དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་བཤད་པ་བདུད་རྩི་ཐིགས་པ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ།
དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་བཤད་པ་བདུད་རྩི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་མྲྀ་ཏསྟ་ཐ་ན་མ། བོད་སྐད་དུ། བདུད་རྩི་ཐིགས་པ་ཞེས་བྱ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བདེར་གཤེགས་ཐུགས་ཀྱི་ཐུགས། །གསང་གསུམ་དོན་ལས་བྱུང་བ་ཡི། །མཐར་ཕྱིན་དོན་ལ་རབ་ཟབ་པ། །རྡོ་རྗེ་གཞོན་ནུ་རབ་ཟབ་ཐུགས། །སྤྲུལ་སྐུའི་ངོ་བོར་གནས་པའི་ཚེ། །འཁོར་ལོ་བཞི་ཡི་བདག་ཉིད་ཅན། འབར་བའི་འོད་ཀྱིས་འཁྲིགས་པ་ཡི། །དོན་དམ་ཟབ་མོའི་སྐུ་མཆོག་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ནས། །རྣལ་འབྱོར་བརྒྱུད་ཀྱི་རྗེས་འབྲངས་ནས། །ཡང་དག་དོན་ཆེན་ཟབ་མོའི་འགྲེལ། །བདུད་རྩིའི་ཐིགས་ལྟར་བདག་གིས་བཀྲོལ། །སྔགས་ཀྱི་སྐུ་ལ་གསལ་འཇུག་པ། །དེ་ནི་བསྐྱེད་པའི་རིམ་པའོ། །སེམས་ལ་དམིགས་པ་ཙམ་ཞིག་ནི། །བསྐྱེད་པའི་རིམ་པ་རྫོགས་པའོ། །དེ་གཉིས་ཀུན་རྫོབ་བདེན་པའོ། །ཟུང་འཇུག་དོན་ལས་གང་བྱུང་དང་། །མཐར་ཕྱིན་མན་ངག་རབ་ཟབ་སྟོན། །དོན་དམ་བདེན་པ་ཞེས་སུ་གསུངས། །སྔགས་དང་དམ་ཚིག་སྤྱོད་པ་དང་། །འཁྲུལ་འཁོར་རྫས་ཏེ་ཐམས་ཅད་ཀུན། །ཀུན་རྫོབ་བདེན་པའི་གྲངས་སུའོ། །ཟུང་འཇུག་རིམ་དང་དོན་དམ་པ། །བྱང་ཆུབ་སེམས་ཀྱི་ངོ་བོ་རྒྱུ། །དོན་དམ་བདེན་པའི་གྲངས་སུའོ། །བདེན་གཉིས་དོན་ལ་རབ་གནས་པ། །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །བྱང་ཆུབ་སེམས་ཏེ་ཀུན་གྱི་དངོས། །གསང་བ་སྦས་པའི་དོན་རབ་གསལ། །དཔལ་ལྡན་རྡོར་གཞན་རྒྱུད་ཡིན་ཏེ། །དེ་བས་རྒྱུད་རྒྱལ་ཀུན་གྱི་རྩེ། །ཚིག་ཉུང་བ་ལ་དོན་ཟབ་པ། །རྡོར་གཞན་རྒྱུད་ནི་རྙེད་དཀའ་ཞིང་། །ཟུང་འཇུག་དོན་ནི་རྟོགས་དཀའ་བས། །ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར། །དེ་བས་བླ་མའི་བཀའ་དྲིན་གྱིས། །ཡོངས་སུ་འབད་དེ་ཤེས་ནས་ནི། །ཟུང་འཇུག་དོན་ལ་རབ་གནས་ཀྱིས། །གླེང་གཞིའི་དོན་ནི་རྒྱུ་རུ་གསུངས། །གླེང་སློང་བ་ནི་རྐྱེན་དུ་གསུངས། །བཤད་པའི་ཚིག་ནི་འབྲས་བུ་སྟེ། །རྒྱུ་རྐྱེན་འབྲས་བུ་གསུམ་དུ་གསུངས། །དགོས་འབྲེལ་རྣམ་པ་བཞིར་ཡོད་དེ། །མི་ཡིས་སྐྱེ་བ་འཁྲུལ་བའི་ཚེ། །རྒྱུད་ཅེས་བརྗོད་དེ་བརྗོད་པ་ཡིན། །བཙུན་མོ་པདྨའི་ནང་ནས་བྱུང་། །གླེང་གཞིར་འདོད་དེ་འབྲེལ་བའོ། །སྔགས་ལ་སྡོམ་པར་བསྟན་པ་ནི། །ངེས་པའི་ཚིག་ཏེ་དགོས་པ་ཡི། །ཟུང་འཇུག་འདོད་པས་ཆོས་སྤྱོད་པའོ། །དེ་ནི་འདོད་ཆགས་བྲལ་ཆོས་ཏེ། །ཡོང་དགོས་ཡིན་ཞེས་རྒྱལ་བས་གསུངས། །འདོད་ཆགས་ཅན་ལ་འདི་ལྟར་གསུངས། །རིགས་ལྔའི་ངོ་བོར་བསྐྱེད་པ་ནི། །རྒྱུད་ཅེས་བྱ་སྟེ་བརྗོད་པའོ། །ལྔ་པོ་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་ཏེ་བྲལ་བའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། །ངེས་པའི་ཚིག་ཏེ་དགོས་པའོ། །བཙུན་མོ་ལ་སོགས་སྤྱོད་པ་ནི། །རྒྱུད་ཅེས་བྱ་སྟེ་ཡང་དགོས་སོ། །སྐྱེ་བོ་དོན་ལ་འཇུག་པ་ལ། །ཡིད་ཆེས་ཕྱིར་ན་དགོས་འབྲེལ་བསྟན། །ཚིག་གི་ཚོགས་ལ་དགའ་བ་དང་། །དངོས་པོ་སྤྱོད་ལ་དད་པ་དང་། །རྟོག་པའི་ཆོས་ལ་བཟློག་པའི་ཕྱིར། །དེ་ལ་ཀུན་རྫོབ་བདེན་པ་བསྟན། །ཡང་དག་དོན་ལ་མོས་པ་དང་། །ཟབ་མོའི་ཆོས་ལ་དད་པ་དང་། །བྱང་ཆུབ་སེམས་ཀྱི་དོན་ལ་མོས། །དེ་ལ་དོན་དམ་བདེན་པ་བསྟན། །རིིམ་པ་གཉིས་པ་བསྟན་ནས་ནི། །བཤད་པའི་དབྱེ་བ་གསུངས་པ་ཡིན། །འཇིག་རྟེན་བློ་རྣམས་དཔག་མེད་པས། །གང་ཟག་རྣམ་པ་ལྔར་འདོད་དེ། །ཨུད་པ་ལ་འདྲའི་གང་ཟག་དང་། །པད་དཀར་འདྲ་བའི་གང་ཟག་དང་། །པདྨ་དམར་འདྲའི་གང་ཟག་དང་། །ཙནྡན་འདྲ་བའི་གང་ཟག་དང་། །རིན་པོ་ཆེ་ཡི་གང་ཟག་གོ། །རང་བཞིན་གཅིག་ཏེ་ཐ་དད་མིན། །ཐམས་ཅད་མཁྱེན་པས་གསུངས་པའོ། །འཛིན་པ་མཁས་པའི་བརྗེད་འགྱུར་བ། །ཨུད་པལ་ཞེས་བྱའི་གང་ཟག་གོ། །མང་པོ་ཐོས་ཤིང་སྟོན་མི་ནུས། །པད་དཀར་ཞེས་བྱའི་གང་ཟག་གོ། །དད་ལྡན་ཐོས་བརྩོན་སྙིང་རྗེ་ཆེ། །པད་དམར་ཞེས་བྱའི་གང་ཟག་གོ། །ཐོས་མེད་ང་རྒྱལ་མང་དུ་སྨྲ། །རྗེས་སུ་གཟུང་བའི་དོན་མེད་པ། །ཙན་དན་ཞེས་བྱའི་གང་ཟག་གོ། །དམ་ཚིག་དག་ཅིང་ཤེས་རབ་ལྡན། །རྒྱུད་ཐོས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །དམ་ཚིག་དག་ཅིང་ཤེས་རབ་ལྡན། །རྒྱུད་ཐོས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །ཨུད་པལ་པད་དཀར་པད་དམར་ཙན་དན་བཞི། །ཀུན་རྫོབ་བདེན་པ་བསྟན་པའི་གང་ཟག་གོ། །རྫོགས་པའི་རིམ་ལ་དད་པ་དང་། །རྟག་ཏུ་སྤྱོད་པས་སློབ་དཔོན་འཁུར། །རིན་ཆེན་འདྲ་བའི་གང་ཟག་སྟེ། །དེ་ལ་དོན་དམ་བདེན་པ་བཤད། །དེ་ལྟར་སྣོད་ཀྱི་རིམ་བརྟགས་ནས། །བླ་མ་དམ་པ་མཁས་པ་ཡིས། །བཤད་པ་རྣམ་པ་གཉིས་བྱའོ། །དེ་ལྟར་འདུས་པའི་དོན་བསྟན་ནས། །ད་ནི་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར། །གཞུང་ཉིད་ལ་འཇུག་པར་བྱ་སྟེ། །འདིར་སྡུད་པར་བྱེད་པ་རྡོ་རྗེའི་ཆོས་ཀྱིས་ཇི་སྐད་དུ་ཐོས་པ་ཐུགས་ལ་བཞག་ནས། གདུལ་བྱ་རྣམས་ལ་བསྟན་པའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་གསུངས་ཏེ། འདི་སྐད་ཅེས་བྱ་བ་ནི། རྒྱུད་ཀྱི་དོན་མ་ལུས་པར་སྟོན་པའི་ཚིག་སྟེ། སྟོན་པའི་བཀའོ། །བདག་གི་ཞེས་བྱ་བ་ནི། སྡུད་པ་པོ་བདག་ཉིད་ཀྱིས་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི། གཞན་དག་ལས་བརྒྱུད་ཅིང་བརྒྱུད་ནས་ཐོས་པ་ནི་མ་ཡིན་ནོ། །དུས་གཅིག་ནས་ཞེས་པ་ནི། ཚེས་གྲངས་དང་ཟླ་བ་དང་ལོ་དང་དུས་ནི་ངེས་པ་མེད་དོ། །དེ་ཅི་ཕྱིར་ཞེས་ན། སེམས་ཅན་རྣམ་རྟོག་བསྐྱེ་བའི་ཕྱིར། ངེས་པ་མེད་དོ། །ཐོས་པའི་དུས་ནི་ངེས་པ་མེད་དོ། །སྟོན་པའི་ཞལ་ནས་གསུངས་པའི་དུས་གཅིག་གི་ཚེ་ན་བདག་གིས་འདི་ཐོས་ལ་གཞན་དུ་ནི་གཞན་དག་ཐོས་པའམ། ཡང་ན་དུས་གཅིག་སྟེ་སྐད་གཅིག་མ་ལ་ཐོས་སོ་ཞེས་པ་སྟེ། འདི་དག་གིས་ནི་བདག་ཉིད་ཐོས་པ་མང་བ་དང་། ཤེས་རབ་ཕུལ་དུ་བྱུང་བ་ཡིན་པར་སྟོན་ཏོ། །གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་ཞེས་གླེང་གཞི་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་ཞེས་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ཏེ། དོན་ཟབ་མོ་ཕུན་སུམ་ཚོགས་པ་དང་། མི་མཐུན་པའི་ཕྱོགས་བཅོམ་པས་ན་བཅོམ་ལྡན་འདས་སོ། །དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་བསྟན་པའི་ཕྱིར། གསང་བ་མཆོག་གི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། གསང་བ་མཆོག་གི་བདག་པོ་ཞེས་པ་ནི། སྐུའི་འཁོར་ལོའི་སྒོ་བཞི་པ་དང་། གསུང་གི་འཁོར་ལོའི་སྒོ་བརྒྱད་པ་དང་། ཐུགས་ཀྱི་འཁོར་ལོའི་སྒོ་དགུ་པ་དང་། བདེ་བ་ཆེན་པོའི་སྒོ་དྲུག་པ་རྣམས་ནི་རྣལ་འབྱོར་ཕྱི་མའི་རྒྱུད་ལ། མེད་པས་གསང་བའོ། །དཀྱིལ་འཁོར་བཞི་པོ་འདི་ཀུན་གྱི་མཆོག་ཡིན་པ་དང་། བཞི་པོའི་མཆོག་ཀྱང་བདེ་བ་ཆེན་པོའི་ཕོ་བྲང་ངོ་། །ཕོ་བྲང་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བཞུགས་སོ། །དེའི་དུས་ན་ཁམས་གསུམ་གྱི་སེམས་ཅན་ཀུན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་གྱུར་ཏོ། །འཁོར་རྣམས་ལ་ཡང་ཅང་མི་གསུང་བའི་ཚུལ་གྱིས་ཆོས་སྟོན་ཏོ། །དེ་ལྟར་བཞུགས་པའི་ཕྱིར་བདག་པོའོ། །སྐུའི་ཕོ་བྲང་ན་བཞུགས་པ་བསྟན་པའི་ཕྱིར། ཐིག་ལེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་པ་གསུངས་ཏེ། བདེ་བ་ཆེན་པོའི་གནས་ནས་ལྷ་མོ་བཞིའི་མཚན་ཉིད་བསླང་སྟེ། སྤྱན་དྲངས་པའི་དུས་ན། འོད་ཀྱི་གོང་བུ་ཐིག་ལེའི་གཟུགས་སུ་ཤེས་ཏེ། དེའི་མཚན་ཉིད་ལ་ནི། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱའོ། །སྐུ་དེའི་མཚན་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་མཚན་ཉིད་ཅེས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་གནས་སུ། གཤེགས་ཤིང་གཤེགས་པས་ན། དེ་བཞིན་གཤེགས་པ་སྟེ། དེ་ལྟ་བུའི་སྐུ་གདོས་པ་ཅན་དུ་བཞུགས་པ་ནི་བཞུགས་པ་མ་ཡིན་ཏེ། རང་བཞིན་གྱིས་རྣམ་དག་པའི་བདག་ཉིད་དུ་བཞུགས་སོ། །དེ་ལྟར་བཞུགས་ནས་ཀྱང་འཁོར་རྣམས་ལ་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་སྟོན་ཏོ། །གསུང་གི་ཕོ་བྲང་ན་བཞུགས་པ་བསྟན་པའི་ཕྱིར། པདྨོ་ཆེན་པོ་རྣམ་པར་དག་པའི་གསུང་ཞེས་པ་ལ་སོགས་པ་གསུངས་ཏེ། པདྨོ་ཆེན་པོ་ཞེས་པ་ནི། ཕོ་བྲང་སྟེ་ཕོ་བྲང་དེ་ཡེ་ནས་རྣམ་པར་དག་པར་འདོད་པའོ། །འཇིག་རྟེན་པའི་གནས་དང་རྟེན་པའི་གནས་དང་། རྟེན་གྱི་གནས་གཞལ་ཡས་ལས་ཁྱད་པར་དུ་འཕགས་པས་ཆེའོ། །དེའི་གནས་སྤྲུལ་པའི་སྐུ་མཚན་ཉིད་དུ་བཞུགས་ཏེ། གསུང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་ནས་བཞུགས་སོ། །དེའི་དུས་ན་འགྲོ་བ་རིགས་དྲུག་ལ་ཇི་ལྟར་འཚམས་པའི་ཆོས་སྟོན་ཏོ། །ཐུགས་ཀྱི་ཕོ་བྲང་ན་བཞུགས་པའི་བསྟན་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུགས་ཀྱི་ཕོ་བྲང་གི་ཕྱི་མོ་ནས་རང་བཞིན་གྱིས་གྲུབ་པའི་ཡི་གེ་ཨ་གཅིག་གནས་ཏེ། དེའི་དབུས་ན་བཅོམ་ལྡན་འདས་ཐུགས་ཀྱི་རང་བཞིན་ཧཱུྃ་གི་དབྱིངས་སུ་བཞུགས་ཏེ། དྲན་རྟོག་ཐམས་ཅད་དེ་ལས་འབྱུང་སྟེ། ཤེས་པ་ཀུན་གྱི་གནས་སོ། །དེ་ལ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱའོ། །དེ་ནི་ཀུན་གྱི་མཆོག་ཏུ་གྱུར་པས་རྒྱལ་པོ་དེའི་མཚན་ཉིད་ནི་ཐམས་ཅད་དུ་རང་བཞིན་གྱིས་འོད་གསལ་བའི་ཤེས་པ་རང་བརྗོད་པའི་མཐའ་ལས་འདས་པའི་ཡོན་ཏན་དེ་ལྟར་བུར་བཞུགས་ནས། མཉམ་པ་ཆེན་པོར་ཀུན་ཏུ་ཁྱབ་པར་མཛད་པའི་སྒོ་ནས་ཆོས་སྟོན་ཏོ། །ཐབས་གང་གི་སྒོ་ནས་ཀུན་འདུས་པའི་ཕྲིན་ལས་ཀྱིས་འདུལ་བའི་སྒོ་ཡངས་པར་ཀུན་ཏུ་མཛད་དོ། །དེ་དག་ཀུན་གྱི་དོན་བསྡུས་པ་བསྟན་པའི་ཕྱིར། སྐུ་གསུང་ཐུགས་ཡོན་ཏན་དམ་ཚིག་ཆེན་པོར་ལས་པའི་བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ཡང་མངའ་བརྙེས་པའི་ཡོན་ཏན་གྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་དེ། དམ་ཚིག་ཆེན་པོ་མ་ལུས་པའི་བདག་པོར་གྱུར་པ་ནི། བདག་ཉིད་ཆེན་པོའོ། །ཕྱི་དང་ནང་དུ་སྣང་བའི་ཆོས་གཅིག་གི་ངོ་བོར་བསྟན་པའི་ཕྱིར། དུས་གསུམ་གྱི་ཆོས་མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ། དུས་གསུམ་གྱི་སྔར་འདས་པ་དང་ད་ལྟར་དང་ཕྱིས་སོ། །དེ་ལྟར་སྣང་བ་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བར་འདུས་པས་ན། མ་ལུས་ཏེ། སྔར་འདས་པ་མི་ལུས་ཏེ་ད་ལྟར་བཞུགས་པ་ལུས་པ་མེད་པ་སྟེ། ཕྱིས་བྱོན་པ་དེ་རྣམས་ཀྱི་དངོས་པོ་ཐམས་ཅད་བཅོམ་ལྡན་འདས་བདེ་བ་ཆེན་པོའི་གནས་སུ་མངོན་པར་འདུ་བར་མཛད་དེ། གཉིས་སུ་མེད་པའི་རང་བཞིན་ལས་ཐབས་མཁས་པའི་རོལ་པའི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་ཇི་ལྟར་འདུལ་བ་ལ་སྒྲའི་ཚུལ་དུ་སྤྲུལ་ནས་དོན་མཛད་དེ། དེ་ལྟ་བུའི་དོན་ལ་མངའ་བརྙེས་པ་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ། །དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དོན་དམ་པའོ། །གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འོག་མིན་གནས་གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་མིན་གནས་ཞེས་པ་ནི་གོང་ནས་གོང་དུ་གྱུར་པ་སྟེ། འཇིག་རྟེན་པའི་གནས་ལས་ཡུམ་ལྔའི་མཁའ་ནི་ཁྱད་པར་དུ་འཕགས་སོ། །ཉན་ཐོས་དང་རང་རྒྱལ་བ་དང་རྣལ་འབྱོར་པ་ཕྱི་ལ་གསང་བའི་གནས་ཀུན་གྱི་ཐུན་མོང་མ་ཡིན་པའི་མཆོག་དམ་པའི་དཀྱིལ་འཁོར་ཆེན་པོ་སྟེ། གོང་དུ་བཤད་ཟིན་ཏོ། །གསང་བའི་གནས་བསྟན་པའི་ཕྱིར། བཙུན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཙུན་མོ་ནི་སངས་རྒྱས་ཀྱི་ཤེས་རབ་མ་སྟེ། དེ་ཉིད་ནི་ཉོན་མོངས་པ་རྣམས་འཇོམས་པས་ན་བྷ་གའོ། །དེ་ལྟ་བུའི་བྷ་ག་དེ་ནི་ལས་དག་པའི་ཕོ་བྲང་རང་བཞིན་ལྷུན་གྱིས་གྲུབ་པ་དེ་ཐམས་ཅད་འདུས་ཤིང་འབྱུང་བས། དུར་ཁྲོད་ཀྱི་གཞལ་ཡས་ཁང་བརྩེགས་པ་དེ་ལ་པདྨ་སྣ་ཚོགས་ཀྱིས་སྟེང་དང་འོག་མེད་པར་བརྒྱན་པར་པདྨ་དེ་རྣམས་ཀྱང་དབྱིབས་སྣ་ཚོགས་པདྨ་ཁ་དོག་སྣ་ཚོགས་པ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔའི་མི་མཐུན་ཁྱད་པར་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་གྲངས་ལས་འདས་པ་དང་། དཔེ་དང་ཚད་མེད་པ་རྣམས་ཀྱི་གཞལ་ཡས་ཁང་གི་ཕྱི་དང་ནང་མེད་པར་ཕྱོགས་བཅུར་འཁྲིགས་ཤིང་རྣམ་པར་ཀླུབས་པར་ཐོག་མ་དང་ཐ་མ་མེད་པར་ཡེ་ནས་རང་བྱུང་གི་གནས་ན་འོད་ཀྱི་ཚུལ་དུ་བཅོམ་ལྡན་འདས་བཞུགས་སོ། །དེ་ནི་གནས་ཕུན་སུམ་ཚོགས་པ་སྟེ། དོན་དམ་ཀུན་རྫོབ་གཉིས་ཀའོ། །འཁོར་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱལ་བ་སངས་རྒྱས་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནས་མར་འཁོར་རྣམ་པ་ལྔར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ལྔ་ཡོད་པའི་ཕྱིར། འཁོར་མང་པོ་བསྟན་པའི་ཕྱིར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་གསུངས་ཏེ། ཡང་དག་པའི་ཡེ་ཤེས་ལ་མངའ་བརྙེས་པའི་ཕྱིར། རྣལ་འབྱོར་པ་ཕྱི་དང་ནང་དུ་སྣང་བའི་མཚན་ཉིད་ལ་དབང་བསྒྱུར་ཞིང་ཐམས་ཅད་ཀྱི་བདག་ཉིད་ཆེན་པོར་གྱུར་པའི་རྒྱལ་བ་སངས་རྒྱས་བརྗོད་དུ་མེད་པ། བགྲང་བ་ལས་འདས་པ་ཡོན་ཏན་ཆེན་པོས་ཀླུབས་པ་ནམ་མཁའི་མཐའ་ཀླས་པ་འཁོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ། །བདེ་བ་ཆེན་པོའི་འཁོར། སྐུའི་ཕོ་བྲང་གི་ཚུལ་བསྟན་པའི་ཕྱིར། རྣལ་འབྱོར་མ་ཆེན་མོ་ཞེས་བྱ་བ་བསྟན་ཏེ། སའི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་སངས་རྒྱས་སྤྱན་དང་། མེ་ཡི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་གོས་དཀར་མོ་དང་། ཆུའི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་མཱ་མ་ཀཱི་དང་། རླུང་གི་མཚན་ཉིད་རྣལ་འབྱོར་མ་ཆེན་མོ་དམ་ཚིག་སྒྲོལ་མ་ལ་སོགས་པ་གྲངས་མེད་པས་བསྐོར་ནས་བཞུགས་སོ། །སྐུའི་འཁོར་རོ། །ཐུགས་ཀྱི་ཕོ་བྲང་གི་འཁོར་བསྟན་པའི་ཕྱིར། རྣལ་འབྱོར་ཆེན་པོ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་ཆེན་པོ་ཞེས་པ་ནི། ཡང་དག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་དམ་པ་ཡང་དག་པའི་དོན་ལ་རྩེ་གཅིག་ཏུ་སེམས་པའི་སེམས་དཔའ་ཆེན་པོ་བཙུན་མོ་སེམས་མ་དང་བཅས་པར་བརྗོད་དུ་མེད་པ་གྲངས་ལས་འདས་པ་སྟེ། བརྗོད་དུ་མེད་པ་ཡང་བརྗོད་དུ་མེད་པའི་ཞིང་གི་རྡུལ་སྙེད་ཀྱིས་བསྐོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ། །ཐུགས་ཀྱི་ཕོ་བྲང་གི་འཁོར་རོ། །གསུང་གི་ཕོ་བྲང་འཁོར་བསྟན་པའི་འཁོར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ཞེས་པ་ནི་ཐུགས་ཀྱི་ཕོ་བྲང་གི་འཁོར་ལས་གཞན་པ་སྟེ་གསུང་གི་འཁོར་ལོ་ཞེས་པ་ཐ་ཚིག་གོ། །ཧེ་རུ་ཀ་རོལ་པའི་ཚོགས་ཞེས་པ་ནི། ཏེ་ནི་ཡང་དག་པའི་དོན་ལ་དགྱེས་པའོ། །རུ་ནི་ཡང་དག་པའི་དོན་གྱི་ཡུལ་དེ་ལ་ཆགས་པའོ། །ཀ་ནི་སྤྱོད་པར་བྱེད་པའི་འཕྲིན་ལས་སོ། །དེ་ལྟ་བུའི་ངང་དུ་རོལ་པའི་ཚོགས་ཀྱིས་འཁོར་གྲངས་མེད་པ་བརྗོད་དུ་མེད་པ་རྣམས་ཀྱིས་བསྐོར་བ་མེད་པའི་ཚུལ་གྱིས་བསྐོར་ནས་བཞུགས་སོ། །གསུང་གི་ཕོ་བྲང་གི་འཁོར་རོ། །གསང་བའི་ཕོ་བྲང་གི་འཁོར་བསྟན་པའི་ཕྱིར། སྤྲུལ་པ་ཆེན་པོ་སྲས་ཀྱི་འཁོར་ཇི་སྙེད་པ་ལ་སོགས་པ་ཞེས་པས་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ལས་སྤྲུལ་པས་སྤྲུལ་པ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་སྲས་ཀྱི་འཁོར་ཇི་སྙེད་པ་ལ་སོགས་པ་དང་སེམས་དང་སེམས་ལས་བྱུང་བ་སྟེ། རིག་པ་ལས་བསྐྱེད་པའི་སྲས་ཀྱི་འཁོར་དང་འབྱུང་བ་དང་འབྱུང་བ་ལས་བྱུང་བ་སྟེ། རྣལ་འབྱོར་མའི་ཚོགས་མང་པོའི་འཁོར་དང་། ཡང་དག་པའི་གོང་མའི་འཁོར་ཇི་ལྟ་བ་དང་གསང་བའི་འདི་ཉིད་ཀྱིས་འཁོར་ཇི་སྙེད་པ་རྣམས་དང་། བཅོམ་ལྡན་འདས་ཐབས་གཅིག་ཏུ་རྣམ་པར་རྟོག་པས། བསྙེངས་པ་མི་མངའ་བར་ཕོ་བྲང་ན་བཞུགས་པའི་ཚུལ་ནི་དཔེར་ན་ཡུངས་འབྲུ་སྣུམ་གྱིས་གང་བ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །ཞེས་པ་ནི་གནས་པར་མཛད་པའོ། །བཅོམ་ལྡན་འདས་ཀྱི་བཙུན་མོ་ནི་ཡུམ་ཀུན་ཏུ་བཟང་མོ་ཡིན་ཏེ། བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལ་གཉིས་སུ་མེད་པར་འཁྲིལ་བའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་སྙིལ་བ་མི་མངའ་བར་ཐམས་ཅད་དབྱིངས་སུ་བསྡུ་བར་མཛད་དོ། །དེ་ཡན་ཆད་དུ་འཁོར་ལྔའི་མཚན་ཉིད་བསྟན་ནས། ད་ནི་སྡུད་པ་པོ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འཁོར་གྱི་དཀྱིལ་འཁོར་དེ་ཉིད་ཀྱི་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། འཁོར་གྱི་དཀྱིལ་འཁོར་དུ་གསུངས་པ་དེ་ཉིད་ཀྱི་ནང་ན་སྡུད་པ་པོ་རྣལ་འབྱོར་གྱི་དབང་ཕྱུག་རྒྱལ་བ་སངས་རྒྱས་ཉིད་ལས་མི་གཞན་པའི་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཡང་སྟོན་པའི་མཚན་ཉིད་བཙུན་མོ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྲན་རྗེ་བོ་ལ་བཀའ་ནོད་པའི་ཚུལ་དུ་སྤོབས་པ་ཅན་དུ་བཞུགས་སོ། །སྡུད་པ་པོ་ཕུན་སུམ་ཚོགས་པ་སྟེ་ཀུན་རྫོབ་དོན་དམ་གཉིས་སོ། །སྟོན་པ་དེས་ཐམས་ཅད་ལ་རྫུ་འཕྲུལ་གྱི་སྤྱན་གྱིས་གཟིགས་པར་བསྟན་ཏེ། དེའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དེ་མ་ཐག་པའོ། །ཉོན་མོངས་པ་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ནོ། །རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པས་འདས་པ་སྟེ། དེ་ལྟ་བུའི་ངང་ཚུལ་མངའ་བའི་སྟོན་པ་གསང་བ་མཆོག་གི་བདག་པོ་དེས་ཕྱི་དང་ནང་དུ་སྣང་བ་ལ་འདི་ལྟར་གཟིགས་སོ། །སེམས་དང་སེམས་ལས་བྱུང་བ་ནི་རྟེན་ཅན་གྱི་རང་བཞིན་དུ་གཟིགས་པ་མེད་པའི་ཚུལ་དུ་གཟིགས་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་རྟེན་གྱི་རང་བཞིན་ཏེ་ཡུམ་ལྔའི་མཁའ་རང་བཞིན་དུ་གཟིགས་ཏེ། དུས་གསུམ་དང་སྲིད་གསུམ་གྱིས་བསྡུས་པའི་ཆོས་དེ་ཡང་དག་པའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་སུ་གཟིགས་སོ། །གཞན་ཡང་བསམ་གཏན་ཏེ། བསམ་གཏན་གསུམ་པའི་ལྷའི་རིས་ལ་སོགས་པ་དང་། སྙོམས་པར་འཇུག་པ་སྟེ་ཉན་ཐོས་ཞི་བའི་ཕྱོགས་ལ་འཇུག་པ་དང་། འགོག་པ་སྟེ། ཉན་ཐོས་ཚོགས་དྲུག་བཀག་ནས་ཡུལ་དྲུག་ལས་འགོག་པ་དང་། སའི་ཁྱད་པར་ལ་སོགས་པས་དང་པོ་ནས་བཅུའི་བར་དུ་སྟེ། དེ་ལྟར་བྱེ་བྲག་ཏུ་སྣང་བའི་ཆོས་རང་རེ་ངོ་གང་ལ་སྣང་བར་གྲགས་ལ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ནི་རྫུ་འཕྲུལ་གྱི་སྤྱན་གྱིས་རང་བཞིན་གྱིས་འོད་གསལ་བ་ཀུན་ཏུ་ཁྱབ་པར་གཉིས་མེད་པའི་ངང་དུ་གཟིགས་སོ། །ཕྱིན་ཅི་མ་ལོག་པར་རྣམ་པར་གཟིགས་སོ། །འོག་མའི་ཆོས་རྣམས་ལ་གཟིགས་པ་དེ་བཞིན་དུ་ས་བཅུ་གཅིག་པ་ལ་གནས་པའི་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་གྲངས་མེད་པ་རྣམས་ལ་བཅོས་པའི་སྤྱན་གྱིས་གཟིགས་སོ། །ངོ་བོ་ཉིད་ཀྱིས་རྣམ་པར་གཟིགས་ནས་ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་ཅིང་མ་བཅོས་པ་བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོར་གཟིགས་ཏེ། ཉིད་ཀྱང་སྟོང་པ་ཆེན་པོའི་དོན་ལ་བརྣལ་ཏེ་སྨྲ་བསམ་ལས་འདས་པ་བཅོས་མ་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྟོན་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་གནས་པ་དེའི་ཚེ་འཁོར་བ་སྟེ། ཁམས་གསུམ་གྱི་སེམས་ཅན་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ཆོས་ཐམས་ཅད་ཡང་དག་པའི་ཡེ་ཤེས་སྟོང་པ་ཆེན་པོར་གྱུར་ཏེ། དཔེར་ན་ནམ་མཁའི་མཚན་ཉིད་ཙམ་དུ་འདི་ཡིན་ནོ། །བསྒྲུབ་དུ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཆོས་ཀྱི་དབྱིངས་ན་བཞུགས་པ་དེས་སེམས་ཅན་གྱི་དོན་མི་མཛད་པར་ཡུམ་ཀུན་ཏུ་བཟང་མོས་གཟིགས་ཏེ། དེ་ལས་བསླང་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་སུ་རྣལ་བའི་དེ་མ་ཐག་པ་དེ་ལ་དེ་ནས་ཞེས་བྱ་སྟེ། བསྐུལ་ལོ་བར་འབྲེལ་ལོ། །སངས་རྒྱས་ཀྱི་ཡུམ་ཀུན་ཏུ་བཟང་མོ་དེས་སེམས་ཅན་གྱི་དོན་ལ་དགོངས་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས། དགོངས་པ་ཆོས་ཀྱི་དབྱིངས་ལ་བརྣལ་ནས་བཞུགས་པ་ལ་ཡུམ་ཀུན་ཏུ་བཟང་མོས་གླུ་འདི་བསྐུལ་ལོ་ཞེས་པ་སྟེ། འོག་ནས་འབྱུང་བའི་གླུ་འདིའོ། །ཨེ་ཞེས་པ་ནི་ཆོས་འབྱུང་བའི་གནས་ན་བཞུགས་པ་སྟེ། དེའི་མཚན་ཉིད་བསྟན་པའི་ཕྱིར། ཨེ་མའོ་སྟོང་ཉིད་བདག་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། ཨེ་མ་ཞེས་པ་ནི་ཨེ་མ་ཁམས་གསུམ་གྱི་སེམས་ཅན་ལ་ཐུགས་རྗེའི་སྤྱན་ཐག་བཅད་ནས་བཞུགས་པ་འདི་སྙམ་པ་སྟེ། ཡི་ཆད་པའོ། །སྟོང་ཉིད་བདག་མེད་རྣམ་དག་ཀློང་ཡངས་ནས་ཞེས་པ་ནི་སྟོང་པ་ཉིད་ཀྱང་ཡིན་ལ་བདག་མེད་པ་ཡིན་པས་ན། སྟོང་ཉིད་བདག་མེད་དེ་ཡེ་ནས་རྣམ་པར་དག་པ་མ་བཅོས་པའི་ཡང་ཀློང་ཡངས་པ་དེ་ནས་ཁམས་གསུམ་གྱི་སེམས་ཅན་ཀུན་ལ་སྙོམས་པའི་ཐུགས་རྗེ་ཁྱོད་ཀྱིས་འབྱུང་བ་མི་དམིགས་ཀྱང་། བདག་ནི་ཤེས་རབ་མ་སྟེ། སེམས་ཅན་གྱི་དོན་བྱ་བར་དགའ་བའི་ཆེད་དུ་ཡེ་ནས་མ་བཅོས་པའི་ཆོས་ཀྱི་སྐུ་དག་པ་ལས་མ་གཡོས་པར་ཐབས་མཁས་པའི་མཛད་སྤྱོད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པར་སྟོན། ཅེས་ཡུམ་ཀུན་ཏུ་བཟང་མོས་བསྐུལ་བས་གསང་བ་མཆོག་གི་བདག་པོ་དེས་ཡུམ་ཀུན་ཏུ་བཟང་མོས་བསྐུལ་བར་མཁྱེན་ནས། སྟོང་པ་ཉིད་ཀྱི་ངང་ལ་རྣལ་བ་དེ་བཞིན་ཉིད་དེ་དེ་ལས་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འཁོར་བའི་ཆོས་ཐམས་ཅད་ལ་ཁྱབ་པ་ཆེན་པོའི་སྙིང་རྗེ་བསྐྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །འཁོར་བའི་ཆོས་རྣམས་ལ་ཁྱབ་པའི་སྙི ང་རྗེ་བསྐྱེད་པར་གཡོས་པ་དེའི་ཚེ་ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ཁྱབ་པའི་སྙིང་རྗེ་ནམ་མཁའ་མཚན་ཉིད་ཙམ་དུ་གནས་པར་གྱུར་ཏོ། །ཞེས་པ་དེ་དེ་བཞིན་ཉིད་ལས་ནི་སྙིང་རྗེ་རྐྱེན་གྱིས་མ་གཡོས་ཡི་གེའི་གཟུགས་སུ་ནི་མ་བྱུང་བྱུང་ལ་ཁད་པ་ཙམ་དེའི་སྐབས་སུ་གླུས་བསྐུལ་ཏེ། དེའི་ཕྱིར་དེ་ནས་ཡང་ཡུམ་ཀུན་ཏུ་བཟང་མོས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་ལས་བསྐུལ་པའི་དེ་མ་ཐག་པ་དེ་ནས་ཡང་བསྐུལ་བའི་དུས་ལ་བབ་པོ་ཞེས་བྱ་སྟེ་ཚིག་གི་འཕྲད་དོ། །ཡུམ་ཀུན་ཏུ་བཟང་མོ་སྟོང་པ་ཉིད་ནམ་མཁའ་ཙམ་དུ་གནས་པའི་ངང་ལས། འོག་ནས་འབྱུང་བའི་གླུ་འདིས་བསྐུལ་ལོ། །ཨེ་མའོ་མ་ལྟར་བྱམས་པའ་ིསྙིང་རྗེ་ཆེན་པོ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་འདིའི་དོན་ནི་གང་དུ་བཤད་ཟིན་ཏོ། །མ་ལྟར་བྱམས་པའི་སྙིང་རྗེ་ཆེན་པོ་ནི་ཞེས་པས་ཁམས་གསུམ་གྱི་སེམས་ཅན་ལ་བུ་གཅིག་པ་ལ་མ་བྱམས་པ་བཞིན་དུ་ཁྱབ་པའི་སྙིང་རྗེ་ཆེན་པོ་འགའ་ལ་བྱམས་པ་ལྟ་བུ་མ་ཡིན་ནོ། །དེ་ལྟར་ཀུན་ལ་ཁྱབ་པའི་མཚན་ཉིད་དེ་ལ་ནི་ནམ་མཁའ་ལྟར་གོ་ཡང་འབྱེད་ཅིང་ཀུན་ལ་ཁྱབ་པ་ཞེས་གསུངས་པ་གསུངས་པ་ཡིན་ཏེ། ནམ་མཁའི་རང་བཞིན་ལས་རིག་པའི་སྙིང་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་ཀུན་ཏུ་བཟང་མོ་བདག་ལ་བསྟན་དུ་གསོལ། ཞེས་རྣམ་པར་བསྐུལ་ལོ། །ཡུམ་ཀུན་ཏུ་བཟང་མོས་བསྐུལ་བ་དེ་མ་ཐག་པ་དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་ཡུམ་གྱི་བསྐུལ་བ་ལ་བྱོན་ནས། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་དེ། ནམ་མཁའི་ངང་ལས་ཡང་དག་པའི་རིག་པའི་ཆོ་འཕྲུལ་ཡི་གེ་ཧཱུྃ་གི་རང་བཞིན་དུ་རྣམ་པར་སྤྲུལ་ཏེ་ཡི་གེ་དེ་ཡོངས་སུ་གྱུར་པ་ལས་ནམ་མཁའི་དབྱིངས་རུམ་ནས་ཞེས་གསུངས་པ་ཡིན་ཏེ་ལས་བཅོམ་ལྡན་འདས་ཀྱི་སྐུ་བཞེངས་པ་སྟེ། དེ་ལ་ནི་སྙིང་རྗེའི་སྐུ་མངོན་དུ་ཕྱུང་སྟེ་ཞེས་གསུངས་ཏེ། སྐུ་དེ་ལས་ཡེ་ཤེས་དང་ལྡན་པའི་རྟགས་སུ་སྐུ་ལས་འོད་ཟེར་ལྔ་རྣམ་པར་འཁྲིགས་པའི་ཕྱིར། དཔེར་ན་ནམ་མཁའི་དབྱིངས་རུམ་ནས་ཉི་མ་འབུམ་དུས་གཅིག་ཏུ་ཤར་བའི་གཟི་བརྗིད་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །བཅོམ་ལྡན་དེའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྟན་པའི་ཕྱིར། ཡུམ་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཀྱི་སྐུ་ཡོངས་སུ་རྫོགས་པར་མཛད་པ་བསྐུལ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་བཞེངས་པའི་དེ་མ་ཐག་པ་དེ་ནས་སོ། །ཡུམ་ཀུན་ཏུ་བཟང་མོས་སྨིན་རིང་བསྒྱུར་ཏེ། ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་བྱུང་ཡུམ་སྟེ། དེས་ཤིན་ཏུ་ཆགས་པའི་སྨིན་རིང་བསྒྱུར་ཏེ་ཤིན་ཏུ་མཛེས་པའི་སྤྱན་གྱི་བཅོམ་ལྡན་འདས་ལ་བལྟས་ནས་ཡོངས་སུ་རྫོགས་པར་འདོད་པའི་ཕྱིར་རྨད་དུ་བྱུང་བའི་གང་རྣམ་པ་སྣ་ཚོགས་པ་དང་གླུ་སྟེ་གསང་གསུམ་གྱི་གླུ་དང་དེ་མ་བས་ཏེ་གླུའི་བྱེ་བྲག་མང་པོས་རྣམ་པར་བསྐུལ་བའི་ཕྱིར། འོག་ནས་འབྱུང་བའི་གླུ་འདི་བླངས་སོ། །ཨེ་མའོ་ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས། ཞེས་པ་གསུངས་ཏེ། ཨེ་མའོ་ཞེས་པའི་ནི་ཡང་དག་པའི་ཆོས་དབྱིངས་ཀྱི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་འདི་ལྟ་བུ་བྱུང་བ་ནི་ངོ་མཚར་རོ། །ཞེས་པ་ནི་དམ་པའི་ཚིག་གོ། །སྐུ་དེ་ལྟ་བུ་ལས་མཚན་དང་དཔེ་བྱད་ཀྱི་བརྒྱན་པའི་ཕྱིར། ཡིད་བཞིན་སྐུ་མཆོག་ཉི་མ་ལྟ་བུ་ལས་ཞེས་པ་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ཡང་འགྲོ་བ་མཐའ་དག་ལ་སྤྲུལ་པའི་ཆོ་འཕྲུལ་ཇི་ལྟར་འདུལ་བ་བཞིན་དུ་སྟོན་ཏེ་སྟོན་པའི་དུས་ན་ཡང་དབྱིངས་རྣམ་པར་དག་པ་ལས་མ་གཡོས་ཏེ། དེའི་ཕྱིར་རྡོ་རྗེ་གང་མཛད་ཅིང་ཞེས་གསུངས་སོ། །དེ་ལྟ་བུའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཤིན་ཏུ་བརྗིད་པའི་སྐུ་མཆོག་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་འོད་ཟེར་འབར་བས་འཁྲིགས་པའི་སྐུ་མཆོག་ཀུན་ཏུ་བཟང་མོ་བདག་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ་ཞེས་ཡང་ནས་ཡང་དུ་རྣམ་པར་བསྐུལ་བས། བཅོམ་ལྡན་འདས་ཀྱི་ཡུམ་ཀུན་ཏུ་བཟང་མོས་བསྐུལ་བར་ཐུགས་སུ་ཆུད་དོ། །རོལ་པའི་སྐུ་ཞལ་གསུམ་པ་ལྟ་བུར་སྣང་བ། ཞལ་གསུམ་པར་སྣང་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བ་གསུམ་མངའི་རྟགས་སོ། །ཞལ་གསུམ་པོ་ཡང་གཡས་དཀར་བ། གཡོན་དམར་བ། དབུས་མཐིང་ནག་དུ ་བཞུགས་སོ། །གཡས་དཀར་བ་ནི་ཉོན་མོངས་པའི་དྲི་མས་མ་གོས་པའི་རྟགས་སོ། །གཡོན་དམར་བ་ཐུགས་རྗེའི་སྤྱང་ཐག་གིས་འགྲོ་བ་མཐའ་དག་འདྲེན་པའི་རྟགས་སོ། །དབུས་མཐིང་བ་ནི་ཆོས་ཉིད་ལ་རྣམ་པར་རྟོག་པ་གང་གིས་ཀྱང་མ་གོས་པའི་རྟགས་སོ། །ཕྱག་དྲུག་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་མངའ་བའི་རྟགས་སོ། །གཡས་ཀྱི་དང་པོ་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་སྣམས་པ་ནི། ཡེ་ཤེས་དགུ་ལས་མངའ་བརྙེས་པའི་རྟགས་སོ། །དེ་ལྟ་བུའི་སྐུ་འབར་བ་ལྟ་བུའི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཟིགས་པར་འགྱུར་རོ། །དེ་ནི་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཏོ། །ད་ནི་འཁོར་སྡུད་པའི་ཏིང་ངེ་སྟོན་ཏེ། དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོར་དེས། རྟེན་ཅན་གྱི་འཁོར་བསྐྱེད་པའི་ཕྱིར་ཧཱུྃ་ཞེས་ལྟེ་བའི་དཀྱིལ་ནས་དྲངས་ཏེ་བརྗོད་པས་གོང་མའི་འཁོར་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་སྐུ་ལ་བསྡུ་བ་མཛད་དོ། །བསྡུ་བ་མཛད་ནས་བདེ་བ་ཆེན་པོའི་གནས་ན་བཞུགས་པར་གྱུར་ཏོ། །དེ་ནི་འཁོར་འོག་མའི་རྒྱུའོ། །འཁོར་སྡུད་པའི་ཏིང་ངེ་འཛིན་ཏོ། །འདི་ནས་མར་ཡབ་ཀྱི་གླེངས་བསླང་བ་བསྟན་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་སྐུས་སྦྱོར་བའི་ཡན་ལག་རྣམ་པ་སྣ་ཚོགས་ཀྱི་གླུ་དང་གསང་བའི་གླུ་དང་གར་སྟེང་སྒོའི་གར་དང་ལག་པའི་གར་དང་རྐེད་པའི་གར་དང་། སྟེག་པ་སྟེ་གནས་དགུ་རུ་སེན་མོས་བྲུང་པ་དང་། བསྟིམ་པ་སྟེ་ཆུ་བཞིབ་པ་དང་། སྦྱོར་བ་སྟེ་དབང་པོ་གཉིས་སྦྱོར་བ་དང་། འཁྱུད་པ་སྟེ་སྟོད་སྨད་ནས་བསྡོམས་པའི་ཚུལ་གྱིས་ཡུམ་ཀུན་ཏུ་བཟང་མོ་ལ་མཛེས་པའི་ཚུལ་གྱིས་སྨིན་རིང་བསྒྱུར་ཞིང་ཆགས་པའི་སྤྱན་ཟིན་བག་གི་ཚུལ་གྱིས་གཟིགས་ཏེ། སྤྱན་ཧར་ཧར་ལྟ་བུའི་མ་ཡིན་ཏེ། ཤིན་ཏུ་མཛེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གནས་ནས་ཅང་མི་གསུང་བར་གྱུར་ཏོ། །དེའི་དུས་སུ་ཡུམ་ཀུན་ཏུ་བཟང་མོས་ཆགས་པར་མཁྱེན་ནས་གླེང་འདིར་བསླང་ངོ་། །ཨེ་མའོ་རོལ་མོའི་ཆོ་འཕྲུལ་འབར་བའི་སྐུ་མཆོག་ལས་ཞེས་པ་ལ་སོགས་པས་གླེང་བསླང་སྟེ་ཤིན་ཏུ་ངོ་མཚར་བའི་ཕྱིར། ཨེ་མའོ་རོལ་མོའི་ཆོ་འཕྲུལ་འོད་ཟེར་གྱིས་འཁྲིགས་པའི་ཤིན་ཏུ་མཛེས་པའི་འབར་བའི་སྐུ་མཆོག་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ལ་ཁྱབ་པའི་བྱིན་རླབས་ཏེ། གང་ནས་ཇི་ལྟར་གནས་པ་བསྟན་ཏེ། སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པ་དང་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདབ་མ་བཅུ་དྲུག་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་དཀྱིལ་ན། བྱང་ཆུབ་སེམས་བཞུགས་པ་དེའི་མཚན་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ་གནས་ནས་བསྐྱེད་པར་བྱེད་པའི་རྐྱེན་ཕྱག་རྒྱ་བཞིའི་གར་མཛད་ཅིང་ཞེས་སོ། །བྱང་ཆུབ་སེམས་དེ་གཤེགས་པའི་གནས་པ་བསྟན་པའི་ཕྱིར་གསང་བའི་བྷ་ག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་བྷ་ག་ནི་ཡུམ་གྱི་པདྨ་སྟེ། ཐབས་ལས་ཁྱད་པར་དུ་འཕགས་པའི་གནས་ཏེ། བཅོམ་ལྡན་འདས་ཀྱི་བཞུགས་གནས་ཤིན་ཏུ་ཡངས་པའི་མཁའ་དཀྱིལ་དུ། བཅོམ་ལྡན་འདས་ཀྱིས་བདག་རེ་བ་བསྐོངས་པའི་ཡང་དག་པའི་བདུད་རྩི་ཆར་ཆེན་པོ་བཅོམ་ལྡན་འདས་ཀྱིས་བདག་ལ་དབབ་ཏུ་གསོལ་ལོ་ཨ་ལ་ལ་ཧོ། །ཞེས་རྣམ་པར་བསྐུལ་ལོ་ཞེས་པ་སྟེ། ཡུམ་གྱི་གླེང་བསླང་བའོ། །དེ་ནས་ཡབ་ཀྱི་གླེང་བསླང་བའི་ཕྱིར། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་གླུ་འདི་བླངས་སོ། །ཞེས་པར་འགྲེལ་ཏེ། གང་བླང་ཞེ་ན། འོག་ནས་འབྱུང་བ་འདི་ལྟ་སྟེ། ཨ་ཧོ་བདེ་མཆོག་འདུ་འབྲལ་མེད་པའི་དབྱིངས་ཉིད་ནི། ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ཐུགས་སུ་ཆུད་ཅིང་རིག་པ་ལ་མངའ་བའི་ཕྱིར་ཨ་ཧོ་ཞེས་གསུངས་ཏེ། བྱང་ཆུབ་སེམས་ཀྱི་སེམས་དེ་ནི་བདེ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་བདེ་མཆོག་གོ། །དེའི་གནས་འདུ་འབྲལ་མེད་པའི་ཡུམ་གྱི་པདྨ་སྟེ་དབྱིངས་ཉིད་དོ། །དེ་ལྟ་བུའི་གནས་ཤིན་ཏུ་མཛེས་པའི་ཕྱིར་འཛུམ་པ་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་འཁྲིལ་པ། ཉོན་མོངས་པས་མ་གོས་པས་པདྨ་ཤིན་ཏུ་ཡངས་པས་བྷ་ག་སྟེ། དེ་ལྟ་བུའི་གནས་སུ་ཆགས་པའི་ཕྱིར། རུ་ཞེས་གསུངས་ཏེ། དེ་ལྟ་བུ་རུ་གསང་བའི་རྡོ་རྗེ་བཞུགས་པར་བྱ་བའི་དགའ་མཆོག་རྡོ་རྗེ་གསང་བའི་བྱང་ཆུབ་སེམས་ཞེས་པ་ལ་སོགས་པ་གསུངས་ཏེ། དགའ་མཆོག་ཅེས་པ་ནི་དགའ་བ་རྣམ་པ་བཞི་སྟེ། དགའ་བ་དང་། མཆོག་ཏུ་དགའ་བ་དང་། རང་བཞིན་གྱིས་དགའ་བ་དང་། བྲལ་བའི་དགའ་བ་དང་བཞིའོ། རྡོ་རྗེ་སྟེ་གསང་བའི་རྡོ་རྗེ་རྣལ་འབྱོར་ཕྱི་པ་ལ་མེད་པས་ན་གསང་བའོ། །བྱང་ཆུབ་ཀྱི་སེམས་གཤེགས་པའི་ཤུལ་དང་། དགའ་བ་བཞི་ཉམས་སུ་མྱོང་བའི་གནས་པ་ཡིན་པ་དང་། ཁུ་བ་དང་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་དགའ་བའི་གནས་ཡིན་པས་ན་རྡོ་རྗེ་ཞེས་བྱའོ། །བདེ་བ་ཆེན་པོའི་གནས་ནས་དྲི་མ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་དགའ་བ་བཞི་དང་ལྡན་ཏེ་རྡོ་རྗེའི་རྩ་བ་དང་དབུས་དང་རིན་པོ་ཆེ་ཡི་གནས་ནས་འོང་བ་དང་ནི་སོས་ཀའི་ཆར་བཞིན་དུ་རྡོ་རྗེའི་རྩེ་མོ་ནས་འབབ་སྟེ་བྲལ་བའི་དགའ་བའོ། །དེ་གང་དུ་འབབ་ཅེ་ན། རྒྱུན་མི་ཆད་པར་ཡུམ་གྱི་པདྨ་ལ་འབབ་པའོ། །རྒྱུན་མི་ཆད་ན་འོ་ན་ཅི་རྟག་པར་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་འོང་ངམ་ཅི་ཞེ་བརྒལ་བ་དང་། འོན་ཏེ་དེ་ལྟར་ནི་མ་ཡིན་ཏེ། རྟག་པ་འབབ་པ་ཞིག་ཡིན་ནི་རླུང་ལ་སོགས་པའི་རྐྱེན་གྱིས་བྱ་རྒྱུ་མེད་དེ་དེ་བས་ན་རྟག་ཏུ་འབབ་པ་ནི་མ་ཡིན་ནོ། །བརྒལ་བ་འོ་ན་གཞུང་ཉིད་ལས་ཀྱང་སོས་ཀའི་ཆར་བཞིན་དུ་རྒྱུན་མི་འཆད་པར་འབབ་བོ་ཞེས་ཟེར་ན་ཁྱོད་ཀྱི་དེ་ལྟར་མ་ཡིན་ན་ནི་གཞུང་དང་འགལ་ལོ་ཞེ་ན། འོན་ཏེ་དེ་ལྟར་མ་ཡིན་ཏེ་སོས་ཀ་ཞེས་སྨོན་པ་ནི་སོས་ཀའི་དུས་ཀྱང་ཉམས་དགའ་བའི་དུས་ཏེ། བྱང་ཆུབ་སེམས་ཀྱང་འབབ་པའི་དུས་ན་མི་དགའ་བ་ལྟ་བུ་མ་ཡིན་ཏེ་ཉམས་དགའ་བའི་ཕྱིར་མཐུན་པའི་དཔེས་སོ། །ཞེས་སྨོས་པ་ཡིན་ནོ། །ཆར་བཞིན་དུ་ཞེས་པ་ནི་སོས་ཀའི་ཆར་པ་ཡང་རྒྱ་མཚོའི་རླངས་བས་བསྐྱོད་དོ། །བསྐྱོད་ནས་འབབ་པ་མ་ཡིན་པ་དུས་རྟག་ཏུ་འབབ་པ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་ཀྱང་རྐྱེན་རྣམ་པ་གཉིས་ཀྱིས་བསྐྱོད་པའི་དུས་སུ་འབབ་དུས་རྟག་ཏུ་འབབ་པ་ནི་མ་ཡིན་ནོ། །བརྒལ་བ་འོན་ཏེ་ཁྱོད་ཀྱིས་དེ་ལྟར་ཡིན་རྒྱུན་མི་ཆད་ཟེར་བ་དང་འགལ་ལོ། །མི་འགལ་ཏེ་རྒྱུན་མི་ཆད་ཟེར་བ་ནི་བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་ཡེ་ནས་མ་བཅོས་པ་ཞེས་པ་དང་། བརྗོད་པའི་མཐའ་ལས་འདས་པའི་དུས་གསུམ་དུ་རྟག་ཏུ་གནས་པ་ཡིན་པས་དེ་ལ་དགོངས་ནས་གསུངས་པ་མི་འགལ་ལོ། །ཞེས་ཐེ་ཚོམ་བཅད་དོ། །དེའི་དོན་ལ་ངམ་པའི་ཕྱིར་ཧོ་ཞེས་ཐབས་མཆོག་ཡབ་ཀྱིས་གསུངས་སོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེ་ལ་ཡུམ་གྱིས་གླེང་བསླང་བའི་ཕྱིར། དེ་ནས་ཆགས་པ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་གསལ་ལོ། །ཆགས་པ་སྟེ་ཡུམ་ཡབ་ཀྱི་རྗེས་སུ་ཆགས་པས་ན་ཆགས་པའོ། །ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་ནས། དེའི་དོན་གྱི་ཐབས་མཆོག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ལ་བསྐུལ་བའི་ཆོ་འཕྲུལ་སྒྲ་འོག་ནས་འབྱུང་བ་འདི་སྐད་སྒྲགས་སོ། །ཨ་ཧོ་ཆགས་པ་ཆེན་པོ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཞེས་པ་ལ་ཨ་ཧོ་ཞེས་པ་ནི་ཨ་ཉིད་ཆོས་ཉིད་ཡེ་ནས་སྐྱེ་བ་མེད་པ་དེ་ལ་ཧོ་སྟེ་ཆགས་པའོ། །ཉོན་མོངས་པའི་དབང་ལ་ཆགས་པ་མ་ཡིན་པའི་ཕྱིར་ཆེན་པོའོ། །ཕྱི་དང་ནང་དུ་སྣང་བའི་ཆོས་དབང་དུ་བསྡུས་པས་དབང་། གཉིས་མེད་པའི་ཡེ་ཤེས་སུ་འགྱུར་བས་བྱང་ཆུབ་ཀྱི་སེམས་དེ་ལྟ་བུའི་བྱང་ཆུབ་སེམས་དེ་ལས་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱང་དེ་ལས་བསྐྱེད་ཅིང་ཀུན་གྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རྩ་བཞི་མཆོག་གོ། །ཡུམ་གྱི་སེམས་དེ་ལ་འཁོར་བའི་སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར། དྲི་མེད་སྐྱོན་བྲལ་ཞེས་གསུངས་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྟེན་གནས་དེའི་དབྱིབས་པདྨར་གནས་པའི་ཕྱིར་པདྨ། པདྨ་དེའི་ཟེའུ་འབྲུ་ནས་བྱང་ཆུབ་སེམས་འོད་ཟེར་གྱི་ཚུལ་དུ་བྱུང་སྟེ། དེའི་གནས་སུ་ཐབས་མཆོག་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་མུ་ཏིག་དཀར་པོ་དྲི་མ་མེ་ད པ་ཉོན་མོངས་པ་གསལ་བའི་ཕྱིར། བསིལ་བའི་འོད་ཟེར་བདག་གིས་པདྨའི་འོད་ཟེར་འབྲུལ་སྤྲོ་རུ་གསོལ་ཏོ། །ཞེས་མཚན་ཉིད་ཀྱི་སྒོ་ནས་གླེང་བསླང་བའོ། །ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ལ་གླེང་བསླང་བའི་ཕྱིར། ཡང་ཐབས་མཆོག་ཡབ་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་སྐད་ཅེས་བསྒྲགས་སོ། །ཞེས་པར་འབྲེལ་ཏེ། ཨ་ཧོ་གསལ་ཞིང་དག་པའི་ཟླ་བའི་དཀྱིལ་འཁོར་ནི་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་དེ་རང་བཞིན་གྱིས་གསལ་བས་ན། གསལ་ཞིང་རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་དག་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཁ་དོག་དཀར་པོར་ཡོད་པས་ཟླ་བའི་དཀྱིལ་འཁོར་དེ་ནི་སྐྱོན་གྱིས་མ་གོས་པ་ཡེ་ནས་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཇི་ལྟར་གནས་པ་ཐུགས་སུ་ཆུད་དེ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་བསིལ་བ་སྟེ། འོད་ཟེར་གྱི་ཚུལ་དུ་ཡུམ་གྱི་པདྨའི་ཟེའུ་འབྲུའི་གནས་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །ཧོ་ཞེས་རྣམ་པར་བསྐུལ་ལོ། །དེ་ལྟར་ཡབ་ཡུམ་གཉིས་ཀྱིས་གླེང་བསླང་ནས་བྱང་ཆུབ་ཀྱི་སེམས་གནས་སུ་དྲངས་ནས་སྤྲོ་བ་དང་བསྡུ་བའི་ཏིང་ངེ་འཛིན་འདི་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་པ་དང་། འདི་སྐད་བརྗོད་དོ་ཞེས་པ་ནི་གོ་སླའོ། །ཨེ་མའོ་བདེ་མཆོག་བདེ་བའི་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གནས་ནས་གྲངས་ནས་བདེ་བ་རྙེད་པ་དེ་ནི་བདེ་བ་ཀུན་གྱི་མཆོག་ཡིན་ཏེ། དེ་རྡོ་རྗེ་ལས་བར་ཡུམ་གྱི་པདྨར་སྤྲོ། ཡུམ་གྱི་བ་སྤུའི་བུ་ག་ནས་ཕར་བྱང་ཆུབ་ཀྱི་སེམས་རབ་ཏུ་སྤྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཕོག་པས་ཉོན་མོངས་པ་ཐམས་ཅད་དག་པར་བྱས་པ་ལ་ནི་འགྲོ་བ་ཀུན་གྱི་རྒྱུད་སྤྱངས་ཏེ་ཞེས་དུས་དེ་ཉིད་ཀྱི་སྐབས་སུ་དུས་གསུམ་གྱི་སངས་རྒྱས་ཀུན་ཐུགས་ལ་ཕོག་པས་བྱང་ཆུབ་ཀྱི་སེམས་མཆོད་པ་ཕུལ། སླར་སངས་རྒྱས་ཀྱི་འོད་ཟེར་བསྐུལ་ཞིང་སླར་ཡུམ་གྱི་དབྱིངས་སུ་འདུས་ཤིང་ཐིམ་པ་ལས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་སུ་ཡུམ་གྱི་པདྨ་ལ་གསལ་བར་གྱུར་ཏོ། །དེས་དེ་ཉིད་དུ་ཐིག་ལེའི་འོད་ཀྱིས་ཀུན་ལ་ཁྱབ་པས་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ལ་ཁྱབ་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་དེས་འགྲོ་བ་རྣམས་སྦྱངས་པ་རྣམས་དེའི་ཚེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་འབའ་ཞིག་དུ་གནས་སོ། །དེ་ལྟར་རྟེན་ཅན་གྱི་རྒྱུ་སྒྲུབ་ནས་ཐོག་མ་ཉིད་དུ་བསྙེན་བསྒྲུབ་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་ཚུལ་དུ་བཞུགས་པ་དེ་མ་ཐག་པ་དེ་ནས་རྟེན་གྱི་དཀྱིལ་འཁོར་བསྐྱེད་དེ། བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པའི་སྐུ་ལས་འོད་ཟེར་ལས་ཡི་གེ་ཨ་འཕྲོས་པ་ལས། ཨ་དེ་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་བའི་ཕྱག་རྒྱར་གསལ་ཏེ། ཡུམ་ཀུན་ཏུ་བཟང་མོའི་མཁའི་རང་བཞིན་གྲུ་གསུམ་པ་སྟེ། སྟེང་ནས་སྟེངདུ་ཡོངས་སུ་རྒྱས་པའི་འཕྲལ་གཏིང་ཟབ་པའོ། །དེའི་ནང་དུ་རིག་པའི་བྱིན་རླབས་ལས་ཡི་གེ་ཡཾ་སྔོན་པོ་འཕྲོས་པ་ལས། ཡཾ་དེ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་དབྱིབས་སྦྱངས་ཀྱི་ཞལ་ལྟ་བུ་ཕྱོགས་བཞི་ན་བ་དན་བཞིས་མཚན་པ་ཅིས་ཀྱང་མི་ཤིག་པའོ། །དེའི་སྟེང་དུ་གོང་མ་ཇི་ལྟ་བ་བཞིན་དུ་རཾ་དམར་སེར་འཕྲོས་པ་ལས། རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དབྱིབས་ཟླུམ་པོ། ཁ་དོག་དཀར་པོའོ། །དེའི་སྟེང་དུ་སུ་སེར་པོ་ལས་གསེར་གྱི་ས་གཞིའོ། །དེའི་སྟེང་དུ་ལཾ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་ཟུར་བརྒྱད་པ་ཞིག་བསྐྱེད་དེ། འབྱུང་བ་བཞི་ནི་ཡུམ་སངས་སྤྱན་མ་ལ་སོགས་པའི་རང་བཞིན་དེ་དེའི་ཕྱིར་བཙུན་མོའི་བྷ་ག་ཞེས་གསུངས་ཏེ། དེ་ལས་རྟེན་གྱི་རང་བཞིན་གྲུབ་པ་བྱ་བའི་ཕྱིར། དམ་ཚིག་ཆེན་པོའི་ཕོ་བྲང་གྲུ་བཞི་པར་བྱིན་གྱིས་བརླབ་པའི་ཕྱིར། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་བྱུང་ངོ་ཞེས་པ་སྟེ། གང་བྱུང་ཞེ་ན་ཡི་གེ་འབྲུ་འདི་རི་རབ་ཀྱི་སྟེང་དུ་རི་རབ་ལས་ཕྱུང་ཏེ་བཞག་པ་ལས་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ། འཁོར་ལོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་ཏེ། དེ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པའི་གཞལ་ཡས་ཁང་གི་རང་བཞིན་ཀུན་བསྡུས་ནས་སླར་ཉིད་ཀྱི་སྐུ་ལ་བཞུགས་པས་སྐུ་ཉིད་ཀྱང་འོད་དུ་ཞུ། རླུང་དང་མེས་གཞུ་སྟེ་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་ཏོ། །དེ་ལས་གཞལ་ཡས་ཁང་དཔག་ཅིང་གཞལ་བ་ལས་འདས་པ་སངས་རྒྱས་དང་སེམས་ཅན་མཉམ་པའི་ཕྱིར་ཟུར་བཞིར་བྱུང་བ་ལ་སོགས་པའི་ཡོན་ཏན་འོག་ནས་འབྱུང་བས་བརྒྱན་པ། ཀ་བ་བརྒྱད་ཀྱིས་བཏེག་པ་ལ་སོགས་པའི་ཕོ་བྲང་དེ་ཉིད་ནང་ནས་སེང་གེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སེམས་ཅན་ལྔའི་ཁྲི་སྟེངས་ནས། ཉི་མ་ཟླ་བ་དེའི་སྟེང་ན་པདྨ་དེའི་སྟེང་ན་རིན་པོ་ཆེ། རང་བྱུང་དུ་གྲུབ་པའི་གཞལ་ཡས་ཁང་། དེ་ལ་འདི་སྐད་ཅེས་གསུངས་སོ། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནས། སྣ་ཚོགས་སངས་རྒྱས་ཀུན་གྱི་གནས་ཞེས་གསུངས་སོ། །ཞེས་པའི་བར་གྱི་སྟོན་ཏེ་གོ་སླའོ། །དེ་ནས་གཞལ་ཡས་བསྐྱེད་པའི་དེ་མ་ཐག་པ་དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའི་ཞལ་ནས། སྟི་ཏ་བཛྲ་ཨ་ཞེས་བརྗོད་དེ། དཀྱིལ་འཁོར་ཆེན་པོ་དབུས་ཀྱི་གདན་སྟེངས་སུ་བཞུགས་པར་འགྱུར་རོ། །དེ་ལྟར་ཡུམ་ཀུན་ཏུ་བཟང་མོ་ཡང་འཁྲིལ་བའི་ཚུལ་གྱིས་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་ཡང་འཁོར་བསྐྱེད་པའི་ཏིང་ངེ་འཛིན་བསྟན་ཏེ་དེའི་ཕྱིར། དེ་ནས་ཡང་གཉིས་སུ་མེད་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཐོག་མ་བྱང་ཆུབ་ཀྱི་སེམས་ཇི་སྐད་བརྗོད་པའི་དེ་མ་ཐག་པའི་དེ་ནས་འཁོར་བསྐྱེད་དེ། ཡུམ་གྱི་མཁའ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་ངོ་བོར་དེ་གནས་པ་དེ་ལས། ཕྱོགས་དང་མཚམས་སུ་ཡི་གེའི་ངོ་བོར་གྱུར་ཏེ་དབུས་སུ་མཐའ་གཉིས་ཟེའུ་འབྲུ་ལའོ། །ཤར་ཕྱོགས་ཏ་གཉིས། ལྷོ་ཕྱོགས་སུ་ད་གཉིས། ནུབ་ཕྱོགས་སུ་དྷ་གཉིས། བྱང་ཕྱོགས་སུ་ན་གཉིས། བྲག་པོ་དང་ཐུང་ངུ་གཉིས་ཏེ། རིགས་ལྔའི་ས་བོན་ནོ། །ཤར་ཕྱོགས་སུ་ཀ །ལྷོ་ཕྱོགས་སུ་ཁ། ནུབ་ཕྱོགས་སུ་ཐུང་ངུ་། བྱང་ཕྱོགས་སུ་རིང་པོ། དེ་ནི་ཕྱོགས་ཀྱི་སེམས་དཔའ་རྣམས་ཀྱི་ས་བོན་ནོ། །ཤར་ལྷོ་མཚམས་སུ་པ། ལྷོ་ནུབ་མཚམས་སུ་ཕ། ནུབ་བྱང་མཚམས་སུ་བ་ཐུང་ངུ་། བྱང་ཤར་མཚམས་སུ་བ་རིང་པོ་སྟེ་འདི་དག་ནི་མཚམས་ཀྱི་སེམས་དཔའི་ས་བོན་ནོ། །ཡང་ཤར་ཕྱོགས་སུ་ཙ། ལྷོ་ཕྱོགས་སུ་ཚ། ནུབ་ཕྱོགས་སུ་ཛ་ཐུང་ངུ་། བྱང་ཕྱོགས་སུ་ཛ་རིང་པོ་སྟེ། དེ་ལ་སོགས་པ་ཕྱོགས་ཀྱི་སེམས་མ་ཡུམ་གྱི་ས་བོན་ནོ། །ཤར་ལྷོ་མཚམས་སུ་ཡ། ལྷོ་ནུབ་མཚམས་སུ་ར། ནུབ་བྱང་མཚམས་སུ་ལ། བྱང་ཤར་མཚམས་སུ་ཤ །སྟེང་དུ་སེལ་བའི་ས་བོན་ཏེ་མཚམས་ཀྱི་སེམས་དཔའི་ཡུམ་རྣམས་སོ། །ཤར་ཕྱོགས་ང་། ལྷོ་ཕྱོགས་ཉ། ནུབ་ཕྱོགས་མ། བྱང་ཕྱོགས་སུ་ས་སྟེ་སྒོ་བཞིའི་ས་བོན་ནོ། །དེ་ལྟར་ཡི་གེའི་དངོས་པོ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་། རལ་གྲི་ལ་སོགས་པ་སོ་སོའི་ཕྱག་མཚན་དུ་གྱུར་ཏོ། །ཕྱག་མཚན་དེ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་དབྱིངས་ཀྱི་གཟུགས་བརྙན་དུ་གྱུར་ཏེ་གཙོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་བའི་སྙིང་པོ་འདི་བརྗོད་དོ། །ཧཱུྃ་བཛྲ་དྷྲིག་དེ་བརྗོད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་ཆེན་པོའི་སྐུར་རྗེས་སུ་དྲན་ཏོ། །སྐུར་གྱུར་ཏོ། །ཞེས་བཤད་པ་ཆོ་ག་གསུམ་གྱིས་དོན་འདི་ནས་མར་བསྟན་ཏེ་དེའི་ཕྱིར། སྔགས་ཀྱི་ཡི་གེ་འཕྲོ་འདུས་པ་ལས་ཞེས་པ་ལ་སོགས་པ་བསྟན་ཏེ། སྔགས་ཀྱི་ཡི་གེ་ཞེས་པ་ནི་ཐའོ། །དེ་འཕྲལ་འདུས་པའི་ཡིག་འབྲུ་ལས་ཆོ་འཕྲུལ་གྱི་སྒྲ་འོག་ནས་འབྱུང་བ་འདི་སྐད་ཅེས་བསྒྲགས་སོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་པར་དག་པའི་རང་བཞིན་ཡི་གེའི་གཟུགས་སུ་གནས་པ་དེའི་ཕྱིར། ཨེ་མའོ་ཞེས་པ་ནས་བསྒྲགས་སོ་ཞེས་པའི་བར་གྱིས་བསྟན་ཏེ། རིགས་ནི་ཞེ་སྡང་གི་སངས་རྒྱས་རྣམས་ཀྱི་གསུང་ངོ་། །དེ་ནས་ཐུགས་ཀྱི་ཆོ་ག་བསྟན་ཏེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ངོ་བོ་རྡོ་རྗེའི་རང་བཞིན་དུ་གྱུར་ཏེ། དེའི་མཚན་ཉིད་བསྟན་པའི་ཕྱིར་དེ་ནས་སྙིང་པོ་ཡི་གེ་དེ་ཞེས་པ་ནས་ཐུགས་ནི་བསྟན་པའོ། །ཞེས་པའི་བར་གྱིས་བསྟན་པའོ། །དེ་ནས་ཡི་གེ་རྡོ་རྗེའི་བུམ་པའི་ནང་ན་ཡོད་པ་ལས། རྡོ་རྗེར་འཕྲོས་སྐུར་འདུས་པ་ལས་འོད་ཀྱི་གོང་བུར་གྱུར་ཏེ་དེའི་སྐབས་སུ་གང་དུ་གསུངས་པའི་སྔགས་ཧཱུྃ་བཛྲ་དྷྲིག་བརྗོད་པས་སྐུ་ཡོངས་སུ་རྫོགས་ཏེ། འཇིག་རྟེན་གྱི་ཁམས་སུ་གསང་བའི་དཀྱིལ་འཁོར་ནས། འཐོན་ཏེ་སྤྲོས་པས་སེམས་ཅན་ཞེ་སྡང་ཅན་གྱི་རྒྱུད་སྦྱང་ནས་སླར་འདུས་པ་ལས། ཨ་ཞེས་བརྗོད་པས་གཙོ་བོ་ཉིད་ལ་ཐིམ་པར་གྱུར་ཏོ། །དེའི་ཕྱིར་དེ་ནས་ཐུགས་དེ་ཉིད་ཅེས་པ་ནས་བདག་པོ་སྐུ་གསུང་ཐུགས་ཉིད་ལ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ། །འདི་ཇི་ལྟར་རྒྱས་པར་བསྟན་པ་བཞིན་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ནས་དང་པོའི་བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། དེ་ནས་གཉིས་སུ་མེད་པའི་ཞེས་པ་ནས་སྙོམས་པར་བཞུགས་ནས་ཞེས་པའི་བར་གྱིས་བསྟན་ཏོ། །སྐུ་ཡོངས་སུ་རྫོགས་པར་བྱ་བའི་རྐྱེན་གྱིས་བསྟན་པའི་ཕྱིར། ཉིད་ཀྱི་སྐུ་གསུང་ཐུགས་ཞེས་པ་ནས་གཏི་མུག་ཆེན་པོའི་སྐུ་རྗེས་སུ་དྲན་ཏེ། ཞེས་པའི་བར་གྱིས་བསྟན་ཏོ། །གཏི་མུག་ཆེན་པོའི་གསུང་གི་མཚན་ཉིད་བསྟན་པའི་ཕྱིར། གསུང་ཡིག་འབྲུ་ལས་ཞེས་པ་ནས་གསུང་དྲི་མ་མེད་ཅེས་པའི་བར་གྱིས་བསྟན་ཏོ། །ཡི་གེ་དེ་ཡོངས་སུ་གྱུར་པ་ལས། ཐུགས་ཕྱག་མཚན་འཁོར་ལོར་གྱུར་པ་བསྟན་པའི་ཕྱིར། སྙིང་པོའི་ཡི་གེ་ཞེས་པ་ནས་ཟུར་བརྒྱད་པ་ལྟ་བུ་ཞེས་པའི་བར་གྱིས་བསྟན་ཏོ། །གཙོ་བོའི་ཡོན་ཏན་གྱི་སྒོ་ནས་ཇི་ལྟར་འབྱུང་བ་བསྟན་པའི་ཕྱིར། དེའི་ཚེ་འཁོར་ཞེས་པ་ནས་སྐུའི་ཐུགས་ནི་བསྟན་པའོ། །ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་འཁོར་ལོ་དེ་ཡོངས་སུ་གྱུར་པ་ལས་སྔགས་གོང་མ་བརྗོད་པ་ལས་སྣང་མཛད་ཆེན་མོའི་སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་ན་འཁོར་ལོ་ གཡོན་ན་དྲིལ་བུ་བསྣམས་ཏེ་གསང་བའི་དཀྱིལ་འཁོར་ནས་འཐོན་ཏེ་འཕྲོ་བ་དང་འདུས་པས་གོང་མ་བཞིན་དུ ་བྱས་ཏེ། ཨ་ཞེས་བརྗོད་པས་ཤར་ཕྱོགས་སུ་བཞུགས་སོ། །སྐུ་ལྔ་ལས་ནི་ཕུང་པོ་རྣམ་པར་དག་པའི་སྐུ་སྟེ། བྱང་ཆུབ་ཀྱི་སེམས་དེས་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ལ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ། །གཙོ་བོའི་བྱང་ཆུབ་ཀྱི་སེམས་དེ་ལས་དགོས་འདོད་རེ་བ་ཡིད་བཞིན་དུ་བསྐོང་བ་དེའི་ཕྱིར། དེ་ནས་ཡང་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་རིན་པོ་ཆེ་དཔལ་ཞེས་པ་ན་ཡོན་ཏན་ཕྱག་རྒྱ་བསྟན་པ་དང་། གཡས་ཕྱོགས་སུ་བཞུགས་སུ་ཞེས་པའི་བར་གྱིས་བསྟན་ཏེ། སྐུ་མདོག་ནི་སྔོ་བས་དེས་ཕྱག་གཡས་ནི་རིན་པོ་ཆེ་གཡོན་ན་དྲིལ་བུའོ། །ཕུང་པོ་ལྔ་ལས་ཚོར་བའི་ཕུང་པོ་རྣམ་པར་དག་པའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱིས་ཕྱི་དང་ནང་དུ་སྣང་བ་ལས་མཐའ་ཡས་པར་ཁྱབ་པས་སྣང་བ་མཐའ་ཡས་ཏེ་དེ་བསྟན་པའི་ཕྱིར། གསལ་བའི་སྒྲོན་མ་ཞེས་བྱ་བ་ནས། ཨེ་ཞེས་པ་བརྗོད་ཅིང་རྒྱབ་ཕྱོགས་སུ་བཞུགས་སོ། །ཞེས་བྱ་བའི་བར་གྱིས་བསྟན་ཏེ། དེ་ཡང་སྐུ་མདོག་དམར་པོ་ཕྱག་གཡས་ན་པདྨ་གཡོན་ན་དྲིལ་བུའོ། །ཕུང་པོ་ལྔ་ལས་ནི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་འདུས་ཤིང་ཡེ་ནས་རྣམ་པར་དག་པར་བྱས་ཏེ། འདི་ནི་བྱས་སོ། །འདི་ནི་མ་བྱས་སོ། །ཞེས་བྱ་བ་མེད་དེ་ཐམས་ཅད་ཀྱི་དོན་གཅིག་གི་ངང་དུ་བསྒྲུབས་ཏེ། བསྟན་པའི་ཕྱིར་རྡོ་རྗེ་འཕྲོ་བ་ཞེས་བྱ་བ་ནས་ལས་ཀྱི་ཕྱག་རྒྱ་བསྟན་པའོ་ཞེས་པ་དང་། གཡོན་ཕྱོགས་སུ་བཞུགས་སོ་ཞེས་པའི་བར་གྱིས་བསྟན་ཏོ། །སྐུ་མདོག་ནི་ལྗང་གུ་ཕྱག་གཡས་ན་རལ་གྲི་གཡོན་ན་དྲིལ་བུའོ། །ཕུང་པོ་ལྔ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནི་གང་གི་ངོ་བོར་ཡང་མ་གྲུབ་པར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་ནམ་མཁའ་ལྟ་བུའོ་ཞེས་པ་དང་རྡོ་རྗེ་འཛིན་པའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་སོ། །ཞེས་པའི་བར་གྱིས་བསྟན་ཏེ་སྐུ་མདོག་ཡབ་དང་མཐུན་ཕྱག་གཡས་གཙོ་བོ་ལ་འཁྱུད་གཡོན་བགྲང་ཕྲེང་ངོ་། །འབྱུང་བ་ལྔ་ལས་ནི་ནམ་མཁའི་རང་བཞིན་ནོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནས་དུས་གསུམ་དུ་རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པ་མ་ཡིན་ཞིང་བསྟན་པར་བསྟན་པའི་ཕྱིར་བསྟན་པ་ཞེས་པ་ནས་སྣང་མཛད་སེམས་དཔའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །ཞེས་པས་བསྟན་ཏེ་སྐུ་མདོག་གཙོ་བོ་དང་མཐུན། གཡས་དྲིལ་བུ་གཡོན་ཕྲེང་བ་ཀུན་ལ་ཤེས་པར་བྱའོ། །འབྱུང་བ་ལས་ནི་སའི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་སྡུད་པས་ན་དེའི་མཚན་ཉིད་བསྟན་པའི་ཕྱིར་སྡུད་མ་རྡོ་རྗེ་ཞེས་པ་ནས། རིན་ཆེན་སེམས་མའི་སྐུ་ལ་ཞེས་པའི་བར་གྱིས་བསྟན་ཏེ། འབྱུང་བ་ལས་ཆུ་ཡིས་རང་བཞིན་ནོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་དེས་ཉོན་མོངས་པ་སྲེག་ཅིང་ཡང་དག་པའི་དབྱིངས་སུ་སྨིན་པའི་པར་བསྟན་པའི་ཕྱིར། འབར་བའི་ཞེས་པ་ནས་ཆོས་ཀྱི་སེམས་པའི་སྐུ་ལ་ཞེས་པའི་བར་གྱིས་བསྟན་ཏེ། འབྱུང་བ་ལྔ་ལས་མེའི་རང་བཞིན་ནོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་འདིའི་ངང་དུ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ལ་ཐུགས་རྗེས་གཡོས་ཤིང་བསྡུད་པས་ན། དེ་བསྟན་པའི་ཕྱིར་གཡོ་བ་རྡོ་རྗེ་ཞེས་བྱ་བ་ནས་ལས་ཀྱི་སེམས་དཔའི་སྐུ་ལ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་འབྱུང་བ་རླུང་གི་རང་བཞིན་ཏེ་དེ་ལྟར་འབྱུང་བ་ལྔ་དང་རིགས་ལྔའི་མཚན་ཉིད་ཇི་ལྟར་ཡིན་པ་བསྒོམ་ན། ཇི་ལྟར་འདོད་པ་བཞིན་དུ་འགྲུབ་བོ། །དེ་ནས་བྱང་ཆུབ་ཀྱི་སེམས་དེ་ནམ་མཁའི་མཚན་ཉིད་དུ་གནས་པས་ན་ནམ་མཁའི་སྙིང་པོའོ། །བྱང་ཆུབ་ཀྱི་སེམས་དེ་མཐའ་གཉིས་སུ་མི་ལྡང་ཞིང་ཡང་དག་པར་མ་བསྟན་པས་ན་སའི་སྙིང་པོའོ། །བྱང་ཆུབ་ཀྱི་སེམས་ལས་སྒྲའི་ཚུལ་དུ་སྐུ་ཉིད་བྱུང་ནས་སེམས་ཅན་གྱི་དོན་མཛད་པས་སྤྱན་རས་གཟིགས་དབང་ཕྱུག་གོ། །བྱང་ཆུབ་ཀྱི་སེམས་དེའི་ངང་ལས་བཟང་ངན་མེད་པས་ན་ཀུན་ཏུ་བཟང་པོའོ། །བྱང་ཆུབ་ཀྱི་སེམས་དེས་ཀུན་ལ་ཁྱབ་པས་བྱམས་པའོ། །བྱང་ཆུབ་ཀྱི་སེམས་དེའི་ངང་ལས་ཉོན་མོངས་པ་མེད་པས་ན་སྒྲིབ་པ་རྣམ་པར་སེལ་བའོ། །བྱང་ཆུབ་ཀྱི་སེམས་དེའི་ངང་དུ་སྡུད་པས་ན་འཇམ་དཔལ་དུས་རྟག་ཏུ་དེ་དང་མི་འབྲལ་བས་ན་ཕྱག་ན་རྡོ་རྗེའོ། །བྱང་ཆུབ་ཀྱི་སེམས་དེ་དབྱིངས་རྣམ་པར་དག་པས་ན་ལ་སེ། དེའི་ངང་ལས་འགག་པ་མེད་པར་འབྱུང་བས་མ་ལེའོ། །དེའི་ངང་ལས་ཇི་ལྟ་བའི་སྒོ་ནས་ཆོས་བསྟན་པའི་གི་ཏིའོ། །བྱང་ཆུབ་ཀྱི་སེམས་དེ་མཉེས་ཤིང་མཉེས་པ་དུ་པེ། ཆོས་ཀྱི་དབྱིངས་སུ་སྤྲོས་པས་པུཥྤེ། དབྱིངས་གསལ་བར་གྱུར་པས་མར་མེ་མ་ཤིན་ཏུ་མཉེས་པས་གནྡེ་མའོ། །བྱང་ཆུབ་སེམས་ཀྱི་རྐྱེན་ཆོས་ཀྱི་དབྱིངས་པས་ལྕག་ཀྱུ་མ། སྟོད་སྨད་ནས་འཁྱུད་པས་ཞགས་པ་མ། རྡོ་རྗེ་དང་པདྨར་ཡང་དག་པར་ལྡན་པས་ལྕགས་སྒྲོག་མའོ། །ཤིན་ཏུ་དགྱེས་པའི་རོལ་སྟབས་པས་དྲིལ་བུ་མའོ། །བྱང་ཆུབ་ཀྱི་སེམས་དེས་འཁོར་བའི་སྐྱོན་དག་པས་ཡ་མཱནྟ་ཀྲིད་དེ་ལ་འཆི་བ་མེད་དེ་འཆི་བདག་གི་བདུད་བཅོམ་པས་བིགྷྣནྟ་ཀྲིད་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་གཉིས་སུ་མི་ཕྱེད་ཅིང་ལྷའི་བུའི་བདུད་བཅོམ་པས་པདྨནྟ་ཀྲིད་དེའི་ངང་ལས་ཉོན་མོངས་པ་རྡུལ་ཙམ་ཡང་མི་མངའ་བས་པྲཛྙཱནྟ་ཀྲིད་དོ། །དེའི་ཕྱིར་གཞན་ཡང་སེམས་པ་དང་ཞེས་པ་ལ་སོགས་གསུངས་ཏེ། གཞན་ཡང་རིགས་ལྔ་ཡབ་ཡུམ་ལས་གཞན་པ་སེམས་དཔའ་ལ་སོགས་པ་སྟེ། དེའི་ཕྱིར་སེམས་དཔའ་སྟེ་སའི་སྙིང་པོ་ལ་སོགས་པ་བརྒྱད་དང་། སེམས་མ་སྟེ་ལ་སོགས་པ་བརྒྱད་དོ། །ཁྲོ་བོ་དང་ཞེས་པ་ནི་ཡ་མཱན་ཏ་ཀྲིད་ལ་སོགས་པ་སྟེ་བཞིའོ། །ཁྲོ་བོ་སྒོ་སྐྱོང་འདྲ་སྟེ་ལྕགས་ཀྱུ་མ་ལ་སོགས་པ་བཞིའོ། །སྤྲུལ་སྐུ་ལ་སོགས་པ་ནི་བྱང་ཆུབ་སེམས་ལས་སྤྲུལ་པ་སྟེ། ཐུབ་པ་ཆེན་པོ་དྲུག་སྟེ་དེ་རྣམས་བསྐྱེད་པ་དང་། ས་བོན་དང་ཕྱག་མཚན་ལ་སོགས་པ་ནི་སྒྱུ་འཕྲུལ་གྱི་རྒྱུད་ལས་ཇི་ལྟར་གྲགས་པ་བཞིན་གྱི་རིམ་པ་ཇི་ལྟ་བར་རོ། །དེ་ལྟར་དཀྱིལ་འཁོར་དུ་བཀོད་པ་དེ་རྣམས་ཀྱང་གང་ལས་འབྱུང་ཞེ་ན་དེ་བསྟན་པའི་ཕྱིར། གཉིས་མེད་བདག་པོ་བྱིན་རླབས་ལས་ཞེས་གསུངས་ཏེ། ཡབ་ཡུམ་གཉིས་སུ་མེད་པའི་བྱིན་གྱིས་རླབས་ལས་བྱུང་ངོ་། །འོག་གནས་དང་ལྷ་དང་འདི་ལྟར་གནས་པས་རང་བཟོ་མིན་ནམ་ཞེ་ན་མིན་ཏེ་ཇི་སྐད་དུ། གནས་དག་ཏུ་ནི་དཀྱིལ་འཁོར་དང་། །འགྲོ་རྣམས་དགོད་པར་ཇི་ལྟ་བར། །དེ་ལྟར་སྟོན་པ་མཆོག་གིས་མཛད་ཅེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི། དེ་བཞིན་ཉིད་ཀྱི་གནས་སུ་གཤེགས་ཤིང་གཤེགས་པས་ན། དེ་བཞིན་གཤེགས་པ་སྟེ། དེ་མ་ལུས་པ་ཐམས་ཅད་ཀྱི་སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་སྟེ། དེའི་ངང་དུ་ཐམས་ཅད་གནས་ཤིང་བསྡུད་པས་ན་དུར་ཁྲོད། ཤིན་ཏུ་དཀོན་པས་ན་ཁུ་བྱུག །དེའི་ངང་ལ་རོལ་པས་ན་རོལ་པ། དེ་སྟོན་པ་ཉིད་ཀྱི་ཞལ་ནས་གསུང་པས་ན་མདོ་སྡེ་སྟེ། དེ་ལས་ཏིང་ངེ་འཛིན་ནི་དོན་དམ་པའི་བདེན་པ་དང་། ཀུན་རྫོབ་རིམ་པར་བཀོད་པའི་དོན་དེ། དོན་དམ་པ་དང་། ཀུན་རྫོབ་ཀྱི་ཚུལ་གྱིས་ཇི་ལྟར་ཡིན་པར་ཤེས་པར་བྱའོ། །ལེའུ་ཞེས་པ་ཇི་ལྟར་གོས་ཀྱི་སྣལ་མ་མང་པོ་བསྡོམས་ནས་གཅིག་ཏུ་བྱས་ཏེ། གོན་ན་སྦྲང་བུ་དང་སྡིག་པ་ལ་སོགས་ཏེ་འཚེ་བའི་རྣམ་པ་དང་རླུང་དང་གྲང་བ་ལ་སོགས་པ་སྟེ། གནོད་པ་ཐམས་ཅད་བཟློག་པ་དེ་བཞིན་དུ། རྒྱུད་ཀྱི་དོན་འདིས་ཉོན་མོངས་པ་ལྔ་དང་འཁོར་བའི་སྐྱེ་གནས་དང་། ཕྱིན་ཅི་ལོག་གི་འཚེ་བ་ལས་ཡང་དག་པའི་དབྱིངས་སུ་བཟློག་པས་ན་གོས་འདྲ་བའི་ཕྱིར་ལེའུའོ། །རྒྱུད་ཀྱི་དོན་འདི་ལེན་ཅིང་འཛིན་པས་སྟོན་པའི་གཞུང་གི་ཚིག་ལའང་ལེའུ་ཞེས་བྱའོ། །བདུད་རྩིའི་ཐིགས་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་ལས་བདེན་པ་གཉིས་བཤད་པའི་ལེའུ་སྟེ། དང་པོའོ། །དེ་ལྟར་ལེའུ་དང་པོར་ཐམས་ཅད་བསྐྱེད་ནས། མཐར་ཕྱིན་པའི་དོན་གསལ་བར་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་གསུངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི་སྐད་གསལ་བ་བཏབ་བོ། །ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་སྐུ་གསང་བ་གསུང་གསང་བ་ཐུགས་གསང་བ་ཀུན་གྱི་མཆོག་དམ་པའི་བདག་པོ་ལ་མཆོད་པ་དང་ཕྱག་བཙལ་ནས་འོག་ནས་འབྱུང་བའི་བསྟོད་པས་བསྟོད་དེ། བྱང་ཆུབ་ཀྱི་སེམས་དོན་འོག་ནས་འབྱུང་བའི་འདི་སྐད་ཅེས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་གདབ་བོ། །བཅོམ་ལྡན་འདས་ལ་བསྟོད་པའི་ཕྱིར། ཨེ་མའོ་བདེར་གཤེགས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། ཨེ་མའོ་ཞེས་པས་བསྟོད་པ་ལས་སྡུད་པ་པོ་ངོ་མཚར་བའི་ཚིག་གོ། །བདེར་གཤེགས་ཀྱི་དོན་ནི་གོང་དུ་བཤད་ཟིན་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་བཅོམ་པས་ན་བཅོམ་ལྡན་འདས་ཏེ་སྟོན་པ་ལ་འབོད་པའི་ཚིག་གོ། །གསང་མཆོག་དགྱེས་པ་ཆེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་ལ་དགྱེས་པ་ཆེ་ཞེས་བརྗོད་དོ། །རྣམ་པར་དག་པའི་ལམ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལ་སོགས་པའི་བདག་ཉིད་དུ་གྱུར་པས་ལམ་ཞེས་བརྗོད་དོ། །ངོ་མཚར་འབྱུང་བ་ཁྱོད་ལ་འདུད་ཅེས་བྱ་བ་ནི་བྱང་ཆུབ་སེམས་ནོར་བུའི་ནང་དུ་གནས་པའི་སྐབས་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བའི་བདག་པོར་གྱུར་པ་ངོ་མཚར་རོ་ཁྱོད་ལ་བདག་འདུད་པས་སོ་འཁོར་རྣམས་ཀྱི་དོན་དུ་ལུས་ངག་ཡིད་གསུམ་གྱིས་འདུད་དོ། །བཏུད་ནས་ཅི་བྱེད་ཅེ་ན་རྟེན་དང་བརྟེན་ཅན་དུ་སྣང་བའི་དེ་ཁོ་ན་ཉིད་ཀྱི་དོན་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ནི་དོན་ཞུ་བ་དེའི་ཕྱིར་དཀྱིལ་འཁོར་རྣམས་ཀྱི་དོན། བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ་སྡུད་པ་པོ་དག་དང་འཁོར་རྣམས་ལ་བཤད་དུ་གསོལ། ཞེས་འཁོར་གྱིས་གླེང་བསླང་བའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དེ་ནས་གསང་བ་མཆོག་གི་བདག་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སྟོན་པས་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཞེས་བོས་ནས་ངས་ཁྱོད་ལ་བཤད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉོན་ཅིག་ཅེས་བཀའ་སྩལ་ཏོ། །སྡུད་པ་པོ་ཡིད་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་སྤོབས་པ་བསྐྱེད་ནས་འཁོར་གྱི་དོན་དུ་ཞུ་བ་ལེགས་སོ་ལེགས་པར་ཞུགས་སོ་ཞེས་ལན་བྱིན་ཏེ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་དོན་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི་ནི་སྔོན་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་དང་། ད་ལྟར་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་དང་། ཕྱི་མ་འབྱུང་བའི་རྒྱལ་བ་སངས་རྒྱས་རྣམས་ཀྱི་དོན་འདི་ལ་མ་གསུང་པ་གསུང་པར་འགྱུར་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི་བརྗོད་དུ་ཡང་མེད་ལ། སྣོད་དུ་གྱུར་པ་ཡང་དཀོན་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་དེ་བས་ན་ཁྱོད་ཉིད་ལ་དྲིས་ཤིག་ཅེས་སྟོན་པས་བཀའ་སྩལ་ཏེ། ཅང་མི་གསུང་བར་བཞུགས་སོ། །ཞེས་པ་ནི་དེ་ཁོ་ན་ཉིད་དང་སེམས་ཀྱི་མཚན་ཉིད་ནི་བརྗོད་པ་ལས་འདས་ཤིང་། གང་གི་ངོ་བོར་མ་གྲུབ་པའི་ཕྱིར། ཅང་མི་གསུང་པའོ། །དེ་ལྟར་མ་གསུང་པའི་དོན་གྱིས་འཁོར་རིགས་ལྔ་དང་དེ་མ་བས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུད་པ་པོ་རྡོ་རྗེ་ཆོས་ལ་ཞུས་ཤིག་པར་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་མི་བསྐྱོད་པ་ཞེས་པ་ནས་བཀའ་གསལ་བ་ལས་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་སྡུད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་རིགས་ལྔའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐུལ་བར་ཐུགས་སུ་ཆུད་ནས། འཁོར་མང་པོ་རྣམས་བྱང་ཆུབ་སེམས་ཀྱི་སྣོད་དུ་རུང་བར་བྱིན་གྱིས་བརླབས་ནས་སྟོན་པ་ཀུན་ཏུ་བཟང་པོའི་ཞལ་དུ་བལྟས་ནས་གནས་སོ། །ཞལ་དུ་བལྟས་ནས་གནས་པ་ཡང་སྟོན་པ་ཡང་སྟོན་པས་ཀྱང་ཐུགས་སུ་ཆུད་དེ། བདེ་བ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་བསྟན་ཏེ། བཀའ་སྩལ་ཏོ་ཞེས་པར་འབྲེལ་ཏོ། །ཞུས་པའི་དོན་བསྟན་པའི་ཕྱིར། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག་ཅེས་གནད་ནས་བསྐུལ་ཏེ་སྟོན་པས་གླེང་བསླང་ངོ་། །དེ་ནས་སྟོན་པས་འདི་སྐད་གསུངས་སོ། །ཞེས་བྱ་བའི་དོན་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཞེས་བྱ་བ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། བྱང་ཆུབ་ཀྱི་སེམས་དེའི་མཚན་ཉིད་གང་ཡིན་ཞེ་ན། འདི་ལྟ་སྟེ་བརྗོད་དང་སྨྲ་བསམ་ཡུམ་ལས་འདས་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་གནས་ནས་བསྐྱོད་དེ་ནོར་བུའི་ནང་དུ་གནས་ཙམ་ན་ཁུ་བ་དང་ལྷན་ཅིག་ཏུ་སྐྱེ་བའི་དགའ་བ་འབྱུང་སྟེ། དེ་ལ་ཡུན་རིང་དུ་གནས་པའི་དུས་ན་ཕྱི་དང་ནང་དུ་སྣང་བ་འདི་ཉིད་རང་བཞིན་གྱིས་སྟོང་པའི་མཚན་ཉིད་དུ་མཐོང་སྟེ། སྟོང་པའི་མཚན་ཉིད་དེ་ལ་ནི་བརྗོད་དང་སྨྲ་བསམ་ཡུལ་ལས་འདས་ཞེས་གསུངས་ཏེ། དུས་དེ་ཉིད་དུ་བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི་ཡིན། འདི་ལྟ་བུ་ཞིག་ཡོད་དོ་ཞེས་བྱ་རྟེན་དང་བརྟེན་པ་མེད་དེ། བརྗོད་པ་ལས་འདས་སོ། །དེ་ལྟ་བུའི་སྐབས་སུ་དོན་དམ་པ་ཞེས་པ་དང་། ཀུན་རྫོབ་ཅེས་བྱ་བའི་ཐ་སྙད་ཐམས་ཅད་དང་བྲལ་བས། དོན་དམ་ཀུན་རྫོབ་ཐ་མི་དད་ཅེས་གསུང་པ་ཡིན་ནོ། །རང་ལུས་ངག་ཡིད་རྡོ་རྗེ་སྟེ་ཞེས་བྱ་བ་ནི། རང་གི་ལུས་དང་ངག་དང་ཡིད་གསུམ་ཡང་རང་བཞིན་གྱི་ཡེ་ནས་རྣམ་པར་དག་སྟེ་ཆོས་ཀྱི་དབྱིངས་སུ་གྱུར་པས་རྡོ་རྗེ་ཞེས་གསུངས་པ་ཡིན་ནོ། །གཅིག་གིས་གཉིས་ཀྱི་ལས་བྱེད་པ་ཞེས་བྱ་བ་ནི་གཅིག་ཅེས་ཏེ་བྱང་ཆུབ་སེམས་ཀྱི་ངོ་བོའོ། །ལས་བྱེད་པས་ཞེས་པ་ནི། རྟེན་དང་བརྟེན་ཅན་གཉིས་ཀྱིས་ལས་བྱེད་ཅིང་བསྐྱེད་དེ་ལྷའི་དཀྱིལ་འཁོར་དུ་སྣང་བ་ཐམས་ཅད་ནི་དོན་ཡོད་པར་མ་ཡིན་ཏེ། ཇི་སྐད་དུ་སྒྱུ་འཕྲུལ་ལམ་ཆེན་མོའི་ནང་ནས་ཀྱང་ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དེ། །ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་རྣམ་པར་དག ། ཅེས་གསུངས་ཏེ། དེའི་ཕྱིར། ལུས་དང་ངག་ཡིད་མ་གྲུབ་པར་གསུངས་ཏེ། དེ་ལྟར་ལྷའི་གཟུགས་སུ་ལུས་ངག་ཡིད་གསུམ་གནས་ཀྱང་དོན་དམ་པར་མ་གྲུབ་སྟེ། ཆོས་ཀྱི་དབྱིངས་སུ་རྟོག་པའི་རིག་པའི་སྐྱེས་བུ་གང་སུ་ཡོད་རུང་བ་དེའི་དོན་དམ་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནི་དོན་དམ་པའི་བདེན་པ་སྟེ། དེ་གསུངས་མ་ཐག་ཏུ་འཁོར་རྣམས་ཀྱིས་ཀྱང་ཐུགས་སུ་ཆུད་དེ། རང་རང་གི་ལུས་ངག་ཡིད་གསུམ་ལ་སེམས་ནས་ཅད་མི་སྨྲ་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་སྡུད་པ་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་རྟོག་ཚད་དབུལ་བའི་ཕྱིར། དེ་ནས་ཡིད་ཀུན་ཏུ་བཟང་པོ་ལ་སོགས་པའི་རྟོགས་ཚད་འབུལ་ཏེ། སྔོན་ལ་སྡུད་པ་པོས་རྟོགས་ཚད་ཕུལ་བ། །ཨེ་མའོ་བདེར་གཤེགས་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །རྟོགས་པར་དཀའ་བའི་སྙིང་པོ་འདི། །རབ་ཏུ་མི་རྟོག་གནས་མེད་དོ། །ཞེས་བྱ་བ་ལས། ཨེ་མའོ་ཞེས་པ་ནི། སྡུད་པ་པོས་ཡིད་ཀུན་ཏུ་བཟང་པོར་དེ་བྱང་ཆུབ་ཀྱི་སེམས་ཐུགས་སུ་ཆུད་དེ་དམ་པའི་ཚིག་གོ། །བདེར་གཤེགས་བཅོམ་ལྡན་འདས། ཞེས་བྱ་བ་ནི་བོས་པའི་ཚིག་སྟེ། གཉིས་སུ་མེད་པའི་གནས་ནི་བདེ་བ་སྟེ། དེ་རུ་གཤེགས་པའི་ངང་ལ་བཞུགས་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བོས་པའོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་མཐའ་ལས་འདས་པ་ནི་སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱི་སེམས་ཡིན་ཏེ་དེ་རབ་ཏུ་རྟགས་དཀའ་བ་བརྗོད་པ་ཐམས་ཅད་དང་བྲལ་བ་དེ་ལ་ནི། རྟག་པར་དཀའ་བའི་སྙིང་པོ་འདི་ཞེས་གསུངས་སོ། །མཐའ་རྣམ་པ་གཉིས་དང་བྲལ་ཏེ་མི་རྟོག་པའི་ཡེ་ཤེས་དེ་ལ་རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པ་མ་ཡིན་པ་སྟེ་རྟོགས་པར་དཀའ་བས། རབ་ཏུ་མི་རྟོགས་གནས་མེད་པའོ། །ཞེས་གསུངས། རང་གི་ལུས་ངག་ཡིད་གསུམ་ལ་སེམས་ནས་འདུག་གོ། །དེ་ནས་འཁོར་རིགས་ལྔའི་རྟོགས་ཚད་ཕུལ་བ་སྟོན་ཏེ། སྔོན་ལ་མི་བསྐྱོད་པ་རྟོགས་ཚད་ཕུལ་བ། ཨེ་མའོ་གཟུང་འཛིན་རྣམས་སྤངས་པ། །ཚིག་དང་ཡི་གེའི་སྤྱོད་ཡུལ་མིན། །ཆོས་བདག་མེད་པའི་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་བའོ། །ཞེས་བྱ་བ་ནི། གཟུང་འཛིན་རྣམས་སྤངས་པ་ཞེས་པ་ནི། ཕྱི་གཟུང་བར་བྱ་བའི་ཡུལ་ནི་ནང་འཛིན་པར་བྱེད་པའི་སེམས་ཉིད་སྣང་བ་ལས་མ་གཏོགས་པ་ཡུལ་ལོགས་ཤིག་ན་གྲུབ་པ་མེད་དོ། །འོ་ན་ནང་འཛིན་པར་བྱེད་པའི་སེམས་ཉིད་ཡོད་དམ་ཞེ་ན། མེད་དེ་ནང་འཛིན་པའི་སེམས་ཉིད་ཀྱང་སྐད་ཅིག་མས་གཤིག་པར་རང་བཞིན་མེད་དོ། །འོ་ན་སྐད་ཅིག་མའི་ཆོས་གཞིགས་པ་ནི་སྔ་མ་ནི་འགགས་ཕྱི་མ་ནི་མ་བྱུང་ད་ལྟར་ནི་མི་གནས་པས་སྟོང་པའི་རང་བཞིན་དུ་གྲུབ་སྟེ། སྟོང་པ་ནི་སྟོང་པའི་སེམས་ཞུགས་ནས་རྟག་པའི་སྐྱོན་ཡིན་ན། གཟུང་བ་དང་འཛིན་པ་ཇི་ལྟར་སྤང་དུ་བཏུབ་མི་བཏུབ་བོ། །ལན་དུ་དེ་ལྟར་མ་ཡིན་ཏེ། གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་གཉིས་ཀ་མ་གྲུབ་སྟེ། སྟོང་ཞིང་བདག་མེད་པར་གྲུབ་ལ་སྟོང་ཞིང་བདག་མེད་པ་ཞེས་བྱ་བ་དེ་ལ་ཡང་གནས་པ་མ་ཡིན་ཏེ། ཤེས་པ་དང་བརྗོད་པའི་མཐའ་ལས་འདས་པའི་ཕྱིར། གཟུང་འཛིན་རྣམས་སྤངས་ཞེས་པ་ནས། རང་སེམས་གཟོད་ནས་མ་སྐྱེས་པའོ། །ཞེས་མི་བསྐྱོད་པས་གསུངས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་རྟོགས་ཚད་ཕུལ་བའི་འདི་སྐད་དུ་གསུངས་སོ། །ཨེ་མའོ་ཆོས་ཀུན་སྟོང་པའི་བདག །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་པའི། །ཆོས་རྣམས་ཀུན་ལ་ཁྱབ་པར་གནས། །ཞེས་བྱ་བ་ལ། ཆོས་ཀུན་སྟོང་པའི་བདག་ཅེས་བྱ་བ་ནི་ཕྱི་ནང་དུ་སྣང་བའི་ཆོས་ཐམས་ཅད་ནི། ངོ་བོ་ཉིད་ཀྱིས་སྟོང་སྟེ། མེ་མེ་ཡིས་སྟོང་། ཆུ་ཆུ་ཡིས་སྟོང་། ས་སས་སྟོང་། རླུང་རླུང་གིས་སྟོང་། གཟུགས་གཟུགས་ཀྱིས་སྟོང་། ཞེས་པ་ལ་སོགས་པས་རྒྱལ་བ་ཡུམ་ཆེན་མོ་ལས་རྒྱ་ཆེར་གསུངས་ཏེ། དེའི་ཕྱིར། ཆོས་ཀུན་སྟོང་པའི་བདག་ཅེས་གསུངས་ཏེ། རང་གི་ངོ་བོ་མ་སྐྱེས་པ་དེ་ལ་ནི། སོ་སོའི་ངོ་བོ་འདི་ལྟ་བུ་ཡིན་བྱ་བ་བརྗོད་དུ་མེད་རང་བཞིན་གྱི་འོད་གསལ་བ་དེའི་ཕྱིར། རང་གི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་སོ། །འོ་ན་རང་གི་ངོ་བོ་མ་སྐྱེས་པ་དེ་ལ་འདི་ལྟར་སྣང་བ་ལ་མ་ཁྱབ་བམ་ཞེ་ན། ཁྱབ་སྟེ་མ་སྐྱེས་པ་སྟེ། སྟོང་པ་གཏིང་ཆད་པ་ནི་མ་ཡིན་ཏེ་གང་ལ་ཡང་འགག་པ་མེད་པར་རང་འབྱུང་སྟེ། འབྱུང་བའི་དངོས་པོ་ཐམས་ཅད་ལ་ཡང་མར་མེ་དང་འོད་ཀྱི་ཚུལ་དུ་ཁྱབ་ནས་གནས་ཏེ། དེའི་ཕྱིར། བརྗོད་མེད་དེ་ཉིད་སྣ་ཚོགས་པའི། །ཆོས་རྣམས་ཀུན་ལ་ཁྱབ་པར་གནས། །ཞེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསུངས་སོ། །དེ་ནས་ཡང་རིན་ཆེན་སེམས་པས་རྟོགས་ཚད་ཕུལ་བ་འདི་གསུངས་སོ། །ཨེ་མའོ་ངོ་བོ་མཉམ་ཉིད་བྱང་ཆུབ་སེམས། །མིང་དུ་བཏགས་པའི་ཆོས་རྣམས་ཀུན། །མཉམ་པ་ཉིད་ལ་གནས་བཅས་ཕྱིར། །མཉམ་པ་ཉིད་ལས་གཞན་མེད་དོ། །ཞེས་བྱ་བ་ལ། མཉམ་ཉིད་བྱང་ཆུབ་སེམས་ཞེས་པ་ནི་འདི་ལྟར་སྣང་བ་ཐམས་ཅད་ཡེ་ཕྱི་མོ་ཉིད་ནས་མ་སྐྱེས་པ་ཆོས་ཀྱི་དབྱིངས་ཡིན་ལ། དེའི་ངང་ལ་ནི་སངས་རྒྱས་སེམས་ཅན་གཉིས་མེད་དེ། དེའི་ངང་ལ་དུས་རྟག་ཏུ་གནས་བཅས་ཤིང་གནས་པ་ན། མཉམ་པ་ཉིད་ལས་གཞན་མེད་དོ། །ཞེས་རིན་ཆེན་སེམས་པས་གསུངས་སོ། །དེ་ནས་ཡང་ཆོས་ཀྱི་སེམས་པས་རྟོགས་ཚད་ཕུལ་བ་འདི་གསུངས་སོ། །ཆོས་སུ་སྣང་བ་ཐམས་ཅད་ཀུན། །རང་གི་ངོ་བོས་བརྗོད་དུ་མེད། །དེ་ཉིད་བྱང་ཆུབ་སེམས་སུ་ནི། །མཁས་པས་བསྒོམས་ན་རྟོགས་པར་འགྱུར། ཞེས་པ་ལ་ཆོས་སུ་སྣང་བ་ཐམས་ཅད་ཀུན་ཞེས་པ་ནི་ཕྱི་འབྱུང་བ་ལྔ་ལས་གྲུབ་པ་བསྟན་པའི་རང་བཞིན་ཅན་གྱི་ཆོས་དང་། ནང་ཕུང་པོ་ལྔ་ལས་གྲུབ་པའི་གཡོ་བར་སྣང་བ་ཐམས་ཅད་ཀུན། ཡེ་ནས་མ་སྐྱེས་པ་ཡིན་ཏེ་བརྗོད་པ་ལས་འདས་པ་དེའི་ཕྱིར། རང་གི་ངོ་བོ་བརྗོད་དུ་མེད་ཅེས་གསུངས་ཏེ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་བྱང་ཆུབ་ཀྱི་སེམས་ཡིན་ཞེས་བརྗོད་པས་འབྲས་བུ་མི་ཐོབ་སྟེ། དེའི་ངང་དུ་ཡང་ནས་ཡང་དུ་མཁས་པས་ཉམས་སུ་བླངས་ནས་གཉིས་སུ་མེད་པའི་ཡེ་ཤེས་གདོད་རྟོགས་པར་འགྱུར་བ་དེའི་ཕྱིར། དེ་ཉིད་བྱང་ཆུབ་སེམས་སུ་ནི། །མཁས་པས་བསྒོམས་ན་རྟོགས་པར་འགྱུར། །ཞེས་ཆོས་ཀྱི་སེམས་པས་གསུངས་སོ། །དེ་ནས་ཡང་ལས་ཀྱི་སེམས་པས་རྟོགས་ཚད་ཕུལ་བ་འདི་གསུངས་སོ། །ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ། །ངེས་པ་མེད་དེ་དངོས་རྟོག་བྲལ། །དེ་ཉིད་དག་པའི་རང་བཞིན་བས། །མཁས་པས་ཅི་དགར་བསྒོམས་ནས་འགྲུབ་ཅེས་བྱ། །ཆོས་ཀུན་བྱང་ཆུབ་སེམས་ཉིད་དེ་ཞེས་པ་ནི། ཕྱི་དང་ནང་དུ་སྣང་བའི་ཆོས་ཀུན། ཡེ་ནས་མ་བཅོས་པས་བྱང་ཆུབ་ཀྱི་སེམས་ཉིད་ཡིན་ཏེ། བརྟགས་པའི་དངོས་པོ་ནི་གསོག་གསོབ་ཡ་མ་བརླ་ཡིན་པས་དེས་ན། ངེས་པ་མེད་དེ་དངོས་རྟོགས་བྲལ། །དེ་ཉིད་དག་པའི་རང་བཞིན་བས། །མཁས་པས་ཅི་དགར་བསྒོམས་ན་འགྲུབ། །ཅེས་ལས་ཀྱི་སེམས་པས་གསུངས་སོ། །དོན་དམ་པའི་བདེན་པ་འབའ་ཞིག་བསྟན་པའོ། །བྱང་ཆུབ་ཀྱི་སེམས་རབ་ཏུ་བསྡོམ་པའི་ལེའུ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའོ། །བདུད་རྩི་ཐིགས་པ་ཞེས་བྱ་བའི་རྒྱ་ཆེར་འགྲེལ་པ་བཤད་པ་ལས། ལེའུ་གཉིས་པའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་དང་ལས་དང་པོའི་དང་པོ་རྣམས་ལ་གཟུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཞེས་པ་ནི་སྔར་གྱི་ལེའུ་འདས་པའི་དེ་མ་ཐག་པ་དེ་ནས་སོ། །ཡང་ཡིད་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་འོག་ནས་འབྱུང་བའི་ཚིག་འདི་སྐད་གསོལ་བ་བཏབ་པའོ། །དེ་ནས་འདོད་པའི་ཕྱིར་གསོལ་བ་བཏབ་ཅེ་ན། བསྙན་མའི་དཀྱིལ་འཁོར་མ་འདྲིས་པར་འདོད་པའི་ཕྱིར། ཨེ་མ་བདེར་གཤེགས་རྒྱལ་བའི་གཙོ། །ཞེས་པ་ནས་བདེ་བར་གཤེགས་པ་བཤད་དུ་གསོལ། ཨ་ལ་ལ་ཧོ་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །ཞུས་པའི་ལན་བསྟན་པའི་ཕྱིར། དེ་ནས་སྟོན་པ་རྒྱལ་མཆོག་གིས། །ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་སྟོན་པ་མཐའ་རྣམ་པ་གཉིས་ལ་རྒྱལ་བའི་རྒྱལ་མཚན་བཙུགས་ཤིང་ཀུན་གྱི་མཆོག་ཏུ་གྱུར་པ་དེས། སྡུད་པ་པོ་ཀུན་ཏུ་བཟང་པོས་ཞུས་པའི་ཚིག་གསན་ནས། སྙན་མའི་དཀྱིལ་འཁོར་ཐུགས་དང་པོའི་སྒོ་ནས་འཁོར་རྣམས་ལ་རབ་ཏུ་བཤད་དེ་ཕྱི་པའི་གང་ཟག་ལས་དང་པོའི་དང་པོ་པ་རྣལ་འབྱོར་ལ་འཇུག་པར་འདོད་པའི་ཆེད་དུའོ། །དེ་ཡང་ལས་དང་པོ་པ་གང་ཟག་རྣམ་པ་ལྔ་པོས་ཀྱང་སློབ་དཔོན་གྱི་མཚན་ཉིད་ཇི་ལྟ་བུས་བྱ་བ་བརྟག་པར་བྱ་བའི་ཕྱིར། སློབ་དཔོན་བྱེད་དང་རྗེས་འབྲང་པས་ཞེས་པ་ལ་སོགས་པ་བསྟན་ཏེ། སློབ་དཔོན་བྱེད་དང་ཞེས་པ་ནི་གང་ཟག་ལྔ་པོ་འདྲེན་པར་བྱེད་པའི་ཕྱིར། སློབ་དཔོན་བྱེད་དང་ཞེས་བྱ་བ་སྟེ། སྔོན་བདེ་བར་གཤེགས་པས་ཇི་ལྟར་མཛད་པའི་རྗེས་སུ་འབྲང་བའི་སློབ་དཔོན་མཚན་ཉིད་བཤད་པར་བྱ་སྟེ། དེའི་ཕྱིར་བློ་ཡངས་རྒྱུད་ལ་གོམས་པ་དང་ཞེས་པ་ལ་སོགས་བསྟན་ཏེ། བློ་ཡངས་རྒྱུད་ལ་གོམས་པ་དང་། ཞེས་པ་ནི་ཕྱི་དང་ནང་དུ་སྣང་བའི་ཆོས་ལ་རྟོག་པ་མི་སྐྱེ་ཞིང་བློ་ཡངས་པར་མཛད་པ། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གོམས་ཤིང་མཁས་པ་དང་། བླ་མའི་ཉམས་ཀྱིས་མན་ངག་ཐོབ་ཅིང་ཏིང་ངེ་འཛིན་ལས་སུ་རུང་བ་དང། སྟོན་པའི་བཀའ་ཕྱི་ནང་གི་ཆོས་སྡེ་སྣོད་གསུམ་ལ་མ་རྨོངས་ཤིང་། ཐེ་ཚོམ་མི་ཟ་བ་དང་ཡང་དག་པའི་ཏིང་ངེ་འཛིན་ལ་སྲན་ཐུབ་ཅིང་ལྟ་བ་མི་ལྡོག་པ་དང་། ཡང་དག་པའི་ཆོས་ལ་དད་པའི་དད་པ་ཆེ་བ་དང་། ཕྱིན་ཅི་མ་ལོག་པ་ལ་ཡིད་ཆེས་པའི་དད་པ་ཆེ་བ་དང་། ཡང་དག་པའི་ཆོས་ལ་དད་པ་ཆེ་བ་དང་ལ་སོགས་པའི་དད་པ་མངའ་བ་གསང་བ་སྟེ། འཁོར་ལོ་བཞིའི་བྱེ་བྲག་དང་། སྦས་པ་སྟེ། ཤེས་རབ་མ་རབ་འབྲིང་ཐ་མ་གསུམ་ལ་ཇི་ལྟར་བྱ་བའི་ཐབས་མཆོག་རྣམས། སྣོད་ངན་པ་གང་ཟག་འཕྱང་པོ་གསང་མི་ཐུབ་པ་རྣམས་ལ་མི་སྟེར་བ་དང་། བླ་མ་ལས་མཐར་ཕྱིན་པའི་དབང་མཆོག་རྣམས་ཐོབ་པ་ནི། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་གྱི་ལས་ཀུན་ཀྱང་བྱ་བ་ཐམས་ཅད་ལ་ཡངས་ཤིང་། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་དེ་རྡོ་རྗེ་འཛིན་པའི་སྙན་མའི་སློབ་དཔོན་ནོ། །དེ་ནས་འཁོར་ལོ་ཅན་གྱི་སློབ་དཔོན་བསྟན་པའི་ཕྱིར། ཡན་ལག་དམ་ཚིག་མ་ཉམས་དང་། །ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡན་ལག་དམ་ཚིག་ཅེས་བྱ་བ་ནི་འོག་ནས་འབྱུང་བའི་དམ་ཚིག་བཅོ་ལྔ་མ་ཉམས་ཤིང་། མདོག་དང་སྟེ་ཤིན་ཏུ་མདོག་སེར་ལ་འཚེར་བ་དང་། གཟུགས་དང་སྟེ་གཟུགས་ཤིན་ཏུ་བཟང་བ་སྟོད་སྨད་ཕྱེད་པའོ། །སྟོབས་དང་ལྡན་ཏེ་ཤིན་ཏུ་མི་འོས་པའི་སྟོབས་ཡོད་པའོ། །འཁོར་ལོ་སྒྱུར་བའི་མཚན་ཡོད་པའི་ལག་པ་གཡོན་པའི་སྲིན་ལག་གི་སྦབ་ན་འཁོར་ལོ་རྩིབས་བརྒྱད་ཡོད་པ། ལུས་དྲི་ཞིམ་པོ་ཨ་ཀ་རུ་ལ་སོགས་པའི་དྲི་ཞིམ་པོའི་ངད་དང་ལྡན་པ། དེ་ལྟ་བུའི་མཚན་མ་ཡོད་པ་དེ་ནི་སངས་རྒྱས་འཁོར་ལོ་ཅན་གྱི་དཀྱིལ་འཁོར་གྱི་སློབ་དཔོན་ཡིན་པར་རབ་ཏུ་གསུངས་སོ། །དེ་ནས་ཡང་རིན་པོ་ཆེའི་སློབ་དཔོན་གྱི་མཚན་ཉིད་སྟན་པའི་ཕྱིར་ཤེས་པ་ཆེ་ཞིང་ཡོན་ཏན་ལྡན་ཞེས་པ་ལ་སོགས་པ་གསུངས་ཏེ། ཤེས་པ་ཆེ་ཞིང་ཡོན་ཏན་ལྡན་ཞེས་པ་ནི་ཕྱི་དང་ནང་གི་ཆོས་ལ་མ་རྨོངས་པ་དང་། བཟོ་དང་རིག་པའི་གནས་ལ་མཁས་པ་དང་། ཡོན་ཏན་སྒོ་ཡངས་ཏེ་ཅི་ལ་ཡང་མ་འགགས་པར་བྱེད་པ་དང་སྤྱོད་ལམ་དག་སྟེ། ཆོས་སྤྱོད་རྣམ་པ་བཅུ་སྤྱོད་པ་དང་། རྡོ་རྗེ་སློབ་དཔོན་སྤུན་ལ་གདུངས་ཏེ་ཅི་འཚམ་པའི་སྒོ་ནས་སློབ་དཔོན་ཁུར་ཞིང་མཆེད་ལ་གདུང་བ་དེ་ལྟ་བུའི་ངང་ཚུལ་གང་ལ་ཡོད་པའི་གང་ཟག་དེ་ནི་རིན་པོ་ཆེའི་སློབ་དཔོན་ནོ། །དེ་ནས་ཡང་པདྨའི་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་ཕྱིར། རྟག་ཏུ་བཟླས་པ་བརྩོན་པ་དང་ཞེས་པ་ནས། པདྨོ་ཅན་བླ་མར་གཟུང་ཞེས་པས་བསྟན་ཏེ་གོ་སླའོ། །དེ་ནས་ཡང་ལས་ཀྱི་རིགས་ཀྱི་སློབ་ཀྱི་མཚན་ཉིད་བསྟན་པའི་ཕྱིར། བྱ་བའི་ལས་ལ་མ་རྨོངས་ཤིང་ཞེས་པ་ནས། སྣ་ཚོགས་ལས་ཀྱི་བླ་མར་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་དཀྱིལ་འཁོར་སྤྱིའི་སློབ་དཔོན་གྱི་མཚན་ཉིད་བསྟན་པའི་ཕྱིར། དེ་དག་ཡོན་ཏན་མ་ལུས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཡོན་ཏན་མ་ལུས་ལྡན་ཞེས་བྱ་བ་ནི། གོང་མ་ཇི་སྙེད་བརྗོད་པའི་ཡོན་ཏན་ཀུན་དང་ལྡན་པའོ། །ཐེག་པ་ཀུན་ལ་འབྱམ་པ་ནི། ཕྱི་ནང་གི་ཐེག་པ་ཀུན་ལ་མཁས་ཤིང་གོམས་པ་ནི་སྤྱིའི་སྙན་མའི་དཀྱིལ་འཁོར་གྱི་སློབ་དཔོན་ནོ། །དེ་ནས་ཡང་སློབ་དཔོན་གྱི་སློབ་མའི་མཚན་ཉིད་མ་བརྟགས་ན་སྣོད་ངན་པས་གཉིས་ཀ་བརླག་པར་འགྱུར་ཏེ། དེའི་ཕྱིར་བླ་མ་ལུང་བསྟན་དེས་ཀྱང་ནི། སློབ་མའི་མཚན་ཉིད་བརྟགས་པར་གཅེས། །ཞེས་གསུངས་སོ། །དེ་ནི་འདི་ནས་མར་སོ་སོའི་མཚན་ཉིད་བསྟན་ཏེ། དེའི་ཕྱིར་རྐྱེན་ཐུབ་མི་ལྡོག་དམ་ཚིག་གནས། །ཞེས་པ་ནས་རྡོ་རྗེ་ཅན་གྱི་སློབ་མ་རུང་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །འཁོར་ལོ་ཅན་གྱི་སློབ་མ་བསྟན་པའི་ཕྱིར། །ལུས་དང་ཡན་ལག་མཛེས་ལྡན་དང་། །ཞེས་པ་ནས། སངས་རྒྱས་འཁོར་ལོ་ཅན་གྱི་བཤད་ཅེས་བཤད་པའི་བར་གྱིས་བསྟན་ཏེ་མཚན་ཉིད་གོ་སླའོ། །རིན་པོ་ཆེའི་སློབ་མ་བསྟན་པའི་ཕྱིར། སྤྱོད་ལམ་རྣམ་བཞི་ལྷུན་སྟུག་ཅིང་ཞེས་པ་ནས། རིན་ཆེན་དཀྱིལ་འཁོར་དག་གིའོ། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །པདྨའི་སློབ་བུ་བསྟན་པའི་ཕྱིར། ངག་གི་སྒོ་ནས་ཤིན་ཏུ་སྔར་ས་ཞེས་པ་ནས། པདྨ་འཛིན་པའི་སྣོད་དུ་བཤད་ཅེས་པའི་བར་གྱིས་བསྟན་ཏོ། །ལས་ཀྱི་སློབ་མ་བསྟན་ཏེ། དེའི་ཕྱིར་ལས་ལ་གུས་ཤིང་ཞེས་པ་ནས་སྣ་ཚོགས་རྡོ་རྗེ་ལྟ་བུ་ཡིན་ནོ། །ཞེས་པའི་ཚིག་བཞི་པས་བསྟན་ཏོ། །སྤྱིའི་དཀྱིལ་འཁོར་སློབ་མ་བསྟན་པའི་ཕྱིར། ཡོན་ཏན་དེ་ཀུན་ལྡན་པ་ལ། ཀུན་གྱི་བསྐུལ་ཞིང་ཤིན་ཏུ་མཛེས། །ཡིད་དུ་འོང་ཞིང་སྤྱོད་པ་བཟོ། །སྤྱི་ཡི་དཀྱིལ་འཁོར་དག་ལ་ཤིས། །ཞེས་པའི་ཚིག་བཞི་པོ་དེས་བསྟན་ཏེ་གོ་སླའོ། །དེ་ནས་ཡང་དཀྱིལ་འཁོར་བྱ་བའི་གནས་ཀྱི་མཚན་ཉིད་བསྟན་ཏེ། དེ་ལ་ཡང་གཉིས་ཏེ། བླང་བར་བྱ་བ་དང་། སྤངས་བར་བྱ་བ་གཉིས་སོ། །བླང་བར་བྱ་བ་ལ་སོ་སོའི་མཚན་ཉིད་རྣམས་ཏེ་བྱེ་བྲག་དྲུག་གོ། །སྔོན་ལ་སྤང་བར་བྱ་བའི་གནས་བསྟན་པའི་ཕྱིར། གནོད་སྦྱིན་མོའི་སྤང་རྗེས་དང་། ཞེས་པ་ལ་སོགས་པས་བསྟན་ཏེ། གནོད་སྦྱིན་མོའི་སྤང་རྗེས་ནི་བྲག་ལ་གཅན་གཟན་གྱིས་བྲད་པ་འདྲ་བ་ཡོད་པས། གྲོགས་པོ་ཤར་ཤོར་མང་བ ། གཡོན་ན་གཡའ་མཆིས་རིས་འདྲ་བ་ཡོད་པ། གཡས་ན་གཡའ་སྔོན་པོ་རལ་གྲི་འདྲ་བའམ་མདུང་འདྲ་བའམ། དགྲ་སྟ་འདྲ་བ་ཡོད་པ་ནི་གནོད་སྦྱིན་མཚོན་ཆའི་བཤལ་རྗེས་དང་ཞེས་བྱའོ། །འབྱུང་པོ་དག་གི་རྒྱུ་ས་དང་། ཞེས་པ་ནི་རི་ཐལ་བར་གཏོར་བའམ། མང་པོ་སྣ་ཐུག་པ་དེ་ལྟ་བུའོ། །ཀླུ་གདུག་དག་གི་རྒྱུ་གསང་དང་ཞེས་བྱ་བ་ནི། ཀླུ་གདུག་པ་ཡོད་པའི་ཆུ་མིག་འགྲམ་མམ། རྒྱུ་གསང་དེ་བཙན་རྒྱུ་བའི་གོང་སུམ་མོ། །རྟེན་དང་འབྲེལ་བའི་གནས་དག་དང་ཞེས་བྱ་བ་བརྟེན་ཏེ། ཡུལ་གྱི་ལྷ་འདྲེ་གཉེན་པོའི་རྟེན་བྲག་གམ་ཤིང་ལ་སོགས་པའི་འབྲེལ་པ་ནི་ཤིང་དང་བྲག་དང་ལྷ་འདྲེ་འབྲེལ་བའི་གནས་ཏེ་དེ་ལ་སོགས་པའི་གནས་རྣམས་སུ་བསྒྲུབ་ན། ཁ་ན་མ་ཐོ་དང་བཅས་པར་འགྱུར་ཏེ། ཉེར་ཚེའི་འདུ་བྱེད་བྱེད་པར་འགྱུར་རོ། །དེ་སྤངས་ན་དངོས་གྲུབ་ཅི་འདོད་པ་མྱུར་བར་འོང་ངོ་། །ད་ནི་བླང་བར་བྱ་བའི་གནས་རྣམས་བསྟན་པའི་ཕྱིར། རྡོ་རྗེ་བྲག་ཆེན་ལ་གཏམས་པའམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་སྔོན་ལ་རྡོ་རྗེ་འཛིན་པའི་གནས་བསྟན་པའི་ཕྱིར། འོག་ནས་འབྱུང་བའི་མཚན་ཉིད་འདི་གསུངས་སོ། །རྡོ་རྗེ་བྲག་ཆེན་གཏམ་པའམ་ཞེས་བྱ་བ་ནི་ཤིན་ཏུ་བྲག་རྡོ་རྗེའམ་སྲ་བ་དང་། མཁྲེགས་པ་དང་། ལྷུན་སྡུག་པའམ། རི་བོ་འདུས་པའི་རྩེ་རྣམས་ཞེས་བྱ་བ་ནི་རིན་པོ་ཆེ་སྤུང་པ་འདྲ་བའི་རྩེ་མོའོ། །མདངས་བཟང་གངས་རི་བྲག་ཏུ་ཞེས་བྱ་བ་ནི། མདངས་དགའ་བའི་གནས་དང་། གངས་རི་སྟེ་བྲག་དཀར་པོ་གངས་རི་དཀར་པོ་རྩེ་ལ་ཡོད་པ་དང་བྲག་དཀར་ལ་ལྷུན་སྡུག་པ་ཡོད་པའི་གནས་དེ་རྣམས་སུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་པའི་སྒྲུབ་པའི་གནས་སོ། །འཁོར་ལོ་ཅན་གྱི་གནས་བསྟན་པའི་ཕྱིར། ཕུག་དང་དགོན་པའི་རི་དྭགས་དང་ཞེས་པ་ལ་སོགས་བསྟན་ཏེ། ཕུག་དངདགོན་པའི་རི་དྭགས་དང་། ཞེས་པ་ནི་སྤང་ཕུག་བཟང་པོ་ཁ་ཤར་དུ་བལྟས་པའམ། སྔོན་གྱི་རྣལ་འབྱོར་པས་བསྒྲུབས་པའི་དགོན་པའི་གནས་སམ་སྤང་རི་ཟླུམ་པོ་ཤར་དུ་ཁ་བལྟས་པའོ། །ནགས་ཚལ་དྲ་བ་གཏིབས་པའམ། ཞེས་བྱ་བ་ནི་ལུང་པ་ཁ་ཤར་དུ་བལྟས་པའི་ནང་ན་ཚལ་ཆེན་པོས་གཏིབས་ནས་ཡོད་པའམ་འོན་ཏེ་ཤར་ཕྱོགས་ཀྱི་ངོས་ནས་གཏིབས་ནས་ཡོད་པའོ། །མདངས་བཟང་ཤར་དུ་གཞོལ་བའི་ཞེས་བྱ་བ་ནི། ཤིན་ཏུ་མདངས་དགའ་བའི་གནས་དེ་ལྟ་བུའི་སངས་རྒྱས་འཁོར་ལོ་ཅན་གྱི་གནས་སོ། །རིན་པོ་ཆེའི་གནས་བསྟན་པའི་ཕྱིར་འོག་ནས་འབྱུང་བ་འདི་གསུངས་སོ། །རིན་ཆེན་སྣ་ལྔའི་ཁ་དོག་གམ། །ཞེས་བྱ་བ་ནི། ཤར་དཀར་བ་ལྷོ་སེར་བ་ནུབ་དམར་བ་བྱང་ལྗང་བ་དབུས་སྔོ་བའི་མཚན་ཉིད་དམ། ཡང་ན་གནས་དེ་ཉིད་ནས་ཚོན་སྣ་ཚོགས་པ་ཡོད་པའོ། །རིན་པོ་ཆེ་ཟུར་བརྒྱད་དབྱིབས་འདྲ་བར་ཞེས་བྱ་བ་ནི། རི་ཉིད་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་ཡོད་པ་དང་། ཡང་བྲག་རིན་པོ་ཆེ་སྤུངས་པ་འདྲ་བ་དང་། ཡང་ན་ས་ཡིས་དབྱིབས་སུ་རིན་པོ་ཆེ་འདྲ་བའི་གནས། དེ་ནི་རིན་པོ་ཆེ་བསྒྲུབ་པའི་གནས་ཡིན་པར་བཤད་དོ། །དེ་ནས་པདྨའི་གནས་བསྟན་པའི་ཕྱིར། ཙན་དན་ཞེས་པ་ནས་པདྨོ་བསྒྲུབ་པར་དེ་ཤིས་སོ་ཞེས་པས་བསྟན་ཏེ། གོ་སླ་བ་སྟེ་པདྨའི་གནས་སོ། །ལས་ཀྱི་གནས་བསྟན་ཏེ། དུར་ཁྲོད་ཅེས་བྱ་བ་ནས་སྣ་ཚོགས་རྡོ་རྗེ་ཅན་གྱི་ཞེས་པ་བསྟན་ཏེ། སྣ་ཚོགས་རྡོ་རྗེ་ཅན་གྱི་སྒྲུབ་པའི་གནས་སོ། །སྤྱིའི་གནས་བསྟན་ཏེ། རི་བྲག་མང་པོ་འདུས་པའི་སྤྱི། རི་བོས་བསྐོར་བའི་ལྷུན་ཕྲེང་འཚལ་ཞེས་པས་བསྟན་ཏེ། སྤྱིའི་དཀྱིལ་འཁོར་བསྒྲུབ་པའི་གནས་སོ། །ཡང་ན་རིགས་ཐམས་ཅད་ཀྱི་ཡོན་ཏན་ཆ་དང་ལྡན་པས་བཤད་ཅེས་བྱ་བ་ནི། གནས་ལྔའི་མཚན་ཉིད་ཚང་བ་ནི་སྤྱིའི་དཀྱིལ་འཁོར་བསྒྲུབ་པའི་སའོ། །བླ་མ་དང་སློབ་མའི་གནས་རྣམས་ཀྱི་མཚན་ཉིད་མ་བརྟགས་ན་མི་འགྲུབ་པའི་ཉེན་དང་ཁ་ན་མ་ཐོ་བའི་ཡར་ཁར་བཅས་པ་སྟེ། དངོས་སྒྲུབ་རིང་བས་དེའི་ཕྱིར་དངོས་གྲུབ་རིང་ཞེས་གསུངས་སོ། །དེའི་མཚན་ཉིད་ཤེས་པའི་རྣལ་འབྱོར་པས་སྤང་བླང་གཉིས་བྱ་བའི་ཕྱིར་བློ་ཅན་གྱི་ཤེས་ནས་སྤང་བར་བྱ་བ་ཡིན་ཞེས་བྱ་བ་ཡིན་གསུངས་སོ། །དེ་ནས་ཡང་ཏིང་ངེ་འཛིན་དང་ལྡན་མི་ལྡན་གྱི་སྐྱོན་ཏེ། རྣལ་འབྱོར་བློ་མཆོག་མི་ལྡན་ན་ཞེས་པ་དང་། བདེར་གཤེགས་རྒྱལ་བ་ཀུན་གྱི་གསུངས་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །ཏིང་ངེ་འཛིན་དང་ལྡན་གནས་དང་། སློབ་མ་ལ་སོགས་པ་གཞུང་དང་མཐུན་པ་མེད་ཀྱང་འགྲུབ་པར་བསྟན་པའི་ཕྱིར། བློ་དང་ལྡན་པའི་རྣལ་འབྱོར་པས་ཞེས་པ་ནས། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་པས་བསྟན་ཏོ། །ཏིང་ངེ་འཛིན་དང་གནས་ལ་སོགས་པ་གཉིས་ཆར་འཕྲུགས་ན་དངོས་གྲུབ་མྱུར་བར་བསྟན་པའི་ཕྱིར། འོན་ཀྱང་གནས་དང་སློབ་མ་དང་། །མཚན་ཉིད་རྣམས་ནི་བཤད་པ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་གནས་ལ་སོགས་པ་བརྙེས་ནས་སའི་འདུ་བར་བྱ་བ་བསྟན་པའི་ཕྱིར། ཞེས་པ་ལ་སོགས་པས་བསྟན་ཏེ། མཚན་མས་དངོས་པོ་གཞོལ་བའི་ཕྱིར། ཞེས་པ་ནི་ལྷའི་དཀྱིལ་འཁོར་རོ། །དེའི་དངོས་པོ་རྫས་སུ་སྣང་བ་གཞོལ་བའོ། །ལྷའི་དཀྱིལ་འཁོར་བསྒོམས་པའི་གནས་དང་། དེ་ཡང་རིགས་རྣམས་སོ་སོའི་གནས་དང་ས་དང་བར་སྣང་དང་། དེ་ཡང་རིགས་རྣམས་སོ་སོ་གནས་ཀྱི་མཚན་མ་ལྟར། བརྟགས་ཏེ་རྙེད་ནས་ངེས་པར་གཟུང་བའོ། །དེ་ནས་ས་སྦྱངས་ཏེ་ཏིང་ངེ་འཛིན་བྱ་བའི་ཕྱིར། ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་པས་བསྟན་ཏེ། བདག་ཉིད་ཡི་དམ་གྱི་ལྷར་དྲན་པ་བྱ་བ་ནི། ཏིང་ངེ་འཛིན་གཅིག་གོ་དེས་ས་སྦྱང་བ་སྟེ། དེ་ལ་ཡང་གཉིས་ཡོད་དོ། །ཕྱིས་སྦྱང་བ་དང་ནང་གི་སྦྱང་བ་གཉིས་སོ། །ཕྱིའི་སྦྱང་བ་ནི་འབྱུང་བ་གསུམ་གྱིས་ཇི་ལྟར་སྦྱང་བའོ། །ནང་གི་སྦྱང་བ་ནི་སའི་དངོས་པོ་ཐམས་ཅད་རང་བཞིན་མེད་དེ་སྟོང་པ་བསྒོམ་མོ། །ས་དང་པོ་མེད་པ་དེས་ཀྱང་། ས་སྦྱང་བའི་ལས་སུ་འགྱུར་ཞེས་སོ། །དེ་ནས་ཡང་ས་གཞི་བྱིན་གྱིས་བརླབས་ཏེ། དེའི་ཕྱིར་དབང་འགྱུར་ལྷ་མོ་དེ་ཞེས་གསུངས་ཏེ། ས་གཞི་བྱིན་གྱིས་བརླབས་པ་དེའི་ཚེ་བདག་ཉིད་ཀྱི་སའི་ལྷ་མོ་སྤྱན་དྲངས་ཏེ་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་དེ་ལས་ལྕགས་ཀྱུར་གྱུར་ཏེ། ལྕགས་ཀྱུས་སའི་ལྷ་མོ་སྤྱན་དྲངས་ནས་རྣལ་འབྱོར་གྱི་མདུན་ན་གནས་པར་བསམ་མོ། །དེ་ལ་མཆོད་པ་འབུལ་བའི་ཕྱིར་མཆོད་པ་སྟེ། སྦྲན་པ་བྱས་ན་ཞེས་གསུངས་ཏེ། སའི་ལྷ་མོ་དེ་ལ་མཆོད་པ་རྣམས་དབུལ་ལོ། །དེའི་རྗེས་ལྷ་མོའི་དགའ་མདངས་ཀྱིས་ཁྱོད་དཀྱིལ་འཁོར་གྱིས་གསུངས་ནས། ལྷ་མོ་ཉིད་འོད་དུ་ཞུ་ནས་ས་ལ་ཐིམས་པས་ས་ཡང་རིན་པོ་ཆེའི་ས་གཞིར་གྱུར་ཏེ་དེ་ཀ་ལ་སྦྲན་པ་ཞེས་བྱའོ། །རུ་ཋ་རྒོལ་བས་མི་ཚུགས་ཤིང་བྱིན་དང་ལྡན་པས་དེར་འགྱུར་རོ། །ཞེས་པ་ནི་དེ་ལྟར་ས་གཞི་བྱིན་གྱིས་བརླབ་པ་ན། རྣམ་པར་རྟོག་པ་མེད་ཅིང་བསོད་ནམས་ཀྱི་ཚོགས་བསགས་པའི་གཞིར་འགྱུར་རོ། །དེ་ནས་ས་གཞི་དེ་བསླང་སྟེ། དེའི་ཕྱིར་བྱིན་དང་ལྡན་པའི་ས་གཞི་ཞེས་པ་ལ་སོགས་བསྟན་ཏེ། བྱིན་དང་ལྡན་པའི་ས་གཞི་དེ་ཞེས་པ་ནི་རིགས་དང་མཐུན་པའི་ས་གཞི་རྙེད་པའི་བྱིན་བརླབས་ཅན་གྱིས་གནས་དེ་ལྟ་བུ་དེ་སྣང་བ་དང་སྟེ་ས་བདག་གི་རྒྱལ་པོ་ལ་སོགས་པ་སླང་བའོ། །མི་སྣང་བ་སྟེ་སའི་བདག་པོ་ལ་སྟེ་ས་བདག་ལྷ་ཀླུའོ། །དེ་གཉིས་ལ་སླང་སྟེ། རྒྱལ་པོ་ལ་སོགས་པ་ལ་བདེན་པ་སྨྲ་ཞིང་ངག་འཇམ་པས་རིན་བཅས་ཏེ་སླང་ངོ་། །ས་བདག་ལྷ་ཀླུ་ལ་གཏོར་མ་བྱིན་ལ་བདེན་པ་བདར་ལ་ས་སླང་བའི་ཕྱིར། ཐུགས་ཐུབ་དང་རས་ཆོད་མ་ཡིན་པར། རིན་དང་བདེན་པས་སྒོ་ལ་སླང་། ཞེས་གསུངས་པ་ཡིན་ནོ། །དེ་ནས་སྟེགས་བུའི་ལས་བསྟན་པའི་ཕྱིར། དེ་སྟེགས་བུ་གྲུ་བཞི་ལ། ཞི་བ་ལ་སོགས་པས་བསྟན་ཏེ། དེ་ནས་ཞེས་པ་ནི་ཆུའི་བྲ་དང་སའི་བྲ་རྟགས་པ་དེ་མ་ཐག་པ་དེ་ནས་སྟེགས་བུ་གྲུ་བཞི་པར་བརྩིག་གོ་ཞེས་བྱའོ། །སྟེགས་བུ་དེ་ལ་བ་སྤུ་བྱ་སྟེ་གང་གི་བྱ་ཞེ་ན་བདུད་རྩི་རྣམ་ལྔས་ཀྱང་ནུལ་བྱ་ཞེས་པས་བསྟན་ཏེ། བདུད་རྩི་ལྔ་དང་ས་བཞག་མོ་བསྲེས་ལ་ཤིན་ཏུ་འཐས་པར་བྱ་སྟེ། འཐུག་སྲབ་པའི་ཀོ་བ་ཙམ་བྱའོ། །དེ་ནས་ཐིག་གདབ་པའི་ལས་བསྟན་པའི་ཕྱིར། གོས་བརྒྱན་མཛེས་མའི་གྲོགས་མཆོག་མ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གོས་རྒྱན་མཛེས་མའི་གྲོགས་མཆོག་མ་ཞེས་པ་ནི། ཤིན་ཏུ་མཛེས་མའི་གྲོགས་མཆོག་མ་དེས་ཁྲུས་བྱས་པ། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་ཏེ། དེ་ལ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ལ། སའི་ཐིག་སྐུད་བཀལ་དུ་ཞུགས་ཏེ། དེའི་ཕྱིར་གསལ་བར་ལྡན་ནམ་བྱིན་བརླབས་ལ་ཞེས་གསུངས་པ་ཡིན་ཏེ། ཐིག་སྐུད་རིང་ཐུང་གི་ཚད་ནི་དཀྱིལ་འཁོར་རྒྱ་ཉིད་འགྱུར་རོ། །དེ་བས་ཚད་ལྡན་རྡོ་རྗེ་སྲེད་བུའི་ཞེས་བརྗོད་དོ། །ཐིག་གདབ་པའི་སྦྱོར་བ་བྱ་ཞེས་པ་ནི། རས་བལ་དཀར་པོ་ལ་ཚོན་རྩི་ལྔ་པོས་ཁ་དོག་བསྒྱུར་ལ། དེ་མཉམ་པོར་བཀལ་ཏེ། ཡི་གེ་ལྔ་བཀོད་ལ་འཕྲོ་འདུས་སོ་སོར་བསྐུར་བསྐྱེད་དེ། དེ་ལ་ཡེ་ཤེས་ཀྱི་རིགས་ལྔ་དགུ་པ་དང་གཞུགས་པ་དང་། བཅིང་པ་དང་བསྟན་པ་བྱས་ནས། དེ་ལ་མཆོད་པ་འབུལ་བར་བྱའོ། །དེའི་རྗེས་ལ་འོད་དུ་ཞུ་སྟེ་སྲད་བུ་ལ་ཐིམ་མོ། །སྲད་བུ་དེ་གྲོགས་པོ་ལ་གཏད་དེ་འགུ་རུ་ཆུ་བདག་ཏུ་འདུག་ཅིང་ཤི་ཤ་བྱད་དུ་འདུག་སྟེ་འདི་སྐད་བརྗོད་དོ། །དགོངས་ཤིག་རྒྱལ་བ་འཁོར་དང་བཅས། །ནམ་མཁའ་གང་བའི་བདེར་གཤེགས་རྣམས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དུས་འདི་སེམས་ཅན་དོན་རྣམས་མཛོད། །ཅེས་བརྗོད་ལ། ཡེ་ཤེས་ཐིག་གདབ་སྟེ། སྔོན་ལ་ཚང་ཐིག་གཉིས་གདབ། དེ་ནས་ཟུར་ཐིག་གདབ། དེ་ནས་ཤར་ཕྱོགས་ལ་སོགས་པའི་ཕྱོགས་ཀྱི་ཐིག་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཆ་བགོ་ཞིང་གདབ་བོ། །དེའི་ཕྱིར་ཐིག་གདབ་པའི་སྦྱོར་བ་བྱ་ཞེས་གསུངས་པ་ཡིན་ནོ། །དེ་ནས་དཀྱིལ་འཁོར་བྲི་བའི་ཐབས་བསྟན་ཏེ། འགྲོ་བ་བློ་རྨོངས་མི་ཤེས་པ་ཞེས་བྱ་བ་ནི། འགྲོ་བ་བློ་རྨོངས་ཤིང་མི་ཤེས་པ་བསྟན་པའི་ཕྱིར། བསྙན་པའི་དཀྱིལ་འཁོར་བྲི་སྟེ། རྣལ་འབྱོར་པ་བདག་ཉིད་ལྷའི་ཏིང་ངེ་འཛིན་དུ་འཇུག་པའི་ཕྱིར། དང་པོ་ལས་ཀྱི་སྒོར་ཞུགས་ལ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཚོན་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རབ་འབྲིང་ཐ་མ་གསུམ་སྟེ། རབ་ནི་རིན་པོ་ཆེ་སྣ་ལྔའོ། །འབྲིང་ནི་འབྲས་ལ་སོགས་པ་ལ་ཚོན་གྱི་ཁ་དོག་བསྒྱུར་བའོ། །ཐ་མ་ནི་ས་ལ་བྱིན་གྱིས་བརླབས་པའོ། ། དེའི་ཕྱིར་ཁ་དོག་ཉི་ཤུ་རྩ་ལྔའམ། ལྔའི་ཚོན་གྱིས་བྲི་བར་བཤད། ཁ་དོག་སོ་སོའི་དཀྱིལ་འཁོར་བྱང་ཤར་གྱི་མཚམས་ནས་མཛུབ་གང་མཉམ་པོར་དྲངས་ཏེ་བྱིན་གྱིས་བརླབས་ནས་འདྲེན་ཀར་འདི་བརྗོད་དོ། །ཧཱུྃ་འདི་ནི་ཆོས་དབྱིངས་དག་པ་སྟེ། །དེ་ཕྱུང་རིགས་ལྔའི་ངོ་བོར་སྣང་། །སེམས་ཅན་མ་ལུས་དོན་བྱའི་ཕྱིར། །ཚོན་གྱི་ལས་ནི་བདག་གིས་བརྩམས། །ཞེས་བརྗོད་ལ་རི་མོ་འདི་བྲིའོ། །རི་མོ་དེ་མཐོ་དམན་དུ་སོང་ན་དངོས་གྲུབ་མེད་པའི་ལྟས་སོ། །ཡོན་པོར་གྱུར་ན་བགེགས་ཡོད་པའི་བལྟས་སོ། །ཆད་པར་གྱུར་ན་སློབ་དཔོན་སློབ་མ་གཉིས་ཀ་འཆི་བའི་བལྟས་སོ། །རི་མོ་དེ་ལོག་པར་གྱུར་པ་གང་ཡིན་པ་འབྱུང་བའི་དུས་དེ་ན། ཕུར་པ་གདབ་པར་བྱ་བ་ཡིན་ཏེ། དེ་ཡང་ཕུར་པ་སྒྲོལ་བདག་ཏུ་བྱིན་གྱིས་བརླབས་ལ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་ཕཊ་ཅེས་བརྗོད་པས་ཕུར་པ་གདབ་བོ། །དེ་ནས་རྣམ་ལྔའི་ཚོན་གྱིས་དཀྱིལ་འཁོར་དམ་པ་དེ་བྲི་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་བཤད་པའི་ཕྱིར། རབ་ཏུ་ཟླུམ་པོའི་དཀྱིལ་འཁོར་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། རབ་ཏུ་ཟླུམ་པོའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི། དབུས་ཀྱི་ཕོ་བྲང་བསྟན་པ་ཡིན་ཏེ། རབ་ཏུ་ཟླུམ་པོ་བྲི་བ་སྟེ། ལྷ་རྣམས་ཀྱི་ནང་རོལ་ཆ་ཆུང་ཕྱེད་ནས་བསྐོར། །དེའི་ནང་རོལ་ཆ་ཆུང་ཞིག་ལ་བསྐོར་ཏེ་བསྡོམས་པས་ཆ་ཆུང་ཕྱེད་དང་གཉིས་ལ་རྡོ་རྗེ་ར་བའོ། །ཐིག་བཞི་གདབ་པས་དཀྱིལ་འཁོར་དགུ་ཞེས་བྱ་བ་ནི། རྡོ་རྗེ་ར་བའི་དབུས་སུ་ཆ་ཆུང་ངུ་རེ་རེ་བཞག་སྟེ། སོ་སོའི་ཐིག་གཞན་མ་ཕྱིས་པས་ཕྱོགས་བཞི་མཚམས་བཞི་སྟེ་བརྒྱད་དོ། །དབུས་དགུའོ། །ཆ་ཆུང་རེ་རེ་བཞག་དེ་རྣམས་ལ་རྡོ་རྗེའི་གདུང་བཞི་དང་། རྡོ་རྗེ་ཀ་བ་བརྒྱད་གནས་སོ། །གྲུ་ཆད་བར་ཁྱམས་སྒོ་ཁྱུད་བཅས། །ཞེས་བྱ་བ་ནི་གྲུ་ཆད་ལྷ་རྣམས་ཀྱི་ནང་རོལ། རྡོ་རྗེ་བུམ་པའི་ཕྱི་རོལ། བར་ཁྱམས་ནི་ལྷ་རྣམས་ཉིད་དོ། །སྒོ་ཁྱུད་ལ་སོགས་པ་རྟ་བབས་དང་། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏ་ལའི་སྐྱེ་ཤིང་དང་བྱ་ངང་པ་ལ་སོགས་པ་རྒྱས་པར་བྲིའོ། །དེ་ནས་དཀྱིལ་འཁོར་ལ་ཕྱག་མཚན་དགོད་པ་ནི་སྤྱིའི་དཀྱིལ་འཁོར་དུ་གསུམ་པའི་རིམ་པ་ཇི་བཞིན་ནོ། །སོ་སོའི་ཁ་དོག་དང་བཞུགས་ཐབས་བསྟན་པ་ནི། དབུས་སུ་སངས་རྒྱས་རྡོ་རྗེ་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབུས་སུ་སངས་རྒྱས་རྡོ་རྗེ་འཛིན་ཞེས་པ་ནི་ལེའི་ཚེའི་དབུས་མ་གང་ཡིན་པའི་གཞུགས་གནས་ཏེ། དེའི་གནས་སུ་ཉོན་མོངས་པ་ཐམས་ཅད་སྤང་བའི་སངས་རྒྱས་ཕྱིན་ཅི་མ་ལོག་པའི་དོན་དམ་པ་དང་། དུས་རྟག་ཏུ་མི་འབྲལ་བས་རྡོ་རྗེ་འཛིན་པ་དེ་ལྟ་བུའི་ངང་ཚུལ་དང་ལྡན་པ་དེ་བཞུགས་སོ། །ནམ་མཁའི་དབྱིངས་དང་འཁྲིལ་བའི་ཚུལ་ཞེས་བྱ་བ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་ཕྱིར་ནམ་མཁའི་དབྱིངས་ཕྱུག་མ། འཁྲིལ་བའི་ཚུལ་དུ་བཞུགས་པ་དེ་གདན་བཞུགས་པ་ཞེ་ན། ཕོ་བྲང་གི་དབུས་སེང་གེའི་གདན་སྟེང་ཉི་ཟླ་པདྨ་རིན་པོ་ཆེའི་གདན་ལ། ཡང་དག་པར་གནས་སོ། །རྣམ་པའི་མཆོག་རྣམས་རྫོགས་པར་ཡང་གསལ་ཞེས་བྱ་བ་ནི། མགུར་ཆུ་དང་དཔུང་རྒྱན་དང་སེ་མོ་དོ་དང་དོ་ཤལ་ལ་སོགས་པའི་རྣམ་པའི་རྒྱན་གྱིས་མཆོག་རྣམས་ཡོངས་སུ་རྫོགས་ཤིང་གསལ་བར་བྱའོ། །སྐུ་མདོག་ནི་མཐིང་ནག་སྟེ། འོད་ཟེར་ལྔས་འཁྲིགས་པར་ཡིད་ཀྱིས་བལྟའོ། །དེའི་སྤྱན་སྔར་སྣང་མཛད་སེམས་ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་དེའི་སྤྱན་སྔར་ནི་ཤར་ཕྱོགས་ཀྱི་ལེའུ་ཚེ་དེའི་གནས་སུ་བསྒོམ་པར་བྱའོ། །རྡོ་རྗེ་དབྱིངས་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཕྱུག་མ་དང་འཁྲིལ་བའི་ཚུལ་གྱིས། སྟོབས་གླང་པོ་ཆེའི་གདན་ལ་ཡང་དག་པར་གནས་པ་སྟེ། སྐུ་མདོག་དཀར་པོ་འོད་ཟེར་ལྔས་འཁྲིགས་པ་ཁ་དོག་དཀར་པོ་འོད་འབར་བའོ། །ཞེས་གསུངས་པ་ཡིན་ནོ། །རིན་ཆེན་སེམས་དཔའ་གཡས་སུ་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཞལ་ཤར་དུ་གཟིགས་པ་སྟེ། དེའི་གཡས་གང་ཡིན་པ་ནི་ལྷོ་ཕྱོགས་ཀྱི་ལེའུ་ཙེ་སྟེ་དེའི་གནས་སུ་བསྒོམ་པར་བྱའོ། །རིན་ཆེན་དབྱིངས་ཕྱུག་མ་དང་བཅས་པ་ཞེས་བྱ་བ་ནི། སེམས་ཅན་དགོས་འདོད་རེ་བ་ཡིད་བཞིན་དུ་སྐོང་བའི་རིན་ཆེན་དབྱིངས་ཕྱུག་མ་དེ་དང་། འཁྲིལ་བའི་ཚུལ་གྱིས་རྫུ་འཕྲུལ་རྟའི་ཁྲི་ལ་ཡང་དག་པར་བཞུགས་སོ། །འཛམ་བུ་ན་ཏའི་གསེར་འོད་འདྲ་ཞེས་བྱ་བ་ནི། སྐུ་མདོག་སེར་པོ་གསེར་གྱི་འོད་འདྲ་བ་སྟེ། འོད་ཟེར་ལྔས་འཁྲིལ་བའི་རྒྱབ་ཏུ་ཆོས་ཀྱི་སེམས་དཔའ་སྟེ། ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་རྒྱབ་ནི་ནུབ་སྟེ། ནུབ་ཀྱི་ལེའུ་ཙེ་ལ་ཆོས་ཀྱི་སེམས་པ་བསམ་པར་བྱ་བའི་གནས་ཡིན་ཏེ། དེའི་གནས་སུ་བསམ་པར་བྱའོ། །ཆོས་ཀྱི་སེམས་མར་བཅས་པ་དང་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཆོས་ཀྱི་སེམས་མ་དེ་དང་འཁྲིལ་བའི་ཚུལ་དུ་དབང་རྨ་བྱའི་ཁྲི་ལ་ཡང་དག་པར་བཞུགས་སོ། །སྐུ་མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། དེའི་ཕྱིར་དམར་པོ་པདྨ་ར་གའི་མདོག་ཅེས་བསྟན་པ་ཡིན་ནོ། །ལས་ཀྱི་སེམས་པའི་ གཡོན་དུ ་སྟེ། ཞེས་བྱ་བ་ནི། རྡོ་རྗེ་འཛིན་པའི་གཡོན་གང་ཡིན་པ་དེ་བྱང་གི་ཕྱོགས་ཀྱི་ལེའུ་ཙེ་སྟེ། གནས་དེ་རུ་ལས་ཀྱི་སེམས་པ་བསམ་པར་བྱའོ། །ལས་ཀྱི་དབྱིངས་ཕྱུག་མ་དངའཁྲིལ་ཞེས་བྱ་བ་ནི། ཆོས་ཐམས་ཅད་རང་གི་ངོ་བོ་ལས་སྐྱེས་པའི་ངང་དུ་མཛད་པའི་ལས་ཀྱི་དབྱིངས་ཕྱུག་མ་དང་འཁྲིལ་བའི་ཚུལ་གྱིས་ནམ་མཁའ་ལྡིང་གི་ཁྲི་ཆེན་ལ་ཡང་དག་པར་བཞུགས་སོ། །སྐུ་མདོག་ལྗང་གུ་ཨིནྡྲ་ནི་ལའི་མདོག་འདྲའོ། །ཕྱི་ནང་སེམས་པ་སེམས་མ་རྣམས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བར་གྱི་ཁྱམས་ལ་བསམ་པར་བྱ་བ་སྟེ། ཤར་ཕྱོགས་ཀྱི་ཁྱམས་ལ་པདྨ་དཀར་པོའི་གདན་སྟེངས་སུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྐུ་མདོག་དཀར་པོ་ཕྱག་གཡས་ན་རིན་པོ་ཆེ་འབར་བ། གཡོན་པས་རྩ་བ་བཟུང་ནས་ལ་སེ་དཀར་མོ་དང་། འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །ལྷོ་ཕྱོགས་ཀྱི་འཁྱམས་ལ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ཕྱག་ན་རལ་གྲི་བསྣམས་ནས་མ་ལེ་སྔོན་མོ་དང་འཁྲིལ་བའི་ཚུལ་གྱིས་པདྨ་སྔོན་མོའི་གདན་ལ་བཞུགས་སོ། །ནུབ་ཕྱོགས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་མོ། ཕྱག་ན་པདྨ་བསྣམས་པ་གིར་ཏི་དམར་མོ་སྐུ་ལ་འཁྲིལ་ནས་པདྨ་དམར་པོའི་གདན་ལ་བཞུགས་སོ། །བྱང་ཕྱོགས་ཁྱམས་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་ནས་ནིར་ཏི་ལྗང་གུའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་པདྨ་ལྗང་གུའི་གདན་ལ་བཞུགས་སོ། །དེ་ནི་ནང་གི་སེམས་དཔའ་དང་སེམས་མའོ། །ཤར་ལྷོ་མཚམས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་བྱམས་པ་མཻ་ཏྲི་སྐུ་མདོག་དཀར་སྐྱ་ཕྱག་ན་ཀླུ་ཤིང་བསྣམས་ནས། དྷུ་པེ་དཀར་མོ་སྐུ་ལ་འཁྲིལ་ནས་པདྨ་དཀར་སྐྱའི་གདན་ལ་བཞུགས་སོ། །ལྷོ་ནུབ་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་སྐུ་མདོག་སེར་པོ་ཕྱག་ན་པུ་ཏི་བསྣམས་ནས་པུཥྤེ་སེར་མོའི་སྐུ་ལ་འཁྲིལ་ནས་པད་སེར་གདན་ལ་བཞུགས་སོ། །ནུབ་བྱང་གི་ཁྱམས་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པོ། ཕྱག་ན་རིན་པོ་ཆེ་བསྣམས་ནས་ཨ་ལོ་ཀེ་དམར་མོ་སྐུ་ལ་འཁྲིལ་ནས་པདྨ་དམར་པོའི་གདན་ལ་བཞུགས་སོ། །བྱང་ཤར་མཚམས་ཀྱི་ཁྱམས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་སྐུ་མདོག་ལྗང་གུ་ཕྱག་ན་ཨུད་པ་ལ་བསྣམས་ནས་གེནྡེ་ལྗང་གུའི་སྐུ་ལ་འཁྲིལ་ཏེ་པདྨ་ལྗང་གུའི་ཁྲི་ལ་བཞུགས་སོ། །དེའི་ཕྱི་ནི་སེམས་དཔའ་དང་སེམས་མའོ། །དེ་རྣམས་བསྟན་པ་ལ་ནི་ཕྱི་ནང་སེམས་དཔའ་སེམས་མ་རྣམས་ཞེས་གསུངས་པ་ཡིན་ནོ། །ཕྱི་ནང་གང་ལའང་དེ་བཞིན་བྲི་ཞེས་པ་ནི་ནང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱི་དཀྱིལ་འཁོར་འབྲི་བའི་དུས་ན་ནང་གི་གྲུ་ཆད་ལ་བྲི་བར་བྱའོ། །ཕྱིའི་སེམས་དཔའ་དང་སེམས་མ་རྣམས་ནི་ཕྱིའི་གྲུ་ཆད་ལ་བྲི་བར་བྱའོ། །བསྒོམ་པར་བྱ་བའི་གནས་སྐབས་ན་ནི་ཁྱམས་ཐབས་ཕྱོགས་དང་མཚམས་སུ་བསྒོམས་པར་བྱ། བར་ཁྱམས་དག་ལ་སྤྲུལ་སྐུ་དང་ཞེས་བྱ་བ་ནི་བར་ཁྱམས་ཀྱི་ཤར་ཕྱོགས་སུ་པདྨ་སེར་པོའི་གདན་ལ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཕྱག་ན་གསེག་པ་བསྣམས་ནས་བཞུགས་སོ། །ཤར་ལྷོའི་ཕྱོགས་ཀྱི་ཁྱམས་ལ་པདྨ་དཀར་པོའི་གདན་ལ་སྤྲུལ་སྐུ་བརྒྱ་བྱིན་ཐུབ་པ་ནི། སྐུ་མདོག་དཀར་པོ་ཕྱག་ན་པི་ཝང་བསྣམས་ནས་བཞུགས་སོ། །ལྷོའི་ཁྱམས་ལ་པདྨ་མཐིང་གའི་གདན་ལ་སྤྲུལ་སྐུ་དམྱལ་བའི་ཐུབ་པ་ནི་སྐུ་མདོག་མཐིང་ནག་གཤིན་རྗེའི་ཞེས་བྱ་བ་ཕྱག་ན་མེ་ཆུ་བསྣམས་པའོ། །ནུབ་ཕྱོགས་ཀྱི་ཁྱམས་ལ་སྤྲུལ་སྐུ་བྱོལ་སོང་གི་ཐུབ་པ་ནི། སྐུ་མདོག་སྨུག་པོ་ཨ་བ་གླང་མགོ་ཅན་ཞེས་བྱ་བ་ནི་ཕྱག་ན་པོ་ཏི་བསྣམས་ནས་པདྨ་སྨུག་པོའི་གདན་ལ་བཞུགས་སོ། །ནུབ་བྱང་གི་ཁྱམས་ལ་སྤྲུལ་སྐུ་ལྷ་མ་ཡིན་གྱི་ཐུབ་པ་སྐུ་མདོག་སྔོན་པོ་ཐག་བཟངས་རིས་ཞེས་བྱ་བ་ཕྱག་ན་རལ་གྲི་བསྣམས་ནས་པདྨ་སྔོན་པོའི་གདན་ལ་བཞུགས་སོ། །བྱང་ཕྱོགས་ཀྱི་ཁྱམས་ལ་སྤྲུལ་སྐུ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་ཞེས་བྱ་བ་སྐུ་མདོག་ལྗང་གུ་ཕྱག་ན་རིན་པོ་ཆེའི་སྒྲོམ་བུ་བསྣམས་ནས་པདྨ་ལྗང་གུའི་གདན་ལ་བཞུགས་སོ། །ཤར་ཕྱོགས་ཀྱི་ཁྱམས་དང་ནུབ་ཕྱོགས་གཉིས་ཀྱི་ཁྱམས་ལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་བསྒོམས་ཏེ། སྐུ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས་སོ། །ཡུམ་གྱི་ཕྱག་ན་དྲིལ་བུའོ། །སྒོར་ནི་སྒོ་མ་དང་བཅས་པ་ཞེས་བྱ་བ་ནི། ཤར་ཕྱོགས་ཀྱི་སྒོར་ཁྲོ་བོ་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག་ཕྱག་ན་མི་མགོ་གདེངས་པ་བསྣམས་ནས། མེ་དཔུང་འབར་བའི་དཀྱིལ་ན་རྟ་གདོང་ལྕགས་ཀྱུ་མ་སྐུ་ལ་འཁྲིལ་ནས་བཞུགས་སོ། །ལྷོ་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་གཤིན་རྗེ་གཤེད་སྐུ་མདོག་དུད་ཀ་ཕྱག་ན་བེ་ཅོན་བསྣམས་ནས། ཡུམ་ཕག་གདོང་ཞགས་པ་མ་དང་གཉིས་འཁྲིལ་བའི་ཚུལ་གྱིས་མེ་དཔུང་གི་དབུས་ན་བཞུགས་སོ། །ནུབ་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཕྱག་ན་ཐོད་སྦྲུལ་དང་ཞགས་པའོ། །ཡུམ་ཉི་ཟླ་ལྕགས་སྒྲོག་མ་དང་འཁྲིལ་བའི་ཚུལ་གྱིས་མེ་དཔུང་ནང་ན་བཞུགས་སོ། །བྱང་ཕྱོགས་ཀྱི་སྒོར་ནི་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་ནས། ཡུམ་ཐལ་བྱེད་དྲིལ་བུ་མ་སྐུ་ལ་འཁྲིལ་ནས་མེ་དཔུང་ནང་དུ་བཞུགས་སོ། །འདི་ཇི་ལྟར་རྒྱས་པར་བསྟན་པ་བཞིན་དུ་དཀྱིལ་འཁོར་ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། དཀྱིལ་འཁོར་འདི་ནི་དཀྱིལ་འཁོར་དམ་པ་ཡིན་ཏེ། དཀྱིལ་འཁོར་ཐམས་ཅད་འདི་ལས་འབྱུང་བའི་ཕྱིར་ན། སངས་རྒྱས་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཉམས་དགའ་དམ་པའོ། །ཞེས་གསུངས་པ་སྟེ། རིན་པོ་ཆེ་འབར་བའི་གང་ཟག་ལ་བསྟན་པའོ། །དེ་ནས་པདྨ་དཀར་འདྲའི་གང་ཟག་ལ་བསྟན་པའི་ཕྱིར། སངས་རྒྱས་འཁོར་ལོ་ཅན་གྱི་དཀྱིལ་འཁོར་གསུངས་ཏེ། གཙོ་བོ་གང་ཡིན་པ་བསྒྱུར་བར་ཤེས་པར་བྱ་སྟེ། བྲི་བ་དང་ལྷའི་སྐུ་མདོག་ལ་སོགས་པ་རྒྱས་པར་གོང་དུ་གསུངས་པས་ཀུན་ལ་ཤེས་པར་བྱའོ། །འཁོར་ལོ་ཅན་གྱི་དཀྱིལ་འཁོར་བསྟན་པའི་ཕྱིར། སངས་རྒྱས་འཁོར་ལོ་ཅན་གྱིས་གསུངས་ཞེས་པ་ནས། རྡོ་རྗེ་འཛིན་པ་འདྲ་བ་ཡིན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་པདྨ་འདྲ་བའི་གང་ཟག་ལ་རིན་ཆེན་དཀྱིལ་འཁོར་བསྟན་པའི་ཕྱིར། རིན་ཆེན་དཀྱིལ་འཁོར་དམ་པ་ནི་ཞེས་པ་ནས་རྡོ་རྗེ་འཛིན་པའི་ལྷོ་ཕྱོགས་སུ་ཞེས་པའི་ཚིག་ལྔས་བསྟན་ཏོ། །དེ་ནས་ཙན་དན་འདྲ་བའི་གང་ཟག་ལ། །པདྨའི་དཀྱིལ་འཁོར་བསྟན་པའི་ཕྱིར། །པདྨ་འདབ་མ་བརྒྱད་པ་ལ། །ཞེས་པའི་ཚིག་བཞིས་བསྟན་ཏོ། །དེ་ནས་ཨུད་པ་ལ་འདྲ་བའི་གང་ཟག་ལ། ལས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། །སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་ཞེས་པ་ནས་གཞན་ཡང་དེ་བཞིན་རྒྱས་པར་བྲི་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་དཀྱིལ་འཁོར་དེ་དག་ལ་རྒྱན་བཀོད་པ་བསྟན་པའི་ཕྱིར། དཀྱིལ་འཁོར་ཉམས་དགའ་དེ་དག་ལ། ཞེས་པ་ལ་སྩོགས་གསུངས་ཏེ། བུམ་པ་བརྒྱད་དང་བརྒྱད་ཉིད་ལ་ཞེས་བྱ་བ་ནི་བུམ་པ་བརྒྱད་དང་། ཡང་བཅུ་དྲུག་ཏུ་བྱས་ལ་དེའི་ནང་བླུགས་པའི་རྫས་བསྟན་པའི་ཕྱིར། ཅི་འབྱོར་གཏུང་བ་སྣུམ་པོའམ། ཞེས་པ་ལ་སོགས་པ་གསུངས་ཏེ། ཅི་འབྱོར་གཏུང་བ་བསྣུམ་པོའམ་ཞེས་བྱ་བ་ནི། འབྱོར་པ་བཟང་བའི་བྱེ་བྲག་བུ་རམ་ལ་སོགས་པ་ཅི་འབྱོར་པ་བླུགས་ཏེ་ཆེ་བའི་ཡོན་ཏན་གྱིས་བརྒྱན་པའི་རྟགས་སོ། །བདུད་རྩི་ལྔའམ་རིན་ཆེན་བཅས་ཞེས་བྱ་བ་ནི། སྨན་ལྔ་བླུགས་པ་དེ་བྱང་ཆུབ་ཀྱི་སེམས་ཀྱི་རྟགས་སོ། །འབྲུ་ལྔའི་ལྷ་རྣམས་ཀྱི་མཚན་མའི་རྟགས་སོ། །རིན་པོ་ཆེ་ལྔ་ནི་ལྷའི་སྐུ་མདོག་གི་རྟགས་སོ། །གང་བའི་རིན་ཆེན་བུམ་པ་ནི་ཞེས་བྱ་གོང་མའི་རྫས་རྣམས་ཀྱིས་གང་བའོ། །དང་པོ་གསེར་གྱི་བུམ་པར་ཡང་བཤད་ཅེས་བྱ་བ་ནི། རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལ་བརྒྱན་པར་བྱའོ། །གཉིས་པ་ཤེལ་དང་དངུལ་གྱི་དེ་ཞེས་བྱ་བ་ནི། སངས་རྒྱས་འཁོར་ལོ་ཅན་གྱིའོ། །གསུམ་པ་བཻ་ཌཱུརའི་ཞེས་བྱ་བ་ནི་རིན་པོ་ཆེའི་རྒྱན་ནོ། །བཞི་པ་ཟངས་ཀྱི་བུམ་པར་བྱ་ཞེས་བྱ་བ་ནི། པདྨའི་དཀྱིལ་འཁོར་གྱི་རྒྱན་ནོ། །ལྔ་པ་ལྕགས་ཀྱི་བུམ་པར་བཤད་ཅེས་བྱ་བ་ནི། སྣ་ཚོགས་ལས་ཀྱི་དཀྱིལ་འཁོར་གྱིའོ། །དྲུག་པ་ལ་ནི་སྣ་ཚོགས་པ། །བུམ་པ་གང་བར་བཞག་པར་བྱ། །ཞེས་བྱ་བ་ནི་སྤྱིའི་དཀྱིལ་འཁོར་གྱི་བུམ་པའོ། །གཞན་ཡང་རྒྱན་གྱི་ཁྱད་པར་དང་། །རོལ་མོ་ཡིད་འོང་ཅི་འབྱོར་དང་། །ཞེས་བྱ་བ་ནི་བུམ་པར་མ་ཟད་དེ་བླ་རེ་དང་ཕན་དང་གདུགས་རྒྱལ་མཚན་དང་བ་དན་དང་དར་གྱི་ལྡ་ལྡི་དང་རྒྱན་གྱི་ཁྱད་པར་མང་པོས་བརྒྱན་ནོ། །དེར་མ་ཟད་དེ་སྤོས་དང་གར་དང་གླུ་དང་རྔ་དང་རྔ་བོ་ཆེ་དང་རྫ་རྔ་དང་པི་ཝང་དང་། གླིང་བུ་དང་ཅང་ཏིའུ་དང་ཆ་ལང་དང་། དྲིལ་བུ་ལ་སོགས་པ་གྲངས་མང་པོ་ཐོགས་ལ་དཀྱིལ་འཁོར་ལ་བསྐོར་བ་བྱའོ། །མཆོད་པའི་ཡོ་བྱད་ཐམས་ཅད་དང་། གཏོར་མ་ལ་སོགས་མཛེས་པར་དགྲམ་ཞེས་བྱ་བ་ནི་མཆོད་པའི་ཡོ་བྱད་དེ་སྤོས་དང་མེ་ཏོག་དང་མར་མེ་དང་དྲི་ཆབ་དང་ཨརྒ་ལ་སོགས་པ་རིམ་པ་མ་ནོར་བཀྲམ་མོ། །གཏོར་མ་ལ་སོགས་པ་ནི་ཕྱོགས་སྐྱོང་གི་གཏོར་མ་ལ་སོགས་པ་མང་པོ་བཀྲམ་མོ། །དེ་ནས་རྣལ་འབྱོར་པས་བསྒོམ་པའི་རིམ་པས་བྱ་བ་བསྟན་པའི་ཕྱིར། དེ་ནས་རྣལ་འབྱོར་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ནས་རྣལ་འབྱོར་ཅན་གྱིས་ནི་ཞེས་བྱ་བ་ནི། དཀྱིལ་འཁོར་འཁོར་ལོའི་རྒྱན་ལ་སོགས་པ་ཐམས་ཅད་བཀྲམ་པའི་དེ་མ་ཐག་པ་དེ་ནས། རྣལ་འབྱོར་བས་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་བྱའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། དང་པོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་དང་། གཉིས་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་དང་། གསུམ་པ་རྒྱུའི་ཏིང་ངེ་འཛིན་བསྒོམ་པར་བྱ་བ་སྟེ། རྒྱུ་ཡི་གེར་གནས་པའི་སྐབས་ཉིད་ནི། དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པའི་གོང་དུ་གསུངས་པའི་རིམ་པས་བསྐྱེད་པ་སྟེ། རྟེན་གྱི་དཀྱིལ་འཁོར་གདན་དང་བཅས་པའི་རྗེས་ཐོགས་སུ་རྟེན་ཅན་གྱི་དཀྱིལ་འཁོར་བསྐྱེད་དེ། གོང་མའི་རིག་པ་ཇི་བཞིན་དུ་བྱ་བ་སྟེ། རྟེན་ཅན་གྱི་འཁོར་ལོ་རྫོགས་པའི་རྗེས་ཐོགས་སུ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་ནས། ཕྱག་རྒྱ་བཞིས་རྒྱས་གདབ་བོ། །དེ་ནས་དབང་ནོད་པ་དེ་དབུ་རྒྱན་ལ་སོགས་པ་ལ་རིགས་ལྔ་ཆར་གྱིས་བརྒྱན་པའོ། །ལྷག་མ་རྣམས་ནི་རང་རེ་རིགས་ལྔ་སོ་སོའི་རྒྱན་ཁོ་ནའོ། །དེ་ཡན་ཆད་དུ་བསྙེན་བསྒྲུབ་ཡན་ལག་བཞི་ཚང་སྟེ། གཙོ་བོའི་སྐུ་ཡན་ལག་དང་བཅས་པ་རྫོགས་པ་ནི་བསྙེན་པའོ། །འཁོར་གྱི་སྐུ་བསྐྱེད་པ་ནི་ཉེ་བའི་བསྙེན་པའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་བསྒྲུབ་པའོ། །ཡེ་ཤེས་སེམས་དཔའ་བསྒོམ་པ་ནི་བསྒྲུབ་པ་ཆེན་པོ་སྟེ། སྤྱིར་བསྙེན་བསྒྲུབ་བཞིའོ། །དེ་ནས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་སྤྱན་དྲངས་ཏེ། བདག་ཉིད་ཀྱི་ཐུགས་ཀར་ཡི་གེ་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོད་ཟེར་རམ། ལྷ་མོ་ལྕགས་ཀྱུ་མ་གྱུར་ཏེ། ལྷ་མོའི་རང་བཞིན་གྲུབ་པའི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཕོ་བྲང་དང་བཅས་པར་མདུན་གྱི་ནམ་མཁར་བྱོན་པ་དང་། དེ་ལ་ཕྱི་ནང་མཆོད་པས་མཆོད་དོ། །མཆོད་པའི་རྗེས་ལ་བསྟོད་པ་ཡང་བྱ་སྟེ་རྡོ་རྗེའི་ཚིག་ཏུ་འདི་སྐད་བརྗོད་དོ། །ཧཱུྃ། ཆོས་སྐུ་ཡེ་ནས་དག་པ་ལ། །འཁྲུལ་པའི་མཚན་མ་མེད་པ་སྟེ། །སེམས་ཅན་འཁོར་བར་འཁྱམས་དོན་དུ། །གཟུགས་བརྙན་སྟོན་པ་ཁྱོད་ལ་བསྟོད། །ཅེས་བརྗོད་དོ། །ཞགས་པ་མས་ལྷོར་སྒོར་ཞུགས་པ་དང་། ལྕགས་སྒྲོག་མས་བསྟིམ་པ་དང་། དྲིལ་བུ་མས་དགྱེས་པར་བྱ་སྟེ། ནམ་སེམས་ཅན་གྱི་དོན་མ་འགྲུབ་ཀྱི་བར་དུ་བསྟན་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་རིམ་པ་བྱ་བའི་ཕྱིར། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད་ཅེས་གསུངས་པ་ཡིན་ནོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་ཅིག་ཏུ་འགྱུར་བ་དེ་ལ་མཆོད་པ་དབུལ་ཏེ། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད་ཟེར་ལས་ལྷ་མོའི་ཚོགས་ལ་སེ་ལ་སོགས་མང་པོ་སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སླར་ཐིམ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས། ལྷ་མོ་མང་པོ་སླར་འཐོན་ནས། བདག་ཉིད་དཀྱིལ་འཁོར་དང་བཅས་པ་ལ་མཆོད་པ་དང་བསྟོད་པ་བྱེད་པ་དེའི་ཕྱིར། མཉེས་ནས་ཉེ་བར་གྱུར་པའི་ངང་ཞེས་གསུངས་སོ། །ལས་བཞིའི་མཆོད་པ་ཙམ་བྱས་ཏེ། ཞེས་བྱ་བ་ནི། མི་འདྲ་བ་བཞི་སྟེ། གཟུགས་སྒྲ་དྲི་རོ་རེག་ལ་སོགས་པའོ། །དབྱིབས་དང་ཁ་དོག་མཚན་མར་བཅས་ཞེས་བྱ་བ་ནི། དབྱིབས་རིང་པོ་དང་ཐུང་ངུ་དང་ཟླུམ་པོ་དང་གྲུ་བཞི་དང་ངོ་། །ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་ལ་སོགས་པའོ། །ལྷ་སོ་སོའི་ཕྱག་ན་འདོད་པའི་ཡོན་ཏན་བསྣམས་ནས་མཆོད་པའི་ཕྱིར། གཟུགས་སྒྲ་དྲི་རོ་རེག་བྱ་ཡིས་ཞེས་གསུངས་པ་ཡིན་ནོ། །མཆོད་པའི་ལྷ་མོ་དེ་རྣམས་ཀྱིས། བདག་དཀྱིལ་འཁོར་བ་རྣམས་ལ་མཆོད་པའི་ཕྱིར། མཆོད་སྦྱིན་སྟོབས་པའི་ལས་རྣམས་བྱ་ཞེས་གསུངས་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་བསྟན་པའོ། །དེ་ནས་སློབ་མ་ལ་དབང་བསྐུར་བའི་རིམ་པ་བསྟན་པའི་ཕྱིར། དེ་ནས་རིག་ཀྱི་བུ་མཆོག་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་རིགས་ཀྱི་བུ་མཆོག་དེ་ཞེས་པ་ནི། སློབ་དཔོན་གྱི་རང་བཞིན་གྱི་དཀྱིལ་འཁོར་དུ་དབང་ནོས་པ་དེའི་དེ་མ་ཐག་པ་དེ་ནས་གཞུང་མཐུན་པའི་སློབ་མ་དེ་སྟེ། རིགས་སོ་སོའི་མཚན་ཉིད་གང་ལྡན་པ་དེ་ལ་དབང་བསྐུར་བར་བརྩམ་པར་བྱའོ། །གསང་བའི་དཀྱིལ་འཁོར་བསྟན་པར་ཞེས་བྱ་བ་ནི། ཉན་ཐོས་ལས་གསང་བའི་ཕྱིར་གསང་བ་སྟེ། བརྙན་མའི་དཀྱིལ་འཁོར་དེ་བསྟན་པར་བྱའོ། །ཅི་དགའ་ཞེས་དྲིས་ནས་ནི་ཞེས་བྱ་བ་ནི། སློབ་དཔོན་གྱིས་བྲིས་པའི་བཀའ་ལུང་དེ་གནང་བ་གསལ་བའི་ཚིག་གོ། །བདག་ནི་འདི་ལ་དགའ་བའོ། །ཞེས་བྱ་བ་ནི། སློབ་མའི་བདག་ནི་གསང་བའི་དཀྱིལ་འཁོར་ལ་བལྟ་བར་འཚལ་ལགས་སོ། །ཞེས་པ་སྟེ་ཞུས་ཚིག་གོ། །འཇུག་པ་པོས་ཀྱང་ལན་དུ་སྦྱིན་ཞེས་པ་སྟེ། གོང་གི་ཚིག་ཉིད་ལ་བསྙགས་སོ། །དེ་ནས་མནའ་དགག་པའི་ཕྱིར། །བླ་མ་ལུང་ལྡན་དམ་པ་དེས། །མནའ་ཡི་རྡོ་རྗེ་སྦྱིན་པའི་ཕྱིར། །བཟླས་པའི་ཆུ་ནི་གླུད་པར་བྱ། །ཞེས་གསུངས་ཏེ། བླ་མ་ལུང་དང་ལྡན་པའི་དམ་པ་དེས། །སློབ་མ་ལས་མི་འདའ་བར་བྱ་བའི་ཕྱིར། །པདྨའི་ནང་དུ་བདུད་རྩི་ལྔ་སྦྱར་བ། །དེ་ལ་སྔགས་འདི་བརྒྱ་རྩ་བརྒྱད་དུ་བཟླས་ལ་བླུད་དོ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་ད་ལི་ཧཱུྃ་ཞེས་བརྗོད་ལ། དེ་ནས་བླུད་དེ་རྡོ་རྗེ་ཚིག་ཏུ་ཡང་འདི་སྐད་ཡང་བརྗོད་དོ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་རྒྱུ། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་ལ་བླུད་དེ། དེ་ནས་དམ་ཚིག་བསྟན་པའི་ཕྱིར། གསང་བའི་དམ་ཚིག་སྒྲགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་དམ་ཚིག་འོག་ནས་འབྱུང་བ་འདི་དག་སྒྲགས་སོ། །སྐལ་དང་ལྡན་པའི་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ཆོས་ཉན་པའི་སྐལ་དང་ལྡན་པ་རིགས་ཀྱི་བུ་ཞེས་སློབ་མ་ལ་བོས་ནས་ཁྱོད་ཀྱིས་བསྲུང་བར་བྱ་བ་ནི་འོག་ནས་འབྱུང་བ་འདི་རྣམས་བསྟན་ཏོ། །ཞེས་བསྟན་པར་བྱ་བའི་ཕྱིར། ལྷ་དང་བླ་མ་སྤུན་མི་སྤངས་ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་དང་བླ་མ་སྤུན་མི་སྤངས་ཞེས་བྱ་བ་ནི་ཡི་དམ་གྱི་ལྷ་དང་རྟག་ཏུ་འགྲོག་པར་བྱ་བ་དང་། རྡོ་རྗེ་སྤུན་རྟག་ཏུ་མི་འབྲལ་བ་དང་། རྡོ་རྗེ་སློབ་དཔོན་བླ་མ་དམ་པ་སྟེ་མི་སྤང་སྟེ་རྟག་ཏུ་རྟེན་པར་བྱའོ། །སྔགས་དང་ཕྱག་རྒྱ་དེ་བཞིན་དེ་ཞེས་བྱ་བ་ནི་གསང་བའི་སྔགས་བཟླས་པ་དང་། དེ་བཞིན་གཤེགས་པའི་ཕྱག་རྒྱ་བཅའ་བ་དང་མི་འབྲལ་བར་བྱའོ། །གསང་བ་གཞན་ལ་སྤེལ་མི་བྱ་ཞེས་བྱ་བ་ནི། གསང་བའི་མན་ངག་འདི་ལྟ་བུ་ཡིན་ཞེས་སྣོད་ངན་པ་ལ་བསྒྲགས་པར་བྱ་བ་མ་ཡིན་ནོ། །བསྒྲུབ་པའི་རྫས་ནི་རྣམ་པ་ལྔ་རྟག་ཏུ་བཟའ་ཞིང་བཅའ་བར་བྱ་ཞེས་བྱ་བ་ནི། བསྒྲུབ་པའི་རྫས་རྣམ་པ་ལྔ་ནི། ཟླ་བ་ཉི་མ་ཆུ་སྨར་དྲི་དང་ལྔ་སྟེ། དུས་རྟག་ཏུ་བཟའ་ཞིང་སྤྱད་པར་བྱའོ། །ཤ་ལྔ་དང་ནི་ཆང་ལྔ་དང་། །འདོད་པ་རྣམས་ནི་རྟག་ཏུ་བསྟེན། །ཞེས་བྱ་བ་ནི། ཤ་ལྔ་ནི་གླང་པོ་ཆེའི་ཤ་དང་། རྟའི་ཤ་དང་། ཁྱིའི་ཤ་དང་། ནམ་མཁའ་ལྡིང་གི་ཤ་དང་། ཤ་ཆེན་ཏེ་ལྔའོ། །འདོད་པ་རྣམས་ནི་འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་དང་། ང་རྒྱལ་ཆེན་པོ་དང་། ཕྲག་དོག་ཆེན་པོ་དང་། དེ་རྣམས་ནི་མི་སྤང་སྟེ། རྟག་ཏུ་བརྟེན་པར་བྱའོ། །སྦྱོར་དང་སྒྲོལ་དང་འཕྲ་མ་དང་། མི་སྙན་སྐུ་དང་སྤྱད་པར་བྱ་ཞེས་བྱ་བ་ནི། སྦྱོར་བའི་ཡང་དག་པའི་དོན་ལ་སྦྱོར་བ་བྱའོ། །སྒྲོལ་བ་ནི་གཉིས་མེད་པའི་ངང་དུ་ཁམས་གསུམ་གྱི་སེམས་ཅན་སྒྲོལ་བའོ། །འཕྲ་མ་དེ་ཕྱིན་ཅི་ལོག་དང་བྲལ་བའོ། །མི་སྙན་པ་ནི་ཡང་དག་པའི་དོན་ལ་ཡིད་ཆེས་པའི་ཚིག་སྨྲའོ། །སྐུ་ནི་གཉིས་སུ་མེད་པའི་དོན་ཏེ་གཞན་གྱིས་མ་བྱིན་ཀྱང་བླང་བར་བྱའོ། །སྤྱད་པར་བྱ་བ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་སྤྱད་པར་བྱའོ། །དཀའ་ཐུབ་དཀའ་བ་སྤྱད་མི་བྱ། །ཁྲིམས་དང་བསྡོམ་པས་བཅིངས་པ་མིན། །ཞེས་བྱ་བ་ནི་ཡང་དག་པའི་དོན་ལ་ཡིད་ཆེས་པ་མེད་ན་དཀའ་ཐུབ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བར་ཡང་ལུས་ངག་ཡིད་གསུམ་གྱི་སྡོམ་པ་བྱས་ཀྱང་རྣམ་པར་རྟོག་པས་བཅིངས་པ་སྟེ། དེ་ལྟར་བྱས་པ་མ་ཡིན་ནོ། །ཡང་དག་པའི་དོན་ལ་ཡིད་མ་ཆེས་ན་ནི་ཇི་ལྟར་བྱས་པ་རྟོག་པའི་དོན་ཡིན་ནོ། །སྙིང་ནས་སློབ་དཔོན་སྨོད་པ་ནི། བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་བྱ་བ་ནི། སྙིང་གི་གཏིང་ནས་ཞེ་སྡང་སྐྱེས་ཏེ། སློབ་དཔོན་ཐབས་གཡོ་ཡིས་སྨོད་ན་ཐབས་ཀྱི་སྒོ་ནས་བསྒྲུབ་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །དེ་ནི་དཀྱིལ་འཁོར་དུ་བཞུགས་པའི་རིམ་པ་སྟེ། དཀྱིལ་འཁོར་དང་པོ་བསྒྲུབས་པའི་དབང་ཞེས་བྱའོ། །དེ་ནས་དཀྱིལ་འཁོར་བསྟན་པའི་རྗེས་སུ་བུམ་པའི་དབང་བསྐུར་བ་བརྩམ་སྟེ། བུམ་བརྒྱད་དམ་བཅུ་དྲུག་རྣམས་གཅིག་ཏུ་བསྡོམ་པའམ། འོན་ཏེ་རང་ལས་བྱ་སྟེ། ཧཱུྃ་ལས་རྡོ་རྗེར་འགྱུར། རྡོ་རྗེ་ལས་མི་བསྐྱོད་པའི་སྐུར་བསྐྱེད་དོ། །དེ་ལ་དགུག་དང་བཞུགས་དང་གཏིམ་བྱས་ནས། མཆོད་པ་དང་བསྟོད་པ་བྱ་བའི་རྗེས་ལ་མི་བསྐྱོད་པ་ཞུ་ནས་ཆུའི་གཟུགས་སུ་གྱུར་ཏེ། དེས་དབང་བསྐུར་བ་ནི། གཉིས་པ་རྡོ་རྗེ་རྒྱལ་པོའི་དབང་ཞེས་བྱ་བའོ། །དེ་ནས་ཅོད་པན་གྱིས་དབང་བསྐུར་ཏེ། སྭ་ལས་རིན་པོ་ཆེ་ལས་རིན་ཆེན་འབྱུང་ལྡན་གྱི་སྐུར་གྱུར་ཏེ། དེ་ལ་ཡང་དགུག་པ་དང་བསྟོད་པ་ཡན་ཆད་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཅོད་པན་གྱི་གཟུགས་སུ་གྱུར་ཏེ། དེས་དབང་བསྐུར་བ་ནི་གསུམ་པ་གསང་བའི་གསང་བ་ཉན་པའི་དབང་ཞེས་བྱའོ། །དེ་ནས་རྡོ་རྗེའི་དབང་སྦྱིན་ཏེ། ཨཾ་ལས་པདྨ་ལས་སྣང་བ་མཐའ་ཡས་ཀྱི་སྐུར་གྱུར་ཏེ། དེ་ལ་མཆོད་བསྟོད་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་ཏེ་དེས་དབང་བསྐུར་བ་ནི་བཞི་བར་ཆད་པའི་དབང་ཡང་སྦྱིན་ཞེས་བྱའོ། །དེ་ནས་དྲིལ་བུའི་དབང་བསྐུར་ཡི་གེ་ཧ་ལས་རལ་གྲི་དེ་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པའི་སྐུར་གྱུར་ཏེ། དེ་ལ་མཆོད་བསྟོད་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུར་གྱུར་ཏེ། དེས་དབང་བསྐུར་བ་ནི་ལས་ཀྱི་དབང་ནི་ལྔ་པར་སྦྱིན་ཞེས་བྱའོ། །དེ་ནས་མིང་གི་དབང་བསྐུར་ཏེ། སློབ་དཔོན་གྱིས་ལག་པ་སློབ་མའི་མགོར་བཞག་སྟེ། རྡོ་རྗེ་ཚིག་ཏུ་ཡང་འདི་སྐད་བརྗོད་དེ། ཁྱོད་ནི་སངས་རྒྱས་དངོས་ཡིན་ཏེ། །རབ་ཏུ་བསྔགས་པའི་གསང་བའི་མིང་། །རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ། དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཞེས་པ་ནི་དྲུག་པ་རབ་འབྱམས་རྒྱལ་པོའི་དབང་ཞེས་བྱའོ། །དེ་ནས་སློབ་དཔོན་གྱི་དབང་བསྐུར་བ་དང་། གསང་བའི་དབང་དང་ཤེས་རབ་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་སྟེ། དེ་རྣམས་ལ་སོགས་པའི་དབང་རྣམས་ཇི་སྙེད་པ་ཚང་བར་བསྐུར་དུ་རུང་བར་བཤད་ཅེས་གསུངས་སོ། །དེ་ནས་དྲིན་ལ་ལན་གྱིས་གླན་པའི་ཕྱིར་ཡོན་དབུལ་བར་བསྟན་ཏེ། དེའི་ཕྱིར་ནས་དབང་ཐོབ་བྱའི་ཕྱིར་ཞེས་བྱ་བ་ལ་སོགས་པ། བསྟན་དེ་དེ་ནས་དབང་མཆོག་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི། དབང་བསྐུར་བའི་དེ་མ་ཐག་པ་དེ་ནས། དེ་དབང་གི་མཆོག་རྣམས་ཐོབ་པར་བྱ་བའི་ཕྱིར། ཡོན་དབུལ་ལོ། །རིགས་ཀྱི་བུ་མཆོག་དེ་དག་གིས་ཞེས་བྱ་བ་ནི། རིགས་སོ་སོའི་མཚན་ཉིད་དང་ལྡན་པའི་བུ་མཆོག་གང་ཡིན་པ་དེ་དག་གིས། ཡོན་གྱི་མཆོག་རང་གི་བྱེ་བྲག་གི་དབུལ་ཏེ། དེ་ཡང་སྲོག་ལུས་ལམ་འཇུངས་པའི་སེམས་ཀྱིས་དབུལ་ཏེ། དེའི་ཕྱིར་ཡོན་མཆོག་དག་ནི་དབུལ་བར་ངེས། སྲོག་ལུས་མན་ཆད་རྫས་ཀྱི་རྣམས། །མ་འཇུངས་པའི་སེམས་ཀྱིས་དབུལ་ཏེ། །ཞེས་པ་ལ་སོགས་པ་ཡིན་ནོ། །དེ་ནས་རྡོ་རྗེ་འཛིན་པའི་ཡོན་བཤད་པའི་ཕྱིར། རང་གི་ལུས་དང་སེམས་དག་དང་ཞེས་པས་བསྟན་ཏེ། རང་གི་ལུས་དང་སེམས་དགའ་དང་ཞེས་བྱ་བ་ནི་རང་གི་ལུས་དབུལ་གྱིས་བཞེས་ཤིག་བདག་གི་སེམས་དབུལ་གྱིས་བཞེས་ཤིག་པ་སྟེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སློབ་དཔོན་དམ་པ་མཉེས་པར་བྱེད་པའོ། །སྙིང་ཡང་ཡོན་གྱི་མཆོག་ཡིན་ཏེ། །ཞེས་བྱ་བ་ནི། སྙིང་བརྩེ་ཞིང་གདུང་བ་ཡིན་གྱི་མཆོག་དམ་པའོ། །སེམས་ཀྱི་དགོངས་པ་གང་དང་གང་ཞེས་བྱ་བ་ནི། སློབ་དཔོན་དམ་པ་དེའི་ཐུགས་དང་ཇི་ལྟར་འཚམས་པ་གང་དང་གང་སྟེ། དེ་དང་དེ་རུ་དབུལ་བར་བྱའོ། །གོང་དུ་བསྟན་པའི་ཡོན་རྣམས་ནི། །རྡོ་རྗེ་འཛིན་གྱི་ཡོན་དུ་བཤད་དོ། །དེ་ནས་སངས་རྒྱས་འཁོར་ལོ་ཅན་གྱི་ཡོན་བསྟན་ཏེ། མི་ཆེན་དག་ནི་འདོད་པ་བཞིན། །ཡོན་ཏན་སྣ་ཚོགས་དབུལ་བ་ནི། །ཞེས་བྱ་བ་ནི་མི་ཆེན་ནི་བྲན་གྱི་ནང་ནས་སྙིང་ཉེ་དབུལ་བ་དང་། རྫས་སྡུག་པ་དབུལ་བ་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དབུལ་བ་ནི། སངས་རྒྱས་འཁོར་ལོ་ཅན་གྱི་ཡིན་ནོ། །དེ་ནས་རིན་པོ་ཆེའི་ཡོན་བསྟན་ཏེ། རིན་པོ་ཆེ་དང་ནོར་གྱི་དབྱིག །ཇི་སྙེད་ཡོད་པ་ཐམས་ཅད་ནི། །ཞེས་བྱ་བ་ནི། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་ཐམས་ཅད་དང་། ནོར་གྱི་དབྱིག་ཕངས་པ་ཐམས་ཅད་དང་། ཅི་འོས་ཤིང་འཚམས་པའི་ནོར་ཇི་སྙེད་ཡོད་པ་ཐམས་ཅད་ནི། རིན་ཆེན་འཛིན་གྱི་ཡོན་ཡིན་ནོ། །དེ་ནས་པདྨའི་ཡོན་བསྟན་ཏེ། མ་དང་བུ་མོ་ཆུང་མ་དང་། ཞེས་བྱ་བ་ནི་མ་ལས་ཞེས་པ་མེད་དེ་བུ་མོ་དང་ཆུང་མ་དང་སྙིང་དུ་སྡུག་པ་དབུལ་ལོ། །སྲིང་མོ་ཤིན་ཏུ་བརྒྱན་པ་དང་ཞེས་བྱ་བ་སྲིང་མོ་ལ་གཟི་གཡུ་ལ་སོགས་པ་རིན་པོ་ཆེ་སྣ་པས་བརྒྱན་ལ་དབུལ་བར་བྱའོ། །མིའི་མིང་དང་མཚན་མ་ཅན་ཞེས་བྱ་བ་ནི། ཏ་ལ་སོགས་པ་མིའི་མཚན་མ་ཡོད་པ་དང་། དུད་འགྲོའི་རིགས་མོའི་མཚན་མ་ཡོད་པ་དེ་རྣམས་པདྨ་ཅན་གྱི་ཡོན་ཡིན་ནོ། །དེ་ནས་ལས་ཀྱི་ཡོན་བསྟན་ཏེ། གླང་པོ་རྟ་དང་ཤིང་རྟ་དང་། །ཞེས་བྱ་བ་ནི། གླང་པོ་ཆེ་དང་རྟ་བཟང་པོ་དང་། ཤིང་རྟ་ལེགས་མོ་དང་། དེར་མ་ཟད་དེ་བྱོལ་སོང་ཇི་ལྟར་འདེགས་ཆེ་བ་རྣམས་དབུལ་བའི་ཕྱིར་རོ། །ཚོགས་རྣམ་པ་སྣ་ཚོགས་དང་། ཐེག་པའི་བྱེ་བྲག་སྣ་ཚོགས་ཀུན་ཞེས་པ་གསུངས་ཏེ། སྣ་ཚོགས་རྡོ་རྗེའི་ཡོན་ཡིན་ནོ། །དེ་ནས་སྤྱིའི་དཀྱིལ་འཁོར་གྱི་ཡོན་ནི་སངས་རྒྱས་ཀུན་ལ་ཞེས་པ་ནས། སྤྱིའི་དཀྱིལ་འཁོར་དག་ཏུ་དབུལ་ཞེས་པ་ཚིག་ལྔས་བསྟན་གོ་སླའོ། །དེ་ནས་ཡོན་དེ་རྣམས་སློབ་དཔོན་ལ་ཕུལ་བར་མ་ཟད་དེ། ཤེས་རབ་མ་ལ་ཡང་དབུལ་བར་བསྟན་པའི་ཕྱིར། དཀྱིལ་འཁོར་དག་གི་དེ་དག་ཏུ་ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་དཀྱིལ་འཁོར་དེ་དག་དུ་སྦས་པ་དང་། གསང་བའི་དབང་བསྐུར་ན། དེའི་རྐྱེན་གཟུགས་མེད་དང་དེ་དག་ལ་ཡང་གོང་དུ་གསུངས་པའི་ཡོན་གྱི་བྱེ་བྲག་དེ་དང་དེ་དག་དབུལ་ལོ། །དེ་ནས་དབང་རྟགས་སྦྱིན་པ་བསྟན་པའི་ཕྱིར་དབང་མཆོག་ཐོབ་པའི་བུ་མཆོག་ལ་ཞེས་པ་ལ་སོགས་པ་གསུངས་པ་བསྟན་ཏེ། དབང་མཆོག་ཐོབ་པའི་རིགས་ཀྱི་བུ་མཆོག་དེ་ལ་ནི་དང་པོ་ཁོ་ནར་སེམས་བསྐྱེད་པ་རྫོགས་པར་བྱ་ཞིང་འདི་ལྟ་བའི་རྒྱུ་དེས་འབྲས་བུ་འདི་ལྟ་བུ་ཐོབ་པའི་གཏན་ཚིགས་སྦྱིན་དེ་དེའི་ཕྱིར་དང་པོ་སེམས་ཀྱི་གཏན་ཚིགས་སྦྱིན་ཞེས་གསུངས་སོ། །གཉིས་པ་ཕྱག་རྒྱ་བསྒོམ་པ་གཏད་ཅེས་བྱ་བ་ནི། དབང་གཉིས་པ་ཐོབ་པའི་རྟགས་ནི་རྟེན་དང་བརྟེན་དུ་སྣང་བསྒོམ་པའོ། །གསུམ་པ་གསང་བའི་ངེས་དོན་བཤད། ཅེས་བྱ་བ་ནི། དབང་གསུམ་པའི་རྟགས་སུ་ཡོན་ཏན་གྱི་ཆ་རྣམས་ཏེ། རྟེན་གྱི་ཡོན་ཏན་དང་བརྟེན་ཅན་གྱི་ཡོན་ཏན་བསྒྲགས་པའོ། །བཞི་པ་ཆོས་ཀྱི་གླེགས་བམ་བཤད་ཅེས་བྱ་བ་ནི། དབང་བཞི་པ་ཐོབ་པའི་རྟགས་ནི་གསུང་རྣམ་པར་དག་པ་སྟེ། གཞན་དང་གཞན་དག་ལ་རྒྱུ་ཆོས་བསྟན་པའོ། །ལྔ་པར་ལས་བཞིའི་རྒྱ་རྟགས་སྦྱིན་ཞེས་བྱ་བ་ནི། དབང་རྫོགས་པའི་རྟགས་སུ་འཕྲིན་ལས་རྣམ་པ་བཞི་པའི་རྟགས་སྦྱིན་པའོ། །དྲུག་པར་རིན་ཆེན་བདུན་ནམ། རྫས་ཀྱི་ཁྱད་པར་ཅན་དག་དང་། ཡང་ན་སྣ་ཚོགས་ཚང་བར་སྦྱིན་ཞེས་བྱ་བ་ནི། དབང་དྲུག་པ་རྫོགས་པའི་རྟགས་སུ་རྡོ་རྗེ་ལ་སོགས་དྲངས་བའི་མིང་ཏེ། རིན་པོ་ཆེ་སྣ་བདུན་གྱིས་མཇུག་བསྡུས་པའི་མིང་གདགས་པ་སྟེ། གསང་བའི་མིང་ངོ་། །དེར་མ་ཟད་དེ་རྫས་ཀྱི་ཁྱད་པར་རིན་པོ་ཆེ་སྣ་བདུན་ཉིད་དུ་ཡང་སྦྱིན་པར་བྱའོ། །དེར་མ་ཟད་དེ་ཡང་སྣ་ཚོགས་པའི་རྟགས་སྦྱིན་པར་བྱའོ། །དེ་ནས་དབང་ཇི་ལྟར་ཐོབ་པའི་རྨི་བལྟས་བསྟན་པའི་ཕྱིར། དབང་མཆོག་ཐོབ་པའི་རྨི་བལྟས་ནི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སློབ་མ་སྟ་གོན་ལ་གནས་ནས་ཀུ་ཤའི་སྟན་ལ་སེང་གེའི་ཉལ་ཐབས་ཀྱིས་ཉལ་བའི་དུས་ན། དབང་ཇི་ལྟར་ཐོབ་པར་འདོད་པའི་རྨི་བལྟས་དག་དང་འབྱུང་བར་ངེས་ཏེ། དེ་ཡང་འོག་ནས་འབྱུང་བ་འདི་རྣམས་ཏེ། དེ་ལ་ཡང་སྔོན་ལ་ཡང་རྡོ་རྗེ་འཛིན་པའི་དབང་ཐོབ་པའི་རྨི་བལྟས་བསྟན་པའི་ཕྱིར། རང་གི་སེམས་ལ་དབང་ཐོབ་དང་ཞེས་བྱ་བ་ནས། མཐོང་ནས་རྡོ་རྗེ་འཛིན་པའི་དབང་ཐོབ་པའི་སྔ་བལྟས་ཡིན་པར་ངེས་ཞེས་པས་བསྟན་ཏེ། དགྲོལ་མི་དགོས་དཀྱུས་ཉིད་ན་གསལ་ལོ། །དེ་ནས་སངས་རྒྱས་འཁོར་ལོ་ཅན་གྱི་དབང་ཐོབ་ནས་འོང་བའི་སྔ་ལྟས་བསྟན་པའི་ཕྱིར། ལུས་ཀྱི་རྫུ་འཕྲུལ་ཐོབ་པ་དང་ཞེས་པ་ནས་འཁོར་ལོ་ཅན་གྱི་དབང་ཐོབ་ལྟས་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ། །དགྲོལ་མི་དགོས་སོ། །དེ་ནས་རིན་པོ་ཆེའི་དབང་ཐོབ་པའི་སྔ་ལྟས་བསྟན་པའི་ཕྱིར། རིན་ཆེན་སྣ་ཚོགས་སྤྱོད་པ་དང་ཞེས་པ་ནས། རིན་ཆེན་རིགས་ཀྱི་དབང་ཐོབ་ལྟས། ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་པདྨའི་དབང་ཐོབ་ནས་འོད་བའི་སྔ་ལྟས་བསྟན་པའི་ཕྱིར། པདྨའི་རྫིང་ན་རྩེ་བ་དང་ཞེས་པ་ནས། རྡོ་རྗེ་ཆོས་ཀྱི་དབང་ཐོབ་ཡིན། །ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་ཕྱིའི་དབང་ཐོབ་པའི་སྔ་ལྟས་བསྟན་པའི་ཕྱིར། རྨི་ལམ་མཚན་མ་ཇི་སྙེད་པ་ལ་སོགས་པ་གསུངས། གོང་དུ་བསྟན་པའི་རྨི་ལྟས་དང་མཚན་མ་དང་ཇི་ལྟར་རྨིས་ཤིང་མཐོང་བ་དེ་རྣམས་སྤྱིའི་དབང་ཐོབ་པའི་རྟགས་སོ། །ཡང་ན་ཅི་ཡང་མ་མཐོང་བའམ་ཞེས་པ་ནི་གོང་དུ་བསྟན་པའི་ལྟས་རྣམས་མེད་དོ། །རྨི་ལམ་ཆོས་ཉིད་སྟོང་པ་འདི་ལྟ་བུ་ཡིན་ནོ་ཞེས་སྟོན་ཅིང་བདག་གི་ཀྱང་བསྟན་པའི་རྨི་ལམ་ན་གཏོགས་པའོ། །མངོན་སུམ་གསང་བ་ཐམས་ཅད་ཀུན་ཞེས་བྱ་བ་ནི་རྨི་ལམ་དུ་མངོན་སུམ་དང་འདྲ་བར་ཁྱོད་ཀྱིས་ལུས་ལ་ནི་འཁོར་ལོ་རྣམ་པ་བཞི་ཡོད་དོ། །ཞེས་སྟོན་པ་དང་རང་གིས་ཀྱང་ཡིད་ཀྱི་ཡུལ་དུ་གསང་བ་མཐོང་བ་དེ་ནི་ཅིའི་དཀྱིལ་འཁོར་གྱི་དབང་ཐོབ་པའི་སྔ་ལྟས་སུ་རུང་བར་བཤད་དོ། །དེ་ནས་དབང་ཐོབ་པའི་ཡོན་ཏན་བསྟན་པའི་ཕྱིར། གང་ཞིག་དཀྱིལ་འཁོར་འདི་དག་ཏུ། །ཞེས་པ་ལ་སོགས་པས་བསྟན་ཏེ། གང་ཞིག་དཀྱིལ་འཁོར་འདི་དག་ཏུ་ཞེས་བྱ་བ་ནི་རིགས་ཀྱི་བུ་གང་སུ་རུང་བའི་དཀྱིལ་འཁོར་གོང་དུ་གསུངས་པའི་བྱེ་བྲག་དེ་དག་ཏུ་ཞུགས་ནས་དབང་ཐོབ་པའི་གང་ཟག་དེའི་ཡོན་ཏན་ནི་འོག་ནས་འབྱུང་བ་འདི་རྣམས་སོ། །འཇིག་རྟེན་གཙོ་དང་འཁོར་གྱིས་བསྐུར་ཞེས་བྱ་བ་ནི། འཇིག་རྟེན་འདི་ན་དབང་ཆེ་བའི་གཙོ་བོ་དང་། དེའི་འཁོར་རྣམས་ཀྱིས་བཀུར་སྟི་བྱེད་པར་འགྱུར་རོ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས་པར་ཞེས་བྱ་བ་ནི། འཇིག་རྟེན་འདི་རུ་ཚེ་རིང་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཀུན་གྱི་བསྟོད་ཅིང་བཀུར་བ་ད ང་ཞེས་པ་ནི། འཇིག་རྟེན་པ་ཀུན་གྱིས་བསྟོད་པ་དབུལ་ཞིང་ཐམས་ཅད་ཀྱིས་བཀུར་སྟི་བྱེད་པའོ། །སྡུག་ཅིང་བསྔགས་པ་བརྗོད་པ་དང་ཞེས་བྱ་བ་ནི། ཀུན་གྱི་ཡིད་དུ་འོང་ཞིང་ཡོན་ཏན་གྱི་བྱེ་བྲག་བརྗོད་པའོ། །ནད་མེད་ལང་ཚོ་བདེ་བ་དང་ཞེས་བྱ་བ་ནི། ནད་མེད་ཅིང་ཤིན་ཏུ་གཞོན་པར་གྱུར་པ་དང་། ཤེས་རབ་ཕུལ་དུ་ཕྱུང་བའི་ལང་ཚོ་བ་དང་། ལུས་ཡང་ཞིང་བདེ་བ་ཕུན་སུམ་ཚོགས་པའོ། །འཇིག་རྟེན་མཐུ་ཆེན་འདུལ་བ་དང་། ཞེས་བྱ་བ་ནི། འཇིག་རྟེན་འདི་ན་མཐུ་ཆེ་བའི་གནོད་སྦྱིན་ལ་སོགས་པ་འདུལ་བའོ། །སངས་རྒྱས་ཀུན་གྱི་སྲས་སུ་དགོངས་ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཀུན་གྱིས་ཀྱང་དུས་དམ་པར་ཐུགས་ཀྱིས་དགོངས་སོ། །རྒྱལ་སྲས་རྣམས་ཀྱི་གྲོགས་མཐོང་ཞེས་བྱ་བ་ནི། རྒྱལ་བའི་སྲས་པོ་རྣམས་ཀྱིས་སྤུན་དང་གྲོགས་སུ་མཐོང་ངོ་། །དེ་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་ཅེས་པ་ལ་སོགས་པ་ནི། འཇིག་རྟེན་འདིའི་ཡོན་ཏན་མང་པོ་འབྱུང་ཞིང་། མི་དང་ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་ལ་སོགས་པས་ཀྱང་བཀུར་བསྟི་བྱེད་དོ། །དེ་ནས་སྐུའི་དཀྱིལ་འཁོར་དང་ཐུགས་ཀྱི་དཀྱིལ་འཁོར་དང་གསུང་གི་དཀྱིལ་འཁོར་དང་གསུམ་པོ་གང་ཡང་རུང་སྟེ། ཞུགས་པའི་ཡོན་ཏན་འདྲ་བར་བསྟན་པའི་ཕྱིར། སངས་རྒྱས་དག་ནི་ཐམས་ཅད་ཀྱི། ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་དཀྱིལ་འཁོར་དུ་འཇུག་ཀྱི་ནང་ནས། སྐུའི་དཀྱིལ་འཁོར་ཙ་ཀ་ལི་བཀོད་པ་ལས། དེའི་དཀྱིལ་འཁོར་དུ་ཞུགས་ནས། རྣམ་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཇི་ལྟར་བསམ་པ་བཞིན་དུ་འགྲུབ་བོ། །གསུང་གི་དཀྱིལ་འཁོར་དུ་འཇུག་པའི་ཡོན་ཏན་བསྟན་པའི་ཕྱིར། གཞན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་བསྟན་ཏེ། གོང་དུ་གསུངས་པའི་སངས་རྒྱས་ཀྱི་གསུང་གི་དཀྱིལ་འཁོར་ཡི་གེར་བཀོད་པའི་ཕྱིར། ཡི་གེ་གསུང་གི་དཀྱིལ་འཁོར་བྲིས་པ་ལས་ཞེས་གསུངས་ཏེ། སོ་སོའི་གདན་སྟེངས་སུ་སོ་སོའི་ཡི་གེར་གསལ་བར་བཀོད་པའི་ཕྱིར། ཡི་གེ་གསུང་གི་ཕྱག་རྒྱ་ཚོགས། ཇི་བཞིན་གསལ་བར་བཀོད་པའོ་ཞེས་གསུངས་ཏེ། དེ་ལྟར་བཀོད་པའི་གསུང་གི་དཀྱིལ་འཁོར་དེར་ཞུགས་པའི་ཡོན་ཏན་ཡང་གོང་མ་དང་འདྲ་བའི་ཕྱིར། དཀྱིལ་འཁོར་དག་ཏུ་སློབ་མ་རྣམས། །ཞུགས་པ་ཡང་ནི་དེ་བཞིན་ནོ། །ཞེས་པས་བསྟན་ཏེ། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ཀུན་འདྲ་བར་བསྟན་ཏེ། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ་ནི་ཕྱག་མཚན་དགོད་པ་སྟེ། དེ་བསྟན་པའི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་དམ་པ་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། བསྟན་པའི་དཀྱིལ་འཁོར་སྐུའི་འཁོར་ལོ་དགོད་པ་དང་། གསུང་ཡིག་འབྲུ་དགོད་པ་དང་། ཐུགས་ཕྱག་མཚན་དགོད་པ་གསུམ་གྱི་དམ་པར་གྱུར་པ་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་བསྟན་ཏེ། འཇིག་རྟེན་གྱི་དཀྱིལ་འཁོར་བྲིས་ནས་ཀྱང་ཞེས་གསུངས་པ་ཡིན་ནོ། །བརྙན་མའི་དཀྱིལ་འཁོར་སོ་སོའི་བཞུགས་གནས་སུ་སོ་སོ་ཕྱག་མཚན་བྲི་བའི་ཕྱིར། སོ་སོའི་རང་རྟགས་ཕྱག་མཚན་རྣམས། ཇི་བཞིན་གནས་སུ་དགོད་པ་རུ། ཞུགས་པ་ལ་སོགས་བྱས་པ་ན། །ཡོན་ཏན་དེ་དང་འདྲ་བ་ཐོབ། ཅེས་གསུངས་སོ། །དེ་ནས་དཀྱིལ་འཁོར་གསུམ་དུ་ངེས་པ་མེད་པར་བསྟན་པའི་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་རྣམས་ཞེས་པ་ལ་སོགས་ཏེ། སྐུའི་དཀྱིལ་འཁོར་ལ་ཡང་གསུམ། གསུང་གི་དཀྱིལ་འཁོར་ལ་ཡང་གསུམ། ཐུགས་ཀྱི་དཀྱིལ་འཁོར་ལ་ཡང་གསུམ་སྟེ་དེའི་ཕྱིར། གཅིག་ལ་ཡང་གསུམ་གསུམ་ཡོད་པ་ཡིན་ཞེས་གསུངས་སོ། །གསུམ་པོ་རེ་རེ་ཡང་གསུམ་དུ་འགྱུར་ཏེ། དེ་བས་ན་རྣལ་འབྱོར་པ་བློ་དང་ལྡན་པས་ནི་དཀྱིལ་འཁོར་ལ་ངེས་པ་མེད་པར་ཤེས་པར་བྱའོ། །ཞེས་སྟོན་པས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་གཟུགས་ཀྱི་དཀྱིལ་འཁོར་བསྟན་པས་ན་གཟུགས་ཀྱིི་དཀྱིལ་འཁོར་གྱི་ལེའུ། བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་འགྲེལ་པ་ལས། ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གི་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ལྟར་གཟུགས་ཀྱི་དཀྱིལ་འཁོར་བསྟན་ཀྱང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མ་ཤེས་ན། རྟག་པའི་མཐའ་ལ་གནས་པ་དེ་གསལ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུགས་ཀྱི་ལེའུ་བཤད་པ་དེ་མ་ཐག་པ་དེ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཤད་དེ་གསུངས་པ། དེའི་ཕྱིར། དེ་ནས་རྒྱལ་བ་རྡོ་རྗེ་འཛིན་ཞེས་བྱ་བ་ནི། སྟོན་པའི་ངོ་བོ་ཉིད་དེ་ཡང་དག་པའི་དོན་དང་གཉིས་མི་འབྲལ་བས་རྡོ་རྗེ་འཛིན་ཞེས་བརྗོད་དོ། །ཐམས་ཅད་མི་འགྱུར་ནམ་མཁའ་ཆེ་ཞེས་བྱ་བ་ནི། སྟོན་པའི་ངོ་བོ་ཉིད་དེ། ཕྱི་ནང་དུ་སྣང་བའི་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་སྣང་ལ་རང་བཞིན་མེད་པའོ། །རང་བཞིན་མེད་པ་དེ་ནས་གསུམ་དུ་འགྱུར་བ་མེད་དེ། བརྗོད་པ་དང་བྲལ་བ་ནམ་མཁའ་བཞིན་ནོ། །དེ་ལྟར་གསུམ་གྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་དོན་དམ་པ་དང་རང་བཞིན་མེད་པར་བསྟན་པ་ནི། གསུམ་རྣམ་པར་དག་སྟེ་དེའི་ཕྱིར་རྣམ་པར་དག་གསུང་མཆོག་རྒྱལ་པོ་དེས། གསུང་ནི་འདི་སྐད་བཀའ་སྩལ་ཏོ། །མགོ་ནས་འབྱུང་བའི་འདི་སྐད་བཀའ་སྩལ་ཏེ། དེ་ཡང་ཏིང་ངེ་འཛིན་གྱིས་མ་ཟིན་ན་ཇི་ལྟར་བྱས་པ་དེ་ཐམས་ཅད་སྐྱོན་དུ་འགྱུར་བ་དེ་བསྟན་པའི་ཕྱིར། རྡོ་རྗེ་ཐིག་ནི་བཏབ་པ་དང་། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐིག་ནི་བཏབ་པ་དང་ཞེས་བྱ་བ་ནི། དང་པོ་བརྟག་པ་ད ང་མཇུག་ཐིག་གདབ་པའི་བར་དུ་ཇི་ལྟར་བྱས་པ་ལས་སོ། །ཚོན་རྩི་དག་ནི་དགྱེ་བའི་བརྙན་མའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་ཚོན་གྱི་དགྱེ་བའི་ལས་དང་ཕྱག་མཚན་དང་ཡིག་འབྲུ་དང་། སྐུ་ལ་སོགས་པ་དགོད་པའི་བརྙན་མའི་དཀྱིལ་འཁོར་དེ། རྣལ་འབྱོར་པ་ཡང་དག་པའི་དོན་ལ་སེམས་མི་བྱའོ་བྱས་ན་སྐྱོན་ཅི་ཡོད་ཅེ་ན། ཡོད་དེ་བསྙན་མའི་དཀྱིལ་འཁོར་བྱས་ན་དངོས་པོ་ལ་མངོན་པར་ཞེན་པའི་སྐྱོན་ཡོད་པས་གཉིས་སུ་མེད་པའི་དངོས་གྲུབ་རྙེད་པར་དཀའ་བའི་ཕྱིར། བྱས་ན་དངོས་གྲུབ་བརྙེད་པར་དཀའ་ཞེས་གསུངས་པ་ཡིན་ནོ། །དེ་ནས་ཏིང་ངེ་འཛིན་གཙོ་བླང་བའི་ཕྱིར། དེ་བས་ཏིང་ངེ་འཛིན་ནན་ཏན་བསྒོམ་ཞེས་གསུངས་སོ། །དེ་ནས་སོ་སོའི་ཏིང་ངེ་འཛིན་བསྒོམ་པ་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་པ་ལ་སོགས་པ་སྟེ། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར་ཞེས་བྱ་བ་ནི། ནམ་མཁའ་དབྱིངས་ཀྱི་དབུས་དབྱིངས་ཏེ། ཡི་གེ་ཨེ་ལས་གྲུབ་པའི་ཆོས་འབྱུང་བའི་གནས་ཏེ། དེའི་དབུས་སུ་བསྒོམ་པར་བྱའོ། །ཅི་བསྒོམ་ཞེ་ན། དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་རླུང་གི་དཀྱིལ་འཁོར་ཨེ་ལས་གྲུབ་པ་དང་། མེའི་དཀྱིལ་འཁོར་ཡི་གེ་རཾ་ལས་གྲུབ་པ་དང་། ཆུའི་དཀྱིལ་འཁོར་ཡི་གེ་བཾ་ལས་གྲུབ་པ་དང་། སའི་དཀྱིལ་འཁོར་ཡི་གེ་སུམ་ལས་གྲུབ་པ་དང་། རིན་པོ་ཆེའི་རི་རབ་ཡི་གེ་ལཾ་ལས་གྲུབ་པ་དེ་རྣམས་བསྒོམ་པར་བྱའོ། །གཞལ་ཡས་ཁང་མེ་འབར་བ་བསྒོམ་ཞེས་བྱ་བ་ནི། དཔག་ཅིང་གཞལ་བ་ལས་ཞེས་པས་གཞལ་ཡས་ཏེ། ཡི་གེ་བྷྲུཾ་ལས་གྲུབ་པའི་གཞལ་ཡས་ཁང་། རྟ་བབས་ལ་སོགས་པ་རྒྱན་སྣ་ཚོགས་པས་འཁྲིགས་ཤིང་གཞལ་ཡས་དེའི་ཕྱི་རོལ་ན་ཧཱུྃ་ལས་གྲུབ་པའི་རྡོ་རྗེ་གུར་ལ་མེ་འོད་འབར་བ་སྟེ། དེས་འཁྲིགས་པའོ། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོས་བརྒྱན་པ་དང་། གང་དུ་བརྒྱན་ཞེ་ན། རྟ་བབས་ཀྱི་སྟེང་དུ་བརྒྱན་པའོ། །རོལ་མོ་ནི་འདོད་པའི་ལྷ་མོ་སྟེ། གཟུགས་ཀྱི་ལྷ་མོ་གར་མཁན་མ་ལ་སོགས་པས་བརྒྱན་པའོ། །གང་དུ་བརྒྱན་ན་རྨང་གི་ཕྱག་ལ་བརྒྱན་ནོ། །དེ་ནི་རང་སྔགས་བདག་པོ་བསྒོམ་ཞེས་བྱ་བ་ནི། གཞལ་ཡས་ཁང་གདན་དང་བཅས་པ་དེར་ནི་རང་གི་སྔགས་ཀྱི་བདག་མོའི་འཁོར་དང་བཅས་པ་བསྒོམ་མོ། །འདིར་ཇི་ལྟར་གསུངས་པ་བཞིན་དུ་འོག་མ་རྣམས་ལ་ཡང་སྦྱར་བར་བྱ་སྟེ། སྤྱིའི་ཚིག་དེ་ཀུན་ལ་ཁྱབ་པའོ། །དེ་ནས་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཀྱི་དབུས་ནི་རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི། ཆོས་འགྱུར་བའི་ཕྱག་རྒྱ་དེ་ནི་ནམ་མཁའ་སྟེ་དེའི་དབུས་སུ་གཞལ་ཡས་ཁང་བསྒོམ་པ་དེ། དེའི་ནང་དུ་རྡོ་རྗེ་དཀྱིལ་འཁོར་བསྒོམ་པར་བྱའོ། །རང་སྔགས་རྡོ་རྗེ་ཅན་གྱིས་གཟུགས་ཞེས་བྱ་བ་ནི་རང་གི་ཀུན་གཞི་རྣམ་པར་ཤེས་པ་རྡོ་རྗེ་འཛིན་པའི་སྐུ་བསྒོམས་ན། འཕགས་པའི་གནས་ཐོབ་པའི་དུས་སུ་གཉིས་སུ་མེད་པའི་རྡོ་རྗེ་ཅན་དུ་འགྱུར་རོ། །ཞེས་སྟོན་པས་གསུངས་སོ། །དེ་ནས་འཁོར་ལོ་ཅན་གྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་སུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་ན་འཁོར་ལོ་ཅན་དུ་འགྱུར་ཞེས་བསྟན་ཏོ། །དེ་ནས་རིན་པོ་ཆེའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། རིན་ཆེན་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་པ་དང་། རིན་ཆེན་འཛིན་པས་བསྟན་ཏོ། །པདྨོའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། པདྨོ་ཞེས་པ་ནས་པདྨོ་ཅན་དུ་འགྱུར་ཞེས་པས་བསྟན་ཏོ། །ལས་ཀྱི་ཏིང་ངེ་འཛིན་བསྟན་པའི་ཕྱིར། ལས་ཀྱི་ཞེས་པ་ནས། ལས་ཀྱི་སེམས་པར་འགྱུར་ཞེས་པས་བསྟན་ཏོ། །དེ་ནས་སྤྱིའི་དཀྱིལ་འཁོར་དུ་བསྟན་ཅིང་ཏིང་ངེ་འཛིན་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཞེས་པ་ནས་སངས་རྒྱས་ཀུན་དང་མཉམ་པར་འགྱུར་ཞེས་པས་བསྟན་ཏེ། ཡེ་ཤེས་དྲུག་པའི་ངོ་བོ་ཉིད་དོ། །དེ་ནས་ཏིང་ངེ་འཛིན་དེ་བསྒོམ་པར་བྱ་བའི་གནས་བསྟན་པའི་ཕྱིར། རབ་ཏུ་དབེན་པའི་གནས་དག་གམ་ཞེས་པ་ལ་སོགས་པས་བསྟན་ཏེ། རབ་ཏུ་དབེན་པའི་ནས་ནི་དུར་ཁྲོད་དེ་ལ་མ་མོའི་དབེན་པ་དང་། རི་བོ་ནི་སྦྲུལ་གདུག་པ་ཡོད་པས་དབེན་པ་དང་། ཆུ་གླིང་གི་ཆུ་སྲིན་གྱིས་དབེན་པ་དང་། ནགས་འདབས་ནི་སྟག་དང་དོམ་གྱིས་འཇིགས་པ་མི་འོང་བས་དེ་ལྟ་བུའི་གནས་སུ་ཏིང་ངེ་འཛིན་བསྒོམས་ན་ནི། རྣལ་འབྱོར་པ་ཉིད་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཅི་ཙམ་དུ་བསྒོམས་ན་ཐོབ་པའི་ཚད་བསྟན་པའི་ཕྱིར། རྣལ་འབྱོར་ཅན་གྱི་ཟླ་དྲུག་ཏུ། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས་པས་བསྟན་ཏེ། ཡང་དག་པའི་ཏིང་ངེ་འཛིན་དང་། འབྱོར་པའི་རྣལ་འབྱོར་པས་ཟླ་བ་དྲུག་ཏུ་བསྒོམས་ན་ངེས་པར་ཇི་ལྟར་འདོད་པ་འགྲུབ་པར་འགྱུར་རོ། །དེ་ནས་རྣལ་འབྱོར་ལ་གནས་པའི་དུས་སུ། ནང་གི་སྦྱིན་སྲེག་བྱ་བ་བསྟན་པའི་ཕྱིར། གླང་པོའི་ཤ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཨ་ལས་བྷནྡ་དཀར་པོ་སྒོ་ང་བཅས་པ་འདྲ་བ་ཞིག་བསྐྱེད་དོ། །དེའི་འོག་ཏུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཞིག་བསྐྱེད་དོ། །དེའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་དབྱིབས་འདྲ་བ་སྔོན་པོ་བ་དན་བཞིས་མཚན་པ་ཞིག་བསྐྱེད་དོ། །དེ་ནས་བྷནྡའི་ནང་དུ་གླང་པོའི་ཤ་དང་རྟ་ཤ་དང་ནམ་མཁའ་ལྡིང་གི་ཤ་དང་ཁྱིའི་ཤ་དང་བྱའི་ཤ་སྟེ་ལྔ་བསམ་མོ། །དེའི་སྟེང་དུ་དྲི་ཆེན་དང་དྲི་ཆུ་དང་། པདྨ་རཀྟ་དང་། མང་ས་དང་། བྱང་ཆུབ་ཀྱི་སེམས་དང་ལྔ་བསམ་པར་བྱའོ། །དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་བསམ་པར་བྱའོ། །དེའི་སྟེང་དུ་ༀ་ཨཾ་དང་ཧཱུྃ་སྭ་དང་ཧ་རྣམས་སོ། །སའི་ཕྱོགས་སུ་བསམ་པར་བྱའོ། །བྷནྡ་དེའི་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ། རྡོ་རྗེའི་བུམ་པའི་ནང་དུ་ཡང་ཧཱུྃ་ངོ་། །ཡིག་འབྲུ་ལྔ་པ་དེ་ལས་འོད་ཟེར་འཕྲོས་པས། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། སླར་ཡིག་འབྲུ་ལ་ཐིམ་པས། ཡི་གེ་དང་བདུད་རྩི་ལྔ་རྣམས་ཡོངས་སུ་གྱུར་པ་ལས། རིགས་ལྔའི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་རྣམས་ཤིན་ཏུ་གསལ་བར་བལྟའོ། །ཤ་ལྔ་ལས་ནི་གླང་པོ་ཆེའི་ཤ་གླང་པོ་ཆེའི་གདན་ལ་སོགས་པའི་གདན་ལྔར་གྱུར་ཏེ། གླང་པོ་ཆེའི་ཤ་ལས་ནི་གླང་པོ་ཆེའི་གདན་དུ་གྱུར་རོ། །རྟ་ཤ་ལས་ནི་རྟའི་གདན་ཉིད་དུ་འགྱུར་རོ། །བྱ་ཤ་ལས་ནི་བྱའི་གདན་དུ་འགྱུར་རོ། །ནམ་མཁའ་ལྡིང་གི་ཤ་ལས་ནི་ཤང་ཤང་གི་གདན་དུ་འགྱུར་རོ། །ཁྱི་ཤ་ལས་ནི་སེང་གེའི་གདན་དུ་འགྱུར་རོ། །དེ་ནས་རྡོ་རྗེ་བུམ་པའི་ནང་ན་གནས་པའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་རིགས་ལྔའི་མཚན་ཉིད་དུ་མཛད་དེ། དེ་སྤྱན་དྲངས་ནས་བསྟིམ་ནས་དེ་ལ་མཆོད་པ་རྣམ་ལྔ་དབུལ་བར་བྱའོ། །དེའི་རྗེས་ལ་སོ་སོ་རང་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་འཕྲོས་པས། དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩིའི་ངོ་བོར་སྤྱན་དྲངས་ཏེ། རིགས་ལྔ་ལ་ཐིམ་པས་རིགས་ལྔ་གདན་དང་བཅས་པར་བདུད་རྩིའི་ངོ་བོར་ཞུ་བར་གྱུར་ཏོ། །དེའི་སྐབས་ཉིད་དུ་རྡོ་རྗེའི་ཧཱུྃ་ལས་འོད་ཟེར་གོང་མ་བཞིན་དུ་འཕྲོས་པས་བདུད་རྩི་ཡང་དགུག་སྟེ་བསྟིམ་པའི་རྗེས་ལ། ཧཱུྃ་གིས་འོད་ཟེར་གྱིས་རླུང་གི་དཀྱིལ་འཁོར་བསྐྱེད་དོ། །དེས་མེའི་དཀྱིལ་འཁོར་སྦར། མེས་བྷནྡ་བསྐོལ་ཏེ། གཅིག་གིས་གཅིག་བསྐྱེད་པས། རྡོ་རྗེ་ཡང་ལྷུང་སྟེ་བདུད་རྩིའི་ངོ་བོར་འགྱུར་ཏེ། བྷན་དྷ་དང་རྡོ་རྗེ་གཉིས་ཐབས་དང་ཤེས་རབ་བོ། །དེ་ལས་བདུད་རྩི་དཀར་ལྷུང་ལྷུང་གནས་པ་དེ་ལས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ༀ་ཨཱ་ཧཱུྃ་གསུམ་གྱིས་བྷན་དྷ་ཁ་གཅོད་པའོ། །དེ་ནི་བདུད་རྩི་བྱིན་གྱིས་བརླབས་པའོ། །དེ་ནས་བཟའ་བའི་ཏིང་ངེ་འཛིན་བསྟན་ཏེ། བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀར་དཀྱིལ་འཁོར་འཁོར་ལོ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྐྱེད་ལ། བདག་ཉིད་ཀྱི་ལྕེ་ལ་ཧཱུྃ་ལས་རྡོ་རྗེའི་བུམ་པའི་ནང་ན་ཧཱུྃ་གནས་པ་དེའི་འོད་ཟེར་གྱིས་དྲངས་ནས་བཟའ་བར་བསམ། ལས་ཀྱི་རྡོ་རྗེ་བྱིན་ལ་བཟའ་བ་དང་། གཉིས་སུ་ཤེས་པར་བྱའོ། །དེ་ལྟར་རྣལ་འབྱོར་པས་བཟའ་བར་བསྟན་པའི་ཕྱིར། ཤ་ལྔ་དག་ལ་བྱིན་གྱིས་བརླབས། ཟས་ཕྱིར་འདི་དག་བཟའ་བར་བྱ་སྟེ། ཁ་ཟས་གཞན་ལ་ཆགས་མི་བྱ། ཞེས་པ་ལ་སོགས་པ་གསུངས་ཏེ། བདུད་རྩིའི་ཟས་བཟའ་བ་ལས་མ་རྟགས་པར་ཟས་ཕལ་པ་ལ་ཆགས་པར་བྱ་བ་ནི་མ་ཡིན་ནོ། །བདུད་རྩི་དེས་བདག་ཉིད་ཀྱི་ཐུགས་ཀའི་འཁོར་ལོ་ཚིམ་པར་བསམ་པ་ནི། ནང་གི་སྦྱིན་སྲེག་བྱ་ཞེས་བྱ་བ་སྟེ། ཟ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ་པར་བསྟན་ཏེ། དེ་ཡང་སྔོན་ལ་སྐུའི་དཀྱིལ་འཁོར་བསྒོམ་པར་བསྟན་པའི་ཕྱིར། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །རང་སྔགས་སྐུ་ནི་རྣམ་པ་ཀུན། །ཇི་ལྟར་བསྒོམ་ན་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་དབུས་སུ་གོང་གི་རིམ་པ་ཇི་བཞིན་པའི་གནས་སུ་སྐུའི་དཀྱིལ་འཁོར་བསྒོམས་ན། འཕགས་པའི་གནས་སུ་གྱུར་པའི་དུས་ན། མཚན་དང་དཔེ་བྱད་དུ་ལྡན་པར་འགྱུར་ཏེ། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་ཏོ། །དེ་ནས་གསུང་གི་ཏིང་ངེ་འཛིན་བསྒོམ་པ་བསྟན་ཏེ། དེའི་ཕྱིར་ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། རང་སྔགས་ཡི་གེ་རྣམ་པ་ཀུན། །ཇི་བཞིན་བསྒྲུབ་ན་འགྲུབ་པར་འགྱུར། །ཞེས་པ་ནི། འཕགས་པའི་དུས་ན་གསུང་འགག་པ་མེད་པའི་ཏིང་ངེ་འཛིན་ལ་མངའ་བརྙེས་པ་སྟེ། ཆོས་ཀྱི་ཕྱག་རྒྱ་དང་ལྡན་པའོ། །དེ་ནས་ཡང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། ནམ་མཁའི་དབྱིངས་ཀྱི་ཞེས་པ་ནས་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་པས་བསྟན་ཏེ། ལས་དང་པོ་པས་ཏིང་ངེ་འཛིན་གོམས་པས་ལན་ཅིག །འཕགས་པའི་སྐུ་ཐོབ་པའི་དུས་ན་ཐུགས་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་རོ། །དེ་ནས་ཏིང་ངེ་འཛིན་བསྒོམ་ལ་སྙན་ལ་སོགས་པའི་རྫས་དང་། ཡོ་བྱད་ལ་སོགས་པ་མེད་ཀྱང་འགལ་བ་མེད་ཅིང་བསྒྲུབ་པར་བསྟན་པའི་ཕྱིར། རྩེ་གཅིག་པའི་ཏིང་ངེ་འཛིན་ཞེས་པ་ནི། གོང་དུ་གསུངས་པའི་ཏིང་ངེ་འཛིན་ལ་གཞན་དུ་མི་གཡོ་བས་རྩེ་གཅིག་པ་སྟེ། དེ་ལ་གནས་ཤིང་བསྒོམས་ན། གོང་འདོད་པ་ལས་བྱེད་པས་ན་དེ་ལ་ནི་ཆོ་ག་སྟེ་བསྐྱེད་པའི་རིམ་པ་དང་། རྫས་དང་ཡོ་བྱད་རྣམས་ཚོགས་ན་ཡང་ནི་གཙོ་བོར་བཤད་དོ། །ཏིང་ངེ་འཛིན་དང་ལྡན་ན་ངེས་པར་འགྲུབ་པ་སྟེ། དེ་བས་ཏིང་ངེ་འཛིན་ལ་ནན་ཏན་ཆེར་བསྐྱེད་དེ། ཡང་ནས་ཡང་དུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་སེམས་འདུལ་བའི་ཐབས་དཔེ་བསྟན་པའི་ཕྱིར། དཔེར་ན་གླང་ཆེན་སྨྱོན་པ་དག །གདུལ་ཐབས་ལྕགས་ཀྱུས་འདུལ་བ་ལྟར་ཞེས་བྱ་བས་བསྟན་ཏེ། དཔེར་ན་གླང་པོ་ཆེ་སྨྱོན་པ་དག་འདུལ་བའི་དུས་ན། སྐྱེས་བུ་རྩལ་པོ་ཆེས་ལྕགས་ཀྱུས་དཔྲལ་བ་ནས་གཟུང་ནས་འདུལ་བ་ལྟར། བྱང་ཆུབ་ཀྱི་སེམས་ཀྱང་འདུལ་བར་བསྟན་པའི་ཕྱིར། རང་སེམས་རྨུ་རྒོད་འདུལ་དཀའ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སེམས་རྨུ་རྒོད་འདུལ་དཀའ་ཡང་ཞེས་བྱ་བ་ནི། རང་གི་སེམས་ནི་རླུང་ལ་ཞོན་ནས་ཀུན་ནས་འགྲོ་སྟེ་ཤིན་ཏུ་འདུལ་བར་དཀའ་བའོ། །འོན་ཏེ་གང་གིས་ཐུབ་པར་འགྱུར་ཞེ་ན། མཉམ་བཞག་ཏིང་འཛིན་རྩེ་གཅིག་གིས། བཏུལ་ནས་དངོས་གྲུབ་ཡ་མཚན་འགྱུར། །ཞེས་བྱ་བར་བསྟན་ཏེ། དང་པོ་རང་གི་སེམས་དབུགས་ཀྱི་རྟ་ལ་ཞོན་ནས་མི་ཐུབ་པར་ཡུལ་ཕྱིན་པའི་དུས་སུ། རྟེན་གྱི་རིགས་ཐམས་ཅད་གཞལ་ཡས་ཁང་གི་རང་བཞིན་དུ་བསྟན། བརྟེན་གྱི་རིགས་ཐམས་ཅད་ལྷའི་སྐུར་བསྟན་ཏེ། དེས་སེམས་བརྟས་པར་བྱ་བའི་ལས་ཏེ། ཀུན་རྫོབ་ཀྱི་བདེན་པའོ། །སེམས་དེ་བསྐྱེད་པའི་རིམ་པ་ལ་བསྟན་པར་གྱུར་ཙམ་ན། རྫོགས་པའི་རིམ་པ་ལ་གནས་པར་བྱ་སྟེ། ལྟ་བའི་དངོས་པོ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་དེ། བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་འགྱུར་རོ། །བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་གྱུར་ཙམ་ན་སེམས་འཕྲོ་བར་གྱུར་པའི་བྱ་བའི་ཡུལ་མེད་དེ། མཉམ་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་མཉམ་བཞག་ཏིང་ངེ་འཛིན་རྩེ་གཅིག་གི་ཞེས་བྱ་བ་ཡིན་ཏེ། དེའི་ངང་ལ་གནས་ཤིང་གནས་པའི་དུས་ན། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་ལ་ནི་བཏུལ་ནས་དངོས་གྲུབ་ཡ་མཚན་དུ་འགྱུར་ཞེས་གསུངས་པ་ཡིན་ནོ། །དེ་ནས་མཚན་མ་ལ་སོགས་པ་བསྒོམ་ནས་གཉིས་སུ་མེད་པའི་ཡེ་ཤེས་མི་འབྱུང་ངམ་ཞེ་ན། མི་འབྱུང་བར་བསྟན་པའི་ཕྱིར། མཚན་མ་དག་གི་གཟུགས་བརྙན་དང་ཞེས་པ་ལ་སོགས་པས་བསྟན་ཏེ། མཚན་མ་དག་གི་གཟུགས་བརྙན་དང་ཞེས་བྱ་བ་ནི། མཚན་མའི་གཟུགས་བརྙན་ལྷའི་སྐུ་རུ་བསྒོམ་པ་དང་། གསུང་གི་མཚན་མ་ཡིག་འབྲུ་བསྒོམ་པ་དང་། ཐུགས་ཀྱི་མཚན་མ་ཕྱག་མཚན་དུ་བསྒོམ་པ་ལ་སོགས་པ་བྱས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་མི་འབྱུང་སྟེ། རྟག་པའི་སྐྱོན་གྱིས་བཅིང་པའི་ཕྱིར་རོ། །དེར་མ་ཟད་དེ་ལུགས་མ་ལ་སོགས་པ་ཕྱག་རྒྱ་ལ་སོགས་པས་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་མི་སྐྱེ་སྟེ། དེའི་ཕྱིར་མཚན་མའི་ཏིང་ངེ་འཛིན་བསྒོམ་བྱས་ནས་ཀྱང་། རང་གི་རྣལ་འབྱོར་མི་འབྱུང་སྟེ་ཞེས་གསུངས་པ་ཡིན་ནོ། །འོ་ན་རྣལ་འབྱོར་གང་ལས་བྱུང་ཞེ་ན། དེ་བསྟན་པའི་ཕྱིར། བྱང་ཆུབ་སེམས་ལ་གཞོལ་བའི་མིས་ཞེས་པ་ལ་སོགས་པས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ལ་ཡང་གཉིས་ལས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་མཚོན་པ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གནས་ནས་དྲངས་པའི་དུས་ན། ནོར་བུའི་ནང་དུ་རིན་པོ་ཆེའི་གནས་སུ་གཟུང་བ་དང་། ཡེ་ཤེས་བསྐྱེད་དེ་དེ་ལ་ནི། རང་གི་རྣལ་འབྱོར་ལྡན་འགྱུར་རོ་ཞེས་གསུངས་ཏེ། བདེ་བ་ཆེན་པོའི་ལྷ་ཞེས་བྱའོ། །ཡེ་ཤེས་ལ་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། །དེའི་ངང་ལས་ཡང་ནས་ཡང་དུ་འདྲིས་པ་དང་། དུས་ནམ་ཞིག་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་འགྱུར་ཏེ། དེའི་ཕྱིར་དེ་བས་ནན་ཏན་རྩེ་གཅིག་གིས། མཚན་མ་མེད་ལ་བརྩོན་པར་འབད་ཅེས་གསུངས་སོ། །ཞེས་པས་བསྟན་ཏེ་དོན་དམ་པའི་བདེན་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་སུ་སྟོན་པའི་ལེའུ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུའོ། །བདུད་རྩི་ཐིགས་པ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱི་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ལྟར་གཟུགས་བརྙན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་ཀྱང་། སྔགས་དང་ཕྱག་རྒྱ་མ་གསུངས་ན། སེམས་ཅན་གྱི་དོན་མི་འགྲུབ་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་སྡུད་པ་པོས་སྔགས་དང་ཕྱག་རྒྱའི་དོན་ཞུས་པ་བསྟན་པའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་རྡོ་རྗེ་ཡིས་ཀུན་ཏུ་བཟང་པོ་ལ་གསོལ་བ་ཞེས་པ་ནི་བཤད་པར་བྱ་བའི་ཚིག་ཕྲད་དོ། །ཅི་ཞིག་གསོལ་ཞེ་ན་འོག་ནས་འབྱུང་བའི་ཚིག་འདི་དག་རྣམས་སོ། །བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཤད་དུ་གསོལ་ཞེས་པས་ཞུས་པའི་ཚིག་སྟེ། བཅོམ་ལྡན་འདས་ཞེས་བོས་ནས། སངས་རྒྱས་ཐམས་ཅད་ཀྱི་སྔགས་བཟླས་པས་ཅི་ལྟར་འགྱུར། ཕྱག་རྒྱ་བཅས་པས་ཇི་ལྟར་འགྱུར། སྔགས་དང་ཕྱག་རྒྱའི་མཚན་ཉིད་དེ་ཕྱི་རབས་ཀྱི་རྣལ་འབྱོར་པ་དང་སེམས་ཅན་རྣམས་ལ་སྨན་པའི་སླད་དུ་བཅོས་ནས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་སྡུད་པ་པོས་ཞུས་པའི་ཚིག་གོ། །དེ་ཞུས་པའི་ཚིག་དེ་ལ་ལན་གླན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་སྔགས་དང་ཕྱག་རྒྱ་འདི་དག་བཤད་དོ། །ཞེས་པ་ལ་སོགས་པས་བསྟན་ཏེ། བཅོམ་ལྡན་འདས་ཀྱིས་བཤད་དོ་ཞེས་པའི་ཚིག་གི་འཕྲད་དོ། །སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་བྱ་བ་ནི་བོད་པའི་ཚིག་སྟེ། སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་ལ་བོས་ནས། སྔགས་དང་ཕྱག་རྒྱའི་དོན་འདི་བཤད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཚུར་ཉོན་ཅིག་ཅེས་པའོ། །དེ་ནས་སྔགས་དང་ཕྱག་རྒྱའི་དོན་བསྟན་པའི་ཕྱིར། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་འབྱུང་བ་འོག་ནས་འབྱུང་བའི་སྔགས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་འཁོར་གང་ཡིན་པ་བསྒོམ་ཞིང་སེམས་བརྟག་པར་བྱས་ཏེ་སྔགས་འདི་བཟླས་ནས་ཕྱག་རྒྱས་བཅས་ན་ཇི་ལྟར་ཡང་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་ལས་གང་བསྒྲུབ་པའི་སྙིང་པོ་ཡིན་ཞེས་གསུངས་སོ། །འདི་ལ་གང་ཞིག་དད་མོས་པ། །སྣང་མཛད་སེམས་དཔའ་ཉིད་འདྲར་འགྱུར། །ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་འདི་ལ་མོས་པའི་གང་ཟག་དེས་དང་པོ་ལྷའི་རྣལ་འབྱོར་ལ་སེམས་བསྟན་པར་བྱས་ལ། དེ་ནས་བདག་ཉིད་ཀྱི་སྙིང་ཁ་ནས་པདྨ་འདབ་མ་བརྒྱད་པའི་སྟེང་ན་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་ཉི་མའི་དཀྱིལ་འཁོར་དེ་གཉིས་ཀྱི་བར་ན་འཁོར་ལོའི་ལྟེ་བའི་ནང་ན་ཟླ་བའི་དཀྱིལ་འཁོར་དེའི་དབུས་ན་ༀ་གནས་ཏེ་ལྷག་མ་ཡི་གེ་རྣམས་ཀྱིས་ལངས་པའི་ཐབས་སུ་གཡས་ནས་བསྐོར་བར་གནས་ཏེ། དེ་ནས་དབུགས་འབྱུང་བའི་དུས་ན་རྩ་གཡས་ནས་ཞུགས་ཏེ། སྣ་བུག་གཡས་ནས་བྱུང་ནས་ཇི་ཙམ་དུ་དབུགས་བྱུང་བའི་ཡི་གེའི་ཕྲེང་བ་དེ་ལྟ་བུའོ། །ནང་ དུ་དབུགས་འཇུག་པའི་དུས་ན་ཡང་སྣ་བུག་གཡོན ་ནས་འཇུག་སྟེ། རྩ་ གཡོན་པའི་གནས་ནས་ཡང་བཞི་པོ་ལ་ཐིམ་སྟེ་ཅི་སྲིད་ནང་ན་གནས་པའི་བར་དུ ་གཟུང་བར་བྱའོ། །དེ་ལྟར་བྱས་ཤིང་ཡང་ནས་ཡང་དུ་གོམས་པ་དང་། འཇུག་ཇི་སྲིད་འདོད་པ་བཞིན་དུ་འགྲུབ་སྟེ། བདེ་བར་གཤེགས་པ་མཆོད་པར་འདོད་པའི་དུས་ན་བདེ་བར་གཤེགས་པ་ལ་དམིགས་ནས་ཕྱག་རྒྱ་བཅས་སྔགས་བཟླས་པས་སྔགས་དང་ཕྱག་རྒྱ་ལས་མཆོད་པའི་ལྷ་མོ་མང་པོ་འཐོན་ནས་མཉེས་པ་དབུལ་བར་འགྱུར་རོ། །སེམས་ཅན་གྱི་དོན་བྱེད་པར་འདོད་ན་གང་ཡིན་པའི་སེམས་ཅན་དེ་ལ་ཕྱག་རྒྱ་གཏད་ནས་སྔགས་བཟླས་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ས་ཐོབ་པར་འགྱུར་རོ། །སྔགས་དང་ཕྱག་རྒྱ་དེ་ལས་རྣམ་པ་གཉིས་གཉིས་སུ་གྲུབ་པའི་ཕྱིར། ༀ་བྷུད་དྷ་བཻ་རོ་ཙ་ན་ༀ་ཞེས་པ་ནས་བྱང་ཆུབ་མཆོག་ཏུ་གདོན་མི་ཟའི་ཞེས་པའི་བར་གྱིས་བསྟན་ཏེ། བདག་ཉིད་ཀྱི་འབྲས་བུ་ཇི་ལྟ་བུ་ཐོབ་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་བསྟན་ཏེ། འདིར་མ་བཀོད་དོ། །ལས་གཉིས་ནི་འཕགས་པ་མཆོད་པའི་ལས་དང་། སེམས་ཅན་གྱི་ལས་བྱ་བའི་ལས་གཉིས་ལས། མཉེས་ཤིང་མཉེས་པ་ཞེས་པས་འཕགས་པ་མཆོད་པའི་ལས་སོ། །བྱང་ཆུབ་མཆོག་ཏུ་གདོན་མི་ཟའོ། །ཞེས་པས་སེམས་ཅན་གྱི་དོན་ནོ། །ཇི་ལྟར་འདིར་རྒྱས་པར་བསྟན་པ་བཞིན་དུ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །ཕྱག་རྒྱའི་མཚན་ཉིད་ནི་དཀྱུས་ཉིད་གསལ་ལོ། །དེ་ནས་ཡང་རྡོ་རྗེ་འཛིན་པའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་རྡོ་རྗེ་འཛིན་ཉིད་ཀྱི་ཞེས་པ་ན་རྡོ་རྗེ་མི་འཁྲུགས་པ་ཕྱག་རྒྱར་བཤད། ཅེས་པས་བསྟན་ཏེ། བསྒོམ་པའི་རིམ་པ་ནི་གོང་དུ་གསལ་བར་བསྟན་ཏེ། དབུས་ཀྱི་སྙིང་པོ་ནི་ཧཱུྃ་དེ་སོ་སོའི་སྙིང་པོ་དང་ཕྱག་མཚན་ཉིད་དོ། །ལས་ཉིད་བསྟན་པའི་ཕྱིར་རོ། །སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །སངས་རྒྱས་གྲགས་པ་ཆེན་པོ་ཡང་ཞེས་པ་ལ་སོགས་པ་བསྟན་ཏེ། གྲུབ་པའི་དུས་ན་ཕྱག་རྒྱ་གཏད། སྔགས་བཟླས་པས། དུས་གསུམ་གྱི་སངས་རྒྱས་ཀྱང་བསྐྲག་ཅིང་འདར་བར་གྱུར་ན། བདུད་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེ་ནས་རིན་ཆེན་འཛིན་པའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་རིན་ཆེན་འཛིན་པའི་ཞེས་པ་ནས། རིན་ཆེན་འཛིན་པའི་ཕྱག་རྒྱ་ཡིན་ཞེས་པས་བསྟན་ཏེ་གོ་སླའོ། །ལས་གཉིས་པ་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱ་འདིས་ནི་བདེ་བ་མཆོག་རྣམས་སྦྱིན་པར་བྱེད་ཅེས་པ་སྟེ། གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་འདིས་གྲུབ་པའི་དུས་ན། ཕྱག་རྒྱ་གཏད་སྔགས་བཟླས་པས་འཆི་བའི་དུས་ལས་བཟློག་པ་སྟེ། ཤིན་ཏུ་བདེ་བའི་མཆོག་རྩ་རྒྱས་པར་བྱེད་པའི་ཕྱིར། གང་དགའ་བ་ཡང་རབ་འགེངས་ན་ཞེས་གསུངས་པ་ཡིན་ཏེ། ཚེ་ཟད་པ་ཡང་འགེངས་ན་བགེགས་ལས་ཕྱུང་བ་སྨོས་ཅི་དགོས་ཞེས་སོ། །དེ་ནས་ཡང་ཆོས་ཀྱི་སེམས་དཔའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། གཞན་ཡང་ཆོས་ཀྱི་སེམས་དཔའི་ཞེས་པ་ནས་པདྨ་སེམས་དཔའི་ཕྱག་རྒྱ་བསྟན་པ་ཡིན་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ། །ལས་ཉིད་བསྟན་པའི་ཕྱིར་སྔགས་དང་ཕྱག་རྒྱ་འདི་ཡིས་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གོང་དུ་གསུངས་པའི་ཕྱག་རྒྱ་འདི་ཡིས་ནི། དུས་གསུམ་གྱི་སངས་རྒྱས་གྲགས་པ་ཆེན་པོ་ཀུན་ཀྱང་ཕྱག་རྒྱ་གཏང་བསྔགས་བཟླས་པས་དབང་དུ་གྱུར་པར་གདོན་མི་ཟ་བར་ཁམས་གསུམ་གྱི་སྐྱེ་བོ་སྨོས་ཀྱང་ཅི་དགོས་ཏེ། མི་དགོས་སོ་ཞེས་པའི་ཐ་ཚིག་གོ། །དེ་ནས་ཡང་ལས་ཀྱི་སེམས་དཔའི་སྔགས་དང་ཕྱག་རྒྱ་བཤད་པའི་ཕྱིར། གཞན་ཡང་ལས་ཀྱི་སེམས་དཔའི་ཞེས་པ་ནས་ལས་ཀྱི་ཡིན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །ལས་གཉིས་བསྟན་པའི་ཕྱིར། སྔགས་དང་ཕྱག་རྒྱ་འདི་ཡིས་ནི། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར་ཞེས་པས་བསྟན་ཏེ། སྔགས་འགྲུབ་པའི་དུས་ན་ཕྱག་རྒྱ་དང་སྔགས་བཟླས་པས་འཕགས་པ་མཆོད་པ་དང་སེམས་ཅན་གྱི་དོན་ཇི་ལྟར་འདོད་བཞིན་འགྲུབ་སྟེ། གྲུབ་པ་ཐོབ་པའི་དུས་སུའོ། །དེ་ནས་ཡང་ཡུམ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་བསྟན་ཏེ། དེ་ཡང་སྔོན་ལ་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་བྱ་ཞེས་པ་ལ་སོགས་པ་བསྟན་ཏེ། ཐབས་ལས་ནི་གཞན་པ་ཤེས་རབ་མི་བཤད་པའོ། །དབྱིངས་ཕྱུག་མའི་སྔགས་འདི་ཡིན་ཞེས་བྱ་བ་ནི་དབྱིངས་ཕྱུག་མའི་གསང་བའི་སྔགས་ནི་འོག་ནས་འབྱུང་བ་འདི་ཡིན་ཏེ། དེ་ཡང་ཐབས་ལ་ཇི་སྐད་གསུངས་པ་བཞིན་འདི་ཡང་ངོ་། །ༀ་བྷུད་དྷ་ལོ་ཙ་ན་ༀ་ཞེས་བྱ་བའི་སྔགས་གང་ཡིན་པ་དང་། སྦྱར་བར་བྱའོ། །ཕྱག་རྒྱ་ནི་གོ་སླ་སྟེ་མ་བཀྲོལ་ལོ། །དེ་ནས་མཆོད་པར་བྱ་བ་དང་། སེམས་ཅན་གསོ་བར་བྱ་བ་ནི། རྡོ་རྗེ་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། སེམས་ཅན་ཐམས་ཅད་བསྲུང་བར་བྱ་བ་ནི། མ་མ་ཀིའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། དེ་ནས་ཡང་ཆོས་ཀྱི་གསུང་རྣམ་པར་དག་པ་སེམས་ཅན་གྱི་དོན་ཐོབ་པར་བྱ་བ་པདྨའི་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏོ། །དེ་ནས་ཡངས་སངས་རྒྱས་དང་སེམས་ཅན་གཉིས་དབང་དུ་བྱ་བ་དེ་བསྟན་པའི་ཕྱིར། ལས་ཀྱི་དབྱིངས་ཕྱུག་མའི་སྔགས་དང་ཕྱག་རྒྱ་བསྟན་ཏོ། །དེ་ནས་ཡང་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བསྟན་ཏེ། དེ་ཡང་སྔོན་ལ་སྐུའི་ཕྱག་རྒྱ་བསྟན་ཏེ། སེམས་ཅན་གང་ལ་བྱིན་གྱིས་བརླབས་པ་དེ་སྐུའི་གནས་སུ་ཡི་གེ་ༀ་དཀར་པོ་ལ་རྣམ་པར་སྣང་མཛད་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་ནས་བྱིན་གྱིས་བརླབས་ཏེ། སྐུའི་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས་པའོ། །དེ་ནས་ཡང་གསུང་གི་བྱིན་གྱིས་བརླབས་པ་ནི། གསུང་གི་གནས་རྟ་མགྲིན་གྱི་འཁོར་ལོའི་དབུས་ཡི་གེ་ༀ་དམར་པོ་ལས། སྣང་བ་མཐའ་ཡས་ཀྱི་སྐུར་བྱིན་གྱིས་བརླབས་པ་སྟེ། གསུང་གི་སྔགས་དང་ཕྱག་རྒྱས་བསྟན་ཏོ། །དེ་ནས་ཡང་ཐུགས་ཀྱི་བྱིན་གྱིས་བརླབས་པ་བསྟན་ཏེ། དེ་ཡང་ཐུགས་ཀྱི་གནས་སྙིང་གི་རྩ་གསུམ་གྱི་གཡས་པའི་ནང་དུ་ཡི་གེ་ཧཱུྃ་ལས་མི་བསྐྱོད་པའི་སྐུར་བསྐྱེད་ལ་བྱིན་གྱིས་བརླབས་ཏེ། ཐུགས་ཀྱི་ཡང་སྔགས་དང་ཕྱག་རྒྱས་བསྟན་ཏེ། དེ་ནས་ཡང་སྔགས་དང་ཕྱག་རྒྱ་བརྗོད་པ་ལས་འདས་པ་བསྟན་ཏེ། དེའི་ཕྱིར་དེ་ལ་སོགས་ཏེ་མཐའ་ཡས་མཆོག་པས་ལ་སོགས་པ་གསུངས་ཏེ། གོང་དུ་གསུང་པའི་སྔགས་དང་ཕྱག་རྒྱ་དེ་ལ་སོགས་པ་བགྲངས་བ་ལས་བསམ་ཡས་པ་གང་གིས་ཡང་བགྲངས་ཞིང་དཔག་པ་ལས་འདས་པ་ལས་ནི་མཆོག་སྟེ། དེ་ནི་ཆོས་དབྱིངས་མཉམ་དང་མི་མཉམ་ཞེས་བརྗོད་པ་ནི། འདི་ནི་ཆོས་ཀྱི་དབྱིངས་དངམཉམ་པ་ཡིན་ལ། འདི་ནི་མི་མཉམ་པ་ཡིན་ཞེས་བརྗོད་པར་བྱ་བ་དང་བྲལ་ཏེ། དེའི་ཕྱིར་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པ་ཞེས་གསུངས་པ་ཡིན་ཏེ། ནམ་མཁའ་ནི་དཔག་པ་ལས་འདས་པ་ཡིན་ཏེ། དེའི་དབྱིངས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་པས། བརྗོད་མེད་བརྗོད་དུ་མེད་པའི་ཞེས་གསུངས་ཏེ། ནམ་མཁའ་དབྱིངས་ནི་བརྗོད་མེད་དེ་ལས་འདས་ཏེ། ཤེས་པ་དང་བརྗོད་པ་ལས་འདས་པ་ནི་བརྗོད་དུ་མེད་པ་སྟེ། དེའི་ཡོན་ཏན་མཐའ་ཀླས་པ་བསམ་གྱིས་མི་ཁྱབ་པ་འབྱུང་ཞེས་སྟོན་པས་གསུངས་སོ། །སྔགས་དང་ཕྱག་རྒྱ་སྤྲོ་བ་སྟོན་པ་ལ། སྔགས་དང་ཕྱག་རྒྱ་སྤྲོས་པའི་ལེའུའོ། །བདུད་རྩི་ཐིགས་པ་ལས་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས་བདེན་པ་གཉིས་བཤད་པའི་ལེའུ་ལྔ་པའོ།། །།དེ་ནས་ཡང་རིགས་ལྔའི་དཀྱིལ་འཁོར་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས་ནི་སྟོན་པས་གསུངས་པ་ཡིན་ལ། དེ་ལས་གཞན་ནི་མ་གསུངས་སོ། །སྙོམ་མའི་བློ་འཁོར་རྣམས་ལ་སྐྱེ་སྟེ། དེ་གསལ་བའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། སྔགས་དང་ཕྱག་རྒྱ་བསྟན་པའི་དེ་མ་ཐག་པ་དེ་ནས་སྡུད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་སྟོན་པ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འོག་ནས་འབྱུང་བ་འདི་སྐད་བཤད་དོ། །ཨེ་མའོ་རྣམ་དག་སྟོང་པའི་ལམ་ཞེས་པ་ལ་སོགས་པ་གསུངས་ཏེ། ཨེ་མའོ་རྣམ་དག་སྟོང་པའི་ལམ་ཞེས་པ་ནི། ཨེ་མའོ་ནི་ངོ་མཚར་བའི་ཆོ་ག་སྟེ། གང་ལ་ངོ་མཚར་རང་གི་ལུས་ལ་སྟོང་པའི་ལམ་ཡོད་པ་ངོ་མཚར་བའོ། །རྣམ་དག་ནི་ཡེ་ནས་མ་བཅོས་པ་སྟོང་པའི་ལམ་འདི་ནི་རང་ལ་རང་ཆས་སུ་ཡོད་པ་འདི་ལྟ་བུའོ། །ཞེས་པའི་སྟོང་པའི་ལམ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལམ་སྟེ། དེ་ཡང་ཇི་ལྟར་ཡིན་ཞེ་ན་འཁོར་ལོ་རྣམ་པ་བཞི་སྟེ། སྤྲུལ་པའི་འཁོར་ལོའི་འདབ་མ་དྲུག་ཅུ་རྩ་བཞི་པ་དང་། ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད་པ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པའོ། །འོན་ཏེ་དེ་རྣམས་གང་ན་གནས་ཞེ་ན། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཀྱང་། ཀུན་རྗོབ་བརྗོད་པ་མ་ཡིན་ཏེ། །ལྟོ་བ་མཐའ་ཟད་ཤེས་རབ་ལ། །ཐབས་ནི་ཟེའུ་འབྲུའི་རྩེར་ཞེས་བྱ། །རྩ་བ་འདབ་མ་དྲུག་ཅུ་བཞི། །མ་སྐྱེས་པ་ཡི་སྙིང་པོ་ཅན། །ས་དབུས་ཆོས་སུ་བསྟན་པ་སྟེ། །ཀུན་འབྱུང་ལམ་ཆེན་བརྒྱད་ཡོད་པ། །སྔོན་ལ་བརྒྱད་ཆ་གཉིས་ཡོད་པ། །རྩ་བཞི་ནང་གི་མ་མོ་བཞི། །ཕྱོགས་བཞི་རྩ་བཞི་ཐབས་བཞི་སྟེ། །བཅུད་ནི་ཕུང་པོར་འབྱུང་བར་བཤད། །རྟག་པར་ཆོས་སུ་འདི་བསྟན་ཏེ། །སྙིང་པོའམ་ཆོས་ཀྱི་སྐུ་ཞེས་བྱ། །དེ་ཉིད་ཡེ་ཤེས་སྙིང་པོ་ཡིན། །འདི་ཡི་འཁོར་ལོ་ནམ་མཁའི་ཁམས། །ཐམས་ཅད་ཀུན་ལ་ཁྱབ་ཆེན་པོ། །དེ་གཉིས་སྟེང་དུ་ལོངས་སྤྱོད་དེ། །སྔོན་ལས་བརྒྱད་ཆ་གཉིས་ཡོད་པ། །འབྱུང་བཞི་བར་ཡང་སྟོང་པའོ། །ཡེ་ཤེས་ལྔ་ཡི་སྙིང་པོ་ཅན། །ཆགས་པ་རྟག་ཏུ་སྒྲལ་བར་དགའ། །འབྱུང་འཇུག་སྒོ་གསུམ་ཐར་བར་འགྱུར། །བདེ་ཆེན་མཚན་ལྡན་པདྨ་མཛེས། །རྟག་པར་གཞོལ་མེད་ཡི་གེ་ཧཱུྃ། །རང་བཞིན་ཆོས་སྐུར་མང་ཞེས་བྱ། །ཏིང་འཛིན་གོམས་པའི་ཡེ་ཤེས་ཀྱིས། །ས་གནས་ཀུན་ཏུ་བདེ་བ་ཆེ། །བདེ་ཆེན་མགོ་བོར་གནས་ཕྱིར་རོ། །དཀྱིལ་འཁོར་ཡན་ལག་བཅས་སྤྲུལ་སྐུ། །དེ་གཉིས་བདེ་བ་བསྡུ་བྱས་སྟེ། །གཡས་དང་གཡོན་དང་དབུས་དང་གསུམ། །རིམ་གྱིས་སྟོང་པར་འཇུག་པ་སྟེ། །ཡེ་ཤེས་སྐྱེ་བ་ངེས་པ་མེད། །སེམས་ཉིད་བདེ་ལ་གང་གནས་པ། །གོམས་པའི་འོད་ཀྱང་མི་དམིགས་ཤིང་། །སྐྲའི་རྩེ་མོ་བརྒྱར་བཤགས་བྱ། །མཐར་ནི་དམིགས་པར་མི་འགྱུར་ཏེ། །བདེ་བ་ཡིད་ཀྱི་མི་བྱ་ཞིང་། །མཐའ་ནི་ཅི་ལའང་མི་གནས་ཏེ། །འགྲོ་དོན་འདོད་པའི་སྐུ་གཉིས་ཀྱང་། །སྒྲ་ཡིས་ཚུལ་ལས་ཐོས་པ་མེད། །ར་བཞིན་དང་བའི་ཡེ་ཤེས་ནི། །སྣང་སྟོང་གཉིས་སུ་མ་ཡིན་པས། །རྟག་ཏུ་ཐིག་ལེ་ཆེན་པོ་གསུངས། །སྟོང་པའི་ལམ་ཞེས་དེ་ལ་བྱའོ། །ཞེས་གསུངས་སོ། །སངས་རྒྱས་ཀུན་གྱི་སྐུ་མཆོག་ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་མཆོག་ནི་ཆོས་སྐུ་སྟེ། ཆོས་སྐུ་དེ་ལ་ཐམས་ཅད་འབྱུང་བའི་བདག་པོར་གྱུར་པའི་ཕྱིར། སྣ་ཚོགས་ལས་བྱུང་ཁྱོད་ལ་འདུད། །ཅེས་བསྟོད་པའོ། །སངས་རྒྱས་ཀུན་གྱི་གསུང་གི་མཆོག་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྣམ་པར་དག་པར་འབྱུང་བའི་དོན་གསལ་བའི་སྒྲ་ཆེན་ཁྱོད་ལ་འདུད། ཅེས་གསུང་གི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མངའ་བདག་གི་གཙོ་བོ་ཁྱོད་ལ་ཕྱག་འཚལ་འདུད་ཅེས་ཐུགས་ཀྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པའི་ཡེ་ཤེས་མངའ་བའི་རྟགས་སུ་རྡོ་རྗེ་འཛིན་པ་བསྟོད་དེ་སྟོན་པའི་ངོ་བོར་རྡོ་རྗེ་འཛིན་པ་ཁྱོད་ལ་འདུད་ཅེས་པས་བསྟོད་པའོ། །ཆོས་ཀྱི་འཁོར་ལོ་རབ་བསྒྱུར་བ་ཞེས་བྱ་བ་ནི། སྟོན་པའི་ཐུགས་ཡང་དག་པའི་ཡེ་ཤེས་ཀྱིས་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་ལ་གསལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བས་དེའི་ཕྱིར་སངས་རྒྱས་འཁོར་ལོ་ཁྱོད་ལ་འདུད་ཅེས་བསྟོད་པའོ། །ནོར་བུ་འཛིན་པ་ཁྱོད་ལ་འདུད་ཅེས་བྱ་བ་ནི། སྟོན་པའི་ཐུགས་ཡེ་ཤེས་ཀྱི་སེམས་ཅན་གྱི་དགོས་འདོད་རེ་བ་ཡིད་བཞིན་སྐོང་བས་ནོར་བུ་འཛིན་ཞེས་བརྗོད་པའོ། །དེ་ལྟར་སྟོན་པས་སེམས་ཅན་གྱི་དོན་མཛད་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་དེའི་ཕྱིར་པདྨོ་འཆང་ལ་འདུད་ཅེས་པའོ། །དེ་ལྟར་ཕྱི་ནང་གི་དོན་གང་ལ་ཡང་མ་འགགས་པས་དོན་ཡོངས་སུ་གྲུབ་སྟེ། སྣ་ཚོགས་ལས་ལ་ཕྱག་འཚལ་འདུད་ཅེས་སྡུད་པ་པོས་སྟོན་པ་ལ་གསོལ་བ་བཏབ་བོ། །དོན་དམ་པའི་བདེན་པའོ། །འཁོར་གྱི་རྟོག་པ་དེ་གསལ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་བསྟན་ཏེ། སྟོན་པ་ཐུགས་སྤྲོས་པ་མེད་པའི་དབྱིངས་སུ་སྐུ་གནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བསམ་ཡས་པར་དགྱེས་པའི་ཕྱིར། དེ་བཞིན་ཉིད་ལ་དམིགས་ནས་ཅང་མི་སྨྲ་བར་བཞུགས་སོ། །ཞེས་པ་སྟེ། ཐུགས་སྤྲོས་པ་མེད་པའོ། །དེ་ལྟར་སྟོན་པས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དགྱེ་བ་དེའི་ཚེ། རིགས་ལྔ་བདེ་བར་གཤེགས་པ་ཐམས་ཅད་དང་འཁོར་རྒྱ་མཚོ་དང་བཅས་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་སྤྲུལ་པ་དགྱེ་བ་ལ་འདི་ལྟར་གཟིགས་པའི་ཕྱིར། འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། འདུལ་བའི་ཐབས་སྣ་ཚོགས་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་ལ་སོགས་པའི་འདུལ་བའི་ཐབས་སྣ་ཚོགས་པས་འདུལ་ཏེ་དེའི་ཕྱིར། འགྲོ་རྣམས་ཚོགས་འདུལ་བར་འགྱུར་ཞེས་གསུངས་པ་ཡིན་ནོ། །ལ་ལས་སྐུའི་དོན་མཛད་འགྱུར་ཞེས་པ་ནི། སོ་སོའི་འདུལ་སྐལ་གྱིས། སྐུ་ཡིས་དོན་མཛད་པར་འགྱུར་རོ། །འགྲོ་རྣམས་ཀུན་ལ་སྡིག་སྤང་གཟུགས་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་ཆར་ལ་དོན་མཛད་ཀྱང་ལོག་པའི་སྤྱོད་པས་དོན་མ་མཛད་དེ། ཕྱིན་ཅི་མ་ལོག་ཅིང་སྡིག་པ་ཐམས་ཅད་སྤངས་ནས། ཡང་དག་པའི་ཡེ་ཤེས་དང་ལྡན་པའི་སྒོ་ནས་དོན་མཛད་དོ། །སྤྲུལ་པས་སོ་སོར་འདུལ་བ་རྣམས་ནི་ཞེས་པ་ནི་སོ་སོར་ལས་ཀྱི་མཐོང་བ་བཞིན་དུ་འདུལ་ལོ། །དེ་ཡང་སྐུས་སོ་སོར་འདུལ་བ་བསྟན་པའི་ཕྱིར། དམྱལ་བ་རྣམས་ལ་གཤེགས་པོས་འདུལ་ཞེས་པ་ནས། འཐུན་བྱས་སྐུ་ནི་སྣ་ཚོགས་འདུལ་ཞེས་བྱ་བས་བསྟན་ཏེ་གོ་སླའོ། །དེ་ནས་གསུང་སྤྲོས་པ་མེད་པའི་སྒོ་ནས་དོན་མཛད་པ་བསྟན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་སྣ་ཚོགས་ནི་ཞེས་པ་ནས། དེ་སྙེད་སྒྲ་སྐད་ཐ་དད་བསྟན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་ཡང་སྐུ་ལྟམས་པ་ལ་སོགས་པས་འདུལ་བར་བསྟན་པའི་ཕྱིར། ལ་ལར་ལྷུམས་སུ་གཤིགས་པའི་ཚུལ་ཞེས་པ་ནས་བྱིན་བརླབས་ཆོ་འཕྲུལ་དེ་ལྟར་བསྟན་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་ཡང་སོ་སོར་འདུལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་གྱིས་བརླབས་ཀྱི་སེམས་ཅན་རྣམས་ཇི་ལྟར་མོས་པར་འགྱུར་བ་བསྟན་པའི་ཕྱིར་རོ། །དེ་ཚེ་འགྲོ་རྣམས་ཐམས་ཅད་དང་ཞེས་པ་ལ་སོགས་བསྟན་ཏེ། དེ་ཡང་སྟོན་པས་སྐུ་གསུང་གི་ཆོ་འཕྲུལ་རྣམ་པའི་བྱེ་བྲག་གིས། འགྲོ་བ་རྣམས་ལ་སོ་སོར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ། འགྲོ་བ་རིགས་དྲུག་ཐམས་ཅད་ཀྱང་ཡང་དག་པའི་བྱང་ཆུབ་ལ་ངང་པར་འགྱུར་ཏེ། འོ་ན་མ་དད་པ་གང་ཡིན་ཞེ་ན་དེ་བསྟན་པའི་ཕྱིར། ལས་ཀྱི་སྟོབས་ཀྱིས་དབང་བསྒྱུར་བ། ལོག་པ་ཅན་གྱི་རུ་ཏྲ་རྣམས། ལོག་ལྟའི་མཐུ་བསྙེམ་མ་རྟོགས་པ་ཞེས་པ་བསྟན་ཏེ། སྔོན་གསང་བའི་ཟབ་མོ་ནི་སྒྲོས་ཡང་དག་པའི་ལྟ་བ་ནི་མ་ཤེས་པའི་ལས་ཀྱི་སྟོབས་ཀྱིས་དབང་གིས་ཚེ་འདི་ཉིད་ལ་ལྡོག་པ་ལ་དགའ་བ་ཡང་དག་པའི་དོན་ལ་སྨོད་པའི་རུ་ཏྲ་རྣམས་ནི་ལོག་པར་བལྟ་བ་འཇིག་རྟེན་འདིར་ནི་མཐུ་ཆེ་བ་ངག་གཏུམ་ཚིག་ཏུ་སྨྲ་བ་དེ་ནི་མ་རྟོགས་པ། ཚོགས་པར་བསྟན་པར་འཁོར་རྣམས་ཀྱིས་གཟིགས་པས་གོང་གི་ཐེ་ཚོམ་སྐྱེས་པའི་རྟོགས་པ་གསལ། ལྷག་པའི་སེམས་ཅན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་དད་པར་འགྱུར་ཏེ། བྱང་ཆུབ་སྤྱོད་པའི་སྒོ་ཇི་སྙེད་པའི་སྒོ་ནས་སྤྱོད་པ་ཁམས་གསུམ་གྱི་སེམས་ཅན་དེ་སྙེད་འབྲས་བུ་བདེ་ལ་འགོད་དེ། ཡང་དག་པའི་ས་ལ་གནས་པར་འགྱུར་རོ། །དེ་ལྟར་སོ་སོའི་སྒོ་ནས་འདུལ་བའི་ཆོ་འཕྲུལ་སྣ་ཚོགས་པར་བསྟན་པར་འཁོར་རྣམས་ཀྱིས་གཟིགས་པ་གོང་གི་ཐེ་ཚོམ་སྐྱེས་པའི་རྟོག་པ་གསལ་ཏེ། གཉིས་སུ་མེད་པའི་དོན་ལ་སེམས་ནས་གནས་སོ། །དེ་ནས་འདུལ་བའི་འཁོར་ཚོགས་རྣམས་ཀྱིས་སྡུད་པ་པོ་ལ་བསྟན་པའི་ཕྱིར། དེ་ནས་འཁོར་ལོ་དེར་འདུས་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། སྟོན་པའི་ཆོ་འཕྲུལ་འཁོར་རྣམས་ལ་བསྟན་ཟིན་པའི་དེ་མ་ཐག་པ་དེ་ནས་སྟོན་པའི་འཁོར་དེར་འདུས་པ་རྣམས་སྡུད་པོ་ཡིད་ཀུན་ཏུ་བཟང་པོས་སྟོན་པ་ལས་བསྐུལ་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་དེ་ལ་ངོ་མཚར་དུ་གྱུར་ཏེ། སྡུད་པ་པོས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ལ་འཁོར་རྣམས་ཀྱིས་འོག་ནས་འབྱུང་བའི་དོན་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་བའི་ཚིག་གོ། །ཨེ་མའོ་རྡོ་རྗེ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་སྟོན་པའི་སྤྲུལ་པར་གྱུར་ཅིང་སྟོན་པ་ཉིད་སྡུད་པ་པོ་ཡིན་འཁོར་རྣམས་ཀྱང་རྟོགས་ཏེ་དེའི་ཕྱིར་ཀུན་བཟང་ཞེས་བོས་པའོ། །ངོ་མཚར་ཁྱོད་ལ་ཕྱག་འཚལ་འདུད་ཅེས་བྱ་བ་ནི། སྟོན་པ་ལས་ཐ་མི་དད་པར་གྱུར་པ་ནི་ངོ་མཚར་ཏེ། ཁྱོད་ལ་ངེད་འཁོར་རྣམས་ཀྱང་ཕྱག་འཚལ་ལོ་ཞེས་སོ། །ཨེ་མ་གསང་སྔགས་ཡ་མཚན་ཆེ་ཞེས་བྱ་བ་ནི། གསང་བའི་སྔགས་ནི་གསང་སྔགས་ཏེ། ཡང་དག་པའི་ཡེ་ཤེས་སོ། །ཨེ་མའོ་སྟོན་པ་ཆོ་འཕྲུལ་ཆེ་ཞེས་པ་ནི། ཐེ་ཚོམ་སྐྱེ་བ་བསམ་པས་ངོ་མཚར་རོ། །ཨེ་མའོ་སྔགས་ཀྱི་མི་འདུལ་མེད་ཅེས་བྱ་བ་ནི། ཉོན་མོངས་པ་ལྔའི་གཉེན་པོར་མཛད་པའོ། །འདི་ནི་ངོ་མཚར་ཡ་མཚན་ནོ། །ཞེས་བྱ་བ་ནི་གོང་དུ་སྟོན་པས་མཛད་པ་འདི་ནི་ཤིན་ཏུ་ངོ་མཚར་ལགས་སོ། །ཞེས་འཁོར་རྣམས་ཀྱིས་སྡུད་པ་པོ་ལ་གསོལ་བ་དང་། དེ་ནས་སྡུད་པ་པོས་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐོས་པའི་ཐེ་ཚོམ་སྐྱེས་པའི་རྒྱུ་བསྟན་པའི་ཕྱིར། རྡོ་རྗེ་ཡིད་ཀྱིས་བཀའ་རྩལ་པ་ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཉོན་ཅིག་ཅེས་བྱ་བ་ནི། འདས་པའི་འཁོར་ཚོགས་ཡང་དག་པར་བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཀྱི་བུ་རྣམས་ཉོན་ཅིག་ཅེས་བསྐུལ་བའི་ཚིག་གོ། །གསང་བའི་ཐེག་པ་འདི་ཉིད་ལ་སུ་ཞིག་མོས་པའི་སྐྱེས་བུ་དེས་ཞེས་བྱ་བ་ནི། གསང་བའི་ཐེག་པ་བླ་ན་མེད་པ་དེ་ལ་རྣལ་འབྱོར་པ་གང་སུ་ཡང་རུང་པ་ཞིག་མོས་པས་འཇུག་ན་རྣལ་འབྱོར་པ་དེས་མི་བྱ་བ་ནི་གང་ཡང་མེད་དོ། །མི་འགྲུབ་པ་ནི་གང་ཡང་མེད་ཅེས་བྱ་བ་ནི་གསང་བའི་རྡོ་རྗེ་ཐེག་པ་འདི་ལ་ཞུགས་པའི་རྣལ་འབྱོར་པས་ནི་འོག་ནས་འབྱུང་བའི་ལས་འདི་རྣམས་བྱའོ། །དེ་ཡང་ལྡེམ་པོ་ངག་གི་སྒོ་ནས་གསུངས་ཏེ། དོན་དམ་པའི་བདེན་པ་བསྟན་པའི་ཕྱིར། རྟག་ཏུ་གསོད་ལ་བརྩོན་པ་དང་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ཡང་ཇི་ལྟར་ཞེ་ན་རྟག་ཏུ་གསོད་ལ་བརྩོན་པ་དང་ཞེས་བྱ་བ་ནི། བདག་ཉིད་ཀྱི་སྙིང་ལ་རྩའི་དངས་མ་བརྒྱད་གནས་ཏེ། དེ་ཡང་གསུང་ཆོས་ཀྱི་རྩའོ། །གཅིག་ཡེ་ཤེས་ཀྱི་རྩའོ། །གསུམ་རང་རྒྱུད་ཀྱི་རྩའོ། །གཅིག་ནི་ཡོན་ཏན་གྱི་རྩའོ། །དེ་ལྟར་རྩ་ཕྲ་མོ་བརྒྱད་ཡོད་དོ། །ཆོས་ཀྱི་རྩ་ལ་ནི། འོད་སེར་པོ་གཅིག་གནས་སོ། །དབྱིབས་ཅི་འདྲ་ན་ཟླུམ་པོའོ། །ཚུལ་ནི་དངུལ་ཆུ་ཞུན་མར་གཞོལ་མར་གྱི་ཟོལ་སོང་བ་དང་འདྲའོ། །སྙིང་པོ་ནི་ༀ་མོ། །ས་བོན་ནི་སུ་དང་ཏྲིའོ། །དེ་གསུམ་གྱི་ཁ་དོག་ནི་ཟ་འོག་གུར་ཕུབ་པ་འདྲའོ། །ཡེ་ཤེས་ཀྱི་རྩ་ལ་ནི་འོད་མཐིང་ག་ཞིག་གནས་ཏེ། དབྱིབས་ཅི་འདྲ་ཞེ་ན་ཞགས་པའམ་སྦྲུལ་འཁྱིལ་བ་ལྟ་བུའོ། །ཚུལ་ནི་དར་སྐུད་ལེ་བརྒན་ལ་ཤེལ་སྒོང་བརྒྱུད་པ་ལྟ་བུའོ། །སྙིང་པོ་ནི་ཧཱུྃ་ངོ་། །ས་བོན་ནི་ཨ་དང་ནྲིའོ། །རང་རྒྱུད་ཀྱི་རྩ་ལ་ནི་འོད་དམར་པོ་གཅིག་གནས་ཏེ། དབྱིབས་ནི་ཟླ་གམ་དམར་པོ་ལྟ་བུའོ། །ཚུལ་ནི་སོས་ཀའི་ཆུ་ལ་སྨིག་རྒྱུ་བའམ། རྩི་སྐྱ་བའི་ཁ་ལ་ཟིལ་པ་ཆགས་པ་ལྟ་བུའོ། །ཁ་དོག་ནི་ཟངས་མའི་ཞུན་མ་ལ་ར་གན་གྱི་ཟོལ་སོང་བ་ལྟ་བུའོ། །སྙིང་པོ་ནི་ཨའི་ས་བོན་ནྲི་པྲེ་དང་དུའོ། །དེ་ཡང་མ་རྟོགས་པའི་དུས་ན་འཁོར་བའི་རྒྱུ་སྟེ། ཨ་དང་ནི་ལ་སོགས་པའོ། །རྟོགས་པའི་དུས་ན་ཡེ་ཤེས་ཏེ། ༀ་ལ་སོགས་པའོ། །དེ་ཡང་ཇི་ལྟར་སྲོག་ཅེ་ན། འོད་སེར་པོ་ལ་ཀུན་གཞི་རྣམ་པར་ཤེས་པ་གནས་པ་དང་། འོད་མཐིང་ག་ལ་ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་དང་། འོད་དམར་པོ་ལ་ཉོན་མོངས་པ་ཅན་གྱི་ཡིག་གནས་སོ། །དམར་ནག་ལ་སྒོ་ལྔའི་རྣམ་པར་གནས་སོ། །དེ་ཡང་ལྷ་མི་གཉིས་སུ་སྐྱེ་བའི་ཁ་འཛིན་ནི་ཡིད་ཀྱི་རྣམ་པར་ཤེས་པས་བྱས་ཨ་དང་ནི་ལ་སོགས་པའོ། །ལྷ་མ་ཡིན་དང་བྱོལ་སོང་དུ་སྐྱེ་བའི་ཁ་འཛིན་ནི་ཀུན་གཞི་རྣམ་པར་ཤེས་པས་བྱས་ནས་ས་བོན་སུ་དང་ཏྲི་གཉིས་ལ་སོག་གོ། །ཡི་དྭགས་དམྱལ་བར་སྐྱེ་བའི་ཁ་འཛིན་ནི་སྒོ་ལྔའི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བྱས་ནས་པྲེ་དང་དུ་ལ་སོག་གོ། །དེ་ལྟར་གནས་པ་འདི་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་རང་ཆས་སུ་ཡོད་པའོ། །དེ་ལྟ་བུར་རྩ་ཕྲ་མོ་བརྒྱད་པོ་དེ་ཡང་ཐག་པ་ཁུག་པ་གཞན་གནས་པའོ། །དེ་ལྟ་བུ་བརྒྱད་འདོམ་པའི་དབུས་ན་རྩའི་དངས་མའི་ཡང་དངས་མ་དར་གྱི་སྐུད་པ་ལྟ་བུ་ལ་དབྱིབས་པ་ཐག་ཁུག་པ་འདྲ་བ་གཅིག་ཡོད་དོ། །དེའི་སྦོམ་ཕྲ་ནི་རྟ་རྔ་བཅུ་རུ་བཤགས་པ་ཙམ་གྱིས་འབྲེལ་དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ། དབུགས་ཀྱི་དངས་མ་གསེར་ས་འོག་ན་གོན་པའི་རླངས་པ་ཙམ་ཅིག་རྒྱུའོ། །དབུགས་ཀྱི་དངས་མ་དེ་ལ་ཁ་དོག་རྣམ་པ་སྣ་ཚོགས་པ་གནས་སོ། །དེའི་དཀྱིལ་ན་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོར་བཞུགས་སོ། །དེའི་དཔེ་ཇི་ལྟ་བུ་ཞེ་ན། གསེར་ཞུན་མའི་སྦུབས་ཀྱི་ནང་ནོར་བུ་རིན་པོ་ཆེ་ཀེ་ཀེ་རུ་བྱ་བཅུག་པ་ལྟ་བུའོ། །ཁ་དོག་ནི་ཉི་མ་ཤར་བའི་དཀྱིལ་འདྲ་བའོ། །དེ་ནི་ཆོས་ཀྱི་དབྱིངས་སོ། །རྩའི་དངས་མའི་ཡང་དངས་མ་དར་དཀར་གྱི་སྐུད་པ་ལྟ་བུ་ལ་གདོད་མ་ནས་ཕུང་པོ་རྟེན་བྱེད་པས་ན་འབྱུང་བའི་དངས་མ་དེས་ལྷར་སྣང་བ་ཡུམ་སངས་རྒྱས་སྤྱན་དུ་གསོལ་བ་ཡོད་པའོ། །དེའི་སྟོང་པ་ཆེན་པོའི་ཡེ་ཤེས་ཏེ། ཁམས་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་གྱུར་པ་མེད་པའི་རྟེན་བྱེད་པའི། དར་དཀར་གྱི་སྐུད་པ་ལྟ་བུ་དེ་ལ་ཁྲག་གི་དངས་མ་ལྟ་བུ་གནས་པའི་གདོད་མ་ནས་ཕུང་པོ་ལོང་འདོག་པས་འབྱུང་བའི་མདངས་མ་ཆུ་ལྟར་སྣང་བ་སྟེ། ཡུམ་མཱ་མ་ཀིའི་དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཐམས་ཅད་བཀོལ་བ་མེད་པའི་དབྱིངས་ཅིག་ཏུ་བསྡུས་པས་སོ། །དེ་ཉིད་ལ་དབུགས་ཀྱི་དངས་མ་ས་ལེ་སྦྲམ་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་པའི་གདོད་མ་ནས་ཕུང་པོ་ཡང་ཞིང་གཡོ་བའི་རྒྱུ་བྱེད་པས་འབྱུང་བ་རླུང་དུ་སྣང་བའོ། །དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། བྱ་བ་ཐམས་ཅད་ལ་གཡོ་བས་ནའོ། །བྱང་ཆུབ་ཀྱི་སེམས་དེ་ནི་ཐབས་དང་ཤེས་རབ་སྙོམ་པ་ཡང་ཡོད་ལ། ཁམས་གསུམ་པར་ཡང་ཡོད་དེ། ཐིག་ལེ་དེ་ཨ་ནི་ལ་སོགས་པའི་ཡི་གེ་རྣམས་བསྡུས་ཤིང་བྱང་ཆུབ་ཀྱི་སེམས་ཐིག་ལེའི་ངོ་བོར་བརྟགས་པས་སངས་རྒྱས་ཡེ་ཤེས་ནམ་མཁའི་རང་བཞིན་ལྟ་བུ་སྐྱེ་ཞིང་འགྲོ་བ་རིགས་དྲུག་རྒྱུན་གཅོད་པའོ། །དེ་ཡང་ཇི་ལྟར་གཅད་ཅེ་ན། ཐིག་ལེ་བྱང་ཆུབ་ཀྱི་སེམས་ལས་སུ་རུང་ནས། འོད་དང་ལྡང་བའི་ངོ་བོར་གྱུར་ཙམ་ན། ཨ་གི་གང་དང་འོག་ནས་སུ་དང་ཏྲི་གནས་པ་དང་། ཧཱུྃ་གི་གང་དང་འོག་ན་ཨ་དང་ནྲི་གནས་པ་དང་། ཨའི་གང་འོག་ན་པྲེ་དུ་གཉིས་གནས་པ་འོད་དུ་འབར་ཏེ། ཐིག་ལེ་ལ་རང་བཞིན་མེད་པར་ཐིམ་ཞིང་སོང་བས། ཐིག་ལེ་ཡང་རང་བཞིན་མེད་པར་དར་གྱི་སྐུད་པ་ལྟ་བུར་རྟ་རྔ་བཅུ་རུ་བཤགས་པ་ཙམ་ལ་ཐིམ་ནས་མཚལ་ཅོ་ག་ལ་མའི་མདངས་མ་ཙམ་དུ་གནས་ཏེ། བདེ་བ་ཆེན་པོ་ཆགས་པར་བྱེད་པ་ཡིན་ནོ། །དེ་ཡང་འོད་དུ་འབར་ཞིང་འབར་བས་དབུགས་ཀྱི་དངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་གནས་པ་དེ་བདེ་བ་ཆེན་པོར་གཡོ་སྟེ་འབར་བར་བྱེད་དོ། །དེའི་འོག་ཏུ་འབར་བས་དེར་དྲོད་ཀྱི་དངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ཞིག་གནས་པ་དེ་གདོད་མ་མེད་པ་ནས་ཕུང་པོ་སྨིན་པར་བྱེད་པའི་རང་བཞིན་འབྱུང་བ་མེ་ལྟར་སྣང་བའི་རང་བཞིན ཏ་ེ་འོད་ཁ་དོག་ལྔའོ། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཐམས་ཅད་བདེ་བ་ཆེན་པོའི་དབྱིངས་སུ་རྟོགས་པའི་སྒྲོན་མའོ། །འོད་དེའི་དཀྱིལ་ན་ཡི་གེ་མེད་པའི་ཐིག་ལེ་ཆེན་པོའི་བྱང་ཆུབ་ཀྱི་སེམས་བཞུགས་པ་དེ་ནི་དངས་མ་ཆེན་པོའོ། །དེའི་གདོད་མ་ནས་ཕུང་པོ་གསལ་བར་བྱེད་པའི་རྟེན་བྱེད་པའི་འབྱུང་བའི་དངས་མ་དེ་རྩ་བུག་རྣམས་དང་། ནམ་མཁའ་ལྟར་སྣང་བའོ། །དེ་ནི་ཁྱབ་པ་ཆེན་པོའི་ཡེ་ཤེས་ཡུམ་ཀུན་ཏུ་བཟང་མོར་གསལ་བ་སྟེ། ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་སྒོ་ནས་གོ་སྐབས་འབྱེད་པའོ། །དེ་ལྟར་ཐིག་ལེ་གསེར་ཞུན་མ་ལྟ་བུ་ནི་ཤེས་རབ་སྟེ། ཡུམ་ཐམས་ཅད་ཀྱི་ངོ་བོའོ། །དེར་རིན་པོ་ཆེ་ཀེ་ཀེ་རུ་བཅུག་པ་དང་འདྲ་བ་ནི། ཐབས་ཀྱི་རྒྱལ་པ་སྟེ། ཀུན་ཏུ་བཟང་མོ་ལ་སོགས་པ་ཡབ་རྣམས་ཀྱིའོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཆེན་པོ་འདི་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ལྟ་བ་ནི་མཐོང་བ་མེད་པའི་ཚུལ་དུ་མཐོང་བའོ། །དེའི་ཡབ་གང་ཡིན་པ་ཡུམ་ཡིན་ལ་ཡུམ་གང་ཡིན་པ་ཡབ་ཡིན་ཞིང་། འོད་ཀྱི་གོང་བུ་དེར་ཐ་དད་པ་མ་ཡིན་མཐོང་ངོ་། །དང་མ་ཆེན་པོའི་ཐིག་ལེ་ཉིད་ཀྱང་རང་བཞིན་མེད་པར་སོང་སྟེ། ཡེ་ནས་ལྷུན་གྱིས་གྲུབ་པ་ནམ་མཁའི་གཟུགས་སུ་བྱུང་བ་དེ་ཉིད་ནི་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཆོས་ཉིད་ཀྱི་སྐུའོ། །དེ་ལྟར་གྱུར་པའི་ངང་ལ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྩད་གཅོད་པ་ཞེས་བྱའོ། །དེ་ལ་རྟག་པར་ཏིང་ངེ་འཛིན་གནས་པ་ནི། རྟག་ཏུ་བསོད་ལ་བརྩོན་པ་དང་ཞེས་གསུངས་པའོ། །མ་བྱིན་ལེན་དང་མི་ཚངས་སྤྱོད་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་དེ་ནི་མ་བྱིན་པར་ཡང་དག་པར་བླང་བ་པོ་བྱའོ། །ཡང་དག་པའི་དོན་དེ་དུས་རྟག་ཏུ་སྤྱད་པར་བྱའོ། །རྫུན་དང་ཚིག་རྩུབ་སྨྲ་བ་དང་། ཞེས་པ་ནི། རྫུན་ཡང་སྨྲ་བར་བྱ་བ་ཡིན་ཏེ། བརྗོད་དང་བྲལ་བའི་དོན་འདི་ལྟ་བུ་ཡིན་ནོ། ཞེས་སྟོན་པ་ནི་རྫུན་དུ་སྨྲ་བའོ། །ངག་རྩུབ་སྨྲ་བ་གང་ཡིན་ཏེ། རྣམ་པར་རྟོག་པའི་ཤེས་པ་མེད་པས་ངག་རྩུབ་སྨྲ་བའོ། །དེ་ནས་བདུད་རྩི་ལྔ་བཟའ་བ་བསྟན་ཏེ། ཟས་སུ་ཤ་དང་། བཤང་གཅི་དང་། རྣག་ཁྲག་དྲོན་མོ་འཐུང་བ་དང་ཞེས་བྱ་བ་ནི། ཤ་ཆེན་དང་བཤད་པ་སྟེ། དྲི་ཆེན་དང་གཅི་བ་སྟེ། དྲི་ཆུ་དང་རྣག་སྟེ། བྱང་ཆུབ་ཀྱི་སེམས་ཁྲག་སྟེ། པདྨ་རཀྟ་ཏེ་བདུད་རྩི་ལྔའི་ངོ་བོ་རུ་བཟའ་ཞིང་བཏུང་བའོ། །ངན་ཟོས་ངན་སྤྱད་ཐམས་ཅད་ཀྱིས། །གསང་བ་འདི་ཉིད་འགྲུབ་པར་འགྱུར། །ཞེས་བྱ་བ་ནི། བདུད་རྩི་ལྔ་ནི་ཟོས་ཤིག་སྤྱད་པས་གསང་བའི་དོན་འདི་ཉིད་འགྲུབ་པར་འགྱུར་ཏེ། དམ་ཚིག་གོ། །ཕ་དང་ཁུ་བོ་མེས་པོ་དང་། །བུ་དང་སྤུན་དང་ཚ་བོ་རྣམས། །ཞེས་བྱ་བ་ནི། ཕ་སྟེ་འདོད་ཆགས་དང་། ཁུ་བོ་སྟེ་ཞེ་སྡང་དང་། མེས་པོ་སྟེ་གཏི་མུག་དང་། བུ་སྟེ་ང་རྒྱལ་དང་། སྤུན་སྟེ་ཕྲག་དོག་དང་ལྔའོ། །ཚ་བོ་རྣམས་ནི་དེ་ཀུན་གྱི་སྤྱིའི་མཚན་ཉིད་དོ། །ཞེ་སྡང་སེམས་ཀྱིས་གསང་བྱས་ནས། །རྡོ་རྗེ་རིགས་ཀྱི་ཞིང་དུ་འཁྲུས། །ཞེས་བྱ་བ་ནི་ཉོན་མོངས་པ་ལྔ། སྤྱིའི་མཚན་ཉིད་དང་། དྲུག་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔ་སྟོང་པ་ཆེན་པོའི་ཡེ་ཤེས་དང་དྲུག་གི་ངང་དུ་ཞེ་སྡང་ཆེན་པོའི་ཏིང་ངེ་འཛིན་གྱིས་གསད་ན་གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ཡེ་ཤེས་མ་བཅོས་པ་རྡོ་རྗེ་རིགས་སུ་འགྱུར་རོ། །དོན་དམ་པའི་བདེན་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཕོ་བྲང་ནས་བསྐྱོད་པ་ལ་རྐྱེན་གཉིས་ཏེ། ཏིང་ངེ་འཛིན་གྱིས་བསྐྱེད་པ་དང་ཤེས་རབ་མའི་རྐྱེན་གྱིས་བསྐྱོད་པའོ། །དེ་ལ་ཏིང་ངེ་འཛིན་གྱི་སྐྱོན་གྱིས་བསྐྱོད་པའི་ལེའུ་འདི་ཉིད་ཀྱི་སྟོད་ནས་གསུངས་སོ། །ཤེས་རབ་མའི་རྐྱེན་གྱིས་དབབ་པ་བསྟན་པའི་ཕྱིར། མ་དང་བུ་མོ་སྲིང་མོ་དང་གདོལ་པ་མོ་ཕྱལ་པ་ལ་ཞེས་པས་བསྟན་ཏེ། མ་ནི་རྡོ་རྗེ་རིགས་མའོ། །བུ་མོའི་འཁོར་ལོའི་རིགས་མའོ། །སྲིང་མོ་ནི་རིན་པོ་ཆེའི་རིགས་མའོ། །གདོལ་པ་མོ་སྟེ་ལས་ཀྱི་རིགས་མའོ། །ཕྱལ་པ་སྟེ་པདྨའི་རིགས་རྣམས་ལ་བྱང་ཆུབ་ཀྱི་སེམས་རྟོགས་པར་འདོད་པའི་རིགས་ཀྱིས་སྤྱན་ན་འབྱུང་བ་བཞིའི་རྐྱེན་གྱིས་དྲངས་ནས། དགའ་བ་དང་མཆོག་ཏུ་དགའ་བ་དང་། བྲལ་བའི་དགའ་རྣམས་ནི་ཉམས་སུ་བླང་བར་བྱ་བ་མ་ཡིན་ཏེ། ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ་རང་བཞིན་དགའ་བ་དང་ཉམས་སུ་བླང་བར་བྱའོ། །དེ་ཡང་གནས་གང་དུ་ཉམས་སུ་བླང་ཞེ་ན། རྡོ་རྗེ་བུམ་པའི་དབུས་སུ་སྟེ་ཡི་གེ་བཞིའི་དབུས་སུའོ། །འོ་ན་ཡི་གེ་བཞིའི་དབུས་སུ་ནི་བཟུང་ལ་གཞན་དུ་མི་གཟུང་བ་ཅི་སྟེ་ན་ཡི་གེ་བཞིའི་དབུས་སུ་གཟུང་སྟེ་ཡི་གེ་གསུམ་ཕར་མ་འདས་ན་ནི་ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མི་སྐྱེ་བ་ཡི་གེ་བཞི་ལ་སློབས་ན་ནི་མི་ཟིན་པའི་སྐྱོན་ཡོད་པས་དབུས་སུ་བཟུང་བར་བྱ་བ་ཁོ་ན་ཡིན་ནོ། །འོ་ན་ཡི་གེ་བཞི་རང་གང་ཡིན་ཞེ་ན། ཡི་གེ་ནི་འདི་རྣམས་སོ། །ༀ་ཨཾ༔ཧཱུྃ་ཕཊ་ཅེས་པ་རྣམས་སོ། །འོ་ན་ཡི་གེ་ལྔ་འདུག་ན་བཞི་ཞེས་བྱ་བ་མི་འགལ་ལམ་ཞེ་ན། མི་འགལ་ཏེ། འབྱུང་བ་བཞི་དང་སྦྱར་ན། ༀ་ནི་སའི་རང་བཞིན་ཡིན་པ་དང་། ཧཱུྃ་ནི་མེའི་རང་བཞིན་ཡིན་པ་དང་། ཨཾ་ནི་ཆུའི་རང་བཞིན་ཡིན་པ་དང་། ཕཊ་ནི་རླུང་གི་རང་བཞིན་བྱང་ཆུབ་ཀྱི་སེམས་ནི་ནམ་མཁའི་རང་བཞིན་པའི་ཕྱིར་མི་འགལ་བའི་ཕྱིར་རོ། །འོ་ན་འབྱུང་བ་ལྔ་དེ་རུ་སྨོས་ན་ཅི་དགོས་ཞེ་ན། དགོས་པ་མེད་པ་མ་ཡིན་ཏེ། རྡོ་རྗེ་རྩེ་མོའི་ནང་ནས་ཀྱང་། བྱང་ཆུབ་སེམས་ནི་རབ་ཟབ་པ། །བདེ་བའི་གནས་ནས་སྤྱན་དྲངས་ནས། །རིན་པོ་ཆེ་ཡི་གནས་སུ་ནི། །འབྱུང་བ་གསུམ་གྱིས་བཟུང་བར་བྱ། །ཞེས་གསུངས་ཏེ་མི་འགལ་ལོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པའི་དུས་ན་ཡང་དག་པའི་ཡེ་ཤེས་སུ་འགྱུར་ཏེ། འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨའི་རིགས་སུ་ངེས་པར་སྐྱེ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བུའི་དོན་ལ་དགོངས་ཏེ་གསུངས་པའི་ཚིག་དེ་ལ་འཁོར་བྱང་ཆུབ་ཏུ་སེམས་བསྐྱེ་བ་རྣམས་བཅོམ་ལྡན་འདས་འདི་ལྟ་བུའི་ཚིག་ངན་པ་སྨྲ་བ་སྙམ་ནས། བྱང་ཆུབ་སེམས་དཔའ་རྣམས་སྐྲག་སྟེ། རབ་ཏུ་བརྒྱལ་ནས་ས་ལ་འགྱེལ་བར་འགྱུར་རོ། །དེ་ནས་ཡང་འཁོར་དེ་རྣམས་ཀྱི་ཐེ་ཚོམ་གསལ་བའི་ཕྱིར། དེ་ནས་ཡང་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་བལྟས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་རྣམས་སྔོན་གྱི་འདུ་ཤེས་ངན་པ་ཡིད་ལ་དྲན་ནས་བརྒྱལ་ནས་འགྱེལ་ན་འདི་དག་སླར་གསོ་བར་གསོལ་ཞེས་གསོལ་བ་བཏབ་པ་དང་། དེ་བསླང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་འོད་ཟེར་གྱི་ཞིང་འཁྱིལ་བས་འཁོར་དེ་དག་བསྟིམས་ཏེ། བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་གྱིས་བརླབས་མཛད་དོ། །བྱང་ཆུབ་ཀྱི་སེམས་བསྟིམས་ཤིང་བྱིན་གྱིས་བརླབས་པ་དེས། བྱང་ཆུབ་སེམས་དཔའ་རྣམས་སླར་དྲན་བ་རྙེད་དེ། ས་ལས་ལངས་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞལ་དུ་མིག་མི་འཛུམ་པར་ལྟ་སྟེ་འཁོད་དོ། །དེ་ནས་འཁོར་གྱི་ཐེ་ཚོམ་དེ་བསལ་བའི་ཕྱིར། དེ་ནས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཡང་ལུང་སྒོ་བའི་ཕྱིར། རིགས་ཀྱི་བུ་རྣམས་རང་རང་གི་འདུ་བྱེད་ངན་པ་དེ་རྣམས་ཐོང་ཞིག་ཅེས་གསུངས་ཏེ། ཐོང་ཞེས་པ་ནི་ཟློག་པ་སྟེ། ཁྱེད་རྣམས་ཀྱི་བསམ་པ་མང་པོས་ཅི་ཞིག་བྱ། བཅོམ་ལྡན་འདས་ངས་དགོངས་པ་བཤད་པའི་ཚིག་ལ་ཁྱེད་རྣམས་ཀྱིས་དྲང་པོར་བཟུང་བས་ཚིག་ངན་པར་འགྲོ་སྟེ། དེའི་བསམ་པ་ངན་པ་རྣམས་མ་སྨྲ་བར་མཐོང་ཞིག་པའོ། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཞེས་པ་ལ་སོགས་པ་སྟོན་པ་ཡི། འཁོར་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཚིག་གོ། །བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཏེ་ཞེས་བྱ་བ་ནི། བྱང་ཆུབ་སྤྱོད་པ་དེའི་གནས་ན་བདེ་བ་ཆེན་པོའི་གནས་དེ་ཉིད་ཡིན་ནོ། །ཐམས་ཅད་ནམ་མཁའི་རང་བཞིན་ཏེ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་དོན་དེ་ཐམས་ཅད་ནམ་མཁའ་མཚན་ཉིད་ཡིན་ཏེ། མཚན་ཉིད་དེ་ལ་ཡང་མ་གནས་པའི་ཕྱིར་ཏེ། ནམ་མཁའ་ལ་ཡང་མཚན་ཉིད་མེད་ཅེས་བརྗོད་པ་ཡིན་ནོ། །དེ་ཉིད་འཇིག་རྟེན་སྣ་ཚོགས་སོགས་ཏེ་ཞེས་བྱ་བ་ནི། མཚན་ཉིད་མེད་པ་དེ་ཉིད་འདི་ལྟར་རྣམ་པ་སྣ་ཚོགས་པ་སྣང་སྟེ། སྣང་བ་དེ་ཉིད་ཀྱང་གཟུགས་སུ་སྣང་བ་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྐུ་རང་བཞིན་ཡིན་པ་དང་། སྒྲ་རུ་གྲགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་གསུང་གི་རང་བཞིན་ཡིན་པའི་ཕྱིར་ཏེ། ཕྱག་རྒྱའི་ཚོགས་ཆེན་དེ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཕྱི་དང་ནང་དུ་སྣང་བ་ཡང་སྒྱུ་མ་ཙམ་དུ་སྣང་ལ་དོན་དམ་པར་དེ་བཞིན་གཤེགས་པའི་ཐུགས་སྤྲོས་པ་མེད་པ་ཡིན་པའི་ཕྱིར། ཆོས་སྐུ་སྒྱུ་མར་དབང་བསྒྱུར་བ། དེ་ལ་དངོས་པོ་ག་ལ་ཡོད། ཅེས་གསུངས་པ་ཡིན་ནོ། །ཅི་སྤྱོད་ཅི་བསྒྲུབ་ཅི་བསྒོམས་ཀྱང་། བྱང་ཆུབ་ཉིད་དེ་ལྷུང་གནས་མེད་ཅེས་བྱ་བ་སྒོམ་བསྒྲུབ་ལ་སོགས་པ་ཇི་ལྟར་སྤྱོད་ཀྱང་དོན་དམ་པའི་དབྱིངས་ལས་མ་གཡོས་པར་ཤེས་ན་བྱང་ཆུབ་ཉིད་དེ་ལྷུང་གནས་མེད་དོ། །ལྷུང་གནས་ཉིད་ཡང་དག་པའི་ཡེ་ཤེས་སུ་འགྱུར་བ་བསྟན་པའི་ཕྱིར། དམྱལ་བའི་གནས་ཉིད་བླ་མེད་གནས་ཞེས་གསུངས་ཏེ། དམྱལ་བའི་གནས་སུ་གདག་པའི་གནས་མེད་དེ། ཡེ་ནས་རྣམ་པར་དག་པའི་གནས་སོ། །དེ་ནས་ཡང་ཁམས་གསུམ་གྱི་སྡུག་བསྔལ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པའི་ཕྱིར། སྡུག་བསྔལ་ཉིད་ནི་བྱང་ཆུབ་ལ། འཁོར་བ་ཉིད་ན་མྱ་ངན་འདས། སྒྲིབ་པ་ཉིད་ན་མངོན་སངས་རྒྱས་ཞེས་གསུངས་པ་ཡིན་ཏེ། ཁམས་གསུམ་གྱི་སྡུག་བསྔལ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ། མ་བཅོས་པའི་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་ངོ་བོ་ཉིད་ཀྱིས་སངས་རྒྱས་པའི་རང་བཞིན་འཁོར་བ་ཞེས་བྱ་བ་ག་ལ་ཡོད་དེ་མྱ་ངན་ལས་འདས་པའོ། །དེ་ལྟར་ངེས་པའི་དོན་དེ་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱ་བའི་ཕྱིར། ངེས་དོན་དེ་ལ་འདུད་པར་སྦྱོར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པས། བྱང་ཆུབ་སེམས་དཔའ་དེ་སོམ་ཉིད་དང་བྲལ་ནས་རང་རང་གི་དེ་བཞིན་ཉིད་ལ་དམིགས་ནས། བརྗོད་པ་ལས་འདས་ཏེ། ཅང་མི་སྨྲ་བར་འཁོད་དོ། །ཞེས་དོན་དམ་པའི་བདེན་པའོ། །ཐུགས་རྗེས་འདུལ་བའི་སྟོན་པའི་ལེའུ་ལ་ཐུགས་རྗེས་འདུལ་བའི་ལེའུའོ། །བདུད་རྩིའི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱིས་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ལྟར་ཐུགས་རྗེས་འདུལ་བ་བསྟན་ཀྱང་ལོག་པའི་ལམ་ལ་དྲེགས་པས་མྱོས་པ་དེ་ཞི་བས་མི་འདུལ་ཏེ། དེ་ལ་ཁྲོས་པའི་ཚུལ་གྱིས་འདུལ་བར་འཁོར་རྣམས་ཀྱིས་སྟོན་པ་ལ་བསྐུལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་རིགས་ལྔའི་བདེ་བར་གཤེགས་པ་ལ་སོགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ཏེ་ཞེས་བྱ་བ་ནི་རིགས་ལྔའི་བདེ་བར་གཤེགས་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པ་ཆོས་ཀྱི་དབྱིངས་གཅིག་ཏུ་གྱུར་ཏེ་སོ་སོ་མ་ཡིན་པའོ། །ལོག་པའི་ལམ་པ་དངོས་པོ་ལ་མངོན་པར་འཆེལ་བ། སྔོན་པའི་ང་རྒྱལ་གྱི་མཐུ་བསྙེམས་ནས་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པས། འཇིག་རྟེན་ཕུང་བར་བྱེད་པ་རྣམས་ཞེས་བྱ་བ་ནི། སྔོན་གསང་སྔགས་ཟབ་མོའི་དོན་དང་ལྟ་སྤྱོད་ལ་སོགས་པ་ཐོབ་ཀྱང་ཡང་དག་པའི་ཤེས་རབ་ཀྱིས་མ་ཟིན་པས་དེ་བཞིན་གཤེགས་པའི་སྐུ་མདོག་དང་ཕྱག་མཚན་རང་རྒྱུད་དུ་གཟུང་བས་སྐྱེ་བ་ཕྱི་མ་ལ་གཟུགས་འཇིགས་པ་ལག་ཆ་གདུག་པའི་རུ་ཏྲར་གྱུར་ཏེ། ཤིན་ཏུ་ང་རྒྱལ་གྱི་མཐུ་བསྙེམས་ནས་གནས་པའོ། །སྔགས་ཧཱུྃ་྄ཧཱུྃ་ཕཊ་ཕཊ་ལ་སོགས་པའི་དོན་གསུང་རྣམ་པར་དག་པ་མ་རྟོགས་པས། ངག་གཏུམ་ཚིག་སོད་ཆོད་ལ་སོགས་པའི་སྒྲས་སེམས་ཅན་བརྒྱ་ལ བར་བྱེད་པ་སྒྲོག་པའོ། །ཐུགས་སྤྲོས་པ་མེད་པའི་མ་རྟོགས་པས། ཞེ་སྡང་མནར་སེམས་དང་ལྡན་པའི་རུ་ཏྲར་དྲེགས་པས་མྱོས་པས་དངོས་པོ་ལ་འཆེལ་བ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་ཡང་མ་དད་པ་དེ་ལ་ཞི་བས་འདུལ་བའི་སྐབས་ལ་མ་བབ་སྟེ། དེ་བཞིན་གཤེགས་པའི་མཛད་སྤྱོད་ཀྱིས་འདུལ་བར་འཁོར་རྣམས་ཀྱང་གཟིགས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་འོག་ནས་འབྱུང་བའི་དོན་འདི་སྐད་ཅེས་འཁོར་རྣམས་ཀྱིས་གསོལ་བ་བཏབ་བོ། །ཨེ་མའོ་ལོག་པའི་ལམ་གྱིས་མནར་བ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ལོག་པར་ལྟ་བས་མནར་བ་དེ་ལ་ཞི་བས་ཕན་པར་འདི་ཉིད་ལ་མི་འགྱུར་ཏེ། ཕྱིས་ཀྱང་ངུ་འབོད་ཀྱི་གནས་སུ་ལྷུང་བའི་ཕྱིར། འོ་དོད་འབོད་པ་ལྷུང་བར་འགྱུར་ཞེས་གསུངས་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཁྲོ་ཞིང་གཏུམ་པར་གནས་པའི་ཕྱིར། ཤིན་ཏུ་ཁྲོ་གཏུམ་གཏུམ་པ་ལ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ནི་གང་གིས་ཀྱང་འདུལ་བར་མི་འགྱུར་ཏེ། ཡེ་ཤེས་ཁྲོས་པས་འདུལ་བར་འགྱུར་པ་དེ་བས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་རྣམས་མངོན་པར་འདུ་བར་མཛད་པར་རིགས་ཞེས་འཁོར་རྣམས་ཀྱིས་གསོལ་བ་དང་། གདུག་པ་ཅན་དེ་ཁྲོ་བོས་འདུལ་བར་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་ནས་འཁོར་རྣམས་ལ་སྤྱན་གྱིས་གཟིགས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་རིགས་ལྔ་བདེ་བར་གཤེགས་པ་ལ་སོགས་པའི་འཁོར་ཐམས་ཅད་སྟོང་པ་ཉིད་ཀྱི་བ་སྤུའི་བུ་ག་ནས་ཐུགས་ཀར་ཐིམ་བསྡུས་ཏེ་གཉིས་སུ་མེད་པའི་དབྱིངས་སུ་མི་སྣང་བར་མཛད་དོ། །དེ་ནས་གནས་ཀྱི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད། བཅོམ་ལྡན་ཉིད་ཀྱི་སྐུའི་དབྱིབས་ལ་བསྡུས་ཏེ་དངོས་པོ་མི་སྣང་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས་ཡང་དག་པའི་དབྱིངས་སུ་ཐིམ་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གནས་པར་འགྱུར་རོ། །དེ་ཡང་ཅི་མངོན་ཞེ་ན། དཔལ་བདུད་རྩི་རྒྱུད་ལས། ཞི་བས་མ་འདུལ་ལས་འདི་ལ། །དྲག་པོས་ཁྲོས་པས་འདུལ་འགྱུར་ཏེ། །ཏིང་འཛིན་གསུམ་ལ་རབ་གནས་ནས། །དེ་བྱུང་ཁྲོས་པས་གཟུགས་རྟག་གོ་ཞེས་གསུངས་སོ། །ཏིང་ངེ་འཛིན་གསུམ་ནི་ཇི་ལྟར་ཡིན་ཞེ་ན། ཇི་སྐད་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ཆེན་སྔོན་པོ་འབར་བ་ནི། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །ཞེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ལ་གནས་པའི་དུས་ན་རྡོ་རྗེ་སྟེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་རྒྱུའི་རྣམ་པའོ། །དེ་ལ་དྲེགས་པ་ཅན་འདུལ་བར་དགོངས་པའི་ཏིང་ངེ་འཛིན་གྱིས་གཡོས་པ་ནི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། རྐྱེན་ནི་དེ་ལ་ཁྲོས་པས་ཞེ་སྡང་གཅོད་པའོ། །དེ་ནས་འབྲས་བུའི་ཏིང་ངེ་འཛིན་ཏེ་ཁྲོས་པས་བསྐུལ་བ་ནི། ཡི་གེ་ཧཱུྃ་སྔོན་པོ་འབར་བ་འབྱུང་སྟེ་དེ་ནི་ཁྲོས་པའི་རྒྱལ་པོའི་ཐུགས་མཚོན་པས་ཆེན་པོ་སྟེ། ཡི་གེ་ལ་འོད་རྣམ་པ་ལྔ་འཕྲོས། ཡི་གེ་ཡོངས་སུ་གྱུར་པ་ལས། ཉིད་ཀྱི་སྐུ་ཁྲོ་བོར་འདུལ་བར་མཛད་པའི་ཕྱིར་ཧཱུྃ་མཛད་ཀྲོ་ཏ་མ་ཧ་ར་ཙ་ཕཊ་ཅེས་སྒྲ་བརྗོད་ཅིང་རྡོ་རྗེ་ཁྲོ་བོ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་ཞེས་བྱ་བ་ནི་སྔགས་ཀྱི་སྒྲ་གྲགས་པ་ནི་ཤིན་ཏུ་ཁྲོས་པས་བསྐུལ་ཏེ་རྡོ་རྗེ་སྐུར་གྱུར་པ་དེ། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཅན་ལ་ནི་སྙོམས་པར་བཞུགས་པའོ། །རྡོ་རྗེ་ཡོངས་སུ་གྱུར་པ་ལས་སྔགས་ཀྱི་བསྐུལ་ཏེ་བསླང་བས། ཁྲོས་པའི་སྐུ་མངོན་པར་འདུ་མཛད་དེ། དབུ་དང་ཞབས་དང་ཕྱག་སྟོང་ཁམས་ཀྱི་རྡུལ་སྙེད་རབ་ཏུ་འཇིགས་པ་མཐའ་ཡས་པར་སྣང་བར་མི་ཟད་པ་འཐོན་པར་འགྱུར་རོ། །དེ་ཡོངས་སུ་རྫོགས་པའི་འབྲས་བུའི་ཏིང་ངེ་འཛིན་ཏོ། །དེ་ནས་གཞལ་ཡས་ཁང་བྱིན་གྱིས་བརླབས་པ་བསྟན་ཏེ། དེའི་ཕྱིར་ཐུགས་ཀ་ནས་ཞེས་གསུངས་པ་ཡིན་ཏེ། ཁྲོས་པའི་རྒྱལ་པོའི་ཐུགས་ཀ་ནས། ཧཱུྃ་འཕྲོས་ཏེ་ཧཱུྃ་ལས་རྡོ་རྗེར་གྱུར་ཏེ་ཕྱོགས་དང་མཚམས་ཀུན་རྡོ་རྗེར་གཏམས་པའི་སྟེང་དང་འོག་དང་རྡོ་རྗེ་ས་གཞི་དང་གུར་རོ། །དེའི་དབུས་སུ་ཡི་གེ་ཨེ་ལས། ཆོས་འབྱུང་བའི་ཕྱག་རྒྱ་ཡུམ་ཀུན་ཏུ་བཟང་མོའི་མཁའ་གྲུ་གསུམ་པ་སྟེ། ཡོངས་སུ་བརྟག་པར་བྱ་བའི་དེའི་དབུས་སུ་ཡུམ་བཞིའི་ངོ་བོར་ཇི་ལྟར་རྒྱས་པར་གཞན་ནས་བསྟན་པ་སྟེ། རིམ་པ་ཇི་ལྟར་སྦྱོར། དེ་ན་ཀེང་རུས་ཀྱི་རི་རབ་ཀྱི་སྟེང་དུ་རིག་པའི་བྷྲཱུྃ་སྨུག་ནག་ཡོངས་སུ་གྱུར་པ་ལས་འབྱུང་བའི་གཞལ་ཡས་ཁང་སྟེ། དེ་ཡང་རླུང་ནག་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་པ་དང་ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ་ན། ཀེང་རུས་ཆེན་པོ་རི་རབ་འབར་བའི་སྟེང་ན་དྲག་པོ་ཨེའི་གཞལ་ཡས་ཁང་བྷྲཱུྃ་གྱི་དབུས་སུ་བྱུང་སྟེ། དེ་ཡང་རྒྱན་ནམ་མཁའི་རྒྱ་དང་མཉམ་པ་རྡོ་རྗེའི་གུར་ལས་ཀྱང་འབར་བའི་འཕྲོ་བས་འཁྲུག་པ་གཞལ་ཡས་ཁང་ལས་ཀྱང་འོད་ཟེར་ལྔ་འཕྲོས་ཞིང་འཁྲིག་པར་འགྱུར་རོ། །དེ་ནས་ཁྲོས་པའི་རྒྱལ་པོའི་ཡུམ་བསྐྱེད་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། ༀ་བཛྲ་མ་ཧཱ་ཀྲོ་ཏི་ཞེས་ཁྲོས་པའི་རྒྱལ་པོ་བརྗོད་པས། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་མངོན་པར་ཕྱུང་སྟེ། ཐབས་དང་ཤེས་རབ་འཇུག་པའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅་ཧཾ། ཞེས་པ་སྟེ། ཆགས་པའི་རང་བཞིན་ནོ། །དེ་ནས་པདྨ་དང་། རྡོ་རྗེ་ཡང་དག་པར་ལྡན་པ་ལ། གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་བྱུང་བ་ལས། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་བྷི་ཤྭ་ཀྲོཏྟ་ཛྭ་ལ་མཎྜལ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུྃ་ཕཊ་ཅེས་ཁྲོས་པའི་རྒྱལ་པོས་བརྗོད་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྔོན་གྱི་སྨོན་ལམ་བསྐུལ་བ་ཡིས། ཞེ་སྡང་རྡོ་རྗེ་སྐུ་རྗེས་སུ་དྲན་ནས་དབུ་སྟོང་ཕྱག་སྟོང་མངའ་བ་དང་། སྤྱན་སྟོང་མངའ་བ་ཕྱག་ན་གདུག་པའི་མཚོན་ཆ་ཁ་ཊཾ་ག་ལ་སོགས་པ་བསྣམས་ནས། འཇིག་རྟེན་དྲག་ཏུ་འཐོན་པར་འགྱུར་རོ། །ཁྲོ་བོ་རྣམས་ཀྱི་ཞལ་ནས་ཀྱང་། ཧཱུྃ་ཧཱུྃ་ཕཊ་ཕཊ་ད་ཧ་ད་ཧ་ལ་སོགས་པའི་སྒྲ་མང་པོ་བརྗོད་པ་དེའི་ཚེ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཐམས་ཅད་གཡོས་རབ་ཏུ་གཡོས་སོ། །ཀུན་ཏུ་རབ་ཏུ་གཡོས་པར་འགྱུར་རོ། །ཞབས་ས་ལ་བརྡབས་པས་ཀྱང་། འཁྲུག་རབ་ཏུ་འཁྲུག་ཀུན་ཏུ་འཁྲུགས་སོ། །སྤྱན་གྱི་འོད་ཟེར་གྱིས་ཀྱང་ཚིག་རབ་ཏུ་ཚིག་ཀུན་ཏུ་ཚིག་གོ། །ཤངས་ཀྱི་རླུང་གིས་ཀྱང་འཐོར་རབ་ཏུ་འཐོར་རོ། །ཀུན་ཏུ་འཐོར་རོ། །དེ་ལྟར་ཁྲོ་བོའི་བྱིན་རླབས་བྱུང་བ་དེའི་ཚེ། འཇིག་རྟེན་ཕུང་བར་བྱེད་པའི་དྲེགས་པ་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་འཇིག་རྟེན་གྱི་མེས་པོ་ཚངས་པ་དང་། ལྷ་མ་ཧཱ་དེ་བ་དང་། ལྷ་ཁྱབ་འཇུག་རྣམས་དང་། རང་རང་མཐུ་དང་སྟོབས་དང་ཆེ་བ་སྟོན་ཅིང་ཤིན་ཏུ་ཁྲོ་གཏུམ་མོ། །དེ་ནས་ཡང་ལས་ཀྱི་ལྷ་སྲས་མཆོག་རྡོ་རྗེ་གཞོན་ནུས་དྲེགས་པ་ཇི་ལྟ་བསྒྲལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་དྲུག་གི་ཕྱོགས་མཚམས་གཡོས་པའི་དེ་མ་ཐག་པ་དེ་ནས་འཇིགས་བྱེད་ཆེན་པོས་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀྲོཏྟ་སརྦ་བིག་ནན་ཕཊ་ཧཱུྃ་ཞེས་གོང་དུ་སྤྲོས་པའི་ཁྲོ་བོ་དབུ་དང་ཕྱག་སྟོང་མངའ་བའི་ཁྲོ་བོ་འ ཆོལ་པ་དེ་དག་གིས་ཕྱོགས་བཅུ་ནས་གནས་པའི་དྲེགས་པ་བསྒྲལ་ལོ། །དེ་ནས་ཡང་ཧཱུྃ་ཧཱུྃ་ཞེས་འཇིགས་བྱེད་ཆེན་པོས་བརྗོད་པས་ཁྲོ་བོ་དེ་དག་སླར་འདུས་ཏེ་ཁྲག་འཐུང་ཆེན་པོའི་མདུན་དུ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྐུ་མཐིང་ནག་དམར་ནག་དེ་དབུས་མཐིང་ནག་གཡས་ལྗང་ནག་ གཡོན་དམར་ནག་གི་ཚུལ་གྱིས་ཞལ་རྔམ་པ་ཕ་རོལ་དུ ་ཕྱིན་པ་དྲུག་གི་རྟགས་སུ་ཕྱག་དྲུག་ཞབས་བཞི་ཤིན་ཏུ་བགྲད་པས་སྟང་ཚུལ་དུ་བཞུགས་པས། རྡོ་རྗེ་གཤོགས་པས་གཏམ་པས་སངས་རྒྱས་ལྔ་དབུ་ལ་རྫོགས་ཤིང་སྐྲ་ཁམས་ནག་གྱེན་དུ་འཁྱིལ་ཞིང་སྐུ་ལ་དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ། སྟོད་རྡོ་རྗེའི་ཆ་ལག་པ་སྨད་རྡོ་རྗེའི་ཕུར་པས་གཏམས་པས་དུར་ཁྲོད་ཀྱི་མེ་འབར་བའི་དཀྱིལ་ན་ཡུམ་རལ་གཅིག་མ་དང་འཁྲིལ་བའི་ཚུལ་གྱིས་གནས་པ་གཅིག་ཏུ་གྱུར་ཏེ། བཀའ་ནོད་པའི་ཚུལ་དུ་ཁྲག་འཐུང་ཆེན་པོ་ལ་ཕྱོགས་ནས། གནས་ཤིང་དྲེགས་པ་ཀུན་ཞབས་འོག་ཏུ་བརྫིས་ཏེ་གནས་པ་ལས། ཁྲག་འཐུང་གི་རྒྱལ་པོས་ཕྱོགས་བཅུ་ནས། སྲས་མཆོག་རྡོ་རྗེ་གཞོན་ནུ་ལ། །དབང་བསྐུར་བའི་ཕྱིར་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཞེ་སྡང་རྡོ་རྗེས་བསྐུལ་ཏེ་བཀུག་ནས་མདུན་གྱི་དཀྱིལ་འཁོར་ན་གནས་པ་ལས། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །སྲིད་པའི་ཕུར་བུ་གྲུབ་མཛད་ཅིག །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་ཟད་པ། །སྐུ་ཡི་དབྱིངས་སུ་རྫོགས་གྱུར་ཅིག །ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེ་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་བྱས་ནས། །དབང་དང་བྱིན་རླབས་འདིར་སྩོལ་ཅིག །ཅེས་པས་དབང་བསྐུར་བར་མཛད་དོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱིས་དབང་བསྐུར་ཏེ། ཕྱི་ནང་གསང་བའི་དབང་རྫོགས་པར་བསྐུར་ཏེ་དེའི་ཕྱིར། ཁྲོས་པའི་རྒྱལ་པོ་དབང་བསྐུར་བའི་ཕྱིར། ཞེས་གསུངས་པ་ཡིན་ཏེ། དབང་ཐོས་པའི་རྟགས་སུ་ཧཱུྃ་བཛྲ་ཀྲོ་ཏ་ཛྙཱ་ན་བཛྲ་ཞེས་བརྗོད་ནས། ལས་ཀྱི་རྡོ་རྗེ་རྩེ་དགུ་པ་ནི་ཕྱག་གཡས་དང་པོར་བྱིན། ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་ནི། གཡས་པར་མར་བྱིན་ནས། དབང་སྟེ་རང་བཞིན་གྲུབ་པའི་གནས་སུ་གཤེགས་སོ། །དེ་ནས་སྲས་རྡོ་རྗེ་གཞོན་ནུ་ཉིད་ཀྱིས་གོང་ དུ་བཏུལ་བའི་དྲེགས་པ་དེ་དག་ལ་ཁ་ཊཾ་ག་ཕྱག་གཡོན ་གྱིས་བར་མར་འཕྲོས་ནས། ལོག་པའི་ལམ་པ་ལས་རྒྱལ་བའི་རྟགས་སུ་བསྣམས་པའོ། །དེ་ནས་ཡང་ཁྲག་འཐུང་ཆེན་པོས་སྲས་ཕུར་པ་ལྔ་བསྐྱེད་ནས་དྲེགས་པ་ཅན། ཉོན་མོངས་པ་ལྔ་བསྒྲལ་བའི་ཕྱིར། དེ་ནས་ཡང་ཁྲག་འཐུང་ཆེན་པོས་ཞེས་པ་ལ་སོགས་པ་གསུངས་ཏེ། ཁྲག་འཐུང་ཆེན་པོས། ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཞེ་སྡང་རྡོ་རྗེ་གཞོན་ནུ་དང་། ང་རྒྱལ་རྡོ་རྗེ་གཞོན་ནུ་དང་། འདོད་ཆགས་རྡོ་རྗེ་གཞོན་ནུ་དང་། ཕྲག་དོག་རྡོ་རྗེ་གཞོན་ནུ་དང་། གཏི་མུག་རྡོ་རྗེ་གཞོན་ནུ་ལ་སོགས་པ་བཀུག་སྟེ། བྱང་ཆུབ་སེམས་ཀྱི་ལམ་ནས་ཕྱུང་ནས་དེ་ནས་ཧཱུྃ་ལྔར་འགྱུར་ཏེ། ཡོངས་སུ་གྱུར་པ་ལས་སྲས་ཕུར་པ་ལྔར་གྱུར་ཏེ། དེ་བསྟན་པའི་ཕྱིར། རྡོ་རྗེ་ལས་འཐོན་ཏེ་ཞེས་པ་ནས་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དང་ལྡན་པ་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ། །དེ་ནས་ཡུམ་གྱི་མཁའ་ལ་གདོན་པ་བསྟན་པའི་ཕྱིར། རྡོ་རྗེ་ལས་འཐོན་ཏེ། ཞེས་པ་ནས་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དང་ལྡན་པའི་ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ཉིད་གསལ་ལོ། །དེ་ནས་ཡུམ་གྱི་མཁའ་ལ་གདོན་པ་བསྟན་པའི་ཕྱིར། ཨེའི་གདན་ལ་ཞེས་པས་བསྟན་ཏེ། ཤེས་རབ་མ་ལ་འབྱུང་བའི་ཕྱིར། ཨེའི་གདན་ལ་སྲས་མཆོག་རྡོ་རྗེ་གཞོན་ནུའི་སྤྱན་མངའ་ན། བཀའ་ནང་པའི་ཚུལ་དུ་བཞུགས་སོ། །དེ་ནས་མཆོག་རྡོ་རྗེ་གཞོན་ནུའི་ཞབས་འོག་ནས་གཟིར་བའི་དྲེགས་པ་ཅན་དེ་རྣམས། བསྒྲལ་བའི་ཁྲག་འཐུང་ཆེན་པོས་བསྐུལ་བ་ནི། ཧཱུྃ་མཐིང་ནག་གྲུ་གསུམ་ཞེས་པའི་ཚིག་བཞིས་བསྟན་ཏེ། ཐོབ་ཅེས་པའི་བར་དུའོ། །དེ་ནས་སྲས་མཆོག་རྡོ་རྗེ་གཞོན་ནུས་ཀྱང་། བསྒྲལ་བ་བསྟན་པའི་ཕྱིར། ཁྲོ་བོ་ལས་ཀྱི་སྐྱེ་གནས་བཟུང་། དེ་ཞེས་པ་ནས་རིམ་པ་ཇི་ལྟ་བར་ཁྱབ་འཇུག་ཕོ་མོ་འཁོར་དང་བཅས་པ་བསྒྲལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ་དཀྱུས་ཉིད་གསལ་ལོ། །དེ་ནས་ཡང་ཁྲག་འཐུང་ཆེན་པོས་སྲས་མཆོག་རྡོ་རྗེ་གཞོན་ནུ་ལ་སྐུ་ཟ་བྱེད་ཆེན་པོས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཕྱིར། ཁྲག་འཐུང་ཆེན་པོས་ཛྭ་ལ་རཾ་ཞེས་བརྗོད་པས་མེ་དཔུང་དུད་ཁ་འབར་ཞིང་འཕྲོ་བ་སྲས་མཆོག་རྡོ་རྗེ་གཞོན་ནུ་ཕྱག་གཡས་དང་པོར་ཕུལ་ཏེ་སྒྲོལ་བའི་དབང་བསྐུར། དྲེགས་པ་ཅན་བསྒྲལ་བའོ་ཉོན་མོངས་པ་ཐམས་ཅད་བསྲེགས་སྦྱངས། སྙིང་དང་ནང་གྲོལ་དང་ཕུང་པོ་རྣམས་ཧ་ཧ་ཞེས་ཞལ་དུ་གསོལ་ནས་ཕུང་པོ་ལྷག་མ་དང་བཅས་པར་མཛད་དོ། །དེ་ནས་ཡང་སྲས་མཆོག་རྡོ་རྗེ་གཞོན་ནུས་ཕྱོགས་བཅུའི་ཁྲོ་བོ་དང་། ཁྲོ་མོ་བཅུ་མཐོན་ནས་ཁྲོ་མོས་བསྒྲལ་བ་དང་བསྟན་པའི་ཕྱིར། དེའི་ཚེ་ཞེས་པས་བསྟན་ཏེ། ཁྲག་འཐུང་ཆེན་པོས་སྲས་མཆོག་རྡོ་རྗེ་གཞོན་ནུས་དབང་བསྐུར་བ་དེའི་ཚེ། སྲས་མཆོག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་གསང་བའི་པདྨ་ལ་འོད་ཟེར་དུ་འཕྲོས་འོད་ཟེར་ལ་ཡི་གེ་ཧཱུྃ་ཧཱུྃ་ལ་སོགས་པ་བཅུ་རུ་གྱུར་ཛཿཧཱུྃ་དང་བཾ་དང་ཧོ་རྣམས་གསལ་བར་འགྱུར་ཏེ། ཡི་གེ་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དྲིལ་བུ་དང་། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དང་དྲིལ་བུ་རྣམས་སུ་གྱུར་ཏོ། །ཕྱག་མཚན་དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་བོའི་སྔགས་ཀྱི་ལེའུ་ནས་བྱུང་བའི། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་ཞེས་བྱ་བ་ལ་སོགས་པའི་ཁྲོ་བོ་བཅུའི་བསྐྱེད་པའི་སྔགས་བརྗོད་པས་སོ། །སོ་སོའི་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ་ཡང་ཇི་ལྟར་ཞེ་ན་ཁྲོ་བོ་ཧཱུྃ་ཀ་ར་ཞེས་བྱ་བ་ནི་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར་དབུ་གསུམ་ཕྱག་དྲུག་པ་དབུ་གསུམ་པ་སྐུ་དང་ཞལ་དབུས་མ་སྔོ་སྐྱ་གཡས་དཀར་གཡོན་དམར་བའི། ཕྱག་དྲུག་ལ་གཡས་གཡོན་དང་པོ་གཉིས་རྡོ་རྗེ་དུང་ཆེན་དམར་གྱིས་བསྐང་བ་འཁྲུག་ཅིང་གསོལ་བའོ། །བར་མ་གཉིས་ན་མདའ་གཞུ་འགེངས་པ་དང་། ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ་བའོ། །རྣམ་པར་རྒྱལ་བ་དང་ཞེས་པའི་ཞལ་དབུས་དཀར་བའོ། །གཡས་སྔོན་པོ་གཡོན་ལྗང་སེར་ཕྱག་བར་མ་གཉིས་རྡོ་རྗེ་དང་འཁོར་ལོའོ། །དབྱུག་པ་སྔོན་པོ་ཞེས་བྱ་བ་ནི་སྐུ་དང་ཞབས་དབུས་སྔོ་སྐྱ་གཡས་དཀར་གཡོན་དམར་སྐྱའོ། །ཕྱག་བར་མ་གཉིས་ན་དབྱུག་པ་རིན་པོ་ཆེ་དང་། མེ་དབལ་བསྣམས་བའོ། །གཤིན་རྗེ་གཤེད་པོ་དང་ཞེས་པ་ནི་སྐུ་དང་ཞལ་དབུས་སྔོན་པོ་གཡས་སྔོ་སྐྱ་གཡོན་ལྗང་ནག །ཕྱག་བར་མ་གཉིས་ན་དབྱུག་པ་མི་མགོ་ཅན་དང་། དགྲ་སྟ་བསྣམས་པའོ། །མི་གཡོ་མགོན་པོ་དང་ཞེས་པ་ནི། སྐུ་དང་ཞལ་དབུས་ལྗང་གཡས་སྔོན་པོ། གཡོན་སྨུག་ནག་ཕྱག་བར་མ་གཉིས་ན་རྡོ་རྗེ་དང་ཞགས་པའོ། །རྟ་མགྲིན་དང་ཞེས་པ་ནི་སྐུ་དང་ཞལ་དབུས་དམར་ནག །གཡས་དཀར་གཡོན་སྔོན་པོ་ཕྱག་བར་མ་གཉིས་ན་རལ་གྲི་དང་སྦྲུལ་གྱི་ཞགས་པའོ། །གཞན་གྱིས་མི་ཐུབ་པ་དང་ཞེས་བྱ་བ་ནི། སྐུ་དང་ཞབས་དབུས་དམར་སྐྱ་གཡས་སེར་པོ་གཡོན་ལྗང་གུ་ཕྱག་བར་མ་གཉིས་ན་བྷན་དྷ་དང་རྔ་ཡབ་བོ། །བདུད་རྩི་འཁྱིལ་པ་ཞེས་བྱ་བ་ནི། སྐུ་དང་ཞལ་དབུས་མ་ལྗང་ནག་གཡས་སེར་པོ་གཡོན་དུད་ཀ་ཕྱག་བར་མ་གཉིས་ན་རྡོ་རྗེ་རྒྱ་གྲམ་དང་རིན་པོ་ཆེ་དབྱུག་པའོ། །ཁམས་གསུམ་རྣམ་པར་རྒྱལ་བ་དང་ཞེས་བྱ་བ་ནི། སྐུ་ཞལ་དབུས་སེར་པོ་གཡས་དཀར། གཡོན་ལྗང་གུ་ཕྱག་བར་མ་གཉིས་ན་འཁོར་ལོ་དང་མདའ་གཞུའོ། །སྟོབས་པོ་ཆེ་རྣམས་སོ། །ཞེས་བྱ་བ་ནི་སྐུ་དང་ཞལ་དབུས་དུད་ཀ་གཡས་ནག་པོ་གཡོན་དམར་པོ་ཕྱག་བར་མ་གཉིས་ན་ཞགས་པ་དང་ཐོ་བ་བསྣམས་པའོ། །ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མ་རྣམས་དང་། ཞེས་པ་ལ་སོགས་པ་སྐུ་མདོག་ཡབ་དང་འདྲ་ཁྱད་པར་ནི་ཕྱག་གཉིས་ནི་དྲིལ་བུ་ཐོགས་ནས་མགུལ་པ་ནས་འཁྱུད་ནས་གནས་པའི་ཕྱིར། འཁྱིལ་བའི་ཚུལ་གྱིས་འཐོན་ཏེ། ཞེས་གསུངས་ཏེ། གསང་བའི་དཀྱིལ་འཁོར་ནས་འཐོན་ཏེ། ཕྱོགས་བཅུར་སེམས་ཅན་གྱི་དོན་ལ་སྐྱེ་སྟེ། ཕྱོགས་སྐྱོང་འོག་ནས་འབྱུང་བ་ཡང་སྐབས་འདི་ཉིད་དུ་བསྒྲལ་བར་རིག་པར་བྱའོ། །སླར་འདུས་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་རང་རང་སོ་སོའི་གདན་འོག་ནས་གསུངས་པ་རྣམས་ལ་བཞུགས་སོ། །ཚུལ་ཇི་ལྟར་བཞུགས་ཤེ་ན་དེ་བསྟན་པའི་ཕྱིར། དབུ་གསུམ་ཕྱག་དྲུག་ཞབས་ཐུར་དུ་གཏམས་པ་གདུག་པའི་ཞེ་ས་ལ་སོགས་པ་ཤ་སྟག་སྟེ། ཞེས་པའི་བར་གྱིས་བསྟན་ཏེ་དེ་ལྟར་ཏེ་དེ་ལྟར་བཞུགས་སོ། །དེ་ནས་འཁོར་གྱི་འཕྲ་མེན་མ་སྐྱེད་པར་བྱ་སྟེ། ཕྱོགས་བཅུའི་ཁྲོ་བོ་ཡབ་ཡུམ་གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པ་ལྕམ་དྲལ་བསྐྱེད་དེ། ཐབས་དང་ཤེས་རབ་ཀྱི་ཆ་སོ་སོར་སྨིན་པར་འགྱུར་ཏེ། མཆེ་བ་ཅན་གཡས་སུའོ། །གཤོགས་པ་ཅན་གཡོན་དུའོ། །དེ་ལྟར་སྤྲུལ་པ་ལྕམ་དྲལ་བསྐྱེད་ནས་འཁོར་གནས་བསྟན་པའི་ཕྱིར། དེ་དག་གི་འཁོར་ན་ཞེས་པ་ནས་རླུང་ཡང་མི་ཤོར་བར་གཏམས་ནས་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །ཁྲོ་བོ་རྣམས་ཀྱི་གདན་བསྟན་པའི་ཕྱིར། ཉི་ཟླ་དང་ཞེས་པ་ནས་གོང་མ་ལྟར་བསྒྲལ་ལོ། །ཞེས་པའི་བར་གྱིས་བསྟན་ཏེ། ཉི་མ་དང་ཟླ་བ་ནི་ཐབས་ཀྱིས་ཤེས་རབ་རྟགས་སོ། །ཕྱོགས་སྐྱོང་བ་བཅུ་ཡིས་ནི་གདན་མཛད་པ་ནི་མི་དགེ་བ་བཅུ་རྣམ་པར་དག་ནས་དགེ་བ་བཅུ་ལ་གནས་པའི་རྟགས་སོ། །དེ་ཡན་ཆད་དུ་ནི་རྩ་བའི་དཀྱིལ་འཁོར་གསུངས་སོ། །སྐྲ་ཀའི་མགོ་ཅན་ལ་སོགས་བཞི་ཡན་ཆད་དོ། །ད་ནི་ལས་ལ་བཏང་བའི་ལྷ་བསྐྱེད་པར་བྱ་སྟེ། དེའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དཔལ་ཁྲག་འཐུང་ཆེན་པོས་གསང་བ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞེས་བྱ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ངང་ཚུལ་ཅན་དེ་ནི་དཔལ་དེའི་ངང་དུ་ཁམས་གསུམ་གྱི་ཉོན་མོངས་བསྡུད་པའི་རྟགས་སུ། ཁྲག་འཐུང་བས་ཁྲག་འཐུང་གཞན་ལས་ཁྱད་པར་དུ་འཕགས་པ་ཆེན་པོ། །དེའི་ཐབས་དང་ཤེས་རབ་ཀྱི་རྗེས་སུ་ཆགས་པའི་གསང་བ་གཉིས་སུ་མེད་པར་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་ཉིད་དུ་ཡང་ཁམས་གསུམ་ཐམས་ཅད་མཉམ་ཉིད་ཀྱིས་རྒྱས་བཏབ་པར་འགྱུར་རོ། །དེ་ནས་དྲེགས་པ་ཆེན་པོའི་མ་དང་བུ་མོ་དང་། ཆུང་མ་རྣམས་དབང་དུ་བསྡུ་བའི་ཕྱིར། འོད་ཟེར་ལྕགས་ཀྱུ་འཕྲོས་པས་སྤྲོ་ཞིང་ཧཱུྃ་ཧཱུྃ་ཨེ་ཨ་ར་ལི་རུ་ལུ་རུ་ལུ་ཧཱུྃ་ཛ། ཞེས་ཁྲག་འཐུང་ཆེན་པོས་བརྗོད་པས་དྲེགས་པ་ཆེན་པོའི་མ་དང་བུ་མོ་དང་ཆུང་མའི་ཚོགས་ཀྱི་གཙོ་མོ་ནི་ཉི་ཤུ་རྩ་བརྒྱད་འཁོར་གྲངས་མེད་པ་དང་བཅས་ནས། ཁྲག་འཐུང་ཆེན་པོའི་ཐད་དུ་ཡུད་ཙམ་གྱིས་འདས་པར་འགྱུར་རོ། །དེ་ནས་ཡང་ཁྲག་འཐུང་ཆེན་པོས་ཨེ་ཨ་ར་ལི་ཧོ། ཞེས་བརྗོད་པས་འདུས་པ་རྣམས་གཉིས་ཀྱི་སྐུ་ལ་འཁྱིལ་ཏེ། དགྱེས་པའི་སྤྲིན་ལ་ཧོ། ཞེས་བརྗོད་པ་རྫོགས་པའི་ཚུལ་དུ་སྐད་ཅིག་རེ་རེ་ལ་སལ་སལ་བསྐྱེད་དོ། །སྐུ་མདོག་ཕྱག་མཚན་ནི་སྒྱུ་འཕྲུལ་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་ནས་ཡང་སེང་གདོང་མ་ལ་སོགས་པ་བསྐྱེད་དོ། དགྱེས་པའི་སྤྲིན་ལས་ཧེ་ཧེ་ཞེས་བརྗོད་པས་བརྗོད་པའི་དེ་མ་ཐག་པ་དེ་ཉིད་དུ་སྐུ་རྫོགས་པར་གསལ་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་མཚམས་སུ་འཁོད་དོ། །དེ་ནས་ཡང་དེ་འདྲེན་པར་བྱེད་པ་ལ་སོགས་པའི་ཕོ་ཉ་འབྱེད་པའི་ཕྱིར། ཡང་དགྱེས་པའི་སྤྲིན་ལས་ཕཊ་ཅེས་བརྗོད་པས་སྐད་ཅིག་མ་རེ་རེ་ལ་གསལ་བར་བྱས་ལ་སྒོ་སྒོར་འཁོད་དོ། །དེ་རྣམས་ནི་ལས་ཀྱི་ལྷ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཡང་མ་མོ་དེ་རྣམས་རང་གི་གནས་སུ་བསྐྲད་པའི་ཕྱིར། ཁྲག་འཐུང་ཆེན་པོ་རབ་ཏུ་འཕྲོས་པའི་ཏིང་ངེ་འཛིན་གྱིས་ཕཊ་ཅེས་པས་བསྐྲད་དེ། མ་མོ་དེ་རྣམས་རང་རང་གི་གནས་ག་ལ་བ་དེ་ཡུད་ཙམ་གྱིས་ཕྱིན་པར་དགྱེའོ། །དེ་ནས་སྔར་གྱི་དྲེགས་པ་རྣམས་མྱོས་ནས་ཡོད་པ་དེ་རྣམས་སླར་མྱོས་པར་བྱ་བའི་ཕྱིར། དེ་ནས་ཁྲོ་བོ་རྣམས་ཕྱག་བྲང་ལ་བསྣོལ་ཏེ་བཙིར་བས་མི་གཙང་བའི་ཕྱག་རྒྱ་རྒྱ་མཚོར་འཁྱིལ་ཏེ། དྲན་པ་མེད་པར་བྱས་སོ། །དེ་ནས་ཡང་དྲན་པ་མེད་པ་དེ་རྣམས་གསོ་བར་བྱ་བའི་ཕྱིར། ཁྲག་འཐུང་ཆེན་པོས་ཐུགས་རྗེས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྣམས་ནས་ཁྲོ་མོ་སྨེ་ཤ་འཐོན་ཏེ། དེས་མི་གཙང་བའི་རྒྱ་མཚོ་བརྡུབས་པས་རྒྱ་མཚོ་དེ་དྲེགས་པ་དེ་དག་སླར་དྲན་པ་ཐོབ་སྟེ། ཀུན་རྫོབ་ཀྱི་བདེན་པ་མཐོང་། དེ་ནས་ཕྱོགས་སྐྱོང་དེ་དག་གིས་ཀྱང་དཔལ་ཆེན་པོ་འབངས་སུ་མནའ་བོར་ཏེ་ཁས་བླངས་སོ། །དེ་ནས་ཡང་ལུས་ཁྲོ་བོ་རྣམས་ཀྱི་གདན་ཁྲིར་ཕུལ་ཏེ། བདག་གི་ལུས་ཉོན་མོངས་པ་འདི་ཁྲོ་བོ་རྣམས་ལ་གདན་དུ་དབུལ་གྱིས་བཞེས་སུ་གསོལ་བདག་གི་སེམས་ཅན་ཀྱིས་ནི་ཕྱི་རབ་ཀྱི་རྣལ་འབྱོར་པ་ཕྱོགས་སྐྱོང་བར་བགྱིད་ལགས་སོ། །ཞེས་ཁས་བླང་ཞིང་དམ་བཅས་སོ། །དེ་ལྟར་བཏུས་ཤིང་དབང་དུ་བསྡུས་པས། དེའི་ཚེ་གདན་ཕྱོགས་སྐྱོང་བ་རྣམས་ཁྲོ་བོ་རྣམས་ཀྱི་ཞབས་འོག་ཏུ་བཞག་པ་ཡིན་ནོ། །དེའི་དུས་ན་མ་དང་བུ་མོ་དང་ཆུང་མ་རྣམས་ཀྱང་དཔལ་ཆེན་པོའི་འཁོར་དུ་འཕུལ་ཏེ། དཔལ་ཁྲག་འཐུང་གི་རྒྱལ་པོས་ཀྱང་མ་དང་བུ་མོ་རྣམས་ལ་ལྕེ་ལ་བདུད་རྩི་བཞག་སྟེ། དམ་ཚིག་ཕོག་སྟེ་ཕྱི་རབ་ཀྱི་རྣལ་འབྱོར་པས་ཅི་བ སྒོ་བའི་ལས་བྱ་བར་ཁས་བླངས་ནས་དམ་ཡང་བཅའོ། །དེ་ནས་ལས་ཀྱི་ལྷ་རུ་དབང་བསྐུར་ཏེ། གཞལ་ཡས་ཁང་གི་མུ་རན་ལ་བཞག་གོ། །དྲེགས་པ་ཅན་བཏུལ་བའི་ལེའུའོ། །བདུད་རྩིའི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གིས་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ལྟར་གདུག་པ་ཅན་བཏུལ་བ་དང་། ཇི་ལྟར་ཕུར་པ་གདབ་པ་བསྟན་པ་ཡང་ལས་དང་པོས་བསྟན་པའི་དཀྱིལ་འཁོར་ལ་བསྟེན་ནས་བཏུབ་དགོས་པའི་ཕྱིར་དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལས་ཕྱུང་ཞེས་པར་བྱ་བར་འབྲེལ་ཏེ་ཅི་བྱུང་ཞེ་ན་ཉིད་ཀྱི་དཀྱིལ་འཁོར་འདི་ཕྱུང་ངོ་། །གང་ནས་ཕྱུང་ཞེ་ན། སྐུ་གསུང་ཐུགས་ལས་ཕྱུང་ངོ་ཞེས་བྱའོ། །ཅིའི་ཕྱིར་ན་གདུག་པ་ཅན་བསྒྲལ་བའི་ཕྱིར་ཕྱུང་བའོ། །དེ་ནས་དཀྱིལ་འཁོར་བྱ་བའི་གནས་བསྟན་པའི་ཕྱིར། དུར་ཁྲོད་དང་ནི་ངན་གྲོགས་གནས། །ཞེས་པ་ལ་སོགས་པས་བསྟན་ཏེ། དུར་ཁྲོད་ནི་མ་མོ་འདུས་པའི་གནས་ཡིན་པས། དྲག་པོ་བསྒྲུབ་པའི་ལས་ལ་ཤིས་པའོ། །ངམ་གྲོག་གི་གནས་ནི་ཀླུ་བཙན་གདུག་པ་ཅན་གནས་པ་དེར་བྱའོ། །སྐད་གཅིག་ཤིང་ནི་རྐང་གཅིག་སྟེ། ཐེའུ་རང་གི་འདུ་བའི་གནས་ཡིན་པས། དེར་ཤིས་པའོ། །སུམ་མདོ་ནི་ལམ་གྱི་སུམ་མདོ་སྟེ། ཐེའུ་རང་གི་ལྷ་འདྲེ་ཐམས་ཅད་རྒྱུ་བའི་སྲང་སྟེ་དེར་བསྒྲུབ་པའོ། །ཁང་སྟོང་ནི་བུད་མེད་འདུ་བའི་གནས་ཏེ། དེར་བསྒྲུབ་པར་བྱའོ། །གནས་དེ་རྣམས་སུ་རྡོ་རྗེ་དྲག་པོའི་དཀྱིལ་འཁོར་བྱའོ། །དེའི་དབྱིབས་ཇི་ལྟར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། འབར་བའི་འཁོར་ལོ་རྩིབས་བརྒྱད་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། དཔལ་ཁྲག་འཐུང་ཆེན་པོའི་ཐུགས་ལས། རྣམ་པར་ཐར་པ་བརྒྱད་ཀྱི་སྒོ་ནས་ཉོན་མོངས་པ་བསྒྲལ་བའི་ཕྱིར། འཁོར་ལོ་རྩིབས་བརྒྱད་པར་ཕྱུང་བའོ། །གྲུ་ཆད་བཞི་ནི་འཁོར་ལོའི་ཕྱི་རོལ་ཁྱམས་ཀྱི་ནང་གང་ཡིན་པའོ། །གྲུ་བཞིའི་སྒོ་ཁྱུད་བཞི་དང་ལྡན་ཞེས་བྱ་བ་ནི་ཁྱམས་ཏེ། ལྷ་སྣམ་མོ། །སྒོ་ཁྱུད་བཞི་ནི་ཕྱོགས་བཞིའོ། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས་ཞེས་བྱ་བ་ནི་སྒོའི་ཕྱི་རོལ་དུ་ཁྱམས་གཉིས་བྱ་བ་སྟེ། དེར་ཡང་མེ་རི་བྲི་བའོ། །དབུས་ཀྱི་ལྟེ་བ་ཟླུམ་པོ་ལ་ཞེས་བྱ་བ་ནི་འཁོར་ལོའི་ལྟེ་བ་ཟླུམ་པོ་སྟེ། དེ་ལ་ཐིག་བཞི་བཏབ་པས་ལེའུ་ཚེ་བརྒྱད་དུ་འགྱུར་ཏེ། དེའི་ལེའུ་ཚེ་དབུས་དང་ཕྱོགས་གཉིས་ཏེ། ཤར་ཕྱོགས་ནུབ་ཕྱོགས་དབུས་དང་ཕྱོགས་གསུམ་པོ་དེ་དག་ལ་ནི་མཐིང་ནག་གི་གྲུ་གསུམ་པ་མཐའ་མེ་རི་འོད་འབར་བ་བྲི་བ་སྟེ། འཁོར་ལོ་རྩིབས་རྣམས་ལ་ཡང་བྲི་བར་བྱའོ། །དྲ་བ་དང་དྲ་བ་ཕྱེད་པ་ནི་རིན་པོ་ཆེ་ཕ་གུ་ལ་སོགས་པའི་རྒྱན་ཐམས་ཅད་རྒྱས་པར་བྲི་བ་ནི། རྒྱུད་གཞན་དག་ལས་ཇི་ལྟར་རྒྱས་པར་བསྟན་པ་བཞིན་བྲི་བར་བྱའོ། །དེ་ནས་ལྷ་དགོད་པའི་རིམ་པ་བསྟན་པ་སྟེ། དེའི་ཕྱིར་དབུས་སུ་དྲེགས་པའི་གདན་དག་ལ། ཞེས་པ་ལ་སོགས་པ་བསྟན་ཏེ། དབུས་སུ་དྲེགས་པའི་གདན་ལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དགོད་ཅེས་བྱ་བ་ནི། བསྙེན་པའི་དཀྱིལ་འཁོར་ལ་ཡང་དགོད་པར་བྱ་བ་ཡིན་ལ། དྲེགས་པ་བསྒྲལ་བའི་འོག་དུས་སུ་ཡང་གནས་པའོ། །སྤྱན་སྔ་ཉིད་དུ་ཕྱོགས་བཞི་རུ། །གྲུ་གསུམ་མེ་འོད་འབར་བ་ལས། །སྲས་མཆོག་ཕུར་པ་ལྔ་པོ་དགོད་ཅེས་བྱ་བ་ནི་སྤྱན་སྔའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་མདུན་ཉིད་དོ། །ཕྱོགས་ནི་ཤར་ཕྱོགས་ལ་སོགས་པ་བཞིའོ། །དེའི་གནས་རྣམས་སུ་གྲུ་གསུམ་པའི་ཕྱི་རོལ་ན་མེ་འབར་བས་བསྐོར་བ་དེས་སྲས་མཆོག་ཕུར་པ་ལྔ་དགོད་པ་སྟེ། སྔོན་དྲེགས་པ་ཅན་བསྒྲལ་བའི་དུས་སུ་བཀོད་ལ། བསྒྲུབ་པའི་སྐབས་སུ་བགེགས་བསྐྲད་པའི་ཆེད་དུ་བྱ་བ་སྟེ། རྡོ་རྗེ་གུར་བྱས་པའི་དེ་མ་ཐག་པར་རོ། །འཁོར་ལོ་རྩིབས་བརྒྱད་པ་ལ་ནི། རྣམ་རྒྱལ་ཞེས་པ་ནས་གདན་ལ་བརྐྱང་བསྐུམ་ཚུལ་དུ་གནས་ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ། །ནང་དང་ཕྱིའི་གྲ་རྣམས་སུ། ཞེས་པ་ནི་ནང་གི་འཁོར་ལོའི་ཕྱི་རོལ་དུ། ཕྱི་ནི་ལྷ་རྣམས་ལ་ཇི་ལྟར་དཀྱུས་ནས་གསལ་བར་བསྟན་པའི་ལྷ་རྣམས་ལས་གཏོང་བའི་ལྷ་སྟེ་ལས་ཀྱི་དུས་སུ་ཤེས་པར་བྱའོ། །ཕྱི་རོལ་མེ་འཁྱམས་དང་པོ་ལ་ཞེས་བྱ་བ་ནི་སྒོའི་ཕྱི་རོལ་གྱི་ཁྱམས་དང་པོ་ལ། ཕོ་ཉ་དྲུག་ཅུ་གནས་པར་རྟག་པ་སྟེ། དེ་ཡང་ལས་ཀྱི་དུས་སུ་སྤྱོད་ཅིང་བསྒྲུབ་པའི་དུས་ཉིད་ དུ་ཐབས་ཀྱིས་གཡས་ཤེས་རབ་གཡོན ་གང་ཡིན་པ་ནས་ལས་བྱེད་པ་སྟེ། ཞོར་ལས་བྱུང་བའི་ཏིང་ངེ་འཛིན་ཏོ། །སྒོ་བཞི་དག་དུ་སྒོ་སྲུངས་ཀྱིས་དགོད་ཅེས་བྱ་བ་ནི། སྒོ་ནི་ཤར་ཕྱོགས་ལ་སོགས་པ་བཞིའོ། །སྒོ་སྲུངས་ནི་ལྕགས་ཀྱུ་མ་ལ་སོགས་པ་བཞིའོ། །ཕྱི་རོལ་མེ་ཁྱམས་བར་མ་ལ་ཞེས་པ་ནི་སྒོའི་ཕྱི་རོལ་གྱི་ཁྱམས་གཉིས་པ་ལ། སླས་དང་བྱི་མོའི་ཚོགས་ཀྱིས་གཙོ་བོ་བཅུ་དང་བརྒྱད་ཀྱིས་སྒོར་ཞེས་བྱ་བ་ནི། བཅུ་པ་གཉིས་ལ་ཉི་ཤུ་ཐམ་པ། དེའི་སྟེང་དུ་བརྒྱད་ཀྱིས་བསྣན་པས་ཉི་ཤུ་རྩ་བརྒྱད་དགོད་པར་བྱའོ། །དེ་ཡང་ལས་ཀྱི་དུས་སོ། །དེའི་ཕྱི་རོལ་གྱི་ཁྱམས་ལ་དམ་ཅན་ལྷ་མོ་འཁོར་དང་བཅས་པ་དང་། བདག་ཉིད་ཆེན་མོ་ཡང་ཤོ་ན་མུ་ཀ་ཡང་བསམ་པར་བྱ་བ་སྟེ། ལས་དུས་སུ་དེ་ནས་ཡང་དཀྱིལ་འཁོར་ལ་རྒྱན་གྱིས་བརྒྱན་པའི་ཕྱིར། དུར་ཁྲོད་ཐོད་པ་དགུ་ནང་དུ་ཞེས་པ་ལ་སོགས་པ་བསྟན་ཏེ། དུར་ཁྲོད་ཐོད་པ་དགུ་ནང་དུ་ཞེས་བྱ་བ་ནི། ཐོད་པའི་ལེ་དགུའི་ནང་ཚིལ་ཆེན་གྱི་མེ་མར་དགུ་བྱས་ལ་དུར་ཁྲོད་ཀྱི་རས་ལ་སྡོང་བུ་བྱས་ལ། མེ་མར་ཁ་དགུ་གཏང་སྟེ། ཐོད་པ་ནི་ནང་དང་བདག་མེད་པའི་རྟགས་ལ། མར་མེ་ཡེ་ཤེས་ཀྱི་དབྱིངས་རྟོགས་པའི་རྟགས་སོ། །རྡོ་རྗེ་ཤ་ཆེན་ཐང་མལ་བརྡལ་དམར་གྱི་རག་ཏ་རྒྱ་མཚོ་དཀྱིལ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཤ་ཆེན་ཐང་མལ་བརྡལ་བ་ནི། མ་མོ་དང་མཁའ་འགྲོ་མའི་དམ་རྫས་ཏེ། དམར་ལ་སོགས་པའི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཕྱོགས་བཞི་མཚམས་བཞི་སྟེ། བརྒྱད་དུ་ཡང་རྟག་གི་རྒྱལ་མཚན་དང་ཤུན་ཆེན་བསེའི་རྒྱལ་མཚན་ཏེ། ཆུ་སྲིན་གྱི་རྒྱལ་མཚན་ཞིང་གི་རྒྱལ་མཚན་ཏེ་དེ་རེ་རེ་ལ་གཉིས་གཉིས་ཏེ་བརྒྱད་ཟུག་པར་བྱའོ། །ཞིང་ལྤགས་གཡང་གཞི་སྤྲིན་ལྟར་གཏིབས་ཞེས་བྱ་བ་ནི། བླ་བྲེ་ཞིང་གི་གཡང་གཞིས་བྲེ་བར་བྱའོ། །དེ་ལ་སོགས་པ་རྒྱན་གྱི་རྣམས། །ཅི་རིགས་པར་ནི་བྲེ་བར་བྱའོ། །ཞེས་བྱ་བ་ནི་དར་མཐིང་ནག་གི་ཡོལ་བ་བྲེ་བ་དང་། ཞིང་གི་ཕྲན་ཕྱོགས་གནས་གདག་པ་དང་། བྷནྜ་བགེགས་པ་ཕྱོགས་ནས་བཞག་པ་ཡང་ངོ་། །དེ་ནས་ཡང་དཀྱིལ་འཁོར་ལ་ལྷ་རྣམས་ཀྱི་རང་རང་མཚན་མར་རྫས་བཞག་པས་བསྟན་པར་བྱ་བའི་ཕྱིར། འབར་བའི་ཚོགས་ཀྱི། ཞེས་པ་ལ་སོགས་པ་གསུངས་ཏེ། འབར་བའི་ཚོགས་ཀྱི་བདག་པོ་རྣམས། །རང་རང་སྐོས་སོ་བཞག་པར་བྱ། །ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རང་རང་རྫས་སུ་བཞག་པར་བྱ་བ་ནི། མགོ་ནས་འབྱུང་བ་འདིའོ། །མཚན་ལྡན་བྷནྡ་ལྕང་ལོ་ཅན། །དབང་པོ་ལྔ་དང་ལྡན་པ་ནི། །གཙོ་བོ་ཡབ་འམ་མཚན་མར་བཞག །ཅེས་བྱ་བ་ནི་མཚན་དང་ལྡན་པའི་བན་ད་གླིང་གསུམ་པའམ་བུ་གཅིག་པ་སྟེ། དེའི་ནང་དུ་དབང་པོ་ལྔ་བླུགས་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་བྱའོ། །དུར་ཁྲོད་སྒང་གི་ཕུང་པོ་ལྔ། སྲས་མཆོག་ཕུར་པའི་མཚན་མར་དགོད་ཅེས་བྱ་བ་ནི། བགེགས་གདོན་པའི་དུས་སོ། །དུར་ཁྲོད་ཀྱི་ཕུར་པ་ལྔ་ལ་སྲས་མཆོག་ཏུ་བྱིན་གྱིས་བརླབས་ནས་མཆོད་པ་ཕུལ་ཕྱོགས་བཞི་དང་དབུས་དང་ལྔར་གཟུགས་པར་བྱ་སྟེ། བསྒྲུབ་པ་འདི་མ་ཐོན་གྱི་བར་དུ། བར་ཆད་ཀྱི་བགེགས་མ་བཏང་ཞེས་བརྗོད་ལ་མཚམས་བཅད་དོ། །ཐོད་པའི་དུམ་བུ་བཅུ་དྲུག་གི། །ཞེས་བྱ་བ་ནི་ཐོད་པའི་ལེའུ་ཚེ་བཅུ་དྲུག་ནི། འཕྲ་མེན་མ་བཅུ་དྲུག་ནི་མཚན་མར་དགོད་པ་སྟེ། ལས་ཀྱི་ལྷའོ། །ཡན་ལག་ནི་སེམས་ཅན་ཐམས་ཅད་ནི། ཁྲོ་བོ་ཁྲོ་མོ་རྣམས་ཀྱི་རྫས་ཞེས་བྱ་བ་ནི། སོར་མོ་ཉི་ཤུ་ན་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱི་རྫས་སོ། །སོ་དང་ནེའུ་རྩེག་འབར་བ་རྣམས་ཕོ་ཉ་རྣམས་ཀྱི་མཚན་མར་བཞག་ཅེས་བྱ་བ་ནི། རུས་པའི་མགོ་ཀུན་བཞག་པར་བྱའོ། །སྒལ་ཚིགས་ལ་སོགས་རྣམས་ཀྱི་རྫས། །ཅི་བགྱི་ཚོགས་ཀྱི་རྫས་སུ་བཞག་ཅེས་བྱ་བ་ནི། སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ནི། །སླས་དང་བྱི་མོའི་རྫས་སུའོ། །ཡན་ལག་བཞིའི་མཚན་མ་ནི། །ཞེས་བྱ་བ་ནི། ལག་གཉིས་རྐང་པ་གཉིས་བཞི་ནི་སྒོ་བཞིར་བཞག་པ་སྟེ། དེ་ཡང་རྫས་རྣམས་ལ་བྲི་བར་བྱ་བའི་ཐབས་བསྟན་ཏེ། སོ་སོ་གསུང་གི་ཡི་གེ་འབྲུ་རྣམས་ནི། རང་རང་རིགས་ཀྱི་མཚན་མ་ལ། །ཡབ་ཡུམ་བྱང་ཆུབ་སེམས་ཀྱི་བྲི་ཞེས་བྱ་བ་ནི། ཡིག་འབྲུ་ཧཱུྃ་ལ་སོགས་པའི་སོ་སོ་རང་རང་གི་མཚན་མ་གང་ཡིན་པ་ལ་བྱང་ཆུབ་སེམས་ཀྱི་བྲི་བར་བྱ་སྟེ། དུར་ཁྲོད་ཀྱི་སྙུག་གུས་སོ། །དེ་ནས་ཡང་ཏིང་ངེ་འཛིན་བསྟན་ཏེ། བླ་མ་ལུང་ལྡན་དེས་ཀྱང་ནི། ཁྲོས་པས་དྲག་པོའི་རྣལ་འབྱོར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་ལས་གཉིས་ཀའི་དུས་སུ་ཤིན་ཏུ་ཁྲོས་པའི་ཏིང་ངེ་འཛིན་བྱ་བ་ཡིན་གྱི། བསྙེན་པའི་དུས་སུ་མ་ཡིན་ནོ། །དེ་ནས་དྲག་པོའི་དཀྱིལ་འཁོར་བསྟན་ཏེ། དབང་ལྡན་ཕྱོགས་ཀྱི་གྲྭ་ལ་ཡང་། ཞེས་བྱ་བ་ནི། སྲས་ཕུར་པའི་དཀྱིལ་འཁོར་གྱི་བྱང་ཤར་གྱི་མཚམས་སུ་བྱའོ། །ཅི་བྱ་ཞེ་ན། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི་ཞེས་བྱ་བ་ནི། གང་བཟས་པ་པོ་དེ་བརླག་པར་བྱ་བའི་གནས་ལ།འབྲུབ་ཁུང་ཞེས་བྱའོ། །དབྱིབས་ཇི་ལྟར་བྱ་ཞེ་ན། དྲག་པོའི་ཧོམ་ཁུང་དབྱིབས་འདྲ་ལ་ཞེས་གསུངས་ཏེ། ཟུར་གསུམ་བསྐོར་བ་བྱ་བ་སྟེ། ཕྱོགས་རེ་རེ་ལ་སོར་ཉི་ཤུའོ། །ཟབས་སུ་སོར་བཅུ་བསྐོར་བའོ། །དེའི་ཕྱོགས་རེ་རེ་ལ་སོར་ཉི་ཤུའོ། །ཟབས་སུ་སོར་བཅུ་བསྐོར་བའོ། །དེའི་ཕྱོགས་ཇི་ལྟར་བསྒོ་ཞེ་ན། རྩེ་མོ་ལྷོ་ཕྱོགས་སྟོན་ཞེས་གསུངས་ཏེ། རྩེ་མོ་ནི་ལྷོ་ཕྱོགས་སུ་བསྟན་ལ་བསྐོའོ། །འོ་ན་དེ་ལ་བརྒྱན་པར་བྱ་བ་མེད་དམ་ཞེ་ན། ཧཱུྃ་ཧཱུྃ་དང་ཕཊ་གྱིས་བསྐོར་བར་བྱ་ཞེས་གསུངས་ཏེ། གྲུ་གསུམ་ཉིད་ནག་པོས་ཕྱག་པའི་མཁའ་ལ། ཧཱུྃ་དང་ཕཊ་ཀྱིས་སྤེལ་ལ་བྲི་བར་བྱའོ། །དེའི་ནང་དུ་བཞུགས་པར་བྱ་བའི་རྫས་བསྟན་པའི་ཕྱིར། དུས་ལ་བབ་ཅིང་ཞེས་པ་ལ་སོགས་པས་བསྟན། དུས་ལ་བབ་པའི་སེམས་ཅན་ནི། ལས་ལ་བབ་པའི་རྣལ་འབྱོར་པས། །མཚན་མ་མིང་དུ་བཅས་པར་བྱ། །ཞེས་བྱ་བ་ནི། བསྒྲལ་བར་བྱ་བའི་དུས་ལ་བབ་པའི་སེམས་ཅན་དེ་ཉམས་དང་ལྡན་པའི་རྣལ་འབྱོར་པ་དེས། མཚན་མ་དང་བཅས་པར་བྱ་བ་ཡིན་ཏེ། དེའི་རྒྱུ་ནི་སྲུབ་མོའི་ལོ་མ་དང་གྲོག་མཁར་གྱི་ས་དང་། ཁྲེ་དང་ཆུ་མེའི་ཕུབ་མ་དང་། བ་རུ་དང་། གླང་རུ་དང་། རྟ་རུ་མིག་རྣམས་ནི་བོང་བུའི་བདུད་རྩིའི་སྤྲུས་ལ་གཟུགས་བྱས་ཏེ། ཞིང་གི་རས་མའམ་ཤུན་ལ་ཞིང་གི་བམ་ཁྲག་གིས་བཛྲ་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་བྱ་བ་བྲིས་ལ་སྙིང་གར་བླན་པ་དེའི་ཕྱིར་མཚན་མའི་མིང་དུ་བཅས་པར་བྱ་ཞེས་གསུངས་སོ། །འོ་ན་དེ་ལ་ཇི་ལྟར་བཞག་ཅེ་ན། དེ་བསྟན་པའི་ཕྱིར། མགོ་ནི་ལྷོ་ནུབ་མཚམས་སུ་བཞག །རྐང་པ་བྱང་ཤར་མཚམས་སུ་བསྟན། །ཧོམ་ཁུང་ནང་དུ་བཞག་པར་བྱ་ཞེས་གསུངས་སོ། །མགོ་ལྷོ་ནུབ་མཚམས་སུ་བསྟན་པ་ནི། སྲིན་པོ་ཡོད་པའི་གནས་ཡིན་པས་སོ། །རྐང་པ་བྱང་ཤར་མཚམས་སུ་བསྟན་པའི་ཕྱིར་སྒྲོལ་བ་ལས་ཀྱི་བདག་མོའི་གནས་ཡོད་པའི་ཕྱིར་བསྟན་པའོ། །ཧོམ་ཁུང་གི་གནས་གན་དུ་བཞག་པ་ནི། བསྒྲལ་བའི་གནས་ཡིན་པས་གཞུག་པའོ། །འོ་ན་ཧོམ་ཁུང་གྲུ་གསུམ་ནི་བསྒྲལ་བའི་གནས་ཡིན་ལ་གཞན་ནི་མ་ཡིན་པ་ཅི་ཞེ་ན། ལན་དུ་ཧོམ་ཁུང་གྲུ་གསུམ་ནི་བསྒྲལ་བར་བྱ་བ་ཁོ་ནའི་གནས་ཡིན་ཏེ། ཟུར་གསུམ་དུ་འབྱུང་བ་ནི། ལོག་པར་ལྟ་བ་སྒྲོལ་བའི་རྟགས་སུ་འབྱུང་བ་དྲག་པོའི་གནས་སོ། །འོ་ན་ཅི་ཟུར་གསུམ་དུ་བྱ་བ་ཐམས་ཅད་བསྒྲལ་བའི་གནས་ཡིན། ཆོས་འབྱུང་བའི་ནང་དུ་རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དེ་ཡང་འགལ་ཏེ། ཆོས་འབྱུང་བ་སྒྲལ་བའི་གནས་སུ་འགྲོ་བའི་སྐྱོན་ཡོད་འགལ་ལོ། །ལན་དུ་མི་འགལ་ཏེ་ཆོས་འབྱུང་ཉིད་དུ་བསྒྲལ་བའི་གནས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཆོས་འབྱུང་བའི་དབྱིངས་ཡིན་པའི་ཕྱིར། ཁམས་གསུམ་གྱི་སེམས་ཅན་དེའི་དབྱིངས་སུ་བསྒྲལ་བས། ཆོས་འབྱུང་བའི་བསྒྲལ་བར་བྱ་བའི་གནས་ཁོ་ན་ཡིན་ཞེས་གསུངས་སོ། །དེ་ནས་རྣལ་འབྱོར་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། གདེང་དང་ལྡན་པའི་རྣལ་འབྱོར་དེས་ཞེས་བྱ་བ་ནི། བདག་ཉིད་དམ་ཚིག་སེམས་པའི་དཀྱིལ་འཁོར་དུ་གྱུར་པ་དེས་སོ། །རྡོ་རྗེ་སྤྲུགས་པ་བླངས་ནས་ནི་ཞེས་བྱ་བ་ནི་ཧཱུྃ་རིང་པོ་ནི་རྡོ་རྗེ་སྤྱུགས་པ་ནི། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་བྱུང་བའོ། །ཁྲག་འཐུང་ཚོགས་ཀྱིས་སྤྲིན་ཕུང་རྣམས་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྟེན་དང་རྟེན་དུ་བྱས་པ་གནས་པའོ། །རྡོ་རྗེའི་གཡབ་མོས་སྤྱན་དྲངས་ཏེ། ཞེས་བྱ་བ་ནི། རྡོ་རྗེ་བུམ་པའི་ནང་ན་ཧཱུྃ་གནས་པ་དེ་ལས་འོད་ཟེར་འབྱུང་བ་ནི་རྡོ་རྗེའི་གཡབ་མོའོ། །དེ་ལས་ལྷ་མོ་ལྕགས་ཀྱུ་མར་གྱུར་ཏེ། དེས་རང་བཞིན་གྲུབ་པའི་གནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བྱོན་པར་ལྟའོ། །དེ་ནས་ཡང་དམ་ཚིག་གི་དཀྱིལ་འཁོར་ལ་བསྟིམ་པར་བསྟན་པའི་ཕྱིར། གཉིས་མེད་བརྟན་པར་གཏིམ་ནས་ནི་ཞེས་གསུངས་ཏེ། ཞགས་པ་མ་དང་ལྕགས་སྒྲོག་མ་དང་། དྲིལ་བུ་མས་རིམ་པ་ཇི་ལྟར་བར་བསྟན་པ་བྱས་ནས། དེ་ནས་ཡང་ལྷ་ལ་དབང་བསྐུར་བའི་ཕྱིར། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོད་ཟེར་ལྷ་མོའི་ཚོགས་སུ་གྱུར་ཏེ། སྐུ་ལ་ཐིམ་ནས་གསང་བའི་མཆོད་པ་ཕུལ། དབང་བསྐུར་ཅིག་པར་བསྐུལ། སླར་ལ་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཐུགས་ཀ་ནས་ལྷ་མོའི་ཚོགས་མང་པོ་བྱུང་སྟེ། ལ་ལས་ནི་སྐྲ་སྐྲོལ། ལ་ལ་ནི་བྱུག་པ་བྱེད། ལ་ལ་ནི་ཙན་དན་གྱི་ཆར་འབེབས། ལ་ལ་ནི་གདུག་དང་རྒྱལ་མཚན་འཛིན། ལ་ལ་ནི་བུཾ་པ་ཐོགས་ཏེ་སྤྱི་བོར་བླུགས་པ་ནི་དབང་གི་རྒྱུའོ། །དབང་གི་འབྲས་བུ་ནི་སོ་སོ་རིགས་ཀྱི་དབུ་བརྒྱན་པའོ། །སློབ་དཔོན་ལ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྟིམ་པས་ཡོངས་སུ་རྫོགས་པར་འགྱུར་བས་དེས་ཆོག་གསུངས་སོ། །དེ་ནས་ཡང་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དེ་ལ་མཆོད་པ་དབུལ་བ་བསྟན་པའི་ཕྱིར། རྨད་དུ་བྱུང་བའི་མཆོད་པ་བརྩམ། འདོད་པའི་ཡོན་ཏན་ལྔ་ཡིས་མཆོད་ཅེས་གསུངས་ཏེ། རྨད་དུ་བྱུང་བའི་མཆོད་པ་ནི། བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་རྣམ་པ་ལྔ་འཕྲོས་པས། འོད་ཟེར་ལྔ་ལས་ལྷ་མོའི་ཚོགས་མང་པོ་འབྱུང་བ་སྟེ། བདེ་བར་གཤེགས་པའི་སྐུ་ལ་བཞུགས་པས་མཆོད་པའི་རྒྱུད་བསྐུལ། བདེ་བར་གཤེགས་པའི་ཐུགས་ཀ་ནས་ལྷ་མོ་མང་པོ་སླར་འཐོན་ཏེ། བདག་གི་དཀྱིལ་འཁོར་ལ་བསྐོར་ནས་ཕྱིའི་མཆོད་པའི་རྣམ་པ་དང་། ནང་གི་མཆོད་པའི་རྣམ་པ་དང་། གསང་བའི་མཆོད་པའི་རྣམ་པ་རྣམས། །བདག་ལ་གནས་ཕུལ་བསྟོད་པའི་འདི་སྐད་བརྗོད་དོ། །ཧཱུྃ་བསྐལ་པ་མེ་ལྟར་འབར་བ་ཡིས། །འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན། །ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ། །སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས། །ཧཱུྃ་དབུ་སྐྲ་ཁམས་ནག་རལ་པ་ཅན། །གྱེན་དུ་འཁྱིལ་ཞིང་སྲིད་རྩེར་འབར། །མི་ཉམས་ཁྲོ་གཉེར་སྡང་མིག་ནི། །ལོག་པར་ལྟ་བ་འདུལ་བའི་སྤྱན། །ཧཱུྃ་མཆེ་བ་ཟངས་ཡག་བརྩིགས་པ་ནི། །སྐྱེ་ཤི་རྩད་ནས་གཅོད་པའི་ཚུལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས། །ཕྱག་མཚན་སྣ་ཚོགས་ཅིར་ཡང་སྣང་། །ཧཱུྃ་ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས། །བྱམས་པའི་འོད་ཟེར་གློག་བཞིན་འཁྱུག །རྔམས་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས། །སྤྲུལ་པའི་ཐོག་ཐོག་ཆར་ལྟར་འབེབས། །ཧཱུྃ་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །བདག་ལ་བྱིན་གྱིས་བརླབས་མཛད་ཅིང་། །བདག་གི་ལྷག་པའི་བསམ་པ་རྣམས། །གྲུབ་པར་བྱིན་གྱིས་རླབས་དུ་གསོལ། །ཧཱུྃ་འཁྱིལ་ཅིང་རྒྱུན་དང་འཁྱིལ་བ་ཡི། །སེམས་ལ་བརྗོད་མེད་སྐུ་མི་མངའ། །སྒྲ་ལས་འདས་པའི་སྦྱོར་བ་སྟེ། །བསམ་དང་བྲལ་བའི་ཡེ་ཤེས་ལག །ཧཱུྃ་སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད། །མཉམ་ཉིད་ངང་གི་ཁྲོས་ལ་ཕྱག་འཚལ་བསྟོད། །ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འདུ་འཕྲོ་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་ཏེ། དེ་ནས་སྒྲའི་ཚུལ་དུ་ལྷ་མོའི་ཚོགས་རྣམས་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་ནས་ཡང་དུ་བསྒྲུབ་པ་དང་། གྲུབ་པའི་རྟགས་འོང་སྟེ། དེ་ཡང་རབ་འབྲིང་གསུམ་ལས། བསྙེན་པ་གསུམ་ནི་ལྷའི་དཀྱིལ་འཁོར་གསལ་བ་དང་། ཞལ་འཛུམ་པ་དང་བཞད་པའོ། །དེ་ལྟ་བུའི་མཚན་མ་མཐོང་ན་གདོད་བསྒྲུབ་པ་ལ་འཇུག་པར་བྱའོ། །བསྒྲུབ་པའི་རྟགས་གསུམ་ནི་ཕུར་པ་ལས་འོད་འབྱེད་པ་དང་། ཕུར་བུ་ལྡེག་པ་དང་འཕར་བ་གསུམ་མོ། །དེ་ལྟར་རྟགས་འབྱུང་ཞིང་ལས་སུ་རུང་བ་ནི་མཉེས་ནས་ཉེ་བར་འགྱུར་བ་དང་། ཞེས་གསུངས་པ་ཡིན་ནོ། །དེ་ནས་གྲུབ་པའི་རྟགས་བྱུང་བ་དང་། དྲག་པོའི་ལས་ལ་འཇུག་པར་བྱ་སྟེ། དེ་གང་ལ་དམིགས་པར་བྱ་བ་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་བརྙས་བྱེད་དང་། ཞེས་པ་ནས། རྣལ་འབྱོར་ཅིའི་དགྲར་གྱུར་པ། །ཞེས་པའི་བར་གྱིས་བསྟན་ཏེ། དཀྱུས་ཉིད་གསལ་ལོ། །དེ་ནས་དམིགས་པར་བྱ་བ་དེ་གནས་ནས་དུས་ཅི་ལྟར་དགུག་པ་བསྟན་པའི་ཕྱིར། བརྣག་པའི་ནན་ཐུར་བྱ་བ་ཞེས་པ་ལ་སོགས་པས་བསྟན་ཏེ། ཁྲོ་བོ་གསུམ་པའི་སྦྱོར་བའམ། ཞེས་པའི་ཁྲོ་བོ་ལྕགས་ཀྱུ་ཐོགས་པས་གཟས་པ་པོ་གང་ཡིན་པ་དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་རླུང་གི་ལྕགས་ཀྱུས་གཟུང་ནས་དྲངས། ཁྲོ་བོ་ལ་ལ་ཕྱག་ན་རྡོ་རྗེ་དང་ཐོ་བ་ཐོགས་ནས་རང་དབང་མེད་པར་རྟོག་ཅིང་འདོད་དེ། རྣལ་འབྱོར་པས་ཀྱང་སྔགས་བཟླས་པས་བྱ་བའི་སྔགས་ནི་འདིའོ། །ཧཱུྃ་སཾ་བྷ་ནེ་སུཾ་བྷ་ནེ་ཧཱུྃ། གྲི་ཧྣ་གྲི་ཧྣ་ཧཱུྃ། གྲི་ཧྣ་པ་ཡ་གྲི་ཧྣ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་བན་བིདྱར་ཙ་ཡ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་། བདག་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སེམས་དཔའི་ཐུགས་ཀ་ནས་རྡོ་རྗེ་རྡོ་རྗེའི་ནང་ན་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་གནས་པ་དེ་ལས་ཁྲོ་བོ་དམར་པོ་རྒྱུད་དམར་ཕྱུང་ལ་དགུག་པ་བྱ་སྟེ། གཟུགས་ལ་བསྟིམ་པའི་ལས་བྱའོ། །ཡང་ལྕགས་ཀྱུས་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་འོན་ཏེ་ཁྲོ་བོ་སུམ་བྷ་ནིའི་སྦྱོར་བ་མི་བྱེད་ན་ཡང་འདི་ཡིས་དགུག་སྟེ། བདག་ཉིད་ཀྱི་ཧཱུྃ་ལས་ཛ་བརྩེགས་མར་ཕྱུང་སྟེ། དེ་ལས་ལྷ་མོ་ལྕགས་ཀྱུ་ཅན་དུ་གྱུར་ཏེ། ཕོ་ཡིན་ན་ཁ་ནས་སྦུབས་ལ་ཞོན་ནས་སྙིང་དཀར་ནག་མཚམས་ནས་ཤེས་པ་དེ་དགུག །མོ་ཡིན་ན་མཚན་མ་ནས་ཡར་རྩའི་བུ་གུ་ནས་ཞུགས་ནས། མས་དགུག་པ་བྱ་བ་སྟེ་བསྟིམས་ལ་བསྒྲལ་བའོ། །ཡང་ན་ཡུམ་གྱི་པདྨ་ལ་ཛ་བརྩེགས་གཅིག་བཞག་ལ། ཡབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་བསྐུལ་བས། ཛ་ལས་འོད་འཕྲོས་འོད་ལ་འཕྲ་མེན་མས་ལྕགས་ཀྱུ་ནན་ཏན་དུ་གྱུར་ཏེ། རྩའི་བུ་ག་ནས་ཤེས་པ་དྲངས་ཏེ་བསྟིམ་པར་བྱའོ། །དགུག་པའི་དུས་བསྟན་པའི་ཕྱིར། །ཉིན་མཚན་གུང་ལ་རབ་བཀུག་སྟེ། །ཞེས་གསུངས་ཏེ། ཉིན་མོ་དང་མཚན་མོའི་གུང་ལ་ཤེས་པ་ཉམས་ནས་ཡོད་པས་དེར་དགུག་པར་བྱའོ། །ཡང་ན་ནམ་སྟོང་དང་ཉི་མ་དྲོས་འབྱམས་ཙམ་ན། ཤེས་པ་ཉམས་ནས་ཡོད་པས་དུས་དེ་རུ་སུ་བཟླས་པ་ནི་ཤིག་ལ་བྱའོ། །དེའི་རྣམ་ཤེས་རླུང་འདྲ་བ། །མཚན་མའི་མིང་དུ་བཅས་པ་ལ། །སྲིན་བུ་མེ་ཁྱེར་འདྲར་བཅུག་སྟེ། །གཟུགས་ལ་ཕབ་ཅིང་སྒྲོག་གིས་བཅིང་ཞེས་བྱ་བ་དེ་བཟས་པ་པོ་གང་ཡིན་པ་དེའི་རྣམ་པར་ཤེས་པ་སྙིང་གི་དབུགས་རྩ་གསུམ་པའི་དབུས་གང་ཡིན་པ་དེ་ན་ཤེས་པ་གནས་ཏེ། ཤེས་པ་དེའི་བརྡའ་ནི་རླུང་ཡིན་ཏེ། རླུང་དེ་ལ་བསྐྱོད་པ་བཀུག་སྟེ་དེའི་དུས་ཉིད་ན་ཡང་ཐོགས་པ་མེད་པའི་གཟུགས་དང་དབང་པོ་ཚང་བ་སྟེ། མཚན་མ་མིང་དུ་བཅས་པར་དགུག་གོ། །དེ་ཡང་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། ཐོགས་པ་མེད་པར་དགུག་པ་ནི། སྲིན་བུ་མེ་ཁྱེར་བ་བཞིན་དུ་དགུག་སྟེ། གཟུགས་ལ་ཕབ་སྟེ་དེ་ཡང་བདག་ཉིད་ཀྱིས་སྔགས་བཟླ་ཞིང་ཞགས་པའི་སྒྲོག་གིས་བཅིང་བར་བྱའོ། །དེ་ནས་རི་རབ་ལ་སོགས་པ་ཕྱག་རྒྱ་བཞིའི་རྒྱས་གདབ་པར་བྱ་སྟེ། ཏིང་ངེ་འཛིན་ནང་སྔགས་ཀྱི་སྦྱོར་བ་བྱ་སྟེ། བླ་མའི་བཀའ་ལས་ཤེས་པར་བྱའོ། །དེ་ནས་འགོ་བའི་ལྷ་དང་དབྲལ་བའི་ཕྱིར། ལྕེ་པོ་གནག་པོའི་དུད་པས་དགུག །འགོ་བའི་ལྷ་དང་དབྲལ་བར་བྱ་ཞེས་གསུངས་ཏེ། ལྕེ་པ་གནག་པོའི་ནི་གུ་གུལ་ནག་པོའི་དུད་པས་འགོ་བའི་ལྷ་ཡང་ཡིན་པ་དེ། དུད་པས་བདུག་ཅིང་དེས་བརྒྱལ་བར་འགྱུར་ཏེ་བྲལ་ནས་འགྲེའོ། །དེ་ཡང་སྔགས་ཀྱི་སྦྱོར་བ་བྱ་བའོ། །དེའི་ལུས་ཚ་བ་བསྐྱེད་པའི་ཕྱིར་ལུས་ངན་སྐེ་ཚེ་ཚ་བ་དུག་གིས་དག་པ་ཞེས་གསུངས་ཏེ། བཟས་པ་པོ་དེའི་ལུས་ཀྱི་ནང་དུ་ཚ་བ་བསྐྱེད་དེ། དུག་གི་གཏོར་མར་བྱིན་གྱིས་བརླབས་ལ་ཁོང་དུ་འཐུང་དུ་གཞུག་པར་བྱའོ། །དུག་དེ་འགྱང་པས་རྩའི་བུ་གུ་ནས་རྒྱས་ཏེ་ཤེས་པས་མ་ཉམས་ཀྱི་བར་དུ་ཚ་བ་དང་ན་བའི་སྡུག་བསྔལ་བསམ་པར་འབྱུང་བར་བསམ་སྟེ། དེ་ནས་ཤེས་པ་ཉམས་ན་རང་གིས་མི་རིགས་པའི་ལས་བྱས་དྲན་ནས་འགྱོད་པ་དྲག་པོ་བྱེད་པར་བསམ་པར་བྱའོ། །དུག་གིས་བསྒྲལ་ཞིང་ཤེས་པར་བྱ་བ་ཇི་ལྟར་བསྡུ་བ་ནི། གབ་པའི་འཁོར་ལོ་ལས་ཤེས་པར་བྱའོ། །དེ་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ལས་བསྐྱེད་དེ་གདབ་པར་བྱའོ། །དེ་ནས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི། གྲུབ་པའི་རྟགས་བྱུང་བ་དང་། ཕུར་པ་རྫས་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་བར་བྱ་བ་ཡིན་ཏེ། དེ་ཡང་དབུས་ཀྱི་ཕོ་བྲང་ནས་གྲུ་གསུམ་མཐིང་ནག་ཉི་ཤུ་རྩ་གཅིག་ཏུ་བྲི་བར་བྱའོ། །ཐ་མའི་རྒྱན་རྣམས་ནི། བསྒྲུབ་པའི་དུས་ཉིད་དང་འདྲའོ། །བྱང་ཤར་གྱི་མཚམས་རྡོ་རྗེ་གུར་གྱི་ནང་དུ་དྲག་པོའི་དཀྱིལ་འཁོར་གང་དུ་གསུངས་པ་བྲི་བར་བྱ་བ་སྟེ། དྲག་པོའི་དཀྱིལ་འཁོར་དེའི་གྲྭའི་ཕྱོགས་སུ་སྤུངས་ཏེ་བཞག་ཅེས་གོང་ནས་གསུངས་ཏེ། ཁྲོ་བོའི་ཕུར་པ་མང་པོ་ཀུན་ཞེས་བྱ་བ་ནི། སྲས་ཕུར་པ་སོ་སོའི་རིགས་ཏེ། སྐུ་གསུང་ཐུགས་ཀྱི་རིགས་ལས་བྱུང་བ་ཉི་ཤུ་རྩ་གཅིག་གོ། །དེ་ལ་མང་པོ་ཀུན་ཞེས་གསུངས་སོ། །གྲྭའི་ཕྱོགས་ཞེས་བྱ་བ་ནི། ཕོ་བྲང་ན་བཞུགས་པའོ། །སྤུངས་ཏེ་བཞག་ཅེས་པ་ནི། ལས་ཀྱི་བཟླས་པའི་དུས་སུ་ཕུར་པ་གཟི་བྱིན་བསྐྱེད་པར་སྟེ། ཕུར་པ་དེ་རེ་རེ་ལ་ཀི་ལི་ཀི་ལི་ཞེས་བྱ་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་པར་བྱ་བ་སྟེ། དེ་བཟླས་ཤིང་ཕུར་པ་འདྲིལ་བས་བདག་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ཏུ་འཕྲོས་ཕུར་པ་ལས་ཀྱང་འོད་ཟེར་འཕྲོས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་དྲག་པོའི་དུས་ལ་བབ་བོ་བར་བསྐུལ་བས། དེ་དག་གི་ཐུགས་ཞེ་སྡང་རྗེས་སུ་དྲན་ཐུགས་ཀ་ནས་ཁྲོ་བོ་གདུག་པ་ཅན་དང་བཅས་པ་མང་པོ་འཕྲོ་ཞིང་ཕུར་པ་ལ་ཐིམ་པས། ཕུར་པ་ཤིན་ཏུ་དྲག་པོའི་འོད་ཟེར་འབར་ཞིང་བསྒྲལ་བའི་མཐུ་དང་ལྡན་པར་གྱུར་པ་དེ། ཕུར་པ་ཀུན་ལ་བྱ་བ་ཡིན་ཏེ། རང་རེ་ལས་ཀྱི་སྔགས་དང་བསྒྲགས་ཤིང་། དེའི་ཕུར་པ་གཟི་བྱིན་བསྐྱེད་པ་དེ་ཕུར་པ་གསོ་བའོ། །དེ་ནས་གདབ་པའི་གནས་ཀྱི་གཙོ་བོ་རྣམས་བསྟན་པའི་ཕྱིར། རྡོ་རྗེ་དྲག་པོའི་ཕུར་པ་ཡིས། །ལྟེ་བ་སྙིང་མགྲིན་དཔུང་མགོ་དང་། །གསང་གནས་ཡན་ལག་ལྔ་ལ་གདབ། །ཅེས་གསུངས་ཏེ། ལྟེ་བ་སྙིང་ག་དང་མགྲིན་པ་དང་། དཔུང་མགོ་དང་གསང་གནས་ལྔ་རྣམས་ནི་གནས་ཀྱི་གཙོ་བོ་ལྔའོ། །ཡན་ལག་ནི་རྣམ་པར་ཤེས་པ་ནི་ཚོགས་གཞན་དག་གོ། །གདབ་པ་ནི་མགོ་ནས་གསལ་ལོ། །ཡུངས་དཀར་མཚོན་ཆའི་ཆར་གྱིས་དབབ་ཅེས་པ་ནི། འཕྲ་མེན་དྲུག་པའི་སྔགས་ཀྱིས་ཡུངས་དཀར་བརྒྱབ་པས། ཡུངས་དཀར་ལས་མཚོན་ཆ་གདུག་པ་མང་པོར་གྱུར་ཏེ། གཟས་པ་པོའི་ལུས་ལ་ལྷག་པར་ཡང་གཟེར་ནས་བསྒྲལ་བར་བྱའོ། །དེ་ནས་མཚན་མའི་དངོས་པོ་བཞི་སྟེ། མཚོན་ཆའི་རབ་ཏུ་བརྩོན་པ་ཡིས། །རྐང་པ་གཡས་ གཡོན་གང་ཡིན་ནས། །རྡུལ་དུ ་གཏུབ་ཅིང་སྦྱིན་སྲེག་བྱའོ། །ཞེས་བྱ་བ་ནི། གཏུབ་པའི་ལས་བསྟན་ཏེ། ཕུར་པ་གདབ་པའི་མཚན་མའི་དངོས་པོ་ཞིག་དེ་ལ་ཁྲོ་བོ་རབ་ཏུ་འབར་བས་མཚོན་ཆའི་ཆར་བརྩོན་པར་རབ་ཏུ་ཕབ་སྟེ། ཕོ་ཡིན་ན་གཡས་ནས་གཏུབས། མོ་ཡིན་ན་ གཡོན་རྡུལ་དུ ་གཏུབ་པར་བསམས་པའོ། །གཏུབ་པའི་དུམ་བུ་དེ་བསྲེག་པར་བསྟན་ཏེ་དེའི་ཕྱིར། དྲག་པོའི་ཧོམ་གྱི་དཀྱིལ་འཁོར་དུ། ཚེར་མ་ཅན་གྱི་མེ་སྦར་ཏེ། ལྷའི་ཚོགས་ལ་ཐིམ་པར་དབུལ་ཞེས་གསུངས་པ་ཡིན་ཏེ། དྲག་པོ་ཧོམ་གྱི་ནང་དུ་ཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ཏེ། དེར་དྲག་པོའི་སྐབས་ནས་འབྱུང་བའི་ཏིང་ངེ་འཛིན་བྱས་ཏེ་ལྷ་ལ་ཕུལ་ན། སངས་རྒྱས་ཉིད་ཀྱང་འཇིགས་པར་འགྱུར་ན། སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་དགོས་སོ། །ཞེས་སྟོན་པས་གསུངས་སོ། །དྲག་པོའི་དཀྱིལ་འཁོར་སྟོན་པའི་ལེའུ་ལ་ནི། དྲག་པོའི་དཀྱིལ་འཁོར་བསྟན་པའི་ལེའུའོ། །བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་བཤད་པའི་ལེའུ་བརྒྱད་པའོ།། །།དེ་ལྟར་དྲག་པོའི་དཀྱིལ་འཁོར་བསྟན་ཀྱང་སྔགས་དང་ཕྱག་རྒྱ་མ་བསྟན་པར་མི་འགྲུབ་པས་དེ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དེས་བཤད་དོ་ཞེས་སྦྱར་རོ། །དེ་ནས་ཡང་སྔོན་ལ་ཁྲགའཐུང་ཆེན་པོའི་སྔགས་དང་། ཕྱག་རྒྱ་བསྟན་ཏེ་དེའི་ཕྱིར། ༀ་ཤྲི་བཛྲ་ཀུ་མ་ར་ཡཀྵ་ཧཱུྃ། ཞེས་པ་ལ་སོགས་པས་བསྟན་ཏེ། བདག་ཉིད་ཀྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་རྡོ་རྗེའི་ནང་ན་ཟླ་བ་ཉི་མ་ཁ་སྦྱར་གྱི་དབུས་ན། ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་ གཡོན་བསྐོར་དུ ་བསྐོར་ནས ། གནས་པ་ལ། ཟླ་བ་དང་ཉི་མ་ནི་འབྱུང་བ་བཞི་ཡིན་པས་དེས་བསྐྱེད་དེ། རྩ་གཡས་ནས་འགྲོ་སྟེ། ཇི་ལྟར་སྤྲོ་བ་དང་བསྡུ་བ་བསྟན་པའི་རིམ་པར་འགྱུར་བའམ། ཡང་ན་སྔགས་མང་པོ་བཟླས་པས་ཡི་གེ་མངོན་པར་མཐོང་བའམ། ཡང་ན་ཡི་གེ་འཕྲོ་འདུ་བྱས་ཤིང་སྔགས་བཟླས་པས། གྲུབ་པའི་ཚད་མེ་ཏོག་ལ་སྔགས་བཟླས་ནས་ནམ་མཁའ་བསྒྱུར་བ་དང་སླར་ལ་མི་ལྷུང་བ་ནམ་མཁའ་ལ་འདུག་པ་ནི། འགྲུབ་པའི་ཚད་དོ། །དེ་ལྟར་གྲུབ་པ་དང་། ལས་འདི་ལྟར་འགྲུབ་པར་འགྱུར་ཏེ། ཕྱག་རྒྱ་བཅས་ནས་གང་ཡིན་པ་ལ་གདོད་ནས་སྔགས་བཟླས་པ་དང་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ། སྔགས་ཀྱི་འགྲུབ་སྟེ་མཐར་ཕྱིན་པའོ། །ཇི་ལྟར་རྒྱས་པར་བཤད་པ་བཞིན། འོག་མ་རྣམས་ལའང་ཤིས་པར་བྱའོ། །ཁྲོས་པའི་སྟེང་དུ་གནས་ནས་ཀྱང་ཞེས་བྱ་བ་ནི་རབ་ཏུ་སྤྱན་བཟློག་པ་ལ་བྱའོ ། གཡས་པ་རྡོ་རྗེ་གདེངས་པའི་ས་ཞེས་བྱ་བ་ནི། ལག་པ་གཡས་པ་རྡོ་རྗེ་གཟུང་སྟེ་ཕྱར་བའོ། ལག་པ་ གཡོན་པ་ཕུར་པ་འདེབས་ཚུལ་དུ ་ཞེས་བྱ་བ་ནི། ལག་པ་ གཡོན་པས་ཕུར་པ་འདེབས་ཚུལ་དུ ་ཁུ་ཚུར་བཅངས་ལ་ཕར་གཏད་པའི་ཚུལ་དུ་བྱའོ། །ཞབས་གཉིས་ནི་གཡས་པ་བསྐྱང་ གཡོན་པ་བསྐུམ་པའི་ཚུལ་དུ ་གནས་པར་བྱ་བ་ནི། དཔལ་ཁྲག་འཐུང་ཆེན་པོའི་སྔགས་དང་ཕྱག་རྒྱ་ཡིན་པར་བཤད་དོ། །གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱ་གྲུབ་པའི་དུས་འདི་ཡིས་ནི། སངས་རྒྱས་རྡོ་རྗེ་འཛིན་པ་ཡང་རབ་ཏུ་བསྒྲལ་ཏེ། འཆི་བར་འགྱུར་ན། ཁམས་ཀྱི་སྐྱེ་བོ་སྨོས་ཀྱང་ཅི་དགོས་ཏེ། འཆི་བར་འགྱུར་རོ་ཞེས་པའི་ཐ་ཚིག་གོ། །དེ་ཡང་ཁྲོས་པའི་རྒྱལ་མོའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཨེ་ཀ་བཛྲ་ཧཱུྃ་ཡ་ཞེས་བྱ་བ་ནི། ཁྲོ་མོའི་སྔགས་སོ། །ཕྱག་རྒྱ་ཉིད་དཀྱུས་ཉིད་གསལ་ལོ། །དབང་དུ་འགྱུར་བར་ངེས་ཞེས་བྱ་བ་ནི་རྡོ་རྗེ་གསང་བ་བཀའ་ནོད་པའི་ནང་ནས་ཀྱང་། མོ་གཟུགས་འཇིག་རྟེན་དབང་དུ་འགྱུར་ཞེས་གསུངས་ཏེ། མོའི་གཟུགས་དེས་སེམས་ཅན་འདོད་ཆགས་ཅན་དབང་དུ་འདུ་བའོ། །དེ་ནས་སྲས་ཕུར་པའི་སྔགས་དང་། ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཞེས་པ་ནས། ཁམས་གསུམ་སྐྱེ་བོ་སྨོས་ཅི་དགོས་ཞེས་པའི་བར་གྱིས་བསྟན་ཏེ་གོ་སླའོ། །དེ་ནས་ཧཱུྃ་ཀ་རའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་ཞེས་བསྐྱེད་པ་རྐྱེན་གྱི་སྔགས་སོ། །གརྫ་གརྫ་ཧཱུྃ་ཕཊ། ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་འདི་ལས་ཀྱི་དུས་སུ་རྩའི་སྔགས་དང་འགྲོགས་ཏེ། བཟླས་པ་ལས་ཁྲོ་བོ་ཧཱུྃ་ཀ་རའི་ཧཱུྃ་ལས་སྐུ་གསུང་ཐུགས་ཀྱི་ཁྲོ་མོ་མང་པོ་རྒྱུད་པར་བྱུང་ནས་ལག་ན་ལྕགས་ཀྱུ་ཐོགས་ནས་དགུག་པར་བྱེད་པའོ། །དེའི་ཕྱག་རྒྱ་ནི་གོ་སླའོ། །དེ་ནས་རྣམ་པར་རྒྱལ་བའི་སྔགས་དང་ཕྱག་རྒྱ་བསྟན་པའི་ཕྱིར། ༀ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཞེས་པ་ནི་བསྐྱེད་པའི་རྐྱེན་གྱི་སྔགས་སོ། །ཧ་ན་ཧ་ན་ཧཱུྃ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །བསྔགས་ཤིང་བཟླས་ཤིང་གནས་ན་གྲུབ་པའི་དུས་ན་ཅི་ཡང་བཟློག་པར་བྱེད་དོ། །དྲག་པོའི་དུས་སུ་སྔགས་བཟླས་པས་གཟས་པ་པོ་ལ་གྲོགས་བྱེད་པའི་ལྷ་ཀླུ་གང་ཡིན་པ་དེ་བཟློག་པར་བྱེད་པ་སྟེ། དད་ནས་འགྲོ་བའོ། །དེ་ནས་དབྱུག་པ་སྔོན་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་ཞེས་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ད་ཧ་ད་ཧ་ཧཱུྃ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་ཏེ། སྔགས་འདི་བཟླས་པའི་དུས་ན་དབྱུག་པ་སྔོན་པོ་ལས་ཁྲོ་བོ་འཆོལ་བ་མང་པོ་འཐོན་ཏེ། གཟས་པ་པོ་གང་ཡིན་ཏེ་གསོད་པའོ། །ཕྱག་རྒྱ་དཀྱུས་ཉིད་གསལ་ལོ། །དེ་གཤིན་རྗེ་གཤེད་པའི་སྔགས་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཡ་མཱནྟ་ཀ་ཧཱུྃ་ཞེས་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །པ་ཙ་པ་ཙ་ཧཱུྃ་ཕཊ་ཅེས་པ་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་འདི་བཟླས་ཤིང་ཕྱག་རྒྱ་བཅིངས་པའི་དགུག་པར་བྱ་བའི་དུས་ན་ལྕགས་ཀྱུ་ཅན་དུ་འཕྲོ་བ་དང་བསད་པར་བྱ་བའི་དུས་ན་མཚོན་ཆས་གདུག་པ་ཅན་ཐོག་པ་འཕྲོ་བ་དང་། དབྱེ་བའི་དུས་ན་གདུག་པ་ལ་སོགས་པ་སྤྲོ་བ་དང་། སྐྲད་པའི་དུས་ན་རྔ་མོ་ལ་བསྐྱོན་ནས་འགྲོ་བའི་ལས་བྱེད་པའོ། །དེ་ནས་ཡང་མི་གཡོ་མགོན་པོའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལེ་ཧཱུྃ་ཞེས་པ་ནི། བསྐྱེད་པ་རྐྱེན་གྱི་སྔགས་སོ། །བནྡྷ་བནྡྷ་ཧཱུྃ་ཕཊ་ཅེས་པ་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་འདི་བཟླས་ཤིང་ཕྱག་རྒྱས་བཅས་པས་ལྷ་དང་ཀླུ་དང་གནོད་སྦྱིན་ཐམས་ཅད་ཅི་བསྒོ་བའི་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། བགེགས་གསལ་བྲེག་ཅིང་བརྒྱལ་བར་འགྱུར་རོ། །དེ་ནས་ཡང་རྡོ་རྗེ་རྟའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཧ་ཡ་གྲྭི་བ་ཧཱུྃ་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་པ་ནི། བཟླས་པ་ལས་ཀྱི་སྔགས་སོ། །སྔགས་བཟླས་ཕྱག་རྒྱ་བཅིངས་ཏེ། གཏད་པས་དུག་འཇོམས་པར་འདོད་པའི་དུས་ན་རྟ་མགྲིན་ཡབ་ཡུམ་གྱི་བདུད་རྩི་དུག་གི་ཟིན་པའི་བུ་གར་དྲངས་ཞིང་བསྟིམ་པས་དུག་སེལ་བར་གྱུར་ཏོ། །སེར་བ་བཟློག་པའི་དུས་ན་བ་སྤུའི་བུ་ག་ནས་ཀྱང་ཁྲོ་བོ་རལ་གྲི་ཐོག་པ་མང་པོ་བྱུང་སྟེ། སྤྲིན་རལ་བར་བསམ་མོ། །བདག་ཉིད་ཀྱིས་ཀྱང་མིག་བཟློག་ལ་སྔགས་བཟླས་སོ། །ནད་པ་བསྲུང་བར་འདོད་ན། བདུད་རྩིའི་ཆུ་རྒྱུན་སེང་གེའི་སྒོ་ནས་དྲངས་ལ་ནད་པ་ལ་བསྟིམ་སྟེ་ནད་ཐམས་ཅད་བྱང་དཀྲུས་པར་བསམ་མོ། །ཡང་གཞན་གྱི་མི་ཐུབ་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུྃ། བསྐྱེད་པ་རྐྱེན་གྱི་སྔགས་སོ། །ཏིསྟ་ཏིསྟ་ཧཱུྃ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་བཟླས་ཕྱག་རྒྱ་བཅིངས་ནས་གཏད་པས་གདོན་ལ་སོགས་པ་ཐམས་ཅད་གཟིར་བྱེད་པའོ། །དེ་ནས་ཡང་བདུད་རྩི་འཁྱིལ་པའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཧཱུྃ་ཨ་མྲྀ་ཏ་ཀུནྡ་ལི་ཧཱུྃ་ཞེས་པ་ནི་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ཚི་ན་ཚི་ན་ཧཱུྃ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་བཟླས་ཕྱག་རྒྱ་གཏད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་བསྐྱོད་པར་ནུས་ན་གཞན་བསྐྲད་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་ནས་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཏྲི་ལོ་ཀྱ་བི་ཙ་ཡ་ཧཱུྃ་ཞེས་བསྐྱེད་པ་རྐྱེན་གྱི་སྔགས་སོ། །བིནྡྷ་བིནྡྷ་ཧཱུྃ་ཕཊ་ཅེས་པ་ནི་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་བཟླས་ཕྱག་རྒྱ་བཅིངས་ཏེ། བདག་གི་ཐུགས་ཀ་ནས་ཁྲོ་བོའི་ཞགས་པ་ཐོགས་པ་བཅིང་བར་བྱེད་དོ། །དེ་ནས་སྟོབས་པོ་ཆེའི་སྔགས་དང་ཕྱག་རྒྱ་བསྟན་ཏེ། ༀ་བཛྲ་ཀྲོ་ཏ་ཧཱུྃ་མ་ཧ་བ་ལ་ཧཱུྃ་ཞེས་པ་བསྐྱེད་པ་རྐྱེན་གྱི་སྔགས་སོ། །སྥོ་ཏ་ཡ་སྥོ་ཏ་ཡ་ཧཱུྃ་ཕཊ་ནི་བཟླས་པ་ལས་ཀྱི་སྔགས་སོ། །སྔགས་བཟླས་ཕྱག་རྒྱ་གཏད་པས་ཐན་པ་བྱུང་བའི་དུས་ན་ཀླུ་ཐམས་ཅད་བྲེག་ཅིང་བརྒྱལ་ནས་ཆར་འབེབས་པར་བྱེད་དོ། །ཧ་ཅང་ཡང་ཆར་ཆེས་ན་དུར་ཁྲོད་ཀྱི་རས་ལ་འདུག་ནས། སྔགས་འཇུག་ནས་བཟློག་སྟེ་བཟླས་ན་ཆར་པ་ཆད་པར་འགྱུར་རོ། །དེ་ནས་ཡང་ཁྲོ་མོ་རྣམས་ཀྱི་མཚན་ཉིད་ཐབས་ཀྱི་ལས་ཇི་ལྟར་ཡིན་པ་ལྟར་ཤེས་པར་བྱའོ། །དཀྱུས་ནི་སྒྲོལ་མི་དགོས་སོ། །གཞན་ཡང་སྤྲུལ་པའི་ཕོ་ཉ་དང་ཞེས་པ་ལ་སོགས་པ་རྣམས་ནི། ངེས་པ་མེད་པ་རྒྱལ་བས་གསུངས་སོ། །སྔགས་དང་ཕྱག་རྒྱའི་ལེའུ་ལས་ནི་སྔགས་དང་ཕྱག་རྒྱའི་ལེའུའོ། །བདུད་རྩི་ཐིགས་པའི་རྒྱ་ཆེར་བཤད་པ་ལས་ཀུན་རྫོབ་ཀྱི་བདེན་པ་འབའ་ཞིག་གིས་བཤད་བའི་ལེའུ་སྟེ་དགུ་པའོ།། །།དེ་ལྟར་སྔགས་དང་ཕྱག་རྒྱ་ལ་སོགས་གསུངས་ཀྱང་སྲས་བསྐྱེད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པར་ཆེ་བ་མེད་ན་ལས་ཀྱི་སྒོ་སྐབས་ཀྱི་མི་ཕྱེད་པས། ཏིང་ངེ་འཛིན་གྱི་རིམ་པར་ཕྱེ་བ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་འདི་གསུངས་སོ། །ཞེས་བྱ་བར་སྦྱར་རོ། །གང་གསུངས་ཤེ་ན། ཐབས་འོག་ནས་འབྱུང་བ་འདི་གསུངས་སོ། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བ་ནི། ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་ཏེ། དེའི་ནང་དུ་ཡི་གེ་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་མོ། །དེ་དབུས་བདག་པོའི་གཟུགས་བསམ་སྟེ། ལས་རྣམས་ཐམས་ཅད་བརྩམ་པར་བྱ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེ་ཧཱུྃ་ཧཱུྃ་དེ་ལས་རྡོ་རྗེ་རྩེ་དགུ་པ་དེ་ལས་བདག་པོའི་གཟུགས་སུ་བསྐྱེད་དེ། སྐུ་ཡོངས་སུ་རྫོགས་པ་དང་། ལས་ཐམས་ཅད་བརྩམ་པར་བྱའོ། །ནམ་མཁའ་འཁོར་ལོ་དབང་བསྒྱུར་བས་ཞེས་བྱ་བ་ནི། ནམ་མཁའི་གཉིས་མེད་ཡེ་ཤེས་སྟོང་པ་ཉིད་ཡིན་ལ། དེའི་འཁོར་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུས་བསྒྱུར་བ་ལས་རྣམ་པ་ཐམས་ཅད་བྱེད་པར་འགྱུར་ཏེ། མི་བྱ་བ་གང་ཡང་མེད་དོ། །དོན་དམ་པ་བྱང་ཆུབ་ཀྱི་སེམས། དེ་ནས་སྲས་ཕུར་པ་བསྐྱེད་པའི་ཏིང་ངེ་འཛིན་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། ཕུར་པ་ཀུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་བྱ་བ་མགོ་ནས་འབྱུང་བ་འདི་རྣམས་སོ། །གདེང་དང་ལྡན་པའི་རྣལ་འབྱོར་པས། ཞེས་བྱ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་དང་དུས་རྟག་ཏུ་མི་འབྲལ་ཞིང་། སེམས་བདེ་བའི་ཉམས་ཡོད་པ་ནི། གདེང་དང་ལྡན་པའི་རྣལ་འབྱོར་པས། དེས་བསྒོམ་པར་བྱ་བ་ནི། འདི་ལྟ་སྟེ་དང་པོ་དངོས་མེད་བྱང་ཆུབ་སེམས། སྟོང་པ་ཆེན་པོའི་ཏིང་འཛིན་ལས། །ཞེས་བྱ་བ་ནི། དང་པོ་ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉམས་སུ་བླངས་ནས་བསྒོམས་ཏེ། དངོས་པོ་ཅི་ཡང་མེད་པའི་ངང་ལ་རྫས་ཀྱི་ཕུར་པ་ཁྲོ་བོའི་གཟུགས་སུ་བསྟན་ཏེ། དེ་ཡང་ཇི་ལྟར་རྟག་ཅེ་ན། རྒྱ་མདུད་སྟེང་དུ་གཞལ་ཡས་ཁང་། །ཁྲག་འཐུང་ཚོགས་ཀྱིས་རྣམ་པར་བསྒོམ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་མདུད་དབུ་མའི་སྟེང་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་གཞལ་ཡས་ཁང་བསྒོམ་པར་བྱའོ། །རྒྱན་ལ་སོགས་པ་གཞུང་གཞན་ལས་གསུངས་པ་ཇི་བཞིན་པའི་རིམ་པའོ། །གཞལ་ཡས་ཁང་དེའི་ནང་དུ་ཞིང་རྣམས་ཀྱི་གདན་སྟེངས་སུ་གསལ་བའི་སྟེང་སྟེ། ཉི་མ་དང་ཟླ་བ་གཉིས་བརྩེགས་པའི་སྟེང་དུ་ཁྲག་འཐུང་གི་ཚོགས་འོད་ཟེར་གྱིས་སྤྱན་དྲངས་ནས། གཞལ་ཡས་ཁང་གི་ནང་དུ་རྒྱས་པར་བསྒོམ་མོ། །དེ་ལ་ཏིང་ངེ་འཛིན་གྱི་མཆོད་པ་དབུལ་ལོ། །དེ་ལས་སྲས་མཆོག་ལ་ཡང་ཞེས་བྱ་བ་ནི། རྟེན་དང་བརྟེན་ཅན་དུ་དེ་ལས་སྲས་མཆོག་ཀི་ལ་ཡ་ཞེས་བྱ་བ་ནི། རྟེན་དང་བརྟེན་ཅན་དུ་བཅས་པའི་ཕུར་པ་དེ་ལས་རྟེན་དང་བརྟེན་ཅན་དུ་བཅས་པའི་བདག་གི་ཞལ་དུ་ཐིམ་ནས་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་མེས་གཞུ་ནས། ཡུམ་གྱི་པདྨ་ལ་གསང་བ་རྡོ་རྗེ་ཡིས་འཕྲོས་པ་སྲས་ཕུར་བུ་བསྙེན་བསྒྲུབ་གཉིས་ལ་ནི་གཅིག་ཏུ་འགྱུར། ལས་ཀྱི་དུས་སུ་ཉི་ཤུ་རྩ་གཅིག་གོ། །དེ་ཡང་འོད་དཔུང་ལས་ཕྱག་མཚན་ལས་སྐུར་བསྐྱེད་དོ། །ཞལ་གཅིག་ཕྱག་བཞི་པའོ། །དབུ་སྐྲ་ཁམས་ནག་གྱེན་དུ་འབར་བ་སྤྱན་གསུམ་པ་ཅན། དེ་ལས་སྲས་མཆོག་ཀི་ལ་ཡ་ཞེས་བྱ་བའོ། །རྒྱ་མདུད་མན་ཆད་ཁྲོ་བོའི་གཟུགས་ཞེས་བྱ་བ་ནི། ཟུར་གསུམ་པར་གནས་པའོ། །ཕུར་པའི་ལྷ་ཉིད་གསལ་བར་བསྒོམ་ཞེས་བྱ་བ་ནི། ཕུར་པའི་ཐུགས་ཀ་ནས་ཧཱུྃ་ལས་ཡི་གེའི་ཕྲེང་བས་བསྐོར་བར་གནས་ཏེ། ཡིད་ཀྱི་གསལ་བར་བྲིས་ལྟ་བར་བྱའོ། །དེ་ཉིད་བྱིན་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། སྲས་ཕུར་པ་དེ་ཉིད་བྱིན་དང་ལྡན་པར་བྱ་བའི་ཕྱིར། ༀ་ཧྲི་ཕཊ་ཅེས་ཡིག་འབྲུ་གསུམ་ཞེས་བྱ་བ་ནི། ཡི་གེ་གསུམ་པའོ། །ཡོངས་སུ་བསམ་པར་བྱ་བའོ། །དེ་གང་དུ་བསམ་ཞེ་ན། སྤྱི་བོ་རྐེད་པ་རྩེ་མོ་ལ་ཞེས་གསུངས་ཏེ། སྤྱི་བོ་ༀ་དཀར་པོ། རྐེད་པ་ཧྲཱི་དམར་པོ། རྩེ་ལ་ཕཊ་མཐིང་ནག་པོ། དེ་ལྟར་བཀོད་པ་ཇི་ལྟར་བསྒོམ་ཞེ་ན། སྐུ་གསུང་ཐུགས་སུ་བསྒོམ་པར་བྱ་ཞེས་གསུངས་ཏེ། ༀ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐུའི་རྡོ་རྗེ་བསྒོམ་མོ། །ཧྲི་ལས་པདྨ་འདབ་བརྒྱད་པའི་སྟེང་དུ་གསུང་གི་རྡོ་རྗེ་བསྒོམ་མོ། །ཕཊ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཐུགས་ཀྱི་རྡོ་རྗེ་བསྒོམ་སྟེ། སྐུའི་སྐུ་རྣམ་པར་དག་ཅིང་བརྗོད་པར་བྱིན་གྱིས་བརླབས་པ་དང་། གསུང་གིས་གསུང་རྣམ་པར་དག་ཅིང་དྲག་པོའི་གདངས་སྒྲ་དང་ལྡན་པར་བྱིན་གྱིས་བརླབས་པ་དང་། ཐུགས་ཀྱི་ཐུགས་རྣམ་པར་དག་ཅིང་ཞེ་སྡང་ཆེན་པོས་སྒྲོལ་བའི་མཐུ་དང་ལྡན་པའོ། །དེ་ནས་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་ཏེ། ཡེ་ཤེས་ལྔའི་ཡི་གེ་ལྔ་ཞེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལས་བྱུང་བའི་ཡི་གེ་འོག་ནས་འབྱུང་བ་འདི་ལྔའོ། །ༀ་ཨཾ་ཧཱུྃ་སྭ་ཧ། ལྔ་པོ་འདིའོ། །དེ་གང་དུ་བསྒོམ་ཞེ་ན། སྤྱི་བོ་ལྕེ་དང་སྙིང་ག་དང་རྐེད་པ་ཡན་ལག་དག་ལ་སྟེ། ཞེས་བྱ་བ་ནི། སྤྱི་བོ་སྟེ། སྟེང་གི་སྒོར་ༀ་བསྒོམ་མོ། །དེའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ། །ལྕེ་ལ་ཨ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབས་པའོ། །རྐེད་པ་སྭ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་འབྱུང་། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ། །སྙིང་གར་ཧཱུྃ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ། །ཡན་ལག་གི་རྐེད་མཚན་དུ་ཧ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ལས་བྱུང་བ་སྟེ། དེ་དང་ལྡན་པར་བྱིན་གྱིས་བརླབ་པའོ། །དེ་ལྟར་ཡེ་ཤེས་ལྔ་དང་ལྡན་པར་བྱིན་གྱིས་བརླབས་ནས། ད་ནི་སྤྲོ་བསྡུས་ཡི་གེ་ཐུགས་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབས་ཏེ། དེ་བསྟན་པའི་ཕྱིར། སྤྲོ་དང་བསྡུ་བའི་ཡི་གེ་སྟེ། ཧཱུྃ་གསུམ་དང་ནི་ཕཊ་གསུམ་གྱིས། གསུངས་ཏེ་སྤྲོ་བར་བྱ་བ་སྟེ་ཕཊ་ཏོ། །བསྡུ་བའི་ཡི་གེ་ཧཱུྃ་ངོ་། །དེ་ལྟ་བུའི་ཡི་གེ་དྲུག་པོ་གང་དུ་བཀོད་ཅེ་ན། ངོས་གསུམ་དང་ཟུར་གསུམ་ལ་རྩེ་མོ་གཅིག་ཏུ་བསྒོམ་པར་བྱའོ་ཞེས་གསུངས་ཏེ། ངེས་གསུམ་ལ་ཧཱུྃ་གསུམ། ཟུར་གསུམ་ལ་ཕཊ་གསུམ། ངོས་ཀྱི་ཧཱུྃ་གསུམ་ནི། ཐུགས་ཀྱི་རང་བཞིན་ལ་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། རང་བཞིན་གྱི་འོད་གསལ་བ་གསུམ་མངའ་བས་ཧཱུྃ་གསུམ་སྟེ། དེས་ཉོན་མོངས་འཇོམས་པའི་རྟགས་སུ། ཟུར་གསུམ་ལ་ཕཊ་གསུམ་དུ་བྱའོ། །དེ་ནས་གསུང་བའི་དཀྱིལ་འཁོར་ནི། སྐུ་ཤིན་ཏུ་བརྟས་པ་དེའི་ཕྱི་རོལ་གྱི་ཨེའི་གདན་ལ་གདོན་པར་བྱ་སྟེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཏི་བ་ཏ་ཙ་ཀྲ་ཧཱུྃ་ཛ་ཞེས་བརྗོད་པས། གསང་བའི་གནས་ནས་ཨེའི་གདན་ལ་བཞུགས་སུ་གསོལ་ལོ། །བཞུགས་པ་དེ་ལ་དབང་བསྐུར་བར་བྱ་སྟེ། དེ་བསྟན་པའི་ཕྱིར་རིགས་ཀྱི་དབང་མཆོག་ཐོབ་བྱའི་ཕྱིར། ཞེས་པ་ལ་སོགས་གསུངས་ཏེ། རང་གི་རིགས་ཀྱི་དབང་བསྐུར་ཏེ། །ཞེས་བྱ་བ་ནི་རང་གི་རིགས་སོ་སོའི་དབང་བསྐུར་ཏེ། དེ་ཡང་ཇི་ལྟར་ཞེ་ན། འཆོལ་བར་སྤྲོས་ལ་སོ་སོར་བསྟན། །ཞེས་གསུངས་ཏེ། འཆོལ་བར་སྤྲོས་པ་ནི་སྐུའི་རིགས་ལ་ཡང་སྐུ་གསུང་ཐུགས་སྤྲོས་ལ། སྐུ་གསུང་ཐུགས་ལ་ཡང་དེ་བཞིན་ནོ། །དེ་ལྟར་འཆོལ་བར་སྤྲོས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་ཕུལ་ནས་སྐུ་གསུང་ཐུགས་སུ་དབང་བསྐུར་ཅིག་པར་བསྐུར། ཁམས་གསུམ་གྱི་ཉོན་མོངས་པ་སྦྱངས་སླར་ལ་རང་རང་གི་རིགས་མ་འཆོལ་བར་བསྡུས་ནས་བསྟིམས་པས། སོ་སོའི་དབང་ཐོབ་སྟེ། བྱིན་དང་ལྡན་པར་འགྱུར་རོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་ཞིང་། བྱིན་དང་ལྡན་པར་བྱ་བའི་ཕྱིར། གཡས་གཡོན་ཐབས་དང་ཤེས་རབ་ལས། ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡས་པ་ཐབས་ཀྱི་རང་བཞིན་ཏེ། དེའི་མཐིལ་དུ་མ་བསམ་ལ། དེ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ། ཨ་བསམ་ཨ་ལས་ཀུན་ཏུ་བཟང་པོའི་སྐུ་བསྐྱེད་དེ། ལག་པ་ གཡོན་པ་ཤེས་རབ་ཀྱི་རང་བཞིན་ཏེ། དེའི་མཐིལ་དུ ་ཨ་བསམ། དེ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ དུ། ཨ་བསམ་དེ་ལས་ཀུན་ཏུ་བཟང་མོའི་སྐུར་བསྐྱེད་དོ། །དེའི་རྗེས་ལས་གཡས་གཡོན ་གཉིས་ཀའི་སོར་མོའི་མཐིལ་བཅུ་ལ་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེ་ནས་ཐལ་མོ་མཉམ་པོར་སྦྱར་བ་ལ་སུ་ར་ཏ་སྡོམ་ཞེས་བརྗོད་པས་ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བ་མཛད་པས། བྱང་ཆུབ་སེམས་འོད་ཟེར་དུ་འཕྲོས་ཏེ། ཟླ་བའི་དཀྱིལ་འཁོར་དག་གི་སྟེང་དུ་གནས་པར་གྱུར་ཏེ། གཡས་པའི་ལྔ་ལ་གུང་མོ་ལ་ཨཾ་ཐེ་བོང་ལ་ཧཱུྃ་མཛུབ་མོ་ལ་ཏྲ། སྲིན་ལག་ལ་ཏྲི། མཐེ་ཆུང་ལ་ཧ་བསམ་པར་བྱའོ། །གཡོན་པ་རྣམས་ལ་ཡང་དེ་རྣམས་བསམ་པར་བྱའོ། །དེ་ལས་སྐུ་ཡོངས་སུ་རྫོགས་པར་བསྐྱེད་དེ་ལས་སོར་མོ་ཡབ་ཡུམ་བཅུར་སྒོམ་ཞེས་གསུངས་པའོ། །ཡབ་ཡུམ་བཅུ་པོ་སྦྱོར་བའི་བརྡའ་བསྐུལ་ཏེ། ༀ་བཛྲ་ཨ་ཙ་ལ་ཧཱུྃ་ཞེས་བརྗོད་པས། ཡབ་ཡུམ་རྡོ་རྗེ་དང་པདྨ་ཕྲད་པ་སྟེ། སོར་མོ་ཅུང་ཟད་བསྣོལ་ལ་ༀ་བཛྲ་བ་ན་ཧཱུྃ་ཞེས་བརྗོད་པས་ཡབ་ཡུམ་སྟོད་སྨད་འཁྱུད་པ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམ་པའོ། །དེ་ནས་བྱང་ཆུབ་ཀྱི་སེམས་ཡུམ་གྱི་མཁའ་ལ་གནས་པ་ལ། ༀ་སརྦ་ཏ་ཐ་ག་ཏ་པུ་ཙ་ཛྙཱ་ན་བཛྲ་སོ་བྷ་བ་ཨཏྨ་ཀོ་ཧཾ་ཞེས་བརྗོད་པས། ཡུམ་གྱི་བ་སྤུའི་བུ་ག་ནས་བྱང་ཆུབ་ཀྱི་སེམས་འཕྲོས་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པ་ལ་མཆོད་པ་ཕུལ། སྲས་ཕུར་པ་འདི་ལ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཅིག་པའི་བྱིན་རླབས་འོད་འཕྲོས་པས། ཞེས་གསུངས་པ་ཡིན་ནོ། །དེ་ནས་ཕུར་པ་ལག་པས་བླངས་ལ་ས་མ་ཡ་སྟཾ་ཞེས་བརྗོད་ལ་བླང་། མཐེ་བོང་དང་སྲིན་ལག་གུང་མོ་ནི་སྐུ་གསུང་ཐུགས་གསུམ་གྱི་དབུས་སུ་བཙུག་ལག་པའི་རྟིང་པ་ཕྱེ་སྟེ། སོར་མོ་རྣམས་ཀྱིས་ཕུར་པ་དྲིལ་ཞིང་། ༀ་བཛྲ་ཨ་བེ་ཤ་ཡ་ཨ་ཞེས་བརྗོད་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟར། སྲས་ཕུར་ལ་ཐིམ་སྟེ། ཐིམ་པས་བྱང་ཆུབ་སེམས་ཀྱི་དབང་ཐོབ་ནས་ཤིན་ཏུ་འོད་འཕྲོ་བར་འགྱུར་རོ། །དེ་ལ་ནི་འདུ་བྱེད་ལས་ཀྱིས་བྱིན་གྱིས་བརླབས་ཞེས་གསུངས་ཏེ། ལག་པ་གཡས་གཡོན་གྱི་ཐབས་ཤེས་རབ་གཉིས་ཀྱི་འདུ་བྱེད་ཀྱིས་བསྐུལ་ཏེ། བྱིན་གྱིས་བརླབས་པའོ། །ཕྱོགས་བཅུ་རྒྱལ་བ་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་སྲས་དེས་བསྟིམས་པས་དེ་ལ་ནི། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་གཉིས་མེད་སྦྱོར་བའི་བྱང་ཆུབ་སེམས་བར་མ་ཆད་པར་དེ་ལ་བསྟིམས། ཞེས་གསུངས་ཏེ། སྲས་ཕུར་པ་དེ་ལ་བར་མ་ཆད་པར་བསྟིམས་ཞིང་དབང་བསྐུར་བའོ། །དེས་ཀྱང་བྱིན་ཆེན་འདུས་པར་འགྱུར་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་དེས་ཀྱང་དུས་གསུམ་གྱི་བདེ་བར་གཤེགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བྱིན་བརླབས་ཐམས་ཅད་སྲས་ཕུར་པ་ལ་འདུས་པར་གྱུར་ཏོ། །དེ་ནས་ཡང་སྐུ་གསུང་ཐུགས་དབང་སྟེ། དེའི་ཕྱིར་དེ་ནས་སྐུ་གསུང་ཐུགས་ཉིད་དུ། བྱིན་གྱིས་བརླབས་ཤིང་བསྟན་བྱ་སྟེ། ཞེས་གསུངས་ཏེ། སྔོན་ལ་ཐུགས་སུ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་བསྟན་ཏེ། བདག་ཉིད་ལས་ཐུགས་ཕྱག་མཚན་མང་པོ་སྤྲོས་པས་ལས་གཉིས་བྱས་ཏེ་སེམས་ཅན་གྱི་ཀུན་གཞི་ལ་གནས་པའི་བག་ཆགས་སྦྱངས། བདེ་བར་གཤེགས་པས་སྒྲས་ཕུར་པ་ལ། ཐུགས་རྗེས་བྱིན་གྱིས་རློབས་ཤིག་པས་བསྐུལ་ནས། ཕར་འཕྲོས་པས་སླར་འདུས་པ་དང་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀ་ནས་ཀྱང་ཕྱག་མཚན་མང་པོ་སྲས་ཕུར་པ་ལ་གཉིས་སུ་མེད་པར་བསྟིམས་པས་སྲས་ཕུར་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཤིན་ཏུ་ཐུགས་བསྟན་ཞིང་འོད་འཕྲོ་བར་འགྱུར་ཏེ། ཕྱག་རྒྱ་བཅས་ཏེ། ༀ་བཛྲ་སྭ་ཏ་ར་ཙ་ཧཱུྃ་ཞེས་བརྗོད་ཅིང་བསྟིམ་པའོ། །དེས་ན་ཐུགས་ཉིད་རྡོ་རྗེ་འགྱུར་ཞེས་གསུངས་ཏེ། བརྟན་པའི་ཕྱིར་རྡོ་རྗེའོ། །དེ་ནས་གསུང་གིས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ་ལག་གཉིས་སོར་མོ་རྩེ་སྤྲད་དེ་ཞེས་བྱ་བ་ནི། ལག་པའི་སོར་མོ་ཀུན་སྤྲད་ཅིང་མ་སྤྲད་པ་ཁད་པ་ཙམ་བྱ་སྟེ། པདྨ་ལྟ་བུར་བྱས་པའི་ཕུར་པ་ལག་པའི་རྟིང་པའི་བར་དུ་བཅུག་སྟེ། རྟིང་པས་ཕུར་བུ་དྲིལ་བར་བྱ་ཞིང་། རྣལ་འབྱོར་རྡོ་རྗེའི་ཚིག་ཏུ་བརྗོད་པའི་སྔགས་འདི་ཡིན་ཏེ། ༀ་བུ་བུ་བྷ་ཏ་ཕཊ། ཅེས་བརྗོད་པས་བདག་ཉིད་ཀྱི་ཐུགས་ཀ་ནས་ཧཱུྃ། མང་པོ་འཕྲོས་ཏེ་ལས་གཉིས་བྱས་ཏེ། སེམས་ཅན་དག་གི་མི་དགེ་བ་ཐམས་ཅད་སྦྱངས་དུས་གསུམ་གྱི་སངས་རྒྱས་བདེ་བར་གཤེགས་པ་ཐམས་ཅད་ལ་སྲས་ཕུར་པ་ལ་གསུང་གིས་དབང་བསྐུར་ཞིང་བྱིན་གྱིས་རློབས་ཤིག་པར་བསྐུལ་བས། ཧཱུྃ་འཕྲོས་པ་ཉིད་དང་བདེ་བར་གཤེགས་པའི་ཐུགས་ཀ་ནས་གསུང་ཡིག་འབྲུ་མང་པོ་སླར་འདུས་ནས་སྲས་པོའི་གསུང་གི་གནས་སུ་བྱིན་གྱིས་བརླབས་ཅིང་བསྟིམ་མོ། །དེ་ནི་གསུང་ཉིད་རྡོ་རྗེར་གྱུར་ཞེས་ཏེ། དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གསུང་བརྟན་ཞིང་ཁྲོས་པའི་གདངས་དང་ལྡན་པའོ། །དེ་ནས་ཡང་སྐུའི་དབང་བསྐུར་ཞིང་བྱིན་བརླབ་པ་སྟོན་ཏེ། ལག་གཉིས་སོར་མོ་རྒྱབ་བསྣོལ་ཏེ། མཐེ་བོང་གཤིབས་པའི་ཆང་བ་རུ་ཞེས་བྱ་བ་ནི། ལག་པ་གཉིས་བསྣོལ་ཐལ་མོ་སྦྱར་ལ་སོར་མོ་རྣམས་བརྒྱབ་ཏུ་བསྣོལ་ཏེ། མཐེ་བོང་གཉིས་གཤིབས་ཏེ། དེའི་བར་དུ་ཕུར་པ་བཅུག་ལ་རྡོ་རྗེ་བཅུག་ལ་རྡོ་རྗེ་ཕུར་བུ་དེ་འདྲིལ་བར་བྱས་ཤིང་རྣལ་འབྱོར་པས་ཀྱང་། རྡོ་རྗེ་ཚིག་ཏུ་བརྗོད་པའི་སྔགས་འོག་ནས་འབྱུང་བ་འདིའོ། །ༀ་ཧ་ན་ཧ་ན་སྟི་སྟ་ཙཀྲ་ཧཱུྃ་ཕཊ་ཅེས་བརྗོད་པས་བདག་ཉིད་ཀྱི་ཐུགས་ཀ་ནས་སྐུ་མང་པོ་སྤྲོས་པ་ལས་གཉིས་བྱས་ཏེ། སེམས་ཀྱི་ལུས་ཀྱི་མི་དགེ་བ་ཐམས་ཅད་སྦྱངས། བདེ་བར་གཤེགས་པས་སྲས་ཕུར་པ་ལ་དབང་བསྐུར་ཅིག་པར་བསྐུལ་བས་སྐུ་འཕྲོས་པ་དེ་ཉིད་དང་བདེ་བར་གཤེགས་པའི་ཐུགས་ནས། སྐུ་མང་པོ་བྱུང་ནས་སྲས་ཕུར་པ་ལས་ཐིམ་པས་སྐུའི་གནས་གང་ཡིན་པ་དེ་ལ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བས་དེས་ནི་ལུས་ཉིད་རྡོ་རྗེར་འགྱུར། དེ་ནས་སྲས་ཕུར་པ་དེ་ལ་མཆོད་པ་བྱ་བ་བསྟན་ཏེ། དེའི་ཕྱིར་དེ་ནས་ཕུར་བུ་རྒྱན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་བྱ་བ་ནི། སྲས་ཕུར་པ་ལ་དབང་བསྐུར་བའི་དེ་མ་ཐག་པ་དེ་ནས་མཆོད་པ་བྱ་བ་འོག་ནས་འབྱུང་བ་འདི་གསུངས་སོ། །ཨེ་ཡི་གདན་ལ་བཞུགས་པ་ཡི ། །ཁྲོས་པའི་རྒྱལ་པོ་དེ་ཉིད་ལ། ཞེས་བྱ་བ་ནི། ཨེའི་གདན་ལ་བཞུགས་པ་ནི་ཤེས་རབ་ལས་བྱུང་བའི་རྟགས་ཏེ། ཁྲོས་པའི་རྒྱལ་པོ་དེ་ཉིད་ལ་མཆོད་པ་དབུལ་བར་བྱ་བ་ཡིན་ཏེ། བདག་ཉིད་ཀྱི་ཐུགས་ཀ་ནས་དི་བེ་ལ་སོགས་པའི་ལྷ་མོ་རྣམས་བསྟན་ནས། དེས་ཕྱིའི་མཆོད་པ་དབུལ་བའོ། ལ་སེ་ལ་སོགས་པ་ནང་གི་མཆོད་པ་དབུལ་བའོ། །ཡུངས་དཀར་རྒྱལ་པོས་བརྡེག་བྱ་ཞིང་། ཞེས་པ་ནི། ལག་མཐིལ་གཉིས་ལ་ཉི་མ་དང་ཟླ་བ་བསམས་ལ། ཉི་མ་དང་ཟླ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཏེ། གཉིས་ཀྱི་དབུས་སུ་ཡུངས་དཀར་བཞག་པས་ཐབས་དང་ཤེས་རབ་ཀྱི་མཐུས་ཡུངས་དཀར་ཁྲོ་ཆུང་དུ་གྱུར་ཏེ། དེས་ཕུར་པ་ལ་བརྡེག་པས་ཁྲོ་ཆུང་ཕུར་པ་ལ་ཐིམ་པས་ཤིན་ཏུ་རྣོ་ཞིང་དཔལ་དང་ལྡན་དེ་འོད་ཟེར་འབར་བར་གྱུར་ཏེ། རྩེ་གཅིག་རྡོ་རྗེར་བྱིན་གྱིས་བརླབས་ཞེས་གསུངས་སོ། །ལག་མཐིལ་གཡས་སུ་སྦྱར་བ་ཡི། །གུ་གུལ་དུད་པ་སྤྲིན་ཕུང་གིས། །གཏུག་ཆེན་མཆོད་པས་མཆོད་པར་བསྒོམ། །ཞེས་བྱ་བ་ནི། ལག་མཐིལ་གཡས་སུ་ཡི་གེ་ཧོ་བསམ་ལ། ཡི་གེ་ཡོངས་སུ་གྱུར་པ་ལས་མེ་དཔུང་འབར་བར་བསམ་པ་དེ་ལ་གུ་གུལ་བསྲེག་དེ། སྲས་ཕུར་པ་ལ་གཏུགས་པས་གུ་གུལ་གྱི་དུད་པས་མཆོད་པ་ཕུལ་བར་བསམ། ཧོ་ལས་འབྱུང་བ་མེའི་དུར་ཁྲོད་ཀྱི་མེ་དཔུང་གི་དཀྱིལ་ན་བཞུགས་པར་བསམ་མོ། །ཕྱི་ནང་མཆོད་པ་ཅི་འབྱོར་པས། །མཆོད་དེ་ལས་གང་བསྒོམ་པར་བྱ། །ཞེས་བྱ་བ་ནི། ཕྱི་ནང་གི་མཆོད་པ་གང་དུ་གསུངས་སོ། །དེ་ལྟར་མཆོད་པ་བྱས་པའི་རྗེས་ལ། བསྟོད་པ་ནི། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །བཛྲ་འདུས་པའི་སྲས་མཆོག་ཀི་ལ་ཡ། །ཐུགས་རྗེ་མཉམ་པའི་དབྱིངས་ནས་སྤྲུལ་པ་འགྱེད། །ཞེ་སྡང་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །བྷུད་ཏ་འདུལ་བའི་སྲས་མཆོག་ཀཱི་ལ་ཡ། །སྐུ་མཆོག་རྫོགས་པའི་སྐུ་ལ་འོད་ཟེར་འཕྲོ། །གཏི་མུག་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །རཏ་ན་འདུལ་བའི་སྲས་མཆོག་ཀི་ལ་ཡ། །ཡོན་ཏན་རྒྱ་མཚོ་འཁྱིལ་ཞིང་དབྱིངས་ནས་གསལ། །ང་རྒྱལ་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །པདྨ་འདུས་པའི་སྲས་མཆོག་ཀཱི་ལ་ཡ། །གསུང་མཆོག་སྒྲག་པས་འགྲོ་བ་མཐའ་དག་འདུལ། །འདོད་ཆགས་བདུད་འདུལ་སྐུ་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་དུ། །ཀརྨ་འདུས་པའི་སྲས་མཆོག་ཀི་ལ་ཡ། །འཕྲིན་ལས་དྲག་པོས་ལོག་ལྟ་འདུལ་མཛད་ཅིང་། །ཕྲག་དོག་བདུད་འདུལ་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་བདག་གི་བསྣག་པའི་ལས་འདི་ལྟ་བུ་གྲུབ་པར་མཛོད་ཅིག །ཅེས་བསྒོའོ། །དེ་ནས་ཡང་སྟོན་པས་བཟླས་མཆོག་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །བདག་ཉིད་དང་པོ་རྣལ་འབྱོར་དུ་འདུག་སྟེ། སྙིང་གར་ཉི་མའི་དཀྱིལ་འཁོར་ལ། ཞེས་བྱ་བ་ནི། བདག་ཉིད་དང་པོ་བདག་ལ་མཆོད་པ་དང་བསྟོད་པ་བྱས་པའི་དེ་མ་ཐག་པར། ལྷའི་རྣལ་འབྱོར་ལས་མ་འཕོས་པར། །བདག་ཉ ིད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་རྡོ་རྗེའི་ནང་ན་ཉི་མའི་དཀྱིལ་འཁོར་བསྒོམ་མོ། །དེའི་སྟེང་དུ་མཐིང་ནག་འབར་བའི་ཧཱུྃ་བསྒོམ་མོ། །ཧཱུྃ་དེ་ལ་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཧཱུྃ་ཕཊ། ཅེས་པ་ནི་བསྙེན་པའི་དུས་སུ་བསྐོར་ལ་བྱའོ། །བསྒྲུབ་པའི་དུས་སུ་ཤར་ལ་འབྱུང་བ་བྱའོ། །ལས་ཀྱི་དུས་སུ་ཞར་ལ་འབྱུང་བ་བྱ་བའོ། །ལས་ཀྱི་དུས་སུ་གང་གི་སྤྲོ་བའོ། །དེ་ལ་བསྐོར་བ་ལ་ནི། སྔགས་ཀྱི་ཡི་གེ་རབ་བསྐོར་ཞེས་གསུངས་པའོ། །ཕུར་པ་ལ་ཡང་དེ་བཞིན་ཏེ། ཞེས་བྱ་བ་ནི། ཕུར་པ་ལ་ཡང་གོང་དུ་བསྟན་པ་བཞིན་དུ་བྱའོ། །རང་སྔགས་ཚིགས་སུ་བརྗོད་པ་ལ་ཞེས་བྱ་བ་ནི། ཡི་གེ་བསྐུལ་བ་དང་སྤྲོ་བའི་སྔགས་ཏེ། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་རྡོ་རྗེའི་ཚིག་ཏུ་བརྗོད་པས། ཧཱུྃ་ཡན་ཆད་ནི་བསྐུལ་བའོ། །ཕཊ་ཀྱིས་བསྐུལ་བ་ནི་སྤྲོ་བའོ། །དེ་ལྟར་སྔགས་དྲག་དལ་བྱེད་པར་བཟླས་པས། ཡི་གེ་ལས་འོད་ དུ་འཕྲོས་པས། འོད་དེ་རྩ་གཡས་ན་ཞུགས་སྣའི་བུ་གུ་གཡས་ནས་འཐོན། སྲས་ཕུར་པའི་སྣ་གཡོན ་ནས་སྙིང་གའི་ཡི་གེ་རྣམས་བསྐུལ་སྲས་ཕུར་པ་ཉིད་ཤིན་ཏུ་འོད་ཟེར་འཕྲོ་བ་བྱས། རྩ་དབུས་མ་ནས་མར་ཞུགས་ལྟེ་བའི་དབུས་ནས་འབྱུང་བདག་ཉིད་ཀྱི་ལྟེ་བའི་སྦུ་གུ་ནང་ཞུགས་བདག་གི་ལུས་འོད་ཟེར་ཅན་དུ་བྱས་སྙིང་གའི་ཡི་གེ་བསྐུལ་རྩ་གཡས་པ་ནས་འོད་དུ་འབར་དེ་བཞིན་དུ་མགལ་མེ་ཆད་པ་ལ་བསྐོར་བ་ཇི་བཞིན་ཏེ། སྤྲོ་བ་དང་བསྡུ་བའི་ཡི་གེའི་ལས་ཀྱི་སྐབས་ཀྱིས་འཁོར་རོ། །དེའི་ཞར་ལ་བྱུང་བའི་ཏིང་ངེ་འཛིན་བསྙེན་པའི་དུས་སུ་འོད་ཟེར་ཕར་འཕྲོ་བ་ཙམ་ན། དེ་ལས་འོད་ཟེར་མགར་མེའི་ཚ་ཚ་བཞིན་དུ་ཕྱོགས་བཅུར་འཕྲོས་པ་དེའི་ལས་གཉིས་བྱས་ཏེ། ཁམས་གསུམ་གྱི་སེམས་ཅན་ལོག་པར་ལྟ་བ་རྣམས་བསྒྲལ་བདེ་བར་གཤེགས་པ་རྣམས་ལ་དྲག་པོའི་ཕུར་པ་འདི་བྱིན་གྱིས་རློབ་ཤིག་པར་བསྐུལ་བས། དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀ་ནས་ཕུར་པ་ཕྲ་མོའི་སྐུར་འཕྲོས་ཏེ། སྲས་ཕུར་བུ་རབ་ཏུ་ཁྲོས་པའི་སྙིང་གར་བསྟིམས་ལ་བྱས་ནས་གཟི་བྱིན་བསྐྱེད་ཅིང་མཐུ་བསྐྱེད་པར་བྱའོ། །སྒྲུབ་པའི་དུས་སུ་ཞོར་ལས་བྱུང་བའི་ཏིང་ངེ་འཛིན་འདི་ལས་ཁྲོ་ཆུང་ལྕགས་ཀྱུ་ཅན་དུ་གྱུར་ཏེ། དེས་གཟས་པ་པོ་གང་ཡིན་པའི་རྣམ་ཤེས་དེ་བཀུག་ནས་སྲས་ཕུར་བུའི་འོག་ཏུ་ཆུད་པར་བསམ་པའོ། །ལས་ཀྱི་དུས་ནི་བདག་དང་ཕུར་བུ་གཉིས་དང་། ཕྱོགས་བཅུའི་ཁྲོ་བོ་མདུན་གྱི་ཐུགས་ཀ་ནས་སྤྲོ་ཞིང་དགུག་པར་བྱ་བའོ། །གྲངས་ཀྱི་བསྙེན་པའི་དུས་སུ་ནི་ས་ཡའོ། །བསྒྲུབ་པའི་དུས་སུ་ནི་འབུམ་མམ་ཉིས་འབུམ་མམ། སུམ་འབུམ་མོ། །ལས་ཀྱི་དུས་སུ་ནི་རེ་རེ་ལ་བརྒྱ་རྩ་བརྒྱད་བརྒྱད་དོ། །དེ་ལྟ་བུའི་གྲངས་ཀྱི་བསྙེན་པ་ཚང་བ་ནི། མཚན་མ་དབྱུང་བར་གདོན་མི་ཟ་ཞེས་བྱ་བའི་མཚན་མ་རྣམ་པ་ལྔ་སྟེ། དང་པོ་དུ་བ་འདྲ་བ་དང་། གཉིས་པ་མར་མེ་འདྲ་བ་དང་། ཞེས་པ་ལ་སོགས་པ་འབྱུང་ངོ་། །མདོར་ན་རྟགས་སྐུའི་མཚན་མ་བྱུང་ནའོ། །དྲག་པོའི་རྟགས་སུ་གསུམ་ནི། རབ་ཀྱི་མངོན་དུ་འཁྲུག་པ་དང་། འབྲིང་གིས་ལིང་གར་ཁུགས་པ་དང་། ཐ་མས་མཚན་མ་རྟག་ཏུ་འོང་སྟེ། དེ་ལྟ་བུའི་མཚན་མ་བྱུང་སྟེ། བསྙེན་པ་གྲངས་ཚད་ནའོ། །དུས་ཀྱི་མཚན་མ་ནི་ཟླ་གྲངས་ལོ་གྲངས་དང་ཞག་གྲངས་ཀྱི་དུས་སུའོ། །མཚན་མའི་བསྙེན་པ་ནི་མཚན་མ་ནམ་བྱུང་གི་བར་དུ་སྟེ། མཚན་མ་མཐོང་བ་ན་བསྙེན་པ་ཚང་བའོ། །དེ་ལྟར་བསྙེན་པ་དང་བསྒྲུབ་པ་དང་ལས་ཀྱི་མཚན་མ་བྱུང་བ་དང་། གདོད་ལས་འོག་ནས་འབྱུང་བ་ལ་སྦྱར་བའོ། །དེ་ནས་ཕུར་པ་གདབ་པའི་ཏིང་ངེ་འཛིན་བསྟན་ཏེ། དེའི་ཕྱིར་དེ་ནས་གདབ་པར་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཏི་བ་ཏ་ཙཀྲ་ཕུར་པའི་ལྷ། ཞེས་བྱ་བ་ནི། སྲས་ཕུར་པ་ཉིད་ལ་བྱ་སྟེ། རྫས་ཀྱི་ཕུར་པའི་ལྷའོ། །ཁྲོས་པ་མི་ཟད་འབར་བ་ཡི། སྲས་ཕུར་པ་དེ་ཤིན་ཏུ་ཡང་ཁྲོས་པ་མི་ཟད་པའི་འོད་ཟེར་འབར་བའོ། །རྐེད་ནས་ལག་ གཡོན་འདེབས་ཚུལ་དུ ་ཞེས་བྱ་བ་ནི། ཕུར་པའི་རྐེད་པ་ནས་ལག་པ་ གཡོན་པས་བཟུང་སྟེ། འདེབས་པའི་ཚུལ་དུ ་གཟས་པ་པོའི་གཡས་པའི་ཐོ་བས་རྡེག་ཚུལ་དུ་བྱ་ཞེས་པ་ནི། གཡས་པའི་ཐོ་བས་འབྱར་ཚུལ་གྱིས་བརྡེག་པ་སྟེ་འབྱོར་པའོ། །རྡོ་རྗེ་སྡེར་མོའི་སྔགས་འདི་ཡིས། བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་ཞེས་བྱ་བ་ནི། འདེབས་པའི་དུས་དུས་སུ། སོ་སོའི་སྔགས་དང་སྒྲོགས་ལ་གྲངས་ནི་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པས་གདབ་པའོ། །རྡོ་རྗེ་སྡེར་མོའི་སྔགས་འདིའོ། །ༀ་ན་མ་ས་མནྟ་ཀ་ཡ་བཀྲུ་ཏྟ་ནན། ༀ་གྷ་གྷ་གྷ་ཏ་ཡ་སརྦ་དུསྟན་མཱ་ར་ཡ་ཕཊ་ཀཱི་ལི་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀི་ལ་ཡ་ཏ་རོད་ཨཱ་ཛྙ་པ་ཡ་ཏི་ཀ་ཡ་བཀྐ་ཙིཏྟ་བཛྲ་ཀི་ལ་ཡ་ཧཱུྃ་ཕཊ། དྲག་ཏུ་བརྗོད་ཅིང་གབ་པར་བྱ་ཞེས་བྱ་བ་ནི། སྔགས་སོ་སོ་དང་སྒྲོགས་པ་སྟེ་ཅི་དྲག་ཏུ་བརྗོད་ལ་གནས་སུ་གདབ་པ་སྟེ། སྔོན་ལ་སྙིང་ལ་གདབ་པ་སྟེ། སྐབས་དེ་རུ་ཚེ་ལུང་ཁྲུས་ལུང་གཉིས་བྱ་བ་སྟེ། སྔགས་འོག་ནས་འབྱུང་བས་བྱའོ། །དེ་ནས་གཟུགས་དེ་ཉིད་བཀུག་ཅིང་བསྟན་པར་བྱའོ། །བསྟན་པར་བྱ་ཞིང་གདབ་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་བསྡུ་ཞིང་མཚན་མར་གདབ་པར་བྱ་བའི་ཕྱིར། རྡོ་རྗེ་ཚིག་ཏུ་འོག་ནས་འབྱུང་བ་འདི་བརྗོད་དོ། །དམ་ཚིག་ཅན་གྱི་དུས་ལ་བབ་ཅེས་བྱ་བ་ནི། བདག་ཉིད་ཆེན་མོའི་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དུ་རང་གི་སྲོག་གི་སྙིང་པོ་མདོང་གསོལ་དུ་ཕུལ་ནས་རྣལ་འབྱོར་པའི་གྲོགས་བྱ་བར་ཁས་བླངས་ཤིང་དམ་བཅས་པའི་དམ་ཚིག་ཅན་དང་། ཤོ་ན་མུ་ཀ་སྔོན་གདུག་པ་ཅན་འཇོམས་པའི་དུས་ན་ཟངས་ཀྱི་ཝ་མོ་ལ་ཟངས་ཀྱི་མི་མོ་ཞོན་ནས་ལྕགས་ཀྱི་སྤྱང་ཀི་བརྒྱད་ནི་ གཡོན་ན་ཁྲིད་དཔལ་གྱི་ཁྱི་བརྒྱད་ནི་གཡས་ན་ཁྲིད་ནས་ཁྲག་འཐུང་གི་རྒྱལ་པོ་ཅི་བགྱི་བཀའ་སྩལ་དུ ་གསོལ་ཞེས་ཞིང་འོང་བའི་དུས་སུ་དམ་ཚིག་ཕོ་གཅིག་དམ་ལ་བཏགས་པའི་དམ་ཚིག་ཅན་དང་། ས་བདག་ཆེན་མོའི་ཕུར་བུའི་སྲུང་མར་ཁས་བླངས་ཤིང་དམ་བཅས་ཏེ། དབང་བསྐུར་བས་མོས་པའི་ས་ལ་དབང་པས་བདག་སྟེ་དེའི་དུས་སུ་དམ་ཚིག་ཕོ་ཅིག་སུ་དམ་ལ་བཏགས་པའི་དམ་ཚིག་ཅན་དང་། དེ་རྣམས་ཀྱི་སྲོག་གི་སྙིང་པོའི་དམ་ལ་མ་འདའ་བར་ལས་ཀྱིས་ཤིག་པ་སྟེ། དགུག་པའི་ལས་བསྐུལ་ཞིང་བཏང་བའོ། །དེ་ཡང་ཇི་ལྟར་བཏང་ཞེ་ན། བདག་ཉིད་ཆེན་མོ་ནི་མཐུའི་བདག་ཉིད་དུ་གྱུར་པ་རེ་མ་ཏི་བསྐུལ་ཏེ། བསྒྲུབ་པའི་དུས་སུ་ཤ་ཆེན་དང་གསུར་ཆེན་གླ་བ་ཤིང་ཀུན་ཙན་དན་དཀར་དམར་རྣམས་ཀྱིས་མཆོད་པ་དབུལ་ཞིང་། གཞུང་གཞན་ནས་བྱུང་བའི་ཚིག་བཤད་ཀྱིས་བཅོལ་བ་བྱ་ཞིང་སྲོག་གི་སྙིང་པོ་ནས་དྲང་ཞིང་ལས་ལ་བཏང་ངོ་། །དེ་ནས་ཡང་ཤོ་ན་མུ་ཀའི་བསྐུལ་བ་ནི། ཉི་མའི་མཆོད་པ་ཕུལ་ལ་ལས་བཅོལ་བ་ནི། དེ་ཡང་ཅིའི་ཕྱིར་ཞེ་ན་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། ཤོ་ན་མུ་ཀ་བསྐུལ་པ་ནི། ཉི་མའི་མཆོད་པ་ཕུལ་ཏེ་བསྐུལ་ཞེས་པ་སྟེ། དེ་ཡང་སྲོག་གི་སྙིང་པོ་ནས་དྲངས་ཤིང་ལས་བཅོལ་ལོ། །དེ་ནས་ཡང་ས་བདག་ཆེན་མོ་ལ་ལས་བཅོལ་ཏེ། སྣོད་ཀྱི་ཁྲག་སྣོད་ཀྱི་ཤ་ལས་གཞི་བླང་བའི་གཏོར་མ་བྱིན་ལ་སྔོན་གྱི་ལོ་རྒྱུས་དང་། དམ་ཇི་ལྟར་གསལ་བ་ཡང་བརྗོད་ལ་སྲོག་གི་སྙིང་པོ་ནས་དྲངས་ལ་ལས་བཅོལ་ལོ། །དེ་ནས་ཕྲ་མེན་ལ་ལས་བསྐུལ་ཏེ། སྙིང་སྣ་མང་པོ་དང་། ཁྲག་སྣ་མང་པོ་དང་། གཏོར་མ་བྱས་ཏེ། མིང་ནས་བོས་ལ་ཕྲ་མེན་མ་བཅུ་དྲུག་ལས་ལ་བཏང་ངོ་། །དེ་ནས་ཡང་སྲིན་མོའི་ཚོགས་ལ་ལས་བཅོལ་ཏེ། སྙིང་གི་རྩ་བ་ནི་སྲོག་པ་རྩ་སྟེ། དེ་ལས་གཞི་བླངས་ཏེ་གཏོར་མ་བྱས་ལ་མཚན་ཚིག་ནས་བོས་ལ་གཏོར་མ་བྱིན་ལ་ལས་བཅོལ་བ་སྟེ། གཏོར་མ་བྱིན་གྱིས་བརླབས་པ་སྟེ་བདུད་རྩིར་བྱིན་གྱིས་བརླབས་པ་སྟེ། གོང་ནས་གསུངས་པའི་རིམ་པའོ། །དེ་ནི་བསྒྲུབ་པའི་དུས་སུ་སྦྱོར་ཅིག །དྲག་པོའི་དུས་སུ་ནི་ལས་ཀྱི་སྔགས་བཟླས་ཤིང་ཁྲག་སྤུངས་ཀྱི་བརྡེག་པའོ། །བསྙེན་པའི་དུས་སུ་ན་གཏོར་མ་བྱིན་གྱི་ལས་བཅོལ་བ་ནི་མ་ཡིན་ནོ། །དེ་ལྟར་གཏོར་མ་བྱིན་ནས་ལས་བཅོལ་བ་ནི། ཅི་ལ་དགོས་ཞེ་ན། དེ་བསྟན་པའི་ཕྱིར། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་སུ་བསྒོམ་པའི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་ཀུན་རྫོབ་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། དུས་གསུམ་གྱི་རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི་གདུང་ཚོ བ་ཅིང་བདེ་བར་གཤེགས་པའི་སྐུའི་རིགས་དང་། གསུང་གི་རིགས་དང་། ཐུགས་ཀྱི་རིགས་དང་། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་གྱིས་འཛིན་ཅིང་བསྒོམ་པའི་རྣལ་འབྱོར་པ་བདག་ཅག་རྣམས་ལ་ནི། བདག་གི་སྒོམ་ལ་གནོད་ཅིང་ལུས་དང་ཚེ་ལ་གདུག་པའི་དགྲ་དང་བགེགས་སམ་གང་ཡིན་པ་དང་། འོན་ཏེ་བདུད་དང་སྟེ་སྲོག་གི་བར་དུ་གཅོད་པ་དང་། དགྲ་སྟེ་དགེ་བ་ལ་བར་དུ་གཅོད་པ་རྣམས་ནི། བསྒྲལ་བའི་གནས་དེའི་བདུད་ཀྱི་ས་ནི་དངོས་གྲུབ་འཕྲོག་པར་བྱེད་ལ། དགྲས་ནི་རྣམ་པར་འཚེ་བར་བྱེད་དེ། དེ་རྣམས་དབང་དུ་བསྡུ་བའི་ཕྱིར། ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་དེ་བཀུག་ནས། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་གསུངས། ཁྲོ་མོ་ཆེན་མོ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བྱིན་བརླབས་ཀྱིས་བདག་ཉིད་ཆེན་མོ་དང་། ཤོ་ན་མུ་ཀ་དང་། ས་བདག་ཆེན་མོ་དང་། ཕྲ་མེན་མ་དང་། ཟ་བྱེད་མ་དང་། མཆེ་བ་ཅན་དང་། གཤོག་པ་ཅན་ལ་སོགས་པའི་ཕོ་ཉའི་ཚོགས་ཀྱིས་སེ་གོལ་གཏོགས་པ་ཙམ་གྱིས་འདུལ་བར་བྱ་བའི་ཞིང་གང་ཡིན་པ་དེ་གནས་ནས་འདིར་བཀུག་ནས། དབང་པོའི་མངོན་སུམ་དུ་དྲག་པོའི་ལས་ཀྱི་མངོན་སྤྱོད་ཀྱི་ཚུལ་བཞིན་དུ་བསྒྲལ་ནས། ཀུན་གཞི་རྣམ་པར་ཤེས་པ་རྒྱལ་བའི་སྲས་སུ་བྱ་བ་དང་། ཉོན་མོངས་པའི་བག་ཆགས་ཉེ་བར་ལེན་པའི་ཕུང་པོ་བཤིག་པའི་ཕྱིར་འབྱུང་བ་བཞིའི་བསྐྱེད་པའི་ལུས་ངག་ཡིད་གསུམ་གྱིས་རྡུལ་དུ་བཤིག་ནས་ཀྱང་། ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་པའི་ཕྱིར། མནན་ཅིང་གཟིར་བའི་སྡུག་བསྔལ་གཟས་པ་པོ་གང་ཡིན་པའི་ལུས་ངག་ཡིད་གསུམ་གྱིས་ཉམས་སུ་མྱོང་བར་མཛོད་ཅིག །ཅེས་པ་ལས་བཅོལ་ཏེ། འོན་ཏེ་ལས་བྱེད་དུ་མ་འདོད་ན་བདག་ཉིད་ཀྱིས་བསྙེན་ཕུར་དྲིལ་ཞིང་བདག་ཉིད་ཀྱི་ལྕེ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དེ་ལས་རྡོ་རྗེ་བུམ་པའི་ནང་ན་ཧཱུྃ་གནས་པ་དེའི་འོད་ཟེར་གདུག་པ་དེ་བདག་ཉིད་ཆེན་མོ་ལ་སོགས་པའི་སྟེང་གི་སྒོ་ནས་རྩའི་བུ་ག་ཀུན་ནས་ཕར་ཟུག་སྟེ། འོད་ཟེར་དེས་བདག་ཉིད་ཆེན་མོ་ལ་སོགས་པའི་སྙིང་ཁྲག་ཞལ་དུ་རྔུབས་པས་བདག་ཉིད་ཆེན་མོ་ལ་སོགས་པར་རབ་ཏུ་མྱོས་ནས་འགྱེལ་བར་བསམ་མོ། །དེའི་ཕུར་པ་དང་གཉི་ག་ལས་འོད་འཕྲོ་བའོ། །དེ་ནས་ཡང་ཕུར་པའི་རྩེ་མོ་དམ་ཅན་རྣམས་ལ་གཏད་དེ་དྲིལ་ཞིང་བདག་ཉིད་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་དུ་ཞུགས་ཏེ། དམ་ཅན་རྣམས་གན་རྐྱལ་དུ་འགྱེལ་བའི་སྙིང་ཀར་གཏད་པས་ཕུར་པ་ལས་བདུད་རྩི་དཀར་ལ་དག་པའི་ཆུ་རྒྱུན་འབྱུང་བས་མ་མོ་རྣམས་ཀྱི་ལུས་བསོས་ཏེ། གཟི་མདངས་ཅན་དུ་བྱས་ནས། བདག་གི་དམ་ཚིག་ནི་གང་ལགས་ལས་ནི་ཅི་བགྱིས་ཞེས་ཟེར་ཞིང་འདུག་པར་སྨྲ་བའོ། །དེ་ལས་བདག་ཉིད་ཀྱི་ལས་ནི་དམ་ཅན་རྣམས་ཀྱིས་ཁ་རུ་བདུད་རྩི་བླུད་དེ། ༀ་ཨ་མྲྀ་ཏ་ས་མ་ཡ་ཧ་ཧ་ན་ན་ར་ག་ན་ཞེས་བླུད་པས་སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པ་དེ་རྗེས་སུ་དྲན་ནས་རྣལ་འབྱོར་པ་ཇི་ལྟར་འདོད་པའི་ལས་བྱེད་པར་འགྱུར་རོ། །དེ་ནི་དམ་ཅན་རྣམས་ཐུགས་དམ་གནས་ལ་ཕབ་ལ་དྲག་པོའི་ལས་ལ་བསྐུལ་བའོ། །དེ་ནས་མནན་པར་བྱ་བའི་སྙིང་པོ་གསུང་སྟེ་དེའི་ཕྱིར། ༀ་ལཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ༀ་ལཾ་ཞེས་གསུངས་པ་ནི། གཟས་པ་པོ་གང་ཡིན་པའི་སྤྱི་བོ་ཡི་སྟེང་དུ་ལཾ་བསམ་པར་བྱའོ། །ལཾ་དེ་ཡོངས་སུ་གྱུར་པ་ལས། གསེར་གྱི་རི་རབ་ཤིན་ཏུ་བརྗིད་ཆེ་ཞིང་ལྕི་བ་ཞིག་བསྐྱེད་པ་སྟེ། དེ་ནི་ༀ་ལཾ་སྟེ་དངོས་པོ་རི་རབ་བོ། །དངོས་པོ་དེ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ལས་མ་གཡོས་པའི་ཕྱིར་ཧཱུྃ་ལཾ་མོ། །དེ་ལྟ་བུ་དང་ལྡན་པའི་རི་རབ་དེས་གཟིར་བའི་ཕྱིར་ན་བསྟན་པ་ནི་ཞེས་པས་གཟིར་ཅིག་པའོ། །དངོས་པོ་རི་རབ་དེས་དངོས་སྣང་ལྷང་ངེ་སྣང་བའི་སྐུའི་རང་བཞིན། དེ་ལས་འོད་ཟེར་འཕྲོས་པ་གསུང་གི་རང་བཞིན། དེ་ལས་དོན་དམ་པར་རང་བཞིན་མེད་པ་ཐུགས་ཀྱི་རང་བཞིན་དེའི་ཕྱིར་མོ་ཧ་བྷ་ག་བན་ད་ན་ཞེས་གསུངས་པ་ཡིན་ཏེ། མོ་ཧ་ན་སྐུ་དང་ལྡན་པའི་རི་རབ། གཡོན་གསུང་འོད་ཟེར་དང་ལྡན་པའི་རི་རབ། བྷ་ག་ན་བཱན་ད་ན་ཐུགས་སྤྲོས་པ་དང་བྲལ་བ་བཅོམ་ལྡན་འདས་དང་ལྡན་པའི་རི་རབ་བོ། །སྐུ་གསུང་ཐུགས་དང་ལྡན་པའི་རི་རབ་དེས་གཟས་པ་པོ་ལས་དང་ཉོན་མོངས་གཟིར་བའི་ཕྱིར། ཤྲི་ཀྲི་བྷི་ཀྲི་ཞེས་གསུངས་པ་ཡིན་ཏེ། ལས་གཟིར་བ་ནི་ཤྲི་ཀྲི། ལས་ཀྱིས་བསྐྱེད་པའི་ཉོན་མོངས་པ་གཟིར་བ་ནི་བི་ཀྲིའོ། །དེ་ཡང་གཟིར་བའི་ལས་ལ་བྱིན་ཅན་དུ་བྱ་བའི་ཕྱིར་བཛྲ་ཧཱུྃ་ཀ་ར་ཏེ། རི་རབ་དེའི་སྟེང་དུ་མ་བསམ་སྟེ་དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་བསམ་སྟེ། ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྒྱ་གྲམ་དུ་གྱུར། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དེ་ལས་ནི། ཧཱུྃ་ཀ་རའི་སྐུ་ཡོངས་སུ་གྱུར་པར་བསྐྱེད་དེ། བསྐྱེད་པའི་སྔགས་བཛྲ་ཧཱུྃ་ཀ་ར་ཞེས་པས་སྐུ་གསལ་བར་བསྐྱེད་དེ། དེའི་ཞལ་ནས་གདུག་པའི་སྔགས་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཅེས་སྒྲོགས་ཤིང་། གཟས་པ་པོ་གང་ཡིན་པ་དེས། འབྲོས་སུ་མི་གནང་བར་ཟིལ་གྱིས་གནོན་པའོ། །དེ་ནས་ཡང་འདྲེན་པར་བྱེད་པའི་སྔགས་སྒྲས་བསྟན་ཏེ་དེའི་ཕྱིར། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ཧཱུྃ་བཾ་ཧོཿཞེས་གསུངས་ཏེ། འཁོར་བའི་གནས་ནས་དྲང་བའི་ཕྱིར་སྔགས་འདི་བརྗོད་པས། བདག་གི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ཧཱུྃ་ལས་རྡོ་རྗེ། རྩེག་མར་བྱུང་སྟེ་དེ་ལས་ཕྲ་མེན་མ་ལྕགས་ཀྱུ་ཐོགས་པ་དང་། རྒྱུད་མར་བྱུང་ནས་དགུག་པ་སྟེ། ལེའུ་བརྒྱད་པ་ནས་འབྱུང་བ་དང་སྦྱར་རོ། །དེ་ནས་ཡང་ཚེ་ལུང་དང་ཁྲུས་ལུང་བསྟན་ཏེ། དེའི་ཕྱིར་རྡོ་རྗེའི་ཚིག་ཏུ་བརྗོད་ནས་ནི། བཀྲག་དང་གཟི་མདངས་བདག་ལ་བསྟིམ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེའི་ཚིག་ཏུ་འོག་ནས་འབྱུང་བའི་སྔགས་འདི་བརྗོད་ནས་ཁོའི་བཀྲག་དང་གཟི་མདངས་ཕྲོགས་ནས་བདག་ལ་ཐིམ་པར་བྱ་སྟེ། དེ་ཡང་བསྙེན་ཕུར་གདབ་པས་ཕུར་པའི་འོད་ཟེར་གྱིས་གཟས་པ་པོའི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ཚེ་རབས་ཐོགས་མ་མེད་པའི་དུས་ནས་ཀུན་གཞི་ལ་བག་ཆགས་ངན་པ་བསགས་པ་སྟེ་ཕུར་པའི་འོད་ཟེར་གྱིས་བསྲེགས་པར་བསམ་མོ། །དེའི་སྐབས་ལས་ནི་རྣམ་པར་བྱང་བའི་བྱང་ཆུབ་སེམས་ཞེས་བྱ་སྟེ་ཁྲུས་ལུང་ངོ་། །དེ་ནས་ཀུན་གཞིའི་རྣམ་པར་ཤེས་པ་ཤེལ་དག་པའི་རང་བཞིན་དུ་གནས་པ་སྟེ། ཕུར་པའི་འོད་ཟེར་གྱིས་བཞུ་ནས་དངུལ་ཆུ་ཞུན་མ་བཞིན་དུ་གནས་པ་སྟེ། ཕུར་པའི་རྩེ་མོ་ལ་འུབས་ཀྱིས་འདུས་ནས་ཨའི་རང་བཞིན་གནས་ཏེ། དེའི་དུས་སུ་རི་རབ་ཀྱི་སྟེང་ན་བཞུགས་པའི་ཁྲོ་བོ་ཧཱུྃ་ཀ་ར་བཞེངས་ནས་གནས་པ་དེ་ལ་བདག་ཉིད་ཀྱི་ཕུར་པ་དམ་ཚིག་གི་ཕྱག་རྒྱས་བསྟན་ནས། ༀ་སརྦ་བིགྷ་ནན་ཀི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་པ་ནི་གཞན་དུ་མན་ངག་གིས་སྦྱར་བར་བྱའོ། །ༀ་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཨ་ཞེས་བརྗོད་ནས། ཧཱུྃ་ཀ་ར་ལ་གཏད་པས་ཧཱུྃ་ཀ་ར་བཞེངས་པ་དེས། བླངས་ནས་བདག་ཉིད་ཀྱི་སྟེང་གི་སྒོ་ནས་མར་ཐིམ་པར་བྱ་སྟེ། གཟས་པ་ཕོའི་ཚེ་ཕྲོགས་ནས། བདག་གི་ཚེར་གྱུར་པར་བསམ་མོ། །དེ་ནི་ཡང་དག་པའི་ཡེ་ཤེས་ཞེས་བྱ་བ་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ། །ལུང་ལས་ནི་ཚེ་ལུང་ཞེས་བྱའོ། །དེ་ཡང་དཀྱུས་ཉིད་ལས། ཨ་ཉིད་བྱང་ཆུབ་སེམས་ཀྱི་ཁྲུས། །ཕུར་པ་ཉིད་ཀྱང་གཟི་བྱིན་བསྐྱེད། །འོད་དང་མཐུ་དཔུང་ལྷག་པར་བསྐྱེད། །ཅེས་གསུངས་ཏེ། བདག་ཉིད་ཀྱི་སྙིང་གི་དཀྱིལ་ནས་ཡེ་ཕྱི་མོ་ནས་གྲུབ་པའི་ཡེ་ཤེས་ཨ་ནི་ཀུན་གཞིའི་རང་བཞིན་ཏེ་ཡེ་ནས་རྣམ་པར་དག་པར་གནས་པ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ཁྲུས་ཡིན་པར་བསྟན་ཏེ། དེར་ཕུར་པ་ལ་འདུས་པ་ནི་བྱང་ཆུབ་སེམས་དབང་དུ་བསྡུ་སྟེ། ཕུར་པ་ཉིད་ཀྱང་གཟི་བྱིན་ཅན་དུ་གྱུར་པའོ། །དེ་ནས་ཡང་དབུ་ཞབས་ཀྱི་ཚིག་གསལ་བར་བསྟན་པའི་ཕྱིར། དེ་ནས་ཕྱོགས་བཅུའི་ཁྲོ་བོ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། རྡོ་རྗེའི་ཚིག་གིས་འོག་ནས་འབྱུང་བ་འདི་སྐད་བསྐུལ་ལོ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། གནས་ཤིང་མི་གནས་པའི་ཡེ་ཤེས་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་བར་དུ་གཅོད་པའི་བགེགས་དང་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པའི་ཞེ་སྡང་གི་སེམས་ཀྱིས་གདུག་ཅིང་ཕྲག་དོག་གི་སེམས་ཀྱི་སྡང་བའི་སེམས་དང་ལྡན་པའི་གཟས་པ་པོ་དེ་འཁོར་བའི་གནས་ནས་དྲངས་པའི་ཕྱིར་ཟུང་ཞིག་པ་དེ། ཁྲོ་བོ་རྣམ་པར་རྒྱལ་བའི་བྱིན་རླབས་ལས་བསྐུལ་བ་སྟེ། ཛ་དང་སྦྱར་རོ། །གཟས་པ་པོ་དེ་རང་གི་བདེ་བའི་གནས་ནས་བསྐུལ་བའི་ཕྱིར། རྒྱོབ་ཅིག་པ་དེ་རྣམ་པར་རྒྱལ་བའི་རིགས་དབྱུག་པ་སྔོན་པོ་ཅན་གྱིས་རྒྱབ་ནས་རྒྱོབ་ཅིག །དབང་པོའི་ཡུལ་ལ་མི་གཏང་བ་དང་། ཡན་ལག་འཁུམ་མི་ནུས་པར་བྱ་བའི་ཕྱིར། རྣམ་པར་ཆིངས་ཤིག་ཅེས་པ་སྟེ། ཁྲོ་བོ་གཤིན་རྗེ་གཤེད་པོའི་བྱིན་གྱིས་བརླབས་ལས་བསྐུལ་བ་སྟེ། ཧཱུཾ་དང་སྦྱར་དེ་ནས་ཡང་བག་ཆགས་ཀྱི་ཕུང་པོ་ཕུར་པ་བཏབ་ནས་ཡང་དག་གི་ཤེས་པ་དང་ནི་ཕྲལ་ལོག་པའི་ཤེས་པ་བསྒྲལ་བ་དེ་མཚོན་གྱིས་བཏུབ་པའི་ལས་བྱས་ནས་གནས་པ་དེ་བརླག་པར་བྱ་བའི་ཕྱིར། གཏོགས་ཤིག་པ་སྟེ། གཤིན་རྗེ་གཤེད་པོའི་རིགས་ཅན། ཁྲོ་བོ་མི་གཡོ་མགོན་པོ་ཡིས། ཕུང་པོ་གཏུམ་ཞིང་འཕྲག་གིས་བརྡུངས་པ་སྟེ། ཁ་ཐམ་དང་སྦྱར་བའོ། །གཟས་པོ་དེ་ལ་སྟེང་པ་དང་། གྲོགས་བྱེད་སྲོག་ལ་སྐྱོབ་པའི་ལྷ་འདྲེ་གང་ཡིན་པ་དེ་དང་འདྲ་བའི་ཕྱིར། གྲོགས་དང་འབྲལ་བར་གྱི་ཞེས་གསུངས་པ་སྟེ། རྟ་མགྲིན་གྱི་རིགས་གཞན་གྱི་མི་ཐུབ་པའི་བྱིན་གྱིས་བརླབས་པའི་གྲོགས་དང་བྲལ་བ་སྟེ། ཧ་ས་ཡ་ར་ན་དང་སྦྱར་རོ། །མྱུར་དུ་བསྒྲལ་ཞིང་དབང་དུ་འདུས་འདུས་ནས་རིགས་གང་ཡིན་མིན་སྨྲ་ཏུ་གཞུགས་པའི་ཕྱིར་རེངས་པར་ཁུགས་ལ་སྨྲ་ཆུག་ཅིག །ཅེས་པ་སྟེ། ཁྲོ་བོ་བདུད་རྩི་འཁྱིལ་པའི་བྱིན་གྱིས་བརླབས་ལས་སྨྲ་གཞུག་པ་སྟེ། ཛ་ལ་པ་ཡ་དང་སྦྱར། གཟས་པ་པོའི་ཤེས་པ་སྲིན་བུ་མེ་ཁྱེར་བཞིན་དུ་བཀུག་པ་སྟེ། གཟུགས་དང་རི་མོ་ལ་དབབ་པའི་ཕྱིར། ཕོབ་ཅིག་ཅེས་པ་སྟེ། ཁྲོ་བོ་རྟ་མགྲིན་གྱིས་བྱིན་གྱིས་བརླབས་ལས་ཕྱུང་བའི་བཾ་སྟེ། ཨ་བེ་ཤ་དང་སྦྱར། གཟས་པ་པོའི་ལས་དང་ཉོན་མོངས་པ་གཟིར་བའི་ཕྱིར། རྣམ་པར་གཟིར་བར་བྱོས་གསུངས་ཏེ། ཧཱུྃ་ཀ་རའི་བྱིན་བརླབས་ལས་བྱུང་བ་སྟེ། ༀ་ལཾ་དང་སྦྱར་རོ། །གཟས་པ་པོ་དེའི་དཀྱིལ་འཁོར་དུ་ཆུད་ངེས་པར་བྱ་བའི་ཕྱིར། དེའི་དབང་དུ་གྱུར་ནས་ཞེས་གསུངས་ཏེ་རྡོ་རྗེ་རིགས་ཁྲོ་བོ་སྟོབས་པོ་ཆེའི་དབང་དུ་བྱས་ནས། དེའི་རིགས་ཁམས་གསུམ་རྣམ་པར་རྒྱལ་བ་ཡི། བསྒོ་བའི་བཀའ་རྣམས་ཉན་པར་གྱིས། ཞེས་པ་ལ་སོགས་བསྟན་ཏེ། དྲག་པོའི་སྤྱིའི་ཚིག་གོ། །དེ་ནས་བསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཧཱུྃ་བར་བིད་དན་ཞེས་པ་ལ་སོགས་པ་གསུངས་ཏེ། ཧཱུྃ་པར་བིད་ཏན་ཞེས་བྱ་བ་ནི། རྡོ་རྗེ་གཞོན་ནུས་བསོད་པའི་ལས་ཀྱི་སྔགས་ཏེ། ཀཱི་ལ་ཡ་བཅོ་བརྒྱད་དང་སྦྱར་ཏེ། ཀུན་གཞི་རྩད་ནས་ཕྱུང་བའི་དུས་སུ་སྦྱར་བར་བྱའོ། །ཚིན་དྷ་ཚིན་དྷ་བཛྲ་ཧཱུྃ་ཕཊ་ཅེས་བདུད་རྩི་འཁྱིལ་པའི་བསོད་པའི་ལས་ཀྱི་སྔགས་ཏེ་སྔགས་འདི་བརྗོད་ཅིང་ལྟེ་བའི་དཀྱིལ་འཁོར་དུ་བརྒྱབ་པས་བདུད་རྩི་འཛག་པའི་སྒོ་གཅད་དེ། དེ་ཡང་ཡེ་ཤེས་སུ་བྱས་པའོ། །བིནྡ་བིནྡ་བཛྲ་ཕཊ་ཅེས་པ་ནི། ཁམས་གསུམ་རྣམ་རྒྱལ་གྱི་བསད་པའི་ལས་ཀྱི་སྔགས་ཏེ། སྔགས་འདི་བཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཆ་ལས་བྱུང་བའི་ཕུར་པས་པུས་མོའི་ལྷ་ངའི་ལྟག་ན་སྟོབས་བསྐྱེད་པའི་རྩ་ཡོངས་ལ་བཏབ་སྟེ། རྩའི་སྦུབས་ནས་སྟོབས་འཕྲོག་སྟེ། ཡེ་ཤེས་སུ་བྱའོ། །དེ་ནས་ཡང་གྲི་ན་གྷྲི་ན་བཛྲ་ཧཱུྃ་ཕཊ་ཅེས་བྱ་བ་རྡོ་རྗེ་ཏའི་གསོད་པ་ལས་ཀྱི་སྔགས་ཏེ། སྔགས་འདི་བརྗོད་ཅིང་རྡོ་རྗེ་རྟའི་ཆ་ལས་བྱུང་བའི་ཕུར་པ་དེས། མགྲིན་པ་ངག་གི་གནས་སུ་བཏབ་པས། རོའི་ལོངས་སྤྱོད་ཐམས་ཅད་ཕྲོག་ནས་ཡེ་ཤེས་སུ་བྱས་པའོ། །དེ་ནས་ཡང་ཧ་ན་ཧ་ན་བཛྲ་ཧཱུྃ་ཕཊ་རྣམ་པར་རྒྱལ་བའི་ཆ་ལས་བྱུང་བའི་ཕུར་པ་དེས་སྔགས་འདི་བརྗོད་ཅིང་མིག་ལ་བཏབ་པས་མིག་གི་རྣམ་པར་ཤེས་པ་དབང་དུ་བསྡུས་ཡེ་ཤེས་སུ་བྱའོ། །དེའི་རྣམ་པར་རྒྱལ་བའི་སྲིད་པའི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཡང་མི་གཡོ་མགོན་པོའི་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། བནྡ་བནྡ་བཛྲ་ཧཱུྃ་ཕཊ་ཅེས་གསུངས་པ་སྟེ། སྔགས་འདི་བཟླས་ཤིང་མི་གཡོ་མགོན་པའི་ཆ་ལས་བྱུང་བའི་ཕུར་པ་བླངས་ནས་ལྕེའི་དབུས་ཟླ་བ་ཁམ་པ་འདྲ་བའི་དབུས་སུ་བཏབ་པས་ལྕེའི་རྣམ་པར་ཤེས་པ་ཕྲོགས་ཏེ་ཡེ་ཤེས་སུ་བསྐྱེད་པའོ། །དེ་ནས་ཡང་སྟོབས་པོ་ཆེའི་བསོད་པའི་ལས་ཀྱིས་བསྔགས་བསྟན་པའི་ཕྱིར། ཏདྱ་ཐཱ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ་སྔགས་འདི་ཟོས་ཤིང་སྟོབས་པོ་ཆེའི་ཆ་ལས་བྱུང་བའི་ཕུར་པ་རྐང་མཐིལ་ནས་བསྐྱེད་པར་བྱེད་པའི་རྩ་ལ་སྟོབས་བསྐྱེད་པའི་སྟོབས་ཕྲོགས་ནས་ཡེ་ཤེས་སུ་བསྐྱེད་པའོ། །དེ་ནས་དབྱེ་བ་བྱེད་པའི་ལས་ཀྱིས་སྔགས་བསྟན་པའི་ཕྱིར་ཧ་ས་ཡ་ར་ནི་ཧྲི་ད་ན་ཧཱུྃ་ཕཊ་ཅེས་བྱ་བ་ཡིན་ཏེ། སྟོངས་གྲོགས་དང་བྲལ་བར་བྱ་བའི་དུས་སུ་སྦྱོར་ཅིག །དེ་ནས་བཅིང་བར་བྱེད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཤྲི་ཀྲི་ན་ཨ་ན་ཡ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། འཆིང་བར་བྱེད་པའི་སྐབས་གང་ཡིན་པའི་དུས་སུ་སྦྱོར་ཅིག །དེ་ནས་སྨྲ་བར་བྱེད་པའི་སྙིང་པོ་བསྟན་པའི་ཕྱིར། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ། ཅེས་པ་ཡིན་ཏེ། ཡུངས་ཀར་ལ་སྔགས་ལ་རྡོ་རྗེ་སྤྱན་དམིགས་རྣོ་ལ་གཏོང་ལ་གོང་དུ་གསུངས་པའི་རིགས་ལ་སོགས་པའི་གང་ཡིན་པའི་འདྲི་བའོ། །དེ་ནས་འབེབས་པར་བྱེད་པའི་སྙིང་པོ་བསྟན་པའི་ཕྱིར། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ། ཅེས་བྱ་བ་ནི་འབེབ་པའི་སྐབས་གང་ཡིན་པར་སྦྱར་རོ། །གཟུགས་དང་གཉིས་སུ་མེད་པར་བྱའོ། །དེ་ནས་དབྱེ་བའི་སྔགས་བསྟན་པའི་ཕྱིར། བི་ད་ཡ་བི་ད་ཡ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། གཏུང་བའི་ཕུང་པོ་དེ་ཞལ་དུ་བཏབས་པའི་ཕྱིར་ཞལ་ཕྱེ་ཞིག་པ་སྟེ། བསྟན་པའི་དུས་སུའོ། །དེ་ནས་ཡང་རྡོ་རྗེ་ཕྲ་མེན་ཚོགས་རྣམས་ལ་བསྐུལ་བར་བསྟན་པའི་ཕྱིར། རྡོ་རྗེ་ཕྲ་མེན་ཚོགས་རྣམས་ལ། ཞེས་པ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་ལས་བྱུང་བ་རྡོ་རྗེ་ཕྲ་མེན་མའོ། །མངག་པའི་ཕྱིར་ཚོགས་རྣམས་ལ་རྡོ་རྗེའི་ཚིག་གིས་བསྐུལ་བར་བྱ་སྟེ། ཐབས་དང་ཤེས་རབ་ལས་བྱུང་ཞིང་། ཐབས་ཀྱི་བཅོལ་ཞིང་སེམས་ཅན་གྱི་དོན་ལ་བརྩོན་པར་འབད་པའི་ཕྱིར་ན་བྲན་ཞེས་བྱ་བ། ཐེག་ཆེན་ཆོས་ཀྱི་དབྱིངས་ལས་འབྱུང་ཞིང་རིམ་པ་ནས་སྤྲུལ་ཞིང་མངག་པར་བྱ་བའི་ཕྱིར་གནས་སུ་ཕྱིན་པར་འགྲོ་བའི་ཕྱིར་ན། ཕོ་ཉ་གཙོ་བོ་རྣམས་ཀྱིས་ཇི་ལྟར་བཅོལ་ཞིང་བཀའ་སྩལ་ནས་ཞི་བ་དང་རྒྱས་པ་དང་། དབང་དུ་བྱ་བ་དང་། སྐྲད་པར་བྱ་བ་དང་། བསད་པར་བྱ་བ་དང་བསྒོ་བ་ཉན་པས་བཀའ་ཉན་ཏེ། ལས་ཀྱི་ལྷ་རྣམས་ཀྱིས་མངོན་སྤྱོད་ཀྱི་འཕྲིན་ལས་བྱ་བའི་དུས་ལ་བབ་ཅེས་བྱའོ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ་ཅེས་པ་ནི། ལས་ཀྱི་ལྷ་ཁྱེད་ཀྱི་དམ་ཚིག་དུས་ལ་བབ་ཅེས་པའོ། །ཐ་ཚིག་ཇི་ལྟར་བཅས་པ་བཞིན་ཞེས་བྱ་བ་ནི། སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་ཇི་ལྟར་དམ་བཅས་ཤིང་ཁས་བླང་བཞིན་དུ་དྲག་པོའི་འཕྲིན་ལས་མྱུར་དུ་བྱོས་ཞེས་བཅོལ་བའོ། །གལ་ཏེའམ་འོན་ཏེ་ལས་བྱེད་དུ་མི་འདོད་ཅིང་ཐ་ཚིག་ལས་འདས་པར་གྱུར་ན། རྡོ་རྗེ་ཆུ་ཡིས་བརྡེག་པར་ངེས་ཞེས་བྱ་སྟེ། ལས་ཀྱི་ལྷ་ལ་ཕུར་པ་གཏད་ཅིང་དྲིལ་ལ་གནད་ལ་དབབ་པ་སྟེ། གོང་དུ་གསུངས་པའོ། །དེ་ནས་ཡང་གཞན་གྱིས་མི་ཐུབ་པའི་སྔགས་བསྟན་པའི་ཕྱིར། ཧ་ན་ཧ་ན་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟླས་ཤིང་གཞན་གྱིས་མི་ཐུབ་པའི་ཆ་ལས་བྱུང་བའི་ཕུར་པ་སྟེ་དེ་བླང་སྟེ་དྲིལ་ནས་བུད་པའི་རྩལ་གྱེན་ དུ་འགྲེང་བ་སྟེ། གཡས་ཀྱི་རྩ་དང་གཡོན ་གྱི་རྩ་གཉིས་ལ་བཏབ་པས་ཐབས་ཤེས་རབ་རྒྱུ་བ་རྒྱུན་གཅད་དེ། ཡེ་ཤེས་སུ་བྱ་བའོ། །དེ་ནས་ཡང་དབྱུག་པ་སྔོན་པོའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། ད་ཧ་ད་ཧ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། འདི་བཟློས་ཤིང་དབྱུག་པ་སྔོན་པོའི་ཆ་ལས་བྱུང་བའི་ཕུར་པ་བླངས་ཏེ། དྲིལ་ནས་རྣ་བའི་རྣམ་པར་ཤེས་པ་ལས་བཏབ་པས་རྣ་བའི་རྣམ་པར་ཤེས་པ་དབང་དུ་བསྡུས་ནས། ཡེ་ཤེས་སུ་བྱའོ། །དེ་ནས་ཡང་གཤིན་རྗེ་གཤེད་ཀྱི་གསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། པ་ཙ་པ་ཙ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟློས་ཤིང་གཤིན་རྗེ་གཤེད་ཀྱི་ཆ་ལས་བྱུང་བའི་ཕུར་པ་བླངས་ཏེ་དྲིལ་བས་རྣ་བའི་རྣམ་པར་ཤེས་པ་དབང་དུ་བསྡུས་ནས་བཏབ་པས་སྣའི་རྣམ་པར་ཤེས་པ་དབང་དུ་འདུས་ནས་ཡེ་ཤེས་སུ་བྱ་བའོ། །དེ་ནས་ཡང་བདག་ཉིད་ཆེན་མོ་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། མ་ཏ་མ་ཏ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། བདག་ཉིད་སྐུ་ལ་སྔགས་འདི་བཟླས་ཤིང་ཁྲག་དང་ཉུང་ནག་གིས་བརྒྱབ་ནས་གཟུགས་དང་དཔུང་ཐལ་བར་བརླག་པར་བསམ་སྟེ། མ་མོའི་ཐུན་ནོ། །དེ་ནས་ཡང་ཤོ་ན་མུ་ཀའི་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཛྭ་ལ་ཛྭ་ལ་བཛྲ་ཧཱུྃ་ཕཊ། ཅེས་པ་ཡིན་ཏེ། ཤོ་ན་མུ་ཀ་བསྐུལ་ལ་སྔགས་འདི་བཟློས་ཤིང་ཡུངས་ནག་གི་བརྒྱབ་པས། གཟུགས་ཀྱི་ཕུང་པོ་དེ་ལ་འཕར་སྤྱང་ལ་སོགས་པ་མང་པོ་སྟོད་ཅིང་ཟ་བར་བསམ་མོ། །དེ་ནས་མཆེ་བ་ཅན་གྱི་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། སུ་རུ་སུ་རུ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བཟློས་ཤིང་མཆེ་བ་ཅན་བསྐུལ་ནས། ཡུངས་ནག་གཟུགས་ལ་བརྒྱབ་པས་མཆེ་བ་ཅན་གྱི་ཚོགས་གྲངས་མེད་པས་གཟུགས་ལ་སྟོད་ཅིང་ཟ་བའོ། །དེ་ནས་ཡང་གཤོག་པ་ཅན་གྱི་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། མུ་རུ་མུ་རུ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། བསྐུལ་ལ་སྔགས་འདི་བཟློས་ཤིང་ཡུངས་ནག་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ལ་གཤོག་པ་ཅན་གྱི་ཚོགས་སྟོད་ཅིང་ཟ་བར་བསམ་མོ། །དེ་ནས་ཡང་དཔལ་ལྷ་མོ་དབང་གི་གསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཀ་ཏ་ཀ་ཏེ་ཞེས་པ་ཡིན་ཏེ། དཔལ་ལྷ་མོ་དབང་བསྐུར་ལ་སྔགས་བཟློས་ཤིང་ཡུངས་ནག་གི་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ལ་ཐོ་བའི་ཆར་ཕབ་པར་བསམ་མོ། །དེ་ནས་ཡང་ལྷ་མོ་དབང་གི་གསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཛ་ཡ་བི་ཛ་ཡ་ཞེས་གསུངས་པ་ཡིན་ཏེ། ལྷ་མོ་དབང་བསྐུར་ལ་སྔགས་འདི་བཟླས་ཤིང་ཡུངས་ནག་གི་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ཡང་ལྷག་པར་ཡང་དུམ་བུ་དུམ་བུར་གྱུར་པར་བསམ་མོ། །དེ་ནས་ཡང་ཀླུ་མོ་དབང་གི་གསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། ཨ་ཙི་ན་ཏེ། ཨ་པ་ར་ཙི་ཏ་མ་ར་ས་ན་ཞེས་པ་ཡིན་ཏེ། ཀླུ་མོ་དབང་བསྐུར་ལ་སྔགས་འདི་བཟློས་ཤིང་ཡུངས་ནག་གིས་འཕངས་པས་གཟུགས་ཀྱི་ཕུང་པོ་དེ་ལྷག་པར་ཡང་ཐལ་བར་འགྱུར་བར་བསམ་མོ། །དེ་ནས་ཡང་ལེགས་མོ་དབང་གིས་གསོད་པ་ལས་ཀྱི་སྔགས་བསྟན་པའི་ཕྱིར། བྲ་མ་ར་ཏ་ན་ཡ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། ལེགས་མོ་དབང་བསྐུར་ལ་སྔགས་འདི་བཟླས་ཤིང་ཡུངས་ནག་གིས་བརྒྱབ་པས་གཟུགས་ཀྱི་ཕུང་པོ་དེ་ལྷག་པར་ཆུ་སྲིན་བྱེད་པས་གཉིས་པར་བསམ་མོ། །དེས་ཀྱང་བསྟན་པའི་ལས་སུ་འགྱུར་ཞེས་བྱ་བ་ནི་ཕུར་པ་བཏབ་པའི་ལས་ཀྱི་བསྒྲལ་ནས། དེའི་སྟེང་ལ་ཁྲག་དང་ཡུངས་ནག་དང་། ལས་ཀྱི་ལྷའི་སྒྲོལ་སྔགས་ཀྱིས་བརྒྱབ་པས་ལྷག་པར་ཡང་གསོད་པའི་ལས་ཏེ་བརྟན་པ་འགྱུར་རོ། །དེ་ནས་ཡང་གཟུགས་དེ་གདབ་པར་བྱ་བའི་ཕྱིར་དེ་ནས་སྲས་མཆོག་བསྐུལ་བར་བྱ་ཞེས་པ་སོགས་ལ་པ་གསུངས་ཏེ། དེ་ནས་སྲས་མཆོག་བསྐུལ་བར་བྱ་ཞེས་བྱ་བ་ནི། སྲས་མཆོག་སྤྲུལ་པ་བསྐུལ་བར་བྱ་བ་ཡིན་ཏེ། བདག་ཉིད་དཀྱིལ་འཁོར་གྱི་ལྷ་འཁོར་དང་བཅས་པའི་ཐུགས་ཀ་ནས། ཁྲོ་བོ་མང་པོ་འཕྲོས་ཏེ། དེ་རྣམས་ཀྱི་ལག་ན་རལ་གྲི་དང་། དགྲ་སྟ་དང་། འཁོར་ལོ་དང་། བེ་ཅོན་ལ་སོགས་པའི་མཚོན་ཆ་གདུག་པ་མང་པོ་ཐོགས་ཏེ་ལུས་དུམ་བུར་དུམ་བུར་བཏུབ་པར་བྱ་བའི་ཕྱིར། རྡོ་རྗེ་གསང་བའི་བཀའ་ལས་ནི། སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚར་བ་བརྒྱ་རུ་ཁོས། །ཞེས་པ་གསུངས་ཏེ། རྡོ་རྗེ་གཞོན་ནུའི་གསང་བའི་བཀའ་ལས་ནི་མི་དགེ་བཅུ་བྱེད་པའི་སྡིག་ཅན་དང་། མཚམས་མེད་ལྔ་བྱེད་པའི་ཕ་གསོད་པ་དང་། མ་གསོད་པ་དང་། རྣལ་འབྱོར་གྱི་སྐུ་ལ་ཚར་འདོད་པ་དང་། ལག་ཁང་གི་སྐུ་འཁོར་ལ་རྐུ་བ་དང་། མཐུན་པའི་བར་དུ་དབྱེན་འཇུག་པ་ལ་སོགས་པའི་ལས་བྱེད་ཅིང་ཐུགས་རྗེ་སྤྱང་ཐག་ཆད་ཅིང་ངན་སོང་གསུམ་དུ་སྐྱེ་ངེས་པའི་སྡིག་ཅན་གང་ཞིག་འདའ་བར་བྱེད་པ་དང་། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྟོབས་དང་། དབྱིངས་ཀྱི་དོན་ཆེན་པོ་དང་ལྡན་པའི་ཁྲོ་བོ་ཆེན་པོ་ལས་ཉོན་མོངས་པའི་བག་ཆགས་སྦྱངས་ཤིང་མ་རིག་པའི་རྒྱ་མོ་བྲལ་བའི་ཕྱིར་ཡེ་ཤེས་ལྔའི་མཚོན་ཆའི་ཆར་ཕབ་ནས། ཀླད་པ་ཚར་པ་རྒྱ་རུ་བཀས་པ་དང་། ལུས་དུམ་བུ་སྟོང་དུ་གཏུབས་ཤིག་པའོ། །ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས། །རྡོ་རྗེ་བཀའ་ལས་འདའ་མ་བྱེད་ཅེས་བྱ་བ་ནི། རྡོ་རྗེ་གཞོན་ནུའི་བྱིན་གྱིས་བརླབས་ཀྱིས་ལས་དང་ཉོན་མོངས་པའི་བག་ཆགས་བྱང་ནས་ཆོས་ཐོས་པའི་སྐལ་བ་དང་ལྡན་པའི་ཕྱིར། རྣ་བའི་དབང་པོས་ཉོན་ཅིག་དགེ་བ་དང་སྲོག་གི་བར་དུ་གཅོད་པའི་བགེགས་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་རྣམ་པར་འཚེ་བར་བྱེད་ཅིང་ལོག་པར་འདྲེན་པའི་ཚོགས་རྣམས་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་བཀའ་ལ་འདའ་བར་མ་བྱེད་ཅིག་ཅེས་བརྗོད་ཅིང་། རྣལ་འབྱོར་པ་བདག་ཉིད་ཀྱིས་ཀྱང་ཕྱག་ཏུ་རལ་གྲི་ཐོགས་ནས་སྔགས་འདི་བརྗོད་ཅིང་བཏུབ་བོ། །ཧཱུྃ་མ་མ་བ་ཤི་ཀུ་རུ་མ་ཏཾ་ཛྙཱ་ན་ཀ་ར་ཨི་དན་དེ་མ་མ་ཀ་ར་མ་ཤྲི་ཀྲྂ་རེ་སྭ་ཧཱ། ཞེས་པ་ནི་མ་མོ་རྣམས་ཀྱི་གདུག་པའི་སྔགས་ཏེ། སྔགས་འདི་བརྗོད་ཅིང་ལིང་ག་དུམ་བུ་དུམ་བུར་བཏུབ་པར་བྱའོ། །དེ་ནས་སྟོང་གྲོགས་བྱེད་པའི་ལྷ་དང་དཔྲལ་བ་བསྟན་པའི་ཕྱིར། དེ་ནས་དབྱེ་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་པ་ལ་སོགས་པ་བསྟན་ཏེ། གསུང་ངོ་ཞེས་བྱ་བ་ནི། འོག་མ་འདིའོ། །གདུག་ཅིང་སྡང་སེམས་ལྡན་པ་ཡི། །ལྷ་འམ་འོན་ཏེ་བདུད་ཀྱང་རུང་། དེ་ཡི་མཐུ་དཔུང་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ལོག་པར་ལྟ་བའི་སེམས་ཅན་དེའི། །ལུས་ཀྱི་སྒོ་དང་ངག་གི་སྒོ་ནས་གདུག་ཅིང་ཡིད་ཀྱི་སྒོ་ནས། ཞེ་སྡང་གི་སེམས་བྱེད་པའི་གདུག་པ་ཅན་གྱི་ཚོགས་ཚངས་པ་དང་། བརྒྱ་བྱིན་དབང་ཕྱུག་ཆེན་མོ་མ་ཧ་དེ་བ་དང་ཁྱབ་འཇུག་ཆེན་མོ་དང་། སྲིན་པོ་ལང་ཀ་མགྲིན་བཅུ་ལ་སོགས་པའི་འཇིག་རྟེན་པའི་བདུད་དམ་འོན་ཏེ་ལྷ་ཡང་རུང་བའམ། འཇིག་རྟེན་འདི་ན་མཐུ་ཆེ་བ་སྟོན་པ་སུ་ཡང་རུང་བ་སྒྲུབ་པ་པོའི་བཀའ་གཞུང་བཞིན་དུ་བྱེད་པའི་རྣལ་འབྱོར་པ་ལ་བར་ཆད་བྱེད་པའི་དགྲ་བགེགས་རྣམས། གཞན་ལ་གནོད་པར་བྱེད་པ་དེའི་མཐུ་དཔུང་བྱེད་པ་རྣམས་ཀྱི་ཕ་རོལ་པོས་ཉམས་སུ་བླངས་དུ་མི་འདོད་པའི་རྫུ་འཕྲུལ་སྟོན་པ་དེ་གཉིས་མེད་པར་གྱིས་ཤིག་ཅེས་པ་སྟེ། ཧ་ས་ར་ཧྲི་ན་ཞེས་པ་དང་སྦྱར་རོ། །རྫུ་འཕྲུལ་འཕྲོག་པའི་སྙིང་པོ་ནི། ཏདྱ་ཐ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། སྔགས་འདི་བརྗོད་ཅིང་གོང་དུ་གསུངས་པའི་བདུག་པས་གདུག་པའོ། དེ་ནས་ཡང་ཧཱུྃ་ཀ་རའི་གསོད་པའི་ལས་ཀྱི་སྔགས་བསྟན་པའི་ཕྱིར། སརྦ་ན་མ་ཡ་བཛྲ་ཧཱུྃ་ཕཊ་ཅེས་པ་ཡིན་ཏེ། ཧཱུྃ་ཀ་རའི་ཆ་ལས་བྱུང་བའི་ཕུར་པ་བླངས་ཏེ་དྲིལ་ཏེ། སྔགས་འདི་བརྗོད་ཅིང་ཚང་བའི་བུ་གར་གདབ་པས་ལུས་མགོ་མཇུག་བཅུ་དང་བྲལ་ནས་ཡང་དག་པའི་ཡེ་ཤེས་སུ་བྱས་སོ། །དེ་ནས་ཡང་བཏུབས་པའི་ཕུང་པོ་བཏུང་བའི་ཕྱིར་རོ། །དེ་ནས་བཏུང་བ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་པ་ལ་སོགས་པ་བསྟན་ཏེ། གསུང་ངོ་ཞེས་བྱ་བ་འོག་མ་འདིའོ། །ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ཁྲོ་མོ་རྣམས་ཀྱི་མཁའ་གྲུ་གསུམ་པའི་ནང་དུའོ། །རྡོ་རྗེ་ཐོ་བ་བསྐོམ་བྱ་ཞིང་ཞེས་བྱ་བ་ནི་རྡོ་རྗེ་ཐོ་བ་ནི་ཐབས་ཀྱི་གསལ་བའི་རྡོ་རྗེའོ། །དངོས་པོར་གྱུར་པའི་གནས་ཆེན་ཀུན་ཞེས་བྱ་བ་ནི་བཏུབ་པའི་དངོས་པོ་མ་ལུས་པ་ཀུན། རྡུལ་ཕྲན་བཞིན་དུ་བརྡུང་བར་བྱ་ཞེས་གསུངས་པ་སྟེ། རྡོ་རྗེ་ཚིག་གི་བསྐུལ་བར་བྱ་བ་ནི། འོག་ནས་འབྱུང་བ་འདིའོ། །བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན་ཞེས་བྱ་བ་ནི་ཉོན་མོངས་པའི་སྒྲིབ་པ་མང་པོ་འབྱོངས་པར་ཡོད་པ་དེ་སྦྱངས་ཤིང་བག་ཆགས་ཀྱི་ཕུང་པོ་གཤིག་པའི་ཕྱིར། གང་ཡིན་པའི་ཕུང་པོ་དེ། རྡོ་རྗེ་ཐོ་བས་བརྡུངས་ཤིང་། ཡེ་ཤེས་ཀྱི་རྡོ་རྗེ་དེ་ལའོ། །འབར་བ་དང་ཁྲོ་བོའི་དབྱིངས་ལ་འོད་འབར་བའི་གཏུན་དུ། བརྡུངས་བར་བྱ་བ་ནི། དུས་གསུམ་གྱི་བདེ་བར་གཤེགས་པའི་བཀའ་ལས་འདའ་བར་བྱེད་ཅིང་ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་བྱེད་པའི་སྡིག་ཅན་རྣམས་ཡང་དག་པའི་གསང་བའི་རྡོ་རྗེ་ལས་བྱུང་བའི་མེ་དབལ་དང་ཆས་པའི་རྡོ་རྗེ་གཟས་པ་པོ་གང་ཡིན་པའི་གདུག་པའི་སྙིང་བསྲེགས་ནས་རྣམ་པར་རྟོག་པ་རྟགས་པའི་སྒྱུ་མའི་ལུས་ངག་རྡུལ་ཕྲན་བཞིན་དུ་བརྡུངས་ཤིག་པའོ། །འོན་ཏེ་གང་དུ་བརྡུང་ཞེ་ན། དེ་བསྟན་པའི་ཕྱིར། ཁྲོ་མོ་འབར་བའི་གཏུན་ཁུང་དུ། རྡོ་རྗེ་ཐོ་བས་བརྡུང་བྱས་སྟེ། ཞེས་བྱ་བ་གསུངས་ཏེ། ཁྲོ་མོ་ཁམས་གསུམ་གྱི་གཏུན་དུ། ཐབས་ཁྲོ་བོ་གསང་བའི་རྡོ་རྗེ་ཐོ་བས་བརྡུང་བར་བྱས་ནས། ལྷ་ཡང་རུང་སྟེ་བརླག་པར་བྱེད་ཅེས་གསུངས་ཏེ། འཇིག་རྟེན་གྱི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཡང་བརླག་པར་འགྱུར་ན། གཞན་སེམས་ཅན་ལྟ་སྨོས་ཅི་དགོས་ཏེ་བརླག་པར་འགྱུར་རོ། །ཞེས་པ་འདི་བརྡུང་བར་བྱེད་པའི་སྙིང་པོ་ནི་འདི་ཡིན་ཏེ། ཁ་ཐཾ་ཁ་ཐཾ་ཁ་ཐཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་ཅེས་གསུངས་ཏེ། སྔགས་དེ་ཡང་གསུམ་གདེབས་སུ་བྱས་ནས་བཟླས་ཤིང་། རྣལ་འབྱོར་པས་དངོས་སུ་ཡང་གཏུན་གྲུ་གསུམ་དུ་ཐོ་བས་བརྡུང་བར་བྱའོ། །དེ་ནས་ཡང་བརྡུང་བའི་ལྷག་རོལ་དེ་ཁྲོ་མོ་རྣམས་ཀྱི་ཞལ་དུ་བཏབ་པས་བསྟན་པའི་ཕྱིར། བསྟབས་པ་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་ཁྲོ་བོ་འབར་བ་དང་། ཞེས་བྱ་བ་ནི། རྡོ་རྗེ་ནི་ཡང་དག་པའི་རྡོ་རྗེ་སྟེ། སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བའི་ཁྲོ་བོ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུ་ལ་འོད་འབར་བ་སྟེ། དེའི་ཞལ་དུ་བསྟབས་པའོ། །རྡོ་རྗེ་ཟ་བྱེད་སྲིན་མོ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་བྱིན་རླབས་ལས་བྱུང་བའོ། །ཁྲོ་བོ་རབ་ཏུ་རྔམ་པའི་མི་ཟད་པ་མཆེ་བ་གཙིག་པ་ལོག་པར་ལྟ་བ་ཟ་བར་བྱེད་པ་དེ་ཡི་ཞལ་དུ་བཏབས་པར་བྱ་བ་སྟེ། དེ་ཡང་ཁྲོ་མོ་དང་ཟ་བྱེད་ཕོ་ཉ་བཅུ་སྤྲུལ་པ་དང་ལྕམ་དྲལ་རྣམས་ལ་བསྟབས་པར་བྱའོ། །དེ་རྡོ་རྗེ་གནོད་སྦྱིན་ཞལ་གདངས་པར་ཞེས་བྱ་བ་ནི། གཉིས་མེད་པའི་ཡེ་ཤེས་ལས་མ་གཡོས་པ་ནི་རྡོ་རྗེ་སྟེ། དེ་ལས་འབྱུང་བའི་བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་པའི་ཞལ་དུ་བསྟབས་པའོ། །མཚན་མའི་དངོས་པོ་བསྟིམས་པར་བསྒོམ་ཞེས་བྱ་བ་ནི། མཚོན་གྱིས་གཏུབས་པའི་དུམ་བུ་མཚན་མར་སྣང་བའི་དངོས་པོ་དེ་ཁྲོ་བོ་དང་ཁྲོ་མོ་དང་འཕྲ་མེན་མའི་བདག་ཉིད་ཆེན་མོའི་ཞལ་དུ་བསྟབས་པས། དེ་རྣམས་ཀྱིས་ཐིམ་པར་གསོལ་བར་བསམ་མོ། །དེ་ཡང་ཞལ་དུ་བསྟབས་པའི་དུས་སུ། རྡོ་རྗེའི་ཚིག་འོག་ནས་འབྱུང་བ་འདིས་བསྐུལ་བར་བྱ་སྟེ། ནམ་མཁའི་ཁྲོ་མོ་ཞལ་གདངས་སུ་ཞེས་བྱ་བ་ནི་ཆོས་ཉིད་མ་བཅོས་པའི་དོན་གྱིས་ངོ་བོ་ནི་ནམ་མཁའ་སྟེ། དེ་ལས་བྱུང་བའི་ཁྲོ་བོ་མི་ཟད་པ་ཞལ་སྡང་པ་རུ་ཁམས་གསུམ་གྱི་སེམས་ཅན་ཉོན་མོངས་པ་ལྔ་ཡིས་བཅིངས་ནས་ངན་སོང་གསུམ་དུ་འཁོར་བ་དེ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་ཀྱིས། ཐང་གཅིག་ཡུད་ཙམ་གཅིག་ལ་འགྲོ་བ་ཀུན་ཞལ་དུ་ཕྲ་མེན་མ་ངས་བསྟབས་པས། ཁྲོ་བོ་རོལ་པའི་ཚོགས་ཁྱོད་ཀྱི་ཞལ་དུ་ཡུད་ཙམ་ལ་གཏིམ་པར་མཛོད་ཅིག་པའོ། །དེ་ནས་ཞལ་དུ་འཁོར་བ་མཐའ་དག་གསོལ་བའི་གཏིང་ལ། དགྱེས་ནས་དཀྱིལ་དུ་བཅས་པ་དུས་གཅིག་ཏུ་བཞད་པ་དེའི་ཕྱིར། རོལ་པས་དགྱེས་པའི་གད་རྒྱངས་སྒྲོགས་ཞེས་གསུངས་པ་ཡིན་ནོ། །སྡུས་ཤིང་བསྲེག་ལ་མྱུར་དུ་ཟོ་བྱ་བ་ནི་ཁམས་གསུམ་གྱི་འཁོར་བ་མ་ལུས་པར་བསྡུས་ཤིང་། འོད་ཟེར་གྱི་བསྲེགས་ལ་ཉུང་ངུ་ཟའོ། །ཞེས་པ་སྟེ། སྟབས་པར་བྱ་བའི་བསྔགས་ནི་འདི་ཡིན་ཏེ། བི་ད་ཡའི་སྔགས་བརྗོད་པའི་རྗེས་ལ་བཛྲ་ཀྲོ་ཏ་ཡ་ག་ཤ་རཀ་ཤ་ཀྲོ་ཏ་ཁ་ཧི་ཁ་ཧི། ཞེས་པས་ཞལ་དུ་གསོལ་ནས། གསོལ་བའི་གཏིང་ལ་དགྱེས་པའི་གད་མོ་འདི་ཡིན་ཏེ། ཧ་ཧ་ཧ་ཞེས་བཞད་ནས། དེ་ནས་གནས་ཕྱི་མོ་དང་ཕྲད་པའི་ཕྱིར། ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་རྣམ་པར་ཤེས་པ་ཧཱུྃ་དུ་བསྡུས་ནས་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་མེས་བཞུ་ནས་ཕཊ་ཕཊ་ཕཊ་ཅེས་པས་ཡུམ་གྱི་པདྨ་ལ་སྤྲོས་པས་ཡུམ་གྱི་པདྨ་དེ་ནི་གནས་ཕྱི་མོ་སྟེ། དེ་ནི་གནས་ཕྱི་མོ་དང་ཕྲད་པའོ། །དེའི་གནས་སུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པར་བསྐྱེད་དེ། དེ་ལ་དབང་ཚད་མར་བསྐུལ་ནས་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་ལ་བཏང་ངོ་། །དེ་ནི་ལས་བྱ་བ་ལ་འབྲས་བུ་ཡོད་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སྲས་སོ། །དེ་ལྟར་བྱས་པའི་གནས་ཀྱི་མན་ངག་སྟེ། ལས་མ་འགྲུབ་བར་དུ་བྱ་བ་མ་ཡིན་ནོ། །བྱས་ན་སྐྱོན་ཅི་ཡོད་ཅེ་ན། བྱང་ཆུབ་སེམས་ཀྱི་འཁོར་ལ་དབང་བསྐུར་བས། རྣལ་འབྱོར་དམ་པ་ཡིན་པའི་གྲལ་དུ་འགྲོ་བས་རྣལ་འབྱོར་པ་ཉིད་དམ་ཚིག་ཉམས་པ་དང་། ལས་མི་འགྲུབ་པའི་སྐྱོན་ཡོད་དོ། །འགྲུབ་ངེས་པ་དང་གནས་ཀྱི་མན་ངག་དེ་ལྟར་ལས་མཐར་ཕྱིན་པར་བྱ་བའོ། །དེ་ནས་ཡང་དེ་ལྟར་མ་ཡིན་ནས་ཕུང་པོ་ལྷག་རོལ་དེ་སྲེག་པ་ཞིག་ཡིན་ན། ཧོམ་གྱི་ལས་བསྟན་པའི་ཕྱིར་དེ་ནས། བསྲེག་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ཞེས་པ་ལ་སོགས་པ་བསྟན་ཏེ། འདི་གསུངས་སོ། །ཞེས་པ་མི་བསྲེག་པར་བྱ་བའི་དོན་སྟོན་པའི་ཞལ་ནས་འོག་ནས་འབྱུང་བ་འདི་གསུངས་སོ། །ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་དང་མཉམ་པའི་ཧོམ་ཁུང་དུ། ཆོས་འབྱུང་བའི་ཕྱག་རྒྱ་སྟེ། དབྱིངས་རྣམ་པར་དག་པའི་ངང་དུ་འཁྱིལ་པའི་ཧོམ་ཁུང་དུ། འབར་བ་རབ་ཏུ་འཁྲུག་པ་གདུག་པ་ཅན་གྱི་མེ་སྤར་ཏེ། བསྐྱེད་པ་མེ་ལྷ་དང་ཡེ་ཤེས་དང་དབྱེར་མེད་པར་བྱས་པའི་འབར་བའི་མེ་དཔུང་གི་དངོས་པོར་གྱུར་པ་གཟུགས་དུམ་བུ་རྣམས་ཡེ་ཤེས་ཀྱི་མེའི་ནང་དུ་བསྲེག་པར་བྱ་སྟེ། རྡོ་རྗེ་ཚིག་ཏུ་བསྒྲལ་བར་བྱ་བ་ནི། འོག་ནས་འབྱུང་བ་འདིའོ། །རཾ་མེ་དཔུང་འབར་པའི་ཀློང་དཀྱིལ་དུ། །མཚན་མར་གྱུར་པའི་དངོས་པོ་འདི། །བསྲེག་པས་དངོས་པོ་ཀུན་བརླག་སྟེ། །སླར་མི་ལྡོག་པར་བསྲེག་པར་འགྱུར་ཞེས་གསུངས་ཏེ། རཾ་ཞེས་པ་ནི་དང་པོ་མེ་ལྷའི་ས་བོན་ནོ། །དེ་ལ་ཡང་སྐུ་ཡོངས་སུ་རྫོགས་པའི་དུས་ན། སྐུ་ལས་འོད་ཟེར་འབར་བས་མེ་དཔུང་འབར་བ་སྟེ། དེ་ལྟ་བུའི་མེ་ལྷའི་ཀློང་དཀྱིལ་དུ། བརྡུངས་པའི་ཕྱེ་མར་སྣང་བའི་དངོས་པོ་འདི། བསྲེགས་སམ་ཕྱེ་མར་སྣང་བ་ཀུན་བརླག་ནས་སླར་མི་ལྡོག་པར་བསྲེགས་པས་ཐལ་བར་གྱུར་པ་རྟག་གོ། །མི་སྤར་བར་བྱ་བའི་སྔགས་ནི་འདི་ཡིན་ཏེ། རཾ་ཛྭ་ལ་ཛྭ་ལ་པ་ར་ན་ཧཱུྃ་ཕཊ་ཅེས་པས་མེ་སྦར་ལ། ཚེར་མ་ཅན་གྱི་སྲེག་ཤིང་གི་ནང་དུ་བཞུགས་པར་བྱའོ། །དེ་ནས་བསྲེག་པའི་ཐལ་བ་དེ་གཏད་ཁྲམ་བྱ་ཞིང་མནན་པར་བྱ་བ་བསྟན་པའི་ཕྱིར། དེ་ནས་མནན་པ་རྒྱུན་གྱི་ཏིང་ངེ་འཛིན་གསུངས་སོ། །ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། ནམ་མཁའ་རྡོ་རྗེའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ནམ་མཁའ་ནི་འབྱུང་བ་སྟེ། གྲུ་གསུམ་དུ་གནས་པའོ། །དེ་ལྷའམ་ཀླུའམ་གནོད་སྦྱིན་ནམ་ཐེའུ་རང་མམ། མ་མོ་ལ་སོགས་པ་གང་ལ་འདོད་པའི་གནས་སུ་ཆོས་འབྱུང་བ་དགོས་པ་དེའི་ནང་དུ་བཞུག་པའོ། །དེ་གང་གཞུག་ཅེ་ན་གཟས་པ་པོ་དེ་གཞུགས་པའོ། །ཇི་ལྟར་གཞུགས་ཅེ་ན། གང་ལ་གཏོད་པའི་གཞུག་གི་རྒྱབ་ཏུ་ན་ལ་གཟུགས་བྱས་ལ་གཞུག་པ་སྟེ། དེ་ཡང་རེ་བ་ནི་དྲག་པོའི་ལས་ལ་ཤེས་པ་ཡིན་པས་དེའི་ནང་དུ་གཏུམས་ལ་ར་རོག་དང་ཁྱི་དཀར་པོའི་སྦུ་ལ་བསྒྲིལ་བ་ཡི་དཀར་ནག་གིས་བཅིངས་ལ། རྡོ་རྗེ་རྒྱ་གྲམ་གྱིས་ནི་དྲག་པོའི་ལས་ཀྱི་རྒྱ་སྟེ། དེས་རྒྱས་བཏབ་ལ་ཧོམ་ཁུང་དུ་གཞུགས་པར་བྱའོ། །དེའི་སྟེང་དུ་གཡམ་པ་སྔོན་པོ་ལ་ཡང་རྡོ་རྗེ་རྒྱ་གྲམ་བྲིས་ལ་ཁ་བཅད་པ་བཞག་པར་བྱ་སྟེ། རླུང་གི་དཀྱིལ་འཁོར་རྟག་པར་བྱའོ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རྟག་པར་བྱའོ། །དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བརྟག་གོ། །དེའི་སྟེང་དུ་སུ་ལས་སའི་དཀྱིལ་འཁོར་བསྐྱེད་དེའི་ཕྱིར་དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་གསུངས་སོ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ལམ་ལས་རི་རབ་ཟུར་བརྒྱད་པ་ཤིན་ཏུ་མཛེས་ཅིང་བརྟན་པ་གཅིག་བསྐྱེད་དོ། །དེའི་སྟེང་དུ་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ་དུ་གྱུར། རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་བརྟག་པར་བྱ་བ་སྟེ། དེའི་མཐའ་མ་ཡང་མེ་ལྕེའི་ཕྲེང་བས་བསྐོར་ནས་གནས་པའོ། །དེའི་ཕྱི་རི་རབ་སྟེང་དུ་རྡོ་རྗེ་བསྐྱེད། རྒྱ་གྲམ་སྟེང་དུ་བསམ་པ་ནི་ཞེས་གསུངས་པ་ཡིན་ནོ། །ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུྃ་བསམ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་བསྒོམ་པར་བྱའོ། །ལས་ཀྱི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དེ་བ སྐྱེད་པར་བྱའོ། །བཅོམ་ལྡན་འདས་དེའི་འཁོར་ན་ཡང་གདུག་པའི་འཁོར་གྲངས་མེད་པ་མེ་དཔུང་གི་ནང་ན་བཞུགས་པར་བསྒོམ་སྟེ། དེ་ལྟར་བསྒོམ་པའི་དེས་སྐྱེ་འགྲོ་གདུག་པ་ཅན་གྱི་ལས་དང་ཉོན་མོངས་པ་མནན་ནམ། བསྐལ་པ་མཐའི་བར་དུ་ཐར་བའི་དུས་མེད་པར་བརྟག་པའི་ཕྱིར། ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་བསྒོམ། །སྐྱེ་འགྲོ་ཐམས་ཅད་མནན་པར་བསམ། །ཞེས་གསུངས་སོ། །དེ་ནས་གནོད་པའི་དུས་དེ་ཉིད་དུ། རྡོ་རྗེ་ཚིག་ཏུ་བརྗོད་པ་ནི། འོག་ནས་འབྱུང་བ་འདིའོ། །ཧཱུྃ་ལས་ཀྱི་རྡོ་རྗེ་འཁོར་དངབཅས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། ལོག་པར་ལྟ་བའི་སེམས་ཅན་རྣམས། །སྐད་ཅིག་ཡུད་ལ་མནན་པར་ཤོག །ཅེས་བརྗོད་པར་བྱ་བ་སྟེ། ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་དུ་བཅས་པ་ཡིས། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཐང་ཅིག་ཡུད་ལ་གནོན་ཅིག་པའོ། །དེ་ཡང་རི་རབ་བསྐྱེད་པའི་སྔགས་ནི་འདིའོ། །ༀ་བཛྲ་སུ་མེ་ཏྲུཾ་ཞེས་པས་བསྐྱེད་པའོ། །ལས་ཀྱི་རྡོ་རྗེ་བསྐྱེད་པའི་སྔགས་འདིའོ། །ཧཱུྃ་ས་མ་ཡ་ཏྭཾ་ཞེས་པ་སྟེ། ལས་ཀྱི་རྡོ་རྗེ་བསྐྱེད་དེ། དེ་ནས་ཏིང་ངེ་འཛིན་ཡོངས་སུ་གསལ་ཞིང་གོམས་པའི་ནུས་མཐུ་བསྟན། དེའི་ཕྱིར། དཀྱིལ་འཁོར་དག་ནི་ཐམས་ཅད་དུ། །ཏིང་འཛིན་དཀྱིལ་འཁོར་མཐའ་ཡས་མཆོག །ལས་སུ་རུང་བའི་རྣལ་འབྱོར་པས། །དེ་ཡིས་མི་འགྲུབ་གང་ཡང་མེད། །མི་བྱ་བ་ནི་གཅིག་ཀྱང་མེད། །ཅེས་བྱ་བ་འདི་གསུངས་ཏེ། བརྙན་པའི་དཀྱིལ་འཁོར་ཐམས་ཅད་ལ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཐའ་ཡས་པ་མེད་ན་དོན་མི་འགྲུབ་སྟེ། རྟག་པའི་ནང་དུ་འགྱུར་རོ། །ཏིང་ངེ་འཛིན་ཏེ་དཀྱིལ་འཁོར་དེའི་དང་དུ་ཡང་ནས་ཡང་དུ་འདྲིས་སེམས་ལས་སུ་རུང་བའི་རྣལ་འབྱོར་པ་དེ་ལས་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་གང་ཡང་མེད་དོ། །ཞི་བ་དང་རྒྱས་པ་དང་དབང་གི་ལས་དང་། བསྐྲད་པ་དང་བསད་པའི་ལས་མི་བྱ་བ་ནི་གཅིག་ཀྱང་མེད་དོ། །དེ་ནས་ཡང་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ་བདེ་བར་གཤེགས་པ་ཡིན་པར་བསྟན་པའི་ཕྱིར། ཏིང་ངེ་འཛིན་ཀློང་དུ་འདྲིས་པ་ཡིས། །མི་ཞེས་བྱ་བ་བདེར་གཤེགས་ཡིན། །སངས་རྒྱས་ཞེས་ནི་གུད་ན་མེད། །ཅེས་གསུངས་ཏེ། ཏིང་ངེ་འཛིན་ལ་དུས་རྟག་ཏུ་གནས་ཤིང་ཀློང་དུ་གྱུར་པའི་མེ་དེ་ནི། བདེ་བར་གཤེགས་པ་ཉིད་ཡིན་ཏེ། །དེ་ཅིའི་ཕྱིར་ཞེ་ན། བདེ་བའི་གནས་ནི་ཆོས་ཀྱི་དབྱིངས། །སྤྲོས་པ་དང་བྲལ་བ་ཡིན་ལ། །ཏིང་ངེ་འཛིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ལ་གནས་པ་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཀྱི་རྒྱུ་ལས་བཞུགས་པ་དེའི་ཕྱིར་བདེ་བར་གཤེགས་པའོ། །དེ་ལྟར་གཉིས་སུ་མེད་པའི་ཤེས་པ་དེ་ལ་གནས་ཤིང་གནས་པས། དུས་ནམ་ཞིག་ན་སྤྲོས་པ་དང་བྲལ་བ་མངོན་དུ་རྟོགས་པར་འགྱུར་ཏེ། དེའི་དུས་ན་ཉོན་མོངས་པ་ཐམས་ཅད་ནི། ཡེ་ཤེས་ཀྱི་ངོ་བོར་གྱུར། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ནི་ཡོངས་སུ་རྒྱས་པ་དེ་ཉིད་ལ། སངས་རྒྱས་ཞེས་ནི་གུད་ན་མེད་ཅེས་སྟོན་པ་དཔལ་ཀུན་ཏུ་བཟང་པོས་གསུངས་སོ། །དེ་ནི་དོན་དམ་པའིི་བདེན་པའོ། །རྒྱུན་གྱི་ཏིང་ངེ་འཛིན་རིམ་པར་ཕྱེ་བས་སོ་སོར་བསྟན་པའི་ལེའུ་ལ་ནི། རྒྱུན་གྱི་ཏིང་ངེ་འཛིན་རིམ་པ་ཕྱེ་བའི་ལེའུའོ། །བདུད་བརྩིའི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པ་གཉིས་བཤད་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྒྱུན་གྱི་ཏིང་ངེ་འཛིན་ལ་སོགས་པ་གསུངས་ཀྱང་། འཕྲིན་ལས་བཞིའི་བྱེ་བྲག་འདི་མ་བསྟན་ན། སེམས་ཅན་གྱི་དོན་མི་འགྲུབ་པས་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་རྣམ་པར་སྦྱོང་བ་འདི་གསུངས་སོ། །ཞེས་པ་སྟེ། གསུངས་པའི་དོན་ནི་འོག་ནས་འབྱུང་བ་འདི་ཀུན་ཏུ་སྣ་ཚོགས་ལས་ཀྱི་རྣམས་ཞེས་བྱ་བ་ནི། ཞི་བ་བསྒྲུབ་པ་སྟེ། སངས་རྒྱས་འཁོར་ལོ་ཅན་གྱི་བསྒྲུབ་པའི་གཞུང་གང་ཡིན་པ་བསྒྲུབས་ཞི་བའི་ལས་བྱ་བ་དང་། རིན་པོ་ཆེའི་བསྒྲུབ་པ་བྱས་ལ། རྒྱས་པའི་ལས་བྱ་བ་དང་། པདྨའི་ལས་བྱ་བ་དང་། དབང་གི་ལས་བྱ་བ་དང་། གདོན་མི་ཟའི་བསྒྲུབ་པ་བྱས་ལ། དྲག་པོའི་ལས་བྱ་བ་དང་། ཀུན་ཏུ་སྣ་ཚོགས་རྣལ་འབྱོར་དང་གྱིས་བྱ་བ་ནི། ཀུན་ཏུ་སྣ་ཚོགས་ཀྱི་དཀྱིལ་འཁོར་སྤྱིའི་ཁ་དོག་ཇི་ལྟ་བ་བཞིན་དུ། ཏིང་ངེ་འཛིན་དུ་བདག་གནས་ནས། སེམས་ཅན་གྱི་དོན་དུ་ཞི་བ་དང་དབང་དང་མངོན་སྤྱོད་ལ་སོགས་པ་སྣ་ཚོགས་ཀྱི་སེམས་ཅན་གྱི་དོན་བྱའོ། །དེ་ལྟར་སྤྱིའི་ཚིག་བསྟན་ནས། འདི་ནས་མར་ནི་འཕྲིན་ལས་སོ་སོའི་གཞུང་བསྟན་ཏེ། སྔོན་ལ་ཕྱི་ནང་དུ་སྣང་བའི་རྣམ་པར་རྟོགས་པ་སྦྱང་ཞིང་ཞི་བར་བྱ་བའི་ཕྱིར། ཞི་བའི་ལས་སྔོན་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་རབ་འབྱམས་ན་ཞེས་པ་ལ་སོགས་པ་བསྟན་ཏེ། འཇིག་རྟེན་ཁམས་གསུམ་གྱི་སེམས་ཅན་རབ་ཏུ་རྨུགས་ཤིང་ཡིད་ཐིམ་པར་ཡོད་པ་དང་གལ་ཏེ་ཕ་རོལ་གནོད་པ་བྱེད་ཅིང་རྨུགས་པར་བྱེད་པའི་སེམས་ཅན་ལ། དེ་གསལ་བར་བྱ་བའི་ཕྱིར། སྣ་ཚོགས་ལས་ཀྱིས་ཞི་བ་སྦྱར་བར་བྱའོ། །དེ་ཡང་ཇི་ལྟར་ཞེ་ན། བཀྲ་ཤིས་དབེན་པའི་གནས་དག་ཏུ། །ཞེས་བྱ་བ་ནི། ལེའུ་གསུམ་པ་ལས་གསུངས་པའི་སངས་རྒྱས་འཁོར་ལོ་ཅན་གྱི་གནས་གང་ཡིན་དེ་རུ་བསྒྲུབ་པར་བྱའོ། །བཀྲ་ཤིས་མཚན་ལྡན་ཡུམ་མཆོག་གཟུངས་ཞེས་བྱ་བ་ནི། དང་པོ་བསྒྲུབ་པའི་དུས་སུ་བཀྲ་ཤིས་པའི་ཡུམ་ནི་ཤ་དཀར་ལ་སྲབ་པ་རྐེད་པ་ཕྲ་ལ། མིག་དཀྱུས་རིང་ལ་སྨིན་མ་བར་མ་ཆད་པ་སོར་མོ་ཕྲ་ལ་རིང་བ། སྨང་ཞིང་ཆེ་བ་རིང་ཐུང་གཉིས་སྤྲངས་པའི་ཡུམ་མཆོག་དེ། གཟུངས་བར་བྱའོ། །ལས་ཀྱི་དུས་སུ་ནི་གཡོན་ཕྱོགས་སུ་བཞག་པ་ལས་བརྩམ་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་རམ། མི་བསྐྱོད་ཕྱག་རྒྱ་བདག་གནས་ལ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གསལ་བར་བསྒྲུབ་པའམ། ཡང་ན་མི་བསྐྱོད་པའི་དཀྱིལ་འཁོར་བསྒྲུབས་ལ། འོད་ཟེར་དཀར་པོ་བདུད་རྩིའི་ཆུ་རྒྱུན་འབབ་ཅིང་སེམས་ཅན་གང་ཡིན་པ་ལ་བསྟིམས་པས། དེའི་བག་ཆགས་ངན་པ་སྦྱང་ནས་སོ་སོའི་ལས་གང་ཡིན་པ་དེ་གསལ་བར་འགྱུར་རོ། །དཀར་ལ་ཟླུམ་པའི་དཀྱིལ་འཁོར་ལ་ཞེས་བྱ་ནི། ཞི་བའི་ཐབ་ཁུང་ནི་ཁ་དོག་དཀར་པོར་བྱུག་པའོ། །དབྱིབས་ནི་ཟླུམ་པོའོ། །ཆེ་ཆུང་ནི་ཁྲུ་གང་དུ་བྱས་པའོ། །ཟབས་སུ་ནི་ཁྲུ་ཕྱེད་བརྐོ་བའོ། །ཁ་ཁྱེར་སོར་བཞི་བསྐོར་བར་བྱ་སྟེ། དབུས་ཀྱིི་ཁ་ཁྱེར་ལ། རྡོ་རྗེ་འོད་འཕྲོས་བས་བརྒྱན། ཞེས་བྱ་བ་སྟེ། རྡོ་རྗེ་ར་བ་གཏད་པར་བྱའོ། །དེའི་ཕྱི་རོལ་གྱི་སོར་བཞི་ཡོད་པ་ལ་དཔང་དུ་སོར་གཅིག་ཡོད་པའི་ཆ་དེ་ལ་འཁོར་ལོས་བསྐོར་བར་བྱའོ། །དེ་ནི་མ་ཐབ་བཅའ་ཐབས་སོ། །དེ་ནས་ཡང་ཕུར་པ་དགོད་པའི་རིམ་པ་ནི། ཞི་བའི་ཕུར་པ་གཞུང་དུ་བྱེད་ན། ལྷའི་མཚན་ཉིད་ཀུན་ཀྱང་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བསྒྲུབ་པའི་དུས་སུ་བསྙེན་པ་ཡང་དཀར་པོ་ལ་བྱ་བ་སྟེ། དེ་བསྟན་པའི་ཕྱིར། རིན་ཆེན་ཁ་དོག་དཀར་པོའོ། །དཀར་པོ་ཤེལ་ལས་བྱས་པའི་ཞེས་པ་ནི། རིན་ཆེན་ཁ་དོག་དཀར་པོ་དངུལ་ལ་བྱས་པ་སྟེ། དེ་ལ་ཕུར་པ་བྱ་བའམ་ཡང་ན་དེ་མེད་ན་འོ་མ་ཅན་གྱི་ཤིང་དཀར་པོ་ལ་བྱ་སྟེ། དེ་ལ་ཕུར་པ་བྱས་ལ་འོད་ཟེར་ཡང་དཀར་པོ་སྤྲོ་བར་བྱའོ། །དེ་ནི་བསྒྲུབ་པའི་དུས་སུ་ནི་ཕུར་པ་ཟླུམ་པོ་དྲུག་གདབ་སྟེ། ཞེས་བྱ་བ་ནི། སྲས་ཕུར་པ་ཟླུམ་པོའི་རྩེ་མོ་ཟླུམ་པོ་དྲུག་གདབ་སྟེ་ལས་བྱའོ། །གང་དུ་གདབ་ཅེ་ན། བདེ་བར་གཤེགས་པའི་སྒོ་དྲུག་ཏུའོ། །དེར་གཏབ་པས་ཅིར་འགྱུར་ཞེ་ན། ཕུར་པའི་འོད་ཟེར་དཀར་པོ་ཡིས་ཁང་པ་ཆེན་པོའི་སྒོ་དྲུག་ནས་ཞུགས་ནས། སེམས་ཅན་ཉོན་མོངས་པས་འཐིབས་ནས་རྨུགས་པ་དེ་དེང་། ནད་པ་ལ་སོགས་པ་ནད་རྣམ་པ་མང་པོ་གང་ཡིན་པ་དང་། སེམས་ཅན་གདུག་པ་ཅན་ཡིན་ན་སེམས་ལ་གདུག་པའི་ཞེ་སྡང་ཡོད་པ་དེ། ཡེ་ཤེས་ཀྱིས་ཆུས་བཀྲུས་ནས། ཡང་དག་པའི་ཡེ་ཤེས་དང་ལྡན་པར་བྱས་པའོ། །དེ་ནི་ལས་ཀྱི་དུས་སུ་སྦྱར་བའོ། །དེ་ནས་མེ་ལྷ་བསྐྱེད་པའི་རིམ་པ་བསྟན་པ་ཏེ། དེ་ལ་ཡང་གཉིས་ལས་ཐབ་ཁུང་ཉིད་གཞལ་ཡས་ཁང་དུ་བྱས་ནས། འཇིག་རྟེན་པའི་མེ་དེ་མེ་ལྷའི་སྐུར་བསྐྱེད་ནས། དེ་ལ་རང་བཞིན་གྲུབ་པའི་གནས་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ་བསྟིམས་ནས། མཆོད་པ་ཕུལ་ནས་ཞི་བའི་ལས་བཅོལ་ལོ། །ཡེ་ཤེས་ཀྱི་མེ་ལྷ་གཤེགས་སུ་གསོལ་ལ། དམ་ཚིག་གི་མེ་ལྷའི་ཐུགས་ཀར་ཞི་བའི་ལྷ་ཉིད་ཀྱི་གཞུང་གང་ཡིན་པ་བསྐྱེད་དེ། དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམས་པའི་ཕྱིར། ཞི་བའི་ལྷ་ཚོགས་སྤྱན་དྲངས་ཞེས་གསུངས་སོ། །ཡང་ཐབ་ཁུང་གོང་མ་འདྲ་བར་གཞལ་ཡས་སུ་བྱས་ལ་དེའི་ནང་དུ་དམ་ཚིག་སེམས་དཔའི་དཀྱིལ་འཁོར་གཞུང་གཉིས་གང་ཡིན་པ་བསྐྱེད་པ་ལ། ལྷ་རྣམས་ཀྱི་ཞལ་ཉིད་འཇིག་རྟེན་པའི་མེ་ཡིན་པར་བསམ་ལ། དེ་ནི་མེ་ལྷ་ཞལ་དུ་བྱ་བ་ཡིན་ཏེ། དེ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། བསྟིམས་ལ་མཆོད་པ་དབུལ་བར་བྱའོ། །སྙིང་རྗེ་བྱམས་པའི་མཆོད་སྦྱིན་བྱ་ཞེས་བྱ་བ་ནི། ཁམས་གསུམ་གྱི་སེམས་ཅན་རྨུགས་པ་ལ་སོགས་པ་སྙིང་རྗེ་བསྐྱེད་དེ། དེ་ལ་བྱམས་པས་མཆོད་པར་བྱ་བ་དང་། མི་དགེ་བ་བཅུ་སྤངས་ནས་དགེ་བ་བཅུ་ལ་གནས་པའི་ཕྱོགས་སྐྱོངས་བཅུ་ལ་ལས་བཅོལ་བའི་ཕྱིར། བསྲེག་རྫས་སྦྱིན་པར་བྱའོ། །ཡམ་ཤིང་དཀར་པོ་སྦར་བའི་མེ་ཞེས་བྱ་བ་ནི། ཡམ་ཤིང་གི་རིམ་པ་བསྟན་ཏེ། རློན་ལ་སྦོམ་དང་བཅས་རྩེ་མོ་ཆ་ལས་བྱུང་བ་ཆུར་འཛུབ་གང་ཡོད་པ། སྦམས་སུ་ཆག་པ་གང་ཡོད་པ། མངར་ཞིང་འོ་མ་ཡོད་པའི་ཤིང་ལ་བྱའོ། །ཤིང་དེ་མ་གས་མི་འཁྱོག་པ་འབུས་མ་ཟོས་པ་ལ་བྱའོ། །འོ་ན་གས་པ་ལ་སོགས་བྱུང་ན་སྐྱོན་ཅི་ཡོད་ཅེ་ན། ཡོད་དེ་གས་པར་གྱུར་ན་ཤ་བཀྲ་ཅན་དུ་སྐྱེ་བ་དང་། ཡོན་པོར་སོང་ན་དབང་པོ་མ་ཚང་བར་སྐྱེ་བ་དང་། འབུས་ཟོས་ན་ཡན་ལག་མ་ཚང་བར་སྐྱེ་བས་སྐྱོན་ཡོད་པས། གཟབས་ལ་ལེགས་པར་བྱའོ། །འོན་ཏེ་འཁྱོགས་པ་ལས་མ་བརྙེད་པ་ཞིང་ཡིན་ན། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་བྱའོ། །དཀར་ལ་སྦྱར་བའི་མེ་ཞེས་པ་ནི་དངུལ་ལམ་དཀར་པོའི་གནོད་སར་པར་ཤིང་དཀར་པོ་ལེགས་མོ་བླུགས་བཙུགས་པའམ། དཀོན་པའི་གནས་ནས་མེ་བླངས་ནས། ཤོང་བའི་ཤིང་ནང་དུ་བླུགས་ལ་གོང་དུ་གསུངས་པའི་སྔགས་ཀྱིས་མེ་སྦར་བར་བྱ་སྟེ། རླུང་ཡབ་ཀྱིས་བུད་པར་བྱའོ། །དེ་ལྟར་མིགས་པར་སྦར་ནས་བུད་ཤིང་གི་ནང་དུ་མར་བླུགས་པར་བྱའོ། །དཀར་ལ་མངར་བའི་རྫས་རྣམས་ཀྱིས། །ཞི་བའི་ཚུལ་དུ་སྦྱིན་བསྲེག་བྱ། །ཞེས་བྱ་བ་ནི། ཞི་བ་ལ་སྔོན་ལ་མར་དབུལ་བར་བྱ་བ་ཡིན་ཏེ། ༀ་བཛྲ་ཀི་ལི་ཀི་ལ་ཡ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཞེས་དབུལ་བར་བྱའོ། །གཞུང་གཅིག་ཏུ་བྱ་བ་ཡིན་ན། ༀ་ན་མ་ས་མནྟ་བུདྡྷ་ནམ་རུ་རུ་པུ་རུ་ཛྭཱ་ལ་ནི་ཏཱི་ཏ་ལོ་ཙ་ནི་སརྦ་ཨ་ཧོ་ན་ཡེ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མར་དབུལ་བར་བྱ་བ་ཡིན་ཏེ། གཞུང་གཉིས་སོ། །ༀ་སརྦ་སཾ་བ་དེ་སྭཱ་ཧཱ། ཞོ་ཅན་གྱིའོ། །ༀ་སརྦ་ག་ག་ད་ཧ་ནི་བཛྲ་ཡ་སྭཱ་ཧཱ། ཞེས་པ་ནི་ཏི་ལའོ། །ༀ་བཛྲ་ཨཱ་ཡུ་ཤེ་སྭཱ་ཧཱ། ཞེས་པ་ནི་དུར་བའི་འོ། །ༀ་བཛྲ་པུ་ཤ་ཡེ་སྭཱ་ཧཱ། ཞེས་པ་ནི་འབྲས་སོ་བའི་འོ། །ༀ་པྲ་ཏི་ཧ་ན་ཡ་བཛྲ་སྭཱ་ཧཱ། ཞེས་པ་ནི་ཀུ་ཤ་དབུལ་བའོ། །ༀ་བཛྲ་བི་ཛ་ཡ་སྭཱ་ཧཱ། འབྲས་ལག་པར་དབུལ་བའོ། །ༀ་མ་ཧ་བེ་ག་ཡ་སྭཱ་ཧཱ། ཞེས་པ་ནས་ཆན་ནོ། །ༀ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཞེས་པས་འབྲས་ཅན་ནོ། །ༀ་ཀས་མ་རི་སྭཱ་ཧཱ། གྲོ་ཅན་ནོ། །ༀ་བཛྲ་ཨ་ཛྙ་པྲ་ད་ཡ་ཤེ་ན་ག་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །རྫས་རྣམས་ཐམས་ཅད་གཡས་སུ་དགྲམ། མཆོད་རྫས་རྣམས་ནི་གཡོན་དུའོ། །རྫས་དང་མཆོད་རྫས་ཀུན་ལ་མངར་གསུམ་བླུགས་པར་བྱའོ། །ཁ་དོག་ཀུན་ཀྱང་དཀར་པོར་བྱུག །དངུལ་ཕྱེ་འབྲས་ཅན་དཀར་པོ་ལ་གཏོར་མ་བྱས་ཏེ་སྦྱིན་པར་བྱའོ། །ཞེས་བྱ་བ་ནི། དངུལ་ཕྱེ་དང་། འབྲས་ཅན་དང་འོ་མ་མར་དཀར་ལ་གཏོར་མ་བྱས་ཏེ་ལས་ཀྱི་ལྷ་ལ་བྱིན་ལ་ལས་བཅོལ་ཏེ། བསྒྲུབ་པའི་དུས་སུ་ཡང་ངོ་། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། གཏི་མུག་ལས་ཀྱིས་འཆལ་བ་རྣམས་ཞི་བས་གྱུར་པར་དབྱིངས་སུ་རོལ་ཞེས་བྱ་བ་ནི། བཾ་ནི་ཟླུམ་པོར་ཏེ་ཟླུམ་པོར་བྱས་པའི་དཀྱིལ་འཁོར་དུ་ཞི་བའི་ལྷ་ཚོགས་སྤྱན་དྲངས་ཤིང་། མཆོད་པ་ཕུལ་ཞིང་ལོ་སེར་གྱིས་གཏི་མུག་ལས་ཀྱིས་འཆལ་པ་རྣམས། བསང་ཞིང་སྦྱངས་པ་རྨུགས་པ་ལ་སོགས་པའི་སེམས་ཅན་ཉོན་མོངས་པའི་སྦྱངས་ཤིང་། ཞི་བར་གྱུར་པ་ཡང་དག་པའི་དོན་རྟོགས་ཤིང་རྣམ་པར་རྟོག་པ་མེད་པར་འགྱུར་རོ། །དེ་ནི་ཞི་བའི་འབྲས་བུ་སྟེ་དོན་དམ་པའི་བདེན་པའོ། །ཡམ་ཤིང་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་འབྲས་བུ་སྐྱེ་བ་མི་སླུ་བའི་བདེན་པའོ། །དེ་ནི་ཞི་བའི་ལས་སོ། །དེ་ནས་རྒྱས་པའི་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་རབ་འབྱམས་ན། ཞེས་པ་ལ་སོགས་པ་བསྟན་ཏེ། འཇིག་རྟེན་ཁམས་ནི་ཁམས་གསུམ་གྱི་སེམས་ཅན་ལོག་འཕོངས་པར་གྱུར་པ་གཉིས་ཡོད་པ་ལས། ཆོས་འཕོངས་པ་དང་ཟས་ནོར་གྱིས་འཕོངས་པའོ། །ཆོས་འཕོངས་པ་ལ་གཉིས་རང་གི་ཆོས་འཕོངས་པ་དང་བུ་ཚའི་ཆོས་འཕོངས་པའོ། །དེ་ལྟར་འཕངས་པ་ཡོད་པ་དེ་ལ་ནི་འཕངས་པར་འགྱུར་པའི་འགྲོ་གང་ལ་ཞེས་པ་གསུངས་པ་ཡིན་ཏེ། དེ་ལྟ་བུའི་ཆེད་དུ། སྣ་ཚོགས་ལས་ཀྱི་ས་རྒྱས་པར་སྒྱུར་བར་བྱ་བ་ཡིན་ཏེ། དེ་ཡང་གང་དུ་བྱ་ཞེ་ན། ཙན་དན་ནགས་ཚལ་མེ་ཏོག་དང་། ཉམས་དགའ་སྐྱིད་མོ་ཚལ་དུ་ཞེས་བྱ་བ་ནི། ཙན་དན་གྱི་ནགས་ཚལ་དེ་དྲི་ཞིམ་པོ་སྣ་ཚོགས་པ་ཡོད་པའི་གནས་སམ། མེ་ཏོག་དྲི་ཞིམ་པ་ཡོད་པའི་གནས་སམ། ཉམས་དགའ་ཞིང་སྐྱེས་མོས་ཚལ་མང་པོ་ཡོད་པའི་གནས་སུ་བྱའོ། །གནས་ཀྱི་དམ་པ་དེར་ལྕག་ཕྲན་མ་ཡུམ་མཆོག་གཟུངས་ཞེས་བྱ་བ་ནི། ལོ་བཅུ་དྲུག་མའི་ཡུམ་མཆོག་གཟུང་ལ་བསྒྲུབ་པར་བྱའོ། །ལས་ཀྱི་དུས་སུ་ གཡོན་དུ ་བཞག་པར་བྱའོ། །རིན་ཆེན་སེམས་པར་བདག་གནས་པར། ཞེས་བྱ་བ་ནི། རིན་ཆེན་སེམས་མའི་དཀྱིལ་འཁོར་གསལ་བར་བརྟག་ཅིང་རྒྱས་པའི་ལས་བསྒྲུབ་པར་བྱའོ། །དེ་ཡང་འོད་ཟེར་ཡང་སེར་པོ་འཕྲོས་པ་ཚེའི་གནས་སུ་བསྟན་པ་དང་། ནོར་ཟས་ལ་སོགས་སོ། །སའི་གནས་སུ་བསྟིམ་པར་བྱའོ། །སེར་པོ་གྲུ་བཞིའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི། མེ་ཐབ་བྱ་བ་བསྟན་ཏེ། ཁ་དོག་སེར་པོར་བྱུག །ཁྲུ་དོ་གྲུ་བཞི་པ་སྟེ་ཁྲུ་གང་ཟབས་སུ་བརྐོ་བའོ། །བརྐོས་པའི་ས་ལས་འཕང་སོར་བཞིར་བསྐྱེད་ལ། ཁ་ཁྱེར་སོར་བཞི་པར་བྱའོ། །ཞེང་དང་དཔངས་གཉིས་ག་སོར་བཞི་བཞིར་བྱའོ། །རིན་ཆེན་ཆུ་སྐྱེས་དག་གིས་བརྒྱན། །ཞེས་བྱ་བ་ནི། དབུས་ཀྱི་ཁ་ཁྱེར་ལ་རིན་པོ་ཆེ་བཏང་བར་བྱའོ། །ནང་དུ་པདྨའི་འབྲས་བུའོ། །ཕྱི་རོལ་གྱི་སོར་བཞི་ལ་པདྨས་བསྐོར་བར་བྱའོ། །སློབ་དཔོན་ཁ་གཅིག་གི་གཞུང་ནས་རྒྱས་པར་བྱེད་པ་ཡིན་ལ། དབུས་ཀྱི་ཁ་ཁྱེར་ལ་རྡོ་རྗེ་ར་བ་གཏང་པར་བྱ་བ་ཡིན་ན། ཕྱི་རོལ་སོར་བཞི་ལ་ཡང་འཁོར་ལོའི་འཕྲེང་བ་བཏང་བར་བྱ་བ་ཡིན་ཞེས་གསུངས་ཏེ། དེ་ལས་ཀྱི་བྱེ་བྲག་གིས་བརྒྱན་པ་ཡིན་ནོ། །དེ་ནས་ཡང་ལས་གཉིས་པའི་གཞུང་བསྟན་པའི་ཕྱིར། རིན་ཆེན་ཁ་དོག་སེར་པོའམ་ཞེས་བྱ་བ་ནི། རིན་པོ་ཆེ་གསེར་ཏེ་དེ་ལ་ཕུར་པའི་རྒྱུ་བྱས་ཏེ། བསྒྲུབ་པའི་དུས་སུ་ལྷ་རྣམས་ཀྱང་ཁ་དོག་སེར་པོར་བྱ་བ་ཡིན་ནོ། །འོད་ཟེར་ཡང་སེར་པོར་སྤྲོས་པ་དེ་ལས་གང་ཡིན་པ་དེ་བྱ་བ་ཡི། སེར་པོའི་ལས་བྱས་པའི་ཕུར་པ་བཞི་པ་བཞི་བཏབ་སྟེ་ཞེས་བྱ་བ་ནི་ལས་ཀྱི་དུས་སུ་ནི་བྱ་བ་སྟེ། སྲས་ཕུར་པའི་ཤིང་ལས་བྱུང་བ་བཞིན་ནི་ཆ་ལས་འབྱུང་བ་སྟེ། བདེ་བ་ཆེན་པོའི་གནས་ཀྱི་སྒོར་བཞིར་བཏབ་པས། ཕུར་པ་ལས་འོད་སེར་པོ་འཕྲོས་དེའི་ཚེའི་གནས་གང་ཡིན་པ་དེ་རུ་ཟླ་བ་དང་ཉི་མ་ག་བུར་གནས་པའི་ནང་དུ་ཚེ་བསྟིམ་ཞིང་བསྟན་པར་བྱས་ཤིང་རྒྱས་པར་ལྟའོ། །སྤྱོད་པ་རྒྱས་པར་འདོད་ན་ཕུར་པ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཁེངས་པའི་ནོར་ཕྱུགས་ཀུན་བཀུག་ཅིང་རང་རང་གི་གནས་ཀྱི་ནོར་ཕྱུག་ལ་བསྟིམས་ཏེ། ཕུར་པ་ཡང་ཁང་པའི་ཕྱོགས་བཞིར་གདབ་བོ། །བུ་ཚ་འཕེལ་བར་འདོད་ན། ཕུར་པ་ལས་འོད་འཕྲོས་པ་ལས་ཚངས་རིགས་མན་ནི་གདབ་ཀྱི་ཕོའི་མཚན་ཐམས་ཅད་འགུགས་ཏེ། ཕོའི་སྐྱེ་གནས་ལ་བསྟིམས་པ་བུ་ཚ་འཕེལ་བར་འདོད་དོ། །རྒྱས་པའི་ལྷ་ཚོགས་སྤྱན་དྲངས་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་རིམ་པ་སྟེ། ཚོགས་ཀྱི་དཀྱིལ་འཁོར་གྱི་རིམ་པ་དང་། དམ་ཚིག་གི་མེ་ལྷ་བསྐྱེད་པའི་གཞུང་གཉིས་ཀ་གང་དུ་གསུངས་པའོ། །ལས་ཁ་དོག་སེར་པོར་ཡོད་པའོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམས་ལ་མཆོད་པ་ཕུལ་ལ། དེའི་རྗེས་ལ་དད་པའི་སེམས་ཀྱིས་མཆོད་དོ། །དཀྱིལ་འཁོར་ལྷ་ལའོ། །སྦྱིན་ཞེས་བྱ་བ་ནི། ཕྱོགས་སྐྱོངས་ལ་སྦྱིན་པར་བྱས་ནས་རྒྱས་པའི་ལས་བཅོལ་བའོ། །སེར་པོའི་ཤིང་ལས་སྦྱར་བའི་མེ་ཞེས་བྱ་བ་ནི། སེར་པོའི་ཤིང་ལ་ཡམ་ཤིང་ལ་བྱ་བ་ཡིན་ཏེ། གྲུ་བཞི་པ་ཆུར་ཁྲུ་གང་པ་སྒོམ་དུ་ཆག་པ་གང་ཡོད་པ་དབུས་ཀྱི་ཆ་ལས་བྱུང་བའོ། །མེ་སྦར་བའི་མེ་ཞེས་བྱ་བ་ནི་གསེར་རམ་སེར་པོའི་ཤིང་སྣོད་སར་པར་སེར་པོའི་ཤིང་ལེགས་མོ་བླངས་ལ། ཤར་རྒྱལ་པོའི་ཁྱིམ་ནས་མ་བླངས་ཏེ། སྤར་བར་བྱ་བའི་མེ་དེ་བུད་ཤིང་གི་ནང་དུ་བླུགས་པར་བྱའོ། །ཁ་པའི་རོ་ལྡན་སེར་པོའི་རྫས་རྒྱས་པའི་ཚུལ་དུ་སྦྱིན་བསྲེགས་བྱ་ཞེས་བྱ་བ་ནི། རོ་ཁང་པ་ཡོད་པ་ཁ་དོག་རྫས་ཐམས་ཅད་སེར་པོར་བྱས་པའོ། །རྒྱས་པའི་ཚུལ་དུ་སྦྱིན་བསྲེག་བྱ་ཞེས་བྱ་བ་ནི། རྒྱས་པའི་སྣ་དྲངས་པའི་ནི་ཞོའི་ས་དྲངས་ལ་ལྷག་མ་རྣམས་ནི་རིམ་བཞིན་དུ་དབུལ་བའོ། །སྔགས་ནི་ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཱ་བྷྱོ་སྭ་ཆེ་གེ་མོ་རྒྱས་པར་གྱུར་ཅིག །ཧ་ཐམས་ཅད་ཅེས་པས་དབུལ་ལོ། །གཞུངས་གཅིག་གི་ༀ་ན་མ་ས་མན་ཏ་བུདྡྷ་ནན་བཱ་བྷྱོ་སྭ་ཆེ་གེ་མོ་རྒྱས་པར་གྱུར་ཅིག་ཅེས་དབུལ་ཏེ། རྫས་ལྷག་མ་རྣམས་ནི་གོང་དུ་ཇི་ལྟར་གསུངས་པའི་རིམ་པས་དབུལ་བར་བྱའོ། །དེ་ནས་གཏོར་མ་བྱ་བའི་རྒྱུ་བསྟན་པའི་ཕྱིར། གསེར་ཕྱེ་འབྲུ་རྣམས་སེར་པོ་ལ། །གཏོར་མ་བྱས་ཏེ་རྒྱས་པར་བྱ། །ཞེས་བྱ་བ་ནི། བསྒྲུབ་པའི་དུས་སུ་བྱ་བ་སྟེ། གསེར་ཕྱེ་དང་འབྲུ་ལས་བྱས་པའི་གཏོར་མ་བྱས་པ་ཐམས་ཅད་ཁ་དོག་སེར་པོར་བྱས་ལ། གཏོར་མ་འདི་ལས་ཀྱི་ལྷ་ལ་བསྔོ་སྟེ། བྱིན་ལ་རྒྱས་པའི་ལས་བཅོལ་ལོ། །དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། མ་མོའི་ཚོགས་ཀྱི་དཀྱིལ་འཁོར་དུ། །ང་རྒྱལ་ལས་ཀྱི་ཆེ་བ་རྣམས། །རྒྱས་པར་གྱུར་བ་གདོན་མི་ཟ། །ཞེས་གསུངས་སོ། །མ་ནི་གྲུ་བཞི་སྟེ་དེའི་དཀྱིལ་འཁོར་དུ་རྒྱས་པའི་ལྷ་ཚོགས་གཞུང་གཉིས་པའི་ལྷ་རྣམས་གསལ་བར་བསྒོམ་ཞིང་། རྒྱས་པའི་དོན་གང་ཡིན་པ་བསྒྲུབ་ན་འགྲུབ་པ་དང་ང་རྒྱལ་གྱིས་འཆེལ་བའི་སེམས་ཅན་རྣམས་ཀྱི་འདོད་པ་རྒྱས་པར་གྱུར་ཏེ། བསམ་པ་རང་མ་ནས་ཡང་དག་པའི་དབྱིངས་སུ་རོལ་པར་གྱུར་ཏོ། །དབྱིངས་ལས་མ་གཡོས་པར་ཏེ་ཡང་དག་པའི་དབྱིངས་སུ་གཉིས་མེད་པའི་ཡེ་ཤེས་ཀྱི་པ་སྟེ། བདེན་པ་གཉིས་སུ་ཤེས་པར་བྱ་བ་སྟེ། རྒྱས་པའི་ལས་སོ། །དེ་ནས་ཡང་དབང་གི་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །ཞེས་པ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་གྱི་ཁམས་འདི་ན་གང་དང་གང་ལ་ཆགས་པར་འགྱུར་བའི་སེམས་ཅན་དེའི་དོན་དུ། དབང་དུ་བྱ་བ་འདི་སྦྱར་བར་བྱའོ་གསུངས་སོ། །དེ་ནས་གང་དུ་བྱ་ཞེ་ན། དེ་བསྟན་པའི་ཕྱིར། ཟླ་མཚན་ཅན་གྱི་ཆུ་གླིང་ དུ་ཞེས་གསུངས་ཏེ། ལྷར་བུ་གཡོན ་སམ། སྲུབ་མའི་འབྲས་བུ་ཡོད་པའི་ཆུ་གླིང་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། གང་དུ་བསྒྲུབ་ཅེ་ན། སྡོང་ཅིག་མའི་གཟུངས་མ་གཟུངས་ཞེས་གསུངས་ཏེ། སྡོང་ཅིག་མ་ནི་ཞེས་བྱ་བ་ནི། རབས་ཆད་མོ་དེ་དབང་དུ་བྱ་བའི་སྐུ་མཆོག་ཏུ་ཤེས་པས། དེ་དང་གྲོགས་ལ་བསྒྲུབ་པར་བྱའོ། །ལས་ཀྱི་དུས་སུ་ནི་ གཡོན་དུ ་བཞག་པར་བྱ་བ་ཡིན། སྣང་བ་མཐའ་ཡས་པའི་དཀྱིལ་འཁོར་བསྒོམ་པར་བསྟན་པའི་ཕྱིར། སྣང་བ་མཐའ་ཡས་རྣལ་འབྱོར་རམ། །ཞེས་བྱ་བ་གསུངས་ཏེ། སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གསལ་བར་བསྒོམས་ལ། བསྒྲུབས་ཏེ་འོད་ཟེར་འཕྲོ་ཞིང་གང་ཡིན་པའི་ལས་བྱ་བའོ། །གཞུང་གཉིས་པ་བསྟན་པའི་ཕྱིར། རྡོ་རྗེ་ལྟར་ནི་རྣམ་པར་བསྒོམ་ཞེས་གསུངས་ཏེ། དབང་གི་བསྒྲུབ་པ་བྱེད་པའི་དུས་སུ་དབུས་ཀྱི་གཙོ་བོ་ནི་རྟ་སྟེ་དེའི་མགོ་གང་ཡིན་པ་རུ་བཅོམ་ལྡན་འདས་ཉིད་བཞུགས་པ་སྟེ། དེའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་མདོག་དང་ཀུན་དམར་པོར་བྱ་བ་སྟེ། འོད་ཟེར་ཡང་དམར་པོར་འཕྲོས་ཤིང་གང་ཡིན་པ་དབང་དུ་བྱ་བའོ། །དེ་ནས་ཡང་དབང་གི་མེ་ཐབས་བསྟན་པའི་ཕྱིར། ཟླ་གམ་དམར་པོའི་དཀྱིལ་འཁོར་ལ། །འོད་ཟེར་འཕྲོ་བ་མདའ་གཞུ་བརྒྱན། །ཞེས་གསུངས་པ་ཡིན་ཏེ། དེ་དབང་གི་ཐབ་ཁུང་ནི་དབྱིབས་ཟླ་གམ་དུ་འདུག་པ་སྟེ། ཟླ་གམ་གྱི་མཁའ་ལ་སོར་ཉི་ཤུ་ཡོད་པ། རྒྱབ་ལ་སོར་བཞི་བཅུ་ཡོད་པའོ། །ཟབས་སུ་སོར་བཅུ་བསྐོར་བ་བྱ་བ་སྟེ། ཁ་དོག་ནི་དམར་པོའི་ཁ་ཁྱེར་ནི་སོར་གསུམ་གཏང་ཞེས་པ་དང་། དཔངས་སུ་སོར་གསུམ་མོ། །དབུས་ཀྱི་ཁ་ཁྱེར་ལ་མདའ་གཞུ་དང་ལྕོགས་ལས་ཤིན་ཏུ་འོད་ཟེར་འཕྲོས་པས་བརྒྱན་པར་བྱའོ། །དེའི་ཕྱི་རོལ་གྱི་སོར་གསུམ་ལ་ཞགས་པས་བརྒྱན་པར་བྱའོ། །ཟངས་ལ་སོགས་པའི་རིན་ཆེན་ནམ། དམར་བའི་ཤིང་ལས་བྱས་པའི་ཞེས་བྱ་བ་ནི། གཞུང་གཉིས་པ་བསྒྲུབ་པའི་དུས་སུ་ཟངས་སམ་དམར་པོའི་ཤིངལས་བསྙེན་ཕུར་ལ་འོད་དུ་འཕྲོ་བའི་འོད་ཟེར་དམར་པོས་སྤྲོ་ཞིང་། ལས་གང་དབང་དུ་བྱ་བ་དེ་འདུས་པར་བསམ་མོ། །ལས་ཀྱི་དུས་སུ་ནི་ཕུར་པ་ཟླ་གམ་ལྔ་བཏབ་སྟེ། དམར་པོ་རྒྱུད་ལས་བྱས་པའི་ཕུར་པ་རྩེ་མོ་ཟླ་གམ་དུ་འདུག་པ་རིམ་པ་ལྔའི་ཆ་ལས་བྱུང་བའི་ཕུར་པ་དེ་གང་དབང་དུ་བྱས་པའི་གནས་ལྔ་རུ་གཏུབས་ཤིང་བཏབ་པས། གང་གི་གནས་ལྔ་ནས་བསྐུལ་ཏེ་དབང་དུ་འགྱུར་རོ། །དེ་ནས་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་བསྟན་པའི་ཕྱིར། དམར་སྨུག་འཕྲོ་བའི་ལྷ་མཆོག་རྣམས། །རྡོ་རྗེ་སྤྱུགས་པས་སྤྱན་དྲངས་ཏེ། །ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི་རིམ་པ་ནི། གོང་དུ་རྒྱས་པར་གསུངས་སོ། །དམ་ཚིག་གི་མེ་ལྷ་ནི། གསུམ་པ་ལྡིར་བ་རལ་པ་མཆོད་ཕྱིར་ཕྱང་བ་ཕྱག་ན་འགུན་དེ་ལ་སོགས་པ་བསྣམས་པ་སྟེ། མདོག་ནི་ལས་ཀྱི་བྱེ་བྲག་དང་སྦྱར་བར་བྱའོ། །དེ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཡེ་ཤེས་ཀྱི་མེ་ལྷ་དམར་ལ་སྨུག་པའི་མདངས་སྟོན་པའི་སྐུ་མདོག་དང་འོད་ཟེར་འཕྲོ་བ་དེས་རྡོ་རྗེ་སྤྱུག་པས་སྤྱན་དྲངས་ཏེ། བསྟིམས་ཏེ་དེ་ལ་མཆོད་པ་བྱ་སྟེ། དེ་ཡང་ཤིན་ཏུ་དགའ་ཞིང་ཆགས་པའི་ཡིད་ཀྱིས་མཆོད་པར་བྱ་བ་སྟེ། དཀྱིལ་འཁོར་གྱི་ལྷས་སྦྱིན་ཞེས་བྱ་བ་ནི། ཕྱོགས་སྐྱོང་བཀུག་ལ་བསྲེག་རྫས་བྱིན་ལ་ལས་བཅོལ་བའོ། །དེ་ནས་ཡམ་ཤིང་དང་མེ་སྦར་བའི་རིམ་པ་བསྟན་པའི་ཕྱིར། དམར་པོའི་ཤིང་ལས་སྤར་བའི་མེ་ཞེས་གསུངས་ཏེ། དམར་པོའི་ཤིང་ལས་ཞེས་བྱ་བ་ནི་ཡམ་ཤིང་ལ་བྱ་བ་སྟེ། དམར་པོའི་ཤིང་ལ་དབྱིབས་ཟླ་གམ་དུ་བྱས་པ། མཆུར་སོར་ལྔ་སྦོམས་སུ་ཆག་གང་ཡོད་པ་དེ་ལྟ་བུ་བྱ་བའོ། །སྦར་བའི་མེ་ཞེས་བྱ་བ་ནི་ཟངས་གཞོང་སོང་བའི་ནང་དུ་དམར་བའི་ཤིང་ལེགས་པར་བརྫངས་ལ་ཚོས་མའི་ཁྱིམ་ནས་མེ་བསླངས་ཏེ། སྦར་བའི་མེ་དེ་བུད་ཤིང་གི་ནང་དུ་བླུགས་པར་བྱའོ། །དེ་ནས་ཡང་རྫས་དབུལ་བའི་རིམ་པ་བསྟན་པའི་ཕྱིར། སྐྱུར་ཞིང་དམར་བའི་རྫས་རྣམས་ཀྱིས། །དབང་གི་ཚུལ་དུ་སྦྱིན་བསྲེག་བྱ་ཞེས་གསུངས་ཏེ། རྫས་ཀུན་ཀྱང་ཁ་དོག་དམར་པོར་བསྒྱུར་ཞིང་། ཡུང་བ་ལས་སྣ་དྲངས་ལ་དབུལ་བར་བྱ་སྟེ། དབུལ་པའི་སྔགས་ནི་འདིའོ། །ༀ་བཛྲ་ཀི་ལི་ཀི་ལ་ཡ་པུ་ཏི་ཧཱུྃ་ཆེ་གེ་མོ་དབང་དུ་འདུས་པར་གྱུར་ཅིག་ཧཱུྃ་ཞེས་པས་དབུལ་ལོ། །གཞུང་གོང་མའི་སྔགས་ནི་ༀ་ན་མ་ས་མནྟ་བུ་ཏ་ནན་པུ་ཏི་ཧཱུྃ་ཆེ་གེ་མོ་དབང་དུ་འདུས་པར་གྱུར་ཅིག་ཧཱུྃ་ཞེས་པས་དབུལ་ལོ། །གཞན་གོང་དུ་བསྟན་པའོ། །དེ་ནས་ཡང་གཏོར་མའི་རྒྱུ་བསྟན་པའི་ཕྱིར། ཟངས་ཕྱེ་འབྲུ་རྣམས་དམར་པོ་ལ། །གཏོར་མ་བྱ་སྟེ་དབང་དུ་བསྡུ་བའོ། །ཞེས་བྱ་བ་གསུངས་ཏེ། བསྒྲུབ་པའི་དུས་སུ་ཟངས་ཕྱེ་དང་འབྲུ་རྣམས་ལ་སོགས་པའི་གཏོར་མ་ཀུན་དམར་པོར་བྱས་ཏེ། ལས་ཀྱི་ལྷ་ལ་བྱིན་ལ་དབང་གི་ལས་འདི་ཁྱོད་ཀྱིས་གྲུབ་པར་གྱིས་ཤིག་ཅེས་བགོའོ། །གང་དབང་དུ་བྱ་བ་དེ་དབང་དུ་འདུའོ། །དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །འདོད་ཆགས་ལས་ཀྱི་ཆེ་བ་རྣམས། །དབང་དུ་བསྡུས་པས་དབྱིངས་སུ་རོལ་ཞེས་གསུངས་ཏེ། མེའི་དཀྱིལ་འཁོར་ནི་ཟླ་གམ་སྟེ། དཀྱིལ་འཁོར་དམར་པོ་རུ། དབང་གི་ལྷ་རྣམས་གསལ་བསྒོམ་ཞིང་། དེའི་འོད་ཟེར་གྱིས་འདོད་ཆགས་ལ་དད་པའི་སེམས་ཅན་བསྡུས་ནས་དབང་དུ་བྱས་ཏེ་བྱང་ཆུབ་སེམས་ཀྱི་རྒྱས་བཏབ་པ་དེ་ནི་དབྱིངས་སུ་རོལ་ལ་སྟེ། དོན་དམ་པའི་བདེན་པའོ། །རྫས་ལ་སོགས་པའི་བྱེ་བྲག་གིས་ཀུན་རྫོབ་ཀྱི་བདེན་པ་སྟེ། དབང་གི་ལས་སོ། །དེ་ནས་ཡང་དྲག་པོའི་ལས་བསྟན་པའི་ཕྱིར། འཇིག་རྟེན་ཁམས་ནི་རབ་འབྱམས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་འདི་ན། ཤིན་ཏུ་གདུག་པའི་སེམས་ཅན་ལ་དྲག་ཤུལ་གྱི་སྤྱོད་པ་སྦྱར་བྱས་ནས་ཞེས་བྱ་བ་ནི་ཤིན་ཏུ་གདུག་ཅིང་ལོག་པར་ལྟར་བའི་སེམས་ཅན་དེ་ལ་ཞི་བས་འདུལ་བ་མ་ཡིན་ཏེ། དྲག་ཤུལ་སྤྱོད་པ་སྦྱར་བྱས་ནས་འདུལ་བར་བྱའོ། །དེ་ཡང་གནས་གང་དུ་བྱ་ཞེ་ན། རྐང་གཅིག་ཅན་ནམ་དུར་ཁྲོད་དུ་ཞེས་གསུངས་ཏེ། མཚན་ཉིད་གོང་དུ་གསུངས་པ་དང་སྦྱར་བར་བྱའོ། །རིགས་ངན་དམེ་ཤ་ཅན་ལ་སོགས། །མི་རེག་མའི་གཟུང་མ་གཟུངས་ཞེས་བྱ་བ་ནི། བསྒྲུབ་པའི་དུས་སུ་ནི་རིགས་ངན་དམེ་ཤ་ཅན་ནི་གསོད་བྱེད་བཤན་པའི་རིགས་ཏེ། དྲག་པོའི་ལས་བྱེད་པའི་བསྒྲུབ་པའི་དུས་སུ་བསྟོན་པར་བྱའོ། །མི་རེག་མ་ནི་ཡུགས་ས་མ་སྟེ། དེ་ནི་གདུག་པའི་གཟུངས་མ་སྟེ། ལས་ཀྱི་དུས་སུ་ གཡོན་དུ ་བཞག་པའོ། །རྡོ་རྗེ་ཁྲོ་བོར་བདག་གནས་ལ། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་དུ་བདག་གནས་པར་བྱས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་སྐུ་མདོག་མཐིང་ནག་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པའོ། །དེ་ནས་མེ་ཐབ་ཀྱི་རིམ་པ་བསྟན་པའི་ཕྱིར། ནག་པོ་གྲུ་གསུམ་དཀྱིལ་འཁོར་ལ། རྩང་ཐོད་རྒྱན་གྱིས་བརྒྱན་པར་བྱའོ་ཞེས་གསུངས་ཏེ། དྲག་པོའི་མེ་ཐབ་ནི་ཟུར་གསུམ་པའོ། །ཁ་དོག་ནག་པོར་བྱུག་པ་སྟེ། ངོས་རེ་ལ་སོར་ཉི་ཤུ་ཉི་ཤུའོ། །ཟབས་སུ་སོར་བཅུ་བསྐོར་སོར་གསུམ་གྱི་དགྱེ། ཞེང་དུ་དཔངས་གཉིས་སོར་གསུམ་མོ། །དེའི་ཕྱི་རོལ་དུ་སོར་གསུམ་དུ་བཏབ་པར་བྱ་བ་སྟེ། དབུས་ཀྱི་ཁ་ཁྱེར་ལ་ཐོད་པས་བསྐོར། དེའི་ཕྱི་རོལ་དུ་རྡོ་རྗེ་རྩེ་དགུ་པ་དང་། མདའ་གཞུ་དང་མདུང་རྩེ་གསུམ་པ་པ་དང་། དགྲ་སྟ་དང་། ཁ་ཊྃ་ག་དང་གདུག་པའི་མཚོན་ཆ་ཀུན་ཀ་སྟི་ལ་ལ་ཡང་བཏང་། དེའི་ཕྱི་རོལ་གྱི་དཀྱིལ་འཁོར་ཕྱི་མྱུར་ན་ལ་རྩང་དམར་པོས་བསྐོལ་བར་བྱའོ། །དེ་ནས་སྲོག་ཆགས་གསོད་པའི་རྒྱུ་བསྟན་པའི་ཕྱིར། ལྕགས་སམ་ནག་པོའི་ཤིང་རྣམས་ལ། །ཚེར་མ་ཅན་གྱི་ཤིང་རྣམས་སམ། །མིའི་རུས་པའི་ཕུར་པ་ཞེས་བྱ་བ་གསུངས་ཏེ། ལྕགས་སྣལ་ཕུར་པ་བྱས་ཏེ། གནམ་ལྕགས་དང་ཁྲོ་ཆུང་དང་སྒོ་གསེར་དང་། སྲོག་ཆག་གསོད་པའི་མདུང་རྩེ་དང་། སྲོག་ཆགས་གསོད་པའི་དགྲ་སྟ་དང་། ལྔ་ལ་བྱའོ། །ཡང་ན་ནག་པོའི་ཤིང་ནི་དུག་ཤིང་སྟེ། དུར་ཚེར་ཡོད་པའི་ཤིང་ལ་ཕུར་པ་བྱ་བའོ། །དེ་མེད་ན་ཚེར་མ་གདུག་པ་ཡོད་པའི་ཤིང་ལ་ཕུར་པ་བྱའོ། །མི་རྐང་གི་ཕུར་པ་ལ་སོགས་པའི་རྣམས་ཀྱི་རྩེ་མོ་ཟུར་གསུམ་བྱས་ལ་བསྙེན་ཕུར་གྱི་དུས་སུ་ནི་གཅིག་གི་བྱ་བ་ཡིན་ལ། ལས་ཀྱི་དུས་སུ་ནི་གསུམ་དུ་གདབ་སྟེ་ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་ཆ་ལས་ཕྱུང་བའི་ཕུར་པ་རྣམས་སོ། །གདབ་པའི་གནས་དང་ཇི་ལྟར་གདབ་པ་སྟེ། ཏིང་ངེ་འཛིན་གྱི་རིམ་པ་ཕྱེ་བ་ལ་སོགས་པ་གསུང་པ་ཇི་ལྟར་རོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་པ་བསྟན་པའི་ཕྱིར། མཐིང་ནག་གྲུ་གསུམ་འབར་བའི་ལྷ་ཚོགས་རྣམས། དྲེག་པ་གདུལ་ཕྱིར་སྤྱན་དྲངས་ཏེ། །ཞེས་བྱ་བ་གསུངས་ཏེ། མཐིང་ནག་འཁྲུགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་གདུག་པ་ཅན་བསྒྲལ་ཞིང་ཞལ་དུ་གསོལ་བའི་ཕྱིར། སྤྱན་དྲངས་ཏེ། དམ་ཚིག་གི་དཀྱིལ་འཁོར་བ་བསྟིམས་ལ་བཏང་སྙོམས་ཁྲོས་པའི་མཆོད་པ་བྱའོ་སྦྱིན་པའི་ལས་ཀྱི་ལྷ་རྣམས་དང་། ཕྱོགས་སྐྱོང་ལ་བྱིན་ལ་ལས་བཅོལ་ལོ། །དེ་ལས་ཡང་མེ་སྦར་བ་དང་ཡམ་ཤིང་གི་གོ་རིམ་བསྟན་པའི་ཕྱིར། ཚེར་མའི་ཤིང་ལས་ཞེས་བྱ་བ་གསུངས་ཏེ། ཚེར་མ་ཅན་གྱི་ཤིང་ལ་བྱས་ཏེ། ཆུ་རུ་སོར་བཞི་སྦོམས་སུ་ཆག་པ་ཕྱེད་ཡོད་པ། རྩ་བའི་ཆ་ལས་བྱུང་བའི་གདུག་པའི་ཤིང་ལས་བྱ་བའོ། །སྦར་པའི་མེ་ཞེས་བྱ་བ་ནི། ལྕགས་གང་སར་པའི་ནང་བཤན་པའི་ཁྱིམ་ནས་མེ་བླངས་ནས་སྦར་པ་དེ་བསྲེག་ཤིང་གི་ནང་དུ་བླུགས་པའོ། །དེ་ནས་ཡང་རྫས་རྩུབ་པའི་རིམ་པ་བསྟན་པའི་ཕྱིར། ནག་པོའི་ཚི་ཤིང་རྩུབ་པ་ཡིས། །དྲག་པོའི་ཚུལ་དུ་སྦྱིན་བསྲེག་བྱ་ཞེས་གསུངས་ཏེ། དྲག་པོའི་རྫས་ཀུན་ཀྱང་ཁ་དོག་ནག་པོར་བྱ་བ་ཡི། རྫས་ཀྱི་རོ་ཀུན་ཀྱང་རྩ་བཞི་རྩུབ་པར་བསམ་ཡོད་པར་བསམ་པའོ། །སྣ་དྲངས་པ་ནི་གདུག་པའི་ཚེར་མ་ཅན་གྱི་སྣ་དྲངས་ལ། དབུལ་བ་སྟེ་དབུལ་བའི་སྔགས་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུམ་པ་ཧཱུྃ་ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་པས་དབུལ་བའོ། །དེ་ནས་ཡང་དྲག་པོ་གཏོར་མའི་རྒྱུ་བསྟན་པའི་ཕྱིར། ལྕགས་ཕྱེ་འབྲུ་ནག་ཤ་ཁྲག་ལས། སྦྱར་བའི་གཏོར་མས་དྲག་ཤུལ་སྤྱོད། །ཅེས་གསུངས་ཏེ། ལྕགས་ཕྱེ་དང་འབྲུ་ནག་པོ་ལས་བྱས་པའི་གཏོར་མ་དེ་དྲག་པོའི་དུས་སུ་ཕྲ་མེན་མ་དང་སྲིང་མོའི་ཚོགས་དང་བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་བསྐུལ་ལ་གཏོར་མ་དེ་གཟུགས་ལ་བརྟེག་ཅིང་གསད་པའི་ལས་བྱའོ། །ཤ་ཁྲག་སྣ་ཚོགས་ལས་བྱས་པའི་གཏོར་མ་ནི་ལས་ཀྱི་ལྷ་འཁོར་དང་བཅས་པ་ལ་བསྔོས་ལ་བཏང་ངོ། །དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ཞེ་སྡང་ལས་ཀྱི་འཚེ་བ་རྣམས། །བརླག་པར་འགྱུར་བའི་དབྱིངས་སུ་རོལ་ཞེས་གསུངས་ཏེ། ཨེ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་ཏེ་དེའི་གནས་སུ་བཅོམ་ལྡན་འདས་ཁྲག་འཐུང་གི་ཚོགས་གསལ་བར་བསྒོམས་ལ། དེའི་ནང་དུ་སྟོང་ཁམས་ཀྱི་སེམས་ཅན་ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས་ཞལ་དུ་གསོལ་ནས། དངོས་པོ་ཕུང་པོར་རགས་པར་བྱས་ནས། ཡང་དག་པའི་ཡེ་ཤེས་ནི་དབྱིངས་སུ་གསལ་བར་བྱ་སྟེ། བཞུགས་པ་ནི་དོན་དམ་པའི་བདེན་པའོ། །རྫས་ལ་སོགས་པ་ནི་འབྲས་བུ་ལོངས་སྤྱོད་མི་བསླུ་བས་བདེན་པ་སྟེ་ཀུན་རྫོབ་བོ། །དེ་ནས་བསྐྲད་པ་ཡང་བྱ་སྟེ། དུར་ཁྲོད་ཀྱི་རས་མ་ལ། འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་དེའི་དབུས་སུ་རྔ་མོའི་གཟུགས་ཤིག་བྲིས་ལ། དེ་ལ་གཟས་པ་པོ་གང་ཡིན་པ་བསྐྱོན་ལ་དབང་གི་དགོས་པ་ཇི་ལྟར་བཞིན་དུ་བྱ་སྟེ། གཟུགས་དེ་ལ་བསྟིམས་ནས་འཁོར་ལོའི་རྩིབས་རྣམས་ལ་ཡང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛ་ཛ་ཞེས་པ་བྲིས་ཏེ་འོག་གི་ཐད་དཀར་ནས་ གཡོན་བསྐོར་དུ ་བསྐོར་ནས་བྲིས་ཏེ། རྣལ་འབྱོར་པའི་ཟིལ་གྱིས་ཀྱང་། བཟླས་པའི་སྔགས་པའི་སྡེ་ཉིད་ཡིན་ཏེ། ཏིང་ངེ་འཛིན་གྱིས་ཀྱང་ཁོའི་ཁང་ཕྱི་ཁྱིམ་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་ལ། དེའི་བ་དན་བཞི་བསྐྱོད་པས་རྔ་མོའི་རྨིག་བཞི་རང་དབང་མེད་པར་བསྐྱེད་ནས་ཁྲོ་བོའི་ལས་ལ་ནི་སྔགས་ཏེ། ཁྲིད་ལ་ལས་ནི་ཐོ་བ་དང་རལ་གྲི་དང་དགྲ་སྟ་དང་ཐོགས་ནས་དེད་ནས་འགྲོ་བར་དམིགས་ལ། བརྟན་པ་ཡང་ཐོན་པ་དང་། སྒྲུབ་པ་ལ་འཇུག་སྟེ། འཛབ་གྲངས་ཐོན་པ་དང་ལས་ལ་སྦྱར་ཏེ། ལས་ཀྱི་དུས་སུ་སྟོང་ཐོན་པ་དང་། དུར་ཁྲོད་ཀྱི་རས་མ་བཏགས་ལ། དབང་གི་ཚུལ་གི་ཚུལ་དུ་སྦྱིན་བསྲེག་བྱས་ལ། བསྐུལ་བའི་སྔགས་བསྐྲད་པའི་སྔགས་ཉིད་ཀྱིས་བྱ་སྟེ། སྦྱིན་བསྲེག་ཟིན་པ་དང་སྒོའི་ཐེམ་པའི་འོག་ཏུ་སྦས་ལ་བཞག་གོ། །དེའི་རྗེས་ལ་ལྷོ་ཕྱོགས་ཀྱི་གཤིན་རྗེ་གཤེད་པོའི་ཡུལ་དུ་བསྐྱལ་བར་བསམ་སྟེ། གནས་བསྐྱོད་པའི་མན་ངག་གོ། །དེ་ནས་རྟགས་ཐོན་པ་དང་རྫས་ལྷར་ལ་དབྱུང་བར་བྱའོ། །དེ་ནི་བསྐྲད་པའི་མན་ངག་གོ། །དེ་ནས་འཕྲིན་ལས་བསམ་ཡས་པ་ཡོད་པར་བསྟན་པའི་ཕྱིར། ཇི་སྙེད་འཕྲིན་ལས་བསམ་ཡས་ཀུན། །འགྲོ་བ་བསམ་ཡས་བསམ་པ་རྣམས། །ཇི་སྙེད་འདུལ་བའི་ཐབས་ཚུལ་དུ། །བསམས་ཡས་འཕྲིན་ལས་རྣམ་པར་སྤྲོས་ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལས་ཕྲིན་ལས་བསམ་ཡས་ཕར་ཀུན་གསུངས་ཤིང་མཛད་པ་ཡང་། འགྲོ་བ་རིགས་དྲུག་གི་བསམ་པ་བསམ་ཡས་པར་ཡོད་པ་དེ། དེ་རྣམས་གདུག་པའི་ཐབས་སམ་མཐུན་པའི་ཚུལ་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལས་འཕྲིན་ལས་བསམ་ཡས་པ་རྣམས་སྤྲོས་སོ། །དེ་ནས་ཡང་འཕྲིན་ལས་སྤྲོ་བ་དེ་རྣམས་ཡང་དག་པའི་ངང་དུ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། མཉམ་ཉིད་དབྱིངས་ཀྱི་ངང་ཉིད་ལས། ལས་ཀྱི་བྱེ་བྲག་རྩིས་ལས་འདས། །བྱ་མེད་ངང་དུ་ལྷུན་གྱིས་གྲུབ་ཅེས་གསུངས་ཏེ། མཉམ་ཉིད་གཉིས་སུ་མེད་པའི་ངང་ཉིད་ལས། ཕྱི་དང་ནང་དུ་སྣང་བ་ཐམས་ཅད་འབྱུང་ཡང་། ལས་ཀྱི་བྱེ་བྲག་བགྲང་ལས་འདས་ཏེ། དེ་ཐམས་ཅད་ཀྱང་ཡེ་ནས་མ་བཅོས་པ་བརྗོད་པའི་ཐ་སྙད་དང་བྲལ་བའི་ངང་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། མ་བཅོས་པའི་དོན་དམ་པའི་བདེན་པའོ། །འཕྲིན་ལས་སོ་སོའི་འདུལ་ཚད་ནི། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཉིས་སུ་འདུ་ཤེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དེ་སྐད་ཅེས་གསུངས་སོ། །ལས་ཀྱི་རིམ་པར་ཕྱེ་ནས་བསྟན་པ་ལ་ནི་ལས་ཀྱི་རིམ་པ་ཕྱེ་བའི་ལེའུའོ། །བདུད་རྩི་ཐིགས་པ་ཞེས་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱི་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་ལས་ཀྱི་རིམ་པ་ཕྱེ་བ་ལ་སོགས་པ་གསུངས་ཀྱང་དམ་ཚིག་འདི་མ་བསྲུང་ན་འབྲས་བུ་འགྲུབ་པར་མི་འགྱུར་བས་དེ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གསང་བ་འདི་གསུངས་སོ། །ཞེས་བྱ་བ་ནི། མི་འདའ་བའི་ཕྱིར་དམ་ཚིག་སྟེ། རྟོགས་འདུལ་དམ་ཚིག་དེ་སྐད་སྤྲོས། །སྤྲོས་མེད་དབྱིངས་ལ་གཡོས་པ་མེད། །ཅེས་བྱ་བ་གསུངས་སོ། །འདི་ནས་མར་སྤྱིའི་དམ་ཚིག་གསུངས་ཏེ། ཨེ་མའོ་ཞེས་པ་ནི་ངོ་མཚར་བའི་ཚིག་སྟེ། གང་ལ་ངོ་མཚར་ན་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྩ་བ་དང་ཡན་ལག་ཏུ་བཅས་པ་ལ་ངོ་མཚར་བའོ། །སྣ་ཚོགས་ལོག་རྟོག་བསམ་ཡས་ལ་ཞེས་བྱ་བ་ནི། སེམས་ཅན་གྱི་བསམ་པ་ལོག་པར་རྟོག་པ་མི་མཐུན་བསམ་ཡས་པ་ལ། དེ་རྣམས་ཀྱི་རྟོག་པ་འདུལ་བའི་ཕྱིར། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་དེ་སྙེད་ཅིག་སྤྲོས་ཏེ། ཆོས་ཉིད་ཀྱི་དོན་གྱི་ངོ་བོ་ལ་ནི་སྤྲོས་པ་མེད་དེ། ཡང་དག་པའི་དབྱིངས་ལ་གཡོས་པ་མེད་དོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་སྔགས་ཀྱིས་འདུལ་བ་ཆེན་པོ་སྟེ། བསྲུང་བ་མེད་པའི་བསྲུང་བ་ཆེན་པོའི་འོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཞེས་བྱ་བ་ནི་གོང་དུ་གཉིས་མེད་པའི་ཡེ་ཤེས་འདི་ཉིད་དམ་ཚིག་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོ་ག པར་མི་འགྱུར་བའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་སྟེ་དངོས་པོ་མཚན་མས་མི་ཤིགས་པའི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །གྲུབ་ནས་འཇིག་པའི་དུས་མཐའ་མེད། །ཅེས་བྱ་བ་ནི། སྐུའི་དམ་ཚིག་ནི་སྐུར་སྣང་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་སྟེ། བཟང་བ་དང་ངན་པ་དང་། རིང་བ་དང་ཐུང་བ་ལ་ཐ་སྙད་བཏགས་ན་དེ་བཞིན་གཤེགས་པའི་སྐུ་ལ་སྨད་པས་སྐུའི་དམ་ཚིག་ཉམས་པ་ཡིན་ཏེ། དེ་ལྟར་བྱ་བ་མ་ཡིན་ནོ། །གསུང་གི་དམ་ཚིག་ནི་སྒྲར་གྲགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་གསུངས་ཏེ། སྒྲ་སྙན་པ་དང་མི་སྙན་པ་ལ་སོགས་པ་ལ་ཐ་སྙད་བཏགས་ན། དེ་བཞིན་གཤེགས་པའི་གསུང་ལ་སྨད་པས་ན། གསུང་གི་དམ་ཚིག་ཉམས་པས། དེ་ལྟར་བྱ་བ་མ་ཡིན་ནོ། །ཐུགས་ཀྱི་དམ་ཚིག་ནི་གཉིས་སུ་མེད་པ་སྟེ། སྤྲོས་པ་དང་བྲལ་བའོ། །དེ་ལ་ཡོད་མེད་དུ་བརྟགས་ན་སྒྲོ་སྐུར་བཏབ་པ་སྟེ། ཐུགས་ཀྱི་དམ་ཚིག་ཉམས་པས་ཡེ་ནས་མ་བཅོས་པ་དང་། བརྗོད་པ་ལས་འདས་པའི་ངང་ལས་མ་གཡོས་པར་བཞག་པའོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་ལྟར་འགྲུབ་པ་ལ་ནི། འཇིག་པའི་དུས་མཐའ་མེད་དེ། དེའི་ཕྱིར་འགྲུབ་ན་འཇིག་པའི་དུས་མཐའ་མེད་ཅེས་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་དུས་གསུམ་དུ་ཡེ་ནས་གནས་པའི་ཕྱིར། རྡོ་རྗེ་དམ་ཚིག་ལུ་གུ་རྒྱུད་ཅེས་གསུངས་ཏེ། མི་འབྲལ་བའི་ཕྱིར་རོ། །སྐུ་གསུང་ཐུགས་ལས་རྣལ་འབྱོར་པ་དུས་རྟག་ཏུ་མི་འདའ་བས། རྣལ་འབྱོར་དཀའ་ཐུབ་དམ་ཚིག་ཅེས་གསུངས་ཏེ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་གྱི་སྡོམ་པའོ། །རྣལ་འབྱོར་པས་སྐུ་གསུང་ཐུགས་དང་བྲལ་ན། སྲོག་དང་འདྲ་བའི་གཉིས་མེད་པའི་ཡེ་ཤེས་མི་འགྲུབ་པ་དེའི་ཕྱིར། དུ་མ་གཅིག་ཏུ་བསྡུས་པའི་སྲོག་ཅེས་གསུངས་ཏེ། སྤྲོས་པ་དང་བྲལ་བ་སྟེ། བཅོས་མ་མ་ཡིན་པའི་དོན་དམ་པའོ། །ཡན་ལག་དམ་ཚིག་འདའ་བར་དཀའ་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་ན་ཡན་ལག་དམ་ཚིག་ཉམས་ཀྱང་མི་ཉམས་པའི་ཕྱིར། འདའ་བར་དཀའ་ཞེས་གསུངས་པའོ། །དེ་ལྟར་སྤྱིར་བསྟན་ནས། ད་འདི་ནས་མར་ནི། རྩ་བའི་དམ་ཚིག་རྒྱས་པར་བསྟན་པའི་ཕྱིར། རྡོ་རྗེ་བླ་མ་སློབ་དཔོན་ཞེས་པ་ལ་སོགས་པ་བསྟན་ཏེ། རྡོ་རྗེ་བླ་མ་སློབ་དཔོན་ལ་ཞེས་བྱ་བ་ནི། སྐུའི་དམ་ཚིག་བསྟན་ཏེ། སློབ་དཔོན་ནི་བཀའ་གཞན་གྱི་བཅག་པར་བྱ་བ་མ་ཡིན་པའི་ཕྱིར། རྡོ་རྗེ་སྤྱི་གཙུག་བསྐུར་བའི་ཕྱིར་བླ་མའི་མན་ངག་བསྟན་པའི་ཕྱིར། སློབ་དཔོན་དེ་ལ་སློབ་མས་སྲོག་ལ་བབ་ཀྱང་བཀུར་བར་བྱའོ། །དེ་ནས་ཡང་སློབ་དཔོན་གྱི་རིམ་པ་བསྟན་པའི་ཕྱིར། དམ་ཚིག་དབང་དང་ཤེས་རྒྱུད་དང་། མན་ངག་འབྲས་བུ་སློབ་དཔོན་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། དམ་ཚིག་དབང་གི་སློབ་དཔོན་ནི། དང་པོ་བདག་ལ་དབང་བསྐུར་ཞིང་དམ་ཚིག་སྒྲོག་པའི་སློབ་དཔོན་ནོ། །ཤེས་རབ་རྒྱུད་ཀྱི་སློབ་དཔོན་ནི་བདག་གི་རིགས་ལ་སོགས་པ་ཆོས་སྟོན་པ་སྟེ། ཆོས་སྟོན་པའི་སློབ་དཔོན་ནོ། །མན་ངག་འབྲས་བུའི་སློབ་དཔོན་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱི་སྒོ་ནས་ཁུ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྟན་ཅིང་། རང་བཞིན་ལྷན་ཅིག་སྐྱེས་པ་རྟོགས་པར་བྱེད་པའི་སློབ་དཔོན་གསུམ་གྱི་བྱེ་བྲག་དེ་ལ་ཇི་བཀུར་བར་བྱ་བ་ཡིན་ནམ། གཅིག་གི་མཚན་ཉིད་ཡིན་མཉམ་པ་ལ་དེ་བསལ་བར་བྱ་བའི་ཕྱིར། ལྟ་ཞིང་བཀུར་བར་བྱ་བ་ནི། ཕ་དང་མ་དང་མིག་འབྲས་ལྟར། །བཀུར་ཞིང་གཅེས་པར་བྱ་བ་ཡིན། །ཞེས་གསུངས་ཏེ། དམ་ཚིག་དབང་གི་སློབ་དཔོན་ལ། །བཀུར་བར་བྱ་བའི་རིམ་པ་ནི། །འཇིག་རྟེན་ཕ་ལས་གཅེས་པ་མེད་པས་ཕ་བཞིན་དུ་བཀུར་བར་བྱའོ། །ཤེས་རབ་ཀྱི་རྒྱུད་ཀྱི་སློབ་དཔོན་ལ་ནི་འཇིག་རྟེན་ན་ཕ་ལས་གཅེས་ཤིང་གཉེན་པ་མེད་པས་ན། ཕ་བཞིན་དུ་བཀུར་བར་བྱའོ། །མན་ངག་འབྲས་བུའི་སློབ་དཔོན་ལ་ནི། མིག་གི་འབྲས་བུ་ལྟར་བཀུར་བར་བྱའོ། །ཅིའི་སྒོ་ནས་ཀྱང་བཀུར་ཞིང་གཅེས་པར་བྱ་བ་ཡིན་ནོ། །དེའི་ཕྱི་བཞིན་བེའུ་ལྟར་འབྲང་ཞེས་བྱ་བ་ནི། སློབ་དཔོན་གསུམ་ག་ལ་ཡང་སྟེ། ལྷག་པར་ཡང་མན་ངག་སྟོན་པའི་སློབ་དཔོན་དེའི་ཕྱི་ནས་བེའུ་བཞིན་འབྲང་པ་སྟེ་མཐུན་པའི་དཔེའོ། །སྣ་ཚོགས་སྣ་ཚོགས་ཅི་བསྒོ་ནས། །མཉེས་ཤིང་དགོངས་པ་བསྐང་བ་ཡིན་ཞེས་བྱ་བ་ནི། སློབ་དཔོན་གྱི་ཐུགས་ཀ་དང་ཇི་ལྟར་འཚམ་པ་བཞིན་བྱ་བ་ཡིན་ཏེ། མཉེས་པར་བྱ་བའི་ཐ་ཚིག་གོ། །བླ་མ་སྤུན་དང་མིང་སྲིང་ལ། །མན་ངག་བྱ་བའི་སེམས་བོར་ཏེ། །རྡོ་རྗེ་ཐེག་པའི་སྤུན་ཡིན་པས། །གཅིག་ལ་གཅིག་ནི་མིག་བཞིན་ལྟ། །ཞེས་བྱ་བ་ནི། བླ་མའི་སྤུན་ཟླ་དང་རང་གི་ཉལ་རོག་ཕོ་མོ་གང་ཡིན་པ་དེ་ལ་མངན་བྱ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་སེམས་དོར་བར་བྱའོ། །དེ་ལ་མངན་མི་བྱ་བ་ཅི་ཕྱིར་ཞེ་ན། རྡོ་རྗེ་ཐེག་པའི་སྤུན་ཡིན་པས། ཞེས་གསུངས་ཏེ་གསང་སྔགས་རྡོ་རྗེ་ཐེག་པ་སྤུན་ཡིན་པས། དེ་ལ་ནི་མངན་བྱ་བ་ཡང་སྤང་བར་བྱའོ། །འོ་ན་ཇི་ལྟར་བལྟ་ཞེ་ན། གཅིག་ལ་གཅིག་ནི་མིག་བཞིན་བལྟ་ཞེས་གསུངས་ཏེ། གཅིག་ལ་གཅིག་ནི་མིག་གི་ནང་དུ་རྡུལ་སོང་ན་མི་བཟོད་པ་དེ་ལ་རྡུལ་སོང་གི་དོགས་ནས་བསྲུང་བར་ལྟར། གཅིག་ལ་གཅིག་ཉེས་པས་བསྲུང་ཞིང་ལྟ་བར་བྱའོ། །འདི་ནི་སྐུའི་ས་མ་ཡའོ། །ཞེས་བྱ་བ་ནི། འོར་གསུངས་པ་དེ་ནི་སྐུའི་དམ་ཚིག་གོ། །དེ་ནས་ཡང་གསུང་གི་དམ་ཚིག་ནི། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུམ་བྷ་ནི་ཧཱུྃ་ཆེ་གེ་མོ་མ་ར་ཡ་ཕཊ་ཅེས་དབུལ་བར་བྱ་བའོ། །དེ་ནས་ཡང་དྲག་པོའི་གཏོར་མ་བསྟན་པའི་ཕྱིར། ལྕགས་ཕྱེ་དང་འབྲུ་ནག་པོ་ལ་བྱས་པའི་གཏོར་མ་དེ་དྲག་པོའི་དུས་སུ་ཕྲ་མེན་མ་བརྒྱད་དང་། སྲིན་མོའི་ཚོགས་དང་། བདག་ཉིད་ཆེན་མོ་དང་། ས་བདག་ཆེན་མོ་ལ་སོགས་པ་བསྐུལ་ལ་གཏོར་མ་དེ་གཟུགས་ལ་བརྡེག་ཅིང་། གསོད་པའི་ལས་བྱའོ། །ཤ་ཁྲག་སྣ་ཚོགས་ལ་བྱས་པའི་གཏོར་མ་ནི་ལས་ཀྱི་ལྷ་འཁོར་དང་བཅས་པ་ནི་བསྔོས་པས་ལས་ལ་བཏང་ངོ་། །དེ་ནས་ཡང་དཀྱིལ་འཁོར་དུ་ཇི་ལྟར་བྱ་བ་བསྟན་པའི་ཕྱིར། ཨེའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཞེས་ལས་ཀྱིས་འཆེལ་བ་རྣམས་བརླག་པར་གྱུར་པས་དབྱིངས་སུ་རོལ་ཞེས་བྱ་བ་གསུངས་ཏེ། ཨེ་ནི་ཆོས་འབྱུང་བའི་དཀྱིལ་འཁོར་ཏེ། དེའི་གནས་སུ་བཅོམ་ལྡན་འདས་ཁྲག་འཐུང་གི་ཚོགས་གསལ་བར་བསྒོམས་ནས། དེའི་ངང་དུ་ཁམས་གསུམ་གྱི་སེམས་ཅན་ཞེ་སྡང་ལས་ཀྱིས་འཆེལ་བ་རྣམས། ཞལ་དུ་གསོལ་ནས། དངོས་པོའི་ཕུང་པོ་བརླག་པར་བྱ་བ་ནས་ཡང་དག་པའི་ཤེས་པ་ནི་ཡེ་ཤེས་ཀྱི་དབྱིངས་སུ་གསལ་བར་བྱས་ཏེ། བཞུགས་པའི་དོན་དམ་པའི་བདེན་པའོ། །རྫས་ལ་སོགས་པས་འབྲས་བུ་ལོངས་སྤྱོད་མི་བསླུ་བས་བདེན་པ་སྟེ། ཀུན་རྫོབ་བོ། །དེ་ནས་ཡང་བཀྲད་པ་ཡང་བྱ་སྟེ། དུར་ཁྲོད་ཀྱི་རས་མ་ལ་འཁོར་ལོ་རྩིབས་བརྒྱད་བྲིས་པ་དེའི་དབུས་སུ། རྔ་མོའི་གཟུགས་གཅིག་བྲིས་པ་དེ་ལ་གཟས་པ་པོ་གང་ཡིན་པ་སྐྱོན་ལ། དབང་གིས་དགོངས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། གཟུགས་ལ་བསྟིམ་ལ། འཁོར་ལོ་རྩིབས་བརྒྱད་རྣམས་ལ་ཡང་། ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཛ་ཛ་ཞེས་པ་བྲིས་ཏེ། འོག་གི་ཐོད་ཀ་ནས་ གཡོན་བསྐོར་དུ ་བསྐོར་ནས་ཏེ། རྣལ་འབྱོར་པ་ཉིད་ཀྱིས་བཟླས་པའི་སྔགས་དེ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ཀྱང་ཁོའི་ཁང་ཁྱིམ་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་ལ། དེའི་མནར་བཞི་བསྐྱེད་པའི་རྔ་མོའི་མིག་བཞི་རང་དབང་མེད་པར་བསྐྱོད་ནས། ཁྲོ་བོ་ལ་ལས་ནི་རྔ་མོའི་སྣ་ནས་དྲངས་ཏེ་ཁྲིད་ལ་ལས་ནི་ཐོ་བ་དང་རལ་གྲི་དང་དགྲ་སྟ་ཐོགས་ནས་དེད་ནས་འགྲོ་བར་དམིགས་ལ་བསྙེན་པ་ཐོན་པ་དང་། བསྒྲུབ་པ་ལ་འཇུག་སྟེ། འཛབ་གྲངས་ཁྲི་ཐོན་པ་དང་ལས་ལ་སྦྱར་ཏེ། ལས་ཀྱི་དུས་སུ་སྟོང་ཐོན་པ་ཡང་དུར་ཁྲོད་ཀྱིས་མ་ཡལ་བཏུབ་ལ། དབང་གི་ཚུལ་དུ་སྦྱིན་སྲེག་བྱ་སྟེ། བསྐུལ་བའི་སྔགས་བསྐྲད་པའི་སྔགས་ཉིད་ཀྱིས་བྱ་སྟེ། སྦྱིན་སྲེག་ཟིན་པ་དང་། སྒོའི་ཐོན་པའི་འོག་ཏུ་སྦས་ལ་བཞག་གོ། །དེའི་རྗེས་ལ་ལྷོ་ཕྱོགས་ཀྱི་ཁམས་གཤིན་རྗེ་རྒྱལ་པོའི་ཡུལ་དུ་བསྐྱལ་བར་བསམ་སྟེ། གནས་བསྐྱོད་པའི་མན་ངག་གོ། ། དེ་ནས་སྔགས་ཐོན་པ་དང་། རྫས་དེ་སླར་ལ་དབྱུང་བར་བྱའོ། །དེ་ནི་བསྐྲད་པའི་མན་ངག་གོ། །དེ་ནས་ཡང་འཕྲིན་ལས་བསམ་ཡས་པར་ཡོད་པར་བསྟན་པའི་ཕྱིར། ཇི་སྙེད་ཕྲིན་ལས་བསམ་ཡས་ཀུན། །འགྲོ་བ་བསམ་ཡས་བསམ་པ་རྣམས། །ཇི་སྙེད་འདུལ་བའི་ཐབས་ཚུལ་དུ། །བསམ་ཡས་ཕྲིན་ལས་རྣམ་པར་སྤྲོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་བསམ་ཡས་པ་གསུངས་ཤིང་མཛད་པ་ཡང་འགྲོ་བ་རིགས་དྲུག་གི་བསམ་ཡས་ཡོད་པ་དེ་རྣམས་འདུལ་བའི་ཐབས་སམ་མཐུན་པའི་ཚུལ་དུ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལས་ཕྲིན་ལས་བསམ་ཡས་པར་སྤྲོས་པའོ། །དེ་ནས་ཡང་འཕྲིན་ལས་སྤྲོས་པ་དེ་རྣམས་ཡང་དག་པའི་ངང་དུ་ལྷུན་གྱིས་གྲུབ་པར་བསྟན་པའི་ཕྱིར། མཉམ་ཉིད་དབྱིངས་ཀྱི་ངང་ཉིད་ལས། ལས་ཀྱི་བྱེ་བྲག་རྩིས་ལས་འདས། །བྱ་མེད་ངང་དུ་ལྷུན་གྱིས་གྲུབ་ཅེས་གསུངས་ཏེ། མཉམ་པ་ཉིད་ཀྱི་དབྱིངས་གཉིས་སུ་མེད་པ་བསྟན་པའི་ཕྱིར། དང་པོ་ཐ་ཚིག་བཅས་པ་ལྟར། ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དང་པོ་ཐ་ཚིག་བཅས་པ་ལྟར་ཞེས་བྱ་བ་ནི། དང་པོ་དབང་བསྐུར་བའི་དུས་སུ་ཇི་ལྟར་དམ་བཞིན་དུ་སྔགས་རྣམས་དུས་རྟག་ཏུ་རྒྱུན་མི་ཆད་པ་དང་ལྷའི་སྐུ་ཕྱག་རྒྱ་དུས་རྟག་ཏུ་བཅས་པ་ནི་ཐུན་མོང་དང་བཅས་ཐུན་མོང་མ་ཡིན་པའི་དངོས་གྲུབ་འབྱུང་བའི་རྒྱུ་ཡིན་པས་སྔགས་དང་ཕྱག་རྒྱ་འདི་དག་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་དུས་རྟག་ཏུ་བརྟན་པོར་གཟུང་ནས་མི་འབྲལ་བ་ནི་གསུང་གི་ས་མ་ཡ་རུ་སྟོན་པས་བཤད་དོ། །དེ་ནི་གསུང་གི་དམ་ཚིག་གོ། །དེ་ནས་ཡང་ཐུགས་ཀྱི་དམ་ཚིག་བསྟན་པའི་ཕྱིར། ཕྱི་གསང་བཞི་དང་བར་གསང་བཞི། །ཞེས་པ་ལ་སོགས་པ་གསུངས་ཏེ། ཕྱི་གསང་བཞི་དང་བར་གསང་བཞི་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ཕྱག་རྒྱའི་མཚན་ཉིད་རྣམས་ནི་ཕྱི་གསང་བཞིའོ། །བར་གསང་བཞི་ནི། བདེ་བ་ཆེན་པོའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་དང་བཞིའོ། །ཡང་གསང་བར་འོས་པ་དང་ཞེས་བྱ་བ་ནི། དགའ་བ་བཞི་ཡིས་མཚན་ནས་ཡང་དག་པའི་ཡེ་ཤེས་ཉམས་སུ་ལེན་པའི་གསང་བར་འོས་པའོ། །དེ་ལྟ་བུའི་དོན་གཞན་ལ་མ་སྨྲ་ཞིག་ཅེས་དང་སློབ་དཔོན་གྱི་གཉེར་བའི་གསང་བའི་མན་ངག་འབྲས་བུ་རྣམས་གཞན་དང་གཞན་དག་འདི་ལྟ་བུ་ཡིན་ནོ། །ཞེས་སྣོད་ངན་པ་ཕལ་ལ་མི་སྤེལ་བ་འདི་ནི་ཐུགས་ཀྱི་ས་མ་ཡའོ། །དེ་ལྟ་བུ་སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི་ནི། ཁམས་གསུམ་དུ་འཇིག་པའི་དུས་མཐའ་མེད་དེ། བསྲུང་བར་བྱ་བའོ། །སྤྱིར་ས་མ་ཡ་ནི་རྡོ་རྗེ་སྟེ་ཞེས་གསུངས་སོ། །དེ་དག་ཉམས་པར་གྱུར་ན་ནི། །རྩ་བ་ཉམས་ཏེ་རིགས་རླག་འགྱུར། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དེ་ཉམས་པར་གྱུར་ན། རྩ་བའི་དམ་ཚིག་ཉམས་ཏེ། འབྲས་བུ་དེ་བཞིན་གཤེགས་པའི་རིགས་བརླག་པར་འགྱུར་རོ། །དེ་ནི་ཉམས་པའི་སྐྱོན་ནོ། །དེ་ནས་ཡང་ཕ་རོལ་པའི་དམ་ཚིག་ཉམས་པའི་རྣལ་འབྱོར་པའི་སྐྱོན་བསྟན་པར་བྱ་སྟེ། དེའི་ཕྱིར་ཉམས་འགྱུར་ཉེས་པ་བརྗོད་མི་ལོང་ཞེས་བྱ་བ་གསུངས་ཏེ། ཕ་རོལ་པོས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ན་དེའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། དེ་ནི་རྩ་བའི་དམ་ཚིག་ཉམས་པ་ཡིན་པས་དམ་ལ་གནས་པའི་རྣལ་འབྱོར་པ་དེ་དང་ཉམས་པ་གཉིས་སྐད་ཅིག་ཙམ་ཡང་ཡུད་ཙམ་ཡང་སྨྲ་བར་མི་བྱའོ། །སྨྲས་ན་སྐྱོན་ཅི་ཡོད་ཅེ་ན། དེ་བསྟན་པར་བྱ་བའི་ཕྱིར། སྨྲས་ན་འབྲས་བུ་ཉམས་པར་འགྱུར་ཞེས་གསུངས་ཏེ། སྨྲས་པས་ཉིད་ཀྱིས་རྩ་བའི་དམ་ཚིག་ཉམས་པར་འགྱུར་རོ། །དེ་ནས་ཡང་ཡན་ལག་གི་དམ་ཚིག་བསྟན་པའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་དང་། ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཆེན་པོ་ནི། །བདེར་གཤེགས་ལྔའི་རང་བཞིན་པས་ཞེས་བྱ་བ་ནི། འདོད་ཆགས་ནི་འདོད་ཅིང་ཆགས་པ་སྟེ། དེ་སྤངས་ན་གྲོལ་བ་མ་ཡིན། འདོད་ཆགས་ཀྱི་མཚན་ཉིད་ནི། གཉིས་སུ་མེད་པའི་ཡེ་ཤེས་འདོད་ཅིང་། ཆོས་ཉིད་ལ་ཆགས་པས་རྣམ་པར་དག་སྟེ། འོད་དཔག་མེད་ཀྱི་རང་བཞིན་པས་མི་སྤང་ངོ་། །ཞེ་སྡང་ནི་ཕ་རོལ་ཞེ་སྡང་བ་དེ། དེ་སྤངས་པས་གྲོལ་བ་ནི་མ་ཡིན་ཏེ། ཞེ་སྡང་གི་མཚན་ཉིད་ནི། ཕྱིན་ཅི་ལོག་གི་ཉོན་མོངས་པ་ལ་ཞེ་སྡང་ཞིང་མེད་པར་བྱེད་པས་ཞེ་སྡང་རྣམ་པར་དག་པ་སྟེ། མི་བསྐྱོད་པའི་རང་བཞིན་པས་མི་སྤང་ངོ་། །གཏི་མུག་ནི་མི་ཤེས་ཤིང་ཚོར་བ་མེད་པ་སྟེ། དེ་སྤངས་ནས་གྲོལ་བ་མ་ཡིན་ཏེ། གཏི་མུག་གི་མཚན་ཉིད་ནི་ཕྱིན་ཅི་ལོག་གི་རྟོག་པ་གང་ཡང་འབྱུང་བ་མ་ཡིན་ཞིང་། ཤེས་པ་དང་བརྗོད་པ་ལས་འདས་ཤིང་བྲལ་བས་ན་གཏི་མུག་རྣམ་པར་དག་པ་སྟེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་པས་མི་སྤང་བ་དང་། ང་རྒྱལ་ནི་མ་རིགས་པས་སྨྲ་བ་སྟེ། དེ་ཡང་སྤང་ནས་གྲོལ་བ་མ་ཡིན་ཏེ། ང་རྒྱལ་གྱི་མཚན་ཉིད་དེ་ནི། ཆོས་ཉིད་གཉིས་སུ་མེད་པའི་དོན་ལ་གནས་ཤིང་། ཕྱི་ཅི་ལོག་གི་དོན་ལ་ཉོན་མོངས་པ་ནི་མི་གནས་པས་ང་རྒྱལ་བ་སྟེ། ང་རྒྱལ་རྣམ་པར་དག་པ་སྟེ་རིན་ཆེན་འབྱུང་ལྡན་ཀྱི་རང་བཞིན་པས་མི་སྤང་བ་དང་། ཕྲག་ནི་གཞན་གྱི་ཡོན་ཏན་ཕྲག་དོག་སྟེ། དེ་སྤང་ནས་གྲོལ་བ་མ་ཡིན་ཏེ། ཕྲག་གི་མཚན་ཉིད་ནི། ཆོས་ཀྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས། སྤྲོས་པ་མེད་པར་ཕྲག་དོག་སྟེ། ཕྲག་དོན་རྣམ་པར་དག་པས་གདོན་མི་ཟ་བར་འགྲུབ་པའི་རང་བཞིན་བས་མི་སྤང་བ་སྟེ། དེའི་ཕྱིར་ཆེན་པོ་ཞེས་གསུངས་ཏེ། ཆུང་ངུ་རྣམ་པར་དཀར་བའོ། །དེ་ནི་མི་སྤང་བའི་དམ་ཚིག་ལྔའོ། །དེ་ནས་ཡང་དོར་བར་མི་བྱ་བའི་དམ་ཚིག་བསྟན་པའི་ཕྱིར། ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དབང་བའི་རྒྱུ་སྟེ་བདུད་རྩི་སྤོས། དོར་བར་མི་བྱ་ས་མ་ཡ་ཧོ། །ཞེས་གསུངས་ཏེ། ཤ་ཆེན་དང་བཤང་བ་དང་། གཅི་བ་དང་ཁུ་བ་དང་། ཁྲག་ལྔ་ནི་རྣམ་པར་རྟོག་པས་མི་གཙང་བ་དང་། སོགས་པས་བདུད་རྩི་སྟེ་དེ་ལས་ཟློག་པའི་ཕྱིར། དག་པའི་རྒྱུ་སྟེ་བདུད་རྩི་དངོས་ཞེས་གསུངས་ཏེ། ཤ་ཆེན་ལ་སོགས་པ་ལྔ་ནི་ཡེ་ནས་རྣམ་པར་དག་པའི་ཡེ་ཤེས་ལྔའི་དངོས་པོ་སྟེ། དེ་རྣམ་པར་རྟོག་པའི་བདུད་ལས་ཟློག་ནས་བདུད་རྩི་ཡེ་ཤེས་ལྔའི་རང་བཞིན་ཏེ། མི་གཙང་བ་དེ་ནས་དོར་བར་བྱ་བ་མ་ཡིན་ཏེ། ཡེ་ཤེས་ལྔའི་རང་བཞིན་པས་དོར་བར་མི་བྱ་བའི་ས་མ་ཡའོ། །དེ་ནི་དོར་བར་མི་བྱ་བའི་དམ་ཚིག་ལྔའོ། །དེ་ནས་སྤྱད་པར་བྱ་བའི་དམ་ཚིག་བསྟན་པའི་ཕྱིར། རྫུན་དང་ཚིག་རྩུབ་སྨྲ་བ་དང་། སྦྱོར་དང་སྒྲོལ་བའི་དམ་ཚིག་ནི། བདེར་གཤེགས་ལྔའི་མཛོད་སྤྱོད་པས། །རྟག་ཏུ་སྤྱོད་པའི་དམ་ཚིག་གོ། །ཞེས་གསུངས་ཏེ། བརྫུན་ནི་ཆོས་ཉིད་དངོས་པོ་མེད་པའི་རང་བཞིན་ལ། འདི་ལྟ་བུ་ཡིན་ནོ་ཞེས་དྲང་བའི་དོན་དུ་སྟོན་པའི་རྫུན་ཏེ། མི་སྤྱོད་པའི་མཛད་པ་ཡིན་པས་རྣལ་འབྱོར་པས་ཀྱང་སྤྱོད་པར་བྱ་བ་ཡིན་པ་དང་། ཚིག་རྩུབ་པ་ནི་འདི་ལྟར་སྣང་བ་ཐམས་ཅད་འཁྲུལ་པ་ཡིན་ཏེ། ཡོད་པ་མ་ཡིན་ནོ། །ཞེས་འབྱུང་བ་ནི། ཚིག་རྩུབ་མོ་སྟེ་རྣམ་པར་སྣང་མཛད་ཀྱི་མཛད་སྤྱོད་ཡིན་པས། རྣལ་འབྱོར་པས་ཀྱང་སྤྱད་པར་བྱ་བ་ཡིན་པ་དང་། རྐུ་བ་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པའི་རང་བཞིན་འོད་གསལ་བ་དེ་ནི་རིན་པོ་ཆེ་འདྲ་བ་ཡིན་པ་འདི་ནི་རྟོགས་པ་བྱ་བ་ཡིན་ཞིང་འདི་ནི་ཉམས་སུ་བླང་བའོ། །ཞེས་ཕྱིན་ཅི་ལོག་ཐམས་ཅད་ཡང་དག་པའི་དབྱིངས་སུ་རྐུ་བ་ནི། རིན་ཆེན་འབྱུང་ལྡན་གི་མཛད་སྤྱོད་དེ། རྟག་ཏུ་རྣལ་འབྱོར་པས་སྤྱོད་པར་བྱའོ། །སྦྱོར་བ་ནི་འདི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་ལྷ་དང་ལྷ་མོའི་ངང་དུ་འབྱོར་ལ། དོན་དམ་པར་སྐྱེ་བ་མེད་པའི་ངང་དུ་འབྱོར་པ་ནི། འོད་དཔག་ཏུ་མེད་པའི་མཛད་སྤྱོད་དོ། །རྣལ་འབྱོར་པས་རྟག་ཏུ་སྤྱད་པར་བྱའོ། །སྒྲོལ་བ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྣམ་པར་རྟོག་པས་བཅིངས་པ་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་སྒྲོལ་ལ། སྐྱེ་བ་མེད་ཅེས་བྱ་བ་དེ་ཡང་མི་གནས་པར་སྒྲོལ་བ་ནི། གདོན་མི་ཟ་བར་འགྲུབ་པའི་མཛད་སྤྱོད་དོ། །རྣལ་འབྱོར་པས་དུས་རྟག་ཏུ་སྤྱད་པར་བྱ་བའི་ཕྱིར། བདེ་བར་གཤེགས་པ་ལྔའི་མཛད་སྤྱོད་པས་རྟག་ཏུ་སྤྱད་པའི་དམ་ཚིག་གོ། །ཞེས་གསུངས་ཏེ། དེ་ནི་སྤྱད་པར་བྱ་བའི་དམ་ཚིག་ལྔའོ། །མི་སྤང་མི་དོར་སྤྱོད་པར་བྱ་ཞེས་བྱ་བ་ནི། ཉོན་མོངས་པ་ལྔ་བདེ་བར་གཤེགས་པ་ལྔའི་རང་བཞིན་པས། མི་སྤང་བ་དང་། བདུད་རྩི་ལྔ་ཡེ་ཤེས་ཀྱི་རང་བཞིན་པས་མི་དོར་བ་དང་། བརྫུན་དང་ཚིག་རྩུབ་ལ་སོགས་པ་བདེ་བར་གཤེགས་པའི་མཛད་སྤྱོད་ཡིན་པས། སྤྱད་པར་བྱ་བའོ། །ཡན་ལག་བཅོ་ལྔའི་དམ་ཚིག་ནི། །ཞེས་བྱ་བ་ནི། མི་སྤང་བར་བྱ་བའི་དམ་ཚིག་ལྔ་དང་། མི་དོར་བར་བྱ་བའི་དམ་ཚིག་ལྔ་དང་། སྤྱད་པར་བྱ་བའི་དམ་ཚིག་ལྔ་སྟེ་བཅོ་ལྔའོ། །སྲོག་གི་ཕྱིར་ཡང་མི་གཏོང་ཞེས་བྱ་བ་ནི། རང་ལ་ཕན་པའི་སྲོག་ཡིན་ཏེ། སྲོག་མ་ཆད་ན་མི་འཆི་བ་དང་འདྲ་བར་གཉིས་མེད་པའི་ཡེ་ཤེས་ཏེ། རྟོག་ཤིང་ཁོང་དུ་ཆུད་ནས་སྐྱེ་བ་མེད་པའི་དབྱིངས་རྣམ་པར་དག་སྟེ། དེ་ལ་འཆི་བ་ག་ལ་ཡོད་དེ། འབྲས་བུ་དེ་ཐོབ་པ་བྱ་བའི་ཕྱིར་མི་བཏོང་། གང་མི་གཏང་ཞེ་ན། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་ཏུ་ནི་གཉིས་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་གཞིའམ་རྨང་ཡིན་པའི་ཕྱིར་ན་མི་བཏང་བའོ། །བཏང་ན་སྐྱོན་ཅི་ཡོད། དེ་བསྟན་པའི་ཕྱིར། བཏང་ན་འབྲས་བུ་ག་ལ་འབྱུང་ཞེས་གསུངས་ཏེ། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་མེད་ཅིང་མ་བསྲུངས་ན། སྲོག་དང་འདྲ་བའི་འབྲས་བུ་ག་ལ་འབྱུང་སྟེ། མི་འབྱུང་སྟེ་བརླག་པར་འགྱུར་བའི་ཐ་ཚིག་གོ། །དེའི་ཉེས་པ་བརྗོད་ལས་འདས་ཞེས་པ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་ཉམས་པའི་ཉེས་པ་ནི། བརྗོད་པ་ལས་འདས་ཏེ་བརླག་པར་འགྱུར་བའི་ཐ་ཚིག་གོ། །དེ་ནས་ཡང་དམ་ཚིག་ཉམས་པ་དེ་ཐུགས་རྗེས་མ་གཟུང་ན་དམྱལ་བར་འགྲོ་བས། དེ་ཐུགས་རྗེས་གཟུང་བའི་ཕྱིར། སྙིང་ནས་སློབ་དཔོན་སྨོད་པ་དང་། །ཞེས་པ་ལ་སོགས་པ་བསྟན་ཏེ། སྙིང་ནས་སློབ་དཔོན་སྨོད་པ་དང་། །ཞེས་བྱ་བ་ནི། དང་པོ་ཤེས་པ་སློབ་བུའི་དུས་ན་སློབ་དཔོན་དེ་ལ་ཁ་འཇམ་དང་། སྤྱོད་པ་ལེགས་མོས་འདྲིས་པར་བྱེད་ཅིང་། ཤེས་པ་ལོབས་ནས་སློབ་དཔོན་དེ་ཡིས་བྱ་བ་མེད་པའི་སྤྱོད་པ་བྱེད་ཅིང་། ཆོས་དང་སློབ་དཔོན་དེ་ལས་མ་འོངས་བར་གཞན་ལ་འོང་བ་བསྐུར་ཟེར་ཞིང་རང་གི་ཤེས་པ་ལས་སློབ་དཔོན་གྱིས་མི་ཤེས་པ་སྐད་ཟེར་བ་ནི། སྙིང་ནས་སློབ་དཔོན་སྨོད་པ་དང་། དེ་མ་བསྒྲལ་ན་མནར་མེད་དུ་ལྷུང་བའོ། །སངས་རྒྱས་བསྟན་པ་ལ་གནས་པ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ལ་གནས་པར་བྱས་ནས། སྤྱོད་པ་ཕྱིན་ཅི་ལོག་བཞི་བྱེད་ཅིང་རྫུན་དང་རྐུ་བ་དང་སྒྱུ་དང་གཡོ་ལ་སོགས་པ་དེ་ནི་ཐུགས་རྗེས་མ་གཟུང་ན། མནར་མེད་པར་ནི་ལྷུང་བའོ། །ཐེག་པ་ཆེན་པོ་སྨོད་པ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆུང་ངུ་ལ་གནས་པར་བྱས་ནས། ཐེག་པ་ཆེན་པོའི་ནང་ནས་ཀྱང་། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་སྨོད་པ་ནི། མནར་མེད་པའི་དམྱལ་བར་འགྲོ་བས། དེ་ཐུགས་རྗེས་གཟུང་བའོ། །སེམས་ཅན་ཡོངས་ལ་གནོད་དང་ཞེས་བྱ་བ་ནི། དང་པོ་སངས་རྒྱས་ཀྱི་བསྟན་པ་ལ་དད་ཅིང་ཞུགས་ནས། ཕྱིས་དེ་ལས་ནི་ལོག་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཡང་སྨད་སེམས་ཅན་ཡོངས་ལ་འཚེ་བར་བྱེད་པའི་གང་ཟག་དེ། མནར་མེད་པར་ལྷུང་བ་སྟེ། དེ་ཐུགས་རྗེས་གཟུང་བའོ། །རྣལ་འབྱོར་སྤྱོད་པའི་དགྲར་འགྱུར་ཞེས་བྱ་བ་ནི། ཆོས་འཁོར་གཉེན་པོ་བཤིག་པ་དང་། དབེན་རིས་གཉེན་པོ་འཇོམས་པ་དང་། གཙུག་ལག་ཁང་གི་དཀོར་རྐུ་བ་དགེ་འདུན་པའི་བར་དུ་དབྱེན་འཛུད་པ་ལ་སོགས་པ་སྟེ། དེ་ནི་རྣལ་འབྱོར་སྤྱི་དགྲ་ཡིན། དེ་ལྟ་བུའི་རིགས་རྣམས་ལ་མྱུར་དུ་བསྒྲིམ་སྟེ་མ་བསྒྲལ་ན། རྩ་བ་དང་ཡན་ལག་ཏུ་བཅས་པའི་རྡོ་རྗེའི་ཚིག་ཉམས་པས་ན། རྣལ་འབྱོར་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས། གྲིམས་ཕྱུང་ལས་སྔགས་དང་ཕྱག་རྒྱའི་ཤུགས་ཀྱིས་བསྒྲལ་བར་བྱའོ། །དེ་ལྟར་བསྒྲལ་ན་ཡང་དག་པའི་གནས་དང་འཕྲད་པ་དེ་ནི། ཐུགས་རྗེས་གཟུང་ངོ་། །དེ་ནས་ཡང་དམ་ཚིག་གི་ཡོན་ཏན་བསྟན་པའི་ཕྱིར། དམ་ཚིག་འདི་ནི་སྨད་པོ་ཆེ་ཞེས་པ་ལ་སོགས་པ་གསུངས་ཏེ། དམ་ཚིག་འདི་ནི་སྨད་པོ་ཆེ་ཞེས་བྱ་བ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་འདི་ནི་ཡང་དག་པའི་ཡེ་ཤེས་བསྒྲུབ་པའི་གཞི་ཡིན་པའི་ཕྱིར་ན་སྨད་བོ་ཆེ་སྟེ། དེའི་ཕྱིར་སངས་རྒྱས་བསྒྲུབ་པའི་རྒྱུ་དང་བཞི། ཞེས་གསུངས་པ་ཡིན་ནོ། །དེ་ནས་ཡང་དམ་ཚིག་གི་ངོ་བོ་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་གསུངས་ཏེ། དམ་ཚིག་གི་ངོ་བོ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ། མ་བཅོས་པའི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི། དམ་ཚིག་གི་ངོ་བོའོ། །དེ་ནས་ཡང་དམ་ཚིག་བསྲུངས་བའི་ཡོན་ཏན་བསྟན་པའི་ཕྱིར། དམ་ཚིག་ནས་རྣམས་མ་བཏང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་གི་གནས་རྣམས་བསྲུང་ཞིང་མི་གཏོང་བའི་རྣལ་འབྱོར་པ་དེ་ནི། ལེགས་པའི་ཡོན་ཏན་བརྗོད་ཀྱི་མི་ལང་བ་འབྱུང་སྟེ། སངས་རྒྱས་ཀྱི་རྒྱུ་ལ་གནས་པས་ན། སངས་རྒྱས་ཉིད་འདྲ་བར་འགྱུར་རོ། །ཞེས་གསུངས་སོ། །དངོས་གྲུབ་གཞན་ལྟ་ཅི་སྨོས་དགོས་ཞེས་བྱ་བ་ནི། རྩ་བ་དང་ཡན་ལག་ཏུ་བཅས་པའི་དམ་ཚིག་བསྲུངས་ན་སངས་རྒྱས་དང་འདྲ་བར་འགྱུར་ན་གཞན་གྱིས་དངོས་གྲུབ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་ཐོབ་པའི་ཕྱིར་ཡེ་ནས་ནན་ཏན་བསྐྱེད་དེ། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་། ཞེས་སྟོན་པ་དང་དཔལ་ཀུན་ཏུ་བཟང་པོ་གསུངས་སོ། །དམ་ཚིག་རིམ་པར་ཕྱེ་ནས་སྟོན་པ་ལ་དམ་ཚིག་རིམ་པར་ཕྱེ་བའི་ལེའུའོ། །བདུད་རྩི་ཐིགས་པ་ཞེས་བྱ་བ་རྒྱ་ཆེར་བཤད་པ་ལས། བདེན་པ་གཉིས་ཀྱིས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ལྟར་དམ་ཚིག་ལ་སོགས་པ་བསྟན་ཀྱང་དོན་བསྡུས་ནས་སོ་སོའི་དོན་རེ་རེ་ལ་གོལ་དུ་དོགས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྟན་ཏེ། དེ་ཡང་སྔོན་ལ་གོང་དུ་གསུངས་པའི་ལེའུ་བཅུ་གཉིས་ཡན་ཆད་ཀྱི་དོན་ལ་ངམ་ཤིང་སྟོན་པ་ལ་ཡི་རང་བསྟན་པའི་ཕྱིར། ཡིད་ཀུན་ཏུ་བཟང་པོ་ལ་སོགས་པ་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་རང་རང་གི་བསམ་པ་རངས་པར་གྱུར་ཏེ། ཞེས་བྱ་བ་ནི་འཁོར་ཐམས་ཅད་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་མངོན་དུ་གྱུར་ནས། སྟོན་པ་ལ་འཁོར་རྣམས་ཀྱིས་གཙུག་གི་འདུས་པས་རྣལ་འབྱོར་མཆོག་གི་ཚུལ་དུ་ཕྱག་བྱ་བ་སྟེ། བཅོམ་ལྡན་འདས་ཀྱི་སྐུ་གསང་བ་གསུང་གསང་བ་ཐུགས་གསང་བར་བཞུགས་པའི་བདག་པོ་ལ་འཁོར་རྣམས་ཀྱིས་མདུན་གྱིས་ལྟས་ཏེ། སྟོན་པ་ལ་ངོ་མཚར་ནས་རྨད་དུ་བྱུང་བའི་ཚིག་གིས་འོག་ནས་འབྱུང་བ་འདི་སྐད་ཅེས་བསྒྲགས་སོ། །ཨེ་མའི་ངོ་མཚར་རྨད་དུ་བྱུང་བའི་མཉམ་ཉིད་དབྱིངས་མཆོག་ནས། ཐུགས་རྗེ་ཆེན་པོ་གསལ་ལ་མ་འདྲེས་པ་ཀུན་ཏུ་ཁྱབ་པར་བརྡལ་ཞེས་བྱ་བ་ནི། རྨད་དུ་བྱུང་བའི་ཆོས་ཉིད་མ་བཅོས་པའི་དབྱིངས་ཉིད་ནས་ཁམས་གསུམ་གྱི་སེམས་ཅན་གྱིས་དག་པའི་ཆོས་ཉིད་མ་རྟོགས་པ་ལས་ཐུགས་རྗེ་ཆེན་པོས་ལྟ་བ་དང་སྤྱོད་པ་དང་དམ་ཚིག་ལ་སོགས་པ་སོ་སོར་གསལ་ཞིང་མ་འདྲེས་པར་བསྟན་ཅིང་ཀུན་ཏུ་ཁྱབ་བརྡལ་བའི་ཕྱིར། སྐུ་དང་གསུང་དང་ཐུགས་ཡོན་ཏན་འཕྲིན་ལས། ཕྱག་རྒྱའི་དཀྱིལ་འཁོར་བརྗོད་མི་ལང་ཞེས་གསུངས་ཏེ། སྐུའི་དཀྱིལ་འཁོར་ལ་ཡང་གསུམ། གསུང་གི་དཀྱིལ་འཁོར་ལ་ཡང་གསུམ། དེ་བཞིན་དུ་ཐུགས་དང་ཡོན་ཏན་ཕྲིན་ལས་ལ་ཡང་གསུམ་གསུམ་སྟེ། ཕྱག་རྒྱའི་དཀྱིལ་འཁོར་བརྗོད་མི་ལོང་བ་ཞིག་གསུངས་པ་ཡང་འགྲོ་བ་རིགས་དྲུག་གི་བསམ་པ་མི་མཐུན་པ་བསམ་ཡས་པ་ཡོད་པའི་ཆེད་དུ་སྟེ། དེའི་བསམ་པ་རྣམས་རློག་པའི་ཕྱིར། ཕྱག་རྒྱའི་དཀྱིལ་འཁོར་བསམ་ཡས་པ་ཞིག་གསུངས་སོ། །དེ་ལྟར་ཐུགས་རྗེ་ཆེན་པོས་འགྲོ་བ་རྣམས་གཟུང་བའི་ཕྱིར། འགྲོ་བ་བསམ་ཡས་རྣམ་རྟོག་དེ་སྙེད། ཐུགས་རྗེས་ཕྱོགས་པ། ཨེ་མའོ་ངོ་མཚར་ཆེའོ། །ཞེས་གསུངས་སོ། །དེ་ནས་ཡང་སྟོན་པའི་བྱིན་རླབས་ལས་དོན་དམ་ཀུན་རྫོབ་གཉིས་ལ་ངོ་མཚར་བར་བསྟན་པའི་ཕྱིར། ཨེ་མའོ་རྨད་དུ་བྱུང་བའི་ཆོས། ནམ་མཁའ་དང་ནི་མཉམ་པ་ལས། སྒྱུ་འཕྲུལ་རྣམ་པར་འཕྲུལ་བ་རྣམས། ཀུན་རྫོབ་ཙམ་དུ་བསྟན་པ་མཐར་ཞེས་བྱ་བ་ནི། སྟོན་པའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལས། སྐུའི་དཀྱིལ་འཁོར་ལ་སོགས་སྒྱུ་འཕྲུལ་རྣམ་པར་འཕྲུལ་བ་བསམ་ཡས་པ་རྣམས། དོན་དམ་པ་ཆོས་ཉིད་ལས་མ་གཡོས་ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་བསྟན་པ་ངོ་མཚར་ཆེའོ་ཞེས་འཁོར་རྣམས་ཀྱིས་སྟོན་པ་ལ་ཆེད་དུ་གླེངས་སོ། །དེའི་ཚེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ནི། བརྗོད་དུ་མེད་པའི་དགོངས་པ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ལ་དགོངས་ནས་ཅང་མི་གསུངས་པར་བཞུགས་སོ། །དེ་ནས་ཡང་སྡུད་པ་པོ་སྟོན་པ་ལ་དོན་བསྡུས་པར་གསོལ་བ་བཏབ་པར་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་གསོལ་བ་བཏབ་བོ་ཞེས་བྱ་བར་འབྲེལ་ཏེ། གསོལ་བ་བཏབ་པའི་ཚིག་ནི། བཅོམ་ལྡན་འདས་ཞེས་བོས་ནས། བསྒོ་བར་གསོལ་བ་བཏབ་པའོ། །དེ་ནས་ཡང་སྟོན་པས་གོང་དུ་གསུངས་པའི་དོན་ཀུན་མདོར་བསྡུས་ནས་བཤད་པར་གནང་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་བྱ་བར་འབྲེལ་ཏོ། །གསུངས་པའི་ཚིག་ནི་འདི་སྟེ། སེམས་དཔའ་ཆེན་པོ་ཞེས་བོས་ནས་ལུས་ངག་ཡིད་གསུམ་གྱིས་ཉོན་ཅིག་ཅེས་གནང་བ་གསོལ་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆོས་ཀྱི་དོན་འདི་ཉིད་སྟོན་པ་ངས་གསུངས་དོན་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །ཞེས་གསུངས་ཏེ། བཤད་པའི་གསུངས་ནི་འདིའོ། །ཨེ་མའོ་ཆོས་རྣམས་ཐམས་ཅད་སེམས་ཀྱི་འཁྲུལ་པ་སྟེ། སེམས་ལས་མ་རྟོགས་ཆོས་འགའ་ཙམ་ཡང་ཡོད་དམ་ཡིན་ཞེས་བྱ་བ་ནི། ཕྱི་དང་ནང་དུ་སྣང་བའི་ཆོས་ཐམས་ཅད་ནི། ཚེ་རབས་ཐོག་མ་མེད་པའི་དུས་ནས་རྟོག་པའི་དབང་གིས། བརྟག་པའི་ངོ་ལ་འཁྲུལ་བར་སྣང་བ་སྟེ། ཆོས་སུ་སྣང་བ་ཡང་ནང་གི་ཤེས་པ་ཉིད་སྣང་བ་ལས་མ་གཏོགས་པ། ཡུལ་ལོག་ཞིག་ན་གྲུབ་པ་མེད་དོ། །བར་བསྟན་པའི་ཕྱིར། སེམས་ལས་མ་གཏོགས་ཆོས་འགའ་ཙམ་ཡང་ཡོད་མ་ཡིན་ཞེས་གསུངས་སོ། །དེ་ནས་ཡང་སྟོན་པས་དཀྱིལ་འཁོར་ལ་སོགས་པ་གསུངས་པ། དེ་ཡང་འཁྲུལ་པའི་ངོ་ལ་སྣང་གི་ཡང་དག་པའི་བློ་ཅན་ལ་མི་སྣང་བར་བསྟན་པའི་ཕྱིར། འཁྲུལ་པ་བཟློག་ཕྱིར་རྒྱལ་བས་ཆོས་སྟོན་པ། དེ་སྒྱུ་འཕྲུལ་སྒྱུ་འདྲ་འཁྲུལ་པ་སྣང་། ཞེས་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་གྱི་ཡེ་ནས་མེད་པའི་རང་བཞིན་པ་ལ། སེམས་འཁྲུལ་པའི་དབང་གིས་མཚན་མར་གཟུང་བ་དེ་ལ་བཟློག་པའི་ཕྱིར། ལྷའི་དཀྱིལ་འཁོར་སྒྱུ་མ་ཙམ་དུ་བསྟན་ཏེ། རགས་པའི་མཚན་མ་མི་གནས་པར་བྱ་བའི་ཕྱིར་བསྟན་ཏོ། །ལྷའི་དཀྱིལ་འཁོར་སྒྱུ་མ་འདྲ་བ་སྟོན་པའི་དེ་ཉིད་ཀྱང་འཁྲུལ་བ་ལ་སྣང་བར་ཟད་ཀྱི་ཡང་དག་པའི་ཤེས་པ་ནི་སྣང་བ་མེད་དོ། །འཁྲུལ་དང་འཁྲུལ་ལ་སྣང་བའི་ཆོས་རྣམས་ཀུན། རང་གི་སེམས་ཡིན་སྣང་བར་ཟད་ཅེས་བྱ་བ་ནི། ཕྱིའི་ཡུལ་མེད་པ་ལ་འཁྲུལ་པ་ཡོད་པས་བཟུངས་བས་འཁྲུལ་བ། དེ་ལས་ཟློག་ན་ལྷའི་དཀྱིལ་འཁོར་དུ་སྟོན་པ་དེ་ཡང་འཁྲུལ་པ་ལ་སྣང་བ་ཡིན་ཏེ། དེ་ལྟར་སྣང་བའི་ཆོས་རྣམས་ཀུན་རང་གི་སེམས་ཉིད་ཡིན་ཏེ་སེམས་ཉིད་སྣང་བ་ལ་མ་གཏོགས་པ་ཡུལ་ལོག་ཞིག་ན་སྣང་རྒྱུ་མེད་པའོ། །དེ་ནས་ཡང་སེམས་ཉིད་མ་གྲུབ་པ་བསྟན་པའི་ཕྱིར། སེམས་ཀྱི་རང་བཞིན་དངོས་པོ་མ་གྲུབ་སྟེ། སྔ་ཕྱི་གསེས་ནས་རང་བ ཞིན་ཡོངས་ཀྱིས་མེད་ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་དེ་དངོས་པོར་གྲུབ་པ་མ་ཡིན་ཏེ། སྐད་ཅིག་མ་སྔ་ཕྱིས་གསེས་པས་སྔ་མ་ནི་འགགས། ཕྱི་མ་ནི་མ་བྱུང་། ད་ལྟ་ནི་མི་གནས་པས། རང་བཞིན་མེད་པར་གྱུར་པས་ནང་གི་སེམས་དངོས་པོར་མ་གྲུབ་པའོ། །དེ་ནས་ཡང་སེམས་མ་གྲུབ་ཅེས་བྱ་བ་དེ་ལ་མི་གནས་པ་བསྟན་པའི་ཕྱིར། གཟོད་ནས་མ་སྐྱེས་ཡེ་ནས་རྣམ་པར་དག །ཡི་གེ་མེད་ཅིང་སྒྲ་དང་ཐ་སྙད་བྲལ་ཞེས་གསུངས་པ་ཡིན་ཏེ། སེམས་མ་གྲུབ་པ་དེ་ཡང་སེམས་ཡོད་པ་ལས་རྐྱེན་གྱིས་བྱས་ནས་མེད་པ་ནི་མ་ཡིན་གཟོད་མ་ནས་མ་སྐྱེས་ཤིང་ཡེ་ཕྱི་མོ་ནས་རྣམ་པར་དག་པ་སྟེ། རྣམ་པར་དག་པ་དེ་ལ་ཡི་གེས་བརྗོད་པ་མེད་ཅིང་། ཚིག་གི་སྒྲ་དང་ཐ་སྙད་དང་བྲལ་བའོ། །དེ་ནས་ཡང་སྒྲ་དང་ཐ་སྙད་དང་བྲལ་ཞེས་པ་ནི། སྟོང་པ་ཉིད་དེ་སྟོང་པ་ཉིད་ཅེས་པ་དེ་ཉིད་བརྟགས་པ་སྟེ། དེ་ལས་ཀྱང་འདས་པར་བསྟན་པའི་ཕྱིར། སྟོང་པའི་སྤྱོད་པའི་སྤྱོད་པ་ཉིད་དེ་སྟོང་པའི་ཡུལ་ལས་འདས། ཞེས་གསུངས་ཏེ། སྟོང་པའི་སྟོང་པ་ནི་སྟོང་པའི་ཡུལ་ཏེ་དེ་ལ་ཡང་མི་གནས་ཏེ། མི་གནས་པའི་ཡེ་ཤེས་ཆེན་པོ་མཐར་ཕྱིན་པའི་མན་ངག་སྟེ། བཅོས་མ་མ་ཡིན་པའི་དོན་དམ་པའོ། །དེ་ལྟར་འཁྲུལ་པ་དང་ཡང་དག་པ་གཉིས་ཀ་སེམས་ལས་བྱུང་བའི་ཕྱིར་སེམས་ནི་ཆོས་ཀྱི་རྩ་བ་སྟེ། རྩ་བ་དེ་ཉིད་སྲིད་པ་དང་གྲོལ་བར་སྣང་ཞེས་གསུངས་ཏེ། འཁྲུལ་པར་སྣང་བ་ནི་རང་གི་སེམས་སྣང་བས་སེམས་ཉིད་ཡིན་ལ། སེམས་དེ་ཉིད་ཡིད་ཡེ་ནས་མ་བཅོས་པར་གནས་པ་སྟེ། རྩ་བའོ། །རྩ་བ་དེ་ཉིད་རང་བཞིན་གྱིས་འོད་གསལ་བ་སྲིད་པ་དང་གྲོལ་བར་སྣང་ཞེས་སྟོན་པས་འཁོར་བ་རྩ་བས་བཅད་དེ། དགྱེས་པ་མེད་པ་དགྱེས་པའི་ཚུལ་གྱིས་དགྱེས་པར་བསྟན་ཏེ། ཧོ་ཞེས་གསུངས་སོ། །དེ་ནས་ཡང་གོང་དུ་གསུངས་པའི་དོན་ཀུན་མི་གནས་པའི་ཡེ་ཤེས་ཆེན་པོ་ཉིད་ཀྱི་ངང་དུ་བསྟན་ལ་མི་གནས་པའི་ཡེ་ཤེས་ཆེན་པོ་དེ་ལ་ཅི་ཡང་མེད་པར་བསྟན་པའི་ཕྱིར། དེ་ལ་ཨེ་མའོ་སེམས་ཉིད་སྟོང་པ་ཆེན་པོའི་ཡེ་ཤེས་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། ཡེ་ནས་མ་བཅོས་པའི་དབྱིངས་ཉིད་ལ་ནི་གནས་དང་སྟོན་པ་འཁོར་ཞེས་གར་ཡོད་ཅེས་གསུངས་ཏེ། གནས་ཞེས་བྱ་དང་། སྟོན་པ་ཞེས་བྱ་བ་དང་། བསྟན་པ་ཞེས་བྱ་བ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། དོན་དམ་པའི་བདེན་པ་ལ་ནི་ག་ལ་ཡོད་དེ་མེད་དོ། །ཏིང་ངེ་འཛིན་དང་ཡིག་འབྲུ་ཕྱག་མཚན་དང་། རྫོགས་པ་དང་བཞུགས་ཐབས་རིམ་དུ་བསྒྲང་དུ་མེད་ཅེས་བྱ་བ་ནི། ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྷ་རྣམས་བསྐྱེད་པའི་ཡིག་འབྲུ་དང་། ཡིག་འབྲུ་ལས་གྱུར་པའི་ཕྱག་མཚན་དང་། ཕྱག་མཚན་དེ་ལ་སྐུ་ཡོངས་སུ་རྫོགས་པ་དང་རྫོགས་ནས་གདན་ལ་བཞུགས་པའི་ཐབས་རྣམས་རིམ་དུ་བགྲང་བ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྣམ་པར་རྟོག་པ་བཟློག་པ་ལ་མི་བསླུ་བས་བདེན་པའོ། །བཅོས་མ་མ་ཡིན་པའི་དོན་དམ་པ་ལ་ནི་བསྒྲང་དུའང་མེད་པའོ། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་བསྐྱེད་མེད་ཅེས་བྱ་བ་ནི། སྟོང་པ་ཉིད་བསྒོམ་ཞེས་བྱ་བ་དང་། དེའི་ངང་ལས་ཁམས་གསུམ་གྱི་སེམས་ཅན་སྙིང་རྗེ་བསྐྱེད་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅེས་གསུངས་པ་ནི། ཀུན་རྫོབ་ཀྱི་བདེན་པའོ། །བཅོས་མ་མ་ཡིན་པའི་དོན་དམ་པ་ལ་ནི་བསྐྱེ་བ་ལ་སོགས་པ་ཡང་མེད་དོ། །གཟུགས་བརྙན་མེད་ཅིང་ཏིང་འཛིན་བསམ་དང་བྲལ། ཞེས་བྱ་བ་ནི། གཟུགས་བརྙན་དེ་བརྙན་མའི་དཀྱིལ་འཁོར་ལ་སོགས་པ་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གསུངས་པ་རྣམས་ནི། ཀུན་རྫོབ་ཀྱི་བདེན་པའོ། །བཅོས་མ་མ་ཡིན་པའི་དོན་དམ་པ་ལ་ནི་བསམ་པར་བྱ་བ་དང་། བསམ་པར་བྱེད་པ་མེད་པས་ཏིང་ངེ་འཛིན་བསམ་དང་བྲལ་ཞེས་གསུངས་སོ། །སྔགས་དང་ཕྱག་རྒྱ་མེད་ཅིང་ཐུགས་རྗེས་འདུལ་བའང་མེད་ཅེས་པ་ནི། སྔགས་ནི་སོ་སོའི་སྔགས་ཀྱིས་ལས་བསྟན་པ་དང་། ལྷ་སོ་སོའི་ཕྱག་རྒྱ་དང་། ཕྱག་རྒྱའི་ལས་བསྟན་པ་དང་། ཁམས་གསུམ་གྱི་སེམས་ཅན་སོ་སོའི་འདུལ་ཚད་བསྟན་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །མ་བཅོས་པའི་དོན་གྱི་ངོ་བོ་ལ་ནི། ཐུགས་རྗེས་འདུལ་བ་ཡང་མེད་དོ། །མ་རུངས་གདུལ་དུ་མེད་ཅིང་དྲག་པོའི་དཀྱིལ་འཁོར་མེད། སྙིང་པོ་བསྟང་ཚུལ་མེད་ཅིང་རྒྱུན་གྱི་ཏིང་འཛིན་མེད། བྱ་བ་མེད་ཅིང་སྡོམ་པ་ཀུན་ལས་འདས། །ཞེས་བྱ་བ་ནི། མ་རུང་བ་ལོག་པར་བལྟ་བའི་དྲེག་པ་ཅན་གདུལ་བ་དང་། དྲག་པོའི་དཀྱིལ་འཁོར་གྱི་བྱེ་བྲག་གསུངས་པ་དང་། སོ་སོར་དྲག་པོའི་སྙིང་པོ་གསུངས་པ་དང་ཁྲོ་བོ་སོ་སོའི་སྟངས་ཐབས་གསུངས་པ་དང་། རྒྱུན་གྱི་ཏིང་ངེ་འཛིན་གྱི་རིམ་པ་གསུངས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའོ། །མ་བཅོས་པའི་དོན་དམ་པའི་བདེན་པ་ལ་ནི་དེ་ལྟར་གོང་དུ་གསུངས་པའི་རིམ་པར་བྱ་བ་མེད་ཅིང་སྡོམ་ཀུན་ལས་འདས་པ་སྟེ། གོང་དུ་གསུངས་པའི་རྣམ་གྲངས་དེ་ཀུན་ཅིག་ཚིག་གི་ཐ་སྙད་ཡིན་ཏེ་དོན་དམ་པར་མེད་དོ། །འོ་ན་དཀྱིལ་འཁོར་ལ་སོགས་པ་ཇི་སྙེད་པ་གསུངས་པ་དེ་ཡིས་ཅི་བྱ་ཞེ་ན། དེ་གསལ་བར་བྱ་བའི་ཕྱིར། འཁྲུལ་པ་བཟློག་ཕྱིར་ཀུན་རྫོབ་ཙམ་དུ་བསྟན། །ཞེས་གསུངས་པའོ། །འོ་ན་ལྷའི་དཀྱིལ་འཁོར་ལ་ཀུན་རྫོབ་ཙམ་དུ་བསྟན་པ་འདི་དོར་བར་བྱ་བ་མ་ཡིན་ནམ་ཞེ་ན། དེ་གསལ་བར་བྱ་བའི་ཕྱིར། དེ་བས་བསྟན་པ་འདི་ལ་རབ་བསྟན་ཏེ། དོན་དམ་བདེན་པ་ངེས་པར་རིགས་པར་བྱ་ཞེས་གསུངས་ཏེ། ཀུན་རྫོབ་ཙམ་དུ་ལྷའི་དཀྱིལ་འཁོར་དུ་བསྟན་པ་འདི་ལ་རྣལ་འབྱོར་པ་ལས་དང་པོ་པས་སེམས་སྦྱང་བར་བྱ་བའི་ཕྱིར། སྒྱུ་མ་ཙམ་དུ་བསྟན་པ་འདི་ལ་བརྟན་པར་བྱ་བ་ནི་དེ་བས་ན་བསྟན་པ་སྒྱུ་མ་འདི་ལ་རབ་ཏུ་བསྟན་ཏེ་སྦྱངས་ལ་དོན་དམ་པའི་བདེན་པ་ཁོ་ན་རིགས་པར་བྱའོ། །དེ་ནས་མ་རྟོགས་པའི་དུས་ན་ལྷའི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་དོན་དམ་པའི་བདེན་པ་ཐབས་སུ་བསྟན་ལ། དོན་དམ་པའི་བདེན་པ་རྟོགས་པའི་དུས་ན། བརྗོད་པར་བྱ་བ་ཀུན་སྒྲིབ་པ་ཡིན་པར་བསྟན་པའི་ཕྱིར། སེམས་ལས་འདས་པའི་ཆོས་ཀྱི་རང་བཞིན་ནི། ཚིག་དང་ཡི་གེ་ཐ་སྙད་ཀུན་ལས་འདས། །མཐུན་པའི་དཔེས་ཀྱང་དེ་ལ་མཚན་དུ་མེད། །ཅེས་བྱ་བ་གསུངས་ཏེ། དང་པོ་སྒྱུ་མ་ཙམ་དུ་བསྟན་པའི་ལྷའི་དཀྱིལ་འཁོར་ལ། སེམས་སྦྱངས་ནས། སེམས་ལས་སུ་རུང་བར་བྱས་པ་ལས་སུ་རུང་བའི་སེམས་དེ་ཡང་དོན་དམ་པར་རང་བཞིན་མེད་པ་སྟེ། རང་བཞིན་མེད་པའི་སེམས་དེ་ལས་འདས་པའི་ཆོས་ཉིད་ཀྱི་རང་བཞིན་ནི། ཚིག་གིས་བརྗོད་པ་དང་ཡི་གེས་མཚན་པ་དང་། ཐ་སྙད་ཀྱིས་འདི་ལྟར་ཡོད་བྱ་བ་མེད་དོ། །ཐ་སྙད་ཀུན་ལས་འདས་པ་ཡི། དེ་ལ་ནི་མཐུན་པའི་དཔེ་ནམ་མཁའ་སྟེ་ནམ་མཁའ་དེས་ཀྱང་མཚོན་དུ་ནུས་པ་མ་ཡིན་ཏེ། མཚོན་དུ་མེད་དེ་མཚོན་པར་མི་ནུས་པའི་གཏན་ཚིགས་དེ་ལས་གང་དུ་བསྟན་པའི་རིམ་པ་དེ་ཀུན་དོན་དམ་པའི་བདེན་པ་རྟོགས་པའི་དུས་ན་ཀུན་སྒྲིབ་པ་ཡིན་པའོ། །མཚོན་མེད་བློ་ལྡན་དེ་ལ་དད་མི་འགྱུར་བྱ་བ་ནི། མཚོན་དུ་མེད་པའི་བློ་དང་ལྡན་པ་དེ་ནི་སྒྲིབ་པ་དང་བྱ་བ་དང་། རྣམ་པར་བྱང་བ་དང་ཞེས་བྱ་བ་དང་། དོན་དམ་ཀུན་རྫོབ་ཅེས་བྱ་བ་དེ་ལ་དད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་གང་གི་ངོ་བོར་ཡང་མ་གྲུབ་པའི་ཕྱིར་རོ། །འོ་ན་བདེན་པ་གཉིས་གང་གི་ངོ་ལ་སྣང་ཞེ་ན། བདེན་གཉིས་བློ་ལྡན་དེ་ལ་སྣང་བར་ཟད། །ཅེས་བྱ་བ་ནི། སེམས་ཅན་གྱི་བསམ་པ་ལ་བདེན་པ་རྣམ་པ་གཉིས་སྣང་བར་ཟད་དེ། རྒྱུ་དང་འབྲས་བུ་ཡིན་པས་སོ། །ཞེས་སྟོན་པས་གསུངས་པས་འཁོར་རྣམས་སྟོན་པའི་བཀའ་བསམ་པ་རང་ནས་རབ་ཏུ་དགའ་སྟོན་པའི་འཁོར་དུ་འདུས་པའི་འཁོར་ཚོགས་མ་ལུས་པ་རྣམས་བཅོས་མ་མ་ཡིན་པའི་དེ་ཁོ་ན་ཉིད་དོན་ལ་སེམས་ཤིང་གནས་ནས་ཅང་མི་སྨྲ་བར་གྱུར་ཏེ་གནས་སོ། །དེ་ནས་ཡང་བསྡུད་པ་པོ་ལ་དབང་བསྐུར་བར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་ཞེས་པ་ལ་སོགས་གསུངས་ཏེ། སྡུད་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའི་ལྕེ་ལ་པདྨོའི་སྟེང་དུ་སྟོན་པས་ཡི་གེ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། ལས་ཀྱི་རྡོ་རྗེ་རྒྱ་གྲམ་གཅིག་ཏུ་གྱུར། །ལས་ཀྱི་རྡོ་རྗེ་ཡོངས་སུ་གྱུར་པ་ལས། །ལྕེ་པདྨ་དེ་ལ་ཐིམ་སྟེ། དོན་བསྡུས་པའི་ནུས་མཐུ་དང་ལྡན་པར་བྱིན་གྱིས་བརླབས་ཤིང་། དབང་བསྐུར་ཞིང་དུས་དེ་ཉིད་དུ་མིང་རྡོ་རྗེ་ཆོས་སུ་བཏགས་པ་དེའི་ཕྱིར། རྡོ་རྗེ་ཆོས་སུ་དབང་བསྐུར་ཏེ། དོན་བསྡུ་བར་བྱིན་གྱིས་བརླབས་ནས། འོག་ནས་འབྱུང་བའི་ཚིག་འདི་སྟོན་པས་བཀའ་སྩལ་པས། སེམས་དཔའ་ཆེན་པོ་ཞེས་བོས་ནས། དང་པོར་མངོན་པར་རྫོགས་པར་སངས་རྒྱས་མཇུག་མདོར་བཤད་ཀྱི་བར་དུ་སེམས་ཅན་གྱི་དོན་དུ་ཚིག་ཅིག་ཙམ་ཡང་བཤད་ཅིང་བརྗོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དྲིས་པ་དང་ཆོས་ཐམས་ཅད་ནི་བཤད་ཅིང་བརྗོད་པ་དང་བྲལ་བའི་ཕྱིར་རོ། །བཤད་ཅིང་བརྗོད་པ་དང་བྲལ་བའི་དོན་དེ་ལྟར་སུས་རྟོགས་པར་འགྱུར་ཞེས་བྲིས་པ་དང་། ལན་དུ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་རྣམས་ནི་བཤད་ཅིང་བརྗོད་པ་དང་བྲལ་བའི་དོན་ཐུགས་སུ་ཆུད་ནས། མངོན་པར་རྫོགས་པ་སངས་རྒྱས་པའོ། །སྔར་སངས་རྒྱས་པ་དེ་བས་ན་ད་ཡང་མ་འོངས་པའི་རྣལ་འབྱོར་དད་པ་ཅན་རྣམས་ཀྱིས་ཀྱང་། བརྗོད་པ་དང་བྲལ་བའི་དོན་དེ་བདེ་བླག་ཏུ་རྟོགས་ཤིང་ཐུགས་སུ་ཆུད་པར་བྱ་བའི་ཕྱིར། མདོ་འདི་ངས་བཤད་དོ། །རྣལ་འབྱོར་པ་ཕྱི་མའི་དོན་དུ་ངས་བརྗོད་དེ་སེམས་དཔའ་ཆེན་པོ་ཞེས་བོས་ནས། བསྒོ་བ་བྱ་བའི་ཚིག་འདི་གསུངས་སོ། །ད་སྡུད་པ་པོ་ཁྱོད་ཀྱང་མ་འོངས་པའི་རྣལ་འབྱོར་པའི་དོན་དུ་ངས་བཤད་པའི་མདོ་འདིའི་དོན་བསྡུས་ལ། རྣལ་འབྱོར་ཕྱི་མ་ལ་མི་ནུས་པར་བྱ་བའི་ངོ་བོ་གསུང་ཆོས་ཀྱི་ཡི་གེ་སྣང་ཞིང་མི་ནུས་པར་གྱིས་ཤིག །ང་ཡིས་གསུངས་པའི་མདོ་འདི་ཡང་དག་པའི་ལམ་དེ། རྣལ་འབྱོར་ཕྱི་མས་ལམ་འདི་ལ་བརྟེན་ནས་ཆོས་ཉིད་མ་བཅོས་པར་དེ་ཁོ་ན་ཉིད་རྣལ་འབྱོར་ཕྱི་མ་དེ་དག་གིས་ཁོང་དུ་ཆུད་པ་བསྡུད་པ་པོ་ཁྱོད་ཀྱི་གྱིས་ཤིག །དེ་ལྟར་ཁྱོད་ཀྱིས་ངས་བཤད་པའི་དོམ་འདི་རྣལ་འབྱོར་ཕྱི་མ་དད་པ་ཅན་གྱི་དོན་དུ་གསུང་ཆོས་ཀྱི་ཡི་གེར་སྣང་བར་བྱས་པ་ན། འོན་ཏང་ན་དད་པ་ཅན་གྱི་རྣལ་འབྱོར་པ་ཕྱི་མ་དེ་དག་གི་ནི་གསང་བ་རྡོ་རྗེ་ཐེག་པའི་དོན་ལ་ཡིད་ཆེས་ནས། གཏིང་འཇུག་ཤིང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་རྒྱུད་འཛིན་པར་འགྱུར་རོ། །སེམས་དཔའ་ཆེན་པོ་ཞེས་བོས་ནས་གོང་དུ་གསུངས་པའི་གཏན་ཚིགས་དེ་བས་ན། ངས་བཤད་པའི་མདོ་འདི་ནི་རྣལ་འབྱོར་ཕྱི་མ་རྣམས་ཀྱི་ཡང་དག་པའི་ཉེ་ལམ་ཆེན་མོ་ཉིད་ཡིན་པར་ཁྱོད་ཀྱིས་ཤེས་པར་བྱའོ། །ཞེས་སྟོན་པས། བསྒོ་བ་མེད་པའི་ཚུལ་གྱིས་བསྡུད་པ་པོ་ལ་བསྒོ་བ་དང་། དེའི་ཚེ་སྡུད་པ་པོས་ཀྱང་སྟོན་པ་ལ་སྟོད་ཅིང་བསྡུད་པར་ཁས་བླངས་པའི་ཕྱིར། རྡོ་རྗེ་ཡིད་ཀུན་ཏུ་བཟང་པོས་ཞེས་པ་ལ་སོགས་པས་བསྟན་ཏེ། རྡོ་རྗེ་ཆོས་རབ་ཏུ་དགའ་བའི་ཡིད་ཀྱིས་ཞེས་བྱ་བ་ནི་ཆགས་པའི་ཡིད་ཀྱིས་སོ། །རང་གི་རྡོ་རྗེ་གནས་སུ་གསོལ་ཞིང་ཞེས་བྱ་བ་ནི། རང་གི་རང་ཉིད་དོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེ་སྟེ། དེའི་གནས་ནི་ཡུམ་གྱི་བྷ་ག་སྟེ། བཙུན་མོ་བྱ་བ་མོ་དང་གཉིས་སུ་མེད་པའི་ཚུལ་གྱིས། བཅོམ་ལྡན་འདས་ལ་བྱང་སེམས་ཀྱི་མཆོད་པ་ཕུལ་ནས་འོག་ནས་འབྱུང་བ་འདི་སྐད་ཅེས་བསྟོད་དོ། །ཨེ་མའོ་བཅོམ་ལྡན་འདས་དགྱེས་པ་ཆེ། མི་ནུབ་རྒྱལ་མཚན་ཡོངས་ཀྱི་བདག །བདེར་གཤེགས་ཀུན་གྱི་ཐུགས་ཀྱི་ཐུགས། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད་ཅེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ངོ་བོ་ལ་བསྟོད་པ་སྟེ། འཁོར་ལོ་རྣམ་པ་བཞི་དང་དགའ་བ་རྣམ་པ་བཞིས་ཇི་ལྟར་བྱང་ཆུབ་ཀྱི་སེམས་ཕབས་ཅིང་རང་བཞིན་གྱིས་དགའ་བའོ། །དེ་ལ་ཕྱག་འཚལ་ཞིང་བསྟོད་ནས་དོན་ཞུ་བའོ། །དོན་བསྡུ་བར་བྱེད་པའི་ཕྱིར། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བསྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བོས་ནས། རྣལ་འབྱོར་གྱི་དབང་ཕྱུག་སྔར་འདས་པ་དང་། ད་ལྟར་ཞུགས་པ་དང་། ཕྱིས་མ་འོངས་པའི་ལམ་ཆེན་མོ་ལྟ་བུར་སྟོན་པས་གསུངས་ཏེ། བཅོམ་ལྡན་འདས་ཞེས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བོས་ན། མདོ་ཆེན་པོ་འདི་བདག་ལ་སྣང་བ་ལག་པས་ན། དེ་བདག་ཅག་གིས་ཀྱང་མདོ་འདི་མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ། །རྣལ་འབྱོར་ཕྱི་མའི་དོན་དུ་བདག་གིས་གསུང་ཆོས་ཀྱི་ཡི་གེར་ཡང་གནས་པར་བགྱིའོ། །བཅོམ་ལྡན་འདས་གསང་བ་མཆོག་གི་བདག་ཉིད་དུ་ཡང་བདག་གི་གནས་པར་བགྱིའོ། །མདོ་འདིའི་དོན་འཚལ་ཞིང་སྟོན་པའི་གང་ཟག་སྐྱེས་བུ་དམ་པ་དེས་གཞན་ལ་ཕན་འདོགས་པར་ཡང་བདག་གིས་གནས་པར་བགྱིའོ། །མདོ་འདིའི་དོན་འཆད་ཅིང་སྟོན་པའི་གང་ཟག་སྐྱེས་བུ་དམ་པ་དེས་གཞན་ལ་ཕན་འདོག་པར་ཡང་བདག་གིས་གནས་པར་བགྱིའོ། །རྣལ་འབྱོར་པའི་དགོས་པ་བསྐོང་བས་ཡིད་བཞིན་གྱི་ནོར་བུ་རྒྱལ་པོ་ལྟ་བུ་ཡང་བདག་གི་གནས་པར་བགྱིའོ། །མུ་སྟེགས་ལ་སོགས་པ་གཞན་གྱི་སྡེ་པས་རབ་ཏུ་མི་ཆོད་པ་ཡང་བདག་གིས་བགྱིའོ། །ཞེས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་ཁས་བླངས་ཤིང་སྟོན་པ་ལ་གསོལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ། གཉིས་སུ་མེད་པའི་ངང་ལ་རྣལ་ཏེ། ཅང་མི་གསུངས་བར་གྱུར་ཏོ། །རྒྱུད་ཡོངས་སུ་གཏོད་ཅིང་སྔ་མ་བཞིན་དུ་གོང་དང་འདྲ་བའི་ཕྱིར་ན། ལེའུའོ། །བདེ་བར་གཤེགས་པའི་གསང་གསུམ་སྟོན་པའི་རབ་ཟབ་རྒྱུད། བདེན་གཉིས་དོན་རྟོགས་བཤད་ཚུལ་ཡང་དག་ཤེས། །ཚུལ་དེས་ཉོན་མོངས་པ་ལ་བདུད་རྩིའི་ཐིགས་པ་ལྟར། །བདག་གི་རྒྱུད་ཀྱི་དོན་ཉིད་མཐར་ཐུག་བཤད་བྱས་པས། །བདག་གི་དགེ་བ་གང་ཐོབ་ཐོབ་དེ་ནི་བདུད་རྩིའི་ཐིགས་པ་ལྟར། །འགྲོ་བ་རྟོག་པའི་ནད་ཀྱིས་གདུང་བ་རྣམས་ལས་རྒྱས་པར་ཤོག །བདུད་རྩི་ཐིགས་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས་ལེའུ་བཅུ་གསུམ་པའི་བདེན་པ་གཉིས་ཀྱིས་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་དུར་ཁྲོད་ཁུ་བྱུག་རོལ་པའི་རྒྱ་ཆེར་བཤད་པ། བདུད་རྩི་ཐིགས་པ་ཞེས་བྱ་བ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ། །རྒྱ་གར་ནི་མཁན་པོ་པདྨའི་ཐོད་ཕྲེང་གི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མ་རས་ཞུས་ནས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ།།