཀྱི་ངོ་བོར་དག་པའོ། །དེས་ཡོན་ཏན་འབྱུང་ཞིང་བྱིན་གྱིས་སྐྱོབ་པ་ཁོ་ན་གཞལ་ཡས་ཁང་བསྐྱེད་པའི་སྔགས་སོ། །དེ་ཡང་ཐལ་བ་ལས། བྷྲཱུཾ་དབྱིབས་བ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་བརླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཞེས་སོ། །བྷྲཱུཾ། ཞེས་ནི་གཞལ་ཡས་ཁང་གི་ས་བོན་ནོ། །བི་ཤྭ་བི་ཤུད་དྷེ། སྣ་ཚོགས། རྣམ་པར་དག་པ། རིགས་ལྔའི་སྔགས། ཧཱུཾ་བཛྲ་དྲིག །གྲོལ་ལམ་དུ་ན། ཧཱུཾ་ནི་རྣམ་པར་ཤེས་པའི་ཕུང་པོ་ཐུགས་ཀྱི་ས་བོན་ནོ། །བཛྲ་འདྲིག་ནི་རྡོ་རྗེ་འཛིན་པ་སྟེ། མི་སྐྱོད་པའི་མཚན་སྔགས་སོ། །ཨཱོཾ་འཛི་ན་འཛིག །ཨཱོཾ་ནི་གཟུགས་ཀྱི་ཕུང་པོ་སྐུའི་ས་བོན་ནོ། །འཛི་ན་འཛིག་ནི། རྒྱལ་བ་རྒྱལ་ཞེས་བྱ་སྟེ། སྐུ་རྣམ་པར་སྣང་མཛད་ཀྱི་མཚན་སྔགས་སོ། །སྭ་རད་ན་འདྲེག །སྭ་ནི་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ས་བོན་ནོ། །རད་ན་འདྲིག་ནི་རིན་ཆེན་འཛིན་པ་སྟེ། ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་མིང་སྔགས་སོ། །ཨཾ་ཨ་རོ་ལིག །ཨཾ་ནི་འདུ་ཤེས་ཀྱི་ཕུང་པོ་གསུང་གི་རིགས་ཀྱི་ས་བོན་ནོ། །ཨ་རོ་ལིག་ནི་ཆགས་བསོགས་མཆོག་སྟེ། གསུང་སྣང་བ་མཐའ་ཡས་ཀྱི་མིང་སྔགས་སོ། །ཧ་པྲད་ཉ་འདྲིག །ཧ་ནི་འདུ་བྱེད་ཀྱི་ཕུང་པོ་ལས་ཀྱི་རིགས་ཀྱི་ས་བོན་ནོ། །པྲད་ཉ་འདྲིག་ནི། ཤེས་རབ་འཛིན་ཞེས་བྱ་སྟེ། འཕྲིན་ལས་དོན་ཡོད་གྲུབ་པའི་མཚན་སྔགས་སོ། །ཐབས་ལམ་དུ་བཤད་ན། སྙིང་ཀ་ཆོས་ཀྱི་འཁོར་ལོའི་ནང་ན། ཁམས་ལྔའི་བཅུད་འདུས་པའི་རྩ་ལ། ཧཱུཾ་མཐིང་ཀ་རྡོ་རྗེའི་རང་བཞིན་སྟོང་པ། ཨཱོཾ་དཀར་པོ་སྐུའི་རང་བཞིན་འཁོར་བ་ལས་རྒྱལ་བ། སྭ་སེར་པོ་ཡོན་ཏན་གྱི་རང་བཞིན་རིན་པོ་ཆེ་ལྟ་བུ། ༀ་དམར་པོ་གསུང་ཆོས་ཐམས་ཅད་ཀྱི་འབྱུང་གནས། ཧ་ལྗང་ཁུ་ཤེས་རབ་ཀྱི་རང་བཞིན་ལས་ཐམས་ཅད་ལ་ཁྱབ་པ་སྟེ། ཁམས་ཀྱི་བཅུད་ལྔ་ཡི་གེའི་གཟུགས་དང་ལྡན་པ་སྟེ། བདེ་བ་ངེས་པར་འཛིན་ཅིང་། མི་རྟོག་པར་སྐྱོབ་པས་ན་སྔགས་སོ། །དེ་ཡང་ཐལ་བ་ནས། ཙིཏྟ་ཁམས་ལྔའི་གཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་མོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཅེས་སོ། །ཡུམ་ལྔའི་སྔགས། མུཾ་དྷ་དུ་ཤྭ་རི། གྲོལ་ལམ་དུ་ནི། མུཾ་ནེ་སྟོང་པ་ཉིད་དེ་ནམ་མཁའོ། །ད་དུ་ཤྭ་རི་ནི་དབྱིངས་ཀྱི་དབང་ཕྱུག་མ་སྟེ། རྡོ་རྗེ་སེམས་དཔའི་ཡུམ་ནམ་ཀ་དབྱིངས་ཕྱུག་མའོ། །ལྃ་ཏེ་ཤྭ་ར་ཏི། ལཾ་ནི་སའི་ས་བོན་ཏེ། ཏེ་ཤྭ་ར་ཏི་ནི་གཏི་མུག་དགའ་མ་སྟེ། གཏི་མུག་པའི་རང་བཞིན་སངས་རྒྱས་སྤྱན་ནོ། །རྣམ་སྣང་ཡུམ་མོ། །མཾ་མོ་ཧ་ར་ཏི། མཾ་ཆུ་སྟེ། མོ་ཧ་ར་ཏི་ནི་ཞེ་སྡང་དགའ་མ་སྟེ། ཆུ་མ་མ་ཀོ་རིན་འབྱུང་གི་ཡུམ་མོ། །པྱཾ་ར་ག་ར་ཏི། བཾ་ནི་མེའི་ས་བོན་ཏེ། ར་ག་ར་ཏི་ནི་འདོད་ཆགས་དགའ་མའོ། །མེ་གོས་དཀར་མོ་སྣང་བ་མཐའ་ཡས་ཀྱི་ཡུམ་མོ། །ཏཾ་བཛྲ་ར་ཏི། ཏཾ་ནི་རླུང་གི་རང་བཞིན་ཏེ། བཛྲ་ར་ཏེ་རྡོ་རྗེ་དགའ་མ་སྟེ། རླུང་དམ་ཚིག་སྒྲོལ་མ་དོན་ཡོད་གྲུབ་པའི་ཡུམ་མོ། །ཐབས་ལམ་དུ་བཤད་ན། སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་ན། ཁམས་ཡེ་ཤེས་ལྔའི་བཅུད་ཀྱི་དཀྱིལ་ན། མུཾ་ནམ་མཁའི་དངས་མ་སྟོང་པ། ལཾ་སའི་དངས་མ་དར་དཀར་གྱི་སྐུད་པ། མཾ་ཆུའི་དངས་མ་ཁྲག་འཚལ་ཁུ་ཙམ། བཾ་མེའི་དངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ། ཏཾ་རླུང་གི་དངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་མོ། །ཡང་ན་བཅུད་ལྔའི་དངས་མ་ཡེ་ཤེས་ལྔ་ཡི་གནས་ནི་དབྱིངས་ཕྱུག་མའི། དེ་ལ་མ་རིག་པ་དག་པ་གཏི་མུག་དགའ་མ། ཉོན་མོངས་པ་བཞི་པོ་ཉིད་ཞེ་སྡང་དགའ་མ། དེ་རྣམས་དང་མི་ཕྱེད་པ་འདོད་ཆགས་དགའ་མ། ཉོན་མོངས་པས་མི་སྒྲིབ་པ་འཕྲག་དོག་ཏེ་རྡོ་རྗེ་དགའ་མ། ཡིད་སྐྱོབས་པས་ན་ཡུམ་སྔགས་སོ། །དེ་ཡང་ཐལ་བ་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་བསོགས་བཞི་པོ་དང་། །མི་ཕྱེད་འཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སྐྱོབ་པ་དག་དགའ་མར་བརྗོད། །ཅེས་གསལ་ལོ། །ཡུམ་ལྔའི་སྔགས་བསྟན་པའོ། །རྣམ་ཤེས་ཀྱི་སེམས་དཔའི་སྔགས། ཀྴི་ཧི་ར་ཙ་ཡ། ཀྴི་ནི་མྱིག་གི་རྣམ་ཤེས་བཅུད་དང་རླུང་གི་ཐིག་ལེ་ཡི་གེར་གནས་པའོ། །ཧི་ར་ཙ་ཡ་ནི་སའི་རྒྱལ་པོ་སྟེ། བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་མིང་སྔགས་སོ། །ཏྲཾཾ་ཨ་ཀར་རྦ་ཡ། ཏྲཾ་ནི་སྣའི་རྣམ་ཤེས་བཅུད་དང་རླུང་འདྲེས་པའི་ཐིག་ལེ་ཏྲཾ་གྱི་གཟུགས་ཅན་ཏེ། ཨ་ཀར་རྦ་ཡ་ནི་སྟོང་པའི་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ངོ་། །ཧྲཱི་ཧ་ཧཱུཾ་པད་མ་བ་དྷ་མ། ཧྲཱི་ནི་ལྕེའི་རྣམ་ཤེས་ལ་བཅུད་དང་རླུང་འདྲེས་པའི་ཐིག་ལེ་ཡི་གེའི་གཟུགས་སུ་གནས་པའོ། །ཧ་ཧཱུཾ་པད་མ་བ་དྷ་མ་ནི། པད་མའི་ཕྱག་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྔགས་སོ། །ཛིམ་ཀུ་རུ་པ་ན་ཧྲཱི། ཛིམ་ནི་རྣ་བའི་དབང་པོ་བཅུད་དང་རླུང་སེམས་འདྲེས་པའི་ཐིག་ལེར་གནས་པ་སྟེ། ཀུ་རུ་པ་ན་ཧྲཱི་ནི་རྒྱལ་བྱེད་ཕྱག་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་ས་བོན་ནམ་མིང་སྔགས་སོ། །ནང་གི་སེམས་དཔའི་སྔགས་ནི། ཧཱུཾ་ལ་སེ་ས་སྒེག་པ་མ་ཡ་སྟོཾ། བདག་ནི་ཁྱོད་ཀྱི་དམ་ཚིག་མའོ། །སྔགས་ཀྱི་སྒྲ་ནི། བདེ་བས་སྒེག་པའི་དམ་ཚིག་མ་ཞེས་བྱ་སྟེ། ཆགས་པའི་ཡིད་གཡོས་པས་སམ་སྨོན་པར་བྱ་བའི་ཡུལ་ཡིན་པས་ན། སྨོན་པ་བྱང་ཆུབ་ཀྱི་སེམས་སམ། གཡོ་བ་བྱང་ཆུབ་ཀྱི་སེམས་དེ་ལ་ཀྱི་བདེ་བས་སྒེགས་པ་ནི། ཆགས་པའི་དམ་ཚིག་དུས་ཡིན་ནོ། །ཅེས་ཐལ་བ་ནས་བཤད་དོ། །ཏྲཾ་མ་ལེ་འཕྲེང་བ་མ། ས་མ་ཡ་ཧོ། ཁྱོད་ནི་བདག་གི་དམ་ཚིག་མའོ་ཞེས་ཕན་ཚུན་གྱི་བདེ་བ་འཕེལ་བས་དམ་ཚིག་གིས་དགྱེས་མ་ཞེས་བྱ་སྟེ། ཡུལ་དེ་ལ་ཆགས་པའི་ཡིད་ལྟང་བའི་ཕྱིར་ན། ལྟང་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སླར་ཡང་ལན་གྱིས་འབྲེལ་པ་ནི། གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། ཅེས་སོ། །ཧྲཱི་གྷིར་ཏི་ཀླུ་མ། ར་གོ་ཡ་ཧཾ། བདག་གི་ཁྱོད་ཀྱི་རྗེས་སུ་ཆགས་པར་བྱེད་པ་ཞེས་བདེ་བའི་དབྱངས་མྱོང་བ་ལ་བདག་ཆགས་པ་ཞེས་བྱ་སྟེ། གསང་བའི་ཡུལ་ལ་གསང་བའི་དབང་པོ་འཇུག་པར་བྱེད་པས། འཇུག་པ་བྱང་ཆུབ་ཀྱི་སེམས་ཏེ། ཧ་དང་པོའི་བདེ་སྒྲ་དག །བདག་གིས་ཆགས་པ་ཐོབ་པའོ། །ཅེས་པས་སོ། །ཨ་ནིར་ཏི་ར་གར་མ་ག་ཡ་མི། ཁྱོད་ནི་བདག་གི་རྗེས་སུ་ཆགས་པར་བྱེད་པ་ཞེས་སྐུལ་སྐྱོད་ཀྱིས་བདེ་བ་འབེབས་པས་ཆགས་པར་བྱའོ་ཞེས་པ་སྟེ། གསང་བའི་དབང་པོ་ཡུལ་ལ་གནས་པས། གནས་པ་བྱང་ཆུབ་སེམས་ཞེས་བྱའོ། །ཤིན་དུ་སྐྱོད་པའི་བདེ་བ་ཉིད། ཀུན་ནས་སྐྱོད་པ་རླུང་ཞེས་བྱ་ཞེས་སོ། །ཡང་ན་སྦྱོར་བའི་བརྡའ་བརྡའ་ཡི་ལས་དང་ཡང་སྦྱར་ཏེ། ས་མ་ཡ་སྟོཾ་ནི་ཡུམ་གྱིས་སྐུལ་བ་སྟེ། དམ་ཚིག་གི་དུས་ལ་བབ་བོ་ཞེས་སོ། །ས་མ་ཡ་ཧོ་ནི་ཡབ་ཀྱི་སྐུལ་བའམ་ལན་བྱིན་པ་སྟེ། དམ་ཚིག་གིས་མཉེས་པར་བྱའོ། །ཅེས་སོ། །ར་གོ་ཧཾ། བདག་ནི་ཁྱོད་ཀྱི་རྗེས་སུ་ཆགས་པའོ། །ར་ག་ཡ་མི་ནི། ཡབ་ཀྱིས་སྐུལ་ཏེ་ལན་བྱིན་པ་སྟེ། རྗེས་སུ་ཆགས་པས་མཉེས་པར་བྱའོ། །ལྷ་མོ་བཞིས་ཆགས་པའི་ལས་བྱེད་པ་དང་སྦྱར་ནས་ཡང་བཤད་པའོ། །དབང་པོའི་སེམས་དཔའི་སྔགས་ནི། མེ་དྷ་ར་ནི་སྭཱ་ཧཱ། ཞེས་དམྱིག་གི་དབང་པོ་རླུང་སེམས་འདྲེས་པའི་ཐིག་ལེ་ཡི་གེ་མེར་གནས་པ་ནི། ས་བོན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་བྱམས་མ་མེ་ཏྲིའི་སྔགས་སོ། །ཐླྷིཾ་སྭ་རཾ་པ་ཡ་སྭཱ་ཧཱ། ཞེས་སྣའི་དབང་པོ་རླུང་སེམས་འདྲེས་པའི་ཐིག་ལེ་ནི་ཡི་གེ་ཐླྷིཾ་དུ་གནས་པ་ནི་ས་བོན་ནོ། །དེ་ལས་བྱང་ཆུབ་སེམས་དཔའ་སྒྲིབ་སེལ་གྱི་སྔགས་སོ། །ཧཱུཾ་སྭ་ར་ཙ་ཡ་སྭཱ་ཧཱ། ཞེས་ལྕེའི་དབང་པོ་རླུང་སེམས་འདྲེས་པའི་ཐིག་ལེ་ཡི་གེ་ཧཱུཾ་དུ་གནས་པ་ས་བོན་ནོ། །དེ་ལས་སེམས་དཔའ་རྡོ་རྗེ་རྒྱལ་པོ་ཞེས་བྱ་ཏེ། དངོས་སུ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །མུཾ་ཤྲཱི་ཨཾ་རཾ་གྷ་ཡ་སྭཱ་ཧཱ། ཞེས་སྣང་བའི་དབང་པོ་རླུང་སེམས་འདྲེས་པའི་ཐིག་ལེ་ཡི་གེ་མུཾ་དུ་གནས་པ་ལས། བྱང་ཆུབ་སེམས་དཔའ་བསྐྱེད་པའོ། །ཕྱིའི་སེམས་དཔའི་སྔགས་ནི། ཛྫ་དུ་པྲ་བེ་ཤ །ཞེས་ཛ་ལྕགས་ཀྱུའི་ལས་ཀྱི་བྱང་སེམས་དཀར་དམར་དྲངས་ནས། དུ་པ་ནི་སྤོས་མ། པྲ་བེ་ཤ་ནི་ཡུམ་གྱི་བ་གའི་སྒོ་ཕྱེ་བའོ། །དེ་ཡང་ཐལ་བ་ནས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། དེ་ཉིད་ཆེ་ལས་འབྱུང་བའོ། །ཞེས་པས་ལྷ་མོ་སྤོས་མེ་མར་བཤད་དོ། །ཧཱུཾ་པུས་པ་ཨ་བེ་ཤ །ཞེས་ཧཱུཾ་ནི་ཞགས་པའི་ལས་ཀྱིས་སྟོད་སྨད་འཁྱུད་པ། པུས་པ་ནི་བྱང་སེམས་གཉིས་མྱེད་ཀྱི་ངོ་བོ་ཉིད་མེ་ཏོག །ཨ་བེ་ཤ་ནི་བྱང་ཆུབ་སེམས་གསང་བའི་མཁའ་ལ་བབས་པའོ། །ཐལ་བ་ནས། མེ་ཏོག་སྡུས་པའི་ངོ་བོ་ཉིད། །བདག་པའི་ཞལ་དུ་ཐིམ་པར་བཤད། །ཅེས་སོ། །ལྷ་མོ་མེ་ཏོག་མའོ། །བཾ་དེ་པ་སུ་གི་ནི། ཞེས་པཾ་ནི་ལྕགས་སྒྲོག་གི་ལས་ཀྱིས་སྡམ་པ་སྟེ་དི་པ་ནི་བདེ་བ་གསལ་བས་མར་མེ། སུ་གི་ནི་བདེ་བ་དགྱེས་པའི་རོ་སྐུ་ཉམས་ཏར་བའོ། །དེ་ཡང་ཐལ་བ་ནས། ཤིན་ཏུ་སྡམས་པའི་རིགས་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཞེས་སོ། །ལྷ་མོ་མར་མེ་མའོ། །ཧོ་གྷན་དྷེ་ཙི་ཏ་ཧོ། ཞེས་ཧོ་དྲིལ་བུའི་ལས་ཀྱིས་དགྱེས་པ་བསྐྱེད་པའོ། །གྷན་དྷེ་ནི་རྩ་གནས་བདེ་བས་རྒྱས་པའི་དྲི་ཆབ་བོ། །ཙི་ཏས་ནི་བྱང་ཆུབ་ཀྱི་སེམས་སྣ་ཚོགས་པར་སྤྲོས་པའོ། །ཐལ་བ་ནས། ཀུན་གསལ་བརྗོད་དང་བྲལ་བའི་སྒྲ། །གཉིས་མྱེད་ཐུགས་སུ་ཤེས་པར་བྱ། །ཞེས་པས་གསལ་ལོ། །ལྷ་མོ་དྲི་ཆབ་མའོ། །ཡང་ན་འདི་ལྟར་བཤད་དེ། དུ་པ་ནི་གདུག་སྤོས་ཏེ། སྤོས་ཀྱི་སྣའི་དབང་པོ་ཚིམ་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཕབ་ནས་གཙོ་གཟུངས་གསང་བའི་དབང་པོ་སོ་སོར་ཚིམ་པ་ལ་བྱའོ། །པུས་པ་ནི་མེ་ཏོག་སྟེ། དཀྱིལ་འཁོར་དུ་མེ་ཏོག་དོར་བ་ཡིན་པ་ལྟར། བྱང་ཆུབ་ཀྱི་སེམས་གསང་བའི་མཁའ་ལ་སྤྲོས་པ་ལ་བྱ། ཨ་ལོའམ་དེ་པ་ནི་མར་མེ་འམ་གསལ་བ་སྟེ། མར་མེས་གསལ་བ་དང་འདྲ་བར། བྱང་ཆུབ་ཀྱི་སེམས་སྤྲོས་ནས་ཡབ་ཡུམ་གྱི་སྐུའམ། བདེ་བ་སོ་སོར་གསལ་བ་ལ་བྱ། གྷན་དྷེ་ནི་དྲི་ཆབ་སྟེ། དྲི་ཆབ་ཉུག་པའམ་མཐོར་བ་ལྟར། བྱང་ཆུབ་ཀྱི་སེམས་གསང་བའི་གནས་སུ་བབས་པའམ། མཐོར་བས་བདེ་བ་ལ་བྱའོ། །སྒོ་བ་བཞིའི་སྔགས། ཧཱུཾ་ཡ་མན་ཏ་ཀྲིད་ཕཊ། ཅེས་ལུས་ཀྱི་རེག་བྱེད་ནི་ལུས་ཀྱི་དབང་པོ་སྟེ་ཁྲོ་བོ་གཤིན་རྗེ་མཐར་བྱེད་དོ། །ཧཱུཾ་བིག་ནན་ཏ་ཀྲིད་ཕཊ། ཅེས་ལུས་ཀྱི་དབང་པོ་རེག་པ་ནི་ཁྲོ་བོ་བགེགས་མཐར་བྱེད་དེ། རྣམ་པར་རྒྱལ་བའམ། སྟོབས་པོ་ཆེའོ། །ཧཱུཾ་པད་མ་ཏ་ཀྲིད་ཕཊ། ཅེས་ལུས་ཀྱི་དབང་པོ་རེག་བྱ་ནི་ཁྲོ་བོ་པད་མ་མཐར་བྱེད་དེ། རྟ་མགྲིན་ནོ། །ཧཱུྃ་པྲད་ཉ་ཏ་ཀྲིད་ཕཊ། ཅེས་ལུས་ཀྱི་དབང་པོ་རེག་ཤེས་ནི་ཁྲོ་བོ་ཤེས་རབ་མཐར་བྱེད་དེ། བདུད་རྩི་འཁྱིལ་བའོ། །སྒོ་མ་བཞིའི་སྔགས། ཨཱོཾ་མ་ཆེན་མོ། ཧཱ་བཛྲ་རྡོ་རྗེ། དྷ་ར་གཟུགས། མ་ཧཱ་ཆེན་མོ། ཀྲོ་དྷི་ཁྲོ་མོ། ཤྭ་རི་ཛྭ་དབང་ཕྱུག །ལ་ནི་ཧཱུཾ་འབར་མ། ཕཊ། ཅེས་ཤར་དུ་ཁྲོ་མོ་དབྱིངས་ཕྱུག་མ་འབར་བ་ཆེན་མོ་རྡོ་རྗེ་འཛིན་པའོ། །དངོས་སུ་རྟ་གདོང་ལྕགས་ཀྱུ་མའོ། །ༀ་མ་ཧཱ་ཆེན་མོ། རད་ན་རིན་པ་ཆེ། དྷ་ར་གཟུགས། མ་ཧཱ་ཆེན་མོ། ཀྲོ་ཁྲོ་མོ། དྷ་ཤྭ་རི་དབྱིངས་ཕྱུག །ཛྭ་ལ་ནི་ཧཱུཾ་འབར་མ། ཕཊ། ཅེས་ལྷོར་ཁྲོ་མོ་དབྱིངས་ཕྱུག་མ་རིན་ཆེན་འཛིན་ཆེན་མོ་འབར་མའོ། །དངོས་སུ་ན་ཕག་གདོང་ཞགས་པ་མའོ། །ཨཱོཾ་མ་ཧཱ་ཆེན་མོ། པད་མ་པདྨ། དྷ་འཛིན། ར་མ་ཧཱ་ཀྲོ་དྷི་ཁྲོ་མོ། ཤྭ་རི་ཛྭ་ལ་ནི་ཧཱུྃ་འབར་མ། ཕཊ། ནུབ་ཏུ་ཁྲོ་མོ་དབྱིངས་ཕྱུག་མ་འབར་མ་ཆེན་མོ་པད་མ་འཛིན་མའོ། །དངོས་སུ་ཉི་ཟླ་ལྕགས་སྒྲོག་མའོ། །ༀ་མ་ཧཱ་ཆེན་མོ། ཀར་མ་འཕྲིན་ལས། དྷ་ར་གཟུངས། མ་ཧཱ་ཀྲོ་ཁྲོ་མོ། དྷི་ཤྭ་རི་ཛྭ་ལ་ནི་ཧཱུྃ་འབར་མ། ཕཊ། བྱང་དུ་ཁྲོ་མོ་དབྱིངས་ཕྱུག་མ་འབར་མ་ཆེན་མོ་ལས་ཀྱི་སྒྲོལ་མའོ། །དངོས་སུ་ཐལ་བྱེད་དྲིལ་བུའོ། །ཀུན་བཟང་ཡབ་ཡུམ་གྱི་སྔགས་ནི། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་རྩི་ཏ་ཧཱུཾ། ཞེས་ཧཱུཾ་གསུམ་ནི་ཀུན་གཞིའི་ཡིད་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་ཤེས་གསུམ་མོ། །བཛྲ་ཙི་ཏ་ནི་རྡོ་རྗེའི་ཐུགས་སོ། །ཧཱུཾ་ནི་ཡེ་ཤེས་ཀྱི་སྙིང་པོ་སྟེ། ཀུན་ཏུ་བཟང་པོའི་སྔགས་སོ། །ཐལ་བ་ནས། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། ཡེ་ཤེས་ལྔར་རྫོགས་ཐུགས་ཉིད་དོ། །ཞེས་བཤད་པས་སོ། །ཨ་ཨ་ཨ་བཛྲ་པ་ཏྲ་ས་མན་ཨཱོཾ། ཞེས་ཨ་གསུམ་ནི། མཉམ་པ་ཉིད་ཀྱི་དབྱིངས་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་སྟོང་པ་དང་། རང་བཞིན་གྱི་དབྱིངས་སྤྲོས་བྲལ་གསུམ་མོ། །བཛྲ་ནི་རྡོ་རྗེ་སྟེ། པ་ཏྲ་ས་མན་ཏ་ནི། ཀུན་ཏུ་བཟང་མོའོ། །ཨ་ནི་གནས་སུ་གྱུར་པའོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། ཀུན་ཏུ་འང་དེ་བཞིན་གནས་བྱེད་པའོ། །ཞེས་སོ། །ཀུན་ཏུ་བཟང་མོའི་སྔགས་སོ། །ཐུབ་པ་དྲུག་གི་སྔགས། ༀ་མུ་ནེ་ཀྲིང་སྭཱ་ཧཱ། ཞེས་རང་གི་ང་རྒྱལ་འོད་ཀྱི་ཐིག་ལེ་ཀྲིང་དུ་གནས་པ་ལས། ལྷའི་ཐུབ་པ་སྲིད་ཐུབ་འཛིན་བསྐྱེད་པའི་སྔགས་སོ། །ༀ་མུ་ནེ་ཧཱུཾ་ཏྲུཾ་སྭཱ་ཧཱ། ཞེས་རང་གི་ཁོང་ཁྲོ་འོད་ཀྱི་ཐིག་ལེ་ཏྲུཾ་དུ་གནས་པ་ལས། ལྷ་མ་ཡིན་གྱི་ཐུབ་པ་རྣམ་པར་རྒྱལ་བ་བསྐྱེད་པའི་སྔགས་སོ། །ༀ་མུ་ནེ་ཀྲུཾ་སྭཱ་ཧཱ། ཞེས་རང་གི་འདོད་ཆགས་འོད་ཀྱི་ཐིག་ལེ་ཀྲུཾ་དུ་གནས་པ་ལས། མྱིའི་ཐུབ་པ་ཤཱཀྱ་སེང་གེ་སྐྱེད་པའི་སྔགས་སོ། །ༀ་མུ་ནེ་བྲཾ་སྭཱ་ཧཱ། ཞེས་རང་གི་གཏི་མུག་འོད་ཀྱི་ཐིག་ལེ་བྲམ་དུ་གནས་པ་ལས། བྱོལ་སོང་གི་ཐུབ་པ་རྣམ་པར་གནོན་པའི་བསྐྱེད་པའོ། །ༀ་མུ་ནེ་ཀྴཾ་སྭཱ་ཧཱ། ཞེས་རང་གི་སེར་སྣའི་འོད་ཀྱི་ཐིག་ལེ་ཀྴཾ་དུ་གནས་པ་ལས། ཡི་དྭགས་ཀྱི་ཐུབ་པ་རྣམ་པར་སྣང་བྱེད་དུ་བསྐྱེད་པའོ། །ༀ་མུ་ནེ་ཡེ་སྭཱ་ཧཱ། ཞེས་རང་གི་ཞེ་སྡང་གི་འོད་ཀྱི་ཐིག་ལེ་ཡེར་གནས་པ་ལས། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་བསྐྱེད་པའོ། །ཐུབ་དྲུག་གི་སྔགས་ཐབས་ལམ་དུ་བཤད་ན། ཡུམ་གྱི་མཁའ་ལ་འགྲོ་དྲུག་གི་ཡི་གེ་ཚང་བ་སྟེ། ལྷའི་ཨ་དཀར་པོ། ལྷ་མ་ཡིན་གྱི་སུ་སེར་པོ། མིའི་ནྲི་སྔོན་པོ། ཡི་དྭགས་ཀྱི་པྲི་དམར་པོ། དུད་འགྲོའི་དུ་དུད་ཀ །དམྱལ་བའི་ཏྲི་དམར་ནག་གོ། །དེ་ནི་གདུལ་བྱའོ། །འདུལ་བྱེད་ནི། ཉོན་མོངས་པ་དྲུག་གི་ཡི་གེ་ཀྲིང་ལ་སོགས་པ་དྲུག་ཏུ་གནས་ཏེ། ཡབ་ཡུམ་བདེ་བ་སྐྱིས་པའི་དུས་ན། ཞེ་སྡང་གི་མེ་གསོད། འདོད་ཆགས་ཀྱི་དུག་འབྱིན། གཏི་མུག་གི་མུན་པ་སེལ། ང་རྒྱལ་གྱི་རི་བོ་སྙིལ། འཕྲག་དོག་གི་ལྕགས་ཀྲོལ། ཁོང་ཁྲོའི་ཕོ་འོང་ཕྱུང་བའོ། །དེ་ལྟར་ལས་དང་ཉོན་མོངས་པ་ཐུབ་པས་ན་ཐུབ་པའོ། །དེ་སྐད་དུ་ཡང་སྒྱུ་འཕྲུལ་ཐལ་བ་ནས། ས་བོན་ཟུང་གསུམ་དེ་བདེ་བ། །ངེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་འབྱུང་འདུས་པ་ཐུག་པར་གསུངས། །ཅེས་པས་གསལ་ལོ། །ༀ་ཨེ་ཡེ་ཤེས་ལྔ་ལྡན། ཧ་ཧི་ཀྱེ་ཚུར་བྱོན། བ་ག་བ་ན། བཅོམ་ལྡན་འདས། མ་ཧཱ་ཀ་རུ་ནི་ཀ་ཐུགས་རྗེ་ཆེན་པོ། ཏྲི་ཤ་ཧོ། གཟིགས་གཅིག་གམ་སྣང་བར་མཛོད་གཅིག་པའོ། །ས་མ་ཡ་སྟོཾ་དམ་ཚིག་གི་དུས་ལ་བབ་པའོ། །ཛ་ཧཱུཾ་བཾ་ཧོ། ཞེས་ཛ་ལས་ལྕགས་ཀྱུ་མ་དཀར་མོ། ཧཱུཾ་ལས་ཞགས་པ་མ་སེར། བཾ་ལས་ལྕགས་སྒྲོག་དམར། ཧོ་ལས་ལྗང་ཁུའི་དྲིལ་བུ་མ་བཞིས། མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་བྱོན་པར་བསམ། སྤྱིར་ཡི་གེ་བསྡུ་བ་ལ་ལུགས་བཞི་སྟེ། ཚིག་བཤད་ཀྱིས་བསྡུ་བ་དང་། སྟོབས་ཀྱིས་བསྡུ་བ་དང་། བརྡས་བསྡུས་པ་དང་། སྡེ་ཚན་གྱིས་བསྡུ་བ་ལས། འདི་ནི་སྡེབས་ཀྱིས་བསྡུ་བ་སྟེ། ༀ་བཛྲ་ས་མ་ཡ་ༀ། ཞེས་པར་སྦྱར་རོ། །དེ་ནི་སྐུའོ། །ༀ་བཛྲ་ས་མ་ཡ་ༀ་ནི་གསུང་ངོ་། །ཧཱུཾ་བཛྲ་ས་མ་ཡ་ཧཱུཾ་ནི་ཐུགས་སོ། །སྭ་བཛྲ་ས་མ་ཡ་སྭ་ནི། ཡོན་ཏན་ནོ། །ཧ་བཛྲ་ས་མ་ཡ་ཧ་ནི་འཕྲིན་ལས་ཏེ། བདག་གི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་ལྷའི་དཀྱིལ་འཁོར་དང་། གྲུབ་པའི་གནས་ནས་སྤྱན་དྲངས་པའི་དཀྱིལ་འཁོར་ཐམས་ཅད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་རང་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་དབྱེར་མྱེད་པར་རྟོགས་པ་ཁོ་ན། རིག་པའི་མེ་ཏོག་དོར་བ་ཡིན་ནོ། །བདག་གི་ལྷག་པ་བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་ལས། དཀྱིལ་འཁོར་བཞི་བཅུ་རྩ་གཉིས་བསྐྱེད་པ་དེ་ཅི་འདྲ་བ་གཅིག །རང་བཞིན་གྲུབ་པའི་གནས་ནས། དང་པོ་སྙེན་གསན་དབབ། གཉིས་པས་བཞེངས་སུ་གསོལ། གསུམ་པས་སྤྱན་དྲངས་སོ། །དེ་ཡང་བོད་སྐད་དུ་བརྗོད་ན། ཀྱེ་ཀྱེ་བཅོམ་ལྡན་འདས། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བདག་ལ་གནང་བར་མཛོད་ཅིག །ཅེས་པའོ། །ༀ་ཨ་ཧཱུཾ་སྭཱ་ཧཱ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ༀ་ཨཱ་ཧཱུཾ་སྭཱ་ཧཱ། ཨཱོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་སྨད་པོ་ཆེ། །ཞེས་ཡེ་ཇི་བཞིན་པའི་དོན་མཁྱེན་པའི་ཡེ་ཤེས་རྟོགས་པས། མཐའ་གཉིས་ལས་རྒྱལ་བའི་རྒྱལ་པོ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔར་ལྷུན་གྱིས་གྲུབ་པའི་ངོ་མཚར་སྨད་པོ་ཆེ་དེ། ད་ཉིད་དུ་ནི་མཉམ་སྦྱོར་བས། །ཞེས་དུས་ད་ལྟ་ཉིད་དུ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་། བདག་གི་ལུས་ངག་ཡིད་གསུམ་མཉམ་པར་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་ཁྱེད་ཀྱི་ཕྱག་རྒྱ་ཆེན་པོ་སྐུ་ལྔ་ལྷུན་གྲུབ་ཅིང་འདྲ་བ་དང་། བདག་གི་ལུས་ངག་ཡིད་གསུམ་དབྱེར་མྱེད་པར་མཉམ་པར་སྦྱོར་ཅིག །ཅེས་བོད་སྐད་དུ་ཡང་སྐུལ་ལོ། །གགས་གསལ་ན། འདིར་ལེའུ་བདུན་པ་གསུང་གི་ལེའུ་ཟེར་ཙམ་ན། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཀ་ལ་དངོས་གྲུབ་སྐུལ་བ་ཅི་སྟེ་ཞེ་ན། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་དངོས་གྲུབ་སྐུལ་བ་ཁོ་ན་གསུང་གིས་སྐུལ་ཞིང་གསོལ་བ་འདེབས་པས་ན། གསུང་གི་ལེའུ་ཡིན་ནོ། །སྐུ་ལྔ་ནི། ཆོས་སྐུ་ནམ་མཁའ་ལྟར་བརྟག་པ་དང་། ལོངས་སྐུ་འདོད་པ་ལ་བདེ་བར་ལོངས་སྤྱོད་པ་དང་། སྤྲུལ་སྐུ་གང་འདོད་པར་འདུལ་དབང་དུ་གཏོང་བ་དང་། མངོན་པར་བྱང་ཆུབ་པའི་སྐུ་སྒྱུ་མ་དང་། རྡོ་རྗེའི་སྐུ་འདུས་མ་བྱས་པའོ། །གསུང་ལྔ་ནི། ཡི་གེ་མྱེད་པ་ཆོས་སྐུའི་གསུང་བརྗོད་པ་དང་བྲལ་བ། མངོན་བྱང་རིག་པའི་གསུང་རྟོག་པ་མྱེད་པ། ལོངས་སྐུའི་གསུང་མེ་ལོང་ལྟ་བུའི་གཟུགས་སུ་སྣང་བ། སྤྲུལ་སྐུ་ཚངས་པའི་གསུང་ཡན་ལག་དྲུག་ཅུས་བརྗོད་པ། རྡོ་རྗེའི་སྐུའི་གསུང་འདུས་མ་བྱས་པའོ། །ཐུགས་ལྔ་ནི། མི་རྟོག་པའི་ཐུགས་མེ་ལོང་ཡེ་ཤེས། ཅིར་ཡང་ས་ལེ་མཁྱེན་པའི་ཐུགས་ཆོས་དབྱིངས་ཡེ་ཤེས། བདེ་བ་ཆེན་པོའི་ཐུགས་མཉམ་པ་ཉིད་ཀྱི་ཡེ་ཤེས། འགྲོ་བ་སྒྲོལ་བའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས། རྡོ་རྗེ་སྐུའི་ཐུགས་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཡོན་ཏན་ལྔ་ནི། ཞིང་ཁམས་ནི་ཐུགས་རྗེ་སྤྲུལ་པས་འདུལ་བའི་ཞིང་ཁམས། གཞལ་ཡས་ཁང་ནི་བྱམས་པའི་ཁྱིམ་དུ་སྡུད་པའི་ཡོན་ཏན། འོད་ཟེར་ནི་བཏང་སྙོམས་ཀྱིས་ཀུན་ནས་འཕྲོ་བའི་ཡོན་ཏན། གཏན་ཁྲི་ནི་བསྒྲིབ་སེལ་གྱི་ཡོན་ཏན་རྟོགས་པ། ལོངས་སྤྱོད་ནི་གཏན་བཞུགས་དགའ་བས་རེ་འདོད་སྐོང་བའོ། །འཕྲིན་ལས་ལྔ་ནི། ཞི་བས་མ་སྐྱེས་པ། རྒྱས་པས་ཀུན་ཏུ་རང་བཞིན་མ་འགགས་པ། དབང་གིས་མངོན་དུ་གྱུར་པ། ལྷུན་གྲུབ་ཀྱིས་རྒྱུ་རྐྱེན་འབད་བརྩོལ་མྱེད་པར་ཡེ་ནས་གྲུབ་པ། དྲག་པོ་ནི། ལོག་ལྟ་ཅན་གྱི་མུ་སྟེགས་དང་། སྡུག་བསྔལ་ཅན་གྱི་དམྱལ་བ་དང་། བཀྲེས་སྐོམ་ཅན་གྱི་ཡི་དྭགས་དང་། ཁེངས་སེམས་ཅན་གྱི་སྒྲ་སྐད་རྣམས་སྐད་ཅིག་ལ་འཇོམས་པའོ། །དེ་ལྟར་རེ་རེ་ནས་རྩིས་པས་ལྔ་ལྔར་གྱུར་པས་ན་སྨད་པོ་ཆེ་ཞེས་བྱའོ། །ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་རྒྱ་གར་སྐད་དུ་བསྐུལ་བ། རྡོ་རྗེ་དམ་ཚིག་གི་ཐུགས་ཞེས་བྱ། ༀ་བཛྲ་ས་མ་ཡ་སྟོཾ། ནི་རྡོ་རྗེ་དམ་ཚིག་གི་དུས་ལ་བབས་སོ། །རྡོ་རྗེ་དམ་ཚིག་གིས་མཉེས་པར་བྱའོ་ནི། ༀ་བཛྲ་ས་མ་ཡ་ཧོ་ནི། ཛ་ཧཱུཾ་བཾ་ཧོ། ཞེས་དེ་ལྟར་སྐུལ་ཏེ། བདག་ཏིང་ངེ་འཛིན་གྱིས་བསྐྱེད་པ་ལ། ཛ་ཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས་སྟིམས་ནས། དཔེར་ན་མར་མེ་སྡོང་བུ་གཉིས་གཅིག་ཏུ་ཐིམས་ན། མེ་ལྕེ་ཡང་གཅིག་ཏུ་འབར་བ་དང་འདྲ་བར་དབྱེར་མྱེད་པར་བསྒོམ་པར་བྱའོ། །ཞེས་བརྗོད་པས། ཞེས་དེ་སྐད་བརྗོད་པའི་ཡོན་ཏན་ནི་གང་ཞེ་ན། གསུང་གི་དཀྱིལ་འཁོར་འདི་དག་གིས། ཞེས་གསུང་གི་དཀྱིལ་འཁོར་དེ་དག་གིས་རྒྱུ་བྱས་ན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ། །རབ་ཏུ་གྲགས་སོ། །ཉན་བཤད་བྱེད་པར། ཀུན་ཏུ་གྲགས་སོ། །རྟོགས་པར་བསྒོམ་པ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མྱེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །ཞེས་དེ་ཡན་ཆད་དུ་བདག་སྔོན་གྱི་སངས་རྒྱས་ཡིན་པས། བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་ནི་བསྟན་ནས། ད་ནི་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་ན། དེ་བཞིན་གཤེགས་སྲས་སུ་བདག་བསྐྱེད་པའོ། །བདག་ཐ་མལ་པའི་ལུས་སུ་བྱུང་ནས། གསོལ་བ་བཏབ་སྟེ་འོད་དུ་ཞུ་བས། གཙོ་བོ་ཡབ་ཡུམ་ལ་ཐིམ་པའོ། །དེ་ཡང་དཀྱིལ་འཁོར་ཐམས་ཅད་བསྐྱེད་ན་ཡང་བདག་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མྱེད་པ་བསྐྱེད་ལ། བསྡུད་ན་ཡང་ཡབ་ཡུམ་གཉིས་སུ་མྱེད་པ་ལ་ཐིམ་པར་མཛད་པས། བདག་སྲས་དང་གཞན་སྲས་སུ་ངོས་བཟུང་བའོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་བདག་ཉིད་ཆེན་པོས། སྟོན་པའི་བདག་ཉིད་ཀུན་ཏུ་བཟང་པོས། བདག་ཉིད་ཆེན་པོའི་ཡེ་ཤེས་དང་། ཞེས་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་ཐོབ་པར་བྱེད་ན་ཡེ་ཤེས་ཡེ་ཤེས་ལྔས་དབང་བསྐུར་བ་དང་། དབང་རྟགས་ཀྱི་ལྷ་ནི། རྡོ་རྗེའི་རིགས་རྣམས་ལ་མི་བསྐྱོད་པ་དབུ་རྒྱན་གྱི་གཙོ་བོ། རིན་ཆེན་རིགས་ལ་རིན་འབྱུང་། དེས་འདྲེའོ། །གཤིན་རྗེ་ལ་རྣམ་སྣང་། སྟོབས་ཆེན་རིན་འབྱུང་། དེས་འདྲེའོ། །ཀུན་པོ་ཡབ་ཡུམ་མི་སྐྱོད་པ། ཐུབ་དྲུག་ལ་དབུ་རྒྱན་ནོ། །དེ་ཡང་ཐལ་བ་ནས། མི་སྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པ་སཾ་སྙིང་དེ་བཞིན་ནོ། །གཞན་དག་རང་གི་ཕྱག་རྒྱ་སྟེ། །གཤིན་རྗེ་གཤེད་པོ་རྟག་པར་བཤད། །ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བ་དཔའ་བོ་ཆེ། །ཞེས་གསུངས་པས་གསལ་ལོ། །བྱིན་བསྡུ་བ་ཞེས་བྱ་བ་འདི། སྐུ་གསུང་ཐུགས་ཀྱི་བྱིན་བརླབས། སྐུ་དང་། སྐྱེ་འཇིག་མྱེད་པ་རྡོ་རྗེའི་སྐུ། གསུང་དང་། བརྗོད་པ་བྲལ་བ་རྡོ་རྗེའི་གསུང་། ཐུགས་རྡོ་རྗེའི། སྣང་སྟོང་མྱེད་པ་རྡོ་རྗེའི་ཐུགས། སྒྱུ་འཕྲུལ་དྲྭ་བ་ལས་ཕྱུང་ངོ་། །སྒྱུ་འཕྲུལ་ཐབས་ཏེ་ཡབ། དྲ་བ་ཤེས་རབ་སྟེ་ཡུམ་ལས་ཕྱུང་ངོ་ཞེས་སོ། །ཨཱོཾ་མ་ཧཱ་ཤུ་ཛྙཱ་ཏ་གཉའ་ན་བཛྲ་སྭ་བ་བྷ་ཨད་མ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་སྤྱི་བོའི་གཙུག་ཏུ། རིན་པོ་ཆེའི་ཁང་བུ་ནང་ན། རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བསྐྱེད་ལ། སྔགས་འདི་བརྗོད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་ངའམ་བདག་གོ་ཞེས་ཆེ་བའི་ང་རྒྱལ་བྱ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པར་བསམ་མོ། །ཨཱོཾ་མ་ཧཱ་ཨ་ཏ་རི་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་དཔྲལ་བར་རིན་པོ་ཆེའི་ཁང་བུ་ནང་དུ། མི་སྐྱོད་པ་མཐིང་ཀ་ས་ནོན་གྱི་ཕྱག་རྒྱ་ཅན་བསམས་ལ། སྔགས་འདི་བརྗོད་པས། མེ་ལོང་ལྟ་བུའི་ཡེ་ཤེས་ངའམ་བདག་ཡིན་ཞེས་ཆེ་བའི་ང་རྒྱལ་བྱ། དོན་ཡང་དྲན་པར་བསམ་མོ། །དེ་ཡང་ཆོས་ཐམས་ཅད་སྣང་ལ་རང་བཞིན་མྱེད་པ་གསལ་ལ་རྟོག་པ་མྱེད་པའོ། །ཨཱོཾ་མ་ཧཱ་པྲ་ཏ་པྲ་བེ་ཤ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་ལྟག་ཁུང་དུ། རིན་པོ་ཆེའི་ཁང་བུ་ནང་ན། སྣང་བ་མཐའ་ཡས་མཉམ་བཞག་དམར་པོ་བསམས་ལ། སྔགས་འདི་བརྗོད་པས་ཆེ་བའི་ང་རྒྱལ་བྱ། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། ཆོས་སྤྱི་དང་རང་གི་ཚིག་མ་འདྲེས་པར་མཁྱེན་པར་བསམ་མོ། །ཨཱོཾ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་རྣ་ལྟག་གཡས་པར། རིན་པོ་ཆེའི་ཁང་བུ་ནང་དུ། རིན་ཆེན་འབྱུང་ལྡན་སེར་པོ་སྦྱིན་གཏོང་གི་ཕྱག་རྒྱ་ཅན་བསམ། སྔགས་འདི་བརྗོད་པས་ཆེ་བའི་ང་རྒྱལ་བྱ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བདག་དང་ཆོས་ཐམས་ཅད་དབྱེར་མེད་དུ་རྟོགས་པར་བསམ་མོ། །ཨཱོཾ་མ་ཧཱ་ཀྲི་ཏ་ཨ་ནུ་ཤ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་རྣ་ལྟག་ གཡོན་པར། རིན་པོ་ཆེའི་ཁང་བུ་ནང་དུ ། དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་བསམ། སྔགས་འདི་བརྗོད་པས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པའི་དོན་ཡིད་ལ་དྲན་པར་བྱའོ། །ཨཱོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཀ་ཡ་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་ལྷ་རྣམས་ཀྱི་སྤྱི་བོ་བདེ་ཆེན་ལ། ཨཱོཾ་ལས་རྣམ་པར་སྣང་མཛད་བསྒོམ། སྔགས་འདི་བརྗོད་པས་ཟླ་དལ་ལ་རྡོ་རྗེས་མཚན་པར་བསམས་ལ། སྐུའི་གསང་བ་བསམ་གྱིས་མྱི་ཁྱབ་ཆོས་སྐུ་དང་། སྐུ་ཐམས་ཅད་ལ་གཟུགས་སྐུ་གཉིས་ལ་སོགས་པ་འབྱུང་སྟེ། སྐུ་རྡོ་རྗེ་ངའམ་བདག་ཡིན་ཅེས་པའི་ང་རྒྱལ་བྱའོ། །ཨཱོཾ་སརྦ་ཏ་ཐ་ག་ཏ་མ་ཧཱ་བ་ག་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་མགྲིན་པར་པད་མ་ལོངས་སྤྱོད་ལ། ཨང་ལས་སྣང་བ་མཐའ་ཡས་བསྒོམ། སྔགས་འདི་འོད་དུ་ཞུ་ནས་པད་མ་ལ་རྡོ་རྗེ་བསྒོམ། གསུང་གི་གསང་བ་བསམ་གྱིས་མྱི་ཁྱབ་པ་ཡི་གེ་མྱེད་པའི་གསུང་དང་། གསུང་ཐམས་ཅད་པ་ཚིག་གི་གསུང་ཐམས་ཅད་དེ། གསུང་རྡོ་རྗེ་ངའམ་བདག་སྒོམ་མོ། །ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་རྩི་ཏ་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་སྙིང་ཀར་ཆོས་ལ་ཉི་མའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་སེམས་དཔའ་བསྐྱེད། སྔགས་འདི་བརྗོད་པས་འོད་དུ་ཞུ་ནས་ཉི་མ་ལ་རྡོ་རྗེ་མཚན་པ་བསྒོམ། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྟོང་པ་ཉིད་དང་། ཐུགས་ཐམས་ཅད་པ་ཅིར་ཡང་སྣང་བར་བསམ་ལ། ཐུགས་རྡོ་རྗེ་ལྟ་བུ་ངའམ་བདག་ཡིན་ཞེས་ཆེ་བའི་ང་རྒྱལ་བྱའོ། །སྐུ་གསུང་ཐུགས་བྱིན་བརླབ་བོ། །ཐལ་བ་ནས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་རླབས་འོད་ཟེར་བསྡུས། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ཅེས་སོ། །ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷཱ་བ་ཨད་མ་ཀོ྅་ཧཾ། ཞེས་ལྟེ་བར་རིན་པོ་ཆེ་ཟུར་བརྒྱད་ལ་ཡི་གེ་ཏྲཾ་ལས། རིན་འབྱུང་བསྐྱེད། དེ་འོད་དུ་ཞུ་ནས་ཆགས་པ་བྱང་ཆུབ་སེམས་ཀྱི་མཆོད་པ་རིན་པོ་ཆེ་བསམས་ལ། འདོད་ཡོན་རྣམ་པ་ལྔ་རྒྱན་དུ་རོལ་ལོ། །ཐལ་བ་ནས། ལྟེ་བ་རྣམ་གཉིས་ཟླ་བ་ལ། སྔོ་ལྗང་ཡི་གེ་སྭཱ་ཧཱ་ཉིད། །རྗེས་མཐུན་འོད་ལས་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བརྗིད་ལྡན། །ཅེས་སོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ྅་ཧཾ། ཞེས་གསང་བར་རྡོ་རྗེ་རྒྱ་གྲམ་ལས། དོན་ཡོད་གྲུབ་པ་བསྐྱེད། སྔགས་འདིས་འོད་དུ་ཞུ་ནས་ཡི་གེ་ཧར་གྱུར། དེ་ལས་ཟང་ཟིང་གི་མཆོད་པ་དང་། ཏིང་ངེ་འཛིན་གྱི་མཆོད་པ་ལ་སོགས་པའི་འབྱུང་གཞིར་བསམ་པར་བྱའོ། །ཞེས་བརྗོད་པས། ཞེས་པ་དེ་སྐད་བརྗོད་པ་ནི། ཨཱོཾ་མ་ཧཱ་ཤུ་ཛྙཱ་ཏ་ལ་སོགས་པ་ལྔ་བརྗོད་པས། བདག་ཡེ་ཤེས་ལྔ་དང་ལྡན་པས། གཞན་ཡང་ཡེ་ཤེས་ལྔར་བྱིན་གྱིས་རློབ་ནུས་པ་དང་། ༀ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་གསུམ་བརྗོད་པས། བདག་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུར་གྱུར་ནས། གཞན་ཡང་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་ནུས་པ་དང་། ཨ་ནུ་ར་ག་ལ་སོགས་པ་གཉིས་ཀྱི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་སྟོབ་ནུས་པའི་ཆེ་བ་དང་ལྡན་པར་གྱུར་བར་བརྗོད་དོ། །ཐིམ་པར་གྱུར། ཅེས་དབུའི་གནས་ལྔར་ཡེ་ཤེས་ལྔའི་དབང་བསྐུར་ཐིམ་པས། ལུས་ཡེ་ཤེས་སྒྱུ་མའི་ལུས། གསལ་ལ་མ་འདྲེས་པའི་ནམ་ཀའི་འཇའ་ལྟ་བུའམ། ཡེ་ཤེས་ལྔ་རང་ལ་ཐིམ་པར་གྱུར། གསལ་བར་གྱུར། ཅེས་སྐུ་གསུང་ཐུགས་ལ་བྱིན་རླབས་དང་ལྡན་པས་ནི། སྐུ་གསུང་ཐུགས་ལ་གཟི་བརྗིད་ཆེ་ཞིང་གསལ་བར་གྱུར་ཏོ། །འབར་བར་གྱུར་ཏོ། །ཞེས་གསང་བའི་གནས་སུ་མཆོད་པ་འབྱུང་བའི་ལྷ་རིན་ཆེན་འབྱུང་ལྡན་དང་། མཆོད་པའི་ལས་ཐམས་ཅད་བྱེད་པའི་ལྷ་དོན་ཡོད་གྲུབ་པ་གཉིས་སྒོམས་ནས། བྱིན་གྱིས་བརླབས་པས་ནི། ལུས་ལས་བྱང་ཆུབ་སེམས་ཀྱིས་བདེ་བ་རྒྱས་ཤིང་གང་ནས། མཆོད་པའི་ཚོགས་རྣམས་མ་ལུས་པ་ཐམས་ཅད་འོད་འཕྲོ་ཞིང་འབར་བར་གྱུར་ཏོ། །ཨེ་མའོ་ངོ་མཚར་སྨད་ཀྱི་ཆོས། །ཞེས་ཨེ་མ་ནི་ངམ་པ་སྟེ། གང་ལ་ངམ་ན། གཞན་ན་མྱེད་པས་ངོ་མཚར་ཆེ་སྟེ། གཞན་གྱི་སྨད་ཡང་རང་ལ་དངོས་གྲུབ་འབྱུང་བའི་ཆོས་སོ། །ཆོས་དེ་གང་ཡིན་ཞེ་ན། རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །ཞེས་རྒྱུ་བསོད་ནམས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རྫོགས་པའི། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་དོན་གྱི་གསུང་སྐྱེ་བ་མྱེད་པ་ཡིན་པས་སོ། །དེ་ནི་གསུང་གི་ཆེ་བ་ཕུན་སུམ་ཚོགས་པར་ཤེས་པར་བྱའོ། །སྒྲ་དང་མིང་ཚིག་ཀུན་ལས་འདས། །ཞེས་གསུང་གི་ངོ་བོ་ནི། བརྗོད་པའི་སྒྲ་དང་། མཚོན་པའི་མིང་དང་། གསལ་བའི་ཚིག་ཀུན་ལས་འདས་ཏེ། ཐོས་པའི་སྒྲ་མྱེད། བཏགས་པའི་མིང་དུ་མ་གྲུབ། བསྡུད་བྱེད་ཚིག་འདས་པ་ཁོ་ནའོ། །དེ་ནི་དོན་གྱི་གསུང་གི་མཚན་ཉིད་ཡིན་ནོ། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་བརྗོད་བྲལ་དེ་ལས། འཁོར་བའི་སྒྲ་སྣ་ཚོགས་དང་། མྱ་ངན་ལས་འདས་པའི་ཆོས་སྣ་ཚོགས་ཡང་བརྗོད་བྲལ་དེ་ལས་སོ་སོར་མ་འདྲེས་པར་གསལ་བར་འབྱུང་། དེ་ནི་གསུང་ཚིག་གི་གསུང་གི་མཚན་ཉིད་ཡིན་ནོ། །དེ་ལྟར་དོན་གྱི་གསུང་དང་ཚིག་གི་གསུང་གི་ཆེ་བ་མཚན་ཉིད་དང་བཅས་པ་ལ་བསྟན་པའོ། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །ཞེས་དོན་གྱི་གསུང་སྐྱེ་བ་མྱེད་པ་གཅིག་ལས་མ་གཡོས་བཞིན་དུ། གསུང་གི་དཀྱིལ་འཁོར་ཡན་ལག་བསམ་གྱིས་མི་ཁྱབ་པར་འབྱུང་བ་ནི། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །ཅེས་འཇིག་རྟེན་གྱི་ཁམས་བསམ་གྱི་མི་ཁྱབ་པ་ནི། གདུལ་བྱ་ཡང་བསམ་གྱིས་མྱི་ཁྱབ་པས། དེ་ཀུན་ཡོངས་ལ་གསུང་གིས་ཁྱབ་པས་ན་ཀུན་དུ་ཁྱབ་ཅེས་བྱའོ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཤེས་ཁྱབ་པའི་ཚུལ་ཇི་ལྟར་ཁྱབ་ཞེ་ན། འགྲོ་བ་སོ་སོ་ཇི་ལྟར་མོས་པ་བཞིན་དུ། རང་གི་སྒྲ་སྐད་མདངས་དང་། སྒྲས་བཏགས་པའི་མིང་དང་། མིང་གིས་མཚོན་པའི་དོན་རྣམས། གདུལ་བྱ་སོ་སོ་དང་མཐུན་པར་གྲགས་སོ། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །ཅེས་ཇི་ལྟར་གསུངས་པ་ཐམས་ཅད་ནི། དོན་གྱི་གསུང་ལས་མི་འདའ་བས་ན། འཁོར་འདས་ཐམས་ཅད་གསུང་གི་ཕྱག་རྒྱ་ཆེན་པོར་གནས་ཏེ། འདས་པ་དོན་གྱི་གསུང་གི་ཕྱག་རྒྱ། འཁོར་བ་ཚིག་གི་གསུང་གི་ཕྱག་རྒྱ་དེ་བས་ན་མཆོག་གོ། །རྒྱུད་མཆོག་རྒྱུད་ཆེན་དྲྭ་བ་ལས། །ཞེས་རྒྱུད་ཐམས་ཅད་ཀྱི་ནང་ནས་མཆོག་དུ་གྱུར་པའི་རྒྱུད་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། བདེ་ལྡན་གསུང་གི་དོན་བྱུང་བ། །ཞེས་མྱ་ངན་ལས་འདས་པའི་བདེ་བ་དང་ལྡན་པའི། དོན་གྱི་གསུང་འདི་ལྟར་ཡོད་དོ་ཞེས་སྟོན་ཅིང་འབྱུང་བའོ། །ཐམས་ཅད་པད་མོའི་ངང་གྱུར་ན། །ཞེས་གསུང་ཇི་སྐད་གསུང་པ་ཐམས་ཅད། སྐྱོན་དང་བྲལ་བ་པད་མོ་ལྟ་བུའི་ངང་དུ་རྟོགས་པར་གྱུར་ན། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཞེས་འཁོར་བ་ན་གནས་པའི་སེམས་ཅན་གྱི་སྒྲ་སྐད་དང་། འཁོར་བ་ལས་གྲོལ་ཞིང་ཐར་བར་བྱེད་པའི་ལམ་སྟེ། ཐེག་པའི་བྱེ་བྲག་ཐམས་ཅད་ཀྱི་སྒྲའོ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཞེས་མདོར་ན་བརྗོད་བྱ་བརྗོད་བྱེད་ཀྱི་བརྗོད་པ་ཇི་སྐད་བརྗོད་ཀྱང་། སྐྱོན་དང་བྲལ་བས་གསུང་མཆོག་གོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྐད་བརྗོད་ཀྱང་། དོན་གྱི་གསུང་ཡོན་ཏན་མཆོག་དང་ལྡན་པའི་རང་བཞིན་ཏེ། ཐེག་པ་མཐོན་དམན་ཐམས་ཅད་དང་། །ཞེས་སངས་རྒྱས་ཀྱི་ཐེག་པ་ལ་ལྟ་སྤྱོད་མཐོ་བ་རྫོགས་ཆེན་མན་ཅད་ན། ལྟ་སྤྱོད་དམའ་བ་ཉན་ཐོས་ཀྱི་ཐེག་པ་ཡན་ཅད་དེ། སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་ཐེག་པ་ཐམས་ཅད་དང་། ལོག་འགྲོ་མ་ལུས་ཐམས་ཅད་སྐད། །ཅེས་ཡང་དག་པ་ལས་ལོག་ནས། ཕྱིན་ཅི་ལོག་གི་དབང་དུ་འགྲོ་བའི། འགྲོ་དྲུག་མ་ལུས་པ་ཐམས་ཅད་ཀྱི་སྐད་དམ། སྒྲ་སྐད་ཅི་གྲག་པ་ཐམས་ཅད་ཀྱི་སྐད་ཡང་། བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས། །ཞེས་དེ་དག་ཡང་དོན་གྱི་གསུང་དུ་འདུས་པའམ། དོན་གྱི་གསུང་དུ་ཐ་མི་དད་ཅིང་གཅིག་པས་ན་བསྡུས་ཞེས་བྱའོ། །བྱང་ཆུབ་ནི་གསུང་སྒྲིབ་པ་དང་བྲལ་བའོ། །རྡོ་རྗེ་ནི་དོན་གྱི་གསུང་སྐྱེ་བ་མྱེད་པའོ། །བསྡུས་ནི་གསུང་དེར་ཐམས་ཅད་འདུས་པའམ། གནས་པ་ལྟ་བུའོ། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །ཞེས་དོན་ནི་གསུང་དུ་བསྡུས་ཤིང་། དོན་གྱི་གསུང་ལས་མ་གཡོས་པ་ཉིད་ན། ཕྱོགས་བཅུའི་གསུང་རྣམས་ཀྱང་དེ་ལས་འབྱུང་བར་གྲགས་སོ། །སྒྲ་ཉིད་མ་ཆགས་ངང་དུ་གསུངས། །ཞེས་སྒྲ་སྣ་ཚོགས་སུ་གྲགས་པའི་དུས་ཉིད་ན། སྒྲ་སྐད་ཐ་དད་པར་སྣང་ཡང་། སོ་སོའི་སྒྲ་ལ་མ་ཆགས་སྟེ། མ་ཆགས་མ་གོས་པ་དོན་གྱི་ངང་དུ་གསུངས་སོ། །གསུངས་པ་ཉིད་ན་བརྗོད་དུ་མྱེད། གསུངས་པར་སྣང་ཙམ་ཉིད་ན། བརྗོད་པར་བྱ་བ་དང་བརྗོད་པར་བྱེད་པར་ཡང་མྱེད་དོ། །བརྗོད་མྱེད་དེ་ཉིད་སྣ་ཚོགས་སྒྲ། །ཞེས་བརྗོད་པར་བྱ་བ་དང་བྱེད་པ་མྱེད་པ་ཉིད་བསྟན་པའི་ཕྱིར་ན། སྣ་ཚོགས་པའི་སྒྲ་ཐ་དད་པར་འབྱུང་ངོ་། །ཀུན་ལ་གྲགས་ཤིང་སོ་སོར་འཇལ། །ཞེས་སྒྲ་དེ་འགྲོ་བ་རིགས་དྲུག་ཀུན་ལ་གྲགས་ཤིང་། དོན་སོ་སོའི་དབང་པོ་དང་། མཐུན་པར་དོན་སོ་སོར་གོ་བའོ། །དཔེར་ན་དེ་བཞིན་སྦྲིད་བསངས་བཞིན། །གསུང་གཅིག་སྒྲ་ཡིས་ཐམས་ཅད་དོ། །འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཞེས་རྒྱ་གར་རྡོ་རྗེའི་གདན་ན། ཁྱིམ་བདག་ཀ་རི་ན་བྱ་བ་དང་། ནད་གཡོག་པ་ཨུ་ནམ་ཀ་དང་། སྨན་པ་ཧ་རི་ཀ་གསུམ་ཡོད་པ་ལས། ནད་ཡུན་ཤིན་དུ་རིང་བས། ནད་པ་མཉམ་ན། ནོར་ཐམས་ཅད་ཡང་ཟད། ད་ཡོང་ཤི་ན་རུང་སྙམ། ནད་གཡོག་པ་སྙམ་ན། འདིས་སྦྱངས། འདི་ཤི་ན་ང་རང་གྲོགས་གཞན་ལ་འགྲོ་ས་སྙེད་སྙམ། སྨན་པ་སྙམ་ན། ནོར་མི་སྟེར་བར་གྲགས་དུས་མྱེད་པས་ཤི་ན་རུང་སྙམ་སྟེ། གསུམ་བློ་ཐ་དད་དུ་སོང་བ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེའི་སྒོར་བྱོན་ནས། ཤངས་ཀྱི་སྦྲིད་པ་གཅིག་བསངས་པ་ལས། གོ་སྟངས་གསུམ་དུ་ཤར་ཏེ། གོ་སྟངས་གསུམ་དུ་ཤར་དེ། ནད་པའི་གོ་བར། རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་རྫས་བརྩལ་དུ་རྙེད། །ནད་གཡོག་ཆུང་མས་གོ་བར། སྔ་རོགས་ཁྱོ་ལ་གཞུང་མྱེད་ན། ཕྱི་རོགས་རྙེད་པ་ཡོང་མི་འགྱུར་། །བྱ་བར་གོ། སྨན་པས་གོ་བར། སྔོན་མའི་ནད་པ་མ་སོས་ན། །ཕྱི་མ་འཚོལ་མཁན་ག་ལ་འབྱུང་། བྱ་བར་གོ་བས། དེར་སོ་སོ་ཐ་དད་ནས་སྐྱེད་གཏོན་ནས་འབུངས་པས་ནད་པ་སོས་ཏེ། བསམ་པ་རྫོགས་སོ། །དཔེ་དེ་བཞིན་དུ་དོན་གྱི་གསུང་སྦྲིད་པ་ལྟ་བུ་གཅིག་ལས། ཚིག་གི་གསུང་ཐེག་པ་ཐ་དད་པར་གོ་བར་སྣང་བ་འདི་ནི། གསུང་རྣམས་ཀྱི་ནང་ནས་མཆོག་གམ། རྒྱལ་པོ་ལྟ་བུ་ཡིན་ནོ། །ཐེག་པ་མཐོ་དམ ན་བསམ་ཡས་ཀྱང་། །ཞེས་ཐེག་པ་མཐོ་བ་ཨ་ཏི་མན་ཅད་ནས། དམའ་བ་ཉན་ཐོས་སྡེ་སྣོད་ཡན་ཅད་གདུལ་བྱ་སོ་སོ་ལ་སྣང་བའི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་ཀྱང་། དེ་བཞིན་ཉིད་ལས་མ་གསུངས་ཏེ། །ཞེས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དང་། དབྱིངས་རྟོགས་པའི་ཡེ་ཤེས་དང་། དབྱིངས་ཡེ་ཤེས་རྟོགས་པའི་སངས་རྒྱས་ཆོས་ཀྱི་སྐུས་ཡེ་མ་གསུངས་ཏེ། གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་གདུལ་བྱ་འགྲོ་བ་རྣམས། རང་རང་འདུལ་བའི་ཐབས་སུ། སོ་སོ་ཇི་ལྟར་དགའ་བ་བཞིན། མོས་པ་ལྟར་ཐོས། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལ་རྟོག་པ་མྱེད་པར་དགོས་འདོད་འབྱུང་བ་ལྟ་བུའོ། །ཡང་དག་པར་གསུང་གི་གནས་ཚུལ་བསྟན་པ་ནི། ཇི་ལྟར་གསུང་རབས་ཀུན་བརྗོད་ཀྱང་། །ཞེས་ཇི་ལྟར་དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པའི་གསུང་རབས་ཆོས་ཀྱི་སྡེ་སྣོད་རྣམས་བརྗོད་པར་སྣང་ཡང་། དེ་བཞིན་ཉིད་ཀྱིས་གསུངས་པ་མྱེད། །ཅེས་དེ་བཞིན་ཉིད་སྤྲོས་པ་དང་བྲལ་བ་དེས་གསུངས་པ་མྱེད་དོ། །ཡི་གེ་མྱེད་དང་རིག་པའི་གསུང་། །ཞེས་ཡི་གེ་མྱེད་པ་ཁོ་ན་དོན་གྱི་གསུང་ངོ་། །དོན་གྱི་གསུང་ཁོ་ན་རིག་པའི་གསུང་རོ ། ཅི་ཏེ་ན། རིག་པའི་གསུང་བརྗོད་བྲལ་དུ་རྟོགས་པ་ལ་ཡི་གེ་མྱེད་པས་སོ། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཞེས་རིག་པའི་གསུང་ཡི་གེ་མྱེད་པ་དེ་ནི། ལྗགས་ཤའི་དབང་པོ་ལྕེ་ལ་ཡང་མ་ཕྱུང་ངོ་། །ཅེ་ཏེ་ན། ཀུན་རྫོབ་ཀྱི་ཚིག་དང་ཡི་གེར་བཤད་དུ་མ་སྟུབ་པས་སོ། །བཤད་པར་དཀའོ། །གསུང་དེའི་བྱིན་རླབས་འགྲོ་བ་སེམས་ཅན་ལ་སྣང་ཚུལ་ནི། ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས། །ཞེས་འོ་ན་འདི་ལྟར་སྣང་བའི་ཆོས་འདི་ཀུན་ཅི་ཡིན་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སྔོན་བྱང་ཆུབ་ཀྱི་ལམ་དུ་ཞུགས་ཙམ་ན། ཐུགས་རྗེས་སྐྱེས་པའི་སྨོན་ལམ་བཏབ་པས། དེའི་བྱིན་རླབས་ཀྱིས་བྱུང་བ་དེ། འགྲོ་དོན་སྣ་ཚོགས་སོ་སོར་གསལ། །ཞེས་འགྲོ་བ་རིགས་དྲུག་གི་དོན་དུ། མི་མཐུན་པ་ལ་མཐུན་པར་བཤད་པས། སོ་སོ་རང་རང་གི་སེམས་ཀྱི་ཡུལ་དུ་གསལ་བར་ཐོས་པའོ། །ཐུགས་རིག་པ་ཉིད་སྤྲོས་པ་དང་བྲལ་བ་དེས། ཐམས་ཅད་དུ་ཁྱབ་ནས་རང་རང་གི་དོན་སོ་སོར་གསལ་ལོ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག །ཅེས་གསལ་ཙམ་ཉིད་ན་སྐྱེ་བ་མྱེད་བརྗོད་པ་ཉིད་ན་བརྗོད་དུ་མྱེད། གསུང་དེ་ནི་སྐྱེ་བ་མྱེད་པ་རྡོ་རྗེ་དང་འདྲ་བའི་ཕྱིར་ན་མཆོག་ཡིན་ནོ། །དོན་དམ་པ་ལས་མ་གཡོས་པར་ཀུན་རྫོབ་འགྲོ་བ་སྣང་བའི་དཔེ་བསྟན་པ་ནི། དེ་བཞིན་གསུང་གི་འགྲོ་དོན་རྣམས། །ཞེས་གོང་དུ་བསྟན་པ་དེ་བཞིན་དུ། དོན་གྱི་གསུང་གིས་མ་གསུང་བཞིན་དུ། ཚིག་གི་གསུང་གིས་འགྲོ་བའི་དོན་རྣམས། འགྲོ་བ་ཇི་ལྟར་འདུལ་བ་བཞིན་དུ་མཛད་པ་ནི། དེ་བཞིན་ངང་ལས་མ་གཡོས་ཀྱང་། །ཞེས་དེ་བཞིན་ཉིད་དང་། དེ་བཞིན་རྟོགས་པའི་ཡེ་ཤེས་ཀྱི་ངང་ངམ། རྡུལ་ཙམ་ཡང་མ་གཡོས་ཤིང་མི་རྟོག་ཡང་། ཚིག་གི་གསུང་འབྱུང་བའི་དཔེ་ནི། དཔེར་ན་བྲག་ཆའི་སྒྲ་བཞིན་ནོ། །ཞེས་བྲག་ཆེན་པོའི་མདུན་དུ། མིས་འབོད་པ་དང་། ཁྱིས་ཟུགས་པ་དང་། རྟས་མཚེར་བ་ལ་སོགས་པ་ཀུན། རྐྱེན་ཇི་སྐད་བོས་པ་སྐད་བྲག་ཆས་ཟེར་ཡང་། བྲག་གིས་སྒྲས་པ་མྱེད་པ་དང་འདྲ་བར། སངས་རྒྱས་ཀྱི་ཞལ་ནས་མ་གསུངས་ཡང་། སེམས་ཅན་སོ་སོའི་བློ་སྣོ་ལྟུལ་དང་། སྐལ་བ་ཆེ་ཆུང་དང་། ལས་འཕྲོ་བཟང་ངན་གྱིས། ཐེག་པ་སོ་སོར་བརྡ་སྤྲད་པ་དེ། སངས་རྒྱས་ཀྱིས་གསུངས་པར་རྩི། སྒྲང་ཞེས་པར་བྱའོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྟོགས་པར་དཀའ་བས་ན་གསང་བ། བཅུད་འདུས་པས་ན་སྙིང་པོ། མ་ནོར་བས་དེ་ཁོ་ན་ཉིད། མི་སླུ་བས་ངེས་པ། དེ་ལྟ་བུའི་རྒྱུད་ལས། དཀྱིལ་འཁོར་བསྡུས་པ་དང་། གསུང་གི་དཀྱིལ་འཁོར་ཇི་སྙེད་ཡོད་པ་ཐམས་ཅད་གསུང་སྔར་བསྡུས་པ་དང་། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།གསུང་གི་ནུས་པ་རང་ལ་གནས་པར་བྱ་བའི་ཕྱིར་གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཞེས་གསུང་གི་ལེའུ་བསྟན་པ་དེ་ནས་ཐུགས་ཀྱི་ལེའུ་སྟོན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཀུན་ཏུ་བཟང་པོ་དེས་སམ། རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརློབ་པ་ཞེས་བྱ་བ་འདི་ཆེད་ དུ་བརྗོད་དོ། །ཞེས་དབུ་དེ་བཞིན་གཤེགས་པ། ལག་པ་གཡས་པ་མི་སྐྱོད་པ། ལག་པ་གཡོན ་པ་རིན་འབྱུང་། རྐང་པ་གཡས་པ་སྣང་བ་མཐའ་ཡས། རྐང་པ་གཡོན་པ་དོན་ཡོད་གྲུབ་པ། རང་རང་རིགས་ཀྱི་སེམས་དཔའ་ཁྲོ་བོ་དང་བཅས་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་དེ། ཤེས་རབ་ཀྱིས་རྟོགས་པར་བྱས་ནས། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱིན་གྱིས་བརློབ་པའོ། །སྒྱུ་འཕྲུལ་དྲྭ་བར་མངོན་རྫོགས་པའི། །ཞེས་སྒྱུ་འཕྲུལ་ནི་ཐབས་དེ་ཡབ། དྲ་བ་ནི་འབྲེལ་པ་སྟེ་ཤེས་རབ་ཡུམ། ཐབས་དང་ཤེས་རབ་གཉིས་མྱེད་དུ་མངོན་པར་རྫོགས་པར་སངས་རྒྱས་པར། རང་རིག་པའི་ཤེས་རབ་དྲི་མ་མྱེད་པས་རྟོགས་པར་བྱའོ། །རྟོགས་པའི་དོན་དེ་ཏིང་ངེ་འཛིན་གྱིས་ཀྱང་དེ་ལྟར་བསྒོམ་པར་བྱའོ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་དེ་ལྟར་རྟོགས་ནས། ལུས་ཀྱི་མགུལ་སྐྱོད་དང་། སེམས་ཀྱི་དྲན་རྟོག་དང་། དབང་པོ་ཡུལ་ལ་འཇུག་པ་ཐམས་ཅད། བླ་ན་མྱེད་པའི་བྱང་ཆུབ། ཡོན་ཏན་མཆོག་ལྡན་གྱི་ཐབས་ཀྱི་ཕྱག་རྒྱར་མ་གྱུར་བ་གང་ཡང་མྱེད་དོ། །ཡང་ན་དེ་ལྟར་རྟོགས་པའི་དུས་ན། སྒོ་གསུམ་གྱི་སྤྱོད་པ་སྤྱི་སྤྱོད་ཐམས་ཅད་བླ་ན་མྱེད་པའི་བྱང་ཆུབ་མཆོག་ལྡན་དུ་གྲུབ་པའི་ཕྱག་རྒྱའོ། །གསང་བ་དེ་ཉིད་ངེས་པ་ཡི། །ཞེས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་དོན་དེ་ནི། རང་བཞིན་གྱིས་རྟོགས་པར་དཀའ་བས་གསང་བའམ། སྣོད་དུ་མ་གྱུར་བ་ལ་མི་བསྟན་པས་གསང་བ་སྟེ། དེ་ཁོ་ན་ཉིད་ངེས་པའི་དོན་མཐར་ཕྱིན་པས་ངེས་དོན་ལྷུན་གྲུབ་བོ། །སྙིང་པོ་ཕྱག་རྒྱ་འདའ་རྐའོ། །ཞེས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་དེ་ནི། ཕྱག་རྒྱ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ཕྱག་རྒྱའི་སྙིང་པོ་ཞེས་བྱ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། ལྷུན་གྱིས་གྲུབ་པའི་ཕྱག་རྒྱའི་རང་བཞིན་ལས་འདའ་བར་མི་མཛད་པའོ། །དེ་ལྟར་རྟོགས་ན་རྣལ་འབྱོར་པ་ལ་ཡང་དམ་ཚིག་ལས་མི་འདའ་བར་དངོས་གྲུབ་གཏེར་རོ། །ༀ་དང་མུཾ་གཉིས་རྩེ་སྦྱར་ཏེ། ཞེས་ལག་པ་གཡས་ཀྱི་འཛུབ་མོའི་ༀ་དང་། གཡོན་གྱི་གུང་མོའི་མུཾ་གཉིས། སོར་མོའི་རྩེ་མོ་སྦྱར་ཏེ། མི་སྐྱོད་ཉི་མའི་དཀྱིལ་ཡི་གེ། །ཞེས་ལག་ན་གཡས་མི་སྐྱོད་པའི་རང་བཞིན་སོར་མོ་ལྔའི་རྩེ་ལ་ཉི་མའི་དལ་ལྔའི་སྟེང་དུ། གུང་མོ་ལ་ཧཱུཾ། འཛུབ་མོ་ལ་ༀ། སྲིན་ལག་ལ་སྭ། ཐེའུ་ཆུང་ཨཾ། ཐེ་འོང་ལ་ཧ་ལྔ་སྒོམ་པར་བྱ། རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ཞེས་ལག་པ་ གཡོན་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ ། གུང་མོ་ལ་མཾ། འཛུབ་མོ་ལ་ལཾ། སྲིན་ལག་ལ་མཾ། ཐེའུ་ཆུང་ལ་པཾ། ཐེ་འོང་ལ་ཏཾ་ལྔ་སྒོམ་མོ། །ཕྱག་རྒྱ་འབྱུང་བའི་རྒྱུ་ཐབས་ལམ་དུ་བཤད་ན། བདག་མྱི་སྐྱོད་པར་བསྒོམས་པའི་གསང་བའི་དབང་པོ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ལ། དབུས་ཀྱི་ར་ལ་ཧཱུཾ། ཕྱོགས་བཞིར་ཨཱོཾ་སྭ་ཨ་ཧ་བཞི་བསམ། དེ་ཡང་གསང་བའི་གནས་ན་ཉི་ཟླ་ཐིག་ལེར་གནས་པའོ། །ཡུམ་དབྱིངས་ཕྱུག་མར་བསྒོམས་པའི་བྷ་ག་རིན་པོ་ཆེའི་པར་བུའི་ནང་དུ། དབུས་སུ་མུཾ། ཕྱོགས་བཞིར་ལཾ་མཾ་པཾ་ཏཾ་བཞི་བསམ། ཉི་ཟླ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡི་གེར་གནས་པ་ཉིད་བསྒོམ་པའོ། །དེ་ཡང་ལམ་གྱི་ཐིག་ལེ་ཉིད་བསྒོམ་པའོ། །དེ་ཡང་ཡབ་ཀྱི་ཐིག་ལེ་ཉིད་ནི་ཐབས་ཀྱི་རང་བཞིན་དུ་གནས། ཡུམ་གྱི་ཐིག་ལེ་ནི་ཤེས་རབ་ཀྱི་རང་བཞིན་དུ་གནས་པས། དེ་གཉིས་རྩེ་སྤྲད་པ་ནི་ལྔ་གཉིས་ཟུང་དུ་སྣང་བའོ། །དེ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་བ་ནི། བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་དུ་འབྱུང་ངོ་། །དེ་ཡང་གསང་བ་སྒྱུ་འཕྲུལ་གྱི་བཤད་རྒྱུད་ཐལ་བ་ནས། མྱི་སྐྱོད་རྡོ་རྗེ་རྩེ་ལྔ་ལ། །ཉི་མའི་ཐིག་ལེ་ཡི་གེ་དངོས། །རིན་ཆེན་པར་བུའི་ཉི་ཟླ་ལ། །ཟླ་བའི་ཐིག་ལེ་ཡི་གེ་ཉིད། །ཐིག་ལེ་ཐབས་ཤེས་ལྔ་གཉིས་རྣམས། །སྤྲད་པའི་དུས་ལས་རང་སྣང་བའི། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་། །ཅེས་པས་གསལ་ལོ། །ལྔ་གཉིས་ཟུང་དུ་སྤྲོས་པ་ལས། །ཞེས་ལག་པ་གཡས་པ་ཡབ་ཀྱི་དཔའ་བོ་འབྲུ་ལྔ་དང་། གཡོན་པ་ཡུམ་གྱི་དཔའ་མོ་འབྲུ་ལྔ་གཉིས་ཟུང་དུ ་སྦྱར་ནས། དེ་ལ་འོད་འཕྲོས་དོན་བྱས། ཚུར་འདུས་པ་ལས་དངོས་གྲུབ་བླང་བར་བྱའོ། །སྦྱར་བས་ཕྱག་རྒྱ་འབྱུང་བའི་རྒྱུ། །ཞེས་རྟགས་ནི་ཕྱག་རྒྱ་ཐལ་མོ་སྦྱར་བ་དང་། དོན་ནི་དབྱིངས་ཡེ་ཤེས་གཉིས་མྱེད་དེ། དབྱིངས་ཡེ་ཤེས་གཉིས་སྦྱར། ཐབས་ཤེས་རབ་གཉིས་སྦྱར་བ་ནི། ཕྱག་རྒྱ་འབྱུང་བའི་རྒྱུའོ། །འབྲུ་བརྒྱད་སྣོལ་ནས་རྩེ་པྲད་པས། །ཞེས་ཧཱུཾ་དང་ལཾ་གཉིས་སྦྱར། སྭ་དང་ཏཾ་གཉིས་སྦྱར། ༀ་དང་མཾ་སྦྱར། ཧ་དང་པཾ་གཉིས་སྦྱར་རོ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །ཞེས་ཕྱག་རྒྱ་དེ་ནི་དུས་གསུམ་གྱི་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་ཞིང་། དོན་དབྱིངས་ཡེ་ཤེས་ལྔ་དང་དབྱེར་མྱི་ཕྱེད་པའོ། །བདེ་བ་ཆེན་པོ་འབྱིན་པའི་རྒྱ། །ཞེས་དོན་ཡེ་ཤེས་ལྔའི་རྟགས་ཀྱི་ཕྱག་རྒྱ་དེ་ཅིངས་པས། ཡབ་ཡུམ་བདེ་བ་གསལ་བ་མྱི་རྟོག་པ་དབྱེར་མྱེད་པ་དེ། འབྱིན་པའི་ཕྱག་རྒྱ་ནི་དེ་ལྟ་བུར་ཅེས་པ་ལ་བྱ། །བཤད་རྒྱུད་ཐལ་བ་ལྟར་ན། ཡབ་ཡེ་ཤེས་ཀྱི་མཁའ་ལ་ཨཱོཾ། ཡུམ་དབྱིངས་ཀྱི་བྷ་ག་ལ་མུཾ། ཡབ་ཀྱི་རྡོ་རྗེའི་རྭ་བཞིའི་ཡི་གེ་དང་། ཡུམ་གྱི་བྷ་ག་པད་མ་བཞིའི་ཡི་གེ་སྣོལ་ནས། ཡབ་ཡུམ་མཉམ་པར་སྦྱར་བའི་ཐིག་ལེ་འདྲེས་ཤིང་སྤྲད་པ་ལས། རྒྱལ་བའི་ཡེ་ཤེས་བདེ་བ་ཆེན་པོ་མྱོང་བའོ། །དེ་ཡང་ཐལ་བ་ནས། དབྱིངས་དང་ཡེ་ཤེས་བདག་པོ་ཉིད། །ༀ་དང་མུཾ་དུ་རང་བཞིན་གནས། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་བཞིན་གནས་ཀྱིས་སྣོལ་མར་འགྱུར། །རབ་ཏུ་འདྲེས་པར་གྱུར་པ་ལས། །རྒྱལ་བའི་ཡེ་ཤེས་བདེ་ཆེན་པོ། །མྱོང་ཕྱིར་ཐོབ་པ་ཞེས་སུ་གསུངས། །ༀ་དང་མུཾ་གཉིས་རྩེ་སྦྱར་ཏེ། ཅེས་པ་ལ་གཏར་ཀས་གགས་གསལ་ན། འདིར་ཡབ་ཡུམ་གྱི་ཡིག་འབྲུ་གོ་ལོག་གོ་ཞེ་ན། འདི་ལྟ་སྟེ། ཡབ་ལྔའི་ཡི་གེ་ཡེ་ཤེས་ཡིན་ལ། ཁྱད་པར་དུ་ཨཱོཾ་ཡེ་ཤེས་ལྔ་ལྡན་ནོ། །ཡུམ་ལྔའི་ཡེ་གེ་དབྱིངས་ཡིན་ལ། ཁྱད་པར་དུ་མུཾ་དབྱིངས་སོ། །ༀ་ཡབ་ཀྱི་རྡོ་རྗེ་ལ་བསམ། མུཾ་ཡུམ་གྱི་པད་མ་ལ་བསམ། དེ་གཉིས་རྩེ་སྦྱར་ནས། རྭ་བཞི་དང་པད་མ་སྣོལ་མར་འགྱུར་བས། འགལ་བ་མྱེད་དོ། །རྡོ་རྗེ་སེམས་དཔའ་ཕྱག་བརྒྱད། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ༀ་སྭ་ཨ་ཧའི་ཡིག་འབྲུ་བཞི་སྦས་པ་ནི། གནོད་སྦྱིན་ཁུ་ཚུར་རོ། །གུང་མོ་ཐུགས་ཁར་གྱེན་དུ་བཀན་དེ། དེ་ནི་ཕྱག་གཡས་པའི་ཕྱག་རྒྱའོ། །ཧཱུཾ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཞེས་གུང་མོའི་རྩེ་མོ་ལ་ཡི་གེ་ཧཱུཾ་གྱེན་དུ་སྒྲེང་ལ། དེའི་རྩེ་མོ་ལ་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་བསམ་མོ། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ཞེས་ གཡོན་པའི་ཟླ་བའི་ཡིག་འབྲུ་རྣམས་བཏུལ་བ་ནི་རྡོ་རྗེ་ཁུ་ཚུར་རོ། །ཡིག་འབྲུ་ལག་ཐིལ་དུ ་སྦས་ནས་དྲིལ་བུ་བསིལ་ལོ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །ཞེས་དྲིལ་བུ་ཐོགས་པས་ཡུམ་ལ་འཁྲིལ་བའི་ཚུལ་དུ་བླ་ལ་བཞག་པ་ནི། ཆོས་ཡུམ་ལ་འཁྲིལ་བར་བསྟན་ནོ། །དེས་རིགས་ལྔ་ཀ་འདྲེའོ། །སྤྱིར་ཕྱག་རྒྱ་སོ་སོར་བཅའ་བ་ལ་བཞི་སྟེ། འབྱུང་བའི་རྒྱུ་རྡོ་རྗེ་ཐལ་མོ། བཅའ་བའི་གནས་ལྟ་ཟུར་གཡས་གཡོན་ནོ། །སྒྱུར་བའི་གནས་ཐུགས་ཀའོ། །སྒྲོལ་བའི་དོན་ཆོས་ཉིད་དོ། །དེ་ལ་སྒྱུར་བའི་གནས་ལ་གསུམ་སྟེ། ཕྱག་རྒྱ་བཞི་ལྡན། རིགས་ལྔ་ལྡན། ཐབས་ཤེས་རབ་གཉིས་ལྡན་ནོ། །ཕྱག་རྒྱ་བཞི་ལྡན་ནི། བཅིང་བ་དམ་ཚིག་གི་ཕྱག་རྒྱ་ནི། གནོད་སྦྱིན་ཁུ་ཚུར་ཐུགས་ཁར་བཀན་པའོ། །བསམ་པ་ཆོས་ཀྱི་ཕྱག་རྒྱ་ནི། འཛུབ་མོའི་རྩེ་མོ་ལ་སོགས་པར། གསུང་ཡིག་འབྲུའི་དང་། ཐུགས་ཕྱག་མཚན་འོད་འབར་བའོ། །བྱེད་པ་ལས་ཀྱི་ཕྱག་རྒྱ་ནི། ལག་པ་ གཡོན་པ་དྲིལ་བུ་བསིལ་ཞིང་། ཡུམ་ལ་འཁྲིལ་བའོ། །སྐུ་ཕྱག་རྒྱ་ཆེན་པོ་ནི། ཡབ་ཡུམ་འཁྲིལ་བའི་ཚུལ་དུ ་བསྒོམ་པའོ། །རིགས་ལྔ་ལྡན་ནི། ཐུགས་ཀར་བཀན་པ་ནི་དེ་བཞིན་གཤེགས་པའི་རིགས་སོ། །ཡིག་འབྲུ་དང་ཕྱག་མཚན་བསྒོམ་པ་ནི། ཟླ་བའི་སྟེང་དུ་ཡིག་འབྲུ་ཏུལ་ནས་དྲིལ་བུ་བསིལ་བ་ནི་རིན་པོ་ཆེའི་རིགས་སོ། །ཡབ་ཡུམ་འཁྲིལ་བའི་ཚུལ་ནི། པད་མའི་རིགས་སོ། །ཡང་ཡུམ་དང་སྦྱར་ན། ཐུགས་ཁར་བཀན་པ་རྣམ་སྣང་གི་རིགས། དྲིལ་བུ་བསིལ་རྡོ་རྗེའི་རིགས། འཁྲིལ་བ་ལས་ཀྱི་རིགས། འཛུམ་པ་རིན་པོ་ཆེའི་རིགས། མདངས་ཀྱིས་ལྟ་བ་པད་མའི་རིགས་སོ། །ཐབས་དང་ཤེས་རབ་གཉིས་ལྡན་ནི། ཡབ་ཐབས་མ་འགགས་པའི་ཚུལ་ནི། ཕྱག་གཡས་པ་གནོད་སྦྱིན་གྱི་ཁུ་ཚུར་བྱས་པ་ལས། གུང་མོ་སྒྲེང་བའི་རྒྱབ་རང་གི་ཐུགས་ཁར་བསྟན་ལ། དེའི་རྩེ་མོའི་ཧཱུཾ་ཉིད་རྡོ་རྗེ་རྩེ་ལྔ་འོད་འབར་བ་བསྒོམ་པ་ནི། བཅིང་བ་དང་བསམ་པ་གཉིས་ཀ་དམ་ཚིག་གི་ཕྱག་རྒྱའོ། །ཡུམ་ཤེས་རབ་སྟོང་པའི་ཚུལ་ནི། ཡོན་ཏན་ཟླ་བའི་ཡི་གེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་བསིལ་ཞིང་། ཡུམ་ལ་འཁྱུད་པའི་ཚུལ་བྱས་ནས། རང་གི་སྐུ་ལ་བསྟན་པ་ནི། བཅིང་བ་དང་བསམ་པ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་སྟེ། དེས་ཐབས་དང་ཤེས་རབ་འཁྲིལ་སྦྱོར་དུ་བྱེད་པའོ། །ཐབས་ལམ་དུ་ན། དགའ་བ་བཞིའི་ཐིག་ལེ་གཅིག་ཏུ་འདུས་པ་ནི་འབྲུ་བཞི་སྦས་པའོ། །རླུང་གིས་གྱེན་དུ་དྲངས་པ་ནི་ཐུགས་ཀར་བཀན་པའོ། །རྩ་ཞལ་ནས་རྡོ་རྗེའི་ལམ་དུ་བདེ་བ་རྒྱས་པ་ནི་ཧཱུཾ་སྒྲེང་རྩེ་མོའོ། །བདེ་བ་རྒྱས་པ་ནི་འབར་བའོ། །ཡབ་ཀྱི་ཁུ་བ་ཡུམ་གྱི་རཀ་ཏས་སྒྲིབས་པ་ནི་ཟླ་ཏུལ་འབྲུ་སྦས་སོ། །ཡུམ་གྱི་པད་མ་བདེ་བས་རྒྱས་པ་ནི་དྲིལ་བསིལ་ལོ། །ཐིག་ལེ་ཕྱེད་བྱུང་དུ་སྐྱོད་པ་ནི་འཁྲིལ་བའི་ཚུལ་ལོ། །ཐིག་ལེ་བྷ་གར་མི་འགྲོ་བར་རླུང་གིས་ཟིན་པ་ནི་ཆོས་ལ་བསྟན་པའོ། །དེ་ལས་ཐལ་བ་ནས། ཐིག་ལེ་བཞི་བསྡུས་གཅིག་ཏུ་འགྱུར། །རླུང་གིས་བསྡུས་པ་བཀན་པར་གནས། །ཞལ་གྱི་ལམ་དག་གང་རྒྱས་པ། །ཕྱག་རྒྱ་འབར་བ་ཞེས་པའི་སྒྲ། །ཟླ་བ་ཉི་མས་སྒྲིབས་པ་ཡིས། །ཆུ་སྐྱེས་རབ་ཏུ་རྒྱས་པ་ནི། །དྲིལ་བའི་སྒྲ་དང་ལྡན་པའོ། །ཕྱེད་འབྱུང་ཚུལ་གྱིས་གང་སྐྱོད་པ། །ཏུང་བ་མྱེད་ཕྱིར་བསྟན་པར་བཤད། །ཅེས་གསུངས་པས། ཡབ་ལྔའི་ཕྱག་རྒྱ་ཐབས་ལམ་ དུ་སྦྱར་ནས་བཤད་པའོ། །དབྱིངས་ཕྱུག་མའི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་གཡོན ་གྱི་ལཾ་མཾཾ་པཾཾཾ་ཏཾཾ་བཞི་ལག་ཏུ་སྦས་ནས། ལག་པའི་རྒྱབ་སྙིང་ཁར་བསྟན། ལག་ཐིལ་ཕྱིར་བཀན་ནོ། །མུཾ་བསྒྲེང་རྩེ་མོ་དྲིལ་བསིལ་འབར། །ཞེས་གུང་མོ་སྒྲེང་བའི་རྩེ་མོ་ལ་མུཾ་ལས་དྲིལ་བུ་བསམ། ལག་པས་ཀྱང་དྲིལ་བུ་བསིལ་ལོ། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་ལག་པ་གཡས་ཀྱི་ཉི་མ་དལ་ལ། ཡབ་ཀྱི་དཔའ་བོ་འབྲུ་ལྔ་པོ་དེ། ཡབ་ལ་འཁྲིལ་ལོ། །བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །ཞེས་ཡུམ་གྱི་ལུས་སེམས་ཡབ་ལ་བཏུད་ནས། ཞལ་འཛུམ་པའི་མདངས་ཀྱིས་ལྟ་བའོ། །རྣམ་སྣང་གི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ཡབ་ཀྱི་ཨ་ཧཱུཾ་སྭཱ་ཧཱ་བཞི་ཕྱག་ཐིལ་དུ་སྦས་ནས། ལག་པའི་རྒྱབ་སྙིང་ཁར་བསྟན་ལ། ལག་པའི་མདུན་གྱི་ཐིལ་ཕྱིར་ལ་བསྟན་པ་ནི་ཀན་པའོ། །ༀ་བསྒྲེང་རྩེ་མོར་འཁོར་ལོ་འབར། །ཞེས་འཛུབ་མོ་གྱེན་ལ་སྒྲེང་བའི་རྩེ་མོ་ལ་ཨཱོཾ་ལས་འཁོར་ལོ་འོད་འབར་བསྒོམ། ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ཞེས་ལག་པ་ གཡོན་པ་ཟླ་བའི་ཡིག་འབྲུ་ནང་དུ ་བཏུལ་ལ་སྦས་ཏེ་དྲིལ་བུ་བསིལ་ཞིང་། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །ཞེས་ཡབ་ཡུམ་འཁྲིལ་བའི་ཚུལ་གྱིས་ཆོས་ཡུམ་ལ་ཕྱག་རྒྱ་འཁྲིལ་བར་བསྟན། སངས་རྒྱས་སྤྱན་གྱི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་མུཾ་ལཾ་པཾ་ཏཾ་བཞི་ལག་པ་གཡོན་པ་ལ་ཡོད་པ་དེ་སྦས་ནས་རང་གི་ཐུགས་ཀར་ཕྱིར་ཀན་ནོ། །ལམ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །ཞེས་འཛུབ་མོའི་རྩེ་མོ་ལཾ་ལས་དྲིལ་བུ་བསམ་ལ། དྲིལ་བུ་ཉིད་ཀྱང་བསིལ་ཞིང་བྱའོ། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་ལག་པ་གཡས་ཀྱི་ཉི་མའི་དཔའ་བོ་འབྲུ་ལྔ་ཡབ་ལ་འཁྲིལ་ཞིང་། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །ཞེས་ཡབ་ལ་ལུས་སེམས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ལ་ལྟའོ། །རིན་འབྱུང་གི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ༀ་ཨཱཿཧཱུཾ་ཧཱ་བཞི་གཡས་ན་ཡོད་པ་ནང་དུ་སྦས། ཁུ་ཚུར་ཐུགས་ཁར་བཀན་ནོ། །སྭ་རྩེ་འབར་བ་རིན་པོ་ཆེ། །ཞེས་སྲིན་ལག་གི་རྩེ་མོའི་སྭཱ་ལས་རིན་པོ་ཆེ་འོད་འབར་བ་བསྒོམ། ཟླ་ལྟུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ཞེས་ལག་པ་གཡོན་པའི་ཟླ་བའི་ཡིག་འབྲུ་བཏུལ་ཞིང་སྦས་ལ་དྲིལ་བུ་བསིལ་ཞིང་། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །ཞེས་ཡབ་ཡུམ་འཁྲིལ་བའི་ཚུལ་གྱིས་སོ། །མ་མ་ཀི་ཡི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ གཡོན་གྱི་མུཾ་ལཾ་པཾ་ཏཾ་བཞི་ཁུ་ཚུར་ནང་དུ ་སྦས་ནས། རང་གི་སྙིང་ཁར་བསྟན། མཾ་སྒྲེང་རྩེ་མོ་དྲིལ་བསིལ་འབར། །ཞེས་སྲིན་ལག་གི་རྩེ་མོ་གྱེན་དུ་སྒྲེང་བ་ལ་མཾ་ལས་དྲིལ་བུ་འབར་བར་བསིལ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་ལག་པ་གཡས་པ་ཉི་མའི་དཔའ་བོ་འབྲུ་ལྔ་ཡབ་ལ་འཁྲིལ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །ཞེས་དབུ་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས། སྤྱན་ཡབ་ལ་ལྟའོ། །སྣང་བ་མཐའ་ཡས་ཀྱི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ༀ་ཧཱུཾ་སྭ་ཧ་བཞི་གཡས་པའི་ཁུ་ཚུར་ནང་དུ་སྦས་ནས་སྙིང་ཁར་བསྟན། ཨཾ་སྒྲེང་རྩེ་མོར་པད་མོར་འབར། །ཞེས་ཐེའུ་ཆུང་གྱེན་དུ་སྒྲེག་བའི་རྩེ་མོར་ཨང་ལས་པད་མ་འོད་འབར་བའོ། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ཞེས་ལག་པ་གཡོན་པ་ཟླ་བའི་ཡིག་འབྲུ་རྫུས་ནས་དྲིལ་བུ་བསིལ་ཞིང་། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །ཞེས་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་ཆོས་ཡུམ་ལ་བསྟན། །གོས་དཀར་མོའི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ལག་པ་ གཡོན་པའི་མུཾ་ལཾ་མཾ་ཏཾ་བཞི་ཁུ་ཚུར་ནང་དུ ་སྦས་ནས་སྙིང་ཁར་བསྟན། པཾ་སྒྲེང་རྩེ་མོར་དྲིལ་བསིལ་འབར། །ཞེས་ཐེའུ་ཆུང་སྒྲེང་བའི་རྩེ་མོར་པཾ་ལས་དྲིལ་བུ་བསིལ་ཞིང་། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་གཡས་ཉི་མ་ལ་དཔའ་བོ་འབྲུ་ལྔ། ཡབ་ཉིད་ལ་འཁྲིལ། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །ཞེས་དབུ་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་སྤྱན་ཡབ་ཀྱི་ཞལ་དུ་ལྟའོ། །དོན་གྲུབ་ཀྱི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་གཡས་པའི་ༀ་ཨཾ་ཧཱུཾ་སྭ་བཞི་ཁུ་ཚུར་ནང་དུ་སྦས་ནས་ཐུགས་ཀར་ཕྱིར་བཀན། ཧ་སྒྲིང་རྩེ་མོར་རལ་གྲི་འབར། །ཞེས་ཐེ་འོང་གྱེན་དུ་སྒྲེང་བའི་རྩེ་མོར་ཧ་ལས་རལ་གྲི་འོད་འབར་བ་བསམ། ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །ཞེས་གཡོན་པ་ཟླ་བའི་ཡིག་འབྲུ་བཏུལ་ཞིང་། སྦས་ལ་དྲིལ་བུ་བསིལ་ཞིང་། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །ཞེས་ཡབ་ཡུམ་འཁྲིལ་བའི་ཚུལ་གྱིས་ཆོས་ཡུམ་ལ་བསྟན། དམ་ཚིག་སྒྲོལ་མའི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཞེས་ལག་པ་གཡོན་པའི་མུཾ་ལཾ་པཾ་སྦས་ནས་ཐུགས་ཁར་བཀན། ཏཾ་སྒྲེང་རྩེ་མོ་དྲིལ་བསིལ་ཞིང་། །ཞེས་ཐེ་འོང་གྱེན་དུ་སྒྲེང་བའི་རྩེ་མོར་ལྟམ་ལས་དྲིལ་བུ་བསམས་ལ་བསིལ། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །ཞེས་གཡས་གཡས་ཉི་མའི་འབྲུ་ལྔས་ལས་ཡབ་ལ་འཁྲིལ་ཞིང་། བསྟུད་དེ་འཛུམ་པའི་མདངས་ཀྱི་ལྟ། །ཞེས་དབུ་བསྟུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་འཛུམ་པའི་མདངས་ཀྱིས་ལྟའོ། །ཡུམ་གྱི་ཕྱག་རྒྱ་ཐབས་ལམ་དུ་ན། ཐིག་ལེ་བཞི་པད་མ་གཅིག་ལ་འདུས་པ་ནི། འབྲུ་བཞི་སྦས་པའོ། །རླུང་གིས་ཟློག་པ་བཀན་པའོ། །རྡོ་རྗེ་པད་མ་འབྱོར་བ་དྲིལ་བསིལ་ལོ། །བདེ་བས་རྒྱས་པའི་ལས་སུ་འཁྲིལ་བའོ། །རྟག་ཆད་མཐའ་གཉིས་བདེ་བས་ནོན་པ་ནི་འཛུམ་མདངས་ཀྱིས་ལྟ་བའོ། །དེ་ཡང་ཐལ་བ་ནས། ཟླ་བའི་ཐིག་ལེ་རྗེས་མཐུན་པར། །དྲིལ་བུ་ཕྱེད་ཀྱིས་འབྱོར་དགྱེས་པ། །མཐའ་གཉིས་མནོན་པའི་བྱང་ཆུབ་སེམས། །ཕྱག་རྒྱ་ཆེན་པོ་འདི་བརྗོད་དོ། །ཅེས་སོ། །འདི་རྣམས་ཀྱིས་ཡུམ་རྣམས་ཕྱག་རྒྱ་བཤད་དོ། །སེམས་དཔའི་ཕྱག་རྒྱ་ནི། ཨུཏ་དཔལ་ཀླུ་ཤིང་ལ་སོགས་མཚན། །ཞེས་ཨུཏ་དཔལ་ནི་མེ་ཏོག་ཨུཏ་པ་ལ་མཐིང་ཀ་སྟེ། འཇམ་དཔལ་གྱི་ཕྱག་མཚན་ནོ། །ཀླུ་ཤིང་ནི་ཤིང་བུ་ལོ་འདབས་དང་བཅས་པ་སྟེ། བྱམས་པའི་ཕྱག་མཚན་ནོ། །ལ་སོགས་མཚན་ནི། ཕྱིའི་སེམས་དཔའ་ཡིན་པས། ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ་ལ་སྙག་པའི་ཚིག་གོ། །ཡང་ན་གཡོན་ན་དྲིལ་བུ་བསྣམས་པའོ། །རིན་ཆེན་མྱུ་གུ་རལ་གྲི་འབར། །ཞེས་སའི་སྙིང་པོ་རིན་པོ་ཆེའི་མྱུ་གུའོ། །ནམ་མཁའི་སྙིང་པོ་རལ་གྲི་འོད་འབར་བའོ། །པད་མ་དཀར་པོ་རྡོ་རྗེ་འབར། །ཞེས་སྤྱན་རས་གཟིགས་པད་མ་དཀར་པོའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བའོ། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །ཞེས་སྒྲིབ་པ་སེལ་བ་ནི་ཆོས་ཀྱི་འཁོར་ལོ་བརྩིབས་བརྒྱད་དོ། །ཀུན་ཏུ་བཟང་པོ་རིན་པོ་ཆེའི་སྙེ་མ་བསྣམས་པའོ། །སེམས་མའི་ཕྱག་རྒྱ་ནི། གཟུགས་མཛེས་རིན་ཆེན་འཕྲེང་བ་དང་། །ཞེས་སྒེག་མོ་ནི་གཟུགས་མཛེས་པ་འབྱུང་བར་རང་གསལ་བའི་མེ་ལོང་ངོ་། །མེ་ལོང་ནི་མྱི་བརྗེད་པའི་གཟུངས་ཐོབ་པའི་རིན་པོ་ཆེའི་འཕྲེང་བ་འདྲེན་ནི། པི་ཝང་གར་མཁན་མཆོག་ཉིད་དེ། །ཞེས་གྷིར་ཏི་ནི་གླུ་ལེན་པས་པི་ཝང་ངམ། གླིང་བུའོ། །ནིར་ཏི་ནི་གར་བྱེད་པས་ཕྱག་རྒྱ་སྒྱུར་བའོ། །འཇིག་རྟེན་གྱི་གར་མཁན་ནམ་གླུ་མཁན་ལས་ཁྱད་པར་དུ་འཕགས་པས་ན་མཆོག་གོ། །མེ་ཏོག་འཕྲེང་དང་སྤོས་མཆོག་མ། །ཞེས་དབྱར་མེ་ཏོག་གི་ལྷ་མོ་ནི། ཕྱག་ན་མེ་ཏོག་གི་འཕྲེང་བའོ། །དཔྱིད་འདས་པའི་ལྷ་མོ་ཕྱག་ན་གདུགས་སྤོས་སོ། །མར་མེ་བྱུག་པ་ལ་སོགས་པའི། །ཞེས་སྟོན་མ་བྱོན་པའི་ལྷ་མོ་ཕྱག་ན་མར་མེའོ། །དགུན་འབྱུང་བར་མ་ངེས་དཔའི་ལྷ་མོ་ཕྱག་ན་དྲི་ཆབ་བསྣམས་པའོ། །ལ་སོགས་ནི། འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། ཅེས་པ་གོང་མ་བཞིན་དུ་འདོད་པ་ལ་དགོངས་པའོ། །སེམས་དཔའ་ཡབ་ཡུམ་འཁྲིལ་ཚུལ་ནི། ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན། །ཞེས་ཡུམ་ལས་ཡབ་ལ་འཁྲིལ་ཞིང་། ཡབ་ཆོས་ཡུམ་ལ་བསྟན་ནོ། །དབུ་རྣམས་འབྱོ་ཞིང་འདུད་པའི་ཚུལ། །ཞེས་ཡབ་ཀྱི་དབུ་རྣམས་ཡུམ་ལ་འབྱོ་ཞིང་། ཡུམ་གྱི་ལུས་ངག་ཡིད་དམ། ཞལ་ཡབ་ལ་འདུད་པའི་ཚུལ་ལོ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མྱེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་གོང་མ་རིགས་ལྔ་ཡབ་ཡུམ་བཞིན་དུ། འདིར་ཡང་ཤེས་པར་བྱ་སྟེ། ཐེ་འོང་བཞག་ལ་གཞན་མ་ལ་སྦྱར་ཏེ། འབྲུ་གསུམ་སྦས་ནས་ཐུགས་ཀར་བཀན། །ཀྴི་སྒྲེང་རྩེ་མོ་རིན་ཆེན་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་གསུམ་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོ་མེ་ལོང་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བསྟུད་དེ་འཛུམ་པའི་མདངས་ཀྱིས་ལྟར། །ཅེས་ཡོ་ལ་སྦྱར་རོ། །སྒོ་བའི་ཕྱག་རྒྱ། སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ཞེས་དཀྱིལ་འཁོར་གྱི་སྒོ་བཞི་ན་གནས་པའི། སྒོ་བ་ཁྲོ་བོ་བཞིའི་ཕྱག་རྒྱ་བསྟན་པ་ནི། ནྲེ་མགོ་གདེངས་དང་རྡོ་རྗེ་གནོན། །ཞེས་གཤིན་རྗེ་གཤེད་པོ་གཡས་མི་མགོའི་དབུག་པ་གདེངས་པ་དང་། སྟོབས་པོ་ཆེ་གཡས་ཀྱི་རྡོ་རྗེས་གཡོན་གྱི་ཐོད་པ་གནོན་པ་དང་། ཐོད་སྦྲུལ་ཆེན་པོ་མནོན་པ་དང་། །ཞེས་རྟ་མགྲིན་གཡོན་ཐོད་པ། གཡས་སྦྲུལ་ཆེན་ཞགས་པས་གཡོན་གྱི་ཐོད་པ་མནོན་པ་དང་། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་མནོན། །ཞེས་རྡོ་རྗེ་རྒྱ་གྲམ་ནི། ལས་ཀྱི་རིགས་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཏེ། གཡོན་གྱི་ཐོད་པ་མནོན་པའོ། །སྒོ་མའི། ལྕགས་ཀྱུ་ཞགས་པ་སྤོ་ཏ་ཧོ། །ཞེས་ཤར་གྱི་སྒོ་མ་ལྕགས་ཀྱུ། ལྷོའི་སྒོ་མ་ཞགས་པ། ནུབ་ཀྱི་སྒོ་མ་སྤོ་ཏ་དེ་ལྕགས་སྒྲོག །བྱང་གི་སྒོ་མ་ཧོ་ཞེས་པ་དགྱེས་པ་སྟེ་དྲིལ་བུའོ། །སྒོ་བ་ཡབ་ཡུམ་འཁྲིལ་ཚུལ་ནི། སྒོ་བཞིར་གནས་པ་དེ་དག་ཀྱང་། །དཀྱིལ་འཁོར་གྱི་སྒོ་བཞིར་གནས་པའི་སྒོ་སྐྱོང་ཡབ་ཡུམ་དེ་དག་ཀྱང་། འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཞེས་ཡུམ་ཡབ་ལ་འདུད་པའི་ཚུལ་དང་། ཡབ་ཡུམ་ལ་འཁྲིལ་བའི་ཚུལ་ནི། གོང་མ་རིགས་ལྔར་བཤད་པ་བཞིན་ནོ། །འབྲུ་གསུམ་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་སྒྲེང་རྩེ་མོ་མྱི་མགོ་འབར། །ཟླ་བཏུལ་འབྲུ་སྦས་དྲིལ་བསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན། །འབྲུ་གསུམ་སྦས་ནས་ཐུགས་ཀར་བཀན། །ཛ་སྒྲེང་རྩེ་མོ་ལྕགས་ཀྱུ་འབར། །ཅེས་པར་སྦྱར་རམ་ཡང་ན་ཏིང་ངེ་འཛིན་གྱིས་བསྒོམ་པར་བྱའོ། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་ཐུབ་དྲུག་ནི་གདུལ་བྱ་དང་མཐུན་པར་དོན་མཛད་པས། ཕྱག་རྒྱ་ཡང་ངེས་པར་རྟག་ཏུ་མྱེད་དོ་སྣ་ཚོགས་པར་སྣང་སྟེ། མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །ཞེས་གདུལ་བྱ་མདོར་བསྡུས་ན་རིགས་དྲུག་ཡོད་པས། དེ་འདུལ་བའི་ཕྱིར་ཕྱག་མཚན་ཡང་དྲུག་ཡིན་ནོ། །དེ་ཡང་ལྷ་སྐྱོ་ངེས་ཆེ་བས་པི་ཝང་གིས་འདུལ། ལྷ་མ་ཡིན་འཐབ་རྩོད་མང་བས་གོ་མཚོན་གྱིས་འདུལ། མི་འཛིན་ཆགས་ཆེ་བས་སྲེག་པར་གྱིས་འདུལ། དུད་འགྲོ་བློ་གྲོས་བླུན་པས་ཆོ་ཀྱི་སྤོ་ཏིས་འདུལ། ཡི་དྭགས་ལྟོགས་པས་རིན་པོ་ཆེའི་སྒྲོམ་བུས་འདུལ། དམྱལ་བ་ཚ་གྲང་གིས་ཉེས་པས་མེ་ཆུས་འདུལ་ལོ། །གཏར་ཀས་གགས་གསལ་བ་ལ། ཐུབ་པ་དྲུག་ལ་ཡུམ་མྱེད་པས་ཕྱག་རྒྱ་བཅིང་རྒྱུ་མྱེད་དོ་ཞེ་ན། དངོས་སུ་མྱེད་ཡང་། དོན་གྱིས་ཡུམ་ཡོད་དེ། ཡུམ་ནི་དམྱིགས་མྱེད་ཆོས་ཀྱི་དབྱིངས། ཅེས་སོ། །ཡུམ་ནི་དམྱིགས་མྱེད་ཆོས་ཀྱི་དབྱིངས། །ཞེས་ཐུབ་པ་དྲུག་སྤྲུལ་པའི་སྐུ་འདོད་ཆགས་སྤངས་པའི་ཚུལ་གྱིས་སངས་རྒྱ་བར་བྱེད་པའི་ལམ་སྟོན་པ་ལ་དགོངས་པས་ན། རྟགས་ཀྱི་ཡུམ་མྱེད་དེ། དོན་གྱི་ཡུམ་ཆོས་ཀྱི་དབྱིངས་དམྱིགས་པ་མྱེད་པ་དང་འདུ་འབྲལ་མྱེད་པར་བཞུགས་སོ། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཞེས་ཀུན་ཏུ་བཟང་པོ་ནི། ཆོས་སྣ་ཚོགས་པ་ཡེ་ཤེས་ལས་མི་ཞན་པའི་རྟགས་སུ་ཕྱག་རྒྱ་མཉམ་བཞག་གོ། །དོན་ཡེ་ཤེས་ལྔ་ཉིད་སྣ་ཚོགས་པར་འཕྲོ་བས་ན། མཉམ་པའི་ཕྱག་རྒྱ་ལས་སོར་མོ་ཕྲལ་ཏེ། ཡེ་ཤེས་ལྔའི་འོད་འཕྲོ་བའོ། །ཡུམ་འགྱུར་མཉམ་རྫོགས་པད་མོའི་དཀྱིལ། །ཞེས་ཡུམ་དུ་འགྱུར་པ་ཀུན་ཏུ་བཟང་མོ་ནི། ཆོས་ཀྱི་དབྱིངས་སྤྲོས་པ་མྱེད་པས་ཕྱག་རྒྱ་མཉམ་བཞག །ཞབས་རྐང་ཐིལ་གཉིས་སྦྱར་ཏེ་པད་མའི་དཀྱིལ་བཀྲུང་ངོ་། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཞེས་གཞན་ཡང་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་སྣ་ཚོགས་པ་ཡིན་དེ། ཅིའི་ཕྱིར་ཞེ་ན་དབྱིངས་ཡེ་ཤེས་ལས་ཐམས་ཅད་འབྱུང་བའི་ཕྱིར་རོ། །ཀུན་པོ་ཡེ་ཤེས། ཀུན་མ་ཆོས་དབྱིངས་སོ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཞེས་ཡང་ན་ཀུན་བཟང་ཡབ་ཡུམ་གཉིས་ནི། དེ་བཞིན་གཤེགས་པ་རིགས་ལྔ་ཉིད་དང་མཐུན་པར་ཡིན་ཏེ། ཕྱག་རྒྱ་གང་ཡང་ཀུན་བཟང་ཡབ་ཡུམ་ལས་མ་འདས་པའི་ཕྱིར་རོ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཅེས་ཡང་ན་ལག་པ་ཐལ་མོ་སྦྱར་ཏེ། དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པ་ཁོ་ན་མཚོན་པས། རྡོ་རྗེའི་ཐལ་མོ་ཁོག་སྟོང་ཉིད་དུ་བཅའ་བའོ། །གཏར་ཀ་གགས་སེལ་ནི། ཀུན་ཏུ་བཟང་པོ་ཇི་ལྟར་ཡང་བཅར་སྟུབ་པས། ཕྱག་རྒྱ་བཞི་དང་འགལ་ལོ་ཞེ་ན། དེ་ལྟར་ཏེ། ཀུན་ཏུ་བཟང་པོ་མཉམ་བཞག་ནི་དམ་ཚིག་གི་ཕྱག་རྒྱ། སོར་མོ་ལས་ཡེ་ཤེས་ཀྱི་འོད་ལྔ་འཕྲོ་བ་ཆོས་ཀྱི་ཕྱག་རྒྱ། དེ་ལྟར་ཤེས་པ་ལས་ཀྱི་ཕྱག་རྒྱ། སྐུར་གསལ་བ་ཕྱག་རྒྱ་ཆེན་པོ་སྟེ། བཞི་ཀ་ཚང་ངོ་། །ཡུམ་ཡང་དེས་འདྲེ་བས། འགལ་བ་མྱེད་དོ། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཞེས་རྟགས་ཕྱག་རྒྱ་དང་། དོན་ཡེ་ཤེས་གཉིས་ནི། གཉིས་སུ་མྱེད་པས་ན་ཆེན་པོའོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་ཚོགས་ནི། ཡོན་ཏན་མཆོག་དང་ལྡན་པས་སོ། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །ཞེས་ཐབས་ཡེ་ཤེས་ཏེ་ཡབ། ཤེས་རབ་ཆོས་དབྱིངས་ཏེ་ཡུམ། དོན་དབྱིངས་དང་རིག་པ། རྟགས་ཕྱག་རྒྱ་དང་མཚན་མ། མཚན་མ་དང་མཚན་མ་མྱེད་པ་ཤེས་རབ་དང་ཏིང་ངེ་འཛིན་དུ་འབྱོར་ན། མ་སྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཞེས་ལག་པས་བཅིངས་སྒྲོལ་གྱི་ཕྱག་རྒྱ་མ་སྐྱོད། བྱེད་པ་དང་སྡོམ་པ་དང་། འཆིང་བའི་ཕྱག་རྒྱ་མ་བསྒུལ་ཡང་། འཁོར་འདས་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་ཕྱག་རྒྱ་ཆེན་པོ་དབྱེར་མྱེད་པའི་ངང་དུ་གནས་སོ། །ཅིའི་ཕྱིར་ན། ཕྱག་རྒྱ་མཆིང་བ་ནི་ཐབས་དང་ཤེས་རབ་གཉིས་མྱེད་དུ་འབྱོར་བར་འདོད་པའི་ཕྱིར་རོ། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །ཞེས་ལུས་ཀྱི་ཡན་ལག་ལྔ་པོ་ནི་ལྷ་བཞི་བཅུ་རྩ་གཉིས་སུ་གནས་ལ། རྟོག་པ་བྲང་སྤྲོད་དུ་བསྒོམ་པས་ན་ལྡན་ནོ། །དེ་ཉིད་ཡན་ལག་སྤྲོ་བདག་ཏེ། །དེ་ལྟར་ལྡན་པ་དེ་ཉིད། ཡན་ལག་སྤྲོས་པའི་བདག་ཉིད་ཡིན་ཏེ། ཐུགས་ཡེ་ཤེས་སེམས་དཔའ་རེ་རེ་དང་ལྡན་པར་སྤྲོ་བའོ། །བཞི་བཅུ་རྩ་གཉིས་གསུམ་འཕྲོས་འགྱུར། །ཞེས་ལྷ་བཞི་བཅུ་རྩ་གཉིས་ཀྱང་། སྐུ་གསུང་ཐུགས་གསུམ་དུ་འཕྲོ་བར་འགྱུར་རོ། །དེ་ལྟར་ལྡན་པའི་གཙོ་མཆོག་གི། །དེ་ལྟར་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པའི། རྣལ་འབྱོར་པ་ནི་གཙོ་བོའམ་མཆོག་གོ། །ཡང་ན་གཙོ་བོ་ཡབ་ཡུམ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ངོ་། །ཕྱག་རྒྱ་སྤྲོས་པ་ལ་གཉིས་ཏེ། ཉི་ཁྲི་བཞི་སྟོང་དང་། སངས་རྒྱས་སྟོང་གི་དལ་ལོ། །ཉི་ཁྲི་བཞི་སྟོང་དུ་རྩི་ན་ལྔ་སྟེ། རྩ་བའི་ལྷ་དང་། ཐབས་ཀྱི་ལྷ་དང་། ཤེས་རབ་ཀྱི་ལྷ་དང་། བསམ་གྱིས་མྱི་ཁྱབ་པའི་ལྷ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །རྩ་བའི་ལྷ་ཡབ་ཡུམ་གཉིས་སོ། །ཐབས་ཀྱི་ལྷ་ནི། རྩ་བའི་ལྷ་ལ་བསམ་པ་སྟེ། ཡན་ལག་བཞི་བཅུ་རྩ་གཉིས་ལྡན་ཅེས་པ། ཡུམ་ལ་ཡུམ་བཅུ་བདུན། ཡབ་ལ་བཅུ་བདུན་གྱི་སྟེང་དུ་ཐུབ་པ་དྲུག་མནན་ལ་བསྒོམ་མོ། །ཤེས་རབ་ཀྱི་ལྷ་ནི། དེ་ཉིད་ཡན་ལག་སྤྲོ་བདག་སྟེ། །ཅེས་པ། ཐབས་ཀྱི་ལྷ་བཞི་བཅུའི་ཐུགས་ཀར། ཡེ་ཤེས་སེམས་དཔའ་བཞི་བཅུ་བསྒོམ་སྟེ། དེ་ལྟར་རྒྱ་བཅུའོ། །བསམ་གྱི་མི་ཁྱབ་པའི་ལྷ་ནི། བཞི་བཅུ་རྩ་གཉིས་སུ་མ་འཕྲོས་འགྱུར། །ཅེས་པས། ཐབས་ཀྱི་ལྷ་བཞི་པོ་དེ་རེ་རེ་ལ་ཡང་། སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གསུམ་བསྒོམས་པས། ཡོ་ལོག་བརྒྱ་ཉི་ཤུའོ། །གོང་གི་བརྒྱ་བཅུ་སྟེ་ཉི་བརྒྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྟོང་ནི། དེ་ལྟར་ལྡན་པའི་གཙོ་མཆོག་གིས། །ཅེས་པས། གོང་གི་ཉི་བརྒྱ་པོ་དེ་རེ་རེ་ལ་ཡང་། དབུ་རྒྱན་ལྷ་ལྔ་ལྔ་བསམས་པས། ཉི་བརྒྱ་ཚར་ལྔ་ལ་སྟོང་གི་དལ་ལོ། །དེའི་སྟེང་དུ་རིགས་ལྔ་ཡབ་ཡུམ་ལ་སྟོང་ཚེ་ལྔ་སྟེ་དྲུག་ཡོད་པ་ནི། རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། ཅེས་སོ། །ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་ཟུང་བརྒྱད་ལ་སྟོང་ཚེ་བརྒྱད་དེ་བཅུ་བཞི། ཐུབ་པ་དྲུག་ལ་སྟོང་ཚོ་དྲུག་དེ་ཉི་ཤུ། སྒོ་བ་ཡབ་ཡུམ་ཟུང་བཞི་ལ་སྟོང་ཚོ་བཞི་སྟེ། ཉི་ཁྲི་བཞི་སྟོང་ངོ་། །དེ་བས་ན་བཅུ་གཉིས་དྲུག་གི་འོད་འཕྲོ་འབར། ཅེས་སོ། །སངས་རྒྱས་སྟོང་གི་དལ་ནི། ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ། བཞི་བཅུ་ལ། དབུ་རྒྱན་ཉི་བརྒྱ་མི་སྒོམ་པར། དེའི་དོད་པོར་ཐབས་ཤེས་རབ་ཀྱི་ལྷ་རྒྱ་བཅུ་སྒོམ། ཐབས་ཀྱི་ལྷ་ལ་སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ་སྟེ། ཉི་བརྒྱ་སྒོམས་པས་སྟོང་གི་དལ་ལོ། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །ཞེས་རྒྱལ་བ་ནི་སངས་རྒྱས་རིགས་བཞི། རྒྱལ་མཆོག་ནི་ཀུན་ཏུ་བཟང་པོ། དེ་བཞིན་དུ་ནི། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་སྒོམ་པ་བཞིན་ནོ། །བཅུ་གཉིས་དྲུག་ནི་འོད་འཕྲོ་འབར། །ཞེས་བཅུ་ཚན་གཉིས་ནི། སེམས་དཔའ་བརྒྱད། སྒོ་བ་བཞི་སྟེ་བཅུ་གཉིས། སེམས་མ་བརྒྱད། སྒོ་མ་བཞི་སྟེ་བཅུ་གཉིས། དྲུག་ནི་ཐུབ་པ་དྲུག །འོད་འཕྲོ་འབར་ནི། རེ་རེ་ལ་ཡང་སངས་རྒྱས་སྟོང་གི་དལ་བསྒོམ་མོ། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཅེས་ཕྱོགས་བཅུ་གཞལ་ཡས་ཁང་དུ་སྒོམ། ཉི་ཟླ་གཟའ་སྐར་རྒྱན་དུ་བསྒོམ། བདེ་གཤེགས་ཀྱི་དཀྱིལ་འཁོར་མ་ལུས་པ་བསྒོམ་སྟེ། བསམ་ཡས་ལྷུན་གྲུབ་ལ་སློབ་པའོ། །འགྲོ་དོན་བྱེད་ཚུལ། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །ཞེས་ཕྱོགས་བཅུར་གནས་རུང་། དུས་བཞིར་སྤྱོད་རུང་། གྲངས་བློས་བསམ་ཡས་གནས་སུ། འདུལ་བའི་དོན་རྣམས་སོ་སོར་བསྟོན། །ཞེས་གདུལ་བྱ་འགྲོ་དྲུག་འདུལ་བའི་དོན་དུ། ཕྱག་རྒྱ་རྣམས་ཡང་སོ་སོར་སྟོན་ནོ། །ཐེག་པ་མཐོན་སྨན་ཐམས་ཅད་དང་། །ཞེས་ཐེག་པ་མཐོ་བ་རྫོགས་ཆེན་ནས། སྨ་བ་ཉན་ཐོས་སོ། །ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་རྣམས་སོ། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞེས་ལྟ་བ་ཕྱིན་ཅི་ལོག་པ་མུ་སྟེགས་དང་། སྤྱོད་པ་ཕྱིན་ཅི་ལོག་པ་སྡིག་ཅན་དང་། བསམ་པ་ཕྱིན་ཅི་ལོག་པ་ལྷ་སྲིན་ལ་སོགས་པ་བློས་བསམ་ཡས་པ་དང་། ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །ཞེས་གདུལ་བྱ་ཆ་ཕྲ་བ་ཞི་བས་འདུལ་བ་དང་། གདུལ་བྱ་ཆ་རགས་པ་ཁྲོ་བོས་འདུལ་བར་འོས་པའི་ཚོགས་ཐམས་ཅད་ལའོ། །འདིར་གགས་གསལ་བ་ནི། ཞི་ཁྲོ་ཞེས་པ་ནི། ཁྲོ་བོ་སྒོ་བ་ལ་ཟེར་རམ། གནས་འགྱུར་གྱི་ཁྲག་འཐུང་ལ་ཟེར། གནས་འགྱུར་ཁྲག་འཐུང་ལ་ཟེར་ན། ཕྱག་རྒྱ་བཅིང་རྒྱུ་མ་བསྟན་པར། འགྲོ་དོན་མཛད་ཚུལ་ཡོང་བར་མི་རིགས། ཁྲོ་བོ་སྒོ་བ་ལ་ཟེར་ན། དེ་ཞི་ཁྲོ་མྱེན་ཟེར་རོ། །འདི་གནས་འགྱུར་གྱི་ཁྲོ་བོ་ལ་ཟེར་ཏེ། ཕྱག་རྒྱ་བཅིང་རྒྱུ་མ་བྱུང་ཡང་། འགྲོ་དོན་མཛད་པ་མི་འགལ་ཏེ། ཅིར་ཡང་སྣང་བར་མཛད་པའི་ཕྱིར་རོ། །སོ་སོར་མཐུན་བྱས་ཀུན་ཏུ་སྟོན། །ཞེས་ཕྱིན་ཅི་ལོག་གིས་འདུལ་བ་ལ། དང་པོ་དེ་དང་ཆོས་མཐུན་པར་བྱས་ནས། དེ་ནས་དགེ་བ་ལ་འཛུད། ཐེག་པས་འདུལ་བ་ལ་ཐེག་པ་དགུ་བཤད་དེ། ཕྱག་རྒྱའི་རྣམ་གྲངས་ལ་ངེས་པ་མྱེད་པས། འགྲོ་བ་སོ་སོའི་བསམ་པ་དང་མཐུན་པར་སྟོན་ནོ། །དཔེ་བསྟན་པ་ནི། དཔེར་ན་གར་མཁན་ཉིད་འདྲ་བར། །ཞེས་དཔེར་ན་གར་མཁན་ལ་ཕྱོགས་གཅིག་ཏུ་ངེས་པ་མྱེད་པ་བཞིན་དུ། དེ་ཉིད་དང་འདྲ་བར་སངས་རྒྱས་ཀྱི་མཛད་པ་དང་འདུལ་ཐབས་གྲངས་མང་ལ་རྒྱ་ཆེའོ། །ལུས་ལ་མ་བཀོད་སྣ་ཚོགས་སྟོན། །ཞེས་གར་མཁན་གྱི་སྤྱོད་ལམ་སྣ་ཚོགས་པར་སྣང་ཡང་། ལུས་ལ་རང་རྒྱུད་དུ་བཀོད་པ་མྱེད་དེ། འགྲོ་བ་དང་དགྱེས་སུ་རེ་ནས་སྟོན་ལ། སངས་རྒྱས་ཀྱི་ཆོས་སྣ་ཚོགས་སྟོན་ཡང་། ཆོས་ཉིད་ཀྱི་བཤིས་ལ་གྲུབ་པ་མྱེད་པར། འགྲོ་བས་རྟོགས་སུ་རེ་ནས་སྟོན་ནོ། །དོན་དམ་དུ་ནི། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །ཞེས་མདོར་བསྡུས་ནས་བསྟན་ན། དམ་ཚིག་གི་ཕྱག་རྒྱ་དང་། ལས་དང་། ཆོས་དང་། སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་ནི། བརྗོད་པ་དང་བྲལ་བར་གནས་ཏེ། གང་ཞེ་ན། འདི་ཞེས་ཅིག་ཏུ་བརྗོད་དུ་མྱེད། །ཅེས་ཕྱག་རྒྱ་ནི་འདི་ཁོ་ན་ཡིན་ནོ། །འདི་ཅིག་པུ་ཡིན་ནོ། །ཞེས་བསྟན་པར་དཀའ་བའོ། །ཅིའི་ཕྱིར་ན། མོས་པ་ཐ་དད་པར་སྣང་ལ། ཐ་དད་འདུལ་བའི་གཉེན་པོར་ཤར་བའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི། གཉིས་དང་གསུམ་དུ་རྣམ་པར་འཕྲོ། །ཞེས་ཕྱག་རྒྱ་སྐུར་སྣང་བའི་དུས་ན། ཞབས་དང་། ཕྱག་གཉིས་དང་། དབུ་གསུམ་ལ་སོགས་པའི་རྣམ་པར་སྣང་། ཡང་ཞལ་ཅིག་ཕྱག་གཉིས་སམ། ཞལ་གསུམ་ཕྱག་དྲུག་པར་འཕྲོའོ། །སྐྱོད་དང་སྤྲོ་བ་དེ་བཞིན་ཉིད། །ཅེས་ལུས་ཀྱིས་ཅིང་ཞིང་སྐྱོད་པ་དང་། དེ་ལས་སངས་རྒྱས་སྟོང་གི་དལ་དུ་སྤྲོ་བ་ཡང་། གོང་མ་དེ་བཞིན་དུ་སྣང་བ་ཉིད་དོ། །དབྱེར་མྱེད་དུ་བསྟན་པ་ནི། མདོར་ན་སྐྱོད་བསྒུལ་ཐམས་ཅད་ཀུན། །ཞེས་ཕྱག་རྒྱ་གཉིས་པ་མྱེད་པ་མདོར་སྡུ་ན། ལག་པས་སྐྱོད་པ་དང་། ལུས་ཀྱི་སྒུལ་བ་དང་། ཕྱག་རྒྱ་མཆིང་བ་ཐམས་ཅད་ཀུན། ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་ཕྱག་རྒྱ་ཆེན་པོ་ནི་སྤྲོས་པ་མཐའ་དག་དང་བྲལ་བ་ཆོས་ཀྱི་སྐུ་དྲི་མ་མྱེད་པར་དེ་དང་། དེའི་ངང་དུ་ཕྱག་རྒྱ་ཐམས་ཅད་གནས་པའོ། །གནས་ཉིད་མྱི་གནས་གནས་པའང་མྱེད། །ཅེས་སྤྲོས་དང་བྲལ་བར་གནས་པ་ཉིད་ན། རོལ་པ་སྣ་ཚོགས་སུ་སྣང་བ་ཉིད་ན། མྱི་གནས་ལ། དེ་ཙམ་གྱི་མཚན་མ་ལ་ཡང་གནས་པ་མྱེད་དོ། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་དེ་སྐད་སངས་རྒྱས་གང་གིས་གསུངས་ན། ཆོས་ཐམས་ཅད་རྣམ་པར་དག་པར་ཐུགས་སུ་ཆུད་པའི། སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས་སོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །གསང་བ་རྟོགས་པར་དཀའ་བ། སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་མི་སླུ་བ། ངེས་པ་མ་ནོར་བ། དེ་ལྟ་བུ་ལས། ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས། །ལུས་ཀྱི་རྟོག་ཚོགས་ཡན་ལག་ཐམས་ཅད། ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས། ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། །།སངས་རྒྱས་སྟོང་གི་དལ་ཕྱག་རྒྱ་དང་། ཁྲི་ཚོ་གཉིས་དང་། སྟོང་ཚོ་ཅིག་ཏུ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ། །གང་གི་བཤད། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས། ཇི་ལྟར་བཤད་ན། རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས། གང་བཤད་ན། ཆེད་དུ་འགྲོ་བའི་དོན་གྱི་སྤྱིར། བརྗོད་པ་འདི་ཁྱད་པར་དུ། བརྗོད་དོ། །ལེའུ་བརྒྱད་པ་ཐུགས་ཕྱག་རྒྱའི་ལེའུ་བསྟན་པའི་རྗེས་དེ་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་སྟོན་པས་སོ། །དེ་བཞིན་གཤེགས་པ་ནི་རིགས་ལྔ་ལ་སོགས་པའམ། སྟོན་པ་རྒྱལ་བ་དྲུག་པའོ། །དགྱེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལོངས་སྤྱོད་རྣམ་གཉིས་ལ་དགྱེས་པའོ། །གཉིས་སུ་མྱེད་པས་ཆེན་པོའོ། །རྡོ་རྗེ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་སྐུ་གསུང་རྡོ་རྗེ་དང་འདྲ་བར་སྟོན་པས་རྡོ་རྗེ། གསང་བ་ནི་དམ་ཉམས་པ་དང་། དམ་མྱེད་པ་དང་། དམ་མ་འདྲེས་པ་ལ་མི་སྟོན་པས་ན་གསང་བའོ། །དམ་ཚིག་ནི། སྒོམ་པར་བྱ་བ་ལས་མི་འདའ་བའོ། །བསྐོད་པ་ནི་བསྒོམ་པ་དང་རྡུལ་ཚོན་ཐ་དད་པ་ལྟར་སྣང་བས་སོ། །སྙོམས་པར་ཞུགས་པ་ནི་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་བཞེངས་བཞུགས་མི་མངའ་ཡང་། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་རྡུལ་ཚོན་གྱི་དལ་ཙོམ་ན། ཏིང་ངེ་ལ་སྙོམས་པར་ཞུགས་ཤིག་པའི་ཕྱིར་གདམས་ངག་ཏུ་བཞག་པའི་ཚུལ་ཡིན་ནོ། །དགོས་པ་དང་ལྡན་པས་བྱ་ན། ཤིན་ཏུ་འཕྲ་བའི་དམ་ཚིག་མཆོག །ཅེས་དཀྱིལ་འཁོར་བྱེད་པའི་རྣལ་འབྱོར་པ་དེ་ཡང་། སྔོན་དུ་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་ཞིང་། སེམས་ལ་དབང་ཐོབ་པས་བྱ་དགོས་པའི་ཕྱིར་ན་ཤིན་དུ་ཕྲ་བའི་ཅེས་སོ། །རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་སྒོམ་པ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་ཡིན་ནོ། །ཕྲ་མོའི་ཏིང་ངེ་འཛིན་གྱིས་སེམས་སྦྱངས་ནས་ལས་སུ་རུང་དགོས་པས་མཆོག་གོ། །གནས་གང་དུ་བྱ་ན། ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཞེས་སློབ་དཔོན་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྒོམས་པའི། ཕྱག་མཉམ་བཞག་དུ་སྣོལ་བའི་མཐིལ་དུ་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་སྒོམ་ཞིང་བྲི་བ་ནི། དལ་གང་དུ་བྱ་ཞེ་ན། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། ཞེས་ཐུགས་རྡོ་རྗེ་སེམས་དཔས་གཙོ་བྱས་པ་ནི། དཀྱིལ་འཁོར་རྣམས་ཀྱི་ནང་ནས་དམ་པའམ། སྙིང་པོ་ལྟ་བུ་ཡིན་པས་སྟེ། །ཚད་ནི། སོར་ནི་བཞིའི་ཚད་དུ་བྱ། །ཞེས་ཚད་ནི་སོར་བཞིར་བྱ་སྟེ། དེའི་དགོས་པ་ནི་ཡུམ་གྱི་མཁའ་མཚོན་པ་ཡིན། རྒྱུ་ནི་ཤིང་ཙན་དན་ནམ། དྲི་ཞིམ་པ་ལ་བྱ། བྲི་ཐབས་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ་ཚོན་གྱིས་བྲི་བར་བྱའོ། །ཐབས་ལམ་དུ་ན། ཡུམ་གྱི་བྷ་ག་ནམ་མཁའི་སྟོང་པ་ནི་ཕྱག་རྒྱ་ཆེན་པོ། དེའི་ཚད་སོར་བཞི་པ། དེ་ལ་རྟེན་ནས་བདེ་བ་སྐྱེ་བས་ཐུགས་ཀྱི་དལ། རྩའི་དབྱིབས་དལ། དེར་ཡབ་ཀྱི་བྱང་སེམས་འཇུག་པའོ། །ཐལ་བ་ནས། ཕྱག་རྒྱ་ཆེན་པོ་ནམ་མཁའི་ཁམས། །སོར་བཞི་ཚད་དུ་ཡང་དག་གནས། །བདེ་བའི་ཡེ་ཤེས་ཐུགས་དཀྱིལ་འཁོར། །ཁ་དོག་དབྱིབས་དང་ལྡན་པར་བྱ། །ཐབས་ཀྱི་རབ་གནས་ཆོ་གར་བསྟན། །ཞེས་བཤད་པས། ཕྲ་མོ་ལ་སྦྱངས་ན་གསང་དབང་སྐུར་དུ་རུང་བར་བཤད་དོ། །འདི་རྣམས་སྣོལ་མཚམས་འཕེན་སྡུད་དུ་བཤད་དོ། །འབྲུ་ལྔ། འབྲུ་ལྔ་ལ་གསུམ་སྟེ། ངོ་བོ་དང་། རང་བཞིན་དག་པར་བྱ་བ་དང་། འབྲས་བུ་ཐོབ་པར་བྱ་བའོ། །ངོ་བོ་ལ་ལྔ་སྟེ། ནས་དང་། སྲན་མ་དང་། གྲོ་དང་། སོ་བ་དང་། ཏིལ་དཀར་པོའོ། །རང་བཞིན་དག་པར་བྱ་བ་ནི། ཕུང་པོ་ལྔའི་རང་བཞིན་རིགས་ཀྱི་ཡབ་ལྔར་དག་ནས་འབྲས་བུ་གང་ཐོབ་པ་ནི། སྐུ་ལྔའི་སངས་རྒྱས་ཀྱི་རང་བཞིན་ཐོབ་བོ། །སྤོས་ལྔ། སྤོས་དྲིལ་གསུམ་སྟེ། དང་པོ་ངོ་བོ་ལྔ་ནི། གུར་གུམ་དང་། གླ་རྩི་དང་། ཙན་དན་དཀར་དམར་དང་། འཛ་ཏི་དང་། ཨ་ཀ་རུའོ། །དག་པར་བྱ་བ་ནི། འབྱུང་བ་ལྔ་ཡུལ་ལྔར་དག་ནས། འབྲས་བུ་ནི། འཕྲིན་ལས་བཞི་ལྷུན་གྱིས་གྲུབ་པ་དང་ལྔ་ཐོབ། །རིན་ཆེན་ལྔ། ཞེས་རིན་པོ་ཆེ་ལྔ་ལ་གསུམ་སྟེ། ངོ་བོ་ལྔ་ནི། བྱི་རུ་དང་། མུ་ཏིག་དང་། གསེར་དང་། དངུལ་དང་། མུ་མྱེན་ལྔའོ། །དག་པར་བྱ་བ་ནི། འབྱུང་བ་ཡེ་ཤེས་ལྔར་དག་པའོ། །འབྲས་བུ་ནི། ཞིང་ཁམས་རྣམ་པར་དག་པ་ལྔ་ཐོབ་པའོ། །སྙིང་པོ་ལྔ་དང་། སྙིང་པོ་ལྔ་ལ་ཡང་གསུམ་སྟེ། ངོ་བོ་ལྔ་ནི། སའི་སྙིང་པོ་གསེར། ཤིང་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཆུའི་སྙིང་པོ་ལན་ཚྭ། རྩི་ཐོག་གི་སྙིང་པོ་མར་རོ། །དག་པ་ནི་རྣམ་ཤེས་བརྒྱད་དག་པའོ། །འབྲས་བུ་ནི། ཐུགས་ཡེ་ཤེས་འབྲས་བུ་ཐོབ་པའོ། །སྨན་ལྔ་དང་། ཞེས་སྨན་ལྔ་ལ་ཡང་གསུམ་སྟེ། ངོ་བོ་ལྔ་ནི། ཧ་ས་དེ་བ་ཤུ་དག་དང་། བྲི་ཧ་ཏི་དབང་པོ་ལག་པ་དང་། སྦེ་ཏ་སླེ་ཏྲེས་དང་། ཀན་རྟ་ཀ་རེ་སེ་བ་དཀར་པོ་དང་། ཨ་སྦྲ་རྩི་ཏ་ཆུ་སྲིན་སྡེར་མོའོ། །དག་པ་དབང་པོ་ལྔ་དག་ནས་ཐོབ་པ་གསུང་ལྔ་ཐོབ་བོ། །བདུད་རྩི་ལྔ་ནི་རབ་སྙམས་ལ། །ཞེས་བདུད་རྩི་ནི་གསུམ་སྟེ། ངོ་བོ་ལྔ་ནི། པད་མ་རཀ་ཏ་བྱང་ཆུབ་སེམས་དམར་པོ་དང་། ག་བུར་བྱང་ཆུབ་སེམས་དཀར་པོ་དང་། ཁུ་བ་དྲི་ཆུ་དང་། བླ་རྩི་ཏེ་དྲི་ཆེན་དང་། མང་ས་ཏེ་ལྔའོ། །དག་པ་ཁམས་བདུད་རྩི་ལྔ་དག་ནས། ཐོབ་པ་རིགས་ལྔ་ཐོབ་བོ། །སུམ་ཅུ་པོ་རྣམས་ཆ་མཉམ་ལ་སྲབ་འཐུག་རན་པར་བྱུག་པ་བྱ། བུམ་རྫས་ཡང་བྱའོ། །འདི་ལ་མན་ངག་གི་ཐིག་ལེ་གཟུང་སྟེ། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་སོར་བཞིའམ་འཛུབ་གང་གི་དལ་ལ། ས་ཐིག་དང་རྣམ་ཐིག་གདབ་དུ་མྱེད་དེ། རིག་པས་ཐིག་གདབ་པའམ། ཡང་ན་རིག་པ་བྱང་ཆུབ་སེམས་ཀྱི་དོན་རྟོགས་པ་དང་ལྡན་པས་ཐིག་གདབ་བོ། །འདིས་མན་ངག་ཐིག་གི་ཚིག་ཟིན་ནོ། །ལྟེ་བ་རྩིབས་དང་ལྡན་པའི། །ཞེས་ཞི་བ་རྒྱས་པ་ལ་ཚོམ་བུ་ལྔའི་དཀྱིལ་འཁོར་དུ་བྱེད་ན། འཁོར་ལོ་དབུས་ཀྱི་ལྟེ་བ་ལ། འཁོར་ལོ་རྩིབས་བཞི་དང་ལྡན་པར་བྲི། །ཚོན་ཕྱོགས་དང་མཐུན་པར་ཏང་བར་བྱ། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཞེས་ཕྱོགས་བཞིར་འཁོར་ལོར་རྩིབས་བཞི་ལ། རྩིབས་རེ་རེ་ལ་ཡང་འཁོར་ལོ་རྩིབས་བཞི་པ་རེ་བྲི། འཁོར་ལོ་ཐམས་དག་པའོ། །འབྲས་བུ་ནི། ཞིང་ཁམས་རྣམ་པར་དག་པ་ལྔ་ཐོབ་པའོ། །སྙིང་པོ་ལྔ་དང་། སྙིང་པོ་ལྔ་ལ་ཡང་གསུམ་སྟེ། ངོ་བོ་ལྔ་ནི། སའི་སྙིང་པོ་གསེར། ཤིང་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཆུའི་སྙིང་པོ་ལན་ཚྭ། རྩི་ཐོག་གི་སྙིང་པོ་མར་རོ། །དག་པ་ནི་རྣམ་ཤེས་བརྒྱད་དག་པའོ། །འབྲས་བུ་ནི། ཐུགས་ཡེ་ཤེས་འབྲས་བུ་ཐོབ་པའོ། །སྨན་ལྔ་དང་། ཞེས་སྨན་ལྔ་ལ་ཡང་གསུམ་སྟེ། ངོ་བོ་ལྔ་ནི། ཧ་ས་དེ་བ་ཤུ་དག་དང་། བྲི་ཧ་ཏི་དབང་པོ་ལག་པ་དང་། སྦེ་ཏེ་སླེ་ཏྲེས་དང་། ཀན་རྟ་ཀ་རི་སེ་བ་དཀར་པོ་དང་། ཨ་སྦྲ་རྩི་ཏ་ཆུ་སྲིན་སྡེར་མོའོ། །དག་པ་དབང་པོ་ལྔ་དག་ནས་ཐོབ་པ་གསུང་ལྔ་ཐོབ་བོ། །བདུད་རྩི་ལྔ་ནི་རབ་སྙམས་ལ། །ཞེས་བདུད་རྩི་ནི་གསུམ་སྟེ། ངོ་བོ་ལྔ་ནི། པད་མ་རཀ་ཏ་བྱང་ཆུབ་སེམས་དམར་པོ་དང་། ག་བུར་བྱང་ཆུབ་སེམས་དཀར་པོ་དང་། ཁུ་བ་དྲི་ཆུ་དང་། བླ་རྩི་ཏེ་དྲི་ཆེན་དང་། མང་ས་ཏེ་ལྔའོ། །དག་པ་ཁམས་བདུད་རྩི་ལྔ་དག་ནས། ཐོབ་པ་རིགས་ལྔ་ཐོབ་བོ། །སུམ་བཅུ་པོ་རྣམས་ཆ་མཉམ་ལ་སྲབ་འཐུག་རན་པར་བྱུག་པ་བྱ། བུམ་རྫས་ཡང་བྱའོ། །འདི་ལ་མན་ངག་ཐིག་གཟུང་སྟེ། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་སོར་བཞིའམ་འཛུབ་གང་གི་དལ་ལ། ས་ཐིག་དང་རྣམ་ཐིག་གདབ་དུ་མྱེད་དེ། རིག་པས་ཐིག་གདབ་པའམ། ཡང་ན་རིག་པ་བྱང་ཆུབ་སེམས་ཀྱི་དོན་རྟོགས་པ་དང་ལྡན་པས་ཐིག་གདབ་བོ། །འདིས་མན་ངག་ཐིག་གི་ཚིག་ཟིན་ནོ། །ལྟེ་བ་རྩིབས་དང་ལྡན་པའི། །ཞེས་ཞི་བ་རྒྱས་པ་ལ་ཚོམ་བུ་ལྔའི་དཀྱིལ་འཁོར་དུ་བྱེད་ན། འཁོར་ལོ་དབུས་ཀྱི་ལྟེ་བ་ལ། འཁོར་ལོ་རྩིབས་བཞི་དང་ལྡན་པར་བྲི། ཚོན་ཕྱོགས་དང་མཐུན་པར་ཏང་བར་བྱ། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས། །ཞེས་ཕྱོགས་བཞིར་འཁོར་ལོ་རྩིབས་བཞི་ལ། རྩིབས་རེ་རེ་ལ་ཡང་འཁོར་ལོ་རྩིབས་བཞི་པ་རེ་བྲི། འཁོར་ལོ་ཐམས་ཅད་ལ་ཕྱི་ནང་གི་མུ་ཁྱུད་རྡོ་རྗེའི་འཕྲེང་བས་ར་བར་བསྐོར་བར་བྱའོ། །གྲུ་ཆད་བཞི་དང་གྲུ་བཞི་དང་། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །ཞེས་ཕྱི་རོལ་གྲུ་ཆད་བཞི་སེར་པོ། གྲུ་བཞི་ལྷ་རྣམས་ནི་ཕྱོགས་དང་མཐུན། དེ་གང་བཞེ་ན། བར་ཁྱམས་སོ། །སྒོ་བཞི་དང་། སྒོ་ཁྱུད་པན་ཙ་ར་གའི་རྩིག་པ་དང་ལྡན་པ་རྟ་བབས་སོ། །འདི་ལྟར་ཚད་སོར་བཞི་ལ། དབྱིངས་འདི་ལྟར་བྲིས་པས། ཤིན་དུ་ཕྲ་བར་བྲིས་པ་ཁོ་ན། ཕྲ་མོའི་དཀྱིལ་འཁོར་དུ་གྱུར་པས་ཕྲ་མོའི་དལ་བྲི་བ་ཡིན་ནོ། །སེན་ཟླུམ་ཙམ་གྱི་གདན། ཉི་ཟླ་ལ། །རྩ་ནའི་འབྲུ་ཙམ་སྐུ། པད་མོའི་གདན། །ཞེས་སྐུ་བགོད་པ་ནི། སེན་མོ་ཟླུམ་པོ་ཙམ་གྱི་ཉི་མའི་དལ་དང་། ཟླ་བའི་དལ་བྲི། རྒྱ་གར་གྱི་སྲན་མ་ཙ་ན་ཀ་ནི། བོད་ཀྱི་སྲན་མ་འབྲིང་པོའོ་ཚད་ཙམ་མོ། །དེ་ཙམ་པའི་པདྨོའི་གདན་བྲི། དེའི་སྟེང་དུ་དེ་ཙམ་པའི་སྐུ་ཡང་བྲིའོ། །ཉུངས་འབྲུ་གསུང་ཙམ་གྱི་ཡི་གེ་ལ། །ཞེས་གསུང་ཡིག་འབྲུ་བགོད་ན། ཉི་ཟླ་པད་མའི་སྟེང་དུ། ཀ་ཁ་ལ་སོགས་པ་བཞི་བཅུ་རྩ་གཉིས་སམ། ཨཱོཾ་ཨཱ་ཧཱུཾ་ལ་སོགས་པ། ཚད་ཉུངས་དཀར་གྱི་འབྲུ་ཙམ་པ་བྲི། ཕྱག་རྒྱ་ཏིལ་འབྲུ་ཙམ་ཐུགས། དུ་བྲི། །ཞེས་ཐུགས་ཕྱག་མཚན་གྱི་དགོད་ན། ཉི་ཟླ་པད་མའི་གདན་ལ། རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་རྣམས། ཆེ་ཆུང་གི་ཚད་ཏིལ་གྱི་འབྲུ་ཙམ་པ་བྲི་བར་བྱའོ། །འདི་ཡང་སྣོལ་མཚམས་འཕེན་བསྡུད་དུ་བཤད་དོ། །བཅོས་བུའི་རས་ནི་སྣ་ཚོགས་དང་། །ཞེས་དཀྱིལ་འཁོར་གྱི་རྒྱན་ནི། རས་ཁ་དོག་སྣ་ཚོགས་སུ་བཅོས་པ་ལ། མཆོད་པའི་ཡོ་བྱད་སྣ་ཚོགས་དང་། རྒྱལ་མཚན་དང་། གདུགས་དང་། བ་དན་དང་། གདུང་གཡོགས་ལ་སོགས་པ་བྱེད་པའོ། །རྒྱན་འཕྲེང་སྟུང་དང་བྲོ་བས་བསྐོར། །ཞེས་དལ་གྱི་རྒྱན་མདའ་དང་། རལ་གྲི་དང་། ཕུར་པ་དང་། མཚོན་ཐག་ར་བའི་འཕྲེང་བ་དང་། སྟུང་བའི་རྣམ་པ་རོ་དྲུག་ལ་སོགས་པ། རོ་བྲོ་བས་དལ་བསྐོར། དེ་དག་ནི་ཟང་ཟིང་རྫས་ཀྱི་མཆོད་པའོ། །གླུ་ཚིག་བྲོ་གར་རོལ་མོ་ཡིས། །ཞེས་རྡོ་རྗེའི་གླུ་དང་། གསང་སྔགས་ཟབ་མོའི་ཚིག་ཏུ་ལྡན་པ་དང་། རྐང་པས་ཀྱང་བདུད་བཞི་འདུལ་བའི་བྲོ་དང་། ལག་པས་རྡོ་རྗེའི་གར་དང་། དེ་ལྟ་བུའི་རོལ་མོའི་དངོས་སམ། ནན་ཏན་དུ་ཏིང་ངེ་འཛིན་གྱིས་མཆོད་པ་ནི། སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད། །ཅེས་མཆོད་པ་དེ་དག་ཡང་། ནན་ཏན་གྱི་ཏིང་ངེ་འཛིན་གྱིས། ཅིག་ལས་བཅུ། བཅུ་ལས་བརྒྱ། བརྒྱ་ལས་སྟོང་། སྟོང་ལས་ཁྲིར་སྤྲུལ་ཏེ། དཔེར་ན་ནམ་མཁའ་སྟོང་པ་ལ་སྤྲིན་འདུ་བ་ལྟར། སེམས་དང་བའི་ཏིང་ངེ་འཛིན་ལས། ནམ་མཁའི་སྤྲིན་ཕུང་ཙམ་པ་སྤྲུལ་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ལ། རབ་ཏུ་དང་བའི་སེམས་ཀྱིས་མཆོད་པ་བྱའོ། །ཡུམ་དང་འཇོ་མ་སེམས་མ་ཡིས། །ཞེས་སྦྱོར་བའི་མཆོད་པ་བྱེད་ན། ཡུམ་ནི་རང་གི་གཟུངས་མ་སྟེ། རིགས་ཀྱི་ཡུམ་ལྔར་བྱིན་གྱིས་བརླབས་ལ། བདེ་བས་མཆོད་པར་བྱའོ། །འཇོ་མ་ནི། འཇོལ་སྒེག་དང་ལྡན་པའི་ལྷ་མོ་སྒེག་མོ་ལ་སོགས་པར་བྱིན་གྱིས་རླབས་ལ་མཆོད་པ་དང་། སེམས་མ་ནི། མཆོད་པའི་ལྷ་མོ་སྤོས་མ་ལ་སོགས་པར་བྱིན་རླབས་ལ་མཆོད་པའོ། །ཡིས་ཅེས་པ། གཟུངས་མ་ཡུམ་དུ་བྱིན་གྱིས་རླབས་པ་ཡིས་མཆོད། སྲས་མོ་འཇོ་མར་བྱིན་གྱིས་རླབ་པ། སློབ་མ་སེམས་མར་བྱིན་གྱིས་རློབ་བོ། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །ཅེས་སློབ་དཔོན་ཇི་ལྟར་དགྱེས་པར་མཆོད་པར་རམ། སློབ་མ་དངོས་གྲུབ་ཇི་ལྟར་འདོད་པ་བཞིན་མཆོད་པའམ། མཆེད་བཞིའི་རྣམས་ལས་རྣམ་པ་བཞིའི་ཁྱད་པར་འདོད་པ་ལྟར། མཆོད་པ་སྟེ། མཆོད་པའི་དོན་ལ་གསོལ་བ་འདེབས་པའི་ཕྱིར་མཆོད་པ་ཡིན་པས་སོ། །དབྱིབས་དང་ཁ་དོག་མཚན་ལྡན་འབར། །ཞེས་སྦྱིན་སྲེག་ནི། དབྱིངས་ནི་ཞི་བ་ལྔ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་ཁམ། དྲག་པོ་ལ་གྲུ་གསུམ་མོ། ཁ་དོག་ནི། ཞི་བ་དཀར། རྒྱས་པ་སེར། དབང་དམར། དྲག་པོ་ནག་པོ། མཚན་ལྡན་ནི། ཞི་བ་ལ་འཁོར་ལོས་མཚན། རྒྱས་པ་ལ་རིན་པོ་ཆེ། དབང་ལ་པད་མ། དྲག་པོ་ལ་རྡོ་རྗེ་སྡེངས་པོ་འོད་ཁ་དོག་སྣ་ཚོགས་འབར་བས་མཚན་པའོ། །ཞལ་དུ་གྱུར་པའི་མེ་བོས་ལ། །ཞེས་སྲེག་རྫས་ཞལ་དུ་འབུལ་བར་གྱུར་པ་ནི། མེ་ལྷ་ཡིན་ཏེ། མེ་བོས་ནི་མེ་ལྷ་སྤྱན་དྲངས་པའོ། །མེ་ལྷ་དམར་པོ་ར་སྐྱེས་ཞོན་པ། གྷུདྷེ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །དེ་ལ་མཆོད་པ་ནི། མེ་ལྷ་ལ་བྱ་བའི་རིམ་པའོ། །མེ་ལྷའི་ལྟོ་བར་ལྷ་བསྐྱེད་ལ་མཆོད་པ་ནི་ཡེ་ཤེས་ལྷ་ལ་བྱ་བའི་རིམ་པའོ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ཤེས་སྲེག་རྫས་ནི། ཞི་བ་ལ་བཟའ་བ་མར། ཏུང་བ་འོ་མ། བྲོ་བ་མར་ཞིམ་པོ། རྒྱས་པ་ལ། ཁུར་བ་དང་ཆང་། དབང་ལ། བུ་རམ། སྦྲང་རྩི། དྲག་པོ་ལ་ཤ་དང་ཁྲག །གཞན་རོ་མཆོག་དང་ལྡན་པ་སྣ་ཚོགས་ཀྱིས་མཆོད་པའོ། །ཡང་ན་ཞི་བ་ལ་འབྲས་དང་ཞོ་མར་རོ། །རྒྱས་པ་ལ། བུ་རམ་རྒུན་ཆང་། དབང་ལ་ཚ་དང་ཀྱུར་བ། དྲག་པོ་ལ་སྐྱེ་ཚེ་ལན་ཚ་དུག་གོ། །ལས་བཞིའི་མཆོད་པས་རབ་ཏུ་མཆོད། །ཅེས་ལྔ་དྲོ་ཞི་བའི་ལས་བྱ་སྟེ། དང་བའི་སེམས་ཀྱིས་མཆོད། སྔ་དྲོ་འོག་མ་རྒྱས་པའི་ལས་བྱ་སྟེ། དགའ་བའི་སེམས་ཀྱིས་མཆོད། ཕྱི་དྲོ་དང་པོ་དབང་གི་ལས་ཏེ། ཆགས་པའི་སེམས་ཀྱིས་མཆོད། གོང་མོ་དྲག་པོའི་ལས་བྱ་ཏེ། ཁྲོས་པའི་སེམས་ཀྱིས་མཆོད་དོ། །དེ་རྣམས་པ་ཆོ་ག་དང་དབང་བསྐུར་དང་། རབ་གནས་དང་། མཆོད་པ་དུས་སུ་རབ་ཏུ་མཆོད་པར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་དུ། ཞེས་དཀྱིལ་འཁོར་སོར་བཞི་པ་ལ་ཁྲོ་དལ་བྲི། སུམ་ཅུས་འགོ་མ་༼འབྲུ་ལྔ།༽ ཡེང་གཏང་། ༼རིགས་པས།༽རིགས་ཐིག་གདབ། ༼ལྟེ་བ།༽དལ་བྲི། ༼སེན་ཟླུམ།༽དམྱིགས་རྟེན་དགོད། ༼བཅོས་བུ།༽མཆོད་པ་བགོད། མཆོད་པ་དབུལ་ལོ། །༼གླུ་གར།༽འདི་རྣམས་ནི་གཞུང་འཁྲུགས་མྱེད་གྱི་གནས་དེ། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡང་ཡི་གེ་བྷྲཱུཾ་ལས་སྐྱེད་དོ། །གཉེན་འཇམ་རེག་ན་བདེ་བའི། །ཞེས་ཏེག་ན་འཕར་མཉམ་བྱེད་པ། མནན་ན་ནེམ་མཉམ་བྱེད་པས་ན་མཉེན་འཇམ་མོ། །རེག་ན་འཇམ་ཞིང་། ནང་དུ་རྟོགས་པའི་ཡེ་ཤེས་ཟག་མྱེད་ཀྱི་བདེ་བ་ཁྱད་པར་ཅན་སྐྱེ་བའི་གནས་སུ་གྱུར་པ་ཡི་གེ་བྷྲཱུཾ་ལས་བསྐྱེད་དེ་སྤྲོས་ལ་མཆོད། སྣོད་མ་དག་པ་རྣམས་སྦྱང་བར་བྱའོ། །སྣ་ཚོགས་རིན་པོ་ཆེའི་གཞི། །ཞེས་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་ལ། མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཞེས་རིན་པོ་ཆེའི་མིག་མངས་རིས་སུ་བྲིས་པ། སྐབས་སྐབས་སུ་རིན་པོ་ཆེའི་འབུར་གྱིས་སྤྲས་པ། ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །ཞེས་རི་ཐམས་ཅད་ཡི་གེ་ཏྲཾ་ལས་དགོས་འདོད་ཀུན་ཡིད་བཞིན་དུ་འབྱུང་བའི་རིན་པོ་ཆེའི་ཕུང་པོ་འོད་འབར་བར་སྤྲུལ་ལོ། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །ཞེས་ཆུ་ཐམས་ཅད་ཡི་གེ་ཁཾ་ལས་དབྱིབས་ལེགས་པའི་རྫིང་བུ་རོ་མཆོག་བརྒྱ་དང་ལྡན་པ་མངར་བ་བསིལ་བ་ནད་འདུ་བ་རྣམ་བཞི་ལ་བྱམས་པར་སྤྲུལ་ལོ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །ཞེས་ཁྱིམ་ཐམས་ཅད་ནི། ཡི་གེ་ༀ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱན་སྣ་ཚོགས་ཀྱིས་རྒྱན་པར་སྤྲོས་ལ་དབུལ་ལོ། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །ཞེས་ཁང་པ་ལ་རིན་པོ་ཆེའི་རྒྱན་དང་། ཤིང་ཐམས་ཅད་ཡི་གེ་སྭ་ལས། དཔག་བསམ་གྱི་ལྗོན་ཤིང་གི་ཚལ་དུ་གྱུར་པར་བྱིན་གྱིས་བརླབ་བོ། །གླུ་དབྱངས་ཚིགས་སུ་གཅད་པའི་སྒྲ། །ཞེས་འཇིག་རྟེན་གྱི་གླུ་བཞི་ནི། བཀའ་བོ་ཆེ་གདུང་འབྱམ་སྔགས་གླུ་དང་། ལྷ་མོ་ལུགས་ཀྱི་གླུ་ཉན་ཐོས་ཀྱི་གླུ་དབྱངས་དང་། སྲིད་པ་བདེ་སྦྱོར་བསྟན་ཆོས་ཀྱི་གླུ་དང་། མོས་པ་ཐ་དད་རང་དགའི་གླུ་དང་རྣམས་སམ། སྒྲ་སྒྲག་པ་ཐམས་ཅད་ཧྲི་ལས་བྱིན་རླབ་བོ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །ཞེས་གོས་ཐམས་ཅད་ཨཱོཾ་ལས་སྟེང་བླ་རེ། འོག་གདན། བར་ན་བཟའ། ཕྱོགས་མཚམས་ཀྱི་ཡོལ་བ། སྟེང་གི་གདུགས་དང་། རྒྱལ་མཚན་དང་། བ་དན་དུ་བྱིན་བརླབས་སོ། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཞེས་རྒྱན་ཐམས་ཅད་རིན་པོ་ཆེའི་དོ་ཤལ་དང་། དཔུང་རྒྱན་དང་། སེ་མོ་དོ་དང་། སྐེ་སྐོར་ཕྱེད་པ་དང་། ཕྱག་དུབ་ཞབས་དུབ་དུ་བྱིན་བརླབ་པར་བྱ། བཟའ་དང་བཏུང་བའི་མཆོག་རྣམས་དང་། །ཞེས་བཟའ་བ་ཐམས་ཅད་ཡི་གེ་ཨཱོཾ་ལ་རོ་མཆོག་བརྒྱ་དང་ལྡན་པའི་ཁ་ཟས་དང་། བདུད་རྩི་ཆེན་པོ་ཟོས་པ་དང་འཐུངས་པ་ཙམ་གྱིས་བདེ་བ་སྐྱེ་བར་བྱིན་རླབ་བོ། །རང་ལ་མཛེས་པར་རྒྱན་པའི། །ཞེས་རྣལ་འབྱོར་པ་རང་ཉིད་ལ་ཆས་དང་རྒྱན་གྱིས་མཛེས་པར་རྒྱན་པའམ། རང་ལྷར་བསྒོམས་པའི་ལྷ་དང་ལྷ་མོ་ལས་སྤྲོས་པའི། ལྷ་དང་ལྷ་མོ་རྡུལ་རྙེད་ཀྱི། །ཞེས་ལྷ་དང་ལྷ་མོ་རྡུལ་ཕྲ་རབ་སྙེད་དང་གྲངས་མཉམ་པ་སྤྲུལ། ཡང་ན་རང་ལུས་དེར་སྤྲུལ་ལོ། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཞེས་དེ་ཡང་རྐང་པས་བྲོ་བྱེད། ལག་པས་གར་སྐྱོད། ཞལ་དུ་སྒྲ་སྒྲོགས་པ་བསམ་ཡས་པ། ཕྱོགས་བཅུ་ནམ་མཁའི་ཁམས་བསྐང་ནས། །ཞེས་ཕྱོགས་བཅུའི་ནམ་མཁའི་ཁམས་སམ། ཁམས་གསུམ་ཐམས་ཅད་མཆོད་པས་བསྐང་ནས། དཀྱིལ་འཁོར་ཀུན་ལ་རྒྱས་པར་འབུལ། །ཞེས་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཡོད་ཚད་ཀུན་ལ་དབུལ་ལོ། །བསྐལ་ལྡན་གསལ་བའི་ཁྱད་པར་གྱིས། །ཞེས་མཆོད་པ་དེ་རྣམས་གང་གིས་འབུལ་ན། ཤེས་རབ་རྣམ་པར་གསུམ་གྱིས་བློའི་རྒྱུད་སྤྱངས་ཤིང་། ལས་དང་སྐལ་བར་ལྡན་པ། གཉིས་སུ་མྱེད་པའི་བྱང་ཆུབ་སེམས་རྟོགས་པའི་ཤེས་རབ་གསལ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པའི་བྱ་བ་བྱས་པ། ལས་འཕྲོ་དང་སྐལ་བར་ལྡན་པ་དེའི་ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་ཞེའོ། །རིམས་ཀྱིས་ཡང་ན་ཅིག་ཆར་དུ། །ཞེས་གོང་གི་མཆོད་པའི་ཁྱད་པར་དེ་རྣམས་ནི། ཏིང་ངེ་འཛིན་གསལ་ན་དུས་གཅིག་ལ་ཅིག་ཆར་དུ་དབུལ། ཏིང་ངེ་འཛིན་མི་གསལ་ན། ཡིག་འབྲུ་ལས་སྤྲོས་ཤིང་། སྤྲུལ་ལ་རིམ་གྱིས། དལ་བུས་བསྟན་པར་བྱས་ཤིང་དབུལ་ལོ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །ཞེས་ཚད་ཀྱི་དངོས་ནས་ནི། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར་མཆོད་པས་ཁྱབ་པར་སྦྱོར་བ་དང་། འབྱུང་ལུགས་ཀྱི་དངོས་ནས། དང་པོ་ཡང་ཆོས་ཀྱི་དབྱིངས་ནས་བྱུང་ལ། ཐ་མ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་པར་སྦྱོར་བའོ། །རྟོགས་པའི་དངོས་ནས། མཆོད་པ་དངོས་པོར་བཟུང་བ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་མཚན་མ་མྱེད་པར་རྟོགས་པར་མཉམ་པར་སྦྱོར་བའོ། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་མཆོད་གནས་ཀྱི་ཡུལ་ལྷ་དང་། དབུལ་བྱའི་མཆོད་རྫས་དང་། མཆོད་པ་འབུལ་མཁན་གྱི་རྣལ་འབྱོར་པ་བདག་ཉིད་དང་གསུམ། དབྱེར་མྱེད་པ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །གསལ་ལྡན་མའམ་བྱིན་བརླབས་ལ། །ཞེས་ཡུམ་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པའི་བྱ་བ་བྱས་པ། ལས་འཕྲོ་དང་སྐལ་བར་ལྡན་པས། ཤེས་རབ་རྣམ་པ་གསུམ་གྱིས་རིག་པའི་བློ་སྦྱངས་ནས། མཉམ་ཉིད་གཉིས་སུ་མྱེད་པའི་བྱང་ཆུབ་སེམས་རྟོགས་པ་གསལ་ན་བྱིན་གྱིས་རླབ་མི་དགོས། དེ་ལྟ་བུ་མ་ཡིན་ན། གང་ཡང་རུང་བའི་རིགས་ཀྱི་ཡུམ་ལྔར་བྱིན་རླབས་ལ། སྟོང་གསུམ་ཉུངས་འབྲུར་བཞུགས་ཚུལ་དུ། །ཞེས་སྦྱོར་བའི་མཆོད་པའི་དྲོད་ཚད་དང་སྦྱར་ན། སྟོང་གསུམ་ཙམ་གྱི་ཆེན་པོ་ཉུངས་འབྲུ་ཙམ་གྱི་ཆུང་དུ་བཞུགས་པ། སྟོང་གསུམ་ཙམ་གྱི་ཆེན་པོ་འགེངས་པའི་ཏིང་ངེ་དང་ལྡན་པས་བྱ་བའམ། དཔེའི་ཚུལ་དུ་སྦྱར་ན། དཔེར་ན་སྟོང་གསུམ་གྱི་ཆེན་པོ་ཉུངས་འབྲུ་ཙམ་གྱི་ཆུང་ངུ་རུ་བཞུགས་པའི་ཚུལ་དུ། དུས་གསུམ་གྱི་སངས་རྒྱས་རྣམས་རྣལ་འབྱོར་གྱི་སེམས་བཞུགས་པའོ། །དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད། །ཅེས་ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པར། བདེ་བར་གཤེགས་པ་སངས་རྒྱས་ཀྱི་དལ་གྱིས་ཁྱབ་ལ། དལ་དེ་དག་ཡུམ་གྱི་གསང་བའི་མཁའ་ལ་སྤྱན་དྲངས་ཤིང་མཆོད་དེ། ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སུ། ཡབ་ཀྱི་བྱང་ཆུབ་སེམས་ཐུགས་ཡེ་ཤེས་ཀྱི་དལ་སྤྲོས་ལ། ཕྱོགས་བཅུའི་རྒྱལ་བ་མཆོད་པའོ། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག །ཅེས་དེ་ལྟར་མཆོད་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཉེས་ནས། བྱིན་གྱིས་རློབ་ཅིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཏེར། དངོས་གྲུབ་རྩལ་བ་ལས་མི་འདའ་བས་ན་དམ་ཚིག་དེ་ལས་ཐམས་ཅད་འགྲུབ་པས་ན་མཆོག་ཡིན་ནོ། །བདག་ཉིད་ཆེན་པོ་མཆོད་པ་ཡིས། །ཞེས་ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མྱེད་པར་རྟོགས་པའི་རྣལ་འབྱོར་གྱི་བདག་ཉིད་ཆེན་པོས་སྦྱོར་བའི་མཆོད་པ་ཕུལ་བ་ཡིས། སངས་རྒྱས་དཀྱིལ་འཁོར་མ་ལུས་མཉེས། །ཞེས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དལ་མ་ལུས་པ་ཐམས་ཅད་ཡང་མཉེས་ལ། སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །སྲིད་པ་གསུམ་གྱི་འགྲོ་བ་མ་ལུས་པ་ཐམས་ཅད་ལ་ཡང་། དགའ་བ་ཆེན་པོས་ཁྱབ་པར་འགྱུར། །ཞེས་རང་གི་ངོ་བོ་ལ་ལྟོས་པའམ་ལྷན་སྐྱེས་ཆེན་པོས་དགའ་བ་བཅུ་དྲུག་གིས་ཐམས་ཅད་ལ་ཁྱབ་པའོ། །དགའ་བས་ཁྱབ་ཏུ་བཏུབ་པའི་དཔེ་ནི། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། སྤྲེའུ་གྱི་རྒྱལ་པོ་ཧ་ལུ་མ་དྷས། སྦྲང་རྩི་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་གསོལ་བའི་དུས་ན། སྐལ་བ་ཅན་གྱི་འཁོར་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྦྲང་རྩིའི་རོ་དུས་ཅིག་ཏུ་མྱོང་བར་འགྱུར་ལ། དེ་ལྟར་མྱོང་བར་འགྱུར་བའི་གཞི་ནི། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པས་དེ་ལྟར་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་པས་སྒྱུ་འཕྲུལ་དྲ་བའི་དོན་གཉིས་མྱེད་དུ་རྟོགས་ཤིང་བསྟན་པ་ཐོབ་པ་ཡིས། སྦྱོར་བ་བྱང་ཆུབ་སེམས་ཀྱི་མཆོད་པ་བྱས་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ནི་མཉེས་ལ། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ། དགའ་བས་དུས་ཅིག་དུ་ཁྱབ་པར་འགྱུར་བ་ཡང་མི་འགལ་བར་བསྟན་པ་ཡིན་ནོ། །ཡུམ་གྱི་བ་ག་ལ། ཕྱི་དབྱིབས་ཀྱི་ཨ་དང་། ནང་སྙིང་པོའི་ཨ་དང་། བསམ་གཏན་གྱི་ཨཱོཾ་ལ་གཟུགས་ཁམས་ཚང་བ་དང་། ཤེས་རབ་ཀྱི་ཨ་ལ་གཟུགས་མྱེད་ཚང་། ཟུང་འཇུག་གི་ཧཱུཾ་ལ་ཐུགས་ཚང་། འགྲོ་བ་དྲུག་གི་ས་བོན་ལ་འདོད་ཁམས་ཚང་། རིགས་ལྔའི་ས་བོན་ལ་མྱ་ངན་ལས་འདས་པ་ཚང་བས། དེར་དགའ་བ་ཉམས་སུ་མྱོང་བས། སངས་རྒྱས་མཉེས། སེམས་ཅན་ལ་དགའ་བས་ཁྱབ་པར་འགྱུར་བ་དེ་བ་གའི་ཡི་གེའི་ཕོ་བྲང་དུ་གནས་པས་སོ། །ཐབས་ཤེས་རབ་གཉིས་སུ་མྱེད་པའི་དགའ་བས་ཁྱབ་པར་འགྱུར་རོ། །སྤྱིར་དགའ་བ་ལ་བཅུ་དྲུག་སྟེ། གོ་རིམས་ལ་ལྟོས་པའི་དགའ་བཞི་དང་། གནས་ལ་ལྟོས་པའི་དགའ་བ་བཞི་དང་། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་དང་། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞིའོ། །གོ་རིམས་ལ་ལྟོས་པའི་དགའ་བ་བཞི་ནི། སྐད་ཅིག་མ་དང་པོ་ལ་དགའ་བ། གཉིས་པ་ལ་མཆོག་དགའ། གསུམ་པ་ལ་དགའ་འབྲལ། བཞི་པ་ལ་ལྷན་ཅིག་སྐྱེས་པའི་དགའ་བའོ། །གནས་ལ་ལྟོས་པའི་དགའ་བ་ལ་གཉིས་ཏེ། ཕྱིའི་གནས་དང་། ནང་ངོ་། །ཕྱིའི་གནས་ལ་ལྟོས་པའི་དགའ་བ་བཞི་ནི། ལུས་ཁོལ་བུར་བདེ་བ་སྐྱེ་བ་དགའ་བ། ལུས་ཕལ་ཆེར་སྐྱེ་བ་མཆོག་དགའ། ལུས་ཕྱེད་ཚལ་དུ་སྐྱེ་བ་དགའ་བྲལ། ལུས་ཡོངས་ལ་ཁྱབ་པར་སྐྱེ་བ་ལྷན་སྐྱེས་སོ། །ནང་གི་གནས་ལ་ལྟོས་པ་ནི། སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་ཀར་དགའ་བྲལ། ལྟེ་བར་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྤང་བྱ་ལ་ལྟོས་པའི་དགའ་བ་བཞི་ནི། རང་གི་རྣམ་རྟོག་རགས་རིམས་འགོག་པ་དགའ་བ། ཡུམ་གྱི་རྣམ་ཏོག་རགས་རིམས་འགོག་པ་མཆོག་དགའ། གཉིས་ཀའི་རྣམ་ཏོག་ཤེས་ཆེར་འགག་པ་དགའ་བྲལ། རྣམ་པར་རྟོག་པ་ཐམས་ཅད་འགག་པ་ལྷན་སྐྱེས་སོ། །རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞི་ནི། བདེ་བ་དགའ་བ། གསལ་བ་མཚོག་དགའ། མི་རྟོག་པ་དགའ་བྲལ། སྟོང་པ་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྒྱུ་འཕྲུལ་དྲྭ་བ་བསྟན་པ་ཡིས། །ཞེས་ཐབས་ཤེས་རབ་འབྲལ་བའི་དོན། ཤེས་རབ་ཀྱིས་རྟོགས། རྟོགས་པའི་དོན་བསྒོམས། བསྒོམས་པས་བསྟན་པ་ཡིས། ཕྱོགས་བཅུ་ན་བཞུགས་ཤིང་། དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། །ཞེས་བདག་གི་རྡུལ་སྙེད་དུ་སྤྲུལ་ནས། ཞལ་མཐོང་གསུང་ཐོས་ཆོས་ཀྱི་སྒྲ་བོ་བྱེད། མཆོད་པའི་ཁྱད་པར་མང་པོས་ཕར་མཆོད་ཚུར་མཆོད་བྱེད་པའོ། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ཞེས་དེར་ཡང་མ་ཟད་དེ་ཁམས་གསུམ་གྱི་འགྲོ་བ་རྣམས་སྔར་གར་སྐྱེས། ད་ལྟར་ཅི་བྱེད། ཕྱིས་གར་སྐྱེ། ལས་ཅི་བྱེད་པ་ཀུན་ཡང་མངོན་སུམ་དུ་མཐོང་བར་འགྱུར་རོ། །བཤད་རྒྱུད་ཐལ་བ་དང་སྦྱར་ན་གསུམ་སྟེ། སྦྱོར་བའི་མཆོད་པ་བྱ་ཐབས་ནི། གསལ་ལྡན་མའམ། ཅེས་པ་བཞི་ནི། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་རྩ་ས་ཡ་ཕྲག་སོགས་དང་། བྷ་གའི་ཡི་གེ་དང་། ཁམས་བདུད་རྩིའི་ཐིག་ལེ་དང་། སྙིང་པོ་རླུང་རྣམས་ལྷར་བྱིན་གྱིས་བརླབས་སོ། །བྷ་གའི་ནང་དུ་འགྲོ་བ་དྲུག་གི་ཡི་གེ་ཉུངས་འབྲུ་ཙམ་དུ་བསྡུས་ཏེ། བྱང་སེམས་དྲངས་ལ་བདེ་བས་མཆོད་ན། བདེ་བ་སྐྱེའོ། །གཉིས་པ་མཆོད་པའི་ཡོན་ཏན་ནི། བདག་ཉིད་ཆེན་པོ་མི་མཆོད་པ་ཡིས། ཅེས་པ་ལ་སོགས་པ་ནི། སྦྱོར་བའི་སྒྲ་ཧ་པའི་རླུང་སྐུལ་ནས། ཁམས་ཐིག་ལེ་སངས་རྒྱས་ཀྱི་བདག་ཉིད་ཀྱི་རྒྱུན། སྟེང་སྒོ་སྤྱི་བོ་ནས་བྱུང་བས། ལུས་ཀྱི་རྟོག་ཚོགས་ལྷར་གནས་པ་དེ་བདེ་བས་མཉེས་སོ། །རྩ་སུམ་ཅུ་རྩ་དྲུག་ནས་ཡབ་ཡུམ་གཉིས་ཀྱི་བུམ་པར་ཐིམ་པས། བདེ་བ་ཐུབ་དྲུག་ལྟ་བུས་བྷ་གའི་ས་བོན་དྲུག་འོད་ཟེར་གྱིས་སྦྱངས་སོ། །དེས་དབང་བསྐུར་བདེ་བ་ཐོབ་པ་དགའ་བས་ཁྱབ་པའོ། །གསུམ་པ་མཆོད་པའི་འབྲས་བུ་ནི། །སྒྱུ་འཕྲུལ་དྲྭ་བ་བསྟན་པ་ཡིས། །ཞེས་སོགས་ནི། སངས་རྒྱས་ཀྱི་ཞལ་མཐོང་། སེམས་ཅན་གྱི་ལས་ཤེས་པར་འགྱུར་བའོ། །དེ་ཡང་ཐལ་བ་ནས། ཤེས་རབ་ཐབས་༼གསལ་ལྟན་མའམ།༽ཀྱི་རྩ་གནས་སུ། །དྲ་བའི་ཐིག་ལེ་ཡི་གེ་ཉིད། །སྒྱུ་འཕྲུལ་དཀྱིལ་འཁོར་གཉིས་སུ་སླབ། །བ་ག་འདུས་པའི་༼སྟོང་གསུམ།༽ཉུངས་འབྲུ་རུ། །ཁམས་གསུམ་འགྲོ་རྣམས་བསྡུས་བྱ་སྟེ། །རྟོག་ཚོགས་དཀྱིལ་འཁོར་མངོན་དུ་བྱ། །ཕྱོགས་བཅུ་དུས་བཞི་སྤྱན་དྲངས་ཏེ། །རིག་པ་སོ་སོའི་གནས་སུ་སྟིམ། །སྐྱོད་པ་ཧ་སིའི་སྒྲ་བསྐུལ་བའི། །བདག་ཉིད་༼བདག་ཉིད་ཆེན་པོ་མཆོད་པ་ཡིས།༽ཆེན་པོ་ལྔའི་རྒྱན། །སྟེང་སྒོ་ནས་བྱུང་བདེ་བའི་བཅུད། །སོ་སོའི་བཞི་བཅུ་གཉིས་ལ་ཐིམ། །ཀུན་ནས་བདེ་བའི་ཡེ་ཤེས་ཆེ། །རྒྱལ་བ་༼སངས་རྒྱས་དཀྱིལ་འཁོར།༽མཉེས་པའི་མཆོག་ཏུ་གསུང་། །བཅོ་བརྒྱད་༼སྲིད་གསུམ་འགྲོ།༽ཕྲག་གཉིས་བུམ་པ་དང་། །དྲུག་གཉིས་ཟེར་གྱིས་སྦྱངས་ནས་ནི། །དབང་བསྐུར་བྱིན་བརླབས་བདེ་ཐོབ་པ། །ཐེག་པ་ཆེན་པོར་དབུགས་ཕྱུང་བའོ། །ཅེས་སོ། །ལུས་ངག་སེམས་དང་ཆོས་ཐམས་ཅད། །ཅེས་རྣལ་འབྱོར་པ་བདག་གི། རྣམ་པར་སྨིན་པའི་ལུས་དང་། རླུང་གིས་སྐྱོད་པའི་ངག་དང་། བག་ཆགས་གོས་པའི་ངག་དང་། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཆོས་དང་། ཁམས་གསུམ་འཁྲུལ་པ་ལས་འཁོར་བའི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི། གང་ནའང་མི་གནས་མི་དམིགས་པ། །ཞེས་དོན་དམ་པར་ནི་གནས་གང་ལ་ཡང་མི་གནས། དངོས་པོ་གང་དུ་ཡང་མྱི་དམིགས་སོ། །དམིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ཞེས་ཀུན་རྫོབ་དུ་ནི། སྒྱུ་མའི་དཔེ་བརྒྱད་དམ། དམིགས་གཡོར་ཚུལ་དུ། སྣང་ལ་རང་བཞིན་མྱེད་པར། ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་སྦྱོར་བ་ཡིས། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་ཆོས་ཉིད་ནམ་མཁའ་ལྟ་བུ་ལ། རིག་པ་ནམ་མཁའ་ལྟ་བུས། སྣང་བའི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་སྒོམ་མོ། །དེས་ནི་བདག་གི་རང་བཞིན་སྤྱིར་ཤེས་ཤིང་སྒོམ་པར་བྱ་བར་བསྟན་ནོ། །སློབ་དཔོན་འཇུག་པ། ཀུན་བྱས་དབང་ཕྱུག་རིག་པས་འཇུག །ཅེས་སློབ་དཔོན་གྱི་ལས་སུ་བྱ་བ་ཀུན་བྱས་ནས། སློབ་དཔོན་དེ་ནི་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མྱེད་པར་རྟོགས་པའི་རིག་པས་འཇུག་པ་ནི། རྟོགས་པ་བདག་འཇུག་པའོ། །སློབ་མ་འཇུག་པ་དང་། དེ་ནས་སློབ་མ་གཞུག་པར་བྱ། །ཞེས་སློབ་དཔོན་ཞུགས་ནས། སློབ་མ་གཞུགས་པར་བྱའོ། །དེ་ཡང་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ལ་བཅོ་བརྒྱད་དེ། དང་པོ་སློབ་དཔོན་འཇུག་ཅིང་བཟོད་པར་གསོལ་བ་ནི། ཤར་སྒོར་དབང་གོས་དང་ལྡན་པས་མཆོད་པ་ཕུལ་བ་རིགས་པའི་མེ་ཏོག་དོར། སློབ་མ་བཞུགས་དུ་གསོལ་ཞེས་ལྷ་ལ་བཟོད་གསོལ་བྱའོ། །གཉིས་པ་སློབ་མ་རྣམས་དྲི་ཞིམ་པོའི་ཆུས་ཁྲུས་བྱའོ། །གསུམ་པ་དར་དམར་པོས་གདོང་པ་དགབ། སྙིམ་པར་རིན་པོ་ཆེ་ཐོག་པའོ། །བཞི་པ་བུ་ཁྱོད་ཅི་ལ་དགའ་དྲི། བསྐལ་བ་བཟང་ལ་དགའ་ཞེས་བྱའོ། །ལྔ་པ་ལུས་འབུལ་ཏེ། སློབ་དཔོན་གྱི་སྲས་སུ་བྱེད། སེམས་ཅན་གྱི་དོན་བྱེད། སངས་རྒྱས་ཀྱི་འབྲས་བུ་འདོད་པར་ལུས་འབུལ་ལོ། །དྲུག་པ་སྨིན་བྲག་དུ་ཨས་ཚེ་སྲུང་། ཁྲོ་བོས་བགེགས་བསྐྲད་པ་བྱ། བདུན་པ་སྒྲིབ་པ་སྦྱངས་ལ་རྣམ་ཤེས་ལྷར་བསྐྱེད། བརྒྱད་པ་བདུད་རྩི་ལྔའི་ཆུས་དམ་ཚིག་སྦྱིན། དགུ་པ་སྙིང་ཁར་རྡོ་རྗེ་བཞག་ལ་དམ་ཚིག་དབོག །བཅུ་པ་ཙན་དན་དཀར་དམར་གྱི་ཆུས་ཆུ་ནན་བྱ། བཅུ་གཅིག་པ་དམ་ཚིག་སྒྲག །བཅུ་གཉིས་པ་མེ་ཏོག་དོར་ལ་འབྲེལ་བ་བརྟག །བཅུ་གསུམ་པ་ཡི་གེ་ཧཱུཾ་གིས་དམ་ཚིག་ཕབ་ལ་ལྷ་སྟིམ། བཅུ་གཞི་པ་ཡི་དམ་ཟུང་ཅིག་པའི་ནན་ཏན་བྱ། བཅོ་ལྔ་པ་དམྱིག་དབྱེ། བཅུ་དྲུག་པ་དཀྱིལ་འཁོར་བསྟན་པ་དོན་བཤད། བཅུ་བདུན་པ་ཚོགས་བསགས་པའི་ཕྱིར་ཡོན་འབུལ། བཅོ་བརྒྱད་པ་ཡོན་ཕུལ་བའི་ཡོན་ཏན་བཤད་པར་བྱའོ། །དེ་རྣམས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་རྫོགས་པར་འགྱུར་རོ། །ཡོན་དབུལ་བ་བསྟན། དེ་ནས་རིགས་ཀྱི་བུ་མཆོག་དེས། །ཞེ་ཞུགས་པ་དེ་ནས། ལྷ་གང་ལ་མེ་ཏོག་ཕོག་པའི་རིགས་ཀྱི་བུའམ། སྔོན་གྱི་ལས་མཆོག་དང་ལྡན་པའི་གང་ཟག་དེས། ཚོགས་བསགས་པའི་རྟེན་དུ་བླ་མ་ལ་ཡོན་དབུལ་སྟེ། རྒྱལ་སྲིད་དང་ནི་རང་གི་ལུས། །ཞེས་རྣམ་སྣང་གི་དཀྱིལ་འཁོར་དུ་ཞུགས་ན། རང་གི་རྒྱལ་སྲིད་ཅི་ཡོད་པ་ཕུལ་ཞིང་རྣམས་དབུལ་ལོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ཞུགས་ན། རང་གི་ལུས་ཕུལ་ལ་ནོར་གྱིས་སླུའོ། །བུ་དང་ཆུང་མ་ནོར་གྱི་དབྱིག །ཅེས་པད་མ་རིགས་ཀྱི་དལ་དུ་ཞུགས་ན། རང་གི་བུ་དང་ཆུང་མ་དབུལ། དེ་ནས་ནོར་གྱིས་སླུ། རིན་པོ་ཆེའི་རིགས་ཀྱི་དལ་དུ་ཞུགས་ན། ནོར་གྱི་དབྱིག་རྟ་དང་། ཁྲབ་དང་། འབྲུ་ལ་སོགས་པ་ཅི་ཡོད་དབུལ་ལོ། །རབ་ཏུ་ཅེས་དང་ཡིད་འཐད་དབུལ། །ཞེས་ལས་ཀྱི་རིགས་ཀྱི་དལ་དུ་ཞུགས་ན། རང་ལ་རབ་ཏུ་ཅེས་པའི་སྙིང་ནོར་རམ། བླ་མའི་ཡིད་ལ་འབྱུང་ཞིང་ཐུགས་དང་འཐད་བ་རིག་པས་གཅད་ལ་དབུལ་ལོ། །དེ་ལྟར་ཡོང་བར་ནི། རིགས་ལྔའི་དལ་དུ་ཞུགས་པས་སོ། །ཡོན་ཕུལ་བའི་ཡོན་ཏན། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །ཞེས་ཐམས་ཅད་ལ་མངའ་སྙེས་པའི། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་འདོད་པའི་ཡོན་ཏན་ལྔས་མཆོད་ཅིང་མཉེས་པར་བྱས་ན། ཡོན་ཏན་ཅི་ཡོད་ཞེ་ན། སངས་རྒྱས་ཀྱི་དལ་ཐམས་ཅད་མཆོད་ཅིང་། མཉེས་པར་འགྱུར་བ་ཡིན་ནོ། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཞེས་སངས་རྒྱས་ཐམས་ཅད་མཉེས་པ་ཅི་ཏེ་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་ནས་འབྱུང་བ་ཡིན་པ་དང་། སློབ་དཔོན་དེ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་ནམ་བདག་ཉིད་ཡིན་པར་རོ། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་སློབ་དཔོན་མཆོད་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡང་མཆོད་པ་ཡིན་ན། ཉེ་བའི་དཀྱིལ་འཁོར་རང་གི་ཡིད་དམ་གྱི་ལྷ་མཉེས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་པའོ། །ཉེས་པ་ཐམས་ཅད་དག་པར་འགྱུར། །ཅེས་སློབ་དཔོན་མཉེས་པར་བྱས་པས། ཉན་ཐོས་ཀྱི་ཚུལ་ཁྲིམས་ལྟ་བུའམ། བྱང་ཆུབ་སེམས་དཔའི་སླབ་པའམ། སྡོམས་པ་ལྟ་བུ་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་པའི་ཉེས་སྐྱོན་རྣམས། བླ་མ་མཆོད་པ་དེས་དག་ཅིང་། ཉམས་པ་སྐོངས་པར་འགྱུར་རོ། །སྣོད་ཀྱི་མཚན་ཉིད་ནི། དད་བརྩོན་བཏུལ་ཤུགས་རབ་རྟོགས་ན། །ཞེས་དོན་གྱི་མཚན་ཉིད་རབ་དུ་རྟོགས་ནས། སྣོད་དང་མཐུན་དབང་སྦྱིན་པ་ནི། དབང་གི་ངོ་བོ། ཕན་པའི་དབང་སྦྱིན་ནུས་པའི་དབང་། དབང་བསྐུར་བའི་ལས་རིམ་སྣོད་དང་སྟུན་པ་ནི། རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་བདག་དོན་གྱི་བརྩོན་འགྲུས་ཅན་ལ་ཉན་བསྒོམ་གྱི་དབང་ངོ་། །གཞན་དོན་གྱི་བརྩོན་འགྲུས་ཅན་ལ་ཉན་བཤད་དོ། །གཉིས་ཀའི་བརྩོན་འགྲུས་ཅན་ལ་སློབ་དཔོན་གྱི་དབང་ངོ་། །སྤྱོད་པའི་ཏུལ་ཤུག་ཅན་ལ་གསང་དབང་ངོ་། །རིག་པའི་ཏུལ་ཤུགས་ཅན་ལ་ཤེས་རབ་ཡེ་ཤེས་སོ། །མཉམ་པའི་ཏུལ་ཤུགས་ཅན་ལ་བདེ་བ་ཆེན་པོའི་དབང་ངོ་། །སྐྱོན་ཡོན་བསྟན་པ་ནི། སྙིང་རྗེས་ཆུད་མ་ཟོས་པར་བཟུང་། །ཞེས་སློབ་དཔོན་གྱིས་སྙིང་རྗེས་སློབ་མའི་སྣོད་ཆུད་མ་ཟོས་པར་ཐུགས་རྗེས་བཟུང་ངོ་། །སློབ་མ་ཉན་ན་བློ་བཏུལ། སློབ་ཏུ་བཅུག་ན་སྒོམ་མི་ནུས། ལས་ཀྱི་བྱེ་བྲག་མི་ཤེས། ཆོས་འཆད་དག་ལ་ཤེས་ཏེ། འདུ་ཤེས་ལུག་བཞིན་རྨོངས་པ་ལ། སློབ་དཔོན་གྱིས་ནོར་ཕྲ་མོ་ཙམ་ལ་ལྟས་ནས་དབང་བྱིན་ན། ཁོས་བདག་ལ་དབང་བསྐུར་མཉམ་ནས། སྤྱོད་པ་ཅི་དགར་སྤྱད་པས། སློབ་མ་ངན་སོང་དུ་སོང་ན། དེ་ཡང་ཆུད་ཟོས་ཏེ། སློབ་དཔོན་གྱིས་སྙིང་རྗེ་དེ་ལྟ་བུ་བྱར་མི་རུང་ངོ་། །ཡང་སློབ་མཉན་དུ་བཅུག་ན་བློ་རྣོ། བསྒོམ་དུ་བཅུག་ན་བསྒོམ་སྲན་ཆེ། ལས་ཀྱི་བྱ་བ་བྱེད་ན་ནི་གང་ལ་ཡང་མ་རྨོངས། འཆད་དུ་བཅུག་ན་ནི་དོན་གོ་སྟོན་ནུས་པ། དེ་ལྟ་བུའི་ཡོན་ཏན་ཚད་དང་ལྡན་པ་ལ། སློབ་དཔོན་གྱིས་དགའ་འགུ་ཕྲན་ཚེགས་པ་ལྟས་ནས། འཆད་པ་དང་སློབ་དཔོན་གྱི་དབང་མ་བསྐུར་ན་ཡང་ཆུད་ཟོས་ཏེ། སྙིང་རྗེར་མི་རུང་ངོ་། །མདོར་ན་སློབ་དཔོན་གྱིས་སློབ་མའི་སྣོད་ཀྱི་རིམ་པ་དང་སྦྱར་ལ། དབང་ཡང་ཇི་ལྟར་རིགས་པ་བཞིན་དུ་བསྐུར་ཞིང་། སློབ་མ་ཆུད་མ་ཟོས་པར་དོན་བྱའོ། །དབང་བསྐུར་བ་ལ་བརྒྱད་དེ། མཚུངས་ལྡན་གྱི་རྒྱུ་དང་། ཐོབ་བྱེད་ཀྱི་རྐྱེན་དང་། དབང་རང་གི་ངོ་བོ་དང་། དབང་ཐོབ་པའི་འབྲས་བུ་དང་། བསྐུར་བའི་ལས་རིམ་དང་། མ་བསྐུར་བའི་སྐྱོན་དང་། བསྐུར་བའི་ཡོན་ཏན་ནོ། །མཚུངས་ལྡན་གྱི་རྒྱུ་ནི་གཉིས་ཏེ། ཕན་པ་དང་། ནུས་པའོ། །ཕན་པའི་དབང་བཅུའི་མཚུངས་ལྡན་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་གདུགས་ཀྱི་དབང་དུ་རང་ལ་གནས། རྩའི་དབང་བདུད་རྩིས་གང་བ་བུམ་པའི་དབང་། གསང་བའི་དབང་པོ་རྒྱལ་མཚན་གྱི་དབང་། ཁམས་བདུད་རྩི་ལྔ་བཟའ་བཏུང་གི་དབང་། ལུས་ཀྱི་རྩ་མཁའ་འགྲོ་མས་ལུས་བསྲུང་བ་གོ་ཆའི་དབང་། རྩ་རོ་མ་དང་རྐྱང་མ་གཉིས་གཅོད་པན་གྱི་དབང་། ཀུན་དྷར་མ་མདུད་པ་བཅུ་དྲུག་ཡོད་པ་འཕྲེང་བའི་དབང་། རྟོག་ཚོགས་བཞི་བཅུ་རྩ་གཉིས་ཕྱག་རྒྱའི་དབང་། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་དབུ་རྒྱན་གྱི་དབང་། ཁམས་ལྔའི་ཐིག་ལེ་ཡི་གེར་གནས་པ་སྙིང་པོ་ལྔའི་དབང་ངོ་། །ནུས་པའི་དབང་གི་མཚུངས་ལྡན་ནི། རྣ་བའི་རྩ་ཉན་དབང་། མགྲིན་པ་ལོངས་སྤྱོད་འཆད་དབང་། སྙིང་ཀ་ཆོས་སྒོམ་སྒྲུབ་དབང་། ལག་པ་གཡས་གཡོན་ཐབས་ཤེས་རབ་འཕྲིན་ལས་དབང་། སྤྱི་མགྲིན་སྙིང་ལྟེ་བ་གསང་བ་ལྔ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ་། །ཐོབ་བྱེད་ཀྱི་རྐྱེན་བཞི་སྟེ། རྒྱུའི་རྐྱེན་སློབ་མ། བདག་པོའི་རྐྱེན་སློབ་དཔོན། དམིགས་པའི་རྐྱེན་ཆོས། མཚུངས་པའི་རྐྱེན་སྣོད་དུ་གྱུར་པར་བཤད་དོ། །དབང་རང་གི་ངོ་བོ་ནི། ཕན་པའི་དབང་བཅུ་དང་། ནུས་པའི་དབང་ལྔ་དང་། ཟབ་མོའི་དབང་གསུམ་མོ། །དེ་ལ་ཕན་པའི་དབང་ནི། ཤི་བ་ལ་བསྐུར་ན་ངན་སོང་ལས་གྲོལ་བ་ལ་ཕན། ན་བ་ལ་བསྐུར་ན་ནད་སོས་པར་འགྱུར་བ་ལ་ཕན། རིམ་འགྲོར་བསྐུར་ན་སྲུང་བར་ཕན་ནོ། །ནུས་པའི་དབང་ནི། ཉན་དབང་ཉན་ནུས། འཆད་དབང་འཆད་ནུས། སྒོམ་དབང་བསྒོམ་ནུས། འཕྲིན་ལས་བྱེད་ནུས། སློབ་དཔོན་བྱེད་ནུས་སོ། །ཟབ་མོ་ནི་ཆགས་ལམ་མོ། །དབང་ཐོབ་པའི་འབྲས་བུ་ནི། ཕན་དབང་སྤྲུལ་སྐུ་ཐོབ། ནུས་དབང་ལོངས་སྐུ་ཐོབ། ཟབ་མོས་ཆོས་སྐུ་ཐོབ་བོ། །དབང་བསྐུར་བའི་ལས་ཀྱི་རིམ་པ་ནི། དད་པ་ཅན་ལ་ཕན་པའི་དབང་བཅུ་བསྐུར། བརྩོན་འགྲུས་ཅན་ལ་ནུས་པའི་དབང་ལྔ་བསྐུར། བཏུལ་ཞུགས་ཅན་ལ་ཟབ་མོའི་དབང་གསུམ་བསྐུར་རོ། །མ་བསྐུར་བའི་སྐྱོན་ནི། འཁོར་བ་ལས་གྲོལ་དུ་མི་འདོད་པའོ། །བསྐུར་བའི་ཡོན་ཏན་ནི། མཐོ་རིས་ཐོབ། རྒྱལ་སྲས་སུ་འགྱུར་བའོ། །ཡང་ན་ཐལ་མོ་རབ་སྣོལ་ནས། །ཞེས་ཡང་ན་ནི་བསྣན་པའི་ཚིག་གོ། །ཡང་ན་མི་འདྲ་བ་བཤད་པ། ཡང་ན་གསང་དབང་བསྐུར་ནའོ། །སློབ་དཔོན་གྱིས་ཐལ་མོ་བསྣོལ་བ་ལ་འཛུག་གང་ངོ་། །ཕྱག་རྒྱ་ཆེན་པོའི་དབང་དུ་ནི། །ཞེས་ལུས་ངག་ཡིད་གསུམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པའི་དབང་དུ་ནི། དཀྱིལ་འཁོར་འཛུག་གང་ཚད་དུ་ཡང་། །ཟངས་སམ་ཤིང་ཙན་དན་ལ་ཡབ་ཀྱི་མཁའ་མཚོན་པའི་དལ། ཐལ་མོ་བཤིབས་པའི་ཚད་འཛུག་གོ། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་སྦྱིན་སྲེག་ལྟར་དབུལ། མདོར་ན་གསང་དབང་གསུམ་པོའི་དཀྱིིལ་འཁོར་མཚོན་པའོ། །ཐལ་བའི་རྒྱུད་ལས། ཐལ་མོ་ཞེས་བྱ་བ་སྡེབས་པའི་སྒྲ། །དབང་པོ་ཡུལ་དུས་རབ་སྦྱོར་བས། །ཕྱག་རྒྱ་ཆེན་པོ་ནམ་མཁའི་དབྱིངས། །བཏུལ་ཞུགས་གཉིས་ཀྱི་དབང་དུ་བླང་། །རྡོ་རྗེ་མཛུབ་མོའི་རྩེ་དག་ཏུ། །ཏིལ་འབྲུ་ནམ་མཁའི་གཞལ་ཡས་སུ། །རི་རབ་ཙམ་གྱི་ཕྱག་རྒྱ་བགོད། །ཐབས་ཀྱི་ཆོ་ག་རབ་གནས་དང་། །གསང་བའི་སྦྱིན་སྲེག་ལུགས་སུ་དབུལ། །ཞེས་པས། ཐལ་མོ་སྣོལ་བ་ནི། ཡབ་ཡུམ་རྡོ་རྗེ་པད་མ་སྦྱོར་བའོ། །ཕྱག་རྒྱ་ཆེན་པོ་ནི་ཡུམ་མོ། །དེ་ནམ་མཁའི་དབྱིངས་ཕྱུག་མར་བྱིན་གྱིས་བརླབས་སོ། །ཡང་ན་ནི་ཡུམ་བླ་མའི་སྤང་དུ་བླང་བའོ། །འཛུག་གང་གི་གསང་བའི་རྡོ་རྗེའོ། །མཁས་པས་ཆོ་ག་ནི། ཐིག་ལེ་ཏིལ་འབྲུ་ཙམ་པས་ཡུམ་གྱི་བྷ་གའི་གཞལ་ཡས་སུ། ལྷ་སྐུ་རི་རབ་ཙམ་པ་དགོད་པའོ། །དེ་ལ་གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱིས་རབ་གནས་བྱ། བདེ་བ་ཆེན་པོས་ལུགས་བྱུང་ལུགས་ཟློག །ཡང་ན་ས་གཞི་རབ་མཉམས་ཏེ། །ཞེས་ཞི་བ་བསྡུས་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་དལ་བྱེད་ན། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཞེས་དཀྱིལ་འཁོར་གྱི་ཕྱག་ལེན་གོམས་ཤིང་མཁས་པས། ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་གོམས་པ་ཆུང་ཞིང་མི་མཁས་པས་ཁྲུ་བཞི་པ། ཡང་ན་ལུས་ནི་གསུམ་གྱི་ཚད། །ཅེས་འབྲིང་ལྷ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བྱེད་ན། འདོམ་གསུམ་མམ་ཁྲུ་བཅུ་གཉིས་པར་བྱ། ཡང་ན་བཅུ་དྲུག་པར་བྱའོ། །གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དོན་བཅུ་སྟེ། ས་གཞི་མཉམ་པ་དང་། དཀྱིལ་འཁོར་ཆེ་ཆུང་གི་ཚད་དང་། ཐིག་གདབ་པ་དང་། ཚོན་རྩི་དང་། བྲི་ཐབས་དང་། རྣམ་པ་བགོད་པ་དང་། རབ་གནས་དང་། སྦྱིན་སྲེག་དང་། སློབ་མ་འཇུག་པ་དང་། དཀྱིལ་འཁོར་གྱི་ཡོན་ཏན་ནོ། །དང་པོ་ས་གཞི་མཉམ་པ་ལ་དོན་བརྒྱད་དེ། ས་སྤྱིའི་མཚན་ཉིད་རྟགས་པ་དང་། ས་རང་གི་མཚན་ཉིད་རྟགས་པ་དང་། ས་བླང་བ་དང་། རང་གི་དབང་བྱ་བ་དང་། ས་ངན་ན་སྦྱང་བ་དང་། ནུས་མཐུ་ཅན་དུ་བྱིན་བརླབ་པ་དང་། སའི་བར་ཆད་བསྲུང་བ་དང་། ས་གཟུར་བའོ། །ས་སྤྱིའི་མཚན་ཉིད་ནི། ས་ཕྱོགས་རང་བཞིན་གྱིས་བཀྲ་ཤིས་པ་དང་། བདེ་བར་གཤེགས་པའི་ཞབས་ཀྱིས་ལྕགས་པས་བཀྲ་ཤིས་པ་དང་། གང་ཟག་གྲུབ་པ་ཐོབ་པས་བཀྲ་ཤིས་པ་དང་། ལྷ་མིའི་མངགས་པ་བརྗོད་པའི་གནས་སོ། །ས་རང་གི་མཚན་ཉིད་ནི། འབྲུའི་རོ་སྣུན་པ། ཆུའི་རོ་བ་ཚ། སའི་རོ་གྱོ་མགོ་སྲེག་མ། ཤིང་གི་རོ་འགལ་དུམ་དང་སོལ་བ། ཤའི་རོ་རུས་པ་དང་སོང་དོང་ངོ་། །ས་བླང་བ་ནི་གཉིས་ཏེ། སྣང་བ་རྒྱལ་པོ་དང་ཡུལ་བདག་ལ་བླང་། མི་སྣང་བ་སའི་ལྷ་མོ་དང་ས་བདག་ལྷ་ཀླུ་ལ་གཏོར་མ་བྱིན་བདེན་པས་བགོ་ལ་བླང་ངོ་། །རང་གི་དབང་དུ་བྱ་བ་ནི། ཟངས་སམ་ཤིང་གི་ཕུར་བུ་ཟླ་ཁམ་ལ། རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཡོན་དང་པོ་པད་མ་དང་ཞགས་པ། ཐ་མ་གཉིས་ཕུར་པ་དྲིལ་བར་བསམས་ལ། སའི་དངོས་གྲུབ་རང་གི་དབང་དུ་བསྡུའོ། །ས་ངན་ན་སྦྱང་བ་ནི་གསུམ་སྟེ། ལས་དང་བྱ་བ་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། སྦྱིན་སྲེག་འབར་བ་མེས་སྦྱང་བ་དང་། སྔགས་དང་ཕྱག་རྒྱས་སྦྱང་བའོ། །ནུས་མཐུ་ཅན་དུ་བྱིན་གྱིས་བརླབ་པ་ནི། གཞལ་ཡས་ཁང་དུ་སྐྱེད་ལ་བཞག་གོ། །སའི་བར་ཆད་བསྲུང་བ་ནི། སུམ་བྷ་ནིའི་སྔགས་རིངས་ཀྱིས་མེ་དཔུང་འབར་བའི་གུར་དུ་བསམ། ས་གཟུང་བ་ནི། ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་རྣམས་བྱེད་པས་ན། ཡང་ན་ས་གཞི་རབ་མཉམས་ཏེ། ཅེས་སོ། །དཀྱིལ་འཁོར་ཆེ་ཆུང་གི་ཚད་ནི། ཤིན་དུ་འཕྲ་བའི་ཚད་སོར་བཞི་འཛུབ་གང་ཡིན། ཁྲུ་གང་བ་ནི། ཞི་བ་སྡུས་པའི་དལ། འདོམ་གང་འདོམ་གསུམ་ནི་ཞི་བ་འབྲིང་པོ། ཁྲུ་བཅུ་དྲུག་པ་ནི་ཞི་བ་རྒྱས་པ། དཔག་ཚད་རྒྱང་གྲགས་མཐར་ཉེའི་ལམ་པས་སངས་རྒྱས་སྟོང་གི་དཀྱིལ་འཁོར་གྱི་ཚད་དོ། །ཐིག་གདབ་པ་ནི། ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་གདབ། དམ་ཚིག་གི་ཐིག་ས་གཞི་ལ་གདབ་བོ། །ཚོན་རྩི་ནི། རབ་རིན་པོ་ཆེ་རྣམ་པ་ལྔ། འབྲིང་འབྲུ་རྣམ་པ་ལྔ། ཐ་མ་རྡུལ་ཚོན་རྣམ་པ་ལྔའོ། །བྲི་བའི་ཐབས་ནི། རྒྱས་འབྲིང་བསྡུས་པ་གང་བྱེད་བྲི་བར་བྱའོ། །རྣམ་པ་བགོད་པ་ནི། གསུང་ཡིག་འབྲུ་འམ། ཐུགས་ཕྱག་མཚན་ནམ། སྐུ་ཙཀ་ལི་བགོད་པར་བྱའོ། །རབ་གནས་བྱ་བ་ནི། ཡེ་ཤེས་པ་སྤྱན་དྲངས་ལ་དམ་ཚིག་པ་ལ་སྟིམ། དེ་ལ་མཆོད་པ་བྱ། བསྟོད་པ་བྱ། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པའི་གསོལ་བ་གདབ་བོ། །སྦྱིན་སྲེག་བརྟགས་ངན་ན་བྱ། དེར་སློབ་མ་ཞུགས་ལ་དབང་བསྐུར་བྱའོ། །ཡོན་ཏན་ནི། དེ་ལྟ་བུའི་ཆོ་ག་ཆ་ཚང་བའི་དཀྱིལ་འཁོར་དུ་ཞུགས་ན། རང་བཞིན་གྱི་དཀྱིལ་འཁོར་དུ་ཞུགས་པ་དང་འདྲའོ། །དེ་རྣམས་ནི་ངག་འདོན་ཕྱོགས་དུ་བསྟན་པའོ། །ཐིག་རྫས་ནི། ཕུར་བུ་སྲད་བུ་མཚོན་ཆེ་དང་། ཐིག་གཡོག་ནི། གོས་རྒྱན་མཛེས་པའི་ཡིད་འོང་གྲོགས། །གདབ་ཐབས་ནི། ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་སྒྲིམས་ཏེ་བྱ། །ཞེས་ཐིག་གདབ་པ་ལ་གཉིས་ཏེ། ཐིག་རྫས་དང་། ཐིག་གཡོག་དང་། གདབ་ཐབས་དང་། སྐྱོན་སྤང་པའོ། །ཐིག་རྗས་ནི། ཕྱིའི་འཁོར་ལོ་སྐོར་བའི་རྫས་ཕུར་བུ་དང་། དལ་གྱི་ཆ་འགོད་པའི་རྫས་ཐིག་སྐུད་སྲད་བུ་དང་། ཡེ་ཤེས་དམ་ཚིག་གི་ཐིག་གི་རྫས་ཁ་དོག་གོ། །དེ་ལ་ཡེ་ཤེས་ཐིག་གི་སྐུད་པ་ནི། རྒྱུ་པད་མའི་རྣལ་མ་ལས་སྐུད་པ་ལྔ་སྒྲིལ། ཡེ་ཤེས་ལྔའི་ཁ་དོག་དང་ལྡན་པའོ། །དམ་ཚིག་གི་ཐིག་སྐུད་ནི། རས་བལ་ལས་ཁ་དོག་གསུམ་ལྡན་སྐུ་གསུང་ཐུགས་ལྡན་ནོ། །དེ་གཉིས་སྣོད་གཙང་མར་བཞག་ལ། བསངས་ཏེ་ཡེ་ཤེས་ལྔ་དང་། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་སོ། །ཐིག་གཡོག་ནི། ཡུམ་ལོ་བཅུ་དྲུག་མ། རྒྱན་གྱིས་མཛེས་པ། སེམས་དངས་བས་ཡིད་དུ་འོང་བའོ། །གདབ་ཐབས་ནི། ཨཱོཾ་བཛྲ་སུ་ཏྲ་ས་མ་ཡ་མ་ཏི་ཏྲ་མ་ཧཱུཾ་ཕཊ། ཡེ་ཤེས་ཀྱི་ཐིག་བར་སྣང་ལ་ནམ་མཁར་གཏབ་ལ། དེར་དུས་གསུམ་གྱི་སངས་རྒྱས་སྤྱན་དྲངས་ལ་བཞུགས་པ་ལ་ཅུང་ཟད་མཆོད་ལ་དཔང་པོར་བཅོལ། ཨཱོཾ་སརྦ་ཤོ་ད་ནི་ཧཱུཾ་ཕཊ། ཞེས་པས་དམ་ཚིག་གི་ཐིག་ས་གཞི་ལ་གདབ་བོ། །དཀྱིལ་འཁོར་བསྡུས་རྒྱས་འབྲིང་སོགས་གང་བྱེད་གདབ་བོ། །སྐྱོན་གསལ་བ་ནི། ཐིག་སྐུད་ཆད་ན་སློབ་དཔོན་འཆི། ཕྱོགས་འཁྲུགས་ན་དཔོན་སློབ་གཉིས་ཀ་དམ་ཚིག་ཉམས། ཐིག་རྒྱུན་ཆད་ན་ལམ་ལ་བར་ཆད་འོང་། དེ་བས་ན་ལག་ལེན་མཁས་པ། ལྟ་སྤྱོད་དང་ལྡན་པས། ཆང་དང་གཉིད་དང་ལེ་ལོ་སྤངས་ལ་ཤེས་པ་སྒྲིམས་ཏེ་བྱའོ། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཞེས་འདི་ཡང་ཞི་བ་འབྲིང་པོའི་ཚད་དོ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་ཞི་བ་རྒྱས་པའི་དལ་ཚད་གཉིས་ནི། ཉི་ཤུ་པ་དང་། ཉི་ཤུ་རྩ་ལྔ་པའོ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གང་བྱེད་ཀྱང་རིགས་ལྔའི་དཀྱིལ་འཁོར་དེ། ཞི་བ་སྐུའི་དལ་བྱེད་ན། རྣམ་པར་སྣང་མཛད་ཀྱིས་གཙོ་བོ་བྱས་ལ། གཞན་འཁོར་དུ་སྒོམ་པས་ན་རིགས་སོ། །གསུང་གི་དལ་བྱེད་ན། སྣང་བ་མཐའ་ཡས་གཙོ་བོར་བྱ། གཞན་འཁོར་དུ་དགོད། ཐུགས་ཀྱི་དལ་བྱེད་ན། རྡོ་རྗེ་དབུས་སུ་བསྒོམ། གཞན་འཁོར་དུ་དགོད། ཡོན་ཏན་གྱི་དལ་དུ་བྱེད་ན། རིན་འབྱུང་དབུས་སུ་དགོད། གཞན་དུ་འཁོར་དུ་སྒོམ། ལས་ཀྱི་དལ་བྱེད་ན། དོན་ཡོད་གྲུབ་པ་དབུས་ཀྱི་གཙོ་བོར་བྱ། །གཞན་འཁོར་དུ་བསྒོམས་པས་ན་རིགས་སོ། །དེ་ལྟར་སྒོམ་པའི་རྟེན་དགོད་པ་ནི། དམྱིགས་རྟེན་གང་དགོད་ཡང་། ཆོ་ག་ཡན་ལག་ཚང་བར་དགོད་པས་ན། ཡང་ན་ཐིག་སྐུད་དང་། རྡུལ་ཚོན་བྱིན་གྱིས་བརླབ་པ་ཡང་གཟུང་ངོ་། །ངེས་པ་ནི་རིགས་ལྔའི་དལ་གང་བྱེད་ཡིན་ནོ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཅེས་སྐུ་ཙཀ་ལི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ནོ། །དེ་གསུམ་གང་འགོད་ཀྱང་རུང་སྟེ། སྐུ་གསུང་ཐུགས་གསུམ་དང་ལྡན་པར་བྱིན་གྱིས་རླབ་པའི་གཟུགས་དགོད་དེ། དང་པོ་ཡི་གེ། དེ་ལས་ཕྱག་མཚན། དེ་ལས་སྐུར་བྱས་ནས་དགོད་དོ། །ཡང་ན། གསུང་གི་དཀྱིལ་འཁོར་གསུང་ཡིག་འབྲུ་དང་ལྡན་པས་ཡིན་ལ། དེ་བཞིན་དུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བྱའོ། །དེ་བས་ན་ལྷ་རེ་རེ་ལ་ཡང་སྐུ་གསུང་ཐུགས་གསུམ་གསུམ་ཚང་བར་བྱའོ། །ཡང་ན་རྒྱང་གྲགས་དཔག་ཚད་དམ། །ཞེས་ཡང་ན་མཆོག་གི་ཚད་ནི། གཞུ་འདོམ་ལྔ་རྒྱ་ལ་རྒྱང་གྲགས་གཅིག །དེ་བརྒྱད་ལ་དཔག་ཚད་གཅིག་དེ་མཆོག་དང་། མཆོག་གི་ཚད་གཉིས་སོ། །དེ་གང་གི་བྱ་ན། སློབ་དཔོན་མཐར་ཉེའི་ལམ་ལ་གནས་པས། ཐིག་དོར་བ་ཙམ་གྱིས་དལ་དུ་ལྡང་བར་བྱའོ། །ནམ་མཁའ་དབྱིངས་ཀྱི་བསམ་ཡས་པར། །ཞེས་ཡང་ན་ཚད་ལ་ངེས་པ་མྱེད་དེ། ནམ་མཁས་གར་ཁྱབ་སར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ལ། ཆོས་ཀྱི་དབྱིངས་ལ་མཐའ་མྱེད་དེ། དཀྱིལ་འཁོར་དང་འདྲ་བ་ཆོས་ཀྱི་དབྱིངས། ལྷ་དང་འདྲ་བ་ཡེ་ཤེས་ཡིན་པས་ནའོ། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་སྒོམ། །ཞེས་སྒྱུ་འཕྲུལ་རང་གི་དབང་དུ་ན། སངས་རྒྱས་སྟོང་དང་། ཉི་ཁྲི་ཆིག་སྟོང་ལ་སོགས་པ་སྒོམ། ཡང་ན་སྤྱིའི་དབང་དུ་ན། རྒྱུད་གཞན་ལས་འབྱུང་བའི་ལྷ་སྒོམ་ཡང་སྒོམ་ནུས་པས་སྒོམ་མོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། རྒྱང་གྲགས་དཔག་ཚད་ལ་སོགས་པ། རྡོ་རྗེ་ཐིག་ཚད་དོར་ཙམ་གྱིས། ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྷང་བ། དཀྱིལ་འཁོར་སྣ་ཚོགས་མཆོག་ཏུ་གསུངས། མ་མཐོང་རྨོངས་ལ་སྟོན་ཕྱིར་ཚོན། །ཚོན་གྱི་ངེས་ཚིག་ནི། འགྲོ་བའི་སེམས་ཡེ་ཤེས་ལྔར་གནས་པ་མ་མཐོང་བར་རྨོངས་པ་དེ་ལ། ཡེ་ཤེས་ལྔར་སྟོན་པར་མཚོན་ནོ། །དེ་ཡང་བརྒྱད་བཅུ་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་སྒྲིབ་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་མཐོང་། །དེ་ལྟར་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་དམར་དང་སེར་བ་དང་། །ལྗང་ཁུ་ལ་སོགས་ནག་པོར་བསྟན། །ཅེས་སོ། །ཁ་དོག་ཉི་ཤུ་རྩ་ལྔ་འམ། །ཞེས་ཞི་བ་རྒྱས་པ་འམ། མཚམས་ཀྱི་སེམས་དཔལ་དང་། ཁྲོ་བོ་ལ་སོགས་པའི་ཁ་དོག་བསལ་བའི་ཕྱིར། དཀར་པོའི་དཀར་པོ། དཀར་སེར། དཀར་དམར། དཀར་ལྗང་། དཀར་ནག་ཅེས་པ་ལ་སོགས་པ་གཞན་ལ་ཡང་འདྲེ་བར་ཤེས་པར་བྱའོ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །ཞེས་ཞི་བ་འབྲིང་པོ་དང་བསྡུས་པ་ལ། དཀར་སེར་དམར་ལྗང་མཐིང་ཀ་དང་ལྔའོ། །འདུལ་བའི་ཆོ་ག་བཞིན་དུ་འགྱེད། །ཞེས་འདི་ལ་ཟུར་གསུམ་སྟེ། གཙོ་བོ་གང་གིས་འདུལ་བའི་དལ་དུ་འགྱེད་ན། པན་ཙ་རེ་ཁའི་རྩིག་པ་ལ་བྱ། འགྲོ་བ་གང་གི་འདུལ་བའི་དབང་དུ་འགྱེད་ན། འཁོར་ལོ་རྩིབས་བཞི་འམ། འཁོར་ལོ་རྩིབས་རེ་རེའི་སྟེང་དུ་རྩིབས་བཞི་པ་སྟེ། སྤྱིར་འཁོར་ལོ་རྩིབས་དྲུག་པར་བྱ། ལས་རྣམས་བཞི་གང་འདུལ་གྱི་སྟེང་དུ་འགྱེད་ན། ཞི་བ་ལ་དཀར་པོར་ཤས་ཆེ་བར་བྱ། རྒྱས་པ་ལ་སེར་པོར། དབང་ལ་དམར་པོར། དྲག་པོ་ལ་མཐིང་ཀ་ཤས་ཆེ་བར་བྱའོ། ༈ །འདིར་ཚོན་ལ་ངག་དོན་དུ་གསུམ་སྟེ། ཚོན་གྱི་རྒྱུ་དང་། བྱིན་བརླབས་དང་། བྲི་ཐབས་སོ། །རྒྱུ་ནི་གསུམ་སྟེ། རབ་རིན་པོ་ཆེ་ལྔ་ནི། སྔོན་པོ་ཨིན་ཏྲ་ནི་ལ། དཀར་པོ་ཟླ་འོད། སེར་པོ་སྤོས་ཤེལ་ལམ་གསེར། དམར་པོ་པདྨ་ར་གའམ་བྱུ་རུ། ལྗང་ཁུ་མར་གད་ཏའོ། །འབྲིང་འབྲུ་ལྔའོ། །ཐ་མ་ཚོན་ལྔའོ། །བྱིན་བརླབས་ནི། ཉི་ཤུ་རྩ་ལྔའི་སྣོད་རྣ མས་མ་འདྲེས་པར་བྱས་ལ། ༀ་ཨཱ་ཧཱུྃ་སྭཱ་ཧཱ། ལྔ་ལས་ཡིག་འབྲུ་གཅིག་ལས་ཁ་དོག་ཉི་ཤུ་རྩ་ལྔར་བསམ། དེ་ཡོངས་སུ་གྱུར་པ་ལས་ལྷ་ཡབ་ཡུམ་དུ་བསྒོམ། ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བསྒོམ་མོ། །བྲི་ཐབས་ནི། ༀ་སརྦ་པན་ཙ་རད་ན་ས་མ་ཡེ་ཧཱུྃ། ཞེས་བརྗོད་ལ། སོར་མོ་ལྔ་ལ་འབྲུ་ལྔ་སྒོམས་ལ་ས་ཚོན་སྤུང་། དེ་ནས་ཐིག་དམིགས་པས་སྟེག་ལ། བྱང་ཤར་དུ་ཚོན་པྲ་བརྟག དེ་ནས་ལག་པ་འབྲུ་ལྔ་དང་ལྡན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལེགས་པར་བཟབས་ལ་བྲི་བར་བྱའོ། །ཏིང་འཛིན་རོལ་མོ་མཐའ་ཡས་མཆོག །ཅེས་རྣལ་འབྱོར་པ་ཏིང་ངེ་འཛིན་ལ་རྩེ་ཅིག་པས། ལྷའི་དཀྱིལ་འཁོར་མཐའ་ཡས་བསམ་གྱིས་མི་ཁྱབ་པ་ཡོན་ཏན་མཆོག་དང་ལྡན་པར་བསྒོམ་པ་ཡང་། ཏིང་ངེ་འཛིན་སྣང་ལ་རང་བཞིན་མྱེད་པ་རོལ་མོ་ལྟར་བསྒོམ་པའམ། དཀྱིལ་འཁོར་ཉིད་སླང་ལ་སྒོམ་མོ། །ཡི་གེ་འམ་གདན་ནམ་སྙིང་པོ་འམ། ཞེས་ཡི་གེ་ཏ་ཐ་ལ་སོགས་པའམ། གདན་ཉི་ཟླའི་ཐིག་ལེ་འམ། སྙིང་པོའི་ཡི་གེ་ཧཱུྃ་མུཾ་མམ། ཕྱག་རྒྱ་སྐུ་གསུང་ཐུགས་ལྡན་པར། །ཅེས་ཕྱག་རྒྱ་སྐུ་གཟུགས་ལས་བསྐྱེད་དེ། ཙ་ཀ་ལི་ནི་སྐུ། ཡི་གེ་གསུང་ཕྱག་མཚན་ནམ་ཉི་ཟླའི་ཐིག་ལེ་ཐུགས་སོ། །བྱིན་རླབས་ཡ་མཚན་རྨད་པོ་ཆེ། །ཞེས་སྐུ་གསུང་ཐུགས་དང་ལྡན་པར་བསྒོམ། སྐུ་གསུང་ཐུགས་ལས་བྱུང་བའི་བྱིན་རླབས་ཡ་མཚན་ཆེ་བ། རྨད་དུ་བྱུང་བ་འགྲུབ་པར་འགྱུར་རོ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ཞེས་ཅི་ཏེ་ཞེ་ན། བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པ་ལ། སངས་རྒྱས་ཀྱི་དངོས་གྲུབ་མ་སྩལ་ན། དེ་བཞིན་གཤེགས་པ་ཡང་ཐུགས་དམ་ཉམས་པར་འགྱུར་བས། དངོས་གྲུབ་རྩོལ་བ་ལས་མི་འདའ་བས་ན་དམ་ཚིག་ཞེས་བྱའོ། ༈ །སྤྱིར་རབ་གནས་ལ་གསུམ་སྟེ། བུམ་པའི་རབ་གནས་དང་། སློབ་མ་དང་དཀྱིལ་འཁོར་རོ། །བུམ་པའི་རབ་གནས་ནི། བུམ་པ་སྐྱོན་མྱེད་ཁ་དོག་དཀར་པོ་ལ། རྫས་ཀྱིས་ཚང་བར་བྱ། རྣམ་རྒྱལ་བུམ་པར་རང་རང་གི་ལྷ་བསྒོམ། ལས་ཐམས་ཅད་པའི་བུམ་པར་བདུད་རྩི་འཁྱིལ་པར་བསམ། སློབ་མའི་རབ་གནས་ནི། ཁྲུས་བྱས་ལ་དྲིས་བྱུགས་ཏེ། སེམས་ལྔ་བསྐྱེད། བྲོད་པ་སྐྱེད་ལ་དབུགས་དབྱུང་། ལྷ་བསྐྱེད་ལ་གོ་བགོ་སོ་ཤིང་དོར། སྲུང་ཀུད་གདགས། སྐུ་ཤ་སྦྱིན། རྨི་ལམ་གདབ་བོ། །དཀྱིལ་འཁོར་གྱི་རབ་གནས་ནི། བའི་རྣམ་ལྔ་དང་ཤིང་ཤུན་གྱི་སྐུ་ཕྱི། མེ་ལོང་ལ་སྐུ་ཁྲུས་གསོལ། དེ་ནས་དཀྱིལ་འཁོར་བསྐྱེད། ཡེ་ཤེས་ལྔས་དབང་བསྐུར། སྐུ་གསུང་ཐུགས་སུ་བྱིན་གྱིས་རླབ། དབང་པོའི་སྐྱོན་བསལ། གདན་འབུལ། རས་ཀྱིས་སྐུ་ཕྱི། མཆོད་པ་འབུལ་ལོ། །དེ་ནས་མེ་ཏོག་དོར་རོ། །ཡེ་དྷརྨ་བཟླས། བསྟོད་པ་བྱ། སྨོན་ལམ་གདབ། འདོད་པའི་དོན་ལ་གསོལ་བ་གདབ་བོ། །ས་ལ་སོགས་ལ་ཕྱག་རྒྱར་བྱས། །ཞེས་ས་ལ་སྐུ་བྱས་པ་དང་། རིན་པོ་ཆེ་ལ་ལུགས་སུ་བླུགས་པ་དང་། རས་ལ་རིས་སུ་བྲིས་པ་དང་། རྡོ་དང་ཤིང་ལ་འབུར་དུ་བསྐོས་པ་དང་། རས་བལ་ལ་ཐགས་སུ་བྱས་ནས། དེ་ལ་རབ་གནས་བྱས་པའམ། སྐུའི་རྟེན་གཟུགས་བརྙེན། གསུང་པོ་ཏི། ཐུགས་རྡོ་རྗེ་དྲིལ་བུ་ལྟ་བུར་རབ་གནས་བྱས་པས། རྣམ་གྲོལ་རིམ་པར་ཐོབ་པར་འགྱུར། །ཅེས་རྒྱུ་བཟང་ངན་གྱི་རྣམ་པས། གྲོལ་ལུགས་ཀྱི་རིམ་པ་ཡོད། འབྲས་བུ་ཐོབ་པར་འགྱུར་རོ། །རྒྱུས་བྱས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས། དེ་རང་བཞིན་མེད་པར་སྦྱང་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་སོ། །དག་པའི་ཡེ་ཤེས་ཀྱིས་སྦྱངས་ན། །ཞེས་གཟུང་འཛིན་དག་པའི་ཡེ་ཤེས་ཀྱིས། བག་ཆགས་ཀྱིས་སྒྲིབ་པ་ངན་པ་ཐམས་ཅད་མཚན་མ་མེད་པར་སྦྱངས་ནས། ཏིང་ངེ་འཛིན་གྱིས་ལྷའི་དཀྱིལ་འཁོར་དུ་བསྒོམས་ན། འབྲས་བུ་ཐོབ་མི་འཐོབ་སྨོས་ཅི་དགོས། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཅེས་ད་ལྟ་ཉིད་དུ་འབྲས་བུ་ཐོབ་པ་དེ། དེ་ཡང་རྒྱུ་སྔར་སྤྱད་པས་འབྲས་བུ་ཕྱིས་འབྱུང་དུ་རེ་བ་ནི་མ་ཡིན་ཏེ། རང་རིག་པའི་རྒྱལ་པོ་ལྷར་ཤེས་པ་ལ། རང་དབང་བསྒྱུར་བ་དེ་ཉིད་ཁོ་ན་འབྲས་བུ་ཡིན་ཞེས་བྱའོ། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །ཞེས་ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད། འབྲས་བུ་ལམ་གྱིས་མ་བསྒྲུབས། གཉེན་པོས་མ་བཅོས། ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཀུན་ཏུ་བཟང་པོར་སངས་རྒྱས་པའི་བདག་ཉིད་དུ་དབྱེར་མེད་ཅིང་ཐ་མི་དད་པས་ན་བདག་ཉིད་ཆེན་པོའོ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །ཞེས་བདག་ཉིད་ཆེན་པོ་དེ་ལྟར་དབྱེར་མེད་པ་དེ་ཡང་རྩ་བ་གར་འདུས་ཞེ་ན། རྩ་བ་རང་གི་སེམས་སུ་འདུས་ལ། སེམས་ཀྱི་རང་བཞིན་གཅིག་དང་དུ་མ་དང་བྲལ་བ། མཐའ་དང་དབུས་མྱེད་པ། གཞི་དང་རྩ་བ་མེད་པ། ཇི་ལྟ་བུ་ཡང་དམིགས་སུ་མེད་ཅིང་། མི་དམིགས་པ་ཆོས་ཀྱི་དབྱིངས་ཡིན་ལ། ཆོས་ཀྱི་དབྱིངས་རིག་པ་དང་ལྡན་པ་ཁོ་ན་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པས་སོ། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །ཞེས་དེ་ལྟར་ཆོས་ཐམས་ཅད་ཀྱི་རྩ་བ། སེམས་ཉིད་ཐུགས་ཡེ་ཤེས་དཀྱིལ་འཁོར་ཡིན་ཕན་ཅད། སེམས་སུ་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ཡིན་པ་མྱེད་དེ། དཀྱིལ་འཁོར་གྱི་རང་བཞིན་ཡེ་ནས་ཡིན་ལ། ཡིན་པ་དེ་ཡིན་པའི་སར་མ་ལུས་པར། དེ་ལྟར་ཤེས་རབ་ཀྱིས་ཀྱང་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཀྱང་གཟུགས་ལས་གཟུགས་སུ་གྱུར་པ། ཐབས་ལས་ཐབས་སུ་གྱུར་པ། ཐབས་ཀྱི་རྒྱལ་པོ་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྒོམ་པ་དེ་ནི། དཀྱིལ་འཁོར་གྱིས་དཀྱིལ་འཁོར་བསྒོམ། དཀྱིལ་འཁོར་གྱིས་དཀྱིལ་འཁོར་འགོད། དཀྱིལ་འཁོར་གྱིས་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ཤིང་མཆོད་པ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་པ་ཡིན་ནོ། །རང་སྣང་དབྱེར་མྱེད་དཀྱིལ་འཁོར་ལ། །ཞེས་འབྲས་བུ་མཐར་ཕྱིན་པའི་སངས་རྒྱས་དང་། རིག་པ་རང་སྣང་བའི་ཆོས་ཐམས་ཅད་དབྱེར་མྱེད་དེ། གང་དུ་དབྱེར་མྱེད་ཞེ་ན། འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པའི་ཐུགས་ཡང་དག་པའི་ཡེ་ཤེས་ལ་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་ལྡན་ལ། རིག་པ་རང་སྣང་བའི་ཆོས་འདི་ཀུན་གྱི་རང་བཞིན་ཡིན་ཡང་། རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གནས་དཀྱིལ་འཁོར་དུ་གནས་ལ། དེ་ལྟར་ན། འབྲས་བུ་མཐར་ཕྱིན་པའི་དེ་བཞིན་གཤེགས་པའི་གནས་སྐབས་ན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྣང་བ་ཡང་། ཐུགས་ཡང་དག་པའི་ཡེ་ཤེས་རང་སྣང་ལ། རིག་པ་རང་སྣང་བའི་ཆོས་ཐམས་ཅད་ཀྱང་རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་ཀྱིས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པ་ཡང་སེམས་རང་སྣང་བའོ། །སེམས་དང་ཡེ་ཤེས་རང་སྣང་བ་དབྱེར་མྱེད་པས་དབྱེར་མེད་ཀྱི་དལ་ལོ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་དེ་ལྟར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུའམ། ཐུགས་ཡེ་ཤེས་ཀྱི་རང་བཞིན་ནམ། མཚན་ཉིད་ཡིན་པའི་དོན་དེ་ལ། ཤེས་རབ་ཀྱིས་ཀྱང་རྟོགས་པར་འཇུག་ལ། ཏིང་ངེ་འཛིན་གྱིས་ཀྱང་རྟོགས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་ཞིང་དབྱེར་མྱེད་པར་སྦྱོར་བས་སོ། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །ཞེས་ཡང་ན་གོང་མ་ལྟར་རྟོགས་པ་དེ་ལ། ཕྱོགས་བཅུ་དུས་བཞི་ཀུན་ནས་གཤེགས་པའི། ཚེ་རབས་ཐོག་མ་མྱེད་པའི་དུས་ནས་སྙེན་སྙེན་བསྒྲུབས་བསྒྲུབས་པའི། འབྲས་བུ་མཐར་ཕྱིན་པའི་བདེའ་བར་གཤེགས་པའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཡང་དེ་ལ་རབ་ཏུ་རྫོགས་ན། ཤིན་ཏུ་ཉེ་བར་གྱུར་པའི་ཡིད་དམ་གྱི་ལྷའི་དངོས་གྲུབ་ཐོབ་པ་ལས་མི་འདའ་བ་དང་སྨོས་སུ་མྱེད་པས་དམ་ཚིག་མཆོག་ཅེས་བྱའོ། །འབྲས་བུ་ཅི་འགྲུབ་ཞེ་ན། འདི་འགྲུབ་སྟེ། ཕྱོགས་བཅུ་ན་བཞུགས་ཤིང་། དུས་བཞི་ཀུན་ནས་གཤེགས་པའི། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཞེས་སངས་རྒྱས་སྙེན་ཅིང་བསྒྲུབ་པར་བྱ་བའི་བདེ་བར་གཤེགས་པའི་དཀྱིལ་འཁོར་ཀུན། གོང་མ་ལྟར་རྟོགས་ཤིང་བསྒོམས་པའི་དེ། ཡོན་ཏན་མཐའ་དག་པ་མ་ཙལ་བར་ཤུགས་ཀྱིས་རབ་ཏུ་རྫོགས་པའོ། །རྫོགས་པ་གང་ཞེ་ན། ཉེ་བར་གྱུར་པའི་དམ་ཚིག་མཆོག །ཅེས་དེ་ལ་ཕྱོགས་བཅུའི་བདེ་བ་གཤེགས་པ་ཐམས་ཅད་ཉེ་བར་སྐུ་སྟོན་པར་འགྱུར། ཉེ་བར་གསུང་གིས་ཆོས་འཆད་པར་གྱུར། ཉེ་བར་ཐུགས་ཀྱིས་དགོངས་པར་འགྱུར་བ་ལས་མི་འདའ་བའི་དམ་ཚིག་མཆོག་ཡིན་ནོ་ཞེའམ། ༈ དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་དག །ཅེས་ལྷའི་འཇིག་རྟེན་ན་དཔག་བསམ་གྱི་ཤིང་ལ་འདོད་པ་འབྱུང་བ་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་འདོད་པ་འབྱུང་བ་དང་། གནོད་སྦྱིན་ཆེན་པོ་བརྒྱད་ལ་བུམ་པ་བཟང་པོ་ལས་འདོད་པ་འབྱུང་བ་དང་། འཛམ་བུ་གླིང་གི་མི་ལ་སོགས་པ་ལ་འབྱུང་བ་ལྔ་ལ་སྤྱོད་པ་ཀུན་ནོ། །དེ་དག་རྫས་ཡོད་མ་ཡིན་ཏེ། །ཞེས་དཔག་བསམ་གྱི་ཤིང་དང་། རིན་པོ་ཆེ་དེ་དག་རྫས་སུ་གྲུབ་པ་ཞིག་ལོགས་ན་ཡོད་པ་ལ་སྤྱོད་པ་ནི་མ་ཡིན་ཏེ། རང་སེམས་བསོད་ནམས་རྟན་པ་ཡིན། །ཞེས་འོ་ན་གང་ཡིན་ཞེ་ན། ཚེ་རབས་དཔག་ཏུ་མྱེད་པ་ནས། །རང་སེམས་ལ་བསོད་ནམས་དགེའ་བའི་རྩ་བ་མང་པོ་སྤྱད་པའི་བག་ཆགས་རྟན་ཞིང་། ལྟས་པར་བྱས་པའི་མཐུས། སེམས་ཉིད་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྣང་བ་ཡིན་ལ། དེ་ལ་ལས་དང་བག་ཆགས་འཐུན་པའི་ལྷ་རྣམས་སྤྱོད་པ་གཅིག་དུ་བས། མི་འབྱུང་བ་ལྔ་ལ་སྤྱོད་པ་ཡང་། རང་གི་སེམས་ལ་མིར་སྐྱེ་བ་དེ་ཙམ་གྱིས་བསོད་ནམས་སམ། དགེའ་བའི་རྩ་བ་བག་ཆགས་ལྟས་ཤིང་རྟན་པར་བྱས་པའི། སེམས་ཉིད་འབྱུང་བ་ཆེན་པོ་ལྔར་སྣང་བ་ཡིན་ལ། དེ་ལ་ལས་དང་བག་ཆགས་མཐུན་པའི་མི་རྣམས་སྤྱོད་པ་གཅིག་ཏུ་བས། གཏར་ཀ་གགས་གསལ་བ། འདིར་འབྲས་བུ་གསུམ་བྱུང་བ་ལ་མ་འདབས་སམ་ཞེ་ན། མ་འདབས་ཏེ། གོང་ནས་སྒྱུ་འཕྲུལ་དྲ་བ་བསྟན་པ་ཡིས། །ཅེས་སོ། །འབྲས་བུ་དེ་ནི། ཐབས་ལམ་ཟབ་མོའི་དབང་ཉམས་སུ་བླངས་པའི་འབྲས་བུ་ཡིན་ལ། དཔག་བསམ་ཤིང་དང་ཅེས་པའི་འབྲས་བུ་ནི། གཟུགས་རྙན་གྱི་དཀྱིལ་འཁོར་བཞེངས་ཤིང་རབ་ཏུ་གནས་པ་བྱས་པའི་འབྲས་བུ་ཡིན། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་ཅེས་པའི་འབྲས་བུ་ནི། ཚོགས་བསྒྲུབ་པའི་འབྲས་བུ་ཐོབ་ཚུལ་བཤད་པ་ཡིན་པས་སོ། །ངོ་མཚར་ཆོ་འཕྲུལ་སྨད་ཀྱི་ཆོས། །ཞེས་གོང་མ་དེ་དག་དཔེའ་དོན་ཡིན་ཡང་། དོན་གྱི་ཕྱོགས་ཅིག་དཔེར་བཞག་ཏེ་དོན་བསྟན་ན། དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་དང་། ཞིང་ཁམས་དག་པ་དང་། སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་བསམ་གྱིས་མྱི་ཁྱབ་པ་ནི། ངོ་མཚར་རྨད་དུ་འབྱུང་བའི་ཆོས་ཡིན་པས། གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཞེས་དེ་ལྟར་ངོ་མཚར་ཆོ་འཕྲུལ་སྨད་ཀྱི་ཆོས་དེ་དག་ཀྱང་། གཞན་མ་ཞིག་ན་དངོས་པོར་གྲུབ་པ་ཞིག་ཡོད་པ་མ་ཡིན་ཏེ། འོ་ན་དེ་གང་ཡིན་ཞེ་ན། ཐབས་ལ་རྟེན་པའི་ཤེས་རབ་ཉིད། །ཅེས་ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མཚན་མ་དང་བཅས་པ་དང་། མཚན་མ་མྱེད་པ་གཉིས་དབྱེར་མྱེད་པའི་དོན། ཤེས་རབ་ཀྱིས་ཀྱང་རྟོགས་ལ། ཏིང་ངེ་འཛིན་གྱིས་ཀྱང་མྱི་འགྱུར་བའི་རྩེ་གཅིག་ཏུ་བསྒོམས་ཤེས་རབ་ཡེ་ཤེས་ཉིད། དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་དེ་ལྟར་གོང་མ་དེ་ལྟ་བུའི། ངོ་མཚར་བའི་ཆོ་འཕྲུལ་སྣ་ཚོགས་པ་སྨད་དུ་འབྱུང་བའི་ཆོས་ཀྱི་ངང་དམ་རང་བཞིན་དུ་འབྱུང་ཞེས་བྱའོ། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད། །ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཅེས་ཤེས་རབ་སྤྲོས་པ་དང་བྲལ་བའི་དོན་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྒྱུར་གྱུར་པའི་ཕྱིར་ཞེའམ། ཡང་ན་ཤེས་རབ་ཡེ་ཤེས་ལ་བྱ་སྟེ། དབྱིངས་རིག་པ་དང་ལྡན་ལ། ཤེས་རབ་ཡེ་ཤེས་སྤྲོས་པ་དང་བྲལ་བས། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་མྱེད་པའི་དེ་བཞིན་ཉིད། ཐབས་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་རྒྱུར་གྱུར་པའི་ཕྱིར་ན། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་བསོག །ཅེས་ཡེ་ཤེས་ཕྱག་རྒྱ་རང་སྣང་བ་ལ་ནི་ཡེ་ཤེས་ཉིད་རོལ་ལ། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག་གསོབ་སྟོང་པ་ཉིད་དེ། མཚན་མ་མྱེད་པའི་ངང་ལས་མ་གཡོས་སོ། །རོལ་པ་ནི་གང་ཡིན་ཞེ་ན། རྒྱལ་བ་འཇིག་རྟེན་དུ་མངོན་པར་སངས་རྒྱས་ཤིང་བྱུང་བས། སེམས་ཅན་འཁོར་བ་དང་ངན་སོང་ལས་སྐྱོབ་པ་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སམ་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་པ་ཡང་དེ་ལྟར་སྟོན་པ་ཉིད་ན་ཡེ་ཤེས་རོལ་པ་ཉིད་ཀྱང་བསོག་བྱ་བའི་དོན་ཏོ། །རྒྱལ་བ་སྔོན་འབྱུང་སྐྱོབ་པ་དང་། །ཞེས་འཁོར་བ་ལས་རྒྱལ་བའི་སངས་རྒྱས་ནི། དེ་བཞིན་ཉིད་མཚན་མ་མྱེད་པའི་ངང་ལས་མ་གཡོས་ཀྱང་། སྔོན་འབྱུང་འཇིག་རྟེན་དུ་སྤྲུལ་པའི་སྐུ་བྱུང་ནས། འགྲོ་བ་དྲུག་གི་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། བྱིན་བརླབས་སྟོན་པའང་དེ་བཞིན་ཏེ། །ཞེས་སྐུའི་བྱིན་རླབས་མཛད་པ་བཅུ་གཉིས། གསུང་གི་བྱིན་རླབས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་། ཐུགས་ཀྱི་བྱིན་བརླབས་མངོན་ཤེས་ལྔ། །ཡོན་ཏན་གྱི་བྱིན་རླབས་སྐུ་དང་ཞལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ། འཕྲིན་ལས་ཀྱི་བྱིན་རླབས་ཐེག་པ་སྟོན་པ་ཡང་། ཡེ་ཤེས་སྒྱུ་མ་ལྟ་བུས་བྱ་བ་བྱེད་ནུས་པའི་གསོག་བསོབ་ལྟ་བུ་གོང་མ་དེ་བཞིན་ཡིན་ཏེ། བྱ་བྱེད་ནུས་པའི་གཟིའ་བརྗིད་ཀྱིས། །ཞེས་དེ་ཡང་གསོག་གསོབ་སྒྱུ་མ་ལྟ་བུས་ཅི་ཡང་བྱ་བ་བྱེད་མི་ནུས་པ་ནི་མ་ཡིན་ཏེ། ཐུགས་ཡེ་ཤེས་དེ་ཉིད་འགྲོ་བའི་དོན་ཅི་ཡང་བྱ་བ་བྱེད་ནུས་པའི་གཟི་བརྗིད་དང་ལྡན་པས་སོ། །སྒྱུ་མ་རྡོ་རྗེ་བརྩན་པོ་མཆོག །ཅེས་དེ་ལྟར་བྱ་བ་བྱེད་ཙམ་ན་དངོས་པོར་མ་གྲུབ་པ་ནི་སྒྱུ་མ་དང་འདྲ་ལ། ཕར་ནི་བཟུང་འཛིན་དང་ལོག་ལྟ་ཐམས་ཅད་འཇོམས་པས་ནི་རྡོ་རྗེ་ཕ་ལམ་དང་འདྲ། ཚུར་ནི་ཅིས་ཀྱང་མི་ཚུགས་པས་ནི་རྡོ་རྗེ་བརྩན་པོ་མཆོག་གོ། །ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཞེས་འཇུག་པའི་ཆོ་ག་ལྔ་ནི། སྒོ་གསུམ་ཟོལ་པོག་མྱེད་པས་རྡོ་རྗེ་སློབ་དཔོན་མཆོད་ཅིང་མཉེས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ནོར་ཞིང་མ་ཉམས་པ་དང་། གསང་བའི་དཀྱིལ་འཁོར་དུ་ཞུགས་ནས་ལྷའི་མཚན་ཉིད་ངོ་ཤེས་པ་དང་། སྔགས་གསང་བའི་དབང་ཐོབ་ནས་མན་ངག་གི་གནང་བ་ཐོབ་པ་དང་། བསྒོམ་སྒྲུབ་ཀྱི་གདམས་ངག་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའོ། །རང་དོན་ཆོ་ག་ལྔ་ནི། སྟོན་པ་མཆོད་པ་ལ་བརྩོན་པ། རྟོགས་པ་གསལ་བ། དམ་ཚིག་མ་ཉམས་པ། སྔགས་ཟློས་པ་ལས་སུ་རུང་བ། ཕྱག་རྒྱ་ཅིང་ཞིང་བསྒོམ་པའོ། །ཐེག་པ་ཆེན་པོའི་ཆོ་ག་ལྔ་ནི། སེམས་ལྔ་བསྐྱེད་པའོ། །ཕྱི་བསྐྱེད་རིམས་ཀྱི་ཆོ་ག་ལྔ་ནི། བགེགས་བསལ་བ། སྒྲིབ་པ་བཤགས་པ། མཆོད་པ་སྤེལ་བ། རང་བཞིན་པ་བསྐྱེད་པ། ཡེ་ཤེས་པ་སྒྲུབ་པ། ནང་རྫོགས་རིམས་ཀྱི་ཆོ་ག་ལྔ་ནི། གནས་པ་རྩ་ལ་བསྒོམ་པ། གྲུབ་པ་ཡི་གེ་ལ་བསྒོམ་པ། རྟེན་པ་ཐིག་ལེ་ལ་བསྒོམ་པ། གཡོ་བ་རླུང་ལ་བསྒོམ་པ། གདམ་ངག་སེམས་ཉིད་སྟོང་པར་བསྒོམ་པའོ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཞེས་གཞིའི་ཡོ་བྱད་ལྔ་ནི། གནས་བདེ་ཞིང་ཡིད་དུ་འོང་བ་དང་། སྒྲུབ་པའི་གྲོགས་མཆོག་དང་ལྡན་པ་དང་། གཟུངས་མ་མཚན་དང་ལྡན་པ་དང་། རྡོ་རྗེ་དྲིལ་བུ་ལ་སོགས་པའི་སྔགས་ཆ་ཚང་བ་དང་། ཕྱི་ནང་གི་འཚོའ་བའི་ཡོ་བྱད་དང་ལྡན་པའོ། །སྒྲུབ་པོ་རང་གི་ཡོན་ཏན་གྱི་ཡོ་བྱད་ལྔ་ནི། ཤེས་རབ་དང་། སྙིང་རྗེ་དང་། བྱང་ཆུབ་སེམས་དང་། དམ་ཚིག་དང་། ཏིང་ངེ་འཛིན་ནོ། །ཐུན་མོང་གི་ཡོ་བྱད་ལྔ་ནི། འདོད་པའི་ཡོན་ཏན་ལྔའོ། །སྤྱིར་རྒྱུན་གྱི་ཡོ་བྱད་ལྔ་ནི། བདུད་རྩི་ལྔ་སྨན་གྱི་ཡོ་བྱད་དང་། ཤ་ལྔ་གཏོར་མའི་ཡོ་བྱད་དོ། །ཚོགས་སྒྲུབ་པའི་ཡོ་བྱད་ལྔ་ནི། བཟའ་དང་བཏུང་བའི་ཡོ་བྱད་དང་། རྒྱན་དང་བགོའ་བའི་ཡོ་བྱད་དང་། གླུ་ཚིག་དབྱངས་དང་སྒྲའི་ཡོ་བྱད་དང་། བྲོ་གར་འདུ་འཕྲོའི་ཡོ་བྱད་དང་། ཨ་ལྀ་ཀ་ལྀ་ཐབས་དང་ཤེས་རབ་ཀྱི་ཡོ་བྱད་དོ། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །ཞེས་བསྐྱེད་པ་རྒྱུའི་ཡན་ལག་ལྔ་ནི། མི་རྟོག་པའི་ཏིང་ངེ་འཛིན་མཚན་མ་མྱེད་པར་བསྒོམ་པ་དང་། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། རྒྱུའི་ཏིང་ངེ་འཛིན་ཟླ་བའི་དལ་ཧཱུྃ་དང་བཅས་པ་བསྒོམ་པ་དང་། ཐུགས་ཕྱག་རྒྱ་བསྒོམ་པ་དང་། སྐུ་ཡོངས་སུ་རྫོགས་པ་བསྒོམ་པའོ། །དགུག་པ་སྔགས་ཀྱི་ཡན་ལག་ལྔ་ནི། སྙན་གསན་དབབ། དབྱིངས་ནས་བཞེངས། སྤྱན་དྲངས། གཉིས་མྱེད་དུ་སྟིམ། མཆོད་པ་རྣམས་དབུལ་ལོ། །བཟླས་པ་བསྒྲུབ་པའི་ཡན་ལག་ལྔ་ནི། སྙིང་ཁར་ཡེ་ཤེས་སེམས་དཔའ་བསྒོམ་པ་དང་། དེའི་ཐུགས་ཁར་ཉི་ཟླའི་དལ་བསྒོམ་པ་དང་། དེ་ལ་དམ་ཚིག་གི་ཕྱག་རྒྱ་བཞག་པ་དང་། དེ་ལ་ཡིག་འབྲུས་སྐོར་བ་དང་། ཟློས་ཚེ་སྤྲོ་བསྡུའི་ཡན་ལག་ལྔའོ། །ལྷའི་ཡན་ལག་སྤྲོ་བ་ལྔ་ནི། ཐབས་ཀྱི་ལྷ་འབུ་ཏ་ཞི་གཉིས། ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ། བསམ་གྱིས་མི་ཁྱབ་པའི་ལྷ་སྐུ་གསུང་ཐུགས་ཀྱི་ལྷ། དབུར་རྒྱན་གྱི་ལྷ་རིགས་ལྔའི་དབང་། དེ་དག་ལས་ལྷ་སྟོང་དུ་རྩི་བ་ལ་སོགས་ཏེ་ལྔའོ། །འབྲས་བུ་ལམ་རིམ་གྱི་ཡན་ལག་ལྔ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་དང་། རྒྱུ་དང་། སྤྲོས་བཅས་དང་། ཚོགས་བསྒྲུབ་བོ། །མ་ཉམས་འཇུག་ལ་རབ་བརྩོན་ན། །ཞེས་གོང་མ་དེ་དག་ལས་མ་ཉམས་ཤིང་། སྒྲུབ་པའི་ཐབས་ལ་འཇུག་པ་ལ་རབ་ཏུ་བརྩོན་འགྲུས་ཆེ་ན། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་ཚེ་ལ་དབང་བའི་རིག་འཛིན་གྱི་དངོས་གྲུབ་དམ་པ་དེ་འགྲུབ་བོ། །དེ་ཡང་འབྲས་བུ་ཐོབ་པའི་དུས་ནི། སྐལ་བ་རབ་ཀྱིས་ཞག་སུམ་ཅུ་ཕྲག་དྲུག་ལ་ཟླ་བ་དྲུག་ཡོད། བཅུ་གཉིས་ནི་ཟླ་བ་བཅུ་གཉིས་ལོ་གཅིག །བཅུ་བཞི་ནི་ལོ་གཅིག་དང་ཟླ་བ་གཉིས། བཅུ་དྲུག་ལ་ལོ་གཅིག་ཟླ་བ་བཞི་སྟེ། ཟླ་བ་བཅུ་དྲུག་གིས་འགྲུབ་བོ། །ཚེ་ལ་དབང་བའི་རིག་འཛིན་ལ་དྲུག་སྟེ། དང་པོ་ཚེ་ལ་དབང་བའི་རིག་འཛིན་གྱི་ངོ་བོ་ནི། གསང་སྔགས་ཀྱི་མཐོང་བའི་ལམ་སྟེ། འདི་ཉིད་ལས་མ་ལུས་བདག་ཉིད་ཞལ་མཐོང་བ། དབང་སྒྱུར་མཆོག་གི་དམ་པ་ཡིན། །ཅེས་སོ། །གཉིས་པ་ཆ་ལུགས་ནི། ལྷ་མི་ཁྱད་པར་ཅན་གྱི་ཆ་ལུགས་ཏེ། འདི་ཉིད་ལས། མི་དང་ལྷ་དང་ཚངས་པའི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཅེས་སོ། །གསུམ་པ་ཚེ་ཚད་ནི། བདག་དོན་གྱི་ཚེ་ཚད་ནི། ལམ་རིམ་ནས། ཚེ་ནི་བཅུ་དང་དྲུག་པའི། བརྒྱ་བརྒྱ་དག་ཏུ་སྣུར་ཞིང་གནས། །ཞེས་སོ། །གཞན་དོན་གྱི་ཚེ་ཚད་ནི། སྐལ་པ་གྲངས་མྱེད་གནས་འགྱུར་ཡང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །ཅེས་སོ། །བཞི་པ་ཚེ་དབང་འགྲུབ་པའི་ཚད་ནི། མ་ཉམས་འཇུག་ལ་རབ་བརྩོན་ན། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཅེས་བསོགས་སོ། །ལྔ་པ་ཚེ་དབང་གང་དང་སྦྱོར་ན། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྲུབ་ལ་སྦྱོར་རོ། །དྲུག་པ་སངས་རྒྱས་འགྲུབ་པའི་དུས་ནི། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཅེས་སོ། །བརྒྱ་བཅུ་པ་ལས་ཀྱང་། ལུས་དང་ཕུང་པོར་བཅས་པ་ཡིས། །ཚེ་ལ་དབང་བའི་རིག་འཛིན་གྲུབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཅེས་སོ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཞེས་ཚེའི་དངོས་གྲུབ་དེའི་ཚེ། རིག་འཛིན་ཚེ་ལོ་བརྒྱ་པ་ཞིག་ཡིན་ལ། ཚེ་ལོ་བརྒྱའི་བར་དུ་འགྲུབ། དེས་ཀྱང་མ་གྲུབ་ན། ཚེ་ལོ་བརྒྱ་བརྒྱར་སྣར་ཞིང་བསྒྲུབ་སྟེ། ཐ་མར་ཚེ་ལོ་སྟོང་དྲུག་བརྒྱ་ཚུན་ཆོད་ཀྱིས་ནི་འགྲུབ་ངེས་ལ། མི་འགྲུབ་མི་སྲིད་དོ། །གྲུབ་པ་དེ་གང་གྲུབ་ན། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཞེས་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། སྤྲུལ་པའི་སྐུ་ལྔ་དབྱེར་མྱེད་པར་ལྷུན་གྱིས་གྲུབ། དེ་ལ་ཐུགས་ཡེ་ཤེས་ལྔ་དང་། ཡོན་ཏན་གཞལ་ཡས་ཁང་། ཞིང་ཁམས། རྒྱན། གདན་ཁྲི། འོད་ཟེར་ལྔ་དང་། འཕྲིན་ལས་ཞི་རྒྱས་དབང་དྲག་ལྷུན་གྲུབ་ལྔ་སྟེ། ཉི་ཤུ་རྩ་ལྔར་ལྷུན་གྱིས་རྫོགས་པ་ནི། དངོས་གྲུབ་དེ་གྲུབ་པའོ། །དེ་ལྟ་བུ་དེ་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཏེ་དེ་ལ་ལྔ་སྟེ། གཞིའ་གང་དང་སྦྱར་བ་ནི། གཞན་གྱི་འགྲོ་དོན་བྱེད་ནུས་པ་དང་སྦྱར་རོ། །བདེན་པ་གང་རྟོགས་པ་ནི། སློབ་པ་མཐར་ཐུག་པའི་ཚུལ་གྱིས་དབྱེར་མྱེད་རྟོགས་པའོ། །ཡིད་ཆེས་པའི་ཁུངས་ནི། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི་ཞེས་སོ། །རྣམ་གྲངས་ནི་གསུམ་སྟེ། བྱང་བའི་ལྷུན་གྲུབ་དང་། རྣལ་འབྱོར་གྱི་ལྷུན་གྲུབ་དང་། མ་ཧཱ་ཡོ་གའི་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐད་ཀ་གང་དང་སྦྱར་ན། ས་བཅུ་པ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྐུ་ལྔ་ལྷུན་གྱིས་གྲུབ་པའི་དོན་པོ་ཞལ་མཐོང་དགོས་པའོ། །དེ་ལྟར་གྲུབ་པ་དེ་ཉིད་རང་གི་ངོ་བོ་གང་སྣང་ཞེ་ན། རང་གི་ངོ་བོ་ནི། སྐུ་ལྔ་ལྷུན་གྲུབ་སྟེ། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། ཅེས་སོ། །དབྱེ་བ་ནི་གཉིས་ཏེ། ལྷུན་གྱིས་གྲུབ་པའི་སློབ་པ་པོའི་རིག་འཛིན་དང་། མི་སློབ་པ་སངས་རྒྱས་སོ། །སློབ་པ་ནི། མཐོང་ནས་ཉེ་བར་མཉེས་པ་དང་། །ཅེས་བསོགས་སོ། །མི་སློབ་པ་ནི། གཅིག་དང་དུ་མར་བྲལ་བའི། ཞེས་བསོགས་སོ། །ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་སར་འགྲོ་བ་ནི་གཉིས་ཏེ། རང་དོན་དུ་སངས་རྒྱས་པ་དང་། གཞན་དོན་དུ་སངས་རྒྱས་པའོ། །རང་དོན་ནི། ཤེས་རབ་དང་། ཏིང་ངེ་འཛིན་དང་། སྨོན་ལམ་དང་། དམ་ཚིག་གི་མཐུས། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཤར་ནས། ཤེས་བྱའི་སྒྲིབ་པ་རང་དག་སྟེ། འབྲས་བུ་སྐུ་དང་ཡེ་ཤེས་རང་ཤར་ནས་སངས་རྒྱ་བ་དེ། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ་ཅེས་སོ། །གཞན་དོན་དུ་སངས་རྒྱ་བ་ནས། དེ་ལྟར་བདག་དོན་དུ་སངས་རྒྱས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བ་བཞེས་ཏེ། མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཛད་ནས། མངོན་པར་རྫོགས་པ་སངས་རྒྱས་པའོ། །བརྒྱད་ཅུ་པ་ལས། དེ་ལྟར་བྱ་བ་ཀུན་བྱས་ནས། མཐར་ནི་སྐྱེ་མྱེད་རྡོ་རྗེའི་ས། །ཞེས་སོ། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། ཞེས་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཐིག་ལེ། ཆོས་ཀྱི་དབྱིངས་དེ་ཉིད་ལ། ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །ཞེས་དབྱིངས་རིག་པ་དང་ལྡན་པའི་ཡེ་ཤེས་དེ་ཉིད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་བཟད་པ་རྒྱན་གྱི་འཁོར་ལོར་རང་སྣང་བ་ཉིད་སྣང་བའོ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཅེས་དེ་ལྟར་སྣང་བའི་ཡོན་ཏན་ནི། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག་དང་ལྡན་ནོ། ། ངག་དོན་དུ་གཉིས་ཏེ། རྒྱུ་དང་། འབྲས་བུའོ། །རྒྱུ་ནི་བཞི་སྟེ། རྩ་ཡེ་ཤེས་ཀྱི་ཐིག་ལེ་དང་། ཡི་གེ་ཡེ་ཤེས་ཀྱི་ཐིག་ལེ་དང་། ཁམས་བདུད་རྩི་ཡེ་ཤེས་ཀྱི་ཐིག་ལེ་དང་། སྙིང་པོ་རླུང་ཡེ་ཤེས་ཀྱི་ཐིག་ལེའོ། །རྩ་ནི་ལྔ་སྟེ། སྤྱི་བོའི་རྩ་སྟོང་པ་ཉིད་ཀྱི་ཡེ་ཤེས། མགྲིན་པའི་རྩ་སོ་སོར་རྟོག་པའི་ཡེ་ཤེས། སྙིང་ཀའི་རྩ་མེ་ལོང་ལྟ་བུའི་ཡེ་ཤེས། ལྟེ་བའི་རྩ་མཉམ་པ་ཉིད་ཀྱི་ཡེ་ཤེས། གསང་བའི་རྩ་བྱ་བ་གྲུབ་པའི་ཡེ་ཤེས། རྩ་ལྔ་དབྱེར་མྱེད་ཡེ་ཤེས་ཐིག་ལེའོ། །ཡི་གེ་ནི་ལྔ་སྟེ། ༀ་ཆོས་ཀྱི་དབྱིངས། ཨཱཿསོར་རྟོགས། ཧཱུཾ་མེ་ལོང་། སྭཱ་མཉམ་ཉིད། ཧཱ་བྱ་གྲུབ། ཡི་གེ་ལྔ་དབྱེར་མྱེད་པའི་ཐིག་ལེའོ། །ཁམས་བདུད་རྩི་ལྔ་སྟེ། དྲི་ཆེན་ཆོས་དབྱིངས། རག་ཏ་སོར་རྟོགས། ཤ་ཆེན་མཉམ་ཉིད། བྱང་སེམས་མེ་ལོང་། དྲི་ཆུ་བྱ་གྲུབ་ལྔ་དབྱེར་མྱེད་ཐིག་ལེའོ། །རླུང་ལྔ་སྟེ། ཁྱབ་བྱེད་ཆོས་ཀྱི་དབྱིངས། གྱེན་རྒྱུ་སོར་རྟོག །མེ་མཉམ་མཉམ་ཉིད། ཐུར་སེལ་བྱ་གྲུབ། སྲོག་འཛིན་མེ་ལོང་ལྔ་དབྱེར་མྱེད་ཐིག་ལེའོ། །འབྲས་བུ་ནི་ཉི་ཤུ་ཐམ་པ་དབྱེར་མྱེད་པའི་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པའོ། །ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །ཞེས་སྔར་ཕྱོགས་བཅུ་དུས་བཞི་ན་མངོན་པར་རྫོགས་པ་སངས་རྒྱས་པའི་ཞིང་ཁམས་རྣམ་པ་དག་པ་ཡོད་པ་དང་། ཞིང་ཁམས་རྣམ་དག་བསམ་ཡས་དང་། །ཞེས་དེའི་གྲངས་གདུལ་བྱའི་བློས་བསམ་པ་ལས་ཡས་པ་སྔར་སངས་རྒྱས་པར་འགྱུར་བ་རྣམས་སོ། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །དེ་ཡོད་པ་ཡང་རྒྱ་ཆེ་ཆུང་གི་ཚད་དང་བྲལ་བ། རྒྱུ་ཡེ་ཤེས་ཀྱི་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་། འཁོར་ལོ་རྒྱན་དང་རོལ་མོའི་ཚོགས། །ཞེས་དབུས་འཁོར་ལོ་རྩིབས་བཞིའི་ཕོ་བྲང་ན། རིན་པོ་ཆེའི་རྒྱན་དང་། འདོད་ཡོན་ལྔའི་རོལ་མོའི་ཚོགས་དང་བཅས་པ་ཀུན་དང་། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །ཞེས་དེ་ལ་ལོངས་སྤྱོད་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་ལྡན་པའི། བདེ་བར་གཤེགས་པ་མ་ལུས་པ་ཀུན། མཐོང་ནས་ཉེ་བར་མཉེས་པ་དང་། །ཞེས་གང་ཟག་རྣལ་འབྱོར་པ་བདག་ལྟ་བུ་ཞིག་ཕྱིས་སངས་རྒྱས་པ་དེས། སྔར་སངས་རྒྱས་པ་ཀུན་གྱི་ཞལ་མཐོང་ནས། གསུང་ཐོས། བདག་གིས་ཡང་མཆོད་པའི་ཁྱད་པར་ཕུལ། ཚུར་ལ་ཡང་མཆོད་པར་སྣང་བས་མཉེས་པས་མཉེས་པ་དང་། རྒྱ་ཆེན་གསུང་ལས་དོན་བྱུང་བའང་། །ཞེས་བདེ་བར་གཤེགས་པའི་གསུང་གཅིག་ལ་ཡང་གསུང་དབྱངས་ཡན་ལག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི། རྒྱ་ཆེན་པོའི་གསུང་དེ་ལས་ཆོས་ཉིད་ཀྱི་དོན་འབྱུང་བ་ཡང་ཐོས་པ་ཡིན། མཐུན་པའི་ཡེ་ཤེས་རང་སྣང་བའོ། ༈ །ཞེས་ཡེ་ནས་སངས་རྒྱས་པ་མི་བཞུགས་པ་མ་ཡིན་བཞུགས་ལ། བཞུགས་པའི་སངས་རྒྱས་ཡང་། སྒྲིབ་པ་ནི་གཏན་ནས་སྤངས། བསོད་ནམས་ནི་དཔག་ཏུ་མྱེད་པ་བསགས། ཡེ་ཤེས་ནི་ཚད་པར་སྐྱེད་པའི་སངས་རྒྱས་དེ་ཀུན་ཡང་། ཡུལ་དུ་བྱས་པའི་བདག་གི་རིགས་ལོ་པ་ན་དངོས་པོར་གྲུབ་པ་ཞིག་ལ། བདག་གིས་ཚུར་ཞལ་མཐོང་བ་མ་ཡིན་ཏེ། སངས་རྒྱས་པ་དེ་བཞིན་དུ་བདག་གིས་ཀྱང་སྒྲིབ་པ་འཐུན་པར་ཡངས། བསོད་ནམས་མ་ལུས་པར་བསགས། ཡེ་ཤེས་འཐུན་པར་སྐྱེད་པའི། འཐུན་པར་སྐྱེད་པའི། འཐུན་པའི་ཡེ་ཤེས་རང་སྣང་བ་ཉིད་གོང་མ་སྣང་ངོ་། ༈ །འདིར་གཏར་ཀས་གགས་གསལ་བ་ལ། ཡེ་ཤེས་རང་སྣང་བ་ཡིན་ན། མཐུན་ཞེས་གདགས་སུ་མི་སྟུབ་སྟེ། དཔེར་ན་མཐུན་ཞེས་བྱ་བ་ནི། རིག་པ་རང་སྣང་བའི་དོན་དང་གཉིས་འགལ་ཏེ། གཉིས་ཡོད་ན་ནི། མི་གཉིས་གོས་མཐུན། རྟ་གཉིས་སྤུ་ཁ་མཐུན། གླང་གཉིས་གཉའ་མཐུན་བྱ་བ་དང་འདྲ་བར། མཐུན་ཞེས་ཟེར་བའི་སྒོ་ནས། ཡེ་ཤེས་རང་སྣང་བ་དེ་མི་སྟུབ་སྟེ། གོང་མ་ལྟར་སྣང་བ་ཡང་། རིག་པ་ལས་མ་རྟོགས་པར། ཡུལ་གྱི་དངོས་པོར་གྲུབ་པ་ཞིག་ཡོད་ཞེས་རྒལ་བ་དང་། ལན་ཀྱུས་ཀྱིས་གཏབ་སྟེ། སྔར་མངོན་པར་རྫོགས་པ་སངས་རྒྱས་པའི་ཞིང་ཁམས་རྣམ་པར་དག་པ་དང་། དེ་ན་ཡོད་པའི་རྒྱ་ཆེ་ཆུང་དང་བྲལ་བའི་གཞལ་ཡས་ཁང་དང་། དེ་ལ་ལོངས་སྤྱོད་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པ་དེ་དག་གི་རང་བཞིན་དུ་སྣང་བ་ནི། བདག་གི་རིག་པ་སྦྱངས་པར་སྣང་བ་ཡིན་ལ། བདག་གི་རིག་པའམ་སེམས་ཀྱི་རང་བཞིན་ནི་ཡེ་ནས་གནས་པ་དང་མཐུན་པར་སྣང་བའོ། །དཔེར་ན་མེ་ལོང་ནང་གི་བྱད་དང་འདྲ་བར་སྣང་བ་སྟེ། མེ་ལོང་ཡེ་ནས་ཡོད། གཟུགས་འཆར་བར་སྣང་བ་ཡང་ཡེ་ནས་ཡོད། བྱད་བྱུང་བ་དང་གཟུགས་རང་སྣང་དུ་འཐུན་པར་སྣང་བའོ། །དེའི་ལན་ནི་གཅིག་དང་དུ་མར་བྲལ་བའི། ཞེས་པ་ལ་སོགས་ཀྱིས་ལན་འདེབས་སོ། །གཅིག་དང་དུ་མར་བྲལ་བ་ཡི། །བདག་གི་རིག་པའམ་སེམས་ཀྱི་རང་བཞིན་ནི། གཅིག་དང་དུ་མར་བྲལ་བ་ཡི། མཐའ་དང་དབུས་མྱེད་དེ་བཞིན་ཉིད། །མཐའ་དང་དབུས་མྱེད་པ། གཞིའ་དང་རྩ་ལ་མྱེད་པ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ལ། སངས་རྒྱས་ཉིད་ཀྱང་མི་གཟིགས་ཏེ། །ཞེས་སེམས་ལས་མ་རྟོགས་པའི་ཡུལ་ལོགས་ཤིག་ན། དངོས་པོར་གྲུབ་པ་ཞིག་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། དངོས་པོར་གྲུབ་པ་མྱེད་ལ། རང་འབྱུང་ཡེ་ཤེས་གནས་མྱེད་སྣང་། །ཞེས་གོང་མ་ལྟར་སྣང་བ་ནི་རང་གི་རང་བཞིན་དུ་རང་བྱུང་བའམ། རང་གི་རིག་པ་སྦྱངས་པ་ལས་བྱུང་བའི་ཡེ་ཤེས། དངོས་པོའམ་མཚན་མའི་མཐའ་ལ་གནས་པ་མྱེད་པའམ། ཡོད་མྱེད་ཀྱི་མཐའ་ལ་གནས་པ་མྱེད་པ་ཉིད་སྣང་ལ། ལོག་པར་རྟོགས་རྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་དེ་ཡང་འཐུན་པའམ་སྣང་བའི་དཔེའ་ནི། ལས་དང་བག་ཆགས་མཐུན་ན། ཐུན་མོང་ཕན་ཚུན་སྣང་བ་འདྲ་ལ། མྱི་འཐུན་པ་ལ་མྱི་སྣང་བའི་དཔེའ་ནི། ལས་དང་བག་ཆགས་མི་འཐུན་པ་ནི། ལྷན་ཅིག་འདུག་ཀྱང་མི་མཐོང་བ་དྲི་ཟའི་གྲོང་ཁྱེར་དང་འདྲའོ་ཞེས་སྨྲས་པ་དང་། ཡང་རྒལ་ཏེ། ལས་དང་བག་ཆགས་མཐུན་པ་ལ་སྣང་། མི་མཐུན་པ་ལ་མི་སྣང་མེད། སངས་རྒྱས་དང་སེམས་ཅན་ལས་དང་བག་ཆགས་མི་འཐུན་པས། ཇི་ལྟར་སེམས་ཅན་གྱིས་སངས་རྒྱས་མི་འཐོང་བ་བཞིན། སངས་རྒྱས་ཀྱིས་ཀྱང་སེམས་ཅན་མི་འཐོང་ཞེས་རྒལ་ན། སེམས་ཅན་གྱིས་སངས་རྒྱས་མི་འཐོང་བ་ནི་དེ་ལྟར་བདེན་ན། སངས་རྒྱས་ཀྱིས་སེམས་ཅན་གཟིགས་ཏེ། གཟིགས་པའི་གཏན་ཚིགས་ནི་གསུམ་སྟེ། ལོག་པར་རྟོགས་པ་རྟགས་ཤིང་སྤྱད་ན་རྣམ་པར་དག་པའི་ཕྱིར་ན་གཟིགས་པ་ནི། སེམས་ཅན་གྱིས་སངས་རྒྱས་མི་འཐོང་བ་ནི་དཔེར་ན་མེ་ལོང་དང་འདྲ་སྟེ། མེ་ལོང་ལ་གཟུགས་རྙན་སྣང་བའི་རྒྱུ་ཡོན་ཏན་ཀྱང་། བློ་འུར་གྱི་གཡས་གཡོགས་ན་གཟུགས་རྙན་སྣང་བའི་བྱ་བ་བྱེད་མི་ནུས་པ་དང་འདྲ་བར། སེམས་ཅན་གྱི་སེམས་ཡེ་ཤེས་ཡང་དག་པའི་རྒྱུ་ཡིན་ཡང་། ཐོག་པ་མྱེད་པའི་དུས་ནས། རྒྱུ་ཉོན་མོངས་པ་མ་རིག་པ་དང་། རྐྱེན་གཟུང་འཛིན་གྱི་རྟོག་པ་བློ་བུར་བས་སྒྲིབ་པས། སངས་རྒྱས་མི་མཐོང་བ་ནི། མེ་ལོང་གཡས་གཡོགས་པ་དང་འདྲ་ལ། དེ་བཞིན་གཤེགས་པ་ནི་སེམས་ཅན་གྱི་ལོག་པར་རྟོག་པ་ཉིད། ཐུགས་ཡང་དག་པའི་ཡེ་ཤེས་སུ་མཁྱེན་པས། མེ་ལོང་གཡས་དག་པ་དང་འདྲ་སྟེ། གཏན་ཚིགས་དེའི་ཕྱིར་ཡང་གཟིགས་སོ། །གཉིས་པ་ཡེ་ཤེས་དབྱིངས་ལས་མི་ཞན་པའི་ཕྱིར་ཡང་གཟིགས་ཏེ། སེམས་ཅན་གྱི་སེམས་ལས་མ་རྟོགས་པ་ལོགས་ཤིག་ནས་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་མྱེད་དེ། སེམས་ཅན་གྱི་སེམས་གནས་སུ་དག་པར རྟོགས་པ་ཉིད་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཉིད་དེ། ཆོས་ཀྱི་དབྱིངས་ལས་སེམས་ཅན་གྱི་སེམས་མི་ཞན་པའི་ཕྱིར་ཡང་གཟིགས་སོ། །གསུམ་པ་ནི་ཐུགས་རྗེ་ཆེན་པོས་འབྲེལ་བས་གཟིགས་པ་ནི། སེམས་ཅན་ནི་སྙིང་རྗེ་དང་བྲལ་བ་ཡིན་པས་སངས་རྒྱས་མི་མཐོང་བ་ཡིན་ལ། སངས་རྒྱས་ནི་ཐུགས་རྗེ་དང་ལྡན་པས་སེམས་ཅན་དང་ཐུགས་རྗེ་དང་འབྲེལ་བས་ན་གཟིགས་ཏེ། དཔེར་ན་ལས་མི་འཐུན་ཞིང་མ་འབྲེལ་ན་ནི། རང་གི་དྲུང་ན་འདུག་ཀྱང་ཤི་ཆད་དང་སྐྱིད་སྡུག་མི་མཐོང་ལ། རྒྱ་ལ་ཤི་བ་མཐོང་ཡང་མྱ་ངན་མྱི་བྱེད་དོ། །ལས་འཐུན་ཞིང་འབྲེལ་ན་ནི། དབུས་མཐའ་འདུག་ཀྱང་དེ་མ་ཕྲད་ཡང་། ཡིག་འཕྲིན་གྱིས་བླུགས་ནས་ཤི་མ་ཤི་དང་བདེའི་སྡུག་ཡོད་པ་དང་འདྲ་བར། སངས་རྒྱས་ནི་སེམས་ཅན་དང་ཐུགས་རྗེ་ཆེན་པོས་འབྲེལ་བས་ན། འགྲོ་བ་དྲུག་པོ་དུས་བཞིའི་གནས་སྐབས་མ་ལུས་པར་གཟིགས་ཤིང་དེས་འདུལ་བར་སྣང་ངོ་། །བདེའ་བ་ཆེན་པོའི་དཀྱིལ་འཁོར་ནི། །སྟངས་དཔྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དང་ལྡན་རབ་ཞུགས་ན། །ཞེས་ལྷ་མང་པོ་བསྒོམ་པར་མི་ལྕོགས་པས། མ་ཧཱ་སུ་ཀ་བདེའ་ཆེན་པོའི་དཀྱིལ་འཁོར་ནི་ཡབ་ཡུམ་ཁ་སྦྱོར་ཏེ། སྟངས་ཡབ་ལ་འཇལ་ཡུམ་སྟེ། དེ་གཉིས་སམ། ཡང་ན་ཡུམ་བཞི་གཙོ་བོ་དང་ལྔའོ། །དོན་དམ་བྱང་ཆུབ་སེམས་དང་ལྡན་པར་བྱ་སྟེ། དད་པ་དང་ལྡན་པས་དེར་ཞུགས་སམ་དེའི་ཏིང་ངེ་འཛིན་དུ་ཞུགས་ནས་བསྒོམ་ན། འདོད་པའི་ཡིད་འོང་མཉམ་པར་འགྱུར། །ཞེས་འདོད་པའི་དངོས་གྲུབ། རང་ཡིད་དུ་འོང་བའི་ཡོན་ཏན་ནི། ལྷ་མང་པོ་བསྒོམ་པའི་ཡོན་ཏན་དང་མཉམ་པར་འགྱུར་རོ། ༈ །ལྷ་མང་པོ་བསྒོམ་པར་མི་ནུས་པ་རྣམས་ལ་ནི། ཞི་བ་སྟུས་པ་བསྒོམ་པར་བསྟན་པ་འདི་ལ་ངག་དོན་ནི། གང་ཟག་སྔོན་སྦྱངས་པའི་ལས་འཕྲོ་ཆེ་ཞིང་། ཤེས་རབ་ཆེ་བ་དང་། ཏིང་ངེ་འཛིན་ལས་སུ་རུང་བ། དེ་ལྟ་བུས་ལྷ་མང་པོ་བསྒོམ་ན། བསོད་ནམས་དཔག་ཏུ་མྱེད་པ་ཐོབ་ནས། གང་ཟག་ལས་དང་པོ་པ་དང་། ཤེས་རབ་ཆུང་བ་དང་། སྦྱངས་པ་ཆུང་བ། ལྷ་མང་པོ་བསྒོམ་པར་མི་ཅོགས་པ་རྣམས་ཀྱིས། ལྷ་མང་པོའི་ཏིང་ངེ་འཛིན་མི་ལྕོགས་མི་གསལ་བ་བསྒོམ་པ་བས། ལྷ་གཅིག་གམ་གཉིས་གསུམ་ཙམ་གྱི་དོན་བྱང་ཆུབ་སེམས་བདེའ་བར་དང་བཅས་པར་བྱས་ཏེ། གསལ་བར་བསྒོམ་ན། ཤེས་རབ་ཞན་ཡང་དད་པ་ཆེ་བས་དེའི་སྒོར་ཞུགས་ནས་སྒྲུབས་ན། ཡོན་ཏན་ལྷ་མང་པོ་བསྒོམས་པ་དང་མཉམ་པར་འགྱུར་རོ། །ཞེས་བ སྟན་ནོ། །བསྐལ་བ་མཉམ་པའི་ཡེ་ཤེས་དེ། །ཞེས་ཡི་དམ་གྱི་ལྷ་བཟུང་བ་ནི་གསུམ་སྟེ། བབ་པ་དང་། མོས་པ་དང་། ཟིན་པའོ། །བབས་པ་ནི། སློབ་དཔོན་གྱི་ཡན་ལག་དཀྱིལ་འཁོར་ལྔར་བསྒོམ་པའམ། གཟུགས་སྙན་དུ། སློབ་མས་མེ་ཏོག་བོར་བའི་ལྷ་གང་ལ་བབས་པའོ། །མོས་པ་ནི། སྐུའི་གཟུགས་སྙན་བྲིས་ལ་གང་ལ་མོས་དྲི་བའོ། །ཟིན་པ་ནི། རྨི་ལམ་འདེབས་སུ་བཅུག་པས་ཟིན་པའོ། །གསུམ་པ་དེ་གང་ལ་བབས་ཅིང་མོས་པའི་ལྷ་དེ་ཁོ་ན། ལས་འཕྲོ་དང་བསྐལ་བ་འཐུན་ཞིང་མཉམ་པས། བསྐལ་བ་མཉམ་པའི་ཡེ་ཤེས་ཀྱི་ལྷ་དེ་ལ། གཉེར་ན་ཉེ་བར་འབྱུང་བའི། །ཞེས་དོན་དུ་གཉེར་ཞིང་སྒྲུབས་ན། དངོས་གྲུབ་ཀྱི་འབྲས་བུ་ཉེ་བར་འབྱུང་བའི་མཚན་མའམ་བརྟགས་ནི། ཡ་མཚན་ཆེན་པོ་འབྱུང་བར་ངེས། །ཞེས་ཡ་མཚན་ཆེན་པོར་འབྱུང་བ་ངེས་སོ། །ངེས་པ་གང་ཞེ་ན། རབ་སངས་རྒྱས་སྐུ་ལྔ་ལྷུན་གྲུབ་འཐོབ། འབྲིང་རིག་འཛིན་རྣམ་པ་བཞི་པོ་གང་རུང་འཐོབ། ཐ་མ་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་པ་འབྱུང་བ་འཐོབ་བོ། །དད་མྱེད་ཉམས་ན་འཕུང་བར་འགྱུར། ༈ །ཅེས་སྤྱིར་དཀོན་མཆོག་གསུམ་ལ་མ་དད་པ་དང་། ཁྱད་པར་དུ་ཟབ་མོའི་དོན་ལ་དད་མྱེད་ཅིང་ཡིད་མ་ཆེས་པར། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ན། སྒྲུབས་པའི་འབྲས་བུ་མྱེད་ཅིང་ཕ་རོལ་ཏུ་ཡང་རང་འཕུང་སྟེ་ངན་སོང་དུ་ལྟུང་བར་འགྱུར་རོ། །ཞེས་ཆེད་དུ་བརྗོད་དོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལས། །རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་དགུའ་པའོ།། །།ཕྱི་ནང་གསང་བའི་དབང་དང་དལ་གྱི་རིམ་པར་དགོད་པ་སྟོན་པས་གསུངས་པས་ན། ༅། །འདིར་གཏར་ཀ་གགས་བསལ་བ་ལ། འདིར་དམ་ཚིག་མ་གསུངས་པར་དམ་ཚིག་གི་ལེའུ་བྱ་བ་འགལ་ཞེ་ན། མི་འགལ་ཏེ། སྤྱིར་གསང་སྔགས་ཀྱི་ལུས་ཀྱིས། དཀྱིལ་འཁོར་ལ་བརྟེན་ནས་དབང་ཡོང་། དབང་ལ་བརྟེན་ནས་དམ་ཚིག་ཡོང་བས། དབང་དང་དཀྱིལ་འཁོར་གྱི་དོན་ལས་མི་འདའ་བས་ན་དམ་ཚིག་མ་གསུངས་ཡང་དབང་གི་ཁོང་ན་ཡོད་པས། འགལ་བ་མྱེད་དོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། །ཞེས་ལེའུ་དགུའ་པ་དཀྱིལ་འཁོར་བསྟན་པའི་རྗེས་དེ་ནས། བཅུ་པ་དབང་སྟོན་པའོ། །བཅོམ་པ་ནི། དགའ་བས་ཉོན་མོངས་པའི་བདུད་བཅོམ། མཆོག་དགའ་ཕུང་པོའི་བདུད་བཅོམ། དགའ་བྲལ་གྱི་དགའ་བས་ལྷའི་བུའི་བདུད་བཅོམ་མོ། །ལྷན་སྐྱེས་ཀྱི་དགའ་བས་བདག་གི་བདུད་བཅོམ། ལྡན་པ་ནི། དགའ་བ་བཅུ་དྲུག་དབང་གི་ཉམས་མྱོང་དང་ལྡན། འདས་པ་ནི་འཇིག་རྟེན་པའི་ལམ་ལས་འདས། དགྱེས་པ་ཆེན་པོ་ནི། ཐུན་མོང་གི་དགྱེས་པ་འདོད་པའི་འདོད་ཆགས་ལ་དགའ་བ་དང་། འཇིག་རྟེན་པའི་དགྱེས་པ་བསམ་གཏན་བཞིའི་དགྱེས་པ་དང་། ལམ་པའི་དགྱེས་པ་དང་པོའི་མཐོང་ལམ་དང་། ཁྱད་པར་གྱི་དགྱེས་པ་བསམ་གྱིས་མྱི་ཁྱབ་པ་དེ་བཞིན་གཤེགས་པའི་དགྱེས་པ་ནི་ཆེན་པོ་སྟེ། ལྟོས་པ་ཙམ་མ་ཡིན་པའི་ཟག་པ་མྱེད་པའི་དགྱེས་ཆེན་པོ། རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་རྒྱལ་པོ་སྦྱིན་པ་ནི་གསུམ་སྟེ། དབང་ཡོད་པས་ཐོབ་པ་དང་། ལྡན་པས་ཐོབ་པ་དང་། བྱིན་པས་ཐོབ་པའོ། །ཡོད་པས་ཐོབ་པ་ནི། དཔེར་ན་བློན་པོ་ལ་སོགས་པ་ལ། རྒྱལ་པོས་བློན་དྲལ་སྟོད་ཅིང་ཡིག་ཚང་བྱིན་པ་ནི། ས་བདག་གི་རྒྱལ་པོ་བྱེད་པ་པོས་བྱེད་པ་ཡིན་པ་དང་། ས་བདག་གི་རྒྱལ་པོ་མི་བཞུགས་ན་ནི། བློན་པོ་ལ་སོགས་པས་ཀྱང་ཐབས་དང་ཡིག་ཚང་མི་ཐོབ་ལ། ས་བདག་གི་རྒྱལ་པོ་བཞུགས་ན་ཡིག་ཚང་དང་ཐབས་ཐོབ་པས། དེ་ནི་ཡོད་པས་ཐོབ་པ་ཞེས་བྱའོ། །ལྡན་པས་ཐོབ་པ་ནི། དེ་ལྟར་རྒྱལ་པོས་བློན་པོར་བསྐོས་པ་དེ་ཡང་། ཆུ་ཆུན་དང་ནོར་བུ་ལ་སོགས་པ་ལ་མི་སྐོ་སྟེ། ཤེས་པ་ཆེ་ལ་འཛངས་ཤིང་དྲན་ཉན་ཅན་ཡོ་གལ་མེད་པ་དེ་ལྟ་བུ་ལྡན་པ་ལ་སྐོས་ན། རྒྱལ་པོའི་རྒྱལ་སྲིད་བསྟན་པ་དང་། རྒྱལ་འབངས་ཡོངས་ཀྱང་བདེའ་བར་འགྱུར་བས། དེ་ནི་ལྡན་པས་ཐོབ་པ་ཞེས་བྱ། བྱིན་པས་ཐོབ་པ་ནི། ས་བདག་གི་རྒྱལ་པོ་ཡང་བཞུགས་ལ། འཛངས་མི་ཡོན་ཏན་དང་ལྡན་པ་ཡང་། ས་བདག་རྒྱལ་པོ་བཀའ་མ་བཏགས། བློན་བཅད་མ་ཐོབ། བློན་རྐྱེན་མ་བྱིན་བར་དུ། བློན་དྲལ་དུ་མི་ཆུད་ཅིང་། རྒྱལ་འབངས་ཡོངས་ལ་དབང་བྱར་མྱེད་དེ། ས་བདག་རྒྱལ་པོས་བློན་གཅད་ཏགས། བློན་རྐྱེན་ལ་སོགས་པ་བྱིན་ན། སྟོད་རྒྱལ་འབངས་བྱིན་ལ་དབང་སྒྱུར་དུ་ཡོད་པས། དེ་ནི་བྱིན་པས་ཐོབ་པ་ཞེས་བྱ། དཔེའ་དེ་བཞིན་དུ། སློབ་དཔོན་དབང་ཐམས་ཅད་རྫོགས་ཤིང་ཚང་བར་ཡོད་པ་ནི། ཡོད་པས་ཐོབ་པ་ཞེས་བྱ། དེས་སློབ་མ་སྣོད་དང་མི་ལྡན་པ་ལ་སྐུར་བས་མ་ཐོབ་པས། སྣོད་རྟགས་ནས་སྣོད་དང་ལྡན་པ་ལ་སྐུར་བས་ཐོབ་པ་ནི། སྣོད་ལྡན་ཡིན་པས་ལྡན་པས་ཐོབ་པ་ཞེས་བྱ། སློབ་མ་སྣོད་ལྡན་དེ་ལ། གསང་སྔགས་ཀྱི་བྱ་བ་ལ་མི་དབང་དེ། སློབ་དཔོན་གྱི་དབང་བར་བྱེད་པའི་དབང་སྐུར་བས། དེའི་བྱ་བ་བྱེད་ནུས་པ་ནི། བྱིན་པས་ཐོབ་པའོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། ༈ །འགྲོ་བའི་དོན་དུ་སྤྱིར་རྗོད་པ་ལས་ཁྱད་པར་གྱིས་ཆེད་དུ་བརྗོད་དོ། །ཤེས་རབ་ཐབས་ཡབ་ཡུམ་བསྟན་ཀྱི་ཕྱག་རྒྱ་ལས། །ཤེས་རབ་སྤྲོས་པ་དང་བྲལ་བའི་རྟགས་ཡུམ་དང་། ཐབས་གཟུང་འཛིན་ཡངས་པའི་རྟགས་ཡབ་བོ། །སློབ་དཔོན་ཡབ་ཡུམ་མི་སྐྱོད་པ་ཡབ་ཡུམ་གྱི་ཕྱག་རྒྱར་བསྒོམ་པ་ལས། གཏར་ཀ་གགས་གསལ་བ་ནི། འདིར་ཟབ་མོའི་དབང་གསུམ་ལ་ཚིགས་བཅད་གཅིག་ལས་མ་བྱུང་བས། འདི་ལ་གསུམ་ཀ་ཚང་ན། མཚོན་ཚུལ་འདྲེས། གསུམ་ཀ་མ་ཚང་ན་གང་རུང་གཉིས་ཆད་དོ་ཞེ་ན། འདི་ལྟར་བཞེད་དེ། གསང་དབང་སློབ་དཔོན་ཡབ་ཡུམ་གྱིས་སྐུར་བ་ཡིན། ཤེས་རབ་ཡེ་ཤེས་རང་ཉམས་སུ་ལེན་པ་ཡིན། བདེ་བ་ཆེན་པོ་འབྲས་བུ་ཡིན་ཏེ། གསུམ་ཀ་ཚིགས་བཅད་གཅིག་ལ་དགོངས་པས་སོ་སོར་ཕྱེ་བས་ཚང་སྟེ། འགལ་བ་མྱེད་དོ། །སྦྱོར་ཐབས། བདེའ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །ཞེས་ཡབ་ཡུམ་སྦྱོར་བ་བྱས་པའི་དགའ་བའམ། བདེའ་བའི་བྱང་ཆུབ་ཀྱི་སེམས་ཡི་གེ་ཧཱུྃ་གི་ཚོགས་བདེའ་བ། གསལ་བ། མི་རྟོག་པའི་རྒྱུན་བྱུང་། རྡོ་རྗེའི་ལམ་ནས་པད་མོར་འཁྱིལ། །ཞེས་ཡབ་ཀྱི་རྡོ་རྗེའི་བམ་ནས། ཡུམ་གྱི་པད་མོའི་གཞལ་ཡས་ཁང་དུ་འཁྱིལ་ལོ། །དབང་བསྐུར་དངོས། རྩེ་ནས་སྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཅེས་ཡབ་ཀྱི་རྡོ་རྗེའི་རྩེའམ། ཡུམ་གྱི་པད་མོའི་སྣ་རྩེ་ནས་ཐིག་ལེ་བླངས་ཏེ། སློབ་མའི་ལྕེ་ལ་སྟིམ་ཞིང་ཁོང་དུ་ལྷའི་དལ་དུ་ལྷའི་དལ་དུ་བསམས་ལ་སློབ་མའི་རྟོག་ཚོགས་ལྷར་བསྒྱུར་རོ། ། འདིར་བཤད་རྒྱུད་ཐལ་བའི་དབང་དུ་བཤད་ན་གསུམ་སྟེ། གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། བདེ་བ་ཆེན་པོའོ། །གསང་དབང་ནི། སློབ་དཔོན་ཡབ་ཡུམ་ནི། མི་བསྐྱོད་ཡབ་ཡུམ་དུ་བསྒོམ་ལ་སྦྱོར་བ་བྱ། རོལ་པའི་བདེ་བ་གསལ་བ་ནི། བདེའ་བ་མི་དམིགས་པ་ཤེས་རབ་བོ། །དེ་ཡི་གེ་ཧཱུཾ་གི་ཚོགས་སུ་གསལ་བའི། དགའ་བའི་རྒྱུན་གྱིས། ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པད་མར་འཁྱིལ། ཡུམ་གྱི་པད་མོའི་སྣ་རྩེ་ནས། བྱང་སེམས་རྡོ་རྗེ་སེམས་དཔའ་ཉུངས་འབྲུ་ཙམ་པར་གྱུར་ནས། སློབ་མའི་ལྕེ་ལ་བྱིན་ནས་སྟིམས་པས། སློབ་མའི་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། འགྲོ་བ་དྲུག་གི་ས་བོན་ལ་རེག་པ་དང་བཅས་པ་ལ་ཕོག་པས། ངན་སོང་གསུམ་སྦྱངས་ནས། ས་བོན་ཚིག་སྟེ་སྟོང་པ་ཉིད་ལས། ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་སྒྱུར་རོ། །དེ་ཡང་ཐལ་བ་ནས། མི་བསྐྱོད་ཡབ་ཡུམ་རོལ་པའི་བདེ་བ་གསལ་ཞིང་མྱི་དམྱིགས་པ། ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས། །པད་མོའི་ཡེ་ཤེས་བསྡུས་འཁྱིལ་བའི། །ཉུངས་དཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་ལྕེ་རུ་བྱིན་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་ཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམྱིགས་མྱེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མྱི་སྐྱེ་ཐབས་ཀྱི་དབུགས་ཕྱུང་བའོ། །ཞེས་སོ། །ཤེས་རབ་ཡེ་ཤེས་ནི། ཡབ་ཡུམ་ལྷའི་ཕྱག་རྒྱ་གོང་མ་དང་རྗེས་སུ་འཐུན། ཟིལ་པ་ཐིག་ལེ་སྔོན་ལམ་ལྟར་རྒྱུས་ནས། དགའ་བ་བཅུ་བསྐུར། དུས་ནམ་བསྐུར། ངོ་བོ་གང་སྐུར། རྣམ་གྲངས་དུ་ཡོད། ངེས་ཚིག་ཅིར་དབང་། བསྐུར་ཐབས་ཇི་ལྟར་བྱ། དབང་རྫས་གང་ཡིན། མཚུངས་ལྡན་གྱི་རྒྱུ་ཅི་ཡིན། རྐྱེན་གང་གིས་འཐོབ། སྐུར་གནས་གང་དུ་བྱ། སྒྲིབ་པ་གང་འདག །གགས་ཅིས་བྱེད། སྔོན་འགྲོ་ཇི་ལྟར་ཡིན། ཐོབ་ཚད་ཅི་ཡོད། ཆོས་སྒོ་གང་ཕྱེད། དགོས་ཆད་ཅི་ཡོད། སྐྱོན་གང་ཡིན། ཡོན་ཏན་ཅི་ཐོབ། བརྡ་གང་བསྟན། མཚན་མ་གང་འབྱུང་། རིམ་པ་ཇི་ལྟར་བགྲོད། སྔོན་འབྱུང་གི་ལོ་རྒྱུས་ཇི་ལྟར་བུ། ས་གང་ནོན། འབྲེལ་པ་ཅི་ཡོད། མདོའ་གར་འདུས་པའོ། །དང་པོ་སྣོད་གང་ལ་སྐུར་ན་གསུམ་སྟེ། ཐུན་མོང་གི་སྣོད་ཉོན་མོངས་པ་ཆུང་ཞིང་ནུས་དབང་ལ་སེམས་དད་པའོ། །ཁྱད་པར་གྱི་སྣོད་བདག་གཞན་གཉིས་ཀའི་བརྩོན་འགྲུས་གསུམ་ལྡན་ནོ། །མཆོག་གི་རྒྱུ་གཅིག་ལ་བསྐུར་ཐབས་ཐ་དད་པའི་ནུས་པའོ། །དཀྱིལ་འཁོར་ནི་གཉིས་ཏེ། ཕྱི་རོལ་རྡུལ་མཚོན་རྒྱས་འབྲིང་བསྡུས་པ་དང་། ནང་ལུས་ཀྱི་རྩ་གནས་སོ་སོའོ། །དུས་ནི་གཉིས་ཏེ། དབང་རིམས་པའི་དུས་ནི། ཕན་པའི་དབང་བཅུ་རྫོགས་པར་བྱས་ནས། ནུས་དབང་སྐུར་བའི་དུས་སོ། །སྣོད་ཀྱི་དུས་ནི་ནུས་དབང་ལྔ་གང་ལ་དང་བ་དང་གང་དབང་ངོ་། །ངོ་བོ་ནི། གནས་ལྔར་དབང་ལྔ་རང་བཞིན་གྱིས་གནས་པ་དེ་ལ། རྐྱེན་གྱིས་ཀླང་ནས་ནུས་པ་ལྔ་ཐིབ་པའོ། །རྣམ་གྲངས་ནི་ལྔ་སྟེ། ཉན་དབང་དང་། འཆད་དབང་དང་། བསྒོམ་དབང་། ལས་ཀྱི་དབང་། སློབ་དཔོན་གྱི་དབང་ངོ་། །ངེས་ཚིག་ནི། ལས་ཀྱི་བྱ་བ་བྱེད་ནུས་པས་ན། ནུས་པའི་དབང་ངོ་། །སྐུར་ཐབས་ནི། རང་རང་གི་གནས་ལྔར་དཀྱིལ་འཁོར་སྐྱེད། བྱིན་བརླབ། སྤྱན་དྲངས། རྫས་གཏད། དབང་སྒྲག་གོ། །དབང་རྫས་ནི། ཉན་དབང་ལ་གླེགས་བམ། རིན་འབྱུང་གི་རབ་གནས་བྱས་པའོ། །སྒོམ་པ་ལ་འཕྲེང་བ་རང་གི་ཡི་དམ་ལྷའི་རབ་གནས་བྱས་པའོ། །ཕྲིན་ལས་ལ་རྡོ་རྗེ་རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་སོ། །འཆད་པ་ལ་འཁོར་ལོ་འོད་དཔག་མྱེད་ཀྱི་རབ་གནས་སོ། །རྡོ་རྗེ་རྒྱལ་བོའི་དབང་ལ་རྡོ་རྗེ་དྲིལ་བུ་ཀུན་བཟང་ཡབ་ཡུམ་གྱི་རབ་གནས་བྱས་པའོ། །མཚུངས་ལྡན་གྱི་རྒྱུ་ནི། རང་ལ་ལྷུན་གྲུབ་ཏུ་གནས་པ་མཚུངས་པར་ལྡན་པའི་རྒྱུ། སྐུར་ཐབས་ཤེས་པ་ལྷན་ཅིག་བྱེད་པའི་རྒྱུའོ། །རྐྱེན་གང་གིས་ཐོབ་པ་ནི་བཞི་སྟེ། རྒྱུའི་རྐྱེན་སློབ་མ་སྐལ་ལྡན། སློབ་དཔོན་འཐུན་པ་འཇོམ་པ་བདག་པོའི་རྐྱེན་ནོ། །དེ་མ་ཐག་པའི་རྐྱེན་སེམས་ལྔ་སྐྱེས་པའོ། །དམིགས་པའི་རྐྱེན་སློབ་དཔོན་དབང་རྫོགས་པའོ། །སྐུར་གནས་ནི་གཉིས་ཏེ། སྐུར་གནས་རྣ་བ་ལ་སོགས་པའོ། །གཞན་ལོངས་སྤྱོད་པ་དང་ལྡན་པར་བྱ་བའི་ཕྱིར་བཟང་བཏུང་གིས་དབང་སྐུར། ཡེ་ཤེས་ལྔ་དང་ལྡན་པའི་བྱ་བའི་ཕྱིར་ནང་གི་སྙིང་པོ་ལྔས་དབང་སྐུར་རོ། །དེ་ལྟར་ཕན་པའི་དབང་བཅུ་སྐུར་ན། ཅེས་སོ། ༈ །དུས་འདི་ཕྱིན་ཅད་རྒྱལ་བའི་སྲས། །ཞེས་དབང་སྐུར་བས་ཐོབ་པའི་དུས་འདི་ཕྱིན་ཆད། རྒྱལ་བའི་གདུང་འཚོབ་ཅིང་རིག་པ་འཛིན་པས་ན་རྒྱལ་བའི་སྲས་ཞེས་བྱ། ངན་སོང་ཐམས་ཅད་མེད་པ་དང་། །ཞེས་དེ་ནི་ངན་སོང་གསུམ་དུ་ནམ་ཡང་མི་སྐྱེ་བའམ། ཡང་ན་སྐྱེས་ན་ངན་སོང་གི་སྡུག་བསྔལ་ཉམས་སུ་མི་མྱོང་བས་ཐམས་ཅད་མྱེད་ཅེས་བྱ། ཚེ་རིང་བདེ་བ་ཕུན་སུམ་འཚོགས། །ཞེས་ལྷ་དང་མིའི་ཚེ་མཐར་རིང་བ་དང་། ལོངས་སྤྱོད་ཀྱིས་ཕུན་སུམ་འཚོགས་པ་དང་ལྡན་པར་འགྱུར། མཐོ་རིས་ལྷ་དང་མིར་སྐྱེས་ན་ཡང་། ལྷ་དང་མི་དབང་བྱེད་པའི་བདག་པོར་འགྱུར་ལ། མཐོ་རིས་ཐར་པའི་བདག་པོར་འགྱུར། །ཅེས་ཡང་ན་མཐར་མཐོ་རིས་དང་ཐར་པའི་དབང་བྱེད་པའི་བདག་པོ་སངས་རྒྱས་སུ་འགྱུར་རོ། །ཡང་ན་མཐོ་རིས་ཐར་པའི་བདག་པོ་སངས་རྒྱས་སུ་འགྱུར་རོ། །ཡང་ན་མཐོ་རིས་ཐར་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ཉིད་དུ་འགྱུར་བར་གདོན་མི་ཟའོ། །ཞེས་བརྗོད་དོ། ༈ །རྟོགས་པར་བཀའ་བས་གསང་བ་གསང་བ་བཅུད་འདུས་པས་སྙིང་པོ་མི་སླུ་བས་དེ་ཁོ་ན་ཉིད་མ་ནོར་བས་ངེས་པ་ཡང་དག་པ་ལས། དབང་མ་ཐོབ་བར་དུ་གསང་སྔགས་ཀྱི་བྱ་བ་བྱར་མི་རུང་བ་དེ་ལ་དབང་སྦྱིན་པའི་ས་སྟེ་དབང་ཐོབ་ནས་བྱར་རུང་བ་དེ་ལ་དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ། ཞེས་ལེའུ་བཅུ་དྲུག་པར་དབང་ཐོབ་ནས་བཅུ་གཅིག་པ་ཚོགས་བསྟོན་པས་ན་དེ་བཞིན་གཤེགས་པ་ནི་སྟོན་པ་ཀུན་ཏུ་བཟང་པོའི། དགྱེས་པ་ནི་ཡབ་ཡུམ་ཐབས་ཤེས་རབ་དབྱེར་མེད་དང་ལྡན་པས་ན་དགྱེས་པ་ཆེན་པོའོ། །སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འགྲོ་བའི་དོན་དུ། ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཅེས་ཚོགས་ཀྱི་དལ་དུ་འདུས་པའི་རྣལ་འབྱོར་པ་ཐབས་དང་ཤེས་རབ་འབྲེལ་པས་དྲྭ་བ། མཐའ་གཉིས་ལས་རྒྱལ་བས་རྒྱལ་པོ། སྟོན་པ་ད་སྡོད་ཏིང་ངེ་འཛིན་ལ་ཞུགས་མི་དགོས་ན། མ་འོངས་པའི་རྣལ་འབྱོར་པ་ཚོགས་ཀྱི་མཆོད་པ་བྱེད་པའི་དུས་སུ་ཏིང་ངེ་འཛིན་རྩེ་ཅིག་པ་ལ་སྙོམས་པར་ཞུགས་ཤིག་པའོ། །རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་སྟེན་པ་ནི། རྒྱུ་གཅིག་པ་དང་། ཞེས་པ་གཞུང་དོན་དུ་བཤད་ན་རྒྱུ་གཅིག་པར་རྟོགས་པ་ལ་གསུམ་སྟེ། དོན་དམ་པ་མ་བྱུང་མ་སྐྱེས་སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་སུ་གཅིག །ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་རིག་པ་རང་སྣང་བར་གཅིག །དོན་དམ་ཀུན་རྫོབ་ཀྱང་ཐ་མི་དད་དབྱེར་མེད་པར་གཅིག་གོ། །དོན་དམ་ནི་རྒྱུར་མ་གྲུབ། རྐྱེན་གྱིས་མ་སྐྱེད། འབྲས་བུར་མི་གནས། སྐྱེ་བ་མྱེད་པ་ཆོས་ཀྱི་དབྱིངས་སོ། །ཀུན་རྫོབ་ནི། དཔེར་ན་རྒྱ་གར་ན་སྒྱུ་མའི་སྦྱོར་སྔགས་མཁན་གྱིས། རྟ་དང་གླང་པོ་དང་། སྐྱེས་པ་དང་བུད་མྱེད་དང་། སྲིན་པོ་འབར་བའི་གཟུགས་གང་འདོད་བྲིས་ཏེ། སྒྱུར་སྔགས་ཆགས་ཤིང་ལ་ཏབ་ནས་དེ་ལ་བརྟབ་པས། གང་འདོད་པའི་གཟུགས་སུ་འགྱུར་བ་བཞིན་དུ། འཁོར་འདས་ཀྱི་རྒྱུ་སེམས་སུ་གཅིག་སྟེ། རྐྱེན་རྟོགས་མ་རྟོགས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སུ་སྣང་ངོ་། །དབྱེར་མྱེད་ནི། དོན་དམ་མ་སྐྱེས་པ་ཉིད་ཀུན་རྫོབ་སྒྱུ་མར་སྣང་། ཀུན་རྫོབ་མ་སྐྱེས་པ་ཉིད་དོན་དམ་མ་སྐྱེས་པར་སྣང་བ་སྟེ། གཉིས་སུ་རྣམ་པར་གཅིག་གི་དུང་དང་དཀར་པོ་བཞིན་ནོ། །ཡིག་འབྲུའི་ཚུལ། ཅེས་པ་ཡིག་འབྲུའི་ཚུལ་དུ་རྟོགས་པ་ནི་གསུམ་སྟེ། ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མྱེད་པར་མཉམ་པ་ནི་ཡི་གེ་ཨས་མཚོན་ཏེ། ཨ་སྐྱེ་བ་མྱེད་པ་ཆོས་ཉིད་ཀྱི་གསུང་ངོ་། །དོན་སྐྱེ་མྱེད་ནི་དོན་གྱི་གསུང་། ཨར་བརྗོད་པ་ནི་ཚིག་གི་གསུང་ངོ་། །ཀུན་རྫོབ་སྒྱུ་མར་ཅིག་པ་ནི་ཡི་གེ་ཨོས་མཚོན་ཏེ། ཨ་ནི་སངས་རྒྱས་ཀྱི་ངོ་བོ་ཆོས་སྐུ་ལ། ཨོ་ནི་མ་འགགས་པའི་ཀུན་རྫོབ་ཏུ་ཤར་བ་གཟུགས་སྐུའོ། །སྐྱེ་བ་མྱེད་པ་ལས་སྐྱེ་བའི་ཆོ་འཕྲུལ་བྱུང་བ་ནི། ཀུན་རྫོབ་བོ། །དོན་དམ་ཀུན་རྫོབ་དབྱེར་མྱེད་པ་ནི་ཐིག་ལེས་མཚོན་ཏེ། ༀ་ཡིད་བཞིན་གྱི་ནོར་བུ་དགོས་འདོད་འབྱུང་བས་ན། ཐིག་ལེ་མི་འགྱུར་བའི་ཐུགས་ཡང་དག་པའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པ་དབྱེར་མྱེད་པར་གཅིག་པ་སྟེ། ཡིག་འབྲུའི་ཚུལ་དུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་གཅིག་པའོ། །བྱིན་གྱིས་རླབ་དང་ཞེས་པ་བྱིན་གྱིས་རླབས་ཀྱིས་རྟོགས་པ་ནི་གསུམ་སྟེ། སྒྲུབ་བྱ་སངས་རྒྱས་དང་། སྒྲུབ་བྱེད་རྣལ་འབྱོར་པ་དང་། སྒྲུབ་ཐབས་མན་ངག་གོ། །སྒྲུབ་བྱེད་རྣལ་འབྱོར་པ་དེ་བྱིན་གྱིས་རློབ་པར་བྱེད་པའི་མཐུའ་ནི། སྒྲུབ་ཐབས་མན་ངག་ལ་ཡོད། སྒྲུབ་ཐབས་མན་ངག་བྱིན་གྱིས་རློབ་པའི་མཐུའ་ནི། སྒྲུབ་བྱ་སངས་རྒྱས་ལ་ཡོད་དེ། དཔེར་རས་དཀར་པོ་ལས་དམར་པོར་སྒྱུར་བའི་མཐུའ་ནི་རྩོད་ལ་ཡོད་པ་བཞིན་དུ། ཆོས་ཐམས་ཅད་རྣམ་པར་དག་ཅིང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་དོན་ནི། གང་གིས་རྟོགས་པར་བྱིན་གྱིས་རློབ་ན། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་བྱིན་གྱིས་བརློབ་བོ། །མངོན་གསུམ་པ། །ཞེས་མངོན་གསུམ་པར་རྟོགས་པ་ནི་བཞི་སྟེ། རྣལ་འབྱོར་གྱི་མངོན་གསུམ་ཟད་པར་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་དང་། ཡིད་ཀྱི་མངོན་གསུམ་ཡུལ་འགགས་ན་ཡུལ་གྱི་རྣམ་པ་གསལ་བ་དང་། དབང་པོའི་མངོན་གསུམ་ཡུལ་མ་འགགས་ན་ཐུག་ཕྲད་དུ་གཅོད་པ་དང་། རང་རིག་པའི་མངོན་གསུམ་ལུང་རིགས་མན་ངག་དང་མྱི་འགལ་བར་གྱུར་པའོ། །འདི་རིག་པའི་མངོན་གསུམ་སྟེ། བདེ་བར་གཤེགས་པའི་ཞལ་ནས་ངེས་པའི་དོན་དུ་གསུངས་པའི་ལུང་ཚད་མ་དང་། བླ་མ་བློ་དང་ཆོས་སུ་འདྲེས་པའི་ཉམས་ཕོག་པའི་མན་ངག་ཚད་མ་དང་། རང་གི་རིག་པས་ལུང་དང་མན་ངག་གི་ཚིག་ཟིན་ཙམ་མ་ཡིན་པར་དོན་བློ་ལ་ནོས་པར་རྟོགས་པ་ནི་མངོན་གསུམ་པའོ། །རབ་ཏུ་རྟོགས་དང་རྣམ་བཞི་ཡིས། །ཞེས་དེ་ལྟར་རྟོགས་པ་རྣམ་པ་བཞི་ནི། རབ་སམ་མཆོག་ཏུ་གྱུར་ཏེ། དོན་ཕྱིན་ཅི་མ་ལོག་པར་གྱུར་པས་སོ། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་དཔེར་ན་རིན་པོའི་གླིང་དུ་ཕྱིན་ཙམ་ན། ཐམས་ཅད་རིན་པོ་ཆེར་གྱུར་པ་ལྟར། རྟོགས་པ་བཞི་དང་ལྡན་ན། འཁོར་འདས་ཐམས་ཅད་དབྱེར་མྱེད་པར་མངོན་པར་རྫོགས་པ་སངས་རྒྱས་པས་ཆེའོ། །དེ་ལྟར་རྟོགས་པ་དང་ལྡན་པས་ཚོགས་ཀྱི་མཆོད་པ་བྱས་ན་བསོད་ནམས་འཐོབ་ལ་རྟོགས་པ་དང་མི་ལྡན་པ་ཕལ་གྱིས་མཆོད་པ་བྱས་པ་ལ་དོན་མྱེད་པར་འགྱུར་བས་ན། རྟོགས་པ་བཞིར་རྟོག་པར་བྱའོ། ༈ །རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ལ་གཉིས་ཏེ། ངག་དོན་མན་ངག་གི་རྟོགས་པ་དང་། གཞུང་དོན་མན་ངག་གི་རྟོགས་པའོ། །ངག་དོན་མན་ངག་གི་རྟོགས་པ་ལ་དྲུག་སྟེ། གནས་ལུགས་བཞིའི་རྟོགས་པ་བཞི། མཚོན་ཚུལ་གྲུབ་མཐའི་རྟོགས་པ་བཞི། གྲོལ་ལམ་ལྟ་བའི་རྟོགས་པ་བཞི། ཐབས་ལམ་ཆགས་བཅས་ཀྱི་རྟོགས་པ་བཞི། ལོངས་སྤྱོད་རྫས་ཀྱི་རྟོགས་པ་བཞི། འབྲས་བུ་དོན་གྱི་རྟོགས་པ་བཞིའོ། །གནས་ལུགས་བཞི་རྟོགས་པ་བཞི་ནི། འཁོར་འདས་སེམས་སུ་རྒྱུ་གཅིག །ཡི་གེ་དཔའ་བོ་འབྲུ་ལྔ་ཕུང་པོ་ལྔར་གཅིག །ཡི་གེ་གསུམ་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་བྱིན་བརློབ། ལུས་ངག་ཡིད་གསུམ། སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་མངོན་དུ་གྱུར་ཏོ། །མཚོན་ཚུལ་གྲུབ་མཐའི་རྟོགས་པ་བཞི་ནི། རེ་རེ་ལ་བཞི་བཞི་སྟེ། གཞལ་བྱ་དང་། གཏན་ཚིགས་དང་། འཇལ་ཚུལ་དང་། གྲུབ་མཐའོ། །དེ་ལ་རྒྱུ་གཅིག་པའི་གཞལ་བྱ་ནི། འཁོར་འདས་ཕྱི་ནང་གི་དངོས་པོས་བསྡུས་པའི་ཆོས་ཐམས་ཅད་དོ། །གཏན་ཚིགས་ནི། རྒྱུ་སྐྱེ་བ་མྱེད་པའི་ཕྱིར། སྟོང་པར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི། བློ་ཆེ་ན་གཅིག་ཆར་རྟོགས་བློ་ཆུང་ན་རིམ་གྱིས་རྟོགས་སོ། །གྲུབ་མཐའ་ནི། དོན་དམ་སྐྱེ་མྱེད་རྟོགས་སོ། །ཡིག་འབྲུའི་ཚུལ་གྱི་གཞལ་བྱ་ནི། གོང་གི་དོན་དམ་དེ་རང་ངོ་། །གཏན་ཚིགས་ནི། ཡི་གེ་ཨ་ཨོ་ཨཾ་ལ་སོགས་པ་རྣམས་ཀྱིས། ལུས་ངག་ཡིད་སྒྱུ་མར་རྟོགས་པར་བྱེད་པའོ། །འཇལ་ཚུལ་ནི། ཀུན་རྫོབ་སྒྱུ་མ་བློ་ཆེ་ཆུང་གིས་རིམ་གྱིས་དང་ཅིག་ཆར་རྟོགས་པའོ། །གྲུབ་མཐའ་ནི། ཀུན་རྫོབ་དོན་དམ་དུ་རྟོགས་སོ། །བྱིན་གྱིས་བརླབས་ཀྱི་གཞལ་བྱ་ནི། གོང་གི་དོན་དམ་ཀུན་རྫོབ་གཉིས་སོ། །གཏན་ཚིགས་ནི། བདེན་པ་གཉིས་དབྱེར་མྱེད་དུ་རྟོགས་པའོ། །འཇལ་ཚུལ་ནི། བདེན་པ་དབྱེར་མེད་རྟོགས་ཚབས་ཆེ་ཆུང་དུ་འདུག་པའོ། །གྲུབ་མཐའ་ནི། བདེན་པ་དབྱེར་མྱེད་རྟོགས་པ་དེ་རང་ངོ་། །མངོན་གསུམ་པར་རྟོགས་པའི་གཞལ་བྱ་ནི། གོང་གི་བདེན་པ་དབྱེར་མྱེད་དེ་རང་ངོ་། །གཏན་ཚིགས་ནི་སྣང་ལ་རང་བཞིན་མྱེད་པའོ། །འཇལ་ཚུལ་ནི། ཡུལ་ལ་ཡུལ་དུ་མི་བྱེད་པ་དེ་ལ་བློ་ཆེ་ཆུང་དུ་འདུག་པའོ། །གྲུབ་མཐའ་ནི། དབྱེར་མྱེད་སྤྱོད་ཡུལ་དང་བྲལ་བའོ། །གྲོལ་ལམ་ལྟ་བའི་རྟོགས་པ་བཞི་ནི། རེ་རེ་ལ་གསུམ་གསུམ་སྟེ། དེ་ལ་རྒྱུ་གཅིག་པར་རྟོགས་པའི་གཞལ་བྱ་ནི། འཁོར་འདས་ཀྱི་ཞེན་སྣང་འདི་ལ་འཇལ་ལོ། །བཞི་ཀ་མཐུན་ནོ། །གོ་བའམ་རྟོགས་པ་གང་སྐྱེ་བ་ནི། འཁོར་འདས་སེམས་ཉིད་དུ་རྒྱུ་ཅིག་པར་རྟོགས་པའོ། །ཞེན་པ་གང་གྲོལ་བ་ནི། འཁོར་འདས་ཐ་དད་དུ་འཛིན་པའི་ཞེན་པ་ལས་གྲོལ་ལོ། །ཡིག་འབྲུའི་ཚུལ་དུ་རྟོགས་པའི་གོ་བའམ་རྟོགས་པ་གང་སྐྱེད་པ་ནི། ཡི་གེ་འབྲུ་གསུམ་གྱི་སྒོ་ནས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་རྟོགས་པའོ། །ཞེན་པ་གང་གྲོལ་བ་ནི། འབྲས་བུ་གཞན་ནས་ཐོབ་པ་མ་མཉམ་ནས་གཞན་ནས་ཚོལ་བའི་ཞེན་པ་གྲོལ་བའོ། །བྱིན་གྱིས་རླབས་ཀྱིས་རྟོགས་པའི་གོ་བའམ་རྟོགས་པ་གང་སྐྱེ་བ་ནི། རྒྱུ་ཅིག་པ་དང་ཡིག་འབྲུའི་ཚུལ་གྱིས་སྐུ་གསུང་ཐུགས་སུ་རྟོགས་པའི་མཐུའ་ངོ་ཤེས་ནས་བདེན་པར་རྟོགས་པའོ། །ཞེན་པ་ནི། ཞེན་པ་ནི་མི་རྡན་པའི་ཞེན་པ་ལས་གྲོལ་ནས་རྡན་པར་རྟོགས་པའོ། །མངོན་གསུམ་པར་རྟོགས་པའི་ཞེན་པ་ནི། མཐུའ་ངོ་ཤེས་ནས་མི་བསྟན་པ་རྡན་པར་རྟོགས་པ་དེ་སྒྲ་ཙམ་མ་ཡིན་པར་བློའི་གཏིང་དུ་ཡིད་ཆེས་པར་གོ་བའོ། །ཞེན་པ་གང་གྲོལ་བ་ནི། སྒྲ་བཞིན་དུ་འཛིན་པའི་ཞེན་པ་ལས་གྲོལ་བའོ། །ཐབས་སམ་ཆགས་བཅས་ཀྱི་རྟོགས་པ་བཞི་ནི། རྒྱུ་གཅིག་པ་ནི། སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་ན། ཐམས་ཅད་བྱང་ཆུབ་སེམས་བདེའ་བ་ཆེན་པོ་རྒྱུ་གཅིག །ཡིག་འབྲུའི་ཚུལ་ནི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། གསུང་དབྱངས་ཡན་ལག་དྲུག་ཅུ་འབྱུང་བའི་ཡིག་འབྲུ་ཨ་ལི་བཅུ་དྲུག་གོ། །བྱིན་གྱིས་བརླབས་པ་ནི། རང་རིག་པ་བདེའ་གཤེགས་ཀྱི་ཐུགས་སུ་བྱིན་གྱིས་རློབ་པ་སྙིང་ཀ་ཆོས་ཀྱི་འཁོར་ལོའོ། །མངོན་གསུམ་པ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ནས། མེ་རླུང་གི་སྦྱོར་བས་བྱང་སེམས་ཕབ་པའི་དུས་ན། བདེའ་བ་མངོན་གསུམ་དུ་འཆར་བའོ། །ལོངས་སྤྱོད་རྫས་ཀྱི་རྟོགས་པ་བཞི་ནི། རྒྱུ་གཅིག་པ་ནི། དམ་རྫས་ལྔ་རིགས་ལྔར་རྒྱུ་གཅིག །ཡིག་འབྲུ་ནི། དམ་རྫས་ལྔ་དཔའ་བོ་འབྲུ་ལྔས་སྦྱོང་། བྱིན་གྱིས་རླབས་པ་ནི། ཁམས་བདུད་རྩི་ལྔས་རང་ལུས་སངས་རྒྱས་ལྔར་བྱིན་གྱིས་རློབ། མངོན་གསུམ་པར་རྟོགས་པ་ནི། བདུད་རྩི་ལྔ་པ་ཉིད་རིགས་ལྔར་སངས་རྒྱས་ཏེ། ཡེ་ཤེས་ལྔར་མངོན་གསུམ་དུ་རྟོགས་པའོ། །འབྲས་བུ་དོན་གྱི་རྟོགས་པ་བཞི་ནི། རྒྱུ་གཅིག་པ་ཆོས་ཀྱི་སྐུའོ། །ཡིག་འབྲུའི་ཚུལ་ནི། ཡི་གེ་དཔའ་བོ་འབྲུ་ལྔ་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱིན་གྱིས་རླབས་པ་ནི། ཆོས་སྐུ་ལོངས་སྐུའི་བྱིན་རླབས་སྤྲུལ་པའི་སྐུའོ། །མངོན་པ་རྟོགས་པ་ནི། སྐུ་གསུམ་དབྱེར་མྱེད་པ་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལྟར་རྟོགས་པ་ནི་རབ་ཏུ་རྟོགས་པའོ། །དེས་ཐམས་ཅད་མངོན་པར་རྫོགས་པ་སངས་རྒྱས་བར་ཆེ་བའོ། །སྤྱི་དོན་གཉིས་པ་གཞུང་དོན་མན་ངག་གི་རྟོགས་པ་བཞི་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ཅེས་པ་ལ་སོགས་པའོ། །ཡབ་ཏུ་བསྒོམ་པ་བསྟན་ཅིག་པ་ནི། ཡན་ལག་དབང་པོ་རྣམ་ཤེས་ཀུན། །ཞེས་ཚོགས་བསྒྲུབ་པའི་རྣལ་འབྱོར་པའི། ཡན་ལག་ལྔ་དང་། དབང་པོ་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་ཀུན། ཡེ་ནས་རང་བཞིན་ངང་གིས་ལྷར་གནས་པས། ལྷར་བསྐྱེད་ཅིང་བསྒོམ་པ་ནི། རྣམ་སྨིན་ༀ་དུ་ཤེས་པར་བྱ། །ཞེས་སེམས་ཅན་གྱི་ལྟར་དངོས་པོ་དང་མཚན་མའི་རྣམ་པར་རྟོག་པར། རྣམ་སྨིན་གྱི་ལུས་ཉིད་ༀ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པར་བྱ། ཅི་སྟེ་ན། ཡེ་ཤེས་ལྔའི་རང་བཞིན་མ་རྟོགས་པས། རྣམ་པར་སྨིན་པའི་བག་ཆགས་ལྟས་ཕུང་པོར་སྨིན་པའི་ཕྱིར་རོ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་ཡན་ལག་རིགས་ལྔ། དབང་པོ་ལྔ་སེམས་དཔའ། རྣམ་ཤེས་བརྒྱད་ཡེ་ཤེས་ལྔ། དེ་ལྟར་ཚོགས་གཉིས་རྫོགས་པའི་དཀྱིལ་འཁོར་གྱི་ལྷར་བསྒོམ་མོ། །ཡང་ན་འཁྲོས་པའི་དཀྱིལ་འཁོར་བསྒོམ། །ཞེས་ཡང་ན་ཁྲོ་བོར་བསྒོམ་པ་ལ་མོས་ན། ཡན་ལག་ལྔ་རིགས་ལྔའི་ཁྲོ་བོ། དབང་པོ་ལྔ་སིང་ཧ་ལ་སོགས་པའི་མ་མོ། རྣམ་ཤེས་བརྒྱད་ཀོའུ་རི་ལ་སོགས་པ་བརྒྱད་དུ་བསྒོམ་པའམ། ཡང་ན་ཁྲོ་བོ་བརྒྱད་དུ་བསྒོམ་པར་བྱའོ། ༈ །ཚོགས་ཀྱི་དཀྱིལ་འཁོར་དུ་ལུས་པའི་ཡབ་ཡུམ་བྱིན་གྱིས་བརླབས་པ་ལ་བཞི་སྟེ། སྦྱང་བྱ་དང་། ཤེས་བྱ་དང་། བསྒོམ་བྱ་དང་། སྒྱུར་ཐབས་སོ། །སྦྱང་བྱ་ནི། ཡན་ལག་དབང་པོ་རྣམ་ཤེས་ཀྱི་དོན་ཡབ་དུ་སྦྱང་། ཡུལ་གཟུགས་སྒྲ་ལ་སོགས་པ་རྣམས་ཡུམ་དུ་སྦྱང་། ཤེས་བྱ་ནི། སེམས་ཀྱི་རྣམ་སྨིན་ༀ་ཡེ་ཤེས་ལྔར་ཤེས་པར་བྱ། ཡུལ་གྱི་རྣམ་སྨིན་ཡུམ་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱའོ། །བསྒོམ་བྱ་ནི། ཡི་གེ་ༀ་ཡབ་ཀྱི་དཀྱིལ་འཁོར་དུ་བསྒོམ། མུཾ་ཡུམ་གྱི་དཀྱིལ་འཁོར་དུ་བསྒོམ། སྒྱུར་ཐབས་ནི། ཡབ་ཁྲོ་བོར་སྒྱུར། ཡུམ་ཁྲོ་མོར་སྒྱུར་རོ། །ཡབ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆ་གཟུང་། ཡུམ་རྣམས་ཀྱིས་དབྱིངས་ཀྱི་ཆ་གཟུང་ལ། དབྱིངས་ཡེ་ཤེས་སུ་ཤེས་པར་བྱའོ། །ཚོགས་ཀྱི་དཀྱིལ་འཁོར་དུ་འདུས་པའི་རྣལ་འབྱོར་ཕོ་མོ་བྱིན་གྱིས་རླབ་པའི་རིམ་པའོ། །ཡུམ་དུ་བསྒོམ་པ་བསྟན་པ་ནི། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །ཞེས་ཚོགས་བསྒྲུབ་པའི་རྣལ་འབྱོར་པས། དམྱིག་གི་ཡུལ་གཟུགས་དང་། རྣ་བའི་ཡུལ་སྒྲ་དང་། སྣའི་ཡུལ་དྲི་དང་། ལྕེའི་ཡུལ་རོ་དང་། ལུས་ཀྱི་ཡུལ་རེག་བྱ་དང་། བསོགས་པའི་ཁོངས་སུ་ནི་ཡིད་ཀྱི་ཡུལ་དུ་ཆོས་སོ། །རྣམ་སྨིན་མུཾ་དུ་ཤེས་པར་བྱ། །ཞེས་ཡུམ་གྱི་རྣམ་སྨིན་རྣམས་སེམས་ཅན་ལྟར། ཡུལ་གྱི་དངོས་པོ་དང་མཚན་མར་མི་ལྟ་བར། ཡི་གེ་མཱུཾ་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱའོ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཞེས་ཡུལ་རྣམས་རིགས་ལྔའི་ཡུམ་གྱི་དཀྱིལ་འཁོར་དུ་བསྒོམ། འདོད་པའི་ཡོན་ཏན་དྲུག་གི་ལྷ་མོར་བསྒོམ་པར་བྱའོ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །ཞེས་ཡང་ན་ཁྲོ་མོར་བསྒོམ་ན། བཛྲ་ཀྲོ་ཏི་ཤྭ་རི་ལ་སོགས་པ་ཁྲོ་མོའི་དཀྱིལ་འཁོར་དུ་བསྒོམ་མོ། །འདོད་ཡོན་དྲུག་ཁྲོ་མོ་དྲུག་ཏུ་ཡང་བསྒོམ་མོ། །གོས་རྒྱན་ཅེས་མཆོད་རྫས་བྱིན་གྱིས་རླབ་པ་ནི། རྒྱན་དང་བགོའ་བའི་ཡོ་བྱད་ནི། གོས་ཆས་ལྔར་དགོན་པ་དང་། འཕྲེང་བ་ལ་སོགས་པའི་རྒྱན་རྣམས་གདགས་པ་དང་། ཡོ་བྱེད་རང་གི་ངོ་བོ་བསྟན་བཟའ་བཏུད་བཟའ་དང་བཏུང་བའི་ཡོ་བྱེད་ནི། བཟའ་བ་བདུད་རྩི་ལྔ་དང་ཤ་བསོགས། བཏུང་བ་ཛ་གད་དང་། ཆང་སོགས། གླུ་དང་ཚིག །ཅེས་གླུ་ཚིག་སྒྲའི་ཡོ་བྱད་ནི། གླུ་དེ་ངག་ཏུ་གླུ་དྲུག་བླང་བ་དང་། ཚིག་དེ་མཆོད་པའི་ཚིག་སྔགས་དང་། བསྟོད་པའི་ཚིགས་སུ་བཅད་པ་རྣམས་སོ། །བྲོ་གར་བྲོ་གར་འདྲ་འཕྲོའི་ཡོ་བྱད་ནི། སྔགས་ཚིག་དང་བཅས་པས་རྐང་པས་བྲོ་བརྔུང་། ལག་པས་གར་བྱ། ཚོགས་ཀྱི་སྤྲིན་ཕུང་ཡང་། །ཞེས་དེ་དག་མང་བར་སྤྲུལ་བ་ནི། ཚོགས་ཀྱི་ཡོ་བྱད་དེ་དག་ཡང་ནམ་མཁའི་སྤྲིན་ཕུང་ལྟ་བུར་སྤྲུལ་ལོ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ན། །སྤྱད་ཐབས། ཞེས་ཡོ་བྱད་དེ་དག་ཧཱུྃ་ཐུགས་རྣམ་པར་མི་རྟོག་པའི་ཡོངས་སུ་ཤེས་པར་བྱས་ནས། ལྷ་ལ་ལྷ་ཐིམ། ཡེ་ཤེས་ལ་ཡེ་ཤེས་རོལ་བའི་ཚུལ་དུ་རབ་ཏུ་སྤྱད་ན། ཡོན་ཏན། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་དེའི་ཡོན་ཏན་ནི། མཚན་རྟགས་ངོ་མཚར་ཅན་འབྱུང་བའི་དངོས་གྲུབ་འཐོབ་ཅིང་། བདེ་བར་གཤེགས་པའི་དཀྱིལ་འཁོར་མཉེས་པའམ། བདག་དང་འགྲོ་བའི་དོན་དུ་མཆོད་པས། འགྲོ་བའི་དོན་ལ་འབྱུང་བའི་བདེ་བར་གཤེགས་པའི་དཀྱིལ་འཁོར་མཉེས་པར་འགྱུར་རོ། །ཡུམ་བསྟན། ལྷ་མོ་ཨའི་ཤེས་རབ་ཀྱི་ཡོ་བྱད་སྦྱོར་བ་ནི། ལྷ་མོ་ནི་ཡུམ་མཚན་བཟང་པོའོ། །ཡང་ན་གཟུགས་བྱད་ཕུན་སུམ་འཚོགས་པ་ཞི་ཞིང་ངེས་པ་ནི་ལྷ་མོའོ། །ཀླུ་མོ་ཀླུ་མོ་ནི་ཡུམ་མཚན་འབྲིང་པོའོ། །ཡང་ན་མཚན་དང་ལྡན་པ་རྩང་སྦྲ་ཆེ་བའོ། །རིགས་ངན་མོ། །ཞེས་རིགས་ནི་ཡུམ་མཚན་ཐ་མ་སྟེ། མཚན་དང་མི་ལྡན་པ་གང་ཡང་མྱེད་དོ། །ཡང་མཚན་དང་ལྡན་ལ་སྤྱོད་པ་བླང་དོར་རྩང་རྩོག་མྱེད་པ་ནི་རིགས་ངན་ནོ། །སྤང་བླངས་བསྟན། དབྱེའ་འམ་ཡང་ན་མི་དབྱེའ་བར། །གཉིས་ཏེ། སྤང་བླང་དང་། བྱིན་རླབ་པའོ། །སྤང་བླང་གི་དངོས་ནས་བྱས་ན། དབྱེའ་བའམ་ནི། རིགས་ངན་པ་བཞག་ལ། རིགས་བཟང་པོ་བླང་ངོ་། །ཡང་ན་མི་དབྱེའ་བ་ནི། མཚན་བཟང་ངན་མི་དབྱེའོ། །དེ་བླ་མའི་དྲོད་ཚད་དང་སྦྱར་བར་བྱའོ། །བྱིན་རླབ་པ་ནི། དབྱེའ་བ་ནི། ཡུམ་རིགས་ཀྱི་ཡུམ་ལྔར་ཕྱེ་ལ། རིགས་གང་ཡིན་དུ་བྱིན་གྱིས་བརླབ་བོ། །མི་དབྱེའ་བ་ནི། གཟུངས་མ་དེ་ཡུམ་གང་ཡང་རུང་བར་བྱིན་རླབ་བོ། ༈ །གོ་དོན་གནས་ལུགས་དང་སྦྱར་བའི་སྙེན་བསྒྲུབ་བཞི་ནི། སྙེན་པ་ཞེས་བྱ་བ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ངོ་ཤེས་པའོ། །དེ་ལ་ཅི་སྟེ་བྱ་ཞེ་ན། སེམས་ཅན་རྣམས་ནི། དངོས་པོ་དང་མཚན་མར་བརྟགས་པས། མྱ་ངན་ལས་འདས་པ་ལས་རིང་དུ་སོང་ཞིང་འཁོར་བར་གནས་པ་ཡིན་ལ། རྣལ་འབྱོར་བ་ནི་དོན་དམ་པའི་བྱང་ཆུབ་སེམས། སྟོང་པ་བདག་མྱེད་པར་རྟོགས་པས། འཁོར་བ་ལས་རིང་དུ་འགྲེངས་ཤིང་། མྱ་ངན་ལས་འདས་པ་ལ་སྙེན་པས་ན་སྙེན་པ་ཞེས་བྱའོ། །ཉེ་བའི་སྙེན་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་རྟོགས་པའི་སྟེང་དུ་ཡང་བདག་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྒོམ་པས་ཏེ། དེ་ལ་ཅིའི་ཕྱིར་བྱ་ཞེ་ན། དོན་དམ་རྟོགས་པའི་སྟེང་དུ་ལྷ་སྐུ་བསྒོམ་པས། འཁོར་བ་ལས་ཤིན་ཏུ་ཡང་སྲིངས་ནས། མྱ་ངན་ལས་འདས་པ་ལ་ཤིན་སྙེན་པས། ཉེ་བའི་སྙེན་པ་ཞེས་བྱའོ། །སྒྲུབ་པ་ནི་ཡུམ་མདུན་དུ་སྐྱེད་པ་དེ། དེ་ལ་ཅིའི་ཕྱིར་བྱ་ཞེ་ན། སྒྲུབ་པའི་གཞིའམ་ལམ་དུ་གྱུར་བ་ཡུམ་ཡིན་པས་སྒྲུབ་པའོ། །སྒྲུབ་པ་ཆེན་པོ་ནི། ཡུམ་དང་གཉིས་སུ་མྱེད་པར་ལྡན་པའི་བྱང་ཆུབ་སེམས་ལས། དཀྱིལ་འཁོར་འགོད་པ་དང་། མཆོད་པ་འབུལ་བ་དང་། ལས་རྩམ་པ་ལ་སོགས་པ། བདེའ་བར་གཤེགས་པའི་མཛད་པ་ཚང་ཞིང་། མཐར་ཕྱིན་པར་གནས་པས་སྒྲུབ་པ་ཆེན་པོ་ཞེས་བྱའོ། །སྙན་སྒྲུབ་བཞི་བསྟན་པ་ནི། སྙེན་པ་དང་ནི་ཞེས་ཆགས་ལམ་མན་དང་སྦྱར་བའི་སྙེན་བསྒྲུབ་བཞི་ནི། སྙེན་པ་ནི་ཡུམ་དག་པ་རྩལ་བ་སྟེ། དེ་ཡང་སྐྱེ་བས་དག་པ་དང་། སྦྱངས་པས་དག་པའོ། །སྐྱེ་བས་དག་པ་ནི། པད་མ་ཅན་དང་། དུང་ཅན་དང་། བན་གླང་ཅན་དང་། རི་མོ་ཅན་དང་། རི་དྭགས་ཅན་དང་། ལྕུག་ཕྲན་མ་སྟེ། མཚན་དང་ལྡན་པའོ། །སྦྱངས་པས་དག་པ་ནི། ཐོས་བསམ་གྱི་རྒྱུད་སྦྱངས་པས། དབང་གིས་ཤེས་བྱ་སྨིན་པ་དང་། སླབ་པས་ལུས་སྦྱངས་པའོ། །དེ་ལ་ཅི་སྟེ་སྙེན་པ་ཞེས་གདགས་ཞེ་ན། སྦྱོར་བ་བྱེད་པ་ལ་སྙེན་པས་སོ། །ཉེ་སྙེན་པོ། །ཞེས་ཉེ་བའི་སྙེན་པ་ནི། བདག་ཉིད་ཡུམ་ལུས་ཀྱི་ཤ་རྒྱས་པར་བྱས་ལ། རླུང་བཟུང་ཞིང་ཐིག་ལེ་སྦྱང་བ་སྟེ། ལུས་ཀྱི་འགལ་རྐྱེན་གསལ། མཐུན་རྐྱེན་བསྒྲུབ། ལྕོག་བུར་འདུག་ལ། ལྟེ་སྐོག་ནས་རླུང་མེ་དང་མཉམ་པ་ལས། ཡི་གེ་རཾ་ལས་མེ་བྱུང་བས་སྤྱི་བོ་ན་ཐིག་ལེ་ཧང་མཐིང་ཀྱ་མགོའ་ཐུར་དུ་ལྟ་བ་ཁ་བ་འཁྱགས་པ་ལྟ་བུ་ལ་ཕོག །ཞུ་བས་འོག་གི་མེ་མར་གསོས་སོ། །དེ་ནས་སྟེང་གི་རླུང་བག་ཙམ་མནན། འོག་རླུང་བག་ཙམ་ཐེན་ནོ། །ནམ་ཀའི་བ་གཞོའོ། །དེ་ལ་སྦྱོར་བ་བྱེད་པ་ལ་ཉེ་བས་ན་ཉེ་བར་སྙེན་པའོ། །སྒྲུབ་པ་དང་ནི་ཞེས་སྒྲུབ་པ་ནི། ཡུམ་མཚན་དང་ལྡན་པ་དེ་རྩར་བཞག་ལ། ཐིག་ལེ་དབབ་སྟེ། དེ་ནས་བཟུང་། ཁྱབ་པར་བྱ། འཐར་མི་ཉམས་པར་བསྲུང་ངོ་། །དེ་ལ་དང་པོ་ཐིག་ལེ་དབབ་ཅིང་སྤེལ། སྤེལ་ཞིང་བཟུང་། བཟུང་ཞིང་རིམ་གྱིས་ཟློག་གོ། །དེ་ལ་དབབ་པ་ནི། སྐད་གཅིག་མ་དང་པོ་ལ་དགའ་བའི་ཡེ་ཤེས་སོ། །དེ་ནི་ཐིག་ལེ་ལྡང་བའི་དྲོད་དོ། །སྐད་ཅིག་མ་གཉིས་པ་མཆོག་དགའི་ཡེ་ཤེས་སོ། །དེ་ནི་ཐིག་ལེ་གཡོ་བའི་དྲོད་དོ། །སྐད་གཅིག་མ་གསུམ་པ་དགའ་བྲལ་གྱི་ཡེ་ཤེས་སོ། །དེ་ནི་ཐིག་ལེ་འབར་བའོ། །དེའི་དུས་སུ་ཐིག་ལེ་བཟུང་ཀ་བས་བཟུང་ངོ་། །དེ་ཡང་བདེའ་བ་འཛིན་པ་ལ་མ་མཁས་ན་བདེ་བ་ཡུན་ཐུང་བས། བཟུང་བ་ལ་མཁས་ན་ལུས་ངག་གི་འགྱུར་བ་བྱ། གླིང་བཞི་རི་རབ་ལ་བསྡུ། སྤྱན་ནམ་མཁར་སྦ། དར་པོ་ཆེ་རླུང་ལ་ཕྱར་རོ། །ངག་ཏུ་ཡང་ཧཱུྃ་ཞེས་དྲང་བར་བྱའོ། །བསྒྲུབ་ཆེན་པོ། །ཞེས་བསྒྲུབ་པ་ཆེན་པོ་ནི། ལྷན་གཅིག་སྐྱེས་པའི་ཡེ་ཤེས་སྐད་གཅིག་མ་བཞི་པ་ལ་ཐོབ་པ་སྟེ། ཐིག་ལེ་བསྟན་པའི་དྲོད་དོ། །དེ་ནས་ཟློག་གོ། །དེ་ཡང་ཟློག་པ་ལ་མ་མཁས་ན། ཆུ་དང་སྡོང་། ཟློག་པ་ལ་མཁས་ན་དུད་འགྲོའི་འགྱུར་བ་བྱ། རྣམ་གྲིལ་གྱི་ཕྱག་རྒྱས་དགྲམ། ཞིང་ཁྱབ་པར་བྱ། དེ་ནས་ཐིག་ལེ་སྲུང་སྟེ། བདེ་བ་སྐྱེས་ཏེ་གང་བས་འཛག་པ་དང་། གདོན་དང་བག་ཆགས་ཀྱིས་རྨི་ལམ་དུ་འཛག་པ་དང་། ནད་གཞི་ཆུ་དང་སྡོང་བས་འཛག །གཟུངས་མའི་རྐྱེན་གྱིས་ཆགས་པ་སྐྱེས་ཏེ་འཛག །ཁ་ཟས་མི་འཐུན་པས་རང་ཉམས་ཏེ་འཛག །སྤྱོད་ལམ་གྱིས་དང་སྟོང་སྟེ་འཛག་པ་རྣམས་སྲུང་ངོ་། །ཡུམ་གྱི་པད་མོའི་གཞལ་ཡས་སུ། །ཞེས་ཡུམ་གྱི་བྷ་ག་ནི། རྩའི་དབྱིབས་རིམ་པ་གསུམ་སྟེ། ཕྱི་པད་མ་འདབ་མ་གཉིས། བར་པད་མ་འདབ་མ་གསུམ། ནང་པད་མ་འདབ་བརྒྱད་དོ། །ཡི་གེ་ནི། རྩ་ཁ་ཁ་མུ་ཀ་ཨེའི་གཟུགས་གྲུ་གསུམ་དུ་གནས་པའོ། །ཐིག་ལེ་ནི། རྩ་ཀུན་རྟར་མའི་ནང་ནས་འབབས་ཏེ། ཀུན་རྡར་མ་དེ་ཡང་པད་མའི་གནལ་མ་ལྟར་འཕྲ། ཆུ་ཤིང་གི་སྙིང་པོ་ལྟར་དྲང་། ཏིལ་གྱི་མར་མེ་ལྟར་གསལ། མེ་ལོང་གི་དོན་ལྟར་འཇམ། བུ་རམ་གྱི་ཁྲ་བ་ལྟར་འཛིན་ནོ། །བདེའ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་ཡབ་ཀྱི་བདེའ་བ་ནི་ཡུམ་གྱི་མཁར་སྤྲོ་བ་སྟེ། བདེའ་བ་དང་། མཆོག་བདེའ་བ་དང་། བདེའ་བར་གྱི་བདེའ་བ་དང་། ལྷན་གཅིག་སྐྱེས་པའི་བདེའ་བ་ནི། སངས་རྒྱས་ཀྱི་ཐུགས་ལྟ་བུ་སྟེ། བདེའ་བ། གསལ་བ། མི་རྟོག་པ། སྤང་བྱ་མ་རིག་པ་ལས་ལོག་པ། ཐོབ་བྱ་ཡེ་ཤེས་ཀྱི་སྣང་བ་ནི་ཐོབ། དེ་དཀྱིལ་འཁོར་ལྷ་ཚོགས་ཀྱི་རང་བཞིན་དུ་གསང་བ་ཡུམ་གྱི་བྷ་གར་སྤྲོ་བའོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །ཞེས་ཏིང་ངེ་འཛིན་གྱིས། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། དུས་གསུམ་སངས་རྒྱས་མང་པོ་ནམ་མཁའི་སྤྲིན་ཚོགས་ཙམ་པ་མ་ལུས་པ་སྤྱན་དྲངས་ལ། བདག་གི་ལུས་ལ་སྡུས་ལ། དབྱེར་མྱེད་པར་བྱས་ཏེ། ཡང་ན་མདུན་ན་གནས་པ་ལ་བྱང་ཆུབ་སེམས་ཀྱིས་མཆོད། བདག་ལ་ཚུར་མཆོད་པར་བསམ་མོ། །དགྱེས་མཉམ་མཆོག་གི་སྦྱིན་པས་སྟིམ། །ཞེས་ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མྱེད་པའི་བདེའ་བས་དགྱེས་པས་དགྱེས་ལ། ཡབ་ཡུམ་དབང་པོའི་སྒོ་མཉམ་པར་སྦྱར་བ་ལས་བྱུང་བས་དགྱེས་པ་མཉམ། ལྷག་པ་བྱང་ཆུབ་སེམས་བདེའ་བའི་མཆོད་པ་དེ་མཆོག་ཡིན་པས་མཆོག །བྱང་ཆུབ་སེམས་ལ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་སྦྱིན་པ། བདག་དང་སངས་རྒྱས་འོད་ཟེར་སྣོལ་མར་སྟིམས་པས་ན་སྦྱིན་པས་སྟིམས་ཞེས་བྱའོ། །དངོས་གྲུབ་བླང་བ་བསྟན་པ་ནི། སྒྲུབ་པ་ཉི་ཟླའི་སྙིང་པོ་དག །ཞེས་གནས་རྩ་ལ་སྦྱངས། རྟེན་པ་ཐིག་ལེ་བཟུང་། གྲུབ་པ་ཡི་གེ་ཟླས། གཡོའ་བ་རླུང་བཟུང་ནས། ཡབ་ཡུམ་གྱི་བདེའ་བས་སྒྲུབ་པ་ནི། ཉི་མ་ཡུམ་གྱི་པད་མ་རག་ཏ་དང་། ཟླ་བ་ཡབ་ཀྱི་བྱང་སེམས་དཀར་པོ་ནི། ཡབ་ཡུམ་གཉིས་ཀྱི་ལུས་ཀྱི་སྙིང་པོ། བདེ་བ་ཆེན་པོར་སངས་རྒྱ་བར་བྱེད་པའི་རྫས་དེ་དག །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླང་། །ཞེས་ཡུམ་གྱི་བྷ་གའི་དཀྱིལ་འཁོར་ནས་སློབ་མའི་ལྕེ་རྡོ་རྗེ་ཁང་སེང་དུ་སྒོམས་པ་ཡིས་བླང་ངོ་། །འབྲས་བུ་བ སྟན་པ་ནི། མཁའ་འགྲོ་གསལ་འབར་ཚེ་ལ་བསོགས། །ཞེས་དེའི་འབྲས་བུ་ནི། ནམ་ཀ་ལ་བྱ་བཞིན་དུ་འགྲོ་བ་དང་། ལུས་ཁ་དོག་གསལ་ཞིང་འབར་བ་སྟེ། སྐྲ་དཀར་མྱེད། ལུས་བུ་ཆུང་འདྲ། ལྕེས་རང་གི་གདོང་ཁེབས། ཚེ་ཉི་ཟླ་དང་མཉམ་སྟེ། སྒྲོན་མེ་རླུང་གི་ཚེ་དབང་གིས་རིག་འཛིན་ཐོབ། བསོགས་ནི། ལྟེ་བ་མེ་ལོང་གི་ངོས་ལྟར་འདྲེད། རོ་སྟོད་སེང་གེ་ལྟར་རྫིད། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་། མངོན་ཤེས་འཆར། ལུས་མི་སྣང་བར་སྦེད་ནུས་སོ། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཅེས་ཡིད་ལ་ཇི་ལྟར་བསམ་པ་བཞིན་འབྱུང་བའམ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མྱེད་བཞིན་དུ་དགོས་འདོད་ཐམས་ཅད་འབྱུང་བ་དང་འདྲ་བར་ལྷག་པའི་བྱང་ཆུབ་སེམས་རྟེན་ཅིང་དང་དུ་བླངས་པའི་ཚེ། རྣམ་པར་རྟོག་པ་མྱེད་བཞིན་དུ་དངོས་གྲུབ་ཀྱི་བྱེ་བྲག་ཀུན་འབྱུང་བ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། དབྱར་ཀའི་སྤྲིན་གྱི་ཚོགས་ལས་ཆར་གྱི་རྒྱུན་འབྱུང་བའམ། ཡི་གེ་རིན་པོ་ཆེའི་སྤྲིན་ལས་དངོས་གྲུབ་འབྱུང་བ་བཞིན་དུ། འཁོར་འདས་ཀུན་ལ་དབང་བྱེད་པའི་བདག་པོར་འགྱུར་རོ། །ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། །ཞེས་སྐྱེ་ཞིང་འབྱུང་བའི་ཕྱིར་ན་ཞིང་། གནས་ཤིང་རྟེན་པའི་ཕྱིར་ཡང་ཞིང་ངོ་། །དཔེར་ན་ས་གཞིའ་ལས་ལོ་ཏོག་སྐྱེ་ཞིང་འབྱུང་། གནས་ཤིང་རྟེན་པའོ། །དེ་བཞིན་དུ་སངས་རྒྱས་ཐམས་ཅད། འབྱུང་ཡང་སེམས་ཅན་གྱི་སེམས་ཉིད་དག་པ་ལས་འབྱུང་། གནས་ཀྱང་སེམས་ཀྱི་ཆོས་ཉིད་ལ་གནས་སོ། །མཆོག་ནི་མི་ལ་བྱའོ། །མཆོག་ཕྲན་ནི་རྟ་དང་གླང་པོ་ལ་སོགས་པ་བྱོལ་སོང་ངོ་། །རྣམས་ནི་སྒྲལ་བའི་ཞིང་བཅུར་གྱུར་པ་ཐམས་ཅད་དོ། །ཉི་ཟླའི་དཀྱིལ་དུ་མཁས་པས་བཞག །ཅེས་གདན་ཉི་མ་དང་། ཟླ་བའི་དཀྱིལ་འཁོར་དུ། སྒྲོལ་མཁན་རྒྱུད་དང་དོན་ལ་མཁས་པའི་རྣལ་འབྱོར་བས། སྒྲལ་བྱ་ཞིང་གི་རྣམ་པ་རྣམས་དཀྱིལ་འཁོར་དུ་བཞག་ལ། ༈ སྒྲལ་ཐབས་བསྟན་པ་ནི། ང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཞེས་བདག་ཉིད་ལས་ཀྱི་ཧེ་རུ་ཀའི་སྐུ་ཕྱག་བརྒྱའི་ཏིང་ངེ་འཛིན་གྱི་ང་རྒྱལ་དུ་གནས་ལ། ལག་པའི་སོར་མོ་རིགས་ལྔའི་སངས་རྒྱས་སུ་བྱིན་གྱིས་རླབས་ཏེ། ལག་པ་རིགས་ལྔ་འདུལ་བྱེད་ཀྱིས་སྒྲལ་བྱའི་རིགས་དྲུག་ས་བོན་འདུལ་བར་བསྒོམ་མོ། ། ༄༅། གནས་སྦྱོང་ནི་གསུམ་སྟེ། གནས་ལུགས་དང་། རང་ལ་སྦྱང་བ་དང་། གཞན་གྱི་སྦྱང་བའོ། །གནས་ལུགས་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན། ཆོས་ཉིད་ཀྱི་རྩ་ཟླུམ་པོ་ལ། ཀུན་གཞིའི་ཡིད་གནས། དེ་ལ་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ་དང་། དུད་འགྲོའི་ས་བོན་ཏྲི་དམར་ནག་དང་། སྐུའི་སྙིང་པོ་ༀ་གནས་སོ། །ཡེ་ཤེས་ཀྱི་རྩ་གྲུ་བཞི་ལ། ཡིད་ཀྱི་རྣམ་ཤེས་གནས། ལྷའི་ས་བོན་ཨ་དཀར་པོ་དང་། མིའི་ནྲྀ་སྔོན་པོ་དང་། ཐུགས་ཀྱི་སྙིང་པོ་ཧཱུྃ་གནས། ཡོན་ཏན་གྱི་རྩ་ཟླ་ཁམ་ལ། ཉོན་མོངས་པ་ཅན་གྱི་ཡིད་གནས། ཡིད་དྭགས་ཀྱི་པྲེ་དམར་པོ་དང་། དམྱལ་བའི་དུ་དུད་ཀ་དང་། གསུང་གི་ཨ་གནས་སོ། །རང་རྒྱུད་ཀྱི་རྩ་གྲུ་གསུམ་ལ། སྒོ་ལྔའི་ཤེས་པ་རྒྱུ། གཉིད་གནས་སོ། །རྩ་དེ་རྣམས་ཀྱི་མདོའ་གཅིག་ཏུ་འདུས་པས་ན། སའི་དྭངས་མ་དར་དཀར་གྱི་སྐུད་པ་ཙམ་པ། ཁྲག་གི་དྭངས་འཚལ་ཁུ་ཙམ་པ། དབུགས་ཀྱི་དྭངས་མ་གསེར་གྱི་རླངས་པ་ཙམ། དྲོད་ཀྱི་དྭངས་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་པ་གནས་སོ། །དེ་དག་གི་དབུས་ན། སྙིང་པོ་ཆོས་སྐུ་གནས་སོ། །དེ་ནི་སེམས་ཅན་ཐམས་ཅད་ལ་གནས་སོ། །རང་ལ་སྦྱང་བ་ནི། གནས་ལུགས་དེ་སྙིང་ཁ་ན་གཙོའ་བོའི་ཚུལ་དུ་གནས། གསང་བ་ན་པད་མ་འདབ་བརྒྱད་ལ་ཕལ་པའི་ཚུལ་དུ་གནས་པས། གསང་དབང་བསྐུར་ན་གསང་བར་གནས་པ་གལ་ཆེ། སྒྲོལ་བ་ལ་སྙིང་ཁར་གནས་པ་གལ་ཆེ་སྟེ། རླུང་བཅུན་ནས་སྦྱངས་པས། གནས་འབྱོངས་པའི་རྟགས་བདུན་འབྱུང་སྟེ། ཉམས་སེམས་ལ་འཆར། གར་ལུས་ལ་འཆར། སྔགས་ངག་ལ་འཆར། མཐོང་སྣང་ཡུལ་ལ་འཆར། བག་ཆགས་རྨི་ལམ་དུ་འཆར་རོ། །རླུང་འབྱོངས་པར་བྱའོ། །གཞན་གྱི་སྦྱོང་བ་ནི། སྒྲལ་བའི་རྒྱུད་སྦྱོང་བ་སྟེ། དང་པོ་དྲོད་པ་སྐྱེད། དཀྱིལ་འཁོར་དུ་བཞུགས། དེ་ནས་ལག་པ་ལ་རླུང་འདྲོངས་པར་གྱུར་པ་དང་། རང་གི་ལག་པའི་རྩེ་ལ་སྒྲལ་བའི་ཤེས་པ་བསྡུའོ། །གནས་ཡར་བ་བསྟན་པ་ནི། ཧཱུྃ་དུ་གྱུར་པས་རྣམ་པར་དག །ཅེས་སྒྲལ་བའི་སེམས་ཉིད་ཡི་གེ་ཧཱུྃ་དུ་གྱུར་ནས། རང་གི་འཛུབ་མོའི་རླུང་གི་ལྕགས་ཀྱུས་དྲངས། འགྲོ་བ་རིགས་དྲུག་གི་ས་བོན་དག་ནས་ཧཱུྃ་ལ་འདུས་སོ། །ཧཱུྃ་གི་འོད་ཀྱིས་སྒྲལ་བྱའི་སྒྲིབ་པ་ཐམས་ཅད་ཐུགས་ཡེ་ཤེས་སུ་རྣམ་པར་དག་ནས། དབྱིངས་སུ་ཐིམ་པས་ཕྱག་རྒྱར་འབར། །ཞེས་སྒྲལ་བའི་སེམས་ཅན་གྱི་སེམས་དེས་ཆོས་ཀྱི་དབྱིངས་རྟོགས་པར་བྱ་བའི་ཕྱིར། མཚན་མ་མྱེད་པའི་དབྱིངས་སུ་ཐིམ་ནས་ཧཱུྃ་འོད་དུ་ཞུ་བ་ལས། རང་གི་ཏིང་ངེ་འཛིན་སྐད་ཅིག་མས་ཐུགས་ཕྱག་མཚན་འོད་འབར་བར་བསྐྱེད་དོ། །སྐུར་གྱུར་འོད་ཟེར་འཕྲོ་བས་བརྗིད། །ཅེས་ཐུགས་ཕྱག་མཚན་ལས་སྐུ་ཡོངས་སུ་རྫོགས་པར་གྱུར་ཏེ། འོད་ཟེར་འཕྲོ་བ་དང་བཅས་པས་སྐུ་ཤིན་ཏུ་བརྗིད་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེའ་བྱད་བརྒྱད་ཅུ་དང་བཅས་པར་བསྒོམ་མོ། །གཙུག་ཏུ་རྣམ་པར་རྒྱལ་བར་བསྒོམ། །ཞེས་སྒྲལ་བའི་སེམས་ལྷར་སྐྱེད་པ་དེའི་སྤྱི་བོའི་བཙུག་ཏུ། ངན་སོང་ཐམས་ཅད་ཀྱི་སྙིང་པོ། ངན་སོང་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཡེ་ཤེས་སེམས་དཔའ་དཀར་པོ། གཡས་ས་ནོན། གཡོན་མཉམ་བཞག་སྟེང་ན་བདུད་རྩིའི་བུམ་པ་རྣམ་པ་བསྒོམ་པའོ། ༈ །དགོས་པ་བསྟན་པ་ནི། ངོ་མཚར་ངན་འགྲོ་ཐར་བའི་ཐབས། །ཞེས་ངོ་མཚར་ཆེ་སྟེ། ཐེག་པ་འོག་མ་བས། སྒྲོལ་བ་ནི་འཁོར་བའི་ལམ། འཆིང་བའི་རྒྱུར་བྱས་པ་ལ། ཀུན་ནས་ཉོན་མོངས་པའི་ཆོས་མ་སྤངས་པར་སྤྱད་ཀྱང་སྐྱོན་གྱིས་མི་གོས་ལ། སྐྱོན་གྱིས་མ་གོས་ཙམ་དུ་མ་ཟད་དེ། སྒྲལ་བྱ་དེ་ཉིད་ངན་སོང་ངམ་ངན་འགྲོ་ལས་ཐར་བའི་ཐབས་སུ་གྱུར་པས། ཐབས་ཀྱང་དེ་ལས་ཆེ་བ་མྱེད་པས་ངོ་མཚར་ཐབས་ཆེ། ངན་སོང་ལས་ཐར་ཞེས་བྱའོ། །ཡེ་ནས་སྐྱེ་མྱེད་དེ་བཞིན་ཉིད། །ཅེས་ཨ་ལི་ཀ་ལིའི་ཡོ་བྱད་སྒྲོལ་སྦྱོར། ཀུན་གྱི་རང་བཞིན་ནི། དོན་དམ་པར་ནི་ཡེ་ནས་མ་བྱུང་མ་སྐྱེས་སྐྱེ་བ་མྱེད་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པར་རྟོགས་པས། སྒྱུ་མར་སྣང་བའི་སྨིག་ཡོར་ཚུལ། །ཞེས་ཀུན་རྫོབ་སྒྱུ་མར་སྣང་བ་ནི། དམིག་ཡོར་དང་སྤྲུལ་པ་ལ་སོགས་ཏེ། སྒྱུ་མའི་དཔེའ་བརྒྱད་ལྟར་སྣང་ལ་རང་བཞིན་མྱེད་པའི་དོན་ནམ་ཚུལ་དུ་རྟོགས་པས་དམྱིགས་ཡོར་ཚུལ་དུ། སྒྲོལ་སྦྱོར་བྱ་བ་ཀུན་བྱས་ཀྱང་། །ཞེས་དེ་ལྟར་རྟོགས་པའི་དུས་ན། སྒྲོལ་སྦྱོར་གྱི་བྱ་བ་ཀུན་བྱས་སམ་སྤྱད་ཀྱང་། ཀུན་རྫོབ་ཙམ་དུ་ནི་ཆོས་ཐམས་ཅད། སྒྱུ་མའི་དཔེའ་བརྒྱད་ལྟར་སྣང་ལ་རང་བཞིན་མྱེད་པར་གནས་པས། དངོས་པོར་གྲུབ་པ་གང་ཡང་མྱེད་ལ། རྡུལ་ཆ་ཙམ་ཡང་བྱས་པ་མྱེད། །ཅེས་དོན་དམ་པར་ནི་རྡུལ་ཕྲ་རབ་ཙམ་དུ་ཡང་དངོས་པོར་གྲུབ་པ་མྱེད་པས། སྒྲོལ་སྦྱོར་བྱས་པ་གང་ཡང་མྱེད་ཞེས་བྱའོ། །དག་པ་གསུམ་བསྟན་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་ཕྱི་སྣོད་ཀྱི་འཇིག་རྟེན་ཡུམ་ལྔའི་དཀྱིལ་འཁོར་དུ་དག །ནང་བཅུད་ཀྱི་འཇིག་རྟེན་ཕུང་པོ་ལྷའི་དཀྱིལ་འཁོར་དུ་དག །ཤེས་པའི་རྒྱུད་ཚོགས་བརྒྱད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག །དེ་ལྟར་དག་པ་རྣམ་པ་གསུམ་གྱི་གཏན་ཚིགས་ཀྱིས་ལྷ་དང་ལྷ་མོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་སུ་དག་པ་དེ་རྣལ་འབྱོར་པས་དེ་ལྟར་དུ་རང་གི་སེམས་ཀྱིས་རྟོགས་ཤིང་། ༈ མཉམ་པ་བཞི་བསྟན་པ་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་ཐུན་མོང་གི་མཉམ་པ་གཉིས་ནི། དོན་དམ་སྐྱེ་འགག་མྱེད་པར་མཉམ། ཀུན་རྫོབ་མཚན་ཉིད་བཞི་ལྡན་དུ་མཉམ་པའོ། །ལྷག་པའི་མཉམ་པ་གཉིས་ནི། ཀུན་རྫོབ་ཕྱི་སྣོད་ལྷ་མོར་མཉམ། ནང་བཅུང་ལྷར་མཉམ། དོན་དམ་དུ་སྣང་བ་འདི་ཉིད་སྐོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པ། ལྷག་པ་ཆེན་པོ་ཆོས་ཀྱི་སྐུར་མཉམ་པར་གནས་སོ། །དེ་གཉིས་ཀྱི་ཡོན་ཏན་བསྟན་པ་ནི། དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་དེ་ལྟར་དག་པ་གསུམ་དང་། མཉམ་པ་བཞི། ཆོས་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན། ཆེ་བའི་ཡོན་ཏན་སྐྱེད་པའི་ཞིང་དུ་རྟོགས་པའི་དུས་ན། བླང་དོར་ཐམས་ཅད་དང་ངང་གིས་བྲལ་བ། བྱེད་པ་ཐམས་ཅད་ཡོངས་ཀྱིས་འོད་གསལ་བའོ། །བྱེད་སྤྱོད་ཚོགས་ཆེན་གཉིས་འགྱུར་ནས། །ཞེས་ལུས་ཀྱིས་སྐྱོད་པ་དང་། དབང་པོ་ཡུལ་ལ་འཇུག་པ་དང་། སེམས་ཀྱི་དྲན་རྟོག་ཐམས་ཅད་དང་ལུས་ངག་ཡིད་གསུམ་གྱི་བྱེད་སྤྱོད་ཐམས་ཅད། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་མ་གྱུར་བ་གང་ཡང་མྱེད་དེ། དེ་གང་ཡང་མི་འགོག་པར་སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་ལ། གསལ་ཙམ་ན་རང་བཞིན་མྱེད་པར་རྟོགས་པ་ནི་ཡེ་ཤེས་ཀྱི་ཚོགས། དེ་ལྟར་ཚོགས་རྣམ་པ་གཉིས་སུ་འབྱུང་བར་རྟོགས་ནས། སྟོད་ཚོགས་ཀྱི་དཀྱིལ་འཁོར་དུ་ཚུད་དོ། །ཡན་ལག་མ་ཉམས་ཡོ་བྱད་ལྡན། །སྟོན་པ་པོ་གང་གི་བྱ། ཅེས་དམ་ཚིག་གཞིའི་ཡན་ལག་མ་ཉམས་པ་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པའོ། །ཏིང་ངེ་འཛིན་མཆོག་གི་ཡན་ལག་ཉམས་པ་ནི། སྟོང་པ་ཉིད་དང་། གདན་ཟླ་བ་དང་། ཡིག་འབྲུ་དང་། ཕྱག་མཚན་དང་། སྐུ་ཡོངས་རྫོགས་བསྒོམ་པའོ། །འཁོར་གྱི་ཡོ་བྱད་ནི། ཡུམ་དང་། སློབ་མ་དང་། གྲོགས་འཐུན་པའོ། །མཆོད་པའི་ཡོ་བྱད་ནི། གོས་རྒྱན་དང་། བྲོ་གར་དང་། བཟའ་བཏུང་དང་། གླུ་ཚིག་དང་། སྦྱོར་སྒྲོལ་རྣམས་དང་ལྡན་པར་གྱུར་པའོ། །ཆོ་ག་རྫོགས་པར་ཤེས་པ་ཡིས། །ཞེས་སྐུལ་ཚིག་དབྱངས་ཀྱི་ཆོ་ག་དང་། ཡིད་ཟླས་པའི་སྙིང་པོ་དང་། ལག་པ་ཕྱག་རྒྱ་དང་། རྐང་པ་རྡོ་རྗེའི་འགྲོས་དང་། ལུས་རོལ་མོ་རྔའི་རྡུང་ཐབས་ལ་སོགས་པ་རྫོགས་པར་ཤེས་པའི་སྔགས་པས། ༈ འཁོར་གང་དང་བྱ་ན། རྣལ་འབྱོར་འཚོགས་པའི་དཀྱིལ་འཁོར་གནས། །ཞེས་དེ་ལྟ་བུའི་རྣལ་འབྱོར་པ་གཅིག་གིས་བྱར་མི་ཏུབ་སྟེ། ཉུང་ཡང་གཉིས་དང་གསུམ་ཡན་ཅད་ནས། མང་ན་བརྒྱ་ཡན་ཅད་ནས། མང་པོ་འཚོགས་ཤིང་འདུས་པས། རང་རང་གི་ལྷ་བསྒོམ་ཞིང་སྒྲུབ་པའི་དཀྱིལ་འཁོར་དུ་བདེའ་བར་གནས་ལ་ཞེས་བྱ། ༈ དགོས་པ་ཅིའི་ཕྱིར་བྱ་ན། ངེས་པར་ལེགས་པའི་དགོས་པ་འགྲུབ། །ཅེས་དེ་རྣམས་ལྟ་བ་མཉམ་པ་ཉིད་ཀྱི་དོན་རྟོགས་པ་དང་མི་ལྡན་ཡང་། དམ་ཚིག་མ་ཉམས་པ་དང་། ཏིང་ངེ་འཛིན་རྩེ་གཅིག་དང་ལྡན་པས། ཚོགས་ཀྱི་མཆོད་པ་བྱས་ན། འབྲས་བུ་ངེས་པར་ལེགས་པ་ལྷ་དང་མིའི་གོ་འཕང་ཐོབ་པའོ། །ལྟ་བ་རྟོགས། དམ་ཚིགས་མ་ཉམས། ཏིང་ངེ་འཛིན་གསལ་ན། འབྲས་བུ་སངས་རྒྱས་འགྲུབ་བོ། །ལྔ་དང་ལྔ་ཞིང་སྦྱོར་བ་ཡིས། །ཡབ་ལྔ་ལྔ། ཡུམ་ལྔ་ལྔ། ཡབ་ཡུམ་བཅུ་སྦྱོར་བ་ཡིས། ཚོམ་བུ་ལྔའི་ལྷ་བཀོད་ལ། །ལྷ་ལྔ་བཅུ་ཐམ་པ། ཡབ་རྣམས་ཡབ་དུ་བསྒོམ། ཡུམ་རྣམས་ཡུམ་དུ་བསྒོམ་སྟེ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །ཧཱུྃ་ཀ་ར་ལ་སོགས་པའི་ཁྲོ་བོ་ཡབ་བཅུ་དང་། སྒྲ་འབྱིན་མ་ལ་སོགས་པའི་ཁྲོ་མོ་བཅུ་སྟེ་ཉི་ཤུ། འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །ཞེས་དབུས་ཚོམ་བུ་ལྔའི་དཀྱིལ་འཁོར་ལྷ་ལྔ་བཅུ་ཐམ་པ། དེའི་ཕྱི་རིམ་འཁོར་ལོ་ལ་ཁྲོ་བོ་ཡབ་ཡུམ་ཉི་ཤུས་སྐོར་བར་བསྒོམ་པའོ། ༈ །དབུས་འཁོར་ལོ་རྩིབས་བཞི་ལ། དབུས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། ཤར་རྡོ་རྗེ་སེམས་དཔའ་དང་། ཡུམ་བསྟན་མ། ལྷོར་རིན་ཆེན་སེམས་མ་དང་ཡུམ་འབར་མ། ནུབ་ཆོས་དང་ཡུམ་དགེ་མ། བྱང་ལས་ཀྱི་སེམས་དཔའ་དང་ཡུམ་སྟུམ་མོ། །ལྔ་སྦྱོར་བ་ནི་ཚོམ་བུའི་དཀྱིལ་འཁོར་དང་པོའོ། །ཤར་གྱི་འཁོར་ལོ་རྩིབས་བཞི་ལ། དབུས་རྣམ་སྣང་དང་འབུ་ཏ་སྤྱན། ཤར་སེམས་དཔའ་དང་སྒེག་མོ། ལྷོ་རྒྱལ་པོ་དང་སྤོས་མ། ནུབ་ཆགས་པ་དང་འགུགས་མ། བྱང་ལེགས་པ་དང་སྒྲོལ་མ་སྤྱན་ནོ། །དེ་ནི་ཚོམ་བུ་གཉིས་པའོ། །ལྷོར་འཁོར་ལོ་རྩིབས་བཞི་ལ། དབུས་རིན་ཆེན་འབྱུང་དང་མ་མ་ཀི། ཤར་རིན་ཆེན་དང་འཕྲེང་བ་མ། ལྷོར་ཉི་མ་དང་མེ་ཏོག །ནུབ་རྒྱལ་མཚན་དང་ཞགས་པ་མ། བྱང་བཞད་པ་དང་བདེའ་བ་མའོ། །ཚོམ་བུ་གསུམ་པའོ། །ནུབ་ཏུ་འཁོར་ལོ་རྩིབས་བཞི་ལ། དབུས་སྣང་བ་མཐའ་ཡས་དང་གོས་དཀར་མ། ཤར་རྡོ་རྗེ་ཆོས་དང་དབྱངས་མ། ལྷོར་རྣོན་པོ་དང་མར་མེ། ནུབ་འཁོར་ལོ་དང་ལྕགས་སྒྲོག་མ། བྱང་སྨྲ་བ་དང་འཇིན་རྟེན་མ། ཚོམ་བུ་བཞི་པའོ། །བྱང་གི་འཁོར་ལོའི་རྩིབས་བཞི་ལ། དབུས་སུ་དོན་ཡོད་གྲུབ་པ་དང་། དམ་ཚིག་སྒྲོལ་མ། ཤར་དུ་རྡོ་རྗེ་ལས་དང་གར་མ། ལྷོར་སྲུང་བ་དང་དྲི་ཆབ་མ། ནུབ་ཏུ་གནོད་སྦྱིན་དང་དྲིལ་བུ་མ། བྱང་དུ་རྡོ་རྗེ་ཁུ་ཚུར་དང་འབེབས་མ་སྟེ། ཚོམ་བུ་ལྔ་པའི་དཀྱིལ་འཁོར་རོ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །སྐུ་རྡོ་རྗེ་དེ་བཞིན་གཤེགས་པའི་རིགས་དང་། ཐུགས་རྡོ་རྗེའི་རིགས་སོ། །པད་མོའི་རིགས་ཏེ་སྐུ་གསུང་ཐུགས། །ཀྱི་གསུང་པད་མོའི་རིགས་སོ། །ལྷ་སུམ་ཅུ་ཐམས་པའོ། །ཁྲོ བོའི་ཚོགས་དང་ལྡན་པ་ཡི། །ཞེས་ཁྲོ་བོ་ཁྲོ་མོ་ཉི་ཤུའོ། །ལྷ་ཚོགས་སུམ་ཅུ་ཐམ་པ་གསལ་བར་བསྒོམ་མོ། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །སྐུ་གསུང་ཐུགས་ཀྱི། ཡབ་རྣམས་ཡབ་ཏུ་བསྒོམ། ཡུམ་རྣམས་ཡུམ་དུ་བསྒོམ་མོ། །ཚོམ་བུ་གསུམ་པ་ནི་འཁོར་ལོ་རྩིབས་བཞི་ལ། དབུས་རྣམ་སྣང་ཡབ་ཡུམ། ཤར་རྡོ་རྗེ་སེམས་དཔའ་དང་སྒེག་མོ། ལྷོར་རྒྱལ་པོ་དང་སྤོས་མ། ནུབ་ཆག་པ་དང་འགུགས་མ། བྱང་ལེགས་པ་སྒྲོལ་མ། ཚོམ་བུ་དང་པོའོ། །གསུང་གི་འཁོར་ལོ་ནི། འཁོར་ལོ་རྩིབས་བཞི་ལ། དབུས་སྣང་མཐའ་གོས་དཀར། ཤར་ཆོས་དང་གླུ་མ། ལྷོ་རྣོན་པོ་དང་མར་མེ། ནུབ་འཁོར་ལོ་དང་ལྕགས་སྒྲོག །བྱང་སྨྲ་བ་དང་འཇིག་རྟེན་མ་སྟེ། ཚོམ་བུ་གཉིས་པའོ། །ཐུགས་ཀྱི་འཁོར་ལོ་ནི། འཁོར་ལོ་རྩིབས་བཞི་ལ། དབུས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། ཤར་སེམས་དཔའ་དང་རྟན་མ། ལྷོར་རིན་ཆེན་དང་འབར་མ། ནུབ་ཆོས་དང་དགེ་འདུན། བྱང་ལས་དང་སྟུམ་མོ། །ཚོམ་བུ་གསུམ་པའོ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོའ། །ཞེས་རིགས་ཐམས་ཅད་ཀྱི་གཙོའ་བོ་ལྟ་བུ་རྡོ་རྗེ་སེམས་དཔའོ། །དེ་ཡང་རིགས་ཐམས་ཅད་ཀྱི་རིགས་རྡོ་རྗེ་སེམས་དཔའ་ཡིན། རྡོ་རྗེ་རིགས་རང་གི་གཙོའ་བོ་ཡང་རྡོ་རྗེ་སེམས་དཔའོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །ཅེས་ཐུགས་ཐམས་ཅད་ཀྱི་ཐུགས་ཡང་རྡོ་རྗེའི་རིགས་ཡིན་ལ། རྡོ་རྗེ་རིགས་རྣམས་ཀྱི་ཐུགས་ཀྱི་མཆོག་ཏུ་གྱུར་པ་ནི་རྡོ་རྗེ་སེམས་དཔའ་ཡིན་པས་རྡོ་རྗེ་སེམས་དཔའོ། །ཁྲོ་བོའི་ཚོགས་དང་ལྡན་པ་ཡིས། །ཞེས་ཁྲོ་བོ་ཡབ་ཡུམ་ཉི་ཤུས་སྐོར་བར་བསྒོམ་མོ། །རྡོ་རྗེ་རིགས་ཀྱི་ཡབ་ཡུམ་ཅུ་སྟེ་སུམ་ཅུའོ། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །ཞེས་འཁོར་ལོ་རྩིབས་བཞི་ལ། དབུས་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ། ཤར་རྡོ་རྗེ་ཡབ་ཡུམ། ལྷོར་རིན་ཆེན་ཡབ་ཡུམ། ནུབ་ཆོས་ཡབ་ཡུམ། བྱང་ལས་ཡབ་ཡུམ། དེས་བཅུའོ། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་པོ། །ཁྲོ་བོ་རིགས་ལྔ་དང་ཁྲག་འཐུང་། ཁྲོ་མོ་ཡུམ་ལྔ། ཕོ་ཉ་ཕྱག་རྙན་བཀའ་ཉན་ཚོགས། །ཕོ་ཉ་གནས་ཀྱི་མ་མོ་ཀོའུ་རི་བརྒྱད། ཕྱག་རྙན་ཡུལ་གྱི་ཕྲ་མྱེན་མགོ་བརྒྱད་སིང་ཧ་བརྒྱད། བཀའ་ཉན་ལས་ཀྱི་སྒོ་མ་བཞི་རེ་རེ་ལ་ནང་རིས་མང་བས་ཚོགས་སོ། །ཅི་བགྱིའ་ལ་སོགས་ཚོགས་རྣམས་ཀྱིས། །དཔལ་གྱི་ལས་ཅི་བགྱི་ལ་སོགས་ཟེར་ཞིང་དབང་མོ་ཉེར་བརྒྱད་ཀྱི་ཚོགས་རྣམས་ཀྱིས། དངོས་གྲུབ་ལས་རྣམས་གྲུབ་པར་བྱེད། །མཆོག་ཐུན་མོང་གི་དངོས་གྲུབ་དང་། འཕྲིན་ལས་བཞིའི་ལས་རྣམས། རྣལ་འབྱོར་པ་ཇི་ལྟར་འདོད་པ་ལྟར་གྲུབ་པར་བྱེད་དོ། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །རྣལ་འབྱོར་པ། སྔགས་འཆང་བས་དངོས་གྲུབ་སྒྲུབ་པར་བྱེད་པའི་རྒྱུ་ནི། མཉམ་རྫོགས་ལྷུན་གྲུབ་ངང་གནས་ཤིང་། །ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མྱེད་པར་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དོན། ཤེས་རབ་ཀྱིས་རྟོགས་པར་བྱས་ལ། རྟོགས་པའི་ངང་ལ་ཏིང་ངེ་འཛིན་གྱིས་རང་རྩེ་གཅིག་ཏུ་གནས་ཤིང་། སྤྱོད་པས་ཅི་ལའང་ཐོགས་མྱེད་པའི། །སྤྱོད་པས་ཀྱང་བཟང་ངན་དང་དབྱེའ་གསལ་དང་བླང་དོར་མྱེད་པར། ཅི་ལ་ཡང་ཐོགས་པ་མྱེད་པར་སྤྱོད་པའོ། །ཐམས་ཅད་ཡེ་ནས་དབྱེར་མྱེད་པའོ། །དེ་ལྟར་ཆོས་ཐམས་ཅད་ལྟ་བས་ཀྱང་ཡེ་ནས་སངས་རྒྱས་པར་རྟོགས་པ། སྤྱོད་པས་འཇུག་པ་དབྱེར་མྱེད་པར་སྤྱོད་པའོ། །རྡོ་རྗེའི་རིས་སུ་ཐམས་ཅད་བསྐྱིལ། །ཞེས་རྡོ་རྗེ་རིགས་སུ་རྣལ་འབྱོར་པ་དུ་ཡོད་པ་ཐམས་ཅད། ལྷའི་དཀྱིལ་འཁོར་དུ་བསྒོམ་པའོ། །ཡང་ན་སྐུ་གསུང་ཐུགས་ཀྱི་བདག་ཉིད་དེར་རྣལ་འབྱོར་པ་ཡབ་ཡུམ་དུ་ཡོད་པ་ཐམས་ཅད་མ་ལུས་པ་སྐུ་གསུང་ཐུགས་ཀྱི་ལྷ་དེ་བསྒོམ་མོ། །འོད་འཕྲོ་འབར་བར་རབ་ཏུ་བསྒོམ། །ཞེས་དེ་ལྟར་བསྒོམ་པ་ཡང་སོ་སོའི་ཏིང་ངེ་འཛིན་ལ་བསྒོམ་ལ། དེ་ཡང་ཡེ་ཤེས་ལྔ་དང་ལྡན་པའི་རྟགས། སྐུ་ལས་ཡང་དག་པའི་ཡེ་ཤེས་ཀྱི་འོད་འཕྲོ་བར་བསྒོམ་མོ། ༈ །འདིར་ངག་དོན་དུ་ཚོམ་བུ་གཅིག་པ་ནས་འགོའ་གཟུང་ནས་གྲངས་མྱེད་པར་བསྟན་པ་ལ་གཉིས་ཏེ། རིགས་ཆུང་དང་། རིགས་བྱེ་བྲག་པའོ། །རིགས་ཆུང་ནི་གཙོའ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། རིགས་ཆུང་ཡབ་ཡུམ་བརྒྱད། ཕྱོགས་ཀྱི་ཁྲོ་བོ་ཡབ་ཡུམ་བརྒྱད་དེ་བཅོའ་བརྒྱད་དོ། །རིགས་བྱེ་བྲག་པ་ནི། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། སའི་སྙིང་པོ་དང་སྒེག་མོ་གཉིས། བྱམས་པ་དང་སྤོས་མ་གཉིས། གཤིན་རྗེ་དང་ལྕགས་ཀྱུ་གཉིས། ཀུན་པོ་ཡབ་ཡུམ་དང་དམྱལ་བའི་ཐུབ་པ་སྟེ་བཅུ་གཅིག་གོ། །མདོར་ན་རྡོ་རྗེའི་རིགས་ཡོད་ཚད་རྣམས་བསྒོམ་པས་ན། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ་ཅེས་པའོ། །ཆགས་མྱེད་ཚུལ་གྱིས་སྟིམ་པར་བྱ། །ཞེས་ཡབ་ཡུམ་འཚོགས་ཙམ་ན། ཆགས་པ་མྱེད་པའི་མཐར་ཕྱིན་པའི་ཚུལ་གྱིས། ཕྱི་ནང་གི་བ་སྤུའི་བུ་ག་ནས། ཡེ་ཤེས་ཀྱི་འོད་ཟེར་ཡང་སྣོལ་མར་སྟིམ་པར་བྱ། དེ་ལྟར་ཡབ་ཡུམ་གཉིས་སུ་མེད་པའི་འོད་ཟེར་ཐིམ་པར་གྱུར་ནས། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་མྱེད་གྱུར་ནས་ཕྱག་རྒྱ་ཆེ། །སྟེ། ཕྱི་ནང་གི་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་འོད་ཟེར་སྣོལ་མར་འཕྲོས་པ་ལས། ཡབ་ཡུམ་གཉིས་སུ་མྱེད་པར་འོད་ཟེར་སྣོལ་མར་ཕན་ཚུན་སྟིམ་པས། དེ་ལྟར་བྱས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་རིག་འཛིན་ཐོབ་བོ། ༈ །ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ལྔ་སྟེ། གཞིའ་གང་དང་སྦྱར་ན། གཞན་གྱི་འགྲོ་དོན་བྱེད་ནུས་པ་དང་། བདེན་པ་གང་རྟོགས་ན། སྤྱི་ལས་སྐྱེད་གདོན་དུ་མྱེད་པའི་ཚུལ་གྱིས་དབྱེར་མྱེད་རྟོགས། འོ་ན་ཚེ་དབང་དང་ཁྱད་ཅི་ཞེ་ན། བྱེ་བྲག་ལྔ་བསལ་མི་གསལ་གྱི་ཁྱད་ཡོད་པས་སོ། །ཁུངས་ནི། གཉིས་མྱེད་གྱུར་ནས་ཕྱག་རྒྱ་ཆེའོ། །ཡང་ན་རང་ལུགས་ཕྱག་རྒྱ་ཆེའོ། །སྒོམས་པས་མངོན་དུ་གྱུར་པའི་ལྷ། མཚན་དང་དཔེའ་བྱད་མངོན་ཤེས་ལྡན། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས་ཅེས་སོ། །རྣམ་གྲངས་ནི་བཞི་སྟེ། ཀྲི་ཡའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། ཨུ་པ་ཡ་དང་། ཡོ་ག་དང་། མ་ཧཱའོ། །མཚན་ཉིད་ཀྱི་ལམ་གྱི་མོ་ཚོད་ས་བརྒྱད་པ་མི་གཡོའ་བའོ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཞེས་ཡང་ན་ཚོམ་བུ་གསུམ་དུ་བསྒོམ་ན། རྣམ་སྣང་སྐུ། སྣང་མཐའ་གསུང་། མི་བསྐྱོད་པ་ཐུགས་ཀྱི་བདག་ཉིད་དེར། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་རྣལ་འབྱོར་པ་ཡབ་ཡུམ་དུ་ཡོད་པ་ཐམས་ཅད། མ་ལུས་པས། སྐུ་རྣམ་སྣང་། གསུང་སྣང་མཐའ། ཐུགས་མི་བསྐྱོད་པ་དེ་སྐུ་གསུང་ཐུགས་ཀྱི་ལྷར་བསྒོམ་མོ། །ཏིང་འཛིན་གསལ་བར་འོད་ཟེར་སྤྲོ། །ཞེས་དེར་བསྒོམ་པ་ཡང་སོ་སོའི་ཏིང་ངེ་འཛིན་བསལ་བར་བསྒོམ་ལ། ཕྱི་ནང་གི་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་ཡང་། གཉིས་མྱེད་དབྱིངས་ཀྱི་ངང་དུ་ཐིམ། །ཞེས་ཡབ་ཡུམ་གཉིས་སུ་མྱེད་པའི་འོད་ཟེར་སྣོལ་མར་ཕན་ཚུན་དུ་སྟིམ་པར་བྱའོ། ༈ །ཚོམ་བུ་གསུམ་པ་བསྒོམ་པ་ལ་གཉིས་ཏེ། གསུམ་པ་དང་། གསུམ་གྲངས་མྱེད་དོ། །གསུམ་པ་ལ་གཉིས་ཏེ། རིགས་ཆུང་དང་། རིགས་བྱེ་བྲག་པའོ། །རིགས་ཆུང་ནི། རྣམ་སྣང་ཡབ་ཡུམ་རིགས་ཆུང་དང་བཅས་པ་ཡབ་ཡུམ་བཅུ། སྣང་བ་མཐའ་ཡས་ཡབ་ཡུམ་རིགས་ཆུང་དང་བཅས་པ་ཡབ་ཡུམ་བཅུ། རྡོ་རྗེ་སེམས་དཔའ་རིགས་ཆུང་ཡབ་ཡུམ་དང་བཅས་པ་བཅུ། སྟེང་འོག་གི་ཁྲོ་བོ་ཡབ་ཡུམ་བོར་བའི་བཅུ་དྲུག་སྟེ་བཞི་བཅུ་ཞེ་དྲུག་གོ། །རིགས་བྱེ་བྲག་པ་ནི། རྣམ་སྣང་ཡབ་ཡུམ་ལ། ཀུན་པོ་ཡབ་ཡུམ་དང་། ལྷ་དང་དུད་འགྲོའི་ཐུབ་པ་གཉིས་སོ། །སྣང་མཐའ་ཡབ་ཡུམ་ལ། སྤྱན་རས་གཟིགས་དང་། འགྷིར་ཏི་དང་། ཀུན་ཏུ་བཟང་བོ་དང་། མར་མེ་མ། རྟ་མགྲིན་ཡབ་ཡུམ་མོ། །མི་བསྐྱོད་པ་ཡབ་ཡུམ་ལ། ས་སྙིང་དང་སྒེག་མོ། བྱམས་པ་དང་ངུ་པེ་མའོ། །གཤིན་རྗེ་ཡབ་ཡུམ་རྣམས་སོ། །གསུམ་གྲངས་མྱེང་ནི། སྐུ་གསུང་ཐུགས་སུ་རྟོགས་ཚད་ཀྱི་ལྷ་བསྒོམ་པས་ན། ཐམས་ཅད་མ་ལུས་སྐུ་གསུང་ཐུགས། ཞེས་པས་ཤེས་སོ། ༈ །གཏར་ཀ་གསལ་བ་ནི། གོང་ནས་ཡང་ཚོམ་བུ་བསྒོམ་པ་བསྟན། འདིར་ཡང་བསྟན་པས། ལེའུ་གཅིག་ལ་ལན་གཉིས་འདབས་སོ་ཞེ་ན། མ་འདབས་ཏེ། གོང་དུ་གསུངས་པ་རྣམས་ནི། ཚོམ་བུ་བསྒོམ་པའི་དམྱིགས་བསྟན་པ་ཡིན་ལ། འོག་མ་འདི་རྣམས་ནི་བསྒོམ་པའི་ཐབས་དངོས་བསྟན་པ་ཡིན་པས་འགལ་བ་མྱེད་དོ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ལྟར་བྱས་ན། དངོས་གྲུབ་ཀྱི་མཆོག་རིག་འཛིན་གྱི་དངོས་གྲུབ་ཡང་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་མ་ལུས་འབར་བར་འགྲུབ། །དཀྱིལ་འཁོར་མ་ལུས་པ་འོད་འབར་བ་ཡང་འགྱུར་རོ། །ཉོན་མོངས་སྡུག་བསྔལ་སེལ་བར་མཛད། །ལས་དང་ཉོན་མོངས་པའི་སྡུག་བསྔལ་སེལ་བར་བྱེད། རྡོ་རྗེའི་རིགས་སུ་སྐྱེ་བའི་གནས། །སྐུ་གསུང་ཐུགས་རྡོ་རྗེའི་རིགས་སུ་གདུང་ཚོབ་པས་ན། ལྷའི་སྐུ་གསུང་ཐུགས་དང་དབྱེར་མྱེད་པས་ན་རྡོ་རྗེའོ། །ལྷ་དང་དབྱེར་མྱེད་དུ་སྐྱེའོ། །སྔགས་འཆང་དངོས་གྲུབ་ཡང་དག་ནི། །རྣལ་འབྱོར་པ་སྔགས་འཆང་བ་རྣམས་ཀྱི། དངོས་གྲུབ་སྒྲུབ་པའི་ཐབས་ཡང་དག་པ་མ་ནོར་བ་ནི། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །ཞེས་རྣལ་འབྱོར་པ་ཡབ་ཐམས་ཅད་ཀྱི་ཐབས་ཡབ་རྣམས་བསྒོམ། ཡུམ་ཐམས་ཅད་ཀྱིས་ཤེས་རབ་ཡུམ་རྣམས་བསྒོམ་སྟེ། དཀྱིལ་འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ། །ཞེས་རྣལ་འབྱོར་པས་རིགས་ལྔ་དང་། སེམས་དཔའ་དང་། ཁྲོ་བོ་དང་། རྣལ་འབྱོར་པས་ཡུམ་ལྔ་དང་། སེམས་མ་དང་། ཁྲོ་མོ་རྣམས་རིགས་ལྔའི་ཚོམ་བུ་ལྔ་བསྒོམ་མོ། །ཆགས་པ་མྱེད་པའི་ཚུལ་གྱིས་ནི། །དེ་ཡང་ཆགས་ཙམ་ན་ཆགས་པ་མྱེད་པའི་མཐར་ཕྱིན་པའི་ཚུལ་གྱིས་ནི། ༈ ཚོམ་བུ་ལྔ་པ་ལ་གཉིས་ཏེ། རིགས་ཆུང་དུ་བསྒོམ་པ་དང་། རིགས་བྱེ་བྲག་པ་བསྒོམ་པའོ། །རིགས་ཆུང་དུ་བསྒོམ་ན། རིགས་ལྔ་ཡབ་ཡུམ་ལ་རིགས་ཆུང་གིས་སྐོར་བས་ལྔ་བཅུ། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་བདུན་ཅུའོ། །རིགས་བྱེ་བྲག་པར་བསྒོམ་ན། དབུས་རྣམ་སྣང་། ཤར་དུ་རྡོ་རྗེ་སེམས་དཔའ་ལ། རྡོ་རྗེ་རིགས་ཀྱི་སེམས་དཔའ། ས་སྙིང་དང་སྒེག་མོ། བྱམས་པ་དང་སྤོས་མ། ལྷོར་རིན་འབྱུང་ལ་རིན་ཆེན་རིགས་ཀྱི་སེམས་དཔའ། ནམ་མཁའི་སྙིང་པོ་དང་འཕྲེང་བ། སྒྲིབ་སེལ་དང་མེ་ཏོག་མའོ། །ནུབ་ཏུ་སྣང་བ་མཐའ་ཡས་ལ། སྤྱན་རས་གཟིགས་དང་གླུ་མ། ཀུན་བཟང་དང་ཨ་ལོ་ཀའོ། །བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ། ཕྱག་ན་རྡོ་རྗེ་དང་ནིར་ཏི་མ། འཇམ་དཔལ་དང་དྲི་ཆབ་མའོ། །ཐུབ་དྲུག་ཀུན་བཟང་བར་ཁྱམས། སྒོ་བཞི་ཁྲོ་བོ་ཡབ་ཡུམ་བརྒྱད་དོ། །བཞི་བཅུ་རྩ་གཉིས་ཚོམ་བུ་ལྔར་བསྒོམ་པའོ། །མེ་རི་ལ་ཁྲོ་བོ་བཅུ་བསྒོམ་པ་ཡང་མི་འགལ་ལོ། །འོད་གཟེར་རྣམ་པ་མང་པོ་སྤྲོ། །ཕྱི་ནང་གི་བ་སྤུའི་བུ་ག་ནས་ཡེ་ཤེས་ཀྱི་འོད་ཟེར་རྣམ་པ་མང་པོ་སྤྲོས་པས། གཉིས་སུ་མྱེད་པར་སྟིམ་པར་བྱ། །ཡབ་ཡུམ་གཉིས་སུ་མྱེད་པར་འོད་ཟེར་གྱིས་བསྟིམ་པར་བྱའོ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །ཅེས་དེ་ལྟར་བྱས་པས་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་པའམ། སྙིང་པོར་འགྱུར་བ་དེ། མཆོག་ལྷུན་གྲུབ་ཀྱི་རིག་འཛིན་ལ། སྙིང་པོ་ཆོས་སྐུར་སྦྱོར་བའོ། ༈ །ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་ལྔ་སྟེ། དང་པོ་གཞིའ་གང་དང་སྦྱར་ན། གཞན་དོན་བྱེད་ནུས་པ་དང་སྦྱར། བདེན་པ་གང་རྟོགས་ན། སློབ་པ་མཐར་ཐུག་པའི་ཚུལ་གྱིས་དབྱེར་མྱེད་རྟོགས་པའོ། །ཡིད་ཆེས་པའི་ཁུངས་ནི། འདི་ཉིད་ལས། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། ཅེས་པ་དང་། ཡང་། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། ཅེས་པ་དང་། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། ཞེས་པས་གསལ་ལོ། །རྣམ་གྲངས་ནི་གསུམ་སྟེ། བྱ་བའི་ལྷུན་གྲུབ་དང་། རྣལ་འབྱོར་གྱི་ལྷུན་གྲུབ་དང་། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐད་ཀ་གང་ཙམ་དང་སྦྱར་ན། ས་བཅུ་པ་ཆོས་ཀྱི་སྤྲིན་དང་ལམ་གྱི་མོ་ཚོད་སྦྱར་རོ། །འདིར་གཏར་ཀས་གགས་གསལ་བ་ནི། ཚོམ་བུ་གཅིག་པ་བསྒོམ་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་སྟེ། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ་ཞེས་སོ། །ཚོམ་བུ་གསུམ་པ་བསྒོམ་པས་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་སྟེ། རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། ཅེས་སོ། །ཚོམ་བུ་ལྔ་པ་སྒོམས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་སྟེ། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། ཅེས་བཤད་པས། དང་པོ་ནས་ཚོམ་བུ་ལྔ་པ་བསྒོམ་པར་རིགས་ཞེ་ན། དེ་ནི་མ་ཡིན་ཏེ། བློ་རིམ་གྱིས་དང་པོ་ཚོམ་བུ་གཅིག་པ། དེ་ནས་གསུམ་པ། དེ་ནས་ལྔ་པ་བསྒོམ་པོའོ། །འོ་ན་ཚོམ་བུ་གཅིག་སྒོམས་པས། ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཐོབ་སམ་ཞེ་ན། དེས་ན་བློ་རིམས་སུ་ཁྱད་ཡོད་པ་ལས། མཐར་ཕྱིན་ན་ཚོམ་བུ་གཅིག་ལ་མཐར་ཕྱིན་པས་ཀྱང་ཆོག་སྟེ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། མ་ལུས་པར་ནི་བསྒོམ་པར་འགྱུར། ཅེས་སོ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །ཚོགས་སྒྲུབ་པའི་རྣལ་འབྱོར་བ་ནི། ཡབ་ཐབས་དང་། ཡུམ་ཤེས་རབ་ཀྱི་རང་བཞིན་གྱིས། ཡབ་ཐབས་ཀྱིས་རིགས་ལྔའི་དེ་བཞིན་གཤེགས་པ་བསྒོམ་པ་དང་། དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། །ཡུམ་གྱིས་དེ་བཞིན་གཤེགས་པའི་ཡུམ་དུ་བསྒོམ། སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །འཁོར་ཕོ་རྣམས་སེམས་དཔའ་བསྒོམ། འཁོར་མོ་རྣམས་སེམས་མ་ཉིད་དུ་བསྒོམ་མོ། །སོ་སོའི་སྔགས་དང་ཕྱག་རྒྱ་དང་། རིགས་ལྔ་དང་སེམས་དཔའ་གང་བསྒོམ་ཡང་རུང་སྟེ། སོ་སོ་ལྷ་གང་བསྒོམ་པའི་སྔགས་དང་ཕྱག་རྒྱ་དང་། ཏིང་འཛིན་ཡང་དག་སོ་སོར་གསལ། །ཏིང་ངེ་འཛིན་རྣམས། ཡང་དག་པ་མ་ནོར་བ། སོ་སོར་གང་བསྒོམ་པ་དེའི་ཏིང་ངེ་འཛིན་གསལ་བར་བྱ། མདོར་ན་མི་རེས་ལྷ་རེ་བསྒྲུབ་པར་བྱའོ། །གནས་དང་ལོངས་སྤྱོད་ཅི་བདེ་དང་། །དེ་ལྟར་བསྒྲུབ་པའི་དུས་ནི། ཇི་ལྟར་དགའ་ཞིང་ཡིད་དུ་འོང་བའི་གནས་དང་། འདོད་པའི་ལོངས་སྤྱོད་ཡོ་བྱད་ཅི་བདེར་སྤྱོད་པ་དང་། མ་ཉམས་བློ་ནི་རབ་ལྡན་པས། །ཞེས་རྩ་བ་དང་ཡན་ལག་གི་དམ་ཚིག་མནོས་པ་ལས་མི་འདའ་བ་དང་། གཉིས་སུ་མེད་པར་རྟོགས་པས་ཤེས་རབ་ཀྱི་བློ་དང་ལྡན་པར། དང་པོ་དམ་མནོས་བཞིན་དུ་བྱ། །ཞེས་སྒྲུབ་པའི་དཀྱིལ་འཁོར་ནི་དང་པོ་ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་གང་ཡང་རུང་བར་དམ་བཅས་པ་བཞིན་དུ་སྒྲུབ་པར་བྱ། སློབ་དཔོན་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་ནོས་པ་ལས་མི་འདའ་བར་བྱའོ། །ངག་དོན་དུ་ཕུན་སུམ་ཚོགས་པ་ལ་བཞི་སྟེ། དང་པོ་གནས་ཕུན་སུམ་འཚོགས་པ་ནི། གནས་དང་ཅེས་པས། བདེ་བར་གཤེགས་པའི་ཞབས་ཀྱིས་བཅགས་པས་བཀྲ་ཤིས་པའི་གནས་དང་། སྔོན་གྲུབ་བ་ཐོབ་པས་བྱིན་རླབས་ཆེ་བའི་གནས་དང་། ས་ཕྱོགས་རང་བཞིན་གྱིས་བཀྲ་ཤིས་པ་དང་། ལྷ་དང་མི་མང་པོས་བསྔགས་པ་བརྗོད་པའི་གནས་སོ། །གཉིས་པ་ཡོ་བྱད་ཕུན་སུམ་འཚོགས་པ་ནི། ལོངས་སྤྱོད་ཅེས་པ། བསྒྲུབ་པ་རྫས་ཀྱི་ཡོ་བྱད་དང་། སྒྲལ་བ་ཞིང་གི་ཡོ་བྱད་དང་། སྦྱོར་བ་ཡུམ་གྱི་ཡོ་བྱད་དང་། རྐྱེན་བཟློག་རྫས་ཀྱི་ཡོ་བྱད་དང་། དམ་རྫས་མཆོད་པའི་ཡོ་བྱད་དོ། །རྐྱེན་བཟློག་རྫས་ནི། དགྲ་བཟློག་པའི་གོ་མཚོན། བགེགས་བཟློག་པའི་གུ་གུལ་ཕུར་བུ། ནད་ཁམས་བཟློག་པའི་སྨན་ནོ། །ཅི་བདེའ་དང་ནི། གང་འབྱོར་གང་རྙེད་དོ། །གསུམ་པ་སྒྲུབ་པ་པོ་ཕུན་སུམ་འཚོགས་པ་ནི། མ་ཉམས་བློ་ནི་རབ་ལྡན་པས། ཞེས་པ། སྟོན་པ་དང་འཁོར་རོ། །འཁོར་ནི། ཡུམ་ལྷ་གྲངས་དང་མཉམ་པའོ། །དེ་རྣམས་ཡང་དམ་ཚིག་མ་ཉམས་པ། ལྟ་བའི་བློ་རབ་ཏུ་ལྡན་པའོ། །བཞི་པ་བསྒྲུབ་ཐབས་ཕུན་སུམ་ཚོགས་པ་ནི། དུས་ལ་འཇུག་པ་དང་། གང་བསྒྲུབ་མཐར་ཕྱིན་པར་བྱེད་པ་སྟེ། དང་པོ་དམ་མནོས་བཞིན་དུ་བྱ་ཅེས་སོ། །ལེ་ལོ་བསྒྱིད་སྙོམས་མྱེད་པ་ཡིས། །ཞེས་དེ་ལྟར་བསྒྲུབ་པ་ཡང་། སྤང་བྱ་ནི་ལེ་ལོ་དང་། བསྒྱིད་སྙོམས་མྱེད་པར་བྱས་ལ་བསྒྲུབ། བླང་བྱ་ནི་ལུས་ངག་ཡིད་ཀྱི་བརྩོན་འགྲུས་དྲག་པོ་བྱས་པ་ཡིས། ཐེ་རྩོམ་མྱེད་པར་སྒྲུབ་བྱས་ན། །ཞེས་དེ་ཡང་སྒྲུབ་པའི་ཐབས་དེ་ལྟར་ཡིན་ནམ། མ་ཡིན་མཉམ་པ་དང་། སྒྲུབ་པ་ནི་གྲུབ་བམ་མི་གྲུབ་མཉམ་པའི་ཐེ་རྩོམ་ཅན་མ་ཡིན་ཏེ། སྒྲུབ་པའི་ཐབས་བྱ་འདི་ཁོ་ན་ལྟར་ཡིན། འདི་ལྟར་སྒྲུབས་ན་གང་བསྒྲུབ་གྲུབ་པར་ངེས་ལ། དེ་ལྟར་ཡིད་ཆེས་ཤིང་ཐེ་རྩོམ་མྱེད་པར་བསྒྲུབ་པར་བྱས་ན། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཅེས་འབྲས་བུ་བདེའ་བར་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་འོད་འབར་བར་འགྲུབ་པར་གྱུར་། དེ་ཡང་ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་དང་། གསུམ་པོ་གང་བསྒྲུབ་པ་དེ་གྲུབ་པར་འགྱུར་རོ། །རྡོ་རྗེ་གསང་མཆོག་དམ་པ་འཐོབ། །ཅེས་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མྱེད་པར་དེ་རང་བཞིན་གྱིས་རྟོགས་པར་བཀའ་བས་གསང་། དངོས་གྲུབ་མཆོག་གི་ཡོན་ཏན་དམ་པ་དང་ལྡན་པ་འཐོབ་བོ། །དེ་ཡང་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་པར་འགྱུར་རོ། །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་སྒྲུབ་པ་དུ་བྱེད་པའི་ཞག་གྲངས་ནི། ལེའུ་དགུའ་པ་ནས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ཅེས་པ་དང་། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། ཞེས་སོ། །ཚེས་གྲངས་ནི། དང་པོ་དམ་མནོས་བཞིན་དུ་བྱ། ཞེས་པས། དང་པོ་ཚེས་གྲངས་དེ་ལ་ཞུགས་ནས། ཐ་མ་ཚེས་གྲངས་གང་ལ་འདོན་པ་སྟེ། རྒྱུད་འདི་ཉིད་བཤད་པ་བཞིན་དུ་ཐོབ་པར་བཤད་དོ། ༈ །གཏར་ཀས་གགས་གསལ་བ་ནི། རྒྱུད་ལས་སྨོས་པ་བཞིན་དུ་བཤད། ཅེས་པ་འདི་རྒྱུད་མ་ཡིན་ནམ་ཞེ་ན། དེ་ནི་འདི་ལྟར་ཏེ། རྒྱུད་འདི་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ཅེས་པ་དང་། ཡང་། དང་པོ་དམ་མནོས་བཞིན་དུ་བྱ། ཅེས་བཤད་པས་སོ། །རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་གསང་སྔགས་རྡོ་རྗེའི་ཐེག་པས་གསང་བའི་ཚིག་ཏུ་བཤད་དོ། །ཅེས་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་ཀླེང་ངོ་། །ཚོགས་སྒྲུབ་བའི་ཐབས་དེ་འགྲོ་བའི་དོན་ཆེད་དུ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྟོགས་པར་ཀ་བས་གསང་བ། བཅུད་འདུས་པས་སྙིང་པོ། མི་སླུ་བས་དེ་ཁོ་ན་ཉིད། མ་ནོར་བས་ངེས་པ། དེ་ལྟ་བུའི་རྒྱུད་ཟབ་མོ་ལས་སོ། །ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།སྐལ་ལྡན་མིའི་ཚོགས་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་དང་། དགའ་ལྡན་ལྷའི་ཚོགས་དང་། ཚོགས་གཉིས་རྗོགས་པའི་ཚོགས་སོ། །དེ་ཡང་བཤད་རྒྱུད་རྡོ་རྗེ་ལས། སྐྱེ་བོ་འཛའ་བ་ཀུན་འཚོགས་པ། །རྣལ་འབྱོར་འཚོགས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ལྡན་པ་ནི། །བདེའ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པ། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པའི། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ། ཞེས་ལེའུ་བཅུ་གཅིག་པར་ཚོགས་ཀྱི་དཀྱིལ་འཁོར་བསྟན་ནས། ལེའུ་བཅུ་གཉིས་པར་ཚོགས་བསྒྲུབ་པ་ནི། ཉན་ཐོས་ལྟར་བཀའ་ཐུབ་དང་། སྡུག་བསྔལ་གྱིས་སྒྲུབ་པ་མ་ཡིན་ཏེ། འདོད་པའི་ཡོན་ཏན་ལྔ་ལ་དགྱེས་པ་ཆེན་པོས་སྤྱོད་ཅིང་སྒྲུབ་པས་ན། རོལ་པའི་སྤྲིན་རྣམ་པར་སྤྲོས་ཏེ། །ཞེས་སྒྲུབ་པའི་ཐབས་ཡང་སྣང་ལ་རང་བཞིན་མྱེད་པས་རོལ་མོ་དང་འདྲ། སྒྲུབ་པའི་འབྲས་བུ་ཡང་དངོས་པོ་གཅིག་ཏུ་མ་གྲུབ་ཅིང་ཅིར་ཡང་སྒྱུར་དུ་སྟུབ་པས་རོལ་མོ་དང་འདྲ། དེ་ལྟ་བུའི་དངོས་གྲུབ་བསྒྲུབ་པའི་ཐབས་དང་འབྲས་བུ་མང་པོ་སྤྲིན་དང་འདྲའོ། །རྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། །ཞེས་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་ཉིད་ཐབས་ཤེས་རབ་ཏུ་ལྡན་ལ། ཐབས་དང་ཤེས་རབ་གཅིག་གི་རྒྱན་དུ་གཅིག་འགྱུར་བས་རྒྱན་བཀོད་པའི་ཏིང་ངེ་འཛིན་ཏོ། །འགྲོ་བའི་དོན་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བའི་མངོན་རྫོགས་པའི། །ཞེས་ལྷའི་དཀྱིལ་འཁོར་ནི། ཞི་བའི་ལྷ་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བསྒོམ་ཀྱང་རུང་། རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དུ་བསྒོམ་ཀྱང་བསྒོམ་ཀྱང་རུང་། ཞི་ཁྲོ་གང་བསྒོམ་ཡང་རུང་སྟེ། སྒྱུ་འཕྲུལ་དྲ་བ་ཐབས་ཤེས་རབ་གཉིས་སུ་འབྲེལ་བའི་དོན། ཤེས་རབ་ཀྱིས་ཀྱང་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཀྱང་མངོན་གསུམ་དང་འདྲ་བར་རྫོགས་པར་བསྒོམ་པའོ། །དཀྱིལ་འཁོར་བསྟན་པའི་ཏིང་ངེ་འཛིན། །ཞེས་དེ་ལྟར་ལྷའི་དཀྱིལ་འཁོར་རྩེ་གཅིག་ཏུ་བསྟན་ཞིང་མི་འགྱུར་བའི་ཏིང་ངེ་འཛིན་དུ་བསྒོམ་པ་ཡང་རང་གི་བློ་སེམས་ལས་སུ་རུང་ན། རིག་པ་སྐད་ཅིག་མ་ཅིག་ལ་དུས་གཅིག་ཏུ་རྫོགས་པར་བསྒོམ་པའོ། །ཡང་ན། རིམ་པར་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་ན། རིག་འཛིན་རྣམས་འཐོབ་པར་འགྱུར་རོ། །བྲོ་གར་འདུ་འཕྲོའི་ཡོ་བྱད་ནི། བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །ཞེས་བདག་ལྷའི་སྐུར་བསྒོམ་ནས། རྐང་པས་བྲོ་བརྡུང་བ་དང་། ལག་པས་གར་བྱ་བ་དང་། ཀུན་གྱི་ཕྱག་རྒྱ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱེད་པར་བསྒོམ། དེ་ཡང་ལུས་ཀྱི་ཡན་ལག་ལྔ་ལ་ཚོམ་བུ་ལྔའི་ལྷ་བསྒོམ་པར་བྱའོ། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །ཅེས་དེའི་རྒྱུ་མཐུན་པའི་འབྲས་བུ་ནི། བདག་གི་ལུས་རི་བྲག་ལ་ཐོགས་པ་མྱེད་པར་འཛུལ་བ་དང་། གར་གྱིས་ནམ་ཀ་ལ་བྱ་བཞིན་དུ་འགྲོ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བརྒྱ་བཅུ་ལས། དེ་ནས་ཐམས་དང་ཤེས་རབ་གཉིས། །ལྟ་སྤྱོད་ཡ་ཆར་མ་གྱུར་ན། །དཀྱིལ་འཁོར་བདག་ལ་གསལ་བསྒོམ་ནས། །དབུས་ནས་ཤར་དུ་ཁ་ལྟས་ནས། །རྐང་པའི་སྟབས་ཆེན་སྐྱོད་བྱས་ཤིང་། །ལག་གི་འདུ་བྱེད་ཀུན་སྐྱོད་ནས། །བྲོ་དང་གར་གྱི་ཕྱག་རྒྱ་བྱ། །ཅེས་སོ། ༈ །གླུ་ཚིག་སྒྲའི་ཡོ་བྱད་ནི། གླུ་ཚིག་སྒྲའི་ཕྱག་རྒྱས་ནི། །ཞེས་བདག་ལྟར་བསྒོམ་ན། རྡོ་རྗེའི་གླུ་བླང་། མི་རྟོགས་པ་རྒྱུད་ལ་སྐྱེད་པའི་ཚིག་དང་བསྟོད་པ་བྱ། དེས་འཕགས་པའི་ཐུགས་དམ་གྱི་རྒྱུད་སྐུལ། འགྲོ་བ་ལ་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་པའི་སྒྲ་བསམ་ཡས་པ་སྒྲགས་པ་ཡིས། ཆོས་ཀྱི་དངོས་གྲུབ་མཆོག་ཐོབ་འགྱུར། །ཅེས་རྒྱུ་འཐུན་པའི་འབྲས་བུ་ནི། གསུང་གི་དངོས་གྲུབ་འཐོབ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྐད་ཀྱི་བྱེ་བྲག་རྣམས་ལ་རྡ་སྤྲད་པ་དང་། བདག་གི་སྐད་ཀྱིས་སྟོང་གསུམ་དུ་གོ་ཞིང་ཐོས་པའི་དངོས་གྲུབ་ཡོང་། བརྒྱ་བཅུ་པ་ལས། གླུ་དབྱངས་ཚིག་གི་སྒྲ་སྒྲགས་པས། །ཕྱོགས་བཅུའི་སྐྱེ་གནས་མ་ལུས་ཀུན། །རྡོ་རྗེ་ལྷུན་གྲུབ་སྐུར་མཐོང་ཞིང་། །ཆོས་ཀྱི་དུང་ཆེན་སྒྲ་ཡང་ཐོས། །ཅེས་སོ། ༈ །རྒྱན་བགོའ་བའི་ཡོ་བྱད་ནི། བརྒྱན་དང་བགོའ་བའི་ཕྱག་རྒྱ་ཡིས། །ཞེས་བདག་ལྷར་བསྒོམ་ནས། ལུས་ལ་དོ་ཤལ་དང་ཕྱག་དུབ་ལ་སོགས་པས། རུས་པའི་རྒྱན་དང་། སྐུའི་སྟོད་གཡོགས་དང་། གསུང་གི་སྨད་དཀྲིས་དང་། ཐུགས་ཀྱི་ཟེའུ་འདིར་དང་། ཡོན་ཏན་གྱི་ཆོས་གོས་དང་། མཛད་པ་ལས་ཀྱི་ཕུ་རུང་དང་། ཡང་ཁྲོ་བོའི་ཆས་བརྒྱད་ཀྱི་གོས་ཡང་གོན་ལ། འབར་བའི་རྒྱལ་པོ་ཐུབ་མྱེད་འགྲུབ། །ཅེས་འོད་ཀྱིས་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཡིས་དགོས་ན། ལུས་ལ་འོད་འབར་བའི་ལྷ་དང་མིའི་རྒྱལ་པོ། དཔུང་བཞིའི་ཚོགས་ཀྱིས་ཐུབ་པ་མྱེད་པ་གྲུབ་བོ། །བརྒྱ་བཅུ་པ་ལས། བཟང་མཛེས་ལེགས་པའི་གོས་བགོས་ནས། །འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། །དེ་ནས་མཐར་ཐུག་མྱེད་ཀྱི་བར། །ཡེ་ཤེས་ལྔ་ཡིས་རྒྱན་པར་འགྱུར། །ཅེས་སོ། ༈ །བཟའ་དང་བཏུང་བའི་ཡོ་བྱད། བཟའ་དང་བཏུང་བའི་ཕྱག་རྒྱས་ནི། །ཞེས་བདག་ལྷར་བསྒོམས་ལ། བཟའ་བ་ཚོགས་ཀྱི་ཞལ་ཟས་བདུད་རྩི་ལྔ་ལ་སོགས་པ་དང་། བཏུང་བ་མཛའ་གད་དཔའ་བོ་ལ་སོགས་པ་ཡང་། ལྷའི་སྐུ་ཕྱག་རྒྱར་བྱིན་གྱིས་བརླབས་ལ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་མཆོད་པས་ནི། ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་བདག་གི་ཡིད་ཀྱིས། ཡིད་ལ་ཇི་ལྟར་བསམས་པ་བཞིན་དུ་འགྲུབ། བདག་གི་ངག་གིས་བདུད་རྩི་ཆུ་འབྱུང་བར་འགྲུབ། བདག་གི་ལུས་ཀྱིས། ལུས་མེ་ལོང་གཡའ་དག་པ་ལྟར་གནས། སྣོད་བཅུད་དང་བཅས་པའི་འགྲོ་བ་འཇིག་རྟེན་ཐམས་ཅད་ས་ལེར་སྣང་བར་འགྲུབ་བོ། །དེ་ཡང་རྒྱས་པ་ལས། སྤྱན་གྱིས་གཟིགས་དང་སྙན་གྱིས་བསན། །དྲི་དང་རོ་དང་རེག་པ་རྣམས། །ཐབས་དང་ཤེས་རབ་ཉིད་གནས་ཤིང་། །བདེའ་མཆོག་རོ་ལ་མྱོང་བར་བྱེད། །ཅེས་གསུངས་སོ། ༈ །ཨ་ལི་ཀ་ལི་ཐབས་ཤེས་རབ་ཀྱི་ཡོ་བྱད། ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས། །ཞེས་དགོངས་ཏེ་བཤད་པ་ནི། ཨ་ལི་ནི་ཤེས་རབ་སྟེ། ཀུན་ཏུ་བཟང་མོར་ཤེས་པས། ཡུམ་ལ་སྦྱོར་བའི་མན་ངག་གོ། །ཀ་ནི་ཐབས་ཏེ། ཀུན་ཏུ་བཟང་པོར་ཤེས་པས། ཡབ་ཀྱིས་སྒྲོལ་བའི་མན་ངག་གོ། །ཐབས་ཤེས་རབ་གཉིས་མྱེད་དོ། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཅེས་དེས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམ་གསུམ་ཐམས་ཅད་དང་། ལས་རྣམ་བཞིའི་དངོས་གྲུབ་ཐམས་ཅད་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐབས་དང་ཤེས་རབ་གཉིས་སུ་མྱེད་བར་འགྲུབ་པར་འགྱུར་རོ། ༈ །གཏར་ཀས་གགས་གསལ་བ་ནི། ཡོ་བྱད་ལྔ་ལས་འབྲས་བུ་ལ་ཁྱད་ཆེ་ཆུང་བྱུང་བས། དང་པོ་ནས་ཨ་ལི་ཀ་ལིའི་ཕྱག་རྒྱ་མི་སྤྱོད་ཞེ་ན། དེ་འདི་ལྟར་ཏེ། རྒྱུ་དང་འབྲས་བུའམ། གཅིག་ལ་གཅིག་རྟེན་པ་ཡིན་ཏེ། སྔ་མ་སྔ་མ་རྒྱུ་ཡིན་ལ། ཕྱི་མ་ཕྱི་མ་འབྲས་བུ་ཡིན་པས་སོ། །དེ་བས་ན་གཞན་འབྱོངས་ནས་སྡོད་ཨ་ལི་ཀ་ལིའི་སྤྱོད་དགོས་པར་བསྟན་པའོ། ༈ །མཚན་ཉིད་གསུམ་གྱིས་ལམ་གྱི་གཞུང་སྲང་བ་བསྟན་པ་ནི། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །ཞེས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་སྡུས་པའི་ཆོས་ཐམས་ཅད་དམ། རྩ་བ་སེམས་དང་སེམས་སུ་སྣང་བས་སྡུས་པའི་ཆོས་ཐམས་ཅད། ད་བཟོད་ལམ་གྱིས་མ་བསྒྲུབས། གཉེན་པོས་མ་བཅོས་ཏེ། ཡེ་སྡོད་མ་ནས་མཉམ་པ་ཉིད། རྫོགས་པ་ཆེན་པོ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་རང་བཞིན་དུ་དབྱེར་མྱེད་པར། ཡེ་ནས་ཅིག་པར་གནས་པའི་དོན། ཤེས་རབ་ཀྱིས་ཚིག་ཙམ་མ་ཡིན་པར་རྟོགས་པ་ནི། རྒྱུ་ཤེས་པའི་མཚན་ཉིད་དེ། དཔེར་ན་དཔྱིད་རྨོ་ཀོལ་བྱས་པས། སྟོན་ལོ་ཐོག་རྩ་བ་ཤེས་པ་ལྟ་བུའོ། །དེ་ནི་རྒྱུ་ཤེས་པའི་མཚན་ཉིད་དོ། །རྐྱེན་འཇུག་པའི་མཚན་ཉིད་ནི། བསྒོམ་བ་དང་སྤྱོད་པ་སྟེ། དེ་ལྟར་ཤེས་རབ་ཀྱིས་རྟོགས་པའི་དོན་ལ། ཏིང་ངེ་འཛིན་གྱིས་ཀྱང་ཡང་ནས་ཡང་དུ་གོམས་པར་འཇུག་པའམ། ཡང་ན་ཤེས་རབ་ཀྱིས་རྟོགས་པའི་རྟགས། སྤྱོད་པས་ཀྱང་བླང་དོར་དང་བཟང་ངན་དང་དབྱེའ་བསལ་མྱེད་པས་སྤྱོད་ཅིང་འཇུག་པ་ནི། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་སྤྱོད་དེ། དཔེར་སྟོན་ལོ་ཐོག་བརྩའ་བར་ཤེས་པས། དཔྱིད་རྨོ་བསྐོའ་ལ་ལྷག་པར་འཇུག་པ་ལྟ་བུའོ། །དེ་ནི་ཤེས་པ་ལ་འཇུག་པའི་མཚན་ཉིད་བསྒོམ་སྤྱོད་དོ། །མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ནི། དེ་ལྟར་ཤེས་པའི་མཚན་ཉིད་དམ། འཇུག་པའི་མཚན་ཉིད་འགོའ་འབྱོར་ཅིང་ཕན་ཚུན་སྤྲས་དམ། ལྟ་སྤྱོད་ལྡན་པར་གཟུངས་སུ་གྱུར་ཚུན་ཅད་ནི། རིག་འཛིན་གྱིས་སར་ཚུད་པས། སར་ཚུད་པའི་རིག་འཛིན་ཞེས་བྱ་ལ། དེས་ངན་སོང་དང་འཁོར་བར་མི་གཏོང་བའི་གཟུངས་སུ་གྱུར་པས། གཟུངས་ཞེས་ཀྱང་བྱའོ། །དེ་ནི་དཔེར་ན་ས་བོན་ས་ལ་བཏབ་པ་ལྟ་བུའོ། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ཞེས་དེས་འབྲས་བུ་བླ་ན་མྱེད་པའི་བྱང་ཆུབ་ཀྱི་འབྲས་བུའི་གོ་འཕང་ཐོབ་ཅིང་སྨིན་པར་བྱེད་པའི་རྒྱུ་ནི། ལྟ་བ་ཤེས་བ་ལ་རྐྱེན་ནི་བསྒོམ་སྤྱོད་འཇུག་པ་སྟེ། དེ་ཡང་ཅིའི་ཕྱིར་དེ་གཉིས་རྒྱུ་རྐྱེན་དུ་བཞག་ཞེ་ན། རྒྱུ་ཤེས་པ་དང་སྡོད་རྐྱེན་འཇུག་པས་སྤྱོད་པ་ཡིན་ཏེ། ཤེས་པ་རྒྱུ་ལ། འཇུག་པ་རྐྱེན་ནོ། །དེ་ལྟར་རྒྱུ་ཤེས་པ་ལྟ་བའི་དོན་ལ། རྐྱེན་འཇུག་པ་ཏིང་ངེ་འཛིན་དང་སྤྱོད་པས། ཡང་ནས་ཡང་དུ་གོམས་པར་འཇུག་པ་ནི། དཔེར་ན་ས་བོན་ས་ལ་བཏབ་པས། སས་ནི་རྟེན་བྱས། ཆུས་ནི་རླན། ལུད་ཀྱིས་དྲོད་བྱས། ས་བོན་བ་ས་ཤིང་རླན་པ་ལྟ་བུ་དེ་ནི། ས་ལ་གནས་པའི་རིག་འཛིན་དང་སྦྱར་བར་བྱའོ། །ནུས་མཐུའ་ཅན་དུ་གར་འགྱུར་བ། །ཞེས་དེ་ལྟར་ས་བོན་བ་ས་པའི་མཐུས། སྐད་ཅིག་མ་སྔ་མ་ལ་བྱ་རྩང་རྡོལ་ནས། སྐད་ཅིག་མ་ཕྱི་མ་ལ་བར་ཅིས་ཀྱང་མ་ཆོད་པར་མྱུ་གུ་སྔོན་པོ་འབྱུང་བ་ལ་རག་མ་ལུས་པ་དང་འདྲ་བར། རྒྱུ་ཤེས་པས་རྟོགས་པའི་དོན་ལ། རྐྱེན་འཇུག་པའི་ཏིང་ངེ་འཛིན་དང་སྤྱོད་པས། ཡང་ནས་ཡང་དུ་གོམས་པར་བྱས་པའི་བག་ཆགས་མཐུ་ཅན་དུ་གྱུར་པ་དེས། སྐད་ཅིག་མ་སྔ་མ་ལ་སྒྲིབ་པའི་བག་ཆགས་ཡང་ནས། སྐད་ཅིག་མ་ཕྱི་མ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ལ་རག་མ་ལུས་པར་རྟོགས་པ་དེ་གནས་པ་དེ་ལ་ནི་སར་སྨིན་པའི་རིག་འཛིན་ཞེས་བྱའོ། ༈ །གཏར་ཀས་གགས་གསལ་བ་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་པ་གཉིས་ཀ་འབྲས་བུ་སྐྱེད་བར་འདུག་པ་ལ། ལྟ་བ་རྒྱུར་འགྲོ་བའི་འཐད་པ་ཅི་ཡིན་ཞེ་ན། ལྟ་བ་དེ་འབྲས་བུར་འགྲོ་བའི་གཙོའ་བོ་ལྟ་བུ་སྟེ། དཔེར་ན་མྱུ་གུ་སྔོན་པོ་སྐྱེད་པ་ལ་ས་བོན་གྲུང་པོ་དེ་རྒྱུའི་གཙོ་བོ་ལྟ་བུའོ། །བསྒོམ་པ་ནི་རྐྱེན་ཆུ་ལུད་ལྟ་བུ་ཡིན་ལ། ལྟ་བསྒོམ་གཉིས་ཀྱི་སྟོབས་ཀྱིས་འབྲས་བུ་སྨིན་ཅིང་གྲུབ་པར་བྱེད་དོ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དེ་ལྟར་སར་ཚུད་པའི་རིག་འཛིན་དང་། ས་ལ་གནས་པའི་རིག་འཛིན་དང་། སར་སྨིན་པའི་རིག་འཛིན་དང་། རིག་འཛིན་དེ་གསུམ་རྒྱལ་བ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཞིང་དུ་གྲགས་ཞེའམ། ཡང་ན་རིག་འཛིན་གསུམ་པོ་དེ་ལས་མ་རྟོགས་པ་མྱེད་པས། རྒྱལ་བའི་ཞིང་ཁམས་སུ་རིག་འཛིན་དེ་གསུམ་དུ་ཐམས་ཅད་འདུས་པར་གྲགས་སོ། ༈ །འདིར་ངག་དོན་དུ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་སྤྱོད་དང་། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དོ། །རྒྱུ་ཤེས་བའི་མཚན་ཉིད་ལྟ་བ་ལ་གསུམ་སྟེ། གཞལ་བྱ་དང་། གྲུབ་མཐའ་དང་། རྟོགས་ཐབས་སོ། །གཞལ་བྱ་ལ་གསུམ་སྟེ། ངོ་བོ་དང་། ངེས་ཚིག་དང་། གཞལ་བྱར་སྟུབ་མི་སྟུབ་ཀྱི་མཚན་ཉིད་དོ། །གཞལ་བྱའི་ངོ་བོ་ནི། ཞེན་པའོ། །དེའི་གོ་བ་ནི། ལོག་རྟོག་གི་བག་ཆགས་ངན་པ་ལ་བློ་ཞེན་པའོ། །ངེས་ཚིག་ནི། བསྒྲུབ་བྱེད་ཀྱི་གཏན་ཚིགས་ཚད་མས་གཞལ་བའི་ཡུལ་དུ་གྱུར་པས་གཞལ་བྱའོ། །གཞལ་དུ་སྟུབ་མི་སྟུབ་ཀྱི་མཚན་ཉིད་ལ་གཉིས་ཏེ། མི་སྟུབ་པ་དང་། སྟུབ་པའོ། །མི་སྟུབ་པ་ནི་གཉིས་ཏེ། འཁོར་འདས་སོ། །དེ་ཡང་འདས་པ་ལ་གཞལ་དུ་མི་སྟུབ་སྟེ། མྱ་ངན་ལས་འདས་པའི་སྣང་བ་ལ་འཇོལ་ན། འདས་པའི་སྣང་བ་ལས་དང་པོ་པའི་སྤྱོད་ཡུལ་མ་ཡིན། མྱ་ངན་ལས་འདས་པའི་ཞེན་པ་ལ་འཇོལ་ན། ཞེན་པ་འདས་པ་མྱེན་ནོ། །དེ་བས་ན་འདས་པ་ལ་གཞལ་དུ་མི་སྟུབ་བོ། །འཁོར་བ་ལ་ཡང་འཇལ་དུ་མི་སྟུབ་སྟེ། འཁོར་བའི་སྣང་བ་ལ་འཇེལ་ན། རང་རིག་པ་སྣང་བ་ཡིན་ཡང་གཞལ་བྱ་མྱེན་ནོ། །འཁོར་བའི་ཞེན་པ་ལ་འཇེལ་ན། ཞེན་པ་ཀུན་རྟགས་ཡིན་ནོ། །འོ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་ལ་རང་འཇེལ་ལོ་ཞེ་ན། འཛུག་མོ་རང་གིས་འཛུག་མོ་རང་ལ་རེག་དུ་མི་སྟུབ་པ་བཞིན་ནོ། །སྟུབ་པ་ནི། ལྟ་བས་ཡིད་སོ་སོར་རྟོག་པའི་ཤེས་རབ་ཏུ་གནས་འགྱུར་ཀྱང་། ཞེན་པའི་གཉན་པོ་བསྒོམ་པའི་ཤེས་རབ་ཡིན་ཏེ། མ་བསྒོམ་པའི་ཞེན་པ་འདག་དུ་མི་སྟུབ་པས། ཞེན་སྣང་ལ་འཇལ་བའོ། །རྟོགས་ཐབས་ནི་གསུམ་སྟེ། དབང་པོ་རབ་རྟགས་ཀྱིས་རྟོགས་པ་དང་། འབྲིང་གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་རྟོགས་པ་དང་། ཐ་མ་ཏིང་ངེ་འཛིན་རྒྱུད་པས་རྟོགས་པའོ། །དབང་པོ་རབ་ལ་ལྔ་སྟེ། མཐིང་ཀ་མཐོང་ན་ཆོས་ཉིད་མི་འགྱུར་བར་རྟོགས། དཀར་བོ་མཐོང་ན་ཉེས་པའི་སྐྱོན་གྱིས་མ་གོས་པར་རྟོགས། སེར་པོ་མཐོང་ན་ཆེ་བའི་ཡོན་ཏན་རྒྱས་པར་རྟོགས། དམར་པོར་མཐོང་ན་འགྲོ་བའི་དོན་ལ་ཆག་པར་རྟོགས། ལྗང་ཁུ་མཐོང་ན་འཕྲིན་ལས་མཐར་ཕྱིན་པར་རྟོགས་སོ། །འབྲིང་པོ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །ངོ་བོ་ནི། གཏན་ལ་འབེབས་རྡོ་བའོ། །ངེས་ཚིག་ནི། གཏན་ལ་འབེབས་པར་བྱེད་པའི་ཕྱིར་གཏན་ཚིགས་སོ། །དབྱེ་བ་ནི་གཉིས་ཏེ། སྔོན་འབྱུང་དང་། རྗེས་འཇུག་གོ། །སྔོན་འབྱུང་ལ་གསུམ་སྟེ། སྟོན་པ་སྐུ་ལྔ་དངོས་ཀྱིས་གསུངས་པ་དང་། སྟོན་པ་རིག་འཛིན་དངོས་ལྔ་དང་ཚུལ་འཐུན་པས། གསུངས་པ་དང་། འགྲོ་བ་ལ་ཚུལ་མཐུན་གྱི་ཚིག་ལྔས་བརྡའ་འཇལ་བར་བྱས་པའོ། །རྗེས་འཇུག་ལ་གཉིས་ཏེ། སྐུ་བཞིའི་དངོས་ཚུལ་ཚིག་གསུམ་ལ་སྤྱད་དུ་མྱེད་པ་དང་། སྤྲུལ་སྐུའི་ཚིག་ཏུ་སྤྱད་དུ་ཡོད་པའོ། །དེ་ལ་གཉིས་ཏེ། བསྒྲུབ་བྱ་མཐའ་བྲལ་ལ་གཏན་ཚིགས་མཐའ་ཅན་གྱིས་གཏན་ལ་ཕབ་པ་དང་། བསྒྲུབ་བྱ་དང་གཏན་ཚིགས་འཐུན་པར་གཏན་ལ་ཕབ་པའོ། །དེ་ལ་གཉིས་ཏེ། སྒྲ་མཐུན་དོན་དཔགས་དང་ཚད་མ་བཀའ་གཞུང་ངོ་། །སྒྲ་འཐུན་དོན་དཔགས་ལ་དྲུག་སྟེ། དག་པ་གསུམ་གྱི་གཏན་ཚིགས་ཀྱིས། སྣང་བ་མི་སྤང་བར་འབྲས་བུར་གཏན་ལ་དབབ་པ་དང་། མཉམ་པ་བཞིའི་གཏན་ཚིགས་ཀྱིས་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པ་དང་། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་བྱ་བ་དང་། བདེན་པ་གཉིས་ཀྱི་གཏན་ཚིགས་ཀྱིས་བདེན་པ་དབྱེར་མྱེད་ཟུང་དུ་འཇུག་པ་དང་། ལྡེམ་དགོངས་མན་ངག་གི་གཏན་ཚིགས་ཀྱིས་གནས་ཀྱི་དོན་གཉིས་མཐོང་བར་བྱ་བ་དང་། དངོས་པོ་ལོ་རྒྱུས་ཀྱི་གཏན་ཚིགས་ཀྱིས་བདག་ཉིད་ཆེན་པོར་གཏན་ལ་དབབ་པའོ། །ཚད་མ་བཀའ་བཞུང་ལ་གཉིས་ཏེ། ཆོས་སྤྱིའི་མཚན་ཉིད་དང་། རང་གི་མཚན་ཉིད་དོ། །གྲུབ་མཐའ་ནི་ལྟ་བ་བདེན་པ་དབྱེར་མྱེད་རྟོགས་པའོ། །རྟོགས་ཐབས་ནི། དབྱེར་མྱེད་དེ་ཉིད་མངོན་གསུམ་དུ་གྱུར་པའོ། །རྐྱེན་འཇུག་པའི་མཚན་ཉིད་བསྒོམ་སྤྱོད་ལ་གཉིས་ཏེ། ཉམས་སུ་ལེན་པའི་བསྒོམ་པ་དང་། དེའི་གྲོགས་སྤྱོད་པའོ། །བསྒོམ་པ་ལ་རིམ་གྱིས་པ་བློ་ཆུང་བའི་དབང་དུ་བྱས་པ་དང་། གཅིག་ཆར་བ་བློ་ཆེ་བའི་དབང་དུ་བྱས་པའོ། །སྤྱོད་པ་ཡང་དེ་གཉིས་དང་ཚུལ་མཐུན་པར་སྤྱོད་པའོ། །མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་ལ་གཉིས་ཏེ། ལམ་དུ་གྱུར་པ་དང་། མཐར་ཐུག་པ་གཉིས་ཏེ། ལམ་དུ་གྱུར་པ་ནི་རིག་འཛིན་དེ། དེ་ལ་རྣམ་པར་སྨིན་པའི་རིག་འཛིན་ལ་ལྔ་སྟེ། དང་པོ་གཞིའ་གང་དང་སྦྱར་བ་ནི། འགྲོ་དོན་བྱེད་པ་དང་སྦྱར། གཉིས་པ་བདེན་པ་གང་རྟོགས་པ་ནི། དབྱེར་མྱེད་རྟོགས་པའོ། །གསུམ་པ་ཁུངས་ནི། བརྒྱད་ཅུ་པ་ནས། དཔེར་ན་ཁྱུང་དང་སེང་གེ་བཞིན། ཅེས་སོ། །བཞི་པ་རྣམ་གྲངས་ནི་གཉིས་ཏེ། རྒྱུས་བསྡུས་པའི་རྣམ་པར་སྨིན་པའི་རིག་འཛིན་དང་། འབྲས་བུས་སྡུས་པའི་རྣམ་པར་སྨིན་པའི་རིག་འཛིན་ནོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་པ་དང་། རྟགས་པ་བའོ། །ལྔ་པ་ལམ་གྱི་མོ་ཚོད་གང་དང་སྦྱར་བ་ནི་གཉིས་ཏེ། རྒྱུས་སྡུས་པའི་རྣམ་སྨིན་ནི་སྦྱོར་ལམ་དང་སྦྱར། འབྲས་བུས་སྡུས་པའི་རྣམ་སྨིན་ནི་བསྒོམ་ལམ་དང་སྦྱར་རོ། །རིག་འཛིན་གསུམ་པོའི་ཁྱད་པར་རྣམ་པར་བཞག་པ་ནི་བཞི་སྟེ། དང་པོ་ཆོས་ཉན་ལུགས་ནས་ཁྱད་པར་བཞག་ན། ཚེ་དབང་སྤྲུལ་སྐུ་ལ་ཉན། ཕྱག་རྒྱ་ཆེན་པོ་ལོངས་སྐུ་ལ་ཉན། ལྷུན་གྲུབ་ཆོས་སྐུ་ལ་ཉན་ནོ། །གཉིས་པ་སྒྲིབ་པ་ཡོང་ལུགས་ནས་བཞག་ན། ཚེ་དབང་གིས་ཀུན་ཏུ་འགྲོ་བ་ལྟ་བའི་སྒྲིབ་པ་ཡོང་། ཕྱག་རྒྱས་ལྷན་ཅིག་གནས་པ་ཤེས་བྱའི་སྒྲིབ་པ་ཡོང་། ལྷུན་གྲུབ་ཀྱིས་བག་ལ་ཉལ་གྱི་སྒྲིབ་པ་མ་ལུས་པ་ཡོང་ངོ་། །གསུམ་པ་སའི་སྒོ་ནས་བཞག་ན། ཚེ་དབང་གིས་ས་དང་པོ། ཕྱག་རྒྱས་ས་བརྒྱད་པ། ལྷུན་གྲུབ་ཀྱིས་ས་བཅུ་པ་མངོན་དུ་བྱས་པའོ། །བཞི་པ་ཆོ་འཕྲུལ་འགྱེད་ལུགས་ནས་ཁྱད་བཞག་ན། ཚེ་དབང་ཆོ་འཕྲུལ་ཁྱེད་དུ་འགྱེད། ཕྱག་རྒྱ་ཆོ་འཕྲུལ་ཐུགས་ལ་འགྱེད། ལྷུན་གྲུབ་ཆོ་འཕྲུལ་ཙོལ་བ་ཁྱེད་པར་འགྱེད་པའོ། །ལྔ་པ་ཆ་བྱད་ཀྱི་ཁྱད་བཞག་ན། ཚེ་དབང་ནི་མི་དང་ལྷའི་ཆ་བྱད་དོ། །ཕྱག་རྒྱ་ཡེ་ཤེས་ལྷའི་ཆ་ལུགས་སོ། །ལྷུན་གྲུབ་སངས་རྒྱས་ཉིད་ཀྱི་ཆ་ལུགས་སོ། །མཐར་ཐུག་གི་འབྲས་བུ་ནི། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་དང་། རྡོ་རྗེའི་སྐུ་ལྔར་ལྷུན་གྱིས་གྲུབ་བོ། །དེས་ན་རིག་འཛིན་རྒྱལ་བའི་ཞིང་དུ་གྲགས་ཅེས་སོ། ༈ །རིག་འཛིན་གྱི་ཆ་ལུགས་བསྟན་པ་ནི། མི་དང་ལྷ་དང་ཚངས་པའི། །ཞེས་རིག་འཛིན་དེའི་སྐྱེ་གནས་ནི། འདོད་ཁམས་སུ་སྐྱེས་ནས། མི་དང་སུམ་ཅུ་རྩ་གསུམ་གྱི་ལྷའོ། །གཟུགས་ཁམས་སུ་སྐྱེ་ན་ཚངས་པ་སྟེ། སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཞེས་སྐྱེ་བ་དེར་ལེན་ཀྱང་། སྐྱེ་བ་རྣམ་པར་དག་སྟེ། ཕྱི་མ་འཁོར་བར་མི་སྐྱེ་བའོ། །དེ་ལྟར་སྐྱེ་བ་མི་དང་ལྷའི་ལུས་ཀྱི་སྐྱེ་བ་འཛིན་མོད་ཀྱི། ཁྱད་པར་ས་ལས་གནས་འགྱུར་ཡིན། །ཞེས་རྟོགས་པའི་ཁྱད་པ་ནི། ས་དང་པོ་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་རྟོགས་པ་མཉམ་པས་ཁྱད་པར་གྱི་ས་ལ་གནས་པ་ཡིན་ནོ། ༈ །ཚེ་ལ་དབང་བའི་རིག་འཛིན་ལ་ལྔ་སྟེ། དང་པོ་གཞིའ་གང་དང་སྦྱར་ན། གཞན་གྱི་འགྲོ་དོན་བྱེད་ནུས་པ་དང་སྦྱར་རོ། །གཉིས་པ་བདེན་པ་གང་རྟོགས་ན། བདེན་པ་དབྱེར་མྱེད་དེ་སྤྱི་ལས་སྐྱེད་གདོན་དུ་མྱེད་པའི་ཚུལ་གྱིས་རྟོགས་པའོ། །གསུམ་པ་ཁུངས་གང་དང་སྦྱར་ན། འདི་ཉིད་ཀྱི་བཅུ་གསུམ་པ་ལས། དབང་སྒྱུར་མཆོག་ཉིད་དམ་པ་ཡིན། བཞི་པ་རྣམ་གྲངས་ནི་བཞི་སྟེ། བདུད་རྩི་སྨན་ལས་གྲུབ་པའི་རིག་འཛིན་ཚེ་དབང་དང་། སྒྲོན་མ་རླུང་ལས་གྲུབ་པའི་ཚེ་དབང་དང་། ཐབས་ལམ་རྩ་རླུང་ཐིག་ལེ་ལས་གྲུབ་པའི་ཚེ་དབང་དང་། གྲོལ་ལམ་བསྐྱེད་རྫོགས་ལས་གྲུབ་པའི་ཚེ་དབང་དང་བཞིའོ། །ལྔ་པ་ལམ་གྱི་མོ་ཚོད་ནི། ས་དང་པོ་དང་སྦྱར་རོ། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། །ཞེས་ས་བཅུ་ཐོབ་པའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེ་ཡང་རིག་འཛིན་གྱིས་མཉམ་པ་ཉིད་དུ་རྟོགས་པའི་རིག་པ་སྐད་ཅིག་ལ། ཐེག་པ་འོག་མ་བས་ས་བཅུ་འགྲུབ་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིན་པས་རྫོགས་སོ། །འོ་ན་དེ་སྤྱད་པས་རྫོགས་སམ། མ་སྤྱད་པར་རྫོགས་ཞེ་ན། སྦྱིན་པ་མ་བཏང་། ཚུལ་ཁྲིམས་མ་སྲུངས། བཟོད་པ་མ་བསྒོམ་ཤིང་མ་སྤྱད་བཞིན་དུ་རྫོགས་སོ། །ཐབས་དང་ཤེས་རབ་སའི་མཆོག །ཤེས་རབ་མཆོག་གི་མཆོག་གྱུར་པའི། །ཞེས་དེ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་ཐོབ་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་མ་ཟད། སངས་རྒྱས་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་རྒྱུ། ཐབས་ཤེས་རབ་དབྱེར་མྱེད་པར་རྫོགས་སོ། །འོ་ན་སངས་རྒྱས་ཀུན་ཏུ་འོད་ཀྱི་ས་ཐོབ་པའི་རྒྱུ་ཐབས་དང་ཤེས་རབ་ནི་རྫོགས་ན། སངས་རྒྱས་ཀུན་ཏུ་འོད་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཀུན་ཏུ་འོད་ནི། མོས་པ་སྤྱོད་པ་ནས་ས་དགུའི་བར་དུ་སྒྲིབ་པ་སྦྱངས། ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་གནས་སྐབས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གཉེན་པོ་ཡེ་ཤེས་ཆེན་པོའི་ཡང་ཆེན་པོས། ཤེས་བྱའི་སྒྲིབ་བ་ཆུང་ངུའི་ཡང་ཆུང་ངུ་བག་ལ་ཉལ་བའི་ཆ་འཕྲ་མོ་ཡན་ཅད། སྐད་ཅིག་མ་སྔ་མ་ལ་སྤངས་ན། སྐད་ཅིག་མ་ཕྱི་མ་ལ་མཚན་མ་མྱེད་པ་རྟོགས་པའི་མཐར་ཕྱིན་པས། དབྱིངས་དང་རིག་པ་གཉིས་མྱེད་པར་གྱུར་པའི་ཆོས་ཀྱི་སྐུ་མངོན་དུ་གྱུར་པ་ལ་ཀུན་ཏུ་འོད་ཅེས་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་ཀུན་ཏུ་འོད་ཀྱིས་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་ནི་ཆོས་ཉིད་མཚན་མ་མྱེད་པའི་དབྱིངས་ཀྱིས་ཁྱབ་ལ། ཆོས་ཀྱི་དབྱིངས་ཀྱིས་གར་ཁྱབ་པ་དེར་རྟོགས་པའི་ཡེ་ཤེས་ཀྱིས་ཁྱབ་པས་ཀུན་ཏུ་འོད་ཀྱི་ས་ཞེས་བྱའོ། །དེ་ལ་ཐབས་དང་ཤེས་རབ་དབྱེར་མེད་པ་ཀུན་ཏུ་འོད་ཀྱི་ས ། ཐབས་དང་ཤེས་རབ་མཆོག་ཏུ་གྱུར་པ་པདྨ་ཅན་གྱི་ས། ཐབས་དང་ཤེས་རབ་མཆོག་ཏུ་གྱུར་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །སའི་ཁྱད་པར་བཅུ་དང་གསུམ། ཞེས་སའི་ཁྱད་པར་ནི། རྒྱུའི་ས་བཅུ་དང་། འབྲས་བུའི་ས་གསུམ་མོ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། ཞེས་རྒྱུའི་ས་བཅུ་རང་ལ་ཡང་རྒྱུ་འབྲས་ཀྱི་ཁྱད་པར་ཡོད་དེ། རྒྱུ་ཕ་རོལ་ཏུ་ཕྱིན་པ་བཅུ། འབྲས་བུ་ས་བཅུའོ། །འབྲས་བུའི་ས་གསུམ་རང་ལ་ཡང་རྒྱུ་འབྲས་ཡོད་དེ། རྒྱུ་ཐབས་དང་ཤེས་རབ་མཆོག །འབྲས་བུ་སྐུ་གསུམ་མོ། ༈ །འདི་ངག་དོན་དུ་གཉིས་ཏེ། རྒྱུའི་ས་བཅུ་ཕ་རོལ་ཏུ་ཕྱིན་པ་དང་བཅས་པ་དང་། འབྲས་བུའི་ས་གསུམ་སྐུ་གསུམ་དང་བཅས་པའོ། །རྒྱུའི་ས་བཅུ་ནི། ས་དང་པོ་རབ་ཏུ་དགའ་བའི་ས། རྟེན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། དཔེའ་མི་བཟད་པའི་གཏེར་དང་འདྲ། རྩལ་མ་རིག་པ་ཟིལ་གྱིས་གནོན་པའོ། །ས་གཉིས་པ་དྲི་མ་མྱེད་པ་ལ། རྟེན་ཚུལ་ཁྲིམས་ཀྱི་ཕར་རོལ་ཏུ་ཕྱིན་པ། དཔེའ་རིན་ཆེན་མྱུ་གུ། རྩལ་མ་རིག་པ་ཡེ་ཤེས་སུ་གསལ། ས་གསུམ་པ་འོད་འཕྲོ་བ་ལ། རྟེན་བཟོད་པའི་ཕ་རོལ་ཏུ། དཔེའ་རྒྱ་མཚོ་ལྟ་བུ། རྩལ་ཉོན་མོངས་པ་རྩད་ནས་རླག །ས་བཞི་པ་འོད་བྱེད་པ་ལ། རྟེན་བརྩོན་འགྲུས། དཔེའ་རྡོ་རྗེ་ཕ་ལམ། རྩལ་བག་ཆགས་ཞེན་པ་འཇོམས། ས་ལྔ་པ་སྦྱངས་དཀའ་བ་ལ། རྟེན་བསམ་གཏན། དཔེའ་རི་བོ་འདྲ། རྩལ་བྱིང་རྒོད་དང་བྲལ། ས་དྲུག་པ་མངོན་དུ་གྱུར་པ་ལ། རྟེན་ཤེས་རབ་ཀྱི་དཔེའ་སྨན་མ་ཀི་ཏ། རྩལ་ལྷག་མཐོང་རྟོགས། ས་བདུན་པ་རིང་དུ་སོང་བ་ལ། རྟེན་ཐབས་ཀྱི་ཕ་རོལ་ཏུ། དཔེའ་དགེ་བའི་བཤེས་གཉན། རྩལ་དུག་ལྔ་སྨན་དུ་སྒྱུར། ས་བརྒྱད་པ་མི་གཡོའ་བ་ལ། རྟེན་སྨོན་ལམ། དཔེའ་ཡིད་བཞིན་གྱི་ནོར་བུ། རྩལ་འཇིག་རྟེན་ཆོས་བརྒྱད་བྲལ། ས་དགུ་པ་ལེགས་པའི་བློ་གྲོས་ལ། རྟེན་སྟོབས་ཀྱི། དཔེའ་ཉི་མའི་སྙིང་པོ། རྩལ་ལོག་ལྟ་དབྱིངས་སུ་སྒྲོལ། ས་བཅུ་པ་ཆོས་ཀྱི་སྤྲིན་ལ། རྟེན་ཡེ་ཤེས་ཀྱི་ཕ་རོལ་ཏུ། དཔེའ་ཚངས་པའི་དབྱངས། རྩལ་སྒྲིབ་པ་དག་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །འབྲས་བུའི་ས་གསུམ་སྐུ་གསུང་ཐུགས་དང་བཅས་པ་ལ་གཉིས་ཏེ། རྒྱུའི་ཐེག་པའི་ལུགས་དང་། འབྲས་བུའི་ཐེག་པའི་ལུགས་སོ། །རྒྱུའི་ལུགས་ནི། བཅུ་གཅིག་ཀུན་ཏུ་འོད་ལ་སྤྲུལ་སྐུ་ཐོབ། བཅུ་གཉིས་མ་ཆགས་པད་མ་སྤྱན་ལ་ལོངས་སྐུ་ཐོབ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ལ་ཆོས་སྐུ་ཐོབ། ཡེ་ཤེས་རྒྱུན་ཆད་དུ་འདོད་པའི་ལུགས་སོ། །འབྲས་བུའི་ཐེག་པ་ནི། བཅུ་གཅིག་ཀུན་ཏུ་འོད་ལ་ཐབས་ཤེས་རབ་དབྱིངས་ཡེ་ཤེས་དབྱེར་མྱེད་ཆོས་སྐུ་ཐོབ། བཅུ་གཉིས་མ་ཆགས་པད་མ་སྤྱན་ཐབས་ཤེས་རབ་མཆོག་ཏུ་གྱུར་པ་ལ་ལོངས་སྐུར་བྱོན་ནས་ས་བཅུའི་སྒྲིབ་པ་སེལ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ཐབས་ཤེས་རབ་མཆོག་གི་མཆོག་ཏུ་གྱུར་པ་ཐོབ་ནས་ལོངས་སྐུར་བྱོན་ནས་ས་བཅུའི་སྒྲིབ་པ་སེལ། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ཐབས་ཤེས་རབ་མཆོག་གི་མཆོག་ཏུ་གྱུར་པ་ཐོབ་ནས་ལོངས་སྐུ་ལས་སྤྲུལ་སྐུར་ཕྲུང་ནས་འགྲོ་བ་དྲུག་གི་དོན་མཛད་པའོ། །དེ་ལྟ་བུའི་རྒྱུ་འབྲས་ཀྱི་ཁྱད་པར་ཡང་དབྱེར་མྱེད་དུ་ལྷུན་གྱིས་གྲུབ་ནས་རྫོགས་པའོ།། །།' གཏར་ཀས་གགས་གསལ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དུས་ཀུན་ཏུ་རྫོགས་ན་སྤྱད་རྒྱུ་མྱེད། ཐབས་ཤེས་རབ་ཀྱི་མཆོག་ཡིན་ན། ཤེས་རབ་མྱེད་པའི་ཐབས་གཅིག་པུར་སོང་། ཤེས་རབ་ཀྱི་མཆོག་ལས་ཀྱང་མཆོག་ཏུ་གྱུར་པ་ཅིག་ཡོད་ན། ཤེས་རབ་ཐུགས་མྱེད་དུ་སོང་། སའི་ཁྱད་པར་དང་རྒྱུ་འབྲས་ཀྱི་ཁྱད་པར་ལྷུན་གྱིས་རྫོགས་ན། འབད་པ་མྱེད་པར་གྲོལ་མཉམ་པ་ལ། དེ་མ་ཡིན་ཏེ། འདིར་ལམ་རིམ་གྱིས་པ་དང་གཅིག་ཆར་བའི་གཉིས་ཡོད་པ་ལས། ལམ་གཅིག་ཆར་བ་ལ་དགོངས་པ་སྟེ། ཇི་ལྟར་ན། ཡེ་སྡོད་མ་ནས། གཞིའ་རང་བཞིན་གྱིས་རྣམ་པར་དག་པ་ལ། རྒྱུ་འབྲས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུ་འབྲས་ཀྱི་ཐབས་ཤེས་རབ་དང་། རྒྱུ་འབྲས་ཀྱི་ས་གསུམ་དང་། ཐེག་པ་གོང་འོག་གི་རྒྱུ་འབྲས་ཀྱི་ཁྱད་པར་ཐམས་ཅད་རྫོགས་སོ། །དེ་མ་རྫོགས་ན་ལམ་མ་འབྱོངས། ལམ་མ་འབྱོངས་ན་ལམ་གཅིག་ཆར་བ་མྱེད་པས་འགལ་བ་མྱེད་པའོ། །མཁའ་དཀྱིལ་དང་བའི་དབྱིངས་ཉི་ཟླ། །ཞེས་རྣལ་འབྱོར་པས་ལྷ་གཅིག་བསྒོམ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་བསྒོམ་པར་བསྟན་པ་ནི། ནམ་མཁའ་ཉིད་དངོས་པོར་དང་མཚན་མའི་མཐའ་དང་བྲལ་བས་དཀྱིལ། ངོ་བོ་ཉིད་ཀྱིས་དང་བས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ཡིན་ལ། དེར་གདན་ཉི་མ་ཐབས་དང་། ཟླ་བ་ཤེས་རབ་གཉིས་རྩེགས་པའི་དཀྱིལ་འཁོར་གྱི་སྟེང་དུ། ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་བསྒོམ། །ཞེས་ལྷ་ཡེ་ནས་གནས་ཅིང་ཡིན་པའི་དོན་ཤེས་པས་ན་ཡེ་ཤེས། མཚན་མའི་མཐའ་གཉིས་ལས་རྒྱལ་བས་ན་རྒྱལ་པོ། སྟངས་ཡབ་དང་། འཇལ་ཡུམ་སྟེ། ལྷ་གང་ཡང་རུང་བ་ཡབ་ཡུམ་དོན་བྱང་ཆུབ་སེམས་དང་ལྡན་པར་བསྒོམ་ཤིང་བསྒྲུབས་ན། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །ཞེས་དེ་བསྒོམས་པའི་ཡོན་ཏན་ནི། ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་བསྒོམས་པར་འགྱུར་རོ། །ལྷ་ཐམས་ཅད་ལྷ་གཅིག་གི་ངང་དུ་ཐ་མི་དད་དེ། ལྷ་ཐམས་ཅད་ཀྱང་དོན་བྱང་ཆུབ་སེམས་སུ་གཅིག་པས། དོན་བྱང་ཆུབ་སེམས་ཀྱི་རྟོགས་པ་དང་ལྡན་ལ། ཡི་དམ་གྱི་ལྷའི་སྐུ་ཐམས་ཅད་དུས་གཅིག་ཏུ་བསྒོམས་པ་ཡིན་ནོ། །མ་ལུས་པར་ནི་བསྒོམ་པར་འགྱུར། །ཅེས་ལྷ་གཅིག་བསྒོམ་པས་ཀུན་བསྒོམ་པར་འགྱུར་བ་ཅི་སྟེ་ཞེ་ན། ལྷ་གཅིག་གི་རང་བཞིན་ལས་ལྷ་ཐམས་ཅད་འབྱུང་ལ། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །ཞེས་འདས་པ་དང་། ད་ལྟར་དང་། མ་འོངས་པ་དང་། འབྱུང་བ་མ་ངེས་པ་དང་། ཕྱོོགས་བཞི་དང་། མཚམས་བཞི་དང་། སྟེང་འོག་གཉིས་དང་བཅུ་ནས་ཀྱང་། རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །ཅེས་ཚོགས་གཉིས་རྫོགས་པའི། ཡང་དག་པའི་རྒྱལ་བ་ནི། གོམ་པས་སྒྲོད། ངག་གིས་བོས། སེམས་ཀྱིས་བསམས་ནས། ནམ་ཞིག་སྙེད་དུ་རེ་ནས་རྩལ་ཡང་། རྙེད་པ་ལམ་ཕྲད་པར་མྱི་འགྱུར་ཏེ། སེམས་ཉིད་རྟོགས་ན་སངས་རྒྱས་པས། །ཞེས་འོ་ན་གང་ནས་སྙེད་ཞེ་ན། རང་གི་སེམས་ཉིད་རྟོགས་པ་ཁོ་ན། ཚོགས་གཉིས་རྗོགས་པའི་སངས་རྒྱས་ཡིན་ཞེའམ། རང་གི་སེམས་ཉིད་རྟོགས་པ་སངས་རྒྱས་ཡིན་པར་བཤད་པའོ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་འོན་ཀྱང་སངས་རྒྱས་རང་གི་སེམས་ཉིད་ལས་མ་རྟོགས་པ། སེམས་ལས་གཞན་པའི་ལོགས་སུ་སངས་རྒྱས་མ་ཚོལ་ཅིག །དེ་སྐད་དུ་ཡང་གསང་བའི་སྒྱུ་འཕྲུལ་རྡོ་རྗེ་ལས་ཀྱང་། རང་བཞིན་གནས་ཕྱིར་གཞན་ནས་འོངས་པ་མྱེད། ཞེན་པ་ལོག་པས་བདག་ཞལ་བདག་གིས་མཐོང་། ཅེས་པས་སོ། །དཀྱིལ་འཁོར་ཀུན་ཏུ་མཉམ་སྦྱོར་བས། །ཞེས་དཀྱིལ་འཁོར་ཀུན་ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སྦྱར་ནས། ལྷ་ཚོགས་མང་པོ་རྣམས་ཡང་གསལ་བར་རང་གི་ལུས་ངག་ཡིད་གསུམ་དང་མཉམ་པར་སྦྱར་བས། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །ཅེས་བདེའ་བར་གཤེགས་པའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་འགྲུབ་པར་འགྱུར། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་འགྲུབ་པར་འགྱུར། འཕྲིན་ལས་བཞི་ཡང་འགྲུབ་པར་འགྱུར་རོ། ༈ །གཏར་ཀ་གགས་གསལ་བ་ནི། ཆོ་ག་ལྷག་ཆད་བྱུང་ན་ལེགས་པར་སྣང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། རང་སེམས་སངས་རྒྱས་སུ་ཤེས་ན། ལྷ་མང་པོ་བསྒོམ་ཡང་མཚོའ་ལ་གཟའ་སྐར་ཤར་བ་ལྟར་བསྒོམ་ཤེས་ལ། མི་རྟོགས་པ་བསྒོམ་ཡང་། རིག་པ་རླུང་དུ་ཕབ་ནས་ལྷག་པར་འཇོག་ནུས་ཏེ། དེར་རང་སེམས་ཉིད་ལྷར་ཤེས་པས། མ་རིག་པའི་སྐྱོན་ཉིད་དག་ནས། ལྷག་ཆད་ཐམས་ཅད་ཆོས་ཉིད་དུ་རང་གྲོལ་བས་ཉེས་པ་མྱེད་པར་འགྱུར་རོ། །ཆོ་ག་ལྷག་གམ་མ་ཚང་ཡང་། །སྐྱོན་ཉིད་དག་སྟེ་ཉེས་པ་མྱེད། །ཅེས་ཆེད་དུ་བརྗོད་པ། ཅེས་དེ་ལྟར་སངས་རྒྱས་གཅིག་བསྒོམས་པས། རྒྱལ་བ་ཀུན་བསྒོམས་པར་ཤེས་སམ། རང་སེམས་ལས་མ་རྟོགས་པ་གཞན་ན་སངས་རྒྱས་མྱེད་པར་ཤེས་སམ། དཀྱིལ་འཁོར་ཀུན་དང་རང་གི་ལུས་ངག་ཡིད་གསུམ་དང་མཉམ་པར་སྦྱར་བས། དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་བ་ཅིའི་ཕྱིར་ན། དེ་ལྟར་རྟོགས་པའི་གནས་སྐབས་ན། ཆོ་གའི་རིམ་པ་ལྷག་གམ། ཡང་ན་མ་ཚང་ཡང་། སྐྱོན་ཉིད་རྣམ་པར་དག་སྟེ། ཉེས་པ་རྡུལ་ཙམ་ཡང་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་སེམས་སུ་རྟོགས་པའི་ཕྱིར་རོ། །རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །ཞེས་རོལ་མོ་ནི་གཞིའ་མ་ངེས་པ་ལས་སྣ་ཚོགས་སུ་སྣང་བས་ཐམས་ཅད་ཚིམ་པར་བྱེད་པའོ། །འདིར་ཡོ་བྱད་ལྔ་ལ་སོགས་པ་ཐམས་ཅད་རིག་པ་རང་སྣང་བར་ཤེས་ནས། དེ་ལ་སྣ་ཚོགས་སུ་སྤྱོད་པ་ཉིད་ཡེ་ཤེས་ཀྱི་རོལ་པའོ། །དེ་དག་འཁོར་འདས་གཉིས་སུ་མྱེད་པས་སྤྲིན། མཆོད་པས་ཚོགས་གཉིས་རྫོགས་མཉེས་པར་འགྱུར་རོ། །ཞེས་བྱའོ། །གསང་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །གསང་བ་ནི་སྣོད་ངན་པ་ལ། སྙིང་པོ་ནི་གསང་སྔགས་ཀྱི་ཉིང་ཁུ། དེ་ཁོ་ན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ནའོ། །ངེས་པ་ནི། མཚན་ཉིད་ལྟར་དྲང་བའི་དོན་མ་ཡིན་ཏེ། འབྲས་བུ་གསང་སྔགས་ངེས་པའི་དོན་ཁོ་ནར་སྟོན་པོའོ། །དེ་ལྟ་བུའི་རྒྱུ་ཆེན་པོ་འདི་ལས། ཚོགས་བསྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།ཚོགས་ཀྱི་ངེས་ཚིག་ནི། སྐལ་ལྡན་མིའི་ཚོགས་ནི། རྡོ་རྗེ་སློབ་དཔོན་གྱིས། དབང་པོའི་སྤྱོད་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་དང་། བདག་དང་འཁོར་དང་ཕྱི་ནང་གི་ཡོ་བྱད་ཐམས་ཅད། ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་རློབ་ནུས་པ་དང་། རྡོ་རྗེའི་རྒྱལ་ཚབ། རྡོ་རྗེ་སློབ་དཔོན་དང་། དགོངས་པ་ཁྱད་མྱེད་པར་མཉམ་པ་དང་། ལས་ཀྱི་སྐར་མ་འཕྲིན་ལས་ཀྱི་བྱེ་བྲག་ཐམས་ཅད་ལ་མ་རྨོངས་པ་དང་། འཁོར་ཕལ་པ་རང་ལྷར་བྱིན་གྱིས་རློབ་ནུས་པ་དང་བཞི་ལྡན་ན་ཚོགས་ཞེས་བྱའོ། །འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ནི། ཚོགས་ཀྱི་མཆོད་པ་བྱེད་པའི་དུས་སུ། འཇིག་རྟེན་འདོད་པའི་ལོངས་སྤྱོད་ལྔ་ལ་ཡོད་དོ་ཅིག་མ་ཚང་བ་མྱེད་པར་མཚོགས་པའི་ཚོགས་སོ། །གསལ་བ་དགོངས་པའི་ཚོགས་ནི། འདོད་ཡོན་ལྔ་ལ། ལྟ་བས་རྟོགས། ཤེས་རབ་ཀྱི་གོ། ཏིང་ངེས་འབྱོལ། དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པས་ཚོགས་སོ། །འཛའ་བ་འདུས་པའི་ཚོགས། རྣལ་འབྱོར་པ་ནི། དངོས་གྲུབ་སྩོལ་བར་དགོངས། བཀའ་བཞིན་དུ་སྒྲུབ་པ་ལ་སངས་རྒྱས་དངོས་གྲུབ་གཏེར་བར་དགོངས། དེ་གཉིས་མཐུན་ཞིང་མཛའ་བས་ན་མཛའ་བ་འདུས་པའི་ཚོགས་ཏེ། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་གྱུར་ཏེ། ཞེས་ལེའུ་བཅུ་གཉིས་པར་ཚོགས་བསྒྲུབས་ནས། བཅུ་གསུམ་པར་རྫོགས་རིམ་བསྒོམ་པས་དེ་ནས་སོ། །དེ་བཞིན་གཤེགས་པ་ནི། ཕྱོགས་བཅུ་ན་བཞུགས། དུས་བཞིར་གཤེགས། སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མྱེད་པར་ནི་ལྡན། དེ་ལྟ་བུའི་བདེའ་བར་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་གསང་བའི་མན་ངག་འདི་བསྟན་ཞིང་བཤད་པ་ཕྱིར། གནས་གཅིག་ཏུ་འདུས་པར་གྱུར་ཏེ་ཞེའམ། ཡང་ན་ཕྱོགས་བཅུ་དུས་བཞིའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དང་ལྡན་པའི། བདེའ་བར་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ཀུན་ཏུ་བཟང་པོ་དེས། གསང་བའི་མན་ངག་འདི་བསྟན་པའི་ཕྱིར། ཐུགས་ཀྱི་དགོངས་པ་རྩེ་གཅིག་ཏུ་གྱུར་ནས་ཞེས་པའི་དོན་ཡང་ཡིན་ནོ། །དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག །ཅེས་སྟོན་པ་ཀུན་ཏུ་བཟང་པོ་དེ། འཇིག་རྟེན་གྱི་ལོངས་སྤྱོད་ལ་དགྱེས། འཇིག་རྟེན་ལས་འདས་པའི་ཟག་མྱེད་ལ་ཡང་དགྱེས། དེ་གཉིས་དབྱེར་མྱེད་པར་མཁྱེན་པས་ཆེན་པོ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་འཕྲལ་དུ་ལམ་གྱིས་མ་སྒྲུབས། གཉེན་པོས་མ་བཅོས། ཡེ་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པ། སངས་རྒྱས་པས་ཆེན་པོ། དབྱེར་མྱེད་འབད་རྩོལ་དང་བྲལ་བའི་རང་བཞིན་དུ་ལྷུན་གྱིས་གྲུབ་ལ། དེའི་རང་བཞིན་ལས་མི་འདའ་བས་སམ། དེ་ལྟར་རྟོགས་པར་བྱ་བ་ལས་མི་འདའ་བས་ན་དམ་ཚིག་གོ། །ཤིན་ཏུ་གསང་བ་སྙིང་པོའི་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དོན་ནི། ཤིན་ཏུ་ཁྱད་པར་དུ་རང་བཞིན་གྱིས་རྟོགས་པར་བཀའ་བས་ནི་རང་བཞིན་གྱི་གསང་བ། ལུས་ལ་གནས་པའི་རྩལ། གྲུབ་པ་སྔགས། རྟེན་པ་ཐིག་ལེ། གཡོའ་བ་རླུང་རྣམས། སྣོད་ངན་པ་ལ་བསྟན་དུ་ཅི་རུང་བས་ན། གཞན་ལ་མི་བསྟན་པའི་གསང་བ། ཡོན་ཏན་ཐམས་ཅད་ཀྱི་རྩ་བའམ། རྒྱུར་གྱུར་པས་ན་རྒྱུའི་སྙིང་པོ། རྩ་སྤྲུལ་སྐུ། ཡི་གེ་ལོངས་སྐུ། ཐིག་ལེ་ཆོས་སྐུ། རླུང་ངོ་བོ་ཉིད་ཀྱི་སྐུ་གནས་པས་ན་འབྲས་བུའི་སྙིང་པོའོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་མང་པོར་བསྟོན་པས་སྤྲིན་དང་འདྲ། གནས་པ་རྩ་དང་། དེ་ལས་གྲུབ་པའི་ཡི་གེ་དང་། དེ་ལ་སྟེན་པའི་ཁམས་བདུད་རྩིའི་ཐིག་ལེ་དང་། དེ་དག་གྲུབ་པའི་སྙིང་པོ་རླུང་རྣམས་མ་འདྲེས་པར་བཀོད་པའི་ཏིང་འཛིན་ལ་ཞུགས་ནས་སོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་འགྲོ་བ་རྣམས་སངས་རྒྱ་བར་བྱ་བའི་ཆེད་དུ། ཤིན་ཏུ་གསང་བའི་མན་ངག་འདི། དགོས་ཆེད་དང་བཅས་ནས་བརྗོད་པའོ། །མ་རྟོགས་པ་དང་ཆོས་ཉིད་ཡེ་མ་རྟོགས་པ་དང་ཞེས་ཕྱལ་བ་པས་ནི། ལས་དགེ་སྡིག་ཡོད་པར་མ་ཤེས། ཤིང་ཀུན་ཏུ་རྨོངས་ཤིང་གཏི་མུག་པས་མ་རྟོགས་པའོ། །ལོག་པར་རྟོགས། །ཆོས་ཉིད་ལས་ལོག་པར་རྟོགས་པ་རྒྱང་ཕན་པ་ཚེ་གཅིག་ཏུ་ལྟ་བ་དང་། མུ་སྟེགས་པ་བདག་བརྟག་པར་མི་འགྱུར་བར་ལྟ་བ་དང་། མུར་ཐུགས་པ་མཐའ་ཆད་པར་ལྟ་བ་དང་། དེ་རྣམས་ནི་འཇིག་རྟེན་པའི་ལྟ་བའོ། །དེ་གསུམ་ལོག་པར་རྟོགས་པའོ། །ཕྱོགས་རྟོགས་ཞེས་ཉན་ཐོས་ཀྱིས་ཆོས་ལ་བདག་མྱེད་པར་རྟོགས་ཡང་། གང་ཟག་ལ་བདག་མྱེད་པར་མ་རྟོགས་སོ། །རང་སངས་རྒྱས་ཀྱིས་གང་ཟག་ལ་བདག་མྱེད་པར་རྟོགས་པའི་སྟེང་དུ། ཆོས་ཀྱི་ཕྱོགས་གཅིག་གཟུང་བའམ། གཟུགས་ཀྱི་ཕུང་པོ་ལ་བདག་མྱེད་པར་རྟོགས་པས། ཆོས་ཀྱི་དོན་ཆ་གཅིག་གམ་ཕྱོགས་གཅིག་རྟོགས་པས། ཕྱོགས་རྟོགས་སོ། །ཡང་དག་ཉིད་མ་རྟོགས། །ཞེས་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་བདག་མྱེད་པར་རྟོགས་ཀྱང་ཡང་དག་པ་མཉམ་པ་ཉིད་གཉིས་སུ་མྱེད་པར་མ་རྟོགས་པས། ཡང་དག་ཉིད་མ་རྟོགས་སོ། །འདུལ་བ་དགོངས་པ་གསལ་བ་དང་། །ཞེས་འགྲོ་བ་འདུལ་བའི་དབང་དུ་གསུངས་པ་ཁྲུས་དང་གཙང་སྦྲས་འདུལ་བ་ཀྲི་ཡ་དང་། ལྡེམ་དགོངས་ཀྱིས་བསྟན་པའི་ཨུ་པ་ཡ་ཆ་གཉིས་འཛིན་པ་དང་། གསང་བའི་དོན་མཚོན་ཅིང་སྟོན་པ་ཡོ་ག ། རང་བཞིན་གསང་བའི་དོན་རྣམས་ནི། །ཆོས་ཉིད་ཀྱི་དོན་རང་བཞིན་གྱིས་རྟོགས་པར་དཀའ་བས། རང་བཞིན་གྱི་གསང་བ། དེའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་རྒྱུད་ལུང་མན་དག་གསུམ་གྱི་དོན་རྣམས་སམ། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་དོན་རྣམས་ནི། ཡི་གེ་སྒྲས་བརྟགས་མིང་ཚོགས་ལས། །ཞེས་དོན་ཟབ་མོ་རྣམས་གང་གིས་འཆད་ཅིང་སྟོན་ཞེ་ན། ཡི་གེས་མཚོན་པར་བྱེད་དེ། ཡི་གེ་ཨ་ལི་ལ། ཀ་ལི་སྦྱར་བས། ཡི་གེའི་སྒྲ་མང་པོར་རྟོགས་པ་ལས། ཡི་གེའི་ཚོགས་རྣམས་བྱུང་ལ། རྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཞེས་མིང་གི་ཚོགས་ལ་རྟེན་པའི་ཚིག་གིས་ནི། རང་བཞིན་གྱིས་གསང་བའི་དོན་རྣམས་མཚོན་ཅིང་སྟོན་པ་སྟེ། ཡི་གེ་དང་མིང་དང་ཚིག་གི་ཚོགས་ལ་རྟེན་ནས། རང་བཞིན་གསང་བའི་དོན་རྣམས་མཚོན་པར་བྱེད་ལ། ཡི་གེ་མིང་དང་ཚིག་གི་ཁོངས་ནས་རང་བཞིན་གསང་བའི་དོན་རྣམས་གནས་པར་རབ་ཏུ་མཚོན་པའོ། ༈ །གཏར་ཀས་གགས་གསལ་བ་ནི། སོ་སོའི་སྐྱེ་བོ་ཐ་མལ་པ་ལ་ནི་དོན་འདི་བསྟན་དུ་མི་སྟུབ། མུ་སྟེགས་པ་འདི་མི་འཆད ། མཚན་ཉིད་པ་ལ་གསང་བཤད་འདི་དགོས་པ་མྱེད་པར། ཐམས་ཅད་ཀྱི་དོན་མན་ངག་འདིས་སྟོན་པ་འགལ་ཞེ་ན། དེ་མ་ཡིན་ཏེ། ཨ་ལི་ཀ་ལིའི་སྒྲས་མིང་གིས་ཚིག་མཚོན་པར་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་འཁོར་ལོ་བཞི་རང་ལ་རང་གནས་སུ་ཡོད་པ་དེ་མ་ཤེས་པས། དེ་ཤེས་པས་ཐམས་ཅད་རང་གནས་སུ་ཤེས་པའི་ཕྱིར་སྨོས་པ་ཡིན་ནོ། །ཁོང་ནས་གབ་སྦས་དོན་འབྱིན་པ། །ཞེས་སློབ་དཔོན་གྱི་དགོངས་པའི་གོང་ན་གབ། ཡི་གེ་ཀྱུས་ཀྱི་ཁོང་ན་གབ་པས་ན་གབ་པའི་གསང་བའོ། །སྦས་པའི་གསང་བ་ནི། གསང་བའི་དོན་འདི་ཡང་ཕལ་གྱི་སྤྱོད་ཡུལ། དེའི་ཕྱིར་བདེ་གཤེགས་ཀྱིས་ཀྱང་སྒྲ་རང་ཐད་དུ་མ་གསུངས་ཏེ། རྡ་དང་མན་ངག་གི་སྒོ་ནས་བསྟན་པས་སྦས་པའི་གསང་བ། དེ་ཡང་ཡི་གེ་ཀྱུས་ལ་གབ་པ་སློབ་དཔོན་གྱི་དགོངས་པས་འབྱིན། སློབ་དཔོན་གྱི་དགོངས་པ་ལ་གབ་པ་ཡི་གེ་ཀྱུས་ལ་རྟེན་ནས་འབྱིན་པས་ན། སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་རང་བཞིན་གྱི་གསང་བ་དང་། གབ་པའི་གསང་བ་དང་། སྦས་པའི་གསང་བའི་དོན་འབྱིན་ཅིང་སྟོན་པས་ན་སྟོན་པ་སྐུ་མི་འགྱུར་བས་ན་རྡོ་རྗེ་ལྟ་བུའོ། །དེའི་ཐུགས་ལ་གནས་ཏེ། ཁུངས་སམ། རྩ་བའམ་ཐུགས་པའོ། །རྗེས་འཇུག་ཏུ་མན་ངག་གི་ཁུངས་སམ། རྩ་བའམ་ཐུགས་པའོ། །རྗེས་འཇུག་ཏུ་མན་ངག་གི་ཁུངས་སམ་ཐུགས་པ་ནི། སྟོན་པའི་ཞལ་ཀྱིན་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་སོ། ༈ །འདི་མན་ཆད་ལ་ངག་དོན་དུ་བཞི་སྟེ། ཕྱི་དབྱིབས་ཀྱི་བདག་ཉིད་ནི། རྩའི་དབྱིབས་འཁོར་ལོར་གནས་པའོ། །ནང་སྔགས་ཀྱི་བདག་ཉིད་ནི། ཨ་ལི་ཀ་ལི་ཡི་གེའི་གཟུགས་སུ་གྲུབ་པའོ། །གསང་བ་ཆོས་ཀྱི་བདག་ཉིད་ནི། སྙིང་པོ་ཡེ་ཤེས་ཀྱི་རླུང་དུ་གནས་པའོ། །དེ་ལ་ཕྱིའི་དབྱིབས་གཞལ་ཡས་ཁང་དུ་གཏན་ལ་བབས་སྟེ། སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་རྣམ་པར་སྣང་མཛད་ཀྱི་གནས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནི་སྣང་བ་མཐའ་ཡས་ཀྱི་གནས་སོ། །སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི་རྡོ་རྗེ་སེམས་དཔའི་གནས་སོ། །ལྟེ་བའ་སྤྲུལ་པའི་འཁོར་ལོ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་སོ། །གསང་བ་མེ་རླུང་གི་འཁོར་ལོ་ནི་དོན་ཡོད་གྲུབ་པའི་གནས་སོ། །ནང་སྔགས་ནི་སྐུ་གསུམ་དུ་གཏན་ལ་དབབ་སྟེ། ལྟེ་བའི་ཨ་ཆོས་དབྱིངས། གསང་བའི་ཀྴ་ཡེ་ཤེས་ཏེ། ཀུན་བཟང་ཡབ་ཡུམ་ཆོས་སྐུའོ། །རྩ་གསུམ་གྱི་ཀ་ལི་རྣམས་ལོངས་སྐུ་རིགས་ལྔ་སེམས་དཔའ་དང་བཅས་པའོ། །ཨ་ལི་དང་སྤྱི་བོའི་ཧཾ་ནི་སྤྲུལ་སྐུ་ཐུབ་དྲུག་གོ། །གསང་བ་ཆོས་ནི་དམ་རྫས་ལྔར་གཏན་ལ་དབབ་སྟེ། དྲི་ཆེན་རྣམ་པར་སྣང་མཛད། བྱང་སེམས་རྡོ་རྗེ་སེམས་དཔའ། ཤ་ཆེན་རིན་ཆེན་འབྱུང་ལྡན་དུ། རག་ཏ་སྣང་བ་མཐའ་ཡས། དྲི་ཆུ་དོན་གྲུབ་བོ། །དེ་ཁོ་ན་ཉིད་རླུང་ནི་ལྷར་གཏན་ལ་དབབ་སྟེ། སྲོག་འཛིན་པའི་རླུང་རྣམ་པར་སྣང་མཛད། སའི་རླུང་རྡོ་རྗེ་སེམས་དཔའ། ཆུའི་རླུང་རིན་ཆེན་འབྱུང་ལྡན། མེའི་རླུང་སྣང་བ་མཐའ་ཡས། རླུང་གི་རླུང་དོན་ཡོད་གྲུབ་པའོ། །ཡང་ན་ནམ་མཁའི་རླུང་མི་བསྐྱོད་པ། སའི་རླུང་རྣམ་སྣང་། མེའི་རླུང་རིན་འབྱུང་། ཆུའི་རླུང་སྣང་མཐའ། རླུང་གི་རླུང་དོན་གྲུབ་ཞེས་བཞེད་དོ། །དེ་ལ་ཕྱིའི་དབྱིབས་རྩའི་འཁོར་ལོ་ནི་གཞལ་ཡས་ཁང་ངོ་། །ནང་སྔགས་ནི་གསུང་མི་བཟད་པ་རྒྱན་གྱི་འཁོར་ལོའོ། །གསང་བ་ཆོས་ནི་སྐུ་མི་བཟད་པ་རྒྱན་གྱི་འཁོར་ལོའོ། །དེ་ཁོ་ན་ཉིད་རླུང་ནི་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའོ། །དེ་ཡང་རྩ་རེ་རེའི་ནང་ན་སྔགས་རེ་རེ་གྲུབ། སྔགས་རེ་རེ་ལ་རྟེན་ནས་ཁམས་བདུད་རྩི་གནས། བདུད་རྩིའི་ཐིག་ལེ་ལ་རྟེན་ནས་རླུང་གི་ཚོགས་རྣམས་རྟོག་པ་ཡིན། རྟོག་ཚོགས་ལྷ་ཡིན་པར་ཤེས་པར་བྱའོ། །དེ་ལ་དབྱིབས་ལ་གསུམ་སྟེ། རྩ་ཕལ་བ་དང་། ཆུང་བ་དང་། ཆེན་པོའོ། །ཕལ་པ་ནི། ཉམ་རྩ་མཁལ་མའི་ནང་ན་གནས། མྱ་ངན་གྱི་ལག་པའི་ཐེ་འོད་དང་བོལ་གོང་ན་གཙོའ་བོར་གནས། རྐང་པའི་ཐེ་འོང་ལ་ཕལ་བར་གནས། འདྲེའི་རྩ་ལག་པའི་སྲིན་ལག་ལ་གཙོའ་བོར་གནས། རྐང་པ་ལ་ཕལ་པར་གནས། ཀླད་པ་དང་ཕྱི་མའི་རྩ། འོག་ཏུ་མཁལ་མའི་ཕྱི་རོལ་ན་གནས། སྟེང་དུ་དམིག་རྩ་ལ་འཁྱིལ་བར་གནས་སོ། །རྩ་ཆུང་བ་ནི་ནང་ལུས་སྟོང་ཕྲག་བརྒྱ་བཅུའོ། །རྩ་ཆེན་པོ་ནི་འཁོར་ལོ་བཞི་དང་སྲོག་ཤིང་གསུམ་མོ། །དེ་ལ་སྔགས་ལ་བཞི་སྟེ། ཐབས་ཀྱི་སྔགས་ཀ་ལི། ཤེས་རབ་ཀྱི་སྔགས་ཨ་ལི། མྱ་ངན་ལས་འདས་པའི་དཔའ་བོ་འབྲུ་ལྔ། འཁོར་བའི་ཡི་གེ་དྲུག་གོ། །དེ་ལ་བདུད་རྩི་ལ་ལྔ་སྟེ། གཡས་རོ་མ་ཁྲག །གཡོན་རྐྱང་མ་དྲི་ཆུའོ། །དབུས་ཀུན་རྡར་མ་བྱང་སེམས། ལོང་ཀ་སྡོམ་བྱེད་དྲི་ཆེན། མཁལ་རྩ་འཁོར་བ་ཤ་ཆེན་ནོ། །རླུང་ལ་བཅུ་སྟེ། སྲོག་འཛིན་པའི་རླུང་དང་། ཁྱབ་བྱེད་ཀྱི་རླུང་དང་། གྱེན་དུ་གྱུ་བའི་རླུང་དང་། མེ་དང་མཉམ་པའི་རླུང་དང་། ཐུར་དུ་སེལ་བའི་རླུང་དང་དེ་ལྟ་རླུང་ལ་ལྔ། རྒྱུ་བའི་རླུང་དང་། རབ་ཏུ་རྒྱུ་བའི་རླུང་དང་། ཤིན་ཏུ་རྒྱུ་བའི་རླུང་དང་། མངོན་པར་རྒྱུ་བའི་རླུང་དང་། ཡང་དག་པར་རྒྱུ་བ་ནི་ཡན་ལག་གི་རླུང་ལྔ་སྟེ། ཡོ་ལོག་པས་བཅུ་ཐམ་པའོ། །དཀྱིལ་འཁོར་ལྡན་པའི་ཞེས་ཕྱི་དབྱིབས་ཀྱི་བདག་ཉིད་དུ་བཤད་ན། སྤྱི་བོ་བདེའ་བ་ཆེན་པོའི་འཁོར་ལོ་ནི། རྩ་འདབ་སུམ་ཅུ་རྩ་གཉིས། ཀླད་པ་བདེ་བ་དང་ལྡན་པའོ། །དེ་ཡང་སྤྱི་བོ་ན་བདེ་བ་ཡོད་པའི་རྟགས་ལྟས་པས་ཚིམ་པར་འདོད་ཆགས་ལྡང་བའོ། །ནང་སྔགས་ཀྱི་བདག་ཉིད་དུ་བཤད་ན། དབུས་ཧཾ་མགོའ་ཐུར་དུ་ལྟ་བ་གནས། འདབ་མ་ལ་ཀ་ལི་རིམ་པ་གཉིས་གནས་པའོ། །རོལ་པ་ནས། མི་འགྱུར་བསྟན་པའི་ཐིག་ལེ་ཉིད། །ཧཾ་ཡིག་སྙིང་པོ་བྱང་ཆུབ་སེམས། །ཟླ་བའི་དཀྱིལ་འཁོར་ལ་གནས་ཤིང་། །ཀུན་དྷ་དུང་གི་མདོག་མདངས་གསལ། །སུམ་ཅུ་རྩ་གཉིས་ཡི་གེའི་ཚོགས། །འཁོར་ལོའི་གནས་ལ་རབ་འཇུག་ཅིང་། །རང་གི་དཀྱིལ་འཁོར་རྟེན་བྱེད་པའོ། །དཀྱིལ་འཁོར་གྱིས། །ཞེས་ཕྱི་ལྟར་ན་མགྲིན་པ་ལོངས་སྤྱོད་ཀྱི་དཀྱིལ་འཁོར་རྩ་འདབ་མ་བཅུ་དྲུག་གིས་སྒད་པའི་ཚིམ་པའི་འདོད་ཆགས་འདང་བའོ། །ནང་སྔགས་ནི། དབུས་ན་ༀ། རྩ་འདབ་མ་ལ་ཨ་ལི་བཅུ་དྲུག་གནས་སོ། །སྒྱུ་འཕྲུལ་རོལ་པ་ནས། སྒྲ་གནས་བརྗོད་པའི་རྒྱུན་ལྡན་པ། །གསང་གསུམ་དམ་ཚིག་སྔགས་ཀྱི་གནས། །བཅུ་དྲུག་བདུད་རྩི་འཛག་པ་ཡི། །དཀར་དམར་འོད་ཟེར་འཕྲེང་བ་ཅན། །ༀ་ཡིག་དབྱངས་ཀྱི་ཡི་གེས་བརྒྱན། །ཀུན་འབྱུང་བརྗོད་པའི་ཡི་གེ་སྟེ། །སྤྲོ་དང་སྡུ་བ་དགའ་བའི་ཚུལ། །ཅེས་སོ། །དཀྱིལ་འཁོར་ལ་ནི་ཞེས་ཕྱི་དབྱིབས་ལྟར་ན། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི་རྩ་འདབ་མ་བརྒྱད་དོ། །དེ་ན་བདེའ་བ་ཡོད་པས་ལག་པས་བཅངས་པས་ཚིམ་པའོ། །ནང་སྔགས་ནི། དབུས་ན་ཧཱུྃ། འདབ་མ་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་དང་། དཔའ་བོ་འབྲུ་ལྔ་འགྲོ་དུག་ཡི་གེ་གནས་སོ། །རོལ་པ་ནས། ཆོས་ཀྱི་དཀྱིལ་འཁོར་ཧཱུྃ་ཡིག་རྫོགས། །དཀར་སེར་འོད་ཟེར་ལྔ་ཡི་མདངས། །གནས་བརྒྱད་ཡི་གེའི་འཕྲེང་བས་མཛེས། །ཤེས་པ་བརྒྱད་གནས་ཡེ་ཤེས་རྫོགས། །བྱ་བ་ཆེན་པོའི་དོན་ཀུན་སྟོན། །དེ་དག་སྐྱེ་དང་འགག་པ་ལས། །ཡང་དག་སྦྱང་པས་ཀུན་གྲོལ་ཞིང་། །གཉིས་མྱེད་ཡེ་ཤེས་བསྟན་པའི་ཚུལ། །ཅེས་སོ། །དཀྱིལ་འཁོར་བསྒོམ། །ཞེས་ཕྱི་དབྱིབས་ལྟར་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ནི། རྩ་དྲུག་ཅུ་རྩ་བཞི། དབང་པོ་སྒོ་སྤྲོད་པས་ཚིམ་པའི་འདོད་ཆགས་སོ། །ནང་སྔགས་ལྟར་ན། དབུས་ཨ་ལ། ཨ་ལི་དང་ཀ་ལིས་སྐོར་བའོ། །རོལ་པ་ནས། སྤྲུལ་པའི་འཁོར་ལོ་ཆ་རྒྱས་པ། །འོད་དམར་ཆགས་པའི་རི་མོ་ཅན། །ཨཾ་ཡིག་སྔགས་ཀྱི་ཕྲེང་བས་མཛེས། །བཅུ་དྲུག་རྩ་བཞི་གནས་རྣམས་སུ། །བདེ་ཆེན་ཐིག་ལེའི་ངང་ཚུལ་ཅིན། །དེ་མིང་འབོད་པའི་སྒྲ་དང་བཅས། །ཐབས་ཀྱི་ཚུལ་གྱིས་རྣམ་པར་འཕགས། །ཅེས་སོ། །དེ་ལྟར་དཀྱིལ་འཁོར་བཞི་སྲོག་ཤིང་གསུམ་བསྒོམ་པའོ། ༈ །ངག་དོན་ཉམས་སུ་བླང་བ་ལ་གསུམ་སྟེ། དཀྱིལ་འཁོར་གཅིག་རྟེན་པ་དང་། གཉིས་ལ་རྟེན་པ་དང་། བཞི་ལ་རྟེན་པའོ། །དང་པོ་གཅིག་ལ་རྟེན་པ་ནི། སྔོན་འགྲོར་བདུན་རྣམ་དག་བྱ། ལུས་གནད་ལྕོག་བུར་སྡད། བཤང་སྒོའི་རླུང་གཡོས། སུམ་མདོའི་མེ་སྦར། ལྟེ་བ་སྤྲུལ་པའི་འཁོར་ལོའི་ལམ་དམར་པོའི་ཤིན་ཏུ་ཆ་འཕྲ་བ་ལ་ཕོག །ཨཾ་ལས་མེ་དམར་ཞིང་ཚ་བ་ལྟེ་བ་ན་སོར་བཞི་ཙམ་འབར་བར་བསམ། འོག་རླུང་གཉིས་མར་རྩེ་སྤྲད་ལ། རླུང་རིམ་གྱིས་ཁ་སྦྱར་ལ། ཐུན་ལ་དྲངས་ཚད་མྱེད་པར་བྱ། རང་གི་ཡིད་འཇུག་ཡུལ་རྟག །བསྒོམ་པའི་ལམ་དེ་སྦྱང་། རྟོགས་པའི་ལྟ་བ་རྐྱང་། ཉམས་དང་དྲོད་བྱུང་རྒྱལ་དུ་གཏང་ངོ་། །གཉིས་པ་རྟེན་པ་ནི། ལུས་ལྕོག་བུ་ལས། རླུང་མར་རྩེ་སྤྲད་པས། ལྟེ་བའི་ༀ་ལས། མེ་ཤིན་ཏུ་ཆ་འཕྲ་བ་འབར། རྩ་དབུའ་མ་ན་ཡང་སོང་། སྙིང་ཀའི་དཀྱིལ་འཁོར་གྱི་དབུས་ན། ཧཱུྃ་སྔོ་སྐྱ་མགོའ་ཐུར་དུ་ལྟ་བ་ལ་ཕོག །ཧཱུྃ་གི་བྱང་ཆུབ་སེམས་ཆ་འཕྲ་བ་ལྟེ་བའི་ལམ་གྱི་བར་དུ་འཛག་སྟེ། དཀར་དམར་གྱི་རྣམ་པ་ལ་བློ་གཏད་དེ། རླུང་རིམ་གྱིས་ཁ་སྦྱར་བ་གོང་དང་འདྲའོ། །བཞི་པ་རྟེན་པ་ནི། སུམ་མདོའི་རླུང་མེ་མ་དང་། ཉི་མ་གཉིས་རྩེ་སྤྲད་པས། གཡས་རོ་མ་འཛག་པའི་ལམ་ན་ཡར་ལ་མེ་སོང་། སྙིང་ཁར་ཆོས་ཀྱི་དཀྱིལ་འཁོར་གྱི། དཔའ་བོ་འབྲུ་ལྔ་དང་། འགྲོ་དྲུག་གི་ཡི་གེ་སྲེགས། མགྲིན་པ་ལོངས་སྤྱོད་དལ་གྱི་ཡིག་འབྲུའ་རྣམས་སྲེགས། མེས་སྤྱི་བོ་བདེའ་ཆེན་གྱི་ཧཾ་ཁ་དཀར་པོ་མགོ་འཐུར་དུ་ལྟ་བ་བསྲེགས་པས། ཧཾ་འོད་ དུ་ཞུ། གཡོན ་རྐྱང་མ་འབབ་པའི་ལམ་ན་མར་ལ་བྱུང་བས། མགྲིན་པའི་ཡིག་འབྲུ་རྣམས་ཁ་དོག་དམར་པོ་འགོའ་གྱེན་ལ་ལྟ་བར་གསལ་གདབ། ཡང་རྐྱང་མ་ནས་སྙིང་ཁའི་ཡིག་འབྲུ་རྣམས་གསོས། རྐྱང་མ་ནས་ལྟེ་བའི་ཨ་ལ་ཕོག་པས། ཨ་འཁྲོས་པའི་ཚུལ་དུ་ཆེར་འབར་བས། དེས་དབུས་ཀུན་དྷའ་མ་ཁ་ཅུང་ཞིག་བྱེ། དེའི་ནང་ན་ཡར་ལ་ཉི་ཟེར་ཙམ་སོང་བས། སྙིང་ཁའི་ཧཱུྃ་སྔོན་པོ་དང་། མགྲིན་པའི་ཨཾ་དམར་པོ་བཅོམ། སྤྱི་བོ་ཧཾ་ལ་རེག་པས། བདུད་རྩིའི་རྒྱུན་ལྟེ་བར་བབས་པར་བསམ་མོ། །རླུ ང་རིམ་གྱིས་ཁ་སྦྱར་བ་ལ་སོགས་པ་འདྲའོ། །དེ་ལྟར་བསྒོམས་ན། རྟགས་འབྱུང་སྟེ། རླུང་གཡས་ཀྱི་རྟགས་ནི། དུ་བ་ས་རླུང་། ཆུ་རླུང་དམིགས་རྒྱུ། མེ་རླུང་སྲིན་བུ་མེ་ཁྱེར། རླུང་གི་རླུང་མར་མེ་འབར་བ་ལྟ་བུ། ནམ་མཁའི་རླུང་ཟིན་ན། ནམ་མཁའ་སྤྲིན་མྱེད་ལྟ་བུ་སྐྱེའོ། །གཡོན་གྱི་རླུང་གིས་ནི། མུན་ནག་དང་། གློག་དང་། ཟླ་བའི་འོད་ཟེར་དང་། ཉི་མའི་འོད་ཟེར་རྣམས་འབྱུང་སྟེ། གོང་མ་ལས་ཟློག་པའོ། །ཉམས་སྐྱང་ངོ་། །དཀྱིལ་འཁོར་ལས་རྟགས་བྱུང་བ། ཅེས་པར་སྦྱར་རོ། །རོལ་པ་ནས། མེ་རླུང་སྦྱོར་བས་སྐུལ་བྱས་ཏེ། ཐིག་ལེ་འོད་ཟེར་གྱེན་འབར་བས། སྨིན་བྱེད་ཁྱབ་པ་བདེའ་བའི་མཆོག །རང་གི་གནས་སུ་རྣམ་པར་འཁྱིལ། ཅེས་གསུངས་སོ། །དཀྱིལ་འཁོར་ཅེས་སུམ་མདོའ་རླུང་གི་དཀྱིལ་འཁོར་ནི། དབྱིབས་གཞུའ་ལྟ་བུའོ། །སྔགས་ཡི་གེ་ཡཾ་ངོ་། རླུང་མེ་མ་དང་། ཉི་མ་གཉིས་སོ། །རྩའི་མགོའ་སྦྲུལ་ལྟ་བུ། རྩའི་ཡལ་ག་སྦྲུལ་ལྕེ་ལྟ་བུར་གནས་སོ། །རྐང་པས་འགྲོ་བ་ཡང་རླུང་དེས་བྱེད་པའོ། །དཀྱིལ་འཁོར་ཅེས་ལྟེ་སྐོག་མེའི་དཀྱིལ་འཁོར་ན། དབྱིབས་ནི་རྩ་གྲུ་གསུམ་དུ་གནས་པའོ། །སྔགས་ནི་ཡི་གེ་ཀྴ་དམར་ནག་གནས་པ། ཟས་དང་བཏུང་བ་འཇུ་བར་བྱེད་པ། རྩ་སྦོམ་འཕྲ་གྲོ་སོག་གི་བུ་ག་ཙམ་པའི་ནང་ན་རཾ་དམར་སྐྱ་དང་ཀྴ་གཉིས་གནས་སོ། །ལས་བྱུང་བ། །ཞེས་གོང་ལྟར་རྩ་རྐྱང་པ་ཉམས་སུ་བླངས་པས། དཀྱིལ་འཁོར་གཅིག་ལ་རྟེན་ནས་བསྒོམ་པ་དང་། གཉིས་ལ་རྟེན་ནས་བསྒོམ་པ་དང་། བཞི་ལ་རྟེན་ནས་བསྒོམ་པས། རྟགས་དུ་བ་དང་། དམྱིགས་རྒྱུ་ལ་སོགས་པ་བྱུང་བའི་དུས་དེ་ན། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་རྟོགས་པར་འགྱུར་བའི་སྔ་ལྟས་འབྱུང་བའོ། །དུས་དེ་ཙམ་ན་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྦྱང་ཞིང་བསྒོམ་པས་ན། ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་གོ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་ཁྱད་པར་དུ་ཐུགས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། རང་གནས་ཀྱི་རིམ་པས་མཆོག་ཏུ་གྱུར་པ་དང་། བསྒོམ་པའི་ཉམས་ཀྱི་མཆོག་ཏུ་གྱུར་པའོ། །དང་པོ་རང་གནས་ཀྱི་རིམ་པས་མཆོག་ཏུ་གྱུར་པ་ནི་རྩ་བརྒྱད་ཡང་བཞིར་བསྡུས་ཏེ། གཅིག་ཆོས་ཉིད་ཀྱི་རྩ། གཉིས་པ་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩའོ། །དེ་ལ་ཆོས་ཀྱི་རྩ་ལ་དགུའ་སྟེ། མདོག་ནི་སེར་པོའོ། །དབྱིབས་ནི་ཟླུམ་པོའོ། །ཚུལ་ནི་དངུལ་ཆུ་ཞུན་མ་ལ་ར་གན་གྱི་སིལ་པ་སོང་བ་འདྲའོ། །རྣམ་པར་ཤེས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་གནས་སོ། །སྐུ་གསུང་ཐུགས་ལས་ནི། སྐུའི་སྙིང་པོ་ༀ་དཀར་པོའོ། །འགྲོ་བའི་ས་བོན་ལས་ནི། ཡི་དྭགས་དང་ལྷ་མ་ཡིན་གྱི་ས་བོན་པྲེ་དམར་པོ་དང་སུ་སེར་པོ་གནས་སོ། །འོད་སེར་པོ་རྩའི་དྭངས་མ་དར་དཀར་སྐུད་པ་ལ་རྒྱུའོ། །གནས་ཚུལ་ནི། ༀ་གྱི་འོག་ན་པྲེ་སུ་གནས་སོ། །བག་ཆགས་ནི། ཡི་དྭགས་དང་ལྷ་མ་ཡིན་དུ་སྐྱེ་བའི་ཁ་ཟིན་ཀུན་གཞིའི་རྣམ་ཤེས་ཀྱིས་བྱས་ནས་ས་བོན་པྲི་དང་དུ་ལ་ཕོག་གོ། །ཡེ་ཤེས་ཀྱི་རྩ་ལ་དགུ་སྟེ། མདོག་ནི་མཐིང་ཀ །དབྱིབས་ནི་གྲུ་བཞི་ཞགས་པ་སྡོམས་པའམ་སྦྲུལ་འཁྱིལ་བ་བཞིན་ནོ། །ཚུལ་ནི་དར་ལེའུ་རྒན་ལ་ཤེལ་སྒོར་རྒྱུས་པ་བཞིན་ནོ། །རྣམ་པར་ཤེས་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་གནས་སོ། །སྐུ་གསུང་ཐུགས་ལས་ནི། ཐུགས་ཀྱི་སྙིང་པོ་ཧཱུྃ་མཐིང་ཀའོ། །འགྲོ་བའི་ས་བོན་ལས་ནི། ལྷའི་ཨ་དཀར་པོ་དང་། མིའི་ནྲྀ་སྔོན་པོའོ། །ཚུལ་ནི། འོད་མཐིང་ཀ་ལ། དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་རྒྱུའོ། །ཨ་ནྲྀ་གཉིས་དབུགས་ཀྱི་སྙིགས་མ་ལ་རྒྱུའོ། །གནས་ཚུལ་ནི། ཧཱུྃ་གི་འོག་ནས་ཨ་ནྲྀ་གཉིས་གནས་སོ། །བག་ཆགས་ནི། ལྷ་མིར་སྐྱེ་བའི་ཁ་ཟིན་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ནས། ས་བོན་ཨ་དང་ནྲྀ་ལ་སོག་གོ། །རང་རྒྱུད་ཀྱི་རྩ་ལ་ཡང་དགུའ་སྟེ། མདོག་ནི་དམར་པོའོ། །དབྱིབས་ནི་ཟླ་ཁམ་མོ། །ཚུལ་ནི། སོས་ཀའི་ཆུ་ལ་དམྱིགས་རྒྱུ་བྱུང་བའམ། ཡང་ནི་རྩི་སྐྱའི་ཁ་ལ་ཟིལ་པ་ཆགས་པའམ། ཟངས་ཞུན་མ་ལ་ར་གན་གྱི་རྩི་སོང་བ་འདྲའོ། །རྣམ་པར་ཤེས་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་གནས་སོ། །སྐུ་གསུང་ཐུགས་ལས་ནི། གསུང་གི་ཨ་དམར་པོའོ། །འགྲོ་བ་དྲུག་ལས་ནི། བྱོལ་སོང་གི་དུ་དུད་ཀ་དང་། དམྱལ་བའི་ཏྲི་ནག་པོའོ། །རྒྱུ་ཚུལ་ནི། འོད་དམར་པོ་ལ་ཁྲག་གི་དྭངས་འཚལ་ལྕོག་ལ་བའི་ཁུ་བ་ཙམ་རྒྱུའོ། །ཁྲག་གི་སྙིགས་མ་ལ་དུ་ཏྲི་གཉིས་རྒྱུའོ། །གནས་ཚུལ་ནི། འོད་དམར་པོའི་འོག་ན་དུ་ཏྲི་གཉིས་གནས་སོ། །བག་ཆགས་སོག་པ་ནི། བྱོལ་སོང་དང་དམྱལ་བར་སྐྱེ་བའི་ཁ་ཟིན་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བྱས་ནས་ས་བོན་ཏྲི་དང་དུ་ལ་སོག་གོ། །ཡོན་ཏན་གྱི་རྩ་ལ་ལྔ་སྟེ། མདོག་དམར་ནག་གོ། །དབྱིབས་བྱ་གག་གི་ཟེ་བ་འདྲའོ། །ཚུལ་ནི་བ་ཐག་མའི་རྒྱ་ལྟར་འཕྲའོ། །རྣམ་ཤེས་ནི། སྒོ་ལྔའི་རྣམ་ཤེས་འཆར་རོ། ། ལས་རྟོགས་ན་ཡོན་ཏན་དུ་འཆར་ཏེ། ༀ་ལ་སོགས་པས་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་འགྱུར་ལ། མ་རྟོགས་ན་ཨ་ནྲྀ་སུ་ཏྲི་པྲེ་དུ་དྲུག་གིས་འཁོར་བ་རིགས་དྲུག་ཏུ་འཁྱམ། དེ་གཉིས་འདྲེས་ནས་བྱང་སེམས་ལ་འཁོར་འདས་ཚང་བར་གནས་སོ། །དེ་ལྟར་གནས་པས་ན་ཐུགས་ཀྱི་དཀྱིལ་འཁོར་ཅེས་བྱའོ། །གཉིས་པ་བསྒོམ་པའི་ཉམས་ཀྱི་མཆོག་ཏུ་གྱུར་པ་ནི་གསུམ་སྟེ། བསྒོམ་བྱ་དང་། བསྒོམ་ཐབས་དང་། བསྒོམ་ཉམས་སོ། །བསྒོམ་བྱ་ནི། དེ་ལྟར་གནས་དེའི་རྩ་རྣམས་མདོའ་གཅིག་ཏུ་འདུས་པས་ན། ཡུམ་ལྔའི་དབང་དུ། སའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ནི་སངས་རྒྱས་སྤྱན། རྩ་དེ་ལ་ཆུའི་དྭངས་མ་མཚལ་ལྕོག་ལ་བའི་ཁུ་བ་འདྲ་བ་གནས་པ་ནི་མ་མ་ཀི། དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་གནས་པ་ནི་གོས་དཀར་མོ། དེ་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་གནས་པ་ནི་དམ་ཚིག་སྒྲོལ་མ། དེའི་ནང་ན་ཐིག་ལེ་སྟོང་པ་ནི་ཡུམ་དབྱིངས་ཕྱུག་མའོ། །དེ་ལ་ཡབ་ལྔའི་དབང་དུ། འོད་བཞི་ནི་ཡེ་ཤེས་བཞི། དབུས་སྟོང་པ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡེ་ཤེས་ལྔ་རིགས་ལྔའོ། །དེ་ལྟར་རྩ་ཆོས་སྐུར་བསྟན་ན། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། ཐིག་ལེ་བྱང་ཆུབ་སེམས་སྟོང་ཞིང་བདག་མྱེད་པ། གསེར་ཞུན་མའི་བུ་གར་ནོར་བུ་རིན་པོ་ཆེ་ཟེའུ་ཀ་བཅུག་པ་འདྲ་བར་མི་སྒྲིབ་པར་གསལ་བ། ཉི་མ་ཤར་བའི་དཀྱིལ་ལྟར་བཞུགས་སོ། །དེ་ནི་སྒོ་བྱ་རང་གནས་པའོ། །བསྒོམས་པའི་ཐབས་དངོས་ནི། རིགས་ལྔའི་སངས་རྒྱས་ཡབ་ཡུམ་ལོངས་སྐུ། སྐུ་གསུང་ཐུགས་ཀྱི་ཡི་གེ་སྤྲུལ་སྐུ། འགྲོ་བ་དྲུག་གི་ཡི་གེ་སྦྱང་བྱ། ཐིག་ལེ་བྱང་ཆུབ་སེམས་ཐོབ་བྱ་དེ་ལྟས་ཏེ། རླུང་བཟུང་ནས་ཐིག་ལེས་འགྲོ་དྲུག་གི་ས་བོན་གཞུའ། ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མྱེད་དུ་ཐིམ་པར་བྱའོ། །དེ་བསྒོམས་པའི་ཉམས་ནི། དེ་ལྟར་ཐིག་ལེ་བྱང་ཆུབ་སེམས་སུ་རུང་ན། སྐུ་གསུང་ཐུགས་ཀྱི་ཡི་གེའི་འོག་ན། འགྲོ་དྲུག་ས་བོན་ཡོད་པ་ཞུ་འོད་དུ་འབར་ཏེ། ཐིག་ལེ་རང་བཞིན་མྱེད་པར་གྱུར། དེ་ལ་འགྲོ་བ་དྲུག་རང་དག་ཅེས་བྱ། དེས་རྩ་དར་དཀར་གྱི་སྐུད་པ་རྟའི་རྔ་མ་བཅུ་ཚལ་ཙམ་པ་ཐིམ། དེ་ཁྲག་གི་དྭངས་མ་ལ་ཐིམ་པའི་དུས་ན། ས་ཆུ་ལ་ཐིམ་ཞེས་བྱ། དེ་དྲོད་ཀྱི་དྭངས་མ་ལ་ཐིམ། ཆུ་མེ་ལ་ཐིམ་ཞེས་བྱ། དེ་དབུགས་ཀྱི་དྭངས་མ་ལ་ཐིམ། དེའི་དུས་ན་མེ་རླུང་ལ་ཐིམ་ཞེས་བྱ། དེས་བདེའ་བ་ཆེན་པོ་གཡོན་ནས་འོད་འབར་ཏེ། དྭངས་མར་གྱུར་པ་ནི། རླུང་རྣམ་པར་ཤེས་པ་ལ་ཐིམ་ཞེས་བྱ། དྭངས་མ་ཉིད་ཀྱང་རང་བཞིན་མྱེད་པར་སོར་སྟེ། ནམ་མཁའི་གཟུགས་སུ་སྐྱེས་ཙམ་ན། ཁམས་གསུམ་ཐམས་ཅད་སོ་སོ་མ་ཡིན། ཡེ་ཤེས་སུ་ལྷུན་གྱིས་གྲུབ་སྟེ། ཆོས་ཀྱི་སྐུར་གནས་པ་ནི། དཀྱིལ་འཁོར་མཆོག །ཅེས་བྱའོ། །དེས་ནི་ཐུགས་ཁ་ཆོས་ཀྱི་དཀྱིལ་འཁོར་དུ། ཀུན་ཏུ་བཟང་པོ་ཐིག་ལེ་ཆོས་ཀྱི་སྐུར་བསྒོམ་པ་བསྟན་པ་ཡིན་ནོ། །གསང་བའི་ཐིག་ལེའི་དཀྱིལ་འཁོར་དབྱིངས། །ཞེས་ཕྱི་དབྱིངས་ལྟར་བཤད་ན། གསང་བ་ནི། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ཏེ། གསང་བ་བྷ་གའི་དཀྱིལ་འཁོར་དང་འབྲེལ་བ་སྟེ། འཁོར་ལོའི་རང་བཞིན་དུ་ཡོད་པའོ། །ནང་གསང་སྔགས་ཀྱི་བདག་ཉིད་དུ་བཤད་ན། ཕྱི་དབྱིབས་ཡི་གེ་ཨར་སྣང་། ནང་ན་བསམ་གཏན་གྱི་ༀ་དཀར་པོ། ཤེས་རབ་ཀྱི་ཨ་དམར་པོ། ཟུང་འཇུག་གི་ཧཱུྃ་མཐིང་ཀ །འགྲོ་དྲུག་གི་ལྷའི་ཨ་དཀར་པོ། མིའི་ནྲྀ་སྔོན་པོ། ལྷ་མ་ཡིན་གྱི་སུ་སེར་པོ། དུད་འགྲོའི་དུ་དུད་ཀ །ཡི་དྭགས་ཀྱི་པྲི་དམར་པོ། དམྱལ་བའི་ཏྲི་དམར་ནག །དབུས་ན་སྙིང་པོའི་ཨ་དཀར་པོ་དང་། ལྷ་སྲིན་གྱི་ཀྴ་དམར་ནག་དང་། སྟོབས་ཀྱི་ཧཱུྃ་མཐིང་ཀ་རྣམས་སོ། །གསང་བ་ཆོས་ཀྱི་ན། ལྟེ་བ་ན་ཀུན་གཞིའ་ཀུན་ཏུ་བཟང་མོའི་ས་བོན་ཐིག་ལེ་ཉུངས་དཀར་འབྲིང་པོ་ཙམ་གནས་དེ། དེས་མ་ལྟེ་དང་བུ་ལྟེར་འབྲེལ། མས་ཟོས་པའི་བཅུད་བུའི་ལྟེ་བ་ནས་གསོའ། རྟོགས་ན་ལྷན་གཅིག་སྐྱེས་པའི་ཡེ་ཤེས་འཆར། དེ་ལྟར་འཁོར་འདས་ཚང་བས་དཀྱིལ་འཁོར་རོ། །རྟོགས་ན་ཀུན་ཏུ་བཟང་མོ། ཤེས་རབ་ཆོས་དབྱིངས་སུ་འགྱུར་རོ། །དེ་ཁོ་ན་ལྟར་ན། བདེའ་བ་འཆར་བའི་རླུང་མེ་དང་མཉམ་པའོ། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཞེས་གོང་ལྟར་ཀུན་ཏུ་བཟང་པོ་ཐུགས་ཀར་འབྱོངས་ནས། ཐིག་ལེ་ལྟེ་བར་ཕབ་པས། འོད་ལྔ་འབར་ཏེ། སའི་དར་མ་དར་དཀར་གྱི་སྐུད་པ་ནི། འབྱུང་བ་ས་ལྟ་བུར་སྣང་ནས། སྡོད་མ་ནས་ཕུང་པོའི་རྟེན་བྱེད་པ་ནས། ཡུམ་སངས་རྒྱས་སྤྱན་ནོ། །དེ་རྟོགས་པའི་དུས་ན། སྟོང་པ་ཆེན་པོའི་ཡེ་ཤེས་ཏེ། ཐམས་ཅད་དབྱིངས་རྣམ་པར་དག་པའི་ཐིག་ལེའི་ངང་དུ་འགྱུར་བ་མྱེད་པའི་རྟེན་བྱེད་པའི་ལས་ཅན་ནོ། ། ཆུའི་དྭངས་མ་མཚལ་ལྕོག་ལ་བའི་ཁུ་བ་ལྟ་བུ་ནི། གདོད་མ་ནས་ཕུང་པོའི་ལོང་འདོགས་པས། འབྱུང་བ་ཆུ་ལྟར་སྣང་སྟེ། དེ་ནི་མ་མ་ཀིའོ། །དེ་རྟོགས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་དེས་ཐམས་ཅད་དབྲི་སྐོལ་མྱེད་པར་དབྱིངས་སུ་སྡུད་པའི་ལས་ཅན་ནོ། །དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ནི། སྡོད་མ་ནས་ལུས་སྨིན་པར་བྱེད་པའི་རང་བཞིན་འབྱུང་བ་མེ་ལྟར་སྣང་སྟེ། ན་བཟའ་དཀར་མོའོ། །དེ་རྟོགས་ན་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེས་ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མེའོ། །དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་མནན་པའི་རླངས་པ་ཙམ་པ་ནི། གདོད་མ་ནས་ཕུང་པོ་ཡང་ཞིང་གཡོའ་བར་བྱེད་པའི་ལས་ཅན་ཏེ། འབྱུང་བ་རླུང་ལྟར་སྣང་བས་ཡུམ་དམ་ཚིག་སྒྲོལ་མའོ། །དེ་རྟོགས་ན་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། བདེའ་བ་ཆེན་པོའི་དབྱིངས་སུ་སྐྱོད་པའི་ལས་ཅན་ནོ། །དེ་དག་འོད་ཁ་དོག་སྣ་ཚོགས་སུ་སྣང་ཞིང་སྟོང་བ་ནི། དྭངས་མ་ཆེན་པོ་སྟེ། སྡོད་མ་ནས་ཕུང་པོ་སྟོང་པའི་ལས་ཅན་ཏེ། འབྱུང་བ་ནམ་མཁའ་ལྟར་སྣང་བས། ཡུམ་དབྱིངས་ཕྱུག་མའོ། །དེ་རྟོགས་ན་མེ་ལོང་ལྟ་བུའོ་ཡེ་ཤེས་ཏེ། རང་བཞིན་གྱིས་འོད་གསལ་ལོ། །དེ་བས་ན་རྒྱུ་འབྱུང་བ་ལྔ། རྐྱེན་ཤེས་རབ་ཀྱིས་སྟོང་པར་རྟོགས་པ། དོན་རིགས་ཀྱི་ཡུམ་ལྔ། འབྲས་བུ་ཡེ་ཤེས་ལྔ་དང་དབྱེར་མྱེད་པར་གནས་སོ། །གསང་བའི་ཐིག་ལེར་བཤད་པའོ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །ཞེས་དེ་ཁོ་ན་ཉིད་སྙིང་པོ་ཡེ་ཤེས་ཀྱི་རླུང་དུ་བཤད་ན། འབྱུང་བ་ཆེན་པོ་ནི་རིགས་ཀྱི་ཡབ་ལྔ་སྟེ། ནམ་མཁའ་ལྟར་ཁྱབ་པའི་རླུང་དང་། ས་ལྟར་བསྟན་པའི་རླུང་དང་། ཆུ་དང་འགྲོགས་པའི་རླུང་དང་། མེ་དང་དྲོད་མཉམ་པའི་རླུང་དང་། རླུང་ལྟར་ཡང་བའི་རླུང་ལྔའོ། །དེ་ལ་ནམ་མཁའ་ལྟར་ཁྱབ་པའི་རླུང་ནི་བདུན་ཏེ། གནས་སྙིང་ཁ་ན་གནས། ལས་སྲོག་འཛིན་ཅིང་འཆི་བར་བྱེད། ཟིན་ན་རྟགས་ཤེས་པ་གསལ་ལ་ཡང་། མ་ཆུན་ནས་ལོག་ན། ཤེས་པ་མཉོའ་བྲོས་བྱེད། རྒྱུ་ཚུལ་ནི་འཆི་བའི་ཚེ་ན་རྒྱུ། འབྱུང་བ་ན་ནམ་མཁའ་ཡིན། ལྷ་རྣམ་པར་སྣང་མཛད་དོ། །ས་ལྟར་བརྟན་པའི་རླུང་ནི་བདུན་ཏེ། གནས་ནི་ཚིགས་དང་མདངས་ཐམས་ཅད་ལ་གནས། ལས་ནི་ཚིགས་རྣམས་སྐྱེད་པར་བྱེད། ཟིན་ན་རྟགས་ལུས་བདེའ་ལ་ཡང་། མ་ཆུན་ནས་ལོག་ན་ཚིགས་ཁེངས་ནས་ན། རྒྱུ་ཚུལ་ནི་དལ་ཞིང་རྒྱུ་བ་མྱེད་པ་ལྟར་བསྟན། འབྱུང་བ་ན་ས་ཡིན། ལྷ་རྡོ་རྗེ་སེམས་དཔའ་ཡིན། ཆུ་དང་འགྲོགས་པའི་རླུང་བདུན་ཏེ། གནས་ལྐོག་མའམ་སྙིང་ཁ་ན་གནས་སོ། །ལས་ནི་གྱེན་དུ་རྒྱུ་ཞིང་ལྡང་བར་བྱེད་དོ། །ཟིན་ན་རྟགས་ཤེས་པ་གསལ་ཞིང་། དབུགས་བདེའ། མ་ཆུན་ནས་ལོག་ན། ཀོག་མ་ན། དང་ཀ་འགག །རྒྱུ་ཚུལ་ནི། སྣ་བུག་གཉིས་ཀ་ནས་དལ་བར་རྒྱུའོ། །འབྱུང་བ་ནི་ཆུ་ཡིན། ལྷ་རིན་ཆེན་འབྱུང་ལྡན་ནོ། །མེ་དང་དྲོད་མཉམ་པའི་རླུང་ལ་བདུན་ཏེ། གནས་ལྟེ་བ་ན་གནས། ལས་ཟས་འཇུ་བར་བྱེད། ཟིན་ན་རྟགས་ཤེས་པ་གསལ་ཞིང་ཕོ་བ་འདེའ། མ་ཆུན་ནས་ལོག་ན་རྨུ་ཆུར་འགྲོ། རྒྱུ་ཚུལ་ནི། སྣ་བུག་གཡས་ནས་རྒྱུ། འབྱུང་བ་ན་མེ་ཡིན། ལྷ་སྣང་བ་མཐའ་ཡས་སོ། །རླུང་ལྟར་ཡང་བའི་རླུང་ནི་བདུན་ཏེ། གནས་གསང་བ་ན་གནས། ལས་དྲི་ཆུ་ཐུར་དུ་སེལ། ཟིན་ན་རྟགས་ཤེས་པ་གསལ་ཞིང་འོག་རླུང་བདེའ། མ་ཆུན་ནས་ལོག་ན་དྲི་ཆུ་སྡོམ་མོ། །རྒྱུ་ཚུལ་ནི། སྣ་བུག་གཡོན་ནས་རྒྱུའོ། །འབྱུང་བ་རླུང་ཡིན། ལྷ་ནི་དོན་ཡོད་གྲུབ་པའོ། །རླུང་ལྔ་པོ་དེ་ལོག་ནས་མནོན་ན། རྒྱུད་ཚིག་ཟབ་མོའི་ལྟ་བས་ལོག་མནན། བྱིན་བརླབས་ཅན་གྱི་བླ་མ་སྤྱིི་བོར་བསྒོམ་ལ་ལོག་མནན། བསོད་ནམས་ཅད་ཀྱི་ཚོགས་འཁོར་བྱས། ལ་ལོག་མནན་ལུས་ཀྱི་འཁྲུལ་འཁོར་བྱས་པ་ལོག་མནན་ནོ། །དེ་ལ་རླུང་ལྔ་ལ་ཆེན་པོར་འཇོག་པ་ནི། ཐ་མ་པའི་ལུས་ཀྱི་བྱ་བ་བྱེད་པས་ཆེ། རྣལ་འབྱོར་པའི་དངོས་གྲུབ་སྒྲུབ་པས་ཆེ། འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པས་ཆེའོ། །དེ་ཡང་བཤད་རྒྱུད་ཁྲོ་བོ་ཆེན་པོ་སྟོབས་ཀྱི་རྣལ་འབྱོར་དབང་ཕྱུག་སྒྲུབ་པའི་རྒྱུད་ལས། ས་ཡི་རླུང་དང་ཆུ་དང་མེ། །རླུང་དང་རིམ་བཞིན་འབྱུང་བྱེད་པ། །གྱེན་དང་ཐུར་དུ་འབྱུང་བར་བྱེད། །གྱེན་ དུ་གཡས་གཡོན ་གཉིས་ཀ་ནས། །དལ་དྲག་རིམ་པར་རྒྱུ་བ་ནི། །ཞེས་པས་སོ། །གསང་བ་ཐིག་ལེ་དང་སྦྱར་ན། དྲི་ཆེན་གྱི་དྭངས་མ་དང་། རག་ཏའི་དྭངས་མ་དང་། བྱང་ཆུབ་སེམས་ཀྱི་དྭངས་མ་དང་། ཤ་ཆེན་གྱི་དྭངས་མ་དང་། དྲི་ཆུའི་དྭངས་མ་དང་རྣམས་སོ། །དེ་ཡང་རྩའི་མདུད་པ་རེ་རེའི་ནང་ན། ཐིག་ལེ་རེ་རེ་རླུང་རེ་རེ་གནས་པའོ། །རྩ་འཁོར་ལོ་བཞི་དང་བཅས་པ་ལ་ཁྱབ་པར་གནས་པ་ཁ་ནའོ། །དེ་ལྟར་ཕྱིའི་དབྱིབས་དང་། ནང་གི་སྔགས་དང་། གསང་བ་ཆོས་དང་། དེ་ཁོ་ན་ལྟར་བདེའ་བ་དང་སྦྱར་ནས་བཤད་པས་རང་ལ་གནས་ཚུལ་ཤེས་ལ། འབྱུང་བ་འབྱོངས་ཚུལ་ནས་བཤད་པས་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་ནི། འབྱུང་བ་ཆེན་པོ་ལྔར་བཤད་པས་སངས་རྒྱས་རིགས་ལྔའི་དགོངས་པ་རྟོགས་པའོ། ༈ །ནང་གི་སེམས་དཔའ་ནི། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། ༈ །ཕྱིའི་སེམས་དཔའ་ནི། དབང་པོ་ཡུལ་སེམས་མ་དུས་སེམས་མ་རིག་ཁྲོ་བོ་རྣམས་པའི་རྣམས། །ཞེས་དེ་ཁོ་ན་ཉིད་རླུང་དང་སྦྱར་ན། བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས་ནི། སྐྱེ་འཇིག་མེད་པའི་རྡོ་རྗེ་སྟེ། རྒྱུ་བའི་རླུང་དམྱིགས་ལ་གནས་པ་དང་། རབ་ཏུ་རྒྱུ་བ་རྣ་བ་ལ་གནས་པ་དང་། ཤིན་ཏུ་རྒྱུ་བ་སྣ་ལ་གནས་པ་དང་། མངོན་པར་རྒྱུ་བ་ལྕེ་ལ་གནས་པ་དང་། ཡང་དག་པར་རྒྱུ་བ་ལུས་ལ་གནས་པ་སྟེ། དེ་ལ་རྒྱུ་བའི་རླུང་ནི། གནས་དམིག་ལ་གནས། ལས་གཟུགས་མཐོང་བར་བྱེད། ཟིན་ན་དམིག་གི་མངོན་ཤེས་ཐོབ། མ་ཆུན་ན་དམིག་སྐྱོན་ཡོང་། རང་བཞིན་ནི་དམིག་གི་རྣམ་ཤེས་སའི་སྙིང་པོ་དང་། དེའི་ཡུལ་སྒེག་མོར་རིག་པ་དང་། དམིག་གི་དབང་པོ་བྱམས་པ་དང་། དཔྱིད་ཀྱི་དུས་སྤོས་མ་རྣམས་སུ་རླུང་དེས་རིག་པར་བྱེད་དོ། །རབ་ཏུ་རྒྱུ་བའི་རླུང་ནི། གནས་རྣ་བ་གཉིས་ལ་གནས། ལས་སྒྲ་ཐོས། ཟིན་པའི་ཡོན་ཏན་སྙན་གྱི་མངོན་ཤེས་འཆར། མ་ཆུན་ན་རྣ་བའི་སྒྲ་སྐྱོན་ཡོང་། རང་བཞིན་ནི། རྣ་བའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ་དང་། དེའི་ཡུལ་གར་མ་དང་། རྣ་བའི་དབང་པོ་འཇམ་དཔལ་དང་། རྒྱུན་གྱི་དུས་སུ་དྲི་ཆབ་མ་རྣམས་རླུང་དེས་འབྱེད་རིག་པར་བྱེད་དོ། །ཤིན་ཏུ་རྒྱུ་བ་ནི། གནས་སྣ་ལ་གནས། ལས་དྲི་ཚོར་བར་བྱེད། ཟིན་ན་རྫུ་འཕྲུལ་གྱི་མངོན་ཤེས་འཆར། མ་ཆུན་ན་སྣ་ལ་སྐྱོན་ཡོངས། རང་བཞིན་ནི། སྣའི་རྣམ་ཤེས་ནམ་མཁའི་སྙིང་པོ་དང་། དེའི་ཡུལ་འཕྲེང་བ་མ་དང་། སྣའི་དབང་པོ་སྒྲིབ་སེལ་དང་། དབྱར་གྱི་དུས་སུ་མེ་ཏོག་མ་རྣམས་སུ་རིག་པར་བྱེད་པའོ། །མངོན་པར་རྒྱུ་བ་ནི། གནས་ལྕེ་ལ་གནས། ལས་རོ་ཚོར་ཞིང་མྱོང་། ཟིན་ན་ཡོན་ཏན་ནི་སྔོན་གྱི་གནས་དྲན་པའི་མངོན་ཤེས་འཐོབ། མ་ཆུན་ན་ལྕེ་ལ་སྐྱོན་ཡོང་། རང་བཞིན་ལྕེའི་རྣམ་པར་ཤེས་པ་སྤྱན་རས་གཟིགས་དང་། དེའི་ཡུལ་གླུ་མ་དང་། ལྕེའི་དབང་པོ་ཀུན་བཟང་དང་། སྟོན་གྱི་དུས་མར་མེ་མ་རྣམས་སུ་རིག་པར་བྱེད་དོ། །ཡང་དག་པར་རྒྱུ་བ་ནི། གནས་ལུས་ལ་གནས། ལས་རེག་བྱ་ཚོར། ཟིན་ན་གཞན་གྱི་སེམས་ཤེས་པའི་མངོན་ཤེས་འཆར། མ་ཆུན་ན་ལུས་ལ་སྐྱོན་ཡོང་། རང་བཞིན་ནི། ལུས་ཀྱི་རྣམ་པར་ཤེས་པ་བཞི་ཁྲོ་བོ་བཞི། དེའི་ཡུལ་བཞི་ཁྲོ་མོར་རིག་གོ། །དེ་ཡང་ཁྲོ་བོ་སྟོབས་ཀྱི་རྒྱུད་ལས། རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་རྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གཡས། །ངེས་པར་རྒྱུ་བ་ལུས་ཉིད་དེ། །དམྱིག་དང་རྣ་བ་སྣ་དང་ལྕེ། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད། །རྣམ་ཤེས་དབང་པོས་ཕྱི་ནང་ཕྱེ། །ཡུལ་བརྒྱད་འཛིན་པས་རྣམ་བཟུང་བ། །ཕྱི་ནང་སེམས་མ་བརྒྱད་དུ་ཤར། །ཅེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་རང་བཞིན་ཀུན་ཏུ་བཟང་པོ་ནི། རྩ་རླུང་ཐིག་ལེ་ཡི་གེ་རྣམས་ཀྱི་རང་བཞིན་ལྷར་དག་པའོ། །དུས་ཀུན་ཏུ་བཟང་པོ་ནི། ཡེ་སྡོད་མ་ནས་རྟོགས་རུང་མ་རྟོགས་རུང་སངས་རྒྱས་པའི་རང་བཞིན་དུ་གནས་པའོ། །དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་རིག་ཅིང་རྟོགས་པའི་དུས་ན། ཆོས་ཐམས་ཅད་ཡིད་རང་འབྱུང་གི་ཡེ་ཤེས་སུ་འདུས། ཡིད་རང་འབྱུང་གི་ཡེ་ཤེས་དེ་ཁོ་ན་ཀུན་ཏུ་བཟང་པོ་ཡིན་པས་སོ། །དེ་ལྟར་བས་ན་སྤྱོད་ཡུལ་ཐམས་ཅད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཡིན་པ་དེ་ལ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བདག་ཉིད་ཆེན་པོའི་ལྟ་ཞིང་བསྒོམ་པར་བྱེད་དོ། །བདག་ཉིད་ཆེན་པོ་ལྷག་པ་ཡིས། །ཞེས་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་རྟོགས་པས་བདག་ཉིད། དགོས་པ་རང་ལ་ཚང་བས་ཆེན་པོ། སེམས་ཅན་གྱི་སེམས་ལས་ལྷག་པར་གྱུར་པས། རྒྱལ་བ་རང་ལ་གནས་པར་རྙེད་པས་ཡིད་ཅེས་བྱ་སྟེ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པའོ། །ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་། །ཞེས་རང་གི་སེམས་ཉིད་སྟོང་པ་ཆོས་དབྱིངས་ཡེ་ཤེས། གསལ་བ་མེ་ལོང་ཡེ་ཤེས། མཁྱེན་པ་སོ་སོར་རྟོགས་པའི་ཡེ་ཤེས། ཐམས་ཅད་གཅིག་པར་ཤེས་པ་མཉམ་ཉིད་ཡེ་ཤེས། སངས་རྒྱས་ཐམས་ཅད་རང་ལ་གནས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། ༈ །འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་རང་གི་ཐུགས་ཀྱི་ཡེ་ཤེས་ལ་ལྟ་ཞིང་བསྒོམ་སྟེ། དང་པོ་བསྒོམ་པའི་གནད་ནི། ལུས་ལྕོག་བུར་སྡད། རང་གི་རྐང་མཐིལ་གཉིས་སུ་རཾ་དམར་ནག་བསམ། རྐང་མཐིལ་སྐྱོད་རླུང་ཁ་སྦྱར་བས། མེ་འབར་ནས་ལོང་བུའི་རྩ་ནང་ན་ཡར་སོང་བས། བརླའི་རྩ་བོ་ཆེའི་ནང་ན་ཡར་ལ་ཞུགས། གསང་གནས་སུ་མེ་གཉིས་འཛོམ། མེ་དེ་ཡང་འཕྲ་ཞིང་རྣོ་བ། གཡོའ་ལ་མྱུར་བ། ཚ་ལ་དྲག་པ། རྩུབ་ལ་འཕྲོ་བར་བསམས་ལ། རླུང་ཁམ་གྱིས་ཚོད་བཟུང་། ཟས་དང་སྤྱོད་ཁམ་གྱིས་ལྕག་གིས་སྐུལ། ཐུན་བཞིར་ངེས་པར་བྱ། དེ་ལ་ཉམས་མ་སྐྱེས་པ་སྐྱེད་པའི་དོན་དུ་རབ་ཞག་གསུམ་བྱ། སྐྱེས་པ་ཐོགས་དབྱུང་བའི་དོན་དུ་འབྲིང་ཞག་ལྔ། ཉམས་བསྟན་པའི་ཕྱིར་ཐ་མ་ཞག་དགུའོ། །ལྟེ་བ་མན་ཆད་དུ་ཐིག་ལེ་འཐབ་མོ་བྱ་སྟེ། མེའི་རྩེ་མོ་ཐིག་ལེ་དཀར་པོ་སྲན་མ་ཙམ། དེའི་སྟེང་དུ་ཐིག་ལེ་དཀར་པོ་དེ་བས་ཆེ་བས་དེ་ལ་རྒྱབ་བས། འོད་ཟེར་གྱིས་ནང་ཐམས་ཅད་གང་བར་བསམ་མོ། །དེ་ནས་ཡང་དམིགས་པ་འཕོས་ཏེ། སྙིང་ཁ་མན་ཆད་དུ་ཐིག་ལེའི་རྩེ་མོ་ལ་མེ་སྐོ་རུ་ལྟར་འཁོར་བས་ཐམས་ཅད་མེས་གང་། དེ་ནས་ཡང་དམིགས་པ་འཕོས་ཏེ། མགྲིན་པ་མན་ཆད་དུ་མེ་འཁོར་རོ་ལ་འཁོར་བར་བསམ་མོ། །དེ་ནས་ཡང་དམིགས་པ་འཕོས་ཏེ། སྤྱི་བོ་མན་ཆད་མེ་དམར་ཆི་ལི་ལི་ཁེངས་པར་བསམ་མོ། །དེ་ནས་ཡང་དམིགས་པ་འཕོས་ཏེ། སྤྱི་བོའི་ཐིག་ལེ་ཞུ་ནས་སམ། ཡང་ན་སྙིང་ཁའི་གནས་ལུགས་རྣམས་ཞུ་ནས་ལྟེ་བར་བསམ། ལྟེ་བ་ནས་གྱེན་དུ་འཕྲོས་པས། ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་དུ་འབར་བ་ལ། ལྟ་ཞིང་སེམས་བཟུང་ནི། ལྟེ་བར་ཀུན་ཏུ་བཟང་མོ་བསྒོམ་པའི་མན་ངག་གོ། །བསྒོམ་ལུགས་སྤྱིར་འདྲ་ཡང་། གཞུང་ཚོད་རྩི་ན་སྙིང་ཀ་མན་ཆད་བདེ་གསུང་ངོ་། །སྙིང་པོའི་ཐིག་ལེ་མཉམ་སྦྱོར་བས། །ཞེས་སྙིང་པོ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའོ། །སྙིང་པོ་ཆོས་ཀྱི་འཁོར་ལོ་ཡེ་ཤེས་ཀྱི་སྙིང་པོའོ། །དབྱིངས་ཀྱི་ཐིག་ལེ་སྟོང་པ་དང་། ཡེ་ཤེས་ཀྱི་ཐིག་ལེ་གསལ་བ་གཉིས་འདྲེས་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང་མཉམ་པར་སྦྱོར་བས། བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཞེས་དབྱིངས་ཡེ་ཤེས་འདྲེས་པའི་ཐིག་ལེ་དེ། རྣོ་བ། མྱུར་བ། ཚ་བ། དྲག་པ། གསལ་བ། མི་རྟོག་པར་ཤར་བས། ཡེ་ཤེས་ཀྱི་རོ་བདེ་གསལ་མི་རྟོག་པར་གྱུར་པ་དེ། ཅིར་ཡང་སྣང་བས་རོལ་མོ་ལྟ་བུའོ། །དེ་ལྟ་བུ་དེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བདེའ་བ་ཆེན་པོར་གནས་པ་ཡིས། ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཞེས་ཡེ་ཤེས་ནི་རང་གནས་ཀྱི་དོན་ཤེས་པའོ། །དགྱེས་པ་ནི་རང་གནས་རྟོགས་པར་འདོད་ཅིང་དགའ་བའོ། །མཆོད་པར་འབུལ། སྣང་བ་ཐམས་ཅད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པར་འདོད་པའོ། །དེས་ཀྱང་མི་གཡོ་བར་གནས་པར་འདོད་པའོ། ༈ །འདིར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་སྦྱོར་བ་དག་པའི་མན་ངག་ལ། བདག་ཉིད་ལུས་ལྕོག་བུར་སྡད་ནས། རང་གི་དབུགས་ཕྱིར་ལྡང་བའི་དུས་ན། གཡས་རྩ་རོ་མ་ཉི་མ་མེའི་རང་བཞིན་ཁ་དོག་དམར་པོར་སལ་གྱིས་གྱུར། དབུགས་ནང་ དུ་འཇུག་པའི་དུས་སུ་གཡོན ་རྐྱང་མ་ཟླ་བ་ཆུའི་རང་བཞིན་ཁ་དོག་དཀར་སལ་གྱིས་གྱུར། དབུགས་གནས་པའི་དུས་སུ་དབུས་ཀྱི་ཀུན་དྷར་མ་དེ་ནི། པད་མའི་རྣལ་མ་ལྟར་ནི་འཕྲ། ཆུ་ཤིང་གི་སྙིང་པོ་ལྟར་ནི་དྲང་། ཏིལ་གྱི་མར་མེ་ལྟར་ནི་གསལ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་ཀྲུག་གྱུར་ཏེ། བསུས་པའི་སྤུ་ནེ་གུའི་ཐད་ཀ་ན། ཁྲག་གི་ཐིག་ལེའི་ནང་ན་རྩ་གསུམ་འཛོམ་ནས། ལྟེ་བ་དང་སྙིང་ཁའི་ཐིག་ལེ་གཉིས་མགྲིན་པར་འཁྱིལ་ལོ། །དེར་ཐིག་ལེ་མཉམ་པར་སྦྱོར་བས། ཐིག་ལེ་བདེ་བའི་ཡེ་ཤེས་དེས། མགྲིན་པའི་ཟས་ལ་དགྱེས་པ་ལ་བདུད་རྩི་ལྔས་མཆོད་པའོ། །ཟག་པ་མྱེད་པའི་བསོད་ནམས་ཀྱིས། །ཞེས་མགྲིན་པའི་ཐིག་ལེ་དེ། སྤྱི་བོར་ཕོག་པས། བདེའ་བས་གང་བ་ནི། དབྱིངས་ཡེ་ཤེས་གཉིས་མྱེད་དེ་རྟོགས་པས། དེས་བག་ཆགས་ཐམས་ཅད་དག་པས་ན་ཟག་མྱེད། རིས་དྲུག་རང་དག་པས་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །ཡེ་ཤེས་སྒྱུ་མར་རང་སྣང་བ། །ཞེས་བདེ་བའི་ཐིག་ལེ་དེ་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་དངོས་པོར་མ་གྲུབ་པས་སྒྱུ་མ་དང་འདྲ་ལ། ཡེ་ཤེས་སྒྱུ་མའི་མཚན་ཉིད་རང་གིས་རྟོགས་ནས་རིག་པ་རང་སྣང་བ་ནི། རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །ཅེས་རང་ལས་བྱུང་ནས་རང་སྙེས་པས་རོལ་མོ། རྟོག་ཚོགས་ཀྱི་ལྷ་ཐམས་ཅད་དབྱེར་མྱེད་གཅིག་ཏུ་གྱུར་པས། དཀྱིལ་འཁོར་མཐའ་ཡས་པ་རྣམས་ཡང་། བདེ་བ་ཆེན་པོའི་ཐིག་ལེ་མཆོག་ཏུ་གྱུར་པའོ། །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་དེ་རྟོགས་པར་ཀ་བས་ན་གསང་། ཐམས་ཅད་བདེའ་བ་ཆེན་པོ་གཅིག་ཏུ་གྱུར་པས་ན་ཐིག་ལེ། ཐིག་ལེ་དེ་ཉིད་སྤྲོས་པ་དང་བྲལ་བས། ཆོས་ཀྱི་དབྱིངས་སོ། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཞེས་དབྱིངས་ཡེ་ཤེས་འདུ་འབྲལ་མྱེད་པ་དེ་ནི། སངས་རྒྱས་ཀུན་གྱི་དངོས་གཞིར་བཞུགས་པའོ། ༈ །འདིར་སྤྱི་བོ་བདེའ་བ་ཆེན་པོ་བརྡལ་ཁྱབ་ཆེན་པོའི་མན་ངག་ནི། མགྲིན་པའི་ཐིག་ལེ་རྩ་ཀུན་དྷར་མའི་ནང་ན་ཡར་སོང་སྟེ། མེ་ལོང་གི་ངོས་ལྟར་འཇམ་ལ་གསལ་བ། རལ་གྲིའི་སོ་ལྟར་གཅོད་པ། མདུང་གི་རྩེ་ལྟར་རྣོ་བ། ཉི་མའི་འོད་ལྟར་མཚེར་བར་སོང་ནས། སྤྱི་བོའི་ཧཾ་ལ་ཕོག །ནམ་མཁའི་བ་བཞོས་ཏེ། ཟླ་བའི་ཐིག་ལེ་ཞུ་ནས། ཐུར་དུ་བབས་པའི་དུས་ན། གློ་བ་རྒྱངས་བ་ལྟར་ནི་ལྟར་ལྟར་བྱུང་། ཉི་མ་ཤར་བ་ལྟར་ནི་གསལ་གསལ་གྱུར། ནམ་ལངས་པ་ལྟར་ནི་སངས་སངས་གྱུར། ཉི་མའི་སྙིང་པོ་ལྟར་གསལ་ལ་མི་རྟོག་པས་ལུས་མེར་གྱིས་གང་ནས། སྤང་བྱ་མ་རིགས་པའི་སྣང་བ་ལས་ལོག་པ་ཆོས་ཅན། ཡིད་ཀུན་ཏགས་དང་བྲལ་བས་ཆོས་ཉིད། ཆོས་ཅན་ཆོས་ཉིད་དབྱེར་མྱེད་དུ་གྱུར་ཏེ། སྤང་བྱ་མ་རིག་པའི་ཞེན་པ་ཐམས་ཅད་དག་ཅིང་སྤང་ནས། ཐོབ་བྱ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་། ཆོས་སྐུ་བདེའ་བ་ཆེན་པོ་ཐོབ་པ་ཡིན་ནོ། །དེའི་དུས་སུ་ཉམས་སེམས་ལ་ཤར་བས་ཆོས་སུ་ཉམས་སུ་མྱོང་། བག་ཆགས་རྨི་ལམ་དུ་ཤར་བས། ཆོས་ཉིད་ཀྱི་སྣང་བར་རྨི། གར་ལུས་ལ་ཤར་བས། སྤྱོད་པ་མ་བཅོས་ལྷུག་པར་འགྱུར། མཐོང་སྣང་ཡུལ་ལ་ཤར་བའི། སྣང་བ་འདི་ཉིད་ཆོས་ཀྱི་སྐུའི་ཞིང་ཁམས་སུ་མཐོང་བར་གྱུར་པའོ། །རང་ཞལ་རང་གིས་མཐོང་བ་ནི། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །ཞེས་ཕྱོགས་བཅུ་ན་ནི་བཞུགས། དུས་བཞིར་ནི་གཤེགས། མངོན་པར་རྫོགས་པར་ནི་སངས་རྒྱས། སྐུ་དང་ཡེ་ཤེས་ནི་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་རྣམས། སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །ཞེས་སྐུ་རྣམ་སྣང་གི་རིགས་དང་། གསུངས་སྣང་མཐའི་རིགས་དང་། ཡོན་ཏན་རིན་འབྱུང་གི་རིགས་དང་། འཕྲིན་ལས་དོན་གྲུབ་ཀྱི་རིགས་དང་། ཐུགས་མི་བསྐྱོད་པའི་རིགས་དང་། ཡང་ན་སྐུ་ལྔ་ལྷུན་གྲུབ་ཀྱི་རྒྱལ་པོའོ། །མ་ལུས་བདག་ཉིད་ཞལ་མཐོང་བ། །ཞེས་སངས་རྒྱས་མ་ལུས་པ་ཞལ་མཐོང་བ་ནི། རྩ་རླུང་ཐིག་ལེ་སྔགས་ཀྱི་དོན་རྟོགས་པའི་བདག་ཉིད་དོ། །དབང་སྒྱུར་མཆོག་གི་དམ་པ་ཡིན། །ཅེས་དེ་ལྟར་རྟོགས་པའི་དུས་ན་ཆོས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་སྒྱུར། ཡོན་ཏན་གྱི་མཆོག་དང་ལྡན་པའི་བདག་ཉིད་དོ། །ཡང་ན་སྒྲོན་མ་རླུང་ངམ་རྩ་རླུང་གི་ཚེ་ལ་དབང་བའི་རིག་འཛིན་ཐོབ་སྟེ། ལུས་གཞོན་ཤ་ཆགས་ནས་སྐྲ་དཀར་མྱེད་པས་འགྲོ་བ་གཞན་གྱི་ཡིད་དུ་འོང་བ་དང་། རྣམ་པར་སྨིན་པས་ལུས་སྟོབས་འཕེལ་བས་རྫུ་འཕྲུལ་སྟོན་ནུས་པ་དང་། མཚན་དཔེའ་འཕེལ་བས་ལྕེས་ལོངས་སྤྱོད་བདུད་རྩིའི་རོ་མྱོང་བ་དང་། སྒྲིབ་པ་མྱེད་པའི་ཚེ་ཉི་ཟླ་དང་མཉམ་ཞིང་མངོན་ཤེས་འཆར་བ་ནི། མཆོག་གི་ཡོན་ཏན་དམ་པ་འཐོབ་པའི་ཕྱིར་ཚེ་ལ་དབང་བསྒྱུར་བ་ཐོབ་པའོ། ༈ །ཡང་ན་སྐུ་ལྔ་ནི། ཆོས་སྐུ་དྲི་མ་མྱེད་པ་དང་། ལོངས་སྐུ་འདོད་པ་ལ་ལོངས་སྤྱོད་པ་དང་། སྤྲུལ་སྐུ་མཛད་པ་བཅུ་གཉིས་མཐར་ཕྱིན་པ་དང་། རྡོ་རྗེའི་སྐུ་དབྱེར་མི་ཕྱེད་པ་དང་། མངོན་པར་བྱང་ཆུབ་པའི་སྐུ་ཡེ་ཤེས་སྒྱུ་མའོ། །གསུང་ལྔ་ནི། ཆོས་སྐུ་བརྗོད་མྱེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡའ་ཡི་གསུང་། སྤྲུལ་སྐུ་སྣ་ཚོགས་ཚིག་གི་གསུང་། རྡོ་རྗེ་གྲགས་སྟོང་དབྱེར་མྱེད་གསུང་། མངོན་བྱང་རིག་པ་སྒྱུ་མའི་གསུང་ངོ་། །ཐུགས་ལྔ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་སོ། །འཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལྷུན་གྲུབ་བོ། ༈ །གེགས་གསལ་བ། འབྲས་བུ་དང་ཚེ་དབང་དུས་གཅིག་པ་འགལ་ཞེ་ན། མི་འགལ་ཏེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སྨོས་པ་ནི་འབྲས་བུ་དངོས་ཡིན་ལ། དབང་སྒྱུར་མཆོག་ནི་ཚེ་ལ་དབང་བའི་རིག་འཛིན་ཏེ། འབྲས་བུ་མཐར་ཕྱིན་པ་དེ་ཉིད། ཚེ་ལ་དབང་བའི་རིག་འཛིན་གྱིས། ཟག་པ་མྱེད་པའི་མཐོང་ལམ་དུ་ཞལ་མཐོང་བའོ། །དཀྱིལ་འཁོར་ཐམས་ཅད་རང་ལ་ཤར་བ་ནི། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །ཅེས་འབྲས་བུ་རྫོགས་ཤིང་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་གནས་པས། བདག་གི་རིག་པ་རང་སྣང་བའི་ཆོས་ཐམས་ཅད་དང་དབྱེར་མྱེད་པ་ཉིད་དོ། ༈ །ཡང་ན། འབྲས་བུ་རྫོགས་ཤིང་མཐར་ཕྱིན་པའི་བདེའ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་། རིག་པ་རང་སྣང་བའི་ཆོས་ལ་གནས་ཤིང་། དབྱེར་མྱེད་པས་དཀྱིལ་འཁོར་ལ་གནས། དེ་ལྟར་སྣང་བ་ཡང་རང་གི་རིག་པ་རང་སྣང་ལ། རིག་པ་རང་གི་གནས་སུ་དག་པར་རྟོགས་པ་དེ་ཁོ་ན། ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཡིན་པས་དཀྱིལ་འཁོར་ཉིད་དོ། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཅེས་དེ་ལྟར་སྣང་ཡང་། རང་གི་རིག་པར་རང་སྣང་ལ། རིག་པ་རང་གི་ངོ་བོ་སྟོང་ཞིང་གནས་སུ་དག་པར་རྟོགས་པ་དེ་ཁོ་ན་རང་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་མ་ལུས་པར་ལྷུན་གྲུབ་ཏུ་རྟོགས་པའོ། ༈ །ཡང་ན། བདག་གི་རིག་པ་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་དུ་རྟོགས་པ་དེ་ལ་ནི། ཚོགས་གཉིས་རྫོགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་ལྡན་པའི་སངས་རྒྱས་ཐམས་ཅད། རྩལ་བ་མྱེད་པར་ལྷུན་གྱིས་གྲུབ་པར་གནས་པས་ལྷུན་གྱིས་གྲུབ་པའོ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །ཞེས་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ལ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པས་མཛེས་པར་རྒྱན་པས་ན། དེ་བས་ན་དཀྱིལ་འཁོར་མ་ལུས་རྒྱན་དུ་ཐོགས་སོ། ༈ །དེ་ལྟར་བདག་གི་རིག་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་དབྱེར་མྱེད་པར་གནས་པས། བདག་གི་རིག་པའི་རྒྱན་དུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པ་མཛེས་པར་རྒྱན་དེ་གནས་པའམ། རྟོག་ཚོགས་རང་ལ་རང་ཆས་སུ་རྒྱན་པའོ། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས། །ཞེས་རང་གི་རིག་པ་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པ་དེ་ལ་ནི། ཚོགས་རྫོགས་པའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་ལྡན་པས་སངས་རྒྱས་དང་མཉམ་པར་སྦྱོར་བའོ། ༈ །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་རང་བཞིན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་སུ་མ་གྱུར་བ་གཅིག་ཀྱང་མྱེད་པས་རྫོགས་པའི་དཀྱིལ་འཁོར། དེ་ལྟ་བུར་རང་གི་བློས་མཉམ་པར་སྦྱོར་བས་སོ། ༈ །ཐུགས་རྗེ་འབྱུང་བ་ནི། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། །ཞེས་དེ་ལ་ཐེ་ཚོམ་ཞིག་རྒལ་ཏེ། འོ་ན་ཆོས་ཐམས་ཅད་སངས་རྒྱས་པ་ཡིན་ན། ཆོས་ཐམས་ཅད་ཀྱི་ཁོངས་སུ་ནི་སེམས་ཅན་ཡང་རྟོགས་པས། སེམས་ཅན་ཡང་སངས་རྒྱས་ཡིན་པས། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་ཞིག་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ། དེ་བཞིན་གཤེགས་པས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྫོགས་པར་ཆེན་པོར་ལྷུན་གྱིས་གྲུབ་པའི་རང་བཞིན། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དབྱེར་མྱེད་པར་སངས་རྒྱས་པ་ཡང་ཤེས་རབ་ཀྱིས་རྟོགས་ལ། ཏིང་ངེ་འཛིན་གྱིས་ཀྱང་སངས་རྒྱས་པའི་རང་བཞིན་དུ་མཉམ་པ་རྩེ་གཅིག་ཏུ་འབྱོར་བ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་མཁྱེན་ལ། སེམས་ཅན་གྱིས་དེ་ལྟར་མ་རྟོགས་ཤིང་ཁམས་གསུམ་དུ་འཁོར་བ་མཁྱེན་ཅིང་། ཐུགས་རྗེ་ཡང་སྐྱེའོ། །ཐུགས་རྗེ་སྐྱེས་ནས་ཀྱང་། ཐུགས་རྗེའི་སར་མ་ལུས་པར། ཇི་ལྟར་འདུལ་བ་བཞིན་དུ། ངང་ངམ་ཡོངས་ཀྱིས་ཡང་དོན་མཛད་པས། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་། ཅེས་སོ། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མགོན། །ཞེས་དེ་ལྟར་ཕྱོགས་བཅུ་དང་དུས་བཞིས་སྡུས་པའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མ་གྱུར་བ་མྱེད་དོ། །སངས་རྒྱས་པ་ཡིན་ཕན་ཅད། བདེའ་བར་གཤེགས་པའི་ཐུགས་རྗེས་དོན་མཛད་པ་ཡང་། དཀྱིལ་འཁོར་གྱིས་དཀྱིལ་འཁོར་འདུལ། དཀྱིལ་འཁོར་གྱིས་དཀྱིལ་འཁོར་སྒྲོལ་བར་མཛད་པས་དཀྱིལ་འཁོར་འདུལ་བའི་མགོན། ཅེས་སོ། །སྒྱུ་མའི་དཀྱིལ་འཁོར་བསྒོམ་པ་ཡིས། །ཞེས་དེ་ཡང་ཇི་ལྟར་དོན་མཛད་ཞེ་ན། སྒྱུ་མ་མཁན་གྱིས་རྡེའུ་དང་ཤིང་བུ་ལ་སྒྱུ་མའི་མཚོའ་ད ཀྱིལ་ནས། སྒྱུ་མའི་མི་དང་རྫས་སྒྱུ་མའི་རྫིངས་ལ་བཞག་ནས། སྒྱུ་མའི་གྲུ་པས་སྒྲོལ་ཙམ་ན། མཚོའ་དང་། གྲུ་རྫིངས་དང་། སྒྲལ་བར་བྱ་བའི་མི་དང་། རྫས་གང་ཡང་དངོས་པོར་གྲུབ་པ་མྱེད་པ་དེ་དང་འདྲ་བར། འཁོར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས། སེམས་ཅན་ཉོན་མོངས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། ཐུགས་རྗེ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱིས། མྱ་ངན་ལས་འདས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་སྒྲོལ་བར་མཛད་དེ། སྒྲོལ་ཙམ་ཉིད་ན་དངོས་པོར་ནི་སྒྱུ་མ་དང་དྲ་བས་སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཞེས་བྱའོ། །བྱ་བྱེད་མྱེད་པར་དཀྱིལ་འཁོར་སྤྱོད། །ཅེས་དོན་དམ་པར་དོན་བྱ་བ་དང་། དོན་བྱེད་པའི་དངོས་པོར་གྲུབ་པ་མྱེད་པར། ཀུན་རྫོབ་དུ་གོང་མ་ལྟ་བུའི་དཀྱིལ་འཁོར་གྱིས་འགྲོ་བའི་དོན་སྤྱོད་དོ། །ཡང་ན་དོན་བྱ་བ་དང་བྱེད་པ་ཙམ་ཉིད་ན། བྱ་བ་མྱེད་པའི་མཐར་ཕྱིན་པར་རྟོགས་པའི་སྒོ་ནས། གོང་མ་ལྟ་བུའི་དལ་གྱིས་འགྲོ་བའི་དོན་སྤྱོད་དོ། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཞེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། རིག་པའི་མེ་ཏོག་གང་གིས་སྐྱེ་ཞེ་ན། ཆོས་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ངོ་བོ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། སངས་རྒྱས་པའི་རང་བཞིན་དུ་གནས་པ་ལ། གང་གིས་དེ་ལ་དོན་རྟོགས་ཤིང་རིག་པའི་མེ་ཏོག་སྐྱེ་ཞེ་ན། ཡེ་གདོད་མ་ཉིད་ནས་སྦྱངས་པའི་ལས་འཕྲོ་མྱེད་པ་ཕལ་ལ་མི་སྐྱེ་སྟེ། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །ཞེས་འོ་ན་གང་གིས་རྟོགས་ཞེ་ན། ཐོས་པ་ཉན་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམས་པའི་ཤེས་རབ་དང་། ཤེས་རབ་རྣམ་པ་གསུམ་གྱིས་རིག་པའི་རྒྱུད་སྦྱངས་ཤིང་། ཡང་དག་པའི་ཤེས་རབ་ཟབ་ཅིང་རྒྱ་ཆེ་བ། རྣལ་འབྱོར་པ་རྣམས་ཀྱིས་རྟོགས་ཤིང་། དེའི་དོན་ལ་རྟོགས་པ་རྡ་འབྱལ་གྱིས་མཉམ་པར་སྦྱར་རོ། །རང་འབྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་རྟོགས་པའི་རྣལ་འབྱོར་པ་དེ་ལ་ནི། རང་གི་རང་བཞིན་དུ་རང་འབྱུང་བའམ། རང་གི་རིག་པ་སྦྱངས་པ་ལས་བྱུང་བའི། རང་འབྱུང་གི་སངས་རྒྱས་ཀུན་ཡང་ངམ་ཞིང་ངོ་མཚར་སྐྱེས་ནས། ལྷུན་གྱིས་གྲུབ་པའི་དངོས་གྲུབ་བརྩོལ་ཞིང་བྱིན་གྱིས་བརླབ་པར་མཛད་པས། ལྷུན་གྱིས་གྲུབ་པ་ཞེས་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཞེས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པ་གསང་བའི་མན་ངག་གི་དོན་འདི་ལས་ནི། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མདའ་བར་མི་མཛད་པའི་དམ་ཚིག་མཆོག་ནི། རྩ་དང་རླུང་དང་ཐིག་ལེའི་མན་ངག་དམ་པ་ཤིན་ཏུ་ཡང་གསང་བ་འདི་ཡིན་ནོ་ཞེ་འམ། མདའ་བར་མི་མཛད་དམ་ཚིག་མཆོག །ཅེས་ཡང་ནི་གོང་མ་ལྟར། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་དོན། གསང་བའི་མན་ངག་གི་དོན་རྟོགས་པའི་རྣལ་འབྱོར་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དངོས་གྲུབ་བརྩོལ་ཞིང་བྱིན་གྱིས་བརློབ་པ་ལས་མྱི་འདའ་བས་འདའ་བར་མི་མཛད་དེ། ཅི་སྟེ་ཞེ་ན། གཞུང་བཞིན་དུ་བསྒྲུབ་པའི་རྣལ་འབྱོར་པ་ལ། བདེའ་བར་གཤེགས་པས་དངོས་གྲུབ་མ་རྩོལ་ན། དེ་བཞིན་གཤེགས་པའི་སྔོན་གྱི་ཐུགས་དམ་ཉམས་པས། འོ་ཏང་དེ་བཞིན་གཤེགས་པའི་ཡང་ཉམས་པས་སྙེམས་ནས། དངོས་གྲུབ་རྩོལ་བ་ལས་མི་འདའ་བས་དམ་ཚིག་མཆོག་ཅེས་སོ། །གང་ཞིག་འདི་ལ་མོས་གྱུར་པ། །ཞེས་རྣལ་འབྱོར་པ་གང་ཞིག་གམ། གང་ཟག་གང་གིས། གསང་བའི་མན་ངག་འདིའི་དོན་ནམ། རྒྱུད་འདིའི་དོན་ལ། ཕྱོགས་འགའ་ཙམ་མ་ཡིན་པར། རེ་བཟང་། རེ་ལེགས། མ་ནོར་མཉམ་ནས། དད་པས་ཇ་འཆི་མ་འཁྲུག་པ་དང་། བ་སྤུ་ལྡང་བ་ཙམ་དུ་མོས་ཤིང་། འདི་ལ་ཡིད་ཆེས་པར་གྱུར་པའི་རྣལ་འབྱོར་པ་ལ། སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཅེས་དུས་གསུམ་གྱི་སངས་རྒྱས་སམ། སྐལ་པ་བྱེ་མ་སྙེད་ཀྱི་སངས་རྒྱས་ཐམས་ཅད་ཀྱིས། ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །ཕྱོགས་བཅུ་དང་། དུས་བཞི་ཀུན་ནས་སམ། རྣམ་པ་ཐམས་ཅད་ནས་དུས་ཐམས་ཅད་ཀུན་ཏུ། དཀྱིལ་འཁོར་མ་ལུས་སྙེན་པ་ཡི། །ཞེས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པ། སྙེན་སྙེན་སྒྲུབས་སྒྲུབས་པའི་དངོས་གྲུབ་ཐམས་ཅད་མ་ནོར་བར་སྙེན་ཅིང་ཐོབ་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས། ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཅེས་སངས་རྒྱས་ཀྱི་སྲས་དང་ཉན་ཐོས་ཡང་ཡིན་ན། དེ་ལས་ཁྱད་པར་དུ་ཉེ་བའི་སྲས། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྟ་བུར་ཐུགས་ཀྱི་སྲས་སུ་དགོངས་པར་འགྱུར་རོ། ༈ །སྔོན་སྦྱངས་པའི་འབྲས་བུ་ཡིན་པར་བསྟན་པ་ནི། སྐལ་པ་ཞིང་གི་རྡུལ་སྙེད་དུ། །ཞེས་རྙེད་པར་དཀའ་ཞིང་དཀོན་པ་ནི། ད་ལྟར་གནས་ཅིག་ཏུ་འདུས་ནས། རྒྱུད་འདི་གསང་བའི་མན་ངག་གི་དོན་འཆད་ཅིང་ཉན་པ་དེ་ཡང་། ད་ལྟ་འཕྲལ་དུ་བློ་འུར་གྱི་རྒྱུ་རྐྱེན་གྱིས་སྒྲུབས་པ་མ་ཡིན་ཏེ། སྐལ་པ་གཅིག་ལ་ཡང་ཡུན་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་ལ། སྐལ་པ་ཡུན་རིང་པོ་དེ་ལྟ་བུའི་དྲངས་རྡུལ་སྙེད་དང་མཉམ་པ་ནས། ཤིན་ཏུ་སྦྱངས་ལ་རབ་གནས་པའི། །ཞེས་ཤིན་ཏུ་ཁྱད་པར་དུ། ཉན་པ་དང་། བསྒོམ་པའི་ཤེས་རབ་ཀྱིས། ཤེས་པའི་རྒྱུད་སྦྱངས་པའི། བློ་མི་ལྡོག་པ་ལ་རབ་ཏུ་གནས་ཤིང་། དཀྱིལ་འཁོར་མ་ལུས་སྙེན་པ་ཡི། །ཞེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད། སྔོན་ནས་སྙེན་སྙེན་སྒྲུབས་སྒྲུབས་པའི་འབྲས་བུ་གང་ཡིན་པ་ནི། འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་གསང་ཆེན་ནི་རྒྱུད་འདིའམ་གསང་བའི་མན་ངག་གི་ལེའུ་འདི་ཐོས་སམ། འདིའི་དོན་ཚིག་ཙམ་མ་ཡིན་པར་བློའི་ཏིང་དུ་ནི་གོ། །ཤེས་རབ་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་དགོས་སོ། །ཅི་སྟེ་ན། སྐལ་པ་ནས་སྦྱངས་པའི་འབྲས་བུ་རྒྱུད་འདི་དང་ཕྲད་པ་ཡིན་པས་སོ། ༈ །འདིར་གགས་གསལ་བ། སྔོན་དུ་སྐལ་པར་སྦྱངས་པ་མ་ཡིན་པ་འདིར་འཇུག་ཏུ་མི་སྟུབ་སམ། སྟུབ་ན་གཞུང་དང་འགལ་ལ། མྱི་སྟུབ་ན། གསང་སྔགས་ཐོབ་པ་དང་། འབྲས་བུ་སངས་རྒྱས་ཐོབ་པ་གཉིས་དུས་ཉེ་རིང་འདྲ་བར་འདུག་སྟེ། འབྲས་བུའི་རིང་ཐག་ཉན་ཐོས་ཡིན་པས་ཀྱང་སྐལ་པ་རྒྱར་ཚོགས་སོག་དགོས་པ་ཡིན་པ་ལ། འདི་དེ་བས་ཀྱང་རིང་ངོ་མཉམ་པ་ལ། དེ་མ་ཡིན་ཏེ། སྐལ་པར་སྦྱངས་ནས་རང་རང་གི་འབྲས་བུ་ཐོབ་ཀར་སྡོང་འདིར་འཇུག་དགོས་པའོ། །དུས་གསུམ་ན་གནས་པས་ཀྱང་འདི་རྟོགས་ནས་སངས་རྒྱ་བར་བསྟན་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འགྲོ་བ་རིགས་དྲུག་གི་འཇིག་རྟེན་ན། ཕན་ཚུན་ནམ་ཡང་མན་དྲུག་གི་ཕྱོགས་བཅུ་ན། འདས་དང་ད་ལྟར་འབྱུང་བའི། །ཞེས་སྔར་རྒྱུ་འབྲས་སྤྱད་ཟིན་དེ་འདས་པ་དང་། ད་ལྟ་རྒྱུ་འབྲས་འཚོག་པ་དང་། འདས་པ་གཤེགས་ཤུལ་ཡིན། ད་ལྟར་བགྲོད་པའི་ལམ་ཡིན། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །དུས་གསུམ་འཁོར་བའི་གཡུལ་ལས་རྒྱལ་བའི། གཙོའ་འཁོར་དང་བཅས་པ་མ་ལུས་པ་ཐམས་ཅད་ཀྱིས་ཀྱང་། མཉེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེས་འདས་དང་ད་ལྟར་གྱི་སངས་རྒྱས་པས་ཀྱང་གསང་བའི་མན་ངག་འདིའི་དོན་རྟོགས་ཤིང་སྙེས་ནས་སྡོད་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ཐོབ་པ་ཡིན་ནོ། ༈ །ཡང་ན་འཇིག་རྟེན་ཕན་ཚུན་ཡན་མན་དྲུག་གི་ཕྱོགས་བཅུ་ན། སྔར་འདས་པ་དང་། ད་ལྟར་བྱུང་བའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པས་ཀྱང་། གསང་བའི་མན་ངག་གི་དོན་འདི་རྟོགས་ཤིང་མཉེས་ནས། སྐུ་ལྔ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་རྫོགས་ལ། ཕྱིས་འབྱུང་བ་དང་། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀུན་ཡང་། གསང་བའི་མན་ངག་གི་དོན་འདི་རྟོགས་པ་ཡིས། སྐུ་ལྔ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་བོ། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །ཞེས་རྒྱུ་འབྲས་མ་འཚོགས་པས་འབྱུང་བ་དང་། རྒྱུ་འབྲས་ཡུལ་དུ་མ་གྱུར་བས་ན་མ་འོངས་པ་ཐམས་ཅད་ཀུན། འདི་གསང་བའི་སྙིང་པོ་ཡིས་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར་རོ། ༈ །གཏར་ཀས་གགས་གསལ་བ་ནི། འབྲས་བུ་ལ་ལམ་དུ་བྱེད་ན། འབྲས་བུ་ཉན་པ་ལ་བྱེད་དམ། འབྲས་བུ་སྨིན་ཅིང་གྲོལ་བ་ལ་བྱེད་དམ། མ་རྫོགས་པ་ལ་བྱེད། ཉན་པ་ལ་བྱས་ན་འབྲས་བུར་མི་འགྲོ། མ་རྫོགས་པ་འབྲས་བུ་མྱེན། སྨིན་པ་ལ་བྱ་མི་དགོས། འབྲས་བུ་ལ་ལམ་དུ་བྱ་རྒྱུ་ཕན་ཅད་འབྲས་བུ་མེན། ཡིན་ཡང་ལམ་དུ་བྱེད་ཟེར་ན། ཐུག་པ་མྱེད་པར་འགྲོ་ཞེ་ན། དེ་ནི་མ་ཡིན་ཏེ། འབྲས་བུ་ཤེས་ནས་འབྲས་བུ་ལམ་དུ་བྱེད་དེ། ད་རུང་འབྲས་བུར་ཤེས་ཡང་འབྲས་བུའི་རྩལ་མ་རྫོགས་ཏེ། དཔེར་ན་ལུ་གུ་ལུག་ཡིན་ཡང་ལུག་ནི་རྩལ་རྫོགས་ཏེ་ལུག་གི་བྱ་བ་བྱེད་མི་ནུས་པ་དང་འདྲའོ། ༈ །འབྲས་བུ་ལམ་དུ་བསྟན་པ་ནི། འདི་ནི་གསང་ཆེན་ངེས་པ་ཡི། །ཞེས་རྒྱུད་དམ་མན་ངག་གི་ལེའུ་འདི་ནི། རང་བཞིན་གྱིས་རྟོགས་པར་བཀའ་བས། རང་བཞིན་གྱིས་གསང་བ་ཡང་ཡིན་ལ། སྣོད་དུ་མ་གྱུར་བ་ལ་མི་བརྟན་པའི་གསང་བ་ཡང་ཡིན་པས་གསང་ཆེན། ངེས་པའི་དོན་མཐར་ཐུག་པའམ། མཐར་ཕྱིན་པར་གསུངས་པ་ཡིན་པས་ངེས་པའོ། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཅེས་རྒྱུའི་དུས་ཉིད་ནས་འབྲས་བུ་ཚང་བར་གནས་པས་ན། འབྲས་བུ་ཉིད་ལམ་དུ་གྱུར་པ་ཡིན་ནོ། །དེ་ལ་གྲོལ་ལམ་གྱི་དབང་དུ་ན། རྟོག་ཚོགས་ཉིད་འབྲས་བུ་སྐུ་དང་ཡེ་ཤེས་སུ་གྱུར་པ་དེ་ལམ་དུ་བྱེད་པའོ། །ཐབས་ལམ་དུ་ན། རྩ་སྤྲུལ་སྐུ། སྔགས་ལོངས་སྐུ། ཁམས་ཆོས་སྐུ། རླུང་ངོ་བོ་ཉིད་ཀྱི་སྐུར་ཤེས་ནས་ལམ་དུ་བྱེད་པས་ན་འབྲས་བུ་ཉིད་ལམ་དུ་གྱུར་པ་ཡིན་ནོ། ༈ །མན་ངག་འདི་ལས་མ་རྟོགས་གཞན་མྱེད་པར་བསྟན་པ་ནི། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ལ། འདི་ལས་གསང་བའི་ངེས་དོན་མྱེད། །གསང་བའི་མན་ངག་གི་དོན་འདི་ལས་མ་རྟོགས་པའི། ཆོས་གསང་བའི་ངེས་དོན་གཞན་མྱེད་དེ། བརྩལ་ཀྱང་རྒྱལ་བས་མི་སྙེམས་སོ། །འདི་ལས་མ་རྟོགས་པ་ནི། གཞན་དུ་བརྩལ་ཀྱང་། རྒྱལ་བ་སངས་རྒྱས་ཀྱིས་ཡང་མི་རྙེད་ན། གཞན་གྱིས་ལྟ་ཅི་སྨོས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོ་མཆོག །དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་དང་དབྱེར་མྱེད་པས་ཆེན་པོ། ཡོན་ཏན་མཆོག་དང་ལྡན་པ་འདིའོ། ༈ །སྣོད་ལྡན་གྱིས་རྙེད་པར་བསྟན་པ་ནི། ཐོས་བསམ་བསྒོམས་ལ་རབ་སྦྱངས་པའི། ཞེས་མན་ངག་འདི་སུ་ཡི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པའི་ཤེས་རབ་སྒྲ་ལ་སྦྱངས་པ། བསམ་པའི་ཤེས་རབ་སྒྲ་དོན་སྤེལ་མར་སྦྱངས་བ། བསྒོམ་པའི་ཤེས་རབ་དོན་བྷ་ཞིག་ལ་སྦྱངས་པ། ཤེས་རབ་རྣམ་པ་གསུམ་གྱིས་རང་རྒྱུད་ལེགས་པར་སྨིན་པ་དེ་ནི་སྦྱངས་པས་སྣོད་དུ་གྱུར་བའོ། །ཤེས་རབ་མྱིག་ལྡན་རྣམས་ཀྱིས་ཟུང་། །ཞེས་ཡང་དག་པའི་ལྟ་བ་རྟོགས་པ་ནི། ཤེས་རབ་ཀྱི་དམྱིག་གོ། །ལྟ་བ་དང་ལྡན་པ་རྣམས་ཀྱིས། གོ་ཞིང་རྟོགས་པས་ན་དེ་ལ་བསྟན། དེས་འདིའི་དོན་བསྒོམ་ཞིང་བསྒྲུབ་པར་གཟུང་བར་བྱའོ། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཅེས་རང་བཞིན་གྱི་སྣོད་དང་ལྡན་པ་ནི། བློ་རྣོ་ཞིང་ཤེས་རབ་ཆེ་བ། གསང་ཐུབ་ཅིང་དད་པས་ལེན་པ། ངང་བཟང་ཞིང་བློ་ཐུབ་པ། དགེ་སློང་དང་འདྲ། ཚུལ་ཤེས་པ་བག་མ་དང་འདྲ། དེ་ལ་བསྟན་པར་བྱའོ། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་རང་གི་ལུས་ཡང་ཆོས་ཕྱོགས་སུ་གཏོང་བ། ལོངས་སྤྱོད་དཀོན་མཆོག་ལ་མཆོད་པར་གཏོང་ནུས་པ། སེམས་ཅན་ལ་སྦྱིན་པ་གཏོང་ནུས་པའོ། ༈ །འདིར་སྣོད་ལ་གཉིས་ཏེ། བཟང་བར་བླང་བར་བྱ་བའི་རྟེན་གྱི་གང་ཟག་དང་། ངན་པ་དོར་བར་བྱ་བའི་རྟེན་གྱི་གང་ཟག་གོ། །བཟང་པོ་ལ་གཉིས་ཏེ། སྐལ་སྨན་རྒྱུད་པའི་གདུལ་བྱ་སྦྱངས་པས་སྣོད་དུ་རུང་བ་དང་། ངེས་པ་དོན་གྱི་གདུལ་བྱ་རང་བཞིན་གྱི་སྣོད་དུ་རུང་བའོ། །དེ་ལ་སྦྱངས་པས་སྣོད་དུ་རུང་བ་ནི། ཚེ་སྔ་མའམ་འདི་ལ་ཅི་རིགས་པར་སྦྱངས་པས་གསང་བའི་སྣོད་དུ་གྱུར་པའོ། །རང་བཞིན་གྱིས་སྣོད་དུ་གྱུར་པ་ནི། ཚེ་སྔ་མའམ་འདི་ལ་ཡེ་མ་སྦྱངས་པར་ནས་ཕའི་སྣོད་དུ་གྱུར་བའོ། །དེ་ལ་སྦྱངས་པའི་སྣོད་དུ་གྱུར་པ་ལ་ཡང་གཉིས་ཏེ། རིམ་གྱིས་པ་དང་། ཅིག་ཆར་བའོ། །དེ་གཉིས་ཀྱི་ཁྱད་པར་ནི། འཇུག་པ་ནས་བཞག་ན། ལྷ་མིའི་ཐིག་པ་ནས་འཇུག་པ་ནི་རིམ་གྱིས་པའོ། །ཉན་ཐོས་ནས་འཇུག་པ་ནི་ཅིག་ཆར་བའོ། །སྦྱངས་ལུགས་ནས་ཁྱད་བཞག་ན། ཚེ་སྔ་མ་དང་འདི་གཉིས་ཆར་ལ་སྦྱངས་ནས་སྔགས་ནང་པར་སེམས་སྐྱེད་པ་ནི་རིམ་གྱིས་པའོ། །ཚེ་སྔ་མ་ལ་སྦྱངས་ནས་ཚེ་འདི་ལ་སྔགས་ནང་པར་འཇུག་པ་ནི་ཅིག་ཆར་བའོ། །རང་བཞིན་གྱིས་སྣོད་དུ་གྱུར་པ་ལ་གསུམ་སྟེ། གྱུར་ལུགས་དང་། རིམ་གྱིས་པ་དང་། ཅིག་ཆར་བའོ། །གྱུར་ལུགས་ནི། ཆོས་ཅན་ཆོས་ཉིད་ཀྱིས་གྲུབ་པ་དང་ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ནུས་པ་བྱིན་རླབས་ཀྱིས་གྲུབ་བོ། །རིམ་གྱིས་པ་ནི། ཚེ་སྔ་མ་ལ་མ་སྦྱངས་པར། ཚེ་འདི་ལ་རྒྱུ་རྐྱེན་དང་ལྡན་པས་མ་ངེས་པ་ནས་འཇུག་པ་སྟེ། རྒྱུའི་ཐེག་པའམ། ཀྲི་ཡའམ། གཉིས་ཀ་རྒྱུད་ནས་ཡོ་གར་འཇུག །དེ་ནས་ནང་པར་འཇུག་པའོ། །གཅིག་ཆར་བ་ནི། ཚེ་སྔ་མ་ལ་མ་སྦྱངས་པར་ཚེ་འདི་ལ་སྔགས་གང་རུང་གཅིག་ནས་མ་ཧཱ་ཡོ་གར་འཇུག་པའོ། །འོ་ན་སྤྱིར་གཞིའ་ལ་དབང་པོ་རྣོ་རྟུལ་ཡོད་དམ་མྱེད་ཞེ་ན། རྣོ་རྟུལ་ཡོད་པར་འདོད་པ་ནི། དཔེར་ན་ལྕགས་ལ་རྣོ་རྟུལ་ཡོད་པ་དང་། འབྲུ་ལ་བཤང་བཅུག་འདུག་པ་བཞིན། རྣོ་རྟུལ་ཡོད་པའོ་ཞེས་འདོད། དེ་ལྟར་བཞི་ལ་རྣོ་རྟུལ་ཡོད་ན་འབད་པ་མྱེད་པར་གྲོལ་བར་འགྱུར་རོ། །གཞིའ་ལ་རྟུལ་པོ་ཡོད་ན་འབད་པ་བྱས་ཀྱང་མི་འགྲོལ་ལོ། །རྣོ་རྟུལ་ཡོད་མྱེད་འདྲ་བར་འདོད་པ་ནི། མཚན་ཉིད་ནས། རིགས་མེད་པ་མི་སྲིད་ལ། ཐེག་ཆེན་པའི་ལུགས་ཀྱིས་རྐྱེན་གྱིས་རིགས་ཆད་པ་མི་སྲིད་དེ། དཔེར་ན་འཚམས་མྱེད་པ་ལྔ་ལ་སོགས་པ་བྱས་པའི་རྐྱེན་གྱིས་འཁོར་བ་ངན་པར་ལྟུང་བ་ལྟ་བུའོ། །རྐྱེན་གཙོའ་བོར་འདོད་པ་ནི། ལས་དང་ཉོན་མོངས་པའི་རྐྱེན་གྱིས་བརྟུལ་བོར་འབྱུང་ལ། ཤེས་རབ་རྣམ་པ་གསུམ་གྱིས་རྐྱེན་གྱིས་རྣོན་པོ་འབྱུང་ངོ་། །དེ་ལྟར་ན་རྣོ་རྟུལ་རྐྱེན་བྷ་ཞིག་བྱས་ན། རྒྱུ་བས་རྐྱེན་གཙོའ་བར་འདུག་པས་མི་འཐད་དོ། །འོ་ན་རང་གི་འདོད་པ་གང་ཡིན་ཞེ་ན། འདི་ལྟར་ཏེ། གཞིའ་ལ་རྣོ་རུ་རུང་བ་དང་། བརྟུལ་དུ་རུང་བའི་ཆོས་ཁས་ལེན་ནོ། །དེ་གཞིའ་ཡིན་པའི་ཕྱིར་རོ། །རྣོ་རྟུལ་དངོས་འབྱུང་བ་རྐྱེན་ལ་རག་ལུས་ཏེ། ཤེས་རབ་རྣམ་པ་གསུམ་གྱི་རྐྱེན་དང་ཕྲད་ན་དབང་པོ་རྣོན་པར་འབྱུང་ལ། ལས་དང་ཉོན་མོངས་པའི་རྐྱེན་དང་ཕྲད་ན་བཏུལ་བོར་འབྱུང་ངོ་། །གཞིའ་ལ་རྣོ་རྟུལ་འབྱུང་སྒོ་མ་འགགས་ལ། རྣོ་རྟུལ་དངོས་སུ་མྱེད་ཡང་རྐྱེན་གྱིས་སྣང་བར་འདོད་པ་ཡང་ཡོད་དོ། །ཚད་མ་བཀའ་གཞུང་གི་ཚིག་གོ། །གཞན་དུ་ནམས་ཀྱང་སྦྱིན་མི་བྱ། །ཞེས་སྣོད་ངན་པ་སྤང་བར་བྱ་བ་ནི། སྣོད་ངན་པ་གཞན་ནི། དད་པ་མྱེད་པ། སེར་སྣ་ཆེ་བ། ཤེས་རབ་ཞན་པ། ངན་སེམས་ཆེ་བ། གཡོའ་རྒྱུ་ཅན། ངོས་དགའ་བྱེད་པ་དེ་ལ། ནམས་ཀྱང་སྦྱིན་པར་མི་བྱ་སྟེ། ལ་གཅོད་པའི་ཚིག་ཡིན་ནོ། །རྨོངས་ལ་འཕྱར་བས་གལ་ཏེ་བྱིན། །ཅེས་རྨོངས་པ་སྟེ་སློབ་དཔོན་བླུན་པ། འཕྱར་བ་སྟེ་སློབ་དཔོན་སྲབ་མོ་བཅམ་བུ་ནོར་དང་ཅན་གྱིས། ནོར་ཕྲན་ཚེགས་ལ་ལྟས་ནས། གལ་ཏེའམ་རྒྱ་ལམ་ན་སྣོད་ངན་ལ་བྱིན་ན། དུས་མིན་པར་ནི་སྲོག་ཟད་ནས། །ཞེས་དེའི་ཉེས་པ་ནི། ཚེ་འདིར་སྨིན་པ་ནི། སློབ་དཔོན་ཉིད་འཆི་བའི་དུས་མ་ཡིན་བློ་བུར་དུ་སྲོག་ཟད་ནས་འཆི་སྟེ། བཀའ་སྲུངས་ཀྱི་མཁའ་འགྲོ་མ་དང་། དམ་ཉམས་པའི་ནད་ཀས་སོ། །བསྲེགས་དང་སྦྲེམས་ལ་ཡུན་རིང་གནས། །ཞེས་ཚེ་ཕྱི་མར་ཡང་། སྲེགས་པ་ཚ་བའི་དམྱལ་བར་སྐལ་པ་གསུམ་དུ་གནས། དེ་ནས་ཀྱང་སྦྲེམས་པ་སྟེ་ཡི་དྭགས་ཀྱི་ཡུལ་དུ་སྐལ་པ་གཉིས་གནས། དེ་ནས་ཐོན་ནས་ཀྱང་སྐལ་པར་སངས་རྒྱས་ཀྱི་སྒྲ་ཡང་མི་ཐོས་པར་འགྱུར་རོ། །ཡང་ན་སྦྲེམས་པ་ནི་གྲང་བའི་དམྱལ་བར་སྐྱེ་བའོ། །ཞེས་དེ་བཞིན་གཤེགས་པ་སྟོན་པ་ཀུན་ཏུ་བཟང་པོ་ཉིད། །འཁོར་རིགས་ལྔའི་དེ་བཞིན་གཤེགས་པ་སངས་རྒྱས་ཉིད་སངས་རྒྱས་ཉིད་ལ་ཉིད་ལ་ཆེད་དུ་བརྗོད་དོ། །རྟོགས་པར་དཀའ་བས་གསང་བ་བཅུད་འདུས་པས་སྙིང་པོ་མ་ནོར་བས་དེ་ཁོ་ན་ཉིད་མི་སླུ་བས་ངེས་པ་ལས། སྣོད་ངན་གྱིས་རྟོགས་པར་དཀའ་ཞིང་མ་རྟོགས་ཉེས་པ་ཆེ་བས་ཤིན་ཏུ་གསང་བའི་རྟོགས་ན་ཚེགས་ཆུང་དུས་གྲུབ་པའི་མན་ངག་གི་རྩ་རླུང་ཐིག་ལེ་སྔགས་ཀྱིས་རང་ལུས་སངས་རྒྱས་པར་བྱེད་པས་ན། སྙིང་པོའི་ལེའུ་སྟེ་བཅུ་གསུམ་པའོ། །མན་ངག་གི་སྙིང་པོ་ནི། སྙིང་ཀ་ཆོས་ཀྱི་དལ་དུ་ཀུན་ཏུ་བཟང་པོ་བསྒོམ་པ་ལ་མཐར་ཕྱིན་ན་སྒྲོལ་བ་གནས་སྤོར་ནུས་པས་ན་སྒྲོལ་བའི་མན་ངག་སྙིང་པོའོ། །དེ་ནས་ལྟེ་བར་ཕབ་སྟེ་གསང་བའི་དལ་ཀུན་ཏུ་བཟང་མོ་བསྒོམ་པ་མཐར་ཕྱིན་ན་སྦྱོར་བ་རྩོམ་ནུས་པས་ན་སྦྱོར་བའི་མན་ངག་གི་སྙིང་པོའོ། །དེ་གཉིས་དབྱེར་མྱེད་པས་མགྲིན་པ་ལོངས་སྤྱོད་ཀྱི་དལ་དུ་ཐིག་ལེ་རོ་མྱོང་ན་རིག་འཛིན་འགྲུབ། དེས་སྤྱི་བོའི་བདེའ་བ་ལུས་ལ་ཁྱབ་པར་འབེབས་ནུས་ན་སངས་རྒྱས་འགྲུབ་པའོ། །དེ་ཡང་རྩ་གནས་ཀྱི་མན་ངག་སྙིང་པོ། ཁམས་བདུད་རྩིའི་ཐིག་ལེ་སྐུའི་སྙིང་པོ། སྔགས་གསུང་གི་སྙིང་པོ། རླུང་ཐུགས་ཀྱི་མན་ངག་གི་སྙིང་པོའོ། ༈ །བསྟོད་པ་ལ་ངག་དོན་དུ་གཉིས་ཏེ། རིགས་ལྔ་ལ་བསྟོད་པར་འདོད་པ་དང་། སྐུ་ལྔ་ལྷུན་གྲུབ་ལ་བསྟོད་པར་འདོད་པའོ། །རིགས་ལྔ་ལ་བསྟོད་པར་འདོད་པ་ནི། སྐུ་ལ་བསྟོད་པ་ནི་དེ་བཞིན་གཤེགས་པའི་རིགས་སོ། །གསུང་ནི་སྣང་བ་མཐའ་ཡས་ལ་བསྟོད་པའོ། །ཐུགས་ནི་མི་བསྐྱོད་པའི་རིགས་ལ་བསྟོད་པའོ། །ཡོན་ཏན་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ལ་བསྟོད་པའོ། །འཕྲིན་ལས་ནི་ལས་ཀྱི་རིགས་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །སྤྱིར་བསྟོད་པ་ནི་རིགས་ལྔ་ཐམས་ཅད་ལ་བསྟོད་པའོ། །སྐུ་ལྔ་ལྷུན་གྲུབ་ལ་བསྟོད་ན། སྐུ་ལྔ་ལ་བསྟོད་པ་དང་། གསུང་ལྔ་ལ་བསྟོད་པ་དང་། ཐུགས་ལྔ་ལ་བསྟོད་པ་དང་། ཡོན་ཏན་ལྔ་ལ་བསྟོད་པ་དང་། འཕྲིན་ལས་ལྔ་ལ་བསྟོད་པ་དང་། སྤྱིར་སྐུ་ལྔ་ལྷུན་གྲུབ་དབྱེར་མྱེད་པར་བསྟོད་པའོ། །དེ་ལས་རིགས་ལྔ་ལ་བསྟོད་པ་ན་འཐད་པ་ཡིན་ཏེ། ཅིའི་ཕྱིར་ན། གདུལ་བྱ་ལམ་པའི་སྣང་བ་ཡིན་པ་དང་། རྣལ་འབྱོར་པས་རིགས་ལྔ་བསྒོམས་པ་ལ་བསྟོད་པར་འཐད་དོ། །སྐུ་ལྔ་ནི་ཆེ་བ་ཙམ་དུ་སྦྱར་བ་ལས། དངོས་སུ་བསྟོད་པར་ན་མི་འཐད་དེ། ད་ལྟ་སྐུ་ལྔ་ལྷུན་གྲུབ་བསྒོམ་པ་མ་ཡིན་པའི་ཕྱིར་རོ། །སྤྱིར་སྐུ་ལྔ་ལྷུན་གྲུབ་འདི་ཡང་དམྱིགས་པའི་ཡུལ་དུ་མོས་པ་བྱས་པ་ལ་ནི་འགལ་བ་མྱེད་དེ། ཡི་དམ་ལྷ་བསྒོམ་དུ་ཡོད་པ་ལ་བསྟོད་པ་ནི་རིགས་ལྔ་ལ་བསྟོད་པར་འཐད་དོ། །དོན་ལ་རིགས་ལྔ་ཡང་སྐུ་ལྔ་ཡིན་པས་ཐ་དད་མྱེད་དོ། །ལེའུ་བཅུ་གསུམ་པ་རྫོགས་རིམ་གྱི་མན་ངག་བསྟན་ནས། འདིར་བསྟོད་པ་སྟོན་པས་ན། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད། སྟོན་པ་ཀུན་ཏུ་བཟང་པོར་དབྱེར་མྱེད་པའི་དཀྱིལ་འཁོར་ལ། ཡང་ན་བཞི་བཅུ་རྩ་གཉིས་ཀྱི་དལ་ལོ། །སྟོན་པ་ཉིད་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བར་བྱེད་པ་ལ། ཉིད་ཀྱི་དཀྱིལ་འཁོར་ལ། དགྱེས་པ་ཆེན་པོའི་བསྟོད་པ་ངག་ཏུ་དབྱངས་སུ་ལེན་པས་ན་རྡོ་རྗེའི་གླུ་བླངས་སོ། །ཀླུ་འདི་བླངས་སོ། །ཞེས་དེ་བཞིན་གཤེགས་པའི་རིགས་ལ་སྐུའི་སྒོ་ནས་བསྟོད་པ་ནི། ༀ་གྱི་མགོའ་འདྲེན་ལ་བཞི་སྟེ། གླུ་འབྱུང་བའི་རྒྱུ་ཡང་ཡིན། གླུ་ལེན་པའི་མཁན་པོ་ཡང་ཡིན། རྒྱན་ཡང་ཡིན། ཚིག་ཀྱང་ཡིན་ནོ། །འབྱུང་བའི་རྒྱུ་ཡིན་པ་ནི། དཔེར་ན་འཇིག་རྟེན་པ་གླུ་དག་ལེན་པའི་དུས་ན། ལུས་ལ་རྟེན། སེམས་ཀྱིས་བསམས། ངག་གིས་བརྗོད་པ་ལྟར། ༀ་ཡང་། ཨཱཿནི་སྐུ་ལུས། ཟླ་ཚེས་གསུང་། ཐིག་ལེ་ཐུགས། སྐུ་གསུང་ཐུགས་གསུམ་དང་ལྡན་པའོ། །གླུ་མཁན་ཡང་ཡིན་ཏེ། འཇིག་རྟེན་དག་ན་ཡང་ཀྱེ་དང་ཨེས་འགོའ་དྲངས་ན་ཀླུ་གཉན་ལ། དེ་དང་མི་ལྡན་ན་མ་སྙན་པ་དང་འདྲ་བར། གླུ་ཡང་། རྐྱང་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་ལ། གླུ་ༀ་གྱིས་རྒྱན་པ་ལ་ནི། གླུ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །རྒྱན་ཡང་ཡིན་ཏེ། ༀ་ཡེ་ཤེས་ཀྱིས་གླུ་རྒྱན་པས། གླུ་འཆལ་བའམ་རྐྱང་པར་མ་སོང་བས། གླུའི་རྒྱན་ནོ། །གླུའི་ཚིག་ཀྱང་ཡིན་ཏེ། ཚིག་གི་འགོ་འཐའ་དག་ༀ་གྱིས་དྲངས་པས། ཀླུ་ཡེ་ཤེས་ཀྱི་ཚིག་དང་ལྡན་པའོ། །ༀ་ཕྱོགས་བཅུ་དུས་བཞིར་རྫོགས་པའི། །ཞེས་སྐུ་ལ་སྤྱིར་བསྟོད་པ་ནི། ཕྱོགས་བཅུ་དུས་བཞིས་སྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་སངས་རྒྱས་པའི་རང་བཞིན་ཡང་ཡིན་ཞེའམ། ཡང་ན་ཕྱོགས་བཅུ་ན་བཞུགས་ཤིང་། དུས་བཞིར་གཤེགས་པའི་སངས་རྒྱས་ཐམས་ཅད་ནི། ཚོགས་རྣམ་པ་གཉིས་རྫོགས་པ། མཚན་དང་དཔེའ་བྱད་དུ་ལྡན་པ་ཡིན་ནོ་ཞེས་བྱ། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །ཞེས་སྐུའི་ཐུགས་ལ་བསྟོད་པ་ནི། སྐུ་དེ་བཞིན་གཤེགས་པའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལ་ནི། སྐུ་གསུང་ཐུགས་གསུམ་གྱི་དཀྱིལ་འཁོར་དང་ལྡན་པས། ཡེ་ཤེས་དཀྱིལ་འཁོར་རོ། །ཐིག་ལེ་དང་ཡེ་ཤེས་སྦག་མར་བྱུང་བ་ནི། ཆོས་ཀྱི་དབྱིངས་དང་སྦྱར་ཏེ། ཐིག་ལེ་སྤྲོས་པ་མྱེད་པ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པས་ཐིག་ལེ་ཆེའོ། །བསོད་ནམས་དཀྱིལ་འཁོར་སྐུའི་ཚོགས། །ཞེས་སྐུའི་སྐུ་ལ་བསྟོད་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་ལ། དེའི་རྟགས་སུ་མཚན་དང་དཔེའ་བྱད་དུ་ལྡན་པ། སྐུ་དེ་ཉིད་སྐུ་གསུང་ཐུགས་གསུམ་དང་ལྡན་པས་ན་སྐུའི་ཚོགས་སོ། །ཡང་ན་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་ཞེས་བྱའོ། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ། །ཞེས་སྐུའི་གསུང་ལ་བསྟོད་པ་ནི། སྟོང་པ་ནི་དོན་གྱི་གསུང་སྤྲོས་པ་མྱེད་པ་ལས་མ་གཡོས་བཞིན་དུ། ཚིག་གི་གསུང་ཅིར་ཡང་སྟོན་ཅིང་ཅིར་ཡང་སྒྲོགས་བས་སྣང་། གསུང་དེ་ཉིད་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་ཐིག་ལེ། སྐུ་གསུང་ཐུགས་དེ་རྣམས་དུས་ཀུན་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་པར་རྫོགས་སོ། །ཧོ་ནི་དེ་ལ་དགྱེས་པ་སྐྱེད་པའོ། ༈ །སྐུ་ལྔ་ལ་བསྟོད་པའི་དབང་དུ་ན། ཕྱོགས་བཅུ་ན་ནི་བཞུགས། དུས་བཞིར་ནི་གཤེགས་པའི་སངས་རྒྱས་ཐམས་ཅད་ནི། སྐུ་ལྔ་ལྷུན་གྲུབ་དུ་རྫོགས་ལ། རྫོགས་པ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་རིག་པ་རང་སྣང་གི་དཀྱིལ་འཁོར་དུ་དབྱེར་མྱེད་པའི་ཐིག་ལེ་ཆེན་པོ་གཅིག་ཏུ་གྱུར་པའོ། །དབྱེར་མྱེད་པའི་འཐད་པ་གང་ཞེ་ན། རྒྱུ་བསོད་ནམས་ཀྱི་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ཕྱིར་རོ། །དེ་ཉིད་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ་ལྔའི་དཀྱིལ་འཁོར་ཚོགས་སུ་སྣང་ངོ་། །སྐུ་ལྔ་པོ་དེ་ཉིད་གདུལ་བྱ་ལ་སྣང་། སྣང་ཙམ་ན་སྟོང་། སྟོང་ཙམ་ན་སྣང་སྟེ། སྣང་སྟོང་དབྱེར་མྱེད་པས་ཐིག་ལེ། དུས་ཀུན་ཏུ་ནི་སྐུ་ལྔ་ལྷུན་གྲུབ་ཏུ་རྫོགས་པའོ། །དེ་ལྟར་དེ་བཞིན་གཤེགས་པའི་རིགས་ལ་སྐུའི་སྒོ་ནས་བསྟོད་པ་ནི་གདུལ་བྱ་ལ་དལ་དུ་སྣང་བའོ། །སྐུ་ལྔ་ལ་བསྟོད་པ་ནི་རྟོགས་ལྡན་ལ་འབྲས་བུ་སྣང་བའི་སྒོ་ནས་སོ། །ཐམས་ཅད་དེས་འདྲེའོ། །ཡང་ན་ཕྱོགས་བཅུ་དུས་བཞིས་ཅེས་པ། ཐམས་ཅད་གཅིག་སྐུ་ལྔ་ལྷུན་གྲུབ་དུ་རྫོགས་མངོན་པར་བྱང་ཆུབ་པའི་སྐུའོ། །ཡེ་ཤེས་དལ་ནི། ཡེ་ཤེས་ལྔ་ཡང་རྣམ་པར་མི་རྟོགས་པའི་ཡེ་ཤེས་སུ་གསལ། དེ་ཉིད་ཁྱབ་རྡལ་ཆེན་པོར་གནས་པས་ཆོས་སྐུའོ། །བསོད་ནམས་ཅེས་པ་ནི། གང་ཡང་མ་ཡང་པར་ཟག་མྱེད་ཀྱི་བསོད་ནམས་རང་སྣང་བ་ནི་ལོངས་སྤྱོད་རྫོགས་སྐུའོ། །སྐུའི་ཚོགས་ནི། ཐམས་ཅད་ཀྱི་ངོ་བོ་ལ་ཐམས་ཅད་དུ་ཅིར་སྣང་བས་སྤྲུལ་སྐུའོ། སྣང་སྟོང་ཅེས་པ་ནི། སྣང་སྟོང་གཉིས་སུ་མྱེད་པའི་ཕྱིར་རྡོ་རྗེ་སྐུའོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །ཞེས་རྡོ་རྗེའི་རིགས་ལ་ཐུགས་ཀྱི་སྒོ་ནས་བསྟོད་པ་ནི། དང་པོ་ཐུགས་ཀྱི་སྐུ་ལ་བསྟོད་པ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་ལ། དེ་དབྱེར་མྱེད་པས་ཐིག་ལེ་ཆེའོ། །དེ་ཡང་ཐུགས་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེ་ཞེས་བརྗོད་པའོ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཞེས་དེའི་རྟགས་སུ་སྐུ་མཚན་དང་དཔེའ་བྱད་དུ་ལྡན་པའི་སྐུ་དེ་ལ་ཡང་། སྐུ་གསུང་ཐུགས་གསུམ་དང་ལྡན་པའི་ཡེ་ཤེས་དཀྱིལ་འཁོར་ལྡན་ནོ། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །ཐུགས་ཀྱི་གསུང་ལ་བསྟོད་པ། དོན་གྱི་གསུང་སྤྲོས་པ་མྱེད་པ་ལས་མ་གཡོས་བཞིན་ཏུ། ཚིག་གི་གསུང་མཐའ་ཡས་པར་སྟོན་པས་མཐའ་ཡས་སོ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ཞེས་ཐུགས་ཀྱི་ཐུགས་ལ་བསྟོད་པ། དེ་ལྟར་སྐུ་གསུང་ཐུགས་གསུམ་ཀ་ཡང་། སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མྱེད་པར་གསུམ་དང་ལྡན་ཞིང་། མཐའ་རྣམ་པ་གཉིས་ལས་རྒྱལ་བའི་རྒྱལ་པོ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དབྱེར་མྱེད་པས་ན་ཐིག་ལེ་ཆེ་ཞེས་བྱའོ། ༈ །ཐུགས་ལྔ་ལ་བསྟོད་པ་ནི། རྡོ་རྗེ་བསོད་ནམས་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཐིག་ལེ་ཆེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རྡོ་རྗེ་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །རྡོ་རྗེ་སྒྲ་ཆེན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །རྡོ་རྗེ་རྒྱལ་པོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སློབ་དཔོན་སྒེག་པ་རྡོ་རྗེའི་བཞེད་པ་འགྲེལ་པ་རིན་པོ་ཆེ་སྤར་ཁབ་ལས། རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ་ལ་སོགས་པ་གསུང་ལྔ་ལ་བསྟོད་པར་བཤད་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ་ལ་སོགས་པ་ཐུགས་ལ་བསྟོད་པར་བཤད། མྱི་དམྱིགས་སྒྱུ་འཕྲུལ་ལ་སོགས་པ་ཡོན་ཏན་ལ་བསྟོད་པར་བཤད་པས། འདིར་དེ་དག་འགལ་ཞེ་ན། དེ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་གོ་རིམས་དང་སྦྱར་བ་ཡིན་ལ། འདིར་ནི་དཀྱིལ་འཁོར་ལྷ་དང་སྦྱར་བས། དང་པོ་རྣམ་སྣང་། དེ་ནས་རྡོ་རྗེ་སེམས་དཔའ། དེ་ནས་རིན་ཆེན་འབྱུང་ལྡན། དེ་ནས་སྣང་བ་མཐའ་ཡས། དེ་ནས་དོན་ཡོད་གྲུབ་པ་ལ་བསྟོད་པའོ། །དེ་ཡང་འདི་ལྟར་འཐད་དེ། ཐུགས་རྡོ་རྗེའི་རིགས་ཡིན་པ་དང་། ཡོན་ཏན་ལས་ཐམས་ཅད་རྫོགས་པ་དང་། གསུང་དབང་གི་རིགས་ཡིན་པ་དང་། དེའི་ཕྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རིམ་པ་མ་ནོར་བར་བསྟོད་པས་མངོན་ནོ། །ཞེས་གསུངས་པ་དེ་ནི་བླ་མ་རྣམས་ཀྱི་མན་ངག་ཞལ་གདམས་ཡིན་ནོ། །ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཞེས་རིན་པོ་ཆེའི་རིགས་ལ་ཡོན་ཏན་གྱི་སྒོ་ནས་བསྟོད་དེ། ཡོན་ཏན་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ལ་ཡང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས་པར་མངའ་བས་རྫོགས་པ་ཆེའོ། ༈ །གགས་གསལ་བ་ནི། འདིར་རྫོགས་གསུམ་འདབས་ཞེ་ན། མ་འདབས་ཏེ། དང་པོ་ནི་ཡོན་ཏན་གྱི་སྐུ་རྫོགས་པ་ཡིན་ལ། བར་པ་ནི་ཡོན་ཏན་འཕྲིན་ལས་རྫོགས་པ་ཡིན། ཐ་མ་ནི་བློས་འཕྲལ་ལ་བྱས་པ་མ་ཡིན་ཏེ། ཡེ་ནས་རྫོགས་པའོ། །ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས། །ཞེས་སྐུ་གསུང་ཐུགས་རྫོགས་པར་མ་ཟད་དེ། ཆེ་བའི་ཡོན་ཏན་དང་། འཕྲིན་ལས་རྣམ་བཞི་ཀུན་ཡང་རྫོགས་སོ། །དེ་ཡང་ཡོན་ཏན་རྒྱས་པའི་རང་བཞིན་ཡིན་པས་ན། ཀུན་ཏུ་ཡོན་ཏན་ཆེ་བ་རྫོགས་སོ། ༈ །འདིར་ཡོན་ཏན་ལྔ་དང་སྦྱར་ན་སྐུ་གཞལ་ཡས་ཁང་དུ་སྣང་། ཐུགས་རྒྱན་དུ་སྣང་། ཡོན་ཏན་གདན་ཁྲིར་སྣང་། འཕྲིན་ལས་འོད་ཟེར་དུ་སྣང་ངོ་། །འདི་བསྒེག་པ་རྡོ་རྗེའི་བཞེད་པས་ཐུགས་ལ་བསྟོད་པར་བྱས་ཏེ། ཡོན་ཏན་ལ་ཐམས་ཅད་རྫོགས་པས་ཡོན་ཏན་དུ་འཐད་དོ། །སྤྱིར་སྐུ་ལྔ་ལྷུན་གྲུབ་ལ་དབྱེར་མྱེད་པས་གང་ལྟར་བྱས་ཡང་འགལ་བ་མྱེད་ལ། ལམ་པ་ལ་དམིགས་སོ་སོར་བཟུང་ན་བདེའོ། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །ཞེས་དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་རྫོགས་པ་དེ་ཡང་། ཡེ་ནས་ཆེ་བའི་ཡོན་ཏན་ལྷུན་གྲུབ་དུ་རྫོགས་པ། ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན་ཅན་ནོ། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ཞེས་དེ་ཡང་ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན་དུ་གཅིག་ཅིང་འདུས་པས་ན། དེ་ལ་ཆེ་བའི་ཡོན་ཏན་ཀུན་རྫོགས། དེ་ཡང་དབྱེར་མྱེད་པར་གཅིག་པས་ཐིག་ལེ་ཆེན་པོར་སངས་རྒྱས་པ་ལ་དགྱེས་པས་ཧོ་ཞེས་གསུངས་པ་ཡིན་ནོ། ༈ །འདིར་ཐམས་ཅད་ཐིག་ལེར་བསྟོད་པས་མཚོན་ཚུལ་འདྲེས་སོ་ཞེ་ན། མ་འདྲེས་ཏེ། གཞིར་གྱུར་པས་སྐུ། གོ་བར་བྱེད་པས་གསུང་། བསལ་བ་མི་སྒྲིབ་པས་ཐུགས། མ་འགགས་པས་ཡོན་ཏན། མཛད་པས་ཕྲིན་ལས་སོ། །ༀ་མྱི་དམྱིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །ཞེས་པད་མིའི་རིགས་ལ་གསུང་གི་སྒོ་ནས་བསྟོད་པ་ནི། མྱི་དམིགས་ཅེས་པས། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་ནས། དབྱིངས་དང་ཡེ་ཤེས་གཉིས་མྱེད་མཐར་ཕྱིན་པ་ལ། དངོས་པོ་དང་མཚན་མའི་ངོ་བོར་མ་དམིགས་པ་ལ། ཆོས་སྐུ་དང་སྦྱར། སྒྱུ་འཕྲུལ་ན། སྒྱུ་ཐབས་དང་། འཕྲུལ་ཤེས་རབ་དང་། དྲ་བ་དབྱེར་མྱེད་པར་བསྟན་པས། ཐབས་ཤེས་རབ་ལ་མངའ་སྙེམས་པས་ལོངས་སྐུ་དང་སྦྱར། མཉམ་པ་ནི། སྤྲུལ་སྐུས་སེམས་ཅན་འགའ་ཙམ་གྱི་དོན་སྤྱོད་མ་ཡིན་ཏེ། སེམས་ཅན་ཀུན་ལ་མཉམ་ཞིང་སྙོམས་སུ་དོན་མཛད་པས་སྤྲུལ་སྐུ་དང་སྦྱར། དབྱིངས་ནི་དེ་ལྟར་རྟོགས་ན་སྐུ་གསུམ་འབྱུང་བའི་དབྱིངས། ཐམས་ཅད་དབང་དུ་སྡུད་པའི་དབྱིངས་སོ། །མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ། །ཞེས་དབང་གི་ལས་ནི། དང་པོ་སྤྲོ། དེ་ནས་འགུགས། དེ་ནས་དབང་དུ་བསྡུད་དེ། དང་པོ་སྤྲོ་བ་ནི། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀུན་ནས། སྤྲུལ་པའི་སྐུ་སྣ་ཚོགས་པ་འཕྲོ་བ། དོན་ཡང་སོ་སོར་མཛད་པས་སྣ་ཚོགས་པ་འཕྲོའོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །ཞེས་སྤྲུལ་པ་བསྡུ་བ་ཡང་གནས་གཅིག་ཏུ་ངེས་པ་མྱེད་དེ། ཕྱོགས་བཅུ་མཐའ་ཡས་པ་ཀུན་ནས་འཕྲོ་ཞིང་སྣང་བའི་སྤྲུལ་པའི་ཆོས་ཀུན་སྣང་ཙམ་ན། རང་གི་ངོ་བོས་སྟོང་ཞིང་མཚན་མ་མྱེད་པའི་ངང་དུ་ལྷུན་གྱིས་ཐིམ་པས། བསྡུ་བ་ཡང་སོ་སོ་ཉིད་དུ་འདུས་པས་ལྷུན་གྱིས་ཐིམ་མོ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ། །ཞེས་སྤྲུལ་པའི་སྐུ་སྣ་ཚོགས་པར་སྣང་བ་ཐམས་ཅད་ཀྱང་། འགྲོ་བ་དབང་དུ་སྡུད་པའི་ལས་བྱེད་ལ། ལས་དེ་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་པར་ལྡན་ཏེ། དེ་ཁོ་ན་གསུང་གི་མཛད་པ་ཡིན་པས་ན། ཆེན་པོའོ། །དེ་ལ་དགྱེས་པས་ན་ཧོ་ཞེས་པའོ། ༈ །གསུང་ལྔ་དང་སྦྱར་ན། མྱི་དམྱིགས་པ་ནི། ཆོས་སྐུ་སྐྱེད་མྱེད་དོན་གྱི་གསུང་ངོ་། །སྒྱུ་འཕྲུལ་ནི། ལོངས་སྐུ་རྡའི་གསུང་ངོ་། །མཐའ་ཡས་ནི། སྤྲུལ་སྐུ་ཚིག་གི་གསུང་ངོ་། །མཐའ་ཡས་ཀུན་ནས་ནི། མངོན་བྱང་རིག་པའི་སྒྱུ་མའི་གསུང་ངོ་། །སྣ་ཚོགས་སྐུ་གསུང་ནི་རྡོ་རྗེ་གྲག་སྟོང་དབྱེར་མྱེད་ཀྱི་གསུང་ངོ་། །འདི་འགྲེལ་པ་སྤར་ཁབ་ཀྱི་ཡོན་ཏན་དུ་བཤད་དོ། །གསུང་སྣང་བ་མཐའ་ཡས་ལ་བསྟོད་པར་བདེའོ། །ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །ཞེས་ལས་ཀྱི་རིགས་ལ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་དེ། ཕྱོགས་བཅུ་སྣོད་བཅུད་ཀྱི་འཇིག་རྟེན་ཡང་། ཕན་ཚུན་དུ་ནི་ཟ་འོག་དར་ཁྱིམ་ཀྲམ་པ་འདྲ་ལ། ཡན་མན་ནི་རྒྱ་ཤོག་འདབ་མ་རྩེགས་པ་འདྲ་བ་དེ། གྲངས་རྡུལ་སྙེད་དུ། དེ་ན་གནས་པའི་བཅུད་ཀྱི་སེམས་ཅན་ཡང་གྲངས་རྡུལ་སྙེད་གཅིག་ཡོད་ལ། རྒྱལ་བའི་དོན་རྣམས་རྡུལ་ཕྲན་རྙེན། །ཞེས་གདུལ་བྱ་དེ་དག་ལ། འདུལ་བྱེད་རྒྱལ་བ་སངས་རྒྱས་ཀྱིས། འཕྲིན་ལས་ཀྱིས་དོན་མཛད་པའི་རྣམ་པ་ཡང་། རྡུལ་ཕྲ་རབ་སྙེད་ཀྱིས་ཀྱང་། སེམས་ཅན་ལྟ་བུར། བདག་གཅིག་བུ་བྱང་གི་ཚ་བླན་གྱི་བར་དུ། ལྷོའི་བཙོན་ཤོར་བྱ་བ་ལྟ་བུ་མ་ཡིན་ཏེ། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །ཞེས་དོན་མཛད་པ་ཡང་སྤྲུལ་པ་རྡུལ་ཕྲ་རབ་དང་གྲངས་མཉམ་པ། བློས་བསམ་ཡས་པ་རྣམས་ཀྱིས། དོན་མཛད་པ་དེ་ཡང་། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ཞེས་སེམས་ཅན་ལྟར་རིམ་གྱིས་སམ་ཁད་ཀྱིས་དོན་མཛད་པ་མ་ཡིན་ཏེ། སྐད་ཅིག་ཙམ་དེ་སེ་གོལ་ཏོག་པའི་ཡུན་ཙམ་མམ། ཡུད་ཙམ་མམ་ཐང་གཅིག་ཙམ་ལ། ཞི་རྒྱས་དབང་དྲག་གི་ངང་དུ་དོན་རྣམས་མཛད་པའོ། ༈ །གཏར་ཀས་གགས་གསལ་བ་ནི། སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཅེས་པ། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དེ། སྐད་ཅིག་གམ་ཡུད་ཙམ་ལས་དོན་མི་མཛད་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་ལོ་མང་པོ་བཞུགས་པ་དང་འགལ་ཞེ་ན། དེ་ནི་མྱི་འགལ་ཏེ། རྒྱལ་བས་སྐད་ཅིག་ཙམ་ལ་དོན་བྱས་ཀྱང་། སེམས་ཅན་གྱིས་ཡུན་དུ་གནས་པར་མཐོང་ངོ་། །ཡང་ན་འཕྲིན་ལས་གྱུར་པའི་ཆག་ཚད་ཀྱང་ཡིན་ནོ། ༈ །འཕྲིན་ལས་ལྔ་དང་སྦྱར་ན། ཕྱོགས་བཅུ་ན། གདུལ་བྱ་ཡིན་པས་དབང་དུ་སྡུད་པས་དབང་གི་ལས་སོ། །རྒྱལ་བའི་དོན་ནི། གདུལ་བྱེད་ཡིན་པས་བསྟན་པ་རྒྱས་པ་དང་སྦྱར་རོ། །སྤྲུལ་པ་རྡུལ་ཕྲན་ནི། དོན་མཛད་པས་ཉོན་མོངས་པ་འཇིལ་བས་ཞི་བ་དང་སྦྱར། སྐད་ཅིག་ཡུད་ནི། མྱུར་བས་དྲག་པོ་དང་སྦྱར་རོ། །ལྷུན་གྱིས་གྲུབ་པ་ནི། རྩལ་བ་མྱེད་པར་ལྷུན་གྱིས་གྲུབ་པས་ཐོད་རྒལ་གྱི་འཕྲིན་ལས་སོ། །ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཞེས་སྤྱིར་སྐུ་གསུང་ཐུགས་ལ་བསྟོད་པ་ནི། ཆོས་མ་ལུས་པ་ཐམས་ཅད་སྣ་ཚོགས་པར་སྣང་བ་ནི་སྐུ། རང་བཞིན་མྱེད་པར་དོན་འཇལ་བ་ནི་གསུང་། གཉིས་སུ་མྱེད་པར་རིག་པ་ནི་ཐུགས་སོ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ཞེས་དེ་ལྟར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རང་བཞིན་ནམ། བདག་ཉིད་དུ་མ་གྱུར་བ་མྱེད་ཅིག །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དབྱེར་མྱེད་པས་ན་ཆེན་པོ། སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །ཅེས་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དབྱེར་མྱེད་པར་གནས་པ་ཡང་། ཆོས་ཐམས་ཅད་ལོགས་ཞིག་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་བྱས་པ་ལྟ་བུ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་སྐུ་གསུང་ཐུགས་ཡིན་ལ། སྐུ་གསུང་ཐུགས་ཉིད་དང་ཐ་མི་དད་པར་ཡེ་ནས་གནས་པས། དཔེའ་དུང་དང་དཀར་པོ་འདྲ་བར་ཁྱབ་བོ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །ཞེས་དེ་ལྟར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མ་གྱུར་བ་མྱེད་པས་ཐིག་ལེ། སྐུ་གསུང་ཐུགས་ཀྱང་དབྱེར་མྱེད་པས་ཆེན་པོ། དེ་ལྟ་བུའི་དོན་ལ་མཉེས་པས་ཧོ་ཞེས་སོ། །དེས་ནི་གོང་གི་རིགས་ལྔ་རེ་རེ་ལ་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་པ་ལ་བསྟོད་པའོ། ༈ །གཏར་ཀས་གགས་གསལ་བ་ནི། ཐམས་ཅད་སྐུ་གསུང་ཐུགས་སུ་བྱས་པས། མཚོན་ཚུལ་འདྲེས་ཞེ་ན། དེ་ལ་དང་པོ་ནི་འཁོར་འདས་ཀྱིས་སྡུས་པའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་སུ་ངོ་བོ་ཡིན་པར་བསྟོད། བར་པ་ནི་སྐུ་གསུང་ཐུགས་ཀྱིས་ཁྱབ་པའི་རང་བཞིན་དུ་བསྟོད། ཐ་མ་ནི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་དུ་ཐིག་ལེ་ཆོས་སྐུར་བསྟོད་པས། མཚོན་ཚུལ་འདྲེས་པའི་འགལ་བ་མྱེད་དོ། །ཞེས་ཆེད་དུ་བསྒྲགས་སོ། །ཞེས་སྐུ་གསུང་ཐུགས་ལ་བསྟོད་པས། བསྟོད་པ་བྱེད་པའི་རྣལ་འབྱོར་པ་ལ། སྒྲིབ་པ་སྦྱོང་། ཚོགས་སོག་པས། འགྲོ་བའི་དོན་ཆེད་དུ། བསྟོད་པ་དེ་སྒྲགས་ཐོས་པར་བྱའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །གསང་བ་རྟོགས་པར་བཀའོ། །སྙིང་པོ་བཅུད་འདུས་པ། དེ་ཁོ་ན་ཉིད་མ་ནོར་བ། ངེས་པ་མི་སླུ་བའི་རྒྱུད་ལས། མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བསྟོད་པ་བྱས་པས་རྒྱལ་བའི་ཐུགས་མཉེས། སེམས་ཅན་གྱི་ཡིད་ཚིམ་པ་སྟེ་བཅུ་བཞི་པའོ། ༈ །ཁྲོ་བོ་ལ་གསུམ་སྟེ། དང་པོ་ཤེས་རབ་ཆེན་པོའི་ཁྲོ་བོ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་སོ། །གཉིས་པ་ཡེ་ཤེས་ཆེན་པོའི་ཁྲོ་བོ་ནི། རྒྱས་པའི་རྒྱུད་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་སྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཅེས་སོ། །གསུམ་པ་ཕྱག་རྒྱ་ཆེན་པོ་ཁྲོ་བོ་ནི་འདི་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། །ཞེས་དེ་གོང་མའི་མཇུག་སྡུད་པས་ཏེ། ཇི་ལྟར་ན། ཕལ་ཆེ་བའི་དབང་དུ་དགོངས་ནས། དེ་ཡན་ཆད་དུ་ཞི་བ་བསྟན་པས་སོ། །ནས་འོག་མའི་དབུའ་འདྲེན་ཏེ། ཇི་ལྟར་ན། ཕལ་ཆེ་བའི་དབང་དུ་དགོངས་ནས། འདི་མན་ཆད་དུ་ཁྲོ་བོ་སྟོན་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་ཀུན་ཏུ་བཟང་པོ་དེ་ཡིན་ལ། སངས་རྒྱས་ཐམས་ཅད་མ་ལུས་ཀུན་ལ་མངའ་སྙེམས་པའི་བདག་པོ་ཡང་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པས་ན། རྒྱལ་བ་རིགས་ལྔ་ལ་སོགས་ཐམས་ཅད་ཀྱི་མངའ་བདག་གོ། །སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས། །ཞེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དམ་རང་བཞིན་དུ་གྱུར་པའི་སྟོན་པ་ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན་པ་དེས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། །ཞེས་ཞི་བའི་དཀྱིལ་འཁོར་ལྷ་ཚོགས་བཞི་བཅུ་རྩ་གཉིས་ལས། ཁྲོ་བོའི་དཀྱིལ་འཁོར་དུ་མངོན་སུམ་དུ་འདུས་པའི་མཛད་པ་བསྟན་ཏེ། དོན་ཆོས་ཉིད་དང་བཅས་ནས་འཁྲོས། སྐུ་འཇིགས་སུ་བཅོས་ནས་འཁྲོས་ཏེ། རིགས་ལྔ་ཁྲག་འཐུང་གི་དལ་དུ་མཛད་པའོ། ༈ །ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་ལ་ངག་དོན་དུ་གསུམ་སྟེ། ཅིའི་ཕྱིར་སྟུལ་བ་དང་། ཇི་ལྟར་སྟུལ་བ་དང་། ལས་སྐོལ་མཛད་པའོ། །ཅིའི་ཕྱིར་ཁྲོ་བོས་འདུལ་བར་མཛད་པ་ནི་གསུམ་སྟེ། གདུལ་བྱ་འཁྱམས་པའི་རྒྱུ་དང་། རྐྱེན་དང་། འབྲས་བུའོ། །རྒྱུ་ནི་མ་རིགས་ཅིང་རྨོངས་པས་ལོག་པར་རྟོགས་པའོ། །རྐྱེན་ནི་སྲིད་པའི་ས་བོན་རྩུབ་མོ་བསགས་པའོ། །འབྲས་བུ་ནི་གསུམ་སྟེ། དམྱལ་བར་སྐྱེ་བ་དང་། ཡི་དྭངས་སུ་སྐྱེ་བ་དང་། ལས་ཀྱི་སྲིན་པོར་སྐྱེ་བའོ། །ཇི་ལྟར་བཏུལ་བ་ནི་དྲུག་སྟེ། ཆེ་མཆོག་དང་། ཁྲོ་བོ་འཆོལ་པ་དང་། ཞེ་སྡང་རྡོ་རྗེ་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་ཁྲོ་བོ་དང་། འཇིགས་བྱེད་ཁྲོ་བོའི་དལ་ལོ། །དང་པོ་ཆེ་མཆོག་ཁྲོ་བོའི་དལ་ནི། སྐུ་ཁྲོ་བོར་སྒྱུར་ནས་ཡུམ་ཕྱུང་བའོ། །ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་ནི། ཡབ་ཡུམ་གྱི་མཁའ་ལས་ཁྲོ་བོ་འཆོལ་པ་སྤྲོས་ནས། ཕྱོགས་བཅུའི་དྲེགས་པ་རྣམས་འདུལ་བའོ། །ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་ནི། ཕྱོགས་བཅུའི་ཁྲོ་བོ་ཆོལ་པ་རྣམས་ཚུར་རིགས་བཞི་ཧེ་རུ་ཀར་འདུས་ནས་འདྲེགས་པ་རྣམས་ཞབས་ཀྱིས་མནན་པའོ། །རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་ནི། དྲེགས་པའི་ང་རྒྱལ་འདུལ་བའི་ཕྱིར་དབུ་དགུའ་ཕྱག་བཅོའ་བརྒྱད་པར་སྒྱུར་ནས། དྲེགས་པ་ཕོ་རྣམས་སྒྲལ་ནས་ཞལ་དུ་གསལ། མོ་རྣམས་སྔགས་ཀྱིས་དབང་དུ་སྡུས་པའོ། །རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུ། ཡང་རིགས་ལྔའི་ཧེ་རུ་ཀར་སྣང་བར་བྱས་ནས། དབང་མོ་རྣམས་ལ་སོ་སོར་སྦྱོར་བ་བྱས། སྲས་འཕྲ་མེན་མ་རྣམས་སྟོན། དབང་མོ་རང་གི་གནས་སུ་ཀྲད་ནས། དྲེགས་པ་རྣམས་ལྟོ་བ་ནས་ཞབས་སུ་མི་རྩང་བའི་ཚུལ་དུ་ཕྱུང་ནས་སླར་གསོས། དེར་དྲན་པ་སྙེད་པའོ། །འཇིགས་བྱེད་ཁྲོ་བོའི་དཀྱིལ་འཁོར་ནི། དབུའ་དགའ་བརྒྱ། ཕྱག་སྟེང་བརྒྱད་བརྒྱར་སྤྲུལ་ནས། འཇིག་རྟེན་ཁམས་ཀྱི་གདུལ་བྱར་གྱུར་ཆད་རྣམས་དུས་གཅིག་ལ་སྟུལ་ལོ། །ལས་སྐོས་ལ་བཏབ་པ་ནི། དྲེགས་པ་རྣམས་འདར། རྔངས་པ་བྱེད་ནས། འབངས་སུ་འཆི་བར་མནས་བོར། རང་རང་གི་ལུས་དཔལ་གྱི་གདན་སུ་ཕུལ། འཁོར་རྣམས་ཚོགས་ཀྱི་དཀྱིལ་འཁོར་བསྲུང་བར་ཕུལ། དེ་རྣམས་ཀྱིས་དཔལ་ལ་དངོས་གྲུབ་ནོས། དབང་རྟགས་སུ་ལག་ཏུ་རྡོ་རྗེ་བྱིན། གསང་བའི་མིང་རྟགས་ནས་བསྟན་པ་བསྲུང་བར་དམ་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། སྟེ་སྐུ་ཞི་བ་ལས་ཁྲོ་བོར་སྒྱུར་པ་དེ་དགོས་ཆེད་ཅི་ཞེ་ན། དེའི་དོན་ཆེད་ནི། སྔོན་གྱི་དུས་ན་གསང་སྔགས་ཀྱི་སྒོར་ཞུགས་པ་ལས། གསང་སྔགས་ཀྱི་སྤྱོད་པ་སྤྱད་ཉེས་པའོ། །ལྷན་ཅིག་སྐྱེས་པའི་སྒྱུ་ནི། བདག་ཏུ་རྨོངས་པའི་རྟོག་པ་དང་། །ཞེས་ཆོས་ཉིད་ཞི་བ་བདག་མྱེད་པ་ལས། ང་དང་བདག་ཏུ་བཟུང་བ་དེ་ཁོ་ན། རྨོངས་ཤིང་གཏི་མུག་པ་ཡིན་པས་སོ། །རྨོངས་པའི་རྟག་པ་ངན་པ་རང་དགའ་མ་དེས་སོ། །བརྟགས་པ་ལ་མངོན་པར་ཞེན་པས། །ཞེས་བཟུང་བའི་ཡུལ་ལ་རྟོགས་པ་དང་། འཛིན་པའི་སེམས་སུ་རྟགས་པ་ལས། དེ་ལྟར་བཟུང་འཛིན་གྱི་རྟོག་པས་མངོན་པར་ཆགས་ཤིང་ཞེན་པ་དང་། གོལ་བའི་རྒྱུད་ནི། ཡང་དག་པའི་ལམ་དང་བྲལ་བ་དག །ཅེས་ཡང་དག་པ་ནི་བླ་ན་མྱེད་པའི་བྱང་ཆུབ་ཡིན་ལ། དེའི་ལམ་ནི་ཐོས་བསམ་བསྒོམ་པའི་ཤེས་རབ་རྣམ་པ་གསུམ་ཡིན་པ་སྟེ། ཤེས་རབ་རྣམ་པ་གསུམ་དང་བྲལ་བ་དག་ཞེའོ། ༈ །དེ་ལ་སྤྱོད་པ་སྤྱད་ཉེས་པ་ནི་བཞི་སྟེ། སྒྲོལ་བ་ནི་སྙིང་རྗེ་ཆེན་པོས་ཟིན་པར་བྱས་ནས། ཐབས་དང་ཤེས་རབ་གཉིས་མྱེད་དུ་སྒྲོལ་བ་ཡིན་པ་ལ། དེ་ལྟར་མ་རྟོགས་ཏེ་དངོས་པོར་གཟུང་ནས་ཞེ་སྡང་རང་དཀའ་མས་བསད། སྦྱོར་བ་ཡང་ཡུམ་ཡེ་ཤེས་ཀྱི་ལྷ་མོར་བྱིན་གྱིས་བརླབས་ནས། བདེའ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལམ་དུ་ལེན་པར་མ་ཤེས་པས། དངོས་པོར་བཟུང་ནས་ཆགས་པ་རང་ཀ་མས་སྤྱེད་དོ། །མ་བྱིན་པར་ལེན་པ་ནི། སེར་སྣ་ཅན་དང་སྒྲལ་བ་ཞིང་གི་ནོར་བླངས་ནས་བླ་མ་དང་ཆོས་ལ་སྟོང་པ་ཡིན་ལ། དེ་ལྟར་མ་ཤེས་པར་སློབ་དཔོན་དང་མཆེད་ལ་སྐུས། ཁྲོ་བོ་བསྒོམ་པ་ཡང་གདུལ་བྱ་འདུལ་བའི་ཕྱིར་བསྒོམ་པས་དོན་ཆོས་ཉིད་ཡིན་པ་ལ། དེ་ལྟར་མ་རྟོགས་ཏེ་ཞེ་སྡང་གིས་ཁྲོ་བོ་རང་རྒྱུད་དུ་བསྒོམ། དེས་དམྱལ་བ་དང་། ཡི་དྭགས་དང་། ལས་ཀྱི་སྲིན་པོར་སྐྱེས། དེ་འདུལ་བའི་ཕྱིར་ཁྲོ་བོར་སྒྱུར་རོ། །གབ་པའི་གསང་བ་མ་རྟོགས་པར། །ཞེས་གབ་པ་ནི་དག་པ་རྣམ་པ་གསུམ་དང་མཉམ་པ་གཉིས་ཀྱིས་དོན་སྟོན་པའི་དགོངས་པ་ལ་གབ། ཡི་གེ་ཀྱུས་ལ་གབ་པ་དེ་གསང་བས་མ་རྟོགས་པར། སྦས་པའི་གསང་བ་ལ་མངོན་པར་འཆལ་ནས། །ཞེས་ཐེག་པ་འོག་མ་ལ་སྦས་པ་ནི། གསང་བ་སྒྲོལ་སྦྱོར་ལ་སོགས་པ་ལ་མངོན་པར་འཆལ་ལམ། ལམ་མངོན་པར་བཟུང་ནས་སོ། །ནོར་བའི་རྒྱུ་ནི། རྒྱུ་དང་འབྲས་བུ་ལ་སྨོངས་པས། །རྒྱུ་ལས་ངན་པ་སྤྱད་པས། འབྲས་བུ་གནས་ངན་པ་ལེན་པ་དང་། རྒྱུ་དགེ་བ་སྤྱད་པས། འབྲས་བུ་མཐོའ་རིས་འཐོབ་པ་དང་། དེ་ལྟར་རྒྱུ་འཐུན་པའི་འབྲས་བུ་མི་སླུ་བར་སྨིན་པར་མ་ཤེས་པས་ཁོ་ན་རྨོངས་པ་སྟེ་མ་རིག་པས་དབང་བྱས་པའོ། །རྒྱུ་མཐུན་གྱི་རྒྱུ་ཉེས་རབ་ལེན་པའི་རྒྱུ་ནི། སྲིད་པའི་ས་བོན་རྩུབ་མོས་འཕངས་ནས། །སྔོན་གསང་སྔགས་སྤྱོད་པའི་དུས་ན། ཞེ་སྡང་རང་ཀ་མས་གསད་པས། ཚ་བའི་དམྱལ་བའི་ས་བོན་བྱས། འདོད་ཆགས་རང་ཀ་མས་སྤྱད་པས། གྲང་བའི་དམྱལ་བའི་ས་བོན་བྱས། མ་བྱིན་པར་བླངས་པས། ཡི་དྭགས་སུ་སྐྱེ་བའི་ས་བོན་བྱས། ཁྲོ་བོ་རང་རྒྱུད་དུ་བསྒོམས་པས། ལས་ཀྱི་སྲིན་པོར་སྐྱེ་བའི་ས་བོན་བྱས། སྔོན་གྱི་ལས་ཀྱི་སྲིད་པས་ངན་སོང་དུ་འཕངས་སོ། ༈ །དམྱལ་བར་སྐྱེ་བའི་སྔོན་གསང་སྔགས་སྤྱོད་པའི་དུས་སུ་སྒྲོལ་བ་སྤྱད་ཉེས་པ་སྟེ། ཇི་ལྟར་ན། སྒྲོལ་བ་ལ་ཡང་སྙིང་རྗེ་ཆེན་པོས་བླ་ན་མྱེད་པའི་བྱང་ཆུབ་ཀྱི་གནས་སུ་སྒྲལ་བར་དམ་བཅས་པ་དང་། ཤེས་རབ་ཀྱིས་མཉམ་པ་ཉིད་ཀྱི་དོན་ཚིག་ཙམ་མ་ཡིན་པར་རྟོགས་པར་བྱས་ནས། ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པར་བྱ་སྟེ། ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མྱེད་པར་སྒྲལ་རྒྱུ་ཡིན་པ་ལས། དེ་ལྟར་མ་རྟོགས་ཏེ་དངོས་པོར་བཟུང་ནས་ཞེ་སྡང་གི་དབང་གིས་གསོད་པས་ཚ་བའི་དམྱལ་བར་སྐྱེས་པ་ཡིན་ནོ། །དམྱལ་བར་སྐྱེ་བའི་ཚུལ་ལམ་དུས་ན། འཚམས་མྱེད་པའི་ཞེས་ལས་ངན་པའི་བར་དགེའ་བས་མ་ཆོད་པས་འཚམས་མྱེད་པ། སྡུག་བསྔལ་གྱི་ངོ་བོ་ལ་བདེའ་བའི་བར་འཚམས་མྱེད་ན་ཡང་འཚམས་མྱེད་པའོ། །རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །ཞེས་རབ་ཏུ་ཚ་བ་ནི། ལྕགས་སྲེགས་སམ། ཁྲོ་ཆུ་ཁོལ་མའི་ནང་ན་འདུག་པའོ། །ལས་དང་སྡུག་བསྔལ་གྱིས་ལུས་ངག་ཉམས་ཐག་པས་ན་དམྱལ་བའོ། །དམྱལ་བའི་རྣམ་གྲངས་ནི། དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོའི་བསྡུངས་པ་དང་། ཞེས་དམྱལ་བ་དེར་སྐྱེས་པའི་ཚེ་ན་ཡང་། ལུས་ངག་རབ་ཏུ་ཚ་བའི་སྡུག་བསྔལ་གྱིས། སེམས་ལ་དྲག་པོས་བསྟུངས་བའོ། །འདི་བས་ཤིན་ཏུ་གྲང་ན་ཡང་ཅི་མ་རུང་མཉམ་པའི་མོད་ལ། ཞེས་ཡིད་ལ་དགེ་བ་མ་དྲན་པར། ལས་ཀྱི་དབང་གིས། འདི་བས་བག་ན་གྲང་ན་མཉམ་པ་མཉམ་པ་དྲན་པ་དང་། གྲང་བའི་ལས་ངན་པ་བྱང་བས། རབ་ཏུ་སྦྲེབས་པ་དང་པད་མ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་ཞེས་གྲང་བའི་དམྱལ་བར་སྐྱེས་པ་ནི། ལུས་རབ་ཏུ་གྲང་བ་སྟེ། དཔེར་ན་པད་མ་འདབ་མ་སྟོང་དུ་གས་པ་ལྟར། ལུས་གྲང་བས་ཚལ་པར་གས་པའི་སྡུག་བསྔལ་ལོ། ༈ །གྲང་བའི་དམྱལ་བར་སྐྱེ་བའི་རྒྱུ་ཡང་། སྦྱོར་བ་བྱ་བ་ནི། ཡུམ་ཡེ་ཤེས་ཀྱི་ལྷ་མོར་བསྐྱེད་ཅིང་བྱིན་གྱིས་བརླབས་ལ། ཡུམ་དེ་ཡང་དོན་དམ་པར་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་པར་བྱས་ལ། ཀུན་རྫོབ་དུ་ཆུ་ཟླའམ་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མྱེད་པར་རྟོགས་པར་བྱ་སྟེ། འདོད་ཆགས་ཙམ་ན་འདོད་ཆགས་མྱེད་པའི་མཐར་ཕྱིན་པ། འདོད་ཆགས་དང་འདོད་ཆགས་མྱེད་པ། གཉིས་མྱེད་པར་རྟོགས་པར་བྱས་ལ་སྦྱོར་བ་བྱ་རྒྱུ་ཡིན་པ་ལ། དེ་ལྟར་མ་རྟོགས་ཏེ། དངོས་པོར་གཟུང་ནས་འདོད་ཆགས་རང་ཀ་མར་སྤྱད་པས། གྲང་བའི་དམྱལ་བར་སྐྱེས་སོ། །དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང་། ཞེས་ཚ་བའི་ནད་ཀྱིས་ཡང་ཤི་ཡང་སོས་༼ཡང་སོས་༽བྱེད་པ་དང་། ལུས་ལ་ལྕགས་སྲེགས་ཀྱི་ཐིག་༼ཐིག་ནག་༽ གཏབ་ནས་སོག་ལེས་བཤག་པ་དང་། ལྕགས་༼བསྡུས་འཇོམ་༽ཀྱི་རྟུན་དུ་ལུས་རྡུལ་ཕྲ་རབ་ལྟར་གདུང་བ་དང་། ལུས་ལ་མཚོན་ཟུག་ནང་དུ་ཞིང་༼ངུ་འབོད་༽འབོད་པ་དང་། ཤལ་མ་རི་ཤུལ་མས་ངུས་༼ངུ་འབོད་ཆེན་པོ་༽པས་འབོད་པ་ཆེན་པོ་བྱེད་པ་དང་། ལུས་མེས་ཚིག་པ་ལྟར་ཚ་བ་༼ཚ་བ་༽དང་། ཁྲོ་ཆུ་ཁོལ་མའི་ནང་དུ་རབ་ཏུ་ཚ་བ་༼རབ་ཏུ་ཚ་བ་༽དང་། སྡུག་བསྔལ་གྱིས་མནར་ནས་༼མནར་མེད་དོ་༽བདེའ་བ་མྱེད་པའོ། །ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་པོ་དག་ཏུ། ཞེས་དང་པོ་གྲང་བས་ཨ་ཆུ་ཟེར་བ་དེ། དེ་བས་ཀྱང་གྲང་བས་ཀྱི་ཧུད་ཞེས་སྨྲེ་སྔགས་འདོན་པ་དང་། དེ་བས་གྲང་བས་སོ་ཐམ་ཐམ་འདར་བ་དང་། དེ་བས་གྲང་བས་ལུས་ལ་ཆུ་བུར་འབྱུང་བ་དང་། དེ་བས་གྲངས་བས་ཆུ་བུར་རྡོལ་བ་དང་། དེ་བས་གྲང་བས་ལུས་པདྨ་ལྟར་ཚལ་པ་བཞིར་གས་པ་དང་། དེ་བས་གྲང་བས་ལུས་པདྨ་ཆེན་པོ་ལྟར་༼པདྨ་ལྟར་ཆེར་གས་པ་༽ཚལ་པ་བརྒྱད་དུ་གས་པ་དང་། དེ་བས་ཀྱང་གྲང་བས་ལུས་ཨུད་དཔལ་ལྟར་༼ཨུད་པ་ལྟར་ཆེར་གས་པ་༽ཚལ་པ་བཅུ་དྲུག་ཏུ་གས་སོ། །འཇིག་རྟེན་གྱི་ཁམས་རྒྱུད་ཅིང་། ཞེས་འཇིག་རྟེན་གཅིག་འཇིག་ཅིང་སྟོང་ན། འཇིག་རྟེན་ཆགས་ཟིན་པ་དེའི་གནས་སྐད་ཅིག་གིས་སླེབས་པར་འཕོས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བརྒྱུད་དེ། ལས་ངན་པ་བསམ་གྱིས་མི་ཁྱབ་པ་དེ་མ་ཟད་ཀྱི་བར་དུ་ཐོན་མི་སྲིད་དོ། །དམྱལ་བའི་ཚེ་ཚད་ནི། སྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་མྱོང་ངོ་། །ཞེས་སྐལ་བའི་བསྒྲང་ལུགས་ནི། དང་པོ་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་དུས་ནས་བསོད་ནམས་མར་ལ་འགྲིབ་པ་དང་། ཚེ་ལོ་བཅུ་པ་ལ་ཐུག །དེ་ནས་ཡང་ཡར་ལ་འཕེལ་བས་བརྒྱད་ཁྲི་ལ་ཐུག་པ་དང་། དེ་ལྟར་ཟུང་ཉི་ཤུ་ནི་ཆགས། ཉི་ཤུར་ནི་གནས། ཉི་ཤུར་ནི་འཇིག །ཉི་ཤུར་ནི་སྟོང་པར་གྱུར་པ་དང་། དེ་ལྟར་ཟུང་བཞི་བཅུ། ཡ་བ་བརྒྱ་བཅུ་ལ། སྐལ་པ་ཆེན་པོ་གཅིག་ཅེས་བྱའོ། །དེ་ལྟ་བུའི་སྐལ་པ་སྟོང་ཕྲག་བཅུ་གཉིས་སུ་དམྱལ་བའི་སྡུག་བསྔལ་ཚ་གྲང་ཉམས་སུ་མྱོང་ངོ་། །དེའི་དཔེར་རྩིས་ན། དཔག་ཚད་བརྒྱད་ཀྱིས་འཁོར་བའི་ལྕགས་ཀྱི་སྡོང་པོ་གཅིག་ལ། ཕུག་རོན་གྱི་གཤོག་པས་བྱུགས་པས་སྐེད་པར་ཚད་དོ། །ཡི་དྭགས་སུ་སྐྱེ་བའི་དུས་ནི། དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང་། ཞེས་སྒྲོལ་བ་མ་རྟོགས་པར་སྲོག་བཅོད་པ་དང་། སྦྱོར་བ་མ་རྟོགས་པར་འདོད་ཆགས་རང་དགར་སྤྱད་པས། ཚ་བའི་དམྱལ་བ་དང་། གྲང་བའི་དམྱལ་བར་སྐྱེས་པ་སྔོན་གྱི་ལས་རྣམ་པར་སྨིན་པའི་ལན་ཆགས་འཁོར་བས་ཟད་དོ། །ཡི་དྭགས་རང་གི་ངོ་བོ་ནི། ཡི་དྭགས་རྟོགས་པ་དང་། ཞེས་མ་བྱིན་པ་ལེན་པ་སྤྱད་ཉེས་པའི་འབྲས་བུ་ནི། བཀྲེས་པ་ཡིད་ལ་དྭགས་ནས། ཟས་ཀྱིས་འཕོངས་པས་ན། ཡི་དྭགས་སུ་སྐྱེ་བའི་རྒྱུ་དང་། མ་བྱིན་པ་བླང་བ་ཡང་། སེར་སྣ་ཅན་དང་བསྒྲལ་བ་ཞིང་བཅུའི་ནོར། ཐབས་མཁས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་བླངས་ནས། དཀོན་མཆོག་གསུམ་ལ་མཆོད་པ་དང་། ཚོགས་ཀྱི་ཡོ་བྱད་དུ་ཏང་རྒྱུ་ཡིན་པ་ལས། དེ་ལྟར་མ་རྟོག་ནས། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་གྱི་ནོར་ལ་ཐུགས་ཐུབ་དུ་སྤྱད་པས་ཡི་དྭགས་བཀྲེས་པ་སྐོམ་པ་ལུས་རིད་པར་སྐྱེས་པའོ། ༈ །གཏར་ཀས་གགས་གསལ་བ་ནི། རུ་ཏྲ་གཉེན་པོ་ཡེ་ཤེས་རྒྱུད་ལ་སྟེན་པར་རྣམ་པར་སྨིན་པ་ཟད་ན། ཁམས་གསུམ་འཁོར་བ་ཡང་རང་བཞིན་གྱིས་སངས་རྒྱ་བར་རིགས། རུ་ཏྲས་གཉེན་པོ་ཡེ་ཤེས་གཅིག་རྟེན་ནས་སངས་ན། རུ་ཏྲ་ཕྱིས་དཔལ་གྱིས་གྲོལ་བར་མི་རིགས་ཞེ་ན། རྒྱུ་མཐུན་གྱི་འབྲས་བུ་མྱོང་བ་ཡིན་ཏེ། སྔོན་གྱི་ལས་རེ་རེ་ཟད་པ་དང་། ཡང་སྔོན་གྱི་བག་ཆགས་རེ་རེ་སད་པའོ། །དེས་ན་འགལ་བ་ཅན་མྱེད་དོ། །སྐོམ་པའི་སྡུག་བསྔལ་གྱིས་ཉེས་པ་དང་། ཞེས་སྐོམ་པ་ཡིད་ལ་བཏགས་ཏེ། ཐ་ན་སོར་མོའི་རྩེ་མོ་ལ་ཀླན་ཙམ་ཡང་ལྟར་མྱེད་པས། སྐད་ཀྱང་མི་ཐོན་པར་གྱུར་པ་དེ། བཟའ་བཏུང་མྱེད་པ་དེ་ནི་ཡི་དྭགས་སྤྱི་ཐུན་གྱི་སྒྲིབ་པ་ཅན་ཞེས་བྱའོ། །འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོང་བ་དང་། ཞེས་ཕྱིའི་སྒྲིབ་པ་ཅན་ནི། མདུན་ན་རང་གི་འདོད་པའི་དངོས་པོ་རྣམས་མཐོང་ཡང་། རྣག་ཁྲག་དང་། ངན་སྐྱུགས་དང་། རང་གི་ཡིད་དུ་མི་འོང་བའི་བཟའ་བཏུང་མི་འདོད་པར་མཐོང་ནས། བཀྲེས་སྐོམ་ཡང་བཟའ་བཏུང་བྱར་མ་སྟུབ་པའོ། །སྟུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་འགྱུར་བ་དང་། ཞེས་ནང་གི་སྒྲིབ་པ་ཅན་ནི། བཟའ་བཏུང་ཟོས་པ་དང་། ཁོང་དུ་ནད་སྦྱར་དུག་ལྟར་སྡུག་ཅིང་། མཚོན་ཟུགས་ལྟར་རྩུབ་སྟེ། ནང་དུ་ཁྲོ་ཆུ་ཁོལ་མ་ལྟར་སོང་ནས། ནད་ཀྱི་དངོས་པོ་སྣ་ཚོགས་ཀྱིས་ཟུག་ཅིང་གཟེར་ནས་ན་བར་གྱུར་པ་དང་། ཡོང་མྱེད་པར་ཡང་འགྱུར་ཞིང་། ཞེས་ཕྱིའི་སྒྲིབ་པ་ཅན་གྱི་རིགས་གཅིག་ནི། ཟས་མཐོང་ནས། དེ་ཟར་ཕྱིན་ཙམ་ན་མྱེད་པར་སོང་བས། སླར་བཀྲེས་སྐོམ་པའོ། །དཔེར་ན་མྱིགས་རྒྱུ་ཆུར་མཐོང་བ་དང་འདྲའོ། །ཤིན་ཏུ་རིད་ཅིང་སྐམས་པ་དང་། ཞེས་དེའི་ལུས་ཀྱང་ཤིན་ཏུ་རིད་ཅིང་། རུས་མགོའ་སྤགས་ཀྱིས་ཐུམ་ཙམ་པའོ། །ཆུ་རྒྱུས་དང་རྩ་རེས་འདྲ་བ། སྤགས་པ་སྐམ་ནས་ཐལ་ཀྱར་བུན་གྱིས་སོང་བ་དང་། ལུས་དང་ཡན་ལག་དང་དབང་པོ་མི་འཚམ་པར་འགྱུར་པའི། ཞེས་ཡི་དྭགས་སྒོ་ཁུར་གྱི་སྒྲིབ་པ་ཅན་ནི། ལུས་རི་རབ་ཙམ་ཡོད་པ། རྐང་ལག་འཇག་མ་ཙམ་ཡོད་པས། ལུས་མི་ཐེག་པར། འགྲོ་མཉམ་ཡང་འགྲོ་བའི་སྟོབས་མྱེད། ཟས་མཐོང་ཡང་དེའི་རྩར་འགྲོ། མི་ནུས་པ་དང་། ཡང་འགོ་རྫ་མ་ཙམ་ལ་ལུས་འཇག་མ་ཙམ་དུ་གྱུར་ནས། ལུས་ཀྱིས་འགོའ་མི་ཐེག་པ་དང་། གསུས་པ་ཡུལ་འཇོངས་ཙམ་ལ། ཁའི་དབང་པོ་ཁབ་དམྱིག་ཙམ་དུ་ཟས་མི་ཚུད་པའོ། །ཚེ་ཚད་བསྟན་པ་ནི། སྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །ཞེས་སྐལ་པ་ནི། ཡར་སྐྱེ་མར་འགྲིབ་ཟུང་ཉི་ཤུར་ནི་ཆགས། དེ་ལྟར་ཟུང་ཉི་ཤུར་ནི་གནས་ཤིང་འཁོར། ཉི་ཤུར་ནི་འཇིག །ཉི་ཤུར་ནི་སྟོངས་སོ། །དེ་ལྟ་བུའི་འཇིག་ཆགས་སྟོང་གནས། ཟུང་ན་བརྒྱ་བཅུ། ཡ་བ་བརྒྱ་བཅུ་སྟེ། དེ་ལ་སྐལ་པ་ཆེན་པོ་གཅིག་གོ། །དེ་ལྟ་བུ་དྲུག་གོ། །དམྱལ་བ་ནས་སྐལ་པ་ཕྱེད་ཀྱིས་སྡུག་བསྔལ་ཡུན་ཐུང་ངོ་། ༈ །འདིར་སྤྱིར་རུ་ཏྲ་ལ་འདོད་ལུགས་གཉིས་ཏེ། གསང་སྔགས་སྒྲ་ཇི་བཞིན་དུ་སྤྱད་པས་རྒྱུ་འབྲས་མི་བསླུ་བ་ལ་དོག་པ་སྟེ་རང་རྒྱུད་པའམ་ཕྱིའི་རུ་ཏྲ་དང་སྦྱར་བ་དང་། བདག་ཏུ་འཛིན་པ་ལ་དགོངས་ཏེ། སྤྲུལ་པའམ་ནང་གི་རུ་ཏྲ་དང་སྦྱར་བའོ། །གལ་ཏེ་ཚུལ་དེ་གཉིས་སུ་མི་བདེན་དེ། གང་རུང་གཅིག་བདེན་ནམ། སྤྲུལ་པ་ལྟ་བུ་གཅིག་བདེན་ན། སེམས་ཅན་དམྱལ་བ་རང་ཡང་དྲང་དོན་ནམ་སྡིགས་མོ་ཡིན་ཏེ། དོན་ལ་མ་རྟོགས་པ་ལ་ཡང་མྱེད་པར་འགྱུར་རོ། །རང་རྒྱུད་པ་གཅིག་པུ་ལྟར་བདེན་ན་ཡང་། མདོའ་སྡེ་ནས། དེ་ཚེ་དེའི་དུས་ན། བདུད་ལྷ་སྦྱིན་ནི་གཞན་ཡིན་མཉམ་དུ་མ་སྟོན་ཅིག །ཞེས་པས། སངས་རྒྱས་ཀྱི་ཆེ་བར་དབྱུང་བའི་ཕྱིར་སྤྲུལ་པ་དེ་ཡང་མི་བདེན་པར་འགྱུར་རོ། །འདི་ཉིད་ནས། ཐོང་ཐོང་རྗེའི་བདག་པོ་ཅིས་ཏེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཅེས་སོ། །དེ་བས་ན་གཉིས་ཀ་ལྟར་འདོད་དེ། མ་རྟོགས་ན་རང་རྒྱུད་པ། རྟོགས་ན་སྤྲུལ་པ་བའོ། །ཕྱིའི་རུ་ཏྲ་ནི། གསང་བའི་ལམ་ནོར་བ་ལས་བྱུང་། ནང་གི་རུ་ཏྲ་ནི་མ་རིག་པའོ། །དེ་ཡི་དྭགས་ནས་ཐོན་པ་ནས་ལས་ཀྱི་སྦྱོར་བ་དང་མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་རྩུབ་མོ་དེ་རིམ་གྱིས་སམ་དལ་བུས་ཁད་ཀྱིས་དེའི་བག་ཆགས་ངན་པ་སྲབས་པ་དང་། ལས་ཀྱི་སྲིན་པོར་སྐྱེ་བའི་དུས་ནི། སྔོན་གྱི་ཉེས་པའི་སྲིད་པས་བག་ཆགས་ངན་པའི་འཚམས་སྦྱར་ནས། ཞེས་སྲིན་པོར་སྐྱེ་བའི་རྒྱུ་ནི། ཁྲོ་བོར་བསྒོམ་པ་ཡང་། བཅས་བཅོས་གཉིས་དང་ལྡན་པའི་སྐུ་ཕྱག་རྒྱ་ཆེན་པོ། སྣང་ལ་རང་བཞིན་མྱེད་པའི་དོན་བྱང་ཆུབ་སེམས་དང་ལྡན་པར་བསྒོམ་རྒྱུ་ཡིན་པ་ལ། དེ་ལྟ་མ་རྟོགས་ཏེ། ཞེ་སྡང་གིས་ཁྲོ་བོ་རང་རྒྱུད་པར་བསྒོམ་པས། དེས་འཚམས་སྦྱར་ནས་སོ། །རང་གི་ངོ་བོ་ནི། ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་རབ་ཏུ་གདུག་པ་གཏུམ་པོ། ཞེས་ཆ་བྱད་ཡི་དྭགས་འདྲ་བར་རིད་པ། ངོ་བོ་ལས་ཀྱི་སྲིན་པོ་ཆེན་པོར་གྱུར་པ། ངག་སྟུམ་པ། ལུས་སྡུག་པ། རིགས་འབྱུང་པོའི་རིགས་སུ་རྟོགས་པ། སྡེ་ཚན་ན་བྱོལ་སོང་ཁོངས་སུ་སྡེབ་བོ། །དུད་འགྲོའི་རིགས་གཉིས་སུ་བསྟན། ལུས་གཅིག་ལ་འགོའ་བརྒྱ་པ་དང་། ཞེས་ལུས་གཅིག་ལ་མགོའ་བརྒྱ་ཡོད་པ། མགོའ་བརྒྱས་སྐོམ་ཞིང་འཐུང་། བཀྲེས་ཤིང་ཟོས་པས། ལུས་གཅིག་གི་ཁོང་དུ་མ་ཤོང་བས། མི་འཇུ་བར་བྱེད་སྡུག་བསྔལ། མགོ་སྣ་ཚོགས་པ་དང་། ཞེས་མགོའ་དེ་དག་ཡང་སྟག་དང་སེང་གེ་ལ་སོགས་པ་བཟའ་བ་ལ་དགྱེས་པའི་དབུའོ། །ལུས་བརྒྱའ་ལ་མགོའ་གཅིག་པ་དང་། ཞེས་ལུས་བརྒྱ་ཡོད་པ་ལ། མགོ་གཅིག་གིས་ཟོས་པས་མི་བགྲངས་ཤིང་རྟོགས་པའི་སྡུག་བསྔལ་དང་། ལུས་སྣ་ཚོགས་པ་དང་། ཞེས་ལུས་དེ་དག་ཡང་སྦྲུལ་དང་དྲེད་ལ་སོགས་པ་ལྟོ་ཆེ་བའི་ལུས་རྣམས་སུ་ཤ་ར་ཡོད་པ་དང་། རུ་ཏྲ་ཉིད་བསྟན། ཡན་ལག་མང་པོ་དང་། ཞེས་བྱོལ་སོང་རྐང་བཞི་བ་གླང་ལྟ་བུའི་ཡན་ལག་དང་། རྐང་གཉིས་བྱ་ལྟ་བུའི་དང་། རྐང་མང་རྟ་བླ་ལྟ་བུ་དང་། རྐང་མྱེད་སྦྲུལ་ལྟ་བུ་དང་། ཡན་ལག་སྣ་ཚོགས་པ་དང་། ཞེས་རྨིག་པ་ཅན་དང་། སྡེར་མོ་ཅན་དང་། ལ་ལ་སྦར་མོ་ཅན་དང་། ལ་ལ་སེམས་ཅན་ཕལ་པའི་ཡན་ལག་འདྲ་བ་རྨིག་སྡེར་མྱེད་པ་དང་། གདུག་པའི་ལག་ཆ་སྣ་ཚོགས་པ་ཐོགས་པ། ཞེས་ཁ་ཏང་དང་། རྡོ་རྗེ་དང་། ཕུབ་དང་། ཀ་ཏར་དང་། མདུང་དང་། འཁོར་ལོ་དང་། པད་མ་དང་། གསལ་ཤིང་དང་། མདའ་གཞུ་དང་། འཕང་མདུང་དང་། རལ་གྲི་དང་། སྟུན་ཤིང་དང་། རྒྱལ་མཚན་དང་། བ་དན་དང་། ཐོག་དང་། སེར་བ་དང་། སྐར་མདའ་དང་། ཐོག་སྐྱོགས་ལ་སོགས་པ་གདུག་པའི་ལག་ཆ་དང་། འཁོར་རབ་ཏུ་བསྟན་འཁོར་རབ་ཏུ་བསྟུམ་པོ་མང་པོ་དང་། འཇིགས་པའི་གཟུགས་སྣ་ཚོགས་དང་། འཁོར་ཚོགས་མང་པོ་ཀུན་ཡང་། ལས་མཐུན་པའི་ཕྱོགས་གཅིག་ཏུ་སྐྱེས་པ་ནི། དཔེར་ན་བཅོམ་ལྡན་འདས་ལ་བདུད་ཀྱི་ཚོགས་ཀྱིས་འཇིགས་གཟུགས་བསྟན་པ་ལྟ་བུའོ། །འཇིགས་པའི་ང་རོའི་སྒྲ་སྣ་ཚོགས་སྒྲོག་པ། ཞེས་འདྲེའི་སྐད་ཀྱིས་སེམས་དཔའ་ཞུམ་པར་བྱེད། ལུས་སྒྱིད་ལུག་པའམ། ཀུར་བར་བྱེད་པའོ། ༈ །ལས་ཀྱི་སྦྱོར་བས་གཞན་ལ་གནོད་ཚུལ་བསྟན་པ་ནི། གཟུགས་དང་ང་རོ་དང་དྲི་དང་ཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ། གཟུགས་མི་སྡུག་པའི་ནི་དྲང་སྲོང་འདྲ། ང་རོ་མི་སྙན་པ་ནི་འདྲེ་སྐད་སྨྲ། དྲི་མི་ཞིམ་པ་ནི་བསེ་ཤིང་གི་སྡོང་པོ་འདྲ། ཁ་རླངས་ནི་ནད་ཀྱི་སྤྲིན་དུ་ཆགས་པས་སེམས་ཅན་ཐམས་ཅད་ལུས་བ་སྤུ་ལྡང་ངོ་། །རབ་ཏུ་འཇིགས་པའི་རླུང་ནག་དང་། ཞེས་སྣ་བུག་ནས་སེམས་ཅན་རབ་ཏུ་འཇིགས་པའི། རླུང་ནག་ལྡང་བས་དབྱར་གྱིས་ཆར་སྤྲིན་ལྟར་འཐིབས་སོ། །གྲང་བ་དང་ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་ཁམས་འཁྲུག་པར་བྱེད་པ། ཞེས་རླུང་དང་བད་ཀན་གྲང་བའི་ནད་དང་། ཁྲག་དང་མཁྲིས་པ་ཚ་བའི་ནད་ནི། དབུགས་ཀྱི་རླངས་པ་ལས་འཆར། སེམས་ཅན་ཕྱོགས་བཅུ་ན་ཡོད་པའི་ནད་ཁམ་དེས་འཁྲུགས་ཅིང་ཀློང་ངོ་། །ནད་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། ཞེས་ནད་རྩ་བ་བཞི་ནི། རླུང་། མཁྲིས་པ། བད་ཀན། འདུས་པའོ། །ཡན་ལག་བཞི་བརྒྱ་ནི། རླུང་ལས་གྱུར་པ་བརྒྱ། བད་ཀན་ལས་གྱུར་པ་བརྒྱ། མཁྲིས་པ་ལས་གྱུར་པ་བརྒྱ། འདུས་པ་ལས་གྱུར་པ་བརྒྱ། སེམས་ཅན་རྣམས་ལ་འདེབས་པར་བྱེད་དོ། །མྱོས་ཤིང་ཉམས་པར་བྱེད་པའི་མཐུས། ཞེས་གང་ལ་གཏབ་པ་དེ་ནི། ལུས་ཀྱི་དབང་པོ་ནི་མྱོས། སེམས་ཀྱི་དྲན་པ་ནི་ཉམས། དེ་ལྟ་བུའི་ནུས་མཐུས། གང་རྣམས་དབང་དུ་སྡུས་ཞེ་ན། ཀླུའི་རིས་དང་། ཞེས་རྒྱལ་རིགས་ས་ལ་དབང་། རྗེའུ་རིགས་མེ་ལ་དབང་། རྨོངས་རིགས་ཆུ་ལ་དབང་། བྲམ་ཟེ་རླུང་ལ་དབང་། རྡོལ་པ་དུག་ལ་དབང་བ་རྣམས་དང་ཕྱིའི་རོལ་མཚོ་ལ་གནས་པ་དང་གླིང་ལ་གནས་པའོ། །ལྷ་མ་ཡིན་གྱི་རིས་དང་། ཞེས་རི་རབ་ཀྱི་ཁོང་སེང་ན་ལྷ་མ་ཡིན་གྱི་རྒྱལ་པོ་ཤུད་ཀེ་ན་མཆུ་རིངས་ལ་སོགས་པ་རྣམས་སོ། །ལྷའི་རིས་དང་། ཞེས་ལྷའི་རིས་དྲུག་ནི། རྒྱལ་ཆེན་རིགས་བཞི་ནི། སུམ་ཅུ་རྩ་གསུམ་དང་། མཚེམ་དང་། མཐའ་བྲལ་དང་། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་དེད་དཔོན་ཀ་རུ་ན་བཏུལ་ལོ། །ཚངས་པའི་རིས་དང་། ཞེས་སྤྱིར་གཟུགས་ཁམས་གནས་རིས་བཅུ་བདུན་ལས། བསམ་གཏན་དང་པོའི་གནས་གསུམ་ནི། ཚངས་རིས་ཀྱི་ལྷ་དང་། ཚངས་པ་འདུན་ན་འདོད་དང་། ཚངས་ཆེན་ནོ། །དེ་ཡང་འཁོར་བའི་ཉོན་མོངས་པ་གྱོད་དང་ཁྲིན་ལས་ཚངས་པས་ན་ཚངས་སོ། །འོད་གསལ་དང་། ཞེས་བསམ་གཏན་གཉིས་པའི་གནས་གསུམ་ནི། འོད་ཆུང་དང་། ཚད་མྱེད་འོད་དང་། འོད་གསལ་ལོ། །དེ་ཡང་རང་གི་ལུས་ལ་འོད་གསལ་ཞིང་། ཉི་ཟླའི་བྱ་བ་དང་བྲལ་བས་སོ། །དགེ་རྒྱས་དང་། ཞེས་བསམ་གཏན་གསུམ་པའི་གནས་གསུམ་ནི། དགེ་ཆུང་དང་། ཚད་མྱེད་དགེ་དང་། དགེ་རྒྱས་སོ། །དེ་ཡང་བསོད་ནམས་ཀྱི་དགེ་རྩ་རྒྱས་པས་ན་དགེ་རྒྱས་སོ། །འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །ཞེས་བསམ་གཏན་བཞི་པའི་གནས་གསུམ་ནི། སྤྲིན་མྱེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བའོ། །དེ་ཡང་གཞན་ལས་དགེ་བའི་འབྲས་བུ་ཆེ་བས་ན་འབྲས་བུ་ཆེ་བ་ཞེས་བྱའོ། །སྤྱིར་ཁམས་གསུམ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མྱེད་པའི་ཁམས་སོ། །འདོད་པའི་ཁམས་ལ་གནས་རིས་ཉི་ཤུ་སྟེ། དེ་ཡང་ངན་སོང་གནས་བཅུ་ནི། ཚ་བའི་དམྱལ་བ་བརྒྱད་དང་། གྲང་བའི་དམྱལ་བ་བརྒྱད་དང་། ཟུང་དུ་རྩིས་པས་བརྒྱད། ཡི་དྭགས་དང་དུད་འགྲོ་གཉིས་ཏེ་བཅུའོ། །མཐོ་རིས་གནས་བཅུ་ནི། མི་ཡུལ་གླིང་བཞི། རྒྱལ་ཆེན་རིགས་བཞི་དང་ལྔ། སུམ་ཅུ་རྩ་གསུམ་དང་དྲུག །མཐའ་བྲལ་དང་བདུན། དགའ་ལྡན་དང་བརྒྱད། འཕྲུལ་དགའ་དང་དགུའ། གཞན་འཕྲུལ་དགའ་བྱེད་དང་བཅུའོ། །གཟུགས་ཁམས་གནས་རིས་བཅུ་བདུན་ནི། བསམ་གཏན་དང་པོ་ན། ཚངས་པ། ཚངས་པའི་མདུན་ན་འདོན། ཚངས་ཆེན་གསུམ། གཉིས་པ་ན། འོད་ཆུང་། འོད་གསལ། ཚད་མྱེད་འོད་གསུམ་མོ། །བསམ་གཏན་གསུམ་པ་ན། དགེ་ཆུང་། དགེ་རྒྱས། ཚད་མྱེད་དགེ་གསུམ། བསམ་གཏན་བཞི་པ་ནི། སྤྲིན་མྱེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་གསུམ། གཞན་ཡང་། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམ་སྣང་བ། འོག་མིན་གྱི་ལྷའོ། །གཟུགས་མྱེད་ཁམས་ན་སྐྱེ་མཆེད་མུ་བཞི་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། ཡོད་མིན་མྱེད་མིན་སྐྱེ་མཆེད་དང་། ཅི་ཡང་མྱེད་པའི་སྐྱེ་མཆེད་དོ། །སྤྱིར་དེ་རྣམས་ལས། རུ་ཏྲས་འབྲས་བུ་ཆེ་བ་མན་ཆད་དབང་དུ་སྡུས་སོ། །ཡང་ན་སྟེང་ལྷའི་སྲིད་པ། བར་མིའི་སྲིད་པ། འོག་ཀླུའི་སྲིད་པ་གསུམ་དབང་དུ་སྡུས་སོ། །མི་ཆེ་བ་ལ་སོགས་པའི་རྩང་མའི་རིས་ཀྱི་ལྷ་ལྔ་པ་ནི་འཕགས་པའི་གནས་གཞན་ཡིན་པས་དབང་དུ་སྡུའ་རྒྱུ་མ་རྙེད་དོ། །དེ་སྔོན་རྟེན་པའི་སྟོབས། དེ་ནི་རུ་ཏྲའོ། །སྔོན་རྟེན་པའི་སྟོབས་ཞེས་པ། དེ་ཡང་སྔོན་སྐལ་པ་ཀུན་བཀོད་བྱ་བ་ལ། ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བར། སློབ་དཔོན་དགེ་སློང་ཐུབ་ཀ་གཞོན་ནུ་ཞེས་བྱ་བ་ལ། གསང་སྔགས་ཐེག་པ་ཆེན་པོའི་ཆོས་ལ་མཁས་པར་གྱུར་པ་ལ། དེར་ཡུལ་ཕྱོགས་དེ་ན་ཁྱིམ་བདག་ཀོའུ་ཀ་ཡ་ཞེས་བྱ་བ་ལ། བུ་ཐར་པ་ནག་པོ་ནག་ཞེས་བྱ་བ་ཡོད་དེ། བུ་ཐར་པ་ནག་པོ་ཞེས་བྱ་བ་ཡོད་དེ། དེས་གཡོག་དན་ཕག་ཞེས་བྱ་བ་ཁྲིད་ནས། དགེ་སློང་ཐུབ་ཀ་གཞོན་ནུ་ལ་ཆོས་ཞུས་པས། དགེ་སློང་དག །ད་ལྟ་རང་ཅི་དགར་སྤྱད་ནས། ཚེ་ཕྱི་མ་ལ་སངས་རྒྱས་བའི་ཆོས་ཡོད་ན་ཞུ་ཞེས་བྱས་པས། དགེ་སློང་གིས་དོན་དམ་པ་ལ་དགོངས་ནས་ཡོད་གསུང་ནས་བཤད་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་དེངས་བཞིན། །རྣལ་འབྱོར་དེ་ཉིད་དམ་པའི་ལམ། །ཞེས་བཤད་པས། ཐར་པ་དགྱེས་ནས། ལེགས་སོ། །ཡིན་ནོ། །བསྟོད་དོ། །ཐབས་ཆེའོ་གསུང་ནས་དེར་ཐར་པས་དགེ་སློང་བྱས། གཡོག་དན་ཕག་གིས་དགེ་ཚུལ་བྱས་ནས། །དེར་སོང་ངོ་། །དེར་ཐར་པ་ནག་པོས་སྒྲ་ཇི་བཞིན་དུ་རྟོགས་པས། དངོས་པོ་བཞི་རང་དགའ་སྤྱད་དེ། སྲོག་བཅད། མ་བྱིན་པ་བླངས། མི་ཚངས་པ་རང་དགར་སྤྱད། ཁྲོ་བོ་རང་རྒྱུད་པར་བསྒོམས་སོ། །གཡོག་གིས་དོན་ཇི་བཞིན་པར་གོ་སྟེ། དེ་ལྟ་མ་ཡིན་ཞེས་བྱས་པས། དེར་དཔོན་གཡོག་མ་འཐུན་ནས། དགེ་སློང་ལ་དྲིས་པས། དགེ་སློང་གཡོའ་རྒྱུ་མྱེད་པར་དྲང་པོར་སྨྲ་སྟེ། དེའི་ཐར་པ་ལྟར་ནི་མྱིན། དན་ཕག་བཞིན་ཡིན་ནོ་བྱས་པས། ཐར་པ་ནག་པོ་འཁྲོས་ཏེ། སློབ་དཔོན་ཡང་དན་ཕག་ལ་དགའ་བ་འདིར་མ་གནས་ཅིག་ཞེས་བྱས་པས། རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་ཉམས། དན་ཕག་ཡང་ངའི་གཡོག་ཡིན་པ་ལ། ཁྱོད་ང་ལ་འགྲན་པ་འདིར་མ་འདུག་ཅེས་བྱས་པས། རྡོ་རྗེ་མཆེད་ཀྱི་དམ་ཚིག་ཉམས། སྙིང་རྗེ་མྱེད་པས་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས། སྒྲོལ་སྦྱོར་དང་། མ་བྱིན་པ་ལེན་པ་དང་། རྫུན་དང་ཕྲ་མ་བྱས་པས་ཡན་ལག་གི་དམ་ཚིག་ཉམས། ཉམས་སོ་མ་སྐངས་པས། ཀུན་ཏུ་ཉམས་པར་ཅེན་པོར་འགྱུར་རོ། །དེར་དམྱལ་བར་སྐྱེས། ཡི་དྭགས་སུ་སྐྱེས། དེ་ནས་ཐོན་ནས་ལས་ཀྱི་སྲིན་པོར་སྐྱེས་པ་ནི། སྔོན་རྟེན་པའི་སྟོབས་སོ། །སློབ་དཔོན་དང་དན་ཕག་དགེ་བ་རྟེན་པའི་སྟོབས་ཀྱིས་སངས་རྒྱས་སོ། །ཐམས་ཅད་མཁྱེན་པས་གཟིགས་ནས། དགེ་སློང་ཐུབ་ཀ་གཞོན་ནུ་ནི་དཔལ་རྡོ་རྗེ་སེམས་དཔར་སངས་རྒྱས་ལ། གཡོག་དན་ཕག་ནི་དཔལ་ཕྱག་ན་རྡོ་རྗེར་སངས་རྒྱས་པས། གཟིགས་ཚུལ་གསུམ་སྟེ། ཤེས་བྱ་ཇི་ལྟར་བར་མཁྱེན་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་སངས་རྒྱས་སུ་མཁྱེན་པའོ། །ཤེས་བྱ་ཇི་སྙེད་པར་མཁྱེན་བ་ནི། སེམས་ཅན་ཐམས་ཅད་ཀྱི་ལས་དང་སྡུག་བསྔལ་ཐ་དད་པ་རྣམས་མ་འདྲེས་པར་མཁྱེན་ནོ། །ཇི་ལྟ་བ་དང་ཇི་སྙེད་པ་དབྱེར་མྱེད་པར་མཁྱེན་པ་ནི། རིག་མ་རིག་མེ་ལོང་གི་ལྟོ་རྒྱབ་ལྟར་དབྱེར་མྱེད་དུ་མཁྱེན་ནོ། །དེས་དགེ་སློང་ཐར་པ་ནག་པོ་རུ་ཏྲར་སྐྱེས་ཏེ། གདུལ་བྱར་གྱུར་པ་དེ་གཟིགས་ནས་འདུལ་བའོ། ༈ །འདིར་གཏར་ཀས་གགས་བསལ་བ་ནི། རུ་ཏྲ་སྔོན་ཐུགས་ཁར་གཞོན་ནུས་རྟེན་ནས། རུ་ཏྲ་འཁོར་བར་འཁྱམས། ཐུབ་ཁ་སངས་རྒྱས་ན། དེ་སྔོན་ནས་གཟིགས་ལ་ཐང་། ཡང་རུ་ཏྲ་འཁོར་བར་འཁྱམས་པ་མ་གཟིགས་ན། ཐམས་ཅད་མཁྱེན་པ་དང་འགལ། གཟིགས་ན་དམྱལ་བར་སྐྱེས་ཙམ་ན་འདོན་ལ་ཐང་ཟེར་ན། དེ་ནི་འདི་ལྟར་དེ། ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་ཡང་། གདུལ་བྱའི་སྣང་བ་ལོག་པར་སོང་སྟེ། དཔེར་ན་བྲག་ཕུག་ཁ་བྱང་དུ་ལྟ་བར་ཉི་མ་མི་འཆར་བ་འདྲའོ། །འོ་ན་གཟིགས་ན། ཡུལ་ཅན་དུ་གཟིགས་ན་ཡུལ་ཡུལ་ཅན་གྱི་རྟོག་པ་དང་བཅས་པར་འགྲོ། ཡུལ་མྱེད་པར་གཟིགས་སུ་མྱི་སྟུབ། ཡུལ་ལུས་ཅན་དབྱེར་མྱེད་དུ་གཟིགས་ན། དབྱེར་མྱེད་མཉམ་པོ་ལ་གང་གིས་གང་ལ་ཐུགས་རྗེ་སྐྱེ་ཞེ་ན། ཡུལ་དུ་བྱས་ལ་རྟོག་པ་མྱེད་པའི་ཚུལ་གྱིས་གཟིགས་ཏེ། དེ་ཡང་རྣམ་རྟོག་མི་མངའ་ཅིར་ཡང་ས་ལེ་མཁྱེན། ཅེས་པས་གསལ་ལོ། །ཐུགས་རྗེས་འདུལ་བར་གྱུར་ཏེ། ཞེས་སྤྱིར་ཐུགས་རྗེ་ལ་བཞི་སྟེ། རྟག་པ་རྒྱུན་དུ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་སྐྱེ་བ་དང་། སྐུལ་ཞིང་གསོལ་བ་བཏབ་པས་སྐྱེ་བ་དང་། ཡུལ་དང་ཕྲད་ན་སྐྱེ་བའམ། འདིར་ཡུལ་དང་བྲད་ནས་སྐྱེ་བའི་ཐུགས་རྗེས་འདུལ་བར་གྱུར་ཏོ་ཞེས་སོ། ༈ །དགོས་ཆེད་བསྟན་པ་ནི། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བས། ཞེས་ཐུགས་རྗེའི་གཟིགས་ནས་པ་དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མྱེད་པ་དེ་ནི་ཆེ་བའོ། །སྐུ་གསུང་ཐུགས་དབྱེར་མྱེད་རྡོ་རྗེའོ། །ཐ་དད་མྱེད་བཞིན་ཐ་དད་པའི་རྣམ་པར་བཀོད་པའོ། །སྒྱུ་འཕྲུལ་དྲ་བ་ནི། ཐབས་ཤེས་རབ་གཉིས་སུ་མྱེད་པར་བཀོད་པས་ན་དྲ་བའོ། །ཆེ་མཆོག་ལོངས་སྤྱོད་ཀྱི་དལ་དང་། ཏིང་ངེའི་ཆོ་འཕྲུལ་འདི་མན་ཆད་དོ། ༈ །འདིར་ངག་དོན་དུ་གསུམ་སྟེ། ཆོ་འཕྲུལ་རྨད་དུ་འབྱུང་བ་དང་། དཀྱིལ་འཁོར་རྨད་དུ་འབྱུང་བ་དང་། འཕྲིན་ལས་རྨད་དུ་འབྱུང་བའོ། །ཆོ་འཕྲུལ་རྨད་དུ་འབྱུང་བ་ལ་དྲུག་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཀུན་རྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་ཀྱིས་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། འཁོར་སྡུད་པའི་ཆོ་འཕྲུལ་ལོ། །དཀྱིལ་འཁོར་རྨད་དུ་བྱུང་བ་ནི་བཞི་སྟེ། ཆེ་མཆོག་ལོངས་སྤྱོད་ཆེན་པོའི་དཀྱིལ་འཁོར་དང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །འཕྲིན་ལས་རྨད་དུ་འབྱུང་བ་ནི་གཉིས་ཏེ། འཕྲིན་ལས་ཀྱི་ངོ་བོ་རྨད་དུ་འབྱུང་བ་དང་། འཕྲིན་ལས་ཀྱི་འབྲས་བུ་རྨད་དུ་འབྱུང་བའོ། །དེ་ལ་གཉིས་ཏེ། དྲེགས་པ་སྟབས་པ་དང་། འཁོར་དམ་ལ་བཏགས་པའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པའི་གསུམ་གྱི་བདག་པོ། ཞེས་གདུལ་བྱ་ནི་སྤྱིར་རིགས་དྲུག་གི། འཇིག་རྟེན་ན་གནས་ཚད་དོ། །ཁྱད་པར་དུ་རུ་ཏྲ་འདིའོ། །སྟེང་ལྷའི་སྲིད་པ་དང་། འོག་ཀླུའི་སྲིད་པ་དང་། བར་མིའི་སྲིད་པ་གསུམ་གྱིས་བདག་པོ་ནི་ལོག་པར་འདྲེན་པའི་རུ་ཏྲས་བྱས་པས་སོ། །འདུལ་བའི་ངར་རྒྱལ་ཆེན་པོའི་གཟིའ་བརྗིད་སྟོན་པའི་ཕྱིར། ཞེས་ང་མྱེད་པའི་ང་རྒྱལ་གྱིས། ལོག་པའི་ང་རྒྱལ་ཅན་གྱི་རུ་ཏྲ་དེ་དག་གི་ལུས་ངག་ཡིད་ཀྱི་སྦྱོར་བ་ཟིལ་གྱིས་མནོན་པའི་གཟིའ་བརྗིད་བསྟན་པའི་ཕྱིར། ཆེ་མཆོག་ལོངས་སྤྱོད་ཆེན་པོ་ནི། རྩ་ཞལ་གསུམ་ནི། གཡས་སྔོ་ནག །གཡོན་སེར་ནག །དབུའ་སྨུག་ནག་སྐུ་དང་མཐུན་ནོ། །བར་གྱི་དབུ་གསུམ་ནི། གཡས་སེར་ནག །གཡོན་དམར་ནག །དབུས་མཐིང་ནག །སྟེང་གི་ཞལ་གསུམ་ནི། གཡས་དམར་ནག །གཡོན་ལྗང་ནག །དབུས་དཀར་པོ་ཞི་བའི་ཞལ་ལོ། །ཕྱག་བཅོའ་བརྒྱད་ནི། གཡས་ནི་རྡོ་རྗེ་རྩེ་དགུའ་དང་། རྩེ་ལྔ་དང་། གསེར་གྱི་འཁོར་ཡུག་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། རལ་གྲི་དང་། ཏི་རའི་དབྱུག་པ་དང་། དབང་ཕྱུག་ཆེན་པོ་དབྱུག་པ་ཕྱར་བའོ། །གཡོན་ན། ཐོད་པ་བདུད་རྩིས་བཀང་བ་དང་། པད་མ་དང་། མདའ་གཞུའ་དང་། དྲིལ་བུ་དང་། རལ་གྲི་དང་། བཤོལ་དང་། ཁ་ཏོང་དང་། ཨུ་མ་དེ་བའི་བ་ག་དང་། རྒྱུ་ཞགས་སོ། །འདི་ཀུན་བཟང་ཧེ་རུ་ཀ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ཡིན་ནོ། །ལས་ཀྱི་བདག་པོ་བསྟན་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ། ཞེས་དེ་མ་ནོར་བ་ཆོས་ཀྱི་དབྱིངས། བཞིན་དོན་གྱི་རིག་པ། དེའི་ངང་དུ་རྟོགས་པས་གཤེགས་པ། ཐམས་ཅད་ནི་སངས་རྒྱས་སོ། །སྣང་བ་ནི་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས། དབྱེར་མྱེད་དུ་གཤེགས་པའི་བདག་པོ། རིགས་ཀྱི་ཀུན་ཏུ་བཟང་པོའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་བདུད་བཞི་བཅོམ། སྐུ་དང་ཡེ་ཤེས་སུ་ལྡན། མཐའ་ལས་འདས། ལོངས་སྤྱོད་རྣམ་གཉིས་ལ་དགྱེས་པས་ཆེན་པོ། ཏིང་ངེ་འཛིན་བསྟན་པ་ནི། ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི། ཞེས་རིགས་ལྔ་ཧེ་རུ་ཀའི་བདག་པོ། ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་རྩ་བའོ། །སྤྲིན་དང་འདྲ་བའི་ཁྲོ་བོ་མང་པོ་རྣམས་འཕྲོ་བའོ། །སྒྱུ་འཕྲུལ་དྲ་བའི་རྒྱལ་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་སྒྱུ་ནི་ཡུམ། འཕྲུལ་ནི་ཡབ། དྲ་བ་འབྲེལ་པ། རྒྱལ་པོ་ནི་མཐའ་གཉིས་ལས་སོ། །ཆེ་མཆོག་ཁྲོ་བོའི་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་ནས་སོ། །སྤྲུལ་པ་འབྱུང་བའི་གཞི་ཡུམ་བསྟན་པ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ནས། ཞེས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལས་སམ། དེ་བཞིན་ཉིད་ཁོ་ན་ཡུམ་ཡིན་པས། དེ་ཡུམ་གྱི་འབྱུང་གནས་སུ་གྱུར་པའམ། ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་ཕྱུང་སྟེ། ཞེས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཀྱི་རྟགས། སྐུ་ཁྲོ་མོ། འཁོར་འདས་ཀྱི་དབང་ཕྱུག་ཆེན་མོ་སྟེ། སྐུ་མངོན་དུ་ཕྱུང་ནས་ཐོན་པ་ནི། དཔེར་ན་ནམ་ཀའི་ཆར་ལྟར་འབྱུང་བའོ། །དེ་ཡང་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ཡབ་དང་འཐུན་པ། གཡས་རྡོ་རྗེ་གཡོན་བྷན་དྷ་སྣམས་པའོ། །རོལ་ཐབས་བསྟན་པ་ནི། ཧི་ཧི་དགྱེས་པའི་གཟིའ་མདངས་ཀྱིས་པད་མ་རྒྱས་པར་མཛད་ནས། ཞེས་ཆོས་ཉིད་ཀྱི་དགྱེལ་པ་ལྡན་པའི་རྟགས་སམ། ཡབ་ལ་དགྱེས་པས། སྐུ་གཟིའ་མདངས་ཀྱིས། རང་གི་བ་ག་པད་མའི་དཀྱིལ་འཁོར་རྒྱས་པར་མཛད་ནས། ཅེས་པ། བ་གར་ཕྱི་དབྱིབས་ཀྱི་ཨ། སྙིང་པོའི་ཨ། བསམ་གཏན་གྱི་ༀ། ཤེས་རབ་ཨ། ཟུང་འཇུག་ཧཱུྃ། རིགས་དྲུག་གི་ཡི་གེ། རིགས་ལྔ་ཡབ་ཡུམ་གྱི་ཡི་གེ་བཀོད་ནས་སོ། །གཉིས་སུ་མྱེད་པར་འཁྲིལ་བའི་དགྱེས་པས་ཐིམ་པས། ཞེས་གསང་བའི་པད་མར། གསང་བའི་རྡོ་རྗེའི་དགྱེས་པར་མཛད་ནས་སམ། དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མྱེད་པའི་རྟགས། ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མྱེད་པར་འཁྲིལ་བའི་དགྱེས་པ། དགའ་བ་བཞིས། ཡབ་ཡུམ་འོད་ཟེར་སྣོལ་མར་ཐིམ་ནས། སྤྲུལ་པའི་རྒྱུ་བསྟན་པ་ནི། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཞེས་ལྷག་པའི་བྱང་ཆུབ་སེམས་མཁའ་ལ་སྤྲིན་ཚོགས་ལྟར་འཕྲོས་པས། གསུང་གི་དཀྱིལ་འཁོར་སྔགས་ཀྱི་སྒྲ་དང་བཅས་པར་སྤྲོའོ། །སྤྲུལ་པའི་རྐྱེན་བསྟན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཞེས་ལྷག་པའི་བྱང་ཆུབ་དེ་ཉིད་ཐུགས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཧཱུྃ་དུ་སྣང་། ཐུགས་དེ་ཡང་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་རྟགས་སུ་ཡི་གེ་གསུམ་དུ་སྣང་ངོ་། །བྷི་ཤྭ་བཛྲ་ཀྲོ་ཏ། བི་ཤྭ་ནི་སྣ་ཚོགས། བཛྲ་ནི་རྡོ་རྗེ། ཀྲོ་ཏ་ནི་ཁྲོ་བོ། ཛྭ་ལ་མ་དྷ་ལ། ཛྭ་ལ་ནི་འབར་བ། མ་དྷ་ལ་ནི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཕཊ་ནི་སོད་ལ་སྲེགས་ཤིག་པའོ། །ཧ་ལ་ནི་ཆོམ་ཤིག་པའོ། །ཧ་ལ་ཧ་ལ་ཧ་ལ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ནི་ཐུགས་ཡེ་ཤེས་ཏེ། སྐུ་གསུང་ཐུགས་གསུམ་དང་ལྡན་པས་སྣ་ཚོགས་པའི་ཁྲོ་བོའོ། །ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །ཞེས་བརྗོད་པས། བྱང་ཆུབ་སེམས་ལས་གསུང་གི་དཀྱིལ་འཁོར་སྔགས་ཀྱི་ཡི་གེའི་སྒྲ་དང་བཅས་པར་སྤྲོ་བའོ། ༈ །དོན་དུ་ན། སྐུ་གསུང་ཐུགས་སྣ་ཚོགས་པའི་རྡོ་རྗེ་ཁྲོ་བོས། འབར་བའི་དཀྱིལ་འཁོར་གྱི་གདུག་པ་ཅན་ཐམས་ཅད་སོད་ལ་སྲེགས། ཆོམ་ལ་ཐུགས་ཡེ་ཤེས་སུ་བསྡུས་ཅིག་པའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པར་ཁྱབ་པས། ཞེས་འདི་མན་ཆད་ནི་སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་སྟོན་ཏེ། བྱང་ཆུབ་སེམས་ཀྱིས་ཀུན་ལ་ཁྱབ་པས། སྟོང་གསུམ་ཀུན་སྔགས་ཀྱི་སྒྲས་གང་། ཁྲོ་བོ་འཆོལ་པས་ཁྱབ་བོ། །རྒྱུ་ནི་བྱང་ཆུབ་སེམས། རྐྱེན་ནི་གསང་བསྔགས་སོ། །འགྲོ་བའི་ཡུལ་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས། ཞེས་དེའི་ངོ་བོ་ཁྲོ་བོའི་དལ་ལོ། །ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་ནི། བཛྲ་ཧེ་རུ་ཀ་གཡས་དཀར་གཡོན་དམར་དབུས་མཐིང་། རྡོ་རྗེ་ཁ་ཏོང་ཏི་རའི་གཡུག་པ་གཡས། དུང་དམར་རྒྱུ་ཞགས་ཁྱུང་ཁྲ་གཡོན། འབུ་ཏ་ཧེ་ཀ་གཡས་ལྗང་གཡོན་སྔོ་དབུས་སེར་ཞལ། འཁོར་ལོ་དགྲའ་སྟྭ་ཞགས་པ་གཡས། བན་དྷ་རྔེའུ་ཆུང་ཁ་ཏོང་གཡོན། རཏ་ན་ཧེ་རུ་ཀ །གཡས་སེར་གཡོན་དམར། དབུས་སྔོ་ཞལ། རིན་ཆེན་བཤོལ་དང་སྟུན་ཤིང་གཡས། བན་དྷ་དགྲ་སྟྭ་རྔེའུ་ཆུང་གཡོན། པད་མ་ཧེ་རུ་ཀ་གཡས་སྔོ་གཡོན་ལྗང་དབུས་དམར་ཞལ། པད་མའི་རྔེའུ་ཆུང་སྤུ་གྲི་གཡས། བྷན་དྷ་ཁ་ཏོང་སོར་འཕྲེང་གཡོན། ཀར་མ་ཧེ་རུ་ཀ་གཡས་དམར་གཡོན་སེར་དབུས་ལྗང་ཞལ། རལ་གྲི་རྒྱུ་ཞགས་རྔེའུ་ཆུང་གཡས། བན་དྷ་ཐོག་དབྱུག་ཁ་ཏོང་གཡོན། དེ་རྣམས་རིགས་ངེས། གྲངས་མ་ངེས། ཁྲོ་བོ་འཆོལ་པ་འདྲེས། འདུས་པ་རིགས་ངེས་པར་འདུས་སོ། །དེ་བས་ན་ཁྲོ་བོ་འཆོལ་བའི་དཀྱིལ་འཁོར་ཞེས་བྱའོ། །སྒྱུ་འཕྲུལ་བླ་མ་ནས་སོ། །སྤྲུལ་པ་རང་གི་ངོ་བོ་བ སྟན་ཚད། སྟོང་གསུམ་གྱི་འཇིག་རྟེན་ཙམ། ཕྱོགས་བཅུའི་རྡུལ་གྲངས་ནི་ཕྲ་མོ་རྙེད་རྡུལ་ཕྲ་རབ་དང་མཉམ་པའོ། །ཐོན་པར་གྱུར་ནས། ཞེས་ཆེ་ཆུང་གི་ཚད་ནི། ཡང་ན་ཁྱབ་ཚད་དོ། །དེ་ཡང་སྟོང་ཆུང་རྒྱུན་དང་། སྟོང་གཉིས་པ་བར་མ། སྟོང་གསུམ་གྱི་སྟོང་ཆེན་པོ་ལས་སོ། །གྲངས་སོ། ༈ །གགས་གསལ་བ་ནི། འདིར་གྲངས་དང་ཚད་འགལ་ཏེ། ཚད་སྟོང་གསུམ་དང་། གྲངས་རྡུལ་སྙེད་མི་ཤོང་ཞེ་ན། དེ་སྣང་བ་གཉིས་ཏེ། དེ་བཞིན་གཤེགས་པའི་སྣང་བའི་དབང་དུ། སྟོང་གསུམ་ཡང་ཉུངས་འབྲུ་གཅིག་ཏུ་ཚུད་མ་ལ་སྨོས་ལ། གདུལ་བྱའི་སྣང་བའི་དབང་དུ་རུ་ཏྲ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས། དེས་མཐོང་ཚད་དུ་ཁྲོ་བོ་སྤྲོས་པའོ། ༈ །འཐུན་སྟན། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། ལུས། ཞེས་འདི་མན་ཆད་ནི་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ཏེ། ཤར་མཐོའ་ན་ནུབ་དམའ་བ་དང་། ནུབ་དམའ་ན་ཤར་མཐོ་བ་དང་། ལྷོ་མཐོའ་ན་བྱང་དམའ་བ་དང་། བྱང་མཐོ་ན་ལྷོ་དམའ་བ་དང་། དབུས་མཐོའ་ན་མཐའ་དམའ། མཐའ་མཐོའ་ན་དབུས་དམའ་དེ་རྣམས་ས་དྲུག་ཏུ་གཡོས་པའོ། །རབ་ཏུ་གཡོས་ངག་ཀུན་ཏུ་གཡོས་ཡིད་སོ། །ཞེས་གཡོའ་བ་བྱང་ཆུབ་སེམས་ཀྱིས། ལུས་ངག་ཡིད་གསུམ་ཐམས་ཅད་ལ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆོ་འཕྲུལ་སྟོན། འུར་ལུས་འུར་རབ་ཏུ་འུར་ངག་འུར་ཀུན་ཏུ་འུར་ཡིད་འུར་རོ། །ཞེས་སྨོན་པ་བྱང་ཆུབ་སེམས་ཀྱི་ལུས་ངག་ཡིད་གསུམ་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོ་འཕྲུལ་སྟོན། ཆེམ་ལུས་ཆེམ་རབ་ཏུ་ཆེམ་ངག་ཆེམ་ཀུན་ཏུ་ཆེམ་ཡིད་ཆེམ་མོ། །ཞེས་ལྡང་བ་བྱང་ཆུབ་སེམས་ཀྱིས་ལུས་ངག་ཡིད་གསུམ་ལ། མཉམ་པ་ཉིད་ཀྱིས་ཡེ་ཤེས་ཀྱི་ཆོ་འཕྲུལ་སྟོན། ཤིག་ལུས་ཤིག་རབ་ཏུ་ཤིག་ངག་ཤིག་ཀུན་ཏུ་ཡིད་ཤིག་ཤིག་གོ། །ཞེས་འཇུག་པ་བྱང་ཆུབ་སེམས་ཀྱིས། ལུས་ངག་ཡིད་གསུམ་ལ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བྱིན་བརླབས་ཀྱི་ཆོ་འཕྲུལ་སྟོན། གཏོར་ལུས་གཏོར་རབ་ཏུ་གཏོར་ངག་གཏོར་ཀུན་ཏུ་གཏོར་ཡིད་གཏོར་རོ། །ཞེས་གནས་པ་བྱང་ཆུབ་སེམས་ཀྱིས་ལུས་ངག་ཡིད་གསུམ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརློབ་པའི་ཆོ་འཕྲུལ་ལོ། །སྤྲུལ་པས་འདུལ་བར་བྱ་བའི་ངོ་བོ་བསྟན་པ་ནི། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི། ཞེས་ཆོས་སྣང་བའི་ཆོ་འཕྲུལ་ནི། དུག་གསུམ་ལ་གནད་དུ་སྣུན་པར་བྱེད་པའོ། །དབང་ཆེ་བ་དང་། མ་ཧཱ་དེ་བ་རྒྱལ་རིགས་ཀྱི་ལྷ་ཡིན་པས་དབང་ཆེ། ཡང་ན་འདོད་ཆགས་ཀྱི་ལྷ་ཡིན་པས་དབང་ཆེ་བ་དང་། གཟིའ་བརྗིད་ཆེ་བ་དང་། ཚངས་པ་རྗེའུ་རིགས་ཀྱི་ལྷ་ཡིན་པས་གཟི་བརྗིད་ཆེ། ཡང་ན་གཏི་མུག་གི་ལྷ་ཡིན་བས་གཟི་བརྗིད་ཆེ་བ་དང་། མཐུའ་ཆེ་བ་དང་། ཁྱབ་འཇུག་བྲམ་ཟེ་རིགས་ཀྱི་ལྷ་ཡིན་པས་མཐུའ་ཆེ་བ་དང་། ཡང་ན་ཞེ་སྡང་གི་ལྷ་ཡིན་པས་མཐུའ་ཆེའོ། །དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་རྨོང་རིགས་ཀྱི་ལྷ་ཡིན་པས་འདོད་ཆགས་ཆེ། ང་རྒྱལ་གྱི་ལྷ་ཡིན་པས་ཀུན་ལ་དབང་བསྒྱུར་བ་ཡིན་ནོ། །ཟིལ་གྱིས་མནན་པ་བསྟན་པ་ནི། རྒྱལ་རབ་ཏུ་རྒྱལ་ཀུན་ཏུ་བརྒྱལ་བར་གྱུར་ཏོ། །ཞེས་ཁམས་འཁྲུགས་ནས། སེམས་མྱོས་ཏེ། ལུས་རྒྱལ། དྲན་པའི་དབང་པོ་ཉམས་པར་གྱུར་ཏོ། ༈ །སྐུ་འགྱུར་ཚུལ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད། ཅེས་དེ་ཡན་ཆད་ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་བསྟན་ནས། འདི་མན་ཅད་སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་རམ། ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་སྟོན་པས་ན་དེ་ནས་སོ། །དབུས་ཀྱི་གཙོའ་བོ་འབུ་ཏ་ཧེ་རུ་ཀ་ནི། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞེས་བྱ་བ་དེ་ཉིད་ནི། བདུད་དང་ལོག་འདྲེན་རྣམས་འཇིགས་བྱེད་གཞན་ལས་ཁྱད་འཕགས་པས་ཆེན་པོ་གདུག་པ་ཅན་ལ་ནི་ཤིན་ཏུ་རྔམ་པའི་དབུའ་དགུ་ཕྱག་བཅོའ་བརྒྱད་པར་གནས་པས་ན། ཐམས་ཅད་ཀྱི་བུང་ཞེས་བྱེད། སྐྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོའི། ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་གྱུར་བ། ཞེས་ཆེ་མཆོག་ལོངས་སྤྱོད་ཀྱི་དཀྱིལ་འཁོར་གྱི་དུས་ཀྱི་ཀུན་བཟང་ཧེ་རུ་ཀ་དེ་ཉིད་ནི་སྐུ་སྨུག་ནག་གོ། །དེ་ལས་ཁྲོ་བོ་འཆོལ་པ་འབྱུང་བའམ། རང་ཡང་དབུའ་གསུམ་ཕྱག་དྲུག་ཏུ་སྒྱུར་བས་ན། ཅིར་འགྱུར་བའོ། །དབུའ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་རྙེད་མཚོན་ཆ་འཛིན་པ་དེ། ཅེས་ཁྲོ་བོ་འཆོལ་བའི་དུས་ན་ཡང་། རིགས་ལྔར་འཁྲོས་པས། དབུའ་མང་། ཕྱག་མང་། ཞབས་མང་སུ་སྤྲོས། གྲངས་རྡུལ་སྙེད་དུ་སྤྲོས། མཚོན་ཆ་སྣ་ཚོགས་པ་འཛིན་པར་སྤྲོས་ནས། སླར་ཚུར་འདུས་པའི་དུས་ན། དབུའ་གསུམ་ཕྱག་དྲུག་ཞབས་བཞིར་འདུས་སོ། །སྐུ་དངོས་བསྟན་པ་ནི། དབུའ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། ཞེས་འབུ་ཏ་ཧེ་རུ་ཀ་སྐུ་སྨུག་ནག །ཞལ་གཡས་མཐིང་། གཡོན་དཀར་བ། དབུས་སྐུ་དང་འཐུན་པ། ཕྱག་དྲུག་འཁོར་ལོ་ཁ་ཊྭཱཾ་ཏ་རི་གཡས། དྲིལ་བུ་བན་དྷ་རྒྱུ་ཞགས་གཡོན། རྒྱས་པ་ལས། དབུས་ཀྱི་ཧེ་རུ་ཀའི་ཕྱག་རྒྱ་ནི། ཏི་རའི་དབྱུག་ཏོ་ཆེན་པོ་དང་། འཁོར་ལོ་ཆེན་པོ་རབ་ཏུ་འབར། དུང་ཆེན་དམར་གྱིས་རྐང་བ་ལ། རྡོ་རྗེས་དཀྲུག་ཅིང་རབ་ཏུ་གསོལ། ཅེས་པས་སོ། ༈ །གནས་བསྟན། དུར་ཁྲོད་ཆེན་པོར་དགྱེས་ནས། ཞེས་ཧེ་རུ་དེ་བཞུགས་པའི་གནས་ནི། ཕྱི་རྫས་ཀྱི་དུར་ཁྲོད། ནང་ལུས་ཀྱི་དུར་ཁྲོད། གསང་བ་ཚོགས་བརྒྱད་ཀྱི་དུར་ཁྲོད། དེ་ཁོ་ན་ཉིད་ཆོས་ཉིད་ཀྱི་དུར་ཁྲོད་ལས། ཕྱི་རྫས་ཀྱི་དུར་ཁྲོད་ལ་དགའ་ཞིང་དགྱེས་པས་ན། ཡང་ན་དུར་ཁྲོད་ནི། གོང་གི་སྲིན་པོ་དང་། འབྱུང་པོ་མི་ཤ་ཅན་གནས་ལ། དེ་དག་འདུལ་བར་མཛད་པའི་ཕྱིར། དུར་ཁྲོད་ཆེན་པོར་དགྱེས་ནས་སོ། །ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཞེས་འདོད་ཆགས་ཁྲག་གི་རྒྱ་མཚོའ་ལ། འཁོར་བ་འདོད་པའི་ཁམས་ཀྱི་ཞེན་པ་སྦྱང་བའི་ཕྱིར། ཕྱི་ལྟར་ཁྲག་གི་རྒྱ་མཚོའ་ལ། ནང་ལྟར་འདོད་ཁམས་ཀྱི་ཞེན་པ་སྦྱོང་བ། གསང་བ་ལྟར་བདེ་བའི་ཡེ་ཤེས་སུ་གསལ་བའོ། །ཁྲག་མཚོའ་འདེའི་དཀྱིལ་ན་གང་ཡོད་ཞེ་ན། ༈ ཡང་ན་ཁྲག་ནི། རག་ཏ་ཞེས་བྱ་བའི་སྒྲས་དྲངས་ན། ཆགས་ཞེས་ཟེར་བས། ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པས་ན་ཁྲག །ཐུགས་རྗེ་ཟབ་ཅིང་ཏིང་དཔག་དཀའ་བའམ་རྒྱ་ཆེ་བས་རྒྱ་མཚོའོ། །ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། ཞེས་ཞེ་སྡང་ཀེང་རུས་ཀྱི་རི་རབ་ལ། འཁོར་བ་གཟུགས་ཀྱི་ཁམས་ཀྱི་ཞེན་བ་སྦྱོང་བའི་ཕྱིར། ཕྱི་ལྟར་ཀེང་རུས་དཀར་པོའི་རི་རབ་ལ། ནང་ལྟར་གཟུགས་ཁམས་ཀྱི་ཞེན་པ་སྦྱོང་བ། གསང་བ་ལྟར་གསལ་བའི་ཡེ་ཤེས་སུ་གནས་སོ། །རི་རབ་དེའི་སྟེང་ན་གང་ཡང་ཡོད་ཞེ་ན། ༈ ཡང་ན་ཀེང་རུས་ནི། ཁྲག་དང་ཆུ་སེར་གྱི་རླན་དང་བྲལ་བ་ཡིན་པས། ཡང་དག་པའི་ཤེས་རབ་ཀྱང་ཉོན་མོངས་པའི་རླན་དང་བྲལ་བའོ། །ཡང་དག་པའི་ཤེས་རབ་དེ་ཡེ་ཤེས་ཀྱི་ཚོགས་མང་པོ་དང་ལྡན་པའི་རྟགས་སུ་ཀེང་རུས་ཀྱི་རི་རབ་བུངས་ཆེ་ལ་མཐོའ་བའོ། །འབར་བ་ཆེན་པོའི་ཀློང་གི་འཁོར་ལོའི་དཀྱིལ་ན། ཞེས་གཏི་མུག་གི་མུན་པ་སེལ་བའི་མེ་དབུང་འབར་བ་ལ། འཁོར་བ་གཟུགས་མྱེད་ཁམས་ཀྱི་ཞེན་པ་སྦྱོང་བའི་ཕྱིར། ཕྱི་ལྟར་མེ་དབུང་འབར་བ། ནང་ལྟར་གཟུགས་མྱེད་ཁམས་ཀྱི་ཞེན་པ་སྦྱོང་བ། གསང་བ་ལྟར་མི་རྟོག་པ་གསལ་ལོ། །དེའི་དབུས་ན་ཕོ་བྲང་གཞལ་ཡས་ཁང་འཁོར་ལོ་རྩིབས་བཞིའ་པའི། དབུས་ཀྱི་ལྟེ་བ་ལ་གདན་ནི། ༈ ཡང་ན། རྟོག་པ་དང་ཐུགས་རྗེ་འབར་བ་རྣམ་གཉིས་དང་ལྡན་པའི་རྟགས། མེ་དཔུང་འབར་བའི་གཞལ་ཡས་ཁང་། འདུ་འཕྲོ་ཀློང་གི་དཀྱིལ་ན་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའི་དབུས་ཀྱི་ལྟེ་བ་ལ། ༈ གདན་བསྟན། དབང་ཕྱུག་ཆེན་པོ་དང་། ཞེས་འབུ་ཏ་ཧེ་རུ་ཀའི་གདན་ནི་ཁམས་གསུམ་དབང་དུ་སྡུད་པའི་རུ་ཏྲ་ནི་དབང་ཕྱུག་ཆེན་པོའོ། །དུར་ཁྲོད་ཀྱི་བདག་པོ་ཁྱོ་ཤུགས་ཀྱི་གདན་ལ། ཞེས་དུར་ཁྲོད་ན་གནས་པས་ན་དུར་ཁྲོད་བདག་པོ་ཕོ་མོ་བྱི་ཆིངས་སྣོལ་མར་ཡོད་པས་ན་ཁྱོད་ཤུགས་ཀྱི་གདན་ནོ། ༈ །ཡང་ན་ཕྱི་བཟུང་བའི་ཡུལ་བདག་མྱེད་པར་མ་རྟོགས་པ་ཡུམ། ནང་འཛིན་པའི་སེམས་བདག་མྱེད་པར་མ་རྟོགས་པ་ཡབ། བཟུང་འཛིན་གྱིས་དྲེགས་ཤིང་བདག་འཛིན་ལ་དབང་བ་སྟེ། དེ་གཉིས་མྱེད་དུ་སྒྲོལ་བའི་ཕྱིར་བྱི་ཆིངས་སུ་སྣོལ་བའི་ཚུལ་ཡིན་ནོ། །བརྐྱང་བསྐུམས་སུ་བཞུགས་སོ། །ཞེས་གཡས་བརྐྱང་བ་ནི། ཐུགས་རྗེ་ཆེན་པོ་ཐབས་མཁས་པའི་མཛད་སྤྱོད་ཀྱིས། འགྲོ་བའི་དོན་ལ་ལག་རྐྱང་ནས་མཛད་པའོ། །གཡོན་བསྐུམ་པ་ནི། འགྲོ་བའི་དོན་མཛད་པ་ཉིད་ན། ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་རྟོགས་པའོ། །དེ་བས་ན་ཐབས་དང་ཤེས་རབ་འདུ་འབྲལ་མྱེད་པར་བཞུགས་སོ། །རིགས་ལྔར་འདུའ་ཚུལ་བསྟན་པ་ནི། ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་དེ་དག་ཀྱང་། ཞེས་སྐུ་ཁྲོ་ཚུལ་དང་བཅས། འབར་བའི་གར་དགུས་ཁྱབ་པས་ཁྲོ་བོ། གཙོའ་དང་འཁོར་དུ་ལྡན་པས་དཀྱིལ་འཁོར། གྲངས་མང་ལ་བུངས་འཐུག་པས་ན་སྤྲིན་ཕུང་། དེ་ལྟར་གནས་པ་དེ་དག་ཀྱང་། ཇི་ལྟར་གནས་པ་ཡིན་ཞེ་ན། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེར་གྱུར་ཏེ། ཞེས་རྡོ་རྗེ་རིགས་ཀྱི་ཁྲོ་བོ་ཐམས་ཅད་འདུས་ནས་བཛྲ་ཧེ་རུ་ཀར་གྱུར་པ་ནི། དབུའ་གསུམ་ནི་གཡས་དཀར། གཡོན་དམར། དབུས་མཐིང་ཀ །ཕྱག་དྲུག་ནི། གཡས་རྡོ་རྗེ་ཁ་ཊྭཱཾ་ཞིང་དབྱུག །གཡོན་དྲིལ་བུ་དུང་དམར་རྒྱུ་ཞགས་སོ། །རྒྱ་བཅུ་པའི་ལེའུ་སོ་གཅིག་པ་ལས། ཤར་གྱི་ཁྲོ་བོའི་ཕྱག་རྒྱ་ནི། ཏི་ར་ཆེན་པོའི་དབྱུགས་པ་ནི། རྡོ་རྗེ་ཆེན་པོར་རབ་ཏུ་འབར། མི་མགོའ་དམར་གྱིས་བསྐང་བ་གསོལ། ཅེས་སོ། །ཤར་ཕྱོགས་སུ་བཞུགས་སོ། །ཞེས་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི་བཛྲ་ཧེ་རུ་ཀ་གྲུབ་ནས་ཤར་དུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཆེར་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ། །ཞེས་རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ཐམས་ཅད་འདུས་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ལས་གྱུར་པའི། རཏྣ་ཧེ་རུ་ཀར་གྲུབ་ནས། ལྷོ་ཕྱོགས་ན་བཞུགས་པ་ནི། དབུའ་གསུམ། གཡས་མཐིང་གཡོན་དམར། དབུས་སེར། ཕྱག་དྲུག་ནི། གཡས་རིན་ཆེན་ཁ་ཏོང་ཏི་ར། གཡོན་དྲིལ་བུ་དུང་དམར་རྒྱུ་ཞགས་སོ། །རྒྱས་པ་ལས། ལྷོ་ཕྱོགས་ཕྱག་རྒྱ་ཆེན་པོ་ནི། ཏི་ར་ཆེན་པོའི་དབྱུག་པ་དང་། ཡིད་བཞིན་ནོར་བུ་རིན་པོ་ཆེ་དང་། ཡིད་བཞིན་ནོར་བུའི་གཞལ་ཡས་སུ། དམར་གྱི་ཨརྒྷཾ་རབ་ཏུ་གསོལ། ཅེས་པས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མ་ཆེན་པོར་གྱུར་ཏེ། ནུབ་ཕྱོགས་སུ་བཞུགས་སོ། །ཞེས་པད་མ་རིགས་ཀྱི་ཁྲོ་བོ་ཐམས་ཅད་འདུས་ནས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི། པད་མ་ཧེ་རུ་ཀར་གྲུབ་ནས། ནུབ་ན་བཞུགས་པ་ནི། གཡས་སེར་གཡོན་ལྗང་དབུས་དམར། ཕྱག་དྲུག་ལ། པད་མ་ཁ་ཏཾ་ཏི་ར་གཡས། དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། རྒྱས་པ་ལས། ནུབ་ཀྱི་ཁྲོ་བོའི་ཕྱག་རྒྱ་ནི། ཏི་ར་ཆེན་པོའི་དབྱུག་པ་དང་། རྡོ་རྗེ་པད་མ་ཆགས་མྱེད་འབར། དུང་ཆེན་དམར་གྱིས་སྐང་བ་གསོལ། ཅེས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ། བྱང་ཕྱོགས་སུ་བཞུགས་སོ། །ཞེས་ལས་ཀྱི་རིགས་ཀྱི་ཁྲོ་བོ་ཐམས་ཅད་གཅིག་ཏུ་འདུས་ནས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའི། ཀར་མ་ཧེ་རུ་ཀར་གྱུར་ཏེ་བྱང་ན་བཞུགས་པ་ནི། དབུའ་གསུམ་ནི། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། ཕྱག་དྲུག་ནི། རལ་གྲི་ཁ་ཏཾ་ཞིང་དབྱུག་གཡས། དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན་ནོ། །རྒྱས་པ་ལས། བྱང་གི་ཁྲོ་བོའི་ཕྱག་རྒྱ་ནི། ཏི་ར་ཆེན་པོའི་དབྱུག་པ་དང་། རྡོ་རྗེ་རྒྱ་གྲམ་རབ་ཏུ་འབར། དུང་ཆེན་དམར་གྱིས་སྐང་བ་གསོལ། ཁྲོ་མོ་རྣམས་ཀྱང་ཁྲོ་དང་འཐུན། ཅེས་སོ། །རིགས་ལྔའི་ཆ་ལུགས་བསྟན་པ་ནི། དེ་དག་ཀུན་ཀྱང་འཇིག་བྱེད་ཆེན་པོའི་ཆ་ལུགས་དང་། ཞེས་རིགས་ལྔ་དེ་དག་གི་ཆས་ལ་དགུ་སྟེ། བགོ་བའི་གོས་གསུམ་ནི། གཏི་མུག་དག་པའི་བན་གླང་གི་ཀོར་རློན། འདོད་ཆགས་དག་པའི་ཞིང་ལྤགས་ཀྱི་གཡང་གཞིའ། ཞེ་སྡང་དག་པའི་སྟག་ལྤགས་ཀྱི་ཤམ་ཐབས་སོ། །གདབ་པའི་ཚོམ་བུ་གསུམ་ནི། མཁའ་འགྲོ་དབང་དུ་བསྡུད་པའི་རཀ་ཏའི་ཐིག་ལེ། དོན་དམ་བཅུད་དང་ལྡན་པའི་ཞག་གི་ཟོ་རིས། འདུལ་བྱེད་འཕྲིན་ལས་ཐལ་ཆེན་གྱི་ཚོམ་བུའོ། །གདགས་པ་རྒྱན་གསུམ་ནི། སྐུ་གསུམ་མཚོན་པའི་ཐོད་པའི་རྒྱན། ཐབས་ཆེན་མཚོན་པའི་ཉི་ཟླའི་རྒྱན། དུག་ལྔ་དག་པ་སྦྲུལ་གྱིས་རྒྱན་ནོ། །རྔམ་པའི་ང་རོ་དང་། གསུང་རྔམ་པའི་ང་རོ་ནི། ཧཱུྃ་ཧཱུྃ་དང་། ཕཊ་ཕཊ་དང་། ཧ་ལ་ཧ་ལ་སྒྲོགས་པའོ། །འབར་བའི་ཀློང་ན། སྐལ་པ་འཇིག་པའི་དུས་ཀྱི་མེ་དཔུང་ལྟ་བུར་འབར་བའི་ཀློང་ན། དབུ་གསུམ་ཕྱག་དྲུག་ཞབས་བཞིས། དབུའ་གསུམ་དང་ལྡན་པའི། ཡེ་ཤེས་དྲུག་དང་ལྡན་པའི། ཚད་མྱེད་པ་བཞི་དང་ལྡན་པའི། དྲི་ཟ་དང་། ཟས་སུ་དྲི་ཟ་བས་ན་དྲི་ཟ་དང་། དེ་ནི་ཤར་གྱི་ཁྲོ་བོའི་གདན་ནོ། །གནོད་སྦྱིན་དང་། རང་གི་གནོད་པ་གཞན་ལ་གཏེར་བས་ན། གནོད་སྦྱིན་དང་། དེ་ནི་བྱང་གི་ཁྲོ་བོའི་གདན་ནོ། །སྲིན་པོ་དང་། ཤ་ཁྲག་གི་སྲོག་ལ་དགའ་བས་སྲིན་པོ་དང་། ནུབ་ཀྱི་ཁྲོ་བོའི་གདན་ནོ། །གཤིན་རྗེ་ལ་སོགས་པ། སེམས་ཅན་གཤིན་གྱི་རྗེ་བྱེད་པས་ན་གཤིན་རྗེ། ལྷོའི་ཁྲོ་བོའི་གདན་ནོ། །ཁྱོ་ཤུགས་ཀྱི་གདན་བྱས་པ་ལ། ཁྱོ་ཕོ་ཤུགས་ཀྱི་མོ། ཕོ་མོ་བྱི་ཆིངས་སུ་སྣོལ་བའི་གདན་བྱས་པ། རྐྱང་བསྐུམ་དུ་བཞུགས་སོ། །ཞེས་ལྷའི་བུའི་བདུད་བཞོམ་པའི་ཕྱིར། ཁྲོ་བོའི་འཚམ་རྔམ་དྲག་པོས། འཇིག་རྟེན་གྱི་ལྷ་ཆེན་འདར་རྒྱེལ་ཞབས་ཀྱིས་རྫིས་པའོ། །ཁྱད་པར་བྱ་བས་བཙུན་མོ་བཙུན་མོ་ཉོན་མོངས་པ་འཐུང་བས་ཁྲག་འཐུང་ཐུགས་རྗེ་ཆེ་བས་ཆེན་མོའི་ཚོགས་རྣམས་ཀྱང་། སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །ཞེས་རིགས་ལྔའི་ཡུམ་སོ་སོའི་སྐུ་ལ་འཁྲིལ་ནས་འཁོད་པ་ནི། དང་པོ་གཙོའ་བོ་བཀོད་ནས་ཕྱིར་ཁྲོ་མོ་འགོད་པ་ལྟ་བུ་མ་ཡིན་ཏེ། དང་པོ་དཀྱིལ་འཁོར་སྤྲོ་བའི་དུས་ན་ཡང་། ཡབ་ཡུམ་གཉིས་སུ་མྱེད་པར་ལྡན་པར་སྤྲོས་ལ། སླར་བསྡུ་བའི་དུས་ན་ཡང་ཡབ་ཡུམ་འཁྲིལ་མར་སྡུད་པའོ། །ཡང་རིགས་ལྔ་གཅིག་ཏུ་འདུ་བ་བསྟན། རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་ཐིམ་སྟེ། ཞེས་དེ་ནས་རིགས་གཅིག་ཏུ་འདུས་ནས་ཐིམ་པ་ནི། རྟགས་སོ་སོ་མ་ཡིན་ཐ་མི་དད། དོན་ཡེ་ཤེས་ལྔ་ཡང་དབྱེར་མྱེད་པར་ཐིམ་པའོ། །བསྡུས་ནས་གཅིག་གིས་མང་པོ་འདུལ་བ་ངོ་མཚར་ཆེར་བསྟན་ཏོ། །ཞེས་དེ་ལྟར་ཧེ་རུ་ཀ་གཅིག་ཏུ་བསྡུས་པའི་རྒྱུ་མཚན་ནི་ཧེ་རུ་ཀ་གཅིག་གིས། དྲེགས་པ་མང་པོ་འདུལ་བ་དེ། ཤིན་ཏུ་ངོ་མཚར་བས་ན། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་རམ། ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་དུ་བསྟན་པའོ། །དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་བཏུམ་པའི་སེམས་ཀྱིས། ཞེས་འདི་མན་ཆད་འཕྲིན་ལས་རྨད་དུ་འབྱུང་བའམ། རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་སྟོན་ཏེ། རུ་ཏྲ་ལ་སོགས་པའི་ཉོན་མོངས་པ་ལྔ་རང་རྒྱུད་དུ་ཤར་བས་སྟུབ་པའི་སེམས་ཀྱིས། གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས། ལུས་ཀྱིས་འཁྱོག །ངག་གིས་སྨྲ། སེམས་ཀྱིས་ལོག་པར་རྟོག་པའི། འགྲིན་གཅིག་ཏུ་གདུག་པའི་ང་རོས། ཞེས་ངག་གི་སྐད་གཅིག །བརྗོད་པའི་ཚིག་འདྲ། སེམས་ཀྱི་བསམ་པ་འཐུན་པའོ། །བརླང་པོའི་བཏུམ་ཚིག་གིས་སྨྲས་པ། ཞེས་ཚིག་བརླང་པོ་ཞེས་བྱ་བ་ནི་ཞེས་དང་སྙན་སྔགས་མྱེད་པར། རྔན་ཅན་ནམ་ཞེ་གཅོད་པའི་ཚིག་གོ། །སྨྲ་བ་སྟུམ་པོ་གྱོང་ཁེངས་ཅན་ནོ། །ཐོང་ཐོང་སྙིང་རྗེའི་བདག་པོ་ཅིས་དེ་ལྟར་བྱེད་དམ་ཞེས་འཛེར་ཞིང་། ཞེས་ཁྱེད་སངས་རྒྱས་བྱ་བ། གཉེན་སྐྱོང་ཐུགས་རྗེ་ཆེ་ཟེར་ཙམ་ན། དེ་ལྟར་བྱེད་དམ་ཐོང་ཐོང་། སྙིང་རྗེའི་མངའ་བདག་པོ་མ་ཡིན་ནམ། སྡུག་བསྔལ་དུ་མ་བཞུག་ཅེས་སོ། །སེམས་ཀྱིས་བཞིན་གྱི་དཀྱིལ་འཁོར་རྡོ་རྗེ་སྲིན་པོ་འཁྲོས་ནས་ངག་གི་དབང་པོ་དཔལ་ལ་རྔམ་མོ། །དྲེགས་པ་ང་རྒྱལ་འདོན་པ་འདུལ་བའི་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སྲིན་པོ་ནི་དོན་ལ་དགྱེས་པ་ཆེན་པོ། དབུའ་དགུ་ཕྱག་བཅོའ་བརྒྱད་ཞབས་འབར་བ་བརྒྱད་དུ་གནས་ནས། ཞེས་རྡོ་རྗེ་སྲིན་པོ་དབུའ་དགུའ་ནི། སྒྱུ་འཕྲུལ་བླ་མའི་ལེའུ་དགུ་ནས། དབུའ་གསུམ་དང་ལ་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རྣམ་པར་ཐར་པའི་དབུའ་གསུམ་ལ། །ཁམས་གསུམ་མྱ་ངན་ཟློ་བའི་ཞལ། །དབུའ་གསུམ་བར་མ་རྔམ་པ་ནི། །གཡས་སྔོ་གཡོན་ལྗང་དབུས་མཐིང་ནག །ཐབས་དང་ཤེས་རབ་སེམས་ཀྱི་དབུའ། །སྲིད་གསུམ་དབྱིངས་སུ་རྫོགས་པའི་ཞལ། །དབུའ་གསུམ་ཐ་མར་རྔམ་པ་ནི། །གཡས་མཐིང་གཡོན་མཐིང་དབུས་མཐིང་ཞལ། །ཁམས་གསུམ་རེ་བ་སྐོང་བ་ཡི། །ལུང་དང་མན་ངག་སེམས་ཀྱི་དབུའ། །འགྱུར་བ་མྱེད་པས་མཐིང་ནག་ཞལ། །ཅེས་པས། དང་པོ་རྩ་བའི་ཞལ་ནི་གཡས་དཀར་གཡོན་དམར་དབུས་མཐིང་ཞལ། བར་མ་ནི་གཡས་སྔོ་གཡོན་ལྗང་དབུས་མཐིང་ཞལ། སྟེང་མ་གསུམ་ཀ་མཐིང་ཀའོ། །དེ་ནི་ཧེ་རུ་ཀ་དགུའ་ཀློང་གི་ཞལ་ལོ། །ཕྱག་བཅོའ་བརྒྱད་པ་ནི། སྒྱུ་འཕྲུལ་བླ་མ་ནས། བཅོའ་བརྒྱད་ཕྱག་ན་སྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བན་དྷ་ཞིང་ཆེན་ཏིར་ཆུང་གཡོན། །ནང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོའ་གའུ་གཡས། །རླུང་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོའ་བརྒྱད་དབྱིངས་སུ་རྫོགས། །ཅེས་པས། ཕྱག་བཅོའ་བརྒྱད་ཀྱི་གཡས་དང་པོ་གསུམ་ན། དང་པོ་རྡོ་རྗེ། དེའི་འོག་མ་གློ་སྙིང་། དེའི་འོག་མ་ཞིང་ཆུང་ངོ་། །བར་མ་གསུམ་ནི། དེའི་འོག་མ་རྒྱུ་ཞགས། དེ་འོག་མ་ཉི་མ། དེ་འོག་མ་ཁྱུང་ཁྲའོ། །ཐ་མ་གསུམ་ནི། དེ་འོག་མེ། དེ་འོག་རྒྱ་མཚོའ། ཐ་མ་འུག་པའོ། །གཡོན་གྱི་དང་པོ་གསུམ་ནི། དང་པོ་བན་དྷ། དེ་འོག་ཞིང་ཆེན། དེ་འོག་ཞིང་ཆུང་ངོ་། །བར་མ་གསུམ་ནི། དེ་འོག་ཞིང་ཆེན། དེ་འོག་ཟླ་བ། དེ་འོག་འུག་པའོ། །ཐ་མ་གསུམ་ནི། དེ་འོག་རླུང་། དེ་འོག་རིན་ཆེན། ཐ་མ་རི་རབ་བོ། །སྟོང་པ་བཅོའ་བརྒྱད་ཀྱི་དོན་ཐུགས་ལ་གསལ་བའི་རྟགས་སམ། བརྡར་བསྟན་པའི་ཕྱག་བཅོའ་བརྒྱད་བསྟན་ནོ། །ཞབས་བརྒྱད་ནི་ཡང་བླ་མ་ནས། ཞབས་བརྒྱད་ང་རྒྱལ་དྲེགས་པ་གནོན། །ཐབས་དང་ཤེས་རབ་ལྡན་པ་ཡི། །རྡོ་རྗེ་མཐིང་ཀའི་གཤོག་པ་རྐྱང་། །ཅེས་པས། ཞབས་འབར་བ་བརྒྱད་ཀྱིས་དྲེགས་པའི་ལྷ་བརྒྱད་ཡབ་ཡུམ་མགོའ་བྱི་ཆིངས་སུ། བསྒལ་ཚིགས་བཅོམ་ནས་གནན་པ་ནི། ངོ་བོ་ཐབས་དང་ཤེས་རབ་དབྱེར་མྱེད་པའི་དོན་ནོ། །མཐའ་གཉིས་ཟིལ་གྱིས་མནོན་པའི་རྟགས་རྡོ་རྗེ་གཤོག་པ་རྐྱང་བའི་ཚུལ་ལོ། །རྔམ་པའི་སྐད་ཀྱིས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་འཁྲོས་ནས། ཞེས་བླ་མ་ནས། དབུའ་དགུའ་རོལ་པའི་བྱིན་བརླབས་ལས། །གཡས་གསུམ་གློག་སྟོང་ལྕེ་འབྱིན་ཅིང་། །གཡོན་གསུམ་འབྲུག་སྟོང་སྒྲ་སྒྲོགས་པ། །དབུས་གསུམ་རྡོ་རྗེ་སེར་ཆེན་འབེབས། །ཅེས་སོ། །འཁོར་བར་འཁྱམས་པ་ལ་ཐུགས་རྗེ་སྐྱེས། ཉོན་མོངས་རང་དཀའ་མ་འདུལ། ཐབས་ཁྱད་པར་ཅན་ལ་འཛུད་པའོ། །ཧཱུྃ་ཧཱུྃ་ཧཱུྃ། ནི་གདུག་པ་ཅན་དེ་དག་གི་སེམས་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་སྡུད་པར་བྱེད་པའོ། །ཧ་ཧ་ཧ། གསུམ་ནི། དེ་ལྟ་བུའི་དོན་ལ་དགྱེས་ཤིང་རྔམ་པའི་ཕྱིར་རོ། །ཁ་ཧི་ཁ་ཧི་ཁ་ཧི། གསུམ་ནི་དུག་གསུམ་ཞལ་དུ་ཟད་པར་གསོལ་ཞིང་ཟོས་པའོ། །ཞེས་བརྗོད་པས། ཞེས་དུག་གསུམ་ལ་ནི་འཁྲོས། མ་རིག་པ་ལ་ནི་རྔམས། ཐུགས་རྗེ་ཆེན་པོས་ནི་འདུལ་ལོ། །དེ་ཡང་ཉམས་སེམས་ལ་ཤར་བས་མཁྱེན། གར་ལུས་ལ་ཤར་བས་འཁྲོས། མཐོང་སྣང་ཡུལ་ལ་ཤར་བས་གཟིགས་སོ། །དབང་ཕྱུག་ཆེན་པོ་ལ་སོགས་པ། ཞེས་འདོད་ཆགས་ཀྱི་ལྷ་དབང་ཕྱུག་ཆེན་པོ། ཞེ་སྡང་གི་ལྷ་ཁྱབ་འཇུག །གཏིའ་མུག་གི་ལྷ་ཚངས་པ། ང་རྒྱལ་ཅན་ལྷ་ཆེན། འཕྲག་དོག་ཅན་གུ་ལང་། གདུག་པ་ཆེན་པོའི་ཚོགས་དེ་དག་གི། །ཞེས་ལྷོར་གཤིན་རྗེ་དང་གྲུལ་བུམ། ཤར་རྒྱ་སྦྱིན་དང་དྲི་ཟ། ནུབ་ཀླུ་དང་ས་བདག །བྱང་གནོད་སྦྱིན་དང་སྟོབས་བཟངས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཁྱོ་རྣམས་སོ། །རྡོས་བཅས་ཀྱི་ཕུང་པོ་བཤིག་པས་ཕུང་པོའི་བདུད་བཅོམ། སྙིང་དང་དབང་པོ་ཀུན་ཕྱུང་། ཞེས་སེམས་ཅན་གྱི་ཉོན་མོངས་པ་རྩད་ནས་གཅད་པའི་ཕྱིར་སྙིང་ཀུན་ཕྱུང་། དབང་པོ་ལྔས་ལོག་པའི་སྒོ་དགག་པའི་ཕྱིར་དབང་པོ་ཕྱུང་། ནང་འཛིན་པ་སྦྱངས། ཕྱི་ཡུལ་སྦྱངས་སོ། །ནང་རོལ་ཀུན་དྲངས། ཞེས་བཟུང་འཛིན་འབྲེལ་པའི་མངོན་པར་ཞེན་པ་དགག་པའི་ཕྱིར་ནང་རོལ་དྲངས་སོ། །ཡན་ལག་ཀུན་བཅད་སྟུབས་ནས། ཞེས་ལས་ངན་པའི་ཡན་ལག་མང་པོ་ཡོད་པ་ཀུན་རྒྱུན་བཅད་པའི་ཕྱིར་ན། །ཡན་ལག་བཅད། ཡན་ལག་བཅད་པ་ནི་ལས་ངན་པ་གཅད་པའོ། །ཤ་ཀུན་ཟོས། ཁྲག་ཀུན་འཐུངས། རུས་པ་ཀུན་འཆོས་སོ། །གཏིའ་མུག་ཡེ་ཤེས་སུ་སྦྱངས་པས་ཤ་ཀུན་ཟོས། འདོད་ཆགས་ཟད་པར་བྱས་པས་ཁྲག་ཀུན་འཐུངས། ཞེ་སྡང་དག་པར་བྱས་ནས་རུས་པ་ཀུན་འཆོས་སོ། །ཕྱུང་བའི་སྔགས། དེ་ནས་ཧཱུྃ་ཧཱུྃ་ཧཱུྃ། གིས་དེ་ཡང་དུག་ལྔ་གནས་འགྱུར་ཡེ་ཤེས་ལྔར་སྦྱངས། ལྟོ་བ་ཆོས་ཀྱི་དབྱིངས་སུ་སྒྲིབ་པ་སྦྱངས་པའོ། །བྷྱོ་ཨེ་ཨ་ར་ལི་ཛྫ་ཛྫ། ཞེས་ཕོ་སྒྲལ་བ་དེ་ནས། དབང་ཕྱུག་མ་རྣམས་བསྡུ་བ་ནི། ཧཱུྃ་ནི་ཐུགས་ཡེ་ཤེས་ཉིད་སྐུ་གསུང་ཐུགས་གསུམ་དང་ལྡན་པའོ། །བྷྱོ་ནི་དབང་ཕྱུག་མི་སྙིང་པོའོ། །ཨ་ར་ལི་ནི་ནམ་མཁར་མགྲོའ་མ། ཛྫ་ནི་དབང་དུ་བསྡུལ་བའོ། །ཆུང་མ་ཀུན་དབང་དུ་བསྡུ་བའི་སྔགས་དེ་བརྗོད་པས། འཁོར་དབང་དུ་བསྡུད་པའི་སྔགས་སོ། །ཞེས་བརྗོད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པ། ཞེས་ཕྱོགས་བཅུ་སྣོད་ཀྱི་འཇིིག་རྟེན་གྱི་ཁམས་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ནམ་མཁའ་དང་བཅས་པ། ཉུངས་འབྲུ་ཙམ་གཅིག་གི་ནང་དུ་ཆུད་པར་དབང་དུ་སྟུས་པའོ། །ཉུངས་འབྲུ་གཅིག་ཙམ་དུ་ཚུད་པར་བསྟུས་སོ། །འོན་ཏང་ནི། སྣོད་ཀྱི་འཇིག་རྟེན་ཡང་ཉུངས་འབྲུ་གཅིག་ཙམ་གྱི་ནང་དུ་ཚུད་པར་དབང་དུ་སྡུས་ནས་དེ་ན་གནས་ན། བཅུད་ཀྱི་འཇིག་རྟེན་དབང་དུ་སྡུད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའི་དོན་ནོ། །དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ། ཞེས་དུས་དང་གནས་སྐབས་མྱེད་པར་ཀུན་ཏུ་འབྱུང་བས་ན། འབྱུང་པོ་ཕལ་པའི་རྒྱལ་པོ། གདོན་ཆེན་བཅོ་བརྒྱད་དེའི་ཡང་རྒྱལ་པོ་ནི། དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ། ཞེས་སྲིན་པོའི་རྒྱལ་པོ་དང་། དབང་ཕྱུག་ཆེན་པོ་དང་། སྲིན་པོ་དང་། ཚངས་པ་དང་། ལྷ་ཆེན་དང་། ཁྱབ་འཇུག་དང་། འཇུག་སྲེད་ལ་སོགས་པའོ། །འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། ཞེས་འབྱུང་པོ་རྣམ་པར་རྒྱལ་བའི་བུ་མོ་འབྱུང་མོ་ཡིད་འཁྲུག་མའོ། །ཤར་གྱི་རྒྱལ་མོ་དྲུག་ནི། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཞེས་སྤྱིར་དབང་ཕྱུག་མ་ལ་གསུམ་སྟེ། ཕྱིའི་མགོའ་རྙན་དང་། ནང་ཁྲོ་མོར་སྦྱར། གསང་བ་མཁའ་འགྲོ་ལས། འདིར་སྤྱིར་མགོའ་སྙན་དུ་བཤད་ན། མིང་ནི་མི་སྲིན་མོའོ། །སྐུ་མདོག་ནི་དམར་སེར། མགོའ་ནི་གཡག་གི་མགོའ་ཅན་ནོ། །ལག་ན་ཏྲི་ཤུལ་དང་། ཞིང་ཆེན་ནོ། །མི་སྲིན་དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག །ཅེས་པས་སོ། །ཚངས་མ་དང་། ཞེས་མིང་ནི་ཚངས་མ། སྐུ་མདོག་དམར་སྐྱ། མགོའ་སྦྲུལ་མགོའ་ཅན་ལག་ན་རྡོ་རྗེ་རྩེ་ལྔ་དང་། བན་དམར་རོ། །ཚངས་མ་དམར་སྐྱ་རྩེ་ལྔ་བ་བན་དམར་སྤྲུལ། ཅེས་སོ། །འཁྲུག་མོ་དང་། ཞེས་མིང་ནི་འཁྲུག་མོའམ་ཡང་ན་ཁྲོ་མོ། སྐུ་མདོག་སེར་ནག །མགོའ་གཟིག་གི་མགོའ། ལག་ན་ཟོར་བ། སྤུ་གྲི་ཐོགས་པའོ། །ཁྲོ་མོ་སེར་ནག་འཇུག་ཟོར་སྤུ་གྲི་གཟིག །ཅེས་སོ། །དབང་མོ་དང་། ཞེས་མིང་ནི་དབང་མོ། སྐུ་མདོག་དམར་སེར། མགོའ་དྲེད་ཀྱི་མགོའ། ལག་ན་བན་དྷ་དང་། བྱིས་པའི་ཁོག་ཆེན་བསྣམས། དབང་མོ་དམར་སེར་བན་བྱི་ཁོག་ཆེན་དྲེད། ཅེས་སོ། །འཇུག་སྲེད་མོ་དང་། ཞེས་མིང་འཇུག་སྲེད་མོ། སྐུ་མདོག་དཀར་དམར། མགོའ་སྲེ་མོའི་མགོའ། ལག་ན་རྒྱུ་ཞགས་དང་དུང་དམར། ཁྱབ་འཇུག་དཀར་དམར་རྒྱུ་ཞགས་དུང་དམར་སྲེ། ཅེས་སོ། །གཞོན་ནུ་མོ་དང་། ཞེས་མིང་གཞོན་ནུ་མོ། སྐུ་མདོག་སེར་ནག །མགོའ་ཕ་ཝང་མགོའ་ལག་ན་འཁོར་ལོ་འདྲིལ་ལོ། །གཞོན་ནུ་སེར་ནག་ཕ་ཝང་འཁོར་ལོ་འདྲིལ། ཅེས་སོ། །དེ་རྣམས་ནི་ཤར་གྱི་དྲུག་གོ། །ལྷོའི་བློན་མོ་དྲུག་ནི། དམར་མོ་དང་། ལྷོའི་དྲུག་ནི། མིང་ནི་དམར་མོ། སྐུ་མདོག་ཡང་དེའོ། །མགོའ་ཁྱི། ལག་ན་ཞིང་ཆེན་དང་། རྒྱུ་ཞགས་སོ། །དམར་མོ་ཞིང་ཆེན་རྒྱུ་ཞགས་སྡོམ། ཅེས་སོ། །བདུད་རྩི་མོ་དང་། ཞེས་མིང་བདུད་རྩི་མོ། སྐུ་མདོག་སྔོ་ནག །དབུའ་ཆུ་སྲིན་མགོའ། ལག་ན་རིན་པོ་ཆེ་དང་བུམ་པའོ། །བདུད་རྩི་སྔོ་ནག་ཆུ་སྲིན་རིན་ཆེན་བུམ། ཅེས་སོ། །ཞི་བ་མོ་དང་། ཞེས་མིང་ནི་ཞི་བ་མོ། སྐུ་མདོག་སྔོ་སྐྱ། དབུའ་སྡིག་པའི་མགོའ་ཅན། ལག་ན་གློ་སྙིང་དང་། བུམ་པ། ཞི་བ་སྔོ་སྐྱ་གློ་སྙིང་བུམ་པ་སྡིགས། ཅེས་སོ། །བེ་ཅོན་མོ་དང་། ཞེས་མིང་བེ་ཅོན་མོ། སྐུ་མདོག་ནག་མོ། དབུའ་ཁྲའི་མགོ་ཅན། ལག་ན་བཾ་ཆེན་དང་། གྲི་བསྣམས། བེ་ཅོན་ནག་མོ་བཾ་ཆེན་གྲི་འདེབས་ཁྲ། ཅེས་སོ། །སྲིན་མོ་དང་། ཞེས་མིང་སྲིན་མོ། སྐུ་མདོག་སེར་ནག དབུའ་ཝ་མོའི་མགོའ། ལག་ན་རྒྱུ་མ་དང་། རྔེའུ་ཆུང་། སྲིན་མོ་སེར་ནག་རྒྱུ་འདྲེན་རྔེའུ་ཆུང་ཝ། ཅེས་སོ། །ཟ་བ་མོ་དང་། ཞེས་མིང་ཟ་བྱེད། སྐུ་མདོག་མཐིང་ནག །དབུའ་སྟག་མགོའ། ལག་ན་བཾ་ཆེན་གྱི་སྙིང་འབྱིན། ཟ་བྱེད་མཐིང་ནག་བཾ་ཆེན་སྙིང་འབྱིན་སྟག ༈ །ནུབ་ཀྱི་དབང་མོ་དྲུག་ནི། དགའ་བ་མོ་དང་། ཞེས་ནུབ་ཀྱི་དྲུག་ནི། མིང་དགའ་བྱེད། སྐུ་མདོག་དམར་ནག །དབུའ་བྱ་རྒོད། ལག་ན་ལྕགས་ཀྱུ། དགའ་བྱེད་དམར་ནག་ལྕགས་ཀྱུ་བགེགས་འདྲེན་རྒོད། ཅེས་སོ། །ར་རོ་ཁྲག་འཐུང་མྱོས་མ་དང་། ཞེས་མིང་ཁྲག་འཐུང་། སྐུ་མདོག་དམར་མོ། དབུའ་རྟའི་མགོའ། ལག་ན་རྡོ་རྗེ་རྩེ་ལྔ་དང་མདུང་དམར་རོ། །ཁྲག་འཐུང་དམར་མོ་རྩེ་ལྔ་མདུང་དམར་རྟ། ཅེས་སོ། །གཅིག་པུར་སྤྱོད་མ་དང་། ཞེས་མིང་གཅིག་པུ་མ། སྐུ་མདོག་དཀར་དམར། དབུའ་བྱི་བའི་མགོའ། ལག་ན་རྡོ་རྗེ་དང་བན་དམར། གཅིག་པུར་དཀར་དམར་རྡོ་རྗེ་བན་དམར་བྱི། ཅེས་སོ། །ཡིད་འཕྲོག་མ་དང་། ཞེས་མིང་ཡིད་འཕྲོག་མ། སྐུ་མདོག་དམར་ནག །དབུའ་བྱིའི་མགོའ། ལག་ན་ཞིང་དབྱུག་དང་དུང་དམར་རོ། །ཡིད་འཕྲོག་དམར་ནག་ཏིར་ཆུང་དུང་དམར་བྱིའོ། །ཅེས་སོ། །གྲུབ་པ་མོ་དང་། ཞེས་མིང་གྲུབ་མོ། སྐུ་མདོག་དཀར་དམར། དབུའ་པུ་ཤུད་མགོའ། ལག་ན་པད་མ་ཞགས་པའོ། །གྲུབ་བ་དཀར་དམར་པད་ཞགས་པུ་ཤུད་མགོའ། ཅེས་སོ། །རླུང་མོ་དང་། ཞེས་མིང་རླུང་མོ། སྐུ་མདོག་ལྗང་སེར། དབུའ་ཤ་ཕོའི་མགོའ། ལག་ན་རོ་ཟ་བའོ། །རླུང་མོ་ལྗང་སེར་རོ་ཟ་ཤ་ཕོའི་མགོའ། ཅེས་སོ། །བྱང་གི་སྲིན་མོ་དྲུག་ནི། གསོད་བྱེད་མོ་དང་། ཞེས་བྱང་གི་དྲུག་ལ། མིང་གསོད་བྱེད་མ། སྐུ་མདོག་དམར་ནག །དབུ་ཕ་ཝང་མགོ། ལག་ན་རྔེའུ་ཆུང་དང་རལ་གྲི། གསོད་བྱེད་དམར་ནག་རྔེའུ་ཆུང་རལ་གྲི་ཕག །མེ་མོ་དང་། ཞེས་མིང་མེ་མོ། སྐུ་མདོག་ལྗང་ནག །དབུ་བྱ་ཀྱིན་པོའི་མགོའ། ལག་ན་རྒྱུ་མ་དང་ཁ་ཏང་། མེ་མོ་ལྗང་ནག་རྒྱུ་འདྲེན་ཁ་ཏཾ་ཀྱིན། ཕག་མོ་དང་། ཞེས་མིང་ཕག་མོ། སྐུ་མདོག་ནག་མོ། དབུའ་ཕག་མགོའ། ལག་ན་རྡོ་རྗེ་རྩེ་ལྔ་དང་། ཞིང་ཆེན་ཟ། ཕག་མོ་ནག་མོ་རྩེ་ལྔ་ཞིང་ཟ་ཕག །ཅེས་སོ། །རྒན་བྱེད་མོ་དང་། ཞེས་མིང་རྒན་བྱེད་མོ། སྐུ་མདོག་དམར་མོ། དབུ་ཀྲག་པ། ལག་ན་དུང་དམར་དང་། རྒྱུ་འདྲེན། རྒན་བྱེད་དམར་མོ་དུང་དམར་རྒྱུ་འདྲེན་སྐྲག །ཅེས་སོ། །སྣ་ཆེན་མོ་དང་། ཞེས་མིང་སྣ་ཆེན་མོ། སྐུ་མདོག་ལྗང་ནག །དབུའ་རྔ་མོང་མགོའ། ལག་ན་ཟངས་གྲི་དང་། ཞགས་པ། སྣ་ཆེན་ལྗང་ནག་ཟངས་གྲི་ཞགས་པ་རྔ། ཅེས་སོ། །ཆུ་ལྷ་མོ་དང་། ཞེས་མིང་ཆུ་ལྷ་སྟེ་ཀླུ་མོ། སྐུ་མདོག་སྔོ་སྐྱ། དབུའ་བྱ་རོག །ལག་ན་དུང་དམར་དང་། རལ་གྲི་སྣམས་པ། ཀླུ་མོ་སྔོ་སྐྱ་བྱ་རོག་དུང་དམར་གྲི། ཅེས་སོ། །ཕྱོགས་ཀྱི་སྒོ་མ་བཞི་ནི། ནག་མོ་ཆེན་མོ་དང་། ཞེས་ཤར་གྱི་སྒོ་མ་ནི། མིང་ནག་མོ། མདོག་མཐིང་ཀ །དབུའ་ཁུ་བྱུག་མགོའ། ལག་ན་ལྕགས་ཀྱུའོ། །ནག་མོ་ལྕགས་ཀྱུ་པུ་ཏྲ་ཁུ་བྱུག་མགོའ། ཅེས་སོ། །ར་མགོའ་དམར་སེར་ཆེན་མོ་དང་། ཞེས་མིང་ནི་ར་ནི་མོ། སྐུ་མདོག་དམར་སེར་རམ་སྔོ་མོ། དབུའ་རའི་མགོའ་ཅན། ལག་ན་རྒྱུ་ཞགས་དང་གྲི། ར་ནི་སྔོན་མོ་རྒྱུ་ཞགས་འདེབས་པའི་ར། ཅེས་སོ། །ལྷོའི་སྒོ་མའོ། །བུམ་སྣ་སྔོ་ནག་ཆེན་མོ་དང་། ཞེས་ནུབ་ཀྱི་སྒོ་མ་ནི། མིང་བུམ་སྣ། སྐུ་མདོག་སྔོ་ནག །དབུ་སྤྲེའུ་གདོང་། ལག་ན་ལྕགས་སྒྲོག །བུམ་སྣ་སྔོ་ནག་ལྕགས་སྒྲོག་ཀུན་སྡོམ་སྤྲེའུ། ཅེས་པས་སོ། །གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ། ཞེས་བྱང་གི་སྒོ་མ་ནི། མིང་ནི་གསུས་འཛིན། མདོག་སེར་ནག །དབུའ་སྤྱང་ཀུ། ལག་ན་དྲིལ་བུ་དང་། མདུང་དམར་རོ། གསུས་འཛིན་སེར་ནག་དྲིལ་ཆེན་དུང་དམར་སྤྱང་། ཅེས་སོ། །བྲན་དང་ཡང་བྲན་དང་། ཞེས་ལས་བྱེད་པའི་བྲན་འབྱུང་མོ་རྣམས་དང་། དེའི་ཡང་བྲན་འབྱུང་པོ་ཕལ་པ་རྣམས་དང་། གཡོག་དང་ཡང་གཡོག་དང་། ཞེས་བཀུར་བསྟི་བྱེད་པའི་གཡོག་མོ་རྣམས་དང་། དེའི་ཡང་གཡོག་མོ་རྣམས་སོ། །འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུས་སོ། །ཞེས་རྗེ་མོ་ལྟ་བུ་དང་། རྒྱལ་མོ་ལྟ་བུ་དང་། བློན་མོ་ལྟ་བུ་དང་། དབང་སྡུད་མོ་ལྟ་བུ་དང་། བྲན་མོ་དང་། གཡོག་མོ་ལ་སོགས་པ། ཞིང་ཁམས་ཀྱི་རྡུལ་དང་གྲངས་མཉམ་པ་རྣམས་དབང་དུ་སྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་དེ་ནས་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་བསྟན་ཏེ། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཞེས་ཀྱང་བྱ་སྟེ། ཡང་ན་འཁོར་སྡུད་པའི་ཆོ་འཕྲུལ་ཞེས་ཀྱང་བྱའོ། །དེ་ཡང་རྟོག་པ་དབང་དུ་བཅོམ། མཛད་པ་ལས་དང་ལྡན། བདེའ་བ་ལ་དགྱེས་པ་ལོངས་སྤྱོད་དུ་གྱུར་པས་ན་ཆེན་པོ་ཞེས་བྱའོ། །འདུལ་ཐབས་ཅི་ཞེ་ན། དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས། ཞེས་བདག་གཞན་ལ་དགའ་བས། ཆགས་པ་རང་སར་གྲོལ་བས། ཐབས་ཤེས་རབ་གཉིས་སུ་མྱེད་པར་སྦྱོར་བའི་ཐབས་ཀྱིས་སོ། །ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས། ཞེས་ཡང་ནི་མནན་པའམ་སྐྱར་བའོ། །རིགས་ལྔ་ཡང་གཅིག་ལས་ཅིག་ལྔར་འབྱེད་པར་སྣང་བས་ནའོ། །དེ་དག་ཀུན་ཀྱང་དགྱེས་པས་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་ཞེས་བྱ་བའི། ཞེས་རིགས་ལྔའི་འཁོར་དེ་དག་ཀུན་ཀྱང་། ཐབས་དང་ཤེས་རབ་གཉིས་སུ་མྱེད་པའི་དགྱེས་པས། རོལ་པའི་དཀྱིལ་འཁོར་མང་པོ་སྤྲིན་དང་འདྲ་བ་དབྱུང་བའི་ཏིང་ངེ་འཛིན་ནོ། ༈ །འདིར་ཐེ་རྩོམ་ཞིག་སྒལ་ཏེ། དང་པོ་ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ཀུན་བཟང་ཧེ་རུ་ཀའི་ཏིང་ངེར་ཞུགས། དེ་ལས་ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་མང་པོར་སྤྲོས། དེ་ལས་ཞེ་སྡང་རྡོ་རྗེ་རིགས་ལྔའི་དཀྱིལ་འཁོར་དུ་བསྟན་ཏེ་ཚུར་སྡུས། དེ་ནས་ཡང་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་དབུའ་དགུའ་པ་གཅིག་ཏུ་བསྟན། དེ་ནས་ཡང་འདིར་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་རིགས་ལྔར་སྟོན་པ་དེ། དོན་ཅི་ལ་དགོངས་པ་ཡིན་ཞེ་ན། དང་པོ་ལྷ་ཡབ་ཡུམ་གཅིག་གི་ཏིང་ངེ་འཛིན་ཞུགས་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཀུན་བཟང་ཧེ་རུ་ཀ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཁྲོ་བོ་འཆོལ་པ་སྤྲོ་བ་ནི། རུ་ཏྲའི་ཚོགས་ཐམས་ཅད་དཔའ་སྐོང་བའོ། །དེ་ནས་སྔར་སྡུད་པ་དེ་ནི། སྤྲོས་པ་ཐམས་ཅད་དང་ཡང་རིགས་ལྔར་འདུས་ཤིང་གདུལ་བྱའི་གཙོའ་བོ་ལྔར་འདུལ་བའོ། །ལྔ་ལས་སྐུ་གཅིག་ཏུ་བྱས་པ་ནི། རུ་ཏྲ་སྒྲལ་ནས། ཞལ་ཐེག་པ་ཆེན་པོའི་ལམ་དུ་བཅུག །ལྟོ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གཅིག་ཏུ་སྒྲིབ་པ་སྦྱང་བའོ། །དེ་ལས་ལྔར་སྣང་བར་བྱེད་པ་འདི་ནི། དབང་མོ་མང་བས་སོ་སོར་ཆགས་པས་ཚིམ་པར་བྱེད་པའོ། །ཡང་ན། སྐུ་མང་པོས་འདུལ་བའི་དུས་སུ་ནི་སྐུ་མང་པོར་བསྟན་ལ། སྐུ་ལྔས་འདུལ་བའི་དུས་སུ་ནི། སྐུ་ལྔར་བསྟན་ཅིང་། སྐུ་གཅིག་གིས་འདུལ་བའི་དུས་ན་ནི་སྐུ་གཅིག་ཏུ་ཡང་བསྟན་ཏེ། བསམ་གྱིས་མི་ཁྱབ་པའི་ཞལ་ཕྱག་གིས་འདུལ་བར་དགོངས་པའི་དུས་སུ་ནི་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ་ཡང་སྟོན་ནོ། །ཞེས་པའི་དོན་ནོ། །དེས་ནི་རིམ་པ་མང་ཉུང་ངམ། བྱེ་བྲག་མི་འདྲ་བའི་གགས་གསལ་ལོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་སྟོན་པས་ཏིང་ངེ་འཛིན་ལ་མ་ཞུགས་པར་གསུང་མི་སྤྱོད་པར་མ་ཡིན་ཏེ། ཕྱི་རབས་ཀྱིས་འདི་ལྟར་རྟོགས་པར་དགོངས་པའོ། །གནས་གང་ནས་ཕྱུང་ན། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཞེས་སྤྱིར་སྣང་བ་ནི་སྐུ། བརྗོད་པ་གསུང་། རིགས་གཅིག་གསལ་བ་ནི་ཐུགས་ཡིན་པ་ལ། འདིར་སྐུ་གསུང་ཐུགས་ཐ་དད་དུ་དབྱེར་མྱེད་པར་སྟོང་པ་ཉིད་དུ་གཅིག་པས་ན་རྡོ་རྗེ། ཐུགས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སོ། །སྔགས་གང་ཡིན་ན། ༀ་ཧཱུྃ་ཨཾ་བཛྲ་པྲ་བེ་ཤ་ༀ་ཨ་ལ་ལ་ཧོ། ཞེས་བརྗོད་པས། ཅེས་ༀ་ཨཱཿཧཱུྃ་གསུམ་ནི། སྐུ་གསུང་ཐུགས་གསུམ་གྱི་རང་བཞིན་ཏེ། དངོས་ཡེ་ཤེས་གསང་བའི་རྡོ་རྗེའོ། །བརྡ་དེས་ནི་ཡབ་ཀྱི་མཁའ་ཐབས་ཀྱི་མངའ་བདག་ཆེན་པོར་མཚོན་པའོ། །པྲ་བེ་ཤ་ནི་ཡུམ་གྱི་བདག་པད་མའི་འདབ་མ་ལྟ་བུ་སྒོོ་འབྱེད་པའོ། །ༀ་ནི་ཡབ་ཡུམ་འབྲེལ་བའི་བྱང་སེམས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཨ་ལ་ལ་ཧོ་ནི། དགའ་བ་བཞིས་ལུས་ཐམས་ཅད་ལ་བདེའ། གསལ། མི་རྟོག །རྟོག་ལས་འདས་པའི་ཉམས་གསལ་ཞིང་བསྟན་པ་ཐོབ་པར་བྱེད་པས་དགྱེས་པའོ། །འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཡང་ཆགས་པའི་ཡིད་གཡོས་ནས། ཞེས་གཞིའ་རང་ལ་རྒྱུ་མཐུན་པའི་འབྲས་བུ་ཡོད་པས་ཆགས་པའི་ཡིད་གཡོས་སོ། །རྐྱེན་གསང་སྔགས་ཀྱིས་མཐུའ་ཡོད་པས་ཆགས་པའི་ཡིད་གཡོས་སོ། །ཡོན་ཏན་བསྟན་པའི་བྱིན་བརླབས་ཞུགས་པས་ཆགས་པའི་ཡིད་གཡོས་སོ། །ངོ་བོ་བདེ་བའི་ཡེ་ཤེས་སྡང་བས་ཆགས་པའི་ཡིད་གཡོས་སོ། །དེ་བས་ན་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་ཞེས་བྱའོ། །པད་མའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས། ཞེས་དཔལ་ཧེ་རུ་ཀའི་བྱིན་རླབས་སྤྱིར་ཁྱབ་པས་དབང་མོ་རྣམས་བ་ག་པད་མའི་དཀྱིལ་འཁོར་བསྡུད། དེས་རང་གི་བདེའ་བ་རང་བབས་སུ་གྱུར་པས་རྒྱས་ཏེ། ལུས་ཀྱི་སྣ་རྩེ་བྱ་རོག་སྟོང་པ་ལས། རྩའི་སྣ་ལངས་ཏེ། མེ་ལོང་ལྟར་འཇམ། ཉི་མ་ལྟར་གསལ་བར་གྱུར་ཏོ། །དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ། ཞེས་དེའི་དཔེའ་ནི། རྡོ་ཁབ་ལེན་རེངས་པའི་དུས་ན་ལྕགས་རང་དབང་མྱེད་པར་འགུལ་ཞིང་ལྡེག །རེག་ཅིང་འབྱར་བ་ལྟར། དཔལ་གྱི་སྐུ་མཐོར་བའི་དུས་ན་དབང་མོ་རྣམས་ལུས་སེམས་རང་དབང་མེད་པར་དཔལ་གྱི་སྐུ་ལ་འཁྲིལ། ༈ དབང་མོ་ལ་གཉིས་ཏེ། རིགས་ལས་མི་བཏགས་པ་དང་། རང་གི་མཚན་ཉིད་ལས་བཏགས་པ་ལས། རིགས་ལས་བཏགས་པ་ལས་ནི། ཁྱོ་ཆེན་པོ་ལ་ཆུང་མ་ཆེན་མོ་ཟེར་བ་ལྟར། མིང་རང་རང་གི་ཁྱོ་ལས་དྲངས་ཤིང་བཏགས་པ་ལ་བྱ། རང་གི་མཚན་ཉིད་ལས་བཏགས་པ་ནི། རང་གི་ལས་ཅི་བྱས་པ་དེ་ལས་བླངས་ནས་མཚན་བཏགས་པ་ལ་བྱའོ། །དེ་ལྟར་དབང་མོ་རྣམས་ལ་སྤྱིར་སྦྱར་བར་བྱའོ། །བཛྲ་ཧེ་རུ་ཀ་ལ་གཙོ་མོ་བརྒྱད་འཁྲིལ་བསྟན་པ་ནི། བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ། ཞེས་འདིར་བཛྲ་ཧེ་རུ་ཀས་གཙོའ་བྱེས་པས་ན། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་སྟེ། བཛྲ་ཧེ་རུ་ཀ་དབུའ་གསུམ། གཡས་དཀར་གཡོན་དམར་དབུས་མཐིང་སྐུ། རྡོ་རྗེ་ཁ་ཏང་རྔེའུ་ཆུང་གཡས། དུང་དམར་རྒྱུ་ཞགས་ཁྱུང་ཁྲ་གཡོན། ན་སྣམས་པའི་ཚུལ་ལོ། ༈ །ཕྱོགས་བཞིའི་གཙོའ་མོ་བསྟན། ཤར་དང་པོ། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཞེས་སྲིན་མོ་ནི་སྲིན་མོ་ལ་བུ་ལྔ་བརྒྱ་སྐྱེས་པ་ལས། ན་མ་རེ་ལ་བུ་ཟོས་པས་སྲིན་མོ། མིའི་སྲིན་མོ་ནི། སྣོད་ཀྱི་འཇིག་རྟེན་གོས་སུ་གོན། བཅུད་ཀྱི་འཇིག་རྟེན་ཟས་སུ་ཟ། ཉི་ཟླ་གཟའ་སྐར་ལན་ཆར་བྱེད་པས་ན་མི་སྲིན་མོའོ། །འདིར་དབང་མོ་ལ་ནང་དུ་ཁྲོ་མོར་སྦྱར་ན། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་། ཅེས་བྱ། གསང་བ་མཁའ་འགྲོ་མར་སྦྱར་ན། མི་སྲིན་དམར་སེར་གཡག་མགོ་ཅན། བན་དྷ་ཞིང་ཟ་ལྕགས་ཀྱུ་གཡས། ཏྲི་ཤུལ་སུ་དྲི་སྒྱུ་མ་འདྲེན་པ་གཡོན་ནའོ། །ལྷོ་དང་པོ། དམར་མོ་དང་། ཞེས་ནང་ཁྲོ་མོ་ནི། རྡོ་རྗེ་དམར་མོ་ཙན་དན་འཐུང་ཞེས་བྱ། གསང་བ་མཁའ་འགྲོ་ནི། ཞིང་ཆེན་དམར་མོ་དོམ་གྱི་མགོའ་ཅན། གཡས་ཞིང་ཆེན་དྲིལ་འཁྲོལ་ལྕགས་ཀྱུ་ གཡོན་དུང་དམར་རྒྱུ་ཞགས་དབྱུག་པའོ། །ལྷ་ཀྲིང་ཤི་ཀའི་ཆུང་མའོ། །སྣོད་ཡངས་པ་བན་དྷའི་ནང་དུ ། བཅུད་འཇིག་རྟེན་གྱི་ཁྲག་བླུགས། འཐུང་བའམ། ལྷ་དམར་པོ་ཀྲི་ཤི་ཀའི་ཆུང་མའོ། །ནུབ་དང་པོ། དགའ་བ་མོ་དང་། མཚན་ཉིད་ལས་བཏགས་ཏེ། སེམས་ཅན་ཐམས་ཅད་ནོར་གྱིས་དགའ་བར་བྱེད་པས་དགའ་བ་མོ་དང་ཞེས། ནང་ཁྲོ་མོ་ནི། དགའ་བ་དམར་མོ་རྡོ་རྗེ་དཀའ་དར་འཕྱག །ཅེས་སོ། །གསང་བ་མཁའ་འགྲོ་ནི། དགའ་བྱེད་དམར་ནག་བྱ་རྒོད་མགོའ་ཅན། གཡས་ལྕགས་ཀྱུ་དུང་དམར་ཞིང་དབྱུག །གཡོན་བགེགས་དང་ཁ་ཏོང་རག་ཏའོ། །བྱང་དང་པོ། གསོད་བྱེད་མོ་དང་། ཞེས་དུས་ལྔ་བརྒྱའི་ཐ་མ་ལ་སེམས་ཅན་ཅེས་ཀྱང་མི་ཐུལ་ཏེ། གསོད་པ་ཉི་ཚེས་ཐུལ་བས། སྡུག་བསྔལ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྒྲོལ་ཞིང་གསོད་པས་ན་གསོད་བྱེད་མོ་དང་། ནང་ཁྲོ་མོ་ནི། གསོད་བྱེད་དམར་མོ་རྡོ་རྗེ་རལ་གྲི་སོ། གསང་བ་མཁའ་འགྲོ་ནི། གསོད་བྱེད་དམར་ནག་ཕག་གི་མགོའ་ཅན། གཡས་ན་ཏིར་ཆེན་རྡོ་རྗེ་རལ་གྲི། གཡོན་གློ་སྙིང་རྔེའུ་ཆུང་ཞིང་ཟ་བའོ། །སྒོ་མ་བཞི་ནི། ཤར། ནག་མོ་ཆེན་མོ་དང་། ལྷ་འཆར་ཀ་ཆེན་པོའི་ཆུང་མ་ཡིན་པས་ན། ནག་མོ་ཆེན་མོ་དང་ཞེས། ཁྱོའི་རིགས་ལས་བཏགས་པའོ། ༈ །ནང་ཁྲོ་མོ་ནི། རྡོ་རྗེ་ནག་མོ་རྡོ་རྗེ་ལྕགས་ཀྱུ་འཛིན། ཅེས་སོ། །གསང་བ་མཁའ་འགྲོ་མ་ནི། ནག་མོ་སྔོ་ནག་ཁུ་བྱུག་མགོའ་ཅན་ནོ། །ཕྱག་དང་པོ་གཉིས་ཞིང་ཆུང་ཟ་ཞིང་སྟོབ་པ། བར་མ་གཉིས་ལྕགས་ཀྱུ་ཁ་ཏང་། ཐ་མ་གཉིས་དུང་དམར་རལ་གྲི་སྣམས་པའོ། །ལྷོ། དམར་སེར་ཆེན་མོ་དང་། རང་གི་མཚན་ཉིད་ལས་བཏགས་ཏེ། མདོག་དམར་སེར་ཆེན་མོ་དང་། ཞེས། བདུད་ར་ཐོད་ཅན་གྱི་བུ་མོ་ར་མགོའ་ཅན་ཞེས་བྱའོ། ༈ །ནང་ཁྲོ་མོ་ནི། རྡོ་རྗེ་སེར་ནག་རྡོ་རྗེ་ར་མགོའ་ཞགས། ཞེས་བྱའོ། །གསང་བ་མཁའ་འགྲོ་ནི། ར་ནི་སྔོན་མོ་རའི་མགོའ་ཅན། གཡས་ན་ཞིང་ཆེན་དུང་དམར་ཁ་ཏང་། གཡོན་རྒྱུ་ཞགས་དྲིལ་ཆེན་ཞགས་པའོ། །སྲིན་པོ་དྷ་ཤ་ཁྲོ་བོའི་ཆུང་མའོ། །ནུབ། སྔོ་ནག་ཆེན་མོ་དང་། རིགས་ལས་ཏགས་ཏེ། སྲིན་པོ་བུམ་སྣའི་ཆུང་མ་ཡིན་ལ། སྲིན་པོ་དེ་སྔོ་ནག་ཏུ་ཡོད་པས། ཆུང་མ་ཡང་སྔོ་ནག་ཆེན་མོ་དང་། ཞེས། ནང་ཁྲོ་མོ་ནི། རྡོ་རྗེ་དམར་ནག་རྡོ་རྗེ་ལ་ལྕགས་སྒྲོག་སྡོམ། གསང་བ་ཁྲོ་མོ་ནི། བུམ་སྣ་དམར་མོ་སྤྲེའུ་མགོའ། དང་པོ་གཉིས་བན་དྷ་ཁྲག་ཆེན་སྟོབ། བར་མ་གཉིས་ཞིང་ཆེན་ལྕགས་སྒྲོག་འཛིན། ཐ་མ་གཉིས་ཁ་ཏང་ཟང་གྲིའོ། །སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། །ཞེས་རང་གི་མཚན་ཉིད་ལས་ཏེ། དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་དབྱིངས་ན་བཞུགས་ནས། སྐུ་གསུམ་ཆེ་བའི་ཡོན་ཏན་གྱིས་འགྲོ་བའི་དོན་མཛད་པར་ཤེས་པས། ལྷ་མོ་འདིས་དྲིལ་བུ་སྟོང་པའི་སྒྲས། སྐུ་དྲིན་ཆེ་བའི་ཡོན་རྣམས་འགྲོ་བའི་རྒྱུད་ལ་འབེབས་པར་བྱེད་དོ། །དེ་བས་ན་བསུས་འཛིན་སེར་ནག་གོ། །སེར་བ་ནི་ཆེ་བའི་ཡོན་ཏན་ནོ། །ནག་པ་ནི་ལྗང་ནག་གོ། །མདོག་དང་ལས་ལས་མིང་ཏགས་སོ། ༈ །ནང་ཁྲོ་མོ་ནི། རྡོ་རྗེ་ལྗང་ནག་རྡོ་རྗེ་དྲིལ་འཁྲོལ་དགྱེས་སོ། །གསང་བ་མཁའ་འགྲོ་ནི། གསུས་འཛིན་སེར་ནག་སྤྱང་ཁུའི་མགོའ་ཅན། གཡས་ཞིང་ཆེན་དྲིལ་བུ་དུང་དམར། གཡོན་སྙིང་ཁ་ཏང་རྔེའུ་ཆུང་ངོ་། །ཕྱག་དྲུག་པ་གསང་བ་ཁྲོ་མོར་བཤད་པ་ནི། ཆ་འཐུན་པའི་རྒྱུད་ལྷ་མོ་སྒྱུ་འཕྲུལ་དྲ་བ་ནས་བཤད་དོ། ༈ །འདིར་གཏར་ཀས་གགས་གསལ་ན། དཔལ་ཆེན་པོའི་སྐུ་གཅིག་ཏུ་འཁྲིལ་བར་སྟུམ་བམ་ཞེ་ན། དེ་ལ་འདོད་ལུགས་གཉིས་ཏེ། དང་པོ་འཇིག་རྟེན་འཐུན་དཔེ་ནི། དཔེར་ན་མི་གཅིག་ལ་ཆུང་མ་བརྒྱད་ཡོད་པ་ལྟ་བུ་སྟེ། དུས་གཅིག་ལ་ཐམས་ཅད་དང་སྦྱོར་བར་མྱི་བཞེད་དོ། །གཉིས་པ་ཡེ་ཤེས་སྣང་ཚུལ་ནི། དཔེར་ན་བཞིན་གཅིག་མདུན་དུ་མེ་ལོང་བརྒྱད་དམ། ལྔ་བཞག་ན། དེ་རེ་རེའི་ནང་ན་བཞིན་གྱི་གཟུགས་བརྙན་རེ་རེ་འཆར་བ་དང་འདྲ་བར། དཔལ་ཆེན་པོའི་སྐུ་ཡང་གཅིག་ལས་མ་གཡོས་བཞིན་དུ། དབང་ཕྱུག་མ་བརྒྱད་དང་། ལྔ་དང་། དེ་ལྟར་བཞུགས་ཀྱང་། སོ་སོར་འཁྲིལ་བར་སྣང་ངོ་། །ཡང་ན་གཅིག་དང་བཞུགས་ན་སྐུ་གཅིག་ཏུ་སྣང་ལ། བརྒྱད་དང་བཞུགས་ན་སྐུ་བརྒྱད་དུ་ཡང་སྣང་། ལྔ་དང་བཞུགས་ན་སྐུ་ལྔར་ཡང་སྣང་བའོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་སྐུ་ལ། བྷུ་ཏ་ཧེ་རུ་ཀ་ཞལ་གསུམ་གཡས་མཐིང་གཡོན་དཀར་དབུས་སྨུག་གོ། །ཕྱག་དྲུག་གཡས་ན་དང་པོ་ཏི་རའི་དབྱུག་པ། བར་མ་རྡོ་རྗེ། ཐ་མ་ཁྱུང་ཆེན། གཡོན་དང་པོ་རྒྱུ་ཞགས། བར་མ་དུང་དམར། ཐ་མ་ཏི་རི་བ་སུ་ཏའོ། །བྷུད་དྷ་ཧེ་རུ་ཀ་ལ་ཤར་གྱི་ལྔས་འཁྲིལ་ཏེ། ཚངས་མ་དང་། ཞེས་ཚངས་རིས་ཀྱི་ལྷའི་ལྟ་བ་ནི། འདོད་ཁམས་ཀྱི་ལྷ་འདོད་པའི་ཡོན་ཏན་ནི། སྤྱོད་པ་ནི་སྡུག་བསྔལ་དུ་ལྟའོ། །ཁོང་རང་གི་ལུས་ཀྱི་བསམ་གཏན་གྱི་དགའ་སྟེ་སྤྱོད་བཞི་ལ། བདེ་བ་གྱ་ནོམ་པ། ཞི་བ་མྱ་ངན་ལས་འདས་པར་ལྟ། དེ་ལྟར་ལྟས་པས་འོག་མའི་སྡུག་བསྔལ་ལས་ཚངས་པར་རྟོགས་སོ། །དེ་བས་ན་ཚངས་པ། དེའི་ཆུང་མ་ཚངས་མ་དབུའ་བཞིའོ། ༈ །ནང་ཁྲོ་མོ་ནི། ཚངས་མ་དམར་སེར་རྡོ་རྗེ་པད་མ་སྣམས། ཅེས་སོ། །གསང་བ་མཁའ་འགྲོ་ནི། ཚངས་མ་དམར་སེར་སྦྲུལ་གྱི་མགོའ་ཅན། གཡས་བན་དྷ་ཞིང་ཟ་ལྕགས་ཀྱུ། གཡོན་རྩེ་ལྔ་ཁ་ཏཾ་ཞགས་སོ། །འཁྲུག་མོ་དང་། ཞེས་དུག་གསུམ་གྱིས་སེམས་འཁྲུགས་པས། སྐུ་ཁྲོ་ཚུལ། ལག་ན་ཏྲི་ཤུལ་རྩེ་གསུམ་ཅན་ནོ། །ལྷ་མ་ཧཱ་དེ་བའི་ཆུང་མ། ༈ ནང་ཁྲོ་མོ་ནི། ལྷ་ཆེན་དཀར་ལྗང་རྡོ་རྗེ་ཏྲི་ཤུལ་ལའོ། །གསང་བ་མཁའ་འགྲོ་ནི། ཁྲོ་མོ་སེར་ནག་གཟིག་གི་མགོའ་ཅན། གཡས་དྲིལ་བུ་དབྱུག་ཏོ་ཏིར། གཡོན་བྷན་དྷ་ལྕགས་ཀྱུ་སྤུ་གྲིའོ། །དབང་མོ་དང་། ཞེས་ལྷའི་དབང་པོ་ནི། མདུན་ས་ཆེན་པོ་བཞི་ལ། ཚལ་ཆེན་པོ་ལྔ་ལ་དབང་མཛད་པ་དེའི་ཆུང་མའོ། ༈ །ནང་ཁྲོ་མོ་ནི། རྒྱ་བྱིན་དཀར་མོ་རྡོ་རྗེ་ཨི་དྲ་གདེངས། གསང་བ་མཁའ་འགྲོ་ནི། ཞིང་ཆེན་དམར་མོ་དོམ་གྱི་མགོ་ཅན། གཡས་ཞིང་ཆེན་དྲིལ་འཁྲོལ་ལྕགས་ཀྱུ། གཡོན་རྒྱུ་ཞགས་དུང་དམར་དབྱུག་པའོ། །འཇུག་སྲེད་མོ་དང་། ཞེས་ལྷ་སྦྱི་ནུ། ཐམས་ཅད་དུ ་འཇུག་ཅིང་ཤ་ཁྲག་ལ་སྲེད་པ་དེའི་ཆུང་མའོ། ༈ །ནང་ཁྲོ་མོ་ནི། སྟོང་འདོད་སྔོན་མོ་རྡོ་རྗེ་འཁོར་ལོ་འཆང་ངོ་། །གསང་བ་མཁའ་འགྲོ་ནི། ཁྱབ་འཇུག་དཀར་དམར་སྲེ་མོའི་མགོ་ཅན། གཡས་རྡོ་རྗེ་ཏི་ར་ཞགས་པ། གཡོན་བན་དྷ་ཁ་ཏང་རྔེའུ་ཆུང་ངོ་། །གཞོན་ནུ་མོ་རྣམས་འཁྲིལ་ལོ། །ཞེས་མ་ཧཱ་དེ་བ་ལ་བུ་མང་པོ་ཡོད་པ་ཀུན་རྒན་ཆེ་ནས། གཞོན་པ་བཞིར་བྱིན་གྱིས་རླབས་ཏེ། ཏི་ར་ཀ་དང་། འབྱེད་བྱེད་དང་། སྨིན་དྲུག་དང་། གུ་ལང་དང་བཞི་ཡོད་དོ། །དེ་ལས་འདི་གཞོན་ནུ་སྨིན་དྲུག་ཞེས་བྱ་བ་བྱད་བཞིན་ལ་སྨིན་མ་དྲུག་ཡོད་པ། དེའི་ཆུང་མ་ཡིན་པས་གཞོན་པ་ཞེས་བྱའོ། ༈ །ནང་ཁྲོ་མོ་ནི། གཞོན་ནུ་དམར་མོ་མདུང་ཐུང་འཕེན་ནོ། །གསང་བ་མཁའ་འགྲོ་ནི། གཞོན་ནུ་སེར་ནག་ཕ་ཝང་མགོ། གཡས་ཞིང་ཆེན་བན་དྷ་ཁ་ཏང་། གཡོན་རྒྱུ་འདྲེན་འཁོར་ལོ་དྲིལ་བུའོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ། རད་ན་ཧེ་རུ་ཀ་ནི། དབུའ་གསུམ་གཡས་མཐིང་གཡོན་དཀར་དབུས་སེར། ཕྱག་དྲུག་ལ་གཡས་དང་པོ་བྱི་བྱུག །བར་མ་རྡོ་རྗེ། ཐ་མ་དགྲ་སྟའོ། །གཡོན་དང་པོ་སྟོང་གི་འཇིག་རྟེན། བར་མ་བན་དམར། ཐ་མ་རྒྱུ་ཞགས་སོ། །རཏྣ་ཧེ་རུ་ཀ །ལ་ཤར་གྱི་ལྔ་འཁྲིལ་བ། བདུད་རྩི་མོ་དང་། ཞེས་འདི་ནི། ཉི་མའི་ཆུང་མ་ཡིན་ཏེ། ཉི་མའི་རྣ་ཆ་བདུད་རྩི་ཞགས་པས། སེམས་ཅན་ཐམས་ཅད་གསོའ་བར་མཛད་པས་སོ། ༈ །ནང་ཁྲོ་མོ་ནི། བདུད་རྩི་དམར་མོ་རྡོ་རྗེ་པད་མ་འཛིན་ནོ། །ཅེས་སོ། །གསང་བ་མཁའ་འགྲོ་ནི། བདུད་རྩི་སྔོ་ནག་ཆུ་སྲིན་མགོའ། ཕྱག་དང་པོ་བན་དྷ་ཁྲག་ཆེན་སྟོབ། བར་མ་ཁ་ཏང་མདའ་འཕེན། ཐ་མ་རིན་ཆེན་བུམ་པའོ། །ཞི་བ་མོ་དང་། ཞེས་ཟླ་བ་ཚེས་པ་ལྟར་ཡོན་ཏན་ཐམས་ཅད་ཤས་ཀྱིས་སེམས་ཅན་ཞི་བའི་ལས་བྱེད་པས་སོ། །དེ་ཡང་ཚ་ཞིང་གདུང་བ་ཞིའོ། ༈ །ནང་ཁྲོ་མོ་ནི། ཟླ་བ་དཀར་མོ་རྡོ་རྗེ་པུན་དྷ་རི། གསང་བ་མཁའ་འགྲོ་ནི། ཞི་བ་སྔོ་སྐྱ་སྡིག་པའི་མགོའ། གཡས་གློ་བ་དྲིལ་འཁྲིལ་རྩེ་ལྔ། གཡོན་སྙིང་འདྲེན་དུང་དམར་རིན་ཆེན་བུམ། བེ་ཅོན་མོ་དང་། ཞེས་མཚན་ཉིད་ལས་ཏགས་ཏེ། ཕྱག་ན་བེ་ཅོན་ཐོགས་པ་མོ་དང་། ༈ ནང་ཁྲོ་མོ་ནི། བེ་ཅོན་ལྗང་ནག་རྡོ་རྗེ་དབྱུག་ཏོ་ཕྱར་རོ། །གསང་བ་མཁའ་འགྲོ་ནི། བེ་ཅོན་ནག་མོ་ཁྲའི་མགོའ། གཡས་ཏིར་ཆེན་དུང་དམར་ཁ་ཏཾ། གཡོན་གློ་སྙིང་རལ་གྲི་རྒྱུ་ཞགས་སོ། །ཟ་བ་མོ་དང་། ཞེས་མིང་མཚན་ཉིད་ལས་བཏགས་ཏེ། ཞིང་ཟ་ཞིང་བ་སུ་འདྲེན་པས། ༈ ནང་ཁྲོ་མོ་ནི། ཟ་བྱེད་ལྗང་ནག་རྡོ་རྗེ་བ་སུ་འདྲེན་ནོ། །གསང་བ་མཁའ་འགྲོ་ནི། ཟ་བྱེད་མཐིང་ནག་སྟག་གི་མགོའ། གཡས་ཏི་ར་དུང་དམར་དྲིལ་བུ། གཡོན་སྙིང་འདྲེན་ཁ་ཏང་རལ་གྲིའོ། །སྲིན་མོ་རྣམས་འཁྲིལ་ལོ། །ཞེས་ཤ་ཟ་ཁྲག་འཐུང་པས། ༈ ནང་ཁྲོ་མོ་ནི། སྲིན་མོ་དམར་མོ་རྡོ་རྗེ་ཐོད་ཁྲག་འཐུང་ངོ་། །གསང་བ་མཁའ་འགྲོ་ནི། ཁྲོ་མོ་སེར་ནག་ཝའི་མགོའ། གཡས་བན་དྷ་རྒྱུ་འདྲེན་ཏི་ར། གཡོན་ཁྲ་དང་རྔེའུ་ཆུང་ཁ་ཏང་ངོ་། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཆེན་པོའི་སྐུ་ལ། ཞེས་པད་མ་ཧེ་རུ་ཀ་གཡས་དཀར་གཡོན་ལྗང་དབུས་དམར། གཡས་དང་པོ་བེ་ཅོན། བར་མ་རྡོ་རྗེ། ཐ་མ་རྡོ་རྗེ་དགྲ་སྟྭ ། གཡོན་དང་པོ་སྟོང་གི་འཇིག་རྟེན། བར་མ་བན་དྷ། ཐ་མ་བཤོལ་སྣམས་པའོ། ༈ །པད་མ་ཧེ་རུ་ཀ་ལ་ལྷོའི་ལྔ་འཁྲིལ་བ་བསྟན་པ་ནི། ཁྲག་གིས་མྱོས་མ་དང་། སྟོབས་བཟང་བཅོམ་ལྡན་འདས་ཀྱི་རྟགས་ལེན་པ་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་ཀར། ཆུང་མ་རྒུན་ཆང་འདུར་དུ་བཅུག་པས་བླུད་པས་ར་རོ། །དེར་ར་རོ་བ་སངས་ནས་ཁོས་ཆོས་ཐམས་ཅད་ཀྱང་ར་རོ་བ་དང་འདྲ་བར་མཁྱེན་པས། དེའི་ཆུང་མ་ཡང་དུས་རྟག་ཏུ་ཁྲག་གིས་ར་རོ་ཞིང་མྱོས་པ་ཡིན་པས་ན། ༈ ནང་ཁྲོ་མོ་ནི། སྟོབས་ཆེན་དཀར་མོ་རྡོ་རྗེ་བཤོལ་མདའ་འཛིན་ནོ། །གསང་བ་མཁའ་འགྲོ་ནི། ཁྲག་འཐུང་དམར་མོ་རྟའི་མགོ་ཅན་ནོ། །གཡས་བན་དྷ་དྲིལ་བུ་རྩེ་ལྔ། གཡོན་དབྱུག་པ་ཁ་ཏང་ཞིང་ཆེན་ནོ། །གཅིག་པུར་སྤྱོད་མ་དང་། འདི་ན་མ་ཧཱ་དེ་ཝའི་ཆུང་མ་ཡིན་ཏེ། མ་ཧཱ་དེ་བ་དང་ཡབ་ཡུམ་གཉིས་དམྱིག་མངས་བྱེད་པ་ལ། ཁོས་མ་ལ་རྟེན་པ་དང་། ཕ་མ་གཉིས་ཀའི་བུར་འདྲ་ན། མཉམ་པོར་རྟེན་ན་ཅེས་ཉེས་བྱས་བྲས། བུ་འཁྲོས་ནས་ཤ་རྣགས་ནས་མའི་བཀའ་དྲིན་འདི་ལས་མ་འཆིས་ཟེར་ནས་མ་ལ་ཀྱུར། རུས་པ་གཅིག་པུས་ཆུང་མ་སྤྱོད་པས་སོ། །དེའི་ཆུང་མ་ཡིན་པས་གཅིག་པུར་སྤྱོད་མ་དང་ཞེས་བྱའོ། །ནང་ཁྲོ་མོ་ནི། རྡོ་རྗེ་སེར་མོ་སྤུ་གྲིས་གཅོད་དོ། །གསང་བ་མཁའ་འགྲོ་ནི། ཅིག་པུ་དཀར་དམར་བྱི་བའི་མགོ། གཡས་བྷན་དྷ་རྡོ་རྗེ་ཏྲི་ཤུལ། གཡོན་དྲིལ་བུ་དབྱུག་པ་ཞིང་ཆུང་ངོ་། །ཡིད་འཕྲོག་མ་དང་། ལྷ་མེ་ཏོག་གི་འདའ་ཅན་གྱིས། ལྷ་མོ་གང་ཡིན་པ་ལ་མདའ་འཕངས་པས། ཕོག་པ་དང་ཁོའི་དབང་དུ་འདུའོ། །དེའི་ཆུང་མས་ཀྱང་མོ་རང་གང་ཡིད་དུ་འོང་བ་དེའི་ཡིད་འཕྲོག་པས་ན། ༈ ནང་ཁྲོ་མོ་ནི། འདོད་པ་དམར་མོ་རྡོ་རྗེ་མདའ་གཞུའ་འགེངས་སོ། །གསང་བ་མཁའ་འགྲོ་ནི། ཡིད་འཕྲོག་དམར་ནག་སྤྱང་ཁུའི་མགོའ། ཕྱག་དང་པོ་གཉིས་ཏིར་ཆུང་ཟ་ཞིང་སྟོབས། བར་མ་གཉིས་ཁ་ཏང་ལྕགས་ཀྱུ། ཐ་མ་གཉིས་དུང་དམར་རལ་གྲིའོ། །གྲུབ་མོ་དང་། བདེན་བྲལ་ནོར་ལ་དབང་བས། དེའི་ཆུང་མ་ཡང་ནོར་ཟད་མི་ཤེས་པའི་གཏེར་གྱི་བུམ་པ་སྣམས་ནས་ནོར་ལྷ་ལས་གྲུབ་པ་མོ་དང་། ༈ ནང་ཁྲོ་མོ་ནི། ནོར་སྲུང་དཀར་མོ་བུམ་པ་འཛིན་ནོ། །གསང་བ་མཁའ་འགྲོ་ནི། གྲུབ་པ་དཀར་དམར་པུད་ཤུད་མགོའ། གཡས་ཏིར་ཆེན་པདྨ་ཁ་ཏང་ངོ་། །གཡོན་གློ་སྙིང་དུང་དམར་ཞགས་པའོ། །རླུང་མོ་རྣམས་འཁྲིལ་ལོ། །སེམས་ཅན་ཐམས་ཅད་ཀྱི་ཁོང་པ་ན། ཨུ་ད་ན་བྱ་ཏ་ཀ་ཞེས་བྱ་བ། སྲོག་འཛིན་པའི་རླུང་ཡོད་དེ། རླུང་དེས་སྲོག་གི་དབང་པོ་ལ་རེག་པས་ནི་སྲོག་འཚོལ་བར་བྱེད། ཡིད་ཀྱིས་རྣམ་པར་ཤེས་པ་ལ་རེག་པས་ནི། ཕྱིའི་ཡུལ་རྟོག་པར་བྱེད། བསྒོའ་ལྔའི་རྣམ་ཤེས་ལ་རེག་པས་ནི་ཡུལ་ལ་འཛིན་པར་བྱེད། རུང་དེ་ལ་དབང་བྱེེད་པས་ན་རླུང་མོ་རྣམས་འཁྲིལ་ལོ་ཞེས་བྱའོ། ༈ །ནང་ཁྲོ་མོ་ནི། རླུང་ལྷ་སྔོན་མོ་རྡོ་རྗེ་བ་དན་འཕྱར་རོ། །གསང་བ་མཁའ་འགྲོ་ནི། རླུང་མོ་དམར་སེར་ཤ་ཕོའི་མགོའ་གཡས་བན་དྷ་རྔེའུ་ཆུང་ཁ་ཏཾ། གཡོན་གྲི་འདེབས་རོ་ཟ་ཁྲག་འཐུང་བའོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ། ཞེས་ཀར་མ་ཧེ་རུ་ཀ་གཡས་དཀར་གཡོན་དམར་དབུས་ལྗང་། ཕྱག་དྲུག་གཡས་དང་པོ་རལ་གྲི། བར་མ་རྡོ་རྗེ། ཐ་མ་དགྲ་སྟྭའོ། །གཡོན་དང་པོ་སྟོང་གི་འཇིག་རྟེན། བར་མ་བན་དམར། ཐ་མ་ཐོང་བཤོལ་ལོ། ༈ །ཀར་མ་ཧེ་རུ་ཀ་ལ་བྱང་གི་ལྔ་འཁྲིལ་བ་བསྟན་པ་ནི། མེ་མོ་དང་། བསམ་གཏན་དང་པོ་ཚད་ཀྱང་མེས་འཇིགས་པར་བྱེད། ལུས་ལ་ཁོང་ན་གཟི་མདངས་མེས་གསལ་བར་བྱེད། དེ་ལ་དབང་པའི་མེ་ལྷའི་ཆུང་མ་མེད་དཔུང་ནང་ན་བཞུགས་པའི་མེ་མོ་དང་། ༈ ནང་ཁྲོ་མོ་ནི། མེ་མོ་དམར་མོ་བསལ་ཤིང་འཆང་བའོ། །གསང་བ་མཁའ་འགྲོ་ནི། མེ་མོ་ལྗང་ནག་སྐྱིན་པོའི་མགོའ། གཡས་བན་དྷ་ཁ་ཏང་རྔེའུ་ཆུང་། གཡོན་རོ་ཟ་གྲི་འདེབས་ཁྲག་འཐུང་ངོ་། །ཕག་མོ་དང་། ས་བདག་ཕག་མོའི་ཆུང་མ་ཡིན་པ་དང་། དབུའ་ཕག་འགོའ་ཅན་གྱི་ཕག་མོ་དང་། ༈ ནང་ཁྲོ་མོ་ནི། ཕག་མོ་ནག་མོ་རྡོ་རྗེ་མཆེལ་ཞགས་སྟོན་པའོ། །གསང་བ་མཁའ་འགྲོ་ནི། ཕག་མོ་ལྗང་སེར་ཕག་གི་མགོའ། གཡས་བན་དྷ་རྩེ་ལྔ་ཞིང་ཟ། གཡོན་ཁྲ་ཆེན་ཁ་ཏང་རལ་གྲིའོ། །རྒན་བྱེད་མོ་དང་། ཞེས་གཤིན་རྗེའི་ཆུང་མ་སྟེ། མ་ཧཱ་དེ་ཝའི་ཆུང་མ་ཡིན་པ་ལ་ཨ་མ་གཅིག་པུ་ལ་བལྟས་པས་རྨོ་ཁྲོས་ཏེ་རྒན་མོར་སྤྲུལ་པས་རྒན་བྱེད་མོ་དང་། ༈ ནང་ཁྲོ་མོ་ནི། རྒན་བྱེད་དམར་མོ་རྡོ་རྗེ་ཞིང་ཆུང་ཟའོ། །གསང་བ་མཁའ་འགྲོ་ན། རྒན་བྱེད་དམར་སྐྱ་སྐག་པའི་མགོའ། གཡས་བདུད་རྩི་དབྱུག་པ་དྲིལ་བུ། གཡོན་དུང་དམར་ཁ་ཏཾ་རྒྱུ་མ་འདྲེན་ནོ། །སྣ་ཆེན་མོ་དང་། ཞེས་འདི་མ་ཧཱ་དེ་ཝའི་སྤར་མོ་ཡིན་ཏེ། མ་སྤོར་མོ་ལྟས་པ་དང་། གླང་པོ་ཆེའི་ཀླད་པའི་ནང་ན་སྨན་གྷི་ཧ་ཡོད་པ་བྲུས་ནས་འཐུངས་པ་དེའི་རྐྱེན་གྱིས་སྨོད་པ་དོར་བས། མོ་རང་གི་སྣང་ཡང་གླང་པོ་ཆེའི་སྣ་ལྟ་བུར་གྱུར་པའོ། །ཡང་ན་སྣ་ཆེན་ཚོགས་ཀྱི་བདག་མོའི་ཡུམ་ཡིན་པས་ན། ༈ ནང་ཁྲོ་མོ་ནི། སྣ་ཆེན་དཀར་མོ་རྡོ་རྗེ་དུང་ཁྲག་འཐུང་ངོ་། །གསང་བ་མཁའ་འགྲོ་ནི། སྣ་ཆེན་ལྗང་ནག་རྔ་མོའི་མགོའ། གཡས་བདུད་རྩི་ཁ་ཏང་རལ་གྲི། གཡོན་དུང་དམར། ཞགས་པ། ཞིང་དབྱུག་གོ། །ཆུ་ལྷ་མོ་རྣམས་འཁྲིལ་ལོ། །ཞེས་ཟས་ཐམས་ཅད་ཡང་ཆུ་ལ་བྱེད། ཆུ་ལ་གནས་པའི་ཀླུའི་ནོར་བུ་རིན་པོ་ཆེ་འཕྲོག །ཀླུའི་གདུག་པ་ཟློག །ཆུ་ལྷའི་ཡུམ་བྱེད། ཀླུ་ཕྲན་བྲན་དུ་འཁོལ་བའི། ནང་ཁྲོ་མོ་ནི། ཆུ་ལྷ་སྔོན་མོ་རྡོ་རྗེ་སྦྲུལ་ཞགས་འཛིན་ནོ། །གསང་བ་མཁའ་འགྲོ་ནི། ཆུ་ལྷ་སྔོ་སྐྱ་བྱ་རོག་མགོའ། ཞིང་ཆེན་དུང་དམར་དྲིལ་བུ་གཡས། གློ་སྙིང་ཁ་ཏང་རལ་གྲི་གཡོན་ནོ། །དེ་རྣམས་ལ་དཀྱིལ་འཁོར་སྐྱོང་བའི་དུས་ན། ཁྲོ་མོ་སྟེ་བྱི་མོའོ། །ཕོ་ཉ་མཛད་པའི་དུས་ན་མགོའ་སྙན་དེ། ཕྲ་མེན་མའོ། །ལྷག་མ་སྟུད་པའི་དུས་ན་མཁའ་ལ་འགྲོ་བའོ། །མདོར་ན་དོན་གྱི་ངོ་བོ་གཅིག་ལས་སྤྲུལ་པ་ཡིན་པ་ཡིན་པས་དབྱེར་མྱེད་པའི་བདག་ཉིད་དོ། །ཧཱུྃ་ཞེས་བརྗོད་པས། ཞེས་རིགས་ལྔའི་དཀྱིལ་འཁོར་གྱི་ཁྲོ་བོ་དེ་དག་གིས་ཧཱུྃ་ཞེས་བརྗོད་པས། གཉིས་སུ་མྱེད་པའི་བྱང་ཆུབ་སེམས་བདེའ་བ་དེ། ཐུགས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ཧཱུྃ། དེ་གསུང་ངམ་ཐུགས་ལ་བརྗོད་པས། པད་མའི་དཀྱིལ་འཁོར་གྱི་ཚོགས་བསྟུས་ནས། ཤིན་ཏུ་ཡང་བཅུམ་པར་གྱུར་ཏོ། །ཞེས་དབང་ཕྱུག་མ་རྣམས་ཀྱི་པད་མའི་དཀྱིལ་འཁོར་དུ་ཐིམ་པ་ལས། ཧཱུྃ་ཡེ་ཤེས་ཀྱི་བདེའ་བ་དང་ལྡན་པས། སོ་སོར་ཡུམ་གྱི་བ་ག །ཡབ་ཀྱི་རྡོ་རྗེ་ལ་གྲས་པས་ཤིན་ཏུ་བཅུམ་གྱིས་སྡོམ་པར་གྱུར་ཏོ། །དེ་ཡང་དབང་མོ་རྣམས་ཀྱི་བ་གར། ཧཱུྃ་རེ་རེ་བཞག་པ་དེ་ནི། དངོས་འདོད་འབྱུང་བས་རིན་པོ་ཆེ་དང་འདྲ། རྒྱུ་གྱུར་པས་ས་བོན་དང་འདྲ། ཅིར་ཡང་སྣང་བས་སྤྲུལ་པའམ་སྒྱུ་མ་འདྲའོ། །དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས། ཞེས་དེ་ནས་བྱང་ཆུབ་སེམས་སྣོལ་མར་སྟིམས་པས་དགྱེས་ཏེ། སོ་སོའི་མཁའ་ནས་ལྷག་པའི་བྱང་ཆུབ་སེམས་འཕྲོས་པ་ལས། དགྱེས་པ་ཆེན་པོའི་སྒྲ་ཧ་ཞེས་པ། ལན་བརྒྱད་བརྗོད་པ་ལས། རྒྱུ་བསྟན། བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཞེས་སོ་སོའི་མཁའ་ནས་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་མང་པོ་སྤྲིན་དང་འདྲ་བར་འདུལ་ནས་ཧ་བརྒྱད་དུ་གྱུར་པ་ལས། རང་གི་ངོ་བོ་བསྟན། དཀར་མོའི་ཚོགས་དང་། ཞེས་ཀོའུ་རི་མ་འདི་ནི་ཐུགས་ཀྱི་ལྷ་མོ་ཡིན་ཏེ། དཔལ་ཧེ་རུ་ཀའི་ཐུགས་རྣམ་པར་དག་པ་མཁྱེན་པའི་ཡེ་ཤེས་ལས་མཚན་མའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་བསྟན་པས་དཀར་མོ། མདོག་མཐིང་ཀ་ཐུགས་ཀྱི་རང་བཞིན་མི་འགྱུར་བ་ཡིན། མི་འགྱུར་བ་ཉིད་མཚན་སྐྱོན་གྱིས་མི་མངའ་བས་དཀར་མོའོ། །སྐུ་མཐིང་ནག །གཡས་བྱིས་དབྱུག །གཡོན་བན་དམར་རོ། །ཐུགས་སྣ་ཚོགས་ཀྱི་ཡེ་ཤེས་རྟོགས་པར་བྱེད་པས་ཚོགས་སོ། །ཀུན་མོའི་ཚོགས་དང་། ཞེས་ལྷ་མོ་འདི་ནི་ཡོན་ཏན་གྱི་ལྷ་མོ་སྟེ། དཔལ་ཧེ་རུ་ཀས་འབྱེད་པ་མྱེད་པའི་ཤེས་རབ་ཀྱིས། གཏི་མུག་གི་མུན་ནག་སེལ་བའི་རྟགས་སུ་བསྟན། འབྱེད་པ་མྱེད་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་རྟོགས། དེ་ལྟར་རྟོགས་པའི་ངང་ནས་ཡེ་ཤེས་ཀྱིས་སྦོས་པའོ། །པུ་ཀ་སི་དམར་སེར་ཆེན་མོ་རྒྱུ་མའི་ཞགས་པ་ཐོགས་ནས། སེམས་ཅན་ཐམས་ཅད་བླ་ན་མྱེད་པ་ཡང་དག་པའི་གནས་སུ་འདྲེན་པས། སེམས་ཅན་ཐམས་ཅད་ཀྱི་ཚོགས་འདྲེན་མ་ཞེས་བྱའོ། །སྨོངས་མོའི་ཚོགས། ཞེས་ལྷ་མོ་འདི་ནི་གསུང་གི་ལྷ་མོ་ཡིན་ཏེ། ཧེ་རུ་ཀས་གསུང་རབས་རྒྱ་མཚོའ་འགྲོ་བ་ལ་སྒྲོགས་པའི་རྟགས་སུ་འདི་བསྟན་ཏེ། པྲ་མོ་ཧས་གསུང་རབ་རྒྱ་མཚོའ་འབྲུག་ལྟར་སྒྲགས་པས། བདུད་དང་དྲེགས་བྱེད་ཟིལ་གྱིས་མནན་ནས། ཉོན་མོངས་པ་མགོའ་རྨོངས་པར་བྱེད་པས་རྨོངས་མོ། །འགྲོ་བ་དབང་དུ་བྱེད་པས་སྐུ་དམར་མོ། འཁོར་བ་ལས་རྒྱལ་ཞིང་ཐུགས་རྗེས་འཛིན་པས་ཆུ་སྲིན་རྒྱལ་མཚན་ཐོགས་པའོ། །ཐམས་ཅད་ལས་རྒྱལ་བས་ན་ཚོགས་སོ། །ཐལ་བྱེད་མའི་ཚོགས་དང་། ཞེས་འདི་ནི་ཧེ་རུ་ཀའི་ཡོན་ཏན་དང་འཕྲིན་ལས་གཉིས་ཀའི་ལྷ་མོ་ཡིན་ཏེ། ཧེ་རུ་ཀའི་ཆེ་བའི་ཡོན་ཏན་གྱི་འཕྲིན་ལས་ཀྱིས། འགྲོ་བའི་དོན་མཛད་པའི་དུས་ན། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་ཐལ་བར་ཀློག་པས་ཐལ་བྱེད་མ། གཡས་རྡོ་རྗེ་ས་དགུའི་ཤི་བ་གློང་། གཡོན་རྔེའུ་ཆུང་གིས་བླ་བྱེད་གནས་སུ་སྡུད་པར་བྱེད་པའི་ཚོགས་སོ། །དོན་མི་འགྱུར་བས་མཐིང་ཀའོ། །སྤོས་མོའི་ཚོགས་དང་། ཞེས་ལྷ་མོ་འདི་ནི་སྐུའི་ལྷ་མོ་ཡིན་ཏེ། དཔལ་ཧེ་རུ་ཀས་འབྱེད་པ་མྱེད་པའི་ཤེས་རབ་ཀྱིས། གཏིའ་མུག་གི་མུན་ནག་སེལ་བའི་རྟགས་སུ་བསྟན། འབྱེད་པ་མྱེད་པའི་ཤེས་རབ་ཀྱིས་ཡང་དག་པའི་དོན་རྟོགས། དེ་ལྟར་རྟོགས་པའི་ངང་ལས་ཡེ་ཤེས་ཀྱིས་སྦོས་པའོ། །པུ་ཀ་སི་དམར་སེར་ཆེན་མོ་རྒྱུ་མའི་ཞགས་པ་ཐོགས་ནས། སེམས་ཅན་ཐམས་ཅད་བླ་ན་མྱེད་པའི་གནས་སུ་འདྲེན་པས། སེམས་ཅན་ཐམས་ཅད་ཀྱི་ཚོགས་འདྲེན་མ་ཞེས་བྱའོ། །སྟུམ་མོའི་ཚོགས་དང་། ཞེས་ལྷ་མོ་འདི་ནི་ཐུགས་རྗེའི་ལྷ་མོ་སྟེ། དཔལ་ཧེ་རུ་ཀའི་ཐུགས་རྗེ་ཞེ་སྡང་ཆེན་པོས། སེམས་ཅན་བླ་ན་མྱེད་པའི་གནས་སུ་འདྲེན་པར་མཛད་པས་བསྟན་ཏེ། སྟུམ་པ་ནི། དཔེར་ན་མི་སྟུམ་པོ་ལ། མི་ཐུབ་ཡང་བརྡེག་པ་ལྟར། ཐུགས་རྗེ་སྟུམ་ཚུལ་གྱིས། འཁོར་བ་ན་གནས་པའི་སེམས་ཅན་སྒྲོལ་བའོ། །དེའི་རྟགས་སུ་སྐུ་མདོག་སེར་སྐྱ་མགོའ་ལུས་འབྲེལ་ལོ། །སྨེ་ཤ་ཅན་གྱི་ཚོགས་དང་། ཞེས་ལྷ་མོ་འདི་ནི་མི་འབྱེད་པའི་ལྷ་མོ་སྟེ། དཔལ་ཧེ་རུ་ཀས་འདོད་པ་ཆོས་ཉིད་དང་། ཆགས་པ་ཡེ་ཤེས་ཆེན་པོས། སེམས་ཅན་ལོག་པའི་འདོད་ཆགས་ལས་སྒྲོལ་བའི་རྟགས་སུ་བསྟན་ཏེ། དཔེར་ན་མི་སྨེ་ཤ་ཅན་ནི། ཟས་བཟང་ངན་མི་འབྱེད་པར་ཀུན་ཟ་བ་ལྟར། ལྷ་མོ་འདིས་སེམས་ཅན་ལ་འདོད་ཆགས་བཟང་ངན་དུ་མི་འབྱེད་པར། ཀུན་བླ་ན་མྱེད་པའི་གནས་སུ་འདྲེན་པའོ། །ཀ་མ་རི་ལྗང་ཁུ་དུང་ཁྲག་ཀྲུང་ཅིང་། སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་བྱེད་པའོ། །མ་ཚོགས་མའི་ཚོགས་དང་། ཞེས་ཧེ་རུ་ཀ་དང་མ་མོ་བདུན་གྱི་སྐུ་དང་ཡེ་ཤེས་ཐམས་ཅད། མ་མོ་འདིས་སྡུད་པས་ན་མ་ཚོགས་མ་ཞེས་བྱའོ། །དེ་ཡན་ཆད་ཀྱི་ཧེ་རུ་ཀ་དང་། མ་མོ་བདུན་གྱི་སྐུ་དང་། ཡེ་ཤེས་ཆེ་བའི་གནས་ཐམས་ཅད་འདི་ལས་འབྱུང་བས་མ་ཚོགས་མའོ། །སྨེ་ཤ་ནི་མཐིང་ནག་མི་འགྱུར་བ། གཟུང་འཛིན་ཅན་གྱི་སྙིང་ཟ་བས། སེམས་ཅན་གྱི་གཟུང་འཛིན་ཐམས་ཅད་དག་པར་བྱེད་པའི་ཚོགས་སོ། །རང་རང་གི་ལག་ཆ་དང་ངོ་མཚར་དང་བཅས་ནས་སྟོན་ཏོ། །བཞུགས་གནས་བསྟན། སྟོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས། འཁོར་བར་འཇིགས་པའི་གཟུགས་དང་། རང་རང་གི་ལག་ཆ་དང་བཅས་འཁོད་དོ། །ཞེས་རྒྱུད་བཤད་རྒྱུད་བླ་མ་ནས། ཤར་གྱི་ཕྱོགས་སུ་བསམ་བྱ་བ། །ས་བདག་སྒྱེལ་བའི་གདན་སྟེངས་སུ། །ཀུན་གཞིའི་གནས་འགྱུར་ཕྲ་མེན་མ། །རྣལ་འབྱོར་སྔོ་ནག་ཀོའུ་ར་སྟེ། །རལ་པ་ཁམ་ནག་གྱེན་དུ་འབར། །མཆེ་གཙིགས་རྐན་བརྡབ་ས་གཞི་གཡོ། །བཤུགས་པས་གླུ་དབྱངས་ཧ་ཧར་བཞད། །ཏི་རའི་གཡུག་པ་གཡས་པ་ན། །བན་དྷ་རག་ཏ་གཡོན་པ་འཛིན། །སྐྱེ་ཤི་མ་ལ་བརྐྱང་བསྐུམ་བཞུགས། །ལྷོའི་ཕྱོགས་སུ་བསམ་བྱ་བ། །གསོང་བྱེད་བསྒྱེལ་བའི་གདན་སྟེངས་སུ། །རྣམ་ཤེས་གནས་འགྱུར་ཕྲ་མེན་མ། །རྣལ་འབྱོར་སེར་ནག་གཙོའུ་རི་སྟེ། །རལ་པ་ཁམ་ནག་གྱེན་དུ་འབར། །མཆེ་གཙིགས་རྐན་བརྡབ་ས་གཞི་གཡོ། །བཤུགས་པས་གླུ་དབྱངས་ཧ་ཧར་བཞད། །ཐབས་ཀྱི་མངའ་འདྲེན་གཡས་པ་ན། །ཤེས་རབ་མདའ་གཞུ་མདུང་གཡོན་ན། །ཡ་མ་ཡེ་ལ་བརྐྱང་བསྐུམ་བཞུགས། །ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ། །ཉི་མ་བསྒྱེལ་བའི་གདན་སྟེངས་སུ། །ཉོན་མོངས་གནས་འགྱུར་ཕྲ་མེན་མ། །རྣལ་འབྱོར་དམར་ནག་པྲ་མོ་ཧ། །རལ་པ་ཁམ་ནག་གྱེན་དུ་འབར། །མཆེ་གཙིགས་རྐན་བརྡབ་ས་གཞི་གཡོ། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །ཆུ་སྲིན་རྒྱལ་མཚན་གཡས་པ་ན། །བན་དྷ་རག་ཏ་གཡོན་པ་ན། །སུ་རྒྱ་ཡེ་ལ་བརྐྱང་བསྐུམ་བཞུགས། །བྱང་གི་ཕྱོགས་སུ་བསྲུང་བྱ་བ། །ཟླ་བ་བསྒྱེལ་བའི་གདན་སྟེངས་སུ། །རེག་བྱ་གནས་འགྱུར་ཕྲ་མྱེན་མ། །རྣལ་འབྱོར་མཐིང་ནག་པེ་ཏ་ལི། །རལ་པ་ཁམ་ནག་གྱེན་དུ་འབར། །མཚེ་གཙིགས་རྐན་བརྡབ་ས་གཞིའ་གཡོའ། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །རྡོ་རྗེ་རྩེ་ལྔ་གཡས་པ་ན། །གཏེར་ཆུང་མགོའ་གཅད་གཡོན་པ་ན། །ཙན་ཏྲ་ཡེ་ལ་བརྐྱང་བསྐུམ་བཞུགས། །ཤར་ལྷོ་མཚམས་སུ་བསམ་བྱ་བ། །མེ་ལྷ་བསྒྱེལ་བའི་གདན་སྟེངས་སུ། །ལྟ་བྱེད་གནས་འགྱུར་ཕྲ་མྱེན་མ། །རྣལ་འབྱོར་དམར་ནག་པུ་ཀ་སི། །སྐྲ་འབར་མཆེའ་གཙིགས་རྐན་བརྡབ་ཤིང་། །དུར་ཁྲོད་གཡང་གཞིའི་ཀླག་པ་གྱོན། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །ཏི་ར་ཆེན་པོ་གཡོན་པ་ན། །ཚེམས་པར་རྒྱུ་འདྲེན་གཡས་པ་ན། །ཨག་ནེ་ཡེ་མ་བརྐྱང་བསྐུམ་བཞུགས། །ལྷོ་ནུབ་མཚམས་སུ་བསམ་བྱ་བ། །བདེན་བྲལ་བསྒྱེལ་བའི་གདན་སྟེངས་སུ། །ཉན་བྱེད་གནས་འགྱུར་ཕྲ་མྱེན་མ། །རྣལ་འབྱོར་མཐིང་ནག་སྨ་ཤ་ནི། །སྐྲ་འབར་མཆེའ་གཙིགས་རྐང་བརྡབ་ཤིང་། །སྲོག་བདག་ཆེན་མོའི་གཡང་གཞིའ་གྱོན། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །ཏི་ར་ཆུ་རྒྱུན་གཡོན་པ་ན། །བི་ཏ་ཕྱུང་བ་གཡས་པ་ན། །ནི་རི་ཏི་ལ་བརྐྱང་བསྐུམ་བཞུགས། །ནུབ་བྱང་མཚམས་སུ་བསམ་བྱ་བ། །གླུང་ལྷ་བསྒྱེལ་བའི་གདན་སྟེངས་སུ། །སྣོམ་བྱེད་གནས་འགྱུར་ཕྲ་མྱེན་མ། །རྣལ་འབྱོར་སེར་ནག་ཙན་དྷ་ལི། །སྐྲ་འབར་མཆེའ་གཙིགས་རྐན་བརྡབ་ཤིང་། །ཏི་ར་ཆེན་པོ་ཤུན་པ་གྱོན། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །ཏི་ར་ཆུ་རྒྱུན་གཡོན་པ་ན། །བན་དྷ་བཅས་པ་གཡས་པ་ན། །བ་ཡ་བེ་ལ་བརྐྱང་བསྐུམ་བཞུགས། །བྱང་ཤར་མཚམས་སུ་བསམ་བྱ་བར། །དབང་ལྡན་བསྒྱེལ་བའི་གདན་སྟེངས་སུ། །མྱོས་བྱེད་གནས་འགྱུར་ཕྲ་མྱེན་མ། །རྣལ་འབྱོར་ལྗང་ནག་ཀས་མ་ཧྲི། །སྐྲ་འབར་མཆེའ་གཙིགས་རྐན་བརྡབ་ཤིང་། །ཏི་ར་ཆེན་པོའི་ཤུན་པ་གནོང་། །བཤུགས་པས་གླུ་དབྱངས་ཧ་ཧ་བཞད། །བན་དྷ་རག་ཏ་གཡོན་པ་ན། །རྩེ་གསུམ་འཁྲུག་པ་གཡས་པ་ན། །པ་ཏ་ཡེ་མ་བརྐྱང་བསྐུམ་བཞུགས། །ཞེས་གསུངས་པས་ཞལ་ཕྱག་དང་སྐུ་མདོག་དང་ན་བཟའ་རྒྱན་ཆས་ལ་སོགས་པ་ཀུན་ལེགས་པ་གསལ་ལོ། ༈ །རྒྱུ་བསྟན། དེ་ནས་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པས། ཞེས་བྱང་ཆུབ་སེམས་དགྱེས་པའི་སྤྲིན་ཕྱིར་འཕྲོས། དོན་བྱས་ནས་སླར་འདུས་པ་ལས་ཧེ་ཧེ་ཞེས་པའི་སྐུར་གྱུར་ཏོ། །སེང་གདོང་ཆེན་མོའི་ཚོགས་དང་། ཞེས་སེང་ཧ་མ་ནི། དཔེར་སེང་གེ་གངས་ཀྱི་སྟེང་ནས་སྐད་ཕྱུང་བས། ནགས་ཁ་བཞིན་གནས་པའི་གཅན་ཟན་ཕལ་པ་ཐམས་ཅད་རྒྱལ་ནས། རྩལ་ཆེ་བས་འབྲུག་གི་སྒྲ་གྲགས་པ་དང་སྤྲིན་གསེབ་ཏུ་མཆོང་ངོ་། །དཔེ་དེ་དང་འདྲ་པར། དཔལ་ཧེ་རུ་ཀས་ཀྱང་བདུད་དང་དྲེགས་པ་ཐམས་ཅད་བད་རྒྱལ་བར་མཛད། ཉོན་མོངས་པ་ཐམས་ཅད་རྩལ་གྱིས་མནོན། དེའི་རྟགས་སུ་སེང་གེའི་འགོ་ཅན་སེར་མོ། ཕྱག་སྣོལ་ནས་ཁྲོ་ཚུལ་གྱིས་ཀུན་ལ་ལྟ་བའི་ཡ་བདུད་ཀྱི་ཚོགས་ཐམས་ཅད་འདུལ་ལོ། །ཕྱག་རྡོར་རྩེ་གསུམ་གྱེན་དུ་བསྣོལ་བའོ། །དེ་ནི་སྐུ་གསུམ་གྱིས་ཆོས་ཉིད་མཚོན་པའོ། ༼ཁ༽།ཝ་གདོང་ཆེན་མོའི་ཚོགས་དང་། ཞེས་དཔེར་ན་ཝ་ནི་འཛེམ་བག་ཆེ་བས་གྲོང་བར་དུ་མི་འགྲིམ་པར་དང་འདྲ་བར། ཧེ་རུ་ཀས་འགྲོ་བའི་དོན་མཛད་པའི་དུས་སུ། ཆོས་ཀྱི་དབྱིངས་ལ་གནས་ནས། གཟུང་འཛིན་གྱི་རྟོགས་པ་ལ་འཛེམ། དེའི་རྟགས་སུ་ཏྲི་ལ་མ་ནག་མོ། ཞིང་ནི་ཁོག་པ་ཁ་ཕྱེ་ནས་འདག་པར་བསྟན་ཏོ། །ཞིང་འདག་པ་མེད་པའི་ཆོས་ཉིད། ཁྲག་འདག་པ་མྱེད་པའི་ཆོས་ཉིད། རྟོགས་པའོ། །དེས་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའོ། ༼ཀ༽།སྟག་གདོང་ཆེན་མོའི་ཚོགས་དང་། ཞེས་བྱ་ཀྲི་མ་ནི། དཔེར་ན་སྟག་ནི་དཔའ་ཏུལ་ཆེ་སྟེ། སྤྱོད་པ་དཔའ། ལུས་རྔུལ་ཤུགས་ཆེ། ལས་བྱ་བར་བྱེད་དོ། །དེ་བཞིན་དུ་ཧེ་རུ་ཀ་ནི། ཡེ་ཤེས་ཀྱིས་དབའ་ལ་བརྩོན། ཐུགས་རྗེས་བརྟན་ཞིང་འགྲུས། འཕྲིན་ལས་ཀྱིས་ཟ་བར་བྱེད་པས། སྟག་གདོང་སེར་མོ་ཕྱག་རྒྱ་ཁུ་ཚུར་འཛུག་མོ་སྒྲེང་ནས་ཐུར་དུ་བསྣོལ་བས་སེམས་ཅན་ལ་ཐུགས་རྗེས་གཟིགས་པར་མཛད་པའོ།༼ག༽ །ཁྱི་གདོང་ཆེན་མོའི་ཚོགས་དང་། ཞེས་དཔེར་ན་ཁྱི་བཟང་པོས་གྲོང་ཁྱེར་གཅིག་ཀྱང་མི་འབྱེད་པར་བསྲུང་བ་དང་འདྲ་བར། ཧེ་རུ་ཀས་འཁོར་བ་སྡུག་བསྔལ་གྱི་གྲོང་ཁྱེར་ལས། གང་ཡང་མི་འབྱེད་པར་བླ་མྱེད་གནས་སུ་སྒྲོལ་ལོ། །དེའི་རྟགས་ཤོ་ན་མ་ཞིང་དྲལ་ནས་གནས་ལྟ་བ་སྟེ། ཞིང་ཆོས་ཉིད་ལ། ལྟ་བ་ཡེ་ཤེས་ཀྱི་སྤྱན་ཏེ། སེམས་ཅན་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་འདྲེན་པའོ། །བཞད་གདོང་ཆེན་མོའི་ཚོགས་དང་། ཞེས་བྱ་རྒོད་ནི། དང་པོ་གོད་ཡོད་པར་ལྡིང་། དེ་བྱ་གཞན་བྲན་ནས་གོད་མ། དེ་ནས་བྱ་གཞན་སོང་བ་དང་བྱ་རྒོད་ཟ་བ་ལྟར། དང་པོ་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་མཐོང་། དེའི་ཏིང་ལ་རྣམ་ཤེས་བྱུང་། དེ་ནས་འདུ་ཤེས་ཀྱིས་ཀུན་བརྟགས་སུ་འཛིན། དེ་འཕགས་པའི་དུས་སུ་གནས་འགྱུར་བའི་དུས་ན། ཐུགས་རྗེས་འགྲོ་བའི་དོན་བྱེད་དོ། །དེའི་རྟགས་སུ་བྱ་རྒོད་མགོའ་དཀར་མོ་ལུས་པོ་སེར་བ་གྲི་དང་བན་དྷ་སྣམས་པར་བ སྟན་ནས། སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའོ། །རྐང་ཀའི་གདོང་ཆེན་མོའི་ཚོགས་དང་། ཞེས་དཔེར་ན་བྱ་རྐང་ཀ་དང་བྱ་གཞན་འགྲོགས་ནས། རོའི་དོང་གི་ཁར་ཕྱིན་ནས། རྐང་ཀས་རྐན་རྡབས་པས་རོ་ས་འོག་ནས་སྟེང་དུ་འབྱུང་། དེ་སྐེད་པར་བཅད་ནས་ཟ། དེའི་ཏིང་ལ་བྱ་གཞན་ཟ་བ་དང་འདྲ་བར། འདུ་བྱེད་ཡིད་དང་འགྲོགས་ནས་ཕྱིར་ཡུལ་ལ་འབྱུང་། རྣམ་པར་ཤེས་པས་ཡུལ་མ་སྤྱད་བར་དུ། ཡིད་ཀྱིས་ངེས་པར་གཅོད་མི་ནུས། རྣམ་པར་ཤེས་པར་སྤྱད་ཙམ་ན། ཡིད་ཀྱིས་གཏན་ལ་འབེབས། དེ་གནས་འགྱུར་ནས་སངས་རྒྱ་སྟེ་དོན་མཛད་པ་ལྟར། ཀང་ཀའི་མགོའ་ཅན་ཞིང་འཕྲག་ལ་སྐལ་ནས། སེམས་ཅན་རྣམས་ལ་བརྡར་སྟོན་པས་སོ། །དུར་བྱའི་གདོང་ཆེན་མོའི་ཚོགས་དང་། ཞེས་དཔེར་ན་བྱ་རོག་གི་ལུས་ཀྱི་སྤུ་དོག་ལ་མཚོན་གཞན་གྱིས་སྒྱུར་དུ་མྱེད་པ་ལྟར། ཀུན་གཞིའི་རྣམ་པར་ཤེས་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་འགྱུར་བའི་དུས་ན་ཡང་། ཉོན་མོངས་པས་སླད་པས་མི་འགྱུར། བདུད་དང་དྲེགས་པས་མི་ཤིགས། དེའི་རྟགས་སུ་བྱ་རོག་མགོའ་ཅན་ནག་མོ་གྲི་དང་བན་དྷ་ཐོགས་པ་ཁ་ན་རོ་ཁྱེར་བ་བརྡར་བསྟན་པའོ། །འུག་པའི་གདོང་ཆེན་མོའི་རྣམས། ཞེས་འུག་པ་ནི་ཉིན་མོ་ཉལ། ནུབ་མོ་ལངས་ནས་ཆུ་ནང་གི་ཉ་ལ་དམིགས་པས་བསམ་གྱིས་སྐྱེལ་བ་དང་འདྲ་བར། སངས་རྒྱས་ཆོས་ཀྱི་དབྱིངས་སུ་ཉལ་ནས། གདུལ་བྱ་སྐབས་ལ་བབ་པ་དང་འདུལ་ཏེ། འཁོར་བ་ནས་སྤྲུལ་པས་འདྲེན། དེའི་རྟགས་སུ་འུག་གདོང་སྣ་ཚོགས་མདོག་ཕྱག་ན་ལྕགས་ཀྱུ་དང་བན་དྷ་སྣམས་པ་བསྟན་ནོ། །རང་རང་གི་ལག་ཆ་དང་བཅས་ནས་སྟོན་པར་གྱུར་ཏོ། །སྟོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ། ཞེས་དེ་ཡང་སྒྱུ་འཕྲུལ་གྱི་བཤད་བརྒྱུད་བླ་མ་ནས། དཀྱིལ་འཁོར་དེའི་ཕྱི་རིམ་དུ། །སྨུག་ནག་འབར་བའི་བར་ཁྱམས་ལ། །གསང་བའི་མཁའ་ལས་སྐུར་བསྐྱེད་པ། །ཤར་གྱི་ཕྱོགས་སུ་བསམ་བྱ་བ། །དྲི་ཟ་བསྒྱེལ་བའི་གདན་སྟེངས་སུ། །ཀུན་གཞི་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་ཐོགས་མྱེད་སེང་གེའི་མགོའ། །རྣལ་འབྱོར་སེར་ནག་སིང་ང་མ། །མཆེའ་གཙིགས་རྐན་བརྡབས་གཡང་གཞིའ་གྱོན། །ཕྱག་གཉིས་བསྣོལ་ནས་ཤིན་ཏུ་འགྱིང་། །ཏི་ར་ཆེན་པོ་སྤྲུག་ཅིག་གསོལ། །དྲི་ཟའི་གདན་ལ་བརྐྱང་བསྐུམ་བཞུགས། །ལྷོ་ཡི་ཕྱོགས་སུ་བསམ་བྱ་བ། །གྲུལ་བུམ་བསྒྱེལ་བའི་གདན་སྟེངས་སུ། །རྣམ་ཤེས་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་དཔའ་བོ་སྟག་གི་མགོའ། །རྣལ་འབྱོར་དམར་ནག་བྱང་ཀྲི་མ། །མཆེའ་གཙིགས་རྐན་རྡབས་གཡང་གཞིའ་གསོལ། །ཕྱག་གཉིས་གྱད་ཀྱི་དོར་ཐབས་ཀྱིས། །ཏི་ར་སྒྱུར་ནས་འབྲི་ཚུགས་ལྟ། །གྲུལ་བུམ་གདན་ལ་བརྐྱང་བསྐུམ་བཞུགས། །ནུབ་ཀྱི་ཕྱོགས་སུ་བསམ་བྱ་བ། །ཡི་དྭགས་བསྒྱེལ་བའི་གདན་སྟེངས་སུ། །ཉོན་མོངས་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་སྟངས་སྙོམས་ཝ་མོའི་མགོའ། །རྣལ་འབྱོར་དམར་ནག་ཀྲི་ལ་མ། །མཆེའ་གཙིགས་རྐན་བརྡབས་གཡང་གཞི་གྱོན། །ལག་གཉིས་ཏིར་ཆུང་ནང་རོལ་འབྲུ། །ཡི་དྭགས་གདན་ལ་བརྐྱང་བསྐུམ་བཞུགས། །བྱང་གི་ཕྱོགས་སུ་བསམ་བྱ་བ། །གནོད་སྦྱིན་བསྒྱེལ་བའི་གདན་སྟེངས་སུ། །རེག་བྱ་ཡུལ་ལས་གནས་འགྱུར་བ། །ཕྲ་མེན་སྟངས་སྙོམས་སྤྱང་མོའི་མགོའ། །རྣལ་འབྱོར་མཐིང་ནག་ཤོ་ན་མ། །མཆེའ་གཙིགས་རྐན་བརྡབས་གཡང་གཞིའ་གོན། །ཕྱག་གཉིས་རོལ་པ་ཆེན་པོ་ཡི། །ཏི་ར་ཕྱེད་མར་གཅད་ནས་གསོལ། །གནོད་སྦྱིན་གདན་ལ་བརྐྱང་བསྐུམ་བཞུགས། །ཤར་ལྷོ་མཚམས་སུ་བསམ་བྱ་བ། །དྲང་སྲོང་བསྒྱེལ་བའི་གདན་སྟེངས་སུ། །ལྟ་བྱེད་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་གཟིའ་ལྡན་བྱ་རྒོད་མགོའ། །རྣལ་འབྱོར་མཐར་ནག་ཀྲི་ཏ་མ། །མཆུའ་སྡེངས་རྐན་བརྡབས་གཡང་གཞིའ་གྱོན། །ཟངས་གྲི་དམར་པོ་གཡས་པ་ན། །རྒྱུ་ཞགས་དྲངས་པ་གཡོན་ན་སྡོབ། །དྲང་སྲོང་གདན་ལ་བརྐྱང་བསྐུམ་བཞུགས། །ལྷོ་ནུབ་མཚམས་སུ་བསམ་བྱ་བ། །སྲིན་པོ་བསྒྱེལ་བའི་གདན་སྟེངས་སུ། །ཉན་བྱེད་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་གསལ་བྱེད་དུར་བྱའི་མགོའ། །རྣལ་འབྱོར་སྣར་མགོའ་ཀང་ཀ་མ། །མཆུའ་དང་རྐན་སྡེབས་གཡང་གཞིའ་གྱོན། །ཏིར་ཆུང་སྟོད་སྨད་གཡས་གཡོན་ན། །རྔམ་པའི་ཚུལ་གྱིས་འཕྲག་ལ་སྐལ། །སྲིན་པོའི་གདན་ལ་བརྐྱང་བསྐུམ་བཞུགས། ། ནུབ་བྱང་མཚམས་སུ་བསམ་བྱ་བ། །རླུང་རྟ་བསྒྱེལ་བའི་གདན་སྟེངས་སུ། །སྣོམ་བྱེད་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་ས་ལེ་བྱ་རོག་གདོང་། །རྣལ་འབྱོར་དམར་ནག་ཁ་ཁ་མ། །མཆུ་དང་རྐན་བརྡབ་གཡང་གཞིའ་གོན། །ཟངས་གྲི་དམར་པོ་གཡས་པ་ན། །བན་དྷ་རག་ཏ་གཡོན་ན་འཛིན། །རླུང་ལྷའི་གདན་ལ་བརྐྱང་བསྐུམ་བཞུགས། །བྱང་ཤར་འཚམས་སུ་བསམ་བྱ་བ། །བྱི་ན་བསྒྱེལ་བའི་གདན་སྟེངས་སུ། །མྱོང་བྱེད་ཡུལ་ལས་གནས་འགྱུར་བ། །ཕྲ་མྱེན་རྫོགས་བྱེད་འུག་པའི་གདོང་། །རྣལ་འབྱོར་སེར་ནག་ཧུ་ལུ་མ། །མཆུ་དང་རྐན་བརྡབ་གཡང་གཞིའ་གོན། །རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། །ཏི་ཆུང་ཅི་བཅུམ་གཡོན་པ་ན། །བྱི་ན་ཡ་ལ་བརྐྱང་བསྐུམ་བཞུགས། །ཞེས་གསུངས་པས་གསལ་ལོ། །ཤར་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །ཞེས་ཁྲོ་གཉེར་འགྱུའ་བ། བཞིན་ཁྲོ་བ། གདངས་གསལ་བའོ། །དེ་ནས་ཡབ་ཡུམ་ཐབས་དང་ཤེས་རབ་ཤིན་ཏུ་དགྱེས་པའི་བྱང་ཆུབ་སེམས་ཀྱིས་ཕྱོགས་བཅུའི་རྒྱུ་བསྟན། ཞིང་ཁམས་མ་ལུས་པར་བདེ་བས་ཁྱབ་ནས། སླར་འདུས་པ་ལས། སྐྱེན་བསྟན་ཕཊ་ཅེས་བརྗོད་པས། ཐིག་ལེ་ལས་ལྷའི་སྐུར་གྱུར་པ་ནི། རང་གི་ངོ་བོ་བསྟན་རྡོ་རྗེ་སྲིངས་འགྲོ་མའི་ཚོགས་དང་། ཞེས་མི་འགྱུར་བ་ནི། རྡོ་རྗེ་ལྟ་བུའི་ཐུགས་ལས། ཡིད་མྱུར་བརྡའི་དབུར་བསྟན་ནས། འགྲོ་བ་ལས་ཁད་སྲིངས་ནས་མྱ་ངན་ལས་འདས་པའི་སར་འགྲོ་ཞིང་། སེམས་ཅན་མ་ལུས་པའི་ཚོགས་ཀྱི་དོན་བྱེད་པའོ། ༈ །འདི་བསྡུའ་བའི་དངོས་པོ་བཞི་ལས། སྦྱིན་པ་དང་སྦྱར་ཏེ། སྙིང་རྗེ་ལ་སྦྱིན་པ་ཡུན་སྲིངས་ནས་གཏོང་བས་ན། བརྡའི་དབུར་བསྟན་ཏེ། བརྡ་ཡིད་སྲིངས་ནས་འགྲོ་བ་ལྟར། འཁོར་བ་ལས་ཡིད་རིངས་ནས་འགྲོ་བའོ། །ཚད་མྱེད་པ་བཞི་ལས་ནི། སྙིང་རྗེ་དང་སྦྱར་ཏེ། སྙིང་རྗེས་སེམས་ཅན་འཁོར་བ་ལས་སྒྲོལ་བས་ན། ཕྱག་ན་ལྕགས་ཀྱུ་སྣམས་པའོ། །ཏིང་ངེ་འཛིན་བཞི་ལ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་སྦྱར་ཏེ། ལྷ་མོ་འདི་ཐུགས་རྡོ་རྗེའི་རིགས་ཡིན་པས་ན། དཔའ་བོའི་སྤྱོད་པས་སེམས་ཅན་འདྲེན་པའོ། །ཤར་དུ་འགོད་པའི་དགོས་པ་ནི། འཁོར་བའི་མུན་པ་ལ། ཐུགས་རྗེ་ཡེ་ཤེས་ཀྱི་ཉི་མ་འཆར་བར་བྱེད་པས་ན་ཤར་དུ་བཀོད་དོ། །རྡོ་རྗེ་གདོང་མོའི་ཚོགས་དང་། ཞེས་རང་མི་འགྱུར་ཞིང་གཞན་འཇོམས་པའི་རྡོ་རྗེ་ཕ་ལམ་ལྟ་བུ་ལས། གཞན་འཇོམས་པ་ཕག་གདོང་དུ་བསྟན་ནས། སེམས་ཅན་མ་ལུས་པའི་ཚོགས་རྣམས་ཀྱི་དོན་བྱེད་པའོ། ༈ །ལྷ་མོ་འདི་བསྡུའ་བའི་དངོས་པོ་བཞི་ལས། དོན་མཐུན་པ་དང་སྦྱར་ཏེ། སྦྱིན་པ་གཏོང་བའི་ཚེ་ན་གང་འདོད་པ་དང་མཐུན་པར་སྟོང་བས་སོ། །ཚད་མྱེད་པ་བཞི་ལས་ནི། བྱམས་པ་དང་སྦྱར་ཏེ་བྱམས་པའི་ཞགས་པས་འཛིན་པའོ། །ཏིང་ངེ་འཛིན་ལས་ནི། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཏེ། དགོས་འདོད་སྐོང་བའོ། །དེ་ཡང་རྡོ་རྗེ་ཕ་ལམ་གྱིས་གཞན་འབིགས་པ་ལྟར། ཕག་གདོང་གིས་གཞན་འབིགས་ཤིང་དགོས་འདོད་འབྱུང་བའོ། །ལྷོར་དགོད་པའི་དགོས་པ་ནི། ཆེ་བའི་ཡོན་ཏན་མ་ལུས་པ་ཐམས་ཅད་རྒྱས་ཤིང་རྫོགས་པས་ལྷོར་འགོད་པའོ། །རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་ལྟ་བུའི་ཐུགས་ནས། ཤེས་རབ་ཀྱི་སྒྲིན་མེ་འབར། ཉི་ཟླའི་སྤྱན་གཉིས་ཀྱིས་འཇིག་རྟེན་པའི་མུན་པ་སེལ་ཞིང་། སེམས་ཅན་མ་ལུས་པའི་ཚོགས་ཀྱི་དོན་བྱེད་པའོ། ༈ །འདི་བསྡུའ་བའི་དངོས་པོ་བཞི་ལས་ནི་དོན་སྤྱོད་པ་དང་སྦྱར་ཏེ། སྦྱིན་པ་གཏོང་བའི་དུས་ན། སྦྱིན་པ་ཆེ་བས་སེམས་ཅན་གྱི་དགོས་འདོད་སྐོངས་ཏེ། བདག་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་སོ། །ཚད་མྱེད་པ་བཞི་ལས་ནི། དགའ་བ་ཚད་མྱེད་པ་དང་སྦྱར་ཏེ། ལྕགས་སྒྲོག་གཉིས་ལས། བདག་གཞན་གྱི་དོན་རྫོགས་པར་དགའ་བའོ། །ཏིང་ངེ་འཛིན་ལས་ནི། ཤེས་རབ་སྒྲོན་མེའི་ཏིང་ངེ་འཛིན་ཏེ། ཤེས་རབ་ཀྱི་སྒྲོན་མེས། འཇིག་རྟེན་གྱི་མ་རིག་པའི་མུན་པ་སེལ་ལོ། །ནུབ་ཏུ་འགོད་པ་ནི། ཉི་ཟླའི་སྤྱན་གྱིས་འཇིག་རྟེན་མུན་པ་སེལ་ལོ། །རྡོ་རྗེ་རོ་ལངས་མའི་ཚོགས་རྣམས། ཞེས་ཐུགས་སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། སངས་རྒྱས་ཐམས་ཅད་མཆོད་པའི་ནུས་མཐུས། ཤི་བའི་རོ་ཡང་སླང་བར་ནུས་པས་ན། སེམས་ཅན་མ་ལུས་པའི་ཚོགས་ཀྱི་དོན་བྱེད་པའོ། ༈ །འདི་ན་བསྡུ་བ་བཞི་ལས་ནི། སྙན་པར་སྨྲ་བ་དང་སྦྱང་སྟེ། ལྷ་མོ་འདིས་དྲིལ་བུའི་སྒྲ་སྙན་སྒྲོགས་པའོ། །ཚད་མྱེད་པ་བཞི་ལས་ནི་སྟངས་སྙོམས་དང་སྦྱར་ཏེ། སྤྱང་ཀུའི་མགོས་ཉོན་མོངས་པ་ལྔ་སྟངས་སྙོམས་སུ་སྤྱོད་པའོ། །ཏིང་ངེ་འཛིན་བཞི་ལས་ནི། སླར་མཚོའ་བའི་ཏིང་ངེ་འཛིན་ཏེ། དྲིལ་བུ་དཀྲོལ་ནས། སངས་རྒྱས་ཐམས་ཅད་སྤྱན་འདྲེན་ནོ། །ལྷ་མོ་འདི་མཆོད་ཅིང་རྟེན་ན། རྣམ་པར་ཤེས་པ་ཤི་ནས་རོ་ལྟ་བུ་ཡང་ལངས་པར་འགྱུར། ལུས་ཐལ་བར་སོང་ཡང་སླངས་པར་འགྱུར་རོ། །བྱང་དུ་འགོད་པ་ནི། དྲིལ་བུས་འགྲོ་བ་ལ་ཆོས་སྟོན་ཅིང་ལས་དང་ཉོན་མོངས་པའི་བག་ཆགས་བྱང་བར་བྱེད་པའོ། །རང་རང་གི་ལག་ཆ་དང་། ངོ་མཚར་དང་ཆས་ནས་བསྟན་པར་གྱུར་ཏོ། །བཞུགས་གནས་བསྟན། སྟོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་སྒོར། རྔམ་པའི་གཟུགས་ཀྱིས་གནས་སོ། །ཞེས་གསང་བ་སྒྱུ་འཕྲུལ་གྱི་རྒྱུད་བླ་མ་ནས། འབར་བའི་བར་ཁྱམས་སྒོ་བཞི་རུ། །ཕྱིན་ཅི་ལོག་བཞི་གནས་འགྱུར་བ། །ཕག་ཆེན་མོའི་གདན་སྟེངས་སུ། །རྟ་གདོང་ནག་མོ་གཡང་གཞིའ་གྱོན། །རྡོ་རྗེ་ལྕགས་ཀྱུ་གཡས་བ་ན། །བན་དྷ་རག་ཏ་གཡོན་བ་ན། །ཞེས་སོ། །ཡང་ལྷོའི་སྒོར་ནི་བསམ་བྱ་བ། །ར་གདོང་ཆེན་མོའི་གདན་སྟེངས་སུ། །ཕག་གདོང་ཆེན་མོའི་གཡང་གཞིའ་གོན། །ལྕགས་ཀྱི་དྲིལ་ཞགས་གཡས་པ་ན། །བན་དྷ་རག་ཏ་གཡོན་པ་ན། །ཞེས་པ་དང་། ཡང་། ནུབ་ཀྱི་སྒོར་ནི་བསམ་བྱ་བ། །བུམ་སྣ་ཆེན་མོའི་གདན་སྟེངས་སུ། །དྲེད་གདོང་ཆེན་མོའི་གཡང་གཞིའ་གོན། །ལྕགས་སྒྲོག་མེ་འབར་གཡས་པ་ན། །བན་དྷ་རློན་པ་གཡོན་བ་ན། །ཡང་། བྱང་གི་སྒོར་ནི་བསམ་བྱ་བ། །བསུས་པོ་ཆེའི་གདན་སྟེངས་སུ། །སྤྱང་གདོང་ཆེན་མོ་གཡང་གཞིའ་གོན། །ཐལ་རྐྱེན་དྲིལ་བུ་གཡས་པ་ན། །བན་དྷ་རློན་པ་གཡོན་པ་ན། །དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཞེས་བསྒྲགས་པས་ཐམས་ཅད་འཁྲོལ་ནས། ཞེས་དེ་ལྟར་རིགས་ལྔའི་ཧེ་རུ་ཀས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ། སྲས་མོ་ཉི་ཤུ་སྟོན་ནས། སྲས་ངོ་མཚར་ཚོགས་ཀྱི། དཀྱིལ་འཁོར་བསྟན་པའི་རྗེས་དེ་ནས། དབང་མོ་རང་གི་གནས་སུ་འབྱེད་པ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་ལ། དགྱེས་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཕྱོགས་བཅུ་ནས་ཕཊ་ཞེས་པའི་སྒྲ་བྱུང་ནས། དབང་མོ་རྣམས་འཁྲོས་པ་ནི། དཔེར་ན་རི་དྭགས་ངང་གིས་ཡང་འགྲོགས་སྙིང་འདོད་པ་ལ། མི་རྣམས་ཀྱིས་ཁུས་བཏབ་པས། སྐད་ཅིག་ཀྱང་མི་བཟོད་ཅིང་རྒྱུགས་པ་དང་འདྲ་བར། ལྷའི་དཀྱིལ་འཁོར་གྱི་དབང་ཕྱུག་མ་དེ་དག་ཀྱང་། ཡེ་ནས་ཀྱང་དཔལ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ལ། འཇིགས་ཤིང་བག་ཚ་བ་ལ། དཔལ་ཆེན་པོ་རིགས་ལྔ་ཡང་ངང་གིས་ཡང་འཁྲོ་ཚུལ་དང་ལྡན་པ་ལ། ཐུགས་རྗེ་ཆེན་པོས་ཁྲ་བོར་བཅོས་ནས་ཀྱང་། ཁྱད་པར་དུ་ཁྲོ་ཚུལ་ལམ། ཁྲོ་བོའི་གདང་ངར་གྱིས་སྒྲ་ཆེན་པོ་ཕཊ་ཞེས་སྒྲགས་པས། ཐམས་ཅད་ཁྱད་པར་ཡང་ཁྲོ་ཁྲོ་རྔམ་རྔམ་བཞིན་དུ་གནས་པར་གྱུར་ཏོ། །དགྱེས་པ་རང་གི་ངོ་བོ་བསྟན། མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བསྐྱེའོ། །ཞེས་མ་མོ་དབང་ཕྱུག་མ་རྣམས། རི་དྭགས་ལ་ཁུས་བཏབ་པས་འགྲོགས་པ་ལྟར། རང་རང་གི་གནས་རི་རབ་ཀྱི་ཁོང་སེང་ངམ། དུར་ཁྲོད་གཞན་ནམ། རི་རབ་ཀྱི་སྟེང་དུ་སོ་སོར་གྱེས་ཏེ། ཤར་གྱི་རྒྱལ་མོ་བདུན་དང་། ལྷོའི་བློན་མོ་བདུན་དང་། ནུབ་ཀྱི་དབང་མོ་བདུན་དང་། བྱང་གི་བྲན་མོ་བདུན་དུ་བྱེ་ནས། སེམས་ཀྱི་བསམ་པ་ཡུད་ཙམ་པ་གཅིག་ལ། སོ་སོའི་གནས་སུ་ཕྱིན་པར་སྐྱེ་བས། རང་གི་གནས་སུ་ཁྱིམ་དུ་སོང་བའོ། །གང་ལས་ཕྱུང་ན། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན། ཞེས་གོང་དུ་རུ་ཏྲ་དང་བདུད་དང་སྲིན་པོ་ལ་སོགས་པ་བསྒྲལ། ཡུམ་རྣམས་ལ་སྦྱོར་བ་བྱས། ཡུམ་གནས་སུ་སྐྱེ་ནས། རིགས་ལྔ་ཐབས་དང་ཤེས་རབ་གཉིས་མྱེད་དུ་དགྱེས་ནས་ཐུགས་རྗེ་ཆེན་པོས་ཁྲག་འཐུང་བ་དེ་དག་ཀུན། དྲེགས་པ་ཅན་རྣམས་གནས་སྟོབས་པར་སྟོན་པ་སྟེ། བདུད་རྩི་ཆེན་པོས་ལུས་ཀྱི་རྒྱུན་གསོལ་བ་ཞེས་ཀྱང་བྱ། སྒྲོ་སྐུར་གྱི་ཡ་ག་བྲལ་བའི་ཕྱིར་གསད་པ་གསོའ་བ་ཞེས་ཀྱང་བྱ། སྔོན་གྱི་གནས་དྲན་བྱེད་ཞེས་ཀྱང་བྱའོ། །དཔལ་གྱི་ལྷུམས་ནས་སྔོན་གྱི་ལས་དྲན་པས་ནའོ། །ཐུགས་རྗེ་ཆེན་པོའི་བདུད་རྩི་གང་ཕྱུང་ན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་གས ད་པ་གསོའ་བ་ཞེས་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོས་སླར་སོས་པར་བྱེད་པའི་ཕྱིར་རོ། །བདུད་རྩི་ནི་དཔེར་ན། ར་ཧུ་ལས་བདུད་རྩིས་སྐུས་ནས་འཐུངས་པར་བྱེད་པས། ཕྱག་ན་རྡོ་རྗེས་འཁོར་ལོ་རྒྱབ་ནས་ལུས་དུམ་བུ་བརྒྱད་དུ་སྟུབས་ཡང་། བདུད་རྩིས་མ་ཤི་བར་ལུས་དུམ་བུ་རྒྱུ་བ་ལྟར་ཤི་བ་སོས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་། །ཞེས་རིགས་ལྔ་ཁྲག་འཐུང་དེ་དག་གི་སྐུ་དང་གསུང་དང་ཐུགས་གསུམ་དབྱེར་མྱི་ཕྱེད་པས་རྡོ་རྗེའོ། །ཨཱོཾ་བཛྲ་མ་ཧཱ་ཨ་སྨྲི་ཏ་མ་ཧཱ་ཀྲོ་དྷེ་ཨཾ་ཨཾ་ཨཾ། བྱུང་བ་དངོས་ནི། ཞེས་བརྗོད་པས། ༀ་ནི་ཡེ་ཤེས་ལྔས་བྱིན་གྱིས་བརླབ་པས། བཛྲ་ནི་རྡོ་རྗེ་སྟེ་ཐུགས་ཀྱི་ཡེ་ཤེས། མ་ཧཱ་ཨ་སྨྲི་ཏེ་ནི་བདུད་རྩི་ཆེན་པོས་ཏེ། ལུས་དུམ་བུར་སྟུབས་ཀྱང་འབྱོར་བར་བྱེད་པའོ། །མ་ཧཱ་ཀྲོ་དྷེ་ནི་ཆོས་ཀྱི་དབྱིངས་ཀྱི་རྟགས་ཁྲོ་བོ་ཁྲོ་མོ། ༀ་ༀ་ༀ་ནི་ཆོས་ཀྱི་དབྱིངས་དེ་ཉིད་སྐུ་གསུང་ཐུགས་གསུམ་དང་ལྡན་པའི་དོན་དེ། རུ་ཏྲའི་ཚོགས་ཀྱི་ལུས་ངག་ཡིད་གསུམ་ཤི་བ་སློང་བའི་བདུད་རྩིའི་ཐེག་པ་གསུམ་མོ། །མདོར་ན་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོས། མཐའ་གཉིས་སུ་ཤི་བ་ལས་སློང་བར་བྱེད་པས་བདུད་རྩི་ཆེན་པོ་ཞེས་བྱའོ། །གང་སྟོན་ན། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། ཅེས་རྨངས་རིགས་འདོད་ཆགས་ཅན་གྱི་དབང་ཕྱུག་ཆེན་པོ་དང་། རྒྱལ་རིགས་ཀྱི་ལྷ་དབང་ཆེན་མ་ཧཱ་དེ་བ་དང་། རྗེའུ་རིགས་ཀྱི་ལྷ་གཟིའ་བརྗིད་ཆེ་བ་ཚངས་པ་དང་། བྲམ་ཟེའི་རིགས་འཐུའ་ཆེ་བ་ཁྱབ་འཇུག་དང་། ཆུ་བདག་དང་། གནོད་སྦྱིན་དང་། དྲེགས་པ་ཅན་ཐམས་ཅད་དོ། །གང་ལས་སྟོན་ན། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ། དེ་དག་གིས་སྣམ་ནས་སྟོན་ཏེ། ཞེས་བཛྲ་ཧེ་རུ་ཀའི་འཕོངས་ནས་རུ་ཏྲ་སྟོན། འབུ་ཏ་ཧེ་རུ་ཀའི་འཕོངས་ནས་བརྒྱ་སྦྱིན་གཏོན། རད་ན་ཧེ་རུ་ཀ་ལས་བཤེན་རྗེ་གྲུལ་བུམ་ལ་སོགས་པ་སྟོན། པད་མ་ཧེ་རུ་ཀའི་འཕོངས་ནས་ཀླུ་ཆུ་བདག་གི་རིགས་རྣམས་སྟོན། ཀར་མ་ཧེ་རུ་ཀའི་ཞབས་ནས་གནོད་སྦྱིན་སྟོབས་བཟངས་ལ་སོགས་པ་རྣམས་སྟོན། མདོར་ན་དབང་ཕྱུག་མ་རྣམས་ཀྱི་ཁྱོ་ལ་སོགས་པ་རྣམས་རིགས་ལྔ་ཁྲག་འཐུང་སོ་སོའི་ཞབས་ན་མར་ལ་དྲི་ཆེན་དུ་གཏང་ངོ་། །ཅིའི་ཕྱིར་སྟོན་ན་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཚུད་པ་ལས། ཞེས་དཔེར་ན་གཙང་བའི་ནང་ན་དྲི་ཆེན་ལ་སྲོག་ཆགས་སྲིན་བུ་གནས་པའི། འདམ་ནང་གི་རྦལ་པ་དམིག་ཕྱི་བ་ལྟ་བུའོ། །གང་གིས་འཐུངས་ན། སྣམ་ནས་ཨུ་ཙུས་མ་ཀྲོ་ཏ་ཕྱུང་ནས། ཞེས་རྣམ་ཞེས་བྱ་སྟེ་འཕོངས་ནས་ཨུ་ཙུས་མ་ཀྲོ་ཏ་ཞེས་ཀྱང་བྱ། རྨེ་རྩེགས་ཞེས་ཀྱང་བྱ། རྩང་རྨེ་མེད་པ་ཞེས་ཀྱང་བྱ་བ་ཕྱུང་ནས། ཡང་དག་པ་ལ་གཙང་རྨེ་མྱེད་དེ། མི་གཙང་བ་ཉིད་བདུད་རྩི་ཡིན་པས་སོ། །དེ་སྟོན་པར་བྱེད་པའི་གཉེན་པོ་ཁྲོ་བོ་རྨེ་རྩེགས་ཕྱུང་བའོ། །ཁྲོ་བོ་རྨེ་རྩེགས་ཞལ་ཅིག་ཕྱག་བཅུ་དྲུག་པ་སྟེ། སྐུ་མདོག་མཐིང་ནག་ལ། ཕྱག་གཡས་པ་བརྒྱད་ལ། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། བཀྲ་ཤིས་ཤིན་ཏུ་ཀྲ་བ་དང་། པད་མ་དང་། པད་མའི་འཕྲེང་བ་དང་། གཡུང་དྲུང་དང་། མདུང་རྩེ་གསུམ་པའོ། །གཡོན་པ་བརྒྱད་ན། རལ་གྲི་དང་། དབྱུག་པ་འཁོར་ལོ་དང་། མཆེའ་བ་དང་། མདུང་ཐུང་དང་། ལྕགས་ཀྱུ་དང་། ཀླུའི་ལག་པ་དང་། ཞགས་པ་རྣམས་རིམ་པ་བཞིན་དུ་ཐོགས་པའོ། །དེ་ལྟ་བུ་སྟོན་པས། ཕྱི་བདུད་རྩི་ལྔ་མི་གཙང་བའི་འདམ་ཁུར་འཐུངས། ནང་ཉོན་མོངས་པའི་སྒྲིབ་པ་ལྔ་ཡེ་ཤེས་ལྔར་མཐོང་། གསང་བ་ཁམས་བདུད་རྩི་ལྔ་རིགས་ལྔའི་སངས་རྒྱས་ལྔར་འཐུངས་ཏེ། དེ་ཁོ་ན་ཉིད་མ་རིག་པ། རིག་པའི་ཡེ་ཤེས་སུ་འཐུངས་པས། གཙང་རྨེ་མྱེད་པར་རིམ་པས་རྩེགས་པས་ན་རྨེ་རྩེགས་ཞེས་བྱ་བ་ཡིན་ནོ། །རྣམ་ཤེས་སླར་འཚོའ་བས་འཆི་བདག་གི་བདུད་བཅོམ། འདམ་ཁུར་ཀུན་འཐུངས་ནས་དྲན་པ་སླར་རྙེད་དེ་རྣམ་ཤེས་སླར་འཚོ་བས་འཆི་བདག་གི་བདུད་བཅོམ། ཞེས་མི་གཙང་བའི་འདམ་དང་འདྲ་བའི། ཤེས་པའི་རྒྱུད་ལ་ཡོད་པའི་ལས་དང་བག་ཆགས་ཀྱི་སྒྲིབ་ཀུན་འ ཐུངས་ནས། ཤི་བའི་ལས་སླར་སོས་པ་ལ་ཡང་དྲན་པ་སྙེད་ནས་ཅེས་བྱ། ཡང་ན་སྒྲིབ་པ་བྱང་ནས་སྔར་གྱི་སྐྱེ་བ་དྲན་པའོ། །ཡང་ན་ཤེས་པའི་རྒྱུད་ལ་ཡོད་པའི། ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་སྒྲིབ་པ་སྦྱངས་ནས། རང་གི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་སྔར་མ་རྟོགས་པ་དེ། རྟོགས་པར་གྱུར་པ་ལ་ཡང་དྲན་པ་སླར་སྙེད་ནས་ཞེས་བྱའོ། །ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཀྱང་། ཞེས་འཇིགས་བྱེད་ཁྲོ་བོའི་དཀྱིལ་འཁོར་ནི། གོང་གི་ཆེ་མཆོག་དང་། ཁྲོ་བོ་འཆོལ་པ་དང་། ཞེ་སྡང་རྡོ་རྗེ་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་ཁྲོ་བོ་དང་། ཐམས་ཅད་ཡོངས་སུ་གྱུར། གཅིག་ཏུ་འདུས་ནས། འཇིགས་བྱེད་ཁྲོ་བོར་སྣང་བར་མཛད་པ་ནི། དབུའ་དགུ་བརྒྱའ། ཞེས་དབུའ་དགུའ་ནི་ས་དགུ། ས་རེ་རེ་ལ་ཆེ་བ འི་ཡོན་ཏན་མང་བས་ན། བརྒྱ་བརྒྱའོ། །དེ་ཡང་རྒྱ་མཚོའ་དགུར་སྣང་བའོ། །ཕྱག་སྟོང་བརྒྱད་བརྒྱའ། ཞེས་ཕྱག་སྟོང་ནི་སྟོང་པ་བཅོའ་བརྒྱད་དེ། རྩ་བ་སྟོང་པ་བཅོའ་བརྒྱད་དུ་འདུས། དེ་རེ་རེ་ལ་ཡང་ཡོན་ཏན་དུ་མ་ཡོད་པས་ན་བརྒྱ་བརྒྱ། དེ་ཡང་སྟོང་དང་བརྒྱད་བརྒྱར་སྣང་ངོ་། །ཞབས་བརྒྱད་བརྒྱའ། ཞེས་སྟོང་གསུམ་གྱི་དྲེགས་པ་གནན་པོའི་ཕྱིར་ཞབས་བརྒྱའ་ཚོ་བརྒྱད་དོ། །སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པ་འཐོང་ངོ་། །ཞེས་དེ་ལྟ་བུའི་སྐུ་མེ་དཔུང་འབར་བའི་དཀྱིལ་འཁོར་ན་བཞུགས་པར་རུ་ཏྲས་འཐོང་བ་ནི། སྒྲིབ་པ་བྱང་བས་བསམ་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཞལ་འཐོང་བའོ། །དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པའི་ཀུན་ཏུ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར། ཅེས་དེའི་བྱིན་བརླབས་ཀྱིས། རིགས་དྲུག་གི་འཇིག་རྟེན་ན་གནས་པའི། སྲིན་པོ་དང་། ཚངས་པ་དང་། ལྷ་ཆེན་དང་། རྒྱ་སྦྱིན་དང་། ཁྱབ་འཇུག་དང་། གཞོན་ནུ་དང་། འཇུག་སྲེད་དང་། ཉི་མ་དང་། ཟླ་བ་དང་། བེ་ཆེན་དང་། སྐྱ་རིངས་དང་། ཟ་བྱེད་དང་། རྒན་བྱེད་དང་། སྟོབས་བཟང་པ་དང་། འདོད་ལྷ་དང་། ནོར་སྲུངས་དང་། རླུང་ལྷ་དང་། སྲེད་བྱེད་དང་། གསོད་བྱེད་དང་། མེ་གནས་དང་། ཆུ་བདག་དང་། གྲུལ་བུམ་དང་། བགེགས་རིགས་དང་། ཟ་བྱེད་ལ་སོགས་པ་ཕྱོགས་བཅུའི་ན་གནས་པའི། སྲིད་པ་གསུམ་གྱི་བདག་པོ། ལུས་ངག་དྲེགས་པ། ཉོན་མོངས་པའི་དབང་ཕྱུག །དེ་དག་ཐམས་ཅད་གང་ལ་གང་ཤིས་སུ་འདུལ་ཐབས་ཀྱིས་སྟུལ་ཏེ། མདོར་ན་བསམ་གྱིས་མྱི་ཁྱབ་པ་བཏུལ་ལོ། །སོ་སོར་སྣང་བས་དུས་ཅིག་ཏུ་བཏུལ་ལོ། །ཞེས་སྤྲུལ་པ་རྡུལ་ཕྲན་གྲངས་མེད་ཀྱིས། སྐད་ཅིག་ཡུད་ལ་དོན་གྲུབ་པར་བྱ་སྟེ། ཐ་དད་པར་སྣང་བས་དོན་གྲུབ་བོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་བྲེད་པ་རབ་ཏུ་ཞུམ་པའི་ང་རོས། ཞེས་དེ་ནས་ལས་སྐོས་ལ་སྟབ་པ་བསྟན་ཏེ། སླར་དྲག་པ་སྙེད་པའི་དྲེགས་པ་དེ་དག །ལུས་འདར་ཞིང་། སེམས་ཀྱིས་དཔའ་ཞུམ་པས། ངག་གི་ང་རོ་འཁྱལ་པར་སྒྲ། འབངས་སུ་མཆིའ་འབངས་སུ་མཆིའ། ཞེས་འཕྲལ་གྱི་བཀུར་སྟི་དང་རིམ་འགྲོ་བྱེད་པའི་འབངས་སུ་འཆི་ཡུན་གྱི་དོན་སྲིད་དུ་བྱིད་པའི་འབངས་སུ་འཆིའ། འབངས་སུ་ནན་ཏན་མ་བགྱིས་ན། །ཞེས་འབངས་སུ་ནན་ཏན་བྱས་པ་དེ་ལྟར། བྱ་བ་དང་བཀུར་སྟི་མ་བྱས་ན། མགོའ་དང་ལུས་ནི་བརྒྱའ་གཤེགས་ཤིང་། །ཞེས་ཚེ་འདི་ལ་བདག་ཅག་གི་མགོའ་འགས་པ་དང་། ལུས་དུམ་བུར་བཤག་པར་གྱིས་ཤིག་པའོ། །སྙིང་ཡང་འགས་ཤིང་སྟུབས་འགྱུར་ཅིག །ཅེས་སྙིང་ཡང་འགས་ཤིང་སྟུབས་འགྱུར་ཤིང་། ཡང་ན་སྙིང་ལ་ཁྲོ་བོ་ཡག་ཤ་མེ་དབལ་གྱིས་སྟུབས་ཤིག་པའོ། །རུལ་མྱགས་ཚིག་ནས་བརླག་པ་དང་། །ཞེས་ཚེ་འདི་འཕོས་ནས། ལུས་ཀྱི་ཤ་རུལ། ཚིལ་མྱགས། རྐང་ཚིག །དབང་པོ་བརླག་ནས། དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་རྡོ་རྗེ་དམྱལ་བར་ལྷུང་ནས། སྡུག་བསྔལ་གྱིས་འོ་དོད་ཆེན་པོ་གནམ་དུ་འབོད་པའོ། །ཞེས་འབངས་མཆིང་བར་མནའ་བོར་ནས། དཀྱིལ་འཁོར་གྱི་གདན་དུ་གཞག་གོ། །ཅེས་གདན་ལ་བཞི་སྟེ། རང་སྐལ་ཉི་ཟླ་པད་མ་ལས་ཀྱི་གདན། རྟགས་ཀྱི་ཆེ་བ་རིན་པོ་ཆེ་སྟོན་པའི་གདན། ཡོན་ཏན་ཀུན་ལ་ས་རྣམས་རྫོགས་པའི་གདན། གུས་པས་སྒྲིབ་པ་དྲེགས་པ་རྣམས་སྦྱོང་བའི་གདན་པས། འདི་ནི་གུས་པས་སྐུར་ཏིའམ་སྒྲིབ་པ་སྦྱོང་བའི་གདན་ནོ། །དཔལ་གྱི་འཁོར་དུ་འབུལ་བ། ཐམས་ཅད་ཀྱིས་འགྲིན་ཅིག་ཏུ་ཡང་སྨྲས་པ། ཞེས་དྲེགས་པ་ཆེན་པོ་ཐམས་ཅད་ཀྱིས་ཡིད་ཀྱི་བསམ་པ་གཅིག །སྨྲ་བའི་ཚིག་གཅིག་ཏུ། བདག་ཅག་རྣམས་ཀྱི་མཆིས་བྲེད་དང་། །མ་དང་སྲིང་མོ་བུ་མོ་རྣམས། །ཞེས་རྩེ་ག ཅིག་ཡིད་ལ་བྱམས་པས་མ་དང་། ལུས་ངག་སེམས་ཀྱིས་གདུང་བས་སྲེང་མོ། ཤ་ཁྲག་ལུས་ལས་ཆད་པས་བུ་མོ་རྣམས། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །ཞེས་ཁྲོ་བོ་དཀྱིལ་འཁོར་ཆེན་པོར་འབུལ་བས་དང་དུ་བཞེས་སུ་གསོལ། དཔའ་བོ་ལྷ་རྗེ་བཞེས་སུ་གསོལ། །འཁོར་བའི་གཡུལ་ངོ་ཟློག་པའི་དཔའ་བོ། འཁོར་འདས་ཀྱི་ལྷ་ཐམས་ཅད་རྗེ་བོ་ཁྱོད་ཀྱིས། དེ་ཕྱི་རབས་ཀྱི་ལས་བྱ་བ། བདག་ཅག་སོ་སོའི་འཁོར་བཅས་ཀྱིས། །བདག་ཅག་ནི་དྲེགས་པ་ཆེན་པོའོ། །དྲེགས་པ་སོ་སོའི་འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི། །ཁྲོ་བོ་ཆེན་པོ་ཚོགས་ཀྱི་དཀྱིལ་འཁོར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །འདི་ལ་མོས་པ་བྱེད་པ་ཡི། །གཙུག་གི་ནོར་བུ་འབར་བ་ལྟར། །དཔེར་ན་ཀླུའི་རྒྱལ་པོ་དགའ་བོའི་སྤྱི་བོའི་གཙུག་གི་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་ཡོད་པས། དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་མཆོད་པ་བྱེད་པ་ལྟར། སྤྱི་བོར་སྐུར་བར་བསྟན་པ། གཡོའ་རྒྱུ་མྱེད་ཅིང་གུས་ལྡན་པའི། །ལུས་ངག་ཡིད་གསུམ་གཡོའ་རྒྱུ་དང་ཟོལ་སོགས་མྱེད་ཅིང་། ལུས་གུས་སེམས་མོས་ངག་དང་བ་དང་ལྡན་པའི། སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །དེ་ལྟ་བུའི་སེམས་ཀྱིས། དང་དུ་བླངས་ཏེ། རང་གི་སྤྱི་བོའི་ཡི། གཙུག་ཏུ་ཞབས་བཞག་པར་བསམས་ལ། གཙུག་ཏུ་བཞག་ཏེ་བསྐུར་བར་བགྱིའོ། །ལུས་ངག་ཡིད་གསུམ་གྱིས། ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་ཅིང་བསྐུར། དེའི་དགོས་པ་ཅི་ཡང་རུང་། །མིང་ཙམ་འཛིན་པའི་རྣམ་འབྱོར་པ་དེ་ཡི། འཕྲིན་ལས་བཞི་ལ་སོགས་པ། མ་ལུས་རྫོགས་པར་བདག་ཅག་བསྒྲུབ། །ལྷག་མ་མ་ལུས་པར། དོན་ཡོངས་སུ་རྫོགས་པར། བདག་ཅག་དྲེགས་པ་འཁོར་བཅས་རྣམས་ཀྱིས་སྒྲུབ་བོ། །མ་སྒྲུབས་ན་རང་ལ་སྡིག་པར་མནས་བོར་བ། གལ་ཏེ་དཔའ་བོའི་སྤྱན་མངའ་འདིར། །གལ་ཏེའམ་རྒྱ་ལམ་ན། དཔའ་བོ་ཧེ་རུ་ཀའི་སྤྱན་མངའ་འདིར། སྨྲས་པ་བཞིན་དུ་མ་བསྒྲུབས་ན། །བདག་གིས་ད་ལྟ་སྨྲས་པ་བཞིན་དུ། ཕྱིས་སྔོན་འབྱུང་གི་རྗེས་སུ་མ་སྒྲུབས་ན། བདག་ཅག་རྣམས་ཀྱི་མགོའ་ལུས་སྙིང་། །དྲེགས་པ་ཅན་འཁོར་དང་བཅས་པ། ཡན་ལག་གི་དང་པོ་མགོའ་དང་། དབང་པོའི་དྭངས་མའམ། ལུས་ཀྱི་སྙིང་པོ་སྙིང་། བསྐས་སྟུབས་དུམ་བུར་རུལ་བར་འཆིའ། །ཞེས་སྨྲས་སོ། །གཟེར་ཟུག་དྲག་པོས་ལུས་སྡུག་བསྔལ་ནས། ལུས་ཀྱི་དབང་པོའི་རྒྱུན་ཉམས་ནས་འཆིའ། རང་གི་གནས་ནས་དལ་དུ་ཡོངས་པ། དེ་ནས་དེ་དག་གི་ཆུང་མའི་ཚོགས་དང་། ཞེས་འདི་མན་ཆད་འཁོར་དམ་ལ་བཏགས་ཏེ་བསྟན་པ་ཡུན་དུ་གནས་པར་བྱེད་དོ། །གསང་བའི་དབང་པོ་འཇུག་པའི་ཡུལ་བདག་དུ་བྱས་པ་ཆུང་མའོ། །སྲིང་མོ་དང་མ་དང་། ལུས་ངག་ཡིད་གསུམ་གདུང་བས་ནི་སྲིང་མོ་དང་། བློ་སེམས་རྩེ་ཅིག་ཏུ་བྱམས་པས་ནི་མ་དང་། བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས། ཤ་ཁྲག་ལུས་ལས་ཆད་པས་སམ། སྐྱེད་པའི་ཕ་མར་གྱུར་པས་སྐྱེད་པས་བུ་མོའི། གོང་དུ་ཕཊ་ཞེས་སྒྲགས་པས་གནས་སུ་སྐྱེ་བ་དེ་རྣམས། བྱ་ནག་ཐང་ལ་བབས་པ་ལྟར་འོངས་ནས། རྟོགས་པ་ཆོས་སྐུ་དོན་གྱིས་དཔའ་བ། འདུལ་བྱ་ལོངས་སྐུ་ཁྲོ་བོ་གཉེན་པོས་དཔའ་བ། འདུལ་ཐབས་གསད་གསོའ་སྤྱོད་པས་དཔའ་བའི། ལས་ཀྱི་དངོས་གྲུབ་ཞུ་བ། ཐམས་ཅད་ཀྱིས་འགྲིན་ཅིག་ཏུ་སྨྲས་པ། དྲེགས་པ་དང་མ་དང་ཆུང་མ་དང་བུ་མོ་ཐམས་ཅད་ཀྱིས། དོན་ཚིག་སྒྲ་སྐད་འཐུན་པར། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དེར་འདུས་ནས་ཚོགས་པའི། དཔའ་བོ་ཆེན་པོའི་འབངས་སུ་མཆིའ། །དཔའ་བོ་ཧེ་རུ་ཀ་ཆེན་པོས་བདག་ཅག་རྣམས་དྲེགས་པ་ཅན་རྣམས། ལས་ཀྱི་དངོས་གྲུབ་རྩལ་དུ་གསོལ། །ཞེས་ལས་ལ་བཞི་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ། །ཞི་བ་ལ་གཉིས་ཏེ། ཕྱི་དང་། ནང་པོ། ཕྱི་ལ་དགྲ་བགེགས་ཞི་བ་དང་། ནད་ཞི་བའོ། །ནང་ལ་ཉོན་མོངས་པ་ཞི་བ་དང་། རྟོག་པ་ངན་པ་ཞི་བའོ། །རྒྱས་པ་ལ་ཡང་གཉིས་ཏེ། གསོའ་བ་དང་། སྤེལ་བའོ། །གསོའ་བ་ལ། ན་བ་གསོའ་བ་དང་། འཆིའ་བ་གསོའ་བ་དང་། ལོ་ཏོག་གསོའ་བ་དང་། སྲི་འུ་གསོའ་བའོ། །སྤེལ་བ་ལ། རིགས་རྒྱུད་སྤེལ་བ་དང་། ལོངས་སྤྱོད་སྤེལ་བ་དང་། བསོད་ནམས་སྤེལ་བའོ། །དབང་ནི་གཉིས་ཏེ། དགུག་པ་དང་། བསྟུལ་བའོ། །ཕྱི་རོལ་པ་གཟུངས་མ་དགུག་པ་དང་། མི་འཐུན་པའི་དགྲ་བགེགས་རྣམ་གཉིས་ཀྱི་དབང་པོ་སྒྱུར་ཏེ་དགུག་པའོ། །དབང་དུ་བསྡུ་བ་ནི། ཡུལ་ཁམས་དང་། རྒྱལ་བློན་དང་། དམྱིགས་པ་དབང་དུ་བྱའོ། །མངོན་སྤྱོད་དྲུག་སྟེ། བསྲད་པ་དང་། མནན་པ་དང་། མཉོའ་འབོག་དང་། སྐམས་པ་དང་། རྨོངས་པ་དང་། གཏན་འཕོལ་ནས་འཆིའ་བའོ། །དེ་རྣམས་ཀྱིས་ལས་བཞི་ཡོངས་སུ་རྫོགས་པའི་དངོས་གྲུབ་ཡིན་ཏེ། དེ་ལྟ་བུ་དེ་གསལ་དུ་གསོལ། ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། དྲེགས་པས་ཞུས་པ་དེ་ནས། སྟོན་པ་བཅོམ་ལྡན་འདས་ཐབས་དང་ཤེས་རབ་ལ་དགྱེས་པ་ཆེན་པོས་ཞེས་པ་སྤྱོད་ཡུལ་དག་པར་ཤེས་པའོ། །ལག་ཏུ་རྡོ་རྗེ་བྱིན་ནས་མིང་གི་དབང་བསྐུར་ནས། ཞེས་ལས་ཀྱི་ལག་ཏུ་རྡོ་རྗེ་ལག་གཡས་སུ་མིང་གི་དབང་བསྐུར་ནས། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་ངོ་། །དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་དོ། །དཀྱིལ་འཁོར་བར་འབྱམས་ཀྱི་ཕྱི་རིམ་དུ་བཀོད་པ་ནི། ལྷོར་བདུན། ཤར་དུ་བདུན། ནུབ་དུ་བདུན། བྱང་དུ་བདུན་རྣམས་བཀོད་དོ། །གསང་པ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྟོགས་པར་བཀའ་བས་ན་གསང་བའི། བཅུད་འདུས་པས་ན་སྙིང་པོ། མ་ནོར་བས་ན་དེ་ཁོ་ན་ཉིད་དོ། །དྲང་དོན་མ་ཡིན་ཏེ་ངེས་དོན་འཐར་ཐུག་པ་ལས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར། སྐུ་ཁྲོ་ཚུལ་དང་བཅས་ནས་འབར་བའི་གར་དགུས་ཁྱབ་པས་ན། སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ། །མང་ཞིང་དཔངས་འཐུགས་པས་ན་སྤྲིན། གདུལ་བྱ་ལ་ཞལ་མི་འདྲ་བར། ༈ གཏར་ཀས་གགས་གསལ་བ་ནི། ཁྲོ་བོ་རང་བཞིན་གྱི་དལ་འོག་མིན་ན་ཡོད་པ་མྱིན་ནམ། འདི་རུ་འདུལ་བ་ལ་སྤྲུལ་པ་ལ། རང་བཞིན་གྱི་དལ་བྱ་བ་འགལ་ལོ་ཞེ་ན། མི་འགལ་ཏེ། འོག་མིན་ན་འདི་ཞི་བར་བཞུགས་པ་ལ། འདིར་རུ་ཏྲ་འདུལ་བ་ལ་ཞི་བ་རང་བཞིན་གྱིས་ཁྲོ་བོར་གྱུར་པ་ལ་དགོངས་ནས། ཁྲོ་བོ་རང་བཞིན་གྱི་དལ་ལོ། །འོག་མིན་རུ་ཏྲ་མྱེད་དེ། འདིར་བྱུང་བའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས་ལེའུ་བཅོའ་ལྔ་པ་ཁྲོ་བོ་རང་བཞིན་གྱི་དལ་བསྟན་པའི་བརྗེས་དེ་ནས། སྟོན་པ་བདུད་བཞི་བཅོམ་པ་དེ། ཁྲོ་བོའི་འཚམ་རྔམ་དྲག་པོས་ལྷ་ཆེན་པོ་འདར་ཞིང་སྒྱེལ་ནས་རྫིས་པ་ནི། ལྷའི་བུའི་བདུད་བཅོམ། བཏུལ་ཤུགས་རོལ་པས་ཕུང་པོ་སྡོས་བཅས་བཤིག་པ་ནི། ཕུང་པོའི་བདུད་བཅོམ་པའོ། །དུག་གསུམ་ཡངས་པར་ཤ་རུས་ཁྲག་ལ་ཟ་བ་ནི། ཉོན་མོངས་པའི་བདུད་བཅོམ་པ་ནི། རྣམ་པར་ཤེས་པ་འཆི་བ་མྱེད་པར་སངས་རྒྱས་ཀྱི་སྲས་སུ་སྟབས་པ་ནི་འཆི་བདག་གི་བདུད་བཅོམ་པའོ། །དཔལ་དང་ལྡན། གྲགས་པ་དང་ལྡན། ཡེ་ཤེས་དང་། དབང་ཕྱུག་དང་། བརྩོན་འགྲུས་དང་། གཟུགས་བཟང་དང་ལྡན་ནོ། །ཡབ་ཡུམ་ཐབས་དང་ཤེས་རབ་འདུ་འབྲལ་མྱེད་པར་དགྱེས་པའོ། །དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་བསྒྲུབ་པར་བྱ་བའི་ཕྱིར། ཞེས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་མང་པོ་འདི་དག ། གསུང་གི་དམ་ཚིགས་སྔགས་ཀྱིས། རྣལ་འབྱོར་པའི་ལུས་ཉིད་ཁྲོ་བོ་བསྒྲུབ་པར་བྱ་བའི་ཕྱིར་ན། དེ་བཞིན་གཤེགས་པའི་ཁྲོ་བོ་ཁྲག་འཐུང་ཆེན་པོ། ཞེས་འཇིག་རྟེན་གྱི་ཁྲོ་བོ་མ་ཡིན་ཏེ། དེ་མ་ནོར་བའི་ཆོས་ཀྱི་དབྱིངས་སོ། །བཞིན་མ་བཅོས་པ་རིག་པའི་ཡེ་ཤེས། དེའི་ངང་དུ་རྟོགས་པས་གཤེགས་པའོ། །སྐུ་ཁྲོ་ཚུལ་དང་བཅས། འཁོར་བ་ཁྲག་དང་འདྲ་རྟོགས་པས་འཐུང་། གཞན་ལས་ཁྱད་པར་དུ་གྱུར་པས་ཆེ་བའོ། ༈ །འདི་རྣམས་ལ་གོ་རིམས་སྟོབ་ན་གཉིས་ཏེ། ཞི་ཁྲོ་ཐོབ་པ་དང་། ཞི་བཞག་ཁྲོ་བཞེངས་སོ། །ཞི་ཁྲོ་སྦག་མར་བྱེད་ན། སྔགས་འདི་རྣམས་བརྗོད་པས། ཞི་བའི་སྐུ་ལས་ཁྲོ་བོའི་སྐུར་གྱུར་རོ། །ཡང་ན་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས། གཞལ་ཡས་ཁང་སྐྱེད་པའི་ནང་དུ། བདག་ཆོ་ག་གསུམ་གྱིས་ཡབ་ཡུམ་གྱི་སྐུར་སྐྱེད། དེ་ནས་ལྷག་པའི་བྱང་ཆུབ་སེམས་ལས། ཡུམ་གྱི་གསང་བའི་གནས་སུ་ཡིག་འབྲུ་ཧཱུྃ་ཧ་ཧེ་ཕཊ་བགོད། དེ་ནས་འདོན་པའི་སྔགས། ༀ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པས། སྐུར་སྐྱེད་ཕྱོགས་བཅུར་སྤྲོས་ནས་འདུས་པས། གཙོའ་བོ་བདག་ལ་ཐིམ། འཁོར་རྣམས་འདོན་པའི་སྔགས་ཀྱིས་ཏོན་ལ། དཀྱིལ་འཁོར་དུ་སོ་སོར་དགོད་དོ། །ཞི་བཞག་ཁྲོ་བཞེངས་ནི། འཚམས་ཅད་གཤེགས་པ་བྱ། མཆོད་རྫས་བྱིན་གྱིས་བརླབ། ཏིང་ངེ་འཛིན་གྱི་དལ་སྐྱེད། ཡེ་ཤེས་ཀྱི་ངལ་བསྒྲུབ་པ་ལ་སོགས་པ་མ་ནོར་བར་བྱའོ། །བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི། །ཞེས་སྤྱད་པར་བྱ་བའི་ཡུལ་དུ་གྱུར་པས་ན་བཙུན་མོ། ཡབ་ཡུམ་ཐབས་དང་ཤེས་རབ་དང་བཅས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཡེ་ཤེས་རྔམ་པ་ལས། ཞེས་ཡེ་ནས་སྐུ་གསུང་འདུ་འབྲལ་མྱེད་པར་གནས་པ་ལ། འདུ་འབྲལ་མྱེད་པར་ཤེས་པས་ན་ཡེ་ཤེས། དེ་ལྟར་རྟོགས་པའི་དོན་ལ་རྔམ་པའི་ང་རོ་དང་བཅས་པ་ལས། གསུང་གྱི་དཀྱིལ་འཁོར་འདི་དག་ཕྱུང་ངོ་། །ཞེས་བརྗོད་པའི་སྒྲ་གོ་བརྡར་སྤྲོད་པས་ན་གསུང་། བརྗོད་བྱ་དང་རྗོད་བྱེད་འདྲེལ་བར་གོ་བརྡའ་སྤྲོས་པས་ན་ཡང་གསུང་ངོ་། །ཚིག་དང་དོན་དུ་སྨྲ་བས་ན་ཡང་གསུང་ངོ་། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཤྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨཱོཾ་ནི་ཐུགས་ཡང་དག་པའི་ཡེ་ཤེས་སམ་ཡེ་ཤེས་ལྔའི་རང་བཞིན། སརྦ་ཏ་ཐཱ་ག་ཏ་ནི། དེ་བཞིན་གཤེགས་པ་ཐམས་ཅད། མ་ཧཱ་ཤྲཱི་ཧེ་རུ་ཀ་ནི། དཔལ་ཧེ་རུ་ཀ་ཁྲག་འཐུང་ཆེན་པོ། མ་ཧཱ་ཙནྜ་ཙ་ནི་སྟུམ་པོ་ཆེན་པོ། སརྦ་དུཥྚན་ནི་སྡིག་ཅན་ཐམས་ཅད། ཏ་ཀ་ནི་རྒྱོབ་ཅིག །ཧ་ན་ནི་རྟོགས་ཤིག །ད་ཧ་ནི་སྲེགས་ཤིག །པ་ཙ་ནི་ཆོམ་ཤིག །ཧཱུཾ་ཧཱུཾ་ཧཱུཾ་ནི་སྐུ་གསུང་ཐུགས་ཀྱི་ངང་དུ་སྡུས་ཤིག །ཕཊ་ནི་སོད་ལ་སྲེགས་ཤིག །སངས་རྒྱས་ཧེ་རུ་ཀའི་སྔགས་སོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སྔགས་སོ། །དོན་དུ་ན། དེ་བཞིན་གཤེགས་པའི་ཐུགས་རྗེས། ཁྲག་འཐུང་ཆེན་པོ། སྟུམ་པོ་ཆེན་པོས། སྡིག་པ་བྱེད་པའི་གདུག་པ་ཅན་ཐམས་ཅད་ལ་རྒྱོབ་ཅིག །ཏོགས་ཤིག་ནོན་ཅིག །ཆོང་ལ་ཆིངས་ཤིག །དེ་ནས་ཐམས་ཅད་ཐུགས་རྗེས་སམ། སྐུ་གསུང་ཐུགས་སུ་སྡུས་ཤིག །དོན་དེ་ཀུན་ཡང་ཐུགས་ཡེ་ཤེས་སུ་བྱིན་གྱིས་བརློབས་ཤིག་པའོ། །ༀ་ཡེ་ཤེས་ལྔ་བཛྲ་རྡོ་རྗེ་མ་ཧཱ་ཆེན་པོ་ཤྲཱི་དཔལ་ཧེ་རུ་ཀ་ཁྲག་འཐུང་མ་ཧཱ་ཆེན་པོ་ཙན་དྷ་སྟུམ་པོ་སརྦ་ཐམས་ཅད། དུཤྚན་སྡང་བ་ཏ་ཀ་རྒྱོབ་ཅིག་ཧ་ན་རྟོགས་ཤིག་ད་ཧ་སྲེགས་ཤིག་པ་ཙ་ཆོམ་ཤིག་ཧཱུཾ་ཧཱུཾ་ཧཱུཾ་སྐུ་གསུང་ཐུགས་སུ་བསྡུས་ཤིག །ཕཊ་ནི་སོད་ལ་སྲེགས་ཤིག །རྡོ་རྗེ་རིགས་ཀྱི་དཔལ་ཆེན་པོ་ཐུགས་རྡོ་རྗེའི་རིགས་སོ། །ཧེ་རུ་ཀ་སྐུ་གསུང་ཐུགས་དང་སྦྱར་ན། ཧེ་ནི་དགྱེས་པ་ཆོས་སྐུ། རུ་ནི་ཆགས་པ་ལོངས་སྐུ། ཀ་ནི་མཛད་པ་ཏེ་སྤྲུལ་སྐུའོ། །ༀ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཤྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་རིན་ཆེན་ཧེ་རུ་ཀ་ཡོན་ཏན་གྱི་རིགས་སོ། །ཧེ་རུ་ཀ་དགྱེས་ཆགས་དང་སྦྱང་ན། ཧེ་ནི་དགྱེས་པ་སྟེ་བདེའ་བ། རུ་ར་ག་ན་ཆགས་པ། རུ་རཀྟ་ན་ཁྲག །ཀ་ནི་ཀ་པ་ལ་ན་ཐོད་པ་དེ། དགྱེས་ཆགས་ཀྱིས་ཐོད་ཁྲག་འཐུང་བའོ། །ཨཱོཾ་པད་མ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙ་ན་དྷ་སརྦ་དུཤྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པད་མ་ཧེ་རུ་ཀ་གསུང་པད་མའི་རིགས་སོ། །ཧེ་རུ་ཀ་སྐུ་གསུང་ཐུགས་དང་སྦྱར་ན། ཧེ་སྐུ། རུ་གསུང་། ཀ་ཐུགས་སོ། །སྐུ་གསུང་ཐུགས་དང་ལྡན་པའི་ཧེ་རུ་ཀའོ། །ཨཱོཾ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་ད་དུཤྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་ལས་ཀྱི་རིགས་ཧེ་རུ་ཀ་འཕྲིན་ལས་ཀྱི་བདག་པོ། ཧེ་རུ་ཀ་སྒྲ་བརྒྱད་དང་སྦྱར་ན། ཧེ་ཧེ་ཀ་ན་དགྱེས་པ་སྟེ་ཆོས་སྐུ། ཧེ་ཧེ་དུ་ན་རྒྱུ་སྟེ་སྙིང་རྗེའི་གཏན་ཚིགས། རུ་ར་ག་ན་ཆགས་པ། རུ་རཀྟ་ན་ཁྲག །ཀ་ཀ་རུ་ན་ཐུགས་རྗེ། ཀ་ཀརྨ་ན་འཕྲིན་ལས་སོ། །བྷྱ་ཀ་ར་ན་སྒྲ་བཤད་དོ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཤྚན་ཧཱུཾ་ཕཊ། ཅེས་འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་མོ། །ཀྲོ་ཏི་ཤྭ་རི་ནི་ཁྲོ་མོ་དབྱིངས་ཕྱུག་མའོ། །ཨཱོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལ་ནི་ཧཱུཾ་ཕཊ། ཅེས་རྡོ་རྗེ་རིགས་ཀྱི་ཡུམ་བཛྲ་ཀྲོ་ཏི། རྡོ་རྗེ་འཆད་མ་འམ། རྡོ་རྗེ་འཇོམས་མ། ཨཱོཾ་མ་ཧཱ་སུརྱ་རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ད་མ་ཧཱུཾ་ཕཊ། ཅེས་རིན་ཆེན་རིགས་ཀྱི་ཡུམ་རཏྣ་ཀྲོ་ཏི། ཉི་མ་རིན་ཆེན། ཡུམ་རིན་ཆེན་མ། ༀ་ཧྲི་ཤོད་ཏ་ས་མན་ཏ་པད་མ་མ་ཧཱ་ཀྲོ་ཏི་ཤྭ་རི་ཁའི་ཧཱུཾ་ཕཊ། ཅེས་པད་མ་རིགས་ཀྱི་ཡུམ། ཀུན་ཏུ་དགོད་མ། པད་མའི་གདོག་མ། གསོལ་གཅིག །ཨཱོཾ་སརྦ་ཨ་མོ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་བྷི་ཤྭ་ཧཱུཾ་ཕཊ། ཅེས་ལས་ཀྱི་རིགས་ཀྱི་ཡུམ། དོན་གྲུབ་མ། དབྱིངས་ཕྱུག་ཆེན་མོ། བཛྲ་ཀོའུ་རི་ཧ། རྡོ་རྗེ་དཀར་མོའི་རྩ་སྔགས། བཛྲ་ཙོའུ་རི་ཧ་རྡོ་རྗེ་ཆོམ་ཀུན་རྩ་སྔགས། བཛྲ་པྲ་མོ་ཧ། རྡོ་རྗེ་རབ་རྨོ་པ། རྩ་སྔགས་སོ། །བཛྲ་པེ་ཏ་ལི་ཧ། རྡོ་རྗེ་རོ་ལོངས་མ་རྩ་སྔགས། བཛྲ་ཙན་དྷ་ལི་ཧ། རྡོ་རྗེ་གཏུམ་མོའི་རྩ་སྔགས། བཛྲ་སུ་ཀ་སི་ཧ། རྡོ་རྗེ་སྤོས་མའི་རྩ་སྔགས། བཛྲ་ཀརྨ་ཧྲི་ཧ། རྡོ་རྗེ་རྨེ་ཤ་ཅན་གྱི་རྩ་སྔགས། བཛྲ་སྨན་ཤ་ནི་ཧ། རྡོ་རྗེ་དུར་ཁྲོད་མའི་རྩ་སྔགས་མ་ཚོགས་མ། ཞེས་མ་མོ་བརྒྱད་ཀྱི་སྔགས་ལ། བཛྲ་ནི་ཐུགས་རྡོ་རྗེ་ལྟར་མི་འགྱུར་བའོ། །ཀོའུ་རི་ལ་སོགས་པ་ནི་མི་སྔགས་སོ། །ཧ་བརྒྱད་ནི་སྐྱེད་ཡིག་ས་བོན་ནོ། །མགོར་ཨཱོཾ་བཅུག །འཇུག་ལ་ཧཱུཾ་ཕཊ། གཏགས་ནས་ཟླས་ན། ལས་སྣ་ཚོགས་འགྲུབ་པའི་སྔགས་སུ་འགྲོ། ཨཱོཾ་བཛྲ་ཀོའུ་རི་ཧ་ཧཱུཾ་ཕཊ། ཨཱོཾ་བཛྲ་ཙོའུ་རི་ཧ་ཧཱུཾ་ཕཊ། ཅེས་གཞན་ལ་ཡང་སྦྱར་རོ། །དལ་གྱི་རྩིབས་འཆན་བཞི་དང་གྲུ་ཆད་བཞི་ལ་སྐྱེད་དོ། །བཛྲ་སི་ངང་མུ་ཀ་ཧེ། རྡོ་རྗེ་སེང་གེའི་གདོང་གི་རྩ་སྔགས། བཛྲ་བྱང་གྲི་མུ་ཀ་ཧེ། རྡོ་རྗེ་སྟག་གི་གདོང་གི་རྩ་སྔགས། བཛྲ་ཀྲི་ལ་མུ་ཀ་ཧེ། རྡོ་རྗེ་ཝའི་གདོང་བ་ཅན་གྱི་རྩ་སྔགས། བཛྲ་ཤོ་ན་མུ་ཀ་ཧེ། རྡོ་རྗེ་སྤྱང་གདོང་མའམ་ཁྱིའི་གདོང་གི་རྩ་སྔགས། བཛྲ་ཀྲི་ཏ་མུ་ཀ་ཧེ། རྡོ་རྗེ་བྱ་རྒོད་གདོང་ཅན་གྱི་རྩ་སྔགས། བཛྲ་རྐང་ཀ་མུ་ཀ་ཧེ། རྡོ་རྗེ་དུར་བྱ་གདོང་གི་རྩ་སྔགས། བཛྲ་ཁ་ཁ་མུ་ཀ་ཧེ། རྡོ་རྗེ་བྱ་རོག་གདོང་གི་རྩ་སྔགས། བཛྲ་ཧུ་ལུ་ཀ་མུ་ཀ་ཧེ། རྡོ་རྗེ་འུག་པའི་གདོང་ཅན་གྱི་རྩ་སྔགས། ཞེས་ཧེ་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །སྐྱེད་པ་རྐྱེན་གྱི་སྔགས་ནི་བཛྲ་སིང་ང་མུ་ཀ་ལ་སོགས་པའོ། །སྐུལ་བ་ལས་ཀྱི་སྔགས་ནི། ཨཱོཾ་བཛྲ་སིང་ང་མུ་ཀ་ཧེ་ཧཱུཾ་ཕཊ། ཅེས་པ་ལས་སྣ་ཚོགས་པ་གྲུབ་པའི་སྔགས་སོ། །དཀྱིལ་འཁོར་བར་ཁྱམས་དང་པོ་ལ། གཅན་གཟན་གྱི་མགོའ་ཅན་བཞི་ཕྱོགས་བཞིར། འདབ་ཆགས་ཀྱི་མགོའ་ཅན་འཚམས་བཞིར་བགོད། བཛྲ་ཨརྱ་ཏེ་ཙ་ཏེ་ང་ཛ། རྡོ་རྗེ་འཕགས་མ་སྲིང་འགྲོ་མའི་རྩ་སྔགས། བཛྲ་ཨ་མུ་ཀ་ཧཱུཾ། རྡོ་རྗེ་དོན་ཡོད་མའི་རྩ་སྔགས། བཛྲ་ལོ་ཀ་བཾ། རྡོ་རྗེ་འཇིག་རྟེན་མའི་རྩ་སྔགས། བཛྲ་པ་སྨི་པ་ལ་ཡ་བ་ཏོ་ཧོ། རྡོ་རྗེ་ཐལ་བྱེད་སླར་མཚོའ་མའི་རྩ་སྔགས། ཞེས་པས་སྒོ་བཞིའི་ནང་དུ་བསྐྱེད་ཅིང་དགོད་པར་བྱེད་དོ། །གཏར་ཀས་གགས་གསལ་བ་ནི། འདིར་དབང་ཕྱུག་མ་ལ་སྔགས་མ་གསུངས་བ་ནི། བྷྱོ་ལས་མ་བསྟན་པ་ཅི་ཞེ་ན། འདི་ལྟ་སྟེ། དབང་མོ་ལས་ལས་གྲུབ་པ་ཡིན་པས། རྒྱུ་མ་ནོར་བ་རྩ་བའི་སྔགས་བྷྱོ་བ རྗོད་པ་ཙམ་གྱིས་ཆོག་པས་མ་གསུངས་པའང་ཡིན་ལ། གཞན་ཡང་རྒྱུད་འདི་རྩར་རྒྱུད་ཡིན་པས་རྩ་སྔགས་ལས་མ་གསུངས་པའོ། །སྔགས་རྫོགས་པར་ནི་བཤད་རྒྱུད་རྣམས་ན་བཞུགས་ཡོད། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཤར་གྱི་རྒྱལ་མོ་བདུན་ཞི་བའི་ལས་བྱེད་མའི་སྔགས་སོ། །བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ལྷའི་བློན་མོ་བདུན་རྒྱས་པའི་ལས་བྱེད། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ནུབ་ཀྱི་རྗེ་མོའམ། དབང་མོ་བདུན་དབང་གི་ལས་བྱེད་མ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྱང་གི་བྲན་མོ་བདུན་དྲག་པོའི་ལས་བྱེད་མ། བྷྱོ་འདི་དག་ནི་དབང་མོའི་སྔགས་ཏེ། ཤེས་རབ་ཆེ་ཞིང་ཏིང་ངེ་འཛིན་ལས་སུ་རུང་བ་ནི། བྷྱོ་འདི་དག་བརྗོད་པ་ཙམ་གྱིས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྡོམ་ཚིག་སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་། ཞེས་པ་ལ་སོགས་པས། སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་གསལ་བར་བསྒོམ་མོ། །དེ་ལས་ཏིང་ངེ་འཛིན་ཨ་ཅང་ལས་སུ་མི་རུང་ན། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་འདི་དག་ཀྱང་། རིལ་སྐུ་མདོག་དམར་མོ་ལ། ཕྱག་གཡས་རྡོ་རྗེ་སྣམས་པ། གཡོན་བན་དྷ་སྣམས་པའོ། །དེ་ལས་ཀྱང་ལས་སུ་མི་རུང་ན། བྷྱོ་ཉི་ཤུ་རྩ་བརྒྱད་ཀྱི་ཡིག་འབྲུ་འདི་རྣམས། སྐུ་མདོག་ལེའུ་རྒན་དམར་པོ་ལྟར་ས་ལེ་བར་ཁྱམས་ཕྱི་མ་ན་ཕར་ལ་གསལ་བར་བསྒོམ་པར་བྱའོ། །རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཞེས་རུ་ལུ་གསུམ་ནི། ཐུགས་ཡེ་ཤེས་ཉིད་སྐུ་གསུང་ཐུགས་དང་ལྡན་ཞིང་། སྐུ་གསུང་ཐུགས་གསུམ་ཡང་ཐུགས་ཡེ་ཤེས་སུ་དབྱེར་མེད་པས་ཧཱུཾ་ངོ་། སྤྱན་དྲངས་པ་དང་། ཟླས་པའི་སྔགས་གཉིས་ཀ་འདིས་གྲུབ་བོ། །སྙན་གསན་དབབ་པའི་སྔགས་ཡིན་ནོ། །ཨེ་ཧ་ཧི། ཀྱེ་ཚུར་སྤྱོན། ཨ་ན་ཡ། མྱུར་དུ་གཤེགས། ཛ་ཧཱུཾ་བཾ་ཧོ། ལྷ་མོ་ལྕགས་ཀྱུ་མཛད། ཞགས་པ་ཧཱུཾ། ལྕགས་སྒྲོག་བཾ། དྲིལ་བུ་མ་ཧོ། སྔགས་འདི་དག་ཕྱག་རྒྱ་བཞི་དང་། ཏིང་ངེ་འཛིན་གྱིས་མདུན་གྱི་ནམ་ཀ་ལ་སྤྱན་དྲངས་ཤིང་བཞུགས་སུ་གསོལ། རཾ། རཾ་ནི་སྤྱན་དྲངས་པའོ་བཞུགས་གནས། རཀྟའི་རྒྱ་མཚོའ་དང་། ཀེང་རུས་ཀྱི་རི་རབ། མེ་དཔུང་འབར་བའི་ཀློང་དེ། རང་བསྐྱེད་པ་དང་མེ་རི་འདབ་འབྱོར་ཙམ་དུ་མདུན་གྱི་ནམ་ཀར་བྱོན་ནས་བཞུགས་སོ། །ཨཱོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ། ཞེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་ནི་ཐུགས་ཞེས་བྱ་སྟེ། ཏིང་ངེ་འཛིན་གྱིས་སྐྱེད་པའི་ཁྲོ་བོའི་དཀྱིལ་འཁོར་དང་། སྤྱན་དྲངས་བའི་ཁྲོ་བོའི་དཀྱིལ་འཁོར་གཉིས་ཐམས་ཅད་ནས་ཐམས་ཅད་དུ་ཐུགས་ཡེ་ཤེས་སུ་དབྱེར་མྱེད་པ་ཁོ་ན། དཀྱིལ་འཁོར་དུ་བཞུགས་པའམ། རིག་པའི་མེ་ཏོག་དོར་བའོ། །ཁྲོ་ལ་འཁྲོས་པས་ཞི་མཛད་པ། །ཞེས་ཚིག་བཤད་འདིས་བོད་སྐད་དུ་དངོས་གྲུབ་སྐུལ་བ་སྟེ། ཨཱོཾ་ནི་ཡེ་ཤེས་སོ། །ཁྲོ་ལ་ནི་གོང་གི་བདུད་དང་སྲིན་པོ་ཞེ་སྡང་གིས་ཁྲོ་ལ། དེ་ལ་ཆེན་པོ་བཅས་བཅོས་རྣམ་པ་གཉིས་དང་ལྡན་པའི་འཁྲོས་བས། གདུག་པ་ཅན་ཞེ་སྡང་གིས་འཁོར་བ་དེ། ཞི་བས་འདུལ་བར་མཛད་པ་དེ་ནི་ཞི་མཛད་པའོ། །ཐུགས་རྗེས་འཁྲོས་དཔལ་རྔམ་པའི་ཚོགས། །ཞེས་དེ་ལྟར་ཐུགས་རྗེས་འཁོར་བ་དེ་ནི། སེམས་ཅན་ཐམས་ཅད་ཀྱི་འགོན་དང་དཔལ་དུ་གྱུར་པས་ན་འཁྲོ་དཔལ། དོན་ཐུགས་ཡེ་ཤེས་ཡོད་མྱེད་དང་བརྟག་ཆད་གཟུང་འཛིན་ལས། རྔམ་པའི་རྟགས། སྐུ་ཡང་ཁྲོ་ཞིང་རྔམ་པ་དང་། སྐུ་ཆེ་ལ་ཡན་ལག་རགས་པ་དང་། ཞལ་གདངས་ཤིང་མཆེའ་བ་རྩིགས་པ་རྔམ་པའི་དལ་གྱི་ཚོགས་སུ་བཞུགས་སོ། །འབར་བའི་བྱིན་བརླབས་སྨད་པོ་ཆེ། །ཞེས་དོན་རྟོགས་པ་དང་ཐུགས་རྗེ་འབར་བ་རྣམ་གཉིས་དང་ལྡན་པའི་རྟགས། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ། སྐུ་གསུང་ཐུགས་ཀྱི་བྱིན་བརླབས་སམ། ཆོ་འཕྲུལ་གྱི་ངོ་མཚར་ལ། གཞན་གྱིས་སྨད་ཡང་རང་ལ་དངོས་གྲུབ་དུ་འབྱུང་བས། ཆོ་འཕྲུལ་དང་ངོ་མཚར་སྨད་དུ་འབྱུང་བ་དང་ལྡན་པའོ། །ད་ཉིད་དུ་ནི་བདག་ལ་གསོལ། །ཞེས་དེ་དུས་མྱུར་དུ་ལྟུངས་ལ་ད་ལྟར་ཉིད་དུ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་གསོལ་ཅིག་པའོ། ༈ །གཏར་ཀས་གསལ་བ་ནི། དངོས་གྲུབ་སྐུལ་བ་འདི་གསུང་གི་དལ་དུ་འགྲོའམ་མི་འགྲོ། འགྲོ་ན་ཇི་ལྟར་འགྲོ། མི་འགྲོ་ན་ཡོང་དུ་མ་ཐང་ཞེ་ན། འདི་ལྟ་སྟེ། སྔགས་ཀྱིས་ཡང་དངོས་གྲུབ་སྐུལ་བ་ལས་མྱེད་ལ། འདིར་ཚིག་བཤད་འདིས་ཡང་དངོས་གྲུབ་བསྐུལ་བ་ཁོ་ནའི་ལས་བྱེད་པས་ན། དངོས་གྲུབ་བསྐུལ་བ་དང་སྔགས་ལ་དོན་ལ་ཁྱད་པར་གང་ཡང་མྱེད་དོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་སྟོམ། ཞེས་རྒྱ་སྐད་ཀྱི་དངོས་གྲུབ་གསོལ་བ་ན། རྡོ་རྗེ་ཁྲོ་བོ་དམ་ཚིག་དུས་ལ་བབ་པོ་ཞེའོ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཅེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས་གདུག་པ་ཅན་སྲོད་ལ་སྲེགས་ཅིག་སྲེག་པ། ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ། ཞེས་རྡོ་རྗེ་ཁྲོ་བོའི་དམ་ཚིག་གིས་མཉེས་པར་མཛོད་ཅིག །མཉེས་པ། ཨ་ལི་བཟའ་བ་ཨུ་ལི་བཏུང་བ་ཏ་ལི་འབྲས་བུ་སྣ་ཚོགས། ཏ་པ་ལི། སྤྱན་གཟིགས་སྣ་ཚོགས། མཆོད་པ་དབུལ་བ་ནི། གཉིས་མྱེད་བྱང་ཆུབ་སེམས་ཀྱིས་བསྟན་པར་བྱས་པའི་བརྡར་ཡང་བཤད་དོ། །ཏྲཾ་ཏྲཾ་གོ་ན་རོའུ་ཏྲི། ཏང་ཏཾ་ནི་མཆེའ་བ་ཅན་ཏེ། ཧེ་རུ་ཀ་རྣམས་སོ། །གོའུ་ན་རོ་ཏྲི་ནི་ཡོན་ཏན་དྲག་མོ་སྟེ་ཁྲོ་མོ་རྣམས་སོ། །ཁ་རཾ་ཡོ་གི་ཁ་ཧི་ཧོ། ཞལ་འབར་བའི་རྣལ་འབྱོར་མ་རྣམ་སྟེ་ཁྲོ་མོ་ཉི་ཤུའོ། །མ་མོ་རྣམས་སོ། །ཁ་ཧེ་གསོལ། ཧོ་མཉེས་པའོ། །ཧཱུྃ་ཧ་ཧེ་ཕཊ། ཧཱུཾ་ཞེས་པས་ཏིང་ངེ་འཛིན་ལས་སྐྱེད་པའི་ཁྲོ་བོ་ཡབ་ཡུམ་བཅུ་དང་། སྤྱན་དྲངས་པ་གཉིས་སུ་མྱེད་པར་སྒོམ་མོ། །ཧས་དཀར་མོ་ལ་སོགས་པ། ཧེས་གདོང་མོ་ལ་སོགས་པ། ཕཊ་ཀྱིས་སྒོ་མ་ལ་སོགས་སྟིམས་ལ། གསལ་གདབ་བོ། །ཡང་ན་ཡུམ་གྱི་མཁའ་ལས་འདོན་པའི་སྙིང་པོ་ཡང་བཤད་དོ། །སྣོལ་འཚམས་འཕེན་བསྡུད་དོ། །ཅེས་བརྗོད་པས། འགྲོ་བ་རིགས་དྲུག་གི་གནས་ན་སྡུག་པ་ཅན་ཡོད་པ་རྣམས་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཚིག །ལས་སྔགས་མ་ཧཱ་ཅན་རྡ་ལ་སོགས་པས་རུ་ཏྲའི་ལུས་ཚིག །རབ་ཏུ་ངག་ཚིག་ཚིག་ཀུན་ཏུ་ཚིག་གོ། །ཡིད་ཚིག་ནས་སྒྲིབ་པ་དག་པ་ནི་ལས་སྔགས་ཀྱི་མཐུའོ། །འབར། རབ་ཏུ་འབར། ཀུན་ཏུ་འབར་རོ། །ཞེས་སྐྱེད་པའི་སྔགས་ཀྱིས་སྐུར་གྱུར། སྐུ་རབ་ཏུ་གསལ་བར་གྱུར། ཀུན་ཏུ་སྐུར་གྱུར་པ་ནི། མ་ཧཱ་ཤྲཱི་ཧེ་རུ་ཀ་ལ་སོགས་པའི་ནུས་མཐུས་ཁྲོ་བོའི་སྐུར་གསལ་བར་གྱུར་ཏོ། །ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱིས་གང་། རབ་ཏུ་གང་། ཀུན་ཏུ་གང་བར་གྱུར་ཏོ། །ཞེས་བསྟིམ་པའི་ཧཱུཾ་ཧ་ཧེ་དང་། སྤྱན་དྲངས་པའི་མཐུས། འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད། སྐྱེད་པ་དམ་ཚིག་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ལ། གཉིས་སུ་མྱེད་པར་སྟིམས་པས་གང་། གཉིས་མྱེད་ཀྱི་ཡོན་ཏན་རྒྱས་པས་ཀུན་ཏུ་གང་ངོ་། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྟོགས་པར་བཀའ་བས་གསང་བའི། བཅུད་འདུས་པས་སྙིང་པོ། མ་ནོར་བས་དེ་ཁོ་ན་ཉིད་མ་བཅོས་པས་ངེས་པ། ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།སྐུ་ཁྲོ་ཚུལ་དང་བཅས་པས་ཁྲོ་བོའི། གཙོའ་འཁོར་དུ་མ་ཡོད་པས་ཚོགས། འཇིག་རྟེན་ལས་འདས་པས་ཆེན་པོའི། གསང་སྔགས་ཀྱི་སྙིང་པོ་ནི་གསུང་གི་སྔགས་མང་པོར་བཤད་པས་ན་དཀྱིལ་འཁོར་སྤྲོས་པས་ལེའུ་ནི་གཞུང་སྐྱོང་བ་སྟེ། བཅུ་དྲུག་པ་འོ་ནི་དྲངས་ཀྱི་རྣམ་གྲངས་སོ། །འདིར་མ་ནོར་བར་རྟོགས་པའི་གོ་རིམས་སྡེབ་ན་གཉིས་ཏེ། ཞི་བཞག་ཁྲོ་བཞེངས་སུ་བྱེད་ན་དང་། ཞི་ཁྲོ་གནས་འགྱུར་དུ་བྱེད་ནའོ། །ཞི་ཁྲོ་གནས་འགྱུར་དུ་བྱེད་ན། ཞི་བའི་དཀྱིལ་འཁོར་ལ་དམྱིགས་ནས། བྲུམ་ཞེས་བྱ་བ་བརྗོད་པས། ཞི་བའི་དལ་དེ་ཉིད་ཁྲོ་བོའི་དལ་དུ་རྒྱུར་རོ། །ཞི་བཞག་ཁྲོ་བཞེངས་སུ་བྱེད་ན། ཏིང་ངེ་འཛིན་གསུམ་བསྒོམ། དེ་ལས་དུར་ཁྲོད་ལ་གཞིའ། དེ་སྟེང་ཁྲག་འཚོའ། དེའི་དབུས་སུ་ཀེང་རུས་ཀྱི་རི་རབ། དེ་སྟེང་དུ་བྲུམ་སྨུག་ནག་ལས། གཞལ་ཡས་ཁང་མེ་འོད་འབར་བར་སྐྱེད་པའོ། །དེའི་དབུས་འཁོར་ལོ་རྩིབས་བཞི་སེར་པོའམ། མདོག་མཐུན་པ་ཧེ་རུ་ཀ་ཡབ་ཡུམ་བཅུའི་གནས། རྩིབས་འཆན་དམར་པོ་ལ་ཀེའུ་རི་བཞི། མུ་ཁྱུད་ཐོད་པས་རྩིག་པ། གྲུ་ཆད་བཞི་སེར་པོ་ལ་པུ་ཀ་སི་ལ་སོགས་པ། བར་ཁྱམས་ནང་མ་སྨུག་ནག་ལ་ཕྲ་མྱ ེན་མ། སྒོ་ལ་སྒོ་མ་བཞི་བར་ཁྱམས་ལ་དབང་མོ། འབར་བ་ནི་ཁྲོ་བོ་སྟེ། སྐུ་ལ་ཡེ་ཤེས་ཀྱི་མེ་སྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུ་འབར་བས་སོ། །དཀྱིལ་འཁོར་དབུས་ཀྱི་ཕོ་བྲང་འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་གསུང་གི་དཀྱིལ་འཁོར་ལས། སྐུར་སྐྱེད་པ་སྟོན་པས་དེ་ནས་སོ། །ཁྲོ་བོས་གཞན་གྱི་རྒྱུད་ལ་ཡོད་པའི་བདུད་བཞི་བཅོམ་པས་བཅོམ། འབར་བའི་གར་དགུའ་དང་ལྡན། མཐའ་ལས་འདས། ཡབ་ཡུམ་ཐབས་དང་ཤེས་རབ་ཀྱི་བདེ་བ་ལ་དགྱེས་པ། མཆོག་ཏུ་གྱུར་པས་ཆེན་པོའོ། །དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར། རིགས་ལྔའི་ཁྲོ་བོ་དེ་དག་གི་དཀྱིལ་འཁོར་དགོད་པའི་རིམ་པ། མ་འོངས་པའི་རྣལ་འབྱོར་པ་ལ་བསྟན་པའི་ཕྱིར། གདུལ་བྱའི་དོན་ཆེན་དུ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །འབར་བའི་དཀྱིལ་འཁོར་རྩིབས་བཞི་པ། །གྲུ་ཆེན་བཞི་ས་ནི་རྣམ་པར་རྒྱན། །ཞེས་འཁོར་ལོ་དེའི་ཕྱི་རིམ་ལ། ཐུན་མོང་གི་བདེན་པ་གཉིས་དང་། ལྷག་པའི་བདེན་པ་གཉིས་མཚོན་པའི་གྲུ་ཆད་བཞིས་མཛེས་པའོ། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཞེས་ཁྲོ་བོའི་བར་ཁྱམས་ནང་མ་སྨུག་ནག་ལ་སེང་གདོང་མ་ལ་སོགས་པའོ། །ཕྱི་མ་ཕྱོགས་མཐུན་ལ་དབང་མོ་ཉེར་བརྒྱད་དོ། །བར་ཁྱམས་ཀྱིས་འཁོར་ལོ་དེ་རབ་ཏུ་མཛེས་པར་གྱུར་པའོ། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཞེས་ཕྱིའི་དབྱིབས་གྲུ་བཞི་སྒོ་བཞི་ཕྱོགས་དང་འཐུན། སྒོ་ཁྱུད་རྩིག་པ་དང་། རྟ་བབས་བཞི་དང་ལྡན་པའོ། །རྟ་བབས་ནི་མི་རོ་ཁོག་སྐམ་ལ། སྦྲུལ་ནག་དང་། སྤྲིན་ནག་དང་། ཞིང་ཆེན་གྱི་ལྤགས་པའི་གདུགས་དང་ལྡན་པའོ། །ཐོད་སྦྲུལ་སྣ་ཚོགས་ཉི་ཟླས་བརྗིད། །ཅེས་ཡང་ན་ཐོད་པ་སྐམ་རློན་གསུམ་ནི། སྐུ་གསུམ་མཚོན་པ་སྟེ། ཐོད་པ་སྐམ་པོས་དབུས་ཀྱི་ལྟེ་བ་ལ་རྒྱན། ཤ་ར་རིས་ཕྱིའི་མུ་ཁྱུད་ལ་རྒྱན། རློན་པས་མཚོན་སྣ་ལྔའི་རྩིག་པ་བྱས་པ་ནི། ཐོད་པའི་དབང་པོ་ལྔ་ཡེ་ཤེས་ལྔ་ཡིན་པས་སོ། །དུག་ལྔ་དག་པའི་རྡར་སྦྲུལ་ལྔའི་ཆུན་པོས་ཟ་རང་ཚགས་སོ། །མ་རིག་པའི་མུན་པ་སེལ་བའི་ཕྱིར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱིས་བརྗིད་པར་རྒྱན་པའོ། །དཀྱིལ་འཁོར་འཁོར་གྱི་རྒྱན་ནི། ཐོད་པ་སྐམ་པོའི་རྩིག་པ། རློན་པའི་ཁ་བད། སྦྲུལ་རིགས་བཞིའི་ཟ་རང་ཚགས། ཉི་མའི་དཀྱིལ་འཁོར་གྱིས་འོད་གསལ་བར་འཐོང་ཁུང་ལྟ་བུ་བྱས་པ་ནི་ཤིན་ཏུ་ཡང་བརྗིད་ཆེ་བར་གནས་པའོ། །འབར་བའི་འཕྲོ་བ་མང་པོ་འཁྲུག །ཅེས་གཞལ་ཡས་ཁང་གི་ཕྱི་རོལ་ན། རྡོ་རྗེ་འབར་བའི་རྩིག་པ་བྱས་པ། མེ་དཔུང་འབར་བའི་ཚ་ཚ་སྐར་ལྟར་འཕྲོ་བ། དེ་ཡང་དོན་དུ་ན། རྟོགས་པ་འབར་བས་བག་ཆགས་ངན་པ་ཐམས་ཅད་སྲེགས། ཐུགས་རྗེ་འབར་བས་གདུག་པ་ཅན་གནས་སུ་སྒྲོལ་བས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའོ། །འཁྲུག་པའོ། །ཁྱུ་མཆོག་མ་ཧེ་སྟག་དང་གཟིག །སྟོབས་ཀྱི་ཁྱུ་མཆོག་ཞེས་བྱ་སྟེ། གཏིའ་མུག་ཆེ་བས། གླང་ཁྱུ་བ་ནི་འབུ་ཏ་ཧེ་རུའི་གདན་ནོ། །མི་འཇིགས་མ་ཧེ་ཞེས་བྱ་སྟེ། ཞེ་སྡང་ཆེ་བས། ཞེ་སྡང་བཛྲ་ཧེ་རུ་ཀའི་གདན་ནོ། །དཔའ་སྟུལ་ཟ་བྱེད་སྟག་ཞེས་བྱ་སྟེ། ང་རྒྱལ་ཆེ་བས་རཏྣ་ཧེ་རུ་ཀའི་གདན་ནོ། །ཀློང་ཡངས་ཐེག་ལེ་གཟིག་ནི། འདོད་ཆགས་ཆེ་བས། པད་མ་ཧེ་རུ་ཀའི་གདན་དུ་འོས་པའོ། །གཏུམ་པའི་དོམ་གྱི་སྤར་བས་ན། །གཏུམ་པའི་དོམ་ནི། འཕྲག་དོག་ཆེ་བས་ཀར་མ་ཧེ་རུ་ཀའི་གདན་དུ་བྱས་པའོ། ༈ །གགས་གསལ་བ་ནི། ཁྱུ་མཆོག་དང་མ་ཧེ་ལ་སྤར་བ་མྱེད་པར། སྤར་བས་གཟུང་ཞེས་པ་དང་འགལ་ཞེ་ན། མི་འགལ་ཏེ། སྤར་བ་མྱེད་ཡང་མ་ཤོར་བར་མནན་པ་ཁོ་ན་གཟུང་བ་སྟེ། སྒྱུ་འཕྲུལ་བླ་མ་ནས། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། དྲེགས་པ་ཆེན་པོ་གཏུམ་ཚོགས་གཞན། གདན་དུ་བྱས་ཏེ། སྐུ་བཞུགས་པ་ཞེས་སོ། །དྲེགས་པའི་གདན་ནི་དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང་། །ཞེས་སེམས་ཅན་གདུག་པ་ཅན་དེ་དག་གི་འོག་དུ་དབུས་དབང་ཕྱུག་ཆེན་པོ་ཕོ་མོ། ཤར་ལྷ་ཆེན་པོ་ཕོ་མོ། ལྷོ་གཤིན་རྗེ་ཕོ་མོ། ནུབ་ཀླུ་རྒྱལ་ཕོ་མོ། བྱང་གནོད་སྦྱིན་ཕོ་མོ་སྟེ། དྲེགས་པ་ཅན་རྨ་ཕབ་ནས། རང་རང་གི་ཞོན་པས་རང་རང་མནན། དེའི་སྟེང་དུ་ཧེ་རུ་ཀ་རྣམས་བཞུགས་པ་ནས། དབང་ཕྱུག་ཡང་ཆེས་མནན་པའོ། །མི་གཏོང་ཞིང་ཐུགས་རྗེས་འཁོར་བར་འཁྱམས་པ་ནི། ཐབས་མཁས་པའི་ཡེ་ཤེས་ཀྱི་གཟུང་བའི་བརྡར་བསྟན་པའོ། །སའི་ཁྱད་པར་སྒྲོད་པའི་གདན་དང་། ཡོན་ཏན་གྱིས་ཆེ་བ་བཅོམ་པའི་གདན་དང་། དྲག་ཤུལ་འཕྲིན་ལས་མཛད་པའི་གནད་ལས་འཕྲིན་ལས་གདན་ནོ། །སྨུག་ནག་སྔོ་ནག་སེར་ནག་དང་། །འབུ་ཏ་ཧེ་རུ་ཀ་སྐུ་མདོག་ནི་སྨུག་ནག་གོ་སྐུའི་རིགས་སོ། །བཛྲ་ཧེ་རུ་ཀ་ནི་སྔོ་ནག་གོ། །ཐུགས་ཀྱི་རིགས་སོ། །རད་ན་ཧེ་རུ་ཀ་ནི་སྐུ་མདོག་སེར་ནག་གོ། །ཡོན་ཏན་གྱི་རིགས་སོ། །དམར་ནག་ལྗང་ནག་འཇིག་པའི་སྐུ། །པད་མ་ཧེ་རུ་ཀ་ནི་དམར་ནག་གོ། །གསུང་ངམ་དབང་གི་རིགས་སོ། །ཀར་མ་ཧེ་རུ་ཀ་ནི་སྐུ་མདོག་ལྗང་ནག་གོ། །ལས་ཀྱི་རིགས་སོ། །འདིར་སྐུ་མདོག་ནག་པོ་དྷ་ཞིང་ཏུ་བ སྟན་པ་ཅི་ཞེ་ན། དྲག་པོའི་ཤས་ཆེ་བ་ལ་དགོངས་ནས་སྐུ་མདོག་ཡང་ནག་པོ་ཤས་ཆེ་བར་བསྟན་པའོ། །གར་དགུའ་དང་ལྡན་ཏེ། མི་ཐུང་བིས་པའི་གཟུགས་འདྲ་ལ། ཀ་ཀོ་ལའི་རྐང་ལག་རགས་པའོ། །བདུད་དང་གནོད་སྦྱིན་འཇིགས་པའི་ཚུལ་སྐུ་ཞེས་སོ། ༈ །སྐུ་མདོག་ལ་བཞི་སྟེ། དང་པོ་ཡེ་ཤེས་བཞི་དང་སྦྱར་ན། སྨུག་ནག་ཆོས་ཀྱི་དབྱིངས། སྔོ་ནག་མེ་ལོང་ཡེ་ཤེས། སེར་ནག་མཉམ་པ་ཉིད། དམར་ནག་སོ་སོར་རྟོག་པ། ལྗང་ནག་བྱ་བ་གྲུབ་པའོ། །གཉིས་པ་ཉོན་མོངས་པ་ལྔ་དང་སྦྱར་ན། སྨུག་ནག་གཏི་མུག་སྔོ་ནག་ཞེ་སྡང་། སེར་ནག་ང་རྒྱལ། དམར་ནག་འདོད་ཆགས། ལྗང་ནག་འཕྲག་དོག་གོ། །གསུམ་པ་རིགས་དང་སྦྱར་ན། སྨུག་ནག་སྐུ། སྔོ་ནག་ཐུགས། སེར་ནག་ཡོན་ཏན། དམར་ནག་གསུང་། ལྗང་ནག་ཕྲིན་ལས་སོ། །བཞི་པ་ཐབས་ཤེས་རབ་དང་སྦྱར་ན། སྨུག་པ་དང་། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྗང་བ་རྣམས་ནི། ཅིར་ཡང་འཆར་བས་ཐབས་སོ། །ནག་པོ་ནི་མི་འགྱུར་བས་སྟོང་པ་ཤེས་རབ་བོ། །དེ་རྣམས་ཡང་། རྒྱུ་ནི་ཉོན་མོངས་པ། ལམ་ནི་ཐབས་ཤེས་རབ། བསྒོམ་བྱ་ནི་རིགས་ལྔ། མཛད་པ་ནི་འཕྲིན་ལས་ལྔ། འབྲས་བུ་ནི་ཡེ་ཤེས་ལྔ་སྟེ། ཉི་ཤུ་རྩ་གཉིས་སུ་འདུས་པར་སྟོན་པའོ། །དབུའ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲད། །ཅེས་དབུའ་གསུམ་ལ་ཡང་གསུམ་སྟེ། རྒྱུ་གསུམ་ནི། གཏིའ་མུག་སྐུ། འདོད་ཆགས་གསུང་། ཞེ་སྡང་ཐུགས་ཏེ། སྐུ་གསུམ་ཐུགས་སུ་ལྷུན་གྱིས་གྲུབ་པའོ། །ལམ་ལྟ་སྤྱོད་གསུམ་ནི། ལྟ་བས་ཐག་ཅད། སྤྱོད་པས་དོར། དམ་ཚིག་གིས་བཞི་གཟུང་བས། ལྟ་བས་གཏི་མུག་དག །སྤྱོད་པས་ཐབས་ཀྱིས་ཞེ་སྡང་དག །སྲུང་བའི་དམ་ཚིག་གིས་འདོད་ཆགས་དག་གོ། །འབྲས་བུ་སྐུ་གསུམ་ནི། སྟོང་པ་ཉིད་ཀྱི་སྒོ་སྒོམས་པས་ཞལ་གཡས་མི་རྟོག་པ་ཆོས་སྐུ། གྲུབ་པའི་ཏིང་ངེ་འཛིན་གྱིས་གཡོན་སྤྲུལ་སྐུ། ཐབས་ལ་མཁས་པའི་སྒོས་ལོངས་སྐུའོ། །ཕྱག་དྲུག་ནི། རྒྱུད་དྲུག་གི་ས་བོན་དག་པ་ནི་ཕྱག་དྲུག་དུ་སྣང་བ་སྟེ། ཕྱག་མཚན་དྲུག་ནི། ཕ་རོལ་དུ་ཕྱིན་པ་དྲུག་ཏེ། ཕ་རོལ་དུ་ཕྱིན་པ་དྲུག་གིས་རྒྱུད་དྲུག་དུ་འཁྱམས་པའི་སེམས་ཅན་རྣམས་འདོན་པའི་བརྡར་བསྟན་ནོ། །རྒྱུ་ཚད་མེད་པ་བཞི་བསྒོམས་པས། ལམ་དུ་བྱས་པས་ཞབས་བཞིར་ཤར་ཏེ། ལས་ཕྲིན་ལས་རྣམ་བཞིས། དོན་སྒྲོད་དུ་མེད་པའི་གནས་སུ་སྒྲོད་པར་བྱེད་པར་བྱེད་པའོ། །དེ་ཡང་བྱམས་པ་ནི་ཡིད་དང་བའོ། །སྙིང་རྗེས་ནི་ཡིད་དགའ་བའོ། །དགའ་བས་ནི་ཡིད་ཆགས་པའོ། །བཏང་སྙོམས་ཀྱིས་ནི་ཡིད་མི་འབྱེད་པ་སྟེ། དེས་རུ་ཏྲ་ལ་སོགས་པ་གདུལ་བའི་སེམས་ཅན་དྲེགས་པ་ཅན་འཁོར་བ་ནས་སྒྲོལ་བའི་བརྡའ་ཞབས་སོ། །ཀོར་རློན་གོས་ནི་སྣ་ཚོགས་གླང་ཆེན་གྱི་ཀོ་བ་རློན་པ་གྱོན། །ཅེས་སྐུའི་རྒྱན། ཞིང་ཆེན་གྱི་གཡང་གཞི། བདུད་བཞི་ལས་རྒྱལ་བའི་རྟགས་སུ་དཔའ་རྟགས་སྟག་སྤགས་འགོང་གི་ཤམ་ཐབས་སོ། །གསུང་གི་སྒྲ་རྔམ་པའི་སྒྲ་ཆེན་འཇིགས་པར་སྒྲོགས། །ཞེས་ཐུགས་ཡེ་ཤེས་ཡོད་མེད་རྟག་ཆད་ཀྱི་མཐའ་ལ་རྔམ་པའི་རྟགས། ཧཱུྃ་ཧཱུྃ་དང་ཕཊ་ཕཊ་དང་ཧ་ལ་ཧ་ལའི་སྒྲ་འཇིགས་པ་སྒྲོགས་པའོ། །ཐུགས་ཀྱི་དོན་སྦྲུལ་དང་ཐོད་འཕྲེང་ཉི་ཟླས་ཆས། །ཞེས་རྒྱལ་རིགས་དབུ་ལ་རྒྱན། རྗེའུ་རིགས་ཕྱག །རྨང་རིགས་ཞབས། བྲམ་ཟེ་འགུལ། རྡོལ་པ་དོ་ཤལ། ཐོད་པ་སྐམ་པོ་དབུའ་ལ། རློན་པ་དོ་ཤལ། ཕྱེད་མས་སྙན་ལ་རྒྱན་ནོ། །ཤེས་རབ་ཉི་མ། ཐབས་ཟླ་བས་རྒྱན་ནོ། ༈ །རྒྱན་ཆས་ལ་གཉིས་ཏེ། ཆས་དགུ་དོན་རྟགས་དང་སྦྱར་བ་དང་། འབྲས་བུ་སྐུ་ལྔ་དང་སྦྱར་བའོ། །ཆས་དགུའ་དོན་རྟགས་དང་སྦྱར་ན། དང་པོ་གོན་པའི་གོས་གསུམ་ནི། གཏི་མུག་བདུད་འདུལ་གླང་པོའི་ཀོ་རློན་དང་། ཞིང་པགས་གཡང་གཞིའ་ཚུལ་ཁྲིམས་ཀྱི་གོས་དང་། དཔའ་ཟ་བྱེད་སྟག་གི་ཤམ་ཐབས་གསུམ་ནི། གླང་པོའི་ཀོ་བ་ནི་ཐང་བ་ལྟ་བུ། ཞིང་དཔགས་ཀྱི་ཆོས་གོས་ལྟ་བུ། སྟག་པགས་ཀྱི་ཤམ་ཐབས་ཏེ་སྤྲུལ་སྐུ་ཉན་ཐོས་ཀྱི་ཆོས་དང་སྦྱར་རོ། །གདགས་པའི་རྒྱན་གསུམ་ནི། དཔའ་རྗེད་གཉེན་གཅུག་སྦྲུལ་གྱི་རྒྱན་ནི། སྦྲུལ་རིགས་ལྔ་དབུའ་དང་ཕྱག་ཞབས་ལྷུ་ཚིགས་རྒྱན་པའོ། །དབང་འཆད་སྒྲོལ་བ་ཐོད་པའི་རྒྱན་ནི། སྐུ་གསུང་ཐོབ་པ་ལ་དབང་། ཐེག་གསུམ་འཆད་པ་ཐོད་པ་ཚར་གསུམ་གྱི་རྒྱན་ནོ། །ཐབས་དང་ཤེས་རབ་ཉི་ཟླའི་ཆས་སོ། །གདབ་པའི་ཚོམ་བུ་གསུམ་ནི། རག་ཏ་ཐུགས་རྗེ་ཆགས་པའི་རྒྱན། གཟིའ་ཆེན་དོན་དམ་བཅུད་ཀྱི་རྒྱན། ཐལ་བ་འདུལ་བྱེད་འཕྲིན་ལས་ཀྱི་རྒྱན་ནོ། །འབྲས་བུ་སྐུ་ལྔ་དང་སྦྱར་ན། སྒྱུ་འཕྲུལ་བླ་མ་ནས། དུར་ཁྲོད་རྒྱན་གྱིས་རྒྱན་པ་ནི། །ཐོད་སྐམ་འབར་བའི་འཕྲེང་བ་ཡིས། །ཞི་བ་ཕྱོགས་གཅིག་མྱ་ངན་ཟློ། །མངོན་པར་རྫོགས་པའི་སྐུ་སྙེམས་སོ། །ཐོད་རློན་འབར་བའི་འཕྲེང་བ་ཡིས། །ཁམས་གསུམ་དབང་དུ་སྡུས་ནས་ནི། །སྤྲུལ་པའི་སྐུ་ལ་མངའ་སྙེམས་སོ། །ཐོད་པ་ཕྱེད་ཚལ་འཕྲེང་བས་ནི། །དུག་གསུམ་བདུད་རྩིར་སྦྱོར་བའི་རྡེ། །ལོངས་སྤྱོད་རྫོགས་པའི་སྐུ་སྙེམས་པའོ། །ཞིང་ཆེན་རློན་པའི་ན་བཟའ་ནི། ཆོས་དབྱིངས་མཉམ་པ་ཆེན་པོ་སྟེ། །ཆོས་ཀྱི་སྐུ་ལ་མངའ་སྙེམས་སོ། །སྟག་པགས་གཡང་གཞིའི་ཤམ་ཐབས་ནི། །འཕྲིན་ལས་རྣམ་བཞིའི་རང་བཞིན་ཏེ། རྡོ་རྗེ་སྐུ་ལ་མངའ་སྙེམས་སོ། །སྦྲུལ་ནག་ཆུན་འཆང་མང་པོ་ནི། །ཡེ་ཤེས་ཐམས་ཅད་འབྱུང་བའི་རྟགས། །རྟག་ཆེན་སྐུ་ལ་མངའ་སྙེམས་སོ། །ཅེས་སོ། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །ཞེས་བྷུ་ཏ་ཧེ་རུ་ཀའི་ཕྱག་གི། སྟོང་གི་འཇིག་རྟེན་གླིང་བཞིའི་རི་རབ་ལྕགས་རིས་འཁོར་ཡུག་དང་བཅས་པ་ནི། ༼མཆན་འདི་བཤད་རྒྱུན་གཙོ།༽བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་སྟེ། སྟོང་གི་འཇིག་རྟེན་གླིང་བཞི་རི་རབ་དང་བཅས་པ་དེའི་དོན་མཛད་པའི་རྟགས་སུ། ཆོས་ཀྱི་འཁོར་ལོ་སྐོར་ཞིང་འགྲོ་བའི་དོན་མཛད་པ་དང་། སྟོང་གི་འཇིག་རྟེན་ལས་ཀྱི་རིགས་དང་སྦྱར། འཁོར་ལོ་ནི་དེ་བཞིན་གཤེགས་པའི་རིགས་དང་སྦྱར་རོ། །བྷུ་ཏ་ཧེ་རུ་ཀའི་ཕྱག་མཚན་ནོ། །རྡོ་རྗེ་དུང་ཆེན་བཀང་བ་དང་། །ཞེས་རྡོ་རྗེ་ནི་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། རྡོ་རྗེའི་རང་བཞིན་ནི་མི་འགྱུར་བའི་དོན་སྟོང་པ་ཉིད་དོ། །ལས་ནི་འབིགས་ཤིང་འཇོམས་པར་བྱེད་པའོ། །དེ་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུས། རྣམ་རྟོག་ཐམས་ཅད་འབིགས། ཉོན་མོངས་པ་སྲེག་ཅིག་འཇོམས། རང་བཞིན་སྟོང་པ་ཉིད་དུ་གནས་པའོ། །བཛྲ་ཧེ་རུ་ཀའི་ཕྱག་མཚན་ནོ། །ཡབ་ཡུམ་ཀུན་གྱི་ གཡོན་ན། བན་ཏ་ནི་བཟོད་པའི་ཕ་རོལ་དུ ་ཕྱིན་པ་དང་སྦྱར་ཏེ། བན་དྷ་ཟླུམ་པོ་ན་ཆོས་ཉིད་སྤྲོས་པ་དང་བྲལ་བ་སྟེ། ཆོས་ཀྱི་དབྱིངས་སོ། །དབང་པོ་ལྔ་ནི་ཡེ་ཤེས་རྣམ་པ་ལྔ་ཡིན་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །དེ་བས་ན་དུང་ཆེན་ཞེས་པ་ནི་བན་དྷ་མཚན་ལྡན་ནོ། །བཀང་བ་ནི་ཁྲག་གིས་སྐང་བའོ། །ཁྲག་ནི་ཐུགས་རྗེ་ཆགས་པའི་རྟགས་ཏེ། དབྱིངས་ཡེ་ཤེས་ཀྱིས་འཁོར་བ་ལ་ཐུགས་རྗེས་ཆགས་པའོ། །ལྷ་ཐམས་ཅད་ཀྱི་ཕྱག་གཡོན་ན་སྣམས་སོ། ། ༅། །འབུ་ཏ་ཧེ་རུ་ཀས་གཙོའ་བྱས་ནས་གནས་འཕྲོག་རྩེས་ན། འབུ་ཏ་ཧེ་རུ་ཀའི་གཡས་དང་པོ་འཁོར་ཡུག །བར་མ་རྡོ་རྗེ། ཐ་མ་བཤོལ་ལོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །བཛྲ་ཧེ་རུ་ཀ་ལ། གཡས་དང་པོ་རྡོ་རྗེ། བར་མ་འཁོར་ཡུག །ཐ་མ་བཤོལ་ལོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །རང་ན་ཧེ་རུ་ཀ་ནི། གཡས་དང་པོ་བཤོལ། བར་མ་རྡོ་རྗེ། ཐ་མ་འཁོར་ཡུག་གོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །པདྨ་ཧེ་རུ་ཀ་ནི། གཡས་དང་པོ་རྡོ་རྗེ། བར་མ་བཤོལ། ཐ་མ་རྡོ་རྗེའོ། །གཡོན་དང་པོ་དུང་ཆེན། བར་མ་འཁོར་ཡུག །ཐ་མ་རལ་གྲིའོ། །ཀརྨ་ཧེ་རུ་ཀ་ནི། གཡས་དང་པོ་རལ་གྲི། བར་མ་དགྲ་སྟ། ཐ་མ་བཤོལ་ལོ། །གཡོན་དང་པོ་དུང་ཆེན། བར་མ་རྡོ་རྗེ། ཐ་མ་སྟོང་གི་འཇིག་རྟེན་འཁོར་ཡུག་དང་བཅས་པ་སྣམས་པ་སྟེ། རྩ་བའི་རྒྱུད་ཉིད་ཀྱི་གནས་འཕྲོག་རྩིས་པའོ། ། ༅། །གཏར་ཀས་གགས་གསལ་བ་ནི། འདིར་ཞལ་གསུམ་ཕྱག་དྲུག་དུ་བཤད་ནས། ཕྱག་མཚན་ཉུངས་ཞེ་ན། དེ་རྩ་བའི་རྒྱུད་ཡིན་པས་རྒྱས་པར་མ་བཤད་དེ། བསོགས་ཞེས་པའི་ཁོངས་སུ་ཚང་བར་ཡོད་པའི་ཤེས་པས་ཏེ། སྒྱུ་འཕྲུལ་རྡོ་རྗེ་དང་། སྒྱུ་འཕྲུལ་བླ་མ་དང་བཤད་པའི་རྒྱུད་ཡིན་པས་རྒྱས་པར་བཤད་དོ། །རལ་གྲི་དགྲ་སྟ་བཤོལ་ལ་སོགས། །ཀརྨ་ཧེ་རུ་ཀའི། རལ་གྲི་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། རལ་གྲིའི་སོ་གཉིས་ཡོད་པ་ནི། ཡེ་ཤེས་ཀྱི་སོས་ནི་ཆོས་ཉིད་ཀྱི་དོན་རྟོགས་ནས་མྱ་ངན་ལས་འདས་པའི་མཐའ་ཅོད་ལ། ཐུགས་རྗེའི་སོས་ནི་སེམས་ཅན་གྱི་དོན་མཛད་ཅིང་འཁོར་བའི་འཐའ་ཅོད་དོ། །ཀརྨ་ཧེ་རུ་ཀའི་ཕྱག་མཚན་ནོ། །པདྨ་ཧེ་རུ་ཀའི། དགྲ་སྟ་ནི་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཉོན་མོངས་པའི་དགྲ་ལ་ཐུགས་རྗེ་ཆེན་པོས་ཅོད་པས་ཏེ། པདྨའི་རིགས་པདྨ་ཧེ་རུ་ཀའོ། །རཏྣ་ཧེ་རུ་ཀའི། ཐོང་བཤོལ་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཞིང་ས་ལ། ཡེ་ཤེས་ཀྱི་བཤོལ་ཀྱིས་རྨོས། ཡོད་མེད་ཀྱི་མཐར་རོལ་ཅིང་ཟློག་པའི་དུས་ན། འབྲས་བུ་ཆེ་བའི་ཡོན་ཏན་གྱི་སྤྲུལ་པ་ཕྱོགས་བཅུར་འཕྲོ་བ་ནི། རིན་པོ་ཆེའི་རིགས་སོ། །བསོགས་ནི། ཁ་ཊྭྃ་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ། ཞིང་དབྱུག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ། རྡ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། པདྨ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ། རིན་པོ་ཆེ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། ། ༅། །བཛྲ་ཧེ་རུ་ཀས་གཙོ་བོ་བྱས་ནས་གནས་འཕྲོག་རྩེས་ན། བཛྲ་ཧེ་རུ་ཀའི་གཡས་དང་པོ་རྡོ་རྗེ། བར་མ་འཁོར་ཡུག །ཐ་མ་བཤོལ་ལོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །བྷུ་ཏ་ཧེ་རུ་ཀའི་གཡས་དང་པོ་འཁོར་ཡུག །བར་མ་རྡོ་རྗེ། ཐ་མ་བཤོལ་ལོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །རཏྣ་ཧེ་རུ་ཀའི། གཡས་དང་པོ་བཤོལ། བར་མ་རྡོ་རྗེ། ཐ་མ་འཁོར་ཡུག་གོ། །གཡོན་དང་པོ་དུང་ཆེན། བར་མ་དགྲ་སྟ། ཐ་མ་རལ་གྲིའོ། །པདྨ་ཧེ་རུ་ཀའི། གཡས་དང་པོ་དགྲ་སྟ། བར་མ་རྡོ་རྗེ། ཐ་མ་འཁོར་ཡུག་གོ། །གཡོན་དང་པོ་དུང་ཆེན། བར་མ་བཤོལ། ཐ་མ་རལ་གྲིའོ། །ཀརྨ་ཧེ་རུ་ཀའི་གཡས་དང་པོ་རལ་གྲི། བར་མ་རྡོ་རྗེ། ཐ་མ་འཁོར་ཡུག་གོ། །གཡོན་དང་པོ་དུང་ཆེན། བར་མ་བཤོལ། ཐ་མ་དགྲ་སྟའོ། །དབུས་ནས་ཤར། བྱང་། ནུབ། ལྷོར་སྐོར་ནས་གནས་འཕྲོགས་པ་དེས་ཤེས་སོ། །རྩ་རྒྱུད་དུ་འདི་རང་དུ་ཚང་བར་གནས་འཕྲོག་པར་བརྩི། བཤད་རྒྱུད་དུ་བསོགས་ཁོངས་སུ་དོན་བགྲོལ་ལོ། །རང་གི་ལས་ཆ་སྣ་ཚོགས་དང་། །ཞེས། སྒྱུ་འཕྲུལ་རྡོ་རྗེ་ལས། རྡོ་རྗེ་རྡོ་རྗེ་དྲིལ་བུ་དང་། འཇིག་རྟེན་འཁོར་ཡུག་བཅས་པ་སྟོབས། ཞེས་པས། བཛྲ་ཧེ་རུ་ཀ་ལ་གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བུའོ། །བར་མ་རྡོ་རྗེ་དུང་དམར། ཐ་མ་འཁོར་ཡུག་སྟི་རའོ། །དེ་བཞིན་འཁོར་ལོ་དགྲ་སྟ་དང་། ཁ་ཏང་རབ་ དུ་འཁྲོལ་བའོ། །ཞེས་པས། འབུ་ཏའི་གཡས་གཡོན ་དང་པོ་འཁོར་ལོ་དགྲ་སྟ། བར་མ་རྡོ་རྗེ་དུང་དམར། ཐ་མ་སྟི་ར་ཁ་ཏང་ངོ་། །ནོར་བུ་རིན་ཆེན་རྒྱུ་ཞགས་དང་། །རྡོ་རྗེ་དགྲ་སྟ་རབ་ དུ་སྟོབས། །ཞེས་པས། རནྟ་གཡས་གཡོན ་དང་པོ་རིན་ཆེན་རྒྱུ་ཞགས། བར་མ་རྡོ་རྗེ་དུང་དམར། ཐ་མ་བྲ་ཏ་རེ་དང་དགྲ་སྟའོ། །ཆགས་མཆོག་པདྨ་ཆེ་པོ་དང་། །དྲིལ་བུ་རྔ་ཡི་སྒྲ་སྒྲོགས་པའོ། །ཞེས་པས། པདྨ་ཧེ་རུ་ཀའི་གཡས་གཡོན་དང་པོ་པདྨ་དྲིལ་བུ། བར་མ་རྡོ་རྗེ་བན་དྷ། ཐ་མ་ཏི་ར་རྔེའུ་ཆུང་ངོ་། །ལས་ནི་རལ་གྲི་བཤོལ་ཆེན་དང་། །འཇིག་རྟེན་རྒྱང་མར་འཕེན་པའོ། །ཞེས་པས། ཀརྨ་ཧེ་རུ་ཀ་གཡས་གཡོན་དང་པོ་རལ་གྲི་བཤོལ། བར་མ་རྡོ་རྗེ་དུང་དམར། ཐ་མ་ཏི་ར་འཇིག་རྟེན་ནོ། །བར་ལ་ནི་རྡོ་རྗེ་དུང་དམར་འཁྲུག །ཏི་ར་ཆེན་པོ་རབ་ཏུ་སྟོབས། ཞེས་པས་ཁྲོ་བོ་ཀུན་གྱི། བར་མ་གཉིས་རྡོ་རྗེ་དུང་དམར། གཡས་ཀྱི་ཐ་མ་ན་ཏི་རའི་དབྱུག་པ་སྣམས་པའོ། །ཡུམ་རྣམས་འཁྲིལ་ཚུལ་བསྟན། བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས། སྤྱད་པར་བྱ་བའི་དོན་གྱིས་ན་བཙུན་མོ། །ཁྲོ་མོའི་སྐུར་སྣང་བས་ན་འཇིགས་པའི་ཚོགས་ནི། འབུ་ཏ་ཀྲོ་ཏི་ཤྭ་རི། བཛྲ་ཀྲོ་ཏི། རཏྣ་ཀྲོ་ཏི། པདྨ་ཀྲོ་ཏི། ཀརྨ་ཀྲོ་ཏི། འཁྲིལ་བ་ནི་ཡབ་ལའོ། །གནས་དང་མ་མོ་བརྒྱད། ཡུལ་གྱི་འཕྲ་མེན་བརྒྱད། ཕྱག་རྒྱ་དང་། །ཞེས། གནས་ནི། སེམས་ཅན་གྱི་གནས་ན་རྣམ་པར་ཤེས་པ་བཞི་གནས་སུ་དག་པ་ཀོའུ་རེ་ལ་སོགས་པ་བཞི་དང་། དབང་པོ་བཞི་གནས་སུ་དག་པ། སྤོས་མོ་ལ་སོགས་པའོ། །ཡུལ་ནི་དེའི་ཡུལ་གཟུགས་སྒྲ་ལ་སོགས་པ་བཞི་གནས་སུ་དག་པ་སེང་ང་ལ་སོགས་བཞི་དང་། དུས་བཞི་གནས་སུ་དག་པ་ཀྲི་ཏ་ལ་སོགས་པ་བཞི་སྟེ། མ་མོ་བརྒྱད་ཀྱི་སྐུ་དང་། འཕྲ་མེན་མ་བརྒྱད་ཀྱི་སྐུ་ནི་ཕྱག་རྒྱའོ། ། ༅། །སྐུ་མདོག་ཕྱག་མཚན་ནི། སྡོམ་ཚིག་ལས། ཀོའུ་རི་བན་དམར་བྱི་དབྱུག་སྔོ། །གཙོའུ་རི་མདའ་གཞུའ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །པེ་ཏ་བྱི་ཟ་རྡོར་འཕྱར་ནག །པུ་ཀ་དམར་སེར་བྱི་རྒྱུ་འདྲེན། །ཀརྨ་དུང་དམར་ཁྲག་འཐུང་ལྗང་། །སྨན་ཤ་འཐིང་ནག་བྱི་སྙིང་ཟ། །ཙན་དྷ་སེར་སྐྱ་མཆོག་ལུས་འབྲེལ། །ཅེས་པ་གནས་ཀྱི་མ་མོ་ལའོ། །ཡང་ན། སེང་ང་ཁ་རོ་སྣོལ་སེར་པོ། །བྱང་ཀྲི་གནས་ལྷ་སྣོལ་མར་རྔག །ཀྲི་ལ་ནག་མོ་བྱི་རྔག་ཝ། །ཤོ་ན་དྲལ་ཏ་མཐིང་ཀ་ཀྱི། །ཀྲི་ཏ་དཀར་སེར་རྒྱུར་མགོའ་རྒོད། །རྐང་ཀ་ཞིང་ཕྲག་སྣར་འགོའ་རིང་། །ཁ་ཁ་ཁ་རོ་བོན་གྲི་ནག །ཧུ་ལུ་ལྕགས་ཀྱུ་དུང་ཚོགས་འུག །ཅེས་པ་ཡུལ་གྱི་འཕྲ་མེན་བརྒྱད་ལའོ། །ཧེ་རུ་ཀའི་གལ་པོའི་སྡོམ་ཚིག་གོ། །བཤད་རྒྱུད་བླ་མ་ནས་བཤད་པ་དེ་ལེའུ་བཅོ་ལྔ་པར་བཤད་དོ། །སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། །ཞེས། སྒོའ་མ་བཞི་ནི། ཕྱིན་ཅི་ལོག་བཞི་གནས་སུ་དག་པ་དང་། དབྱེར་མེད་པ་སྟེ། སྡོམ་ཚིག་ལས། སྟག་གདོང་དཀར་མོ་ལྕགས་ཀྱུ་འདྲེན། ། ཕག་གདོང་ནག་མོ་མཆེའ་ཞགས་ཅན། །ལྕགས་སྒྲོག་དམར་མོ་ཉི་ཟླའི་སྤྱན། །ཐལ་བྱེད་དྲིལ་བུ་སྣ་ཚོགས་མདོག །ཅེས་གལ་པོ་ནས་གསལ་ལོ། །སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས། གཙོ་ཡང་ཟེར། དབང་མོ་རྣམས། སླས་ནི་ཆུན་མར་བྱས་པའོ། །བྱི་མོ་ནི་དྲེགས་པ་ཅན་མ་ཚོར་བར་དཔལ་གྱིས་བཀོག་དུ་དབང་དུ་བྱས་པའོ། །བྲན་མོ་ནི་དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་ནས་ལྷག་མ་ཟ་ཞིང་། ཅི་བགྱིའ་ཞེས་བྲན་དུ་ཁས་བླངས་སོ། །དེ་རྣམས་ཀྱི་ནང་ནས་གཙོའ་མོ་ནི། བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །ཞེས། བཅུ་ཚན་གཉིས་ལ་ཉི་ཤུ་ཐམ་པ། བརྒྱད་ནི་དེའི་སྟེང་དུ་བརྒྱད་དེ། ཉི་ཤུ་རྩ་བརྒྱད་དོ། །མཛེས་ནི། དཀྱིལ་འཁོར་བར་ཁྱམས་ཕྱི་མ་ལ་བཀོད་པས། དཀྱིལ་འཁོར་གྱི་བརྒྱན་དུ་བསྣང་བའོ། །རང་གི་བསྟན་དང་ལག་ཆ་དང་། །ཞེས། རང་གི་གདན་ནི། ཟ་འུག་གི་སྟེང་ན་ཞིང་སྐྱང་པ་རེ་རེའོ། །ལག་ཆ་ནི། སྡོམ་ཚིག །གལ་པོ་ལས། སྲིན་མོ་སྨུག་ནག་རྡོ་རྗེ་ཐོད་རློན་འཆང་། ཅེས་པ་ལ་སོགས་པ་དང་། ལྷ་མོ་སྒྱུ་འཕྲུལ་ནས། མཁའ་འགྲོ་ཞལ་ཅིག་ཕྱག་དྲུག་དུ་བཤད་པ་ལ་སོགས་པ་ལེའུ་བཅོའ་ལྔ་པར་བཤད་པའ་གསལ་ལོ། །ཅི་བགྱིའ་ཞེས་ནི་ཆས་ཏེ་གནས། །ཞེས། དཔལ་ཆེན་པོ་ལས་སམ། དཔལ་ཆེན་པོ་དང་དབྱེར་མེད་པར་གནས་པའི་རྣལ་འབྱོར་པའི་ལས་ཐམས་ཅད་ལ་བརྩོན་ཞིང་དང་དུ་ལེན་པའི་ཕྱིར་ན་ཅི་བགྱིའ་ཞེས་བྱོན་དེ་དལ་དུ་གནས་པའོ། ༈ །ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། འགྲོ་བ་རིགས་དྲུག་གི་འཇིག་རྟེན་དྲུག་གི་རེ་རེའི་ཕྱོགས་བཅུ་ཐམས་ཅད་དུ། འབར་བའི་དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་གསལ་བར་འགྱུར་ཏོ། །ཞེས། འབར་བ་ནི་ཐུགས་ལ་ཡེ་ཤེས་ཡེས་སྟོང་པ་འབར། སྐུ་ལ་བསྐལ་པའི་མེ་འབར། ཁྲོ་བོའི་དཀྱིལ་འཁོར་གདུལ་བྱའི་སྣང་བ་ལ་གསལ་བར་གྱུར་ཏོ། ༈ །གསང་པ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྟོག་པར་ཀ་བས་གསང་བ་བཅུ་འདུས་པས་སྙིང་པོ། མ་ནོར་བས་དེ་ཁོ་ན་ཉིད། མ་བཅོས་པས་ངེས་པའོ། །ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།སྐུ་ཁྲོ་ཚུལ་དང་བབས་ཤིང་འབར་བའི་གར་དགུ་དང་ལྡན་པས་ན་ཁྲོ་བོ་དེའི་སྐུའི་དཀྱིལ་དཁོར་གདུལ་བྱ་ལ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས། གོང་གི་དཀྱིལ་འཁོར་དེ་དག །མཆོད་པས་མཉེས་པར་བྱེད་པས་དེ་ནས་སོ། །མཆོད་པའི་གནས་དང་། མཆོད་པའི་རྫས་དང་། མཆོང་མཁན་བདག་དང་གསུམ་དབྱེར་མེད་པར་གནས་པའི་དགྱེས་པ་ཆེན་པོ་ཏེ། སྟོན་པ་བཅོམ་ལྡན་འདས་ཉིད་དགྱེས་པ་དང་ལྡན་པས་ན་ཆེན་པོའོ། །མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས། མཉེས་པ་ནི། རྨད་དུ་བྱུང་བའི་མཆོད་པ་བཞི་སྟེ། སྒྲོལ་བ་དང་། སྦྱོར་བ་དང་། བདུད་རྩི་དང་། འདོད་ཡོན་ལྔའི་མཆོད་པ་ནི། ཐེག་པ་འོག་མ་བ་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ། དེ་ལྟ་བུ་རྟོགས་པར་བཀའ་བ་འདི་རྟོགས་པར་བྱ་བའི་ཕྱིར་བརྗོད་དོ། ༈ །དེ་ལ་མཆོད་སྦྱིན་དམ་པ་འདི། །ཞེས། དེ་ལྟ་བུའི་མཆོད་པ་བྱེད་དེ་ལ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། སེམས་ཅན་ལ་སྦྱིན་པ་གཏང་བའི་ཐབས་དམ་པ་འདི་ཞེ་འམ། ཡང་ན་སངས་རྒྱས་རྣམས་ལ་མཆོད། མ་མོ་རྣམས་ལ་སྦྱིན། འཁོར་གསུམ་ཡོངས་སུ་དག་པས་དམ་པའོ། །ཐོག་མར་བདག་ཉིད་རྟོག་བསྒོམས་བསྒྲལ། །ཞེས། རྟོགས་པས་བདག་སྒྲལ་བ་ནི། དང་པོའམ་ཐོག་མར་བདག་ཉིད་ཀྱིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་རང་བཞིན་དུ་དབྱེར་མེད་པར་གཅིག་པའི་དོན། ཤེས་རབ་ཀྱིས་ཀྱང་ཚིག་ཙམ་མ་ཡིན་པར་རྟོགས་ལ། རྟོགས་པ་དེའི་དོན་ལ་ཏིང་ངེས་ཀྱང་རྩེ་གཅིག་དུ་བསྒོམས་པས། རྟོགས་པ་མངོན་དུ་གྱུར་པའི་དུས་ན། ཅི་སྤྱད་ཀྱང་སྐྱོན་གྱིས་མི་གོས་པ་དེ་ལ་ནི་རྟོགས་པས་བདག་སྒྲལ་ལོ། །དེ་ནས་གཉེས་མེད་བློ་ཡིས་ནི། །ཞེས། དེ་ནས་ཐུགས་རྗེས་གཞན་སྒྲལ་བ་ནི། གོང་གི་གཉིས་སུ་མེད་པར་རྟོགས་པའི་ཤེས་རབ་ཀྱི་བློ་དང་ལྡན་པ་དེ་ཡིས་ནི། བློ་ངན་འཇིག་རྟེན་སྙིང་རེ་རྗེ། །ཞེས། གཉིས་སུ་མེད་པའི་དོན་མ་རྟོགས་པའི་བློ་འཁོར་བ་འམ་འཇིག་རྟེན་ན་གནས་པ་ལ། སྙིང་རྗེ་ཆེན་པོས་དེ་བླ་ན་མེད་པའི་བྱང་ཆུབ་དུ་སྒྲལ་བར་དམ་བཅས་པ་ལ། གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས། གང་སྒྲལ་བ་དེ། ཡེ་ཤེས་ཀྱི་ལྷ་དང་གཉིས་སུ་མེད་པར་སྒྲལ་བར་བྱ། དེ་ཡང་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། རྒྱལ་བའི་རིགས་ངེས་པའི་སྲས་སུ་སྒྲལ་ཞིང་གནས་སྤར་བར་བྱའོ། །སྒྲོལ་བ་ཞེས་བྱ་བའི་དཔེའ་ནི། དཔེར་ན་ཆུ་ཆེན་པོ་ལ། མི་འམ་རྫས་ཞིག་སྒྲོལ་ན། བདག་ཀྱང་སྐྱལ་ཆེན་པོ་འམ། ཡང་ན་གྲུ་གཏོང་བའི་སྐྱ་ཐབས་ལ་མཁས་པ་ཞིག་གིས། ཆུ་ལ་སྒྲལ་ན་ནི། རྫས་ཀྱང་ཕ་རོལ་དུ་ཐོན་ལ། རང་ཡང་ཆུར་མི་འཆིའ་བ་ཡིན་ནོ། །ཡང་སྐྱལ་ཡང་མི་ཤེས་ལ། གྲུ་གཏོང་བའི་སྐྱ་ཐབས་ལ་ཡང་མི་མཁས་ན། རྫས་ཀྱང་ཕ་རོལ་དུ་མི་སྒྲོལ་ལ། རང་ཡང་ཆུར་འཆིའ་བའོ། །དཔེ་དང་འདྲ་བར། བདག་ཤེས་རབ་དང་ཏིང་ངེ་འཛིན་དུ་མི་ལྡན་པས། གཞན་སྒྲལ་ན་ནི། སྒྲལ་བ་བྱ་བའི་ཡུལ་དེ་ཡང་གནས་མི་སྟོབས་ལ། བདག་ཀྱང་སྒྲིབ་པས་གོས་ནས་རྟག་ཆད་ཀྱི་མཐར་འཆི་བའོ། །དེ་བས་མཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དོན་ཤེས་རབ་ཀྱིས་ཀྱང་ཚིག་ཙམ་མ་ཡིན་པར་རྟོགས་ལ། རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་ཀྱང་རྩེ་གཅིག་དུ་སྒོམས་ནས། རྟོགས་པའི་དོན་མངོན་དུ་གྱུར་པའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པས་སྒྲལ་ན་ནི། གང་སྒྲལ་བ་ཡང་གནས་སྟོབས་ལ། བདག་ཉིད་ཀྱང་སྒྲིབ་པས་མི་གོས་ཀྱི་སྟེང་དུ་ཡང་ཐར་པའི་གྲོགས་ཆེན་པོར་འགྱུར་རོ། །འཁྲིལ་པའི་མཆོད་ཆེན་མཉམ་སྦྱོར་བས། །ཞེས། སྦྱོར་བའི་མཆོད་པའི་དོན་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་འཁྲིལ། རྟགས་ཡབ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པར་འཁྲིལ། ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཉམ་པའི་ལྷག་པའི་བྱང་ཆུབ་སེམས་སྦྱོར་བའི་མཆོད་པས་མཆོད་པ་དེ་ནི། མཆོད་པ་ཐམས་ཅད་ཀྱི་ནང་ན་ནན་ཏན་གྱི་མཆོད་པ་ཡིན་པས་མཆོད་ཆེན་ནོ། །དེ་གང་ལས་བྱུང་ན། ཡབ་ཡུམ་དགོངས་པ་ཐམས་ཅད་ཚང་བའི་དབང་པོ་མཉམ་པར་སྦྱོར་བ་ལས་བྱུང་བས་ན། མཉམ་སྦྱོར་བས་ཞེས་བྱའོ། །བདག་ཉིད་མཉེས་པས་མཉེས་པར་བྱ། །ཞེས། དེ་ལྟར་བྱང་ཆུབ་སེམས་བདེའ་བ་ཆེན་པོས། བདག་ཉིད་མཆོད་ཅིང་མཉེས་པས། ཡེ་ཤེས་ཀྱི་ལྷ་ལ་ཡང་མཆོད་ཅིང་མཉེས་པར་བྱའོ། །མཉམ་པའི་གྲུབ་རྫས་ཆེན་པོ་དག །ཅེས། བདུད་རྩིའི་མཆོད་པ་ནི། བསྒྲུབ་པར་བྱ་བའི་རྒྱལ་བ་རིགས་ལྔ་དང་། རྟེན་པར་བྱ་བའི་དམ་རྫས་ལྔ་དབྱེར་མེད་པ་མཉམ་པའི་རྫས། ལྔ་པོ་དེ་ལ་ནི་གྲུབ་པ་བཞིའི་མཚན་ཉིད་དང་ལྡན་པས་ན་གྲུབ་པའི་རྫས་ཞེས་བྱ། རྫས་དེ་ཉིད་སངས་རྒྱས་རིགས་ལྔ་དང་། དབྱེར་མེད་པར་ལུས་ལ་ཁམས་བདུད་རྩིར་གནས་པས་ན་ཆེན་པོའོ། །ཡེ་ནས་རིགས་ལྔར་སངས་རྒྱས་པས་དག་ཅེས་བྱའོ། །མཉམ་སྦྱོར་ནི་མཉམ་པ་བཞི་སྟེ། དང་པོ་ལུས་མཉམ་པ་ནི། ཡབ་ཡུམ་གཉིས་ཀ་ལུས་སྐྱེས་པའི་རིམ་པ་བསྒོམ་ནུས་པར་མཉམ་པས། དབང་པོ་སྣོལ་མར་བྱིན་གྱིས་རློབ་ནུས་སམ། གཉིས་པ་དག་མཉམ་པ་ནི། ཡབ་ཡུམ་གཉིས་ཀ་ཟླས་བརྗོད་སྙིང་པོ་འདྲ་བའོ། །གསུམ་པ་འདོད་པ་མཉམ་པ་ནི། ཡབ་ནི་ཡུམ་ལ་རྟེན་ནས་སངས་རྒྱས་ཐོབ་པར་འདོད། ཡུམ་ཡབ་ལ་རྟེན་ནས་སངས་རྒྱས་ཐོབ་པར་འདོད་པའོ། །བཞི་པ་གནས་དང་མན་ངག་མཉམ་པ་ནི་གཉིས་སྟེ། གནས་དག་པ་དང་། མན་ངག་གིས་ཟིན་པའོ། །གནས་དག་པ་ནི་གཉིས་སྟེ། ཡབ་དག་པ་དང་། ཡུམ་དག་པའོ། །ཡབ་དག་པ་ནི། ལྟ་སྤྱོད་དམ་ཚིག་གིས་རང་རྒྱུད་ལ་གོས་པའོ། །ཡུམ་དག་པ་ནི་གཉིས་སྟེ། སྐྱེ་བས་དག་པ་དང་སྦྱངས་པས་དག་པའོ། །སྐྱེ་བས་དག་པ་ནི། པང་ཅན་མ་དང་། དུང་ཅན་མ་དང་། བན་རླང་ཅན་དང་། རི་དྭགས་ཅན་དང་། ལྕུག་ཕྲན་མ་སྟེ་མཚན་དང་ལྡན་པའོ། །སྦྱངས་པས་དག་པ་ནི། ཐོས་བསམ་གྱིས་རྒྱུད་སྦྱངས་པ་དང་། སྡོམ་པས་རྒྱུད་དག་པ་དང་། དབང་གིས་སྨིན་པར་བྱས་པ་དང་། སྦྱོང་བའི་མན་ངག་གིས་དག་པའོ། །མན་ངག་གིས་ཟིན་པ་ནི་ལྔ་སྟེ། དང་པོར་དབབ། བར་དུ་བཟུང་། ཐ་མར་ཟློག །དེ་ཉིད་ཁྱབ་པར་བྱ། མཐར་མི་ཉམས་པར་སྲུང་ངོ་། །དང་པོར་དབབ་པ་ནི། བདེ་བ་བཞི་ལས། བདེ་བ་དང་། མཆོག་བདེའ་གཉིས་དབབ་སོ། །བར་དུ་བཟུང་བ་ནི། བདེ་བྲལ་གྱི་བདེའ་བ་ལ་ཐེག་ལེ་བཟུང་ངོ་། །ཐ་མ་ཟློག་པ་ནི། ལྷན་གཅིག་སྐྱེས་པ་པའི་བདེ་བ་ལས་གྱེན་དུ་སྤྱི་བོར་ལོག་གོ། །དེ་ཉིད་ཁྱབ་པར་བྱ་བ་ནི། ལུས་ཡོངས་ལ་ཁྱབ་པར་དགྲམ་པའོ། །མཐར་ཟག་མེད་ཀྱི་བདེའ་བ་དེ་མི་ཉམས་པར་བསྲུང་ངོ་། །དེ་ལྟ་བུར་མཉམ་པར་སྦྱར་ནས། བདག་ཉིད་ཡབ་ཡུམ་གཉིས་ལོངས་སྤྱོད་བདག་མཉེས། སངས་རྒྱས་ཡུམ་གྱི་མཁའ་ལ་སྤྱན་དྲངས་ནས་མཆོད་པས་སངས་རྒྱས་ཀྱང་མཉེས་པའོ། །གྲུབ་པ་ནི་གྲུབ་པ་བཞིའི་མཚན་ཉིད་དེ། དང་པོ་ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་ནི། ཀུན་གྱིས་སྒྲུབ་ཅིང་དོན་དུ་གཉེར་བར་བྱ་བ་ནི། རྒྱལ་བ་རིགས་ལྔ་དང་། ཆོས་ཉིད་མ་སྐྱེས་པ་གང་ཡིན་པ་དང་། ཀུན་གྱིས་སྨད་ཅིང་བསྲུང་བར་བྱ་བའི་དམ་རྫས་ལྔའི་ཆོས་ཉིད་མ་སྐྱེས་པ་གང་ཡིན་པ། མ་སྐྱེས་པའི་ངང་དུ་དབྱེར་མེད་ཅིང་ཐ་མི་དད་པས་ནི། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་ཞེས་བྱའོ། །གཉིས་པ་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཉིད་མེད་པས། མེས་ཅི་སྟེ་སྲེག །ཆུས་ཅི་སྟེ་འདག །ཨ་རུ་ར་དང་དུར་བྱིད་ཀྱིས་ཅི་སྟེ་འཁྲུ་བ་མེད་ཅེས་པའོ། །མེ་རང་གི་མཚན་ཉིད་ཀྱིས་སྲེག་ལ། ཆུས་རང་གི་མཚན་ཉིད་ཀྱིས་འདག །ཨ་རུ་ར་དང་དུར་བྱིད་རང་གི་མཚན་ཉིད་ཀྱིས་འཁྲུའ། དེ་བས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མེད་དོ། །འོན་ཏང་དམ་རྫས་ལྔ་པོ་འདི་རྟེན་པས་ཅི་ཏེ་འགྲུབ་བྱ་བ་མེད་དེ། དམ་རྫས་འདི་རྟེན་པས་རང་གི་མཚན་ཉིད་ཀྱིས་འགྲུབ་ཅིང་། སངས་རྒྱས་པས། ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་བྱའོ། །གསུམ་པ་ཏིང་ངེ་འཛིན་གྱིས་གྲུབ་པ་ནི། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དམ་རྫས་རྣམ་པ་ལྔ་པ་འདིའི་རང་བཞིན་མཁྱེན་ཅིང་ཐུགས་སུ་ཆུད་ནས། སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་ནས། རྟེན་ཅིང་དང་དུ་བླངས་པའི་མཐུའ་མཉེས་ལ། ད་ལྟ་དང་མ་འོངས་པའི་རྣལ་འབྱོར་པས་ཀྱང་། དམ་རྫས་ལྔ་པོ་འདིའི་རང་བཞིན་རྟོགས་པར་བྱས་ནས། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་པའི་འཐུས། གྲུབ་པ་མཉེས་པར་འགྱུར་ལ། བྱིན་གྱིས་རླབས་ཀྱིས་ཀྱང་གྲུབ་པའོ། །བཞིས་འཐུས་གྲུབ་པ་ནི། དམ་རྫས་འདི་དག་ལ་སོ་སོའི་གྲུབ་པ་རེ་རེ་ཡོད་དེ། དེ་ཡང་ཤ་ཆེན་རྟེན་པས་འཐུའ་ཆེ། པདྨ་རག་རས་མདངས་གསལ། གུར་གུམ་ཆུས་དབྱངས་སྙན། བྱང་ཆུབ་སེམས་ཀྱིས་ཚེ་རིང་། དྲི་ཆེན་གྱིས་མཛེའ་ཐུབ་པས་སོ། །དེ་བས་ན་ནུས་འཐུས་གྲུབ་པའོ། །དེ་ཡང་ཐལ་བའི་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་རང་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གི། །ནུས་འཐུས་ངེས་པར་འབྱུང་བ་འགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །ཕྱོགས་དུས་ཀུན་ནས་བྱིན་གྱིས་བརློབ། །ཞེས་གསུངས་པས་ལེགས་པར་གསལ་ལོ། ། ༅། །གཏར་ཀས་གགས་གསལ་བ་ནི། རྫས་གཞན་ལ་གྲུབ་པ་མེད་པར། དམ་རྫས་ལྔ་ལ་གྲུབ་པ་ཡོང་བ་ཅི་ཞེ་ན། འདི་ལྟ་ལྟེ། རྫས་གཞན་ལ་གྲུབ་ཡོད་ཡང་མ་སྨོས་སྟེ། རྫས་གཞན་ལ་མི་རྩང་བའི་རྟོག་པ་མེད་པའི་ཕྱིར་རོ། །དམ་རྫས་བདུད་རྩི་ལྔ་ལ་རྩང་རྨེའི་རྟོག་པ་བསལ་བའི་ཕྱིར་གྲུབ་པ་བཞི་སྨོས་པ་ཡིན་ནོ། །བདག་དང་མཉམ་པའི་ཚོགས་ལ་འབུལ། །ཞེས། དེ་ལྟར་བསྒྲུབ་པ་ཆེན་པོ་བདུད་རྩི་ལྔ་ནི། བདག་ཀྱང་རྟེན་ཅིང་སྤྱད་ལ། བདག་དང་བདེ་བར་གཤེགས་པ་དོན་དམ་པར་མ་བསྐྱེས་པར་མཉམ། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མཉམ། དོན་དམ་པ་དང་ཀུན་རྫོབ་ཀྱང་དབྱིངས་མེད་པར་མཉམ། དེ་ལྟར་བདག་དང་ལྷ་ཐམས་ཅད་ནས་ཐམས་ཅད་དུ་དབྱེར་མེད་པར་མཉམ་པའི་བདེ་བར་གཤེགས་པ་ལ་འབུལ་ལོ། །བཟའ་དང་བཅའ་དང་བཏུང་དང་བགོའ། །ཞེས། འདོད་པའི་ཡོན་ཏན་ལྔ་ཆོས་ཉིད་ཀྱི་རྐྱེན་དུ་རིག་པ་ནི། འདོད་པའི་ཡོན་ཏན་ལྔ་ཉིད། ཆོས་ཉིད་མ་སྐྱེས་པའི་རྒྱན་དུ་གྱུར་པའོ། །བཟའ་བ་ནི་བཤོས་དང་ཀྲུམས་ལ་སོགས་པའོ། །བཅའ་བ་ནི་རུས་པའམ། ཡོས་ཀྱི་རྣམ་པ་མང་ས་ལ་སོགས་པའོ། །བཏུང་བ་ནི་ཆང་གི་རྣམ་པ་མང་པོ་ལ་སོགས་པའོ། །བགོའ་བ་ནི་གོས་སྟེ། ཞི་བའི་ཆས་ལྔ་དང་། ཁྲོ་བོའི་དུར་ཁྲོད་ཆས་བརྒྱད་ལ་སོགས་པའོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །ཞེས། མདོར་ན་འདོད་པའི་ཡོན་ཏན་ལྔ་ནི། གཟུགས་ནི་ལྷ་མོ་དཀར་མོ་མེ་ལོང་ཐོགས་པར་བྱིན་གྱིས་བརླབ། དེ་བཞིན་དུ་སྒྲ་ནི་སྔོན་མོ་པི་ཝང་ཐོགས་པ། དྲི་ནི་སེར་མོ་སྤོས་ཁང་ཐོགས་པ། རོ་ནི་དམར་མོ་ཞལ་ཟས་ཐོགས་པ། རིག་ནི་ལྗང་ཁུ་ལྷའི་ན་བཟའ་ཐོགས་པ། ཆོས་ནི་མཐིང་ཀ་གྲུ་གསུམ་ཐོགས་པར་བྱིན་རླབ་ཏེ། མདོར་ན་འདོད་པའི་ལོངས་སྤྱོད་ལྔ་དང་ལྡན་པ་ཐམས་ཅད། ལྷ་དང་ལྷ་མོའི་དཀྱིལ་འཁོར་རང་རང་ཐིམ་པར་དབུལ་བར་བྱའོ། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཞེས་བདག་ཀྱང་ལྷའི་དཀྱིལ་འཁོར་དུ་བསྒོམས་ལ། ཟས་དང་ལོངས་སྤྱོད་ཀྱང་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ལ། ལྷ་ལ་ལྷ་ཐིམ་པའམ། ཆོས་ཉིད་ལ་ཆོས་ཉིད་ཐིམ་པའི་ཚུལ་དུ་མཆོད་དོ། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དེ་ལྟར་མཆོད་པའི་ཡོན་ཏན་ནི། ཕྱོགས་བཅུ་ན་བཞུགས་ཤིང་། དུས་བཞིར་གཤེགས་པ་ཡི། བདེའ་གཤེགས་ཡོན་ཏན་སྨད་པོ་ཆེ། །བདེ་བར་གཤེགས་པའི་ཡོན་ཏན་སྐུ་དང་ཡེ་ཤེས་ནི། ངོ་མཚར་རྨད་དུ་བྱུང་བས་ན་སྨད་པོ་ཆེ་ཡིན་ལ། གཞན་ནས་ཡོད་པ་མ་ཡིན་ཏེ། །དེ་ཡང་གཞན་ན་ཡོད་པ་མ་ཡིན་ཏེ། རང་ལ་རང་ཆས་སུ་ཡོད་པས། གོང་མ་ལྟར་མཆོད་པ་བྱས་པས། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡང་འགྲུབ་པར་འགྱུར་ན། ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །ལྷ་དང་། སྲིན་པོ་དང་། མིའི་རྒྱལ་སྲིད་ལྟ་བུ་དང་། ལ་བསོགས་པ་ནི། ཚེ་རིང་བ་དང་། རིགས་རྒྱུད་འཕེལ་བ་དང་། དབང་དུ་གྱུར་པ་སྟེ། མདོར་ན། ལྷ་དང་མིའི་རྒྱལ་སྲིད་ལ་སོགས་པ་འགྲུབ་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་སྟེ། འགྲུབ་པ་ཐེ་ཚོམ་མི་ཟ་བའི་ཚིག་གོ། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཞེས། དེ་གྲུབ་པའི་རྒྱུ་བསྟན་པ་ནི། རྣལ་འབྱོར་གྱི་དོན་རྟོགས་ཤིང་། ལྷའི་རྣལ་འབྱོར་གྱིས་ཏིང་ངེ་འཛིན་ལས་སུ་རུང་བ་རྣམས་ཀྱི་ནི། སྒྲུབ་པའི་ཐབས་ཀྱང་འདི་ཁོ་ན་ལྟ་བུ་ཡིན་ལ། འདི་ལྟར་བསྒྲུབས་ན། གྲུབ་པའི་འབྲས་བུ་ཡང་འགྲུབ་ངེས་བྱ་བའི། ཡིད་གཉིས་མེད་པ་དང་ལྡན་པས། འགྲུབ་ངེས་པའི་གདོང་གིས་གཅད་དེ་སྒྲུབ་བོ། ། ༅། །རྣལ་འབྱོར་ཞེས་པ། མཚན་ཉིད་ཀྱི་ལུགས་ལྟར་ན། ཆོས་ཉིད་ཀྱི་མཚན་མ་ཐམས་ཅད་ནི་ཞི་བ། སུས་ཀྱང་མ་བཅོས་པའི་དོན་གྱི་རྣལ་མ་ལ། དེ་རྟོགས་པའི་ཡེ་ཤེས་ལྷག་འཐོང་རིག་པའི་བློས་འབྱོར་བས་རྣལ་འབྱོར། ཡོ་ག་ཕྱི་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། མཚན་མ་མེད་པའི་ངང་ལས་མ་གཡོས་བཞིན་དུ། སྐུ་གསུང་ཐུགས་ཀྱི་མཚན་མའི་རྣམ་པར་ཡང་གསལ་ལ། མཚན་མ་གསལ་བཙམ་ན་མཚན་མ་མེད་པའི་ངང་ལས་མ་གཡོས་སྟེ། མཚན་མ་དང་མཚན་མ་མེད་པ་གཉིས་མེད་པའི་དོན་ནི། མ་བཅོས་རྣལ་མ་ཡིན་ལ། དེ་ནི་སངས་རྒྱས་དང་སྐུ་གསུང་ཐུགས་ཀྱི་ཆོས་ཐམས་ཅད་ཀྱི་ངང་དུ་འབྱོར་བ་འམ། ཡངས་སངས་རྒྱས་དང་ཆོས་ཐམས་ཅད་དེའི་རང་བཞིན་དུ་འབྱོར་བའོ། །མ་ཧཱ་ཡོ་ག་བ་ནི། ཡབ་ཡུམ་ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་གྱི་རྣལ་མ་ལ། ཆེ་བའི་ཡོན་ཏན་གྱི་དངོས་གྲུབ་ཕུན་སུམ་ཚོགས་པར་འབྱོར་པས་ན་རྣལ་འབྱོར་རོ། །རྫོགས་པ་ཆེན་པོ་ནི། སེམས་དང་སེམས་སྣང་བའི་ཆོས་ཐམས་ཅད། འཕྲལ་ལ་ལམ་གྱིས་མ་བསྒྲུབས། གཉེན་པོས་མ་བཅོས། ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་རང་བཞིན། དོན་གྱི་རྣལ་མ་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་འབྱོར་བའམ། ཆོས་ཐམས་ཅད་སངས་རྒྱས་པའི་རང་བཞིན་དུ་འབྱོར་བའོ། །དེ་ལྟ་བུའི་རྣལ་འབྱོར་གྱི་དོན་རྟོགས་ཤིང་ཞེས་བྱ་བའི་དོན་ནོ། །ཕྱག་རྒྱ་ཆེན་པོར་རྫོགས་གྱུར་ཅིང་། །ཞེས། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བསྒོམས་པ་དང་། ཡོ་བྱད་རྫོགས་པར་མ་ལུས་པར་གྱུར་ཅིང་། གསལ་བའི་ཡིད་གཉིས་མེད་པ་ན། །ཞེས། མཉམ་པ་ཉིད་ཀྱི་ཤེས་རབ་གསལ་བའི་སྒྲུབ་པའི་ཐབས་ནི། དེ་ལྟར་ཡིན་ནམ་མ་ཡིན་ནམ། གྲུབ་བམ་མི་གྲུབ་བམ་གྱི་ཡིད་རྩེ་གཉིས་མེད་པས་སྒྲུབས་ན། དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས། དཀྱིལ་འཁོར་ཆེན་པོ་འོད་འབར་བ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་བཟོད་སྦྱོར་སྒྲོལ་ལ་སོགས་པའི་གཞན་དོན་བྱའོ། །ཞེས་བརྗོད་པས། མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། ༈ །གསང་པ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཆོད་སྦྱིན་བདེ་བར་གཤེགས་པའི་དཀྱིལ་འཁོར་ལ་མཆོད་ཅིང་། སེམས་ཅན་ལ་སྦྱིན་པའི་ཐབས་དམ་པ་བསྟན་པའི་ལེའུ་སྟེ་བཅྭོའ་བརྒྱད་པའོ།། ༈ །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས། བསྒྲུབ་པ་བྱ་བའི་དམ་ཚིག་རིགས་ལྔས་ཕུང་པོའི་བདུད་བཅོམ། མི་སྤང་བའི་དམ་ཚིག་ཉོན་མོངས་པ་ལྔ་ཡེ་ཤེས་སུ་གསལ་བས་ཉོན་མོངས་པའི་བདུད་བཅོམ། ཤེས་པར་བྱ་བའི་དམ་ཚིག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོའི་རང་བཞིན་འདིས་འཆི་བདག་བདུད་བཅོམ། དང་དུ་བླང་བའི་དམ་ཚིག་དམ་རྫས་ལྷའི་བུའི་བདུད་བཅོམ་མོ། །མཆོད་པ་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྲུང་བའི་དམ་ཚིག་སྟོན་པས་ན་དེ་ནས། སྟོན་པ་བཅོམ་ལྡན་འདས་དེས། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པ་ལ་དགྱེས། དོན་ཡོད་པར་བྱ་བའི་ཕྱིར། དམ་ཚིག་དག་ཅིང་རྩང་ན་སྒྲུབས་པའི་འབྲས་བུ་ཆུད་མི་ཟ་བར་བསྒྲུབས་པས་ན། ལམ་དང་འབྲས་བུ་ལ་དོན་ཡོད་པའོ། །དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་དོན་ཡོད་པ་ནི་དམ་ཚིག་གི་དགོས་ཆད་དེ། གོང་དུ་བྱང་ཆུབ་སེམས་སྐྱེད་པ་དང་། དཀྱིལ་འཁོར་དགོད་པ་དང་། སྤྱན་དྲངས་ཤིང་མཆོད་པ་དབུལ་བ་དང་། དངོས་གྲུབ་བསྒྲུབ་པ་དང་། འོག་ནས་འབྱུང་བའི་ལས་རྣམ་བཞི་རྩམ་པ་ལ་སོགས་པ་ཡང་། དམ་ལ་མི་གནས་ཤིང་དམ་ཉམས་པ་གྱུར་ན་བྱས་པ་ཆུད་ཟོས་ཏེ། དོན་མེད་པར་འགྱུར་ལ། དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་བསྲུངས་ན། གོང་མ་རྣམས་ཡང་བྱས་པ་དོན་ཡོད་ཅིང་ཆུད་མི་ཟ་བར་འབྱུང་སྟེ། མཚན་ཉིད་ཀྱི་ཐིག་པ་ལས་ཀྱང་། ཇི་ལྟར་ས་གཞིའི་སྐྱེ་འཁྲུངས་ཀུན་གྱི་གཞི། ས་ལ་རྟེན་ནས་དགེ་བའི་ལོ་ཐོག་སྐྱེད། དེ་བཞིན་འདུལ་བའི་སྡོམ་པ་སོགས་ཀུན་གྱི་གཞིའ། འདི་ལ་རྟེན་ནས་དགེ་བའི་ལོ་ཐོག་སྐྱེད། ཅེས་འབྱུང་སྟེ། མཚན་ཉིད་ཀྱི་ཐིག་པའི་གཞུང་གིས་ཀྱང་། ཚུལ་ཁྲིམས་སྡོམ་པ་མ་ཉམས་པར་སྲུངས་ན། དགེ་བའི་རྩ་བ་ཅི་སྤྱད་པ་ཀུན་ཀྱང་ཆུད་མི་ཟ་ཞིང་འབྲས་བུ་ཡོད་པ་བསྟན་ལ། སྔགས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་ཀྱང་། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་ན། དགེ་བའི་རྩ་བ་ཆུད་མི་ཟ་ཞིང་འབྲས་བུ་ཡོད་པར་འགྱུར་བས། དོན་ཡོད་པར་བྱ་བའི་ཕྱིར། སྒྲུབ་པར་བྱ་བའི་སངས་རྒྱས་དང་། སྲུང་བར་བྱ་བའི་དམ་ཚིག་གཉིས་གཉིས་སུ་མེད་པའི་ཕྱིར་རོ། །དེ་བས་ན་དོན་ཡོད་པར་ཞེས་སྨོས་པ་ཡིན་ནོ། །བླ་མེད་ཐེག་པར་རབ་ངེས་ན། །ཞེས། ཐེག་པ་ཆེན་པོའི་ཡང་ཆེན་པོར་གྱུར་པ། གསང་སྔགས་ཀྱི་ཐེག་པ་ནི། ཐེག་པ་བླ་ན་མེད་པ་ཡིན་པས། བླ་མེད་ཐེག་པ། བླ་ན་མེད་པའི་ཚད་ནི། རྟོགས་པ་རྣམ་པ་བཞིའི་གཏན་ཚིགས་ཀྱིས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་སམ། སེམས་དང་སེམས་སྣང་བའི་ཆོས་ཐམས་ཅད། འཕྲལ་ལམ་གྱིས་མ་སྒྲུབས། གཉེན་པོས་མ་བཅོས། ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར། ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན་དུ་གནས་པའི་དོན། ཤེས་རབ་ཀྱིས་ཀྱང་ཚིག་ཙམ་ཡིན་པར་རྟོགས་ནས། རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་ཀྱང་རྩེ་གཅིག་པར་བསྒོམས་པ་ནི། ཐེག་པ་དེར་ངེས་པའི་ཚད་དོ། །ཉོན་མོངས་ལས་རྣམས་ཀུན་སྤྱོད་ཀྱང་། །ཞེས། བསྒོམས་པས་རྟོགས་པ་མངོན་དུ་གྱུར་པའི་དུས་ན། ཉོན་མོངས་ལྔའི་ལས་ཅི་སྤྱད་ཀྱང་སྐྱོན་གྱིས་མི་གོས་ལ། དེ་ཡང་གསོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། ངག་འཁྱལ་པ། གནད་སེམས། གནོད་སེམས། ལོག་པར་ལྟ་བ་ལ་སོགས་པ་ཅི་སྤྱད་ཀྱང་། དེའི་སྐྱོན་གྱི་མི་གོས་སྟེ། སླར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་སུ་འགྱུར་བས་ན། བླ་ན་མེད་པའི་ཐེག་པ་དེར་ངེས་པའི་ཚད་ཡིན་ནོ། ། ༅། །དམ་ཚིག་ཞེས་བྱ་བའི་ངེས་ཚིག་ཡང་། དམ་ནི་མི་འདའ་བ་སྟེ། འོག་ནས་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པ་ལས་མི་འདའ་བ་འམ། དེ་ལྟར་རྣལ་འབྱོར་པས་ཤེས་ཤིང་རྟོགས་པར་བྱ་བ་ལས་མི་འདའ་བའི་ཕྱིར་ཡང་དམ་ཚིག །དེ་ལྟར་རྟོགས་ཤིང་མ་ཉམས་པར་སྲུངས་ན། རིགས་ལྔ་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ་པ་ལས་མི་འདའ་བའི་ཕྱིར་ཡང་དམ་ཚིག །དེ་ལྟར་རྟོགས་ཤིང་མ་ཉམས་པར་སྲུངས་ན། རིགས་ལྔ་ཡེ་ཤེས་ལྔའི་དངོས་གྲུབ་ཐོབ་པར་འགྱུར་བ་ལས་མི་འདའ་བའི་ཕྱིར་ཡང་དམ་ཚིག །དམ་ཚིག་དེ་དག་ལུས་དང་སྲོག་ལ་བབ་ཀྱང་མ་ཉམས་པར་སྲུང་རྒྱུ་ཡིན་པ་ལས། དེ་ལས་འདས་ཤིང་ཉམས་ན། ཤེས་པའི་རྒྱུད་ཐལ་བ་བཞིན་དུ་འཚིག་པས་ཀྱང་དམ་ཚིག །ཡང་ན་རྩ་བ་དང་ཡན་ལག་གི་དོན་སྟོན་པའི་ཚིག་ལ་ཡང་ཚིག་ཅེས་བྱའོ། །ཡང་ན་དམ་ཚིག་གི་མཚན་གྱི་ཁྱད་པར་ཀུན་ཐོབ་ཅིང་འགྲོ་བའི་ཕྱིར་ཡང་དམ་ཚིག་ཅེས་བྱ་སྟེ། དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། ལྷ་དང་མིའི་བདེའ་བའི་གོ་འཕང་ཐོབ་ནས། བླ་ན་མེད་པའི་བྱང་ཆུབ་མི་གནས་པའི་ཡེ་ཤེས་ཆེན་པོར་འགྲོ་བས་ཀུན་ཐོབ་ཅིང་འགྲོ་བའི་ཕྱིར་ཡང་དམ་ཚིག །ཡང་ན་རྟོགས་ཤིང་ཁོང་དུ་ཆུད་པའི་ཕྱིར་ཡང་དམ་ཚིག་སྟེ། དམ་ཚིག་གི་སྡོངས་ལ་གནས་ཤིང་མ་ཉམས་པར་སྲུངས་ན། ཐུན་མོང་མ་ཡིན་པའི་ཤེས་རབ་རང་ཏིང་འཛིན་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་བའོ། །ཡང་ན་འཇིག་རྟེན་ལས་འདས་པའི་སྐུ་དང་ཡེ་ཤེས་མན་ཆད་དང་། འཇིག་རྟེན་པའི་ཉ་དང་ཁྲ་དང་སྤྱང་ཁུ་ཡན་ཆད་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་བས་སོ། །ཡང་ན་གཟུང་བ་ཞེས་ཀྱང་བྱ་སྟེ། དམ་ཚིག་མ་ཉམས་པར་སྲུང་པས་འཁོར་བ་དང་ངན་སོང་དུ་མི་ལྟུང་ཞིང་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་བའི་གཟུངས་སུ་འགྱུར་བས་གཟུངས་ཞེས་ཀྱང་བྱའོ། །ཉེས་པ་དག་ལས་ཟློག་པའི་ཕྱིར་འཛིན་པར་བྱེད་པ་ལ་ཡང་གཟུངས་ཞེས་བྱའོ། ། ༅། །འདིར་ཉོན་མོངས་པ་ལམ་དུ་བྱེད་པ་ལ་བཞི་སྟེ། ཉོན་མོངས་པ་གསང་བ་ཡིན་ནམ་སྒྲག་པ་ཡིན་ཞེ་ན། བློ་ཆུང་བ་ལ་གསང་བ་ཡིན། བློ་ཆེ་བ་ལ་སྒྲག་པ་ཡིན། ཉོན་མོངས་པ་དྲང་དོན་ཡིན་ནམ་ངེས་དོན་ཡིན་ཞེ་ན། མཚན་ཉིད་པ་ལ་དྲང་དོན་ཡིན། གསང་སྔགས་པ་ལ་ངེས་དོན་ཡིན། ཉོན་མོངས་པ་མི་ཡོང་བའི་གཏན་ཚིགས་ཅི་ཡིན་ཞེ་ན་གསུམ་སྟེ། ཉོན་མོངས་པ་ལ་སྤང་བྱ་མ་གྲུབ་པས་མི་སྤོང་བ་ནི། དཔེར་ན་དམིགས་རྒྱུ་ལ་ཆུ་རགས་མི་དགོས་པ་ལྟ་བུའོ། །ཉོན་མོངས་པ་ཐབས་ལ་མཁས་པའི་ལམ་ཡིན་པས་མི་སྤོང་བ་ནི། མེ་ཏོག་གུར་གུམ་གྱི་ནགས་ཚལ་ལྟ་བུའོ། །ཉོན་མོངས་པ་ཆེན་པོ་ཡིན་པས་མི་སྤོང་བ་ནི། རྒྱལ་བའི་དགོངས་པའི་ཞེ་ཕུགས་ཡིན་པས་སོ། །ཉོན་མོང་པ་མ་ཡངས་པའི་དགོས་པ་ནི་གསུམ་སྟེ། ཉོན་མོངས་པ་མ་སྤངས་པར་གྲོལ་ཙམ་ན། ཉོན་མོངས་པ་འཆི་བའི་རྒྱུ་འབའ་ཞིག་ཡིན་མཉམ་པའི་དངོས་པོ་ཕྱོགས་ཅན་དུ་འཛིན་པའི་ཞེན་པ་ཟློག་པ་དང་གཅིག །དེ་ཙམ་ན་ཆོས་ཉིད་ཀྱི་བདེན་པའི་དོན་རྟོགས་པའི་བློ་མྱུར་བ་དང་གཉིས། དེ་ཙམ་ན་ཉོན་མོངས་པ་མ་སྤངས་པར་གྲོལ་པས། གསང་སྔགས་མ་ནོར་བའི་དོན་ཡིན་མཉམ་པས་བཀའ་ཟབ་མོ་ལ་གུས་པའི་སྟོབས་སྐྱེ་བ་དང་གསུམ་མོ། །དེ་བས་ན་ཉོན་མོངས་ལས་རྣམས་ཀུན་ཞེས་སོ། །བྱས་ལ་མི་སོག་ཚོགས་འགྱུར་ཏེ། །ཞེས། དེ་ལྟ་བུའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པས་ནི། དགེ་བའི་ལས་དང་། ལྷའི་ཞལ་ཟས་རྩང་མ་རྟེན་པས་འགྲུབ་པ་ལྟ་ཅི་སྨོས་སྟེ། མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་དང་། ཏིང་ངེ་འཛིན་དུ་ལྡན་པས་ནི། ཀུན་ནས་ཉོན་མོངས་པའི་ཆོས་མི་དགེ་བ་རྣམས་དང་། འདོད་པའི་ཡོན་ཏན་ལྔ་ལ་འཇོལ་ཉག་དུ་སྤྱད་ཀྱང་། སྐྱོན་གྱི་མི་གོས་པའི་ཕྱིར་བྱས་ལ་མི་སོག་ཅེས་སོ། །མཚན་ཉིད་ཀྱི་ཐིག་པའི་ནང་ནས་ཀྱང་། བྱས་ལ་མི་སོགས་པ་དང་། མ་བྱས་པ་ལ་སོགས་པ་ཡོད་དེ། བྱས་ལ་མི་སོག་པ་ནི། ཐོག་མ་ནས་ཞེ་སྡང་གིས་བསད་པར་མ་བསམས་བཞིན་དུ། བློ་འུར་དུ་སེམས་འཁྲུགས་པའམ། འཕྲལ་གྱི་ལས་ཀྱི་རྐྱེན་གྱིས། མི་འམ་སེམས་ཅན་ལག་དུ་ཤི་ན། ཕྱིས་འགྱོད་པ་དྲག་པོས་བར་བཅད་ནས་དགེའ་བའི་ལས་བཤགས་ནས། དེའི་སྒྲིབ་པས་མི་གོས་པར་འགྱུར་བ་ནི་བྱས་ལ་མི་སོག་པའོ། །མ་བྱས་ལ་སོག་པ་ནི། བདག་གི་མ་བྱས་ཀྱང་། གཞན་སྲོག་གཅོད་པ་དང་སྡིག་པ་རླབས་པོ་ཆེ་བྱེད་པ་ལ། དགའ་ཞིང་སྨོན་པ་དང་རྗེས་སུ་ཡིད་རང་བྱེད་ན། མ་བྱས་ཀྱང་བག་ཆགས་ཀུན་གཞིའ་ལ་འཇོག་པར་བྱེད་པས། རྣམ་པར་སྨིན་པའི་འབྲས་བུ་ངན་སོང་དུ་སྐྱེ་བར་འགྱུར་རོ་ཞེས་སྟོན་ཏོ། །གོང་མ་ལྟ་བུའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པ་ལ། ཅི་སྤྱད་ཀྱང་སྐྱོན་གྱིས་མི་གོས་སམ་མི་སོག་པར་མ་ཟད་དེ། དེ་ཉིད་བདག་དང་གཞན་གྱི་དོན་ཚོགས་རྣམ་པ་གཉིས་སུ་འགྱུར་ཏེ། མཚན་མ་གང་ཡང་མི་འགོག་པར་སྤྱོད་པ་ནི། བསོད་ནམས་ཀྱི་ཚོགས། དེ་ཉིད་རང་བཞིན་མེད་པར་རྟོགས་པ་ནི། ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཚུལ་ཁྲིམས་སྡོམ་པ་ཕུན་གསུམ་འཚོགས། །ཞེས་དེའི་གནས་སྐབས་ན་ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་། མ་བསྲུངས་མ་སྤྱད་བཞིན་དུ། ཉེས་བྱས་འགའ་ཡང་མི་གནས་པར། ཕུན་སུམ་འཚོགས་པ་ཉིད་དུ་རྣམ་པར་དག་པར་འགྱུར་བ་བསྟན་ནོ། །འོ་ན་དེ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། ༅། །གསང་སྔགས་ཀྱི་དམ་ཚིག་གི་ནང་དུའོ། །འོག་མའི་སྡོམ་པ་རྣམས་མ་སྲུངས་པར་ཚང་ཞིང་རྫོགས་པ་མི་འགལ་ལམ་བྱ་བའི་ལན་དུ། བླ་མེད་མཆོག་གི་དམ་ཚིག་དུ། ཞེས་པའི་ཚིག་བཞི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་པས། དེས་མི་འགལ་བའི་འཐད་པ་བསྒྲུབ་བོ། ། ༅། །འདིར་གཏར་ཀས་གགས་གསལ་བ་ནི། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་འཚོགས་ཞེས་པ་ནི། དེ་ལ་ཐེ་ཚོམ་ཞིག་རྒལ་ཏེ། མཉམ་པ་ཉིད་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་དུ་ལྡན་པས། ཅི་སྤྱད་ཀྱང་སྐྱོན་གྱི་མི་གོས་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ནི་རུང་ན། དེའི་གནས་སྐབས་ན་ཉན་ཐོས་ཀྱིས་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་སྡོམ་པ་ཀུན་ཡང་ཉེས་བྱས་འགའ་ཡང་མེད་པར་སླར་ཕུན་སུམ་འཚོགས་པ་ཉིད་དུ་རྣམ་པར་དག་པ་དེ་སྟུབས་སམ། མི་འགལ་ལམ་ཞེ་ན། དེ་མི་འགལ་ཏེ། དཔེར་ན་ཕུལ་གྱི་ནང་དུ་བྲི་མི་ཤོང་ལ། བྲེའི་ནང་དུ་ན་ཕུལ་ཤོང་བ་དང་འདྲ་བར། ཐེག་པ་ཆུང་ངུའི་ནང་དུ་ནི་ཐེག་པ་ཆེན་པོའི་དོན་མི་ཤོང་ལ། ཐེག་པ་ཆེན་པོའི་ནང་དུ་ནི་ཐེག་པ་ཆུང་ངུ་དོན་ཐམས་ཅད་ཤོང་བའོ། །དེ་བས་ན་ཆེ་ཆུང་ཞེས་བྱའོ། །བླ་མེད་མཆོག་གི་དམ་ཚིག་དུ། ཞེས། གོང་མ་དེའི་ལན་དུ་ནི། གསང་སྔགས་ཀྱི་ཐིག་པ་ནི། ཐེག་པ་ཆེན་པོའི་ཡང་ཆེན་པོ། ཐེག་པ་བླ་ན་མེད་པའི་མཆོག་ཡིན་པ་དང་། དེའི་དམ་ཚིག་ཀྱང་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ནང་ན། སྡོམ་པ་བླ་ན་མེད་པའི་མཆོག་ཡིན་པས་བླ་མེད་མཆོག་གི་དམ་ཚིག་གོ། །འདུལ་བའི་དབང་གི་ཚུལ་ཁྲིམས་དང་། ཞེས། དམ་ཚིག་འདིའི་ནང་དུ་ནི། དམ་པའི་ཆོས་འདུལ་བའི་དབང་གིས་གསུངས་པའི། ཉན་ཐོས་ཀྱི་ཚུལ་ཁྲིམས་སྡེ་པ་བཅོའ་བརྒྱད་བསྟན་པ་དང་། ངེས་པ་ནི་ཉོན་མོངས་པ་རྟ་རྒོད་དང་འདྲ་བ་ལ། གཉེན་པོ་ཁྲིམས་ཉིས་བརྒྱ་ལྔ་བཅུས་འདུལ་བས་ན་འདུལ་བའོ། །དེའི་དབང་གི་སྲུང་བྱ་རྣམས་དང་། ༅། །སྤྱིར་སྒྲོལ་སྦྱོར་ལྔ་སྟེ། རང་བཞིན་གྱི་སྦྱོར་སྒྲོལ་འཁོར་འདས་སེམས་སུ་ཤེས་པ་དང་། དབང་པོ་ཡུལ་གྱི་སྦྱོར་སྒྲོལ་གཟུང་འཛིན་གཉིས་མེད་དུ་ཤེས་པ་དང་། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དམིགས་པ་དག་པ་སྦྱང་བ་དང་། ཐབས་ཆེན་པོའི་སྦྱོར་སྒྲོལ་མན་ངག་བསྒོམས་པ་དང་། མངོན་དུ་ཕྱུང་བའི་སྦྱོར་བསད་གསོའ་ནུས་པའོ། །དེ་ལྔ་ལྔ་སྟེ། དང་པོ་གང་ཟག་གིས་སྒྲལ་ན། ལྟ་སྤྱོད་ཏིང་ངེ་འཛིན་འབྲེལ་པ་ལ་གོམས་པས་སྒྲལ། གཉིས་པ་ཡུལ་གང་སྒྲལ་ན། སྒྲལ་བའི་ཞིང་བཅུ་སྟེ། དཀོན་མཆོག་གི་སྤྱི་དགྲ་དང་། སློབ་དཔོན་གྱི་སྐུ་དགྲ་དང་། དམ་ལས་ལོག་པ་དང་། དམ་ཉམས་པ་དང་། དམ་ལས་གསད་འཁོས་པ་དང་། སྒྲུབ་པ་འདུས་པར་བར་ཆད་ལ་འོངས་པ་དང་། སེམས་ཅན་ཡོངས་ལ་གནོད་པ་དང་། དམ་ཚིག་ཅན་གྱི་དགྲར་གྱུར་པ་དང་། རང་རྒྱུད་ངན་པའི་ངང་ཚུལ་ཅན་དང་། ངན་སོང་གསུམ་མོ། །གསུམ་པ་ཚུལ་ལམ་ཐབས་ཇི་ལྟར་སྒྲལ་ན། ཏིང་ངེ་འཛིན་དང་། སྔགས་དང་། ཕྱག་རྒྱ་ལ་གོམས་པས། བྱང་ཆུབ་སེམས་དཔའི་ཞིང་དུ་སྒྲལ་ལོ། །བཞི་པ་གང་ལྟར་སྒྲལ་ན། ཕུང་པོ་ཚོགས་ལ་དངོས་པོས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་སྒྲལ། བག་ཆགས་སྦྱངས་ནས་རྣམ་ཤེས་ལྷར་བྱས་ཏེ་འོག་མིན་དུ་འཕངས་པས། ཡེ་ཤེས་ཀྱི་ཚོགས་རྫོགས་པར་སྒྲལ་ལོ། །དགོས་ཆེད་ཅིའི་ཕྱིར་སྒྲལ་ན། སེམས་ཅན་ཐམས་ཅད་བདེ་བ་དང་། ལྷ་མཉེས་པ་དང་། བདག་གི་དམ་སྐོངས་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་འཕེལ་བའི་ཕྱིར་སྒྲལ་ལོ། །དེ་རྣམས་ངག་དོན་ནོ། །ཚིག་དོན་ནི། ཡོད་མེད་དབུས་མ་ལ་སོགས་པའོ། །ཇི་སྙེད་སྡོམ་པ་བསམ་ཡས་པ། ཞེས། ཇི་སྙེད་ནི་མང་པོ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱ་མཚོའ་ལྟ་བུ་བསམ་ཡས་པ། མ་ལུས་པ་ཀུན། ཞེས་བྱ་སྟེ། མཚན་ཉིད་ཀྱི་ཐིག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་དང་། གསང་སྔགས་ཕྱི་པ་ཀྲི་ཡོག་ལ་སོགས་པའི་དམ་ཚིག་དང་སྡོམ་པ་རྣམས་སོ། །མ་ལུས་ཀུན་འདུས་རྣམ་པར་དག །ཞེས། ཚུལ་ཁྲིམས་དང་སྡོམ་པ་མ་ལུས་པ་ཀུན། གསང་སྔགས་ཀྱི་དམ་ཚིག་གི་ནང་དུ་འདུས་ལ། གསང་སྔགས་ཀྱི་དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ནས། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བསམ་ཡས་པ་ཡང་། རེ་རེ་ནས་སྲུངས་མི་དགོས་ཏེ། མ་སྲུངས་བཞིན་དུ་ཉེས་བྱས་གང་ཡང་མེད་པར། ཕུན་སུམ་འཚོགས་པ་ཉིད་དུ་རྣམ་པར་དག་པར་གནས་པས་རྣམ་པར་དག་ཅེས་བྱའོ། །ཡོད་མེད་དབུའ་མ་མི་དམིགས་ཤིང་། །ཞེས། དོན་དམ་པའི་ཆོས་ཐམས་ཅད་མ་བྱུང་མ་སྐྱེས་སྐྱེ་བ་མེད་ལ། སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་དེ་ལ། ཡོད་དང་མེད་པ་དང་། དབུའ་མ་བྱ་བར་མི་དམིགས་ཤིང་། དངོས་པོ་མ་གྲུབ་པའོ། ། ༅། །ཡང་ན་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་གཉིས་སུ་མེད་པ་ཡིན་ལ། གཉིས་སུ་མེད་པ་དེའི་དོན་དེ་ནི། མཚན་མ་སྣ་ཚོགས་པར་སྣང་བས་ནི། མེད་པ་ཡང་མ་ཡིན། སྣང་ཙམ་ན་མཚན་མ་མེད་པའི་ངང་ལས་མ་གཡོས་པས་ནི། ཡོད་པ་ཡང་མ་ཡིན། སྣ་ཚོགས་པར་སྣང་བས་ནི། ཡོད་པ་མཐར་ཕྱིན། སྣང་ཙམ་ན་རང་བཞིན་མེད་པའི་ངང་ལས་མ་གཡོས་པས་ནི། མེད་པ་ཡང་མཐར་ཕྱིན། ཡོད་མེད་གཉིས་ཀ་མཐར་ཕྱིན་པས། དབུའ་མ་བྱ་བ་ཡང་མི་དམིགས་པའི། གཉིས་སུ་མེད་པའི་དོན་དེ་ལ་ནི། སྒྱུ་མ་དམིགས་ཡོར་ལྟ་བུའི་ཚུལ། །ཞེས། ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྒྱུ་མ་དང་། མིག་ཡོར་དང་། སྤྲུལ་པ་དང་། རྨི་ལམ་ལ་སོགས་པ་སྟེ། སྒྱུ་མའི་དཔེའ་བརྒྱད་ལྟ་བུའི་ཚུལ་དུ་སྣང་ཙམ་ན་དངོས་པོར་མ་གྲུབ་སྟེ་རང་བཞིན་གང་ཡང་མེད་ཞེས་བྱའོ། ། ༅། །ཡང་ན་སྒྱུ་མའི་དཔེ་བརྒྱད་དམིག་ཡོར་ལ་སོགས་པ་མེད་བཞིན་དུ་སྣང་ཙམ་ན། རང་གི་ངོ་བོས་སྟོང་སྟེ། ཡོད་མེད་གཉིས་ཀྱི་ངོ་བོར་མ་གྲུབ། དེ་ལྟ་ཆོས་ཐམས་ཅད་དམ་པར་ཅིར་ཡང་དམིགས་སུ་མེད་ལ། ཀུན་རྫོབ་ཏུ་ནི་སྒྲུ་མའི་དཔེའ་བརྒྱད་ལྟ་བུའི་ཚུལ་དུ་སྣང་བས། དངོས་པོ་མ་གྲུབ་སྟེ་རང་བཞིན་མེད་ཞེའམ། ངག་དོན་དུ་འདི་མན་ཆད་ལ་གཉིས་སུ་མེད་པའི་དམ་ཚིག་འཇུག་པར་བསྟན་ཏེ། ཆོས་ཐམས་ཅད་ཀྱི་གཞིའ་མཉམ་པ་ཉིད་ཡིན་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་མཉམ་པ། མཚན་མ་དང་མཚན་མ་མེད་པར་ཡང་གཉིས་སུ་མེད་པར་མཉམ་པར་མཉམ་པ། དེ་ཤེས་རབ་ཀྱིས་ཀྱང་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་ཀྱང་དེ་ལ་གོམས་པར་འཇུག་པས། གཉིས་སུ་མེད་པར་དམ་ཚིག་ལ་འཇུག་པ་ཞེས་བྱའོ། །དེ་ལས་སྤྱིར་འདི་ན་མར་ལ་ཁོག་དོན་དུ། ཉན་ཐོས་ཀྱི་གནས་སྐབས་ན། སྲོག་གཅོད་པ་ལ་སོགས་པའི་ཉེས་པ་རྩ་བ་བཞིར་བྱས་ནས། དེ་མ་སྤྱད་པར་ཡངས་པས་དག་པར་ཡིན་ལ། འདིའ་སྐབས་ན། སྲོག་གཅོད་པ་ལ་སོགས་པ་ཡན་ལག་དུ་བྱས་སྟེ། མཉམ་པ་ཉིད་དུ་རྟོགས་པས། མ་སྤངས་པར་སྤྱང་པ་ཉིད་ཀྱིས་དག་པ་སྟེ། དེ་གཉིས་ཡང་དག་པའི་ཚབས་འདི་ཆེ་བར་བསྟན་པ་ཡིན་ནོ། །སྲོག་མེད་སྲོག་བཅད་དུ་མེད། །ཅེས། དེ་ལྟར་སྣང་ཆས་ན་རང་གི་ངོ་བོས་སྟེ། གཉིས་མེད་པའི་དོན་དེ་ལ། སྲོག་གི་དངོས་པོར་གྲུབ་པ་མེད། དེ་བས་ན་སྲོག་དང་སྐྱེས་བུ་ལོག་པར་རྟོགས་པ་ཙམ་མོ། །སྲོག་གི་དངོས་པོ་གྲུབ་པ་མེད་པ་དང་། སྲོག་ཅད་དུ་ཡང་མེད། སྲོག་ཅད་དུ་མེད་སྲོག་ཅད་པ་ཡང་མེད་དོ། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས། འོ་ན་སྐྱེས་བུ་ཞིག་གིས་སྲོག་ཅད་པའི་རྣམ་པར་སྨིན་པས་ངན་སོང་སྐྱེས་སོ་ཞེས་འབྱུང་བས་དེ་ཙམ་ཡིན་ཞེ་ན། ལོག་རྟོག་ཙམ་ཅེས་པ། སྲོག་དང་སྲོག་ཅོད་པའི་སྐྱེས་བུ་ནི། ལོག་པར་རྟོགས་པ་ཙམ་སྟེ། སྣང་བ་ལས་མ་རྟོགས་པ། དངོས་པོར་མ་གྲུབ་སྟེ། ཀུན་རྫོབ་དུ་ཡང་ཆོས་ཐམས་ཅད་སྒྱུ་མའི་དཔེའ་བརྒྱད་ལྟར་སྣང་ལ་རང་བཞིན་མེད་པར་གནས་སྟེ། དངོས་པོར་མ་གྲུབ། དེ་ལྟར་རྟོགས་པ་དང་ལྡན་པས། སྒྲོལ་བ་བྱས་ན་ནི་སྒྲིབ་པས་མི་གོས་ཀྱི། དེ་ལྟ་བུའི་རྟོགས་པའི་དོན་དང་མི་ལྡན་པའི། འདི་ལ་ཁུང་བྱུང་ནས་སོ་སོ་གར་སྒྲར་གསོག་ཅད་ན། དཔལ་ཆེན་པོའི་ཐུགས་ཁྲལ་དུ་འགྱུར་རོ། །དཔེར་ན་སྒྱུ་མའི་ཏིང་ངེ་མི་ཤེས་ན་རྫས་ཤིང་ཊས་ཀྱང་སྲོག་གཅད་དོ། ། ༅། །ཞེ་སྡང་ལམ་དུ་བྱེད་པ་ལ་དགུ་སྟེ། དང་པོ་ཞེ་སྡང་ཡངས་ནས་ལམ་དུ་བྱེད་ན། ཉོན་མོངས་པ་ལམ་དུ་བྱེད་པ་ཡང་བུད། ཉོན་མོངས་པ་ལམ་དུ་བྱེད་པ་ཡང་བུད། ཉན་ཐོས་དང་ཁྱད་མེད་པར་ཡང་འགྱུར་རོ། །གཉིས་པ་ཞེ་སྡང་འགགས་པའི་གོ་ཤུལ་ལམ་དུ་བྱེད་ན། དེ་ཞེ་སྡང་ལམ་དུ་བྱེད་པ་མ་ཡིན་ནོ། །གསུམ་པ་ཡེ་ཤེས་ཞེ་སྡང་དུས་མཉམ་ཡིན་ཟེར་ན། འགྲོ་ལ་སེམས་རྒྱུད་གཉིས་འཆད་དུ་འགྲོའོ། །བཞི་པ་ཞེ་སྡང་སྐྱེས་པའི་གཉེན་པོ་ཡེ་ཤེས་སྐྱེས་པ་ལམ་དུ་བྱེད་ན། ཡེ་ཤེས་གསར་སྐྱེས་སུ་སོང་སྟེ། ཡེ་ཤེས་མ་ཡིན་པར་ཐལ་ལོ། །ལྔ་པ་ཞེ་སྡང་གི་རྒྱུན་ཁད་ཀྱིས་སྒྱུར་བ་ཡེ་ཤེས་ཡིན་ཟེར་ན། ཞེ་སྡང་དང་ཡེ་ཤེས་གཉིས་རྒྱུན་སྐད་གཅིག་མ་སྔ་ཕྱིར་འདུག་སྟེ། དེ་ཡང་ཡེ་ཤེས་གསར་སྐྱེས་སུ་ཐལ། དྲུག་པ་ཞེ་སྡང་དང་ཡེ་ཤེས་དེ་ཉིད་དང་གཞན་དུ་རྗོད་དུ་མེད་པ་ཡིན་ཟེར་ན། ཞེ་སྡང་ཁོ་ན་ཡང་ཡེ་ཤེས་མ་ཡིན་ལ། དེ་ལས་ལོགས་པའི་ཡེ་ཤེས་ཡང་མེད་པ་ཡིན་སྟེ། གཞན་ལ་མཚོན་པའི་དབང་དུ་སྟུབ་ཏེ། རང་ཉམས་སུ་བླང་དུ་མི་སྟུབ་བོ། །བདུན་པ་ཞེ་སྡང་སྐབས་ཀྱིས་སྐྱེས་པ་དེ་དུས་ན་ཡེ་ཤེས་ཡིན་ཟེར་ན། ཕ་གསད་ཀྱི་བུ་ཡང་ཡེ་ཤེས་སྐྱེ་བར་ཐལ། བརྒྱད་པ་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་གཅིག་ལ་ལམ་དུ་བྱེད་ན། ཕ་གསད་ཀྱི་བུ་ཡང་གྲོལ་ཐལ་བར་རིགས་སོ། །དགུ་པ་མི་ལྡན་པ་ལ་ལམ་དུ་བྱེད་ན། ཉོན་མོངས་པ་ལམ་དུ་བྱེད་པའི་དམ་བཅའ་བུད་དོ། །འོ་ན་རང་གི་འདོད་པ་ནི། བླུན་ཆ་ནས་ཞེ་སྡང་། གསལ་ཆ་ནས་ཡེ་ཤེས། བླུན་ཆ་ཞོར་འགོགས། གསལ་ཆ་ཞོར་སྐྱེའོ། །དཔེར་ན་མི་གར་ཡང ས་མ་སོང་བར་སྒོ་ན་མི་འདུག་ན། ཁྱིམ་ན་འདུག་པ་ལས་འོས་མེད་པ་བཞིན། གོང་མ་རྣམས་གང་ཡང་མེད་ཙམ་ན། བླན་ཆ་གསལ་ཆ་ལས་འོས་མེད་དོ། །ཚད་མ་བཀའ་གཞུང་གི་ཚིག་གོ། །བདེན་པ་གཉིས་གར་དབྱེར་མེད་པས། ཞེས། ཚིག་དོན་ནི། མ་བྱིན་པ་ལེན་པ་ཡང་། ཆོས་ཐམས་ཅད་དོན་དམ་པའི་བདེན་པར་ནི་མ་སྐྱེས་པར་གཅིག །ཀུན་རྫོབ་དུ་ནི། སོ་སོའི་རིག་པ་རང་སྣང་བར་ཅིག །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀར་ཡང་། བདག་དང་གཞན་དུ་དབྱེར་མེད་པས། ༅། །མ་བྱིན་པ་ལེན་པ་ལ་ངག་དོན་དུ་བཅུ་བདུན་སྟེ། སྒྲལ་བའི་ཞིང་བཅུའི་ནོར་བླང་བ་ལ་བཅུ། ནག་པོའི་ཕྱོགས་ནས་བཟུངས་མ་མཚན་ལྡན་བླང་བ་དང་བཅུ་གཅིག །བཀྲ་ཤིས་དག་པའི་རྫས་བླང་བ་དང་བཅུ་གཉིས། ཀ་ངེས་དོན་ཏེར་དུ་ཐས་པ་བླང་བ་དང་ཅུ་གསུམ། སྐྱེ་བོ་ཕལ་པའི་ལག་ནས་རྗེས་བྱིན་རླབས་ཅན་བླང་བ་དང་ཅུ་བཞི། བདག་པོ་སྲུང་བ་ཡོད་པའི་གཏེར་དང་བཅྭོ་ལྔ། སྲུང་བ་མེད་པའི་གཏེར་དང་བཅུ་དྲུག །ཕྱུག་པོ་སེར་སྣ་ཅན་གྱི་ནོར་མིང་གིས་བླང་བ་དང་བཅུ་བདུན་ནོ། །འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས། དཔེར་ན་འཕྲུལ་དགའི་ལྷ་ནི། ལོངས་སྤྱོད་ཐམས་ཅད་རང་ལས་འཕྲུལ་ཞིང་རང་གིས་ལོངས་སྤྱོད་ཀྱང་དར་བཞིན་མ་རྟོགས་པས་འཁོར་རོ། །དེ་ཡང་ལྷ་དང་ལོངས་སྤྱོད་ཐ་དད་པ་མ་ཡིན་ཏེ། བདག་དང་གཞན་དུ་སྣང་བ་ནི། དཔེའ་ལྷ་འཕྲུལ་དགའི་ལོངས་སྤྱོད་ཀྱི་ཚུལ་དང་མཐུན་ཏེ། དོན་དམ་པར་མ་སྐྱེས་པར་གཅིག་པས་ཀྱང་བདག་དང་གཞན་ཐ་དད་པ་མེད་དོ། །གཞན་དང་མ་བྱིན་མེད་པའི་ཕྱིར། །ཅེས། ཀུན་རྫོབ་རྒྱུ་མའི་དཔེའ་བརྒྱད་ཀྱི་ཚུལ་དུ་ཡང་། བདག་དང་བདག་གི་དང་། གཞན་གྱི་དངོས་པོར་གྲུབ་པ་མེད་པས། དེ་ལྟར་དོན་དམ་པ་དང་ཀུན་རྫོབ་གཉིས་ཀར། བདག་དང་གཞན་གྱི་དངོས་པོར་མ་གྲུབ་ཕྱིན་ཅད། ཆོས་ཐམས་ཅད་རང་གི་རིག་པ་ལ་མི་ཞན་པས་ན་གཞན་མ་གྲུབ། གཞན་མ་གྲུབ་པས། གཞན་མ་བྱིན་པ་བླང་པ་མེད་པའི་ཕྱིར་རོ། །བླང་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས། དེ་ལྟར་གཞན་མ་གྲུབ་པ་དང་། གཞན་གྱིས་བྱིན་པ་ཡང་མེད་པ་དང་། རང་མ་གྲུབ་པ་དང་། རང་གིས་བླང་པ་ཡང་མེད་པ་དང་། བདག་གཞན་ཐ་མི་དད་པར་རྟོགས་པས་ན། བླངས་པ་མེད་པའི་བདག་གཞན་ཐམས་ཅད། ཆོས་ཉིད་ཀྱི་དབྱིངས་སུ་ཐ་མི་དད་པའོ། ། ༅། །ངག་དོན་དུ་བདག་དང་གཞན་དུ་སྣང་བའི་ཆོས་ཐམས་ཅད། དོན་དམ་པར་ནི་ཆོས་ཉིད་ཀྱི་དབྱིངས་ལས་མ་གཡོས་པར་ཅིག་ལ། ཀུན་རྫོབ་དུ་ནི། རང་གི་རིག་པ་རང་སྣང་བའི་མཚན་ཉིད་དུ་ཅིག དེ་ལྟར་རྟོགས་པ་དང་ལྡན་པས། སྒྲལ་བའི་ཞིང་བཅུ་དང་། སེར་སྣ་ཅན་གྱི་ནོར། ཐབས་མཁས་པའི་འོད་གཟེར་གྱིས་བླངས་ནས། དཀོན་མཆོག་མཆོད་པ་དང་། ཚོགས་ཀྱི་མཆོད་པར་གཏང་རྒྱུ་ཡིན་པ་ལས། དེ་ལྟར་མ་རྟོགས་པར། རྒྱུད་འདི་ལ་ཁུངས་ཕྱུང་ནས། མཆེད་དང་སློབ་དཔོན་གྱི་ནོར་ལ་གང་རུང་རུང་དུ་སྤྱད་ན་ཡང་། ཡི་དྭགས་སྐྱེས་སྟེ། དེ་ཡང་དཔལ་ཆེན་པོའི་ཐུགས་ཁྲལ་དུ་འགྱུར་རོ། །དཔེར་ན་འཕྲུལ་དགའི་ཏིང་ངེ་འཛིན་མི་ཤེས་ན། རང་ནོར་སྤྱད་ཡང་ཀུས་པ་དང་འདྲའོ། །དེ་ནི་ཡང་དག་པར་ཤེས་ན། གཞན་ནོར་གྱིས་ཡང་མི་འཆིང་ལ། མི་ཤེས་ན་རང་ནོར་སྤྱོད་ཡང་འཆིང་བར་འགྱུར་བས་ན་འཕྲུལ་དགའི་ཏིང་ངེ་འཛིན་གལ་ཆེ་བ་ཡིན་ནོ། །ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །ཞེས། རྫུན་དུ་སྨྲ་བ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས། སྣང་ཙམ་ན་དངོས་པོར་མ་གྲུབ་པ་ནི། སྒྱུ་མ་ལྟ་བུ་བདག་གིས་དྲངས་སྟེ། སྤྲུལ་པ་དང་མིག་ཡོར་ལ་སོགས་སྟེ་དཔེའ་བརྒྱད་ལྟར་སྣང་ལ་རང་བཞིན་མེད་པས། རྫུན་གྱི་ངོ་བོར་གནས་པ་ཡིན་ལ། ༅། །རྫུན་དུ་སྨྲ་བ་ལ་གསུམ་སྟེ། རྫུན་གྱི་མཚན་ཉིད་དང་། རྫུན་བྱ་བའི་ཆ་དང་། རྫུན་གྱི་རྣམ་གྲངས་སོ། །རྫུན་གྱི་མཚན་ཉིད་ནི། སྣང་བ་འདི་ཀུན་མི་བདེན་སྟེ་རྫུན། ཐམས་ཅད་རང་རིག་ཏུ་སྣང་བ་ནི་བདེན་དེ། དེ་ལྟར་རྟོགས་ན་རྫུན་ནོ། །རྫུན་བྱ་བའི་ཆ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་པ་ལ་བྱའོ། །རྫུན་གྱི་རྣམ་གྲངས་ནི་བཅུ་བདུན་ཏེ། གསང་བ་བཅུ་འདྲི་ན་རྫུན་སྨྲ་བ་དང་། དཀོན་མཆོག་གསུམ་དང་། སློབ་དཔོན་དང་། མཆེད་དང་། སེམས་ཅན་གནོད་པར་འོས་པའོ། །ཕན་པ་ལ་བྱའོ། །མི་དང་ཚིག་ཏུ་རྟགས་པ་རྫུན། །ཞེས། འོ་ན་དེ་ལྟར་སྟོན་པའི་མིང་དང་ཚིག་ཏུ་བཏགས་པ་དེ་ཅི་ཡིན་ཞེ་ན། དེ་ཡང་དངོས་པོ་དང་མཚན་མ་གང་ཡང་གྲུབ་པ་མེད་པས་རྫུན་ཞེས་བྱའོ། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །ཞེས། འོན་ཏང་མོན་མོར་འདྲ་བ་ལ། ལན་རྡེ་པ་གང་གི་བྱས་ཏེ། དེ་ལྟ་ཆོས་ཐམས་ཅད་སྒྱུ་མའི་དཔེའ་བརྒྱད་ལྟར་སྣང་ལ་རང་བཞིན་མེད་པས། དངོས་པོར་མ་གྲུབ་སྟེ། རྫུན་ཉིད་སྤྲུལ་པ་ལྟ་བུ་ལ། སྒྱུ་མ་ལྟ་བུ་ལ། རྫུན་ལ་རྫུན་ཕྱོགས་པར་བས་ཏེ། དངོས་པོར་མ་གྲུབ་པའོ། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས། འོ་ན་རྫུན་ཞེས་རྟགས་པའི་ཚིག་དེ་ཙམ་དུ་དངོས་པོར་གྲུབ་པ་ཞིག་ཡིན་ནམ་ཞེ་ན། རྫུན་ཞེས་བཏགས་པའི་ཚིག་དེ་ཙམ་རང་དུ་ཡང་དངོས་པོར་མ་གྲུབ་པས་ཡོད་པ་མ་ཡིན་ནོ། ། ༅། །ངག་དོན་དུ་འདི་ལྟར་རྟོགས་པར་བྱས་ནས། རྫུན་དུ་སྨྲ་བར་བྱེད་པ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པར་གྱུར་པའི་གཞན་ལ་ཕན་པའི་རྫུན་ཏེ། དཔེར་ན་མི་བཤེད་མའི་བརྡས་པ་འདིར་བྱུང་ངམ་ཞེས་འདྲི་ན། མ་བྱུང་ཞེས་རྫུན་བྱས་པས། ཅིག་ཀྱང་ཚེ་ཐར། གཅིག་ཀྱང་སྒྲིབ་པས་མ་གོས་པར་གྱུར་པ་ལྟ་བུའི་རྫུན་སྤྱད་རྒྱུ་ཡིན་པ་ལས། དེ་ལྟར་མ་རྟོགས་ཏེ། གསང་བའི་རྒྱུད་འདི་ཉིད་ལ་ཁུངས་ཕྱུང་སྟེ། གང་རུང་རུང་གི་རྫུན་ནམ། གཞན་སླུ་བ་དང་། གཞན་གྱི་ཤེས་པ་སྒྱུར་པའི་རྫུན་བྱས་ན། རྣམ་པར་སྨིན་པས་ངན་སོང་དུ་སྐྱེའོ། །དཔེར་ན་འཁོར་འདས་ཀྱི་ཆོས་སྒྱུ་མ་ལྟ་བུའི་རྫུན་དུ་མ་ཤེས་ན། དྲང་པོར་སྒྲས་ཀྱང་རྫུན་དུ་འགྲོའོ། །ཤེས་ན་ཐམས་ཅད་དངོས་མེད་ཡིན་པ་ལ། མ་ཤེས་ན་དྲང་པོ་ཉིད་ཐེར་ཟུག་ངུ་བཟུང་བས་རང་ལ་རང་གིས་རྫུན་བྱས་པར་འགྱུར་བ་ཡིན་པས་སོ། །སྦྱོར་བའི་དམ་ཚིག་ལ་ལྔ་སྟེ། དང་པོ་གང་གིས་སྦྱར་ན། ལོག་པའི་འདོད་ཆགས་རང་གི་ཡིད་ལ་ཡངས་པས་སྦྱར། གཉིས་པ་གང་གི་དོན་དུ་སྦྱར་ན། བདག་གཞན་གྱི་དོན་དུ་སྦྱར། གསུམ་པ་གང་ལ་སྦྱར་ན། འདྲ་བ་ཆོས་འཐུན་གྱི་རིགས། པད་ཅན་དུང་ཅན་ལ་སོགས་དང་། སྤྱིར་ལུས་ཀྱི་མཚན་ཉིད་ལུས་གཉེན་ལ་དྲང་བ། སྐད་པ་སྟོད་སྨད་ཕྱེད་པ། ཡན་ལག་འཕྲ་ལ་འཇམ་པ། ཚིགས་དམིག་ཐམས་ཅད་ཟླུམ་པ། སྤྲལ་བའི་དབྱིས་ཆེ་བ། མིག་གི་ཀྱུས་རིང་ལ་མིག་འབྲས་ནག་པ། མཆུའ་ཞེང་གཉིས་ཀ་མཉམ་པ། ལུས་ལ་དྲི་ཞིམ་པ། གསང་ཐུབ་ཅིང་སྤྱོད་པ་དལ་བ། ཤེས་རབ་ཆེ་ཞིང་འགྲོགས་ན་དད་པ་ཆེ་བའོ། །བཞི་གང་དུ་སྦྱར་ན། གསང་བའི་གནས་སུ། དབང་སྐུར། དམ་ཚིག་དབོག །ཕྱི་ནང་གསང་བའི་ཆོས་བཤད། ལུས་བྱིན་བརླབ། སྦྱོར་ཐབས་རྩ་རླུང་གི་མན་ངག་ལ་མཁས་པས་སྦྱར་རོ། །ལྔ་པ་སྦྱར་བའི་ཡོན་ཏན་ནི། སངས་རྒྱ་བར་བྱེད་དོ། །ཚིག་དོན་ནི་མ་ཆགས་པ་ལ་ཞེས་བྱའོ། །མ་ཆགས་པ་ལ་ཆགས་པ་དང་། །ཞེས། འདོད་ཆགས་ནི། ལ་ལ་ཡུལ་མཁར་ལ་ཆགས། ལ་ལ་ནོར་རྫས་ལ་ཆགས། ལ་ལ་ཕོ་མོའི་བདེའ་བ་ལ་ཆགས་ན། སྤྱིར་ཆགས་པ་དེ་དག་གི་གཞིའ་ཕོ་མོ་ཡིན་ཏེ། ཕོ་མོ་ཆགས་པའི་རང་བཞིན་ནི། དོན་དམ་པར་ནི་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཡིན་པས། དེ་ལ་ཡང་ཆགས་སུ་མེད་པར་མ་ཆགས་ལ། ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་ལྷ་མོ། མཚན་ཉིད་ནམ་མཁའི་འཇའ་ཚོན་ནམ། ཆུ་ཟླའི་དཀྱིལ་འཁོར་ལྟར་སྣང་ལ་རང་བཞིན་མེད་པར་གནས་པས། དེ་ལ་ཡང་ཆགས་སུ་མེད་དེ། ཆགས་པར་བྱ་བའི་གཞི་མེད་པས་མ་ཆགས་ཞེས་བྱ། ཉན་ཐོས་ལྟར་ཆགས་པ་ལ་རྒྱབ་ཀྱི་ཕྱོགས་ཤིང་། ཆགས་པ་སྤངས་པ་ཞིག་ཡིན་ནམ་ཞེ་ན། དེ་ལྟར་ཆགས་པ་སྤངས་པ་ཡང་མ་ཡིན་པས། ཆགས་པ་དང་ཞེས་སོ། །ཆགས་པ་ཉིད་ན་ཆགས་མེད་པ། །ཞེས། འོ་ན་ཆགས་ན་ནི། ཡེ་ཤེས་ལྷ་ལ་ཆགས་ཡང་རྟོག་པར་འགྱུར་ཞེས་འབྱུང་ན། ཆགས་ན་མི་འགལ་ལམ་ཞེ་ན། གོང་མ་ལྟར་དོན་དམ་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པར་རྟོགས་པར་བྱས་ལ། ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་ལྷ་མོ་ཆུ་ཟླའི་གཟུགས་བརྙན་ནམ། ནམ་མཁའི་འཇའ་ཚོན་ལྟར། སྣང་ལ་རང་བཞིན་མེད་པར་རྟོགས་ནས་ཆགས་ན་ཆགས་སུ་ཟད་དེ། ཆགས་པ་ཉིད་ན་ཆགས་པ་མེད་པའི་འཐར་ཕྱིན་ཏེ། ཆགས་པ་ཉིད་ན་ཆགས་པ་མེད་པའོ། །འདི་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཞེས། འདོད་ཆགས་དང་འདོད་ཆགས་མེད་པ་གཉིས་མེད་པར་རྟོགས་པས། འདོད་ཆགས་སྤྱད་ཀྱང་སྐྱོན་གྱིས་མི་གོས་སྟེ། འདོད་ཆགས་མ་སྤྱད་པར་སྤངས་པས་ཉན་ཐོས་ཀྱང་ཚངས་ན། འདིའི་སྐབས་སུ། གོང་མ་ལྟར་འདོད་ཆགས་དང་འདོད་ཆགས་མེད་པ་གཉིས་མེད་པར་རྟོགས་ནས། འདོད་ཆགས་མ་སྤངས་ས་ཉིད་ཀྱིས། འདོད་ཆགས་ལས་ཚངས་པ་དེ་ནི། ཚངས་པ་རྣམས་ཀྱི་ནང་ན་མཆོག་གམ་རྒྱལ་པོ་ལྟ་བུ་ཡིན་ནོ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་ཤིན་ཏུ་འམ་ཁྱད་པར་དུ། འདོད་ཆགས་དང་འདོད་ཆགས་གཉིས་མེད་པར་རྟོགས་པ་ནི། ཆགས་པ་ཆགས་པ་ཆེན་པོ་ཡིན་ནོ། ། ༅། །འདི་ལྟ་བུའི་རྟོགས་པ་དང་ལྡན་པས། འདོད་ཆགས་སྤྱད་ན་ནི། སྐྱོན་གྱིས་མི་གོས་ཀྱིས། དེ་ལྟར་མ་རྟོགས་ཏེ། འདི་ལ་ཁུངས་ཕྱུང་ནས། གང་རུང་རུང་དུ་སྤྱད་པར་གྱུར་ན། དེའི་རྣམ་པར་སྨིན་པས། མངལ་གྱི་སྲིན་འབུ་ཨ་ཀྲོ་ཀ་བྱ་བ་དང་། བྱོལ་སོང་ཆགས་པ་ཅན་དུ་སྐྱེ་བའོ། །བླ་མེད་མི་སྤང་ཞེས། དེ་ཡི་དམ་ལྷ་མི་སྤང་བའི་དམ་ཚིག་བསྟན་པ་ནི། བླ་ན་མེད་པ་ལ་གཉིས་སྟེ། ཀུན་རྫོབ་ཏུ་རང་ལུས་ལྷ་སྐུར་ཤེས་པ་དང་། དོན་དམ་གཉིས་མེད་དུ་ཡེ་ཤེས་ཀྱི་སྐུར་གསལ་ལོ། །བླ་ན་མེད་པའི་ཡེ་དམ་གྱི་ལྷ་མི་སྤང་བ་ནི། དེ་བཞིན་གཤེགས་པའི་གནས་སྐབས་དང་། ཐུགས་ཡེ་ཤེས་ཉིད་མཚན་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངང་ལས་མ་གཡོས་བཞིན་དུ། ཉེ་བར་བརྟགས་པའི་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་མཚན་མའི་རྣམ་པར་ཡང་གསལ་ལ། མཚན་མར་གསལ་ཙམ་ན། མཚན་མ་མེད་པའི་དབྱིངས་ལས་མ་གཡོས་སྟེ། མཚན་མ་དང་མཚན་མ་མེད་པ་གཉིས་མེད་པར་གནས་སོ། །དེ་བཞིན་གཤེགས་པའི་གནས་སྐབས་ན་དེ་ལྟར་ཡིན་པ་མ་ཟད་དེ། རྣལ་འབྱོར་པའི་གནས་སྐབས་ན་ཡང་། ལྷའི་རང་བཞིན། བདག་གི་སེམས་ཀྱི་ཆོས་ཉིད། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན། མཚན་མ་མེད་པའི་ངང་ལས་མ་གཡོས་བཞིན་དུ། བདག་གི་ལུས་ངག་ཡིད་གསུམ་ཉེ་བར་རྟགས་པའི་ཡི་དམ་གྱི་ལྷའི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་མཚན་མའི་རྣམ་པར་ཡང་གསལ་ལ། གསལ་ཙམ་ན་མཚན་མ་མེད་པའི་ངང་ལས་མ་གཡོས་སྟེ། མཚན་མ་དང་མཚན་མ་མེད་པ་གཉིས་མེད་པར་བསྒོམ་མོ། །དེ་སྐད་དུ་ཡང་སྒྱུ་འཕྲུལ་ལེའུ་ལག་ནས། ཡི་དམ་ལྷའི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ལྷ་སྤངས་དགེ་སྤྱད་དོན་མེད་འགྱུར་ཞེས་སོ། །བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱ་སྟེ། རྩ་བ་ལྔའི་ཡང་རྩ་བར་གྱུར་པས་ན་ཡང་བླ་མེད། ཡི་དམ་རྟོགས་པས་བྱང་ཆུབ་སེམས་དང་དབྱེར་མེད། དེ་ནམ་དུ་ཡང་སྤངས་མི་སྟུབ་པས་སྤང་ངོ་། ། ༅། །བླ་མ་སྐུར་བའི་དམ་ཚིག་བསྟན་པ་ནི། བླ་མ་བསྐུར། །ཞེས། རྡོ་རྗེ་སློབ་དཔོན་སྒོ་གསུམ་ཟོལ་སོག་མེད་པས་མཆོད་ཅིང་མཉེས་པར་བྱ་བའི་རིམ་པའོ། །སྤྱིར་སློབ་དཔོན་ལ་དྲུག་སྟེ། རྒྱུད་པ་སྤྱིའི་བླ་མ། ཆོས་ལ་འཇུག་པ་འདྲེན་པའི་བླ་མ། དམ་ཚིག་དབང་བསྐུར་བའི་བླ་མ། དམ་ཚིག་ཉམས་ཆག་སྐོང་བའི་བླ་མ། རང་གི་ཤེས་རྒྱུད་འགྲོལ་བའི་བླ་མ། མན་ངག་ལུང་གི་བླ་མའོ། །སྐུར་བ་ནི། སྤྱིའི་བླ་མ་ཡུལ་ལ་དབང་བའི་རྒྱལ་པོ་ལྟར་བསྐུར། དེ་བཞིན་དུ་འདྲེན་པའི་བླ་མ་ཁུའོ། །དམ་ཚིག་དབང་སྐུར་ཕ་བུ་ལྟ་བུ། ཉམས་ཆག་སྐོང་བ་མ་ལྟ་བུ། ཤེས་རྒྱུད་འགྲོལ་བ་དམིག་ལྟ་བུ། མན་ངག་ལུང་གི་བླ་མ་རང་གི་སྙིང་བས་ཀྱང་ལྷག་པའོ། །དེ་ཡང་ལུས་ཀྱིས་བྲན་ལྟ་བུར་བྱས་ལ་ཟས་ནོར་གྱིས་མཉེས་པར་བྱའོ། །ངག་གིས་བླ་མའི་སྐྱོན་སྦ་ཞིང་ཡོན་ཏན་ནས་སྒྲོག །ཡིད་ཀྱིས་གཡོའ་རྒྱུ་ངན་སེམས་འཕྲག་དོག་ཐམས་ཅད་སྤངས་ལ་སྐུར་བ་བྱའོ། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །ཅེས། གསུང་གི་དམ་ཚིག་སྟན་པ་ནི། སྔགས་ནི་གསུམ་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས་ནི། ཞི་བའི་ཨཱོཾ་ལ་སོགས་པ་དང་། ཁྲོ་བོའི་ཧཱུྃ་ངོ་། །སྐྱེད་པ་རྐྱེན་གྱི་སྔགས་ཀྱིས་སྐུ་སྐྱེད་ལ། སྐུལ་བ་ལས་ཀྱི་སྔགས་ཀྱིས་བཟླས་པ་བྱ་བ་ཡིན་ནོ། །ཕྱག་རྒྱ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ་བདག་ལྷ་སྐུར་བསྒོམ། དམ་ཚིག་ཕྱག་རྒྱས་ཡུམ་སྐྱེད། ལས་ཀྱི་ཕྱག་རྒྱས་ཟླས་པའི་འཕྲོ་འདུ་བྱ། ཆོས་ཀྱི་ཕྱག་རྒྱ་ནི་ཞི་བ་ཕྱག་རྒྱ་ལས་མ་གཡོས་པར། སྒོ་གསུམ་ཡི་དམ་དུ་བསྒོམས་ནས་རྟག་ཏུ་ཟླས་པ་བྱེད་པའོ། །ལེའུ་ལག་ལས། གཟུང་དང་འཛིན་པ་རྣམ་གཉིས་པོ། །དག་པ་དོར་བ་ཕྱག་རྒྱ་ཡིན། །ཞེས་པས། གཟུང་འཛིན་ལྷར་དག་པར་དོར་བ་ཡིན་ནོ། །རྒྱུན་ནི་གཉིས་ཏེ། དུས་ཀྱི་རྒྱུན་དང་། ཉིད་ཞག་གི་རྒྱུན་ནོ། །དུས་ཀྱི་རྒྱུན་ནི། སློབ་དཔོན་སངས་རྒྱས་གསང་བ་ལྟ་བུ། སྐད་གཅིག་ཙམ་ཡང་མི་ཡེངས་པར་གནས་པའོ། །ཉིན་ཞག་རྒྱུན་ནི། ཉིད་ལན་གསུམ། མཚན་ལན་གསུམ་དུ་བསྒོམ་པ་ནི་རྩོན་པ་རབ། ཟླ་བ་གཅིག་ལ་ཉ་གཉིས་སྟོང་གཉིས་ཉི་ཤུ་གཉིས་སྟེ་དུས་དྲུག་ཏུ་བསྒོམས་པ་འབྲིང་། ར་བ་བཞི་ལ་ཉ་གཉིས་སྟོང་གཉིས་ཉི་ཤུ་གཉིས་བརྒྱད་གཉིས་དུས་བརྒྱད་དུ་བསྒོམ་པ་ཐ་མ་སྟེ། དེ་ལྟར་ལུས་ངག་ཡིད་འབད་པའོ། །ཡང་དག་ལམ་དུ་ཞུགས་ལ་བྱམས། །ཞེས་པ། མཆེད་རོགས་སྐུའི་དམ་ཚིག་སྟན་པ་ནི། ཡང་དག་པ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ཡིན་ལ། དེའི་ལམ་ནི་སྔགས་ཀྱི་ཐེག་པ་ཡིན་ནོ། །མཆེད་བཞི་ནི། སྤྱིའི་མཆེད་ནི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་སྤུན་ནོ། །རིང་བའི་མཆེད་ནི། སངས་རྒྱས་ཀྱི་ཆོས་སྒོར་ཞུགས་པ་རྣམས་སོ། །འདྲེས་པའི་མཆེད་ནི་སློབ་དཔོན་ཅིག་ལ་དམ་ཚིག་ནང་འདྲེས་པའོ། །ཉེ་བའི་མཆེད་ནི་ལྟ་སྤྱོད་ནང་འཐུན་པ་རྣམས་སོ། །དེ་ལ་སྤྱིའི་མཆེད་ནི་ཕ་ཚན་ལྟ་བུར་སྲུང་། རིང་བའི་མཆེད་ནང་ཚན་ལ། ཉེ་བའི་མཆེད་ཕ་སྤུན་ལྟ་བུར། དམ་ཚིག་ནང་འདྲེས་པའི་མཆེད་སྤུན་པས་ཀྱང་ལྷག་པར་ལྟའོ། །གསང་བའི་ཐེག་པ་ལ་ཞུགས་པའི་མཆེད་ལྕམ་དྲལ་ལ་ཞེས་བྱའོ། །གསང་བའི་ཐེག་པ་ལ་ཞུགས་པའི་མཆེད་ལྕམ་དྲལ་ལ་བྱམས་པར་བྱེད་པ་ཡང་། ལུས་ཀྱིས་ནི། ཟས་ནོར་ལ་སྦུར་མ་ལྟར་ཕངས་པ་མེད་པ་དང་། ཞབས་ཏོག་བྲན་བཞིན་དུ་བྱའོ། །ངག་གིས་ངན་སྐྱོན་སྦ། ཡོན་ཏན་སྒྲག །འདུག་ཚུལ་མི་ལེགས་པ་ཇི་ལྟར་ཡིན་པ་བཞིན་དུ་རྗོད་པར་མི་བྱའོ། །ཡིད་ཀྱིས་ཕྲག་དོག་ལ་སོགས་པའི་ཚུལ་ངན་པ་ཐམས་ཅད་སྤང་བར་བྱ་བ་ནི་ལྷག་པར་གལ་ཆེའོ། །ཐུགས་ཀྱི་དམ་ཚིག་བསྟན་པ་ནི། གསང་བའི་དོན་ཕྱིར་སྨྲ་མི་བྱ། །ཞེས། གསང་བ་བཅུ་ནི། སྤྱིར་གསང་བཞི་ལ། ལྟ་བ་ཟབ་མོ་དང་། སྤྱོད་པ་བླང་པོ་དང་། ཡི་དམ་གྱི་མིང་དང་གཟུངས་མ་དང་། གྲུབ་རྟགས་གསང་བའོ། །བར་གསང་བཞི་ནི། བསྒྲུབ་གནས་དང་། སྒྲུབ་དུས་དང་། སྒྲུབ་རྫས་དང་། སྒྲུབ་པའི་གྲོགས་སོ། །གསང་བ་འོས་པ་ནི། སྨན་ཕུང་དང་། དམར་གཏོར་དང་། སྒོག་རྩོང་ལ་སོགས་ཚོགས་ཟས་དང་། བན་དྷ་དང་། རྐང་ཕུར་པ་དང་། ཚིལ་ཆེན་མར་མེ་ལ་སོགས་པའོ། །གསང་བ་གཉེར་གཏད་པ་ནི། གདམས་པའོ། །དེ་ཡང་གསང་བའི་ཐེག་པ་འདིའི་དོན་ནི། དམ་མེད་པ་དང་། དམ་འདྲེས་པ་དང་། དམ་ཉམས་པ་དང་གསུམ་ལ་མི་སྟན་པ་ནི་གསང་བའོ། །དེ་ཅིའི་ཕྱིར་གསང་ཞེ་ན། གསང་བའི་ཐེག་པ་འདི་ཡང་ངན་ཏེ་དབྱུང་མི་བཟོད་པ་འམ། སྐྱོན་ཆེ་བས་གསང་བ་མ་ཡིན་ན། འདིའི་དོན་གཞན་ལ་སྟན་པ་དང་། ལས་འཕྲོ་ངན་པས་མི་རྟོགས། མ་རྟོགས་པས་སྐུར་པ་འདེབས། དེས་ཕ་རོལ་དུ་ངན་སོང་དུ་འགྲོ། དེའི་ཉེས་པས་བདག་ཀྱང་སྒྲིབ་པ་སོགས། དེ་བས་བདག་གཞན་གཉིས་ཀའི་དོན་ཕྱིར་གསང་ངོ་། །འདི་ནི་རྩ་བ་ལྔ་རྣམས་ཏེ། །ཞེས། འཇུག་བསྡུས་པའི་དམ་ཚིག་སྟན་པ་ནི། དམ་ཚིག་འདི་ནི། རྩ་བའི་དམ་ཚིག་སྟེ། དེ་ལ་ལྔ་སྟེ། བྱང་ཆུབ་སེམས་དང་། བླ་མ་དང་། མཆེད་གཉིས་སྐུ་དང་། སྔགས་དང་ཕྱག་རྒྱ་གསུང་དང་། གསང་བ་ཐུགས་ཀྱི་དམ་ཚིག་ལྔའོ། ། ༅། །རྩ་བའི་དམ་ཚིག་ལྔ་པོ་འདིའི་རྩ་བ་བླ་མེད་མི་སྤང་བ་ཡི་དམ་ལྷ་བསྒོམ་པ་དེ། ཡི་དམ་གྱི་ལྷ་བསྒོམ་ན། བླ་མ་སྐུར་བ་ཡང་ཡིན་ཏེ། ཡི་དམ་ལྷ་དང་བླ་མ་དབྱེར་མེད་པའོ། །ཡི་དམ་གསལ་ན་མཆེད་ལྕམ་དྲལ་ལ་བྱམས་པར་བྱས་པ་ཡང་ཡིན་ཏེ། མཆེད་དྲལ་དུ་གྱུར་པ་ཡང་ཡི་དམ་ལྷས་བྱས་པའོ། །ཡི་དམ་ལྷ་གསལ་ན་སྔགས་དང་ཕྱག་རྒྱ་ཡིན་ཏེ། སྔགས་དང་ཕྱག་རྒྱ་ཡང་ཡི་དམ་ལྷ་སྒྲུབ་པའི་ཐབས་ཡིན་པས་སོ། །ཡི་དམ་ལྷ་གསལ་ན་གསང་བ་ཡང་གཞན་དུ་མ་སྤེལ་བ་སྟེ། གསང་བ་བཅུ་ཡང་དོན་ཡི་དམ་ལྷ་སྒྲུབ་པའི་རྫས་དང་མན་ངག་ཡིན་ནོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་སེམས་ཞེས་བྱ་བ་ཡིན་ནོ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་བསྒྲུབ་པའི་དམ་ཚིག་ནི། བླ་མེད་མི་སྤང་བ་དང་། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་པའོ། །སྲུང་བ་ནི། བླ་མ་སྐུར་བ་དང་། ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པ་དང་། གསང་བ་མི་སྒྲག་པ་དང་གསུམ་མོ། །དེ་རྣམས་ནི་གཞན་ལས་མཆོག་ཏུ་གྱུར་པའི་དམ་ཚིག་གོ། ། ༅། །མི་སྤང་བའི་དམ་ཚིག་སྟན་པ་ནི། གཏིའ་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་འཕྲག་དོག་མི་སྤང་ངོ་། །ཞེས། གཏི་མུག་མི་སྤང་བ་ཡང་། ཕྱིན་ཅི་ལོག་གི་གཏིའ་མུག་སྤང་བ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པའི་དུས་ན། དངོས་པོ་དང་མཚན་མའི་རྣམ་པར་ཐར་པ་དབྱེར་མེད་པའི་གཏི་མུག་སྟོང་པ་ཉིད་ཀྱི་ཡེ་ཤེས་མ་སྤང་བ་དང་། འདོད་ཆགས་ཡང་ཕྱིན་ཅི་ལོག་གི་འདོད་ཆགས་འདི་མ་ཡིན་ཏེ། སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི། ཆོས་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པར་རྟོགས་པས། ཆོས་ཀྱི་དབྱིངས་ལ་འདོད་ཆགས་པ་དང་། རང་གི་མཚན་ཉིད་མ་འཆོལ་བར་མཁྱེན་པས། དེ་ལྟར་མ་རྟོགས་པ་རྣམས་ལ། ཐུགས་རྗེའི་དོན་མཛད་པའི་འགྲོ་བའི་དོན་ལ་ཆགས་པའི། སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་མི་སྤང་བ་དང་། ཞེ་སྡང་ཡང་ཕྱིན་ཅི་ལོག་གི་ཞེ་སྡང་འདི་མ་ཡིན་ཏེ། ཞེ་སྡང་གི་མཚན་ཉིད་ནི། ཞེ་སྡང་སྐྱེས་པར་བྱེད་པའི་ཡུལ་འཇོམས་པར་བྱེད་པ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། ཆོས་ཀྱི་དབྱིངས་སྟོང་པ་བདག་མེད་རྟོགས་པས། གཟུང་འཛིན་དང་ལོག་རྟོག་ཐམས་ཅད་འཇོམས་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་དེ་མི་སྤང་བ་དང་། ང་རྒྱལ་མི་སྤང་བ་ཡང་ཕྱིན་ཅི་ལོག་གི་ང་རྒྱལ་མི་སྤང་བ་མ་ཡིན་ཏེ། ང་རྒྱལ་གྱི་མཚན་ཉིད་ནི། ལོག་པའི་ཕྱོགས་ལ་སྲན་ཚུགས། ཕ་རོལ་ནི་ཟིལ་གྱིས་མནོན། བདག་ནི་མཐོའ་བས་གནས་པ་ཡིན་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀྱང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཁྱེན་པས། མཉམ་པ་ཉིད་ཀྱི་དོན་ལ་ནི་སྲན་ཚུགས་ལ། ང་དང་བདག་ཏུ་འཛིན་པའི་རྟོགས་པ་ཟིལ་གྱིས་མནོན། སྟོབས་དང་མི་འཇིགས་པ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱིས་ནི། བདག་འཐོང་བར་གནས་པ་དེ་མི་སྤང་བ་དང་། འཕྲག་དོག་ཡང་། སེམས་ཅན་གྱི་ཕྱིན་ཅི་ལོག་གི་འཕྲག་དོག་མ་ཡིན་ཏེ། འཕྲག་དོག་གི་མཚན་ཉིད་འཆབ་ཅིང་མི་སྟོན་པ་ཡིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཀྱང་། མཉམ་པ་ཉིད་ཀྱི་དོན་རྟོགས་པ་དང་མི་ལྡན་པ་རྣམས་ལ། མཉམ་པ་ཉིད་ཀྱི་དོན་མི་སྟོན་པར། ལས་དགེ་སྡིག་རྒྱུ་འབྲས་ཀྱི་དོན་སྟོན་པས། འཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་མི་སྤང་ངོ་། ། ༅། །མི་སྤང་བའི་དམ་ཚིག་ལ་གཉིས་ཏེ། ཡང་དག་དུག་ལྔ་དང་། ལོག་པའི་དུག་ལྔའོ། །ཡང་དག་དུག་ལྔ་ནི། འདོད་ཆགས་ནི། གཟུངས་མ་ལ་སྤྱད་པའི་ཐབས་མན་ངག་རྩ་རླུང་ལ་མཁས་པ་དང་། འདོད་ཡོན་ལྔ་སེམས་ཀྱི་རྒྱན་དུ་ཤེས་པ་ནི། ཡང་དག་པ་ལ་ནི་ཤིན་ཏུ་ཞིན་པའི་ལམ་མོ། །ཞེ་སྡང་ནི། སྒྲལ་བའི་ཞིང་བཅུ་རླག་པར་བྱེད་པ་དང་། མུ་སྟེགས་ལ་སོགས་པའི་ལྟས་ངན་འཇོམས་པ་དང་། ཞེ་སྡང་དེ་ནི་ཐབས་མཁས་པའི་སྤྱོད་པའོ། །ང་རྒྱལ་ནི། ལྟ་བ་མངོན་པར་མཐོའ་བ་དང་། ཏིང་ངེ་འཛིན་ལ་ངེས་པར་སྲན་ཚུགས་པ་དང་། དེ་ནི་ཤིན་ཏུ་ང་རྒྱལ་བ་སྟེ་མཆོག་གོ། །གཏིའ་མུག་ནི། ལྟ་བ་ཕྱོགས་རིས་མེད་པ་དང་། སྤྱོད་པ་བླང་དོར་མེད་པ་དང་། དེ་ནི་མི་འབྱེད་པའི་གཏིའ་མུག་གོ། །འཕྲག་དོག་ནི། ལྟ་སྤྱོད་སྨན་པ་ལ་འཕྲག་དོག་པ་དང་། དམ་མ་འདྲེས་པ་དང་། དམ་མེད་པ་དང་། ཉམས་པ་སྤོང་བ་ནི་འཕྲག་དོག་གོ། །ལོགས་པའི་དུག་ལྔ་ནི། སེམས་ཅན་ཀུན་ལ་ཡོད་པ་སྟེ། དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། དུག་ལྔར་སྣང་བ་ནི་རང་རིག་རང་སྣང་ཡིན་ལ། དེ་ནི་དྲན་པ་ཡིན། དྲན་པ་ཐམས་ཅད་ཀྱི་རྩ་བ་ཤེས་པ་ཡིན། ཤེས་པ་བརྩོལ་བ་ཡིན། རྩོལ་བ་སེམས་ཡིན་པའི་ཕྱིར། ཐབས་མཁས་པས་དུག་ལྔ་རང་རིག་ཡེ་ཤེས་སུ་ཤེས་པར་བྱ་སྟེ། རང་རིག་ཡེ་ཤེས་ནི་ཉི་མ་ལ་མུན་པ་མེད་པ་ལྟར། ཡེ་ཤེས་རང་སྣང་ལ་ཉོན་མོངས་པ་ངང་གིས་མེད་དེ། དེ་ལྟར་ཤེས་ན་ཉོན་མོངས་པ་སྤང་དུ་མེད་པའོ། །དེ་ནི་དགོངས་སྟེ་བཤད་པའོ། །ཡང་ན་ཟབ་མོ་ལྟར་སྦྱར་ན། གཏིའ་མུག་གི་སྤང་བ་ནི། གཏིའ་མུག་གསལ་ཅིང་སྤངས་བའི་ཕ་རོལ་ན། ཡེ་ཤེས་མི་རྟོག་པ་བསྒྲུབ་ཏུ་མེད་དེ། གཞུང་ལས། མ་རི་པ་ཉིད་ཡེ་ཤེས་གསལ། །ཞེས་འབྱུང་སྟེ། གཏིའ་མུག་ཙམ་ན་གཏི་མུག་པའི་མཐར་ཕྱིན་ཏེ། གཏིའ་མུག་དང་གཏི་མུག་པ་གཉིས་མེད་པར་རྟོགས་པ་དེ་ཁ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཡི་པས་མི་སྤང་ངོ་། །འདོད་ཆགས་མི་སྤང་བ་ནི། འདོད་ཆགས་འདི་གསལ་ཅིང་སྤངས་བའི་ཕ་རོལ་ན། འདོད་ཆགས་མེད་པ་བྱ་བ་ཞིག་ལོགས་ཞིག་ནས་སྒྲུབ་ཏུ་མེད་དེ། འདི་ཉིད་ལས་ཀྱང་། ཆགས་པ་ཉིད་ན་ཆགས་མེད་པ་ཞེས་འབྱུང་སྟེ། འདོད་ཆགས་ཙམ་འདོད་ཆགས་མེད་པའི་མཐར་ཕྱིན་སྟེ། འདོད་ཆགས་དང་འདོད་ཆགས་མེད་པ་གཉིས་མེད་པར་རྟོགས་པ་དེའི་མི་སྤང་བའོ། །ཞེ་སྡང་མི་སྤང་བ་ཡང་། གཞུང་ལས། ཞེ་སྡང་ཐུགས་རྗེ་ཆེན་པོའི་ངང་། །དམྱལ་བའི་གནས་རྣམས་ཚར་གཅོད་པ། །ཞེས་འབྱུང་སྟེ། ཞེ་སྡང་འདི་གསལ་ཅིང་སྤངས་པའི་ཕ་རོལ་ན། ཞེ་སྡང་མེད་པ་ཞེས་བྱ་བ་ལོགས་ཞིག་ནས་སྒྲུབ་ཏུ་མེད་དེ། ཞེ་སྡང་ཙམ་ན་ཞེ་སྡང་མེད་པའི་མཐར་ཕྱིན་ཏེ། ཞེ་སྡང་དང་ཞེ་སྡང་བ་གཉིས་མེད་པ་དེ་མི་སྤང་བའོ། །ང་རྒྱལ་མི་སྤང་བ་ཡང་། ལུང་ལས། ང་རྒྱལ་སྤངས་པའི་ཕ་རོལ་ན། །ང་རྒྱལ་མེད་པ་བསྒྲུབ་ཏུ་མེད། །ཞེས་འབྱུང་སྟེ། ང་རྒྱལ་འདི་གསལ་ཞིང་སྤངས་པའི་ཕ་རོལ་ན། ང་རྒྱལ་མེད་པའི་ཞི་བ་སྒྲུབ་ཏུ་མེད་དེ། ང་རྒྱལ་ཙམ་ན་ང་རྒྱལ་མེད་པའི་མཐར་ཕྱིན་པས། ང་རྒྱལ་དང་ང་རྒྱལ་བ་མེད་པའི་གཉིས་མེད་པར་རྟོགས་པ་དེ་མི་སྤང་ངོ་། །འཕྲག་དོག་མི་སྤང་བ་ཡང་། ལུང་ལས། འཕྲག་དོག་མི་སྤང་དོན་སྦྱོར་བ། །ཞེས་འབྱུང་སྟེ། འཕྲག་དོག་གསལ་ཅིང་སྤངས་བའི་ཕ་རོལ་ན། འཕྲག་དོག་མེད་པ་ཡང་སྒྲུབ་ཏུ་མེད་དེ། འཕྲག་དོག་ཙམ་ན་འཕྲག་དོག་མེད་པའི་མཐར་ཕྱིན་པའི་ཕྱིར། འཕྲག་དོག་དང་འཕྲག་དོག་པ་གཉིས་མེད་པ་དེ་མི་སྤང་ངོ་། །དེ་ནི་དགོངས་མིན་དུ་བཤད་པའོ། །ཡང་ལྷ་དང་སྦྱར་ན། གཏི་མུག་ཉིད་རྣམ་པར་སྣང་མཛད་ཡིན་པས། དེ་སྤངས་ན་རྣམ་པར་སྣང་མཛད་སྤངས་པར་འགྲོ། འདོད་ཆགས་ཉིད་སྣང་བ་མཐའ་ཡས་ཡིན། ཞེ་སྡང་ཉིད་རྡོ་རྗེ་སེམས་དཔའ་ཡིན། ང་རྒྱལ་ཉིད་རིན་ཆེན་འབྱུང་ལྡན་ཡིན། འཕྲག་དོག་ཉིད་དོན་ཡོད་གྲུབ་པ་ཡིན་པས། དེ་དག་སྤངས་ན་རིགས་ལྔའི་སངས་རྒྱས་སྤངས་བར་འགྲོ་བས་ཡང་མི་སྤང་ངོ་། །དེ་ལྟར་ཡིན་པ་མ་ཤིས་པས་དུག་ལྔར་སྣང་ལ། ཤེས་ན་རིགས་ལྔར་གྲོལ་ལོ། །དེ་ནི་ངེས་དོན་དུ་བཤད་དོ། ། ༅། །མི་དོར་བའི་དམ་ཚིག་སྟན་པ་ནི། དཀར་རྩི་དམར་རྩི་དྲི་ཤ་ཆེན། །དང་དུ་བླང་བ་ནི་དཀར་རྩི་ནི་བཛྲ་ཙི་ཏ་ཏེ། ཡབ་ཀྱི་རྡོ་རྗེ་ལས་བྱུང་བའི་བྱང་ཆུབ་སེམས་སོ། །ག་པུར་ཞེས་བྱ་བར་ཡང་བཤད་ལ། བྱང་ཆུབ་སེམས་དཀར་པོ་བྱ་བ་ཡང་བཤད་དོ། །དམར་རྩི་ནི་ཀ་མ་ལ་ཙི་ཏ་སྟེ་ཡུམ་གྱི་པདྨ་ལས་བྱུང་བའི་བྱང་ཆུབ་སེམས་སོ། །པདྨ་རག་ཏ་ཞེས་བྱ་བར་ཡང་བཤད། བྱང་སེམས་དམར་པོ་ཞེས་བྱ་བར་ཡང་བཤད་དོ། །དྲི་ནི་ཡབ་ཡུམ་ཀུན་ལས་འབྱུང་བའི་དྲི་ཆེན་ནོ། །ཅི་ཞེས་ཡང་བྱ་བར་བཤད་དོ། །ཤ་ཆེན་ནི་མི་ཤའོ། །དེའི་སྡེ་ཚན་ཤ་རྣམ་པ་ལྔ་རུའོ། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས། འདི་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པས་ན། དག་པའི་ཅེས་བྱའོ། །སྒྲུབ་པ་རྣམ་པ་བཞིས་རྒྱན་ནས་དག་པའི་ཕྱིར་རོ། །སྣོད་ནི་རྩ་སྐྱང་མ་ནས་སྒང་དཔག་ནང་ངོ་། །ཆུ་ནི་རྡོ་རྗེ་དང་པདྨའི་ལམ་ནས་འབྱུང་བའི་གུར་གུམ་སྟེ། དྲི་ཆུའོ། །བཤང་བ་ཞེས་བྱ་བར་ཡང་བཤད་པའོ། །འདི་ལྔ་རྟེན་ཅིང་མི་ངོར་རོ། །མི་དོར་བའི་ཕྱིར་དང་དུ་ལེན་པས་ན། དང་དུ་བླང་བའི་དམ་ཚིག་ཞེས་བྱ་བ་ཡིན་ནོ། ། ༅། །དམ་རྫས་ལྔ་པོ་དང་དུ་བླང་བ་ལ་དགོས་པ་བརྒྱད་དེ། དང་པོ་གྲུབ་པ་བཞིས་རྒྱན་པའི་ཕྱིར་དང་དུ་བླང་བ་ནི། ཆོས་ཉིད་རང་བཞིན་གྱིས་གྲུབ་པ་ནི། དམ་རྫས་ལྔ་ཉིད་ཆོས་ཉིད་དུ་གཅིག་པའོ། །ཆོས་ཅན་མཚན་མར་སྣང་བས་གྲུབ་པ་ནི། དམ་རྫས་ལྔ་སངས་རྒྱས་ལྔ་འགྲུབ་པ་ཅི་ཏེ་བྱ་བ་མེད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པའོ། །མཐུས་གྲུབ་པ་ནི། དམ་རྫས་ལྔ་ཉིད་རིགས་ལྔ་ཡིན་པའི་མཐུས་སོ། །བྱིན་བརླབས་ཏིང་ངེས་གྲུབ་པ་ནི། སངས་རྒྱས་ཀྱིས་སྔགས་དང་ཕྱག་རྒྱ་ཏིང་ངེས་བྱིན་རློབ་པར་རྣལ་འབྱོར་པས་ཤེས་སོ། །གཉིས་ནད་ལྔ་བསལ་བའི་ཕྱིར་དང་དུ་བླང་བ་ནི། བྱང་ཆུབ་སེམས་ཀྱི་ཚད་ནད་སེལ། རག་ཏས་ཐོར་བུ་དང་གག་པ་སེལ། དྲི་ཆེན་གྱིས་མཛེའ་ཐུབ། ཤ་ཆེན་གྱིས་དུག་ཐུབ། དྲི་ཆུས་བླང་ནད་ཐུབ་བོ། །གསུམ་པ་རྩང་རྨེའི་རྟོགས་པ་སྦྱང་བའི་ཕྱིར་བླང་བ་ནི། དཀར་གསུམ་མངར་གསུམ་རྩང་བའི་ཟས་མེན་ལ། དམ་རྫས་ལྔ་རྨེ་བའི་ཟས་མེན་དེ། རྩང་རྨེའི་རྟོག་པ་ཆོས་ཉིད་དུ་སྦྱོང་བའོ། །བཞི་པ་ཐུན་མོང་གི་དགོས་པ་ལྔ་གྲུབ་པའི་ཕྱིར་བླང་བ་ནི། བྱང་ཆུབ་སེམས་ཀྱིས་ཚེ་རིང་། རག་ཏས་མདངས་གསལ། དྲི་ཆེན་གྱིས་ཕྱུག་པོར་བྱེད། ཤ་ཆེན་གྱིས་མཐུའ་ཆེན། དྲི་ཆུས་སྐད་སྙན་ནོ། །ལྔ་པ་རིགས་ལྔ་འགྲུབ་པའི་ཕྱིར་ཡང་དང་དུ་བླང་སྟེ། བྱང་སེམས་ཀྱིས་རྡོ་རྗེ་སེམས་དཔའ། རག་ཏས་སྣང་བ་མཐའ་ཡས། དྲི་ཆེན་རྣམ་པར་སྣང་མཛད། ཤ་ཆེན་རིན་ཆེན་འབྱུང་ལྡན། དྲི་ཆུ་དོན་ཡོད་གྲུབ་པའོ། །དྲུག་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་སྟེ། ཚེ་འདིར་སྡུག་བསྔལ་ལས་གྲོལ་ནས་ཐུན་མོང་གི་དངོས་གྲུབ་འཐོབ་ལ། ཕྱི་མར་མཆོག་འཐོབ་པའོ། །བདུན་པ་བཅུད་ལྔ་འཐུང་བ་ནི་ལམ་གྱི་མཆོག་ཡིན་པའི་ཕྱིར་དང་དུ་བླང་བ་སྟེ། བྱང་སེམས་རྩ་ཀུན་དྷར་མ་སྟེ། ཨ་བ་འདུ་ཏི་ནས་འབབ། རག་ཏ་རོ་མ་སྟེ། ལ་ལ་ནས་འབབ། དྲི་ཆེན་ལོང་རྩ་ནས་འབབ། ཤ་ཆེན་མཆིན་རྩ་ནས་འབབ། དྲི་ཆུ་སྐྱང་མ་སྟེ། རངས་ནས་འབབ། ལུས་ཀྱི་བཅུད་ལྔ་པོ་ཉིད་ཁམས་བདུད་རྩི་སྟེ། རིགས་ལྔར་གནས་པར་ཤེས་པ་ནི་ལམ་གྱི་མཆོག་གོ། །བརྒྱད་པ་ཐབས་ཀྱི་ལུང་སྟེན་ཤེས་ན་ཡོན་ཏན་རྗོད་ལས་འདས་པ་ཐོབ་པ་ནི། རྩ་རེའི་ནང་ན། ཁམས་བདུད་རྩི་དང་སྙིང་པོ་རླུང་ཡི་གེའི་གཟུགས་སུ་གནས་པ་དེ་དམ་ཚིག་སེམས་དཔའོ། །དེ་ལ་རང་གིས་རླུང་བཅུག་ནས་དེར་ཐིམ་པ་ནི་ཡེ་ཤེས་སེམས་དཔའ་སྟིམས་པའོ། །དེས་ཉམས་སེམས་ལ་འཆར། གར་ལུས་ལ་འཆར། སྔགས་ངག་ཏུ་འཆར། འཐོང་སྣང་ཡུལ་ལ་འཆར། བག་ཆགས་རྨི་ལམ་དུ་འཆར་ཏེ། ཐམས་ཅད་དུ་རིགས་ལྔའི་སྣང་བ་ཤེས་རྟན་དུ་གྱུར་པས་ན་ཡོན་ཏན་རྗོད་ལས་འདས་པའོ། །འཇུག་བསྡུ་བའི་དམ་ཚིག་ནི། ཡན་ལག་བཅུའི་དམ་ཚིག་སྟེ། །ཞེས་དེ་ལྟར་མི་སྤང་བ་དུག་ལྔ་དང་། མི་དོར་བ་དམ་རྫས་ལྟ་སྟེ། བཅུ་ནི་ཡན་ལག་གི་དམ་ཚིག་སྟེ། ཡེ་ནས་དག་པ་ནི་བཞི་སྟེ། དང་པོ་རྒྱུད་དག་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱུ་འབྱུང་བ་ལྔ་ཡང་། རང་གི་སེམས་སུ་སྣང་བས་འབྱུང་བ་ལྔ་རང་རྒྱུད་པ་དག་སྟེ། ལེའུ་ལག་ལས། རྒྱུའི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །སེམས་ཉིད་གཟུང་འཛིན་གཉིས་སྣང་བ། །བཟུང་བའི་ཡུལ་ནི་འབྱུང་བ་སྟེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ནས། །ཞེས་སོ། །གཉིས་པ་འབྲས་བུ་དག་པ་ནི། རྒྱུ་འབྱུང་བ་ལྔས་སྐྱེད་པའི་ཕུང་པོ་ལྔ། དམ་རྫས་རིགས་ལྔར་དག་སྟེ། དཔེར་ན་འཚལ་དམར་ན་ཁུ་བ་ཡང་དམར་བ་ལྟ་བུའོ། །ལེའུ་ལག་ལས། འབྲས་བུ་ཡོངས་སུ་དག་པ་ནི། སེམས་ཅན་ཀུན་གྱི་རུས་པ་སྟེ། རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པད་མ་རག་ཏ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པས་དག །ཅེས་སོ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །ཅེས་དེ་ཡང་རྟོགས་པ་ཇི་ལྟ་བུ་དང་ལྡན་པས་སྤྱན་ཞེ་ན། ཆོས་ཐམས་ཅད་སྟོང་པ་བདག་མྱེད་པ། དངོས་པོ་དང་མཚན་མའི་སྐྱོན་དག་པ། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་པ་དང་ལྡན་པས་སྤྱན་ཞེའམ། ཡང་ན་ཆོས་ཐམས་ཅད་དག་པ་བཞིའམ། མཉམ་པ་བཞིའི་གཏན་ཚིགས་ཀྱིས། ལྷ་དང་ལྷོ་མོ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པས་སྤྱན་ཞེས་བྱའོ། །བསྲུང་ཞིང་སྒྲུབ་པའི་དམ་ཚིག་ལྔ། །ཞེས་བསྲུང་བ་ནི། བླ་མ་སྐུར་བ་དང་། ཡང་དག་ལམ་དུ་ཞུགས་པ་ལ་བྱམས་པ་དང་། བསང་བ་བཞུང་བཞིན་དུ་མི་བསྒྲག་པ་གསམ་མོ། །སྒྲུབ་པ་ནི། བླ་མྱེད་མི་ཡང་བ་དང་། སྔགས་ཕྱག་རྒྱ་རྒྱུ་མ་ཅད་པ་གཉིས་སོ། །རྩ་བ་ཡིན་ཏེ་རིགས་མྱེད་འགྱུར། །ཞེས་དེ་ལྔ་ནི་རྩ་བ་ཡིན་ཏེ། ཉམས་ན་བླ་ན་མྱེད་པའི་སངས་རྒྱས་འགྲུབ་པའི་རིགས་རླག་པའམ། རིགས་མྱེད་པར་འགྱུར་རོ། །གསུམ་པ་དོན་དམ་དག་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་གང་ལྟར་ཡང་མ་གྲུབ་པས། རྒྱུས་སྐྱེ་བ་མྱེད་པ། རྐྱེན་གྱིས་འགག་པ་མྱེད་པའོ། །ལེའུ་ལག་ལས། དོན་དམ་དམིགས་མྱེད་དག་པ་ནི། ཕྱི་ནང་ཆོས་རྣམས་ཐམས་ཡང་། རང་གི་ངོ་བོ་མ་ཡིན་ཏེ། སྐྱེ་འགག་མྱེད་པ་ཡེ་ནས་དག །ཅེས་སོ། །བཞི་པ་ཀུན་རྫོབ་དག་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ་རང་བཞིན་མྱེད་པའོ། །ལེའུ་ལག་ལས། ཀུན་རྫོབ་ཡེ་ནས་དག་པ་ནི། །སྒྲུ་མའི་རང་བཞིན་ཐམས་ཅད་སྣང་། །ཆུ་ཟླའི་ཚུལ་དུ་མི་དམྱིགས་ན། །མི་དམྱིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་དང་ཡེ་ནས་མཉམ། །ཞེས་སོ། །མཉམ་པ་བཞིན་ནི། དང་པོ་ཐུན་མོང་གི་མཉམ་པ་གཉིས་ནི། དོན་དམ་སྐྱེ་བ་མྱེད་པར་ཀུན་མཉམ་པའོ། །ཀུན་རྫོབ་རྐྱེན་བཞིས་ལུས་པར་མཉམ་སྟེ། རྒྱུ་དང་རྐྱེན་ལས་སྐྱེས། འཐུན་པར་སྣང་། རྟགས་ན་དབེན། དོན་བྱེད་ནུས་པའོ། །ལྷག་པའི་མཉམ་པ་གཉིས་ནི། དོན་དམ་པའི་ངོ་བོ་སྐོར་བདུན་ལྷུན་གྱིས་གྲུབ་པ་དེ། བསམ་བརྗོད་ལས་འདས་པའི་ཕྱིར་དང་། ཤེས་བྱ་དང་སྒྲུབ་བྱའི་དོན་གཉིས་ཀ་ཡིན་པ་དང་། ཤེས་རབ་དམ་པའི་ཡུལ་ཡིན་པ་དང་། རྟོག་གེ་བའི་ཡུལ་མ་ཡིན་པ་དང་། རྟོགས་ན་མི་སླུ་བར་ཡོན་ཏན་ཐམས་ཅད་ཟད་པ་མྱེད་པར་འབྱུང་བས་ན་ལྷག་གོ། །ཀུན་རྫོབ་ལྷག་པ་ནི། རྒྱུ་ལས་སྐྱེས་པ་ནི། འོག་མ་བ་ནི། རྒྱུ་རྐྱེན་བཞི་ལ་འདུས་ནས་སྣང་བ་ཙམ་ལས། འདིར་ནི་ཡེ་ཤེས་འགག་པ་མྱེད་པར་ཐམས་ཅད་དུ་སྣང་བའོ། །དོན་བྱེད་ནུས་པ་ནི། ཡེ་ཤེས་འགོག་པ་མྱེད་པ་དེས་གདུལ་བྱ་སངས་རྒྱ་བའི་དོན་བྱེད་ནུས་པའོ། །འཐུན་པར་སྣང་བ་ནི། རྣམ་རྟོག་དང་འཐུན་པའི་ལས་སྣང་བ་མ་ཡིན་ཏེ། གནས་ལུགས་དང་འཐུན་པའི་ཡེ་ཤེས་རང་སྣང་བའོ། །རྟགས་ན་དབེན་པ་ནི། རིག་པས་བརྟགས་པའི་སྟོང་པ་མ་ཡིན་ཏེ། ངོ་བོ་ཉིད་དག་པས་ཡུལ་ལས་འདས་པའོ། །མི་སྤང་མི་དོར་ལྔ་གཉིས་ནི། །ཞེས་མྱི་སྤང་བ་ནང་གི་ཉོན་མོངས་པ་ཆེན་པོ་ལྔའི་མཚན་ཉིད་རྟོགས་པར་བྱ་བ་དང་། མི་དོར་བ་བདུད་རྩི་ལྔ་སྟེ། ལྔ་གཉིས་བཅུ་ནི། ཡན་ལག་དམ་ཚིག་འདའ་རྐའོ། །ཞེས་ཡན་ལག་གི་དམ་ཚིག་ཡིན་ཏེ། དེ་ལས་འདས་ན་དངོས་གྲུབ་ཐོབ་པར་དཀར་བོ་ཞེས་པས་ཏེ། སྟིང་མི་ཐོབ་པ་ལྟ་བུ་མ་ཡིན་ཏེ། ཉེ་བར་མི་ཐོབ་སྟེ་འགྱང་བར་གྱུར་པ་ལ་རྐ་ཞེས་སོ། །མཉམ་ལ་མཉམ་པར་སྦྱོར་བའི། །ཞེས་ཆོས་ཐམས་ཅད་ཀྱི་གཞིའ་མཉམ་པ་ཉིད་དེ། དབྱིངས་དང་རིག་པ་ཡང་དབྱེར་མྱེད་པར་མཉམ། མཚན་མ་དང་མཚན་མ་མྱེད་པ་ཡང་དབྱེར་མྱེད་པར་མཉམ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་དབྱེར་མྱེད་པར་མཉམ། འཁོར་དང་མྱ་ངན་ལས་འདས་པ་ཡང་དབྱེར་མྱེད་པར་མཉམ་ལ། དེ་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱིས་མཉམ་པར་སྦྱར་བའི། མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་ཆོས་ཐམས་ཅད་མཉམ་པའི་རང་བཞིན་ལས་མི་འདའ་བས་ན་མཉམ་པའི་དམ་ཚིག །དེའི་དོན་ཤེས་རབ་ཀྱིས་ཀྱང་རྟོགས་པར་བྱས་ལ། རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མཉམ་པར་སྦྱར་བའི། མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། །ཞེས་དེ་ལྟར་ཤེས་རབ་ཀྱིས་རྟོགས་ནས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ན། མཉམ་པ་ཉིད་རྫོགས་པ་ཆེན་པོར་སངས་རྒྱས་པའི་འབྲས་བུ་ཐོབ་པའམ། དེའི་དོན་རྟོགས་པར་འགྱུར་བས། མཉམ་པའི་ངང་ལས་འདའ་བར་མྱི་བྱ། འདས་ན་སངས་རྒྱས་མ་ཡིན་ནོ། །ཞེས་ཅི་སྟེ་ཞི་ན། འདས་ན་སངས་རྒྱས་མ་ཡིན་ཏེ། སངས་རྒྱས་རྣམས་ནི། དང་པོ་ཡང་མཉམ་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་པས་གྲུབ་པ་མཉེམས་པ་ཡིན་ལ། གྲུབ་པ་སྙེམས་ནས་ཀྱང་མཉམ་པ་ཉིད་ཀྱི་ངང་ལས་མི་འདའ་བར་ཞུགས་པ་ཡིན། རྣལ་འབྱོར་པས་ཀྱང་མཉམ་པ་ཉིད་ཀྱི་དོན་རྟོགས་པར་བྱས་ནས། རྟོགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་མྱི་འདའ་བར་གནས་ན། སངས་རྒྱས་སུ་འགྲུབ་པར་འགྱུར་གྱིས། མཉམ་པ་ལས་འདས་ན་རྣམ་པར་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྲུབ་མི་ནི་འགྱུར་རོ། ༈ །ཉམས་པ་མ་སྐངས་པའི་སྐྱོན། རྩ་བ་ཉམས་པའི་ཕྱལ་བ་དག །ཅེས་གསོའ་ལ་ཉེ་བར་མི་རྩོན་ན། །ཞེས་སླར་གསོའ་བ་ལ་ཉེ་བར་མི་རྩོན་པ་དེ། རྡོ་རྗེ་དམྱལ་བར་ལྟུང་སྟེ། དམྱལ་བ་ཕལ་པ་ཐམས་ཅད་ཀྱི་སྡུག་བསྔལ་སྡོམས་པས་དེའི་འབུམ་གྱི་ཆར་ཡང་མི་ཕོད་ལ། དེ་ལ་སངས་རྒྱས་སྟོང་གི་འོད་ཟེར་དང་། བྱང་ཆུབ་སེམས་དཔའི་འཕྲིན་ལས་རྒྱུན་དུ་མཛད་ཡང་མི་ཕན་ཏེ། སྐལ་པ་ཆེན་པོ་ཐེར་འབུམ་དུ་དམྱལ་བར་ལྟུང་། དམྱལ་བའི་གནས་དེའི་འཇིག་རྟེན་ཞིག་ན། དམྱལ་བ་མ་ཞིག་པའི་ས་གཞན་དུ་འཕོས་ནས། ཡང་དེར་སྲེག་གོ། །སྐད་ཅིག་ཡུད་ཀྱང་སྨྲ་མ་བྱེད། །ཅེས་མི་ཆོས་ཀྱི་གཏམ་ཡང་སྐད་ཅིག་ཡུད་ཙམ་སྨྲར་མི་བྱེད་ན། ལྷ་ཆོས་ཀྱི་གཏམ་ལྟ་ཅི་སྨོས། ཉམས་འགྱུར་ཉེས་པ་བརྗོད་མི་ལང་། །ཞེས་ཉམས་པར་གྱུར་པ་དེ་དང་འདྲེས་པར་གྱུར་ན་ནི། ཉེས་པ་བརྗོད་ཀྱིས་མི་ལང་ངོ་། །རྩ་བའི་དམ་ཚིག་ཉམས་འགྱུར་ན། །ཞེས་རྩ་བའི་དམ་ཚིག་ལྔ་པོ་ནི། སྐུའི་སློབ་དཔོན་མཆེད་ལྕམ། གསུང་སྔགས་དང་ཕྱག་རྒྱ། ཐུགས་གསང་བ་བཅུ། སྤྱི་ཁྱབ་བྱང་ཆུབ་སེམས་ཉམས་ན། བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ན་མཆོག་དང་ཐུན་མོང་གི་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་རོ། །འདིར་ངག་དོན་དུ་གཉིས་ཏེ། དམ་ཚིག་ཉམས་པར་གྱུར་པའི་རྒྱུ་དང་། ཉམས་ན་སྔ་ལྟས་སྔོན་དུ་ཡོང་བའོ། །ཉམས་པར་གྱུར་པའི་རྒྱུ་ནི་ཉི་ཤུ་སྟེ། མི་ཆོས་ཀྱི་ས་བཟུང་ནས་བློན་པོའི་ལས་བྱེད་པ་དང་། བདག་ལ་ནི་བསྟོད། གཞན་ལ་ནི་སྨོད། གཟུང་འཛིན་ལ་མཁས་པ་དང་། ཁེ་དང་དྲེགས་གཉིས་འདོད་པས་འདུ་བསྟེན་པ་དང་། རྫས་ལ་ཆགས་སེམས་ཆེ་བ་དང་། རང་ཕྱོགས་ཆེ་བ་དང་། ཆང་དད་ཆེ། མཐོང་འདོད་ཆེ། རང་གི་ལྟ་སྤྱོད་མཉེམས་པ་དང་། ཆོས་ལ་ཕྱོགས་རིས་ཆེ། ཆོས་ཀྱིས་ངོམས་སྐྱེན། གསང་ཆུང་། ལེ་ལོ་ཆེ། རྩ་རྨེན་ཆེ། སྒྲོ་སྐུར་འདོགས། གྲོགས་ཀྱི་ཉམས་ལེན། གཅིག་པུར་མི་དགའ། འདུ་བ་ལ་དགའ། འཁོར་དང་རིགས་རྒྱུད་སྤེལ་འདོད་པའོ། །ཉམས་པའི་རྟགས་ནི་གཉིས་ཏེ། རྟགས་དང་། ཁྱད་པར་རོ། །རྟགས་ནི། ཉམས་ངའི་ནད་མང་། དགྲའ་དང་བགེགས་ལ་བདེན་པ་མ་འཇུག །འཁོར་དང་ལོངས་སྤྱོད་ཡིད་དུ་འོང་བ་དང་འབྲལ། ཡ་ག་དང་། མ་ཉེས་དང་། ཁ་ཡོགས་འབྱུང་། ཙམས་པའི་ལས་ལ་འབྲས་བུ་མི་འོང་། མདོར་ན་ཡིད་དུ་མི་འོང་སྣ་ཚོགས་འབྱུང་ངོ་། །ཁྱད་པར་ནི། གལ་ཏེ་དམ་ཉམས་པ་ལ་ཉམས་རྟགས་མྱེད་ན་མི་རུང་སྟེ། ཚེ་ཕྱི་མའི་བདེ་བར་ཚེ་འདིར་ཟད་ནས། དེ་ནས་རྟག་ཏུ་སྡུག་བསྔལ་ལོ། །གལ་ཏེ་དམ་མ་ཉམས་པ་ལ་ཉམས་རྟགས་བྱུང་ན། ལེགས་ཏེ། སྔོན་གྱི་རྣམ་སྨིན་ཟད་པ་ཡིན་པས། སྐང་པོའི་ཆོ་ག་བྱ། དེ་ནས་ཕྱི་མར་ངན་སོང་གི་སྡུག་བསྔལ་དང་བྲལ་ལོ། །ཡིད་དུ་མི་འོངས་སྣ་ཚོགས་པའི། །ཞེས་ཚེ་ཐུང་བ་དང་། ནད་མང་བ་དང་། ནོར་ཡལ་བ་དང་། སྒྲུབ་པ་ལོག་པའོ། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་འབྲས་བུ་སྡུག་བསྔལ་མང་པོའི་མཚན་མ་ངན་པ་སྣ་ཚོགས་པ། ཡིད་དུ་མི་འོང་བ་ཐམས་ཅད་མི་འདོད་བཞིན་དུ་འདུ་སྟེ། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་དུ་འདུའོ། ༈ །རྩ་བའི་དམ་ཚིག་ཉམས་པའི་སྐྱོན་ལ་ལྔ་སྟེ། དང་པོ་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་ན། སྐལ་པར་དགེ་བ་ཅི་བསགས་ཀྱང་གཞིའ་རྟེན་མྱེད་པར་གྱུར་ནས། འཁོར་བའི་ཁམས་སུ་ཟགས་སོ། །གཉིས་པ་སྐུའི་དམ་ཚིག་ཉམས་ན། ཡ་ང་བའི་ནད་ཀྱིས་སྡུག་བསྔལ་ཡོང་། དུས་མ་ཡིན་པར་འཆི་བའི་དུས་བྱེད། སྐལ་པ་གཅིག་ཏུ་རྡོ་རྗེ་དམྱལ་བར་ལྟུང་། ཐོན་ནས་ཀྱང་བདེའ་བ་དང་མི་ཕྲད་དོ། །གསུམ་པ་གསུང་གི་དམ་ཚིག་ཉམས་ན། བགེགས་རྣམས་ཐོགས་པ་མྱེད་པར་ཡོང་། རྐྱེན་བློ་བུར་བ་ཡོང་། སྒྲུབ་པ་གང་བྱས་པ་འགྱང་། ཆོས་ལ་བྱིན་བརླབས་མི་ཡོང་། སྐལ་པ་གཉིས་སུ་དམྱལ་བར་ལྟུང་། བཞི་པ་ཐུགས་ཀྱི་དམ་ཚིག་ཉམས་ན། སྒྲུབ་པ་ལ་རྟགས་མི་ཡོང་། ལུས་མྱོས་ཤིང་ཁས་སྐུར་པ་འདེབས། མཉོའ་འབོག་དང་དབང་པོ་འཆལ་བའི་ནད་ཡོང་། བསྐལ་པ་གསུམ་དུ་དམྱལ་བར་ལྟུང་། ལྔ་པ་རྩ་བ་ཀུན་ཉམས་ན་ནི། གོང་དུ་རྩ་བ་ཀུན་ཉམས་ཞེས་པའོ། །ཡན་ལག་ཉམས་པའི་སྐྱོན། ཡན་ལག་དམ་ཚིག་ཉམས་འགྱུར་ན། །ཡན་ལག་གི་དམ་ཚིག་ཉམས་པར་འགྱུར་ན། འབྲས་བུ་མྱེད་ཅིང་ངན་སོང་ལྟུང་། །ཚེ་འདིར་བསྒྲུབ་པའི་འབྲས་བུ་མྱེད་ཅིང་། སླར་ཚེ་ཕྱི་མར་ངན་སོང་གསུམ་དུ་ལྟུང་ངོ་། །ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་ནི་ཉེས་པ་གཉིས་ཏེ། འདི་དང་། ཕྱི་མའོ། །འདི་ལ་ཉེས་པ་བཅུ་སྟེ། ལོངས་སྤྱོད་འགྲིབ་པ་དང་། ཐེག་པ་ཆེན་པོ་ལ་གཞན་གྱིས་བཅས་འདོགས་ཏེ་ཆོས་སྣུབ་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་ཐག་རིང་བ་དང་། གདུལ་བྱའི་དོན་རྣམས་ཡལ་བར་དོར་བ་དང་། ལྟ་བ་གཉིས་མྱེད་ཡིན་པ་སྐད་ཟེར་ཞིང་། སྤྱོད་པ་བླང་དོར་དུ་སྤྱོད་པས། ལྟ་སྤྱོད་ཡ་བྲལ་ཞིང་། ཡ་མར་སོང་བ་དང་། ཐེག་པ་ཕྱི་ནང་འདྲེས་པ་དང་། བཀའི་བྱིན་བརླབས་ཉམས་པ་དང་། ཅི་བསྒྲུབས་པ་ཐམས་ཅད་གྲུབ་པར་བཀའོ། །བསྲུང་བའི་ལྷ་ཐམས་ཅད་གཡེལ། ཟབ་མོའི་ཆོས་ཐམས་ཅད་རིང་དུ་སོང་བའོ། །ཕྱི་མར་ནི། ངན་སོང་གསུམ་གྱི་གནས་ངན་པ་ལེན་པར་བྱེད་དོ། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །གོང་དུ་སྟན་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ནི། སྐུ་གསུང་ཐུགས་རྡོ་རྗེ་དང་དབྱེར་མྱེད་པས་རྡོ་རྗེ་ཆེའོ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དམ་ཚིག་ནི་སངས་རྒྱས་ཀུན་གྱི་རང་བཞིན་ནམ། བདག་ཉིད་ཀྱང་ཡིན་ལ། སྒྲུབ་པའི་རྒྱུ་ཡང་ཡིན་པས་བདག་ཉིད་ཡིན་ནོ། ༈ །དམ་ཚིག་ཆེ་བའི་དཔེའ་ནི་བཅུ་གཅིག་སྟེ། དམ་ཚིག་ས་གཞིའ་དང་འདྲ་སྟེ་ལམ་དང་འབྲས་བུའི་ཆོས་འབྱུང་བ་དང་། དམ་ཚིག་སོ་འཚམས་ཀྱི་འཁར་དང་འདྲ་སྟེ་མ་སྲུངས་ན་ཉེས་པ་ཆེ་ལ་བསྲུང་ན་ལེགས་པ་དང་། དམ་ཚིག་ཡིད་བཞིན་དུ་འབྱུང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་འདྲ་སྟེ་དགོས་འདོད་ཀྱི་དངོས་གྲུབ་འབྱུང་བ་དང་། དམ་ཚིག་ནམ་མཁའ་དང་འདྲ་སྟེ་ཀུན་ཤོང་བ་དང་། དམ་ཚིག་ཕ་མ་དང་འདྲ་སྟེ་དུས་གསུམ་གྱི་སངས་རྒྱས་སྐྱེད་པ་དང་། དམ་ཚིག་རྒྱ་མཚོའ་དང་འདྲ་སྟེ་ཡོན་ཏན་གྱི་རླབས་འབྱུང་བ་དང་། དམ་ཚིག་མེ་དཔུང་དང་འདྲ་སྟེ་འགས་ཀྱང་འཚིག་པ་དང་། དམ་ཚིག་སྨན་དང་འདྲ་སྟེ་འཁོར་བའི་ནད་ལྕོང་སྙིང་སྦྱོང་བ་དང་། དམ་ཚིག་རྒྱལ་པོ་དང་འདྲ་སྟེ། རྩང་མར་ཐུབ་ན་དགེའ་བ་གཞན་གྱི་སྣ་འགས་ཀྱང་མཚོའ་བ་དང་། དམ་ཚིག་རྒྱ་མཚོར་ནོར་ལེན་པའི་ཚོང་དཔོན་དེད་དཔོན་ཆེན་པོ་དང་འདྲ་སྟེ་དང་པོ་ནས་ཐ་མའི་བར་དུ་མཐར་ཕྱིན་པར་བྱེད་པའོ། །དེ་བས་ན་དམ་ཚིག་རྣམས་ནི་སྐུ་གསུང་ཐུགས་དབྱེར་མྱེད་པའི། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན་པས་ཐམས་ཅད་ཀུན་ཚང་བ་ཡིན་ནོ་ཞེས་བྱའོ། །རྩ་བའི་དམ་ཚིག་སུམ་བརྒྱ་དྲུག་ཅུར་དབྱེའ་བ་ནི། རྩ་བའི་དམ་ཚིག་ལྔ་ལ་ནི། །ཞེས་རྩ་བ་ལྔ་ནི། བྱང་ཆུབ་སེམས་དང་། བླ་མ་དང་། མཆེད་དང་། སྔགས་དང་ཕྱག་རྒྱ་དང་། གསང་བ་མྱི་ཡེལ་བའོ། །གཅིག་ལའང་གཉིས་དང་། ཞེས་དེ་གང་ཡང་རུང་བ་གཅིག་ལ་ཡང་གཉིས་ཏེ། ལུས་ངག་ཡིད་གསུམ་གྱི་བསྲུང་བྱ་མ་འགགས་པས། ཐབས་སུ་རྟོགས། ནང་རིག་པས་སྲུང་བྱ་སྟོང་པར་ཤེས་པས་ཤེས་རབ་ཏུ་རྟོགས། དེ་ལྔ་པོ་རེ་རེ་ལ་ཡང་ཐབས་ཤེས་རབ་གཉིས་གཉིས་ཏེ་བཅུའོ། །བཅུ་ཕྲག་གསུམ། ཞེས་རྩ་བ་ལྔ་པོ་རེ་རེ་ལ་ལུས་ངག་ཡིད་གསུམ་ལ་བཅུ་བཅུ་སྟེ། སུམ་ཅུ་སུམ་ཅུར་དབྱེའ་བ་ནི། བརྒྱ་ལྔ་བཅུའོ། །གོང་མའི་བཅུ་སྟེ་བརྒྱ་དྲུག་ཅུར་རྩ་བ་ལས་དབྱེའ་བའོ། ༈ །དང་པོ་བྱང་ཆུབ་སེམས་ཀྱི་སུམ་ཅུ་ནི། ཞི་བ་ལ་ཡན་ལག་ལྷག་པའི་ལྷ་དགུའ་ཞི་བ་ཉིད་དང་བཅུའོ། །ཁྲོ་བོ་ལ་ཡན་ལག་ལྷག་པའི་ལྷ་དགུའ་ཁྲོ་བོ་ཉིད་དང་བཅུའོ། །ཐུན་མོང་གི་བྱམས་སྙིང་རྗེ་དགའ་སྟངས་སྙོམས་བཞི། ཁྱད་པར་གྱི་ཁྲོ་སྟུམ་བྱམས་པ། གསོད་ཆེན་སྙིང་རྗེ། བསྒྲལ་ཞིང་སྟབས་པ་དགའ་བ། ཡལ་བར་མི་དོར་སྟངས་སྙོམས་བཞི་སྟེ་བརྒྱད། དོན་དམ་པ་དང་ཀུན་རྫོབ་གཉིས་ཏེ་བཅུའོ། །གཉིས་པ་བླ་མ་སུམ་ཅུ་ནི། དེ་ལ་ལུས་ཀྱི་བཅུ་ནི། སོར་རྡེའུ་ཙམ་ཡང་མི་རྟེག་པ་དང་། འདོད་ཡོན་ལྔས་མཆོད་པ་དང་། ཡུམ་མི་སྤྱད་པ་དང་། གཡས་གཡོན་མདུན་རྒྱབ་དྲང་པོར་མི་འགྲོ་བ་དང་། གདན་བསོགས་མི་རློམ་པ་དང་། སྤྱན་མངར་འགྲེང་འ དུག་གི་ངན་སྤྱོད་སྤང་བ་དང་། རྒྱན་འདོགས་སྒེག་ཆོས་སྤང་བ་དང་། མ་རབས་ཀྱི་སྤྱོད་པ་ཀུན་སྤང་བ་དང་། སྤྱོད་ལམ་ཟོན་ཆག་བཟབ་པ་དང་། སྟི་གནས་སོ། །དེ་ལ་ངག་གི་བཅུ་ནི། རྫུན་དང་། ཕྲ་མ་དང་། ངག་རྩུབ་མོ་དང་། ངག་འཁྱལ་པ་དང་། བེ་ཕོགས་དང་། རྟ་རྒད་དང་། རྒོད་ཀྱི་ཚུལ་ཆོས་དང་། བླ་མའི་ཡོན་ཏན་བརྗོད། ངག་སྙན་པར་སྨྲ། ལྕ་ལྕོ་སྤང་ངོ་། །དེ་ལ་སེམས་ཀྱི་བཅུ་ནི། གཏིའ་མུག་དང་། ཞེ་སྡང་དང་། ང་རྒྱལ་དང་། འཕྲག་དོག་དང་། འདོད་ཆགས་ཀྱི་སེམས་མི་བྱ། ཡང་བར་མྱི་བསམ། ལྕི་བར་མྱི་བསམ། ཕ་མར་བསམ། ཡི་དམ་དུ་བསམ། དུས་རྟག་ཏུ་གདུང་སེམས་རྒྱུན་མི་གཅད་དོ། །གསུམ་པ་སྔགས་དང་ཕྱག་རྒྱ་ལ་སུམ་ཅུ་ནི། སྔགས་ལ་བཅོའ་ལྔ་ནི། ཕྱོགས་བཅིང་བའི་སྔགས་དང་། འབྱུང་བ་རིམས་རྩེགས་དང་། གཞལ་ཡས་ཁང་དང་། རྒྱུ་མ་ནོར་བ་དང་། སྐྱེད་པར་རྐྱེན་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབས་པ་དང་། སྤྱན་དྲངས་བ་དང་། སྟིམ་པ་དང་། སྟན་པར་བཞུགས་སུ་གསོལ་བ་དང་། དངོས་གྲུབ་སྐུལ་བ་དང་། ཕྱག་འཚལ་བ་དང་། མཆོད་པ་དབུལ་བ་དང་། སྙེན་པ་དང་། འཕྲིན་ལས་བཅོལ་བའི་སྔགས་སོ། །ཕྱག་རྒྱ་བཅོའ་ལྔ་ནི། ཞི་བ་ལ་དམ་ཚིག་གི་ཕྱག་རྒྱ་དང་། ལས་དང་། ཆོས་དང་། སྐུ་དང་། ཐབས་དང་། ཤེས་རབ་དང་། ལྷག་པའི་ཕྱག་རྒྱའོ། །ཞི་ཁྲོ་གཉིས་གཅིག་ཏུ་རྩིས་པ་དང་བཅོའ་ལྔའོ། །བཞི་པ་མཆེད་ཀྱི་སུམ་ཅུ་ནི། ལུས་ཀྱི་བཅུ་ནི། མ་བྱིན་པར་མི་བླང་། སླ་ཟེར་མི་སྨྲ། ཡུམ་སྤྱད། ལྟ་སྤྱོད་མཐོའ་བའི་གོང་མི་གཅད། དབང་དམ་གོང་མི་གཅད། དུས་ཀུན་ཏུ་བག་ཟིན་བྱ། ཁུ་འཕྲིག་སྤངས། སྐུར་ཏིས་མཆོད། ཅི་དགར་སྤྱད། ལུས་ལ་སྣུན་ཅིང་སྲེག་པ་སྤང་ངོ་། །ངག་གི་བཅུ་ནི། རྫུན་དང་། ཕྲ་མ་དང་། ངག་རྩུབ་དང་། ངག་འཁྱལ་དང་། ཕྱ་བར་མི་སྨྲ། སྙན་པར་སྨྲ། ཞེས་བྱ། གསོང་པོར་སྨྲ། བདེན་པར་སྨྲ། སྲིད་ཞུའི་སྒྲ་དང་བཅས་པར་བྱའོ། །ཡིད་ཀྱི་བཅུ་ནི། སེམས་ཀྱིས་ཞེ་སྡང་དང་། གཏིའ་མུག་དང་། ང་རྒྱལ་དང་། འདོད་ཆགས་དང་། འཕྲག་དོག་དང་། སྔན་སྤང་། སྤྱ་སེམས་སྤང་། དམྱིག་དང་འདྲ་བར་ལྟ། གདུང་བར་བྱ། མི་གདུང་བར་སྤང་བར་བྱའོ། །ལྔ་པ་གསང་བ་མི་སྤེལ་བའི་བཅུ་ནི། སྤྱིར་གསང་བཞི་དང་། བར་གསང་བཞི་དང་། གསང་བར་གཉེར་གཏད་པ་དང་བཅུའ། སེམས་ཀྱིས་རྟན་པར་མི་བསམ་པས་བཅུ། ངག་གིས་བརྗོད་པར་མི་བྱ་བ་བཅུ། ལུས་རྡས་མི་སྟན་པ་བཅུ་སྟེ་སུམ་ཅུའོ། །རྩ་བ་བཞིར་བཞག་གོ། །ཡང་ན། རྩ་བའི་དམ་ཚིག་ལྔ་གང་ཡང་རུང་བ་གཅིག་ལ། ཐབས་དང་ཤེས་རབ་ཏུ་དབྱེའ། ཐབས་ལ་ཡང་སྐུ་གསུང་ཐུགས་གསུམ་དུ་དབྱེའ། སྐུ་གསུང་ཐུགས་གསུམ་ལ་ཡང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྔར་དབྱེའོ། །དེ་ལྟར་བཅོའ་ལྔ་ཡོད་པ་ལ། ཐབས་ཟང་མ་ནན་ཏེ་བཅུ་དྲུག་གོ། །ཤེས་རབ་ལ་ཡང་དེ་ལྟར་སྒྲེས་པས་བཅུ་དྲུག་ཏུ་དབྱེའོ། །བཅུ་དྲུག་ཕྲག་གཉིས་ལ་སུམ་ཅུ་རྩ་གཉིས། དེ་ལྟར་སུམ་ཅུ་རྩ་གཉིས་ཕྲག་ལྔ་ལ། རྒྱ་དྲུག་ཅུའོ། །ཟེར་ཏེ་སྔོན་མ་ལྟར་དབྱེའ་བ་འཐད་དོ། །ཕྱི་མ་ཡང་བླ་མའི་བཞེད་པའོ། ༈ །ཡན་ལག་གི་དམ་ཚིག་ལས་ཉིས་བརྒྱ་དབྱེའ་བ་ནི། ཡན་ལག་དམ་ཚིག་ལྔ་གཉིས་ལ། །སྟེ་མི་སྤང་བའི་ཉོན་མོངས་པ་ལྔ་དང་། དང་དུ་བླང་བའི་དམ་རྫས་ལྔའོ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེའ། །ཞེས་ཉོན་མོངས་པ་ལྔ་པོ་རེ་རེ་ལ་ཉི་ཤུ་ཉི་སྟེ་བརྒྱ། དམ་རྫས་ལྔ་པོ་རེ་རེ་ལ་ཉི་ཤུ་ཉི་ཤུ་སྟེ་བརྒྱ། ཉིས་བརྒྱར་དབྱེའོ། །མི་སྤང་བའི་ཉོན་མོངས་པ་ལྔ་ལ་རེ་རེ་ལ་ཉི་ཤུ་ཉི་ཤུ་སྟེ། དང་པོ་གཏིའ་མུག་གི་ཉི་ཤུ་ནི། གཞིའ་སྒྲལ་བའི་ཞིང་བཅུ་ལས་དབྱེའ་སྟེ། དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། རྡོ་རྗེ་སློབ་དཔོན་གྱི་དགོས་དགྲ་དང་། དམ་ཉམས་པ་དང་། དམ་ལས་ལོག་པ་དང་། སློབ་དཔོན་མཆེད་ལས་འཁྲུས་པ་དང་། འདུས་པར་འོངས་པ་དང་། ཡོངས་ལ་གནོད་པ་དང་། དམ་ཚིག་གི་སྒྲ་དང་། ངང་ཚུལ་ངན་པ་དང་། ངན་སོང་གསུམ་གཅིག་ཏུ་རྩིས་པ་དང་བཅུའོ། །དེ་ལ་ཐབས་ཀྱི་མཛད་པས་ཞིང་བཟང་ངན་དབྱེའ་གསལ་མྱེད་པར་སྒྲོལ་ཐབས་བཅུ། ཤེས་རབ་ཀྱིས་སྟོང་པ་དང་གཉིས་མྱེད་དུ་མྱི་དབྱེད་པ་དང་བཅུ་དང་ཉི་ཤུའོ། །ཞེ་སྡང་གི་ཉི་ཤུ་ནི། ཞིང་བཅུ་ཐབས་ཀྱི་མཛད་པས་བཅོམ་ནས་ཤེས་རབ་རང་བཞིན་མྱེད་པར་སྒྲོལ་བ་བཅུ། ཐབས་དང་ཤེས་རབ་ཀྱི་ཞེ་སྡང་གིས་བདག་གཞན་གྱི་དོན་རྫོགས་པར་བྱེད་པ་བཅུ་སྟེ་ཉི་ཤུའོ། །འདོད་ཆགས་ཀྱི་ཉི་ཤུ་ནི། ཡུམ་པད་མ་སྤྱན་དང་། དུང་ཅན་དང་། རི་མོ་ཅན་དང་། བན་གླང་ཅན་དང་། བཅུག་ཕྲན་མ་དང་། གདོང་གཅིག་མ་དང་། མེ་རེག་མ་དང་། ཕྱལ་བ་མ་དང་། ལྷ་མོ་དང་། ཀླུ་མོ་སྟེ་བཅུའོ། །དེ་ལ་ཐུགས་རྗེས་ཞི་རྒྱས་དབང་དྲག་ལྷུན་གྲུབ་ཏེ་རིགས་ལྔའི་ཡུམ་དུ་བྱིན་གྱིས་བརླབ་པ་ལྔ་སྟེ། ཏིང་ངེ་འཛིན་གྱིས་སྦྱར་བ་དང་། ཐབས་ཀྱིས་སྦྱར་བ་དང་། དབང་བསྐུར་བ་དང་། རང་བཞིན་གྱིས་སྦྱར་བ་དང་། ཤེས་རབ་ཆེན་པོས་དོན་ལ་ཆགས་པ་དང་བཅུ་སྟེ་ཉི་ཤུ་སྟེ། ང་རྒྱལ་གྱི་ཉི་ཤུ་ནི། ཐབས་ཀྱི་མན་ངག་སྟེང་དུ་གྱུར་པ་ནི་ཞིང་བཅུ་ལ་སྒྲོལ་བའི་ང་རྒྱལ་བཅུ། ཤེས་རབ་ཀྱིས་སྟོང་པར་རྟོགས་པའི་ང་རྒྱལ་བཅུའོ། །འཕྲག་དོག་གི་ཉི་ཤུ་ནི། ཕྱལ་བ་དང་། རྒྱང་ཕན་དང་། རྟག་པ་དང་། ཆད་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་དང་། བཅུ་པོ་དེ་ལ་ཐབས་ཀྱི་མཛད་པའི་སྒོར་མི་ཚུད་པའི་འཕྲག་དོག་བཅུ། ཤེས་རབ་ཀྱིས་སྟ་ངན་མི་ཚུགས་པའི་བཅུ་སྟེ་ཉི་ཤུའོ། །དང་དུ་བླང་བའི་དམ་རྫས་ལྔ་ནི། རེ་རེ་ལ་ཉི་ཤུ་ཉི་ཤུ་སྟེ། བྱང་ཆུབ་སེམས་ཀྱིས་ཉི་ཤུ་ནི། ཀླད་པ་དང་། ཀུངས་པ་དང་། རྡོ་རྗེ་ཆུ་བ་དང་། འདོམས་ཀྱི་སྦ་བ་དང་། དམིག་དང་། སོ་དང་། སེན་མོ་དང་། བ་སྤུ་དང་། བྱང་སེམས་དྭངས་མ་དང་། སྙིངས་མ་སྟེ་བཅུའོ། །ཞིང་བཅུའི་བྱང་སེམས་བཅུ་སྟེ་ཉི་ཤུའོ། །པད་མ་རག་ཏའི་ཉི་ཤུ་ནི། ཡབ་ཀྱི་སྣ་བུག་གི་རག་ཏ། བཾ་གྱི་རག་ཏ། སྙིང་གི་རག་ཏ། རྡོའི་རག་ཏ་མཚལ་དང་། ཤིང་གི་རག་ཏ་ཤྲི་ཤིང་དང་། མེ་ཏོག་གི་རག་ཏ་རམ་བུའི་སྤུ་ཉོག་པ། འབྲས་བུའི་རག་ཏ་རམ་བུའི་འཕྲུ་གུ་དང་། དེ་ལ་སྙིགས་མ་དང་། དྭངས་མ་སྟེ་བཅུ། ཞིང་བཅུའི་རག་ཏ་དང་ཉི་ཤུའོ། །དྲི་ཆེན་གྱི་ཉི་ཤུ་ནི། བླ་མའི་དྲི་ཆེན། འབྲས་བུ་ལྔའི་དྲི་ཆེན། རང་ཤིའི་དྲི་ཆེན། དྲང་སྲོང་གི་དྲི་ཆེན། ཕག་གི་དྲི་ཆེན། ཁྱིའི་དྲི་ཆེན། ཕུག་རོན་གྱི་དྲི་ཆེན། ཉའི་དྲི་ཆེན། དེའི་དྭངས་མ་དང་། སྙིགས་མ་སྟེ་བཅུའོ། །སྒྲལ་བའི་ཞིང་གི་དྲི་ཆེན་བཅུ་སྟེ་ཉི་ཤུའོ། །ཤ་ཆེན་གྱི་ཉི་ཤུ་ནི། གློ་བ་དང་། མཆིན་པ་དང་། མཁལ་མ་དང་། ལོང་ཀ་དང་། རྐང་ལག་གི་ཉ་ཤ་དང་། བླ་དཔུང་གི་བེམ་ཤ་དང་། རྩོས་གོང་གི་གླེན་ཤ་དང་། བཤུལ་ཤ་དང་། དེ་རྣམས་ཀྱི་དྭངས་མ་དང་། སྙིགས་མ་སྟེ་བཅུ། ཞིང་བཅུའི་ཤ་བཅུ་སྟེ་ཉི་ཤུའོ། །དྲི་ཆུའི་ཉི་ཤུ་ནི། འབྲས་བུ་ལྔའི་དྲི་ཆུ། ཡབ་ཀྱི་རྡོ་རྗེའི་ཆུ། ཡུམ་གྱི་པད་མའི་ཆུ། ཕོ་མཁྲིས་པའི་ཆུ། མོ་མཁྲིས་པའི་ཆུ། གངས་ཆུ་དང་། བྲག་ཞུན་ཆུ། ལྕོང་ཟིའི་ཆུའི། དེའི་དྭངས་མ། སྙིགས་མ་སྟེ་བཅུའོ། །སྒྲལ་བའི་ཞིང་བཅུའི་དྲི་ཆུ་སྟེ་ཉི་ཤུའོ། །དེ་ལྟར་དམ་རྫས་ལྔ་ལ་བརྒྱ། ཉོན་མོངས་པ་ལྔ་ལ་བརྒྱ་སྟེ་ཉིས་བརྒྱའོ། །ཡང་ན་ཡན་ལག་དམ་ཚིག་ལྔ་གཉིས་བཅུ་ནི། གང་ཡང་རུང་བ་གཅིག་ལ། ཐབས་དང་ཤེས་རབ་གཉིས་སུ་དབྱེ། ཐབས་གཅིག་པུ་ལ་ཡང་། སྐུ་གསུང་ཐུགས་གསུམ། སྐུ་གསུང་ཐུགས་གསུམ་གསུམ་དགུའ། ཐབས་ཟང་མས་མནན་ཏེ་བཅུའོ། །ཤེས་རབ་ལ་ཡང་དེའི་ཟླས་སྒྲེས་ཏེ་བཅུའོ། །གཅིག་ལ་ཡང་བཅུ་ཕྲག་གཉིས་ཏེ་ཉི་ཤུ། དེ་ལྟར་བཅུ་ཕྲག་གཉིས་གཉིས་ཏེ་ཉིས་བརྒྱའོ། །གོང་གི་རྩ་བའི་བརྒྱ་དྲུག་ཅུ་བཞག་པ་དང་། སུམ་བརྒྱ་དྲུག་ཅུར་དབྱེའོ། །དམ་ཚིག་འདི་ནི་སྨད་པོ་ཆེ། །དབྱེའ་བའི་དགོས་ཆེད་ནི། དམ་ཚིག་འདིའི་ཡོན་ཏན་ནི་ངོ་མཚར་རྨད་དུ་འབྱུང་བས་རྨད་པོ་ཆེའོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྣོད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། སྲིད་གསུམ་འགྲོ་བ་ཇི་སྙེད་པའི། །བཅུད་ཀྱི་སེམས་ཅན་སྲིད་པ་གསུམ་གྱིས་སྡུས་པའི་འགྲོ་བ་ཇི་སྙེད་པའི་མང་པོ་ཞིག་ཡོད་ལ། འགྲོ་བ་སོ་སོའི་རྟོགས་པ་ཡང་ཇི་སྙེད་མང་པོ་ཞིག་ཡོད་པའོ། །རྟོག་འདུལ་དམ་ཚིག་དེ་སྙེད་སྤྲོ། །དེ་དག་རྟོག་པ་འདུལ་བའི་གཉེན་པོ། དམ་ཚིག་ཡང་དེ་སྙེད་སྤྲོ་སྟེ། ལེའུ་ལག་གི་དམ་ཚིག་དང་། དཔལ་གསང་བ་འདུས་པའི་ཡུལ་ལ་འཇུག་པའི་དམ་ཚིག་ཀུན་ནོ། །གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། །ཞེས་དམ་ཚིག་གི་ས་ལ་གནས་ཤིང་མ་ཉམས་པར་བསྲུངས་ན། ཡོན་ཏན་ནི་གོང་དུ། མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར། ཞེས་སྟན་པ་དེ་ལས། ཡོན་ཏན་གཞན་ཡང་། ཉོན་མོངས་པ་རྣམས་སྤངས་ནས་ཉོན་མོངས་པ་ལས་རྒྱལ་བ་ནི། ཉན་ཐོས་ཀྱང་འདོད་ན། ཉོན་མོངས་པ་ཉིད་གནས་སུ་དག་པར་རྟོགས་ནས། ཉོན་མོངས་པ་ཉིད་མ་སྤངས་པར་སྤྱད་པས་རྒྱལ་བ་ནི། རྒྱལ་བའི་ཡང་རྒྱལ་བ། རྒྱལ་བའི་མཆོག་ཏུ་གྱུར་པས་ན་རྒྱལ་མཆོག་གོ། །དེའི་དུས་ན་ཀུན་ཏུ་བཟང་པོ་གཞིའ་དང་ལྡན་ཏེ། རང་བཞིན་ཀུན་ཏུ་བཟང་པོ་ནི། ཉོན་མོངས་པ་ཉིད་སངས་རྒྱས་པར་གནས་པའོ། །སྤྱོད་པ་ཀུན་ཏུ་བཟང་པོ་ནི། དེ་ལྟར་རྟོགས་པའི་དུས་ན། ཅི་སྤྱོད་སྐྱོན་གྱིས་མ་གོས་ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་རོ། །དུས་ཀུན་ཏུ་བཟང་པོ་ནི། དེའི་དུས་ན་འདས་པའི་དུས་ཀྱང་བཟང་། ད་ལྟར་ཡང་བཟང་། མ་འོངས་པ་ཡང་བཟང་སྟེ། དུས་བཞི་མཉམ་པ་ཉིད་དུའམ། དུས་གསུམ་འགྱུར་བ་མྱེད་པར་ལྷུན་གྱིས་གྲུབ་པས། དུས་ཀུན་ཏུ་བཟང་པོ་ཞེས་བྱ་བའོ། །ཐམས་ཅད་མ་ལུས་ཕྱག་རྒྱའི། །ཞེས་ཀུན་ཏུ་བཟང་པོ་གཞི་དང་ལྡན་པའི་དུས་ན། ཉོན་མོངས་པ་ལྔས་སྡུས་པའི་ཆོས་ཐམས་ཅད་མ་ལུས་པར་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་སངས་པའི་རང་བཞིན་དུ་ཡེ་ནས་གནས་པ་ཡིན་ནོ། །བསྒྲུབ་མྱེད་དམ་པ་མ་ལུས་འགྲུབ། །ཅེས་ཡེ་ནས་གནས་པའི་དོན་ནི། ཤེས་རབ་ཀྱིས་རྟོགས་ཤིང་། རྟོགས་པའི་ངང་ལ་མ་ཡེངས་པར་གནས་ན། ཀུན་ནས་ཉོན་མོངས་པའི་ཆོས་ནི་སྐྱོན་དུ་འགྱུར་ནས་ཡང་དུ་ཡང་མྱེད་ལ། རྣམ་པར་བྱང་བའི་ཆོས་ནི་ཡོན་ཏན་དུ་ལྟས་ནས་སྒྲུབ་ཏུ་ཡང་མྱེད་པས་སྒྲུབ་མྱེད། དེ་ལྟར་ཀུན་ནས་ཉོན་མོངས་པའི་ཆོས་མ་སྤངས་པར་སྤྱོད་པ་ཉིད་ཀྱིས། ཡོན་ཏན་དུ་དམ་པ་དང་ལྡན་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པར་འགྲུབ་བོ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་གོང་དུ་སྨོས་པ་དེ་དག་ཡོན་ཏན་མདོའ་ཙམ་སྟེ། ཡོན་ཏན་མཐའ་ཡས་པ་མཆོག་དང་ལྡན་པས། མཐའ་ཡས་པ་མཆོག །དེ་ཡང་ཐུན་མོང་གི་ཡོན་ཏན་མཐའ་ཡས་ཏེ་བརྗོད་ལས་འདས། མཆོག་གི་ཡོན་ཏན་མཐའ་ཡས་པས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་ནམ། སྐུ་ལྔ་ལྷུན་གྲུབ་ཐོབ་བོ། ༈ །འདིར་ངག་དོན་དུ་དམ་ཚིག་མ་ཉམས་པའི་ཡོན་ཏན་ནི། སྐུའི་དམ་ཚིག་མ་ཉམས་ན། ལུས་ལ་ནད་ཉུང་། མཚན་དང་ལྡན། འཁོར་དང་ལོངས་སྤྱོད་འཕེལ། ཐུན་མོང་གི་ཉེས་བྱས་འདག་པར་འགྱུར། སྲིད་པ་གསུམ་ལ་དབང་སྐུར། ཐེག་ཆེན་ཟབ་མོའི་དོན་ཐོབ་པར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན། ལྷ་མཉེས། རྒྱུད་འཕེལ། མཐུའ་དང་བྱིན་རླབས་བསམ་གྱིས་མི་ཁྱབ། ལས་རྣམ་བཞིའ་དུས་སུ་འགྲུབ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་སོ། །ཐུགས་ཀྱི་དམ་ཚིག་མ་ཉམས་ན། སེམས་སྐྱོ་དུབ་མྱེད། མན་ངག་གི་སྣོད་དུ་འགྱུར། དངོས་གྲུབ་ཉེ། དགོངས་པ་ཟབ། དོན་ལ་མཁས། ལྷ་རྣམས་ཀྱིས་དབང་སྐུར་རོ། །བྱང་ཆུབ་སེམས་ཀྱིས། ཏིང་ངེ་གསལ། ནུས་པ་ཆེ། དངོས་གྲུབ་ཉེའོ། །ཡན་ལག་གི་ཡོན་ཏན་ནི། ཐེག་ཆེན་གྱི་ལྟ་སྤྱོད་གཞུང་སྲོངས་པས། ལྷ་རྣམས་འགོའ། བསམས་པ་འགྲུབ། བདག་གཞན་གྱི་དོན་རྫོགས། ངན་སོང་སྦྱང་། བདུད་བཞི་འཇོམས་སོ། །རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ན། འོག་མའི་སྡོམ་པ་དང་། དམ་ཚིག་ཀུན་འདིར་མ་སྲུངས་པར་རྫོགས་པས་ན། དགེ་སློང་བྱང་ཆུབ་སེམས་དཔའ་ཡིན། རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན་ནོ། །རྒྱལ་བའི་རིགས་མཆོག་འཛིན་པ་དེ། །ཞེས་ཐུན་མོང་མ་ཡིན་ཡིན་པའི་ཡོན་ཏན་བདུན་དང་ལྡན་ཏེ། དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། འབྲས་བུ་ཉན་ཐོས་དང་རང་རྒྱལ་བར་མི་སྐྱེ་ཞིང་། རྒྱལ་བ་སངས་རྒྱས་ཀྱི་གདུང་ཚོབ་ཅིང་རིག་འཛིན་པར་ངེས་པའོ། །འཇིག་རྟེན་གཙོའ་དང་འཁོར་གྱིས་བསྐུར། །ཞེས་དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། འཇིག་རྟེན་གྱི་གཙོའ་བོ་ལྷ་དབང་ཕྱུག་ཆེན་པོ་དང་། དེད་དཔོན་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱིས། སྤྱི་བོ་གཙུག་གི་ནོ་བུ་ལྟར་སྐུར་ཞིང་། ཅི་དགོས་པའི་ལས་གྲུབ་པར་བྱེད་པ་དང་། དམ་པའི་མཆོག་དང་དམ་པ་ཡིས། །ཞེས་དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། དམ་པའི་མཆོག་སངས་རྒྱས་དང་། དམ་པ་བྱང་ཆུབ་སེམས་དཔའ་ཡིས། སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས། སངས་རྒྱས་ཀྱིས་ནི་སུས་སུ་དགོངས་ཤིང་བྱིན་གྱིས་རློབ་པ་དང་། བྱང་ཆུབ་སེམས་དཔའ་ནི། ཡུན་དུ་དགོངས་ནས་བྱིན་གྱིས་རློབ་བོ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །ཞེས་དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། ད་ལྟ་ཉིད་ནས་བདེའ་བར་གཤེགས་པའི་ཐུགས་གསང་བའི་ཡེ་ཤེས་མཆོག་གི་སྤྱོད་ཡུལ་ལ་ཞུགས་ཏེ། ཉན་ཐོས་ཀྱི་སྡོམ་པ་མནོས་པ་ནི། བདག་ནམ་འཚོའི་བར་དུ་ཞེས་མནོས་ནས། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ་ནི་བདག་བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ་ཞེས་མནོས་ལ། སྔགས་ཀྱི་དམ་ཚིག་མནོས་པ་ནི། ད་ལྟ་ཉིད་ནས་བདག་གི་ལུས་ངག་ཡིད་གསུམ་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་དང་དབྱེར་མྱེད་པར་ཁས་བླངས་ཏེ། ད་ལྟ་ཉིད་ནས་བདེའ་བའི་སྐུ་གསུང་ཐུགས་ཡེ་ཤེས་གསང་བ་མཆོག་གི་སྤྱོད་ཡུལ་ལ་ཞུགས་པ་ཡིན་ནོ། །འཇིག་མྱེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དམ་ཚིག་གི་ངང་ལ་གནས་ཤིང་སྲུངས་ན་འཁོར་བ་དང་ངན་སོང་གི་འཇིགས་པ་མྱེད་དེ། ཆོས་ཐམས་ཅད་ཀུན་ཏུ་བཟང་པོར་སངས་རྒྱས་པའི་རང་བཞིན་དུ་ཤེས་རབ་དང་ངེས་སྦྱོར་རོ། །ཇི་བཞིན་ཉིད་དང་འདུལ་བའི་ཐབས། །དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། ཡེ་ཇི་བཞིན་པའི་མ་ཉམས་པ་ཉིད་དུ་སྟོན་པ་དང་། འདུལ་བའི་ཐབས་ཇི་སྙེད་པའི་ཚུལ་ཁྲིམས་དང་། ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་བྱང་ཆུབ་སེམས་དཔའི་སྡོམ་པ་བསམ་ཡས་པ་ཀུན་ཡང་འདུས་ཏེ། མཚན་ཉིད་ཐིག་པ་ཆེན་པོའི་ཆུབ་སེམས་དཔའ་དེ། གསང་སྔགས་ཀྲི་ཡོ་ག་ལ་སོགས་གསུམ་ཡང་། དམ་ཚིག་གི་ངང་ལ་གནས་ཤིང་མ་ཉམས་པར་སྲུངས་ན། གསང་སྔགས་ཀྱི་དམ་ཚིག་མ་ཉམས་པར་སྲུངས་པའི་ནང་དུ་ནི། ཉེས་བྱས་འགའ་ཡང་མྱེད་པར། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་ག་ལ་སོགས་པ་ཡང་རེ་རེ་ནས་སྲུང་མི་དགོས་པར། ལྷུན་གྱིས་གྲུབ་པ་ཉིད་དུ་རྣམ་པར་དག་པས་ན། དམ་ཚིག་མ་ལུས་པའི་ཉེས་པ་རྣམ་པར་དག་ནས། ཡོན་ཏན་རྣམས་ལྷུན་གྱིས་གྲུབ་པར་གནས་སོ། །ཉམས་ན་བསྐང་པས་རྫོགས་པ་དང་། །ཞེས་ཉན་ཐོས་ཀྱི་ཚུལ་ཁྲིམས་ནི། རྫ་ཆགས་པ་དང་འདྲ་སྟེ། ཅིའི་ཕྱིར་ཞེ་ན། དགེ་སློང་ནི་རྩ་བ་བཞི་ལས་གང་ཡང་རུང་བ་གཅིག་ཉམས་ན། དེ་ཕན་ཅད་ཤཱཀྱའི་སྲས་མ་ཡིན། དགེ་སྦྱོང་དུ་མ་རུང་། སྤང་མ་མཉེས་པ་དང་འདྲའོ། །སྨན་ཀུས་པ་དང་འདྲ་སྟེ་སླར་གསོའ་བའི་མི་རུང་ངོ་། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། གསེར་སྐྱོགས་དང་འདྲ་སྟེ། གསེར་སྐྱོགས་ཞོམ་པ་ནི་སླར་སྲང་དུ་ཡང་རུང་སྟེ། དེ་མ་ཡིན་པའི་ཆག་ཚབས་ཆེན་མགར་བ་མཁས་པས་སླར་བརྡུང་དུ་ཡང་རུང་སྟེ། དཔེ་དེ་དང་འདྲ་བར། བྱང་ཆུབ་སེམས་དཔའི་སྡོམ་པ་ཉམས་པ་ནི། སྡོམ་པ་ཆགས་པའི་དགེ་སློང་ལས་སླར་ནོད་དུ་ཡང་རུང་ངོ་། །གསང་སྔགས་ཀྱི་དམ་ཚིག་ནི། ཉན་ཐོས་ཀྱི་ཚུལ་ཁྲིམས་ཉམས་པ་རྫ་ཆག་པ་བཞིན་སླར་བླང་དུ་མྱེད་པ་ཡང་མ་ཡིན། བྱང་ཆུབ་སེམས་པའི་གསེར་སྐྱོགས་བཞིན། གཞིའ་ནས་ནོད་དགོས་པ་ཡང་མ་ཡིན་ཏེ། གང་ཉམས་པ་དེ་སོར་ཆུད་པར་བྱས་པས་སྐོངས་ཏེ། དེ་ལ་ཡང་སྐང་བས་རྫོགས་པས། མི་སྐོངས་པ་གཉིས་ཡོད་དོ། །མི་སྐོངས་པ་ནི། རྡོ་རྗེ་སློབ་དཔོན་དང་། མཆེད་ལྕམ་དྲལ་གང་ཡང་རུང་བ་གཅིག་ལ། ཐུགས་དང་འགལ་ནས། དེ་ལ་བཟོད་པར་གསོལ་ནས་ཐུགས་རངས་པར་མ་བྱས་པར། ཐུགས་དང་འགལ་བ་དེ། སྐྱེ་ཤིས་རྩལ་ལམ། དབུས་འཁམས་ཀྱིས་བཤུགས་ནས། ཕྱི་ན་གནས་འགལ་བར་བྱེད་པ་དེ་ནི། རྡོ་རྗེ་སེམས་དཔའ་དང་འདྲ་བས་ཡོང་མི་སྐོངས། སྐོངས་པར་མི་འགྱུར་ཞེས་གསུངས་ཏེ། སྐད་དུ་མྱེད་དོ། །སྐད་དུ་ཡོད་པ་ནི། བྱང་ཆུབ་སེམས་ཀྱི་དམ་ཉམས་ན། བླ་མ་མཁས་པ་ལ་བླངས་ཏེ་གནས་པར་བྱ། སྐུའི་དམ་ཚིག་ཉམས་ན། གང་ལ་ཉམས་པའི་བླ་མ་དང་མཆེད་ཀུན་ལ། ཡོན་གྱིས་མཉེས་པར་བྱས་ལ། གང་ཉམས་པ་དེ་བཤགས། ཕྱིན་ཅད་སྡོམ་པ་ལེགས་པར་བཟུང་། གལ་ཏེ་གྲོངས་ཆད་དུ་གྱུར་ན། དེའི་སློབ་དཔོན་བཞུགས་ན་དེ་ལ་བཤགས། དེ་ཡང་མྱེད་ན་དེ་དང་ཡོན་ཏན་མཉམ་བརྒྱ་ལ་བཤགས། དེ་ཡང་མ་སྙེད་ན་དེ་དང་མཉམ་པ་གསུམ་ལ། སྤྱན་དྲངས་ལ། མེ་ཐབས་རྩིག །ནང་དུ་དཀྱིལ་འཁོར་གྱི་ལྷ་མེ་ལྷའི་ལྟོ་བར་བཞུགས་ལ་མཆོད། དེའི་རྗེས་སུ་བླ་མ་ལ་མཆོད་ལ་བཤགས། ནོར་རྫས་ཡང་དབང་པོ་གསུམ་ལ་དབུལ་ལོ། །གལ་ཏེ་སློབ་དཔོན་དང་མཆེད་བཤགས་པ་དེ་མི་ལེན་ན། དམ་ཉམས་པ་དང་མི་ཉམས་པ་གཅིག་ཀ་རྡོ་རྗེ་དམྱལ་བར་སྐྱེའོ། །དེ་བས་ན་བཤགས་པ་བྱེད་པ་དེ་བླང་བར་བྱ་གལ་ཆེའོ། །གསུང་གི་དམ་ཚིག་ཉམས་ན། རང་གི་ལུས་ངག་ཡིད་གསུམ། ཡི་དམ་ལྷའི་སྐུ་གསུང་ཐུགས་སུ་བསྒོམས་ལ། ཟླས་པ་འདབ་ཏུ་བྱ། སྒྲུབ་པ་ཆེན་པོ་ལན་གསུམ་བྱའོ། །ཐུགས་ཀྱི་དམ་ཚིག་ཉམས་ན། འགྲོ་དྲུག་རང་སེམས་སུ་བསལ་བར་རྟོགས་པར་བྱས་ལ། ཐམས་ཅད་བདག་ཡིན་པས། བདག་གིས་བདག་ལ་གསང་དུ་མྱེད། བདག་མི་རྟོག་པའི་ཏིང་ངེ་འཛིན་དུ་ཞུགས་ལ། དོན་མ་ཡེངས་པར་བློ་ལ་འདྲིས་པར་བྱའོ། །ཡན་ལག་གི་དམ་ཚིག་ཉམས་ན། གང་ཉམས་པ་དེ་སོར་བཅུག་ལ། ཚོགས་བརྒྱ་རྩ་བརྒྱད་གཏོང་ངོ་། །དེ་ལྟར་གང་ཉམས་པ་དེ་སྐོངས་ན་སོར་ཆུད་ཅིང་། སྐོངས་པར་རྫོགས་པར་འགྱུར་རོ། །དེ་ལ་སོགས་ཏེ་མཐའ་ཡས་མཆོག །ཅེས་ཉམས་པ་སྐངས་མ་ཐག་ཏུ་སོར་ཆུད་ཅིང་རྫོགས་པའི་ཡོན་ཏན་དེ་དག །མདོའ་ཙམ་དེ། དེ་ལ་སོགས་ཏེ་ཡོན་ཏན་མཐའ་ཡས་བསམ་གྱིས་མི་ཁྱབ་པའི་མཆོག་དང་ལྡན་ནོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །ཞེས་འདུལ་ཏ་སེམས་ཅན་ཕྱིན་ཅི་ལོག་གི་རྟོག་པ་འདུལ་ན། སེམས་ཅན་གྱི་རང་བཞིན་ཉིད་དེ་བཞིན་གཤེགས་པ་ལས་མི་ཞན་པས། ཉིད་ལ་ཉིད་འདུལ་བར་གྱུར་ཏོ་ཞེས་བྱའོ། །རྟོགས་པ་དཀའ་བས་གསང་བ་བཅུད་འདུས་བས་སྙིང་པོ་མ་ནོར་བས་ན་དེ་ཁོ་ན་ཉིད་མ་བཅོས་པས་ན་ངེས་པ་ལས། དེ་ནས་དེ་བཞིན་གཤེགས་པ་གཤེགས་པ་དེར་ཕྱིན་པའོ། །བཅོམ་ལྡན་འདས་དགྱེས་པ་ཆེན་པོ། ཞེས་བཅུ་དགུའ་པའི་རྗེས་དེ་ནས། ཉི་ཤུ་པའི་འཕྲིན་ལས་བསྟོན་པས་སོ། །དེ་བཞིན་མ་ནོར་བ། ཞི་བས་ཉོན་མོངས་པའི་བདུད་བཅོམ། རྒྱས་པས་ཕུང་པོའི་བདུད་བཅོམ། དབང་གིས་ལྷའི་བུའི་བདུད་བཅོམ། དྲག་པོས་འཆིའ་བདག་གི་བདུད་བཅོམ། དེ་རྣམས་ཐམས་ཅད་ཡང་ལྷུན་གྲུབ་ཏུ་བཅོམ་པའོ། །ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཞེས་བྱང་ཆུབ་སེམས་ཉིད་ལ་འཕྲིན་ལས་རྣམ་པ་བཞི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་གནས་སྟེ། སེམས་དང་བ་ནི་ཞི་བ། སེམས་དགའ་བ་ནི་རྒྱས་པ། སེམས་ཆགས་པ་ནི་དབང་། སེམས་འཁྲོས་པ་ནི་དྲག་པོ་ཏེ། དེ་བས་ན་བྱང་ཆུབ་སེམས་ཉིད་ལ་འཕྲིན་ལས་རྣམ་པ་བཞི། རང་བཞིན་གྱིས་ལྷུན་གྱིས་གྲུབ་པར་གནས་ཏེ། འཕྲིན་ལས་བཞིའི་ཆོ་གས་བསྐུལ་བས། དེའི་དོན་མངོན་དུ་སྣང་བར་བྱེད་པ་ནི། བྱིན་གྱིས་བརློབ་པ་ཞེས་བྱ། ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརློབ་པ་ལས་མི་འདའ་བས་ན་དམ་ཚིག །ཏིང་ངེ་འཛིན་ནི། ད་བཟོད་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལ་འཇུག་དགོས་པ་ནི་མ་ཡིན་ཏེ། མ་འོངས་པའི་རྣལ་འབྱོར་པས་ལས་བསྒྲུབ་ན། ཏིང་ངེ་འཛིན་ལ་ཞུགས་ལ་སྒྲུབས་ཤིག་པར་གདམ་པ་ཡིན་ནོ། ༈ །སྤྱིར་ངག་དོན་དུ་སྦྱིན་སྲེག་ལ་གསུམ་སྟེ། ཕྱི་སྐུ་གསུམ་གྱི་མཛད་སྤྱོད་དང་། ནང་ཏིང་ངེ་འཛིན་གྱི་རྟོགས་ཚུལ་དང་། གསང་བ་རླུང་གི་བདེ་བའོ། །ཕྱི་སྐུ་གསུམ་གྱི་མཛད་སྤྱོད་ལ་གསུམ་སྟེ། རང་བཞིན་གྱི་ཧོཾ་དང་། ཐུགས་རྗེའི་ཧོཾ་དང་། ལྷག་པ་གཟུགས་བརྙན་གྱི་ཧོཾ་མོ། དེ་ལ་རང་བཞིན་ཡི་ཧོཾ་ནི། རང་རིག་པ་ཡེ་ཤེས་ཀྱི་རྒྱལ་པོའོ། །ཕྱོགས་བཅུ་མ་ལུས་པ་ཐམས་ཅད་ལ། རང་རིག་ཏུ་རྒྱས་གཏབ་པས། ཡུལ་དུ་མི་དམིགས། དབང་པོ་མི་དམིགས། རྣམ་ཤེས་ལ་དམིགས་སུ་མེད་དེ། རང་རིག་པས་ལྟང་ན་འཇོམས་པས་ཁྲོ་བོར་སྣང་སྟེ། ལུས་དམྱིགས་མྱེད་ལ་མཚན་མའི་སྤྲོས་པ་མེད་པའོ། །ཐུགས་རྗེའི་ཧོཾ་ནི། ཆོས་སྐུ་ནམ་མཁའ་ལྟ་བུ་ལས། སྐུ་དང་ཡེ་ཤེས་སྤྲིན་ཕུང་ལྟ་བུ་བྱུང་ནས། འགྲོ་དོན་མཛད་པའོ། །ལྷག་པའི་གཟུགས་རྙན་གྱི་ཧོཾ་ནི་དཀྱིལ་འཁོར་བྱས་ནས། སྦྱིན་སྲེག་བྱེད་པ་ལ་ཟེར་བ་ཡིན་ཏེ་ཆོ་གའི་གཞུང་ནས་ཇི་ལྟར་བཤད་པ་བཞིན་ནོ། །ནང་ཏིང་ངེ་འཛིན་གྱི་རྟོགས་ཚུལ་ནི་གསུམ་སྟེ། ཏིང་ངེ་འཛིན་གྱི་སྦྱིན་སྲེག་དང་། ལྷག་པའི་ཏིང་ངེ་འཛིན་གྱི་སྦྱིན་སྲེག་དང་། ལོངས་སྤྱོད་ཀྱི་སྦྱིན་སྲེག་གོ། །ཏིང་ངེ་འཛིན་གྱི་སྦྱིན་སྲེག་ལ་གཉིས་ཏེ། རང་རིག་པའི་སྦྱིན་སྲེག་དང་། རྟགས་ཀྱི་སྦྱིན་སྲེག་གོ། །རང་རིག་པའི་སྦྱིན་སྲེག་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་རྟོགས་པས། སེམས་ཀྱི་འཕྲག་དོག་ཐམས་ཅད། རང་རིག་པའི་ཡེ་ཤེས་ཀྱིས་བདག་མྱེད་པར་རྟོགས་པས། ཕྱི་ནང་གི་ཆོས་ཐམས་ཅད་དངོས་མྱེད་དུ་རྟོགས་ནས་རྫས་དང་སེམས་ཀྱི་བག་ཆགས་སྲེགས་པའོ། །རྟགས་ཀྱི་སྦྱིན་སྲེག་ནི། རང་རིག་གོམས་པའི་རྟགས། ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་སྤྲོས་ནས། ཕྱི་སྣོད་གླིང་བཞི་རི་རབ་དང་བཅས་པ་ཐམས་ཅད་སྦྱངས། ནང་བཅུད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྦྱངས། བདུད་བཞི་བཅོམ། ངན་སོང་གི་གནས་རྣམས་སྦྱོང་། རང་གི་སྒྲིབ་པ་དག་ནས། འབྲས་བུ་སྐུ་གསུམ་རྟོགས་པའོ། །ལྷག་པའི་ཏིང་ངེ་འཛིན་གྱི་སྦྱིན་སྲེག་ནི། ཤེས་རབ་ཀྱི་སྤྱོད་ཡུལ་རྫས་སུ་བྱ། རང་རིག་སྟོང་པ་ལས་ལྷར་གྱུར། ནོད་བཅུད་ལྷའ་དེ་ལ། ཕྱི་རོལ་ཡུལ་ནི་སྦྱིན་སྲེག་གི་མཆོད་པའི་རྫས་སུ་གྱུར་པའོ། །ལོངས་སྤྱོད་ཀྱི་སྦྱིན་སྲེག་ནི། ལུས་ཀྱི་རྩ་དཀྱིལ་འཁོར། ལྕེ་མེ་ལྷ། ཞལ་ཟས་སྲེག་རྫས། ལག་པ་གཡས་གཡོན་བགང་བཟར་དང་བགང་བླུགས། རྒྱུ་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་དབུལ་ལོ། །གསང་བ་རྩ་རླུང གི་བདེའ་བ་ལ་གཉིས་ཏེ། སྟུམ་མོ་དང་། སྦྱོར་བའོ། །སྟུམ་མོ་ནི། ཁམས་བཞི་པ་སྟེ། སུམ་མདོའ་རླུང་། ལྟེ་བ་ས། སྙིང་ཀ་ཆུ། སྐོག་མ་མེ་ནི། ལས་བཞིའི་དཀྱིལ་འཁོར། མོས་བྱང་སེམས་ཀྱི་བདེའི་བ་དྲངས་ནས་ལུས་ཡེ་ཤེས་ལྷ་ལ་དབུལ་ལོ། །སྦྱོར་བ་ནི། ཁམས་ཆགས་པ་ལ་རྟོན་པ་སྟེ། ཡུམ་གྱི་པད་མ་ཐབ་ཞུ། ཡབ་ཀྱི་རྡོ་རྗེ་གཟར་བུ། ཡིད་ཀྱི་རྣམ་ཤེས་ལྷ། ཁུ་བ་རྫས་ཀྱིས་གཉིས་པ་ནི། ཡུམ་གྱི་པད་མ་དང་། ཡབ་ཀྱི་རྡོ་རྗེ་དང་། རྣམ་ཤེས་གསུམ་ལས་བྱུང་བའི་གསང་བའི་སྦྱིན་སྲེག་གོ། །ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཞེས་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། ཞི་རྒྱས་དབང་དྲག་གི་ལས་རྣམ་བཞི་སྒྲུབ་པར་འདོད་ན། སངས་རྒྱས་ཀྱི་བཀའ་དང་འཐུན་པར་སྒྲུབ་དགོས་ན། སངས་རྒྱས་ཀྱིས་འགྲོ་བའི་དོན་ཆེད་དུ། སྦྱིན་སྲེག་གི་རིམ་པ་འདི་བརྗོད་དོ། །ཞེས་སོ། །ཨེའི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་རྒྱ་གར་གྱི་ཡི་གེ་ཨེ་ནི་གྲུ་གསུམ་ཡིན་པ་དང་། དྲག་པོའི་ཐབ་ཁུང་གྲུ་གསུམ་དུ་བྱས་ལ། དཀྱིལ་འཁོར་གྱི་ལྷ་བཛྲ་ཧེ་རུ་ཀ་དང་། སྔགས་མཁན་གྱི་ཆས་གོས་རྣམ་པ་ལྔ་ཡང་ཁ་དོག་ནག་པོར་བྱས་པ་ནི་དཀྱིལ་འཁོར་མཆོག་གོ། །ཡང་ན་དྲག་པོའི་དཀྱིལ་འཁོར་མཆོག་ནི་གྲུ་གསུམ་མོ། །ཡེ་ཤེས་རྔམ་པ་ཀློག་གི་ལེའུ་བཅུའ་ལྔ་པ་ལས། ཡ་ནི་ཞི་བའི་མཚན་ཉིད་ཡིན། །མ་ཞེས་བྱ་བ་རྒྱས་པ་སྟེ། །དབང་དུ་སྡུད་པ་བམ་དུ་བཤད། །ཨེ་ནི་དྲག་པོའི་མཚན་ཉིད་དོ། །འབར་བའི་སྟུམ་ཆེན་རྔམ་པ་ལ། །ཞེས་ལྷ་སྐུ་ནི་མེ་དཔུང་འབར་བའི་ནང་ན་བཞུགས་པ། སྐུ་ཁྲོ་ཆེན། ཐུགས་སྟུམ་བག །གསུང་རྔམ་པ་ལས། འཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་སྔགས་འཁན་བདག་ཉིད་ཀྱང་ཤིན་ཏུ་འཁྲོས་པའི་ཡིད་ཀྱི་ཏིང་ངེ་འཛིན་གྱིས། བདེ་བར་གཤེགས་པ་ལ་མཆོད། འཁོར་ལ་སྦྱིན། དགྲའ་བགེགས་སྲེག་པར་བྱ་ན། འོག་ནས་བདུད་རྩི་ལྔ་འམ་ཞེས་པར་སྦྱོར། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །ཅེས་དེ་ལྟར་བྱས་ན་སངས་རྒྱས་ཀྱི་དགེ་བ་མང་པོའི་བསོད་ནམས་ལས་གྲུབ་པའི། གཟུགས་ཀྱི་སྐུ་ཡང་འཇིག་གོ། །དེ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ལས་གྲུབ་པའི་གཟུགས་སྐུ་འཇིག་པར་ནུས་སོ། ༈ །དྲག་པོའི་སྦྱིན་སྲེག་ལ་ངག་དོན་དུ་བཅུ་གཅིག་སྟེ། གནས་དང་། རྫས་དང་། ཐབ་དང་། གཟུངས་མ་དང་། གཙོའི་སེམས་དང་། སྒྲུབ་བྱ་བ་དང་། ཕུར་པ་དང་། ལྷ་དང་། དུས་དང་། ལས་རིམ་དང་། ལྷག་མ་འོང་། གནས་ནི། དུར་ཁྲོད་དུ་བྱའོ། །རྫས་ལ་ལྔ་སྟེ། ཡམ་ཤིང་ནི་རྩ་བ་ལ་བྱ། བུར་ཤིང་ནི་དུག་ཤིང་ངམ་ཚེར་མ་ཅན་ནོ། །ལང་ཀི་ནི་རང་རྫས་དང་། དུག་ཁྲག་གོ། །གཏོར་མ་ནི་དུག་ཁྲག་དུར་ས་སོལ་སྲན་ཅན་རྡོ་ཕྱེ་ལ་ཅོགས་པའོ། །མཆོད་རྫས་ནི། དུག་ཚིལ་ཁྲག་སྣ་སྲན་ཅན། བན་གླང་ཤའོ། །ཐབ་ནི། དཀྱིལ་འཁོར་རིམ་པ་གསུམ་པ། དབུང་ན་རྡོ་རྗེ་ཧཱུྃ་དང་བཅས་པ། བང་རིམ་ལ། རྡོ་རྗེ་གདོངས་པ་དོང་། ཐོད་པ་དང་། ལྕགས་ཀྱུ་བྲི་ཁ་དོག་ནག་པོར་བྱའོ། །ཐབ་ནི་ཁྲོ་ཞལ་གྱི་ཁར་བྱའོ། །གཟུངས་མ་ནི། བུད་མྱེད་ནག་མོ་འཁྲོ་སྟུམ་ཅན་ལ་བྱའོ། །གཙོ་འབོ་ཡི་སེམས་ནི། ཐམས་ཅད་རང་བཞིན་དངོས་མེད་དུ་འཛིན་པའི་ཕྱིར། ལོག་རྟོག་ལ་འཁྲོས་པའི་སེམས་ཀྱིས་ལྷ་ལས་ལ་བསྐུལ་ལོ། །སྒྲུབ་བྱ་ནི། སྒྲལ་བའི་ཞིང་བཅུ་དགུག་པའོ། །ཕུར་པ་ནི། ལྕགས་སམ། ནག་སོའི་ཤིང་ལ་ཟུར་གསུམ་པའོ། །ལྷ་ནི། སྦྱིན་པ་མེ་ལྷ་ཏྲི་ཤུལ་འཛིན་ནོ། །སྲེག་པའི་ལྷ་བཛྲ་ཧེ་རུ་ཀའོ། །དུས་ནི། སྤྱིད་ཐམས་ཅད་འཇིག་པས་དྲག་པོའི་དུས་སོ། །ནམ་ཕྱེད་ཀྱི་དུས་སོ། །ལས་ཀྱི་རིམ་པ་ནི། དང་པོར་རྫས་བསག །བར་དུ་ལྷ་བསྒོམ་ཞིང་སྒྲུབ། ཐ་མར་སྲེག་ཅིང་ལས་ལ་སྦྱར་རོ། །ལྷག་མ་ནི། དབང་ཕྱུག་མ་རྣམས་ལ་སྦྱིན་པར་བྱའོ། །གགས་བསལ་བ་ནི། ཞི་རྒྱས་དབང་དྲག་བཞི་ལས། དང་པོ་དྲག་པོའི་སྦྱིན་སྲེག་སྟན་པས་གོ་ལོག་གོ་ཞེ་ན་དམ་ལོག་སྟེ། ཁྲོ་བོ་གདུག་པ་ཅན་འདུལ་བ་ལ་ཤེས་ལ་དེའི་ཕྱིར་སྣང་ལ་དྲག་པོའི་ལས་སྨོས་སོ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །ཞེས་བདུད་རྩི་ལྔ་ནི། དྲི་ཆེན། དྲིི་ཆུ། རག་ཏ། ཤ་ཆེན། བྱང་ཆུབ་སེམས་སོ། །ཟས་ལྔ་ནི། མི་ཤ་དང་། གླང་པོའི་ཤ་དང་། རྟ་ཤ་དང་། བྱ་ཤ་དང་། ཁྱི་ཤ་ལྔའོ། །མཚན་མ་མིང་དུ་བཅས་པ་བྱ། །ཞེས་དྲག་པོའི་ལས་གང་ལ་བྱ་བའི་ཡུལ་དགྲ་བགེགས་ཀྱི་གཟུགས་བྱས་ལ། མཚན་མའི་གཟུགས་བྲིས་ལ། མིང་རུས་དང་སྙིང་པོ་བྲིས་ལ་སྙིང་ཁར་བཞུག །གཟུགས་དང་བྱིས་ས་གཉིས་ལྟན་པས་ན་བཅས་པར་བྱའོ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །ཅེས་བདག་ལྟའི་ཐུགས་ནས་སྤྲུལ་པ་ཏང་ནས། དགྲའི་རྣམ་པར་ཤེས་པ་བཀུག་སྟེ་གཟུགས་དང་དབྱེར་མྱེད་པར་བྱས་ནས། བདག་རྡོ་རྗེ་ཧེ་རུ་ཀར་བསྒོམ། དྲག་པོའི་ཕུར་པ་ཡང་རྡོ་རྗེ་ཧེ་རུ་ཀར་བསྒོམ་པས་གདབ་བོ། །རྡུལ་དུ་བྱས་ལ་ཚོགས་ལ་དབུལ། །ཞེས་དེ་ནས་ཨུར་མོ་མཚོན་གྱིས་དུམ་བུ་བརྒྱ་སྟོང་ལ་སོགས་པར་སྟུབས། རྡུལ་དུ་བྱས་ན་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཀྱི་ཞལ་དུ་སྦྱིན་སྲེག་བྱ་ཞིང་དབུལ་བར་བྱའོ། །ཨེའི་ཚོགས་ཀྱི་དཀྱིལ་འཁོར་དུ། །དཀྱིལ་འཁོར་ཨེ་ཡི་སྟེང་དབྱིབས་གྲུ་གསུམ་གྱི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དུ་རྣལ་འབྱོར་པ་བསྒོམ། ལུ་གུ་རྒྱུད་དུ་སྦྲེལ་བསྟམས་ནས། །རྣལ་འབྱོར་པ་ཕོ་མོ་རྣམས་འཛུག་མོ་ལུ་གུ་རྒྱུད་དུ་སྦྲེལ་ནས་སྟམས་ནས། བཅིངས་འགྱུར་བསྐྱོད་ནས་ཕྱོགས་བཅུར་གཡོའ། །ཡིད་ཀྱིས་དགྲ་བགེགས་བཅིངས་པར་བསམས་ན་བཅིངས་པར་འགྱུར་རོ། །སྲེད་ཅིང་སྐྱོད་པར་བསམས་ན་སྐྱོད་ཅིང་སྲེད་པར་འགྱུར་རོ། །གང་སྲད་པར་བྱ་བ་དེ་ཕྱོགས་བཅུར་གཡོའ་ཞིང་སྲད་པའོ། །མྱོས་ནས་གས་ཏེ་ཚིག་པར་འགྱུར། །སེམས་མྱོས་ནས། ལུས་གས་ཏེ། ཡིད་ཚིག་པར་བསམས་ན་ཡད་དེ་ལྟར་འགྱུར་རོ། །ཡང་ན་ལུས་ཚིག་ནས་ཐལ་བ་ལྟར་འགྱུར་རོ། །བམ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་རྒྱ་གར་གྱི་ཡི་གེ་བམ་ནི་ཟླ་ཁམ་དུ་གནས་པས། ཐབ་ཁུང་དུ་བཟླ་ཁམ་དུ་བྱས་ལ། ལྷ་ཡང་པད་མ་ཧེ་རུ་ཀ །བདག་གི་ཆས་གོས་ཡང་དམར་པོར་བྱ། དབང་གི་དཀྱིལ་འཁོར་ནི་དེ་ལྟར་བྱས་ན་མཆོག་ཡིན་ནོ། །འབར་བའི་གཟིའ་བརྗིད་ལྷུན་ཆེ་བ། །ཞེས་ལྷ་འབར་བའི་ཁྲོ་བོའི་སྐུ་ནི། འོད་འབར་བ། ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པའི་གཟིའ་བརྗིད་ཅན། ལྷུན་ཆེན་པོ་ཆགས་པ་དང་ལྡན་པར་བདག་ཀྱང་སྒོམས་ལ། ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་རྣལ་འབྱོར་པའི་ཏིང་ངེ་འཛིན་ཡང་། ལྷ་ལ་ཆགས་པའི་ཡིད་ཀྱིས། ལྷ་ལ་མཆོད། འཁོར་ལ་སྦྱིན། དགྲའ་བགེགས་ཐམས་ཅད་དབང་དུ་འདུས་པར་བསམས་ལ་རྫས་བསྲེག་གོ། །རྡོ་རྗེ་གསུང་ཡང་དབང་དུ་འགྱུར། །ཞེས་དེ་ལྟར་བྱས་ན། རྡོ་རྗེ་ལྟ་བུའི་གསུང་དྲག་སྟོང་དབྱེར་མྱེད་དེ་ཡང་། བདག་གི་དབང་དུ་འགྱུར་བའོ། །ཡང་ན་རྡོ་རྗེའི་གསུང་ལ་མངའ་སྙོམས་པའི་པད་མ་གར་དབང་ཡང་དབང་དུ་འགྱུར་བའོ། ༈ །དབང་གི་སྦྱིན་སྲེག་ལ་ངག་དོན་དུ་བཅུ་ཅིག་སྟེ། གནས་དང་། རྫས་དང་། ཐབ་དང་། གཟུངས་མ་དང་། གཙོའ་སེམས་དང་། སྒྲུབ་བྱ་དང་། ཕུར་པ་དང་། ལྷ་དང་། དུས་དང་། ལས་རིམ་དང་། ལྷག་མའོ། །གནས་ནི། ཆུ་བོ་འདུས་པ་དང་། བཞི་མདོའ་དང་། ཁང་སྟོང་ངོ་། །རྫས་ནི་ལྔ་སྟེ། བུད་ཤིང་ནི་སྡོང་པོ་ལ་བྱ། ཡམ་ཤིང་ནི་དམར་ལ་དྲི་ཞིམ་པ་ལ་བྱ་ལིང་ཀ་ནི་རང་རྫས་དང་ཚ་བ་གསུམ་ལ་བྱ། གཏོར་མ་ནི། ཟངས་ཕྱེ་བུ་རམ་རག་ཏ་རམ་བུ་ལ་བྱ། མཆོད་རྫས་ནི། སྐྱེ་ཚེ་ཤང་རྩེ་རྩྭ་ཤིང་དམར་པོ་ལ་བྱ། ཐབ་ནི། དཀྱིལ་འཁོར་ཟླ་ཁམ་བང་རིམ་གསུམ་ལ། དབུས་པད་མ་ལ་ཧྲི། རིམ་པ་ལ་རྡོ་རྗེ་པད་མ་ལྕགས་སྒྲོག་བྱ། ཐབ་པད་མ་འདབ་བརྒྱད་དེ་ལ་བྱ། གཟུངས་མ་ནི། བུད་མེད་དམར་མོ་བརྩོན་འགྲུས་ཅན་ལ་བྱ། གཙོའ་སེམས་ནི། སྣང་སྲིད་ཐམས་ཅད་བདག་ཉིད་ཡིན་པའི་ཕྱིར་ཐ་མི་དད་དེ། ཤིན་དུ་ཡང་དེ་ལ་ཞེན་ཅིང་ཆགས་པར་བྱའོ། །སྒྲུབ་བྱ་ནི། སེམས་ཅན་སྔོན་ལས་ཀྱིས་ཆོས་ལ་མི་མོས་པ། སངས་རྒྱས་ལ་འདུན་པ་མེད་པ་དེ། དབང་དུ་བྱ་བའོ། །ཕུར་པ་ནི། ཟངས་སམ་ཤིང་དམར་པོ་ལ། རྩེ་མོ་ཟླ་ཁམ་པར་བྱ། ལྷ་ནི། སྦྱིན་པའི་མེ་ལྷ་ནི་དམར་པོར་ཞགས་པ་ཐོགས་པ་བསྒོམ། བསྲེག་པའི་ཡེ་ཤེས་ལྷ་ནི། པད་མ་ཧེ་རུ་ཀ་དམར་པོ་བསྒོམ། དུས་ནི། རྒུན་དབང་གི་དུས་སོ། །དགོངས་ཀ་དབང་གི་དུས་སོ། །ལས་ཀྱི་རིམ་པ་ནི། དང་པོ་རྫས་བསག་པ་ནི་བྱིན་གྱིས་རླབ། གཉིས་པ་ལྷ་བསྒོམ་ཞིང་བསྒྲུབ། ཐ་མར་ལས་ལ་སྦྱར་ཞིང་སྨོན་ལམ་ཡན་ཆད་རྫོགས་པར་བྱ། ལྷག་མ་ནི། ཟིལ་གྱིས་མནན། ལྷག་མའི་ལྷ་སྤྱན་དྲང་། ཁ་ཆུས་གདབ། སྔོན་གྱི་དམ་ཚིག་སྒྲག །ལས་བཅོལ། ལྷག་མའི་ལྷ་གཤེགས་སུ་གསོལ། སྦྱིན་སྲེག་གི་དཀྱིལ་འཁོར་བསྡུ། ལས་རྗེས་མི་དམྱིགས་པར་བྱའོ། །འདི་སྤྱི་ཡ་ལོ་དེ་ལྟར་ཤེས་པར་བྱའོ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །དྲི་ཆེན་ལ་སོགས་པ་བདུད་རྩི་ལྔ་འམ། ཡང་ན་དྷ་ཤ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་ཟས་ལྔ་ལ། མཚན་མ་མིང་དུ་བཅས་པ་བྱ། །དགྲ་བོའི་མཚན་མ་བྱ་སྟེ། གཟུགས་མིང་རུས་དང་ཅས་པ་བྱ། རྡོ་རྗེ་ཆགས་པའི་ཕུར་པས་གདབ། །ཅེས་སྤྲུལ་པས་གང་ལ་བྱ་བ་དེ་དབང་དུ་བྱས་ལ་གཟུགས་ལ་སྟིམ། ཛ་ཧཱུྃ་བཾ་ཧོས་བཅིང་། བདག་པད་མ་ཧེ་རུ་ཀར་བསྒོམ། ཕུར་པ་ཡང་པད་མ་ཧེ་རུ་ཀ་ཆགས་པ་ཆེན་པོར་སྒོམས་པས་གདབ། ཆགས་པའི་ཚོགས་ལ་ཐིམ་པར་དབུལ། །ཞེས་དེ་ཕོ་ཡིན་ན་གཡས། མོ་ཡིན་ན་ གཡོན་ནས་ཕུར་པས་ཏབ་པས་དབང་དུ ་འདུས་པར་བྱས་ལ། ཆགས་པའི་ལྷ་ཚོགས་པད་མ་ཧི་རུ་ཀའི་ཞལ་དུ་ཐིམ་པར་དབུལ་ལོ། །བམ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་དཀྱིལ་འཁོར་ཟླ་ཁམ་གྱི་ལྷ་ཚོགས་དང་རྣལ་འབྱོར་པ་དབྱེར་མྱེད་པས། ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས། །ལག་པ་སྲིན་ལག་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྡམས་པས། འགུག་འགྱུར་རྡོ་རྗེ་འང་ཕྱི་བཞིན་འབྲང་། །ཞེས་འགུགས་པར་འདོད་པ་ནི། ཕྱག་ན་རྡོ་རྗེ་ཡང་ཁུགས་སྟེ། རང་གི་ཕྱི་ལ་ཁྱི་བཞིན་དུ་འབྲེང་བར་འགྱུར་རོ། །དེའི་འབྲས་བུ་ནི། ཅི་འདོད་དེ་བཞིན་འོང་བར་འགྱུར། །ཞེས་རང་ཅི་ཡོང་བར་འདོད་པ། ཡང་ཡོང་སྟེ། རྒྱལ་པོ་དང་། བློན་པོ་དང་། གཟུངས་མ་དང་། ནོར་ཟས་དང་། གང་དབང་དུ་བྱ་བ་དེ་ཞུགས་སོ། །མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་རྒྱ་གར་གྱི་ཡི་གེ་མ་ནི། གྲུ་བཞིར་གནས་པས། རྒྱས་པའི་ཐབ་གྲུ་བཞི་པ་སེར་པོར་བྱ། ལྷ་རིན་ཆེན་ཧེ་རུ་ཀ་དང་རྣལ་འབྱོར་པའི་ཆས་གོས་ཡང་སེར་པོར་བྱ་དགུ་བཞི་ནི་རྒྱས་པར་བྱེད་པའི་མཆོག་གོ། །འབར་བའི་འདུའ་འཕྲོ་གཟིའ་ཆེ་བ། །ཞེས་ལྷའི་སྐུ་ནི། འབར་བ་ཁྲོ་བོ་ལ། ཡོན་ཏན་གྱི་འོད་ཟེར་འདུ་ཞིང་འཕྲོ་བས། གཟིའ་མདངས་ཆེ་བས་ཆེ་བའི་ཡོན་ཏན་རྒྱས་པར་བསམས་ལ། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱིས་སེམས་དགའ་བའི་ཡིད་ཀྱིས་ལྷ་ལ་མཆོད། འཁོར་ལ་སྦྱིན། རྒྱས་པའི་ལས་སུ་སྲེག་གོ། །དགའ་བའི་གད་མོ་དང་བཅས་པས་སྔགས་བཟླས་པར་བྱའོ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཆེ་བའི་ཡོན་ཏན་ནམ་མཁའི་མཐའ་དང་མཉམ་སྟེ། བསོད་ནམས་ནམ་མཁའ་ལྟར་རྒྱས་པའོ། །རྒྱས་པའི་སྦྱིན་སྲེག་ལ་ངག་དོན་བཅུ་ཅིག་སྟེ། གནས་དང་། རྫས་དང་། གཟུངས་དང་། གཙོའ་སེམས་དང་། སྒྲུབ་བྱ་དང་། ཕུར་པ་དང་། ལྷ་དང་། དུས་དང་། ལས་རིམ་དང་། ལྷག་མའོ། །གནས་ནི། རི་བོ་ལྷུན་གདུག་པ། མེ་ཏོག་སྨན་དང་ནགས་ཚལ་ཡོད་པའོ། །རྫས་ནི། ལྔ་སྟེ། བུད་ཤིང་ཡལ་ག་ལ་བྱ། ཡམ་ཤིང་ཨུ་དུ་མ་བྷ་བ་འམ་འོ་མ་ཅན་གྱི་ཤིང་ལ་བྱ། ལིང་ཀ་གང་བྱེད་ཀྱི་རྫས་དང་། རོ་ཀྱུར་བ་ལ་བྱ། གཏོར་མ་གསེར་ཕྱེ། མདང་རོས་སོ་ཞོ་དང་། གྲོ་ཆང་ལ་བྱ། མཆོད་རྫས་རྒུན་འབྲུམ་དང་། གཏར་ཀ །སྦྲང་རྩི། མར་སྙིང་དྲི་ཞིམ་པ་སེར་པོ་ལ་བྱ། ཐབ་ནི། དཀྱིལ་འཁོར་གྲུ་བཞི་ཕྱི་རིམ་གསུམ། དབུས་རིན་པོ་ཆེ་ལ་ཏྲོམ། རིམ་པ་ལ་རྡོ་རྗེ་རིན་ཆེན་ཞགས་པ་བྲི། ཐབ་རིན་ཆེན་ཟུར་བརྒྱད་དེ་དང་འདྲ་བར་བྱ། གཟུངས་མ་ནི། བུད་མེད་སེར་མོ་དལ་ཞིང་བློ་གྲོས་ལྟན་པ་ལ་བྱ། གཙོའ་སེམས་ནི། སེམས་ཉིད་ཡིད་བཞིན་གྱི་ནོར་བུའི་གཏེར་དང་འདྲ་བ་ལས། ཡོན་ཏན་ཐམས་ཅད་རྒྱས་ཤིང་འཕེལ་བར་བསྒོམ། སྒྲུབ་བྱ་ནི། ཡོན་ཏན་ཆུང་ཞིང་མི་འཕེལ་བ་དེ་ལ། ལུས་ངག་ཡིད་གསུམ་གྱི་ཚེ་དང་ཡོན་ཏན་འཕེལ་བའོ། །ཕུར་པ་ནི། གསེར་རམ་སེར་པོའི་ཤིང་ལ་རྩེ་མོ་གྲུ་བཞི་པར་བྱ། ལྷ་ནི་སྦྱིན་པའི་མེ་ལྷ་སེར་པོ་རིན་ཆེན་སྒྲོམ་བུ་ཐོགས་པར་བསྒོམ། སྲེག་པའི་ལྷ་རིན་ཆེན་ཧེ་རུ་སེར་པོར་བསྒོམ། དུས་ནི་སྟོན་འབྲས་བུ་རྒྱས་པའི་དུས་དང་། ཉི་མའི་གུང་ལ་བྱ། ལས་རིམ་ནི། དང་པོར་རྫས་བསག །བར་དུ་བསྒོམ་ཞིང་བསྒྲུབ། ཐ་མར་སྲེག་ལྷག་མ་ནི། མཁའ་འགྲོ་མ་རྣམས་ལ་དབུལ་ལོ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །ཞེས་དྲི་ཆེན་དྲི་ཆུ་མང་ས་རག་ཏ་བྱང་སེམས་ལྔ་འམ། གླང་པོ་བྱ་ཁྱི་རྟ་མའི་ཤ་ལྔ་འམ། ཡོན་ཏན་ཡིད་བཞིན་གཏེར་དུ་རྟག །གང་རྒྱས་པར་བྱ་བ་དེ་ལ། ཆེ་བའི་ཡོན་ཏན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་པའི་གཏེར་དུ་རྟག་གོ། །ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །ཅེས་བདག་ང་རྒྱལ་རིན་ཆེན་ཧེ་རུ་ཀ་ལས། རྒོད་ཅིང་འོད་འཕྲོ་བས་ཕུར་པ་ཡང་ང་རྒྱལ་ཧེ་རུ་ཀར་སྒོམས་ལ་གདབ་བོ། །དེ་ནས་དུམ་བུར་གཏུབས་ཏེ། རྡོ་རྗེ་གཟི་བརྗིད་འཕེལ་བར་འགྱུར། །ཞེས་གང་རྒྱས་པར་བྱ་བ་དེའི་དཔལ་དང་། འབྱོར་པ་འཕེལ་བ་དང་། ཚེ་དང་གཟི་བརྗིད་རྒྱས་པར་བྱ་བ་དེའི་ཕྱིར། སྐུ་གསུང་ཐུགས་རྡོ་རྗེ་ལྟར་འབྱོར་མྱེད་པའི་གཟིའ་བ རྗིད་དང་ལྡན་པ་ལ། དཔལ་དང་གཟིའ་བྱིན་འཕེལ་བར་བསམས་ཏེ་ཕུལ་ནི། འབྲས་བུ་ཡང་སྐུ་གསུང་རྡོ་རྗེ་གཟི་བརྗིད་འཕེལ་ཞིང་རྒྱས་པར་ཐོབ་པར་འགྱུར་བར་ཡིན་ནོ། །མའི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་རྒྱས་པའི་དཀྱིལ་འཁོར་གྲུ་བཞི་པའི་ནང་གི་ལྷ་ཚོགས་དང་བདག་དབྱེར་མྱེད་པས། ལུ་གུ་རྒྱུད་དུ་སྦྲེལ་སྟམས་སྐྱོད། །ཅེས་རྣལ་འབྱོར་པ་ཕོ་མོ་རྣམས་ལག་པ་ཐེ་འོང་ལུ་གུ་རྒྱུད་དུ་སྟམས་ནས། ཏིང་ངེ་སྐྱོད་ནས། གཟིའ་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ། །དཔལ་དང་གཟིའ་བརྗིད་འབར་བའི་འཕྲུལ་ཆེན་པོ་ཡང་སྤྲོའོ། །དེ་ཡང་འོད་གཟེར་སེར་པོས་དཔལ་དང་གཟིའ་བརྗིད་དང་། འབྱོར་པ་དང་། ལོངས་སྤྱོད་བསམ་གྱི་མི་ཁྱབ་པ་འཕེལ་ལོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །ཞེས་དེ་ལྟར་མང་པོ་སྤྲོས་ན། འབྲས་བུ་ཆེ་བའི་ཡོན་ཏན་ཡིད་ལ་བསམས་པ་བཞིན། དཔལ་དང་གཟིའ་བརྗིད་འབྱོར་པ་དང་ལོངས་སྤྱོད་ཀྱིས་ནམ་མཁའི་ཁམས་གང་ཞིང་རྒྱས་པར་གྱུར་རོ། །ཡའི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་རྒྱ་གར་གྱི་ཡི་གེ་ཡ་ནི་དབྱིབས་བཟླུམ་པོ་ལ། ཐབ་ཁུང་ཡང་ཟླུམ་ལ་དཀར། ལྷ་ཡང་འབུ་ཏ་ཧེ་རུ་ཀ །རྣལ་འབྱོར་པའི་ཆས་གོས་ཡང་དཀར་པོའོ། །གསལ་བའི་གཟིའ་བརྗིད་མཚེར་བ་ལ། །ལྷའི་སྐུ་མདོག་ཡང་དཀར་ལ་གསལ་བའི་གཟིའ་བྱིན་འཚེར་བར་བསྒོམས་ལ། དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ལས་ཀྱི་ཏིང་ངེ་ཡང་སེམས་ཞི་ཞིང་དང་བའི་ཡིད་ཀྱིས། ལྷ་མཆོད། ཞལ་དུ་སྲེག །འཁོར་ལ་སྦྱིན་ནོ། །བསྟུམ་ཆེན་རྔམ་པ་འང་ལྷན་ནེར་འགྱུར། །ཞེས་དེའི་འབྲས་བུ་ནི། ཁྲོ་བོ་བསྟུམ་ཆེན་ངང་རྔམ་པ་དེ་ལ་དམྱིགས་ན་ཡང་། ལུས་ངག་ཡིད་ཞི་ནས་དུལ་བར་འགྱུར་རོ། །ཞི་བའི་སྤྱིན་སྲེག་ལ་ངག་དོན་དུ་བཅུ་གཅིག་སྟེ། གནས་དང་། རྫས་དང་། ཐབ་དང་། གཟུངས་དང་། གཙོའ་སེམས་དང་། སྒྲུབ་བྱ་དང་། ཕུར་པ་དང་། ལྷ་དང་། དུས་དང་། ལས་རིམ་དང་། ལྷག་མའོ། །གནས་ནི། རི་བོ་འདུས་པའི་རྩེ་འམ། ཆུ་གླིང་ངམ། འཇམ་པའི་ས་ཕྱོགས་སོ། །རྫས་ནི་ལྔ་སྟེ། བུད་ཤིང་ནི་རྩེ་མོ་ལ་བྱ། ཡམ་ཤིང་ནི་ཙན་དན་དཀར་པོ་ལ་བྱ། གཏོར་མ་འོ་མ་འབྲས་ཆེན་རྡུལ་ཕྱེ་མེ་ཏོག་དཀར་པོ་ལ་བྱ། མཆོད་རྫས་མངར་གསུམ་མར་ཏིལ་ནས། དཀར་གསུམ་ཙན་དན་དཀར་པོ་ལ་བྱ། ལིང་ཀ་རང་རྫས་དང་དམ་རྫས་ལ་བྱ། ཐབ་ནི། དཀྱིལ་འཁོར་ཟླུམ་པོ་རིམ་པ་གསུམ་པ། དབུས་འཁོར་ལོ་རྩིབས་བཞི་ཨཱོཾ། རིམ་པ་གསུམ་ལ་རྡོ་རྗེ་འཁོར་ལོ་མེ་རི་བྱ། ཡང་ན་ཐབ་ནི། ཟླུམ་པོ་བརྩིབས་བཞིའི་རིགས་ཀྱི་ཕྱག་རྒྱ་དང་། སེང་གེའི་མགོས་མུ་ཁྱུད་ལ་རྒྱན་པར་བྱ། གཟུངས་མ་ནི། བུད་མེད་འཁྲོ་སེམས་མྱེད་པའི་བོང་ཆུང་བའི་ཤ་རྩ་དཀར་བ་ལ་བྱ། གཙོའ་སེམས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་མཐའ་བྲལ་རྣམ་དག་ཏུ་བསམ། བསྒྲུབ་བྱ་ནི། བདག་གཞན་ལ་གནོད་སེམས་དང་སྦྱོར་བ་ངན་པ་བྱེད་པ་དེའི་སེམས་ཞི་བར་བྱ། ཕུར་པ་ནི། རྡུལ་ལམ་དཀར་པོའི་ཤིང་ལ། རྩེ་མོ་ཟླུམ་པོར་བྱ། ཕུར་པ་གཞན་དང་དེ་མྱིན་རྣམས་མཐུན། སྦྱིན་སྲེག་གི་ལྷ་ནི། སྦྱིན་པའི་ལྷ་མོ་ལྷ་དཀར་པོ་འགྱུ་སྟེ་ཐོགས་པ་སྒོམ། སྲེག་པའི་ལྷ་འབུ་ཏ་ཧེ་རུ་ཀར་བསྒོམ། སྦྱིན་སྲེག་བྱེད་པའི་དུས་ནི། དབྱར་ཞི་བའི་དུས་སུ་བྱ། ཞག་ནི་སྔ་དྲོ་ཞི་བའི་དུས་སུ་བྱ། ལས་ཀྱི་རིམ་པ་ནི། དང་པོར་རྫས་བསག །བར་དུ་བསྒོམ་ཞིང་བསྒྲུབ། ཐ་མར་ལས་ལ་སྦྱར། ལྷག་མ་ནི། དབང་མོ་ལ་དབུལ་བར་བྱའོ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །ཞེས་དམ་རྫས་བདུད་རྩི་ལྔ་འམ། རྣལ་འབྱོར་ཆེན་པོའི་ཟས་ཤ་ལ་ལིང་ཀ་བྱ། བསྟུམ་རྔམ་འཁྲུག་པའི་ངོ་བོར་བརྟག །ལིང་ཀ་དེ་སྒྲུབ་པ་སྟུམ་རྔམ་འཁྲུག་པ་གང་ཡིན་པ་དེའི་ངོ་བོར་བསམས་ཤིང་བརྟགས། ལྷ་ནི་གསལ་བའི་ཕུར་པས་གདབ། །ཅེས་ལྷ་ནེ་ནི་ཞི་བ། གསལ་བ་ནི་སྐུ་མདོག་དཀར་པོ། བདག་ཀྱང་འབུ་ཏ་ཧེ་རུ་ཀ་དེར་སྒོམ། ཕུར་བ་ཡང་དེར་བྱིན་གྱིས་བརླབ་བོ། །འབར་བ་ལྷ་ནེའི་ཚོགས་ལ་དབུལ། །ཞེས་འབུ་ཏ་ཧེ་རུ་ཀ་འོད་དཀར་པོ་འབར་བ། སྐུ་ཞི་བ་ལྷ་ནེའི་སྒོམས་པའི་ཚོགས་ལ། བདུད་རྩི་ལྔ་འམ་ཟས་ལྔའི་ལིང་ཀ་དེ་དབུལ་ལོ། །ཡའི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེས་ཡ་ཟླུམ་པོའི་ཞི་བའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དང་བདག་དབྱེར་མེད་དུ་སྒོམས། ལུ་གུ་རྒྱུད་དུ་སྦྲེལ་ནས་བསྟམས། །གུང་མོ་ལུ་གུ་རྒྱུད་དུ་སྦྲེལ་སྟམས་ནས། འབར་བར་ནི་ཁྲོ་བོ་ལ་འོད་དཀར་པོ་འབར། ལྷ་ནེ་ནི་ཞི་བ། འབར་བ་ལྷ་ནི་འི་བྱིན་གྱིས་ཁྱབ། །ཅེས་འོད་དཀར་པོ་འབར་བའི་སྐུ་ཞི་བར་སྒོམས་པའི་བྱིན་རླབས་ཀྱིས་ཁྱབ་ནས། ཐམས་ཅད་གཡོའ་བ་མེད་པར་བྱེད། །ཅེས་བདག་གི་དམྱིགས་པར་བྱ་བའི་ཡུལ་གང་ཡིན་པ་དེ་ཐམས་ཅད་ཀྱང་། ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བས་གཡོའ་བ་མེད་པར་ལྷན་གྱིས་འགྱུར་བ་དེ་ཁོ་ན་ལ་ཞི་བ་ཞེས་བྱའོ། །སྒྲུབ་བྱ་གང་ཡིན་པ་དེའི་ལུས་ངག་ཡིད་ཀྱི་རྒྱུད་ཞི་བར་བྱ་བའོ། །སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས་སླས་ནི་ཞུན་མར་བྱས་པའོ། །བྱི་མོ་ནི་དྲེགས་པས་མ་ཚོར་བར་སྤྱད་པའོ། །བྲན་མོ་ནི་ལས་མཁན་ནོ། །ཚོགས་ནི་ཉི་ཤུ་རྩ་བརྒྱད་དོ། །ལྷ་མའི་མཆོད་སྦྱིན་འདོད་པ་སྦྱིན། །ཞེས་མཆོད་པའི་ཞལ་ཟས་ཐམས་ཅད་ལྷའི་ཞལ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས། ཕུད་ཧེ་རུ་ཀ་ཡབ་ཡུམ་བཅུ་དང་། འཕྲ་མྱེན་མ་ཉི་ཤུ་ལ་མཆོད། དེའི་འགོ་མ་རྣལ་འབྱོར་པ་ལོངས་སྤྱད། དེའི་འགོ་མ་རང་གི་ལྷག་མ་ལ། དབང་མོ་ལ་མཆོད་སྦྱིན་བྱེད་པའོ། །རང་གི་དམ་ཚིག་རབ་སྒྲགས་ནས། །ཞེས་ཐོད་པའི་ཕྱག་རྒྱ་ནི། སོ་སོའི་སྙིང་པོ་སྔོན་ཁས་བླངས་པའི་དམ་ཚིག་རྣམས་སྒྲགས་སོ། །གང་འདོད་ལས་དེ་བྱེད་པར་བསྒོའ། །ཞེས་ཤར་གྱི་ལས་སུ་ཞི་བར་འདོད་དམ། ལྷོའི་ལས་སུ་རྒྱས་པར་འདོད་དམ། ནུབ་ཀྱི་ལས་སུ་དབང་དུ་འདོད་དམ། དབྱང་གི་ལས་སུ་དྲག་པར་འདོད་པ་དེ་དག་ཕྱེད་རིགས་ཀྱིས་འགོའ་དྲང་ངོ་། །འདིར་ལྷག་མ་ལ་བརྒྱད་དེ། ལྷག་མ་བསྡུ་བ་དང་། བྱིན་བརླབ་པ་དང་། ཁ་ཆུས་གདབ་ཅིང་མཆོད་པ་དང་། སྤྱན་དྲང་བ་དང་། དབང་དུ་བྱ་བ་དང་། ཟིལ་གྱིས་མནན་ཅིང་ལས་བཅོལ་བ་དང་། གཤེགས་པའོ། །ལྷ་ག་མ་སྡུ་བ་ནི། དང་པོ་སློབ་དཔོན་རོལ། དེ་ནས་མཆོད་བྱིན་རོལ། དེ་ནས་ཕྱག་ཚང་བ་རོལ། དེ་ནས་ལྷག་མ་སྡུས་ལ་ལས་མཁན་ལ་དབུལ་ལོ། །བྱིན་བརླབ་པ་ནི། བདག་ཏིང་ངེ་འཛིན་གྱིས་ལྷར་བསྒོམ། ཐུགས་ཀ་ནས་རམ་ཡང་ཁང་གསུམ་ལས་སྲེགས་སྦྱངས་བྱས་ནས། སྣོད་ཉི་མའི་དཀྱིལ་འཁོར་སྟེང་དུ། ལྷག་མ་ཡི་གེ་ཧྲི་དམར་པོ་ལས། རྟ་འགྲིན་ཡབ་ཡུམ་དུ་བསྒོམ། ལྷག་མ་སྲིན་ཐོབ་སྦྱར་བའི་བར་དུ་ཧྲི་གཟུང་ལ་གཏོར་མ་ལ་ཕྱག་རྒྱ་གཏད་ལ། ༀ་ཨ་ཧཱུཾ་ཨུ་ཙི་ཤྚ་བཛྲ་ཨ་ཏི་ཏི་ཤྚ་སྭ་མམ་ཧཱུཾ་ཕཊ། བརྒྱ་རྩ་བརྒྱད་ཀྱིས་གཏོར་མ་ལ་རྟ་འགྲིན་ཡབ་ཡུམ་གྱི་བྱང་ཆུབ་སེམས་སུ་དཀར་མེར་གྱིས་བསམ་མོ། །ཁ་ཆུས་གདབ་པ་ནི་གདབ་ཡི་དམ་གྱི་ལྷའི་ལྕེའི་སྟེངས་སུ་ཧྲི་དཀར་པོ་ལས། རྟ་འགྲིན་ཡབ་ཡུམ་གྱི་བྱང་ཆུབ་སེམས་སུ་བསམ་པ་ལ། འདུས་མ་བྱས་མཁའ་དབྱིངས་ཀྱི་ཕྱག་རྒྱའི་ནང་ན་མར་ལ་གདབ་བོ། །ༀ་བཛྲ་ཨ་སྨྲི་ཏ་ཨ་ཏི་ཏི་ཤྚ་སྭ་མམ་ཧཱུཾ་ཧྲི་ཐ་ཞེས་པས་གདབ་བོ། །སྤྱན་དྲང་པ་ནི། ཁྲོ་བོ་རྟ་ཀི་ར་ཙ་སྔོན་པོ་ལྕགས་ཀྱུ་ཐོགས་པ་སྤྲོས་ལ་ༀ་ཏ་ཀི་ནི་ཨ་གད་ཛ་ཡ་ཨ་གད་ཛ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷན་དྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། བཛྲ་ཏ་ཀི་ནི་ཧཱུཾ་ཛ་ཛ། ཞེས་པས། མ་མོ་རྣམས་གྲུབ་པའི་གནས་དང་། སོ་སོའི་ཕོ་བྲང་ནས་སྤྱན་དྲངས་ཏེ། བསྒྲུབ་པ་པོའི་གནས་སུ་བྱ་ནག་ཐང་ལ་བབས་པ་ལྟར་འདུས་པ་ར་བསམ་མོ། །དབང་དུ་སྡུ་བ་ནི། བདག་རྟ་འགྲིན་གྱི་ཏིང་ངེ་འཛིན་གྱིས། རྟ་གདོང་ཞལ་གྱི་ཕྱག་རྒྱ་བཅས་ལ། ཧྲི་པད་མ་བ་མུ་ཀ །ཨ་ཀར་ཤ་ཡ་ཨ་ཀར་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། ཏོ་ཤ་ཡ་ཏོ་ཤ་ཡ། མོ་ཧ་ཡ་མོ་ཧ་ཡ། ཧ་ཡ་གྲི་བ་ཧེ་ཧེ་ཧྲིང་ཧྲིང་། ཞེས་བརྗོད་པས། མ་མོ་རྣམས་འདར་འཕྲིལ་གྱིས་དབང་དུ་སྡུའོ། །དེ་ནས་ཟིལ་གྱིས་མནན་པ་ནི། བདག་ཧེ་རུ་ཀར་བསྒོམ། ཐོད་རློན་གྱི་ཕྱག་རྒྱ་སྨིན་འཚམས་སུ་གཏད་ལ། ཛ་ཧཱུཾ་བཾ་ཧོ་ཤྲི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུས་སྟན། ས་མ་ཡ་མུ་ཏྲ། པྲ་བན་ཙག་ཏྲ་ཧཱུཾ་ཕཊ། ཅི་སྒོ་བ་ཐམས་ཅད་ཉན་པར་བསམ་མོ། །ལས་བཅོལ་བ་ནི། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི་ཅེས་པ་ལ་སོགས་པའོ། །དེ་ནས་གཤེགས་སུ་གསོལ་བ་ནི། ཡ་ཡ་ཧི་འགྷ་ཙ་ཞེས་བརྗོད་ནས། རང་གི་གནས་གང་ཡིན་པ་རྣམས་དགྱེས་ནས་གཤེགས་པར་བསམ་མོ། །རྒྱས་པར་བཤད་པ་ནི། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཞེས་སྔོན་གྱི་དུས་ཀྱི་ཚེ་ན། བདག་གཞན་གྱི་དཔལ་དུ་གྱུར་པའི། ཧེ་རུ་ཀ་སྐུ་གསུམ་གྱི་བདག་ཉིད་ཅན་དེ། དཔལ་ཁྲག་འཐུང་གིས་སོ། །ཡང་ན། དུས་སྔོན་གྱི་ཚེ། པད་མ་བྷིར་བའི་སྒྲ་ལས་དྲངས་ན་རྟོགས་པ་བདག་གི་དཔལ། པ་ར་མ་ཏྲིའི་སྒྲ་ལས་དྲངས་ན་ཐུགས་རྗེ་གཞན་གྱི་དཔལ། ཧེ་ཧེ་ཀ་ན་དགྱེས་པ་སྟེ་ཆོས་སྐུ། ཧེ་ཧེ་དུ་རྒྱུ་སྟེ་སྙིང་རྗེ། རུ་ར་ག་ན་ཐུགས་རྗེ། རུ་རག་ཏ་ན་ཁྲག་ཀ་ཀ་རུ་ན་ཐུགས་རྗེ། ཀ་ཀར་མ་ན་འཕྲིན་ལས་སོ། །དེ་ལྟར་སྒྲ་བརྒྱད་དང་ལྷག་པའི་ཧེ་རུ་ཀའོ། །ཤིན་ཏུ་གདུག་ཅིང་བསྟུམ་བག་ཅན། །ཞེས་སྐུ་ཤིན་ཏུ་སྟུམ་པ་ཁྲོ་བ་སྟུམ་ཅན་དུ་བཞུགས་པས། ཡང་ན། མཛད་པའི་མཐུའ་སྟོབས་གདུག་པ། འབར་བའི་སྐུ་སྟུམ། དྲག་ཤུལ་གྱི་ངང་སྟུམ་བག་དང་བཅས་པ་ནི། གདུག་ཅིང་སྟུམ་པ་དང་བཅས་པ་དེ་གདུལ་བྱ་ལ་སྟན་པས་ན་ཅན་ཞེས་བྱའ་ལྡན་ཚིག་གོ། །ཐམས་ཅད་མ་ལུས་འདུལ་མཛད་པའི། །ཞེས་གདུག་པ་ཅན་ཐམས་ཅད་མ་ལུས་པར་འདུལ་བར་མཛད་པའི་དབང་དང་། ཡང་ན་ཤིན་ཏུ་གདུག་ཅིང་སྟུམ་བག་ཅན་དེ་གང་ལ་དགོངས་ཞེ་ན། རུ་ཏྲ་སོགས་པའི་གདུག་པ་ཅན། མ་ལུས་པ་ཐམས་ཅད། སྐུ་གདུག་ཅིང་། ཐུགས་སྟུམ་བག་ཅན་དུ་སྟན་པས་འདུལ་བར་མཛད་པ་ལ་དགོངས་སོ། །དབང་དང་བྱིན་བརླབས་སྨད་པོ་ཆེ། །ཞེས་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་སྨད་དུ་བྱུང་བ་དང་སྟན་པས། ཡང་ན། དབང་ཆེ་བ། བྱིན་བརླབས་ཆེ་བ། མཐུའ་རྩལ་སྨད་དུ་བྱུང་བ་དེ། རིགས་ལྔ་ཡེ་ཤེས་ལྔའི་དབང་རང་ལ་རྫོགས་པས་དབང་ཆེ། སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཡེ་ནས་གནས་པས་བྱིན་བརླབས་ཆེ། དེས་མཐུའ་རྩལ་སྨད་དུ་འབྱུང་བས་ཆེ་བའོ། ༈ །འདིར་གཏར་ཀས་གགས་གསལ་བ་ནི། ལེའུ་འདི་ཀུན་ཏུ་བཟང་པོས་གསུངས་པར་འདྲ་བ་ལ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། ཞེས་པ་ལ་སོགས་པ་ལྟར་ན། ཀུན་ཏུ་བཟང་པོས་མ་གསུངས་པར་མངོན་ནོ་ཞེ་ན། དེ་འདི་ལྟར་བཞེད་དེ། ཀུན་ཏུ་བཟང་པོས་གསུངས་ཀྱང་། ཕྱི་རབས་ཀྱི་རྣལ་འབྱོར་པ་དབང་ཕྱུག་མ་ལ་ལས་བཅོལ་བའི་ཚིག་ལུང་དུ་སྟན་པར་གསུངས་པ་སྟེ། རྒྱུད་འདི་ཉིད་ཀྱང་ཕྱི་རབས་ལ་དགོངས་ནས་གསུངས་པའི་ནད་ཀས་འགལ་བ་མྱེད་དོ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །ཞེས་ལྷ་ཆེན་མ་ཧཱ་དེ་བ་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། གཤིན་རྗེ་དང་། དྲི་ཟ་དང་། ཀླུ་དང་། གནོད་སྦྱིན་དང་། རུ་ཏྲ་རྣམས། དཔལ་ཆེན་པོས་ལུས་ངག་ཡིད་གསུམ་གྱི་མཐུའ་འཕྲོགས་ནས་དབང་དུ་བསྡུས་པས་ན་དབང་དུ་བསྡུས་ཞེས་བྱའོ། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །ཞེས་དེ་དག་གི་འཁོར་ཆུང་མ་ཐམས་ཅད་ལ་མངའ་སྙེམས་པའི་དབང་ཕྱུག་མ་རྣམས། དབང་ཕྱུག་དཔལ་ཆེན་པོའི་སླས་སུ་བྱས་པ་ནི། ཆུན་མར་བྱས་པའོ། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཞེས་ཤར་གྱི་རྒྱལ་མོ་བདུན་གྱིས་ཞི་བའི་ལས་གྲུབ། ལྷོའི་བློན་མོ་བདུན་གྱིས་རྒྱས་པའི་ལས་གྲུབ། ནུབ་ཀྱི་དབང་མོ་བདུན་གྱིས་དབང་གི་ལས་གྲུབ། བྱང་གི་བྲན་མོ་བདུན་གྱིས་དྲག་པོའི་ལས་གྲུབ་བོ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །ཞེས་ལེའུ་བཅྭོ་ལྔ་པ་ནས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། མིང་ཙམ་འཛིན་པར་བྱེད་པ་ཡང་། ཙུག་གི་ནོར་བུ་འབར་བ་ལྟར། གཡོའ་རྒྱུ་མེད་ཅིང་གུས་ལྟན་པའི། ཙུག་ཏུ་བཞག་སྟེ་བསྐུར་བར་བགྱིའ། ཞེས་པ་ལ་སོགས་པས་གསལ་ལོ། །མ་ཐོགས་མྱུར་དུ་མངོན་པར་ཕྱུང་། །ཞེས་དུས་རིང་པོར་མ་ཐོགས་པས། དུས་མྱུར་བར་གྱིས། སྟགས་མངོན་གསུམ་ཕྱུང་ཞེས་སོ། །དམ་བཅས་བཞིན་དུ་མ་བྱས་ན། །ཞེས་ལེའུ་བཅོའ་ལྔ་པ་ནས། དེའི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །ཞེས་སོ། །ཇི་ལྟར་རང་གི་མནའ་བོར་བའི། །ཞེས་ལེའུ་བཅོ་ལྔ་པ་ནས། འབངས་སུ་འཆིའ་འབངས་སུ་འཆིའ། འབངས་སུ་ནན་ཏན་མ་བགྱིས་ན། མགོའ་དང་ལུས་ནི་རྒྱར་གཤེགས་ཤིང་། སྙིང་ཡང་འགས་ཤིང་སྟུབས་འགྱུར་ཏེ། རུལ་མྱགས་ཚིག་ནས་རླབ་པ་དང་། དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་པའི་ཐ་ཚིག་གོ། །སྡོམ་བཅས་དེ་ལས་འདས་མ་བྱེད། །ཅེས་རང་གི་ཁས་བླངས་ནི། རང་དམ་རང་གིས་བཅས་པའི་སྡོམ་པའོ། །དེ་ལས་འདས་ཤིང་འགལ་བར་མ་བྱེད་ཅིག །ཅེས་པའོ། །དམ་ཚིག་དེ་ལས་འདས་འགྱུར་ན། །ཞེས་ཁས་བླངས་ནས་རང་དམ་རང་གིས་བཅས་པའི་དམ་ཚིག་དེ་ལས་འདས་ཤིང་། འགལ་བར་གྱུར་ན། སྤྱིར་ལས་དགེ་སྡིག་གི་འབྲས་བུ་རྒྱུའི་རྗེས་སུ་འབྲང་བ་ཡིན་ལ། ཁྱད་པར་དུ་རང་གི་སྨོན་ལམ་གཏབ་པ་དེ་སྨིན་པ་ཡིན་པས། མགོའ་ལུས་སྙིང་ཡང་ཚལ་པ་བདུན། །ཞེས་སྤྱིར་མགོའ་དང་ལུས་ཚལ་པ་བདུན་དུ་འགས་སོ། །ཅིང་སྟེ་ན། ལེའུ་བཅོ་ལྔ་པ་ནས། གལ་ཏེ་དཔའ་བོའི་སྤྱན་མངའ་འདིར། །སྨྲས་པ་བཞིན་ནུ་མ་སྒྲུབས་ན། །བདག་ཅག་རྣམས་ཀྱི་མགོའ་ལུས་སྙིང་། །བཀས་སྟུབས་དུམ་བུར་རུལ་བར་འཆིའ། །ཞེས་མནན་བོར་བས། རྒྱུ་མཐུན་གྱི་འབྲས་བུ་མི་བླུ་བར་ཡོང་བས་སོ། །ཡག་ཤ་ཁྲོ་བོས་སྟུབ་པར་འགྱུར། །ཞེས་ཁྱད་པར་དུ་དམ་ཚིག་ཉམས་པ་རྣམས་ལ། ཆད་པས་གཅོད་པའི་ལྷ་ནི། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞེས་བྱ་བ། རང་གི་དབང་སྐུར་བའི་དུས་ཀྱི་ཡེ་ཤེས་དཔའ་ཉིད་རྡོ་རྗེ་གནོད་སྦྱིན་དུ་གནས་འགྱུར་བས། རང་གཤེད་རང་ལ་ཕབ་ནས་འགོ་ལུས་སྟུབ་བོ། །དེ་བས་རྣལ་འབྱོར་སྔགས་འཚང་གི། །ཞེས་དམ་ཚིག་ཉམས་པ་ལས་ཀྱི་སྒྲུ་མཐུན་ངན་པ་མྱི་སླུ་བར་ཡོང་བ་དེ་བས། རྣལ་འབྱོར་ནི་བློ་རྣལ་མ་མ་བཅོས་པ་དེ་ལ། ལྷའི་སྐུ་འབྱོར་བའོ། །སྔགས་འཆང་ནི། གསང་བསྔགས་གསང་བའི་དོན་དུ་བྱེད་པའོ། །དེ་ཡིས་བཅོལ་བ་ཐམས་ཅད་མ་ལུས་པར་བྱ་དགོས་སྟེ། ཇི་ལྟར་བཅོས་བ་བཞིན་དུ་བྱོས། །ཞེས་ཞི་རྒྱས་དབང་དྲག་གི་ལས་བཞི་བཅོལ། གདོན་ཕོ་མོ་ཀླུ་དང་གསུམ་འདུལ་བར་བཅོལ་ལམ། མཆོག་དང་ཐུན་མོང་གི་དངོས་གྲུབ་བསྐུལ་བར་ཅོལ་བ་གང་ཡིན་པ་དེའོ། །ལས་དེ་མངོན་དུ་མ་བྱས་ན། །ཞེས་བཅོལ་བའི་ལས་དེ་ལ། རྟགས་དང་མཚན་མ་མངོན་སུམ་དུ། ཐོག་པར་མ་བྱས་ན་ཞེའོ། །རང་གིས་མནའ་བོར་ཁས་བླངས་བཞིན། །ཞེས་དབང་ཕྱུག་མ་རང་གིས་མནའ་བོར་བ་ནི། གལ་ཏེ་དཔའ་བོའི་སྤྱན་མངའ་འདིར། །སྨྲས་པ་བཞིན་དུ་མ་སྒྲུབས་ན། །བདག་ཅག་རྣམས་ཀྱི་མགོའ་ལུས་སྙིང་། །བཀས་སྟུབས་དུམ་བུར་རུལ་བར་མཆིའ། །ཞེས་པ་དང་། ཁས་བླངས་པ་ནི། དེའི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །ཞེས་དམ་ཚིག་གི་རྣམ་སྨིན་གྱིས་ལུས་རུལ་མྱགས་སུ་འགྲོ། བྱང་ཆུབ་ཀྱི་རྒྱུན་ཚིག་ནས། རྡོ་རྗེ་དམྱལ་བར་འགྲོ། རྡོ་རྗེ་དམྱལ་བའི་ཚེ་ཚད་ནི། ཕྱིའི་རྒྱ་མཚོ་ལ། སྐྲ་ཉག་མས་གཏོར་ན་ཆུ་ཟད་ནུས་ལ། རྡོ་རྗེ་དམྱལ་བའི་ཚད་དེ་བས་ཀྱང་ཡུན་རིང་ངོ་། །ལྕགས་ཀྱི་རི་རབ་ཐོར་འབུམ་ལ། བྱའི་གཤོགས་པས་བྱབས་ན་ཟད་ནུས་ལ། རྡོ་རྗེ་དམྱལ་བའི་ཚད་དེ་བས་ཡུན་རིང་ངོ་། །རྣལ་འབྱོར་དམ་ལ་གནས་འགྱུར་པའི། །ཞེས་ལས་བྱ་བ་ཡང་ཕལ་གྱིས་མ་ཡིན་ཏེ། རྣལ་འབྱོར་པ་བཀའ་བཞིན་དམ་ཚིག་ལ་གནས་པའི་ལས་ཅི་བཅོལ་བ་བྱ་བ་དང་། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཞེས་རྣལ་འབྱོར་པ་དེའི་འཁོར་རམ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་བའི་འཁོར་རྣམ་བཞི་ཡང་བུ་གཅིག་པོ་ལ་མ་བྱམས་པ་བཞིན་དུ་སྐྱོངས་གཅིག །འཕྲ་མྱེན་མ་ཡང་དངོས་གྲུབ་ཐོབ། །དེ་ལྟར་བྱས་ན། འཕྲ་མྱེན་མ་རྣམས་ཡང་། མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་པའོ། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །དེ་བས་ན་ཇི་ལྟར་བཅོལ་བའི་ལས་རྣམ་བཞི་ལ་སོགས་པ་མངོན་གསུམ་དུ་བྱོས་ཤིག་པའོ། །འདིར་གཏར་ཀས་གགས་གསལ་བ་ནི། རྣལ་འབྱོར་པའི་ལས་བྱས་པས། འཕྲ་མྱེན་མ་དངོས་གྲུབ་འཐོབ་ན། རྣལ་འབྱོར་པས་དགྲའ་གསོད་པར་བསྐུལ་ན་ལས་བྱེད་དམ་མི་བྱེད། བྱེད་ན་དངོས་གྲུབ་ཐོབ་ན། མི་གསོད་ལྡན་པས་ཀྱང་སྔགས་ཀྱི་དངོས་གྲུབ་འཐོབ་པར་ཐལ། ལས་མི་བྱེད་ན། གསད་པ་འཕྲིན་ལས་བཞི་ལས་དྲག་པོ་མྱིན་པར་འགྲོ། དེ་ལྟར་ཞེ་ན། རྣལ་འབྱོར་པས་གསོད་པར་བསྐུལ་བ་དེ་ཡང་། མངལ་གནས་པ། བཀའ་བཞིན་དུ་སྒྲུབ་པས་སྐུལ་བ་དེ་ནི། ཞིང་བཅུ་སྒྲོལ་བ་ཡིན་ལ། ཞིང་བཅུ་སྒྲལ་བས་དངོས་གྲུབ་ཐོབ་པར་རྒྱུད་ལས་གསུངས། དེ་མ་ཡིན་པར་རང་དགར་གསར་པར་མ་གསུངས་པས། འགལ་བ་གང་ཡང་ཡོད་པར་མ་མཐོང་ངོ་། །འཕྲ་མྱེན་མ་ཡང་དངོས་གྲུབ་འཐོབ་ཞེས་པས་གཉིས་ཏེ། ཀོའུ་རི་ལ་སོགས་པ་ཁྲོ་མོ་ཉི་ཤུ་ལ་འཕྲ་མྱེན་དུ་བཞག་པ་དང་། དབང་ཕྱུག་མ་ལ་འཕྲ་མྱེན་དུ་གཞག་པའོ། །ཀོའུ་རི་ལ་སོགས་ཁྲོ་མོ་ཉི་ཤུ་ལ་འཕྲ་མྱེན་དུ་བཞག་པ་ནི། དཔེར་ན་དངུལ་ལ་གསེར་ཆུས་བྱུགས་པ་ལ་འཕྲ་མྱེན་ཟོར་བ་དང་འདྲ་བར། འོག་ནས་ཁྲོ་མོ་འདི་རྣམས་ཀྱང་ཕ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་དཔལ་ཆེན་པོ་ཡིན། མ་ནི་འཇིག་རྟེན་པའི་སྲིན་མོ་ཡིན་ཏེ། དེ་གཉིས་ལས་སྐྱིད་པའི་སྐུ་ཡིན་པས་འཕྲ་མྱེན། ཡང་ན་འཕྲ་མྱེན་མ་འདི་དག་དཔལ་ཆེན་པོའི་ཐུགས་ཡེ་ཤེས་ཀྱི་ཁྱད་པར་ལས་སྤྲུལ་བ་ཡིན་ཀྱང་། སྐུ་འཇིག་རྟེན་པའི་སྲིན་མོའི་ཆ་ལུགས་འཛིན་པའི་ཀྱང་འཕྲ་མྱེན། དེ་ལྟར་སྐུ་འཇིག་རྟེན་པའི་སྲིན་མོའི་ཆ་ལུག་ས་འཛིན་ཡང་། རང་བཞིན་ཐུགས་ཡེ་ཤེས་ལས་སྤྲུལ་པའི། ཀེའུ་རི་ལ་སོགས་པ་བརྒྱད། སེང་ཧ་ལ་སོགས་པ་བརྒྱད། སྒོ་མ་བཞི་དང་ཉི་ཤུ་ལ་ནི། ནང་གི་འཕྲ་མྱེན་མ་ཞེས་བྱ། ནང་གི་རྣལ་འབྱོར་མ་ཞེས་བྱའོ། །དབང་ཕྱུག་མ་ཞེས་བྱ་བ་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། དཔེར་ན་དམ་ཚིག་ཅན་ལ་སྔགས་འཆང་ཟེར་བར་དང་འདྲ་བར། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་འདི་དག་ཀྱང་། དཔའ་ཆེན་པོའི་བཀའ་དམ་ཚིག་ལ་གནས་པ་ཡིན་པས་འཕྲ་མྱེན་ཅེས་བྱའོ། །ཡང་ན་དབང་ཕྱུག་མ་འདི་དག་ཀྱང་། ལུས་འཇིག་རྟེན་པའི་སྲིན་མོའི་ཆ་ལུགས་འཛིན་ཀྱང་། སེམས་མྱ་ངན་ལས་འདས་པ་ཡིན་པས་ཀྱང་འཕྲ་མྱེན་ནོ། །ཡང་ན་ཁྲོ་མོ་ཉི་ཤུ་སྐྱེད་པའི་མར་གྱུར་པས་ཀྱང་མ་མོ་ཞེས་བྱའོ། །འདི་རྣམས་ནི་ཕྱིའི་འཕྲ་མྱེན་མ་ཞེས་བྱ། ཕྱིའི་རྣལ་འབྱོར་མ་ཞེས་བྱའོ། །འདིར་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཡིན་པར་ངོས་བཟུང་བར་བྱའོ། །ཞེས་བསྒོའ་བའོ། །ཞེས་སྟོན་པས་གསུངས་པ་དེ། ཕྱི་རབས་ཀྱི་རྣལ་འབྱོར་པས། དབང་ཕྱུག་མ་ལ་བཀའ་དེ་སྐད་དུ་བགོའ་བར་བྱ་བའོ། །ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོའ་བོ་ནི་འདི་ཡིན་ནོ། །ཞེས་ཁྲོ་བོའི་དངོས་གྲུབ་བསྒྲུབ་པ་ལ། ལས་ཀྱི་གཙོའ་བོ་ནི་བྲོ་གར་འདི་ཡིན་ཞེ་འམ། ཡང་ན་ཧེ་རུ་ཀ་ཡབ་ཡུམ་བཅུ་དང་། འཕྲ་མྱེན་མ་ཉི་ཤུ་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་བསྒོམས་ནས། དྲག་པོའི་ལས་སྒྲུབ་པའི་གཙོའ་བོ་ནི། བྲོ་གར་འདི་ཡིན་ཞེས་སོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །ཞེས་ཉོན་མོངས་པ་ཁྲག་ཞག་དང་འདྲ་བ་འཐུང་བས་ཁྲག་འཐུང་། ཆེན་པོ་ནི་བཛྲ་ཧེ་རུ་ཀ་ལ་སོགས་པ་ནི། རིགས་བཞི་ཧེ་རུ་ཀའོ། །བྲོ་གར་ཀླུ་ཚིག་ཆེན་པོས་ནི། །ཞེས་བདག་ཁྲོ་བོའི་སྐུར་བསྒོམས་ནས་རྐང་པས་བྲོ་བརྡུང་། ལག་པས་གར་བྱ། ངག་ཏུ་ཀླུ་ཚིག་བླང་། ཆེན་པོ་ནི་ཐེག་པ་འོག་མ་བ་ལས་ཁྱད་པར་དུ་གྱུར་པའོ། །བྲོ་གར་ནི་སྒྱུ་འཕྲུལ་རྒྱ་བཅུ་པའི་ལེའུ་ལྔ་བཅུ་བདུན་པ་ནས། ཧཱུྃ་ཞེ་རྡོ་རྗེ་འཁོར་བཅས་པས། འཇིག་རྟེན་ཁམས་ནི་རབ་འཇམ་ཀུན། །སྐད་ཅིག་ཡུད་ལ་ཀླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མྱེད། །ཅེས་པ་ནི་ཀླུའོ། །བྲོ་ནི་དྲག་པོའི་དབྱིབས་གྲུ་གསུམ་དུ་བརྡུང་ངོ་། །ཧྲི་འདོད་ཆགས་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་དབང་དུ་བསྡུས། །དབང་དུ་མ་གྱུར་གང་ཡང་མེད། །ཅེས་པ་ནི་གླུའོ། །བྲོ་ནི་དབང་དབྱིབས་ཟླ་ཁམ་མོ། །ཏྲཾ་ང་རྒྱལ་རྡོ་རྗེ་འཁོར་བཅས་པས། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་རྒྱས་མཛད་དེ། །རྒྱས་པར་མ་གྱུར་གང་ཡང་མེད། །ཅེས་པ་ནི་གླུའོ། །བྲོ་ནི་རྒྱས་པའི་དབྱིབས་གྲུ་བཞིར་གདུང་བར་བྱའོ། །ༀ་གཏི་མུག་རྡོ་རྗེ་འཁོར་བཅས་པས། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་ཞི་མཛད་དེ། །ཞི་བར་མ་གྱུར་གང་ཡང་མེད། །ཅེས་པ་ནི་གླུའོ། །བྲོ་ནི་ཞི་བའི་དབྱིབས་ཟླུམ་པོར་གདུང་བར་བྱའོ། །ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་ལེའུ་བཅོ་ལྔ་པ་ནས། ཁྲག་འཐུང་ཆེན་པོས་གཏི་མུག་འཇོམས། །ཁྲག་འཐུང་རྡོ་རྗེས་ཞེ་སྡང་འཇོམས། །རིན་ཆེན་ཁྲག་འཐུང་ང་རྒྱལ་འཇོམས། །ལས་ཀྱི་ཧེ་རུས་འཕྲག་དོག་འཇོམས། །ཁྲག་འཐུང་ཆེན་པོས་ཐིམ་པར་བྱེད། །བཛྲ་ཀྲོ་ཏིས་འཁྱུད་པར་བྱེད། །རད་ན་ཀྲོ་ཏིས་སྦྱོར་བར་བྱེད། །པད་མ་ཀྲོ་ཏིས་སྦྱོར་བར་བྱེད། །ཀར་མ་ཀྲོ་ཏིས་འབེབས་པར་བྱེད། །ཅེས་སོ། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །རྣལ་འབྱོར་པ་འཁོར་བཅས་ཐམས་ཅད་ཀྱིས་ལས་ཞི་རྒྱས་དབང་དྲག་ཐམས་ཅད་ཅི་འདོད་པ་དེ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་དང་མཆོག་ཐུན་མོང་གི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །མཛོད་ལྡན་ཆེན་མོ་ལ་སོགས་པའི། །ཞེས་ཀོའུ་རི་མ་ནི་ཀུན་གཞིའ་ལས་གནས་འགྱུར་བ་ན། ཀུན་གཞིའ་ལ་ལས་དཀར་ནག་སོག་པ་ནི། ཕྱུག་པོའི་མཛོད་དང་འདྲའོ། །དེ་ཡང་བླ་མ་ནས། ཀུན་གཞི་གནས་འཕྲ་མྱེན་མ། རྣལ་འབྱོར་སྔོ་ནག་ཀོའུ་རི་མ་ཞེས་སོ། །ཡིད་ཀྱི་རྣམ་ཤེས་ཙོའུ་རི། ཉོན་མོངས་པ་ཅན་གྱི་ཡིད་སྤྲ་མོ་ཧ། ལུས་ཀྱི་རྣམ་ཤེས་རིག་བྱ་ལས་པེ་ཏ་ལི་ཡིན་པས་ན་ལ་སོགས་སོ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་རྣལ་འབྱོར་པ་རྣམས་མཁའ་འགྲོ་མ་དེ་བཞིའི་ཏིང་ངེ་འཛིན་དུ་ཞུགས་ལ། རྐང་པས་བྲོ་བྱ། ལག་པས་ཕྱག་རྒྱའི་གར་བྱ། ངག་ཏུ་བསྟོད་པའི་གླུ་བླང་། དེ་ལྟར་བྱས་པས་ནི། འདུའ་བར་འདོད་ན་འདུ་བར་བྱེད། །ཅེས་དབང་དུ་སྡུད་པར་འདོད་ན། ཀོའུ་རི་དང་། པྲ་མ་ཧོས་གང་དབང་དུ་འདུ་བར་འདོད་པ་དེ། དབང་དུ་བསྡུད་པར་བྱེད་དོ། །དེ་ཡང་ཡུལ་ཁམས་དབང་དུ་བྱ་བ། རྒྱལ་བློན་གཟུངས་མའོ། །འཕེལ་བར་འདོད་ན་འཕེལ་བར་བྱེད། །ཅེས་རྒྱས་པར་བྱེད་ན། གཙོའུ་རི་དང་དཔེ་ཏ་ལིས་ཚེ་དང་དབང་ཐང་དང་འབྱོར་པ་དང་ལོངས་སྤྱོད་འཕེལ་བར་འདོད་ན་གང་ཡིན་པ་ནི་འཕེལ་བར་བྱེད་དོ། ༈ །བྲོ་གར་ནི་ཡེ་ཤེས་རྔམ་པ་ཀློག་གི་ལེའུ་ཉི་ཤུ་པ་ནས། གཡས་པ་ཁུ་ཚུར་བཅངས་ནས་སྒྲེང་། གཡོན་པ་འཛིན་ལྟར་བྱས་པ་ནི། གཡས་དང་ གཡོན་དུ ་ལྟ་ཞིང་སྒྱུར། ཀོའུ་རིའུ་ཚོགས་ཀྱི་ཕྱག་རྒྱ་ཡིན། གཙོའུ་རི་མ་ལ། མདའ་གཞུའ་འགེངས་པའི་ཚུལ་དུ་ནི། །འབྲི་ཚུགས་མི་འགྱུར་ལྟ་བྱེད་པ། །གཡས་ཀྱི་གུ་མོའི་རྩེ་མོ་སྒྲེང་། །ཀུན་མོ་ཚོགས་ཀྱི་ཕྱག་རྒྱར་བཤད། །གཡས་པའི་ཁུ་ཚུར་ཕྱར་ནས་ནི། །ཐེ་འོང་ཐེའུ་ཆུང་རྐྱང་པར་བྱ། །གཡོན་པས་འཛིན་པ་ཁྲོ་ཚུལ་ལྟ། །པྲ་མོའི་ཕྱག་རྒྱར་དཔའ་བོས་བཤད། །གཡས་ཀྱི་གུང་མོའི་རྩེ་མོ་སྒྲེང་། །སོར་བཞིའི་རྩེའུ་བསྡུས་རྡོ་རྗེ་ཕྱར། །གཡས་པ་ཀུན་ཏུ་རྟེན་པ་ནི། །འབྲི་ཚུགས་ལྟ་བ་སེ་ཏའི་རྒྱ། །ཞེས་པས། ཕྱག་རྒྱའི་གར་དང་། ལྟ་ཚུལ་གྱི་སྟངས་ཐབས་ཀྱིས་བྲོ་རྡུང་ཞིང་ངག་དུ་ཡང་གླུ་དེ་སྐད་དུ་བླང་པར་བྱའོ། །སྤོས་མོ་ཆེན་མོ་ལ་སོགས་པའི། །ཞེས་སྤོས་མོ་ནི། པུ་ཀ་སི་ཏེ། ཆེ་བའི་ཡོན་ཏན་གྱིས་སྤོས་པའོ། །མྱིག་ནི་རྣམ་ཤེས་ལས་གནས་འགྱུར་བ་སྟེ། ལ་སོགས་ནི། རྣམ་ཤེས་ལས་གནས་ལས་གནས་འགྱུར་བ་རྣམ་ཤེས་ནི་དང་། སྣའི་རྣམ་ཤེས་ལས་གནས་འགྱུར་བ་ཙན་དྷ་ལི་དང་། ལྕེའི་རྣམ་ཤེས་ལས་གནས་འགྱུར་བ་ཀརྨ་རིའོ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་བྲོ་ནི་རྐང་ཐབས། གར་ནི་ཕྱག་རྒྱ། ཀླུ་ཚིག་ནི་སྟོད་པ། ཆེན་མོ་ནི་མཁའ་འགྲོ་མའི་དར་རྒྱལ་དུ་ཞུགས་པའོ། །ལྷན་ནེར་འདོད་ན་ལྷ་ནོར་བྱེད། །ཅེས་ཞི་བར་འདོད་ན། པུ་ཀ་སི་དང་། གྷསྨ་རི་དང་། གཉིས་ཀྱིས་ཞི་བར་བྱེད་དེ། ལྷན་ནེ་ནི་ཞི་བའོ། །འདོད་ན་ནི་ཞི་བར་འདོད་ན། ཞི་བར་བྱེད་པའོ། །མུགས་པར་འདོད་ན་མུགས་པར་བྱེད། །ཅེས་དྲག་པོར་འདོད་ན། ལུས་སེམས་དྲན་པ་མྱེད་པར་བྱེད་ན། གང་ཡིན་པའི་ལུས་ངག་ཡིད་གསུམ་མུགས་པར་བྱེད་དེ། གཏིའ་མུག་གི་ཡོན་ཏན་ཆེར་འཕེལ་བས་མུགས་པར་བྱེད་པའོ། །ཡང་རྔམ་ཀློག་ནས། གཡོན་པས་ཉོན་མོངས་མནན་ཚུལ་ལ། །གཡས་པ་རྒྱུ་འདྲེན་ཟ་བའི་ཚུལ། །པུ་ཀ་སིའི་ཕྱག་རྒྱར་བཤད། །གཡོན་པས་དུང་ཁྲག་འཛིན་པ་ལ། །གཡས་པས་ཀྲུག་ཅིང་རྔམ་ཚུལ་སྟོན། །ཀས་མའི་ཕྱག་རྒྱ་ཡིན་པར་བཤད། །གཡས་པས་སྙིང་འདྲེན་ཟ་ཚུལ་ དུ། །སྒྲོལ་ཚུལ་ལྟ་བས་སྨན་ཤའི་རྒྱ། །གཡས་པས་མགོའ་ཅན་ཕྱར་ནས་ཀྱང་། །གཡོན ་པས་ལུས་འཛིན་སྟོབས་པར་ལྟ། །ཙན་དྷའི་ཕྱག་རྒྱ་ཡིན་པར་བཤད། །ཅེས་པས། ལག་པས་ཕྱག་རྒྱའི་གར་བྱ། ལུས་ལྟ་ཚུལ་གྱིས་སྟབས་བྱ། དེ་ནས་ཡང་སྲིན་ལག་ལུ་གུ་རྒྱུད་དུ་སྒྲེལ་བ་ལས། ལས་རྣམ་བཞིའི་བྲོ་བརྡུང་ངོ་། །རང་གི་བྲི་སྟབས་དང་། འཕྲིན་ལས་རྣམ་བཞི་སྤེལ་བར་བྱའོ། །སེར་གདོང་ཆེན་མོ་ལ་སོགས་པའི། །ཞེས་ཀུན་གཞིའི་ཡུལ་ཀུན་ཏོག་ལས་གནས་འགྱུར་བ་སེང་གདོང་མ་དང་། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་ཆོས་ལས་གནས་འགྱུར་བ་རྟག་གདོང་མ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཡུལ་འཛིན་པ་ལས་གནས་འགྱུར་བ་ཝ་གདོང་མ་དང་། རེག་བྱ་ལས་གནས་འགྱུར་བ་འཇམ་ཙུབ་ལས་བྱ་གདོང་མའོ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་རྐང་པས་བྲོ་སྟབས། ལག་པས་ཕྱག་རྒྱ་གར། ངག་ཏུ་གླུ་དང་ཚིག །སྟོབ་པའམ་གསལ་འདེབས། སོགས་པ་ནི་ཏིང་ངེ་འཛིན་དང་སྔགས་སོ། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །ཅེས་འདི་ནི་འཕྲ་མྱེན་མ་སྤྱན་ཟན་གྱི་མགོའ་ཅན་ནོ། །སེང་སྟག་ཝ་སྤྱང་བཞི་དང་ཆོས་འཐུན་ཏེ། སྲིད་པ་གསུམ་ལ་དབང་བྱེད་པའམ། སྲིད་གསུམ་རླག་པར་བྱེད་པས་ན་ཟ་བའོ། །དངོས་དྲག་པོ་སྒྲུབ་པའོ། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །ཅེས་དགྲ་བགེགས་ཀུན་རླག་པར་བྱས་ནས། རུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པར་བྱེད་དེ། ཤ་ཁྲག་རུས་པ་གསུམ། དུག་གསུམ་དུ་ཟོས་ནས་མྱེད་པར་བྱས་པ་ཁོ་ནའོ། ༈ །རྔམ་ཀློག་ནས། ལག་གཉིས་དྲལ་ལ་སྣོལ་ནས་ནི། །ཁ་ན་རོ་ཐོགས་རལ་སིག་པ། །སེང་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས་ཐུར་དུ་སྣོལ་ནས་ནི། །ཞིང་ལ་འབྲི་ཚུགས་མཆེ་གཉེར་བ། །སྟག་གདོང་ཚོགས་ཀྱི་ཕྱག་རྒྱ་ཡིན། །ལག་གཉིས་ཁ་འགྲམ་གཡས་ གཡོན་དུ ། །ཟ་བའི་ཚུལ་དུ་སྟོན་པ་ནི། །འདི་ནི་ཝ་གདོང་ཚོགས་ཀྱི་རྒྱ། །ལག་གཉིས་ཁོག་པ་ཁ་ཕྱེ་ནས། །ཤ་དྲི་ཚུགས་ལྟ་བ་ཤོ་ནིའི་རྒྱ། །ཞེས་པས། འདི་ལྟར་དུ་བྲོ་རེ་གདུང་། དེ་ཚར་བ་དང་། ལག་པ་ལུ་གུ་རྒྱུད་དུ་སྒྲེལ་ལ། ལས་འཕྲིན་ལས་རྣམ་བཞིའི་བྲོ་རེ་གདུང་བར་བྱའོ། །གཞན་གདོང་ཆེན་མོ་ལ་སོགས་པའི། །ཞེས་དམྱིག་གི་ཡུལ་གཟུགས་ལས་གནས་འགྱུར་བ་ནི་བྱ་རྒོད་ཀྱི་མགོའ་ནི་གཞད་གདང་ངོ་། །རྣ་བའི་ཡུལ་སྒྲ་ལས་གནས་འགྱུར་བ་ནི་དུར་བྱའི་རྐང་ཀའི་མགོའ་ཅན་ནོ། །སྣའི་ཡུལ་དྲི་ལས་གནས་འགྱུར་བ་ཁ་ཁ་མ་བྱ་རོག་གི་མགོའ་དང་། ལྕའི་ཡུལ་རོ་ལས་གནས་འགྱུར་བ་ཧུ་ལུ་མུ་ཀ་འུག་པའི་མགོའ་ཅན་ནོ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་སྟངས་སྟབས་ཀྱི་བྲོ་དང་། ལག་པའི་ཕྱག་རྒྱའི་གར་དང་། ཏིང་ངེ་འཛིན་གྱིས་འཕྲ་མྱེན་མར་བསྒོམས་པ་ཡིས་ནི། ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །ཅེས་འདི་བཞི་འདབ་ཆགས་ཀྱི་འགོ་ཅན་དེ། བྱ་རྒོད་ཀྱིས་གང་ན་ཡོད་ཚོལ་ཞིང་འབྱིན། རྐང་ཀས་དོང་ནས་འབྱིན་པ་ལྟར་གནས་འབྱིན། ཁ་ཁས་དབང་པོ་འབྱིན་ཅིང་ཟ། འུག་པས་ནང་རོལ་འབྱིན་དེ། དམྱིག་སྒྱུ་མ་འབྱིན་ཅིང་ཟ་བའོ། །དངོས་སུ་ན་དྲག་པོའི་ལས་བྱེད་པ་ཉི་ཚེའོ། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །ཅེས་དབང་པོ་སྒོ་ལྔའི་ནུས་པ་ཉམས་པར་བྱེད། དེ་ཁོ་ན་ལ་འབྱིན་པ་ཞེས་ཀྱང་བྱའོ། ༈ །དེ་ཡང་རྔམ་ཀློག་ལས། ལག་ན་སྤུ་གྲི་ཐོགས་ནས་སུ། །གཡོན་གྱིས་རྒྱུ་མ་འདྲེན་ཅིང་ཟ། །འདི་ནི་གཞན་གདོང་ཚོགས་ཀྱི་རྒྱ། །ཞིང་ཆེན་འཕྲག་པ་ལ་སྐལ་ནས་ནི། །ཀེང་རུ་ཐོགས་ལ་ལྟར་བྱེད་པ། །དུར་བྱའི་གདོང་གི་ཕྱག་རྒྱ་ཡིན། །གཡོན་པས་བན་དྷ་གཡས་པས་གྲི། །གློ་སྙིང་འདྲེན་པ་ལྟར་བྱེད་པ། །ཁ་ཁའི་ཕྱག་རྒྱ་ཡིན་པར་བཤད། །གཡས་པ་རྡོ་རྗེ་འཛིན་ཚུལ་ དུ། །གཡོན ་པས་འཛིན་པ་ཧུ་ལུའི་རྒྱ། །ཞེས་པས་དེ་ལྟར་བྱ། ཡིད་ཀྱིས་ཏིང་ངེ་འཛིན་གསལ་བ། རྐང་པས་བྲོ་སྟབས་མ་ནོར་བ། ལག་པས་ཕྱག་རྒྱ་རྒྱུར་བ། ངག་ཏུ་གླུ་ཚིག་གི་དབྱངས་དང་སྔགས་སུ་བཅས་པས། ལུ་གུ་རྒྱུད་དང་སྤེལ་ལ་དཀྱིལ་འཁོར་ཆེན་པོའི་མཐའ་ན་ཕར་ལ་སྐོར་བ་བྱ། སླས་དང་བྱི་མོ་བྲན་མོའི་ཚོགས། །ཞེས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ནི། དཔལ་ཆེན་པོའི་ཆུན་མར་བྱས་པས་ན་སླས་སོ། །དྲེགས་པས་མ་ཚོར་བར་སྤྱད་པས་ན་བྱི་མོའ། ཐ་མར་དཀྱིལ་འཁོར་དུ་བཀོད་ནས། ལས་ཀྱི་ཕོ་ཉར་ཁས་བླངས་པས་ན་བྲན་ཞེས་བྱའོ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཞེས་འདི་དག་གི་ཏིང་ངེ་འཛིན་དུ་ཞུགས་ནས་ལེའུ་བཅོ་ལྔ་པ་དང་། འདི་ཉིད་ཀྱི་ལྷག་མའི་སྦྱིན་པ་ལ་སོགས་པ་བྱས་པ་ཡིན་ནོ། །རྦད་ཅིང་གཏང་བར་བྱ་བ་སྟེ། །ཞེས་དགྲ་བགེགས་ལ་དབང་མོ་རྣམས་རྦད་ཅིང་། རྣལ་འབྱོར་པའི་ལས་ལ་ཏང་བར་བྱ་བ་ཡིན་ཏེ། ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ཞེས་ཞི་རྒྱས་གཉིས་ཀྱི་ལས་ཐམས་ཅད་དང་། དབང་དྲག་གཉིས་ཀྱི་ལས་ཐམས་ཅད་དམ། བདག་གི་ལས་ཐམས་ཅད་དང་། གཞན་གྱི་ལས་ཐམས་ཅད་བྱེད་པ་ཡིན་ནོ། ༈ །གགས་གསལ་བ་ནི། འདིར་སྒོ་མ་བཞིའི་བྲེན་མོ་བྱུང་བས། ཆད་པ་ཡིན་ནམ། མ་དགོས་པ་ཡིན་ཞེ་ན། སྒོ་མ་བཞིས་ཀྱང་ཞི་རྒྱས་དབང་དྲག་གི་ལས་བཞི་འགྲུབ་ལ། ལྷ་གཞན་མ་རྣམས་ལ་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་ཚང་བས་མ་སྨོས་པའོ། །ལེའུ་འདིར་དབང་མོ་ལན་གཉིས་འདབས་སོ་ཞེ་ན། མ་འདབས་ཏེ་དགོང་དང་སླས་དང་བྱི་མོ། ཞེས་སོགས་ནི། ལྷག་མ་གཏོར་བ་ཡིན་ལ། འདི་ནས་སླས་དང་བྱི་མོ་བྲན་མོ་ཞེས་པ་ནི་བྲོ་གདུང་བ་ཡིན་ནོ། །ལྗོན་པ་དང་ནི་དགོངས་ཏེ་བཤད་པའི་ཡུམ་ནི། ལྗོན་པ་ནི། དཔེར་ན་ཤིང་ལྗོན་པ་ལྟ་བུ་སྟེ། བུད་མེད་གཞོན་པ་སྟེ། རྒྱུད་དུལ་བས་ཞི་བའི་ཡུམ་མོ། །རྔམ་ཀློག་ནས། སྐྲ་ནི་འཐོན་མཐིང་ལྕང་ལོར་འཁྱིལ། །སྲིད་དུ་རིང་ལ་འཕྲ་ལ་ལྟེམ། །ལྕུག་ཕྲན་མའི་འདབ་རྒྱས་པ། །ལྗོན་ཤིང་མ་ཞེས་བཤད་པ་ཡིན། །ནང་རྩ་རླུང་ནི། གཡས་རོ་མ། གཡོན་སྐྱང་མ། དབུས་ཀུན་རྡར་མ་གསུམ་ལ་རླུང་སྙོམས་པར་གཞོན་པའོ། ། གསང་བའི་གཟུངས་མ་འདི་ནི་འབུ་ཏ་ཀྲོ་ཏི་ཤྭ་རིར་བྱིན་རློབ། ལྕུག་ཕྲན་དང་། །ལྕུག་ཕྲན་མ་ནི། ལྗོན་ཤིང་འབྲས་བུ་སྐྱེ་བའི་ཤིང་ལྕུག་མ་དངོས་ལ་བྱ་སྟེ། དེ་དང་འདྲ་བའི་བུད་མྱེད་ན་སོ་ཚད་དུ་ཕྱིན་པ། བུ་ཚ་སྐྱེ་བརྡོའ་བའོ། །དེ་རྒྱས་པའི་ཡུམ་དུ་ཤེས་སོ། །རྔམ་ཀློག་གི་བཅུ་གཅིག་པ་ལས་འཕྲ་ཞིང་བཤན་ལ་བཟང་པོ་རིང་། བཅུ་གཉིས་ཉི་ཤུ་རྩ་ལྔའི་བར། །ལུས་ལ་རག་ཏ་འཛག་པ་དང་། །རྡོ་རྗེའི་མཚོན་གྱིས་མ་ཕོག་པ། །ལྕུག་ཕྲད་མའི་རིགས་སུ་བཤད། །ཅེས་པས་སོ། །ནང་རྩ་གསུམ་པོ་དེ་སྤུ་ན་གུའི་ན་ཁྲག་གི་ཐིག་ལེར་འདུས་པ་ལ། ཁུ་བ་འབབ་སླ་བས་སྐྱེ་རྒྱུ་མང་ངོ་། །གསང་བ་གཟུང་འདི་ནི་རད་ན་ཀྲོ་ཏི་ཤྭ་རིར་བྱིན་བརློབ། སྡོང་ཅིག་དང་ནི་སྡོང་གཅིག་མ་ནི། ཤིང་སྡོང་པོ་གཅིག་ལྟ་བུ་སྟེ། བུད་མྱེད་སྐྱེ་རྒྱུན་མ་ཆད་པ། གཉེན་བཤེས་མེད་པའི་ཅིག་པུ་མ་ལ། སྐྱེས་པ་འདུ་བ་སྟེ། རྔམ་ཀློག་ནས། སྐྱེ་རྒྱུན་མེད་ཅིང་ཀྲ་མི་ཤིས། །གཅིག་པུར་འདུག་པ་སྡོང་གཅིག་མ། །ཞེས་པས། དབང་གི་ཡུལ་དུ་དེ་མངགས་པའོ། །ནང་རྩ་གསུམ་པོ་དེ་ཁྲག་གི་ཐིག་ལེར་འབྲེལ་ཐག་རིང་བས་དེས་བཀྲ་མི་ཤིས་པའོ། །གསང་གཟུངས་འདི་པད་མ་ཀྲོ་ཏི་ཤྭ་རིར་བྱིན་གྱིས་རློབ། མེ་རེག་དུ། །ཞེས་མེ་རེག་ནི་ཤིང་མེས་ཚིག་པ་ལྟ་བུ་སྟེ། བུད་མེད་ཡུགས་ས་མོའོ། །དེ་ནི་དྲག་པོའི་ཡུམ་མོ། །རྔམ་ཀློག་ནས། ཡན་ལག་ཐམས་ཅད་མེས་ཚིག་བཞིན། །ཏན་དུ་འཕེལ་བའི་རྒྱུ་མེད་པ། །མེ་རིག་མའི་རིགས་སུ་བཤད། །ཅེས་པས་མོ་ཤམ་མམ། ཡུགས་ས་མོའི་རིགས་ལ་བྱའོ། །གསུམ་པོ་ལས། གཡས་སུ་རླུང་རྣམས་ཞུགས་པས། རླུང་གིས་རྩ་ཚིག་ནས་སྐྱེ་རྒྱུ་མེད་པའོ། །གསང་གཟུང་འདི་བཛྲ་ཀྲོ་ཏི་ཤྭ་རིར་འམ། ཀར་མ་ཀྲོ་ཏིར་བྱིན་གྱིས་བརླབ་པའོ། །དང་བས་དགའ་བ་ཆགས་པ་དང་། །ཞི་བ་ལ་དང་བའི་སེམས་ཀྱིས་ཕུར་པ་གདབ་པ་སོགས་བྱའོ། །རྒྱས་པ་ལ་དགའ་ཞིང་སྤྲོ་བ་དང་ཆགས་པའི་སེམས་ཀྱིས་ལས་སྦྱར་བར་བྱའོ། །དྲག་པོ་ལ་འཁྲོས་ཤིང་འཁྲུགས་པའི་སེམས་ཀྱིས་ལས་ལ་སྦྱར་རོ། །འཁྲོས་པས་ཀི་ལི་རབ་ཏུ་བྱ། །ཞེས་ཀི་ལི་ནི་ཕུར་པ་སྟེ། སེམས་དེ་བཞི་དང་ལྡན་པས་ལས་བཞིའི་ཕུར་པ་གདབ་པར་རབ་ཏུ་བྱ་བའོ། །ཡང་ན་ཐབས་ཤེས་རབ་དང་ལྡན་པས་བྱའོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་སྦྱོང་བར་གྱུར་ཏོ། །ཞེས་སྟོན་པ་དེ་བཞིན་གཤེགས་པ་དང་། འཁོར་དེ་བཞིན་གཤེགས་པ་ལ། འདུལ་བྱ་འདུལ་བའི་དོན་དུ་སྦྱོང་བར་གྱུར་ཏོ། །དེ་བཞིན་གཤེགས་པ་ད་བཟོད་ལས་རྣམ་བཞི་སྦྱོང་དགོས་པ་ལྟ་བུ་མ་ཡིན་ཏེ། སེམས་ཅན་དེ་བཞིན་གཤེགས་པའི་རང་བཞིན་ལས་མ་ཞན་པའི་བདག་ཉིད་ལས། དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་བདག་ཉིད། འཕྲིན་ལས་རྣམས་ཀྱིས་སེམས་ཅན་གྱི་སྒྲིབ་པ་སྦྱོང་བར་འགྱུར་རོའམ། ཡང་ན་རྣལ་འབྱོར་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩལ་རང་གི་རིག་པ་ལ་སྦྱོང་བར་འགྱུར་རོ་ཞེས་པའི་དོན་ཏེ། གསང་བ་རྟོགས་པར་དཀའ་བས་སྙིང་པོ་ཅུད་འདུས་པས་མ་ནོར་བས་དེ་ཁོ་ན་ཉིད་མི་སླུ་བས་ངེས་པ་ལས། ལྷུན་གྱིས་གྲུབ་པའི་འཕྲིན་ལས་འཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པར་བདག་གཞན་ལ་བྱིན་གྱིས་རླབ་པའི་འཕྲིན་ལས་རྣམ་བཞི་བྱིན་གྱིས་བརློབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས། ཞེས་འཕྲིན་ལས་སྟོན་པ་དེ་ནས། སྟོང་པ་སྟོན་པས་ན། བདུད་བཞི་བཅོམ། ལེགས་པ་དྲུག་དང་ལྡན། མཐའ་ལས་འདས། བདེ་བ་ལས་དགྱེས། མཆོག་ཏུ་གྱུར་པས་ཆེ། རིགས་ལྔའི་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཀུན་ཏུ་བཟང་པོ་ཉིད་ཀྱིས་ཉིད་ལ། ཤིན་ཏུ་རྔམ་པའི་གདངས་ཀྱིས། །ཤིན་ཏུ་ཁྲོ་ཚུལ་གྱིས་དོན་འཛུམ་ལ་དངོས་རྔམ་པའི་གླུ་འདི་བླངས་སོ། །ཞེས་མ་མོའི་བཤུགས་གླུ་དང་། ཁྲོ་བོའི་གདང་གླུ་དང་། འཇིག་རྟེན་འཁྲུལ་པའི་རང་གླུ་ལས། འདི་ཁྲོ་བོ་གདང་གླུའོ། །ཧཱུྃ་ཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ལ་སྐུའི་སྒོ་ནས་སྟོད་པ་ནི། ཧཱུྃ་ཡེ་ཤེས་ལྔ་དང་ལྡན་པས། ཀླུ་ཉིད་ཡེ་ཤེས་རྒྱན་གྱི་ཀླུ་ཡིན་པས་ཕྱིན་འགོ་དྲངས་པའོ། །དོན་ཐུགས་ཡེ་ཤེས་དེ། རྟག་ཆད་དང་གཟུང་འཛིན་གྱི་མཐའ་ལས་ཁྲོ་ཞིང་ཏུམ་པའི་རྟགས། སྐུ་ཡང་འཁྲོ་ཏུམ་ལྟར་བཞུགས་པས་ན་ཏུམ་ཆེན་ཞེས་བྱ་སྟེ། འབར་བ་ཆེན་པོའི་སྐུ་ཏུམ། རྔམ་པའི་ཞལ་སྟུཾ། འཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་སྟུམ། དེ་ལྟ་བུའི་སྐུ་ལ་ཡེ་ཤེས་ཀྱི་མེ། སྐལ་པ་འཇིག་པའི་དུས་མཐའི་མེ་ལྟ་བུ་འབར་བའོ། །འོད་ཟེར་ཉི་མ་འབུམ་གྱི་གཟིའ། །ཞེས་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བ་ནི། མུན་པ་སེལ་བའི་འོད་ཟེར་གསལ། ཐབས་མཁས་པའི་འོད་ཟེར་མང་བ། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཁྱབ་པ་ནི། དཔེར་ན་ཉི་མ་འབུམ་གྱི་འོད་ཟེར་བས་ཆེ་བ་འམ། དེ་དག་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་འོད་ལྟ་བུས་ཐམས་ཅད་ཟིལ་གྱིས་མནོན་ནོ། །ཁྲོ་གཉེར་ཀློག་སྟོང་འགྱུ་བ་བཞིན། །ཞེས་དབང་དུ་སྡུད་པའི་ཁྲོ་གཉེར་སྣ་གོང་དུ་སྡུད་པ་དང་། ཟིལ་གནོད་པའི་ཁྲོ་གཉེར་མིག་དང་རྣ་མཆོག་བར་དུ་སྒྲེང་བ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་སྤྲ་བ། སྣ་ཚོགས་སུ་གཡོའ་བ་སྟེ། དེ་ཡང་དཔེར་ན་ནམ་ཀ་ལ་ཀློག་སྟོད་དུས་ཅིག་ཏུ་འཁྱུགས་པ་ལྟའོ། །མཆེའ་བ་ཟང་ཡག་ཟ་བྱེད་ཆེ་ཧོ། །ཞེས་སྐྱེ་ཤི་རྩད་ནས་གཅོད་པའི་མཆེའ་བ་དཀར་བ་དང་། གདུག་པ་ཟ་བྱེད་ཀྱི་མཆེའ་བ་རྩ་དམར་བ་དང་། རྔམ་པའི་མཆེའ་བ་རབ་ཏུ་རྣོ་བ་སྟེ། དོན་ཡེ་ཤེས་ཀྱིས་སྐྱེ་ཤི་དང་གཟུང་འཛིན་རྩད་ནས་ཅད་པའི་རྟགས་མཆེའ་བ་རན་ཙམ་ཉུག་གེ་རྩེགས་པ་དང་། མཆེའ་བ་དཀར་བ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་དངོས་པོ་དང་མཚན་མས་མ་གོས་པ། རྣོ་བ་སྐྱེ་ཤི་རྩད་ནས་གཅོད་པ། རྩེ་མོ་ཟླུམ་པ་སྤྲོས་པ་དང་བྲལ་བའོ། །ཧཱུྃ་རྔམ་པའི་ང་རོ་འབྲུག་སྟོང་འདིར། །ཞེས་པད་མ་རིགས་ཀྱི་ཁྲོ་བོ་ལ་གསུང་གི་སྒོ་ནས་སྟོད་པ་ནི། རྔམ་པར་སྒྲོགས་པ་ཡིས། དྲག་པོའི་ང་རོ་འཇིགས་པར་དྲག་པ་ནི། སྟོང་པའི་གསུང་ཆོས་སྐུར་རྔམ། བདེའ་བའི་གསུང་ལོང་སྐུར་རྔམ། མཛད་པའི་གསུང་སྤྲུལ་སྐུར་རྔམ་མོ། །དེ་ཡང་ཐུགས་དོན་ཡེ་ཤེས་ཡོད་མྱེད་དང་རྟག་ཆད་ཀྱི་མཐའ་ལ་རྔམ་པའི་རྟགས་རྔམ་པའི་ང་རོ་དེ་ཡང་འབྲུག་སྟོང་དུས་ཅིག་ལ་འདིར་བའི་སྒྲའོ། །སྟུག་ཆེམ་རི་རབ་འབུམ་རྙིལ་སྐད། །ཅེས་ལྷ་གཤེགས་པའི་སྟུག་ཆེམ་ཆེ་བ་དང་། འཕྲིན་ལས་མཛད་པའི་སྟུག་ཆེམ་དྲག་པ་དང་། སྤྲུལ་པ་འཁྲུག་པའི་སྟུག་ཆེམ་མང་བའོ། །སྟུག་ཆེམ་གྱི་སྐད་དེ་ཡང་། དཔེར་ན་རི་རབ་འབུམ་དུས་གཅིག་ལ་ཉེལ་བ་བས་ཀྱང་སྒྲ་སྐད་ཆེ་ལ་འཇིགས་པའོ། །ཨ་ཨ་ཧ་ལའི་གད་རྒྱངས་ཆེ། །ཞེས་རྔམ་པའི་གད་མོ་ཨ་ཨ་དང་། སྟུམ་པའི་གད་མོ་ཧ་ལ་ཧ་ལ་དང་། དགྱེས་པའི་གད་མོ་ཧ་ཧ་སྟེ། ཨ་ཨ་ཧ་ལ་ཆོས་ཉིད་རྟོགས་པའི་དགྱེས་པ་དང་ལྡན་པའི་རྟགས། རྟ་བགད་དྲག་པོ་ཆེན་པོ་བྱུང་བས་གད་རྒྱངས་ཆེ་ཞེས་བྱ་བའོ། །ཨའི་དོན་མ་སྐྱེས་པ། ཧའི་དོན་འཇོམས་པའ་སྟེ། མ་སྐྱེས་པ་ཆོས་ཀྱི་དབྱིངས་རྟོགས་པས། དངོས་པོ་དང་མཚན་མའི་མཐའ་ཐམས་ཅད་འཇོམས་པའོ། །དཔྱུགས་པས་མཐོར་རླུང་གཡེང་བ་ཆེ་ཧོ། །ཞེས་འཁོར་སྡུད་པའི་བཤུགས་པ་སྟང་བ་དང་། བདུག་པ་འདུལ་བའི་བཤུགས་པ་དྲག་པ་དང་། བྱིན་འབེབས་པའི་བཤུགས་པ་གཟིའ་འམ། བྱིན་ཆེ་བ་སྟེ། དེ་ཡང་ཆོས་ཐམས་ཅད་ཆོས་ཉིད་ལས་མི་ཞན་པར་ཐུགས་སུ་ཆུད་པས། ཞལ་ནས་བཤུགས་པའི་རྒྱུན་བྲེངས་པས། འཇིག་རྟེན་ཐམས་ཅད་གཏོར་ཞིང་འཇིག་པ་ནི། རས་བལ་རླུང་གིས་གཏོར་བ་བཞིན་དུ་འགྱུར་བས་ན་གཡེང་བ་ཆེ་ཞེས་གསུངས་པ་ཡིན་ནོ། །ཧཱུྃ་ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཞེས་རྡོ་རྗེ་རིགས་ཀྱི་ཁྲོ་བོ་ལ་ཐུགས་ཀྱི་སྒོ་ནས་སྟོད་པ་ནི། ཤེས་རབ་ཆེན་པོ་སྔོན་དུ་གཏང་བས་ནི། ཁྲོ་བོར་བཅས་པ་ཡིན་ལ། སྙིང་རྗེ་ཆེན་པོ་སྔོན་དུ་གཏང་བས་ནི་ཁྲོ་བོ་བཅོས་པ་སྟེ། སྡུག་བསྔལ་སེལ་བའི་ཤེས་རབ་གསལ། ཉོན་མོངས་པ་སེལ་བའི་ཤེས་རབ་གདང་བ། སྒྲིབ་པ་སེལ་བའི་ཤེས་རབ་འཕྲོ་བ་དེ། ཁྲོ་བོ་ཉིད་ཤེས་རབ་ཀྱི་ངོ་བོ་ལ། ལྡང་ན་མི་དམིགས་ཤིང་མི་སྒྲིབ་པར་གསལ་བའམ། བཅས་བཅོས་གཉིས་དང་ལྡན་པའི་ཁྲོ་བོས། ཐུགས་མཉམ་པ་ཉིད་དུ་རྟོགས་པས། ཡང་དག་པའི་ཤེས་རབ་དེས། མ་རིག་པའི་མན་པ་སེལ་ཞིང་། ཡེ་ཤེས་ཆེན་པོའི་སྣང་བསྐྱེད་ཅིང་མཆོད་པར་བྱེད་པས་ན། འོད་པོ་ཆེ་ཞེས་བྱ་སྟེ་འོད་གཞན་ལས་འཕགས་སོ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །ཞེས་ཐུགས་ཡེ་ཤེས་དཀྱིལ་ལྟ་བུ་ལ། ཡེ་ཤེས་བཞིའི་འཁོར་དང་ལྡན་པ་དེ་ལ། དུས་དང་གནས་སྐབས་ཀུན་ཏུ་གཟུང་འཛིན་གྱིས་མ་སྒྲིབས་པས་གསལ་བའོ། །ཡང་ན་གནས་པ་ཡེ་ཤེས་ལྔ་དང་། རྟོགས་པའི་ཡེ་ཤེས་ལྔ་ཡང་། ཡེ་ཤེས་རྣམ་པ་ལྔའི་བྱ་བ་ཐམས་ཅད་མ་ལུས་པར་མཁྱེན་པས་ན་དུས་ཀུན་ཏུ་གསལ་བའི་རང་བཞིན་ནོ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །ཞེས་ཐུགས་ཡེ་ཤེས་དེ་ལ། རྟོགས་པ་འབར་བ་དང་། སྙིང་རྗེ་འབར་པ་རྣམ་གཉིས་དང་ལྡན་པས། ཕྱི་དངོས་པོ་དང་མཚན་མ་དང་། ནང་ཤེས་པའི་རྒྱུད་ལ་ཡོད་པའི་གཟུང་འཛིན་གྱི་བག་ཆགས་སྲེག་པར་བྱེད་པས་འཇོམས་པའོ། །ཡང་ན་ཐུགས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། སྣང་བ་དང་དངོས་པོ་ཐམས་ཅད་ཡང་རང་ཉིད་ལས་མི་ཞན་པར་སྦྱོང་ཞིང་འཇོམས་པས་འཇོམས་ཞེས་བྱའོ། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཞེས་ཐུགས་ཡེ་ཤེས་ཉིད་སྣ་ཚོགས་པའི་ཆོས་སུ་སྣང་བའམ། སྣ་ཚོགས་པའི་ཆོས་ཐམས་ཅད་ཐུགས་ཡེ་ཤེས་དེའི་དཀྱིལ་འཁོར་ལས་མི་ཞན་པས་ཐིག་ལེ་ཆེ་ཧོ་ཞེས་པའོ། །ཡང་ན་སྣང་བའི་ཡེ་ཤེས་ལྔ། ཀྲི་ཡོག་གི་ཡེ་ཤེས་ལྔ་མཚན་ཉིད་ཐེག་པའི་ཡེ་ཤེས་བཞི། རང་འབྱུང་གི་ཡེ་ཤེས། མྱི་དམྱིགས་པའི་ཡེ་ཤེས། དེ་བཞིན་ཉིད་ཀྱི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ། ཡེ་ཤེས་བཅོའ་བརྒྱད་ཐུགས་ལ་དབྱེར་མེད་དུ་གནས་སོ། །འདིར་གཏར་ཀས་གགས་གསལ་བ་ནི། ཐམས་ཅད་ཐིག་ལེར་སྟོད་པས་མཚོན་ཚུལ་འདྲེས་ཞེ་ན། མ་འདྲེས་སྟེ། གསལ་བས་ན་སྐུ། གོ་བརྡའ་སྤྲོད་པའི་དངོས་ནས་གསུང་། མི་ཏོག་པའི་དངོས་ནས་ཐུགས། མ་འགགས་པས་ཡོན་ཏན་མཛད་པའི་དངོས་ནས་འཕྲིན་ལས་ཡིན་ཏེ། མཚོན་ཚུལ་གཅིག་ལ་ཐ་དད་པས་མ་འདྲེས་པའོ། །ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ། །ཞེས་རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ལ་ཡོན་ཏན་གྱི་སྒོ་ནས་སྟོད་དེ། རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ནི། ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་མཆོག་གམ་རྒྱལ་པོར་གྱུར་པ་རད་ན་ཧེ་རུ་ཀ་ཡིན་ཏེ། སྐུའི་ཡོན་ཏན་ནི་གཏིའ་མུག་ལ་འཁྲོ་གསུང་འདོད་ཆགས་ལ། ཐུགས་ཞེ་སྡང་ལ། ཡོན་ཏན་ང་རྒྱལ་ལ། འཕྲིན་ལས་འཕྲག་དོག་ལ་འཁྲོས་པས་རྒྱལ་པོ། ཁྲོ་བོ་དེ་མས་ཡོན་ཏན་མང་པོ་སྤྲིན་དང་འདྲ་བར་འབྱུང་བའམ། ཡོན་ཏན་གྱི་ཚོགས་མང་བས་ན་སྤྲིན་ཆེན་ནོ། །འཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །ཞེས་རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་ལ། སྤྲིན་གྱི་ཚོགས་ལས་ཆར་གྱི་རྒྱུར་འབྱུང་བ་ལྟར། ཁྲོ་བོའི་དཀྱིལ་འཁོར་གྱི་ཆར་ཆེན་པོའི་འབེབས་པའོ། །དེ་ཡང་ཁྲོ་བོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་དང་བཅས་པ། བསམ་ཡས་པ་གདུལ་བྱ་ཐ་དད་ལ་སྣང་བར་མཛད་པའོ། །དེ་དག་མི་བཟད་པའི་ཕྱིར་ན། དཀྱིལ་འཁོར་ཡིད་བཞིན་དུ་འབྱུང་བའི་ཏེར་དང་ཆར་ཆེན་ནོ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །ཞེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་རྟོག་པ་མྱེད་བཞིན་དུ། དགོས་འདོད་ཡིད་བཞིན་དུ་འབྱུང་བ་དང་འདྲ་བར། རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་དེ་ལས་ཀྱང་། རྟོག་པ་མྱེད་བཞིན་དུ་ཁྲོ་བོའི་དཀྱིལ་འཁོར་ཡིད་བཞིན་དུ་འབྱུང་ཞིང་། ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར་པ་ཡིན་ནོ། །སྣ་ཚོགས་འཁྲོས་པའི་ཐིག་ལེ་ཆེ་ཧོ། །ཞེས་སྣ་ཚོགས་ཁྲོ་བོའི་དཀྱིལ་འཁོར་འབྱུང་བ་ཡང་། ཡོན་ཏན་ཡིན་ལ། ཡོན་ཏན་ནི་རིན་པོ་ཆེའི་རིགས་ཀྱི་ཁྲོ་བོ་སྟེ། ཡོན་ཏན་སྣ་ཚོགས་དང་བཅས་པའི་ཁྲོ་བོ་དེ་རྣམས། རིན་པོ་ཆེའི་རིགས་སུ་རོ་གཅིག་པའི་ཕྱིར་ཐིག་ལེ། འདི་དང་དབྱེར་མྱེད་པར་དགྱེས་པས་ན་ཧོ་ཞེས་བྱའོ། །ཧཱུྃ་བདུད་ཀུན་ཀྱི་ནི་བདུད་ཆེན་པོ། །ཞེས་ལས་ཀྱི་རིགས་ཀྱི་ཁྲོ་བོ་ལ་འཕྲིན་ལས་ཀྱི་སྒོ་ནས་སྟོད་པ་ནི། བདུད་ནི་དབྱེའ་ན་བཞི་སྟེ། ཉོན་མོངས་པའི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་དོ། །དེ་ཡང་བསྡུ་ན་གཉིས་སྟེ། འཁོར་བའི་བདུད་དང་། དྲེགས་པའི་བདུད་དོ། །འཁོར་བའི་བདུད་ནི། ཉོན་མོངས་པ་དང་། ཕུང་པོ་དང་། འཆིའ་བདག་གོ། །དྲེགས་པའི་བདུད་ནི། ལྷའི་བུའི་བདུད་དོ། །བདུད་བཞི་པོ་ཀུན་གྱི་རང་བཞིན་ནམ་བདག་ཉིད་ཡང་ཡིན་ལ། དེ་དག་ཀུན་ལ་མངའ་སྙེམས་པ་ཡང་ཡིན་པས་ན། བདག་པོ་སྟེ། བདུད་བཞི་མ་ལུས་པ། མ་སྤངས་དབང་དུ་བྱེད་པའི་ཕྱིར་ན་བདུད་ཀུན་གྱི་བདུད་ཆེན་པོའོ། །བདུད་ཀྱི་བདུད་ཏེ་བདུན་རྣམས་འཇོམས། །ཞེས་བདུད་དེ་དག་གི་ཡང་བར་དུ་གཅོད་པའི་བདུད་དུ་གྱུར་པའི་ཕྱིར། བདུད་ཀྱི་བདུད་དེ། བདུད་དེ་འཇོམས་པར་བྱེད་པས་ན་བདུད་རྣམས་འཇོམས་སོ། །དེའི་ཕྱིར་ན། རུ་ཏྲ་འཁོར་དང་བཅས་པ་བཅོམ་ཞིང་སྦྱངས། སྒྲལ་ཞིང་གནས་སྤར་ནས། ཕྱིར་ལྟས་ན་རུ་ཏྲ་འཕམ་པར་སྣང་བ་ནི་འཇོམས་པ་ཆེན་པོ་ཡིན་ནོ། །འཇིག་པའི་ཚོགས་ཀྱང་འཇིགས་བྱེད་པ། །ཞེས་ལས་ཀྱི་རིགས་ཀྱི་ཁྲོ་བོ་དེ་ནི། སྲིན་པོ་ཆེན་པོ་རུ་ཏྲ་ལ་སོགས་པ། འཇིགས་པའི་ཚོགས་རྣམས་ཀྱང་། ལས་ཀྱི་ཧེ་རུ་ཀས་འཇིག་པར་བྱེད་དེ། ཐམས་ཅད་བསྡིགས་པར་སྣང་བར་མཛད་པའི་ཕྱིར་རོ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོ། །ཞེས་ལས་ཀྱི་རིགས་ཀྱི་ཁྲོ་བོས་སེམས་ཅན་འཇིགས་པར་བྱེད་པ་ལ། དེས་འཇིགས་པར་བྱེད་པའི་ནང་ནས། འཇིགས་བྱེད་ཆེན་པོ་ནི། སངས་རྒྱས་རྣམས་ཁྲོ་བོའི་དཀྱིལ་འཁོར་དུ་སྒྲུར་བ་དེ་ལས་ཆེ་ལ་འཇིགས་པ་མྱེད་པས་འཇིགས་བྱེད་ཆེན་པོ་སྟེ། ཡེ་ཤེས་ཀྱི་མཛད་པ་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པར་སྒང་བས་ན་ཐིག་ལེ་ཆེ་ཧོ་ཞེས་དགྱེས་པའོ། །འདིར་གགས་གསལ་ན། འཕྲིན་ལས་ལ་སྟོད་པ་ལན་གཉིས་བྱུང་བས་འདབས་སོ་ཞེ་ན། མ་འདབས་ཏེ། གོང་མ་ན་ལས་ཀྱི་རིགས་ཀྱི་ཁྲོ་བོ་ལ་སྟོང་པ་ཡིན་ལ། འདི་ཁྲོ་བོ་ལྔ་ཀའི་སྐལ་པའི་འཕྲིན་ལས་ལ་སྟོད་པའོ། །དེ་ཡང་སྣོད་ཀྱི་འཇིག་རྟེན་འཇིག་པ་ཡང་སངས་རྒྱས་ཀྱི་འཕྲིན་ལས་ཏེ། ལས་ངན་པ་རྒྱུན་བཅས་ནས། གནས་ངན་པ་བླངས་པ་རྣམས་སྒྲོལ་བའི་ཕྱིར་རོ། །ཧཱུྃ་རྡོ་རྗེ་བྲག་ཆེན་སྲ་བ་པོ། །ཞེས་འབྱུང་བ་བཞི་དང་སྦྱར་ན། ཐུགས་ཡེ་ཤེས་ནི་འབྱུང་བ་ཆེན་པོ་བྲག་གི་རྣམ་པར་ཡང་སྣང་ལ། བྲག་ཐ་མལ་པ་འཇོམས་པར་བྱེད་དོ། །ཡེ་ཤེས་བཞི་དང་སྦྱར་ན། བྲག་ནི་སྲ་ཞིང་རྟན་པ་ཡིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མྱེད་པར་རྟོགས་པས། དངོས་པོ་དང་མཚན་མའི་མཐར་མྱི་དམྱིགས་མྱི་འགྱུར་བ་ནི་བྲག་དང་འདྲ་བའོ། །དེ་ནི་གདན་རྡོ་རྗེ་བྲག་ལ་ཚང་བའོ། །རྡོ་རྗེ་ཆུ་བོ་སྡུད་ཆེན་པོ། །ཞེས་འབྱུང་བ་བཞི་དང་སྦྱར་ན། ཐུགས་ཡེ་ཤེས་དེ་ནི། འབྱུང་བ་ཆེན་པོ་ཆུའི་རྣམ་པར་ཡང་སྣང་ལ། དེས་ཆུ་ཐ་མལ་པ་ཡང་སྡུད་པར་བྱེད་དོ། །ཡེ་ཤེས་བཞི་དང་སྦྱར་ན། ཆུ་ནི་སྡུད་པར་བྱེད་པ་ཡིན་པ་དང་། མཉམ་པ་ཉིད་ཀྱིས་ཀྱང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཅིང་མཉམ་པ་ཉིད་དུ་བསྡུད་པར་བྱེད་པས་བསྡུད་ཆེན་པོ། དེ་ནི་ཞལ་ནས་རག་ཏའི་ཆུ་འབབ་པའམ། ཁྲག་མཚོ་འོག་ན་ཡོད་པའོ། །རྡོ་རྗེ་མེ་ཏེ་ཀུན་འབར་ཆེ། །ཞེས་འབྱུང་བ་ནི། ཐུགས་ཡེ་ཤེས་ནི། འབྱུང་བ་ཆེན་པོ་མེའི་རྣམ་པར་ཡང་སྣང་ལ། དེས་མེ་ཐ་མལ་པ་ཡང་སྲེག་པར་བྱེད་དོ། །ཡེ་ཤེས་ལས་ནི། མེ་ནི་སྲེག་བར་བྱེད་པ་ཡིན་པ་དང་། སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱིས་ཀྱང་། སྤྱིའི་མཚན་ཉིད་ནི་སྟོང་ཞིང་བདག་མྱེད་པར་རྟོགས་པས། འཁོར་བའི་མཐའ་སྲེག་པར་བྱེད་ལ། རང་གི་མཚན་ཉིད་ནི་མ་འཆོལ་བར་མཁྱེན་པས། དེ་ལྟར་མ་རྟོགས་པའི་དོན་བྱེད་པས། ཉན་ཐོས་ཞི་བ་ཕྱོགས་གཅིག་པའི་མཐའ་སྲེག་པར་བྱེད་དོ། །དེ་ནི་སྐུ་ལ་སྐལ་པའི་མེ་འབར་བའམ། མེ་དཔུང་གི་ཀློང་ནའོ། །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོ། །ཞེས་འབྱུང་བ་ནི། ཐུགས་ཡེ་ཤེས་དེ་འབྱུང་བ་ཆེན་པོ་རླུང་གི་རྣམ་པར་སྣང་ལ། དེས་རླུང་ཐ་མལ་པ་ཡང་འཐོར་ཞིང་གཡེང་བར་བྱེད་པའོ། །ཡེ་ཤེས་ལས་ནི། རླུང་གི་སྐྱོད་པར་བྱེད་པ་ཡིན་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་ཀྱང་། སེམས་ཅན་འཁོར་བའི་གནས་ནས། མྱ་ངན་ལས་འདས་པའི་གནས་སུ་སྐྱོད་པར་བྱེད་པས་འཐོར་རླུང་ཆེ་ཧོ། ཞེས་བྱའོ། །དེ་ནི་ཤངས་ནས་ཡེ་ཤེས་ཀྱི་རླུང་ལྔས། ཉོན་མོངས་པ་ལྔ་འཐོར་བར་བྱེད་དོ། །འདི་རྣམས་ལ་ངག་དོན་དུ་དྲུག་སྟེ། རིགས་ཀྱིས་འདུལ་བ་དང་། དོན་དང་འཐུན་པའི་མིང་དང་། ཉོན་མོངས་པའི་གཉེན་པོ་དང་། ཡུམ་དང་། ལས་ཀྱི་རང་བཞིན་དང་། སྐལ་པའི་འཕྲིན་ལས་སོ། །རིགས་ཀྱིས་འདུལ་བ་ནི། འབུ་ཏ་ཧེ་རུ་ཀ་དེ་བཞིན་གཤེགས་པའི་རིགས་ཏེ། འགྲོ་བའི་འཇིག་རྟེན་དུ་ཐུགས་རྗེས་དོན་ལ་གཤེགས་པའོ། །རྡོ་རྗེ་ཧེ་རུ་ཀ་ནི་རྡོ་རྗེའི་རིགས་ཏེ། སེམས་ཅན་ལོག་པའི་ཞེ་སྡང་ཐམས་ཅད་ཆོས་སུ་སྒྲོལ་བའོ། །རད་ན་ཧེ་རུ་ཀ་ནི། རིན་པོ་ཆེའི་རིགས་སོ། །ཆེ་བའི་ཡོན་ཏན་རིན་པོ་ཆེ་ལྟར་སེམས་ཅན་གྱི་དགོས་འདོད་སྐོང་བའོ། །པད་མ་ཧེ་རུ་ཀ་ནི་འདོད་ཆགས་པད་མའི་རིགས་ཏེ། འགྲོ་བ་ཆགས་པའི་ཚུལ་གྱིས་འདུལ་བའི་དོན་མཛད་པའོ། །ཀར་མ་ཧེ་རུ་ཀ་འཕྲིན་ལས་ཀྱི་རིགས་ཏེ། སེམས་ཅན་འཕྲག་དོག་གིས་ཕྱིན་ཅི་ལོག་ཏུ་ལྟ་བ་ཡང་དག་པ་ལ་འཛུད་པའོ། །དོན་དང་འཐུན་པའི་མིང་ནི། གཏིའ་མུག་འབུ་ཏ་ཧེ་རུ་ཀ །ཞེ་སྡང་བཛྲ་ཧེ་རུ་ཀ །ང་རྒྱལ་རད་ན་ཧེ་རུ་ཀ །འདོད་ཆགས་པད་མ་ཧེ་རུ་ཀ །འཕྲག་དོན་ཀར་མ་ཧེ་རུ་ཀའོ། །གཏིའ་མུག་འཇོམས་པས་སངས་རྒྱས་ཧེ་རུ་ཀ །ཞེ་སྡང་འཇོམས་པས་རྡོ་རྗེ་ཧེ་རུ་ཀ །ང་རྒྱལ་འཇོམས་པས་རིན་ཆེན་ཧེ་རུ་ཀ །འདོད་ཆགས་འཇོམས་པས་པད་མ་ཧེ་རུ་ཀ །འཕྲག་དོག་འཇོམས་པས་ལས་ཀྱི་ཧེ་རུ་ཀའོ། །ཡུམ་ནི་སྲ་བའི་བྲག་རྡོ་རྗེ་དབྱིངས་ཕྱུག་མ། བཤེར་ཞིང་རླན་པའི་ཆུ་རིན་ཆེན་དབྱིངས་ཕྱུག་མ། སྲེག་ཅིང་སྨིན་པའི་མེ་པད་མ་དབྱིངས་ཕྱུག་མ། མཐོར་ཞིང་སྐྱོད་པའི་རླུང་ལས་ཀྱི་དབྱིངས་ཕྱུག་མའོ། །ནམ་མཁའ་ནི་སྤྱིར་ཡོངས་ན་གནས་པའོ། །གནས་ཀྱི་རང་བཞིན་ནི། སྤྱོད་པའི་འཁོར་ལོས་གཏི་མུག་འཇོམས། །ཡེ་ཤེས་རྡོ་རྗེ་ཞེ་སྡང་འཇོམས། །དགོས་འདོད་ནོར་བུས་ང་རྒྱལ་འཇོམས། །ཆགས་ཚུལ་པད་མས་འདོད་ཆགས་འཇོམས། །ལས་ཀྱི་རལ་གྲིས་ཕྲག་དོག་འཇོམས་སོ། །སྐལ་པའི་འཕྲིན་ལས་ནི། བདེའ་གཤེགས་ཧེ་རུ་ཀའི་འཕྲིན་ལས་ཏེ། ཤེས་རབ་ཀྱིས་ལྟ་བ་རྟོགས་ན། ཕྱིའི་སྐལ་པ་ནམ་མཁའ་སྟོངས། ནང་གི་སྐལ་པ་ཕུང་པོའི་རྒས་རྒུད་འཇོམས་པའོ། །མཚོན་ཆའི་སྐལ་པས་འཇིག་པ་ནི། བཛྲ་ཧེ་རུ་ཀའི་འཕྲིན་ལས་ཏེ། ཐབས་ཀྱིས་སྒྲོལ་བའོ། །ཆུའི་སྐལ་པས་འཁྲུ་བ་ནི། རད་ན་ཧེ་རུ་ཀའི་འཕྲིན་ལས་ཏེ། ཞི་གནས་ཀྱི་ཆུས་བདག་འཛིན་གྱི་བག་ཆགས་འཁྲུ་བའོ། །མེའི་སྐལ་པས་སྲེག་པ་ནི། ལྷག་མཐོང་གི་མེས་མ་རིག་པ་སྲེག་པའོ། །རླུང་གིས་འཐོར་བ་ནི་ཀར་མ་ཧེ་རུ་ཀའི་འཕྲིན་ལས་ཏེ། ཤེས་རབ་ཐོགས་པ་མེད་པས་ཕྱིན་ཅི་ལོག་གི་འཕྲག་དོག་ཐམས་ཅད་ཡེ་ཤེས་ཀྱི་རླུང་གིས་འཐོར་བར་བྱེད་པའོ། །དེ་ཡང་འཕྲིན་ལས་རྣམས་ཡུམ་དང་དབྱེར་མྱེད་པས་ན། འབྱུང་བ་བཞི་ཡུམ་དང་བཅས་པ་ལ་སོགས་པ་ལ་སྟོད་པ་ཡིན་ནོ། །ཞེས་ཆེད་དུ་བླངས་སོ། །གསང་པ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་ལ་སྟོད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། ༈ །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས། ཞེས་རྒྱུད་དོན་རྫོགས་པའི་རྗེས་དེ་ནས། རྒྱུད་གཏད་པ་སྟོན་པས་སོ། །སྟོན་པ་བཅོམ་ལྡན་འདས་དོན་ལ་དགྱེས་པ་ཆེན་པོས། བདུད་བཞི་ནི་རྟོགས་པས་བཅོམ། ལེགས་པ་ནི་ཡོན་ཏན་དུ་ལྡན། མཐའ་ཐམས་ཅད་ནི་སྐྱོག་ལས་འདས། འགྲོ་བ་སེམས་ཅན་གྱི་དོན་མཛད་པར་ནི་དགྱེས། གཞན་ལས་ཁྱད་འཕགས་པས་ཆེན་པོའོ། །དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་སྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ། །ཞེས་དེ་ཡང་མདོ་སྡེ་ཐམས་ཅད་ནི་འཇམ་དཔལ་ལ་གཏད། འདུལ་བ་ཐམས་ཅད་ནི་འཕགས་པ་ཀུན་དགའ་བོ་ལ་གཏད། མངོན་པ་ཐམས་ཅད་ནི་འཕགས་པ་བྱམས་པ་ལ་གཏད། ཡོ་ག་ཕྱིར་རྒྱུད་ནི་ཕྱག་ན་རྡོ་རྗེ་ལ་གཏད། ནང་པ་གསང་བའི་རྒྱུད་ཁ་གཅིག་ནི་རྡོ་རྗེ་ཆོས་ལ་གཏད། གསང་བའི་སྙིང་པོའི་རྒྱུད་འདིའ་དོན་ནི། དེ་བཞིན་གཤེགས་པ་ཉིད་ལ་གཏད་དོ། །ཅིའི་ཕྱིར་ཞེ་ན། གཏད་ད་མ་འོངས་པའི་རྣལ་འབྱོར་པ་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ཀྱི་དོན་དུ་སྟན་ན། རྣལ་འབྱོར་པ་ཉིད་དེ་བཞིན་གཤེགས་པར་སངས་རྒྱས་པའི་རང་བཞིན་ཡིན་པས་ན། དེ་བཞིན་གཤེགས་པ་ཉིད་ལ་ཞེས་བྱའོ། །རྒྱུད་གསང་པ་སྙིང་པོ་འདི་ལས། རྒྱུད་དང་མཚན་ཉིད་ཐམས་ཅད་དང་པོ་ཡང་འདི་ལས་བྱུང་། འདུས་ཀྱང་འདིར་འདུས། གནས་ཀྱང་འདིའི་དང་ལ་གནས། གཏན་ལ་ཡང་འདིར་ངེས་པར་འབེབས་པས། རྒྱུད་འདི་ནི་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་འབྱུང་གནས། རྒྱུད་ཀྱི་མཚན་པོར་གྱུར་པས། སྔགས་ཀྱི་རྒྱལ་པོ། རྒྱུད་གསང་བ་སྙིང་པོ་འདི་ནི་མ་འོངས་པའི་རྣལ་འབྱོར་པ་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་ཀྱིས། ཤེས་རབ་རྣམ་པ་གསུམ་གྱིས་སྟན་ཞིང་མི་འགྱུར་བའམ། མྱི་ནུབ་པར་གཟུང་བའི་ཐབས་འདི་རྗོད་དོ། །ཀྱེ་ཀྱེ། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །ཞེས་ཀྱེ་ཀྱེ་ནི་བོད་པའི་ངམ་པ་སྟེ། ངོ་མཚར་བ་སྟེ། གང་ལ་ངམ་ཞེ་ན། ཕྱོགས་བཅུ་ཉེ་རིང་དང་། དུས་བཞི་སྔ་ཕྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན། ཇི་ལྟ་བུ་ཡིན་ཞེ་ན། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི། ད་བཟོད་ལམ་གྱིས་མ་སྒྲུབས། གཉེན་པོས་མ་བཅོས་པ་སྟེ། དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་ཡེ་ནས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་སངས་རྒྱས་པའི་རང་བཞིན། གསངས་ཉིད་ཡིན་པས་ངོ་བོ་ཉིད་དོ། །འོ་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན། ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ། དེ་བཞིན་གཤེགས་པའི་ངོ་བོ་ཡིན་ན། འོ་ན་ཆོས་ཐམས་ཅད་ཀྱི་ཁོངས་སུ་སེམས་ཅན་ཡང་རྟོགས་ན། སེམས་ཅན་ཁམས་གསུམ་དུ་འཁོར་བ་ཅི་སྟེ་ན། གཟུང་འཛིན་སྤྲོས་ལ་འཆིལ་བ་ཡིས། །ཞེས་རང་གི་གཟུང་འཛིན་གྱི་རྟོག་པས་ཅིངས་ཏེ། ཕྱི་བཟུང་བའི་ཡུལ་མེད་པ་ལ་ནི། བཟུང་བའི་ཡུལ་དུ་བཏགས་ལ། ནང་འཛིན་པའི་སེམས་མྱེད་པ་ལ་ནི་འཛིན་པའི་སེམས་སུ་བཟུང་བའི། གཟུང་འཛིན་གཉིས་སུ་སྤྲོས་པ་ལ་ཞེན་ནམ། འཆེལ་བའམ། ཆགས་ཞེན་གྱིས། རྣམ་རྟོག་ཞགས་པས་སོ་སོར་ཟིན། །ཞེས་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཞགས་པ་དང་འདྲ་བས། སོ་སོ་རང་རང་གིས་རང་རང་ཟིན། རང་རང་གིས་རང་རང་སྔམས་པས་འཁོར་བ་ཡིན། དེ་ཡང་རང་རང་གི་རྣམ་པར་རྟོག་པ་ནི། ཞགས་པ་དང་འདྲ་ལ། དེས་རང་གི་རྒྱུད་ཅིངས་པ་ནི་ཞགས་པས་ཟིན་པ་དང་འདྲ། དེ་ཡང་ཐ་དད་སོ་སོར་སྣང་བར་ཟིན་པའོ། །ས་རྣམས་ཁྱད་པར་བཀོད་པ་ཡང་། །ཞེས་བྱང་ཆུབ་སེམས་པའི་ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མྱེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་ཀ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོའ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནས། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་ནས། པད་མ་སྤྱན་ལ་སོགས་པ། རིམ་པ་སྐས་ཀྱི་ལྡང་བུ་ལྟར་བཀོད་དེ་གནས་པ་དེ་ཡང་ཞེས་བྱ། གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་རྒྱུད་གསང་པོ་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དབྱེར་མྱེད་དེ། གསང་བ་སྙིང་པོ་ཡི་གེ་འཁོར་ལོ་ཚོགས་ཆེན་དུ་འགྲོ་བའི་ལམ་སྟིགས་སུ་ཐེག་པ་གཞན་གྱུར་པས་ན་འགྲོ་བའི་ལམ་མོ། །ཡེ་ཤེས་ངོ་མཚར་རབ་འབྱམ་གྱིས། །ཞེས་འབྲས་བུ་བྱང་ཆུབ་སེམས་པའི་རྣམས་ཀྱི་རིམ་པ་ཁྱད་པར་བཀོད་པ་ཀུན། ཡི་གེ་འཁོར་ལོ་ཚོགས་ཆེན་དུ་འགྲོ་བའི་ལམ་སྟེགས་ཡིན་ཕན་ཅད། སའི་ཁྱད་པར་རིམ་པར་གནས་པ་དེ་དག་འགྲུབ་པའི་རྒྱུ། སངས་རྒྱས་ཀྱི་ཆོས་ཀྱི་ས་ཀ་ངོ་མཚན་ཅན་རབ་འབྱམ་གསུངས་སོ། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཞེས་ཐེག་པའི་བྱེ་བྲག་མཐའ་ཡས་བསམ་གྱིས་མི་ཁྱབ་པ་ཅིག་གསུང་བ་ཡང་། སེམས་ཅན་གྱི་དོན་དུ་མི་འགྱུར་བའི་ཆོས་ནི་འགའ་ཡང་མ་གསུངས་ཏེ། ལ་ལ་ལམ་སྟེགས་སུ་གསུངས། ལ་ལ་ལམ་ལ་འཇུག་པར་གསུངས། ལ་ལ་འབྲས་བུའི་ཆོས་སུ་གསུངས་སོ། །དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ནི་ཡེ་ཤེས་གཉིས་སུ་འདུས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཅི་ཡང་ས་ལེ་མཁྱེན་པའི་ཡེ་ཤེས་དེ་ཡང་། རྣམ་པར་མི་རྟོག་ཡེ་ཤེས་ཀྱི་ངང་ལ་མ་གཡོས་བཞིན་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་ཀྱུ་རུ་ར་ལག་ཐིལ་དུ་བླངས་པ་བཞིན་དུ། ས་ལེ་མཁྱེན་པའི་ཡེ་ཤེས་ཀྱིས་གསལ་བར་ཡང་མཁྱེན་ལ། མཁྱེན་བཞིན་རྣམ་པར་མི་རྟོག །དེ་ལྟ་བུའི་ཐུགས་ཡེ་ཤེས་ངོ་མཚར་བ། ཐུགས་རྗེ་ཆེན་པོ་རབ་འབྱམས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི། བདེའ་བར་གཤེགས་པ་རྣམས་ཀྱིས། འདུལ་བའི་དབང་དུ་སེམས་ཅན་གྱི་བློའི་རིམ་པ་དང་སྦྱར་ནས། ཐེག་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ཡང་། སེམས་ཅན་སོ་སོའི་དོན་དུ་འགྱུར་བར་གསུངས་ཤིང་། དོན་དུ་མི་འགྱུར་བའི་ཆོས་ནི་གང་ཡང་མ་གསུངས་པས། འོན་ཏེ་ཐེག་པ་མཐོ་དམན་སོ་སོའི་བློ་ལ་འཚམ་ཞིང་བཟང་བས། འགྲོ་བའི་དོན་དུ་ཡང་ཡང་དུ་མྱེད་དེ། གཟུང་དགོས་པས། ཐེག་པ་མཐའ་དག་ཐམས་ཅད་བཟུང་བར་སྟན་པ་ཞེས་ཀྱང་གསུངས་པ་ཡིན་ནོ། །གགས་གསལ་ན། རྒྱུད་ཟབ་མོ་འདི་སྟན་པའི་སྔོན་དུ་ཉན་དབང་ཐོབ་དགོས་པ་ཡང་བཤད་ནས། འདིར་རྟོགས་ནས་སྒྲ་ན་དབང་ཐོབ་པ་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། སྔོན་ལ་ཉན་དབང་ཐོབ་ནས་དེ་ནས་རྟོགས་ནས་བཤད་ན། དབང་རྫོགས་ཞེས་པས། ཕྱི་ནང་གསང་བའི་དབང་ཐམས་ཅད་མ་ལུས་པར་རྫོགས་པར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །ཞེས་རྒྱུད་འདི་འཆད་པའི་ཡོན་ཏན་བསྟན་པ་ནི། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རང་བཞིན་འདི་རྟོགས་པར་ཀ་བས་རང་བཞིན་གྱིས་གསང་བ། དེ་སྣོད་དུ་མ་གྱུར་བ་ལ་མི་རྟོགས་པས་མི་སྟན་པའི་གསང་བ། དེ་ལྟ་བུའི་རྒྱུད་གསང་བ་སྙིང་པོ་འདིའི་དོན་རྟོགས་པ་ནི། རྟོགས་པ་ཐམས་ཅད་ཀྱི་ནང་ནས་མཆོག་གི་སྙིང་པོ། ཡོན་ཏན་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་རྒྱུའི་སྙིང་པོའམ། ཡང་ན་མཚན་ཉིད་ཀྱི་ཆོས་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་ཡང་། སྙིང་པོ་ཞེས་བྱ་བ་འདི་ནི། རྟོགས་ནས་སྨྲ་བར་གང་བྱེད་པ། །ཞེས་འདིའི་དོན་བདག་གིས་ཡང་ཕྱིན་ཅི་མ་ལོག་པར་རྟོགས་པ། རྟོགས་ནས་གཞན་ལ་ཡང་འདི་ཆད་ཅིང་སྒྲ་བར་བྱེད་པའི་གང་ཟག་དེ་ནི། དེ་ཉིད་ང་ཡི་དབང་ཡང་རྫོགས། །ཞེས་དེ་ཉིད་ཀུན་ཏུ་བཟང་པོ་ང་ཡིན་པས། དེ་ལ་ནི་སྡོད་དབང་སྐུར་མི་དགོས་ཏེ། དབང་ཡང་རང་ཆས་སུ་རྫོགས་པར་གནས་པ་ཡིན་ཞེའམ། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་གསང་ཆེན་སྙིང་པོ་འདིའི་དོན་བདག་གིས་ཚིག་ཙམ་མ་ཡིན་པར་ཤེས་རབ་ཀྱིས་ཀྱང་རྟོགས་ཤིང་རྟོགས་པའི་དོན་ཡང་འཆད་ཅིང་སྨྲ་བར་གང་བྱེད་པའི་རྣལ་འབྱོར་པ། དེ་ཉིད་དཔལ་ཀུན་ཏུ་བཟང་པོ་ང་ཡིན་པས། དེ་ལྟ་བུ་ལ་དབང་སྐུར་ན། དབང་ཡང་རང་བཞིན་གྱིས་གནས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །རྒྱུད་ཀྱི་ཆེ་བ་ནི། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ། གསང་བ་འདི་ལ་གཞན་མི་མངའ། །རྒྱུད་གསང་བ་སྙིང་པོའི་དོན་འདི་ལས་ཆེས་གསང་བའི་ངེས་དོན་གཞན་མི་མངའ་བས། སྒྲོ་དང་སྐུར་པ་ཞི་བ་ཡི། །རྒྱུད་འདིའི་དོན་འདི་ཉིད། ལྷག་སྟེ་སྒྲོ་མ་ཏགས། ཕྲི་ཏེ་ཆད་པའི་སྐུར་པ་མ་གཏབ། སྒྲོ་དང་སྐུར་ཐམས་ཅད་ཞི་བ་ཡི་དོན། གསང་བའི་སྙིང་པོ་དེ་ཁོ་ན། །རང་བཞིན་རྟོགས་པ་ཀ་བའི་གསང་བའི། མ་མཚན་ཉིད་དང་རྒྱུད་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པའི་སྙིང་པོ། དེ་ཁོ་ན་ཉིད་ཡང་དག་པ། ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང་། །ཞེས་མ་ནོར་བ་ཀྲི་ཡ་བ་དང་། དྲང་བའི་དོན་མ་ཡིན་ཏེ། འདི་ནི་ངེས་པའི་དོན་མཐར་ཕྱིན་པ། བདེ་བར་གཤེགས་པ་ཐུགས་ཀྱི་དབྱིངས་རུམ་ནས་ཕྱུང་བའམ། ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས་ཕྱུང་བས། དེ་ནས་ངེས་པར་ལུང་སྟན་ཏེ། །རྒྱུད་འདིའ་དོན་རྟོགས་པའི་རྣལ་འབྱོར་པ་དེ་ནི། ད་ལྟར་ཉིད་ནས་ངེས་པར་སངས་རྒྱས་འཐོབ་པར་ལུང་སྟན་པ་སྟེ། སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །སྲས་ནི་ཉན་ཐོས་རང་རྒྱལ་ཡང་ཡིན་ན། འདིའི་དོན་རྟོགས་པ་ནི་ཐུགས་ལས་སྐྱེས་པའི་སྲས་ཡིན་ནོ། །ས་རབ་རིག་པ་འཛིན་ལ་གནས། །ས་རབ་ནི་རིག་པ་འཛིན་པའི་ས་ཞེས་ཀྱང་བྱ། རྡོ་རྗེ་འཛིན་གྱིས་ལ་གནས་ཞེས་ཀྱང་བྱ། ཀུན་ཏུ་བཟང་པོ་དབྱེའ་བ་མྱེད་པའི་ས་ཞེས་ཀྱང་བྱ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་འཐར་ཕྱིན་པ་ཞེས་ཀྱང་བྱ། སངས་རྒྱས་ཀྱི་ས་གནས་སོ། །ཞེས་བརྗོད་པས། ཞེས་སྟོན་པ་ཀུན་ཏུ་བཟང་པོས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མྱེད་པར་དགྱེས་ནས། དེ་བཞིན་གཤེགས་པ་ལ་ལ་ནི་དགྱེས་ལ། ལ་ལ་ནི་མི་དགྱེས་པ་ལྟ་བུ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་འཐུན་པར་དབྱེར་མྱེད་པར་དགྱེས་པར་གྱུར་ནས་ཞེས་བྱ། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས། །ཕྱོགས་བཅུ་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད། དོན་དམ་པར་སྐྱེ་བ་མྱེད་པར་མཉམ། ཀུན་རྫོབ་སྒྱུ་མའི་མཚན་ཉིད་དུ་མཉམ། དོན་དམ་པ་དང་ཀུན་རྫོབ་དབྱེར་མྱེད་པར་མཉམ་པ་ཉིད་ཀྱི། དེ་ལྟ་བུའི་རང་བཞིན་ཡིན་པས་དབྱིངས་སོ། །སྐུ་གསུང་ཐུགས་ཀྱི་ལྷུན་བཏུག་པོའ་བཀོད་པའི། །ཞེས་དེ་ལྟར་མཉམ་པ་ཡང་གཞན་དུ་མི་མཉམ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་མཉམ་སྟེ། ཕྱོགས་བཅུ་དུས་བཞིས་སྡུས་པའི་ཆོས་ཐམས་ཅད། ཀུན་རྫོབ་སྒྱུ་མ་མཉམ་ཞིང་། སྐུའི་རང་བཞིན་དུ་མཉམ། དོན་དམ་པར་མ་སྐྱེས་པར་མཉམ་པ་ནི། གསུང་གི་ངོ་བོར་མཉམ། དོན་དམ་པ་དང་ཀུན་རྫོབ་དབྱེར་མྱེད་པ་ནི་ཐུགས་ཏེ། དེ་ལྟར་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པའི་རང་བཞིན་དུ་ཡེ་ནས་གནས་པ་ལ། འཐུག་པོ་ནི་མང་བའམ། ཕིགས་པར་ཀ་བའམ། ཐུགས་ཀྱི་དགོངས་པ་རྟོགས་པར་དཀར་བའོ། །རྒྱན་ཉིད་དུ་བཞུགས་སོ། །ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་ལྷུན་གྱིས་གྲུབ་པར་གནས་པས། སངས་རྒྱས་ཀྱང་བསམ་གྱིས་མི་ཁྱབ་པ་མང་པོ་རྫས་རླབས་པ་ལྟར་འདུག་པས་སྡུག་པོའམ། ཡང་ན་གོ་ཆ་འཐུག་པོ་ལ་མཚོན་གྱིས་ཕིགས་པར་དཀའ་བའམ། ཀོ་བ་འཐུག་པོ་ལ་ཁབ་བམ་སྙུང་བུས་ཕིགས་པར་ཀ་བ་ལྟར། ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོར་སངས་རྒྱས་པའི་རང་བཞིན་དུ་གནས་པའི་དོན་དེ་རྟོགས་པར་ཀ་བས་ཀྱང་འཐུགས་སོ། །ཐ་དད་པ་མྱེད་བཞིན་དུ་ཡང་ཐ་དད་པའི་རྣམ་པར་བཀོད་པའི། དེ་ལྟ་བུའི་རྒྱན་ཉིད་དུ་སྟོན་པ་ཀུན་ཏུ་བཟང་པོ་གནས་སོ་ཞེ་འམ། ཡང་ན་སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ཡེ་ཤེས་ལ་ནི། ཐབས་དང་ཤེས་རབ་ཏུ་ལྡན་པ་ལ། ཐབས་ཤེས་རབ་ཀྱི་རྒྱན་དུ་ཅིག་གི་རྒྱན་དུ་ཅིག་བཞུགས་པ་ཡིན་ནོ། །འཕགས་པ་རྟོག་པའི་རྒྱལ་པོ། ཞེས་རྒྱུད་འདིའི་དོན་རྟོགས་པ་ནི། རྟོགས་པ་ཐམས་ཅད་ཀྱི་མཆོག་གམ་རྒྱལ་པོ་ཡིན་པས། རྒྱལ་པོ་ཞེས་བྱའམ། ཡང་ན་རྒྱུད་ལ་རྟོགས་པ་ཞེས་བྱ་སྟེ། རྒྱུད་འདི་རྒྱུད་ཐམས་ཅད་ཀྱི་མཆོག་གམ། རྒྱལ་པོ་ཞེས་བྱ་བ་ཡིན་ནོ། །སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་རྒྱ་པ་ལ། ཞེས་ཕྱི་སྒྱུ་འཕྲུལ་ནི། ཤེས་རབ་སྟོང་པ་ནི་རྒྱུ། ཐབས་མ་འགགས་པ་ནི་འཕྲུལ། ཐབས་ཤེས་རབ་དབྱེར་མྱེད་པ་ནི་དྲ་བ། ནང་དུ་ན། ཡབ་ཐབས་སྒྱུ། ཡུམ་ཤེས་རབ་འཕྲུལ། དེ་གཉིས་དབྱེར་མྱེད་པ་དྲྭ་བ། གསང་བ་ནི། བ་ག་སྒྱུ། རྡོ་རྗེ་འཕྲུལ། བ་ག་རྡོ་རྗེར་འདྲེལ་བ་དྲྭ་བ། དེ་ཁོ་ན་ཉིད་ནི། ཆོས་ཀྱི་དབྱིངས་རྒྱུ། རིག་པའི་ཡེ་ཤེས་འཕྲུལ། དབྱིངས་ཡས་འདྲེལ་བ་དྲྭ་བ། ལེའུ་སྟོང་ཕྲག་རྒྱ་པ་ནི། སྒྱུ་འཕྲུལ་གྱི་རྒྱུད་སངས་རྒྱས་ཀྱིས་གསུང་པ་ཐམས་ཅད་ཀྱི་ལེའུ་གྲངས་གཅིག་ཏུ་གྲངས་པ་ལ་སྟོང་ཕྲག་བརྒྱ་ཡོད་དོ། །རྒྱུད་མི་གཅིག་ཡང་ཆོས་སྡེ་ཚོམས་སུ་སྒྲངས་བ་ཡིན་ནོ་ཞེས་བཞེད་པའོ། །མཚན་ཉིད་དང་ལུང་གི་སྤྱི་དང་། ཞེས་སྤྱིར་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཞིབ་མོར་སྟོན་ཅིང་འཆད་པས་ན་མཚན་ཉིད། ཡོན་ཏན་རྫོད་པས་ན་མདོའ་སྡེ་ཆེ་བ་སྟོན་པས་གསང་སྔགས་ཀྱི་ལུང་ཡིན་པ་ལས། རྒྱུ་གསང་བ་སྙིང་པོ་འདི་ནས། མཚན་ཉིད་ཀྱི་ཆོས་དང་། མདུལ་བ་མདོའ་སྡེ་མངོན་པ་ལ་སོགས་པ་ཡང་འདིར་འདུས་པས་ན། ལུང་ཐམས་ཅད་ཀྱི་ཡེ་ཡིན་ནོ། །རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། ཞེས་ཕྱི་པ་ཐུབ་པའི་རྒྱུད། ཀྲི་ཡ་དང་ཡོ་ག་དང་ཨུ་པ་ཡ་གསུམ་ཡང་འདིར་འདུས་པར་རྟོན་ལ། ནང་པ་ཐབས་ཀྱི་རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་ཨ་ཏི་ཡོ་ག་སྟེ། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྗེས་སུ་རྣལ་འབྱོར་ལ་སོགས་པའི་ལུང་ཐམས་ཅད་ཀྱི་སྤྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། ཞེས་དུས་གསུམ་གྱི་སངས་རྒྱས་ནི། བདེའ་བར་གཤེགས་པ། འཛེས་པར་གཤེགས་པ། ལེགས་པར་གཤེགས་པ། མ་ནོར་བར་གཤེགས་པས་ན་དེ་བཞིན་གཤེགས་པ། མ་ལུས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་རྨད་དུ་འབྱུང་བ། ཐུགས་ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་གནས་པ་ནི་གསང་བ། རོལ་པ་ཆེན་པོ་ཡེ་ཤེས་ཀྱི་སྤྱོད་ཡུལ་རྟོགས་པར་དཀའ་བས་གསང་བའོ། །གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལུང་ལས། རྟོགས་པར་དཀའ་བས་གསང་བ། བཅུད་འདུས་པས་སྙིང་པོ། མ་ནོར་པ་དེ་ཁོ་ན་ཉིད། མ་བཅོས་པས་ངེས་པའི་ཀུན་འདུས་པས་ལུང་ངོ་། །ཐམས་ཅད་མ་ལུས་པར་སྤྲོས་ཏེ། ཞེས་མཚན་ཉིད་རྒྱུའི་ཆོས་ཐམས་ཅད་དང་། ཐུབ་པ་ཕྱི་པའི་སྔགས་ཐམས་ཅད་དང་། ནང་པ་ཐབས་ཀྱི་སྔགས་ཐམས་ཅད་དེ། འཁོར་ལོ་སྐོར་བ་དེ་དག་གི་འབྲས་བུའི་མཆོག །ཅེས་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ། །སྟོན་པས་སྐོར་ཞིང་བཤད་པ་དེ་དག་གི་ནང་ནས། འདི་འབྲས་བུའམ་མཆོག་གོ། །མདོའ་སྡེའི་ལུགས་ཀྱིས་ཡོན་ཏན་བརྗོད་པ་ཡིན། སྔགས་ཀྱི་ལུགས་ཀྱི་ཆེ་བརྗོད་པ་ཡིན། མཚན་ཉིད་ཀྱི་ལུགས་ཀྱིས། ཆོས་ཀྱི་མཚན་ཉིད་ཞིབ་ཏུ་བཤད་པ་ཡིན་པ་ལ། རྒྱུད་དང་མཚན་ཉིད་ཐམས་ཅད་མ་ལུས་པར་འདིར་འདུས། འདི་ལས་འཕྲོས་པས་ཏེ། དེ་སྐད་དུ་ཡང་ཉིད་ཀྱི་ལེའུ་གསུམ་པ་ལས། འདུལ་བ་མདོའ་སྡེ་ཆོས་མངོན་དང་། དམ་ཚིག་སྒྲུབ་དང་གྲུབ་པ་དང་། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། གསང་བ་སྙིང་པོ་ལས་འཕྲོས་ཏེ་ཞེས་གསུངས་པས་གསལ་ལོ། །རྒྱུད་སྤྱིའི་མཚན། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒོས་ཀྱི་མཚན། འཁོར་རྣམས་རྒྱུད་ཀྱི་ཆོས་དོན་ཟབ་མོས། མཉེས་པ་དང་ཡོངས་སུ་སྟོན་པས་འཁོར་ལ་རྒྱུད་ཡོངས་སུ་གཟུང་བར་གཏད་པའི་གཟུང་བའི་ལེའུ་ཉི་ཤུ་རྩ་གཉིས་པའོ། །རྫོགས་྅྅྅ས྄ཧོ།། །།དེ་ལས་ཡོངས་སུ་གཏད་པའི་དོན། ཆེད་དུ་༼ནས་༽བརྗོད་པ་འདི་བརྗོད་དོ། །གང་ན་གསང་ཆེན་འདི་ཡོད་པར། མེ་མ་༼དཔེར་ན་རང་གི་མཐའ་ལ།༽མུར་གྱི་འོབས་ཁོང་ལ། སྤུ་གྲིའི་སོ་ནི་༼མཐའ་མ་སྐོར་ཀྱང་།༽སྟམས་པ་ལས། འཛེགས་ནས་༼རྒྱུད་འདི་ཤེས་པ་དེ་དག་ལས།༽བུ་དག་འགྲོ་བར་༼སངས་རྒྱས་པར་༽བྱའོ། །ཁོ་ངན་༼རང་གི་༽གནས་པའི་ཡང་ཁོང་༼སྙིང་གི་ནང་དུ།༽དུ། ལྕགས་༼དམ་པ་འམ་རུབ་པའི་ངེས་༽ཀྱི་སྒྲོམ་བུ་ཁ་བསྡམས་སོ། །༼པ་ལྟར་སྦས་ལ་མི་སྨྲའོ། །༽ཐམས་ཅད་ལ་ཡང་མེ་ལོང་བཞིན།༼ཆོས་གཞན།༽ བལྟས་ཀྱང་༼ཡེ་ཤེས་ཀྱི་༽གཟུགས་སྙན་ཡོངས་༼སུ་༽མི་སྣང་༼སོ༽། །༼རྒྱུད་འདི་ལ་མན་ངག་༽ཡེ་ཤེས་འཕྲུལ་གྱི་ལྡེ་དམིག་གིས། །རྡོ་རྗེའི་ཐ་ཚིགས་༼རྒྱུད་འདིའ་༽ སྒོ་ཕྱེ་ནས། །ཡིད་༼རྒྱུད་དོན་༽བཞིན་རིན་ཆེན་གཏེར་གྱུར་ལ། སྐལ་ལྡན་ཚོགས་ཀྱིས་༼རང་རིག་པའི་ཤེས་རབ་ཀྱིས་༽ སྤྱད་དུ་གསོལ། །ཨཐྎ།། །།