Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་དགུ་པ།

7 occurrences of གཡོན་དུ་
[Clear Hits]


  
  
 
སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ། གནུབས་ཆེན་སངས་རྒྱས་ཡེ་ཤེས།


7 occurrences of གཡོན་དུ་
[Clear Hits]

 
previousསངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ། གནུབས་ཆེན་སངས་རྒྱས་ཡེ་ཤེས།no next

སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ། གནུབས་ཆེན་སངས་རྒྱས་ཡེ་ཤེས།

སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ་ཞེས་བྱ་བའི་སྨད་ཆ་བཞུགས་སོ། །བརྒྱད་པ་ལ་དབུ་ཟུག་པ། རྩ་བའི་གསུམ་གྱི་ཐ་མ་དཔེས་རྩ་བས་ཆེ་བའི་དོན་ངེས་པས་མན་ངག་ཡིན་པ་དང་རྒྱུད་ཀྱི་ཆེ་བ་ཐུན་མོང་དུ་བསྟན་པ་གང་སྙམ་པ་ལ། ལང་ཀའི་བདག་པོ་འདི་ཉིད་ནི། །ཡིན་པར་ངེས་པའི་རྩ་བ་བདུན། །ཞེས་པ་དག་བོས་ནས་རྩ་བ་གསུམ་གྱི་ཐ་མ་དོན་ངེས་པ་བསྟན་པ་ནི། རྒྱུད་ཀྱི་རྒྱལ་པོ་འདི་དོན་བདུན་གྱི་ངོ་བོ་ཡིན་པས་ཁྱད་པར་དུ་འཕགས་པ་དང་། དེས་ན་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ཡང་ཡིན་པར་མངོན་པའི་ངེས་པའི་གཏན་ཚིགས་རྩ་བ་བདུན་བསྡུས་པ་འདི་དག་གིས་རྒྱུད་ལ་དེ་རྟགས་དཔྱད་པས་དེ་ཉིད་དོན་ཇི་ལྟ་བ་མཐོང་ན། དེ་རྟོག་མཐོང་བ་པོ་དེ་ཉིད་དེ་ལྟ་བུའི་དོན་རྣམ་པར་མི་འགྱུར་བར་གདེང་ཆུད་ངེས་པ་ཡིན་པས་མིང་ཡིན་འགྲུབ་བོ། །གླིང་དང་རི་བོ་མུ་ཁྱུད་བཅས། །ཞེས་པ་དག་དཔེར་ན་རི་དང་ས་ཁམས་རིལ་རི་བོ་ཆེན་པོའི་ཁ་ནས་གསལ་བ་ལྟར། ས་དང་ཐེག་པའི་བྱེ་བྲག་ཇི་སྙེད་པ་ཐམས་ཅད་གསང་སྔགས་དེ་ཁོ་ན་ཇི་བཞིན་པ་ལྷུན་གྱིས་གྲུབ་པའི་དོན་འདི་ཉིད་མཐོང་རྟོགས་ན། དེ་དག་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བས་འདོགས་པའི་སྒོ་ནས་ཡི་གེ་འདི་ཡང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའོ། །འཇིག་རྟེན་འོད་ཀྱི་རྒྱལ་པོ་ནི། །ཞེས་པ་ལ་སོགས་པ་དཔེར་འཇིག་རྟེན་ན་འོད་ཐམས་ཅད་ཀྱི་རྒྱལ་པོ་ཉི་མ་ཡིན་པ་ལྟར། ཆོས་ཀུན་ལམ་དང་འབྲས་བུས་བསྡུས་པའི་རིལ་སྒྲོ་སྐུར་མེད་པར་བྱེ་བྲག་མ་འདྲེས་ལ་ཡོངས་སུ་རྫོགས་འདུས་པར་གསལ་བས་ཀུན་སྣང་བསྟན་པ་རིལ་གྱི་བདག་ཉིད་དེ་ཉིད་དེ་ཡིན་པའི་ཕྱིར། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱའོ། །གོ་སྐབས་ཆེན་པོའི་ནམ་མཁའ་ནི། །ཞེས་པ་ལ་སོགས་པ་དཔེར་ནམ་མཁས་གོ་ཕྱེས་ནས་ཀུན་སྣང་བ་ཆེན་པོ་ལྟར། བྱང་ཆུབ་ཀྱི་སེམས་བསྟན་ཅིང་བརྟག་པར་དཀའ་བ་གསང་ཉིད་འདུས་རིལ་གྱི་བཅུད་ཆེན་པོར་གྱུར་པའི་དོན་དེ་ཉིད་ཀྱིས་འདིས་ཐེག་པ་བརྗོད་པའི་སོ་སོའི་བསྟན་པ་ཐམས་ཅད་ཀྱི་དོན་ལྡེའུ་མིག་གསུམ་གྱིས་འབྱེད་གསལ་བར་འགྲེལ་པས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ལོ། །གང་གིས་བཀའ་ཡི་གསང་ཐོབ་ན། །ཞེས་པ་ལ་སོགས་པ་དཔེར་མི་སུ་ཞིག་གིས་རྒྱལ་པོའི་བཀའ་ལུང་ཚད་མ་ཐོབ་ན། མི་གཞན་ལ་རག་ཅི་ཡང་ལུས་པ་མེད་དོ། །དེ་ལྟར་བསྟན་པའི་རྩ་བ་འདིའི་དོན་གསང་བའི་སྙིང་པོ་མ་ནོར་བ་ཁོང་དུ་ཆུད་ན་ཀུན་ཆུབ་ཚིག་གི་ཚོགས་ཇི་སྙེད་པ་སྨྲ་བརྗོད་གང་ལའང་བརྗོད་ཀུན་ཅི་ལའང་རྟེན་བཅའ་ཞིང་བྱ་བ་དང་འབད་པ་བཙལ་མི་དགོས་པར་འདི་ཉིད་སྦྱོར་བས་མན་ངག་ཐམས་ཅད་ཀྱི་རྩ་བའང་ཡིན་ནོ། །རྒྱུན་དང་བཅས་པའི་འབྱུང་བ་རྣམས། །ཞེས་པ་དག་འབྱུང་བ་བཞི་རྩི་ཤིང་དང་བཅས་པ་དུས་ཐམས་ཅད་དུ་བར་མ་ཆད་པ་རྣམས་འབྱུང་བ་ནམ་མཁས་གོ་ཕྱེ་ནས་ནམ་མཁའི་ངང་ལ་འབྱུང་བ་ལྟར། དེ་བཞིན་སྨྲ་བརྗོད་འབྱུང་བའི་རྒྱུ་དང་འབྲས་བུའི་བསྟན་པ་གདུལ་བྱ་ལ་སྣང་བ་ཀུན་ཀྱང་ངེས་པའི་དེ་ཉིད་ལུང་གཏིང་དཔག་དཀའ་བ་ཟབ་མོའི་འདིའི་ངང་དབྱིངས་ལས་བྱིན་རླབས་ཀྱིས་ཤར་འབྱུང་བས་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །དོན་དུ་བྱ་བའི་རྣམ་གྲངས་ཀུན། །ཞེས་པ་ལ་སོགས་པ་དཔེར་འཇིག་རྟེན་གྱི་བསྒྲུབ་བྱ་ཁེ་སྤོགས་པ་སོགས་རིལ་གྱི་བྱ་བ་མང་པོ་བྱེད་པ་ཡང་། ཐ་མ་གང་ཆུབ་པ་དེར་འདུས་པ་ལྟར། ཚིག་ཇི་ལྟ་བ་རྒྱས་པར་གྲངས་མང་རྒྱ་ཆེར་བཤད་པ་རྣམས་དོན་གསང་སྔགས་ཇི་བཞིན་པ་ཉིད་དེ་ཀུན་དེ་བཞིན་ཉིད་དུ་ཇི་ལྟ་བར་རྟོགས་ན། དེར་མ་འདུས་པ་མེད་པས་རྒྱུད་འདི་དོན་ཐམས་ཅད་ཀྱི་མཇུག་སྡུད་ཀྱང་ཡིན་ནོ། །མེ་ལོང་གསལ་བའི་སྙིང་པོས་ནི། །ཞེས་པ་ལ་སོགས་དཔེར་མེ་ལོང་གིས་བཞིན་གྱི་གཟུགས་བརྙན་གསལ་བར་སྟོན་པ་ལྟར། གསང་བའི་དེ་ཉིད་སྙིང་པོ་འདིའི་དོན་ཡེ་གསལ་བ་ཆོས་ཀྱི་མེ་ལོང་ཆེན་པོས། ཀུན་གྱི་དངོས་པོ་དང་དངོས་པོ་མེད་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རང་བཞིན་ཇི་ལྟ་བ་གསལ་བར་བྱེད་པས་ཆོས་ཐམས་ཅད་ཀྱི་མེ་ལོང་ཡང་ཡིན་ནོ། །མན་ངག་ཡིན་པའི་རྗེས་སུ་ངེས་པའི་དོན་དྲུག་གིས་དེ་ཉིད་གསལ་བར་བསྟན་པའི་ཕྱིར། ཀུན་གྱི་རྩ་བར་རང་བྱུང་བས། །ཞེས་པ་ཆོས་སོ་ཅོག་ཀུན་གྱི་གི་རྩ་བ་གཞིར་སེམས་ཀྱི་ཆོས་ཉིད་འོད་གསལ་བ་ཉིད་རང་བྱུང་བ་ཤར་བས། ཐམས་ཅད་ཀྱི་ངོ་བོ་ལ་རང་བཞིན་གྱི་གཏན་ཚིགས་དང་ཆོས་ཉིད་ཀྱི་རིག་པའི་དོན་གྱིས་བྱ་བ་ཐམས་ཅད་ཅིས་ཀྱང་བྲལ་བས་མ་བཅོས་པར་ངེས་པའི་དང་པོའོ། །ཀུན་ཤེས་རིག་པ་མི་ནུབ་པས། །ཞེས་པ་སྤྱོད་ཡུལ་རིལ་ཀུན་ཤེས་རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་གསལ་བའི་ཉི་མ་འཆར་ནུབ་མེད་པར་གསལ་བ་ལ་ཆོས་སོ་ཅོག་རང་འོད་གསལ་བས་ཡོང་གིས་ཕྱོགས་ཀུན་མཐོང་འོད་གསལ་བར་ངེས་སོ། །ཐམས་ཅད་དེ་ཉིད་དེར་འདུས་པས། །ཞེས་པ་དངོས་པོ་གཉིས་པའི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་དེ་ཉིད་དེ་བཞིན་ཉིད་དུ་ལྷག་མ་མེད་པར་དེར་འདུག་པས་སངས་རྒྱས་པ་ལ། མཐའ་གང་གིས་ཀྱང་མ་བསྒོས་ཏེ། དེ་ཉིད་ཆེན་པོ་འབའ་ཞིག་ངོ་བོ་ཉིད་ཏུ་གསལ་བས། ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ངང་དུ་ངེས་པའོ། །དེ་བཞིན་ཉིད་དུ་ཀུན་གཅིག་པས། །ཞེས་པ་ཆོས་ཉིད་མ་བཅོས་མ་བསླད་པའི་ངོ་བོ་ནི་ཡུལ་སེམས་སྣང་ཞེན་དེ་ཉིད་ཀྱི་རང་བཞིན་ཀུན་གཅིག་པས། ལོག་ཞེན་ལ་གཉིས་སུ་སྣང་ངོ་ཅོག་ཡེ་མ་སྤངས་པར་ཆོས་ཉིད་དུ་ནུབ་པ་ལ་ཐ་སྙད་བྲལ་བའི་ཕྱིར་འཁོར་བ་ཆོས་ཉིད་དུ་ངེས་པའོ། །རྒྱུ་ཉིད་འབྲས་བུར་ཡེ་རྫོགས་པས། །ཞེས་པ་སེམས་ཅན་སྒོ་གསུམ་ཉིད་སྣང་ལ་ངོ་བོ་མེད་པ་ཆོས་ཀྱི་སྐུ་ཆེན་པོའི་རང་བཞིན་དུ་འབྲས་བུར་ཡེ་རྫོགས་པས་གསལ་བ་ལ། ཐོབ་ལྟུང་ལ་རེ་དོགས་བྱར་མེད་དེ་ཁོ་ན་པས་རྒྱུ་འབྲས་གཉིས་སུ་མེད་པར་ངེས་པའོ། །དོར་བར་བྱ་བའི་དངོས་མེད་པས། །ཞེས་པ་བཟང་ངན་སྐྱོན་ཡོན་སྣང་གྲགས་ཐམས་ཅད་དངོས་མེད་པར་གསང་བ་ཆེན་པོ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོ་ལ་བླང་བྱར་མེད་མ་སྤངས་བྲལ་བས། སྐྱོན་དང་ཡོན་ཏན་བླང་དོར་མེད་པར་ངེས་པའོ། །ཁས་བླངས་བའི་ཟིན་པ་དྲུག་གི་དོན་རྗེས་སུ་བསྟན་པ་གང་ཞེ་ན། མཐོང་ཟིན་སྦྱངས་ཟིན་བྱས་པ་ཟིན། །ཞེས་པ་ལ་སོགས་པ་ཡེ་ཤེས་ཆེན་པོ་རྒྱུན་མེད་པར་རང་གསལ་བས་ཆོས་ཉིད་ཀྱི་ནམ་མཁའ་མཐོང་ཟིན། ཐུགས་རྗེ་ཆེན་པོ་རྒྱུན་མེད་པས་རྡོ་རྗེ་མཚོན་གྱིས་རིལ་ཡེ་ནས་བསྒྲལ་བས་འཁོར་བའི་སྡུག་བསྔལ་སྦྱངས་ཟིན། སེམས་ཅན་རིལ་སངས་རྒྱས་ས་ལ་མ་བཀོད་པར་རྫོགས་པའི་ཕྱིར་འགྲོ་དོན་བྱས་ཟིན། སྐུ་དང་ཡེ་ཤེས་ཀྱི་འབྲས་བུ་རང་རིག་པ་ལ་ལྷུན་གྱིས་རྫོགས་པས་འདོད་པའང་གྲུབ་ཟིན། ཡེ་ཤེས་ཆེན་པོའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པ། བདག་ཉིད་ཆེན་པོ་ཟླ་མེད་པར་བྱུང་བས་ཡོན་ཏན་གྱི་ཆེ་བ་སྤྱོམ་ཟིན། ཁམས་གསུམ་སངས་རྒྱས་ཀྱི་ས་ལ་འབྲས་བུ་གཞན་དུ་རག་མ་ལུས་པས་དངོས་གྲུབ་གྲུབ་ཟིན་པའོ། །ཡེ་དེ་ལྟ་བུའི་ངོ་བོ་ཉིད་ཇི་ལྟ་བར་རྙེད་པ་གདེང་ཆུད་པའི་སྐྱེས་ཆེན་ལ་དེ་ལྟར་འབྲས་བུའི་དོན་ཉིད་ལས་བྱུང་རྣམས་རང་འཆར་རོ། །མན་ངག་གཏན་ལ་དབབ་པའི་གཏན་ཚིགས་ཀྱི་དོན་བསྟན་པའི་ཕྱིར། ཀུན་བརྟགས་ཀུན་ཉིད་དབེན་ན་སྣང་། །ཞེས་པ་འདི་དག་སྤྱིར་ཐུན་མོང་གི་ཀུན་རྫོབ་ཀྱི་བདེན་པ་བརྟགས་པས་དབེན། མཐུན་པར་སྣང་། དོན་བྱེད་ནས་ཞེས་པ་གསུམ་དང་། ཡང་དག་པར་ལོག་པའི་ཀུན་རྫོབ་གཉིས་དང་། མདོར་ཀུན་རྫོབ་སྒྱུ་མ་གཅིག་ལྟ་བུར་སྣང་ནའང་། འདི་མན་ངག་ཟབ་མོའི་དོན་གྱིས་དང་རང་བཞིན་བདག་ཉིད་ཆེན་པོར་འགྱུར་ཏེ། དངོས་པོ་གཉིས་པ་རིལ་ལྷག་པའི་རྣལ་འབྱོར་གྱི་ལུགས་ཀྱིས། ཀུན་བརྟགས་ཞེན་པའི་ཆོས་སྣ་ཚོགས་སུ་ཞེན་པ་བཟང་ངན་གཉིས་ཀའི་ངོ་བོ་བརྡ་ཡིས་ཕྱི་རོལ་དུ་སྣང་བ་རིལ་ཀུན་དང་བཅས་པ་ཉིད། སྣང་རྟོག་པ་བདོ་ཙམ་ན་མཉམ་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གྲུབ་པའི་ངང་དུ་གསལ་བས་ན། མཐའ་གང་གིས་ཀྱང་མ་རེག་པར་གསལ་བ་ནི་དབེན་པ་ཆེན་པོ་སྟེ། ལྷུན་གྱིས་གྲུབ་པའི་སྣང་ངང་ངོ་། །ཀུན་ལ་སྦྱོར་བས་དོན་བྱེད་ནུས། །ཞེས་པ་དེ་ལྟ་བུའི་ངང་ཆེན་པོ་ནི་ངོ་བོ་ཐམས་ཅད་པའི་ཕྱིར། གང་དང་ཡང་མི་ཕྱེད་པས་ཀུན་ལ་སྦྱོར་དེ་ཉིད་རང་བཞིན་གྱིས་ཆོས་བཟང་ངན་འཁོར་བ་དང་མྱང་ངན་ལས་འདས་པ་ཇི་སྙེད་དུ་སྣང་ལ་མ་འགག་པར་ཤར་ཡང་། ངང་གི་དོན་གྱིས་རང་རང་གི་བྱ་བ་སྣ་ཚོགས་པས་འགྲོ་བའི་དོན་གྱི་བྱ་བྱེད་ནུས་པ་རྣམས་ནི་རང་བཞིན་གྱིས་ཆོས་སོ། །ཐེ་ཚོམ་ཆོད་པས་མཐུན་པར་སྣང་། །ཞེས་པ་དེ་ལྟ་བུ་ངང་དང་རང་བཞིན་གཉིས་སུ་མེད་པའི་དོན་འདིས་ཐབས་ཁྱད་པར་ཅན་གྱིས་ཐེ་ཚོམ་ཆོད་པས་རྟོགས་པའི་གདེང་རྙེད་དེ་རང་བཞིན་ངང་དུ་ཕེབས་པས། དངོས་པོ་ཐ་དད་པ་རིལ་རང་བྱུང་ཡེ་ཤེས་བདག་ཉིད་ཆེན་པོའི་ངོ་བོར་གཅིག་པར་མཐུན་པར་སྣང་གསལ་བས། ཕྱོགས་ཐ་དད་པའི་རིས་དང་བྲལ་ལོ། །མདོར་ན་གསུམ་ཉིད་ཁོ་ན་ལ། །ལར་ནི་གཉིས་ཉིད་ཁོ་ནར་ཟད། །ངེས་པར་གཅིག་ལས་མེད་པ་ཡིན། །ཞེས་པ་ཨ་ཏི་ཡོ་གའི་ཆོས་རྣམ་གྲངས་ཇི་སྙེད་པའི་མདོ་བཤད་པ་དེ་གསུམ་དུ་ཁོ་ནའོ་འདུས་སོ། །ལར་ནི་རང་བཞིན་ངང་དུ་ཕེབས་པས་མ་དམིགས་པའི་ཕྱིར་ངང་དང་བདག་ཉིད་ཆེན་པོར་གཉིས་ཁོ་ནའོ་འདུས་སོ། །མདོར་ན་བདག་ཉིད་ཆེན་པོ་ངེས་པར་གཅིག་ལྷུན་གྱིས་རྫོགས་པ་ལས་གཞན་རྡུལ་ཙམ་གྱི་ཐ་སྙད་གདགས་པར་བྱར་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་འདིར་འདུས་འདི་ལས་བྱུང་། །ཀུན་གྱི་རྩ་བ་འདི་ཤེས་ན། །ཞེས་པ་དོན་གྱིས་བཀོལ་བ་ཆེན་པོ་ནི་ཐམས་ཅད་ཀྱི་གཞིར་གྱུར་པས་འདིར་འདུས་བདག་ཉིད་ཆེན་པོའི་ངོ་བོ་སྟེ། དེ་བས་ན་ཆོས་ཐམས་ཅད་ཀྱི་འདི་ལས་འབྱུང་གནས་ཀུན་གྱི་རྩ་བ་འདིའི་དོན་རྟོགས་ཤེས་ན། ཀུན་ཀྱང་དངོས་སྣང་རིལ་ཡང་འཕྲལ་དུ་བློས་མ་བྱས་པར་ཆོས་མ་བཅོས་ཉིད་ཇི་བཞིན་པར་དེ་བཞིན་ཉིད་རང་གསལ་བ་ནི། རིལ་གྱི་བདག་ཉིད་ཆེན་པོ་པས་ཀུན་གྱི་མདོ་ཤིན་ཏུ་རྣལ་འབྱོར་འདི་ཡིན་པ་བདུན་གྱིས་ཉམས་མྱོང་ན། སྦྱོར་བ་ནང་དང་མཚན་མ་ཕྱི། རིག་པ་རང་བཞིན་དང་། རང་བཞིན་ལུང་གི་དྲོད། གནས་འགྱུར་ཆོས་ཉིད་ཀྱི་དྲོད། མངོན་སུམ་མཚན་མའི་དྲོད་རིལ་གྱི་རྩ་བར་བསྟན་པའོ། །དེའི་དོན་ཡིད་ཆེས་པ་དག་གཉིས་ཀྱིས་གསལ་བར་བསྟན་པའི་ཕྱིར། སྒྱུ་མར་ཀུན་སྣང་དངོས་གཞི་མེད། །ཆགས་པ་མེད་པས་ཡིད་མི་འཁྲུགས། །ཞེས་པ་ལ་སོགས་པ་རྟོགས་མཐོང་གི་རྟགས་ནི། ཡོན་ཏན་སྒྱུ་མར་སྣང་བས་སྐྱོན་ལ་དངོས་གཞི་མེད་པར་ཡིད་ཆེས། བྱམས་པ་ལ་མ་ཆགས་པས་སྡང་བ་ལ་ཡིད་འཁྲུགས་པ་མེད་པར་ཡིད་ཆེས། སྣང་སྲིད་ཆོས་ཉིད་ཀྱི་ནམ་མཁར་གཅིག་པས་དངོས་པོ་ལ་རང་བཞིན་མེད་པར་ཡིད་ཆེས། རིག་པ་སྤྱོད་ཡུལ་དང་བྲལ་བས་ཡུལ་སེམས་ཀྱི་དངོས་པོ་མེད་པར་ཡིད་ཆེས། འབྲས་བུའི་རྩ་བར་སེམས་ཉིད་དུ་གྱུར་པས་སངས་རྒྱས་ལོགས་ན་མེད་པར་ཡིད་ཆེས། ཡེ་ཤེས་ཇི་སྙེད་ལྷུན་གྱིས་གྲུབ་པ་དུས་གསུམ་དུ་གསལ་བས་ཐུགས་རྗེ་ལ་རྒྱུན་ཆད་མེད་པར་ཡིད་ཆེས། ཡེ་ཤེས་ཀྱི་ཉི་མ་རང་ལས་ཤར་བས་མ་རིག་པ་མིང་ཡང་མེད་པར་ཡིད་ཆེས། ཡོན་ཏན་གྱི་བདག་ཉིད་དུ་ཀུན་གཞི་ཉིད་གྱུར་པས་དངོས་གྲུབ་རང་ལས་བྱུང་བར་ཡིད་ཆེས། སེམས་ལ་འཕོ་འགྱུར་མེད་པས་སྐྱེ་ཤི་ལ་འཇིགས་པ་མེད་པར་ཡིད་ཆེས། གནས་ལ་ངེས་པ་མེད་པས་འཕོ་འགྱུར་ལ་ཉམ་ང་བ་མེད་པར་ཡིད་ཆེས། མ་རྟོགས་རྟོགས་པར་བྱར་མེད་པས་ཤེས་པ་རྩོལ་བསྒྲུབ་བྱ་མི་དགོས་པར་ཡིད་ཆེས། རྟོགས་ན་ཁམས་གསུམ་སངས་རྒྱས་ཀྱི་ཞིང་ཡིན་པས་སའི་རིམ་པ་ལ་བགྲོད་དུ་མེད་པར་ཡིད་ཆེས་པའི་དོན་ཏོ། །དེ་ཉིད་ཆེན་པོ་ཚིག་རེ་རེར། །རྒྱལ་བ་རྣམས་ཀྱི་དགོངས་པ་བརྒྱུད། །ཞེས་པ་དེ་ལྟ་བུའི་མན་ངག་སྣང་བའི་བརྒྱུད་ཚུལ་ནི། །དེ་ཁོ་ན་ཉིད་ཀྱི་དོན་ཁྱད་པར་ཅན་འདི་ནི། རྒྱལ་བ་རྣམས་དགོངས་པས་བརྒྱུད་པ་ཡང་དེ་ཁོ་ན་ཉིད་བྱིན་བརླབས་ཀྱིས་རང་སྣང་བ་བཞིན་དང་མེ་ལོང་ལྟ་བུའོ། །རིག་འཛིན་རིག་པས་བརྒྱུད་པའང་ཚུལ་དེ་ཉིད་དོ། །དེ་དག་ནི་དོན་གཅིག་ལ་མཚོན་པའི་མིང་ཡང་གཅིག་གིས་ཕྱིར་ཚིག་རེ་རེར་བརྒྱུད་ཅེས་བསྙད་དོ། །ཚིག་རྒྱས་པར་བསྙད་པ་མེད་དོ། །གང་ཟག་རྣ་བས་བརྒྱུད་པ་ནི། མན་ངག་གི་ཚིག་མ་ནོར་བ་གསུམ་དུ་བརྒྱུད་དེ། སྙན་ཁུངས་བརྒྱུད་པའི་མན་ངག་གོ། །གཞན་དུ་རྩ་བ་གསུམ་བཅད་ཀྱང་། །ཞེས་པ་དེ་ལྟ་བས་ན་ཐེག་པ་གཞན་གྱི་སྒོ་ནས་བློ་དང་། གྲོས་དང་། ཐབས་ཀྱིས་རྩད་བཅད་ཀྱང་མི་རྙེད་དོ། །དེའི་ཕྱིར་མན་ངག་ཁུངས་སུ་བརྒྱུད་པའི་དོན་ནི། གསང་སྔགས་ཀྱི་ཐེག་པ་ཉིད་ཁོ་ན་ལས་བྱུང་སྟེ། དེ་ཡང་མདོར་རང་རིག་པ་འདི་ལས་བྱུང་བའོ། །རྩ་བ་བར་མའི་དོན་གྱི་རྗེས་སུ་གོལ་སྒྲིབ་བསྟན་པ་ནི། གང་ཞིག་གང་དུ་གང་ཚོལ་བ། །ཞེས་པ་ལ་སོགས་པ་རྣལ་འབྱོར་ཐ་ཤལ་སུ་ཞིག་རང་རིག་པ་མ་ཡིན་པའི་དོན་ཟབ་མོ་གཞན་དུ་སྙེགས་པ་གང་ཚོལ་བ་དེ་ནི། བདག་ཉིད་ཆེན་པོ་ལས་འཁྲུལ་པས་གོལ་བའི་ནོར་བའི་ལམ་དུ་ཆུད་ཞུགས་པའོ། །དེ་ཅི་སྟེ་ཞེ་ན། གཞན་དུ་རྣམ་རྟོག་པ་ནི་དོན་མཐོང་དུ་མི་སྟེར་བའི་མུན་པའི་སྒྲིབ་པ་སྟེ། དེས་བསྒྲིབ་ནོན་པས་མ་རིག་པ་དེ་ནི་སྒྲིབ་པའི་ངོ་བོའོ། །དེ་བས་ན་དེ་ལ་མིང་དུ་ཡང་དག་པའི་བར་ཆད་བྱེད་པ་རྣམ་པར་རྟོགས་པ་དེ་ཉིད་བགེགས་ཞེས་ཀྱང་བྱ་སྟེ། བགེགས་དེའི་རྒྱུ་ནི་བརྟག་ཏུ་མེད་པ་དེ་ཉིད་ལས་རྟོག་ཅིང་དོན་ཆེད་དུ་གཉེར་བ་ཉིད་དེ་ལས་བྱུང་བའོ། །གང་ལ་རྣམ་རྟོག་མ་བྱུང་ན། །བདུད་ཅེས་བྱ་བ་ག་ལ་ཡོད། །ཅེས་པ་སྐྱེས་མཆོག་སུ་ཞིག་གང་ལ། བདག་ཉིད་མཉམ་པའི་དོན་ཉིད་ཡེ་ཡིན་པས་དེ་ཉིད་དུའང་འཛིན་པ་མ་སྐྱེས་ན། གཉིས་སུ་རྟོག་པའི་བགེགས་བདུད་ཅེས་བྱ་བ་ག་ལ་ཡོད་མིང་ཡང་མེད་པའོ། །དེ་བས་ན་བགེགས་ཀྱི་རྒྱུ་ནི། བདུད་ནི་གང་ལས་བྱུང་ཞེ་ན། །ཞེས་པ་རྒྱུ་ཉེ་བར་བསྟན་པ་ནི། བཙལ་རྒྱུ་བྲལ་བས་བསམ་དཔྱད་མེད་པར་རང་གསལ་བ་ལ། དོན་དེ་ལ་མངོན་དུ་འདྲིས་པ་རྟག་ཏུ་འགྲུས་ལས་བྱུང་བ་ཡིན་བྱེད་པ་ལས་བྱུང་སྟེ། དེ་ལ་ནི་བདག་ཉིད་དུ་མ་ཤེས་པ་ཡིན་པའི་ཕྱིར་རོ། །འགྲུས་མེད་ཉིད་ལས་བདུད་མི་འབྱུང་། །ཞེས་པ་ཆོས་ཉིད་བདག་ཉིད་དུ་ཤེས་པ་ལ་དེ་ཉིད་དུའང་འདུ་ཤེས་མ་ཞུགས་པས་དངོས་སུ་མི་བྱེད་པ་འགྲུས་མེད་ཉིད་ལ་བདུད་མི་འབྱུང་གཉིས་འཛིན་མེད་པའི་ཕྱིར་རོ། །འོ་ན་ཡལ་བ་ཁོ་ནར་འདུག་གོ་ཞེ་ན། ཅིའི་ཕྱིར་མི་འགྲུས་དེ་ཉིད་བདུད། །ཅེས་པ། ཅིའི་ཕྱིར་མི་འགྲུས་མི་བསྒོམ་པའམ་བསྒོམ་པ་ཡལ་བར་འདུག་པའང་མེད་པའི་དོན་ལ་མཐོང་བས། སྙོམས་ལས་དེ་ཉིད་བདུད་ཀྱི་ལེ་ལོར་བྱེད་པ་ནི་དེ་ཉིད་ཀྱིས་མི་མཐོང་བའི་གཏན་ཚིགས་ཀྱིས་བདུད་ཅེས་བསྙད་དེ་ཡལ་བར་མི་འདུག་གོ། །འོ་ན་བསྒྲིམ་མོ་ཞེ་ན། དེའི་སྐྱོན་དང་གོལ་སྒྲིབ་ནི། ཡོན་ཏན་མཉམ་དུ་མཐོང་ལས་བྱུང་། །ཞེས་པ་བཤད་པའི་སྐྱོན་སྒྲིབ་དག་ནི་བཟང་ངན་གྱི་ཐ་སྙད་ཡེ་གྲོལ་བའི་ཕྱིར་དེ་ཉིད་དུ་བརྗོད་བསམ་བྱར་ཡང་མེད་པ་ལ་མཚན་མ་བྲལ་བའི་ཆོས་ཉིད་མཉམ་པ་བྱ་བ་ཞིག་ཡོན་ཏན་དུ་མཐོང་ནས་དང་དུ་ལེན་པ་ལས་བྱུང་ངོ་། །འོ་ན་ཐབས་མ་ནོར་བའི་དོན་གྱི་ངོ་བོ་ཉིད་གང་ཞེ་ན། གལ་ཏེ་ཡོན་ཏན་མཉམ་མཐོང་མེད། །སྐྱོན་དང་གོལ་སྒྲིབ་ག་ལ་ཡོད། །ཅེས་པ་སྐྱེས་བུ་སུ་ཞིག་གིས་གལ་ཏེ་ལྟ་ངན་དེ་ལས་རྒྱལ་ན། ཆོས་མཉམ་པ་ཡོན་ཏན་ལྷུན་གྲུབ་ཀྱིས་རྫོགས་པ་དེ་ཉིད་ཀྱི་ཐ་སྙད་དང་ཡང་བྲལ་བ་མཉམ་མཐོང་མེད་ལ། དེ་ཉིད་དུ་ལྟ་ཞིང་སེམས་རྗེས་སུ་འབྲང་བ་མེད་པར་མངོན་དུ་མི་བྱེད་དོ། །འདུ་ཤེས་གང་དུའང་མ་གཡོས་མ་ཞུགས་པ་ཤར་སྲིད་པ་ལ། སྐྱོན་དང་འཁྲུལ་བགེགས་གོལ་སྒྲིབ་བཙལ་གྱིས་མི་རྙེད་ག་ལ་ཡོད་དེ། གཉིས་ལྟ་གཏན་ནས་དག་པའི་ཕྱིར། དེ་བས་ན་ཆོས་ཟབ་མོ་ལ་སྤྱོད་པའི་སྐལ་ལྡན་དག་ནི་ཅི་ལའང་འཛིན་པ་མེད་དེ། དེ་ཉིད་ཆེད་དུ་བྱ་བ་དང་ཡང་བྲལ་བ་ཁོ་ནའོ། །དེ་ཉིད་སྐྱོན་དང་གོལ་སྒྲིབ་ཡིན། །ཞེས་པ་བྱ་བས་མ་བསླབ་པ་མེད་པ་དེ་ཉིད་ཆེད་དུ་བྱེད་ནའང་། རྩོལ་སྒྲུབ་ཀྱིས་ནོར་བས་སྐྱོན་དང་དོན་མི་མཐོང་བའི་གོལ་སྒྲིབ་ཡིན་བགེགས་ཆེན་པོའོ། །དེ་བས་ན་ཅིར་ཡང་བསམ་ཞིང་དཔྱད་ཚོལ་མེད། ཕྱི་མོའི་ཆོས་ཉིད་དུ་བློ་མ་ཕབ་པར་ཕེབས་ཟིན་ནས་ཀློང་ནས་གསལ་བར་འདུག་གོ། །གང་ཉིད་མངོན་དུ་མ་གྱུར་ན། །ཞེས་པ་དག །དེ་བས་ན་རྟོགས་པས་ཐག་ཆོད་པ་གཅེས་ཏེ། ཇི་ལྟར་ཞེ་ན། གང་ཉིད་ཆོས་ཇི་བཞིན་པའི་ངོ་བོ་རང་རིག་པའི་མངོན་སུམ་དུ་མ་འགྱུར་ན་རྟོགས་པས་ཐག་མ་ཆོད་ན། དོན་མཚོན་པའི་ཟབ་མོ་གསང་བའི་དོན་འབྱུང་སྟོན་པའི་གླེགས་བམ་ཇི་སྙེད་གང་སྲེལ་ཡང་འཆང་བའང་ཕན་མེད་དེ། དཔེར་ན་ནད་པ་ཞིག་ལ་སྨན་མང་པོ་སྲེལ་ཡོད་ཀྱང་རང་གིས་ནད་ལ་གཏང་བའི་ཐབས་མེད་མི་ཤེས་ན་ནད་ཀྱིས་འཆི་བ་བཞིན། ཚིག་ཙམ་ལ་བརྟེན་པས་ངེས་པའི་བྱང་ཆུབ་བསྒྲུབ་པའི་ཐབས་མེད་པས་གནས་ངན་འཁྱམས་འཁོར་བར་ལྟུང་ངོ་། །དེ་ཡང་དོན་ཟབ་མོ་ལ་བསྐུལ་བའི་ཕྱིར་ཏེ། བཅང་བའི་བསོད་ནམས་འགོག་པ་ནི་མ་ཡིན་ནོ། །ཡུལ་དང་མཚན་མ་དངོས་པོ་དང་ཞེས་པ་ལ་སོགས་པ། མཐོང་ཐོས་ལ་སོགས་པའི་གཟུགས་སྒྲ་ཇི་སྙེད་པ་རྣམས་ཡུལ་དང་། མཚན་མ་ཡོད་སྟོང་དང་། སྣང་བརྟགས་དང། ཡིད་དྲན་རྟོག་དང་མིག་གི་རྣམ་ཤེས་དང་། རྣ་བའི་རྣམ་ཤེས་ལ་སོགས་པ་ཇི་སྙེད་ཀུན་རྟོག་ཚོགས་རིལ་ཡིད་ཀྱི་རྣམ་ཤེས་སྐད་ཅིག་དྲན་པ་ལ་རྒྱུས་པ་ཇི་ལྟ་བར། དེ་དག་ཀྱང་སྐད་ཅིག་མའི་ངོ་བོ་ཤེས་པ་དེ་ཉིད་དེ་ལྟར་སྣང་བའི་ཕྱིར་སྐད་ཅིག་མའི་མི་རྟག་པ་ཅན་ནོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། མི་ནུབ་མ་ཆགས་བདེ་ཆེན་སེམས། །སེམས་ཀྱི་དབྱིངས་ལས་མ་གཏོགས་པ། །ཞེས་པ་ལ་སོགས་པ་འཁྲུལ་པའི་དུས་སུ་སྐད་ཅིག་མའི་རྒྱུན་དེ་ཉིད། ངོ་བོ་བྱང་ཆུབ་སེམས་སྤྱོད་ཡུལ་ཀར་དག་པས་རྒྱུད་དུ་མི་ནུབ་སྐྱེ་བ་མེད་པའི་ཕྱིར་དང་། དུས་གསུམ་རྟག་པ་ཆེན་པོ་ཟིན་ཆགས་མེད་པ་མ་ཆགས་ལ། ཉོན་མོངས་པ་ཉིད་བདེ་ཆེན་མཉམ་པའི་ཀློང་དུ་སེམས་གསལ་བ་ལ། གཡོ་ཞིང་མཐའ་ཐུག་པ་མེད་པའི་འཇིང་ཆེན་པོ་ཉིད་དབྱིངས་ལ་མ་གཏོགས་པ་ལས། དེར་མ་འདུས་པའི་ཆོས་གཞན་ཞེས་བྱ་བ་ནོར་འཁྲུལ་བཙལ་གྱིས་མེད་པས་ན་མ་རྙེད་དེ། གོལ་སྒྲིབ་ཀ་ནས་མ་འགྲུབ་པས་བྱ་བ་ག་ལ་ཡོད་དཔེར་གསེར་ས་ལེ་སྦྲམ་བཞིན་ནོ། །དེ་བས་ན། སུ་ཞིག་གོལ་སྒྲིབ་དོན་དུ་གཉེར། །གང་གིས་གོལ་སྒྲིབ་ཇི་ལྟར་རྙེད། །ཞེས་པ་དག་དེ་ལྟ་བུའི་ངང་རྙེད་པའི་རྣལ་འབྱོར་གང་ཞིག་གིས་གོལ་ས་དང་སྒྲིབ་པ་ཆེད་དུ་བཙལ་ཡང་མི་རྙེད་དོ། །ཅི་སྟེ་ཞེ་ན། གོལ་སྒྲིབ་ལས་བཀོལ་བའི་ཆོས་ཉིད་མེད་དེ། དེའི་རང་བཞིན་དེ་ཉིད་དོ། །དེ་ལྟར་གོལ་སྒྲིབ་རྩད་བཅད་དེ་མཉམ་པའི་ངང་དུ་འདུག་པས། ལོགས་སུ་བཙལ་ཀྱང་གོལ་སྒྲིབ་སེམས་ཀྱི་ཀློང་དུ་ཤར་བས། གོལ་སྒྲིབ་ཏུ་སྣང་བ་ཉིད་ལ་རང་བཞིན་བརྟགས་པས་དེ་ཉིད་ངོ་བོར་ལྟ་བས་མ་ཟིན་ཏེ་མཐའ་ལས་གྲོལ་བས་རང་བཞིན་བསྟན་དུ་མེད་པས་ནི། ནམ་མཁའི་འཇའ་ཚོན་དང་ཁང་སྟོང་མུན་པ་བལྟས་ཀྱང་ངོ་བོ་དང་རྫས་མེད་པ་བཞིན་ནོ། །དེ་ཉིད་མཐོང་བའི་ཁྱད་པར་ལས། །སྤྱོད་ལམ་དངོས་གཞི་གང་སྤྱོད་ཀྱང་། །ཞེས་པ་དག་དེ་ལྟར་རིལ་མཉམ་པའི་ཀློང་ལས་གཡང་ས་མེད་པར་ཐག་ཆོད་པའི་རྣལ་འབྱོར་ཆེན་པོས་སྤྱོད་ལམ་གྱི་བྱ་བྱེད་ཀྱི་དངོས་པོ་གཞི་མ་ངེས་ཏེ། སྒོ་གསུམ་ཅི་བྱེད་ཀྱང་ཟིན་ཆགས་མེད་པར་རང་བག་ཆགས་ཀྱིས་གོས་པར་མི་འགྱུར་ཏེ། སྤྱོད་ལམ་བཅིངས་པ་ནི་ཐབས་ཆེན་པོའོ། །དེ་ལྟར་ངོ་བོ་རིལ་ཀུན་ཏུ་བཟང་མོའི་སྤྱོད་པས་དག་པ་ནི་ལམ་གྱི་རྣལ་འབྱོ ར་གྱི་ཡང་མཆོག་སྟེ། རྣལ་འབྱོར་གྱི་ཡང་ཐོག་གསུམ་ལ་གནས་པའོ། །རྨད་དུ་བྱུང་བའི་དོན་མ་མཐོང་བའི་སྤྱོད་ཡུལ་བསྟན་པའི་ཕྱིར། གང་ཞིག་དོན་གྱི་རྗེས་ཚོལ་ཞིང་། །གོལ་སྒྲིབ་ཡོངས་སུ་གཅོད་འདོད་པ། །ཞེས་པ་དེ་ལྟ་བུའི་གནས་མ་ཆུད་པའི་ལམ་པ་སུ་ཞིག །དོན་ཡུལ་དུ་བྱས་ནས་དོན་མཚོན་པའི་ཚིག་གི་རྗེས་སུ་དཔྱོད་ཅིང་གྲུབ་མཐའ་རྟོག་པས་གོལ་སྒྲིབ་སེལ་བར་འདོད་པ་དང་། ཡོད་མེད་རྟག་ཆད་འགྲོ་འོང་གཅིག་དུ་མ་ལ་སོགས་པ་གཏན་ཚིགས་ཀྱིས་སྤོང་ཞིང་དེ་དག་དང་བྲལ་བ་ལ་བློ་གནས་པར་བྱེད་པ་ནི། རང་གི་བསམ་པ་གང་ལ་མོས་པའི་རིས་བཟུང་ནས། མཐའ་དབུས་བྲལ་བར་རྟོགས་པའི་དོན་ལ་དམིགས་པས་མི་གཏོང་བའི་ཐབས་དེ་ཉིད་ཀྱིས་ཆོག་པར་བྱས་པས་ཤིན་ཏུ་ལྷན་པའི་དོན་ལའང་ཀླན་དཀའ་བ་དང་ལྡ ན་པའི་ཨ་ནུ་ཡོ་ག་མན་ཅད་ཀྱང་རྫོགས་པ་ཆེན་པོ་ལ་ལྟོས་ན་ད་དུང་དུ་ངེས་པ་མ་རྙེད་པའི་ཕྱིར། དེ་ཀུན་རྣལ་འབྱོར་ཡིན་མོད་ཀྱི། །ཡང་དག་དོན་དུ་རྣལ་མི་འབྱོར། །ཞེས་པ་རྒྱུའི་མི་རྟོག་པ་ལ་རྗེས་སུ་འཇུག་པའི་རྣལ་འབྱོར་རང་རང་གི་ལྟ་བ་ལ་བསྒོམ་པ་ཡིན་གྱིས་ཀྱང་། གསང་སྔགས་ཇི་བཞིན་པ་བྱ་བསམ་མེད་པར་མ་ཕེབས་ཏེ་ད་དུང་ཆེད་དུ་འདྲིས་གོམས་གྱི་ཡུལ་ཅན་ནོ། །སྤྱོད་ལམ་རྣལ་དུ་འབྱོར་མོད་ཀྱི། །ཡང་དག་དོན་དུ་ཡོངས་མ་འབྱོར། །ཞེས་པ་རང་རང་གི་སྤྱོད་ལམ་བཞིར་ཏིང་ངེ་འཛིན་དྲན་པ་ལ་བརྟགས་ནས་མངོན་དུ་བྱེད་ཀྱང་། ཡེ་སྤྱོད་པ་ཐུན་མཚམས་མ་སྤངས་བྲལ་བས་བསྒོོམ་ཡེངས་གཉིས་ཀའི་ཐ་སྙད་དང་བྲལ་བའི་དོན་ཆེན་པོ་ལ་བློ་མ་ངེས་ཏེ། མངོན་དུ་འདོད་པའི་འཇིག་རྟེན་ནད་དང་མ་བྲལ་ལོ། །ཕྱོགས་སུ་ལྟ་ལ་ཞེན་མོད་ཀྱང་། །དམ་པའི་དོན་ལ་ཡོངས་མ་ཞེན། །ཞེས་པ་རང་རང་གི་དོན་དམ་བ་ཞིག་ཡུལ་དུ་བྱས་ནས་དེ་ལ་བློ་གསལ་བར་འདོད་པ་ལ་བློ་མི་འབྲལ་ཡང་། ལྟ་བ་མེད་པའི་ལྟ་བ་མི་མཐོང་ངོ་། །གློ་བུར་ལས་རོ་ཚོར་མོད་ཀྱི། །ཆོས་ཉིད་ཀྱི་ནི་རོ་མ་ཚོར། །ཞེས་པ་འཕྲལ་དུ་སྤྱད་པའི་དགེ་བའི་ལས་རྣམས་ལ། ཏིང་ངེ་འཛིན་ཆེད་དུ་བཙལ་བའི་རོ་ཚོར་ཡང་། མཉམ་པའི་ཀློང་ཉམས་དང་ཏིང་ངེ་འཛིན་གྱི་རོ་ཚོར་བ་མེད་པའི་དོན་ཆེན་པོའི་རོ་མ་མྱོང་བའོ། །བདག་མེད་ཕྱོགས་བྲལ་ཟེར་མོད་ཀྱིས། །ཕྱོགས་སུ་ལྟ་དང་ཡོངས་མ་བྲལ། །ཞེས་པ་སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྩད་བཅད་པའི་གྲུབ་མཐའ་རྙེད་པས་ཚིག་ཏུ་བདག་ཉིད་ཕྱོགས་རིས་མེད་པར་སྨྲ་ཡང་། མདོ་སྡེ་བདེན་པ་རེས་འཇོག་དང་། ས་བཅུའམ་སྔགས་གཉིས་མེད་ལ་ད་དུང་སེམས་དམིགས་པ་དང་མ་བྲལ་བ་ཉིད་ལྟོས་པའི་ཕྱོགས་ལྟའོ། །བརྟུལ་ཞུགས་རྟོགས་པ་འཇོམས་མོད་ཀྱི། །གཟུང་འཛིན་རྟོག་པ་ཡོངས་མ་ཆོམ། །ཞེས་པ་ཁྱད་པར་དུ་ཡང་ས་བརྒྱད་པའི་སེམས་དཔའ་སྨིན་དཔེར། མ་ཧཱ་ཡོ་ག་ལ་སོགས་པ། གཙང་སྨེ་བཟང་ངན་དུ་འཛིན་པ་བྲལ་ནས་ལྟ་ཡང་། མཉམ་ཉིད་ཡུལ་དུ་བྱེད་པའི་འཛིན་པ་ཡོད་པས། ཆེད་བྱས་པའི་ཞེན་པ་ལ་བལྟས་པའི་གཟུང་འཛིན་ལ་གནས་སོ། །རྒྱུའི་ཐེག་པས་དམིགས་པའི་བསྒོམ་ལུགས་བསྟན་པའི་ཕྱིར། དབུས་མཐར་རྟོགས་པའི་རྣལ་འབྱོར་པས། །བརྗོད་པའི་ཚིག་ལམ་སྒྲོན་མ་ཡིས། །ཡང་དག་དབུ་མའི་གསེར་འཚོལ་བ། །ཞེས་པ་ལ་སོགས་པ་དོན་གཞན་ལ་དགོངས་པ་དང་བརྡ་ཡིས་འཆད་དེ། དེ་ལྟར་དོན་གྱི་རྗེས་སུ་བློ་འབྲངས་པ་ལ་རྩོལ་བའི་རྣལ་འབྱོར་དག །ཚིག་གི་སྒྲོན་མས་དོན་གྱི་གསེར་བཙལ་བས་རྙེད་པའི་དོན་ལ། བསྒོམ་པའི་འབྲས་བུ་གསེར་ཚོལ་བ་དག་གིས་བསྒོམ་པའི་དུས་ན། ཀུན་ཏུ་འཇུག་པའི་ཡིད་ཀྱི་དྲན་རིག་དམིགས་པའི་ཀ་བ་ལ་བཏགས་ནས། ཉོན་མོངས་པའི་ཡིད་དང་རྟོག་པའི་རྒྱུ་འགྲུལ་སྔ་མ་བཞིན་དུ་གཟུང་ངོ་། །ཚོགས་ལྔའི་སྒོ་ཅུང་ཟད་ཡུལ་ལ་འཕྲོར་མི་གཞུག་པར། ཁམས་དང་སྐྱེ་མཆེད་དང་གཟུང་འཛིན་གྱི་རྟོག་པའི་ཕུང་པོ་མི་དམིགས་པའི་ངང་དུ་བཀོལ་ལ། ཀུན་གཞི་མཉམ་པ་ཆེན་པོའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་གསལ་བར་བྱེད། སོ་སོའི་གཞུང་དུ་བསྒོམ་པའི་རྣལ་འབྱོར་དེ་རྣམས་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བདག་ཉིད་དུ་འགྱུར་རོ། །དེའི་དུས་སུ་སྒོམ་སྐྱོན་དངོས་ལ་སེམས་བཅོས་པའི་ཐབས་ནི། ཡང་དག་དབུ་མའི་ལམ་ཚོལ་བ། །རྟོག་པའི་སྐྱོན་ལྔ་སྤང་བར་བྱ། །ཞེས་པ་ལ་སོགས་པ་ཆོས་ཉིད་མཉམ་པའི་ངང་ལ་འདྲིས་པར་བྱེད་པས་རྟོག་པ་ལྔ་སྤངས་པ་ནི། རྟོག་པ་དང་། མཚན་མ་དང་། རྒྱུ་བ་དང་། ཚོར་བ་དང་། བྱུང་ཚོར་རོ། །དེ་ཡང་གཉིས་གཉིས་སུ་ཤེས་པར་བྱ་སྟེ། རྟོག་པ་ཤིན་ཏུ་གཞིག་དཀའ་བ་ཕྲ་རགས་གཉིས་སོ། །དེ་ལ་མཚན་མར་འཛིན་པ་ཆེ་བ་དང་ཆུང་ངུ་གཉིས་སོ། །རྒྱུ་བ་ཡུན་དང་རྒྱང་རིང་ཐུང་གཉིས་དང་། ལུས་ཀྱི་ཚོར་བ་གསལ་བ་དང་མི་གསལ་བ་དང་། སེམས་ཀྱི་བྱུང་ཚོར་མགྱོགས་པ་དང་བུལ་བ་གཉིས་ཏེ་བཅུ་ནི། ཆོས་ཉིད་མཐོང་དུ་མི་སྟེར་བའི་བདུད་བགེགས་སོ། །དེ་ཡང་དཔེ་ཡིས་གསལ་བར་བསྟན་པའི་ཕྱིར་ན། ཅི་ཕྱིར་དབུས་ཉིད་མི་མཐོང་ཕྱིར། །མུན་པ་དང་ནི་འཁྲིགས་པ་དང་། །ཞེས་པ་དག་དེ་ཁོ་ན་མཐོང་དུ་མི་སྟེར་བ་ནི་གཏན་ཚིགས་དེའི་དཔེ་ལྔ་སྨོས་པ་དང་རིམ་པ་རིམ་བཞིན་ནོ། །ཚུལ་དེ་བས་ན་སྒྲིབ་པར་བྱེད་པའོ། །སྒྲིབ་པ་གཉིས་སོ། །འདི་ཡང་རྣམ་པ་གཉིས་གཉིས་ཏེ། །མུན་པ་མུན་ནག་ཆེན་པོ་དང་། །ཞེས་པ་ལ་སོགས་པ་དོན་གྱི་ཤུགས་ཀྱིས་དཔེ་དང་རྗེས་སུ་གྲངས་མཐུན་པར་འགྱུར་ཏེ། རྟོག་པ་མཚོན་པ་མུན་པའི་རིགས་ལའང་མུན་པ་ཆེན་པོ་དང་། ཀུན་ནས་འཐིབས་པའོ། །དེ་ཡང་སྒྲིབ་པ་ཆེ་བ་དང་ཆུང་བས་རགས་དང་ཕྲ་བས་མཐུན་ཏེ། གཞན་ཡང་རྗེས་སུ་མཐུན་པར་སྦྱར་རོ། །མཚན་མ་མཚོན་པའི་འཁྲིག་པའང་དཔྱིད་ལྡང་བ་སྟེ་ཡོངས་སུ་འཁྲིག་པ་དང་སྒྲིབ་པ་གཉིས་སོ། །རྒྱུ་བ་གཉིས་མཚོན་པ་ཆར་འབེབས་པ་ལྟ་བུར་འཐིབས་པ་ཆེ་བ་དང་ཆུང་བའོ། །ཚོར་བ་གཉིས་ལ་སྤྲིན་ཆེན་འཐིབས་པ་དང་འལ་འོལ་དུ་སྣང་བའོ། །བྱུང་ཚོར་གཉིས་ལ་ན་བུན་གཏམས་པ་དང་བན་བུན་ཙམ་སྟེ། སྒྲིབ་ཚབས་ཆེ་ཆུང་གིས་རྣམ་པར་གཞག་པའོ། །དེ་དག་གིས་གང་དུ་གོལ་ཞིང་ལྟུང་ཞེ་ན། ངན་སོང་གསུམ་དང་ཕྱེད་སྣང་གནས། །འདོད་པ་བཞི་ཡི་བདེ་གནས་དང་། །ཞེས་པ་ལ་སོགས་པ་རྟོག་པ་ཆེ་ཕྲས་ངན་སོང་གསུམ་དུ་ལྷུང་བ་དང་། མཚན་མ་ཆེ་ཆུང་གིས་ཉིན་མཚན་ཕྱེད་པའི་གནས་སུ་ལྟུང་བ་དང་། རྒྱུ་བ་དང་། ཚོར་བ་དང་། བྱུང་ཚོར་དང་། སེམས་ཀྱི་ཆོས་དང་བཞིས། ལྷའི་རིགས་རྒྱལ་ཆེན་རིས་བཞི་སུམ་ཅུ་རྩ་གསུམ་གཉིས་ནས། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་བར་དུ་ལྟུང་ངོ་། །གཞན་སེམས་ཡོད་མེད་ཀྱིས་མུ་སྟེགས་སུ་ལྟུང་བ་དང་། བྱིངས་རྨུགས་ཀྱིས་བསམ་གཏན་གནས་སུ་ལྟུང་བ་དང་། འདུ་ཤེས་ཀྱི་རྗེས་སུ་འབྲངས་པས་སྐྱེ་མཆེད་བཞིར་ལྟུང་བ་དང་། བདེན་པའི་དོན་མཐོང་བར་དཀའ་བ་དང་། ཞི་བ་ཕྱོགས་གཅིག་པར་ལྟ་བ་དང་། ཤེས་པ་གཉིས་འཁྲུལ་པ་སྣང་བ་ཙམ་དུ་ལྟ་བས་ན། ཉན་ཐོས་རང་རྒྱལ་རིགས་ཏུ་ལྟུང་ངོ་། །སྒྲིབ་པར་གྱུར་བའི་མུན་ནག་ནི། །མཚན་མའི་གཡེང་བ་དྲུག་ཏུ་སྣང་། །རང་བཞིན་ཕྱི་ནང་མཚན་མ་དང་། །ཞེས་པ་དོན་མཐོང་དུ་མི་སྟེར་བའི་སྒྲིབ་པ་མུན་ནག་གཡེང་བ་དྲུག་ནི། ཕྱི་ནང་གི་ཡུལ་དྲུག་ལ་རང་བཞིན་གྱིས་སེམས་འདུ་བྱེད་པ་དང་། ཡིད་ཕྱི་རོལ་གྱི་རྗེས་སུ་འཕྲོ་བ་དང་། ནང་ཏིང་ངེ་འཛིན་ལ་ཆགས་པ་དང་། དམིགས་མཚན་མ་རྩོལ་སྐབས་ལེན་པར་བྱེད་པ་དང་། དེ་ཡིད་ལ་བྱེད་ཁོ་ན་ཉིད་ལ་འདུ་ཤེས་ཀྱིས་གཟུང་བ་དང་། ཐེག་པ་གོང་མའི་དོན་བསྒོམ་པའི་ཚེ། འོག་མའི་དོན་ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་སྔ་མ་བཏང་ནས་ཕྱི་མ་ཡིད་ལ་བྱེད་པ་དང་། ང་དང་བདག་འཛིན་གནས་ངན་ལེན་མ་བྲལ་བར་བདག་ཏུ་བཟུང་ནས་ངའོ་སྙམ་པ་ལ་བརྟེན་ཏེ་དགེ་བ་ལ་འཇུག་པའོ། །དེ་དག་ཀྱང་ཅི་ལའང་འདི་དག་རབ་ཏུ་གསལ་བར་འདོད་ཡིད་ལ་མི་བྱེད་པས་སྤོང་ངོ་། །གང་དུ་དབུ་མ་ཉིད་ལྟ་ཚེ། །དབུ་མའི་ལམ་ལ་སྒྲིབ་པའི་སྐྱོན། །ཞེས་པ་དག་སྐབས་གང་ཞིག་གི་ཚེ་ཆོས་ཉིད་བསྒོམ་པའི་སྒྲིབ་པ་ལྔ་བྱུང་བ་ནི། རྒྱུད་བྱུང་ཚོར་དག་གིས་གཡེང་བ་དང་། བྱིངས་རྨུགས་དབང་གིས་འཐིབས་པ་དང་། འཛིན་ཆགས་དབང་གིས་འགོག་པ་དང་། ཐེར་ཟུག་དབང་གིས་རྟོག་པ་དང་། ཕྱལ་བའི་དབང་གིས་མེད་པའོ། །འདི་དག་ནི་བསམ་སྐྱོན་ཡིན་པར་དབུ་མའི་དོན་བསྒོམ་པའི་རྣལ་འབྱོར་པ་དག་འདོད་དོ། །གསང་སྔགས་ཀྱང་མི་འདོད་པ་མ་ཡིན་ནོ། །དེ་དག་བསལ་བའི་ཐབས་གང་སྙམ་པ་ལ། དབུ་མ་ངེས་པའི་ལམ་ཚོལ་བ། །དགོན་པའི་རྒྱུད་དུ་དབེན་བཟུང་སྟེ། །ཚད་མ་གཉིས་ཀྱིས་གཞལ་བའི་བློས། །ཞེས་པ་དག་སུ་ཞིག་རྣམ་པར་མི་རྟོག་པའི་དོན་གཉེར་བས་ཕྱི་ནང་གི་དགོན་པ་གཉིས་ལ་གནས་ནས། མངོན་སུམ་དང་རྗེས་སུ་དཔག་པ་ཐུན་མོང་དང་ཐུན་མིན་མ་ཡིན་པར་བརྩད་བཅད་པས། ངེས་པའི་གདེང་ཡོད་པའི་ཤེས་རབ་ཀྱིས། སྒོམ་སྐྱོན་དག་རྩད་གཅོད་པའི་ཚུལ་ནི། ཆོས་རྣམས་ལ་ཡོད་མེད་སྔ་ཕྱི་ལ་སོགས་པར་རྟོག་པའི་རྒྱུ་ནི། སྐད་ཅིག་སྔ་མའི་རྟོག་པ་མཐུ་བརྟས་པ་ལས་བྱུང་བར་ཤེས། དེ་བས་རྒྱུ་བསྟན་པའི་རྟོག་པ་ཉིད་ལ་སྣང་ལ་མ་གྲུབ་པར་ཤེས་པས། རྟོག་པ་དག་པས་ངན་སོང་གསུམ་དུ་མི་ལྟུང་ངོ་། །རྟོག་པ་གང་ལས་བྱུང་ཞེ་ན། །མཚན་མ་ཉིད་ལས་བྱུང་བ་ཡིན། །ཞེས་པ་དག་རྟོག་པ་བརྟས་པའི་རྒྱུ་ཡང་དཔྱད་པས་ཡུལ་གྱི་མཚན་མ་ལས་བྱུང་བར་ཤེས་སོ། །ཡུལ་དུ་ཞེན་པའི་མཚན་མ་བཤད་པ་ལྟར། སྒྱུ་མ་སྣང་ལ་རང་བཞིན་མེད་པར་ཤེས་པས་མཚན་མར་མི་ལྡང་བས། མཐོ་རིས་ཀྱི་ཐ་མ་མིའི་གནས་སུ་མི་ལྟུང་ངོ་། །མཚན་མ་དེ་ཡང་ཇི་ལྟར་ན། །དེ་ཡང་རྒྱུ་བ་དག་ལས་བྱུང་། །ཞེས་པ་དག་མཚན་མའི་རྒྱུ་སྔ་མའི་དྲན་པ་རྒྱུ་བ་ལས་བྱུང་བས། དྲན་པ་རྒྱུ་བ་རིང་ཐུང་སྣང་ལ་མད་པར་ཤེས་པས་རྒྱུ་བ་ཆད་དེ། རྒྱལ་ཆེན་རིས་བཞི་སུམ་ཅུ་རྩ་གསུམ་དུ་མི་ལྟུང་ངོ་། །རྒྱུ་བ་དེ་ཡང་གང་དེ་བཞིན། །དེ་ཡང་དེ་ལྟར་བྱུང་བ་ཡིན། །ཞེས་པ་རྒྱུ་བའི་རྒྱུ་སྔ་མ་གང་དེ་བཞིན་ལྟར་རྩད་བཅད་པས། དེ་ཡང་དེ་ཚོར་བ་ལས་དེ་ལྟར་བྱུང་། དེ་ཉིད་ཚོར་བ་སྔ་མ་དེ་ལྟར་ཤེས་པས་མི་འབྱུང་སྟེ། སྐྱོན་གྱི་ཚོར་བ་སེལ་བར་བྱེད། འདོད་ཁམས་གསུམ་པ་འཐབ་བྲལ་དུ་མི་ལྟུང་ངོ་། །དེ་ཉིད་དེ་ལྟར་རྩད་བཅད་ན། །གང་དེ་ཕྱི་ནང་ཉིད་ཁོ་ན། །ཞེས་པ་དག་དེ་ཉིད་ཚོར་བ་སྔ་མ་བཞིན་དེ་ལྟར་བརྟགས་རྩད་བཅད་པས། བྱུང་ཚོར་ཕྱི་ནང་གི་རྒྱུ་ཉིད་ཁོ་ན་ལ་ལས་བྱུང་བར་ཤེས་པས་བྱུང་ཚོར་ངོས་ཟིན། བྱུང་ཚོར་གྱི་སྐྱོན་དེ་ཉིད་སྒྱུ་མ་ལྟ་བུ་ལ་དགག་ཏུ་མེད་ལྡང་བ་སྐྱེ་ཡང་མེད་དེ། རང་བྱུང་རང་ཞིར་ཤེས་པས་འདོད་ཁམས་བཞི་ལ་དགའ་ལྡན་གནས་སུ་མི་ལྟུང་ངོ་། །དེ་ཡང་གང་ལ་སྐྱེ་མཆེད་ན། སེམས་ཀྱི་ཆོས་ལས་གྱུར་པ་སྟེ། །ཞེས་པ་དེའང་བྱུང་ཚོར་གྱི་རྒྱུ་སེམས་ཀྱི་ཆོས་ཤེས་རིག་ལས་བྱུང་བས། སེམས་སྣང་སྟོང་བྲལ་བར་སྒྱུ་མར་རྟོགས་ཤེས་ན། སེམས་ཀྱི་ཆོས་རྣམས་ཞི་བར་འགྱུར་དྲན་རྟོག་མི་ལྡང་ངོ་། །དེ་བས་ན་ཕུང་པོ་གཟུགས་བརྙན་འདྲ་བ་ལ་ལུས་སྣང་ལ་མ་གྲུབ་པ་སེམས་སྐད་ཅིག་མ་སྨིག་རྒྱུ་ལྟ་བུར་རྒྱུན་དུ་འདུག་ལ་རང་བཞིན་མེད་པར་རྟོགས་པས། ཡོད་མེད་ཀྱི་མཐའ་གཉིས་མ་སྤངས་བྲལ་རྩོལ་བའི་ངོ་བོར་གསལ་བས་དེ་དག་གི་དོན་སེམས་ཡོད་མེད་ལས་གྲོལ་བ་དེས་ནི། ལྔ་པ་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་དུ་ཡང་མི་ལྟུང་ངོ་། །དེ་དག་འབྲས་བུ་ནས་དཔྱད་པས་རྒྱུ་ངོས་ཟིན་པས་དེ་ཉིད་ཀྱང་དགག་པ་མེད་པར་ཤེས་པས་མི་ལྡང་བ་ནི། ཉོན་མོངས་པ་རབ་ཏུ་འབྱེད་པས་མངོན་དུ་བྱེད་པས་སྤོང་བའོ། །གཞན་གཉེན་པོས་སྤངས་པ་དང་། རབ་ཏུ་འབྱེད་པ་མེད་པ་མངོན་དུ་མི་བྱེད་པས་སྤོངས་པ་ནི་བློ་ཆུང་བ་དང་། གཅིག་ཆར་འཇུག་པའི་ཐབས་སོ། །སེམས་ཉིད་དངོས་པོ་ཡོད་ཅེའམ། །ཞེས་པ་སེམས་རྟག་སྣང་སྟོང་ཆད་མཐའ་ལས་གྲོལ་བས། མཐའ་ལ་མི་འཛིན་པའི་ཕྱིར་ཡ་མཚན་ཅན་མུ་སྟེགས་སུ་མི་ལྟུང་ངོ་། །བྱིངས་རྨུགས་ཅན་དུ་མ་གྱུར་པས། །ཞེས་པ་རང་རིག་ཡེ་ཤེས་སུ་གསལ་བ་ལ་བྱིངས་རྨུགས་མེད་པས། འདུ་ཤེས་མེད་པ་དང་། སྐྱེ་མཆེད་བསམ་གཏན་བཞིར་ལྟུང་བར་མི་འགྱུར་རོ། །སེམས་ཅིར་ཡང་མི་རྟོག་པ་ལ་འདུ་ཤེས་ཀྱི་རྗེས་སུ་འབྲངས་པ་མེད་པས། གཟུགས་མེད་པར་སེམས་ཅན་གནས་སུ་དེ་ཡོང་མིན་མི་ལྟུང་ངོ་། །ཀུན་འབྱུང་ཀུན་གཞི་ཉིད་མཐོང་བས། །ཞེས་པ་དག །ཀུན་འབྱུང་ཀུན་གཞི་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ཉན་ཐོས་འགོགས་པར་ཞི་བའི་གནས་སུ་མི་ལྟུང་། འཁོར་བ་དང་མྱ་ངན་ལས་འདས་པ་ཞི་བས་གཉིས་མེད་པ་ལ། འཁོར་བའི་སྐྱོན་ཆེད་དུ་ཞི་བར་མི་ལྟ་བྱེད་པས། རང་རྒྱལ་དུ་མི་ལྟུང་ངོ་། །རིལ་སེམས་ཀྱི་ཆོས་ཉིད་དུ་ཤེས་པ་ལ་སེམས་སྣང་བ་ཙམ་དུ་མི་འཛིན་དེ་ཡང་དེ་མ་ཡིན་པས། སེམས་ཙམ་དུ་གོལ་ས་མེད་དོ། །སྟོང་ཉིད་མཉམ་པའི་དབུ་མ་ལ། སོ་སོ་ཐ་དད་དབྱེར་མེད་པས། །ཞེས་པ་དག་སྟོང་ཉིད་མཐའ་བྲལ་བས་མཉམ་པའི་ངོ་བོ་གཉིས་བྲལ་བའི་དོན་དབུ་མ་ལ། གོང་འོག་གི་སོ་སོ་ཐ་དད་རིས་བྲལ་བས་ས་དང་པོ་ནས་ས་བཅུའི་བར་རིམ་པར་སྦྱང་དུ་ཡོད་པ་མ་ཡིན་ནོ། །འདིས་ན་ཚུལ་འདི་ཡང་སྔགས་ཀྱི་རྩོལ་བའི་རྣལ་འབྱོར་རིམ་གྱིས་འཇུག་པ་ལའང་སྦྱར་རོ། །ཕྱོགས་ལྟ་མཐའ་འདས་དབུ་མ་ཉིད། །ཅེས་པ་དག་བདེན་གཉིས་ཕྱོགས་རིས་སུ་ལྟ་བའི་མཐའ་རིལ་དང་བྲལ་བའི་མཐའ་འདས་ཆོས་ཉིད་རང་བཞིན་འདི་འདྲར་མེད་པ་མི་ཟིན་པའི་དེ་ཉིད་དོན་དབུ་མ་ལ། རང་རིག་སེམས་ཉིད་པས་བསྒོམ་པའང་ལུས་སེམས་ཀྱི་འདའ་ཁོང་ཀློད་བག་བདལ་ཏེ་ཡང་བགས་སུ་བཞག་ལ། ཆེད་དུ་གྲིམས་ཕྱུང་བ་མེད་པར་བཏང་སྙོམས་ཀྱིས་སྐད་ཅིག་མས་མ་བྲལ་མ་ཤོར་ཙམ་དུ་བློ་དལ་བར་ཅིར་ཡང་མི་བསམ་པར་མི་གཡོ་རྒྱུན་དུ་དྲན་པར་བྱ་བཞག་གོ། །དེ་ལ་ཡུན་ཇེ་རིང་དུ་འབད་དོ། །དེ་ལ་ཡུན་བསྲིངས་ནས་རྣམ་གསུམ་རྙེད་པ་ཅི་འབྱུང་ཞེ་ན། དེ་ལྟར་དེ་ལ་མཉམ་བཞག་ན། རྟགས་ཀྱི་ཚོར་བ་འདི་ལྟར་འབྱུང་། ཞེས་པ་ལ་སོགས་པ་དེ་ལྟར་བཤད་པའི་ཚུལ་དེ་ལ་ཁོ་ན་བར་བློ་ཡུན་རིང་དུ་མཉམ་བཞག་བསྒོམ་ན། དོན་ལ་ཉེ་བའི་རྟགས་ཚོར་བ་ལྔ་ལྔ་འབྱུང་སྟེ། གང་ཞེ་ན། དྲོད་དང་རྟགས་དང་ཆོ་འཕྲུལ་དང་། །མངོན་ཤེས་དང་ནི་ཡེ་ཤེས་འབྱུང་། །ཞེས་པ་དག །དྲོད་དང་། རྟགས་དང་། ཆོ་འཕྲུལ་དང་། མངོན་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་ངོ་། །དེ་ལ་དྲོད་མགོ་གཡོ་བ་དང་། ལེགས་པར་ཐོབ་པ་གཉིས་སོ། །རྟགས་མགོ་བྱུང་བ་དང་། མི་འགྱུར་བར་བརྟན་པའོ། །ཚུལ་དང་གཉིས་ཀྱི་དང་སྒྲ་དེས་དྲོད་ལ་བརྟན་པ་དང་གསུམ། རྟགས་ལའང་ཐོབ་པ་དང་གསུམ་དུ་འགྱུར་རོ། །ཆོ་འཕྲུལ་མགོ་འབྱུང་བ་དང་། ལྷག་མ་མེད་པར་རྫོགས་པ་ཐོབ་དང་གཉིས་སོ། །ཡུལ་དྲུག་གང་དུ་རིག་པ་ཐམས་ཅད་གསལ་སྔོན་གྱི་གནས་དང་། ཕ་རོལ་གྱི་སེམས་དང་། སྒྲ་ལ་སོགས་པ་ཀུན་རིག་ཅིང་མངོན་ཤེས་དྲུག་ལ་གསལ་ཏེ། ཆེན་པོའི་ཡེ་ཤེས་ཉིད་ལ་ལྟོས་པས་ཕྲ་བའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་། ཇི་སྙེད་པ་རིལ་གསལ་བར་མཁྱེན་ཏོ། །ལྔ་པོ་དེས་ནི་དོན་རྣམས་རྫོགས་པ་ཡིན་བསྒྲུབ་བྱ་མཐར་བསྐྱེད་དུ་བྱ་བ་མེད་པར་གྱུར་པའོ། །དེ་དག་འབྱུང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དཔེར་ན་མུན་པ་སངས་པ་དང་། །སྣང་བ་བྱུང་དང་ནམ་མཁའ་དང་། །ཞེས་པ་དེ་ཡང་གཟུང་བ་དང་འཛིན་པ་དང་གཉིས་ཀ་རགས་པ་དང་ཕྲ་བ་དང་། བག་ལ་ཉལ་བའི་རིམ་པས་སྣང་བ་ནི། དཔེར་བྱ་ན། མུན་པ་སངས་ནས་གསལ་བ་ལྟ་བུའི་དྲོད་དང་། སྐྱ་རེངས་ཤར་སྣང་བ་བྱུང་བ་ལྟ་བུའི་རྟགས་དང་། ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉི་མ་ཤར་བ་ལྟ་བུའི་ཆོ་འཕྲུལ་དང་། ཡུལ་ཁམས་ཀུན་མཐོང་བ་ལྟ་བུའི་མངོན་ཤེས་དང་། རྫས་རིལ་ལ་མ་ཁྱབ་ཅིང་ཐམས་ཅད་མི་གསལ་བ་མེད་པའི་ཉི་མ་ཤར་བ་དེ་ལྟ་བུས་སྒྲིབ་པ་འདག་པའི་ཚུལ་ནི། དེས་ན་དེ་ཡི་ཁྱད་པར་གྱིས། །གང་དུ་ཆགས་པའི་མུན་བསལ་ཏེ། །ཞེས་པ་ལ་སོགས་པ། དེས་ན་ཏིང་ངེ་འཛིན་བརྟན་པས་ཡོན་ཏན་ལྔ་སྐྱེས་པའི་དེའི་ཁྱད་པར་གྱི་རྩལ་གྱིས། གང་དུ་སེམས་ལ་ཡོད་པའི་མ་རིག་པའི་ཆགས་པའི་བག་ཆགས་དང་། མུན་པས་སྒྲིབ་པའི་ཚོགས་བསལ་དག་པར་བྱེད་དེ། དཔེར་རླུང་གིས་སྤྲིན་འཐོར་བ་ལྟར་བྱ་བ་རྫོགས་པའི་སྐད་ཅིག་མའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱིས། སྒྲིབ་པ་མུན་པའི་ཁམས་རིལ་རང་བཞིན་མེད་པའི་ངང་དུ་དག་པར་ཕྱག་འགྱུར་རོ། །ཡང་དཔེར་མར་མེས་མུན་པ་བསལ་བ་དེ་ཉིད་སྣང་བར་གྱུར་པ་ལྟར། སེམས་སྐད་ཅིག་མའི་རང་བཞིན་ཆོས་ཉིད་དེ་ཡིན་པའི་དོན་རྟོགས་རིག་པ་གསལ་ན། ཐོག་མ་མེད་པ་ནས་ཀྱི་ལོག་ཞེན་དང་། ཡང་དག་པའི་ཞེན་པའི་མུན་པ་སེལ་མཐའ་རིལ་དག་པར་བྱེད་དོ། །དེ་གང་རིག་པ་དེ་དག་ནི། །དེ་ཉིད་དེ་ཡི་སྒོ་ཕྱེ་ཞིང་། །ཞེས་པ་དག་རྟགས་ནི་དེ་ལྟ་བུའི་དོན་དེ་གང་རིག་པ་རྟོགས་པའི་རྣལ་འབྱོར་དེ་དག་རྣམས་ནི། དོན་དེ་ཉིད་དེའི་རིག་པའི་སྒོ་ཕྱེ་ནས་དེ་བཞིན་མིག་དང་དེ་ལྡན་པས་ཤེས་རབ་ཀྱི་སྤྱན་དང་ལྡན་པས། མཐོང་ཐོས་ཀྱི་ཆོས་ཇི་སྙེད་པའི་ཚིག་བཞི་པར་བསྡེབས་ནས་སྨྲ་ཞིང་སྟོན་པ་དང་། གཏན་ཚིགས་ཟབ་མོ་རྣམས་ཚིག་མ་བསླབས་པར་རིགས་པའི་རྩལ་གྱིས་འབྱིན་ནུས་ཏེ། དེ་ལྟ་བུའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འམ་རིག་འཛིན་ཡིན་པས། དོན་ཆེན་པོ་དེ་ལ་ལྟོས་ལ་རྟོག་ཅིག་པའོ། །དོན་མ་གོ་བའི་སྐྱོན་ནི། དེ་ཡི་མིག་དང་མ་ལྡན་ན། །མུ་མཐའ་ཡས་པའི་ཚིག་རྣམས་ཀྱིས། །ཞེས་པ་དག་དེ་ལྟར་རྟོགས་པའི་ཤེས་རབ་ཀྱི་སྤྱན་མེད་དེའི་མིག་དང་མ་ལྡན་ན་དེ་གདེང་དང་བྲལ་ན། དོན་གྱི་ཐབས་ཚིག་མུ་མཐའ་ཡས་པའི་ཇི་སྙེད་བརྗོད་པས་ཐ་སྙད་ཅི་བརྗོད་ཀྱང་ནོར་མ་ནོར་ངོ་མི་ཤེས་ཏེ་སྐྱོན་ནོ། །ཚིག་ཕྱིར་བློ་འབྲངས་དམུ་རྒོད་དག །ཅེས་པ་དོན་མ་ངེས་པས་སྒྲ་ཕྱིར་འབྲངས་པས་བློ་གཡེངས་པ་རྣམས་ངེས་དོན་གྱི་གོམས་པར་བྱ་བའི་བསླབ་པའི་ས་དང་ལམ་མ་ཡིན་ཏེ། ཚིག་ལམ་འབུམ་ཕྲག་ཇི་བརྗོད་ཀྱང་། །ཞེས་པ་གསང་དོན་མཚོན་པའི་ཚིག་སྟོང་ཕྲག་བརྒྱད་ཅུ་ཇི་ལྟར་བརྗོད་ཀྱང་། དེ་གཞན་ལ་གསང་བར་བྱའོ། །གལ་ཏེ་སྣོད་མ་ཡིན་པ་ལ་གང་སྨྲ་བ་བཤད་ན། ལོག་སྨྲ་དེ་ནི་རྡོ་རྗེ་ཐེག་པ་ཆེན་པོའི་བཀའ་རྐུན་ཏེ། རྡོ་རྗེ་དམྱལ་བར་ལྟུང་ནས་ཐར་པའི་སྐབས་མི་སྲིད་དེ་ཉེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དོན་སྒྱུ་ཚུལ་བཅོས་མཁན་དག་གིས། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་དོན་མ་གོ་བར་སྒྱུ་དང་ཚུལ་འཆོས་ཀྱིས། ངེས་པའི་ཚིག་གི་སྒྲ་ཕྱིར་འབྲངས་ལམ་ཡི་གེ་ཁྲིད་ནས་གཞན་ལ་གང་མ་ངེས་པར་གང་བརྗོད་པ་གསང་སྔགས་བཤད་ན། ཁམས་གསུམ་སེམས་ཅན་སྲོག་བཅད་པས། །ཞེས་པས། རང་གིས་ངེས་པ་མ་རྙེད་པས་ཆོས་བཤད་པས་སྡིག་པ་ཆེ་བའི་ཕྱིར་རོ། །དེ་ནི་ལོག་ལམ་དུ་བཙུད་པས་བདག་གཞན་ལ་ཐར་པའི་སྐབས་མེད་པས་འཁོར་བའི་གཏིང་རྡོ་བྱས་པའི་ཕྱིར་རོ། །དེ་དག་གི་རྗེས་སུ་ཐེག་པ་ཆེན་པོ་གཅིག་ཆར་འཇུག་ཐབས་བསྟན་པ འི་ཕྱིར། །དེས་ན་མཐའ་དབུས་མཉམ་ཉིད་ལ། །བཏུད་དེ་གཅིག་ཆར་གང་འཇུག་པ། །ཞེས་པ་ལ་སོགས་པ་རིམ་གྱིས་པས་ཡུན་རིང་མོས་ཆོས་ལྔ་ཐོབ་པའི་ཚུལ་དེ་ལྟ་བུས་ན། མཉམ་པ་ཆེན་པོ་མཐའ་དང་བྲལ་བའི་དོན་ལ། རིམ་པ་མེད་པར་སྤྱི་བླུགས་སུ་བཏུད་དེ་གཅིག་ཆར་གང་འཇུག་པའི་རྣལ་འབྱོར་མཆོག་དེ་དག་གི་བཞག་ཐབས་ནི་བཤད་ཟིན་ཏེ་བསམ་དཔྱོད་བུལ་བའོ། །དེ་ལྟར་གསང་སྔགས་ཀྱིི་དོན་གོ་ནས་བསྒོམ་པ་ནི། འབྲས་བུ་ཉིད་ལ་ཞུགས་པས་བརྩོན་པ་ཆེ་ན་བསྒོམ་ཡུན་རིང་ཐུང་རིག་པ་མེད་དོ། །ཡང་ལས་འཕྲོ་ཡོད་མེད་དང་དུས་ནམ་འགྲུབ་སྙམ་པའི་དུས་ལའང་རག་མ་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་དེ་བཞིན་དེར་བཞག་ན། །ཞེས་པ་ཇི་བཞིན་པའི་ངང་ལ་རིག་པ་ཇི་བཞིན་པ་སྤྱི་བླུགས་སུ་མ་བཞག་པར་བཞག་པ་ལྟར་བཞག་ན། དུས་དེ་མ་ཐག་ཏུ་སྐད་ཅིག་ཙམ་ལ་རིག་པ་མཉམ་པ འི་དེ་ཉིད་སྣང་ཀློང་དུ་གསལ་ལོ། །དེ་ལྟ་བུ་ལ་རེ་དོགས་མེད་པ་ཞིག་མཉམ་པའི་ཕྱིར་རོ། །དེ་བས་ན་འདིར་གསང་སྔགས་ཉིད་ཀྱི་རིམ་གྱིས་པའང་། ཟབ་མོ་གཅིག་ཆར་བ་ལ་ལྟོས་པས་རིང་བ་ལྟ་བུར་སྣང་ཡང་། རྒྱུ་འབྲས་གཉིས་མེད་ལ་སྦྱོར་བས་རག་ལུས་པར་མི་བྱེད་དོ། །གོལ་ས་རྣམས་ཀྱང་གཞིག་དཔྱད་མེད་པར་ཁེགས་ཏེ། གང་ཞེ་ན། དེ་ལ་དེ་བཞིན་མ་གཡོས་ན། །གྲོང་ཁྱེར་སྣང་བར་དེ་མི་འགྲོ། །དེ་ལ་དེ་ལྟར་མ་ཆགས་ན། །ཞེས་པ་གཅིག་ཆར་བས་མཉམ་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་ཀློང་དེ་ལ་འདུ་ཤེས་གང་དུའང་མ་ཞུགས་པས་དེ་བཞིན་མ་གཡོས་ན། གཟུགས་ཁམས་སུ་གྲོང་ཁྱེར་སྣང་བ་གོལ་བའང་མེད་དོ། །ཏིང་ངེ་འཛིན་གྱི་རོ་ལ་དེ་ལྟར་མ་ཆགས་པས་གཟུགས་སྣང་བ་མེད་པར་གོལ་ས་མེད་དོ། །དེ་ཉིད་མངོན་དུ་མཉམ་པའི་ཡེ་ཤེས་རང་གསལ་ཞི་བས་འགོག་པར་མི་ལྟུང་ངོ་། །ཡོད་དང་མེད་པའི་མཐའ་ཆོད་ན། །མཐའ་ལས་འདས་པའི་རྣལ་འབྱོར་ཉིད། །ཅེས་པ་དག་ངེས་པར་བཟུང་བའི་སྐྱོན་དབུ་མར་གོལ་བའི་འཆད་པ་ནི། སེམས་ལ་ཡོད་དམ་མེད་མཐའ་གཉིས་བྲལ་བར་ཤེས་མཐའ་ཆོད་ན ས་དེ་ལྟར་བསྒོམ་པ་མཐའ་ལས་འདས་པའི་རྣལ་འབྱོར་ཉིད། གང་འདིར་དོན་མ་ནོར་བའི་དངོས་པོ་ནི་ངེས་གསང་སྔགས་ཀྱི་སྐབས་ན་འདི་ཁོ་ན་དམ་པའོ་ཞེས་ཞེ་བས་འདོད་པ་གང་དག་འདི་ལྟར་དམ་འཆའ་བ་ནི། གང་ལ་གསང་བ་ཆེན་པོ་ལ་ཏིང་ངེ་འཛིན་གསལ་བ་དང་། རྟགས་མཚན་དང་གོལ་བ་ལ་རེ་དོགས་མེད་པའི་དོན་ལས་འཁྲུལ་གོལ་སྒྲིབ་ཉིད་དུ་ངེས་པར་སྣང་པ་དང་། དེ་མཐོང་དུ་མི་སྟེར་བ་ཁོ་ནའོ། །དེ་ཞེ་ལ་འཛིན་པ་སྐྱོན་ཡིན་པའི་གཏན་ཚིགས་ནི། ཅི་ཕྱིར་དབུས་མཐའ་འབྱེད་པས་ན། །དབུས་ཡོད་མཐའ་ཡང་རང་བཞིན་འབྱུང་། །ཞེས་པ་དག །ཅི་ཕྱིར་གཏན་ཚིགས་ཀྱིས་དབུས་མཐའ་བསལ་བའི་དོན་འབྱེད་པས་ན་དབུ་མའི་ཆོས་ཉིད་དབུས་ཡོད་ཡིན་ན་ལྟོས་པའི་མཐའང་རང་བཞིན་འབྱུང་ལ། ཡེ་ཉིད་མཐའ་བྲལ་བ་དབུས་མེད་ལ་མཐའ་ཡང་མེད་སེལ་བའི་འདུ་ཤེས་མེད་པས། ཆོས་ཉིད་དོན་དུ་གཉེར་བའང་མེད་ན་མཐའ་གང་ལ་འབྱུང་སྟེ། རང་བཞིན་གྱི་གཏན་ཚིགས་ཀྱིས་གསལ་ལོ། །དེ་བས་ན་དབུས་མཐར་དབྱེ་བ་དེ་ཉིད་དེ་ལྟར་གཙོ་བོ་ནི་དོན་ལས་ཉམས་པའི་ཕྱིར་ནད་དོ། །འོ་ན་དོན་མ་ནོར་བ་གསང་སྔགས་གཅིག་ཆར་བ་གང་ལྟར་འདོད་ཅེ་ན། མཐའ་དང་དབུས་བྲལ་དེ་ཁོ་ན། །མི་གནས་མི་ལེན་མི་འབྱེད་ཅིང་། །ཅི་ཡང་མ་ཡིན་མཐོང་ཐོས་མེད། །ཅི་ཡང་མི་འབྱེད་བྱ་དང་བྲལ། །ཞེས་པ་མཐའི་དང་དབུས་བྲལ་ཐ་སྙད་ཡེ་བྲལ་བའི་དེ་ཁོ་ན་དེ་བཞིན་ཉིད་ཇི་ལྟར་ཐག་ཆོད་ན་བློ་ཅི་ལའང་མི་གནས་རྟེན་མི་འཆའ། ཆོས་ཉིད་དང་དུ་མི་ལེན། བཟང་ངན་ལ་སོགས་པ་རིས་སུ་མི་འབྱེད། ཅི་ཡང་མ་ཡིན་མཚན་ཉིད་མེད་པའི་ཆོས་ཉིད་ལ་མཐོང་ཐོས་མ་འགགས་ལ་བྲལ་བས། དོན་གྱི་དངོས་པོ་གང་ཅི་ཡང་མངོན་དུ་མི་བྱེད་དེ། སེམས་མི་རྟོག་པ་ཉིད་ཆེད་དུ་བྱ་བའི་རྩོལ་བ་དང་བྲལ་ཙམ་ཡང་མེད་དོ། །དེ་ལྟ་བུའི་དོན་ནི་མཐའ་གང་དུ་འང་འབྱུང་སྣང་མེད་མ་མྱོང་སྟེ། མཐའ་མེད་དོ་ཞེས་པའི་བཏགས་སྣང་བའི་ཐ་སྙད་བྲལ་པའང་མེད་དོ། །བསམ་དུ་མེད་པའི་ཆོས་ཉིད་དེ། །མི་བསམ་དེ་བཞིན་ཉིད་དུ་གཞག །ཅེས་པ་བློ་བཞག་ཐབས་ནི། ཇི་བཞིན་པ་ལ་བསམ་དུ་མེད་པའི་ཆོས་ཉིད་དཔྱད་འདི་མེད་པས་རིག་པའང་དེ་ཉིད་ཀྱི་ཕྱིར་ཅིར་ཡང་མ་བསམ་པ་ཁོ་ན་དེ་བཞིན་ཉིད་དུ་རྩོལ་བས་མ་བསླད་པའི་ཕྱིར་བཞག་པའོ། །བསམ་གྱིས་མི་ཁྱབ་ཆོས་རྣམས་ཀུན། །བསམ་མེད་དེ་བཞིན་ཉིད་ལས་མེད། །ཅེས་པ་ཡིད་ཀྱི་བྱ་བས་མི་འཁྱུད་པ འི་བསམ་གྱིས་མི་ཁྱབ་ཆོས་ཇི་སྙེད་པ་རྣམས་ཀུན་རིལ་གྱི་དོན་གཟའ་གཏད་མེད་པའི་ཆོས་ཉིད་དེ་བཞིན་ཉིད་དུ་འདུས་སོ། །དེ་བས་ན་བསྒོམ་པ་གོལ་བའི་ཕྱིར་རྒྱུའི་སྤྱོད་པ་འདིར་འདུས་པའི་ཕྱིར། ས་དང་རྣམ་ཐར་ལ་སོགས་པ། །ཆོས་སྐུ་བྱང་ཆུབ་དཀར་པོའི་ཕྱོགས། །ཞེས་པ་དག །སའི་རིམ་པ་དང་། རྣམ་པར་ཐར་པ་བཅུ་དང་བརྒྱད་དང་། བསྡུ་བའི་དོན་གྱིས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྟ་བུ་རྣམ་པར་དཀར་བའི་ལས་ཇི་སྙེད་པ་ཀུན་ཀྱང་ཡང་། བསམ་དུ་མེད་པའི་བྱ་བཙལ་དང་བྲལ་བའི་དོན་ཆེན་པོ་མཐོང་དུ་མི་སྟེར་བའི་གོལ་སྒྲིབ་ཆེན་པོར་གྱུར་པ་ཡིན་གཡང་ས་དང་གེགས་ཆེན་པོའོ། །དེ་ཅི་སྟེ་ཞེ་ན། རིག་པ་ཅིར་ཡང་མ་བསམ་ན་མ་གཡོས་པ་ལ། བསམ་དཔྱད་བྱས་པས་རིག་པའི་རྒྱ་མཚོ་བརྙོགས་ཏེ། རྟོག་དཔྱོད་ཀྱི་རྙོག་མ་མ་སངས་ན་མི་མཐོང་བའི་ཕྱིར་རོ། །འདའ་དཀའ་ཆེན་པོའི་དཀའ་ཐུབ་ནི། །ཞེས་པ་ལ་སོགས་པ་ཤིན་ཏུ་འདའ་དཀའ་ཆེན་པོའི་རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། ཐིག་ལེ་ཆེན་པོ་མ་བཅོས་ཇི་བཞིན་པའི་ངང་ཁོ་ན་ལ་འདའ་ཉམས་དང་བསྲུང་བ་མེད་པ་ཉིད་དེ། བདེ་བར་གཤེགས་པ་རྒྱལ་བ་ཇི་སྙེད་པའང་ཐུགས་དམ་ཆེན་པོ་དེའི་ངང་ལས་མི་འདའ་བར་བཞུགས་པའོ། །གང་གཟུང་མེད་དེ་ལྟ་བུའི་ངང་ལས་བསྲུང་མཚམས་གང་འཛིན་རིས་ཕྱེ་ནས་སྡོམ་པ་འཛིན་པ་ནི་གོལ་འཁྲུལ་ལོ། །བརྡལ་བ་ཆེན་པོའི་ས་འདི་ནི། །ཞེས་པ་དག་ཁམས་གསུམ་ཆོས་སྐུ་བདལ་བ་ཆེན་པོས་བསྣུམས་པས་འདི་ཉིད་ཡེ་ནས་སངས་རྒྱས་ཀྱི་ས་ལ་མ་བགྲོད་འགྲོ་དྲུག་མ་བཀོད་པར་རང་བཞིན་ས་ནོན་ཏེ། འགྲོ་བའི་སེམས་ཀྱི་ཆོས་ཉིད་ས་འདིར་མ་ཆུབ་གང་ཡང་མེད་ས་ཆེན་པོ་པས་སངས་རྒྱས་ཀྱི་ས་མིན་པའང་མི་རྙེད་པས། སྟོང་གསུམ་གང་འདིར་སངས་རྒྱས་ཀྱི་ས་ལ་བགྲོད་བཅུའི་རིམ་པས་གང་བགྲོད་གོལ་རྩོལ་བས་བགྲོད་པ་ནི་ནོར་བའི་ལམ་མོ། །དེ་ཉིད་དེ་རིག་ཡེ་བྱུང་ལ། །ཁྱད་པར་རིམ་པས་འབྱུང་འདོད་གང་། །ཞེས་པ་དག་ཆོས་དེ་ཉིད་མཉམ་པ་ཆེན་པོའི་ངོ་བོ་ཉིད་དེ་རིག་པ་དེ་རང་བྱུང་གི་ཡེ་ཤེས་བགྲོད་དུ་མེད་པའི་ངོ་བོ་ཡེ་ས་ནོན་ཟིན་པ་ལ། སུ་དག་བསྒོམ་པའི་རིག་པ་བོགས་དང་སྐྱེད་ཀྱི་ཁྱད་པར་རིམ་པས་སྐྱེད་ནས་མཐར་ཕྱིན་པར་འབྱུང་འདོད་པ་གང་དག་ནི། གཅིག་ཆར་བའི་དོན་ཆེན་པོ་གང་འདི་ལ་མདོངས་པས་གོལ་བ་ཁོ་ན་རྨོངས་པ་ཁོ་ནའོ་སྟེ། རང་བྱུང་སྙིང་པོའི་དོན་ལས་དེ་ལས་ངེས་པར་གོལ་བ་ལ་ཐེ་ཚོམ་མེད་དོ། །བསམ་ཡུལ་དམིགས་སུ་མེད་པ་ལ། །ཞེས་པ་དག་སྒོ་གསུམ་བཅོས་པའི་སྐྱོན་འཆད་པ་ནི། འདིར་ཡེ་ཤེས་ཆེན་པོ་བསམ་སྤྱོད་ཡུལ་དམིགས་སུ་མེད་པ་གཉིས་མེད་པ་ལ། དུས་གསུམ་དམིགས་པའི་འདུ་ཤེས་མེད་པས། བཏང་སྙོམས་ཆེན་པོའི་རྣལ་འབྱོར་པ་གང་དུའང་མ་གཡོས་ཇི་བཞིན་པ་ཉིད་བྲལ་བ་མེད་པ་ཡིན་བཞིན་དུ། དེ་མ་རྙེད་པས་རྒྱུ་བས་ལུས་དགོན་པར་འདུག་ནས་སེམས་ཀྱི་བྱུང་ཚོར་འཆོས་འགེགས་ཤིང་རྟོག་དཔྱོད་འཛིན་པ་དག་ནི་ཆོས་ཉིད་དང་མཚན་མ་རིས་སུ་བྱེད་པ་དང་མ་བྲལ་བས་གོལ་ལམ་དུ་ཆུད་དོ། །ཀུན་འགྲོ་ཆེན་པོ་དེ་ཉིད་ལ། །བཅིངས་གྲོལ་མེད་པར་ངེས་བཞིན་དུ། །ཞེས་པ་བཅིངས་པ་ཡེ་མ་དམིགས་པའི་ཆོས་ཉིད་ཀུན་གྲོལ་ཆེན་པོ་དེ་ཉིད་ལ། བཅིངས་གྲོལ་བར་འདོད་པའི་འདུ་ཤེས་དང་ཡང་བྲལ་བས་མེད་པར་ངེས་གཉིས་མེད་པ་ཡིན་བཞིན་དུ། གང་འདིར་ལྡོངས་པ་དག་བློ་མ་ཆུད་པས་རང་རང་གི་སྲུང་བ་དཀའ་ཐུབ་རྟོགས་པས་རྩ་བ་དང་ཡན་ལག་གི་རྟོག་པས་སྒོ་གསུམ་བཅིངས་བསྡམས་ནས་གནས་པ་ནི། རྣལ་འབྱོར་ཆེན་པོ་ཉིད་ལས་གོལ་བཅིངས་གྲོལ་མེད་པའི་དོན་མ་མཐོང་ངོ་། །ཡེ་ནས་མ་བཅོས་ཉིད་ཁོ་ན། །ཞེས་པ་དག་ཡེ་གདོད་ནས་མ་བསླད་པའི་ཆོས་ཉིད་ཁོ་ནར་དབྱིངས་སུ་རིག་པ་གང་གནས་རང་ཤར་བ་ལ་བསམ་པའི་འདུ་ཤེས་མེད་པར་དེ་ཉིད་ཁོ་ན་གསལ་བས་ན། གསང་སྔགས་དེ་འདི་ལ་གོལ་སྒྲིབ་ས་ག་ལ་ཡོད་མིང་མེད་དེ། གོལ་སྒྲིབ་ཉིད་ཀྱང་དེ་ཁོ་ན་དེའི་ངོ་བོ་ལ་སྐྱོན་ཡོན་ཏན་དུ་ཤར་རོ། །དེ་སྐད་ཅེས་བགྲོས་པས། ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས། གང་གང་གིས་བཅིངས་པ་ལས་གྲོལ་ཏེ་རེ་རྩོལ་གྱི་ཐེ་ཚོམ་ཆད་པར་གྱུར་ཏོ། །ཅེས་པ་བཀའ་སྩལ་པས་འཁོར་གྱིས་ངེས་པའི་གདེང་རྙེད་པའོ། །རྣལ་འབྱོར་དབུ་མའི་དོན་ཏེ། དེ་ལ་བཅུའི་ཡང་ཐོག་གི་ཡུལ་ལོ། །ཆོས་ཐམས་ཅད་ཀྱི་ལོང་བསྟན་པའི་ལེའུ་ཞེས་པ་ལེའུའི་མཚན་ནོ། །ལེའུ་ལྔ་བཅུ་བཞི་པ་འགྲེལ་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཞེས་པ་ལ་སོགས་པ་སྡུད་པོས་ལྡེའུ་མིག་ཐ་མ་རྩ་བ་གསུམ་གྱི་དོན་ལས་བར་མ་དོན་གྱི་རྩ་བ་ཆེན་པོ་དྲིས་པ་གཉིས་ནི། ངོ་བོ་དང་ཤེས་པར་བྱ་བའི་ཐབས་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ། གང་དྲི་བ་དམ་པ་འདི་ནི་ལེགས་སོ། །ཞེས་པ་སྟོན་པས་དྲི་བ་གཉིས་དྲིས་པ་ལ་ལེགས་པ་གཉིས་གནང་བའོ། །གང་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བགྱི་བ་དེ་ནི་རྩ་བ་བྱང་ཆུབ་ཀྱི་སེམས་ལ་བྱའོ། །ཞེས་པ་ངོ་བོ་བསྟན་པའོ། །དེ་ནི་དེ་ལྟར་ཡོངས་སུ་ཤེས་པར་བྱ་སྟེ། ཞེས་པ་དག་ལན་བསྟན་པའི་སེམས་དེ་ཤེས་པར་བྱ་བའི་ཐབས་ཉེ་བར་བསྟན་པ་ནི། སངས་རྒྱས་དང་སེམས་ཅན་གྱི་ཐུགས་དང་སེམས་ཀྱི་ཆོས་ཉིད་ཐ་སྙད་སོ་སོ་ཡང་ངོ་བོས་དབྱེར་མེད་པ་དེའོ། །དེ་ཡང་རྟོགས་མ་རྟོགས་ཀྱི་རྩ་བས་སྣང་སངས་རྒྱས་དང་མུན་སེམས་ཅན་དུ་སྣང་བའོ། །ཚིག་ལྷག་མ་ནི་དོན་དེ་ཉིད་རྒྱས་པར་སྟོན་པའི་ཁུངས་སྟོན་པའོ། །ལང་ཀའི་བདག་པོ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ། ཞེས་པ་ལ་སོགས་པ་སྡུད་པ་པོ་ལ་བོས་ནས་སྣང་ལུགས་དེ་ཡང་ཚུལ་འདི་ནི། སྟོན་པ་གསང་བའི་སྐུ་གསང་སྔགས་ཀྱི་རྒྱལ་པོ་དེ་གནས་ཡུམ་གྱི་མཁའ་ལ་བཞུགས་ནས། གནས་དང་ཡུན་ནི་སྐད་ཅིག་ལ་ཆོས་སྟོན་པའི་དུས་ན། དེ་ཉིད་ཀྱི་འཁོར་སྐྱེས་བུ་དམ་པ་བཤད་པའི་རྡོ་རྗེ་མྱུར་བ་ལ་སོགས་པ་མང་པོ་རྣམས། གསང་སྔགས་ཀྱི་ངེས་པ་མ་རྙེད་པ་རྙེད་པར་བྱ་བའི་ཕྱིར། ཐེ་ཚོམ་གཅོད་པ་ལ་སོགས་པ་བཤད་པ་བཞིན་ནོ། །དེའི་དུས་ཉིད་ན་ཁོ་བོ་འཁོར་དེ་ཉིད་དུ་འདུས་པར་གྱུར་པས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་པ་ལ་སོགས་པ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་གསང་བའི་སྐུའི་འཁོར་དུ་གྱུར་པས། སྟོན་པ་ལ་ཞུ་བ་བརྗོད་པ་ནི། སྤྱིར་དྲི་བ་ལྔ་ལས། འདིར་དགོས་པ་གཞན་དོན་དུ་ཐེ་ཚོམ་དང་མི་ཤེས་པ་དྲིས་པའོ། །འོ་ན་སྐབས་འདིར་གསང་བའི་སྐུ་ཁོ་ན་ལས་དྲི་བའི་སྐབས་འབྱུང་བ་ཅིང་ཞེ་ན། གླེང་གཞི་འདི་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་གཉིས་ཀའི་རྩ་བར་ཐབས་ལྡན་མི་ལྡན་གྱིས་གྱུར་པའི་ཕྱིར་རོ། །སྟོན་པ་ལ་བོས་ནས་རྩ་བ་ཆེན་པོ་མ་རྟོགས་པའི་དྲི་བ་བཅུ་གཅིག་དྲིས་པ་ནི། ཐབས་ཀྱི་སྒོ་ནས་ཡེ་ཤེས་སྐྱེ་བའི་སྐད་ཅིག་མ་ཉིད་ལ་གསོལ་པ་དང་། དུས་དེ་ལ་ནན་ཏན་བསྣན་ནས་ཞུས་པ་སྟེ་ཚིག་ཏུ་ཞུ་བ་དང་། ཏིང་ངེ་འཛིན་གྱིས་ཞུ་བ་དང་། བརྡ་ཡིས་ཞུ་བ་དང་། ཐབས་ཀྱིས་ཞུ་བ་ལས་ཐ་མ་གཉིས་ཀྱིས་ཞུས་པའོ། །བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པ། སྟོན་པས་ལན་བཀའ་སྩལ་པ་ཡང་། བྱིན་གྱིས་རླབས་ཀྱིས་ལན་སྩལ་པ་དང་། དགོངས་པ་བརྡ་ཡིས་ལན་འདེབས་པ་དང་། ཚིག་ཏུ་ལན་འདེབས་པ་དང་། ཐབས་དང་བརྡ་ཡི་ལན་འདེབས་པ་ཐུན་མོང་བ་ལས། འདིར་དྲིས་ལན་གྱི་ཐེ་ཚོམ་བཅད་པ་སྤྱིར་བསྟན་པ་ནི། བཤད་པ་དང་འཆད་པའི་དྲིས་ལན་ལའང་ཉེ་བར་སྦྱར་རོ། །འདིར་ལན་ཐ་མ་བཀའ་སྩལ་པ་བོས་ནས་རྩ་བ་ཆེན་པོའི་དོན་མ་རིག་པས་བསྒྲིབས་པས་མ་མཐོང་། སྤྱོད་ཡུལ་དུ་བྱར་མེད་པས་མ་དམིགས་སོ། །རིམ་པ་བཞིན་གཏིང་ཟབ་པས་ཡང་དག་པའི་དོན་མ་རྙེད་པའོ། །བློས་དཔག་པར་དཀའ་བས་ངེས་པར་མ་ཤེས། བྱང་ཆུབ་སྙིང་པོ་ཤིན་ཏུ་མྱུར་བས་རྩོལ་བགྲོད་ཀྱིས་མ་སླེབས་པའོ། །དོན་དེ་ཉིད་མུ་མཐའ་མེད་དེ་ཡངས་པས་བློས་མ་ཁྱབ་པའོ། །འདི་འཇིག་རྟེན་འཁོར་བ་མུན་པའི་ཁམས་སུ་སྟོར་བའོ། །རྟོགས་པར་བྱེད་ནས་དོན་ཚོལ་ན་གྲོང་ཁྱེར་གསུམ་དུ་བཙལ་ལོ། །ངོ་བོ་གང་ཞིག་ཡིན་ན། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་ཡིན། དེའི་ངོ་བོ་ཆོས་ཉིད་དེ་ཁོ་ན་ཉིད་ལ་བྱའོ། །གར་སྟོར་ན་མུན་པའི་ཁམས་སུ་སྟོར་བའོ། །སེམས་དཔའ་ཆེན་པོ་དེ་ལྟ་བས་ན་མུན་པ་འདི་བསལ་བའི་ཕྱིར། འདིའི་རང་བཞིན་ལ་མཁས་པར་བྱའོ། །ཞེས་པ་བོས་ནས། ལན་གྱི་དོན་ཚུལ་གྱིས་རྩ་བ་མ་རིག་པ་དག་པར་བྱ་བའི་ཆེད་དུ་འདིའི་མཚན་ཉིད་རྟོགས་པར་གྱིས་ཤིག་པར་གདམས་པའོ། །རྟོགས་པར་བྱ་བའི་ཐབས་བསྟན་པའི་ཆེད་དུ། དེ་བཞིན་དུ་ངོ་བོ་དང་ཞེས་པ་དག་གསུངས་པའོ། །དེའང་དོན་གཞན་དུ་ཚོལ་བའི་ཞེན་པ་དགག་པའི་ཕྱིར། མུན་པའི་ཁམས་པ་དག་དང་ཆ་གཅིག་ཏུ་ཤེས་པར་བྱའོ། །ཞེས་པ་ལྡོག་པའི་ཐ་དད་ཡོད་ཀྱང་ངོ་བོ་མུན་པའི་ཁམས་དང་བྱང་ཆུབ་སྙིང་པོ་དབྱེར་མེད་པའོ་ཞེས་གསུངས་པའོ། །དེ་ཉིད་ཤེས་པར་བྱ་བའི་ཕྱིར་རྒྱས་པར་དྲི་བ་ནི། ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མུན་པ་འདི་ཅི་ལས་འབྱུང་། མུན་པ་འདིའི་རང་བཞིན་ཅི། མུན་པ་འདིའི་ངོ་བོ་གང་། མུན་པ་འདིའི་མཚན་ཉིད་གང་། ཞེས་པ་ལ་སོགས་པ་དྲི་བ་བཅོ་ལྔ་ནི། སྤྱི་དང་ཁྱད་པར་ལས། ཁྱད་པར་དུ་ཡང་མུན་པའི་ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་གྱི་ངོ་བོ་ལས་མདོ་བཞི་ཤེས་པ་རེ་རེ་ལ་ལྡན་པའི་བྱེ་བྲག་བཞི་ཉུང་བསྡུས་ནས་དྲིས་པའོ། །དེའང་མུན་པ་ནི་མ་རིག་པ་དང་མཚུངས་པའི་ཤེས་པ་སྟེ། ཀུན་གཞི་ལ་འདི་དག་རྒྱས་པར་ལྡན་ཏེ་འཆད་པར་འགྱུར་རོ། །དྲི་བའི་ལན་སྤྱི་དང་ཁྱད་པར་ལས། སྤྱིའི་དབང་དུ་ལན་ཐ་མ་བསྟན་པའི་ཕྱིར་དང་། ཆ་གཅིག་ཏུ་ཤེས་པར་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དེས་བཀའ་སྩལ་བ། སེམས་དཔའ་ཆེན་པོ་མུན་པ་དང་སྣང་བས་བསྡུས་པའི་ཆོས། ཞེས་པ་བོས་ནས་སྟོན་པས་བཀའ་སྩལ་པ། མུན་སྣང་རིལ་སྙིང་པོ་བྱང་ཆུབ་སེམས་རྒྱུ་རྐྱེན་དང་བྲལ་བར་གཅིག་པས། མུན་པའི་རྩ་བ་མ་རིག་པའི་སེམས་ཀྱང་དེར་འདུས་སོ། །དྲུག་པའི་ལན་བསྟན་པའི་ཕྱིར། དེ་ལྟར་སྟོན་པའི་མདོ་ནི་འདི་ལྟ་སྟེ། སངས་རྒྱས་བྱང་ཆུབ་འབྱུང་བ་ཡི། །སྐྱེད་ཤིང་སྙིང་པོ་དེ་ཉིད་དེ། །ཞེས་པ་དག་ངོ་བོ་གཉིས་མེད་པ་ལ་མ་མཐོང་བའི་དོན་ཤེས་པར་བྱ་བའི་ཐབས་འཆད་པའི་ཚུལ་ཉེ་བར་བསྟན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཆོས་ཀྱི་སྐུའི་ཡོན་ཏན་གྱི་འབྱུང་བ་གཞི་དང་རྩ་བ་སྐྱེད་ཅིང་ཀུན་གཞི་བྱང་ཆུབ་ཀྱི་སྙིང་པོ་མ་རིག་པ་དང་བཅས་པའི་ངོ་དེ་ཉིད་ཡིན་པས། དཔེར་མེ་ཏོག་པདྨའི་རྩ་བ་འདམ་ལ་ཟུག་པ་ལྟར། བྱང་ཆུབ་སྙིང་པོ་ཆེན་པོའི་རྩ་བའང་འཁོར་བ་ཉིད་ལ་ཡོད་པའོ། །དེས་ཀུན་གཞི་འཁྲུལ་པ་ཡང་ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་ལས་བྱུང་བའོ། །རྩ་བ་ཉིད་ནི་ཐམས་ཅད་ལོག་པ་དང་མ་རིག་པའི་ཡང་འབྱུང་བའི་གཞི་ངོ་བོ་འདི་འདྲར་མེད་པའི་རྩ་བ་སེམས་ཉིད་དེ། ཆོས་རྣམས་དངོས་པོ་གཉིས་པ་ཀུན་རིལ་གྱི་རྩ་བ་ཡིན་པས་མུན་པ་ཆོས་རྣམས་ཁམས་གསུམ་ཉིད་མ་རིག་པའི་མུན་པའི་ཡང་ཁམས་གསུམ་འ དི་དག་ཉིད་དུ་འདུས་རྩ་བའོ། །གཉིས་པའི་ལན་བསྟན་པའི་ཕྱིར། ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །རྟོགས་པར་ཡང་ནི་མི་ནུས་ཏེ། །ཞེས་པ་མུན་པའི་རང་བཞིན་རང་རིག་པ་བྱང་ཆུབ་སེམས་ཆོས་འདི་ཟབ་སྟེ་མཐོང་བར་ཤིན་ཏུ་གཏིང་དཔག་དཀའ་བས་ངོ་བོ་རྟོགས་པར་དཀའ་བའི་ཕྱིར། ཡང་ནི་འདིའི་རང་བཞིན་འདི་འདྲར་མི་ནུས་ཏེ་རྟོགས་པའོ། །བརྒྱད་པ་དང་བཅུ་གཅིག་པའི་ལན་གང་ཞེ་ན། མཐར་ཕྱིན་པ་ལ་གནས་པ་ཡི། །སྐྱེས་བུས་ཀྱང་ནི་མཐོང་མ་ཡིན། །ཞེས་པས་བཅུ་མཐར་པའི་བྱང་ཆུབ་སེམས་དཔའ་ལའང་ཀུན་ནས་ཉོན་མོངས་པ་མེད་པའི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་པས། རྩ་བ་ཆེན་པོ་མ་མཐོང་བས་ས་བཅུ་མན་ཆད་ལ་སྒྲིབ་ཅིང་། ས་ལ་གནས་པའི་སྐབས་སེམས་སྐྱེས་པ་ཡན་ཆན་དུ་རང་རང་ལ་སྒྲིབ་ཚབ་ཆེ་ཆུང་ཕྲ་རགས་ཡོད་པའོ། །དེ་ཅིའི་ཕྱིར་ཞེ་ན། མེད་པ་སྟོང་པའི་ཆོས་ཉིད་འདི། །ཡོད་པའི་དངོས་པོར་ཡོངས་མི་དམིགས། །ཞེས་པ་སྤྱོད་ཡུལ་དུ་མེད་པའི་ཆོས་ཉིད་ལ། ཡུལ་ཡུལ་ཅན་གྱི་དངོས་པོ་གཞི་བྲལ་བས་གཉིས་མེད་པའོ། །དམིགས་དང་མི་དམིགས་ཚིག་ལམ་ཆད། །རྣམ་པར་མི་རྟོག་སྐྱེ་བ་མེད། །ཅེས་པ་དེ་ལྟ་བུའི་ངང་ལ་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་མར་མེ་ལྟར་གསལ་ལ། རྒྱུན་དུ་སྐྱེ་བའི་ཐ་སྙད་མེད་པར་རང་གསལ་བ་ལ་དེའི་ཐ་སྙད་ཙམ་ཡང་ཚིག་ལམ་ཆད་བརྗོད་དུ་མེད་པའི་ཕྱིར། སའི་ཞེན་མཐས་མ་རྟོགས་རྣམ་པར་མི་རྟོག་སྐྱེ་བ་མེད་པའོ། །བདུན་པའི་ལན་བསྟན་པའི་ཕྱིར། གསལ་བས་དུས་མཐའ་མེད་པ་རུ། །མ་ལུས་ཁྱབ་པ་ཀུན་བཙལ་ཡང་། །ཞེས་པ་བྱང་ཆུབ་སྙིང་པོ་ནི་ཡེ་ཡུལ་མེད་གསལ་བ་ལ། སྒྲིབ་བྱེད་བྲལ་བའི་དོན་ཐོག་མ་ཐ་མ་མེད་པར་དུས་མཐའ་མེད་པ་རུ་ཀུན་ཏུ་མ་ལུས་ཁྱབ་པར་བཙལ་ཡང་། ངོ་བོ་ངེས་པ་འདི་ཞེས་བྱ་བ་ཞིག་སྔར་མ་རྙེད་པས་ད་ཡང་རྙེད་པར་མི་འགྱུར་རོ། །མཁས་པས་དུས་མཐའ་མེད་པ་རུ། །ཞེས་པ་དག་སྒྲ་ལ་མཁས་པ་གོམས་པས་དུས་མཐའ་ཐོག་མཐར་ཤེས་རབ་ཀྱིས་ཤིན་ཏུ་བསྒྲིམས་ཏེ་དཔྱད་བརྟགས་ཅིར་བརྟག་ཀྱང་པས་བྱང་ཆུབ་སྙིང་པོའི་གང་འདིར་ཅིར་ཡང་མཚན་ཉིད་མ་རྟོགས་མཐོང་བ་མེད་སོ། །དེ་བས་ན་ཡུལ་དུ་བྱེད་པས་དུས་གསུམ་དུ་མ་རྙེད་པས་འཁོར་བ་ཇི་སྙེད་པའི་ཡུལ་དུ་གནས་སོ། །དེ་བས་ན། མགྱོགས་པས་དུས་མཐའ་མེད་པ་རུ། །ཉམ་ཐག་ཆད་པར་བརྒྱུགས་ཀྱང་ནི། །ཞེས་པ་དག་མཉམ་པ་ཆེན་པོ་མ་ཡིན་པ་མེད་པའི་ཕྱིར། ཕྱིན་ཀྱང་གཞན་དུ་ཉམ་ཐག་ད་དུང་མི་སླེབས་ཏེ་འདི་ཉིད་ཀྱི་ངང་ཕྱིན་པ་མེད་སྟེ། ས་བགྲོད་དུ་མེད་པས་མུན་པའི་དང་རང་བཞིན་ཆ་གཅིག་གོ། །སྐྱེ་མེད་ཆོས་ཀྱི་སྡོང་པོ་ལ། །རྣམ་ཐར་བཞི་ཡི་ཡན་ལག་འགེལ། །ཞེས་པ་རྣལ་འབྱོར་གྱི་དབང་གིས་རྣམ་པར་ཐར་པ་གསུམ་དུ་འགྱུར་ཏེ། འདིར་སྐྱེ་མེད་དངོས་གཞི་བྲལ་བ་ཆོས་ཉིད་རིལ་གྱི་རྩ་བ་སྡོང་པོ་ལ་ཉིད་མཚན་ཉིད་བཞིར་རྣམ་ཐར་ཤར་བས་རང་བཞིན་གྱི་རྣམ་པར་ཐར་པ་བཞིར་རྒྱས་པར་བྱུང་ངོ་། །དེ་ལམ་པས་དོན་དུ་གཉེར་འགེལ་ནས་འབད་པ་བྱས་པས་ལམ་གྱི་རྣམ་ཐར་བཞི་བྱང་ཆུབ་བླ་མེད་སྙིང་པོར་སྨིན་ཆོས་སྐུ་ཆེན་པོ་ཉིད་མཐར་ཕྱིན་པའོ། །དེ་ནི་ཀུན་འབྱུང་ཡོན་ཏན་རིལ་གྱི་འབྱུང་གནས་བྱང་ཆུབ་ཀྱི་ཤིང་བུའོ། །དགུ་པའི་ལན་གང་ཞེ་ན། འཇུག་པ་དངོས་ལ་འདོད་པའི་ཁམས། །ཞེས་པ་དག །འཇུག་པ་གཟུགས་སྒྲ་ལ་སོགས་པའི་ཡུལ་གྱི་དངོས་པོ་ལ། མ་རིག་པའི་དབང་གིས་ཞེན་པ་ནི་འདོད་ཁམས་ཀྱི་མ་རིག་པའོ། །བསམ་གཏན་བཞིའི་ཏིང་ངེ་འཛིན་མངོན་དུ་བྱེད་ཅིང་འདུ་ཤེས་འཛིན་པ་དང་མ་བྲལ་བ་གཟུགས་ཁམས་ཀྱི་མ་རིག་པའོ། །གཟུགས་མངོན་དུ་སྣང་བ་མེད་པར་བསམ་པའི་འདུ་ཤེས་བཞི་རྒྱུན་མི་ཆད་པས། སྙོམས་འཇུག་བཞི་ལ་གནས་པས་དོན་མ་རྙེད་པ་གཟུགས་མེད་པའི་མ་རིག་པ་སྟེ་བྱེ་བྲག་གསུམ་མོ། །དང་པོའི་ལན་བསྟན་པའི་ཕྱིར། གང་དེ་ཆེད་ལས་བྱེད་ལས་གྱུར། །ཞེས་པ་དེ་དག་གསུམ་གང་དུ་སྣང་བའི་རྒྱུ་ནི། ཇི་བཞིན་པ་མ་རིག་པས་ཁམས་གསུམ་གྱི་ཡུལ་ཆེད་དུ་བྱེད་པ་ལས་བྱུང་བའོ། །གསུམ་པའི་ལན་ནི། ཡུལ་དུ་གང་གྱུར་འཇུག་པ་ཉིད། །ཅེས་པ་ཁམས་གསུམ་གྱི་ཡུལ་གྱི་དངོས་པོ་གང་གྱུར་ཡང་རུང་བ་ལ་འཇུག་པ་ནི། ཁམས་གསུམ་གྱི་གང་ལ་འཇུག་པ་ཤེས་པ་དོན་ལ་མདོངས་པའི་དེ་རྣམས་ངོ་བོ་ཉིད་དོ། །དེ་ཡུལ་མུན་པའི་ཁམས་གྱུར་ཀྱང་། །ཞེས་པ་འགྲོ་བ་དེ་དག་གིས་སྤྱོད་ཡུལ་མ་རིག་པའི་མུན་པའི་ཁམས་སོ། །མི་མཐུན་པ་ནི། རང་གི་རིག་པ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ནི། མུན་པའི་ཁམས་ཉིད་ལ་གསལ་བར་ཡོད་དེ་གཉིས་མེད་པའོ། །སྣང་དང་སྣང་བའི་འོད་བྱུང་བ། །སྐྱེ་འབྱུང་ཞེས་པ་དག །སེམས་དང་སེམས་སྣང་བའི་དངོས་པོ་གཉིས་པ་ཇི་སྙེད་འབྱུང་བ་དེ་དག་སྐྱེ་བ་བཞི་དང་འབྱུང་བ་ལྔ་ལ་སོགས་པར་སྣང་བའི་ཡང་གཞི་རྟེན་རྩ་བ་སྙིང་པོ་འདི་ཉིད་ནི། དངོས་པོའི་ཕྱོགས་རིག་མཐོང་ཡང་ངེས་དོན་མ་རིག་པའི་མ་ཤེས་པས། ངོ་བོ་ཉིད་མེད་གཟུང་དུ་མི་བཏུབ་པའི་ཤེས་པ་མ་རིག་པ་དེ་ཉིད་དང་མཚུངས་པའོ། །བཅུ་པའི་ལན་ནི། མུན་ཁུང་གསེར་སྟོར་ཇི་བཞིན་དུ། །ཞེས་པ་དཔེར་མུན་པར་གསེར་སྟོར་བ་དང་འདྲའོ། །ལན་བཅུ་གསུམ་པ་ནི། འཁོར་བ་མུན་པ་མུན་ནག་ཏུ། །ཞེས་པ་འཁོར་བའི་སྨག་རུམ་དུ་རིན་ཆེན་སེམས་ཉིད་ཀྱི་དོན་སྟོར་ཏེ། མ་རིག་པས་དོན་མཐོང་དུ་མི་སྟེར་བའི་ཕྱིར་གཏན་ཚིགས་སོ། །ལན་བཅུ་བཞི་པ་གང་ཞེ་ན། མུན་པའི་ཁམས་སུ་གྱུར་པ་དག །མུན་པའི་འདུ་ཤེས་ཉིད་དུ་བྱུང་། །ཞེས་པ་མ་རིག་པ་ཤ་སྟག་ཏུ་གྱུར་པའི་འགྲོ་བ་རྣམས། མ་རིག་པ་གཉིས་ཀྱིས་ནོན་པ་ནི། དཔེར་མིག་གིས་མིག་མི་མཐོང་བ་ལྟར་ཡུལ་བྲལ་བས་རང་གིས་རང་མ་མཐོང་སྟེ། ཤེས་པ་མ་རིག་པ་རྒྱུད་དུ་གྱུར་པའི་ཕྱིར་རོ། །ལན་བཞི་པ་ནི། མུན་པའི་ཁམས་པས་གང་ཤེས་པ། །ཞེས་པ་དག་གྲོང་ཁྱེར་གསུམ་གྱི་མུན་པའི་ཁམས་པས་འགྲོ་བ་རྣམས་ཀྱིས། གང་ཡུལ་གྱི་བྱེ་བྲག་ཤེས་པར་བྱེད་པའི་ཤེས་པ་དངོས་པོ་ལ་རིག་ཅིང་རྟོག་པའི་ངོ་བོ་ནི་མཚན་ཉིད་དེ། དེ་དག་གི་མཚན་ཉིད་ཕྲ་ཆ་ཤས་ཙམ་ཡན་ཆད་རགས་རིལ་བཅུ་གཉིས་པའི་ལན་གྱིས་གསལ་བར་སྟོན་ཏེ། གང་འདིར་བློ་ཆུང་བྱིས་པ་རྣམས། །ཞེས་པ་དག །གང་འདིར་རྒྱུའི་ཐེག་པ་ཆེན་པོ་ལ་བློ་ཆུང་ཆུང་བརྡ་ཤེད་མ་བྱེ་བ་བྱིས་པ་དག་གི་དོན་རྣམས་ཆེད་དུ་སྟོན་པས་གླེང་གཞི་བཀའ་སྩལ་པ་དེ། འདི་གསལ་བའི་ཕྱིར་ཐེག་པ་ཆེན་པོའི་བློ་ལྡན་རྣལ་འབྱོར་རྣམས་ལའང་འདི་བཤད་ཀྱིས། ཁྱོད་ཀྱིས་ཀྱང་གཞན་བླུན་པོ་ཁ་དྲངས་པའི་ཆེད་དུ་རྟོགས་པར་གྱིས་ཤིག་པར་གདམས་པའོ། །ལྔ་པའི་ལན་དང་ཁྱད་པར་གྱིས་དེ་དག་གི་ལན་གདབ་པ་ཐུན་མོང་དུ་བསྟན་པའི་ཕྱིར། འདི་ཡང་འདི་ལྟར་ཡོངས་སུ་སྣང་། །ཡན་ལག་མདོ་དང་རྩ་བ་སྟེ། །འབྱེད་དང་འགྲོལ་དང་འབྱིན་པ་ཡིན། །ཞེས་པ་མ་རིག་པ་དེ་ཡང་ཡན་ལག་འབྱེད་ན་གསུམ་སྟེ། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་གྱི་ལྡེ་མིག་གི་དང་པོས་འབྱེད་ཅིང་བར་མས་འགྲོལ་བ་དང་། ཐ་མས་ངེས་པར་འབྱིན་པ་ཡིན་ཏེ། ཤུགས་ཀྱིས་བཅུ་གཉིས་པའི་ལན་དུའང་འགྱུར་རོ། །དེ་ལ་ཡན་ལག་དང་པོ་གང་ཞེ་ན། ཡན་ལག་དྲུག་ཏུ་གང་གྲགས་པ། །མཐོང་ཐོས་ཚོར་མྱོང་རེག་ཤེས་དྲུག །ཅེས་པ་དག་ཚོགས་དྲུག་གི་ཤེས་པ་སྟེ། དེ་ལའང་རྒྱུའི་ཡན་ལག་དྲུག་དང་། དམིགས་པའི་ཡན་ལག་དྲུག་དང་། གཅོད་པའི་ཡན་ལག་དྲུག་སྟེ། ཡུལ་ལ་ཕྱིར་བྱུང་བ་ལྟ་བུ་དང་། འདི་དག་འདིར་མི་སྤྲོ་སྟེ་སྒོ་ལྔ་འཇུག་པའི་མདོ་དང་མཐུན། ཡིད་ཤེས་སྣང་བའི་མདོ་དང་མཐུན་པས་འཆད་པར་འགྱུར་རོ། །འཇུག་ཅིང་གཅོད་པའི་ཡན་ལག་གོ། །ལང་ཀའི་བདག་པོ། མདོ་བཞི་གང་ཞེ་ན། ཞེས་པ་བོས་ནས་མདོ་བཞི་ཉེ་བར་བསྟན་པ་ནི། ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། སྒོ་ལྔའི་རྣམ་ཤེས་སོ། །དེའང་འདི་ལྟར། མདོ་བཞི་གཞི་དང་དམིགས་པ་དང་། །སྣང་དང་འཇུག་པ་ལུགས་བཞིན་བཤད། །ཅེས་གསུངས་སོ། །དེ་ལ་མུན་པའི་དྲིས་ལན་སོ་སོའི་བྱེ་བྲག་ཏུ་ཕྱེ་ནས་མདོ་དང་པོ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ལ་གཞིའི་མདོ་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་བོས་ནས་ཉེ་བར་སྟོན་པའོ། །གཞི་ནི་བྱིས་པ་འདི་ལྟར་འདོད། །གཟུགས་མེད་མིང་ལ་མངོན་ཞེན་པ། །ཞེས་པ་འཆད་པའི་དོན་གྱི་རྣམ་གྲངས་ཀྱིས་བཅུ་གསུམ་དུ་འགྱུར་བའི་ཕྱིར། ཁྱད་པར་དུ་མུན་པའི་རང་བཞིན་གཞི་ནི་འཆད་དེ། དེ་ཡང་དོན་ཤེད་མ་བྱེ་བ་བྱིས་པ་རྣམ་རིག་པ་ལ་སོགས་པ་ཀུན་གཞིའི་རང་བཞིན་འདི་ལྟར་འཐད་པར་འདོད་པ་སྒྲུབ་སྟེ། གཟུགས་མེད་པའི་ཁམས་ལ་གནས་ཤིང་རང་བཞིན་ཆ་ཕྲ་བས་དངོས་སུ་མི་སྣང་བའི་གཟུགས་མེད་མཚན་ཉིད་བརྟགས་པའི་མཚན་མའི་མིང་ལ་ཐ་སྙད་ཙམ་ལ་མིང་བཞིའི་ཕུང་པོ་ལ་ཞེན་ཆ་ཕྲ་བར་མངོན་ཞེན་ཅིང་རྟོག་པའི་ངོ་བོ་གསལ་བར་མེད་པ་དེ་ནི། གཟུགས་མེད་པའི་ཁམས་དང་ཆ་མཐུན་པས་གཟུགས་མེད་པས་དེར་ན་བོས་ཏེ། ལས་ཀྱི་ཁྱད་པར་གྱི་ཤེས་པ་དྲུག་དང་བརྒྱད་སེམས་བྱུང་ཐམས་ཅད་ཀུན་གྱི་ངོ་བོར་གྱུར་སྣང་བའོ། །ཤེས་བྱ་ཉིད་དེ་ཡུལ་དུ་སྣང་། །ཐམས་ཅད་འབྱུང་བར་བྱེད་པའི་རྒྱུ། །ཞེས་པ་དེ་ལྟ་བུའི་ཀུན་གཞི་དེ། དཔེར་དགེ་སློང་མི་གཙང་བ་བསྒོམས་པས། སྤྱོད་ཡུལ་རུས་པའི་ཕུང་པོར་སྣང་བ་ལྟ་བུར། ཡུལ་ཤེས་བྱ་ཉིད་དེ་ཐམས་ཅད་ཀྱི་ཡང་རྩ་བ་ཀུན་གཞི་འཁྲུལ་པས་ཕྱི་རོལ་གྱི་ཡུལ་སྣ་ཚོགས་སུ་པར་སྣང་ཞིང་། ས་བོན་ཐམས་ཅད་པ་ཡིན་པས་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་སྣང་བར་བྱེད་པའི་རྒྱུ་རྣམ་པར་བྱང་བའི་རྟེན་སྦྱོར་བ་དོན་གྱ ི་ཀུན་གཞིའོ། །ཡེ་ནས་ངང་གིས་མ་སྐྱེས་ལ། །མ་བཅོས་ཡོངས་ཀྱིས་འོད་གསལ་བ། །རྒྱུ་རྐྱེན་མེད་པར་འདུས་མ་བྱས། །ཞེས་པ་གཞི་དོན་གྱི་ཀུན་གཞིའི་རང་བཞིན་ནི། སྦྱོར་བ་དོན་གྱི་ཀུན་གཞི་རྐྱེན་བཞིས་འཁྲུལ་བདོ་ཙམ་ན། སྤྱིལ་པོའམ་ཁང་པ་ལྟ་བུར་རང་རེ་རྣམ་པ་གཙེས་པས་སྤྱི་འདུས་བདོ་བ་ཙམ་མེད་དེ། ཐོག་མ་ནས་རང་བཞིན་ངང་གིས་གྱིས་ངོ་བོ་མ་སྐྱེས་མ་བྱུང་བ། བྱེད་པ་པོས་མ་བཅོས་པར་མ་བྱས་པར་ཡོང་གི་འོད་རང་གསལ་བ། རྒྱུ་རྐྱེན་བྲལ་བའི་ཆོས་ཉིད་སྐྱེ་བ་མེད་འདུས་མ་བྱས་པའི་ངང་དེའོ། །དམིགས་པའི་ཡུལ་ཇི་ལྟ་བུ་སྙམ་པ་ལ། ཡོངས་སུ་མ་ཆད་ཀུན་ཡུལ་ལ། །ཤེས་པ་མི་གསལ་ལྷན་ཅིག་འབྱུང་། །ཞེས་པ་ཀུན་གཞི་དམིགས་པ་དང་། རྣམ་པར་ཡོངས་སུ་མ་ཆད་པས། སྣང་དོན་དང་སེམས་ཅན་དང་ཀུན་བརྟགས་པའི་བག་ཆགས་ཐོག་མ་ནས་བསགས་དང་རིག་ལ་གཅོད་པའང་། ཡུལ་གྱི་རྣམ་པ་ཁྱབ་འཇུག་ཇི་ལྟ་བ་ཤེས་ལ་ཚོགས་དྲུག་གི་རྟོག་པ་ཕྱིན་ཅི་ལོག་གི་རྟོག་པ་རགས་པས་བསྒྲིབས་པས་གསལ་བར་མི་མངོན་ཏེ། བཤད་པ་ཚོགས་དྲུག་བཞིན་ཡུལ་རིས་སུ་ཆད་པ་མ་ཡིན་བཞིན་ཡུལ་ལ་དམིགས་པ་རྣམ་པ་རྒྱུན་མ་ཆད་པས། ཚོགས་དྲུག་སྐྱེ་བ་དང་ཡང་ལྷན་ཅིག་པར་འབྱུང་ངོ་། །ཁྱབ་འཇུག་བཏང་སྙོམས་དངོས་མེད་ཉིད། །ཅེས་པ་ལ་སོགས་པ་ཡུལ་རིལ་ལ་གཅོད་པས་ཡུལ་ལ་སྒོ་ལྔ་ལྟར་རིས་མེད་པ་དེ་ཚོར་བ་བཏང་སྙོམས་དང་ལྡན་ཞིང་། འཁོར་ལྔའི་ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པ་ཀུན་གཞི་གང་དང་ལྡན་ཞེ་ན། བཏང་སྙོམས་དང་ལྡན་ཏེ་བདེ་སྡུག་གཉིས་དམིགས་པ་དང་རྣམ་པ་ཆད་པས་ཀུན་གཞི་དང་མི་ལྡན་ལ་བཏང་སྙོམས་ཆོས་ཉིད་མ་ཆད་པས་དེ་དང་ལྡན་ནོ། །རང་གི་ངོ་བོ་རགས་པ་མེད་པ་དངོས་མེད་ཉིད་དེས་ཡུལ་ལ་ཚོགས་དྲུག་ལྟར་རྣམ་པར་གསལ་བར་མི་རྟོག་སྟེ། ཡུལ་ཅིག་ལའང་རགས་པའི་རྟོག་དཔྱོད་སྣང་བ་ལ་མེད་པར་གནས་སོ། །ཀུན་གཞིའི་མཚན་ཉིད་ནི་ཇི་ལྟ་བུ་ཞེ་ན། མི་རྟོག་དེ་ཡི་ངང་ཉིད་ལ། །སྐད་ཅིག་སྔ་ཕྱི་ཇི་སྙེད་པ། །ཞེས་པ་དག་ཀུན་གཞི་བཤད་པ་ལྟར། ཅིར་ཡང་མི་རྟོག་དེ་ཡི་ངང་ཉིད་ལ་མ་དམིགས་པ་ལས། ཤེས་པ་སྐད་ཅིག་མ་སྔ་ཕྱིར་རྒྱུ་བའི་གྲངས་ཇི་སྙེད་པ་མང་པོ་བར་མ་ཆད་པར་རྒྱུན་དང་བཅས་པ་འབྱུང་བ་ཡང་དཔེར་ཆུ་བོའི་རྒྱུན་ལྟ་བུའོ། །དེ་ཡང་སྐད་ཅིག་མའི་རྒྱུན་སྔ་ཕྱི་གཅིག་གིས་འབྱུང་བྱས་ནས་ཕྱི་མ་སྐྱེས་ཙམ་ན་སྔ་མ་འགགས་ཏེ། སྐད་ཅིག་མའི་མི་རྟག་པ་དང་། རྒྱུན་གྱི་རྟག་པའི་མཚན་ཉིད་དེ་ཡང་ཡུལ་ནི། གཅིག་ཏུ་ཆད་པ་མེད་པ་ཡི། །སོ་སོ་རིས་ལྟར་མི་སྣང་བ། །ཞེས་པ་ཀུན་གཞིའི་ཡུལ་མ་ཡིན་པ་མེད་པས་ཡུལ་རྒྱ་མ་ཆད་གཅིག་ཏུ་ཆད་པ་མེད་པའི་དེ། སོ་སོ་རིས་ལྟར་མི་སྣང་བ་ཚོགས་དྲུག་དང་མི་མཚུངས་པའོ། །བྱེ་བྲག་རྣམ་པར་འབྱེད་པ་ནི། །འདི་དང་འདི་ཞེས་ག་ལ་ཡོད། །ཅེས་པ་སུ་ཞིག་འདི་ནི་ཀུན་གཞིའི་ཡུལ་ལོ། །འདི་ནི་མ་ཡིན་ནོ་ཞེས་བློ་རྩིང་པོས་བྱེ་བྲག་དབྱེར་མེད་པའོ། །ཐ་སྙད་གཉིས་ཀྱིས་བསྡུས་པའི་ཆོས། །ཐམས་ཅད་ཐམས་ཅད་པ་ཉིད་དེ། །ཞེས་པ། དེ་ཅིའི་ཕྱིར་ཞེ་ན། ཡུལ་གྱི་འཛིན་པ་རིས་དང་བྲལ་བས་དགེ་སྡིག་དང་སྣོད་བཅུད་དང་གཉིས་པར་གྲགས་པ་རིལ་ཡིན་ཏེ། སྣོད་ཐམས་ཅད་དང་བཅུད་ཐམས་ཅད་ཅེས་པ་ལྟ་བུར་ཀུན་ཡིན་པའི་ཕྱིར་རོ། །ཀུན་འགྲོ་ཀུན་འཇུག་ཀུན་ལ་སྦྱོར། །དངོས་རིག་སྣ་ཚོགས་དབྱེར་མི་རིག །ཅེས་པ་འཆད་པའི་འཁོར་ལྔ་ཀུན་ཏུ་འགྲོ་བ་དང་། འཇུག་པ་བདུན་དང་། མཚུངས་པར་ཡུལ་རིལ་ལ་དམིགས་པ་མ་ཆད་པར་གཅོད་ཀྱང་དངོས་པོ་རིགས་ཐ་དད་པ་འདི་ནི་འདིའོ་ཞེས་དབྱེ་བར་ཀུན་གཞིས་མི་ནུས་སོ། །ཀུན་གཞི་འཁོར་དུ་དང་ལྡན་ཞེ་ན། གཡོ་བ་ཉིད་དང་རྣམ་པར་བཀོད། །ཡོངས་མྱོང་གཅོད་དང་དེར་འཛིན་བྱེད། །ཅེས་པ་ཐུན་མོང་གི་འཁོར་ནི། སེམས་ཡུལ་ལ་གཡོ་ཞིང་བསྐྱོད་པར་བྱེད་འདུ་བྱེད་སེམས་པ་དང་། སེམས་ཡུལ་གང་ཡིན་པ་ལ་འདོད་པར་བྱེད་ཡིད་ལ་བྱེད་པ་དང་། ཚོར་བ་བཟང་ངན་ཉམས་སུ་མྱོང་ཚོར་བ་དང་། ཡུལ་ཀུན་རྣམ་པར་གཅད་རེག་པ་དང་། འདུ་ཤེས་ཀྱི་མཚན་མར་བཟུང་རྣམས་སོ། །ཁྱད་པར་གྱི་འཁོར་ནི། ལྔ་ལྡན་བདུན་དུ་ལྡན་པ་ལ། །ཞེས་པ། ལྔ་ཀུན་ཏུ་འགྲོ་བ་སྟེ་མཚུངས་པར་ལྡན་ནོ། །ཁམས་གསུམ་གྱི་སེམས་ཡོད་དོ་ཅོག་གི་འཁོར་དུ་འབྱུང་བ་དང་། ལམ་གསུམ་གྱི་སྐབས་སུ་འབྱུང་བའི་ཕྱིར་རོ། །རྣམ་ཤེས་བརྒྱད་ཆར་ལའང་རྫོགས་པས་སོ། །ལྔ་ནི་ཐུན་མོང་སྟེ། རྟག་ཏུ་རེག་དང་ཡིད་བྱེད་དང་། །རིགས་དང་འདུ་ཤེས་སེམས་པ་ལྡན། །ཞེས་སུམ་ཅུ་པ་ལས་གསུངས་སོ། །ཀུན་གཞི་ཉིད་མ་ཡིན་པའི་སེམས་རྣམ་པར་ཤེས་པ་ཚོགས་བདུན་དང་ཁྱད་པར་ལྡན་པའོ། །ཀུན་གཞི་ཚོར་བ་གང་དང་ལྡན་ཞེ་ན། དེ་ནི་ཀུན་ལ་སྙོམས་པ་ཡིན། །གང་ཞེན་དེ་འཛིན་ཀུན་མི་གཏོང་། །ཞེས་པ་རྩ་བའི་ཤེས་པ་དེ་ནི་བདེ་བ་དང་། སྡུག་བསྔལ་དང་མི་ལྡན་ཏེ་བཏང་སྙོམས་དང་ལྡན་ནོ། །འདྲིས་པའི་ལས་ཀྱི་བག་ཆགས་དགེ་སྡིག་ལུང་མ་བསྟན་གང་ཡང་རུང་བ་མི་གཏོང་བས་བག་ཆགས་ཀྱི་ཡུལ་རིས་སུ་མི་འབྱེད་དོ། །ཀུན་གཞིའི་ཆོས་ནི་གང་ཞེ་ན། གོ་སྐབས་ཡོད་པའི་ནམ་མཁའ་ལྟར། །ཆོས་ཀུན་འབྱུང་གནས་གོ་ཡོད་པ། །ཞེས་པ་དཔེ་ནམ་མཁའ་ལས་ཀུན་འབྱུང་ཞིང་གོ་འབྱེད་པས་སྣང་བ་ལྟར། ཀུན་གཞི་ལས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་འབྱུང་ཞིང་སྣང་བར་བྱེད་པའོ། །ཀུན་གཞིའི་ལས་ཇི་ལྟ་བུ་ཞེ་ན། སྐྱེད་སྨིན་སོགས་དང་ལེན་པ་ཡིན། །ཞེས་པ་ཤེས་པ་བདུན་གྱི་རྒྱུ་ཀུན་གཞི་སྐྱེད་བག་ཆགས་དང་མཚུངས་པར་བྱེད་པ་དང་། ཀུན་ནས་ཉོན་མོངས་པའི་དང་རྣམ་པར་བྱང་བའི་ཡང་གཞི་རྟེན་གྱི་ཕྱིར་དང་། རྣམ་པར་སྨིན་པའི་བག་ཆགས་རྣམས་སྨིན་མཐུ་བརྟས་པས་སྟོབས་ཅན་དུ་བྱེད་པ་དང་། རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་བག་ཆགས་སོགས་ཀྱི་སྣོད་ལྟ་བུར་གྱུར་བ་དང་། སྐྱེ་བ་སྔ་ཕྱི་ལེན་མཚམས་སྦྱོར་བར་བྱེད་པས་ལས་ནི་བཞིའོ། །རྐྱེན་ནི་གཉིས་དང་མི་ལྡན་ཏེ། །མ་ངེས་དེ་ཉིད་ཁོ་ན་ལ། །ཞེས་པ་ཀུན་གཞི་ནི་ལུང་དུ་མ་བསྟན་པ་ཡིན་པས། དགེ་སྡིག་གཉིས་དང་མངོན་དུ་མི་ལྡན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྐྱེན་ནི་གཉིས་དང་མི་ལྡན་ཏེ་མཐོ་རིས་ངན་སོང་གཉིས་ཀར་འགྱུར་བས་རིགས་དེ་ཉིད་ཁོ་ན་ལ་མ་ངེས་པའི་ཕྱིར་ས་བོན་ཐམས་ཅད་དུ་ནི་གནས་པ་ཡིན་པ་ལ། འཕྲལ་ལ་རྐྱེན་ཉིད་གང་འཕྲད་དེ་ཉིད་དུའོ་གང་གིས་བསྐུལ་བས་ས་བོན་བརྟས་པ་སད་པའི་དབང་དུ་འགྱུར་བའི་ཕྱིར་རོ། །དབྱེ་བ་དང་ཁྱད་པར་ཅི་ལྟ་བུ་ཞིག་ཞེ་ན། ཆོས་རྣམས་རྩ་བར་གཅིག་པ་ལ། །དེ་རྒྱུན་དབང་གིས་རྣམ་པ་གཉིས། །ཞེས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཀུན་ཀུན་གཞིར་དབྱེར་མེད་པ་ལ། ཀུན་གཞི་རིག་མ་རིག་གི་སྐད་ཅིག་མའི་རྒྱུན་གྱིས་བཟང་ངན་གྱི་ཁྱད་པར་དབྱེ་བའི་གྲངས་གཉིས་སུ་སྣང་བ་གང་སྙམ་པ་ལ། གཞི་དང་རྟེན་ཞེས་གྲགས་པ་ལ། །རྨོངས་དང་ཤེས་པའི་ཁྱད་པར་སྣང་། །ཞེས་པ་ཀུན་ནས་ཉོན་མོངས་པའི་གཞིར་གྱུར་པས་རྨོངས་པ་དང་། རྣམ་པར་བྱང་བའི་རྟེན་དུ་གྱུར་པ ས་ཡེ་ཤེས་དང་ལྡན་པ་ཉིད་ཀྱི་ཁྱད་པར་དང་། དེ་ལྟར་ཀུན་གཞིས་དངོས་པོ་གཉིས་ཀྱི་ས་བོན་གཟུང་ནས་བསྐྱེད་པས་ཚོགས་དང་། ལས་སུ་རུང་བ་སྦྱོར་བའི་གནས་དང་། ལྷུན་གྱིས་གྲུབ་པ་མཉམ་པའི་གནས་སོ། །མཐར་ཕྱིན་པའང་། སྔགས་སུ་ཞུགས་ལས་མཐར་ཕྱིན་པ་དང་། བསླབ་པའི་སྦྱོར་བ་མཐར་ཕྱིན་པ་དང་། བདེན་པ་མཐོང་བ་མཐར་ཕྱིན་པ་དང་། ཏིང་ངེ་འཛིན་ལ་གོམས་པ་མཐར་ཕྱིན་པ་དང་། འབྲས་བུ་གྲུབ་པ་མཐར་ཕྱིན་པ་སྟེ། རྟེན་སྐབས་སུ་སྐྱེད་དུ་བྱ་བ་མེད་པའི་ཕྱིར་མིང་ངེས་པར་འགྲུབ་སྟེ་བཤད་པ་ལའང་སྦྱར་རོ། །འདིར་དབྱེ་བ་ལས་ལྔ་བཅུ་དྲུག །རྫོགས་པར་སྣང་བ་བཤད་པ་ཡིན། །ཞེས་པ་རྣམ་གྲངས་དང་བཅུ་ཕྲག་དྲུག་ལ་ནི་དྲུག་ཅུ་རྩ་ལྔ་སྟེ། ལྔ་ཕྲག་བཅུ་གསུམ་གྱི་ས་ལམ་རྫོགས་པས། རྩ་བ་ལྔ་རུ་བསྡུས་ཏེ་རིམ་པར་སྦྱར་བཤད་དོ་རོ། །འདི་དག་ཀྱང་རྒྱུ་འབྲས་ཐུན་མོང་བའི་ལམ་དང་། འབྲས་བུ་ཐུན་མོང་མ་ཡིན་པ་ཉིད་ཀྱི་ལམ་ལྔར་ཅི་རིགས་པར་སྦྱར་རོ། །བཤད་པའི་ཏིང་ངེ་འཛིན་ལྔ་དང་། ལྟས་ལྔ་དང་། དབང་ལྔ་དང་། སེམས་ལྔ་དང་། ལྔ་ཕྲག་སྤྱིར་བཅུ་བདུན་དུ་འགྱུར་ལ། དུ་མའི་གྲངས་སུ་འདྲེན་པ་དེས་ཐུན་མོང་མ་ཡིན་པའི་ལམ་ཡིན་པར་ཡང་གསལ་ལོ། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །ནོར་བའི་རྐྱེན་གྱིས་འཁོར་བར་སྣང་། །ཞེས་པ་དངོས་པོ་བཟང་ངན་གཉིས་ཀའི་རྩ་བ་ཀུན་གཞི་ཡིན་པས། མ་རྟོགས་པས་ཀུན་ནས་ཉོན་མོངས་པར་སྣང་བའི་གཞིའོ། །རང་བཞིན་ཇི་ལྟར་ཡིན་པའི་དོན། །ངེས་པར་མཐོང་ན་མྱ་ངན་འདས། །ཞེས་པ་ཀུན་གཞིའི་རང་བཞིན་ཇི་ལྟ་བར་རྟོགས་ན། སྐྱེ་རྒ་ན་འཆི་ལས་ཐར་པའི་འབྲས་བུ་ཐོབ་པས་རྟེན་དུ་གྱུར་ཏོ། །ཀུན་གཞི་ལས་མིང་གི་རྣམ་གྲངས་ཐ་དད་དུ་གྲགས་པ་ལའང་གཉིས་ལས། འཁོར་བར་གྲགས་པའི་མིང་གི་རྣམ་གྲངས་ཇི་ལྟ་བུ་སྙམ་པ་ལ། ཀུན་གྱི་གཞི་དང་གང་དེ་ཤེས། །ཆོས་ཀྱི་ཕུང་པོ་སྲིད་གསུམ་འབྱུང་། །དེ་བྱུང་རྩ་བ་སྣ་ཚོགས་ལེན། །དབྱིངས་དང་འབྱུང་གནས་རྒྱུ་ཞེས་གྲགས། །ཞེས་པ་ཀུན་གཞི་ཞེས་བྱ་བ་དང་། རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཇི་སྲིད་ཀྱི་ཕུང་པོ་ཞེས་བྱ་བ་དང་། སྲིད་པའི་ཡན་ལག་ཞེས་བྱ་བ་དང་། རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་དང་། ཐམས་ཅད་ཐམས་ཅད་བསྐྱེད་པའི་དབྱིངས་ཞེས་བྱ་བ་དང་། ཀུན་གྱི་འབྱུང་བ་ཞེས་བྱ་བ་དང་། ཐམས་ཅད་ཀྱི་གནས་ཞེས་བྱ་བ་དང་། ཐམས་ཅད་རྒྱུ་བསྐྱེད་པ་ཞེས་བདུན་ཉིད་ལས་ཁྱད་པར་ཀྱང་འཕགས་སོ། །ས་བོན་ཅན་གྱི་ཕྱིར་ཀུན་གཞི་ནི་རྒྱུ། དེ་ལས་ལས་དང་མཐུན་པའི་འབྲས་བུ་རྒྱུད་དུ་སྣང་བས་རྒྱུ་འབྲས་ཀྱི་དབྱེ་བར་ཡང་འགྱུར་རོ། །དེ་རེ་རེ་ནས་བསྟན་པའི་ཕྱིར། གཞི་ལ་ཀུན་འགྲོ་ཀུན་ལ་རྨོངས། །རྣམ་པར་ཞེན་པ་བསྟི་གནས་མེད། །ཅེས་པ་ཀུན་ནས་ཉོན་མོངས་པའི་གཞིར་གྱུར་པ་ལ། དྲུག་ཀུན་འགྲོ་གི་གནས་རིས་ཀུན་ཏུ་སྐྱེ་ཤིང་ཤེས་བྱ་ལ་ཀུན་ལ་རྨོངས་མདོངས་པས། ཀུན་ནས་ཉོན་མོངས་པའི་རྣམ་པར་ཞེན་པའི་བག་ཆགས་དང་མི་འབྲལ་ཏེ། ས་བོན་ངན་པས་ནོན་ཅིང་བསྒོས་པས། རྣམ་པར་ཐར་པའི་ལས་རྣམས་དང་བསྟི་གནས་མེད་བྲལ་བའི་ཕྱིར་རོ། །རྟེན་ནི་གཞི་སྦྱོར་སྣང་བ་དང་། །འགྱུར་མེད་རྣམ་དག་བཙལ་མེད་གནས། །ཞེས་པ་རྣམ་པར་བྱང་བའི་རྟེན་དུ་གྱུར་པའི་ཚུལ་ནི། གཞི་ཉིད་རྒྱུ་ཡི་ཀུན་གཞི་འདུན་པའི་རྣལ་འབྱོར་པའི་དུས་དང་། སྦྱོར་བ་འདུན་པའི་ཀུན་གཞི་རིགས་ཆེན་འབྱེད་པ་བ་དང་། སྣང་བ་དོན་གྱི་ཀུན་གཞི་དབུགས་ཆེན་ཕྱིན་པ་བ་དང་། འགྱུར་མེད་གནས་པའི་ཀུན་གཞི་ལུང་ཆེན་ཐོབ་པ་བ་དང་། བཙལ་མེད་གནས་པའི་ཀུན་གཞི་རྩལ་ཆེན་རྫོགས་པ་བའོ། །ཀུན་གཞི་ལྔ་རེ་རེ་ལ་རྒྱུ་དང་འབྲས་བུ་གཉིས་ཡོད་པ་ནི། ཕལ་པའི་སེམས་བརྒྱད་སྐྱེ་བའི་འགྱུར་དབང་མ་ངེས་པ་ཡན་ཆད་ལམ་སྔ་མ་དག་ནི་རྒྱུ་ཡིན་ལ། ལམ་ཕྱི་མ་ནི་འབྲས་བུ་བས་རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་པར་བསྟན་པ་ཡིན་ཏེ། དེ་བཞིན་ཀུན་ཏུ་འཁོར་བར་འབྱུང་ལམ་ཀུན་ལའང་རྒྱུ་འབྲས་གཉིས་སུ་འབྱུང་ངོ་། །དེ་བས་ན། རྩ་བའི་རྒྱུད་ལས་ཀྱང་། ཆོས་རྣམས་ཀུན་གཞི་གཅིག་པ་ལ། །ཀུན་གཞི་གནས་གྱུར་རྣམ་པ་ལྔས། །བྱེ་བྲག་ལམ་གྱི་ཆོས་སུ་སྣང་། །གཞི་ཉིད་རྒྱུ་བའི་ཀུན་གཞི་དང་། །སྦྱོར་བ་འདུན་པའི་ཀུན་གཞི་དང་། །སྣང་བ་དོན་གྱི་ཀུན་གཞི་དང་། །འགྱུར་བ་མེད་པའི་ཀུན་གཞི་དང་། །བཙལ་མེད་གནས་པའི་ཀུན་གཞི་ལྔ། །སྐབས་ལྔ་དག་ཏུ་གནས་གྱུར་པས། །ས་ཡི་ཁྱད་པར་བགྲོད་པ་ཡིན། །དེ་ཡང་གཉིས་ཀྱི་ཆོས་འདི་དག །ཀུན་ཀྱང་ཡོངས་ཀྱི་རྣལ་འབྱོར་དང་། །འགྲོ་དོན་གསུམ་གྱིས་འགྲོ་བ་སྟེ། །དགེ་དོན་དང་ནི་བསྒྲུབ་པ་པོ། །རིག་འཛིན་ཞེས་ནི་རྫོགས་པ་ཡིན། །ཞེས་གསུངས་སོ། །རྟེན་ལྔ་དེ་རྒྱུན་དེ་དབང་གིས། །རྣལ་འབྱོར་ལྔར་སྣང་གཉེན་པོ་ལྔ། །ཞེས་པ་ས་བོན་རྒྱུའི་གཞི་ནི་རྐྱེན་གྱིས་བསྒྱུར་བ་ལས་ཀྱི་བག་ཆགས་དང་། དུག་ལྔ་མངོན་དུ་རྒྱུ་བའི་བག་ཆགས་དང་། ལྟ་བ་ཆེད་འཛིན་ཀུན་ཏུ་རྒྱུ་བའི་བག་ཆགས་དང་། བསྒོམ་པ་ཆེད་ལྷན་ཅིག་སྐྱེས་པའི་བག་ཆགས་དང་། བག་ཀུན་གཞི་ལ་ཉལ་བའི་བག་ཆགས་ལྔ་ནི་རྟེན་ཏེ། བག་ཆགས་དེ་དག་ཀུན་གཞི་ལ་གནས་པའང་རིམ་བཞིན་ཏེ། དེའི་རྒྱུན་མ་ཆད་པའི་མཐུ་སྟོབས་ཀྱིས་དབང་གི་ན། ཀུན་གཞི་འོག་ནས་གོང་དུ་གནས་གྱུར་པ་ལས་རྣལ་འབྱོར་ལྔ་པ་སྣང་བ་ནི་བཤད་པ་ལྔའོ། །གཉེན་པོ་ལྔ་ནི་ཤེས་པ་ལྔ་སྟེ། གང་ཞེ་ན། བྱང་ཆུབ་འདོད་པ་ཤེས་པ་དང་། ཆོས་ཀྱི་རྣམ་པར་ཤེས་པ་དང་། ཐམས་ཅད་ཤེས་པ་དང་། ཡོངས་སུ་ཤེས་པ་དང་། ཤེས་པ་ཆེན་པོའོ། །དེས་བག་ཆགས་ལྔ་འཇོམས་པ་དང་། སྤོང་བ་གཉིས་ཀར་འགྱུར་རོ། །སྨིན་པའི་དཔེ་ལྔ་སྦྱོར་དཔེ་བཞིན། །ཞེས་པ་སར་སྨིན་པའི་དཔེ་ནི། ས་བོན་དང་། མྱུ་གུ་དང་། ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་ལྟ་བུའོ། །ས་ལ་སྦྱོར་བའང་སྔ་མ་དང་གྲངས་འདྲ་སྟེ། རས་བལ་དང་། སྣམ་བུ་དང་། བཀྲུ་བཅག་དང་། འཇེན་ཚུར་དང་། ཚོས་ལྟ་བུ་སྟེ་དེ་བཅུའང་སྐབས་ལྔར་རིམ་པར་འབྱུང་བའི་ཕྱིར། སྐབས་ལྔ་ལམ་ལྔ་དེ་བཞིན་ས། །ཞེས་པ་སེམས་ཅན་གྱི་སྐབས་དང་། འཕགས་པའི་སྐབས་དང་། ས་ཐོབ་པའི་སྐབས་དང་། རིག་འཛིན་བྱང་ཆུབ་ཐོབ་པའི་སྐབས་དང་། འབྲས་བུ་ཐོབ་པའི་སྐབས་སོ། །ལམ་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། བསྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །ས་ནི་འགྱུར་དབང་མ་ངེས་པའི་ས་དང་། བསོད་ནམས་གཏེར་གྱི་ས་དང་། རྟེན་པས་ཁྱད་པར་འགྲོ་བའི་ས་དང་། དམིགས་པས་འབྲས་བུ་ཐོབ་པའི་ས་དང་། གནས་པས་མི་འགྱུར་བའི་སའོ། །ལྔ་ལྔ་བསྟི་གནས་དུས་ལྔ་དང་། །ཞེས་པ་ལམ་པ་ལྔ་གཉིས་དང་། ལམ་སྦྱོང་བའི་བསྟི་གནས་དང་། བསླབ་པ་སྦྱོང་བའི་བསྟི་གནས་དང་། མཚན་མའི་རྒྱུད་གལ་ཆེན་སྦྱོང་བའི་བསྟི་གནས་དང་། སྒྱུ་མི་ལྡོག་གནས་པའི་མ་སྦྱོང་བའི་བསྟི་གནས་དང་། ཡེ་ཤེས་ཀྱི་རྩལ་གྱི་རྩལ་ཆེན་རྫོགས་བསྟི་གནས་སོ། །དུས་ནི། དྲན་པ་ཐོབ་པའི་དུས་དང་། སྤྱོད་པ་ཐོབ་པའི་དུས་དང་། རྟོགས་པ་ཐོབ་པའི་དུས་དང་། གོམས་པ་ཐོབ་པའི་དུས་དང་། ངེས་པ་ཐོབ་པའི་དུས་སོ། །གནས་ལྔ་མཐར་ཕྱིན་རྣམ་པ་ལྔ། །ཞེས་པ་འདོད་པ་གྲུབ་པ་མཐར་ཕྱིན་པའི་གནས་དང་། བཟོད་པ་གྲུབ་པ་འཕགས་པའི་གནས་དང་། བདེན་པ་གྲུབ་པ་དག་པའི་གནས་འཇིག་རྟེན་པ་ལ་གྲགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ཉོན་བག་ཆགས་ཀྱི་ས་བོན་བསགས་གཞི་ཡིན་པ་དང་། ཡུལ་རིག་པ་དང་། སྲིད་པའི་ཆོས་ཀྱི་འཁོར་བའི་ཐ་མ་སྲིད་ཀྱིས་བར་དུ་ཕུང་པོ་རྟེན་འབྲེལ་གྱིས་སྣང་བ་རིལ་སྟོན་པའི་གཞི་གནས་བརྟེན་པའི་ཀུན་གཞིའི་རྒྱུའོ་ཐ་དད་དུ་སྣང་བ་དང་། ཚོགས་དེ་འབྱུང་རྩ་བ་བདུན་གྱི་རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ཀུན་གཞི་རྩ་བ་ཡིན་ལ་རྣམ་ཤེས་གཞན་ཡན་ལག་གོ་ཕལ་ཆེན་དང་། སྐྱེ་བ་མང་པོ་སྣ་ཚོགས་ལེན་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པས་ཁམས་གསུམ་དུ་ལུས་ཐམས་ཅད་ལེན་པས་སོ། །གཟུགས་མེད་དུ་མིང་བཞི་ཕུང་པོ་ལེན། གཉིས་སུ་མིང་དང་གཟུགས་གཉིས་ལེན་པའོ་པ་དང་། མུ་དབྱིངས་མཐའ་མི་རྙེད་པར་ཀུན་འབྱུང་བ་དང་། དངོས་པོ་འབྱུང་ཕྱི་ནང་དུ་སྣང་བ་དང་། ཀུན་གྱི་རྟེན་གནས་ཡིན་པ་དང་། ཚོགས་རྒྱུ་བདུན་གྱི་ཡང་སྐྱེད་བྱེད་པས་སེམས་ཆོས་ཀྱི་བག་ཆགས་ཀྱི་ས་བོན་སྣ་ཚོགས་ཀུན་ཏུ་བསགས་པའི་ཕྱིར་བཤད་པའི་གཞི་ལ་སེམས་ཞེས་ཀྱང་བྱའོ། །རྣམ་པར་བྱང་བ་ལ་གྲགས་པའི་མཚན་གྱི་རང་བཞིན་གང་སྙམ་པ་ལ། སྟོང་པ་ཉིད་དང་མཚན་ཉིད་མེད། །བདེ་བཞིན་ཉིད་དེ་མ་ནོར་བ། །ཞེས་པ་ལ་སོགས་པ། ཀུན་གཞི་རང་བཞིན་མཐའ་གཉིས་མ་གྲུབ་པའི་ཕྱིར་སྟོང་པ་ཉིད་ཅེས་བྱ་བ་དང་། ངོ་བོ་འདི་འདྲར་མི་ཟིན་པས་མཚན་ཉིད་མེད་པ་ཞེས་བྱ་བ་དང་། བྱེད་པ་པོ་མེད་པའི་ངོ་བོ་དེ་བཞིན་ཉིད་དེ་ཡང་བདེན་པའི་དོན་ཉིད་མ་ནོར་བ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་ཉིད་ཡིན་པ་དང་། ཡེ་མ་བཅོས་མ་བསླད་པས་དོན་ལོགས་ན་མེད་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་བ་དང་། རང་བཞིན་གསལ་ལ་མི་གཡོ་བས་ཏིང་ངེ་འཛིན་དང་། རྟོག་པ་རགས་པའི་བྱེ་བྲག་མེད་པས་སྟོང་པ་ཞེས་བྱ་བའི་ཕྱིར། མ་བཅོས་གཞན་མ་ཡིན་པ་ཉིད། །ཏིང་འཛིན་རྟོག་པ་སྟོང་ཉིད་གྲགས། །ཞེས་གསུངས་སོ། །ཡེ་ཉིད་ཀུན་གཞི་རང་བཞིན་ལྷག་མཐོང་མ་བསྒྲིབས་པ་དང་། སྤྲོས་པ་ཞི་གནས་རྣམས་བྲལ་བ་དང་། ཡེ་ནས་འཆིང་བ་མེད་པའི་ཕྱིར་ལྷག་མཐོང་དང་ཞི་གནས་དང་རྣམ་པར་ཐར་པ་ཞེས་བྱའོ། །དེ་བཞིན་ཀུན་གཞིའི་རང་བཞིན་ལ་དབུ་མ་ཞེས་བྱ་བ་དང་། མཐའ་དང་བྲལ་བ་ཞེས་བྱ་བ་དང་། གཟུང་བ་མེད་པ་ཞེས་བྱ་བ་དང་། འཛིན་པ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། སྐྱེ་འགག་མེད་པ་དང་། གཅིག་སྤྱིའི་ཏུ་རྟོག་པ་མེད་པ་དང་། བྱེ་བྲག་གིས་རྣམ་པར་རྟོག་པ་མེད་པ་དང་། མཚན་མ་མེད་པ་དང་། བདག་གཞན་མེད་པ་དང་། འགྲོ་འོང་མེད་པ་དང་། དྲི་མ་མེད་པ་དང་། འདུ་འབྲལ་མེད་པ་དང་། ཕུང་པོ་མེད་པ་ཁམས་མེད་པ་སྐྱེ་མཆེད་མེད་པ་དང་། ཡུལ་མེད་པ་དང་། ལས་བྱར་མེད་པ་དང་། རྒྱུ་འབྲས་མེད་པ་དང་། མ་སྐྱེས་པས་སྙིང་པོ་བྱང་ཆུབ་པའང་མེད་པ་དང་། བཅུ་གསུམ་བཞི་ལ་སོགས་པར་གྲགས་སོ། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས། །ཞེས་པ་ལ་སོགས་པ། ཀུན་གཞི་བྱང་ཆུབ་སེམས་ནི་ཡེ་ནས་དཀོན་མཆོག་གསུམ་དང་། བྱང་ཆུབ་སེམས་རྣམ་གསུམ་གྱི་ངོ་བོར་གནས་པས་ངོ་བོ་ཡེ་མ་གྲུབ་པ་ལ་འཇིག་པ་མེད་པས་ནམ་མཁའ་དང་འདྲའོ། །འོན་ཀྱང་ཀུན་གཞི་དེ་ལྟ་བུའི་དོན་དམ་པ་མི་འགྱུར་བ་ཡོངས་སུ་གྲགས་པ་ཆོས་ཀྱི་དབྱིངས་དེ་ནི། རྟེན་གྱི་ཚུལ་ནས་དབྱིངས་ལ་ཆོས་སྐུར་ཤེད་མ་བྱེ་བ་དག་འདོད་དོ། །དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་འདོད་པའོ། །ཐེག་པ་ཆེན་པོ་གསང་སྔགས་ཉིད་ནི། ཀུན་གཞི་མུ་མཐའ་བྲལ་བའི་ཆོས་སྐུ་ཉིད་ཡེ་ཤེས་ཆེན་པོར་བཞེད་དོ། །གཞི་ཇི་ལྟ་བུའི་ངོ་བོར་མ་བྱུང་ཡང་མི་སྣང་བར་ཡེ་ནས་རང་བཞིན་གསལ་བའི་ཆོས་ཀྱི་དབྱིངས་ཉིད་ཅེས་གསུངས་པའོ། །བཤད་པའི་གཞི་ནི་བྱིས་པ་འདི་ལྟར་འདོད། །ཅེས་པ་དང་། བློ་ལྡན་ཀུན་ལ་འདི་བརྗོད་ཀྱིས། །བླུན་པོའི་ཆེད་དུ་ཤེས་པར་གྱིས། །ཞེས་པའི་སྒྲས་འདི་དག་ཐེག་པ་དམན་པའི་གཞུང་ཁོ་ནར་ངེས་པའོ། །སྐབས་སུ་རྣམ་པར་བྱང་བའི་རྟེན་བཤད་པའི་ལམ་རིམ་གྱིས་ཐེག་པ་ཆེན་པོར་འཐད་དེ། ཐུན་མོང་བས་མ་ངེས་པར་འགྱུར་པས་གཉིས་ཀར་ཇི་རིགས་སུ་བཤད་དོ། །དེ་ལྟར་གཞུང་གང་གིས་རྟོགས་པ་མཐར་ཕྱིན་པ་ནི། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་ཞེས་བྱ་སྟེ་གཏན་དུ་བར་གྱུར་པའོ། །དེ་ལ་གནས་གྱུར་པའི་དུས་སུ་རྒྱུའི་སྐབས་གང་སྙམ་པ་ལ། ཇི་སྲིད་ལེན་པའི་སྲིད་པ་དག །ཅེས་པ་དག །དུས་ཇི་སྲིད་ནི་འཁོར་བ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ལེན་པའི་ཐ་དད་པ་བླངས་ཤིང་། ཁམས་གསུམ་གྱི་བག་ཆགས་ཀྱི་ས་བོན་ཀུན་གཞི་ལ་ཡོད་པ་སྲིད་པ་དག་རྣམས། སྐད་ཅིག་མ་སྔ་མའི་བག་ཆགས་སྔ་མ་ཡོངས་སུ་རྫོགས་པའི་ཡན་ལག་དང་འཕེན་པའི་ཡན་ལག་གིས་འབྲས་བུར་སྨིན་པར་བྱེད་པ་ལམ་དུ་སྦྱངས་པས་ས་བོན་ཟད་པ་དང་། སྐད་ཅིག་མ་ཕྱི་མའི་བག་ཆགས་ཀྱི་དངོས་པོ་བྱུང་བས་སྔ་མ་འགགས་ཏེ། སྐད་ཅིག་མ་རྒྱུན་དུ་བྱུང་བའི་བག་ཆགས་མཐུ་བརྟས་པས། སྡུག་བསྔལ་དེ་རྒྱུན་ཟད་བསྲེགས་པས། །འགྱུར་བའི་སྐབས་ལྔས་ངེས་པར་འབྱུང་། །ཞེས་པ་རྒྱུད་དེ་ནི་སྡུག་བསྔལ་གདུང་བར་སྨིན་པར་བྱེད་པ་ཁོ་ན་སྟེ། དེ་ལྟ་བུ་ཀུན་གཞི་སྐད་ཅིག་མའི་རྒྱུན་ལ་ཡོད་པ་གཉེན་པོ་ལམ་གྱི་ཡེ་ཤེས་ཀྱིས་གཏན་ནས་སྦྱངས་ཟད་བསྲེག་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་ཡང་། གནས་འགྱུར་བའི་དུས་རྣལ་འབྱོར་ལྔའི་སྐབས་སུ་བོགས་རེ་འགྱུར་པས་ཀུན་ཉོན་ལས་མཐར་འབྱིན་པར་བྱེད་ངེས་པར་འབྱུང་པའོ། །ཀུན་གཞི་ཡོད་པར་བསྒྲུབ་པའི་གཏན་ཚིགས་ནི། གཟུགས་མེད་མཐོང་མེད་ཡོད་མ་ཡིན། །ཡོད་པས་མཐོང་བའི་ཡུལ་དུ་གྱུར། །ཞེས་པ་ཀུན་གཞི་ལ་གཟུགས་མེད་དབྱིབས་ཁ་དོག་བྲལ་བས། བརྟག་ཏུ་མི་བཏུབ་པས་མཐོང་མེད་ཡོད་མ་ཡིན་ཅེས་ཀྱང་བྱའོ། །ཀུན་གཞི་ཡོད་པས་དེ་སྣང་བའི་དངོས་ཡུལ་ཐ་དད་ཡོད་པས་མཐོང་བའི་ཡུལ་དུ་གྱུར་ཡོད་པ་ཞེས་ཀྱང་བྱ་སྟེ། ཡོད་མེད་ལས་གྲོལ་ཏོ། །དེ་བས་ན། མཐོང་མེད་ཡུལ་དུ་མ་གྱུར་པ། །ཡོད་ཅེས་བྱ་བར་ག་ལ་རིགས། །ཞེས་པ་ཀུན་གཞི་མཐོང་བ་མེད་པས་མ་གྲུབ་པ་ཞིག་ཡུལ་དུ་མ་གྱུར་པའི་ཕྱིར། དེ་ལ་ཡོད་པར་གདགས་པར་ཞེས་བྱ་བར་ག་ལ་རིགས་པ་མ་ཡིན་ནོ། །མེད་དོ་ཞེ་ན་ཀུན་གཞི་ཡོད་པས་ཀུན་གྱི་རྒྱུ་བྱེད་དོ། །མུ་མཐའ་མེད་པར་འབྱུང་བའི་རྒྱུ། །དངོས་མེད་གཞི་རྟེན་ངོ་བོ་ཉིད། །དེ་བས་ཐ་དད་སྣ་ཚོགས་སྣང་། །ཞེས་པ་ཀུན་གཞི་ངོ་བོ་མུ་མཐའ་མེད་པར་བློས་དཔག་ཏུ་མེད་པར་དངོས་པོ་གཉིས་པ་རིལ་དུ་འབྱུང་བའི་རྒྱུ་ཞིང་སྐྱེད་པའོ། །དེ་ཡང་ཀུན་གཞི་ངོ་བོས་བཟང་ངན་ཐ་དད་དུ་གྱུར་པ་མེད་དེ་དངོས་མེད་གཞི་རྟེན་ངོ་བོ་ཉིད་གཅིག་ནའང་། དེ་བས་རྐྱེན་དང་འཕྲད་པས་འགྱུར་བ་ནི། རྐྱེན་ངན་པས་ཐ་དད་ཀུན་ནས་ཉོན་མོངས་པའི་གཞིར་འགྱུར་ལ། བཟང་པོས་རྣམ་པར་བྱང་བའི་རྟེན་དུ་འགྱུར་བས་གཉིས་ཀའི་ངོ་བོ་ཡིན་པའི་གཏན་ཚིགས་ཀྱིས་དངོས་པོ་གཉིས་པ་བཟང་ངན་མི་མཐུན་པ་མང་པོར་སྣ་ཚོགས་སྣང་བའི་ཕྱིར་ཀུན་གཞི་ཡོད་པར་མངོན་ནོ། །དེ་བས་ན་ལུང་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དབྱིངས་འདི་མེད་ན་ཀུན་དང་འགལ། །གལ་ཏེ་མེད་པ་གཅིག་ཡོད་ན། །འཛིན་པའི་ཕྱོགས་ཀྱང་དེ་ལྟ་བས། །ནམ་ཡང་གྲོལ་བར་མི་འགྱུར་ཏེ། །འཆིང་བའི་མདུད་པ་དེ་ན་ཡོད། །ཅེས་པ་ཐམས་ཅད་ཀྱི་རྒྱུ་ཀུན་གཞི་མེད་ན་འཆད་པ་རིལ་དང་འགལ་ཏེ། རྒྱུ་མ་ངེས་པའི་འགལ་བར་འགྱུར་རོ། །ཅི་སྟེ་ཞེ་ན། ཀུན་གཞི་མེད་པར་སྣང་བའི་ཡུལ་ཡོད་དོ་ཞེ་ན། ལུས་དང་གྲིབ་མ་ལྟར་འ ཛིན་པའི་ཤེས་པ་ཡང་ཡོད་དེ། གཟུང་འཛིན་གཉིས་ལ་ཞེན་པས་ནམ་ཡང་གྲོལ་བར་མི་འགྱུར་ཏེ་འཆིང་བའི་མི་ཐར་པའི་མདུད་པ་ཉིད་དུ་འགྱུར་བའི་སྐྱོན་དེ་ན་ཡོད་དོ། །གང་ཞིག་མུར་འཛིན་མཐར་ལྟ་བ། །དེས་ནི་མུ་མེད་དོན་མ་མཐོང་། །མུར་འཛིན་མཁའ་ལ་མཐོས་འཇལ་འདྲ། །མུ་མེད་ཉིད་ན་གྲོལ་བར་བཤད། །མུར་འཛིན་གྲོལ་འདོད་གྲོལ་མ་ཡིན། །ཞེས་པ་མུ་སྟེགས་ལ་སོགས་པ་སུ་ཞིག་གིས། ཀུན་གཞི་ལ་མུ་མཐའ་བཙལ་ཏེ། ཤེས་པ་སྐད་ཅིག་མ་ཙམ་དང་རྟག་པའམ་ཆད་པར་འདོད་པ་དེས། ཀུན་གཞི་མུ་མེད་དོན་མ་མཐོང་མ་རྟོགས་ཏེ་དཔེར་ནམ་མཁའ་ལ་མཐོ་ཚད་བགྲངས་པ་དང་འདྲའོ། །ཀུན་གཞི་ལ་མུ་མཐའ་མི་ཚོལ་བ་གང་ཞིག་ནི་མཐས་མ་བཅིངས་མུ་མེད་ཉིད་ན་གྲོལ་བར་བཤད་པའོ། །དེས་ན་རྟག་ཆད་ཆེད་དུ་ཞེན་པས་ཐར་པར་འདོད་པ་ནི་ནམ་ཡང་མུར་འཛིན་གྲོལ་ཐར་བར་མི་འགྱུར་རོ། །དེའི་ཕྱིར་དགོངས་པ་ངེས་པར་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །དེ་ནི་ཉན་ཐོས་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་སོ། །དེས་མི་འགྲུབ་པའི་དཔེ་ནི། བྱེ་མ་བསྐྱེད་ཀྱང་འབྲུར་མི་སྨིན། །ཤེལ་སྒོང་བསྒྱུར་ཡ ང་གཏིང་མི་འགྱུར། །ཞེས་པ་ཀུན་གཞི་མ་མཐོང་མེད་པར་ཐར་པར་འདོད་ཅིང་འཁོར་བ་སྤོང་བ་དེ་དག །ཀུན་གཞི་ལ་མ་བརྟེ ན་ན་དགེ་བའི་བག་ཆགས་བདག་ཅེས་བྱ་བ་རྟག་པ་པོ་དེ་ལ་བསྒོས་ནས་ཐར་པར་འདོད་པ་ནི། དཔེར་བྱེ་མ་བསྐྱེད་ཀྱང་འབྲས་བུར་མི་སྨིན་པ་དང་འདྲའོ། །འོན་ཏེ་ཀུན་གཞི་ལ་མུ་མཐའ་མེད་པར་མ ཐར་བཟུང་ཡང་མཐར་མི་འགྱུར་བ་ནི། ཤེལ་སྒོང་ཚོན་གྱིས་བསྒྱུར་ཡང་མི་འགྱུར་བ་དང་འདྲ་ལ། དེ་ལ་བརྟེན་ནས་ཐར་པར་མི་འགྱུར་བའང་དེ་བཞིན་པས་ཀུན་གཞི་ཡོད་པར་མངོན་ནོ། །འཆིང་བུ་བསྒྱུར་ཡང་རིན་ཆེན་མིན། །ཞེས་པ་ཀུན་གཞི་མེད་ན་ཉོན་མོངས་པ་སྤང་བ་གང་ལ་གནས་ཏེ་སྤང་བར་བྱ་སྟེ། སྒོ་ལྔ་ལ་གནས་ཏེ་སྤང་དུ་ནི་བསྒོམ་ལམ་གྱིས་དུས་སུ་ནི་འགགས། ཉོན་མོངས་པ་ཅན་གྱི་ཡིད་ལ་གནས་ཏེ་སྤོང་ངོ་ཞེ་ན་དྲི་མའི་ངོ་བོ་བས་སྤང་བའི་གཞིར་མི་བཏུབ་པས་མཆིང་བུ་རིན་ཆེན་དུ་མི་འགྱུར་བ་དང་འདྲའོ། །ས་རྡོ་བསྲེས་ཀྱང་འདྲེས་མི་རུང་། །ཞེས་པ་འཁོར་བ་ལུགས་སུ་འབྱུང་བ་ཡང་ཀུན་གཞི་མེད་ན་བག་ཆགས་ཀྱི་ས་བོན་གང་ལ་བསྒོ་སྟེ། སེམས་ལས་བྱུང་བའི་དགེ་བ་ལ་བསྒོན་གླ་རྩི་དང་འདྲ་ལ། མི་དགེ་བ་ལ་བསྒོ་ན་སྒོག་སྐྱ་དང་འདྲ། ཡིད་ལ་བསྒོ་ན་གློག་དང་འདྲ་སྟེ་མྱུར་ལ་དྲག །འོ་ན་གཟུགས་ཀྱི་ཕུང་པོ་ལ་བསྒོའོ་ཞེ་ན། ས་རྡོ་འདྲེས་མི་བཏུབ་པ་ལྟར་བག་ཆགས་འདྲེས་མི་བཏུབ་བོ། །འཁོར་བ་ལུགས་ནས་བཟློག་པ་ཡང་མི་བཏུབ་སྟེ། གློག་འགྱུས་གཞི་ལ་མུན་པ་མེད། །ཅེས་པ་མཐོང་བསྒོམ་གྱི་ཉོན་མོངས་པ་སྤངས་པའང་། ཉོན་མོངས་ཡིད་དང་སྒོ་ལྔ་ལ་གནས་པ་སྤང་དུ་ནི་གོང་དུ་བཤད་པ་དང་འདྲ། ཡིད་ལ་གནས་པ་ལ་སྤང་དུ་ནི་ལམ་གྱི་དུས་ན་ཡིད་གཉེན་པོ་ལམ་གྱི་ཡེ་ཤེས་སུ་གྱུར་པས་གཉེན་པོ་ལ་ཉོན་མོངས་པ་གནས་སུ་མི་རུང་སྟེ། དཔེར་གཏར་ཚན་ལ་རྩི་སྦུར་མི་གནས་པ་དང་། གློག་ལས་མུན་པ་མེད་པ་དང་འདྲ་སྟེ། དེ་བས་ཀུན་གཞི་ཡོད་དོ། །འཁོར་བ་ལུགས་སུ་འབྱུང་བའི་བག་ཆགས་ཀྱང་མི་རུང་སྟེ། མཚལ་ཟིལ་གསེར་ཞུན་གཅིག་མི་སྲིད། །སྐྱེས་བུ་ཉིད་ལ་མཆོང་མི་སྲིད། །ཆུ་བོ་སྔ་ཕྱི་རྒྱུན་མི་འཕྲད། །ཆོས་མཐུན་པས་ན་རིགས་མཐའ་ཡས། །ཞེས་པ་ཀུན་གཞི་མེད་ན་འཁོར་བའི་བག་ཆགས་ཚོགས་དྲུག་གཅིག་ལ་གཅིག་བསྒོར་ནི། གནས་དང་། དབང་པོ་དང་། ཡུལ་ཐ་དད་པས་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཡོད་པས་མི་བཏུབ་སྟེ། མཚལ་བ་ཞུ་བའི་ཟིལ་པ་དང་། གསེར་ཞུན་མི་གཅིག་པ་དང་འདྲའོ། །ཚོགས་དྲུག་རང་རེའི་བག་ཆགས་རང་རེ་ལ་བསྒོའོ་ཞེ་ན། སྐྱེས་བུ་ཇི་ལྟར་མཆོང་བ་ཆེ་ཡང་རང་ལ་མི་མཆོངས་པ་དང་འདྲའོ། །ཤེས་པ་སྐད་ཅིག་མ་སྔ་ཕྱི་ལ་བསྒོའོ་ཞེ་ན། ལྷན་ཅིག་མི་གནས་པའི་འགལ་བ་ཡོད་པས་མི་བཏུབ་སྟེ། ཆུ་བོ་སྔ་ཕྱིའི་རྒྱུན་མི་འཕྲད་པ་དང་འདྲའོ། །འོ་ན་ཤེས་པའི་རིགས་གང་དང་གང་ལ་བསྒོའོ་ཞེ་ན། ཤེས་པའི་རིགས་མང་པོ་ཐ་དད་པས་དགྲ་བཅོམ་པའི་ཤེས་པ་ལའང་བསྒོ་བའི་སྐྱོན་དུ་འགྱུར་རོ། །དེ་བས་ན་ཀུན་གཞི་ཡོད་དགོས་སོ། །དེ་ཡང་། ཐ་དད་དག་གསུམ་དང་འགལ་བའི་ཕྱིར། །དྲུག་པོ་དག་ནི་འབྲེལ་མེད་དེ། །སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར། །རིགས་ལ་བྱ་ན་གཞན་དུ་ཐལ། །ཞེས་གསུངས་པའི་དོན་ཏོ། །དེས་ན་དེ་བཞིན་ཉིད་ཅེས་བསྔགས། །དེ་ཉིད་མེད་པ་ཐམས་ཅད་དུ། །གལ་ཏེ་ལེན་ཡོད་ག་ལ་སྲིད། །ཅེས་པ་གཏན་ཚིགས་ལ་སྙེགས་པས་ཀུན་གཞི་ཡོད་པར་བསྔགས་ཏེ། ཀུན་གཞི་མེད་ན་དུས་གསུམ་དུ་འཁོར་བ་ལུགས་ནས་འབྱུང་བའི་སྐྱེ་བ་ལེན་པ་དང་། འཁོར་བ་སྣང་དུ་མི་བཏུབ་པའོ། །དེ་ཉིད་མེད་ན་རྒྱུན་བཀག་ན། །ཇི་སྲིད་ཅི་གནས་སླར་ལྡང་བ། །གང་ལས་བྱུང་སྟེ་གང་ལས་མིན། །ཞེས་པ་ཀུན་གཞི་དེ་ཉིད་མེད་ན་ཉན་ཐོས་འགོག་པ་ལ་རྒྱུན་བཀག་ནས་སྙོམས་པར་ཞུགས་པས་ཚོགས་དྲུག་གི་རྒྱུ་བ་བཀགས་ནས་བསྒོམས་ཏེ། ཇི་སྲིད་གཅིག་ན་བྱམས་པའི་བསྟན་པ་ལྟ་བུ་ལ་རྐྱེན་གྱིས་བསྐུལ་ནས་སླར་ལྡང་བའང་། རྒྱུ་ཅི་ལས་བྱུང་སྟེ་ཀུན་གཞི་མ་ཡིན་པ་གང་ནས་ཀྱང་མ་བྱུང་བས་ཡོད་པར་མངོན་ནོ། །གང་མེད་དེ་ཉིད་གཉིས་མེད་ན། །གང་ལས་ལྡང་སྟེ་གང་མི་འགྱུར། །ཞེས་པ་ཀུན་གཞི་མེད་ན་རྟེན་མེད་པས་འདུ་ཤེས་མེད་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་ཚོགས་དྲུག་འགག་པ་ལས་ཕྱིས་སྣང་བའང་ཚུལ་ཅི་ལས་བྱུང་སྟེ། ཀུན་གཞི་མ་ཡིན་པ་གཞན་གང་ལས་ཀྱང་འབྱུང་བར་མི་འགྱུར་རོ། །དེ་བཞིན་གང་གིས་འགག་འགྱུར་ན། །སྐད་ཅིག་ཇི་སྲིད་དེ་ནས་ལྡང་། །དེས་ན་དེ་ཉིད་ཀུན་གྱི་གཞི། །ལུས་དང་དུག་སྨན་ཇི་བཞིན་ནོ། །ཞེས་པ་སྔ་མ་ལྟར་འགག་པའང་། ཡང་རྐྱེན་གང་ཞིག་གིས་བརྒྱལ་ལམ་བོགས་སམ་མྱོས་པའི་དུས་ན་ཚོགས་དྲུག་འགག་པས། ཡུན་ཇི་སྲིད་ཀྱི་རིང་ཐུང་ལོན་པ་ལྡང་བའང་ཀུན་གཞི་ཡོད་པས་ལྡང་ངོ་། །དེ་ལྟར་གསུམ་གྱི་དུས་འགག་པ་ལྡང་བའི་གཏན་ཚིགས་ཀྱིས། ཀུན་གཞི་ནི་སླར་ཤེས་པ་ཉམས་པ་གསོ་བ། ལུས་དུག་གིས་མྱོས་པ་སྨན་གྱིིས་གསོ་བ་དང་འདྲའོ། །དེ་ལྟར་གཏན་ཚིགས་ཀྱི་རྩ་བ་བཞིས་ཡོད་པར་མངོན་ནོ། །འཇུག་པ་ལྔ་ནི་རྨི་ལམ་འདྲ། །དེ་ལྟ་ན་འདི་གཅིག་པ་འམ། །འོན་ཏེ་ཐ་དད་པ་ཞིག་ཡིན། །གཅིག་དང་ཐ་དད་ངོ་བོ་ལས། །གྲོལ་ཏེ་དབྱིབས་སམ་ཁ་དོག་གམ། །རྙོག་ཆུ་འོ་མ་ཇི་བཞིན་ནོ། །ཞེས་པ་སྒོ་ལྔའི་རྣམ་ཤེས་དཔེ་རྨི་ལམ་ལྟ་བུ་ཡིན་པའི་ཚུལ་དེ་བཞིན་ཡིན་ན། ཀུན་གཞི་དང་སྒོ་ལྔ་གཉིས་གཅིག་གམ་ཐ་དད་ཞེ་ན། ལས་ཀྱིས་སོ་སོར་སྣང་ལ་ཤེས་པའི་རིགས་སུ་གཅིག་པས་གཅིག་དང་དུ་མ་ལས་གྲོ ལ་བའི་དཔེ། དབྱིབས་དང་ཁ་དོག་གམ་རྙོག་མ་དང་ཆུ་བཞིན་ནོ། །དེ་ན་དེ་ཉིད་དེ་བཙན་ནམ། །གལ་ཏེ་དེ་ཡི་གཞི་ཉིད་བཙན། །ཞེས་པ་གཅིག་དང་ཐ་དད་གྲོལ་བའི་ཚུལ་དེ་བཞིན་ན། སྒོ་ལྔས་ཡུལ་བཅད་པའི་བག་ཆགས་ཀྱི་ངོ་བོ་ནུས་པ་དང་བཅས་པ་དེ་བཙན་ནམ། ཀུན་གཞི་བཙན་དྲིས་པ་ལྟ་བུའོ། །དེ་ནི། མི་གཡོ་མི་འགྱུར་གཡོ་དང་འགྱུར། །མ་བྱུང་བ་དང་དེ་བཞིན་འབྱུང་། །ནམ་མཁའ་འབྱུང་བ་ཇི་བཞིན་ནོ། །ཞེས་པ་ལན་དུ་ཀུན་གཞི་བཙན་པས་གང་ཡང་མི་གཡོ་མི་འགྱུར་མ་བྱུང་ངོ་། །སྒོ་ལྔ་བག་ཆགས་ནི་གཡོ་ཞིང་འགྱུར་བས་ཅིར་ཡང་འབྱུང་སྟེ། དཔེ་ནམ་མཁའ་དང་འཇའ་རླན་ལ་སོགས་པ་ལྟ་བུའོ། །དེ་བས་ན་ཀུན་གཞིའི་ངོ་བོ་ནི། ཐོག་མ་ཐ་མ་དུས་མི་དམིགས། །མ་ནོར་མ་བཅོས་དེ་བཞིན་ཉིད། །རང་བྱུང་ཀུན་ཏུ་སྣང་བའི་དབྱིངས། །མ་བྱུང་རང་བཞིན་ཡེ་ནས་གསལ། །ཞེས་པ་ཀུན་གཞི་ལ་སྔ་ཕྱིའི་དུས་བྲལ་བས་འབྱུང་སངས་མེད་དེ་ཡེ་ཉིད་ནས་ཡང་དག་པ་མ་བྱས་མ་བསླད་པའི་རང་བཞིན་ལ། དུས་བཞིར་མ་བསྒྲིབས་པར་གསལ་བ་ནི་མུ་མཐའ་མེད་པའོ། །དེའི་ངོ་བོ་མཐའ་གང་དུའང་མི་སྣང་སྟེ། ཡེ་ཤེས་ཆེན་པོའི་རང་བཞིན་དུ་གདོད་ནས་གསལ་ལོ། །འོ་ན་འཁོར་བའི་ཆོས་ཇི་སྙེད་པར་སྣང་བ་ཅི་ཉེས་ཞེ་ན། གཞིའམ་དེ་རྒྱུན་ཞེས་བྱ་བ། །ཤེས་འབྱུང་ཐམས་ཅད་སྐྱེ་འབྱུང་བའི། །རྩ་བ་མཐུ་ཅན་གཞིར་བཞག་ན། །སྣ་ཚོགས་འབྱུང་རྒྱུ་དེ་ཉིད་དོ། །ཅེས་པ་རང་བཞིན་དེ་ལྟར་མ་མཐོང་བས་སྦྱོར་བ་དོན་གྱི་ཀུན་གཞི་འཁོར་བའི་རྒྱུ་སྐད་ཅིག་མའི་རྒྱུན་དུ་ཡོད་པ་དེ་ནི་ཚོགས་བདུན་གྱིའང་སྐྱེད་བྱེད། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་བསྐྱེད་ཅིང་འབྱུང་བའི་རྩ་བ་བག་ཆགས་སྟོབས་ཅན་དང་བཅས་པས་འཁོར་བའི་རྩ་བར་གྱུར་པས་དངོས་པོ་གཟུང་འཛིན་སྣ་ཚོགས་སུ་སྣང་བ་དེ་ཉིད་དོ། །འོན་ཀྱང་དེ་ཙམ་ཉིད་ན་རང་བཞིན་གང་དུའང་འབྱུང་ཞིང་སྣང་བ་ནི་ངོ་བོ་ལ་མེད་པ་ཁོ་ནའོ། །ཀུན་གཞིའི་དཔེ་རྣམས་ཇི་ལྟ་བུ་སྙམ་པ་ལ། དང་བའི་མཁའ་ལ་རྒྱུ་བའི་སྤྲིན། །གསེར་གྱི་རླངས་ཙམ་འབྱུང་ཚུན་ཆོད། །ཁུག་རླངས་སྤྲིན་དཔུང་ཐིབས་ཞེས་བྱ། །ཞེས་པ་ནམ་མཁའ་དྭངས་པ་ལ་རྒྱུ་བའི་སྤྲིན་གྱི་ཆེ་ཆུང་དཔེར་གསེར་གྱི་རླངས་པ་ཕན་ཚུན་ཆད་ཀྱི་སྤྲིན་ཆུང་ངུའང་ཁུག་རླངས་སྤྲིན་དཔུང་དུ་གཏོགས་སོ། །དེའི་རྒྱུ་ནམ་མཁའ་ཡིན་ནོ་བའོ། །འབྱུང་བ་་སྐད་ཅིག་དེ་སྔོན་ཆད། །དང་བའི་མཐའ་ཉིད་སྣང་ཞེས་བྱ། །དེ་བཞིན་དེ་ཉིད་དེ་གཞིར་གཞག །མཚུངས་པ་ཡིན་ཕྱིར་དེར་སྣང་སྟེ། སོ་སོའི་བྱེ་བྲག་དེ་ཙམ་མོ། །ཞེས་པ་དེ་ལྟར་སྤྲིན་དཔུང་འབྱུང་བའི་ཡུན་སྐད་ཅིག་ཙམ་དུ་སྣང་བ་དེ་ཕན་ཆད་ནས་ཡུན་རིང་པོར་སྤྲིན་དཔུང་སྣང་བ་གཉིས་ཀ །དང་པོའི་ནམ་མཁའི་ཆོ་འཕྲུལ་ཉིད་སྣང་བ་ཞེས་བྱ་སྟེ། ནམ་མཁའ་རྒྱུ་ཡིན་པ་ལྟར་ཀུན་གཞི་ཉིད་བག་ཆགས་ཐམས་ཅད་ཀྱི་གཞིར་གཞག་པའང་། ཀུན་གཞི་དང་བག་ཆགས་ལམ་པ་ལ་ལྡོག་པའི་ཐ་དད་ཡོད་ཀྱང་། ཀུན་ནས་ཉོན་མོངས་པའི་དུས་ན་སོ་སོར་མི་ཕྱེད་པས་མཚུངས་པའི་གཏན་ཚིགས་དེའི་ཕྱིར། ཀུན་གཞི་ཉིད་བག་ཆགས་ཀྱི་ངོ་བོར་སྣང་བས་ཀུན་གཞི་དང་བག་ཆགས་ཀྱི་དབྱེ་བའི་ཆ་དེ་ལས་བཏགས་ཏེ། ཀུན་གཞི་མེད་པར་བག་ཆགས་ཡོད་པར་མི་རུང་བས་རྒྱུའི་དཔེ་ནམ་མཁར་དོན་ཀུན་གཞི་བསྟན་པའོ། །ཀུན་གཞི་ལས་འཁོར་བའི་ཚོགས་དྲུག་སྣང་བའི་ཚུལ་ནི། དེ་ཉིད་དེ་ཡི་རྒྱུ་བ་ལས། །འཇུག་པའི་ཚོགས་རྣམས་རྩལ་དུ་སྣང་། །ཞེས་པ་ཀུན་གཞི་བག་ཆགས་དང་བཅས་པའི་སྐད་ཅིག་མའི་རྒྱུན་ལས་འཇུག་པའི་ཚོགས་དྲུག་རྒྱ་མཚོའི་རླབས་ལྟ་བུར་སྣང་བའོ། །རྩ་བའི་མཐུ་ཆེན་འཕེལ་འགྱུར་བས། །གང་དང་གང་དུ་གང་ཉོན་མོངས། །མཚན་མར་སྣང་འཛིན་གཡོ་འགུལ་བསྐྱོད། །ཅེས་པ་ཚོགས་དྲུག་སྣང་བས་ཡུལ་བཅད་པས། ཀུན་གཞི་ལ་བག་ཆགས་ཡིད་ཀྱིས་བསྒོས་པས། ཀུན་གཞི་བག་ཆགས་འཁོར་བའི་ས་བོན་རྒྱས་ཤིང་ནུས་པ་ཅན་དུ་གྱུར་པས་གནས་ཀྱི་དངོས་པོ་མཐོ་དམན་དུ་འཛི ན་ཅིང་ཉམ་ཐག་པ་དང་། ཡུལ་ཐ་དད་པར་སྣང་ཞིང་དེ་ལ་ཚོགས་དྲུག་གི་ཞེན་པས་འགྲོ་དྲུག་ཏུ་འཁོར་ཞིང་ལྟུང་ངོ་། །དེ་ནས་ཀུན་གཞི་རྒྱུའི་རྐྱེན་དུའང་འགྱུར་རོ། །རང་སྣང་གང་ལ་དེ་གསལ་རིག །གང་དུ་ལྟ་དང་གང་འཛིན་པའི། །དེ་རྒྱུན་དེ་ལས་དེར་འདི་འབྱུང་། །ཞེས་པ་ཀུན་གཞི་འཁྲུལ་པ་དངོས་རང་ཡུལ་དུ་སྣང་བ་ལ། ཚོགས་དྲུག་གིས་བྱེ་བྲག་ཏུ་བཟུང་ཞིང་དེ་གསལ་ཤེས་རིག་པའི་སྒོ་ནས། གང་ནང་དུ་ཉོན་མོངས་པའི་ཡིད་ཀྱིས་བདག་ལྟས་དྭངས་ཤིང་གང་འཛིན་བཟུང་བའི་བརྟགས་པའི་སྐད་ཅིག་མའི་རྒྱུན་དེ་ལས་དེར་འཁོར་བའི་ཆོས་རྣམས་སུ་རེད་ཅིང་ཉམ་ཐག་འདི་འབྱུང་གོ། །གར་ཚོལ་གང་ཤེས་གང་དེ་ཤེས། །སྐྲག་ཅིང་སྔངས་འཇིགས་དངོས་པོ་ཉིད། །ཅེས་པ་གཟུང་འཛིན་གྱིས་གང་འཁོར་བར་སྣང་བའི་བདེ་སྡུག་ཚོར་བ་དང་། གང་ཤེས་མཚན་མར་བཟུང་བ་དང་། གང་དེ་ཤེས་བྱེ་བྲག་ཤེས་པས་འདུ་བྱེད་ལངས་ཤིང་ལས་སྣ་ཚོགས་སྤྱད་པས། ཡུལ་སྐྲགས་ཤིང་སྔངས་འཇིགས་ཤིང་ཡ་ང་བའི་དངོས་པོ་ཅན་དུ་གྱུར་པའོ། །བག་ཆགས་རྐྱེན་གྱིས་སློང་ངོ་ཞེས་པའི་ཚུལ་ཇི་ལྟ་བུ་ཞེ་ན། མེ་ལོང་མེ་ཤེལ་མེ་བྱུང་གསུམ། །གང་དག་འཕྲད་ན་དེ་བཞིན་འབྱུང་། །ཞེས་པ་དཔེར་ན་མེ་ཤེལ་བཙའ་རྡོ་གསུམ་ལ། གཡའ་དང་མེ་རང་རྒྱུད་ཡོད་པ། དྲི་སྣུམས་དང་ཉི་མ་དང་སྐྱེས་བུའི་རྩོལ་བས་བརྡབས་པ་ལས་སྣང་བ་དང་འདྲ་བར། བག་ཆགས་ཀྱི་ས་བོན་ཀུན་གློ་བུར་གྱི་ལས་ཀྱི་རྐྱེན་གང་གིས་བསྒྱུར་བ་དེ་སློང་ཞིང་སད་པར་བྱེད་དོ། །ཇི་ལྟར་བསླང་བས་ལྡང་བའི་ཚུལ་དཔེ་གང་གིས་མཚོན་ཞེ་ན། མེ་ལོང་མཚོ་རླབས་ས་རླངས་གསུམ། །ཇི་སྲིད་དེ་རྒྱུན་བྱུང་ཚོར་རྣམས། །དེ་ཉིད་རྒྱུ་ཡིས་རང་བཞིན་ལྡང་། །ཞེས་པ་དཔེ་མེ་ལོང་ལས་གཡའ་ལྡང་བ་དང་། མཚོ་ལས་ཡར་རླབས་མོ་ལྡང་བ་དང་། ས་ལས་རླངས་བྱུང་བ་ལྟར་ཡུན་ཇི་སྲིད་ཐོག་མཐའ་མེད་པར་བག་ཆགས་བསགས་པའི་སྐད་ཅིག་མའི་དེ་རྒྱུན་གྱི་བྱུང་ཚོར་ཀུན་རྐྱེན་གྱིས་མ་བསླང་ཡང་། སྔར་དེ་ཉིད་གོམས་བརྟས་པའི་རྒྱུས་རང་བཞིན་དུའང་ལྡང་ངོ་། །དཔེ་གསུམ་ནི་རྣམ་པར་སྨིན་པའི་བག་ཆགས་གཉིས་དང་། རྒྱུ་མཐུན་པའི་བག་ཆགས་གསུམ་གྱི་ཕྱིར་དང་། ཤེས་པ་ཐ་དད་དཔེ་མོས་ཕྱོགས་ནས་ཤེས་པར་བྱ་བའི་ཕྱིར་དེ། བཤད་པ་དང་འཆད་པའང་སྦྱར་རོ། །ཀུན་གཞི་བག་ཆགས་འཛིན་པའི་ཐབས་དཔེ་གང་གིས་མཚོན་ཞེ་ན། མེ་འཛིན་དེ་འཛིན་འདབ་འཛིན་ལྟར། །དེ་ཉིད་དེ་ཡིས་དེ་རྒྱུན་ལ། །གང་ཞེན་དེ་འཛིན་བྱེད་པ་ཡིན། །ཞེས་པ་བཙའ་དང་། མངལ་དང་། སྦྲང་རྒྱས། མེ་དང་། ཕོའི་ས་བོན་དང་། སྦྲང་མ་འཛིན་པ་ལྟར་བག་ཆགས་དེ་ཉིད་ཡང་ཀུན་གཞིས་དེ་ཡིས་ཤེས་པ་སྐད་ཅིག་མའི་དེ་རྒྱུན་ལ་ཡུལ་མང་དུ་བཅད་པས་གང་ཞེན་པ་དེ་མི་གཏོང་བར་འཛིན་བྱེད་ཡིན་པའོ། །བག་ཆགས་བསྒོ་བའི་ཐབས་ཀྱི་དཔེ་གང་ཞེ་ན། རས་དཀར་ལ་སོགས་དེ་དག་ནི། །གང་བསྒོའི་དབང་དུ་དེ་ཉིད་དུའོ། །དེ་ཉིད་དེ་ལ་དེ་རྒྱུན་དག །གང་ཉིད་བསྒོས་པ་དེ་ཉིད་དུའོ། །ཞེས་པ་དཔེར་རས་སྣམ་དཀར་པོ་དང་། དར་དཀར་སོགས་དང་། སྣམ་བུ་དེ་དག་ལ་ཚོན་དང་ཚོས་གང་གིས་བགོ་བའི་དབང་བསྒྱུར་བར་སྣམ་བུ་དེ་ཉིད་ཡང་དངོས་པོའི་ཁ་དོག་དེར་འདྲ་འགྱུར་བ་ལྟར། ཀུན་གཞི་དེ་ཉིད་ཡེ་དྲི་མ་མེད་པའི་སྣམ་བུ་དེ་ལྟ་བུ་ལ། བག་ཆགས་ཀྱི་རྒྱུན་ལས་གང་ཉིད་སྤྱད་ཅིང་གོམས་པས་བསྒོས་པ་དེ་ཉིད་དུ་ཀུན་གཞི་ཡང་འགྱུར་རོ། །ཀུན་གཞི་ལ་བག་ཆགས་སོགས་པའི་དཔེ་ནི། གངས་དྲེགས་ལ་སོགས་དེ་དག་ནི། །སོགས་པས་དེ་དག་ཉིད་དུ་སྣང་། །དེ་རྒྱུན་འབྱུང་གང་དེ་དག་ནི། །དེ་ཡང་དེ་དག་ཉིད་དུའོ། །ཞེས་དཔེར་གངས་དྲེག་དང་། ཐེར་སླང་སླང་དུ་གི་དྲེག་པ་དང་། སོགས་དངོས་པོ་གཞན་བསྡུ་བ་ནི་ཕྲུ་ཟངས་ལ་སོགས་པ་དང་། །སྔ་མའི་ནང་དུ་ཕྱི་མ་སོགས་པས་བསྣན་པས་རྒྱུད་མཐུན་པར་འཕེལ་ཞིང་དེ་དག་ཉིད་དུ་སྣང་འཐུག་པར་གྱུར་བ་དེ་ལྟར། ཀུན་གཞི་སྐད་ཅིག་མའི་རྒྱུན་ལ་ཕྱིས་འབྱུང་བའི་རྒྱུ་བག་ཆགས་སྙིང་ཟུག་ཡོད་པས་དེ་དག་རྣམས་ལ་ཕྱི་མའི་ལས་ཀྱིས་བསྒོས་པས་དེ་ཡང་རྒྱུད་དེ་དག་མཐུན་པར་གྱུར་བས་འཕེལ་ཞིང་འཐུག་པར་གྱུར་པ་དེ་ཉིད་དུའོ། །བག་ཆགས་བརྟས་པའི་དཔེ་ཇི་ལྟ་བུ་ཞེ་ན། འོ་མ་ཆུ་དང་ས་བོན་ལས། །དེ་མི་འདྲ་བས་དེ་བརྟས་ཡིན། །དེ་ཉིད་དེ་ཡི་རྒྱུན་དེ་ལས། །དེ་ཡང་དེ་ལྟར་སྣང་བ་ཡིན། །ཞེས་པ་དཔེ་འོ་མ་ལས་ཞོར་གྱུར་པ་དང་། ཆུ་ལས་ཆབ་རོམ་དང་། ས་བོན་གཉིས་ལས་ལུས་སུ་འགྱུར་པའང་འོ་མ་ཆུ་དང་ས་བོན་ཡང་བརྟས་པའི་དངོས་པོ་དེ་མི་འདྲ་བར་གསུམ་ཉིད་མ་ཡིན་པ་ལས། སྤྲི་མ་ཞོ་དང་གྲང་བ་ཆབ་རོམ་དང་འབྱུང་ལུས་པ་བཞིའི་རྐྱེན་གྱིས་དེ་བརྟས་པ་ཡིན་བཞིན། བག་ཆགས་དེ་ཉིད་ཀུན་གཞིའི་དེའི་རྒྱུན་ལ་དེ་ཡོད་པ་ལས། བརྟན་པ་མ་གྱུར་པ་དེ་ཡང་གློ་བུར་གྱི་ལས་མང་དུ་སྤྱད་པས། འདྲིས་གོམས་སུ་བརྣན་པས་མཐུ་ཅན་དུ་དེ་ལྟར་སྣང་བ་ཡིན་གྱུར་པའོ། །བག་ཆགས་འབྱང་བའི་དཔེ་ནི། གནས་པ་དེ་དག་གང་ཡིན་པ། །དེར་འབྱུང་བ་དེ་དེ་ཉིད་དུའོ། །ཞེས་པ་དཔེར་ན་རྙོག་ཆུ་མ་བསྒུལ་ན་ཆུ་རང་བཞིན་གྱིས་དྭངས་པ་ལྟར། ཀུན་གཞི་བག་ཆགས་ཀྱིས་བསྒྲིབས་པའང་། རྣལ་འབྱོར་བསྒོམ་ན་དེར་འབྱུང་རང་བཞིན་གྱིས་འབྱང་དེ་ཉིད་དུའོ་ངོ་། །བག་ཆགས་སྨིན་པའི་དུས་ཉིད་ནི། །མྱུར་སྨིན་དུས་སྨིན་དུས་གཉིས་སྨིན། །ཞེས་པ་དཔེར་འབྲུ་དུས་གཅིག་ལ་མྱུར་སྨིན་པ་དང་། གཉིས་དུས་ལ་སྨིན་པ་དང་། འབྲུ་དུས་གཉིས་སུ་སྨིན་པ་དང་། ཤིང་ཐོག་པ་ན་སེ་ལྟ་བུར་བག་ཆགས་ཀྱི་འབྲས་བུ་ཚེ་འདི་ལ་སྨིན་པ་དང་། ཕྱི་མ་ལ་སྨིན་པ་དང་། ལན་གྲངས་གཞན་ལ་སྨིན་པ་དང་། སྨིན་པར་མ་ངེས་པ་དང་བཞིའོ། །ས་བོན་ཆེ་ཆུང་འཕེལ་འགྲིབ་དེའོ། །ཞེས་པ་དཔེར་ས་བོན་སྐྱོན་མེད་པ་མང་ཉུང་དུས་ཆུང་བཏབས་པ་ལས། འབྲས་བུ་ཆེ་མང་ཉུང་དུ་འགྱུར་བ་ལྟར། བག་ཆགས་སྔ་མའི་ས་བོན་ཆེ་ཆུང་ལ་ཕྱི་མའི་རྐྱེན་ཆེ་ཆུང་གིས་འཕེལ་འགྲིབ་ཏུ་འགྱུར་རོ། །བག་ཆགས་ཀྱིས་ཡང་དག་པའི་དོན་མཐོང་དུ་མི་སྟེར་བར་སྒྲིབ་པའི་དཔེ་ཇི་ལྟ་བུ་ཞེ་ན། སྤྲིན་དང་ལིང་ཐོག་མུན་པའི་ཁམས། །རྫས་ཡུལ་མི་མཐོང་བསྒྲིབས་པ་ལྟར། །དེའི་རྒྱུན་འཁྲིགས་པའི་མུན་པ་ཡིས། །བལྟ་བྱ་དེ་ཉིད་མཐོང་མ་ཡིན། །ཞེས་པ་དཔེར་ན་སྤྲིན་གྱིས་ནམ་མཁའ་མི་མཐོང་བ་དང་། ལིང་ཐོག་གིས་རྫས་མི་མཐོང་བ་དང་། མུན་པས་རྫས་ཡུལ་མི་མཐོང་བར་བྱེད་པ་བསྒྲིབས་པ་ལྟར་བཞིན། བག་ཆགས་དེའི་ཚོགས་སྟུག་པོས་ཤེས་པའི་རྒྱུན་བསྒྲིགས་པས་འཁྲིགས་མུན་པ་ཡིས་ཀུན་གཞི་བལྟ་བྱ་དེ་ཉིད་རྩ་བ་ཆེན་པོ་བྱང་ཆུབ་སྙིང་པོའི་དོན་མཐོང་མ་ཡིན་དུ་མི་སྟེར་རོ། །ཚོགས་དྲུག་བར་མ་དོར་འགགས་པ་བག་ཆགས་ཀྱིས་ཕྱིས་སྣང་དུ་འདོད་པའི་དཔེ་ནི། དང་པོ་གཉིས་དང་ཕྱི་མ་ལ། གསལ་དང་འགགས་དང་ཐ་དད་སྣང་། །ཅེས་པ་དཔེར་ཏིལ་དང་མེ་ཏོག་སྣ་མ་ཡུན་རིང་དུ་བཞག་པས་ཏིལ་མར་ལ་སྣ་མའི་དྲི་འབྱུང་བ་བཞིན། ཚོགས་དྲུག་དང་པོ་ཚེ་འདི་ལ་གསལ་བ་བར་མ་འགགས་དང་ཉམས་པ་ཡང་། སྔ་མར་ཞེན་པའི་མཐུས་ཚེ་ཕྱི་མ་ལ་མངོན་དུ་སྣང་བར་ཐ་དད་འགྱུར་པའོ། །བག་ཆགས་ཀྱི་འབྲས་བུ་ཐ་དད་ལེན་པའི་དཔེ་ནི་གང་ཞེ་ན། དེ་ཉིད་ཀུན་ལ་འགྲོ་བའི་ཕྱིར། །གཅིག་གིས་སྣ་ཚོགས་ཐ་དད་ལེན། །ཞེས་པ་དཔེར་ལག་པས་ཡི་གེ་བྲིས་པའི་སྒྲ་ཐ་དད་པ་ལྟར། བག་ཆགས་དེ་ཉིད་ནི་དགེ་སྡིག་ལུང་དུ་མ་བསྟན་པའི་ཡུལ་ཀུན་ལ་འགྲོ་བའི་ཕྱིར་ཚང་བའི་གཏན་ཚིགས་ཀྱིས། གཅིག་གི་སྣ་ཚོགས་འབྲས་བུ་མཐོ་རིས་ངན་སོང་ཐ་དད་པའི་སྐྱེ་གནས་ལེན་པའོ། །བག་ཆགས་ཀྱི་རྒྱུ་ཡི་དཔེ་ནི། དེ་ཉིད་རྩལ་ལ་འཇུག་པ་དྲུག །སླར་འཇུག་པའང་དེ་ཉིད་ལས། །ཆར་རྒྱུན་སྨིག་རྒྱུ་ཇི་བཞིན་ནོ། །ཞེས་པ་ཀུན་གཞི་དེ་ཉིད་རྩལ་ལ་འཇུག་པ་ལ་ཚོགས་དྲུག་བྱུང་ནས་ཡུལ་བཅད་དེ། མགོན་མཉམ་དུ་ཡུལ་དང་ཞེས་པ་གཉིས་ཀ་ཀུན་གཞི་ལ་བསྒོས་ཏེ་དུས་ཤིང་། སླར་འདུས་པའང་དེ་ཉིད་དོ། །དེ་ལས་སླར་བྱུང་བའི་དཔེ་ཆར་གྱི་རྒྱུན་དང་སྨིག་རྒྱུ་ལྟ་བུའོ། །བག་ཆགས་མི་གསལ་བ་རྒྱུ་བའི་དཔེ་ནི། མིག་ནད་དབང་གིས་ཡུལ་དག་ལ། །ཐ་དད་མ་ཡིན་ངོ་བོ་ཙམ། །ཞེས་པ་དཔེ་རབ་རིབ་ཅན་དང་མིག་ནད་དབང་ཀྱིས་ཡུལ་མཐོང་ཡང་མི་གསལ་བ་ལྟར། ཀུན་གཞི་བག་ཆགས་ཀྱང་རྒྱུ་བ་ཕྲ་བ་ལ། ཚོགས་དྲུག་གིས་བསྒྲིབས་པས་རིས་སུ་ཐ་དད་མ་ཡིན་ངོ་བོ་ཙམ་བརྟགས་དཀའ་བའོ། །ཀུན་གཞི་རྒྱུའི་དུས་ཀྱི་བག་ཆགས་ངན་པ་སྤངས་ནས་འབྲས་བུའི་བག་ཆགས་བཟང་པོ་ལེན་པའི་དཔེ་ཇི་ལྟ་བུ་ཞེ་ན། གང་དེར་འདིར་གཅིག་འདྲེས་པ་ལས། །སྒྱུ་རྩལ་དེ་འབྱེད་དེ་དག་ལེན། །ཞེས་པ་ཀུན་གཞི་གང་དེར་འདིར་གཅིག་ལ་དགེ་སྡིག་གི་བག་ཆགས་ཚེ་འདིར་བསགས་པ་མཐུ་བརྟས་པ་དེས་འདྲེས་ཏེ་གཅིག་པ་ལྟ་བུར་སྣང་བ་ལས། ཀུན་ནས་ཉོན་མོངས་པའི་བག་ཆགས་སྤོང་ལ། རྣམ་པར་བྱང་བའི་བག་ཆགས་དང་དུ་ལེན་པ་ནི། དཔེར་ན་ངང་པའི་མཆུའི་སྒྱུ་རྩལ་གྱིས་ཆུ་དང་འོ་མ་འདྲེས་པ་ལས་དེ་གཉིས། འབྱེད་ཕྱེ་ནས་ཆུ་བཞག་སྟེ་འོ་མ་དེ་དག་ལེན་པ་བཞིན། ཀུན་གཞི་དེ་ཉིད་ལ་བག་ཆགས་གཉིས་ལས་བྱུང་གནས་པས་གནས་མཐོ་དམན་དུ་དེ་རྣམས་སྣང་བར་བྱེད་པ འང་སྤོང་ལེན་བྱེད་པའོ། །ཀུན་གཞིའི་བག་ཆགས་རྒྱུའི་དུས་ན་མི་མངོན་པ་ལས། འབྲས་བུའི་དུས་ན་མངོན་པའི་དཔེ་གང་ཞེ་ན། གང་འདིར་སྦྱོར་ཞིང་མི་སྣང་ཡང་། །གང་གི་དབང་གིས་ཐ་དད་སྣང་། །དེ་ལས་དེ་བྱུང་དེ་ཉིད་ལས། །དེ་བཞིན་དེ་དག་འབྱུང་བའོ། །ཞེས་པ་དཔེར་ན་དར་ཧྭ་ཚིག་གུའི་དངོས་པོ་རྒྱུའི་དུས་ན་ཧྭ་རིད་ཀྱི་ཚོན་ལ་སྦྱོར་ཞིང་ཧྭ་དངོས་སུ་མི་གསལ་ཡང་། ཚོན་དང་རྐྱེན་མཚུར་གང་གིས་དབང་གིས་དང་ཕྲད་དེ་ཡང་ནས་ཡང་དུ་ཞེན་པའི་སྟོབས་ཀྱིས། ཧྭའི་རི་མོ་དང་བཅས་པ་ཐ་དད་སྣང་ཤིན་ཏུ་གསལ་བར་མངོན་པ་ལྟར། ཀུན་གཞི་དེ་ལ་རྣམ་པར་སྨིན་པའི་བག་ཆགས་ཇི་སྙེད་དེ་བྱུང་བསགས་པའང་མངོན་དུ་གསལ་བ་མེད་ཀྱང་། དེ་ཉིད་རྐྱེན་ཀྱིས་སད་པར་སྟོབས་ཅན་དུ་གྱུར་པ་ལས། དཔེ་ཇི་ལྟ་བར་དེ་བཞིན་འབྲས་བུ་དེ་དག་མཐོ་རིས་ངན་སོང་ཐ་དད་འབྱུང་བར་སྣང་བ་ལ་དཔགས་ན། རྒྱུ་ངོ་བོ་ཤེས་པར་འགྱུར་རོ། །བག་ཆགས་བསྒོ་རུ་བཏུབ་པའི་དཔེ་ནི། དྲི་ངའི་དྲི་འབྱུང་གང་གི་དྲི། །གང་མེད་གང་ལ་ཞེན་པ་ནི། །མི་འདྲ་མི་གཅིག་དེ་ཉིད་ལ། །དེ་ཉིད་གཞན་ལ་དེ་རྒྱུ་གཞན། །ཞེས་པ་དཔེར་སྒོག་པའི་དྲི་ང་བ་དེ་ཕོར་བུ་ལ་སྔོན་ཆད་མེད་ཀྱང་། སྒོག་པ་ཡུན་རིང་དུ་བརྡུངས་ན་ཕོར་བུ་ལ་ཞེན་ནས། འཇུག་གང་སྒོག་པ་མེད་ཀྱང་ཕོར་བུ་གང་ལ་བྲོ་ཞིང་ཞེན་པ་མནམ་པ་དེ། སྒོག་ཕོར་གཉིས་ངོ་བོ་མི་འདྲ་ཡང་མི་མཐུན་ཐ་དད་ལ་རྒྱུ་ཡང་མི་གཅིག་སོ་སོ་ཐ་དད་ཀྱང་ཡུན་རིང་ན་དེ་ཉིད་ལ་འགོས་པ་ལྟར། ཀུན་གཞི་དེ་ཉིད་དང་དེ་རྒྱུན་བག་ཆགས་ཀྱང་དེ་ལྟ་བུ་ལ་ཚོགས་དྲུག་གི་ལས་མང་པོ་སྤྱད་པས་བསྒོའོ། །ཀུན་གཞི་རྒྱུ་འབྲས་གཉིས་ཀ་ཡིན་པའི་དཔེ་ནི་གང་ཞེ་ན། གང་གི་ངོ་བོ་དེ་གཅིག་ལ། །དེ་ཡང་གནས་དང་སྐབས་ཀྱིས་འགྱུར། །ཞེས་པ་དཔེར་གང་གི་ངོ་བོ་དེ་གཅིག་ལ་ཤིང་ཐོག་སྨིན་པ་གཅིག་ལ་དེ་ཡང་གནས་དང་སྐབས་ཀྱི་ཆོས་སྔ་མའི་འབྲས་བུ་ཕྱི་མའི་རྒྱུར་འབྱུང་བ་ལྟར། ཀུན་གཞི་བག་ཆགས་དང་བཅས་པའི་ངོ་བོ་ཡང་། དེ་ཡང་གནས་དང་སྐབས་ཀྱིས་འགྱུར་སྐད་ཅིག་མ་སྔ་མའི་འབྲས་བུ་ཕྱི་མའི་རྒྱུར་འགྱུར་བའོ། །བག་ཆགས་བྱང་བའི་དཔེ་ནི། གང་ལ་བག་ཆགས་རྣམ་དག་པ། །དྭངས་པས་ཐམས་ཅད་གསལ་བ་བཞིན། །ཞེས་པ་རྣལ་འབྱོར་སུ་ཞིག་གི་རིག་པ་གང་ལ་བག་ཆགས་གཏན་ནས་སྦྱངས་པའི་རྣམ་དག་པ་ཡེ་ཤེས་ཤར་བ་ནི། དཔེ་ནམ་མཁའ་དྭངས་པ་ལ་ཉི་མ་ཤར་བ་ཐམས་ཅད་གསལ་བཞིན་དང་འདྲའོ། །གང་གིས་རྒྱུས་སངས་ཀུན་ཁྱབ་རྒྱས། །དབུ་མ་རྣམ་དག །ཅེས་པ་དག །རྣལ་འབྱོར་གང་ཞིག་གི་རྒྱུད་ལ་བག་ཆགས་ཀྱི་ས་བོན་ཡོད་པར་སྦྱངས་པས་དག་པས་ཚོགས་གཉིས་རྫོགས་པར་གྲུབ་པ་ནི། ཁྱབ་རྒྱས་ཆོས་ཀྱི་སྐུ་རྣམ་པར་དབུ་མ་དག་པ་ཡིན་པ་ཞི་བས་འདོད་པ་ནི་མདོ་སྡེ་པ་སྟེ། གསང་སྔགས་ལས་ལྟོས་པའི་མུན་པའོ། །དེས་ན་བྱང་ནས་འཚང་རྒྱ་བར་འདོད་པ་ནི་རྒྱུ་ལས་སྒྲིབ་པ་བྱུང་བའོ། །མུན་པ་དྲིས་པའི་ལན་ཁྱད་པར་ཀུན་གཞིའི་སྐབས་སུ་གསལ་བར་བསྟན་པའི་ཕྱིར། མུན་པའི་རང་བཞིན་ངོ་བོ་དང་། །མཚན་ཉིད་ཡན་ལག་རྩ་བ་དང་། །གནས་དང་སྒྲིབ་པ་བྱེ་བྲག་ཆོས། །ཞེས་པ་རང་བཞིན་ནི་ཀུན་གཞིའི་རང་བཞིན་བསྟན་པའོ། །ངོ་བོ་ནི་ཚོར་བ་བཏང་སྙོམས་དང་ལྡན་པ་མི་གསལ་བའོ། །མཚན་ཉིད་ནི་སྐད་ཅིག་མར་བསྟན་པའོ། །ཡན་ལག་གི་འཁོར་དུ་དང་ལྡན་པའོ། །རྩ་བ་ནི་ཡོད་པར་བསྒྲུབ་པའོ། །གནས་ནི་དཔེ་རྣམས་ཀྱིས་བག་ཆགས་ཀྱི་གཞིར་གཞག་པའོ། །སྒྲིབ་པ་ནི་སྤྲིན་དང་ལིང་ཏོག་ལྟར་བསྟན་པ་སྟེ་ཀུན་གཞིའི་ལས་སོ། །བྱེ་བྲག་ནི་མིང་གི་རྣམ་གྲངས་དང་ཁྱད་པར་གཉིས་བསྟན་པའོ། །ཆོས་ནི་ཀུན་གཞིའི་ཆོས་བསྟན་པ་ཉིད་དོ། །གང་དུ་གང་གིས་གང་ཕྱིར་གང་། །དེ་དག་ངེས་པར་དབྱེ་བར་བྱའོ། །ཞེས་པ་གང་དུ་བསྒྲིབ་ན་ས་ལྔའི་སྐབས་སྐབས་སུ་ཕྲ་རགས་ཀྱིས་མཐོང་དུ་མི་སྟེར་བའོ། །གཉེན་པོ་གང་གིས་སེལ་ན་ས་ལྔ་པའི་ཡེ་ཤེས་ཀྱིས་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དོན་མཐོང་དུ་མི་སྟེར་བའི་ཕྱིར་ཏེ། དམིགས་པའི་ཡུལ་དང་གནས་འགྱུར་གྱི་སྐབས་ལས་ཤེས་པར་བྱའོ། །རྩ་བ་གང་དུ་འདུས་ན། གཞི་རྩ་མེད་པའི་ཆོས་ཉིད་ཡེ་དག་པར་འདུས་སོ། །དེ་ལྟར་བཤད་པ་དེ་དག་ངེས་པར་རྣམ་དབྱེ་བ་རྣམ་གསུམ་གྱིས་དབྱེ་བའོ། །ལང་ཀའི་བདག་པོ། དེ་དག་ནི་གཞིའི་མདོ་ཞེས་བྱ་སྟེ། གང་མུན་པའི་སྤྱོད་ཡུལ་བ་ལས་ཀྱིས་བསྒྱངས་པ་རྣམས་ལ་དགོངས་ཏེ། མུན་པའི་ཆོས་རྣམས་གསུངས་པའོ། །ཞེས་པ་བོས་ནས་ངོ་བོ་བསྟན་པ་ནི། གང་ཟག་གི་དངོས་པོ་བློ་ཆུང་བའི་སྤྱོད་ཡུལ་དུ་གྱུར་པས། རང་གི་ལས་ཀྱིས་གདུངས་པ་དག་འདུལ་བ་ལ་དགོངས་ནས་བཀའ་སྩལ་པའོ། །མུན་པའི་ལན་མདོ་གཉིས་པའི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། ལང་ཀའི་བདག་པོ། དེ་ལ་དམིགས་པའི་མདོ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་བོས་ནས་ཉོན་མོངས་པ་ཅན་གྱི་ཡིད་ཉེ་བར་བསྟན་པ་ནི། གཟུགས་ཁམས་དེ་འཛིན་གནས་གཅིག་ཉིད། །དེ་འཛིན་དེ་ཉིད་དེ་ལ་ལྟ། །དེར་འཛིན་དེར་བྱེད་མུན་པ་ཅན། །ཞེས་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་གནས་ནི། ཀུན་གཞི་ལ་བདག་ཏུ་འཛིན་ཅིང་དེ་ཉིད་ལ་བརྟེན་ཏེ། གཟུགས་ཁམས་དང་ཆོས་མཐུན་པའི་སྒོ་ནས་བཞག་པའོ། །ཡུལ་ཡང་ཐུན་མོང་མ་ཡིན་པའི་འཁོར་དང་བཅས་པ་ཀུན་གཞི་ལ་བདག་ཏུ་འཛིན་ཅིང་དེ་ཡང་ཉོན་མོངས་ཅན་གྱི་ཡིད་དང་འཁོར་འཇིག་ཚོགས་ལ་ལྟ་བ་མཚུངས་པར་ལྡན་ལ། དེ་ཡང་འཇིག་ཚོགས་ནི་ཕུང་པོ་ལ་བདག་དང་བདག་གིར་ལྡན་ལ་ཕུང་པོའི་གཞི་ནི་ཀུན་གཞི་ཡིན་པས། ཀུན་གཞི་ལ་བདག་ཏུ་ལྟ་བའི་ཚེ་ཉོན་ཡིད་ཀྱིས་ཀྱང་། ཀུན་གཞི་ལ་བདག་ཏུ་ལྟ་བས་འཇིག་ཚོགས་ལྟ་བ་མཚུངས་པར་ལྡན་ནོ། །ངར་དམིགས་པའོ། །ཀུན་དེ་འཛིན་གཞི་ལ་བདག་ཏུ་རློམ་སེམས་དེར་བྱེད་པའི་སྒྲིབ་པ་མུན་པ་ཅན་དང་ལྡན་པས་ངེས་ཚིག་གོ། །དེས་ན། དེ་ལ་གནས་ཏེ་རང་བྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །ཞེས་གསུངས་སོ། །ཕྱོགས་འཛིན་ཕྱོགས་མེད་རྣམས་དང་གཅིག །ཅེས་པ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་ནི་གཉིས་ཏེ། ཁྱད་ཕྱོགས་འཛིན་པར་གྱི་འཁོར་བདག་ཏུ་ཡོད་པར་ལྟ་བ་དང་། བདག་མེད་མི་ཤེས་པ་ཏུ་རྨོངས་པ་དང་། བདག་ཏུ་ཡོད་པ་ལ་རྟེན་པའི་མི་འགྱུར་བ་ང་རྒྱལ་བ་དང་། བདག་ཏུ་བཟུང་བས་དེ་ལ་སྲེད་ཅིང་ཆགས་པའོ། །དེ་ཡང་། བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེ་བ་དེ་ཡི་འོད། །ཞེས་པ་འབྱུང་ངོ་། །ཐུན་མོང་ཕྱོགས་མེད་གི་འཁོར་ནི། ལྔ་ཀུན་ཏུ་འགྲོ་བ་སྟེ་དགུ་དང་གཅིག་འགྲོགས་སོ། །མ་ངེས་སྤྱིར་འགྲོ་གཉིས་མི་དམིགས། །ཞེས་པ་ཚོར་བ་དང་གང་དང་ལྡན་ན་བདེ་སྡུག་ཏུ་མ་ངེས་པས་བཏང་སྙོམས་ཁོ་ན་དང་ལྡན་ནོ། །སྣ་ཚོགས་མེད་དེ་བདག་ཉིད་འཛིན། །ཞེས་པ་ཆོས་ནི་ཐ་དད་རིས་སུ་མེད་དེ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ལས་ནི་རྒྱུ་མཐུན་པའི་བག་ཆགས་བདག་འཛིན་ཀུན་གཞི་ལ་སོགས་ཞིང་བདག་ཏུ་བྱེད་པ་མི་གཏོད་རྣམ་སྨིན་མཐོ་རིས་ངན་སོང་བསྐྱེད་མི་ནུས་པའོ། །དྲི་མེད་འཛིན་མེད་གཞན་འདྲ་མེད། །དེར་འཇུག་རྟེན་མེད་ཁྱད་པར་མེད། །དུས་གསུམ་དུས་སུ་དེ་འཛིན་མེད། །ཅེས་པ་ཡོད་པར་བསྒྲུབ་པའི་རིགས་པ་འཆད་དོ། ཉོན་མོངས་པ་ཅན་གྱི་ཡིད་མེད་ན་སྐྱོན་ལྔ་སྟེ། བདག་ཏུ་གཏི་མུག་ཅེས་བྱ་བའི་སེམས་ལས་བྱུང་བའོ། །དེ་ཚོགས་དྲུག་པོ་གང་གིའང་འཁོར་དུ་མི་གནས་འབྱུང་བས་གཞན་དང་མ་འདྲེས་སོ། །ཉོན་ཡིད་མེད་ན་གཙོ་བོ་མེད་པའི་འཁོར་མི་སྲིད་པས་དེ་མེད་པའི་སྐྱོན་ང་མེད་བཞིན་བདག་ཏུ་རློམ་སེམས་པ་འཛིན་མེད། མ་འདྲེས་པའི་མ་རིག་པ་དྲི་མ་ཅན་མེད་པར་འགྱུར་བ་དང་། ངེས་ཚིག་མེད་པར་འགྱུར་བ་དང་། སྒོ་ལྔ་གཞན་དང་འདྲ་བ་མེད་པའི་འགལ་བ་དང་། དེར་འཇུག་ཡིད་ཀྱི་དབང་པོ་མེད་པའི་འགལ་བ་དང་། སྙོམས་ཁྱད་པར་མེད་འཇུག་པ་རྣམ་གཉིས་ལ་བྱེ་བྲག་མེད་པར་འགལ་བ་དང་། དུས་གསུམ་དུ་བདག་ཏུ་འཛིན་པ་མེད་པ་ནི་ངེས་ཚིག་འབྱུང་བ་མེད་པར་འགྱུར་རོ། །དེས་ན། ཉོན་མོངས་ཅན་གྱི་ཡིད་མེད་ན། །གཉིས་མེད་གསུམ་དང་འགལ་བའི་ཕྱིར། །ལྔ་པོ་དག་དང་འདྲ་བ་དང་། །མ་འདྲེས་པ་ཡི་མ་རིག་དང་། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པ་སྐྱེ་བའི་སྐྱོན། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གནས་སུ་དེ་འགྱུར་རོ། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེར་འཛིན་དེ་ལ་དེར་འཛིན་པས། གཟུགས་མིང་གཉིས་ལ་ཆ གས་ཁམས་སོ། །ཞེས་པ་དེ་ལྟ་བུའི་ཡིད་དེ་འཛིན་དེ་གཟུགས་ཀྱི་ཕུང་པོ་དེ་ལ་བདག་གིར་དེར་འཛིན་པས་འཛིན། མིང་གཟུགས་བཞི་ཕུང་པོ་ལ་ངར་འཛིན་པས་ཕུང་པོ་ལྔ་ཀ་ལ་ཆགས་ཁམས་སོ་ཤིང་ཞེན་པའོ། །མུན་པའི་གྲངས་དྲིས་པའི་ལན་ཅི་རིགས་པར་སྦྱར་རོ། །མུན་པའི་ལན་མདོ་གསུམ་པ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་ལ་སྣང་བའི་མདོ་གང་ཞེ་ན་འདི་ལྟ་སྟེ། ཞེས་པ་བོས་ནས། ཡིད་ཀྱི་རྣམ་ཤེས་ཉེ་བར་བསྟན་པ་ནི། འདོད་ཁམས་དེ་འཇུག་དེ་འབྲང་གནས། །གསུམ་པ་ཡིན་ཏེ་དེ་དག་ནི། །དེ་ཉིད་འབྱུང་རྟེན་དེ་མ་ཐག །ཅེས་པ། ཡིད་ཀྱི་རྣམ་པར་ཤེས་པའི་གནས་འཆད་པ་ནི། འདོད་པའི་ཁམས་དང་ཆོས་མཐུན་པར་བསྟན་པའོ། །དེ་ལའང་གསུམ་སྟེ། བག་ཆགས་ཀྱི་གནས་ནི་ཕྱིར་ཡུལ་བཅད་ནས་ཀུན་གཞི་ལ་སོགས་པའོ། །གོ་འབྱེད་པའི་གནས་ནི་སྐད་ཅིག་མ་སྔ་མས་གོ་ཕྱེ་ནས་ཡུལ་ལ་འཕྲོ་བའོ། །དེ་ལ་གསུམ་ཡོད་པའི་ཐ་མ་ལྷན་ཅིག་བྱུང་བའི་གནས་ནི། ཡིད་དེ་ཉིད་ཡུལ་ལ་འབྱུང་བའི་རྟེན་དབང་པོ་སྟེ་དྲུག་པོ་འགགས་མ་ཐག་དེ་མ་ཐག་པའོ། །འདོད་པ་ལྔ་དང་ཆོས་གཉིས་སོ། །ཞེས་པ། ཡིད་ཀྱི་ཡུལ་གཉིས་ཏེ། འདོད་ཡོན་ལྔ་དང་ཆོས་འདུས་བྱས་བཞི་འདུས་མ་བྱས་བཞི་བརྒྱད་དེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཉིས་ཡུལ་ལོ། །བྱེད་པ་ཀུན་དང་རྟག་ཏུ་གཅིག །ཅེས་པ། ཡིད་ཀྱི་འཁོར་ནི་གཉིས་ཏེ། ཐུན་མོང་ལྔ་དང་། ཐུན་མོང་མ་ཡིན་པའི་འདུ་བྱེད་ལྔ་བཅུ་རྩ་གཅིག་རིལ་དང་རྟག་ཏུ་གཅིག་རྒྱུན་དུ་འགྲོགས་པའོ། །རིགས་གསུམ་དག་དང་ཕྲད་རིགས་འཛིན། །ཅེས་པ། ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་གསུམ་ཀ་དང་ལྡན་ནོ། །དེ་འཇུག་ཚོལ་གཅོད་འབེབས་པའོ། །མ་འགགས་གང་དུ་རྒྱུན་ཁྱབ་འཇུག །ཅེས་པ། ཡིད་ཡུལ་འཇུག་པའི་རྣམ་གྲངས་ཀྱང་། ཀུན་ཏུ་ཚོལ་བའི་ཡིད་དང་། རྗེས་སུ་འཇུག་པའི་ཡིད་དང་། རྣམ་པར་རྟོག་པའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། དོན་གྱིས་ངེས་པར་འཇོག་པའི་ཡིད་དོ། །དེ་ཡང་མ་འགགས་དངོས་པོ་གསལ་བས་ཡུལ་གང་ལའང་རྒྱུན་དུ་སྒོ་ལྔ་ལའང་ཁྱབ་པར་འཇུག་གོ། །དུས་གསུམ་སྐབས་སུ་འཇུག་མེད་པའོ། །ཞེས་པ་རེ་ཞིག་པ་དང་གཏན་དུ་ལྡོག་པའི་དུས་གཉིས་ལས། འདིར་རེ་ཞིག་པ་རྟག་ཏུ་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པར་སྙོམས་པར་འཇུག་པའི་སྐབས་དང་། འགོག་པའི་སྙོམས་པར་འཇུག་པའི་སྐབས་དང་། ཤིན་ཏུ་མྱོས་པའི་གཉིད་ཀྱི་དུས་དང་། བརྒྱལ་བ་དང་། འབོག་པའི་དུས་དྲུག་ཏུ་ལྡོག་གོ། །སྣ་ཚོགས་དེ་ཉིད་དེ་ལ་འབེབས། །ཞེས་པ་ལས་ནི་གཉིས་ཏེ་ཐུན་མོང་དང་ཁྱད་པར་རོ། །དེ་ལ་ཐུན་མོང་གི་ཡུལ་བཅད་པའི་བག་ཆགས་མང་པོ་ཀུན་གཞི་ལ་འགོད་དོ། །ཁྱད་པར་ནི། དེ་ཡང་འཇུག་པ་རྣམ་གཉིས་ཏེ། །ལྔ་དང་ཐུན་མོང་དེ་ཁྱད་པར། །ཡུལ་རིག་པ་དང་། མཚན་ཉིད་རིག་པ་དང་། དུས་རིག་པ་དང་། སྐད་ཅིག་མའི་རྒྱུན་རིག་པ་དང་། ལས་ལ་འཇུག་པ་དང་། གང་གིས་འབྲས་བུ་ཡོངས་སུ་མྱོང་བའོ། །ཞེས་པ་ཡིད་ཀྱི་ལས་གཉིས་ཏེ། ཐུན་མོང་སྒོ་ལྔའི་རྣམ་ཤེས་ལྔ་དང་། འདོད་ཡོན་གྱི་ཡུལ་རིག་པའོ། །ཁྱད་པར་གྱི་ལས་ནི། ཆོས་ཡུལ་དང་སྤྱོད་ཡུལ་རིག་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་ཤེས་པ་དང་། དུས་གསུམ་ཤེས་པ་དང་། ཤེས་པ་སྐད་ཅིག་མའི་རྒྱུན་ཤེས་པ་དང་། བྱ་བའི་ལས་གསུམ་ཀ་འཇུག་པ་དང་། དགེ་སྡིག་གི་རྣམ་པར་སྨིན་པ་མྱོང་བ་དང་དྲུག་གོ། །ཡང་ཡིད་ཀྱི་ཁྱད་པར་གྱི་ལས་ནི་འདི་ལྟ་སྟེ། དྲུག་གཉིས་ལྔ་གསུམ་བཅུ་གཉིས་གཅིག །ཐམས་ཅད་དེ་འཇུག་བྱེད་པ་ཡིན། །ཞེས་པས། སྤྱིའི་ལས་བཤད་པ་དྲུག་དང་། འོག་གི་ལྔ་གསུམ་གཉིས་བསྡོམས་ནས། དྲུག་དང་ལྔ་ཕྲག་གསུམ་ལ་ཉི་ཤུ་རྩ་གཅིག་གོ། །དེས་ཡུལ་རིལ་ལ་འཇུག་པར་བྱེད་པའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། ། གསང་བ་མཆོག་གི་བདག་པོ་དེ། །གསང་བ་མཆོག་གི་དགྱེས་པ་ན། །དགོངས་ཏེ་ཡུལ་འདི་རྒྱ་ཆེར་བཤད། །ཅེས་པ་བོས་ནས་ཡིད་ཀྱི་ཁྱད་པར་གྱི་ལས་ཉེ་བར་སྟོན་པ་ནི། སྟོན་པ་གསང་བའི་སྐུ་དེ་ཡུམ་གྱི་ལྷུམས་ན་བཞུགས་ནས། འགྲོ་བ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱིས་བསྒྱངས་པ་ལ་སོགས་པ་གློ་བུར་གྱི་བསྒྲིབས་པས་མ་མཐོང་བ་མུན་པའི་སྤྱོད་ཡུལ་ཅན་ལ་དགོངས་ཏེ། འདུལ་བ་ཆེད་དུ་མུན་པའི་ཡུལ་འདི་མཚན་མ་ཤ་སྟག་ཏུ་བཤད་པའོ། །དེ་ནི། བློ་ལྡན་རྣམས་ལ་འདི་བརྗོད་ཀྱིས། །བླུན་པའི་ཆེད་དུ་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར་རོ། །ལྔ་གསུམ་གྱི་ལྔ་ཕྲག་དང་པོ་བསྟན་པའི་ཕྱིར་རོ། །དང་པོ་རྣམ་རྟོག་བདུན་རྟོག་པ། །མཚན་མ་ཅན་དང་མཚན་མ་མིན། །རང་གི་ངང་གིས་འཇུག་འཚོལ་བ། སོ་སོར་རྟོགས་དང་ཉོན་མོངས་ཅན། །དེ་མིན་རྣམ་པར་རྟོག་པའོ། །ཞེས་པ་ལྔ་ཕྲག་དང་པོ་ལྔའི་དང་པོ་ལའང་གྲངས་བདུན་ཏེ། སྔོན་མཐོང་བ་དང་ཐོས་པ་ལ་སོགས་པའི་རང་བཞིན་ལ་རྟོག་པའི་མཚན་མ་ཉམས་སུ་མྱོང་བའི་དོན་ལ་མཁས་པ་དང་། གང་མཚན་མ་ཡིན་མ་འོངས་པའི་རྣམ་པར་རྟོག་པ་སྒྲ་དོན་གྱི་སྤྱི་ཙམ་དང་། ཕྱིས་འབྱུང་བའི་ཐོས་པའི་དོན་དག་བློ་ལ་ཡོད་ཀྱང་མིང་དང་དོན་ཡན་ཆད་སྦྱོར་ཞིང་། དཔེ་དོན་བསྡེབས་ཏེ་བརྗོད་པ་ཞེའམ། འདུས་མ་བྱས་བཞི་ལ་རྟོག་པའོ། །ཡིད་ཡུལ་ལ་ཉེ་བར་གནས་པ་རང་གི་ངང་གིས་ཡུལ་ལ་འཇུག་སྟེ་ཡིད་ཀྱི་ལས་སོ། །ཡུལ་དཀར་ནག་ལ་སོགས་ཀུན་ཏུ་ཚོལ་བའི་ཡིད་ཀྱིས་ཚོལ་བ་དང་། གཏན་ལ་འབེབས་དང་རྣམ་པར་རྟོག་པའི་ཡིད་ཀྱིས་སོ་སོར་རྟོགས་པ་ལ་གཉིས་ཡུལ་ལ་གཅོད་ཅིང་སྤྱོད་བདོ་བ་དང་། ངེས་པར་འཇོག་པས་བྱེ་བྲག་ཕྱེད་པའོ། །སྔོན་ཉམས་སུ་མྱོང་བའི་དོན་ལ་འདས་པ་དང་མ་འོངས་པ་ལ་མངོན་པར་དགའ་བ་དང་ལྡན་ཞིང་། ད་ལྟར་བྱུང་བ་ལ་ཆགས་ཤིང་འདོད་པའི་རྟོག་པ་དང་། གནོད་པའི་སེམས་རྟོག་གམ། ཉོན་མོངས་ཤིང་སྡུག་བསྔལ་བའམ་དེ་ལ་རྟོག་པ་དང་། དགེ་སྡིག་གང་ཡང་མིན་པ་ལུང་མ་བསྟན་པའི་ལས་ལ་རྟོག་པ་སྟེ་བདུན་ནོ། །གཉིས་པ་ཉེ་བར་སེམས་གསུམ་སྟེ། །རིགས་བསྐྱེད་རིག་མིན་གཉིས་ཀ་མིན། །ཞེས་པ་དང་པོའི་གཉིས་པ་ལ་གསུམ་སྟེ། རིགས་མཐུན་པས་བསྐྱེད་པའི་རྟོག་པའང་རིག་པའི་ཤེས་རབ་གསུམ་སྟེ། རང་གི་རྟོག་པ་ལས་བྱུང་བའི་ཤེས་པ་ནི་ཕྱིན་ཅི་ལོག་བཞི་ལ་སོགས་པ་མི་བདེན་པ་རྣམས་དང་བྲལ་བ་དང་། ལུང་བསྟན་པའི་ཤེས་པ་ནི་ཐོས་པ་ལས་བྱུང་སྒྲོ་སྐུར་མི་བྱེད་པ་དང་། གང་ཇི་ལྟ་བ་བཞིན་དུ་རྟོག་པ་ཡོངས་སུ་ཤེས་པའོ། །མངོན་པར་རྟོགས་པ་ལས་བྱུང་བའི་ཤེས་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་སྟེ། འཇིག་རྟེན་ལས་འདས་པ་མཐོང་བའི་ལམ་སྐྱེས་པ་ཡན་ཆད་དེ་གསུམ་མོ། །རིགས་པ་མིན་པའི་ཤེས་རབ་ནི་བཤད་པའི་ཤེས་པ་གསུམ་དང་མི་མཐུན་པ་གསུམ་སྟེ་མི་བདེན་པ་རྣམས་སོ། །གཉིས་ཀ་མིན་པའི་ཤེས་པ་སྐྱེ་བས་ཐོགས་པའི་ཤེས་རབ་ནི་ལུང་དུ་མ་བསྟན་པ འི་ཤེས་པ་སྟེ་ཞེའམ། མདོར་འགྲོ་བ་སྐྱེས་མ་ཐག་པར་ལྡན་པའི་ཤེས་རབ་བོ། །གསུམ་པ་རྨོངས་བྱེད་དཔའ་བྱེད་རྐྱེན། །གང་འདིར་འབྱུང་འགྱུར་དབང་རྟེན་འགྱུར། །དབང་པོའི་འབྱུང་འགྱུར་རྣམ་ཤེས་ཀྱི། །དེ་དང་ཆ་མཐུན་འབྱུང་ཆ་མཐུན། །ཉམ་ཆུང་བ་དང་མ་གོམས་དང་། །རྣོ་དང་ཚད་ལས་འདས་པའོ། །ཞེས་པ་དང་པོའི་གསུམ་པ་ར་རོ་བར་བྱེད་པའི་ཡིད་ཀྱི་ལས་ནི། དྲན་པ་ཉམས་ཤིང་དཔའ་བསྐྱེད་པའི་རྐྱེན་ཆང་དང་སྦྲང་ཆང་ལྟ་བུར་འཐུངས་ནས། ལུས་ཀྱི་འབྱུང་བ་བཞི་ཆ་མ་སྙོམས་པས། དབང་པོའི་རྟེན་འགྱུར་བས་དབང་པོ་ཡང་འགྱུར་བའི་ཤུགས་ཀྱིས་རྣམ་ཤེས་ཀྱང་སྤྱོད་ཡུལ་སྔ་མ་ལས་གྱུར་ཏེ། དེ་དང་ཆ་མཐུན་པར་ལུས་ཀྱི་འབྱུང་བའང་རྐྱེན་གྱིས་འགྱུར་བས་རྨོངས་བྱེད་ལུས་ཉམ་ཆུང་བ་དང་། ཤེས་པའི་ལས་ཀུན་མི་ཤེས་པ་དང་། འདིར་ཤེས་པ་སླར་དཔའ་བས་རྣོ་བ་དང་། ཚད་ལས་འདས་པས་གསལ་བར་འགྱུར་བ་དྲུག་ཀྱང་ཡིད་ཀྱི་ལས་སོ། །བཞི་པ་བླ་བརྐྱལ་སྙིང་ཁྲིན་དང་། །གང་མ་སྙོམས་དང་འཇིག་སྐྲག་པ། །གནད་དུ་གྱུར་དང་གཞན་གྱིས་བརླམས། །ཞེས་པ་དང་པོའི་བཞི་པ་ལའང་འཆལ་ཞིང་སྨྱོ་བ་དང་། སྔོན་གྱི་འཁོན་རྙིང་ལྡང་བ་དང་། ལུས་ཀྱི་ཁམས་མི་སྙོམས་པ་དང་། འཇིགས་ཤིང་སྐྲག་པ་དང་། ལུས་ཀྱི་གནད་དུ་ཡུལ་བརྒྱབ་པ་ལྟ་བུ་བབ་པས་བརྒྱབ་གཟེར་མྱོང་བ་དང་། འབྱུང་པོས་བརླམས་པས་འབོགས་པ་དྲུག་ཀྱང་ཡིད་ཀྱི་ལས་སོ། །ལྔ་པ་ནང་འཇུག་ཉམ་ཆུང་བ། །ངལ་དང་བྲག་དང་འཐིབས་པ་དང་། །བཏང་དང་གོམས་དང་གཞན་རྐྱེན་འགྱུར། །ཞེས་པ་དང་པོའི་ལྔ་པའང་སེམས་ནང་དུ་འཇུག་པ་དང་། ཉམས་ཆུང་བ་དང་། ལུས་སེམས་དུབ་པ་དང་། གཉིད་དང་། སེམས་འཐིབས་པ་དང་། ལས་ཀྱི་བྱ་བ་བོར་བ་དང་། གཉིད་ལའང་གོམས་པ་དང་། ནད་ལ་སོགས་པའི་དབང་དུ་གྱུར་པ་དང་བརྒྱད་ཀྱང་ཡིད་ཀྱི་ལས་སོ། །ལྔ་ཕྲག་བར་མ་མང་པོ་ཡན་ལག་སུམ་ཅུར་འགྱུར་ཏེ། ལྔ་གཉིས་དང་པོའི་ཕྱིར་འབྱུང་བ། །རྟས་དང་གང་འདིར་སངས་པ་དང་། །གང་དེ་བློང་བས་ཀུན་དཀྲིས་ཟད། །གཟའ་གཏད་རྐྱེན་གྱིས་དེ་འཇོམས་དང་། །གཞན་གྱི་རྐྱེན་གྱིས་འགྱུར་བའོ། །ཐང་ཞིག་འགགས་དང་དེ་སངས་པ། དེ་ཡང་དེ་འཇུག་དེ་ཉིད་དོ། །ཞེས་པ་ལྔ་ཕྲག་གཉིས་པའི་ངང་དང་པོ་ཉམས་བདེ་བའི་བྱེ་བྲག་གིས་སེམས་ཕྱི་རོལ་དུ་འབྱུང་བ་ལའང་ལུས་ཀྱི་ཁམས་རྟས་པ་དང་། འཐིབས་པ་གཉིད་སངས་པ་དང་། ལུས་སྙོམས་པར་བྱེད་པའི་རྐྱེན་ཟད་པ་དང་། གང་བསམ་པའི་དམིགས་པ་གཏད་པའི་རྐྱེ ན་གྱིས་དེ་དག་འཇིག་པར་བྱེད་པ་དང་། ཕྱི་རོལ་གྱི་ཡུལ་གཞན་གྱིས་ཡིད་སློང་བ་དང་། ཡད་ཡུད་ཙམ་སུམ་ཅུ་ལྟ་བུར་སེམས་ཀྱི་དྲན་པ་ཉམས་པ་དང་། སླར་སངས་ནས་སླར་ཡང་གཉིད་ལྟ་བུར་འཇུག་པར་བྱེད་པ་དང་དྲུག་ཀྱང་ཡིད་ཀྱི་ལས་སོ། །གཉིས་པ་གཉིས་བྱེད་ལ་འཇུག་པ། །འདིའོ་སྙམ་དུ་སྔོན་འགྲོ་དང་། །འདུན་པ་སྐྱེ་དང་འབད་རྩོལ་སྦྱོར། །ཐམས་ཅད་འབྱུང་བར་གཡོ་བར་བྱེད། །ཅེས་པ་གཉིས་པའི་གཉིས་པ་བརྟས་པས་སྒོ་གསུམ་ལས་ལ་འཇུག་པ་ལའང་། ལས་བྱ་རྒྱུ་འདི་བྱའོ་སྙམ་པའི་སེམས་པ་སྔོན་དུ་སྐྱེ་བ་དང་། བསམ་པའི་ལས་དེ་ལ་མོས་པ་སྐྱེ་བ་དང་། དེས་བརྩོན་འགྲུས་བྱེད་པ་དང་། དེས་སྒོ་གསུམ་གྱི་འདུ་བྱེད་སྐྱེད་པར་བྱེད་པ་དང་བཞིའང་ཡིད་ཀྱི་ལས་སོ། །གསུམ་པ་ཆགས་དང་བྲལ་བྱེད་པ། །ཆགས་ཡུལ་གནས་པར་ལ་སྐྱོ་ཞིང་། །གཞན་གྱིས་བྲལ་དང་བར་གཅོད་དང་། །ཡང་དག་དེ་ལ་བྱེད་པས་བྱེད། །ཅེས་པ་གཉིས་པ་གསུམ་པའི་ཆགས་པ་དང་བྲལ་བར་བྱེད་པ་ལའང་། སྔར་ཞེན་པའི་ཡུལ་དང་གནས་ལ་སེམས་སྐྱོ་བ་དང་། ཡུལ་གནས་ཡིད་དང་འཐད་པའི་རྐྱེན་གཞན་མཐོང་བས་སྔ་མ་དང་བྲལ་བ་དང་། རྐྱེན་གྱིས་བར་དུ་གཅོད་པ་དང་། །ཡང་དག་པའི་དོན་ལ་འདྲིས་གོམས་བྱས་པས་བྲལ་བ་དང་བཞིའང་ཡིད་ཀྱི་ལས་སོ། །བཞི་པ་ཆགས་པས་ཉམས་འགྱུར་བ། །རྨོངས་པའི་ལྟ་བ་བསྟན་པར་གནས། །གང་འདིར་གོམས་པ་ཆུང་བ་དང་། །རྣམ་པ་རྟགས་དང་མཚན་མ་དང་། །དེ་བྱེད་ལ་སོགས་ཉམས་འགྱུར་བས། །ཡང་དག་བླངས་ཏེ་བདེར་འཇུག་དང་། །སྒྲིབ་དང་གཞན་གྱིས་ཟིན་པའོ། །ཞེས་པ་གཉིས་པའི་བཞི་པ་ཆགས་པ་ཉམས་པར་གྱུར་པ་ལའང་། ཆགས་པའི་ངོ་བོ་མ་རིག་པའི་ལྟ་བ་རྣམས་སྔར་སྟོོབས་ཅན་དུ་ཡོད་པ་དང་། ཡང་དག་པའི་དོན་ལ་མ་འདྲིས་པ་དང་། ཡུལ་གྱི་དངོས་པོ་གང་ཡང་རུང་བའི་རྣམ་པའི་བྱེ་བྲག་དང་། རྟགས་དང་མཚན་མ་ཡིད་ལ་བྱེད་པས་ཡིད་ཡང་དག་པ་ལས་ཉམས་པའོ། །དངོས་པོ་བསྡུ་བ་ནི་བསླང་བ་ཞེན་པ་ལོག་པ་ཆགས་པར་གྱུར་བའོ། །རྒྱུ་དེས་འདོད་ཆགས་དང་དུ་ལེན་པ་དང་། དེ་ལ་འཇུག་པ་དང་། དམ་པའི་དོན་མཐོང་དུ་མི་སྟེར་བ་དང་། ཡུམ་གྱི་སེམས་ཕྲོགས་པ་དང་བཅུ་ཡང་ཡིད་ཀྱི་ལས་སོ། །ལྔ་པ་དོན་རྒྱུད་ཆད་བྱེད་པ། །གསལ་དང་ལོག་པའི་སྟོབས་ལྡན་དང་། །ལོངས་སྤྱོད་མཐུན་པའི་གྲོགས་རྙེད་དང་། དེ་དག་རྒྱུན་མི་ཆད་འགྲོ་དང་། །རྒྱུན་དུ་གཅོད་ལྡོག་མི་བྱེད་པ། །ལོག་རྒྱུན་གནས་བྱེད་དོན་རྒྱུན་ཆད། །ཅེས་པ་གཉིས་པའི་ལྔ་པ་ཡང་དག་པ འི་དོན་རྒྱུན་ཆད་པར་བྱེད་པའི་ལས་ལའང་དངོས་པོ་ཞེན་པའི་ཡུལ་གསལ་བ་དང་། ཕྱིན་ཅི་ལོག་གི་ལྟ་བའི་སྟོབས་ཅན་དུ་གྱུར་པ་དང་། འདོད་པ་ལྔ་སོགས་པའི་ལོངས་སྤྱོད་ལོག་ལྟ་དང་མཐུན་པའི་རྐྱེན་དང་ཕྲད་པ་དང་། དེ་དག་སྤྱོད་པ་ལ་མཐུན་མེད་པར་དེའི་རྗེས་སུ་སེམས་འབྲང་བ་དང་། དེ་ལྟ་བུའི་དོན་མེད་ཀྱི་ལས་རྒྱུན་སྤོང་བ་དང་དེ་ལས་སླར་ལྡོག་པར་མི་བྱེད་པ་དང་། ལོག་པའི་ལྟ་སྤྱོད་བར་མ་ཆད་པར་བྱེད་པ་དང་། དེས་ཡང་དག་སྤྱོད་པའི་ལས་རྒྱུན་ཆད་པར་བྱས་པ་དང་བདུན་ཀྱང་ཡིད་ཀྱི་ལས་སོ། །ལྔ་ཕྲག་གཉིས་པ་ལ་ཉིང་ལག་སུམ་ཅུ་རྩ་གཅིག་གོ། །ལྔ་གསུམ་དང་པོ་མཚམས་སྦྱོར་བ། །དེ་ལས་བཟློག་པའི་དོན་རྒྱུན་ལྡན། །ཞེས་པ་ལྔ་ཕྲག་གསུམ་པའི་དང་པོ་སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བར་བྱེད་པའང་། སྔ་མའི་ཡིད་ཀྱི་ལས་ལོག་པར་དག་ལས་སླར་ལྡོག་པ་དགེ་བ་པའི་ལས་ཀྱིས་རྒྱུན་དང་ལྡན་པར་བྱེད་པའོ། །གཉིས་པ་ཉིང་མཚམས་སྦྱོར་བ་ཡི། །ཞེས་པ་གསུམ་པའི་གཉིས་པ་སྐྱེ་བ་སྔ་ཕྱི་མཚམས་སྦྱོར་བར་བྱེད་པའང་ཡིད་ཀྱི་ལས་སོ། །དེའང་ཇི་ལྟར་ཞེ་ན། འཆི་བའི་ཆོས་ལའང་གཉིས་ཡོད་དེ། །དུས་དང་དུས་མ་ཡིན་དེ་ལ། །ཞེས་པ་ཐ་སྙད་དུ་སྲོག་གི་དབང་པོ་རིས་གཞན་དུ་འཕོ་བས་སྦྱོར་བ་སྟེ། དེ་ལ་དབྱེ་བ་གཉིས་ཏེ། ས་པའི་བསོད་ནམས་ཀྱི་རྒྱུན་སྐད་ཅིག་ཙམ་གནས་པའི་སྐལ་བ་རྫོགས་ནས་འཕོ་བ་དང་། མ་རྫོགས་པ་གློ་བུར་གྱི་རྐྱེན་དབང་དུ་གྱུར་པའོ། །ཁ་ཅིག་དུས་མིན་འཆི་བ་ནི། །དེ་རྐྱེན་ཟད་དང་དེ་གཞན་རྐྱེན། །དེ་ཚེ་ཡུན་རིང་རྒྱུ་ཡོད་ཀྱང་། །ཡུན་རིང་གནས་པའི་རྐྱེན་མ་ཚང་། །ཞེས་པ་དུས་སུ་འཕོ་བ་མ་ཡིན་པའི་འགྲོ་བ་ཁ་ཅིག་དུས་མ་ཡིན་པར་འཆི་བ་ནི། ཇི་ལྟ་ཞེ་ན། སྔ་མའི་རྒྱུ་ཡོད་ཀྱང་ཕན་སྟོངས་བྱེད་པའི་རྐྱེན་རླག་པ་དང་། གནོད་པའི་རྐྱེན་རྣམས་ཀྱི་དབང་དུ་གྱུར་པས་བསོད་ནམས་ཀྱི་རྒྱུན་མ་ཟད་པས་སྐལ་བ་ཡོད་ཀྱང་ཚེ་རིང་བའི་ཕན་རྐྱེན་མ་ཚང་བའོ། །ཡ་ང་མ་སྤངས་ལས་ཀྱི་རྐྱེན། །ཞེས་པ་དེའི་རྒྱུ་བར་བར་སྡིག་པར་སྤྱད་པའི་ལས་ཀྱིས་འགྱུར་བ་སྟེ། ཕྱི་ནང་གི་ལྷ་འཁྲུགས་པ་མུ་གེ་དང་ཐོག་འབབས་པ་ལ་སོགས་པ་དང་། ཕྱི་ནང་གི་འབྱུང་བ་འཁྲུགས་པ་འདུ་བ་བཞིའི་ནད་དང་། མེ་ཆུ་ལ་སོགས་པས་འཆི་བའོ། །གཉིས་ཀ་འཁྲུགས་པས་འཆི་བ་ལྕེ་འབབས་པ་དང་། ནད་གཞི་གཉིས་ཀ་ལ་སོགས་པ་རྣམས་སོ། །གཞན་ཡང་རྐྱེན་བསྡུས་པ་དགུ་ཡོད་དེ་གང་ཞེ་ན། ཚད་ལས་འདས་དང་མི་འཕྲོད་དང་། །གང་མ་སངས་པར་གང་ནོན་དང་། །ཞེས་པ་ལ་སོགས་པ། ཁ་ཟས་ཐང་མ་ལས་མང་དུ་ཟོས་པ་དང་། ཟས་མི་མཐུན་པ་ཟོས་པ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟོས་པ་དང་། དྲི་མ་ཕྱིིར་མི་འདོར་བར་བརྣགས་པ་དང་། སྐྱུགས་སྨན་གཏང་ནས་ཕྱིར་མི་སྐྱུག་པར་ནན་གྱིས་འགེགས་པ་དང་། ནད་ལ་ཕན་པའི་རྫས་དང་སྨན་མི་འཆང་ཞིང་སྨན་པའི་ངག་མི་ཉན་པ་དང་། སྔར་ནད་ལ་ཕན་པའི་མཚན་ཉིད་མི་ཤེས་པས་ནད་གཡོག་གི་ངག་མི་ཉན་པ་དང་། མཚན་མོ་འགྲོ་བ་དང་། མི་ཚངས་པར་སྤྱོད་པ་དང་དགུའོ། །དེ་ལྟ་བས་ན་ལུས་འཚོ་བའི་རིམ་གྲོ་ཆེར་བྱའོ། །དེ་ན་འདུ་ཤེས་གསུམ་ལྡན་ཏེ། །དོན་དང་ལོག་པ་བཏང་སྙོམས་ལྡན། །ཞེས་པ་འཆི་ཀ་མའི་དུས་ན་འདུས་ཤེས་གསུམ་ཡོད་པ་ནི། དགེ་བ་དང་སྡིག་པ་དང་ལུང་དུ་མ་བསྟན་པའོ། །དགེ་བ་ཅན་འཆི་ཀ་མའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། དོན་དེ་གང་ལྡན་གང་འགྲོ་བ། །སྔོན་དུ་དེ་བསྟེན་དེ་དྲན་ནས། །གཞན་གྱིས་གསལ་བར་མ་བྱས་ཀྱང་། །རགས་པར་འབྱུང་བ་དེ་བར་དུ། །འདུ་ཤེས་ཕྲ་བར་རྒྱུ་བའི་ཚེ། །དེ་ལས་ལྡོག་ཅིང་བཏང་སྙོམས་ལྡན། །དེ་སྔོན་དེ་བསྟེན་དེ་བྱུང་བ། །བཙལ་བར་མི་ནུས་གཞན་དག་གིས། །ཞེས་པ་དགེ་བའི་བག་ཆགས་དང་ལྡན་པ་དེ་འཕོས་ནས། གནས་གཞན་དུ་འགྲོ་བའི་ཚེ། སྔོན་དུ་དགེ་བ་སྤྱོད་པ་སྟོབས་སུ་གྱུར་པའི་ལས་དྲན་ནས། མི་གཞན་གྱིས་དགེ་སེམས་མ་བསྐུལ་ཀྱང་། དགེ་བ་ཤེས་པ་གསལ་བར་རྒྱུ་བའི་བར་དུ་ཅིའང་ཤེས་ལ། དེ་ནས་ཚོགས་དྲུག་ཐིམ་ནས་འདུ་ཤེས་ཆ་ཕྲ་བའི་དེ་རྒྱུ་བ་དང་ལྡན་པའི་དུས་ན་སྔར་གྱི་དོན་མི་གསལ་བའི་ཤེས་པ་བཏང་སྙོམས་སུ་གནས་པའོ། །དེས་སྔོན་དགེ་བ་སྤྱད་པ་ལ་གོམས་པ་ནི་གོམས་པའི་མཐུས་འབྱུང་ལ། མ་གོམས་པ་ནི་གཞན་གྱིས་བསྐུལ་ཀྱང་གསལ་བར་མི་ནུས་པའི་ཕྱིར། བསྐུལ་ཀྱང་དྲན་པ་ཡོད་མི་ནུས། །ཞེས་གསུངས་སོ། །དེ་དང་གང་ལྡན་དེར་འགྲོ་སྟེ། །མི་བཟད་དྲག་པོ་ཚོར་བ་ཡང་། །ཉམས་སུ་མྱོང་བར་མི་འགྱུར་རོ། །ཞེས་པའི་འཆི་བའི་ཚེ་སྔར་དགེ་བ་སྤྱད་པའི་སེམས་པ་ཡོད་པ་ནི། ངན་སོང་གིས་འཇིགས་སྐྲག་མེད་པར་མཐོ་རིས་སུ་འགྲོ་སྟེ། དེ་ལ་གནད་ཀྱི་སྡུག་བསྔལ་དྲག་པོ་ཡང་མྱོང་བར་མི་འགྱུར་རོ། །དེ་ཡི་དུས་ན་གང་མཐོང་བ། །གང་དུ་མ་མཐོང་དེ་ཉིད་མཐོང་། །ཞེས་པ་ལ་སོགས་པ་ལྟས་ནི་འཆི་ཀར་གཟུགས་ལ་སོགས་པ་ཅི་མཐོང་བ་ཡང་དགེ་བའི་སྤྱོད་པ་ཉི་ཚེར་མཐོང་བའོ། །དཔེར་ཉི་མ་འཆར་བ་ཡང་སྐྱ་རེངས་དང་པོ་ནས་ཇེ་གསལ་གྱུར་པས་མུན་པ་ལས་ཉི་མར་འགྱུར་བ་ལྟར། དཔེར་རྨི་ལམ་དུ་གཟུགས་མཐོང་བ་ཕྱི་མ་དག་ཀྱང་ཉི་མ་ལྟར་ཡིད་དུ་འོང་བའི་གཟུགས་རྣམས་གསལ་བར་འགྱུར་རོ། །དགེ་བའི་ཆོས་ཀྱི་སྤྱོད་ཡུལ་ཀུན་ཤེས་པའི་མཐུས་དྲོད་ཀྱང་སྨད་ནས་གྲང་ནས་སྤྱི་བོ་ནས་འབྱུང་སྟེ། མཐོ་རིས་སར་འབྱུང་བའི་ལྟས་སོ། །དེའི་ཚུལ་ཡང་ས་ཆུར་ཞུགས་ཆུ་མེར་ཞུགས་མེ་རླུང་ལ་འདུ། རླུང་ཡེ་ཤེས་སྙིང་པོ་ལ་འདུས་པས་ལུས་ཉམས་མེད་པ་དང་། བུ་ག་སྐམས་ནས་དྲོད་ཡལ་ཏེ་མེ་ལོང་གི་དབུགས་ལྟ་བུར་འདུས་ནས་མཐར་འདོན་པར་འགྱུར་རོ། །འོན་ཀྱང་མེ་ཤེལ་ཆུ་ཤེལ་དང་ས་བོན་དང་བྲག་ཅ་དང་། ཁ་ཐོན་དང་མར་མེ་དང་མེ་ལོང་དང་རྒྱ་ལྟ་བུར་སྣང་བའི་ངོ་བོས་འཕོས་པ་ནི་མེད་ཀྱི། སྐད་ཅིག་མ་སྔ་ཕྱིའི་སྤྱོད་ཡུལ་ལོ། །ཚུལ་དེ་ནི་སྡིག་པ་དང་ལུང་དུ་མ་བསྟན་པ་ལའང་མཚུངས་སོ། །སྡིག་པ་ཅན་འཆི་ཀའི་མཚན་ཉིད་གང་ཞེ་ན། གང་དུ་ལོག་པར་དེར་འགྲོ་བ། །གང་ལས་བཟློག་པ་ཇི་བཞིན་ཏེ། །ཞེས་པ་ལ་སོགས་པ་གང་ཞིག་ལོག་པའི་སེམས་དང་ལྡན་པས་ངན་འགྲོར་ལྟུང་བ་ཡང་། དགེ་བའི་ལྟས་ལས་ཕྱིན་ཅི་ལོག་པར་མི་མཐུན་པར་སྣང་བ་སྟེ། གནད་ཀྱི་སྡུག་བསྔལ་དྲག་པོ་མྱོང་བས་མི་བཟོད་དོ། །ལུས་འགྲེ་ལྡོག་པ་དང་། ཡན་ལག་གཡོབ་པ་དང་། མི་སྙན་པའི་མི་བཟོད་པའི་ང་རོ་དང་། འོ་དོད་འབོད་པ་དང་། གཟུགས་ཅི་མཐོང་བ་ནི་བྱམས་པའི་གཉེན་འདུན་དང་ཕན་བྱེད་པ་ཡིན་ཡང་གཤེད་མ་དང་གཅན་གཟན་དང་སྲིན་པོ་འབར་བ་ལ་སོགས་པ་འཇིགས་པར་མཐོང་ནས་བ་སྤུ་འགྲེང་བ་དང་། རྡུལ་འབྱུང་ཞིང་ཞུམ་པ་དང་སྐྲག་སྡངས་སུ་འགྱུར་རོ། །འཆི་ཀར་ཡན་ལག་གཡོབ་བ་དང་། རྡེབ་པ་དང་། བྲེད་ཤ་འཐོན་ནས་གཤང་གཅི་འབྱུང་བ་དང་། མིག་ལྡོག་པ་དང་། ད་ལྟའི་སྣང་བ་ལས་མུན་པའི་སྤྱོད་ཡུལ་དུ་འགྱུར་བ་དང་། དྲོད་སྤྱི་བོ་ནས་ཡལ་ནས་རྐང་མཐིལ་དུ་འབྱུང་སྟེ་ངན་འགྲོར་ལྟུང་བའི་རྟགས་སོ། །ལས་ལུང་དུ་མ་བསྟན་པ་བྱེད་པའི་ལྟས་གང་ཞེ་ན། བཏང་སྙོམས་དེ་ཡིས་མ་གསལ་ལམ། །གཞན་གྱིས་གསལ་བར་མ་བྱས་པའོ། །གཉིས་སུ་མི་གསལ་བཏང་སྙོམས་སོ། །འདི་དག་གང་ལྡན་གང་འགྲོ་ཡང་། །གང་ལྟར་གོམས་པ་ཁོ་ནར་ངེས། །ཞེས་པ་ལ་སོགས་པ་དགེ་སྡིག་སྔར་མ་སྤྱད་པར་ལུང་དུ་མ་བསྟན་པའི་ལས་ཙམ་བྱས་པས། དེ་རྟེན་བརྟེན་པ་དེར་འགྱུར་པ་ངེས་པ་སྟེ་ཕལ་ཆེར་གྱི་དབང་དུའོ། །དེ་ཅིའི་ཕྱིར་ཞེ་ན། སྔར་ལས་གང་གོམས་པ་ལས་སྤྱད་པས་མཐུ་སྟོབས་ཅན་གྱི་བག་ཆགས་ཡོད་པའི་ཤུགས་ཀྱིས། སྔར་མ་གོམས་པ་ལ་དྲན་པ་བྱས་ཀྱང་བག་ཆགས་ཀྱི་སྟོབས་མེད་པས་མི་གསལ་ཏེ། དྲན་པ་སླར་འགག་པར་འགྱུར་རོ། །གལ་ཏེ་སུ་ཞིག་དགེ་སྡིག་གཉིས་ཀ་སྤྱོད་སྤྱོད་པ་ཞིག་ཡིན་ན། འཆི་བའི་དུས་དེར་ཐོག་མར་རང་གི་སེམས་གང་གསལ་བའམ། གཞན་གྱི་དགེ་བ་གསལ་བཏབ་ན་སྡིག་པའི་དབང་དུ་མི་འགྱུར་བས། ངན་འགྲོར་མི་ལྟུང་ངོ་། །བཏང་སྙོམས་ཀྱི་ལས་སྤྱོད་པ་ལ་ལ་དག་ནི་སྡིག་པའི་དབང་དུ་འགྱུར་བ་ཡིན་ལ། བཏང་སྙོམས་ཤིན་ཏུ་བརྟན་པ་ལ་བཏང་སྙོམས་ཀྱི་ལས་རྣམ་སྨིན་དྲག་པོ་མི་འགྱུར་བས་རྣམ་སྨིན་རྫོགས་པར་མི་འགྱུར་ལ། རྐྱེན་གྱིས་མ་ངེས་ཏེ། ལས་དེ་ཉིད་ཀྱིས་སྨིན་མི་ནུས་ཏེ། ཕྱི་མ་ལ་རྒྱུ་མཐུན་པའི་སྤྱོད་པ་ཙམ་མོ། །ཐམས་ཅད་ཀྱང་ནི་འཕོ་བའི་ཚེ། །གང་འདིར་རྒྱུ་བ་མི་གསལ་བའི། །སྐབས་སུ་མ་བབ་བར་དག་ཏུ། །ཡུན་རིང་དུས་ན་གོམས་པ་ཡིས། །གང་ལ་གང་ཆགས་དེར་འབྱུང་ངོ་། །ཞེས་པ་འདོད་པའི་མི་རིལ་འཆི་ཀར་དྲན་པ་གསལ་བ་ལས་མི་གསལ་གྱུར་པ་ལ་ཐུག་གི་བར་དུ། སྔ་མ་ནས་གྲངས་མེད་པའི་ལས་གང་སྤྱད་པ་མཐུ་བརྟས་པ་དེ་ལ་དྲན་པ་དང་ཞེན་པའི་བག་ཆགས་དེ་རྒྱུ་བས་འཕྲོ་བའི་ཚེ། དགེ་བའི་གསོས་གདབ་པ་ནི་ཤིན་ཏུ་གཅེས་སོ། །སྲིད་པ་བར་མ་སྣང་བའི་རྒྱུ་བསྟན་པའི་ཕྱིར། དེ་ལས་དེ་ཡི་དེ་དབང་གིས། །འདིར་དེ་མེད་པར་འགྱུར་ཤེས་ནས། །དེ་འདི་ཉིད་ལ་ཞེ་སྡང་སྐྱེ། །གང་མ་འོངས་ལ་འཇུག་པར་འགྱུར། །ཞེ་སྡང་མི་ཡིས་ཟིལ་མནན་ནས། །གནས་པ་དེ་ཡི་རྒྱུན་འགགས་ཏེ། །གང་མ་བྱུང་ལ་ཆགས་པ་སྟེ། །སྲིད་པ་གསུམ་གྱིས་བར་བདུན་པ། །མངོན་པར་བསྒྲུབ་པའི་རྟེན་ཡིན་ནོ། །ཞེས་པ་འཆི་བའི་སེམས་ཅན་དེ་ས་པའི་ལས་དབང་གིས། གནད་ཀྱིས་སྡུག་བསྔལ་མྱོང་བའི་དབང་གིས་ཚེ་འདིར་འདུག་དབང་མེད་དེ་ངེས་པར་འཆི་བ་ཆ་ཡོད་པས། གང་ཟག་དེ་ད་ལྟའི་ལུས་ལ་ཞེ་སྡང་སྐྱེས་ནས། ཕྱི་མའི་ལུས་བཟང་པོ་ཐོབ་པ་ལ་དགའ་བའི་སེམས་སྐྱེའོ། །ད་ལྟར་གྱི་ལུས་ལ་ལར་བུར་ཤི་ན་རུང་སྙམ་པའི་བསམ་པ་མེ་ལྟ་བུས་སྒོ་གསུམ་ལྡང་མི་ནུས་པར་བྱས་པས་ད་ལྟར་གྱི་དབང་པོ་རྣམས་འགགས་ཏེ། མ་འོངས་པའི་ཕུང་པོ་ལ་མངོན་པར་ཆགས་སོ། །དེ་ལྟར་འཆི་ཀའི་ཆགས་སྡང་དྲག་པོ་དེ་ནི་སྲིད་པ་བར་མའི་སྲིད་པའི་ཚེ་ཞག་བདུན་ཕྲག་པ་དེ་མངོན་དུ་མཐོན་བའི་རྒྱུའོ། །དེ་ཡི་དུས་ན་རྣལ་འབྱོར་པ། །དེ་བཞིན་དེ་ལ་གོམས་ཆེད་ཆེ། །ཞེས་པ་ནམ་འཆི་བའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱིས། འཆི་ཀའི་ཏིང་ངེ་འཛིན་བསྒོམ་དགོས་པས་སྔ་ནས་གོམས་པར་བྱས་པ་གཅེས་སོ། །དེའི་བསྒོམ་པའི་ཐབས་བླ་མའི་ཞལ་ལས་ཤེས་པར་བྱའོ། །འདའ་ཀ་མའི་ཏིང་ངེ་འཛིན་མེད་ཀྱང་སྔོན་ཆད་ཏིང་ངེ་འཛིན་གང་ལ་གོམས་པ་ལས་རྒྱུན་གཅོད་པར་བྱའོ། །དེ་ཚེ་ཆགས་པ་འབྱུང་མོད་ཀྱི། །གོམས་པར་འགྱུར་པའི་མཐུ་སྟོབས་ཀྱིས། །ཞེས་པ་ཏིང་ངེ་འཛིན་གྱི་ཡོན་ཏན་འཆད་དེ། འཆི་བའི་དུས་སུ་རྣལ་འབྱོར་པ་ལའང་མ་འོངས་པའི་ཕུང་པོ་ལ་ཆགས་པར་འབྱུང་ཡང་འཆི་ཀའི་མན་ངག་བསྒོམས་པའི་ནུས་མཐུས་ཉོན་མོངས་པ་དེ་ལྡང་དུ་མི་སྟེར་བ་ནི། མི་རྩལ་ཤུགས་ཅན་གྱིས་རྩལ་ཤུགས་མེད་པར་ལྡང་མི་ནུས་པར་བྱེད་པ་བཞིན་ནོ། །བྱང་ཆུབ་རིག་འཛིན་རྣལ་འབྱོར་ལ། །གང་ཆགས་དེ་འབྱུང་མི་འགྱུར་རོ། །ཞེས་པ་བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་དང་། རྣལ་འབྱོར་པ་ཕྱི་མའི་ལུས་ལ་གང་ཆགས་པའི་འདུ་ཤེས་མི་སྐྱེ་ལ། མ་ཆགས་པ་དེ་ལ་སྡུག་བསྔལ་མི་འབྱུང་སྟེ། ས་དེ་ཉིད་ལ་སྦྱོར་བར་བྱེད་པས་ནམ་འདའ་བའི་ཚེ་ཆགས་སྡང་གི་སེམས་ཡིད་ལ་མི་བྱའོ། །འོ་ན་དེའི་རྒྱུ་ནད་ཀྱི་སྡུག་བསྔལ་མི་བཟོད་པ་དེ་འགྲོ་བ་གང་དང་གང་ལ་ཡོད་ཅེ་ན། གནད་ཀྱི་སྡུག་བསྔལ་མི་བཟོད་པ། །གང་ལ་མཐོ་དམན་མ་གཏོགས་པ། །གཞན་དག་ཀུན་ལ་འབྱུང་བ་ཡིན། །ཤིན་ཏུ་ཉེར་དགའ་མེད་ཕྱིར་རོ། །ཞེས་པ་འཆི་ཀའི་གནད་ཀྱི་སྡུག་བསྔལ་ནི། ལྷ་དང་དམྱལ་བ་མ་གཏོགས་པ་འགྲོ་བ་རིགས་བཞི་ལ་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། དམྱལ་བ་ནི་གནད་ཀྱི་ངོ་བོར་འདུག་པས་དེ་ལས་ཕར་མནར་དུ་མེད་ལ། ལྷ་ནི་བསོད་ནམས་ཀྱི་བདེ་བ་དང་ལྡན་པའི་ཕྱིར་རོ། །སྡུག་བསྔལ་ཆེ་ཆུང་གཉིས་ཁོ་ན། །གང་འགགས་གཅིག་དང་རིམ་གྱིས་འགགས། །དེ་ཉིད་གོམས་ཏེ་གང་མ་འགགས། །གཙོ་བས་དེ་ལ་དེར་ཞེན་གཅེས། །ཞེས་པ་སྡུག་བསྔལ་ཆེ་ཆུང་གཉིས་སུ་ངེས་པ་གཟུང་བ་ནི། འཆི་ཀར་འགགས་པའི་ཚུལ་ཅིག་ཆར་དང་རིམ་གྱིས་འགགས་པ་གཉིས་སོ། །དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་གོམས་པ་ལ་འགགས་པ་མེད་པར་གསལ་བ་དེ་གཙོ་བས་ཏིང་ངེ་འཛིན་གོམས་པ་གཅེས་སོ་ཞེས་ཁྱད་པར་གྱི་དབང་དུའོ། །སྤྱིར་ནི་དགེ་སྡིག་གང་ལ་མ་གོམས་པ་ནི་བཤད་པ་ལྟར་གསལ་དུ་མི་བཏུབ་ལ། གོམས་པ་ནི་གསལ་བས་དགེ་བ་ཉིད་ཁོ་ན་ལ་གོམས་པར་བྱའོ། །གྲངས་དེ་དག་ཀྱང་ཡིད་ཀྱི་ལས་སོ། །གསུམ་པ་སྲིད་གསུམ་བར་བདུན་པ། །བརྫུས་ཏེ་དབང་ལྡན་ལས་ཀྱིས་འགྲོ། །གང་མཐུན་མཐོང་ཡིན་གང་མཐོང་མིན། །ཞེས་པ་གསུམ་པའི་གསུམ་པ་བར་མ་དོའི་མཚན་ཉིད་ཚེ་ཞག་བདུན་པ་སྟེ། སྐྱེ་བ་བཞི་ལས་བརྫུས་ནས་སྐྱེ་བ་དབང་པོ་ཚང་བ། སྔ་མའི་འཕེལ་པའི་ལས་ཀྱིས་འགྲོ་བའོ། །དེ་དག་ནི་གང་རིགས་མཐུན་པ་དང་ལྷ་མིག་དག་པས་མཐོང་བ་ལས་གཞན་གྱིས་མཐོང་བ་མ་ཡིན་ནོ། །ཤིན་ཏུ་བདེ་དང་བདེ་སྡུག་བསྔལ། །དེ་སོགས་གང་དུ་སྐྱེ་འགྱུར་བའི། །དེ་དབྱིབས་འཛིན་ཅིང་ཐོགས་པ་མེད། །ཅེས་པ་བར་མའི་ལུགས་ཀྱི་ཆ་ལུགས་ནི། གནས་མཐོ་དམན་དྲུག་གར་སྐྱེ་བའི་ཆ་ལུགས་འཛིན་ཅིང་རང་ལ་རང་དེར་མཐོང་ངོ་། །སྤྱོད་པ་དང་ལས་ནི་བྲག་དང་རི་ལའང་ཐོགས་པ་མེད་པར་འགྲོ་བའོ། །དེའི་སྤྱོད་ཡུལ་སྒོ་སྒོ་ནས་བསྟན་པའི་ཕྱིར། དེ་ཡི་ལུས་སམ་སྤྱོད་ཡུལ་ནི། །དྲི་མ་ཅན་དུ་གྱུར་པ་རྣམས། །མཚན་མོ་མུན་ནག་རྫས་ནག་ལྟར། །ཞེས་པ་ལ་སོགས་པ་བར་ན་གནས་པ་འགྲོ་བ་དེའི་ལུས་དང་། སྤྱོད་ཡུལ་མཐོང་ལུགས་ནི་གང་དག་སྡིག་པ་སྤྱོད་སྤྱོད་པ་དག་སྡིག་པ་ཅན་གྱི་ཡུལ་ནི། དཔེར་ན་མཚན་མོ་མུན་པའི་ནང་དུ་ཕྱིན་པ་ལྟར་སྣོད་དང་བཅུད་གཉིས་ཀ་སྨག་ཏུ་མཐོང་ངོ་། །དགེ་བ་ཅན་གྱི་ཡུལ་ནི། གང་དག་དྲི་མ་མེད་པ་རྣམས། །ཟླ་འོད་དཀར་དང་རྫས་དཀར་ལྟར། །དེ་ཉིད་དེ་མིག་དག་པས་མཐོང་། །ཞེས་པས་དགེ་བ་སྤྱོད་སྤྱོད་པ་རྣམས་ཀྱིས་བར་མ་ན་འདུག་པའི་ཚེ་མཐོང་ཡུལ་གསལ་བ་ནི། དཔེར་ཟླ་བའི་འོད་ལ་རྫས་རྣམས་གསལ་པོར་མཐོང་བ་ལྟར་སྣོད་དང་བཅུད་གསལ་ལོ། །དེ་ལ་ཡིད་ཆེས་པ་ཅིང་ཡོད་སུའི་ཡུལ་ཞེ་ན། ལྷའི་མིག་རྣམ་པར་དག་པས་དགེ་སྡིག་ཅན་གྱི་བར་མའི་ཁྱད་པར་མ ཐོང་ངོ་། །དེ་བས་ན་དགེ་བ་ཅན་གྱི་བར་མས་ནི་སྡིག་པ་ཅན་གྱི་བར་མ་དང་བདག་གཉིས་ཀ་མིག་དག་པས་མཐོང་ལ། སྡིག་པ་ཅན་གྱི་ས་དགེ་བ་ཅན་གྱི་བར་མ་མི་མཐོང་ངོ་། །ལུས་ཆེ་ཆུང་གི་ཚད་གང་ཞེ་ན། གང་དེའི་དེ་ཚད་ཐ་མ་ནི། །སྤྲུལ་པ་འབྱུང་གནས་ལྔ་ཚད་བར། །ཞེས་པ་གང་བར་མ་དོའི་ལུས་ཆེ་ཆུང་ནི། འདོད་ཁམས་ཐ་མའི་གནས་བྱིས་པ་ལ་ལོ་ལྔ་པའི་ཚད་ཙམ་དུ་བར་མ་དོ་ཡོད་དེ། ལོངས་སྤྱོད་ནི། གང་སྐྱེ་གནས་མ་བླངས་བར་དུ། །དེ་མིག་དེ་ཡི་མིག་ལྟ་བུས། །གང་ལ་ཐོགས་མེད་སྐལ་མཉམ་པའོ། །གང་ལྟར་ཀུན་ལ་མ་ཡིན་ནོ། །ཞེས་པ་སྲིད་པ་བར་མ་དོའི་འགྲོ་བ་དེས་གནས་ཕྱི་མའི་སྐྱེ་བ་མ་བླངས་པར་བར་མ་ན་འདུག་པའི་ཚེ། བར་མ་དེའི་མིག་ལྷའི་སྤྱན་ལྟ་བས། འོད་ཁམས་སྣོད་བཅུད་གསལ་བར་མཐོང་བ་དང་། འབྱུང་བ་ཆེན་པོ་གང་ལ་ཐོགས་པ་མེད་པའི་རྫུ་འཕྲུལ་ཅན་པས་འདོད་ལྷ་དང་སྐལ་བ་མཉམ་མོ། །དེ་ནི་དགེ་བ་ཅན་དང་ཏིང་ངེ་འཛིན་གྱི་བར་མ་སྟེ། སྡིག་པའི་བར་མས་མཐོང་བ་མ་ཡིན་ཏེ། སྤྱོད་ཡུལ་གནག་པའི་ཕྱིར་རོ། །དེས་ཀྱང་། གང་སྐལ་མཉམ་པའི་སྐྱེ་གནས་པ། །དེ་དག་ཉིད་གནས་མཐོང་བར་འགྱུར། །ཞེས་པ་རང་བྱོལ་སོང་དམྱལ་བ་ཡི་དྭགས་གར་སྐྱེ་བའི་གནས་དང་། དེ་དག་གི་དངོས་པོ་ཤེས་པར་འགྱུར་ཏེ། ལས་མཐུན་པའི་དབང་གིས་སོ། །དེ་ནི་དྲི་མ་མེད་པས་ཀྱང་རང་གི་གནས་རིས་མཐོང་སྟེ་ཐུན་མོང་དུ་འགྱུར་རོ། །ལུས་ཀྱི་འགྲོ་ཚུལ་ནི། གང་དག་དྲི་མིག་ཐུར་དུ་གསལ། །སྤྱི་གཙུག་འགྲོ་ལ་གཞན་མཐོང་མིན། །ཞེས་པ་འགྲོ་བ་སྡིག་ལས་སྤྱོད་པ་རྣམས་སྤྱོད་ཡུལ་ཐུར་དུ་གསལ་ལ། སྤྱིའུ་ཚུགས་སུ་འགྲོའོ། །དེས་ན་མཐོ་རིས་ཀྱི་གནས་མི་མཐོང་ངོ་། །དྲི་མ་མཐོང་གསལ་གཞན་དེ་བཞིན། །ཞེས་པ་དག་སྡིག་པ་བྲལ་བའི་དགེ་བ་ཅན་རྣམས་ལུས་གྱེན་དུ་འགྲེང་བས། སྤྱོད་ཡུལ་རེས་གསལ་བའི་ངན་སོང་ཡང་མཐོང་། རང་ལྷ་མི་གར་སྐྱེ་བའི་སྐལ་བ་མཉམ་པའང་མཐོང་སྟེ། མཐོང་ལུགས་གཞན་བཤད་པ་བཞིན་ནོ། །དེའི་ཚེ་ཚད་དང་སྐྱེ་བ་ཕྱི་མ་ཇི་ཙམ་དུ་ལེན་པ་ཐུན་མོང་དུ་བསྟན་པ འི་ཕྱིར། བར་བདུན་པ་ཡི་སྙིང་པོ་ཅན། །སྐྱེ་བ་དེ་མ་རྙེད་བར་དུ། །རིང་ལྟར་ཐོགས་ན་བདུན་པའོ། །ཞེས་པ་བར་མ་དོ་བདེ་གཤེགས་སྙིང་པོ་ཅན་དེ། ཕྱི་མའི་སྐྱེ་གནས་རྒྱུ་རྐྱེན་མཐུན་པ་དང་མ་ཕྲད་ཀྱི་བར་དུ། ཡུན་རིང་ན་ཞག་བདུན་བར་ཐོགས་སོ། །གང་དེ་ལྡན་ན་ངེས་མེད་དེ། །ཞེས་པ་དག་རྒྱུ་རྐྱེན་དང་ལྡན་ན་མ་ངེས་ཏེ། ཞག་གཅིག་གམ་གཉིས་སམ་གསུམ་ན་སྐྱེ་བ་ལེན་ཏེ་བར་མ་ལས་འགྱུར་རོ། །གང་མ་ལྡན་ན་དེ་རྗེས་ནས། །ཡང་བདུན་བར་དུ་དེ་ན་གནས། །ཞེས་པ་རྒྱུ་རྐྱེན་གང་དང་ཡང་སྐལ་བ་མེད་ཅིང་མ་ལྡན་ན། བདུན་ཕྲག་དང་པོའི་སྐྱེ་བ་དེ་སྲང་མདའི་ཚུལ་དུ་བརྗེས་ནས་བདུན་ཕྲག་གཉིས་པ་ལ་གནས་པའོ། །གང་ཡོད་དེ་གང་མི་ལྡན་ན། །ཞེས་པ་དག་གང་ཡོད་ཅིང་རྒྱུ་རྐྱེན་དང་མ་ཕྲད་དེ་ཡུན་རིང་ན། ཞག་བདུན་ཕྲག་བདུན་ཏེ་ཞག་བཞི་བཅུ་རྩ་དགུའི་བར་དུ་ཐོགས་ཏེ། སྔ་མ་ལྟར་བདུན་ཚན་རེ་ནས་བར་མའི་ལུས་དེ་རྒྱུ་མཐུན་པར་འཕོ་ཞིང་། ཞག་གྲངས་དེ་རྫོགས་པ་སྲིད་དུ་བར་མ་དོ་དེ་ན་གནས་ཤིང་སྡོད་དོ། །ཞག་གྲངས་དེས་ཚེ་ཚད་དེ་མཐར་རྫོགས་ནས་འདུག་ཐབས་མེད་དེ། ཕྱི་མའི་སྐྱེ་བ་དང་གང་ཡང་རུང་བ་དེའི་ལུས་ལ་འ དོད་ཆགས་སོ། །བར་མའི་ལུས་སྒྱུ་མ་དེ་ལ་ཞེ་སྡང་འབྱུང་བར་འཆད་པར་ཡང་འགྱུར་ཏེ། དེས་བར་མའི་ལུས་ཟིལ་གྱིས་མནན་ནས་མི་ལྡང་ངོ་། །བདུན་ཕྲག་བདུན་རྫོགས་ནས་སྐྱེ་བ་ཕྱི་མའི་རྐྱེན་དང་མི་ཕྲད་མི་སྲིད་དེ། ཁོ་རང་གི་ཆོས་ཉིད་ཀྱིས་སོ། །ཅིའི་ཕྱིར་བར་མ་ཞེས་བྱ་ཞེ་ན། གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པས་བར་མ་དོ། །ཞེས་པ་ལ་སྐྱེ་བ་སྔ་མ་ནུབ་ཕྱི་མ་འབྱུང་གི་བར་ན་ཤེས་པ་སྐད་ཅིག་མའི་རྒྱུན་སྒྱུ་མའི་ལུས་སུ་སྣང་བའི་ངེས་ཚིག་འགྲུབ་བོ། །མིང་གི་གྲངས་ནི། བདུན་ཞིང་ནུབ་པའི་རང་བཞིན་པས། །ནུབ་པའི་སྲིད་པ་ཞེས་ཀྱང་བྱ། །ཞེས་པ་སྐྱེ་དགུའི་ཐོག་མ་སྟེ། ཞག་བདུན་ཕྲག་རེ་ན་ལུས་དེ་ནུབ་པའི་ཕྱིར་ཏེ། ཕལ་ཆེ་བའི་དབང་ངོ་། །བདུན་ཉིད་བར་དུ་ཞེས་པ་ལ་སོགས་པ། ཞག་བདུན་པའི་ཕྱི་མར་གནས་པས་བར་བདུན་ཞེས་བྱའོ། །ཁ་ཟས་དྲི་ཡི་རྗེས་འབྲང་ཞིང་། །སྤྱོད་པས་དྲི་ཟ་ཉེ་བར་འཁོར། །དེ་ཀུན་ཐུན་མོང་ངོ་། །སྔ་མ་ལ་བརྟེན་ནས་འབྱུང་བས་དེ་ལས་འབྱུང་བའོ། །གང་དུ་སྐྱེ་བའི་ཤ་དབྱིབས་འཛིན་པས། སྔོན་འབྱུང་ཕྱི་མའི་ཤ་ཚུགས་ཅན་ནོ། །ཚེ་ཕྱི་མའི་སྐྱེ་བ་མངོན་དུ་བྱེད་པས་མངོན་གྲུབ་པའོ། །བར་མ་ན་རྟག་ཏུ་ཟས་ལ་འཁོར་བས་ཉེ་བར་འཁོར་བའོ། །ཚེ་སྔ་ཕྱིའི་བར་ཡིན་པས་མཚམས་སྦྱོར་བའོ། །དེ་ནི་གཟུགས་ཅན་ཡིན་པས་ན། །གཟུགས་མེད་པ་ཡི་གནས་མེད་དོ། །ཞེས་པ་བཤད་པ་དག་ནི་འདོད་ཁམས་གཟུགས་ཁམས་ཀྱི་དབང་དུ་བཤད་པ་སྟེ། གཟུགས་མེད་པའི་ཁམས་ལ་སྲིད་པ་བར་མ་མེད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་བྱུང་སྲིད་པའི་ཤ་ཚུགས་མེད་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པའི་ཁམས་ནས་འཕོ་ན་ཡོད་དོ། །ཁམས་གཉིས་སུ་སྐྱེ་བ་ན་ཡོད་ཅེས་བྱའོ། །སྲིད་པ་བར་མ་ལས་ཅི་ལ་དགའ་ཞེ་ན། དེ་ན་གནས་པའི་སྲིད་པ་དེ། །སྔར་འགས་པ་ཡི་སྲིད་པ་ལ། །དེ་དང་དེ་མིན་བཏང་སྙོམས་པ། །གསུམ་ལ་ཆགས་སྡང་ཞེན་གོམས་པ། །གང་སྔོན་གང་ལ་ཞེན་པ་ཡི། །དུས་དང་དེ་ལ་མངོན་པར་དགའ། །ཞེས་པ་བར་མར་གནས་པའི་སེམས་ཅན་དེ་སྔར་ཤི་བའི་ལུས་ཀྱིས་སྤྱད་པའི་འདུ་ཤེས་གསུམ་དང་ལྡན་པས་བྱས་པའི་ལས་དགེ་བ་དང་སྡིག་པ་དང་ལུང་དུ་མ་བསྟན་པ་རྣམས་སྤྱད་པ་ཡིས། སྔ་མའི་ལས་དུག་གསུམ་དང་བཅས་པ་གང་ལ་གོམས་པ་སྔོན་དུ་བརྟས་པའི་ལས་གང་ཡིན་པ་སྔ་དུས་དེར་དགའ་སྟེ། དགེ་བ་ཅན་ནི་བར་མ་ཡང་དགེ་བ་སྤྱོད་པ་ལ་སོགས་པ་ལྟ་བུའོ། །དེས་རྣམ་པར་སྨིན་པ་ཡང་རྗེས་སུ་མཐུན་ཏེ་ཕལ་ཆེར་གྱི་དབང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བར་འགའ་བསམ་གཏན་བཞི་པའི་དགེ་སློང་ལྟ་བུ་བར་མར་སྡིག་བསགས་ནས་ངན་འགྲོར་ལྟུང་བའང་ཡོད་པའི་ཕྱིར་རོ། །སྔོན་ཚེ་ལེགས་ཉེས་སྤྱོད་པའི་ཡུལ། །ཀླུང་དུ་གང་གྱུར་དེ་ཉིད་སྣང་། །ཞེས་པ་བར་མར་མཐོ་དམན་དུ་འབྱུང་བའི་ལྟས་ནི། ཚེ་སྔ་མ་ལས་དཀར་ནག་སྤྱད་པ་སྟོབས་སུ་གང་གྱུར་བའི་མཚན་མ་སྣང་བའོ། །དེ་མཐོང་བའི་ཚུལ་ནི། དེ་དག་རྨི་ལམ་བཞིན་མཐོང་ནས། །མཐོང་ཉིད་ཡུལ་དུ་མངོན་པར་གྱུར། །ཅེས་པ་དང་དཔེར་རྨི་ལམ་གྱི་ཚུལ་དུ་ལྟས་མཐོང་ནས། གང་མཐོང་བ་དེ་འཇུག་པའི་ཡུལ་མངོན་སུམ་དུ་གྱུར་ཏོ། །སྐབས་དེར་རབ་རིབ་ཅན་གྱི་གཟུགས་མཐོང་བ་ལྟ་བུའི་སྔོན་ལྟས་དག་སོ་སོར་སྣང་བར་འགྱུར་རོ། །དེ་ཡང་སོ་སོ་ནས་བསྟན་པར་བྱ་བའི་ཕྱིར། བདེ་རྐྱེན་མི་ལྡན་པ་ཞིག་ན། །དེ་ན་གནས་དང་དེ་ནུབ་ན། །དམན་པར་འབྱུང་བའི་སྔ་ལྟས་ནི། །སྲོག་ཆགས་ལྡེམ་བུ་ལ་སོགས་པའི། །ཞེས་པ་ལ་སོགས་པ་དགེ་བའི་ལས་རྣམས་དང་མི་ལྡན་པའི་འགྲོ་བ་ཞིག་བར་མ་ན་གནས་པའི་ཚེ་བར་མ་དེ་རྗེས་ནས་ཕྱི་མར་སྐྱེ་བའི་ངན་འགྲོར་ལྷུང་བའི་ལྟས་ནི། སྲོག་ཆགས་ལྡེམ་བུ་ལ་སོགས་པ་ངན་པའི་གནས་གང་དུ་སྐྱེ་བའི་བདག་དང་རིགས་མཐུན་པའི་འགྲོ་བ་མང་པོ་མཐོང་བ་དང་། ཅ་ཅོའི་སྒྲ་ཐོས་པ་དང་། འདམ་བུས་འཐིབས་པ་དང་། ནགས་ཚལ་འཐིབས་པོ་དང་། དངོས་པོ་གཞན་བསྡུ་བ་ནི་མུན་པ་དང་། སྤྲིན་དང་། ན་བུན་དང་། ལྡུམ་བུའི་ཚལ་མཐོང་བ་དང་། དྲི་མི་ཞིམ་པ་སྣ་ཚོགས་དང་། ཁ་ཟས་ངན་པ་དང་། རྫིང་ངན་པ་རྙོག་ཆུས་གང་བ་དང་། འཁྲིགས་སྤྲིན་ཆེན་པོས་གཏམས་པའི་ནང་དུ་འཇུག་པའི་ལྟས་སྣང་བར་འགྱུར་རོ། །འོན་ཀྱང་རང་རྒྱུད་པ་མ་ཡིན་ཏེ། རང་གི་ལས་ཀྱི་རྐྱེན་གྱིས་མ་དག་པའི་སེམས་ཀྱི་སྣང་བའོ། །གང་འདིར་དག་ས་པ་ཞིག་ན། །རིགས་མཐོར་གྱུར་པའི་སྔ་ལྟས་ནི། །ཞི་བའི་ཡུལ་དང་སྙན་པའི་སྒྲ། །ཡིད་དང་དབང་པོ་ཚིམ་པ་དང་། །ཞེས་པ་དག་གང་དགེ་བ་སྤྱོད་སྤྱོད་པ་ཞིག་བར་མ་ན་འདུག་ན་གྱེན་དུ་འབྱུང་བའི་སྔ་ལྟས་ནི་སྒྲ་ཇི་བཞིན་ནོ། །བདག་དང་རིགས་མཐུན་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་བདག་གི་གང་དུ་འབྱུང་བའི་རིགས་མཐུན་རྣམས་མཐོང་བར་འགྱུར་རོ། །སྐྱེ་བའི་དབྱེ་བས་དྲོད་གཤེར་ལས་སྐྱེ་བ་གྲོག་སྦུར་ལ་སོགས་པའི་བར་མ་དོའི་སྐྱེ་བ་ལེན་ཚུལ་དང་། ལྟས་ཇི་ལྟ་བུ་སྙམ་ན། དེ་ན་གནས་པའི་སྙིང་པོ་དེ། །འདོད་ལ་ཞེན་པས་ཞེན་པའི་ཕྱིར། །གང་དུ་དྲི་བྱུང་དེར་འབྲེལ་བས། །ང་དང་མི་ལ་དྲི་འབྱུང་ཡུལ། །ཞེས་པ་དག་བར་མ་དོའི་གནས་ན་འདུག་པའི་བདེ་གཤེགས་སྙིང་པོ་ཅན་དྲོད་གཤེར་ལས་སྐྱེས་པའི་རྒྱུ་ཅན་དེ་རང་གི་འདོད་པ་ལ་ཆགས་པའི་ཕྱིར། ས་ཕྱོགས་གང་དུ་བྱུང་བའི་རྗེས་སུ་འབྲངས་པས་དྲི་ཞིམ་མི་ཞིམ་དང་། གཙང་མི་གཙང་གི་དྲི་ལ་ཞེན་པས་ཚིམ་པ་སྐྱེ་བར་འགྱུར་རོ། །དྲི་སྤྱོད་ཅིང་ལན་གྲངས་མང་བས་སེམས་འཁྱིགས་ནས་བར་མའི་ལུས་ལ་ཞེ་སྡང་སྐྱེའོ། །རྒྱུ་དེས་བར་མ་ཚེ་ལོ་བདུན་པའི་རྒྱུན་འཕོ་བར་བྱས་ཏེ། བར་མའི་སྐལ་བ་ཟད་ནས་ཕྱི་མ་ལ་ཆགས་པས་གང་དུ་བདག་དྲིའི་ཕྱིར་འབྲངས་པ་ལ་སྣང་བའི་ལུས་ངན་གྲོག་སྦུར་ལ་སོགས་པ་དེར་སྐྱེ་བར་བྱེད་དོ། །དེ་ལྟར་གང་དུ་སྐྱེ་བ་བརྟས་པའི་ལུས་དེ་ལ་སོགས་པ་གཞན་ཐ་དད་པ་རྐྱེེན་གྱིས་རིས་མཐུན་པ་དག་ཀྱང་བར་མར་མཐོང་ངོ་། །ལུས་ལེན་པའི་ཚུལ་ནི། དྲོད་དང་རླན་རྣམས་ཀྱི་རྐྱེན་ཆ་སྙོམས་པར་བར་མ་དོའི་ཤེས་པ་འཛིན་པར་རིགས་ཏེ། དེ་ལ་ཆགས་པའི་དབང་གིས་སོ། །དྲོད་གཤེར་ཅན་དང་མ་ཕྲད་ན་གྲོག་སྦུར་ལ་སོགས་པར་མི་འབྱུང་སྟེ། བར་མ་ན་ནམ་མཁའི་རྡུལ་བཞིན་དུ་འདུག་གོ། །གང་སྐྱེ་བའི་རྐྱེན་ཚང་བར་ཡོད་པས་བདག་སྐྱེ་བའི་ཡུལ་གནས་མཐོང་བ་རྣམས་ནི་དཔག་ཚད་ལ་སོགས་པ་རྒྱང་རིང་བ་ན་གནས་ཡོད་ཀྱང་དེར་འགྲོ་བ་ལ་ཐོགས་པ་མེད་དེ། མིག་གིས་མཐོང་ཚོར་ནས་རིས་སུ་བཅད་དེ་དེར་འགྲོ་བ་མ་ཡིན་ཏེ། སྔ་མའི་ལས་བསགས་པའི་སྟོབས་ཀྱིས་འགྲོ་བས་དེ་གནས་རིག་པ་ཙམ་གྱིས་ཕྱིན་པས་ལམ་རིང་ཐུང་མེད་དེ་ཐོགས་པ་མེད་པའོ། །དེའི་གཏན་ཚིགས་ནི་བར་མའི་ལུས་གང་དུ་ལེན་ཀྱང་འགྲོ་བ་ལ་ཐོགས་པ་མེད་པའི་གཏོགས་འདོད་ཅན་དེའི་སྤྱོད་ཡུལ་ནི། ད་ལྟའི་ལུས་གདོས་པ་ཅན་གྱི་ཡུལ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །མངལ་དང་སྒོ་ངར་འབྱུང་བའི་བར་མ་དོ་དེས་ཇི་ལྟར་མཐོང་ཞིང་སྐྱེ་ཞེ་ན། ལ་ལ་གང་ལ་ཞེན་པའི་མཐུས། །མཐུན་པར་སྣང་བའི་རིགས་ཅན་དག །གང་དུ་འཕྲོད་བྱེད་མཐོང་བར་འགྱུར། །དེ་ཉིད་དེ་ན་དེར་འཁྱིལ་གནས། །དེ་ལ་དེ་འཁོར་རྟོག་དཔྱོད་འཛིན། །ཞེས་པ་དག་འགྲོ་བ་ཁ་ཅིག་བར་མ་ན་འདུག་པའི་ཚེ་ཆགས་པ་ལ་ཞེན་སྟོབས་ཀྱིས། རིགས་དང་ལས་མཐུན་པའི་འགྲོ་བ་རྣམས་བདག་གི་ཕ་མར་འགྱུར་པ་ཞིག་འདུས་ནས་འདོད་ཆགས་སྤྱོད་པ་མཐོང་ངོ་། །དེར་བར་མའང་ཆགས་སྐྱེས་ནས་གནས་དེར་ཕྱིན་ནས་དེར་འཁོད་དེ་ཆགས་པ་དེ་ལ་རྟོག་ཅིང་དཔྱོད་པ་མ་བཏང་བས་ཞེན་ཆགས་ཀྱི་རྒྱུས་བདག་ཀྱང་ཆགས་པ་རྣམ་པར་སྐྱེའོ། །ཆགས་པའི་དབང་གིས་དོན་མ་མཐོང་བས་བདག་གིས་ཀྱང་ཆགས་པ་སྤྱད་པའི་ཡུལ་དུ་མཐོང་བས། དཔེ་སྒྱུ་མའི་སྐྱེས་པ་དང་འགྲོ་བ་བཟང་མོ་འཕྲད་པ་ལྟ་བུར་བདག་གིས་ཆགས་པ་སྤྱད་པར་མཐོང་ངོ་། །གང་དུ་གང་ཟག་དེ་འདུ་འཕྲོད། །བྱེད་པར་དེ་ལ་དེ་སྣང་གསལ། །གལ་ཏེ་གནས་པའི་ཆ་ལེན་ན། །འབྱུང་ལ་ཆགས་པའི་འདོད་པ་འབྱུང་། །ཞེས་པ་ཕ་མ་འཕྲད་པའི་མའི་མངལ་དུ་ས་བོན་འདུ་འཕྲོད་བྱེད་པར་མཐོང་བར་འགྱུར་རོ། །དེ་ལས་བདག་མོར་སྐྱེ་བ་ཞིག་ན། ས་བོན་གྱི་གཞི་ཕ་ལ་འདོད་ཆགས་པ་འབྱུང་ངོ་། །ཕོར་སྐྱེ་བ་ཞིག་ན་ས་བོན་གྱི་གནས་མ་ལ་འདོད་ཆགས་ཀྱི་སེམས་སྐྱེའོ། །གནས་འགྱུར་གནས་དང་བྲལ་བར་འདོད། །འབྱུང་བར་འགྱུར་བ་དེ་བཞིན་ཏེ། །གང་དུ་མི་འདོད་དེར་མཐོང་འགྱུར། །ཞེས་པ་མོར་སྐྱེས་ན་མོ་དང་བྲལ་བར་འདོད་ལ། ཕོར་སྐྱེ་ན་ཕོ་དང་བྲལ་བར་འདོད་པའི་སེམས་སྐྱེའོ། །བདག་བྲལ་བར་འདོད་པ་གང་ཡིན་པའི་གཟུགས་དེ་ཁོ་ནར་མཐོང་བར་འགྱུར་རོ། །དེ་ལ་དེ་ཞེན་དེ་དབང་གིས། །གནས་འབྱུང་མཚན་མ་འབའ་ཞིག་ལས། །གང་གཞན་སྣང་བར་མི་འགྱུར་རོ། །དེ་ཡིས་དེ་མཐོང་དེ་འཁྲིག་ནས། །དེ་ལ་དེ་མ་རངས་པར་འབྱུང་། །དེ་ཡིད་དེ་ཡི་རྒྱུན་འགགས་ནས། །གང་གིས་གང་ཞིག་ཇི་བཞིན་དུ། །ཞེན་པས་སྲིད་པ་དེར་འཛིན་བྱེད། །ཅེས་པ། ཕོ་མོ་ལ་ཆགས་ཞེན་སྐྱེས་པའི་རྒྱུས། གནས་པ་མོ་མཚན་དང་། འབྱུང་བ་ཕོ་མཚན་ལས་མ་གཏོགས་པ་མཚན་གཞན་སྣང་བར་མི་འགྱུར་རོ། །འོན་ཀྱང་ཕལ་ཆེའི་དབང་སྟེ། གཉིས་ཀྱི་ཆ་འཛིན་པའི་མ་ནིང་ཡང་འབྱུང་ངོ་། །བར་མ་དོ་དེ་ཡིས་མཚན་མ་དེ་མཐོང་ནས། བར་མའི་མཚན་དེས་སེམས་འཁྲིགས་ནས་ཞེ་སྡང་སྐྱེས་ཏེ་དེས་ཕྱི་མ་ལ་ཆགས་པ་དང་། གཉིས་ཀྱི་དབང་གིས་བར་མའི་ཕོ་མོར་སྣང་བའི་རྒྱུན་འགགས་ནས། དཔེར་སྦྲང་རྒྱས་སྦྲང་མ་འཛིན་པ་ལྟར་ཆགས་པས་ས་བོན་གཉིས་ཀྱིས་བར་མའི་ཤེས་པ་དེ་འཛིན་པར་བྱེད་དོ། །རྣམ་ཤེས་ཁུ་ཁྲག་གི་རྒྱས་བསྟུམས་ནས་གདོས་པའི་ལུས་ཀྱིས་ཟིན་ཏེ། མིང་དང་གཟུགས་འབྱོར་པའི་ཕྱིར། གང་དེ་དེ་ཡིས་གདོས་ཀྱིས་བཟུང་། །ཞེས་གསུངས་སོ། །དམྱལ་བར་འགྲོ་བའི་བར་མ་དོ་ཇི་ལྟར་སྐྱེ་ཞེ་ན། དམན་འགྲོ་གང་དེ་བར་བདུན་པ། །གསོད་དང་དོན་གོམས་དེ་བརྩེགས་པས། །གང་གནས་གང་ཡིན་དེ་གནས་ནས། །གསོད་ལ་སོགས་པ་དེ་སྣང་འབྱུང་། །གང་དེ་དེ་ཡིས་མཐོང་མ་ཐག །སྔོན་དུ་གོམས་པ་དེ་རིག་ནས། །གསད་བྱ་སྙམ་དུ་དེར་རྒྱུག་བྱེད། །ཅེས་པ་ལ་སོགས་པ། སུ་ཞིག་དམྱལ་བར་འགྲོ་བའི་སྲིད་པ་བར་མ་དོ་དེ། སྔ་མར་ཆགས་སྡང་གིས་སྲོག་གཅོད་པ་ལ་གོམས་པའི་བག་ཆགས་བསྣན་པ་སྟོབས་སུ་གྱུར་པས། དམྱལ་བའི་བར་མ་གནས་དེ་ནའང་སྲོག་གཅོད་པ་ལ་སོགས་པའི་ལས་ངན་པ་བྱེད་པ་ཤ་སྟག་མཐོང་བར་འགྱུར་རོ། །དེ་ལྟར་སྤྱོད་པ་བར་མ་པས་མཐོང་མ་ཐག་ཏུ། དེ་ཉིད་སྔར་གོམས་པའི་རྒྱུས་ལས་ཀྱི་བག་ཆགས་དེ་རྐྱེན་དེས་བསླངས་པས་གསོད་གཅོད་ཤེས་ནས། ཕ་རོལ་གསད་སྙམ་པའི་འདུ་ཤེས་ཀྱིས་གསོད་དུ་འགྲོའོ། །སྲོག་གཅད་པའི་འདུ་ཤེས་བསྐྱེད་པའི་ཡུལ་དགྲ་དང་། ཤག་ལག་ལྟ་བུ་ལ་སོགས་པ་མཐོང་ནས། བར་མར་ཡང་གསད་པའི་ལས་བྱས་པས་ཡུན་རིང་བས། ལས་དེས་སེམས་འཁྱིམས་པས་ཞེ་སྡང་སྐྱེས་ནས། རྒྱུ་དེས་དམྱལ་བའི་བར་མའི་ཆ་ལུགས་དེ་འཕོས་ནས་སྐད་ཅིག་གིས་བརྫུས་ནས་སྐྱེས་ཏེ་དམྱལ་བར་སྨིན་ནས་སྡུག་བསྔལ་བར་བྱེད་དོ། །རྡོ་རྗེ་ཐེག་པ་ཆེན་པོའི་རྩ་བ་དང་ཡན་ལག་ཉམས་པ་ལ་སོགས་པ་དག་ནི། །ཤིན་ཏུ་ལས་དྲག་པས་རྣམ་སྨིན་དྲག་པ་ནི་ཤི་ནས་སྐད་ཅིག་གིས་ཕྱིན་པར་བྱེད་ལ། དེའི་འཇིག་རྟེན་ཞིག་ནའང་གཞན་གྱི་དམྱལ་བར་སྐད་ཅིག་གིས་ཕྱིན་པར་བྱེད་པས་བར་མ་མེད་དོ། །འདི་དག་ནི་ཐུན་མོང་གི་དམྱལ་བ་ཕལ་ཆེའི་དབང་དུ་གསུངས་པའོ། །དེ་ལྟ་བས་ན། དེ་ལྟར་གང་དུ་འབྱུང་བ་ཡི། །གནས་རིས་རྣམས་ཀྱི་བར་བདུན་པ། །གང་དུ་འབྱུང་བའི་གནས་དེ་ན། །གང་ཞིག་གོམས་པའི་ཡུལ་སྣང་འགྲོ། །དེ་ལ་ཞེ་སྡང་སྤྱོད་འཁྱིམས་པས། །སྡང་བའི་དབང་གིས་དེ་རྒྱུན་འགགས། །དེས་སྣང་འབྱུང་བ་མ་ལུས་ལེན། །ཞེས་པ། ཚུལ་དེ་དག་ལྟར་རིས་དྲུག་གང་དུ་སྐྱེས་པའི་བར་མ་དོའི་གནས་ནི། སྔར་གང་གོམས་པའི་ལས་ཀྱིས་དེ་དང་མཐུན་པའི་སྤྱོད་ཡུལ་སྣང་ན་དེར་འགྲོའོ། །དེ་ལྟ་བུའི་ལུས་ལ་ཞེ་སྡང་ཞིང་ལས་ལ་སེམས་སྐྱོ་བས་རྒྱུ་དེས་བར་མའི་སྤྱོད་ཡུལ་འགགས་ནས། ཕྱི་མའི་སྐྱེ་བ་སྣང་ཞིང་སྔར་མ་བླངས་པའི་ལུས་གང་ཡིན་པ་དེ་ལེན་ཏེ། རྒྱུ་དེ་ལ་ཆགས་པའི་དབང་གིས་སོ། །དེས་ན་བར་མ་དང་ཕྱི་མ་འབྲེལ་བའི་རྒྱུ་སྐབས་དེ་ཉིད་ཀྱི་ཆགས་སྡང་དེའོ། །དེ་ལྟར་བར་མའི་ཆོས་བཅུ་བཞིའང་ཡིད་ཀྱི་ལས་སོ། །བཞི་པ་སྐྱེ་གནས་འཇུག་ཆོས་བཞིས། །ཞེས་པ། གསུམ་པའི་བཞི་པ་སྐྱེ་གནས་སུ་འཇུག་པའི་ཆོས་ལ་དབྱེ་བའི་ཆོས་ལ་གྲངས་བཞིར་བསྟན་པའོ། །ཤེས་བཞིན་འཇུག་གནས་འབྱུང་བ་དང་། །ཞེས་པ། བྱང་ཆུབ་སེམས་དཔའ་མངལ་དུ་སྐྱེ་བ་རང་དབང་ཅན་དུ་འཇུག་པའང་། མི་དམིགས་པའི་ཤེས་རབ་དང་ལྡན་པའི་སྟོབས་ཀྱིས་མངོན་ཤེས་ཀྱང་ཡོད་ལ་སྒྲིབ་པའང་དྭངས་པས། མའི་མངལ་དུ་སྐྱེ་བ་ཤེས་བཞིན་དུ་དེར་འཇུག་པ་དང་། དེ་ན་གནས་པ་དང་། ཕྱི་རོལ་དུ་སྐྱེ་སྟེ་གཞན་གྱི་དོན་དུ་སྐྱེ་བའོ། །དེ་བཞིན་འཇུག་གནས་མི་ཤེས་འབྱུང་། །ཞེས་པ། འཕགས་པ་ཉན་ཐོས་དང་རང་རྒྱལ་བ་ནི། རང་གི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རགས་པ་སྤོང་བས་མངལ་དུ་ཤེས་བཞིན་དུ་འཇུག །ཤེས་བཞིན་དེ་ན་གནས་ཀྱང་། མི་དམིགས་པའི་ཤེས་རབ་མེད་པའི་རྒྱུས་མངལ་དུ་ཟླ་བ་ཚངས་ནས་ཤེས་པ་དེ་ཉོན་མོངས་པ་སླར་ལངས་པས་བསྒྲིབས་ཏེ་ཕྱིར་སྐྱེ་བ་མི་ཤེས་སོ། །དེ་དག་ནི་བདག་གི་དོན་གྱི་སྐྱེ་བའོ། །དེ་ནས་གཟོད་རྟེན་འབྲེལ་ལ་དཔྱོད་པ་དང་ཐེག་པ་ཆེན་པོར་འཇུག་པའི་ཕྱིར་རོ། །ཤེས་འཇུག་མི་ཤེས་གནས་འབྱུང་དང་། །ཞེས་པ། ལྷ་མི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་སྟོད་རིམ་ནི། རྣམ་པར་དཀར་བའི་ལས་ཆེར་སྤྱད་པ་དང་། བར་མར་དབང་པོ་དྭངས་པས་འཇུག་པ་ཤེས་ནས་འཇུག་གོ། །མངལ་ན་གནས་ཙམ་ན་གདོས་པས་བཟུང་བས་གནས་པར་མི་ཤེས་ཕྱིར་འབྱུང་བ་མི་ཤེས་བཞིན་དུ་སྐྱེའོ། །མི་ཤེས་བཞིན་དུ་འཇུག་ནས་འབྱུང་། །ཞེས་པ། སེམས་ཅན་ལྷ་མི་ཕལ་པ་མན་ཆད་ཤེས་པ་ལས་ཀྱིས་བསྒྲིབས་ཤིང་རྙོགས་པས་མངལ་དུ་མི་ཤེས་བཞིན་དུ་འདུག་སྟེ། རང་གི་གནས་སུ་མཐོང་ནས་དེར་འགྲོ། མི་ཤེས་བཞིན་དུ་དེ་ན་གནས། མི་ཤེས་བཞིན་དུ་ཕྱིར་ཡང་སྐྱེ་སྟེ། རིམ་པར་ན་སྐྱེ་བའི་ཁྱད་པར་དེ་ལ་རེ་རེ་ཡོད་དོ། །དཀྲུགས་ན་ནི་ཁྱབ་ལྔ་པ་དང་སུམ་གཉིས་དང་བདེ་དང་རེ་རེ་ཡོད་པར་འགྱུར་རོ། །འདི་དག་མདོ་སྡེ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་གསུངས་པ་བཞིན་ཏེ་འདིར་མ་བཀོད་དོ། །འཛིན་དང་འདྲེན་པའི་ཉེར་གནས་པ། །ཞེས་པ། ས་བོན་གྱིས་བར་མའི་སྲིད་པའི་རྣམ་ཤེས་འཛིན་པ་དང་། དེར་འདྲེན་པ་དང་། དྲི་ཟ་ཉེ་བར་འཁོར་དེ་ན་གནས་པ་དེ་འཛིན་པའི་ཚུལ་ཡང་། གནས་གསུམ་མཐུན་པས་སྐྱེ་འ ཛིན་བྱེད། །སྐྱེ་གནས་ས་བོན་ལས་རྣམས་ཀྱིས། །ཉེས་པའི་བར་ཆད་གསུམ་མེད་ན། །མངལ་དུ་ཐམས་ཅད་སྨིན་པར་འགྱུར། །ཞེས་པ། ལས་ཀྱི་བར་ཆད་མེད་དེ་ཕ་མ་དང་བུ་བསོད་ནམས་མཉམ་ལ་དེར་འགྱུར་བའི་ལས་བསགས་པ་དང་། སྐྱེ་གནས་སྐྱོན་མེད་པ་དང་། ས་བོན་སྐྱོན་མེད་དེ་མཐུན་ན་བར་མའི་ཤེས་པ་འཛིན་ཏོ། །སྐྱེ་གནས་ཀྱི་བར་ཆད་ལའང་ལྷན་ཅིག་སྐྱེས་པའི་བར་ཆད་དང་། གློ་བུར་གྱི་བར་ཆད་དེ་གཉིས་སོ། །དེའང་མངལ་གྱི་དབྱིབས་ནས་འདྲ་བ་དང་། ཏིལ་དང་ཤིང་རྟ་འདྲ་བ་དང་། དུང་འདྲ་བ་དང་། ཐང་པའམ་ཡོལ་བའམ་སྒྲ་ལྟ་བུར་འཁྱིལ་བ་དང་། གྲ་མ་ལྟ་བུས་གང་བ་དང་། འབྱུང་ཕྱིར་ལུག་སྟེ་གནས་ལྟ་བུ་དང་། རྔ་མོའི་ཁ་ལྟ་བུ་དང་དེ་དག་གོ། །ཡང་འདུ་བ་རྣམ་བཞིའི་ནད་ཀྱིས་འཕྲལ་དུ་མ་རུངས་པར་བྱས་པའོ། །ས་བོན་གྱི་བར་ཆད་ཀྱི་ཉེས་པ་ནི། ས་བོན་ཨ་རུ་ར་ལྟ་བུར་སྐ་བ་དང་། ཕ་མའི་ས་བོན་གཅིག་བྱུང་ལ་གཅིག་མ་བྱུང་བ་དང་། གཉིས་ཀ་མ་བྱུང་བ་དང་། སྔ་ཕྱིར་བྱུང་བ་དང་། གཅིག་རུལ་བ་དང་། གཉིས་ཀ་རུལ་བའོ། །ལས་ཀྱི་བར་ཆད་ཀྱི་ཉེས་པ་ནི། ཕ་མ་གཉིས་ཀྱིས་བུ་ཡོད་པར་འགྱུར་བའི་ལས་མ་བསགས་པ་དང་། སེམས་ཅན་དེ་གཉིས་ཀྱིས་ཕ་མ་ཡོད་པར་འགྱུར་བའི་ལས་མ་བསགས་པ་དང་། ཕ་མས་བུ་དེ་མ་ཡིན་པ་གཞན་བུར་འོང་བའི་ལས་བསགས་པ་དང་། སེམས་ཅན་དེས་ཕ་མ་གཞན་དང་ཕྲད་པའི་བསགས་པ་དང་། ཕ་མ་དང་བར་དོ་བསོད་ཉམས་ཆེ་ཆུང་དུ་གྱུར་པ་དང་། བསོད་ནམས་མཉམ་ཡང་ཕན་ཚུན་ཕ་མ་དང་བུར་འགྱུར་བའི་ལས་མ་བསགས་པའོ། །དེ་དག་མེད་དེ་བཤད་པ་ལྟར་གནས་གསུམ་མཐུན་པས་བར་ཆད་དེ་ལས་བཟློག་པ་བཞིན་གྱུར་ན། མངལ་དུ་སྐྱེ་བའི་སེམས་ཅན་རྣམས་སྐྱེ་བ་མཐར་ཕྱིན་པར་འགྱུར་རོ། །དེ་ཡང་འབྱུང་གནས་གཅིག་ལ་གཅིག །ཞེན་པ་དྲག་པོས་བྱུང་སྐབས་སུ། །ཐ་མར་འཛིན་པའི་བཅུད་འབྱུང་འགྱུར། །དེ་ནས་དེ་བཞིན་གཉིས་ཀ་ལས། གང་བཅུད་ཐིག་ལེ་རེ་རེ་དག །གདོན་མི་ཟ་བར་འབྱུང་བར་འགྱུར། །ཞེས་པ་དེའི་ཚུལ་ཡང་། འབྱུང་བའི་ཕ་དང་གནས་ཀྱི་མ་གཅིག་ལ་གཅིག་འདོད་ཆགས་ཞེན་པ་དྲག་པོ་འབྱུང་སྐབས་སུ་ཆེན་པོ་ལངས་ཏེ་སྤྱོད་པའི་དུས་སྐབས་སུ་གཉིས་ཀ་ལས་ས་བོན་གྱི་བཅུད་ཐིགས་པ་རེ་འབབས་པར་འགྱུར་རོ། །དེ་ཉིད་གང་དེར་འདྲེས་གྱུར་ནས། །གང་དྲོད་ཞོ་བཞིན་འདུ་བ་ཡིན། །ཞེས་པ་དེ་གཉིས་སྐྱེ་གནས་སུ་འདྲེས་པས་འོ་མ་བསྐོལ་བའི་སྤྲིས་མ་ལྟ་བུར་འདུ་བ་ནི་བདུན་ཕྲག་དང་པོ་ཡིན་ནོ། །སེམས་ཅན་ཐམས་ཅད་པ་དེ་དེར་འཇུག་འགྱུར། །བར་དོ་གང་ལ་ངོ་བོ་མེད་པ་དེ། །ས་བོན་དངོས་པོ་ཅི་ཕྱིར་འཛིན་པར་འགྱུར། །ཞེས་པ་ལས་ཐམས་ཅད་དང་ལྡན་པའི་བར་མ་དེ་མངལ་དུ་འཇུག་པ་ནི་དུས་དེ་ཉིད་དུའོ། །འོ་ན་བར་མའི་ཤེས་པ་དངོས་པོ་མེད་པ་དེ་ས་བོན་གདོས་པ་ཅན་གྱིས་ཇི་ལྟར་འཛིན་པར་འགྱུར་ཞེས་དྲིས་པ་དང་། དེ་ཉིད་དཔེའི་སྒོ་ནས་གསལ་བར་བསྟན་པའི་ཕྱིར། དཔེར་ན་མཁའ་འགྲོ་འདོད་དབང་གིས། །ས་གུས་བྲེས་པའི་རྙིས་འཛིན་ལྟར། །གང་མེད་ཆགས་པའི་རྙིས་འཛིན་ཏོ། །ཞེས་པ། དཔེར་བྱ་བཤོར་བར་འདོད་པའི་བྱ་མཁན་གྱིས་རྙི་བཙུགས་ཏེ་འཛིན་པ་ལྟར། དངོས་མེད་ཤེས་པ་དེ་ཆགས་པའི་དབང་གིས་འཛིན་པའོ། །མངལ་དེ་མི་འདྲུལ་བར་བརྟས་པར་བྱེད་པའི་སྙིང་པོ་བར་མ་དོའི་ཤེས་པ་དེས་བྱས་པས་ཇེ་ཆེ་བརྟེན་པར་འགྱུར་བའི་ཕྱིར། །ཐམས་ཅད་པ་ཡི་དབང་དེས་ན། །མི་འདྲུལ་དངོས་སྨིན་བརྟས་པ་ཡིན། །ཞེས་གསུངས་སོ། །དེ་དག་མེར་ནུར་ཕྱོགས་གང་དུ། །དེ་ཞུགས་པ་ཉིད་རྟེན་སྙིང་པོ། །ཞེས་པ། ས་བོན་མེར་མེར་པོ་དང་ནུར་ནུར་པོ་གནས་པའི་ངོ་བོ་ལ་བར་མའི་ཤེས་པ་ཞུགས་པ་ནི། ཤེས་པའི་རྟེན་དང་ས་བོན་གྱི་སྙིང་པོ་ཡིན་པའོ། །གནས་མ་ཐག་པར་བཏང་སྙོམས་ལྡན། །དེ་མཚམས་དེ་ནི་གཉིས་སུ་འགྱུར། །ཞེས་པ། ལས་ཀྱི་རླུང་སུམ་ཅུ་རྩ་བརྒྱད་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལ་འབྱུང་བས་ལུས་རྫོགས་པར་འགྱུར་བའང་འདིར་འཁྲུག་མར་བརྗོད་དེ། མའི་མངལ་དུ་གནས་མ་ཐག་པའི་དུས་སུ་ཚོར་བ་བཏང་སྙོམས་དང་ལྡན་ཏེ་དང་པོའོ། །དེས་བརྟེན་ནས་བདུན་ཕྲག་གཉིས་པ་ལ་ཚོར་བ་བདེ་སྡུག་གཉིས་ཀྱང་མྱོང་བའོ། །འདུ་མཆེད་དྲུག་དོད་སྐབས་དག་ཏུ། །ཞེས་པ་བདུན་ཕྲག་བརྒྱད་པ་ལ། ལས་ཀྱི་རླུང་རྣམ་པར་འབྱེད་པ་ཞེས་བྱ་བས་སྐྱེ་མཆེད་དྲུག་གིས་སྒོ་དང་བུ་ག་དགུ་དོད་པར་བྱེད་དོ། །གང་གིས་དུས་ན་དྭངས་སླ་བ། །ཤིན་ཏུ་བརྟས་པར་འགྱུར་བ་ཡིན། །ཞེས་པ་ཞག་བདུན་ཕྲག་དང་པོའི་ཚེ། ས་བོན་དྭངས་མ་སླ་བ་དེ། ལས་ཀྱི་རླུང་ཀུན་ཏུ་སྡུད་པ་ཞེས་བྱ་བས་ཕོ་མོ་གང་འབྱུང་གི་མའི་རྩིབས་ལོགས་གཡས་ གཡོནདུ next hit་བུས་ནས་ཅུང་ཟད་སྲ་བར་བྱེད་པའོ། །དེ་བཞིན་འདྲིལ་དུས་འདྲིལ་བ་དེ། །ཞེས་པ་ཞག་བདུན་ཕྲག་གཉིས་པ་ལ། ལས་ཀྱི་རླུང་མཛོད་ཅེས་བྱ་བས་དབྱིབས་ཟླུམ་པོར་བྱེད་པའོ། །འདྲེན་པ་ནས་འཇུག་དེ་བརྟས་པའོ། །ཞེས་པ་ཞག་བདུན་ཕྲག་གསུམ་པ་ལ། ལས་ཀྱི་རླུང་བཀྲེས་པ་དང་སྐོམ་པར་བྱེད་པ་ཞེས་བྱ་བས། མས་ཟོས་པའི་ཟས་ཀྱི་བཅུད་བུའི་ལྟེ་བ་ནས་ཞུགས་ནས་ལུས་དེ་རྟས་པར་བྱེད་པའོ། །ལྔ་པ། ལྔ་གང་གང་འདིའི་འབྱུང་བས་བསྐྱེད། །ཅེས་པ་ཞག་བདུན་ཕྲག་བཞི་པ་ལ་ཡན་ལག་གི་རྩ་བ་ལྔ་འབྱུང་བ་བཞིས་བསྐྱེད་པའང་། ལས་ཀྱི་རླུང་ཡང་དག་པས་སྡུད་པས་བསྐྱེད་དོ། །གཅིག་ཏུ་གང་རྟེན་འབྱུང་བ་ཉིད། །དེ་ཉིད་རྟེན་ཞུགས་སྙིང་པོའོ། །ཞེས་པ་དག་གནས་གཅིག་ཏུ་གང་རྟེན་པའི་ས་བོན་གཉིས་པོ་ཉིད་རྣམ་ཤེས་ཀྱི་གནས་ཏེ། དེར་ཤེས་པ་ཞུགས་པ་ནི་ཁོང་ན་གནས་པའི་དོན་དང་འབྲས་བུའི་དོན་གྱིས་སྙིང་པོར་གྱུར་པའོ། །ཐ་མ་གཉིས་ལ་དབང་འབྱུང་སྐྱེ། །ཞེས་པ། མཐར་འབྱུང་བའི་ས་བོན་གཉིས་ལ་དབང་བྱེད་པའི་འབྱུང་བ་ལས་ཀྱི་རླུང་རྣམས་ས་བོན་དེ་ཉིད་ལས་སྐྱེའོ། །ཁམས་བཞིས་རྒྱས་སྲ་སྡུད་སྨིན་འཛིན། །ཞེས་པ། རྐྱེན་འབྱུང་བ་བཞི་ལས་ཀྱི་རླུང་གིས་རྒྱས་པར་བྱེད་པ་དང་། ས་ཡིས་སྲ་བར་བྱེད་པ་དང་། ཆུས་སྡུད་པ་དང་། མེས་སྨིན་པར་བྱེད་པ་སྟེ་དེ་དག་ཆ་མ་སྙོམས་ནས་སྐྱོན་བཞིན་ཡིད་ལུས་མི་འགྲུབ་བོ། །སྙོམས་ན་ལུས་སུ་འགྲུབ་པར་བྱེད་དོ། །ཡན་ལག་རྣམ་འབྱེད་འབྱིན་པ་ཡིན། །ཞེས་པ། དེ་ལྟར་འབྱུང་བ་རྐྱེན་སྙོམས་པ་ལས་ཀྱི་རླུང་བདུན་ཕྲག་ལྔ་པ་ལ་འབྱུང་བ་ནི། རླུང་ཟས་ཞེས་བྱ་བས་ཡན་ལག་ལྔའི་འཕྲོ་མགོ་དང་དཔུང་པ་གཉིས་དང་བརླ་གཉིས་འབྱུང་བ་དང་། བདུན་ཕྲག་དྲུག་པ་ལ་ལས་ཀྱི་རླུང་འཁྱིལ་བྱེད་ཀྱིས་ཡན་ལག་ལྔ་རྫོགས་པར་བྱེད་དོ། །བདུན་ཕྲག་བདུན་པ་ལ་རླུང་ཟློག་སྒྱུར་བྱེད་པས་སོར་མོ་དང་བཅས་པ་རྫོགས་པར་འབྱིན་ཏོ། །གང་དང་གང་གིས་བཞིན་མདོག་འགྱུར། །ཞེས་པ། སྔོན་གྱིས་རང་གི་ལས་དང་། རྐྱེན་མའི་ཁ་ཟས་གཉིས་ཀྱིས་སེམས་ཅན་དེ་བཞིན་ལེགས་ཉེས་སུ་འགྱུར་ཏེ། ཉི་གྲིབ་ཀྱི་རྐྱེན་གྱིས་དཀར་བ་དང་གནག་པར་འགྱུར་བ་དང་། ཁ་ཟས་ལྕི་བས་དམར་བར་འགྱུར་བ་དང་། འཁྲིག་པའི་རྐྱེན་གྱིས་རྔོ་ཅན་previous hit དུ་འགྱུར་བ་ལ་སོགས་པའོ། །གནས་ཡིན་བཞིན་ཕྱོགས་མཐུན་པར་གཡོན next hit། །འབྱུང་ཉིད་སྣྲེལ་ཞིང་ཕན་ཚུན་གཡས། །ཞེས་པ། མོ་ཞིག་ཡིན་ན་བཞིན་མ་དང་མཐུན་པར་མདུ ན་previous hit དུ་བལྟས་ཏེ། ཚིགས་པ་ལ་རྒྱབ་བསྟན་ནས་གཡོན next hit་ཕྱོགས་ན་འདུག་གོ། །ཁྱེའུ་ཡིན་ན་མདུན་ཕྱོགས་རྒྱབ་བསྟན་འདུག་ཕྱོགས་བསྣོལ་མར་བྱས་ནས། རྒྱབ་ཏུ་ཁ་བལྟས་ཏེ་གཡས་ཕྱོགས་ན་འདུག་སྟེ། ཕྱིའི་ཕོ་མོ་ཆགས་པ་སྤྱོད་པའི་ཚུལ་མཐུན་པའོ། །གནས་ན་གནས་དུས་བརྒྱད་ཉིད་དེ། །མེར་ནུར་ལྟར་མཁྲང་ཡན་ལག་འབྱུང་། །ཞེས་པ་མའི་མངལ་ན་གནས་པའི་དུས་ཟླ་བ་བརྒྱད་ཉིད་ཐོགས་ཏེ་གང་ཞེ་ན། དང་པོ་ལ་མེར་མེར་པོ། གཉིས་པ་ལ་ནུར་ནུར་པོ། བདུན་ཕྲག་གསུམ་པ་ལ་རླུང་རབ་ཏུ་འབྱེད་པས་མཁྲང་འགྱུར་ཏེ། མཆིག་གུ་ལྟ་བུའོ། །བཞི་པ་ལ་ཡན་ལག་གི་རྩ་བ་ལྔར་འགྱུར་ཏེ་བཤད་པ་བཞིན་ནོ། །དེ་ལ་དེ་ཕྱིར་འབྱུང་བ་དང་། །དབང་པོ་དང་མཚན་འདོད་པའོ། །ཞེས་པ། ལྔ་པ་ལ་ཡན་ལག་གི་འཕྲོ་སྐྱེ་བ་དང་། དྲུག་པ་ལ་རྫོགས་ནས་བདུན་པ་ལ་ཉིང་ལག་རྫོགས་པར་བཤད་པའོ། །བརྒྱད་པ་ལ་དབང་པོ་དང་ཕོ་མོའི་མཚན་དོད་པ་སྟེ་བུ་ག་དགུའོ། །ཡོངས་སུ་རྫོགས་པའི་དུས་དེ་ན། །བདུན་ཕྲག་པ་ཡི་རླུང་བྱུང་སྟེ། །གང་གི་ནད་ནི་སྐྱེད་པར་བྱེད། །ཅེས་པ་བདུན་ཕྲག་དགུ་པ་ལ་རླུང་སྲ་བར་བྱེད་པས་ལུས་བུས་ནས་རྐྱལ་པ་ལྟ་བུར་གྱུར་ཏེ་སྲ་བར་ཡང་བྱེད་དོ། །བདུན་ཕྲག་བཅུ་པ་ལ་ལས་ཀྱི་རླུང་རྡོ་རྗེ་ཞེས་བྱ་བས་བུ་ག་དགུ་སྦྱངས་ནས་ཁ་སྣ་ནས་ཁྲག་དང་ཆུ་སེར་ལ་སོགས་པ་ཕྱུངས་ཏེ་སྔ་མ་ལས་དབང་པོ་བཟློག་གོ། །བདུན་ཕྲག་བཅུ་གཅིག་པ་ལ་རླུང་ཡོན་པོ་སྒོ་ཞེས་བྱ་བའམ། སྨན་ཡོན་པོ་ཞེས་བྱ་བས་ནང་གྲོལ་རྣམས་བསྐྱེད་དོ། །བདུན་ཕྲག་བཅུ་གཉིས་པ་ལ་ལས་ཀྱི་རླུང་ཞོར་ལ་འབྱུང་བའང་སྤུ་རྒྱུས་པ་ཞེས་བྱ་བས། རུས་མགོ་སུམ་བརྒྱ་སྐྱེ་ཞིང་འབྱོར་པ་དང་འདུ་བ་རྣམ་བཞིའི་ནད་བསྐྱེད་པར་བྱེད་པའོ། །འབྱུང་བའི་ཆར་གཏོགས་རླུང་བྱུང་བས། །གཡོ་འགུལ་ཅན་དུ་འགྱུར་བ་དེ། །སྲིད་འབྱུང་ལུགས་སུ་ཇི་བཞིན་ཟློག །ཅེས་པ་བདུན་ཕྲག་བཅུ་གསུམ་པ་བཤད་པ་བཞིན་ནོ། །བདུན་ཕྲག་བཅུ་བཞི་པ་ལ་ལས་ཀྱི་རླུང་སྐུད་པའི་སྒོ་ཞེས་བྱ་བས་ལུས་ལ་ཆུ་རྒྱུས་གཡོགས་པར་བྱེད་དེ་སྤྱིལ་པོ་ལྟ་བུའོ། །བཅོ་ལྔ་པ་ལས་ཀྱི་རླུང་པདྨ་ཞེས་བྱ་བས་རྩ་ཆེན་པོ་ཉི་ཤུ་ལས་རྩ་ཕྲན་རྣམས་རྒྱས་པར་བྱེད་དོ། །བཅུ་དྲུག་པ་ལ་ལས་ཀྱི་རླུང་བདུད་རྩི་ཞེས་བྱ་བས། སྙིང་དང་མིད་པའི་སྒོ་འབྱེད་དོ། །བཅུ་བདུན་པ་ལ་རླུང་འབྲི་གཏིང་ཞེས་བྱ་བས་དབང་པོ་རྣམས་དྭངས་པར་བྱེད་དོ། །བཅོ་བརྒྱད་པ་ལ་རླུང་བརྟན་འགྱུར་ཞེས་བྱ་བས་སྔོན་གྱིས་ལས་བཞིན་དུ་ལེགས་ཉེས་ཆེ་ཆུང་བྱེད་དོ། །བཅུ་དགུ་པ་ལ་རླུང་ལས་བྱེད་ཅེས་བྱ་བས་དབང་པོ་གསུམ་རྫོགས་པར་བྱེད་དོ། །ཉི་ཤུ་པ་ལ་རླུང་ཤིན་ཏུ་སྲ་བ་ཞེས་བྱ་བས་རུས་པ་རྣམས་བརྟན་པར་བྱེད་དོ། །ཉེར་གཅིག་པ་ལ་རླུང་ཡང་དག་པར་བསྐྱེད་པས་ཤ་རྣམས་བསྐྱེད་དེ་དཔེར་འཇིམ་པའི་སྐུའི་ཞལ་ཞལ་བཞིན་ནོ། །ཉེར་གཉིས་པ་ལ་རླུང་ཀུན་ཏུ་རྒྱལ་བ་ཞེས་བྱ་བས་ཁྲག་རྣམས་སྐྱེད་པར་བྱེད་དོ། །ཉེར་གསུམ་པ་ལ་རླུང་ཡོངས་དག་འཛིན་ཞེས་བྱ་བས་པགས་པ་གཡོགས་པར་བྱེད་དོ། །ཉེར་བཞི་པ་ལ་རླུང་སྤྲིན་འཛིན་ཞེས་བྱ་བས་པགས་པ་དང་ཁ་དོག་དང་ལྡན་པར་བྱེད་དོ། །ཉེར་ལྔ་པ་ལ་རླུང་གྲོང་ཁྱེར་འཛིན་ཞེས་བྱ་བས་ཁྲག་རྣམས་དྭངས་པར་བྱེད་དོ། །ཉེར་དྲུག་པ་ལ་ལས་རླུང་སྐྱེ་བ་མངོན་དུ་གྲུབ་པར་བྱེད་པ་ཞེས་བྱ་བས་བ་སྤུ་དང་ཆུ་རྒྱུས་དང་སེན་མོ་རྣམས་འབྲེལ་བར་བྱེད་དོ། །ཉེར་བདུན་པ་ལ་རླུང་ཕན་ཡོན་ཆེན་པོ་ཞེས་བྱ་བས། སྔོན་གྱི་ལས་ལྟར་བཞིན་ལེགས་ཉེས་དང་ལུས་བོང་ཆེ་ཆུང་བྱེད་དོ། །ཉེར་བརྒྱད་པ་ལ་རླུང་རྟོག་པ་ཞེས་བྱ་བས་འདུ་ཤེས་རྒྱ་སྐྱེད་པར་བྱེད་དོ། །ཉེར་དགུ་པ་ལ་རླུང་མེ་ཏོག་འཕྲེང་ཞེས་བྱ་བས་ལུས་ཀྱི་ཁ་དོག་སོ་སོར་བསྒྱུར་རོ། །སུམ་ཅུ་ལ་རླུང་ལྕགས་སྒོ་ཞེས་བྱ་བས་སྤུ་དང་སེན་མོ་རྒྱས་པར་བྱེད་དོ། །སོ་གཅིག་པ་ནས་སོ་ལྔ་པའི་བར་བདུན་ཕྲག་ལྔ་ལ་ལས་ཀྱི་རླུང་ཡངས་པར་བྱེད་པ་ཞེས་བྱ་བས་མཚན་མ་རིལ་འཕེལ་ཞིང་རྒྱས་པར་བྱེད་དོ། །བདུན་ཕྲག་སོ་དྲུག་པ་ལ་ལས་ཀྱི་རླུང་གཡོ་བར་བྱེད་པ་ཞེས་བྱ་བས་ཕྱི་རོལ་དུ་འབྱུང་བའི་སེམས་བསྐྱེད་དེ། གཡོ་འགུལ་ཅན་དུ་འགྱུར་རོ། །སོ་བདུན་པ་ལ་རླུང་དྭངས་པ་ཞེས་བྱ་བས་སྐྱེ་བའི་འདུ་ཤེས་ལྔ་བསྐྱེད་པས་ཕྱིར་འབྱུང་བ་ལ་དགའ་བའོ། །སུམ་ཅུ་བརྒྱད་པ་ལ་ལས་རླུང་ཐོགས་པ་མེད་པ་ཞེས་བྱ་བས་རྟེན་འབྲེལ་བཅུ་གཉིས་ཀྱི་ལུགས་སུ་སྐྱེ་བས་མགོ་མཇུག་ལྡོག་སྟེ། མགོ་ཐུར་དུ་སྟོན་ཏེ་སྐྱེ་བར་བྱེད་དོ། །དེས་རྫོགས་པའི་ཕྱིར། དེ་དག་དེ་ན་གནས་པའི་ཡུན། །བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱིས། །ཐམས་ཅད་དེས་ནི་རྫོགས་པ་ཡིན། །ཞེས་གསུངས་ཏེ། འདོད་པའི་མི་ཁོ་ནའི་དབང་དུ་བསྟན་པ་སྟེ། ཞག་ཉི་ཤུ་རྩ་བརྒྱད་པ་ཕྲག་དགུ་ལ་ཟླ་བ་བརྒྱད་དེ་ཕལ་ཆེའི་དབང་ངོ་། །གང་གི་རྩ་དྲུག་བཞི་རྫོགས་ནས། །གདོན་མི་ཟ་བར་འབྱུང་བ་ཡིན། །ཞེས་པ་སུ་ཞིག་མངལ་ན་གནས་པ་དེའི་ལུས་ཀྱི་རྩ་བ་གཟུགས་དྲུག་དང་། མགོ་པགས་བྲང་དང་ནང་གྲོལ་བཞིས་ལུས་རྫོགས་ནས་ཕྱིར་སྐྱེའོ། །ཟླ་བའི་ཚད་བརྩིས་པའོ། །དེ་ལྟར་འཇུག་པའི་ཆོས་བཞི་ཡང་ཡིད་ཀྱི་ལས་སོ། །ལྔ་གསུམ་གྱི་ཐ་མ་སྐྱེ་བ་བསྟན་པའི་ཕྱིར། ལྔ་པ་འབྱུང་བའི་ཆོས་བཞི་ལ། །གང་ལས་རྣལ་འབྱོར་འབྱུང་གནས་ཉིད། །གང་འདིར་དེ་དག་བཞི་ཕྲག་བཞི། །བཅུ་དྲུག་ཆོས་སུ་གྲགས་པ་ལ། །གང་སྐྱེ་བ་དག་ཀུན་འདུས་པའོ། །ཞེས་པ། གསུམ་པའི་ལྔ་པ་ཕྱིར་སྐྱེ་བ་ལ་བཞི་སྟེ་འཇུག་པའི་རྗེས་སུ་བསྙད་དོ། །དེ་གང་ལས་ཀྱིས་སྐྱེ་བ་ནི་ལྷ་མི་སྟོད་སྨད་གཉིས་ལ་སོགས་པའོ། །རྣལ་འབྱོར་བསྒོམ་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་རྒྱལ་ལོ། །གང་དེ་དག་ཀྱང་འདིར་མངལ་གཅིག་པུའི་དབང་དུ་བསྟན་པར་ཟད་ཀྱི། དེ་རེ་རེའང་སྐྱེ་བ་བཞི་ཆར་དུ་སྐྱེ་བའང་ཡོད་པས་བཅུ་དྲུག་ཏུ་འགྱུར་རོ། །སྐྱེ་བ་རིལ་དེར་འདུས་སོ། །འོ་ན་བྱང་ཆུབ་སེམས་དཔའ་དེ་འདུལ་དབང་གིས་ཇི་ལྟར་རུང་ན། མི་སྐྱེ་བ་བཞི་ལས་བཏུབ་བམ་ཞེ་ན། དེ་ཡང་བཙུན་མོ་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་སྒོ་ང་ལས་སྐྱེས་པ་དང་། སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན་པདྨར་བརྫུས་ཏེ་སྐྱེ་བ་དང་། སྨིན་དཔེར། བསྐལ་པ་དང་པོའི་མི་བརྫུས་ནས་སྐྱེས་ལ། རྒྱལ་པོ་སྤྱི་བོ་སྐྱེས་དྲོད་གཤེར་ལས་སྐྱེས་ལ། ཕལ་པ་མངལ་ལས་སྐྱེའོ། །ལྷ་ལའང་བཞི་ཀ་ཚང་སྟེ། ལྷ་མོ་ཨ་འབྲ་སྐྱོང་ཤིང་གི་དྲོད་ལས་སྐྱེས་ཡང་སྨིན་དཔེར། ལྷ་ཚངས་པ་སྒོ་ང་ལས་སྐྱེས། འདོད་ལྷ་དམན་པ་རྣམས་པང་དང་ཕྲག་པ་བརྫུས་ནས་སྐྱེས་པ་ལྟ་བུའི་ཕྱིར་ཏེ། དེ་རྣམས་ནི་ཁྱད་པར་མངལ་དུ་འཇུག་པའི་རྗེས་སུ་བསྙད་དོ། །རྒྱུད་གཞུང་ལེའུ་བཅུ་དྲུག་པ་ལས་ནི། བཤད་པའི་གང་ལས་ཀྱི་སྐྱེ་བ་བཞི་དང་། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས་སྐྱེ་བ་བཞི་དང་། ཐུགས་རྗེའི་སྐྱེ་བ་བཞི་དང་། ཆོས་ཉིད་ཀྱི་སྐྱེ་བ་བཞི་ནི་འབྱུང་གནས་ཆེན་པོ་སྟེ་བཞི་བཞིའོ། །སྐབས་འདིར་དེ་ལྟར་བཞི་ཕྲག་བཞི་ལ་བཅུ་དྲུག་ཏུ་རྒྱུད་ལས་གྲགས་པ་དེར་སྐྱེ་བ་དག་མ་དག་རིལ་འདུས་སོ། །འོ་ན་རང་བཞིན་དང་ཐུགས་རྗེ་ནི་ཡིད་ཀྱི་ལས་སུ་མི་འགྱུར་བས། དེ་ལ་དགོས་པ་མེད་དོ་བར་དོགས་པ་ལ། འདི་དག་ལས་ཀྱིས་སྐྱེ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ནི། །ངང་རིང་མགྱོགས་པའི་ལས་ཡིན་ཞེས། །མུན་པའི་སྤྱོད་ཡུལ་པ་ཡིས་མཐོང་། །ཞེས་པ། དེ་ལྟར་བཀོད་པའི་དགོས་པས་རིལ་ལས་ཀྱིས་སྐྱེ་བ་ཡིན་པར་ངོས་ཟིན་ཏེ། དཀར་ནག་ལས་གྱུར་པའོ། །ཡིད་ཀྱི་ལས་བཟང་ངན་དང་འདུས་བྱས་དང་འདུས་མ་བྱས་རིལ་བྱེད་པ་ནི། སྐད་ཅིག་མའི་རྒྱུན་མ་ཆད་པར་ཡུལ་ལ་མྱུར་བ་ཡིད་ཀྱི་ལས་ཡིན་པར་རྒྱུའི་ཐེག་པ་དང་། མུན་པའི་ཡུལ་ལ་གནས་པ་བདག་གིས་མཐོང་། །དེ་ལ་རང་རྒྱུད་ཀྱི་མུན་པ་དང་ལྟོས་པའི་མུན་པ་གཉིས་སུ་འགྱུར་རོ། །དེ་གང་ལ་དགོངས་ཞེ་ན། ལས་ཀྱིས་བསྒྱངས་པས་བསྒྲིབས་པ་ལ། །དགོངས་ཏེ་དེ་ལྟར་མདོ་གསུངས་པའོ། །ཞེས་པ་རང་གིས་ལས་ཀྱིས་བསྒྱངས་པས་རྩ་བ་ཆེན་པོ་མ་མཐོང་བ་རྒྱུའི་ཐེག་པ་པ་རྣམས་ཀྱི་ཡུལ་དང་། དེ་འདྲ་བ་ལ་དགོངས་ཏེ་དམིགས་པའི་མདོ་བཀའ་སྩལ་པའོ། །ལྔ་ཕྲག་ཐ་མའི་ཡན་ལག་ཉི་ཤུ་དྲུག་ཀྱང་ཡིད་ཀྱི་ལས་སོ། །ལང་ཀའི་བདག་པོ། ཞེས་བོས་ནས། དོན་གྱི་ངོ་བོ་བསྟན་པའོ། །ལང་ཀའི་བདག་པོ་གཞན་ཡང་འཇུག་པའི་མདོ་གང་ཞེ་ན། འདི་ལྟ་སྟེ། དེ་འདོད་བྱེད་པ་རྣམས་གསུམ་གནས། །གོ་འབྱེད་རྒྱུན་གཅིག་རྒྱུད་གཞན་མེད། །ཅེས་སྡུད་པ་པོ་ལ་བོས་ནས། མུན་པའི་དྲིས་ལན་མདོ་ཐ་མ་སྒོ་ལྔ་ཉེར་བར་སྟོན་པ་ནི་ཇི་ལྟ་ཞེ་ན། སྒོ་ལྔའི་ཤེས་པ་ཡུལ་ལ་འཇུག་པར་བྱེད་པས་མིང་འགྲུབ་པ་ཡང་གནས་རྣམ་པ་གསུམ་སྟེ། གོ་འབྱེད་པའི་གནས་སྔ་མ་སྔ་མ་འགགས་མ་ཐག་པའོ། །ལྷན་ཅིག་འབྱུང་བའི་གནས་དབང་པོ་ལྔའོ། །བག་ཆགས་ཀྱི་གནས་སྒོ་ལྔས་ཡུལ་བཅད་དེ། ཡུལ་དང་ཤེས་པ་གཉིས་ཀ་འགགས་ནས་ཀུན་གཞི་ལ་བག་ཆགས་བསགས་པའི་རྒྱུ་སྟེ། སྔར་མེད་པ་ལས་ཡོད་པར་གྱུར་པའོ། །སོ་སོ་རིས་སུ་བཅད་དབང་བྱེད། །ཅེས་པ་དམིགས་པའི་ཡུལ་རིས་སུ་ཆད་དེ་ཐ་དད་པས་རང་རང་སོ་སོར་དབང་བྱེད་དེ་གཞན་དུ་མ་ཡིན་ནོ། །དེ་ཉིད་ལྡན་པ་དེ་ཁོ་ན། །ཞེས་པ་འཁོར་ནི་ཐུན་མོང་དུ་ལྔ་ཀུན་ཏུ་འགྲོ་བ་དང་འགྲོགས་སོ། །གང་གི་ངོ་བོར་བྱུང་ཙམ་ཉིད། །ཅེས་པ་ལས་ནི་རྒྱུ་མཐུན་པའི་བག་ཆགས་ཙམ་སོགས་ཏེ་གསལ་བར་མ་ཆོད་པས་རྣམ་པར་སྨིན་པ་སོགས་མི་ནུས་ཏེ། མངོན་སུམ་ངེས་མེད་ཀྱི་ཤེས་པར་འགྱུར་བའི་ཕྱིར་རོ། །གང་ཡང་མ་ཡིན་དེ་དབུ་མ། །ཞེས་པ་ཚོར་བ་ནི་བཏང་སྙོམས་དང་ལྡན་པའོ། །ཀུན་ཏུ་མི་འཆོས་རང་བཞིན་བླུན། །ཞེས་པ་རང་གི་ངོ་བོ་ནི་ཡུལ་ཀུན་གྱི་བྱེ་བྲག་ལ་དམིགས་མི་ནུས་ཏེ། རང་བཞིན་བླུན་པས་རྟོག་མེད་ཀྱི་ཤེས་པའོ། །གསུམ་གསུམ་གཉིས་དང་རྐྱེན་གསུམ་དུ། །ཞེས་པ་ལྡོག་པའི་དུས་ནི་དགུ་སྟེ། གཉིད་ལོག་པ་དང་། བརྒྱལ་བ་དང་། འབོགས་པ་དང་། ལམ་དག་པའི་དུས་དང་། མཉམ་པར་བཞག་པའི་དུས་དང་། ངེས་པ་རྙེད་པའི་དུས་དང་། རྐྱེན་འོན་ལོང་ལ་སོགས་པ་དབང་པོ་ཉམས་པ་དང་། ཡུལ་དང་མ་འཕྲད་པ་དང་། དབང་པོ་མ་ཚང་བའི་དུས་སུ་ལྡོག་གོ། །འདོད་ཁམས་ཡོངས་སུ་རྫོགས་པ་ཡིན། །ཞེས་པ་འདོད་པ་ལྔ་དང་མི་འབྲལ་བས་འདོད་པའི་ཁམས་དང་ཆ་མཐུན་པའི་ཕྱིར། ཁམས་གསུམ་རྒྱུད་ལ་ཚངས་པའི་དབང་སྟེ། དེ་སྒོ་ལྔའི་དོན་མཐར་ཐུག་པའོ། །ལང་ཀའི་བདག་པོ་དེ་ནི་མདོ་བཞི་ཞེས་བྱ་སྟེ། དེས་དེ་ཡོངས་སུ་དགྲོལ་བར་ཤེས་པར་བྱའོ། །ཞེས་པ་གང་རྒྱས་པར་བསྟན་པས་མདོ་བཞི་འགྲེལ་པ་དང་། མདོ་བཞི་རྩ་བ་ཆེན་པོ་ལ་འགྲེལ་པར་བྱེད་དེ། མུན་པ་ངོ་ཤེས་པའི་སྒོ་ནས་སོ། །ཡན་ལག་གསུམ་པ་གང་སྙམ་པ་ལ། ལང་ཀའི་བདག་པོ། རྩ་བ་གསུམ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་བོས་ནས་རྩ་བའི་རྣམ་གྲངས་ཉེ་བར་སྟོན་པ་ནི་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་དངོས་པོའི་རྩ་བ་ནི་གང་ཅི་ཡང་མེད་པ་ལས་ཅིར་ཡང་སྣང་བའོ། །ཞེས་པ། དངོས་པོའི་ལུས་ནི་ངོ་བོ་ཅིར་ཡང་མ་གྲུབ་པའི་ངང་ལས་བཟང་ངན་ཆེ་ཆུང་སྣ་ཚོགས་པར་ལས་དང་ངོ་བོ་གཉིས་ཀྱིས་སྣང་བ་གཉིས་སོ། །བརྗོད་པའི་རྩ་བ་ནི་ཅི་ཡང་མེད་པ་ལས་ཅིར་ཡང་འགྱུར་བའོ། །སྒྲའི་གཞི་ངག་གི་ངོ་བོ་མ་གྲུབ་པའི་རང་བཞིན་ལས། ཇི་ལྟར་ཡང་བརྗོད་པའི་སྒྲ་མི་མཐུན་པར་གྱུར་པ་སྟེ་སྣང་བ་གཉིས་སུ་མཐུན་ནོ། །ཐམས་ཅད་པའི་རྩ་བ་ནི། གང་ཅི་ཡང་མེད་པ་ལས་ཅིར་ཡང་རིག་པའོ། །ཞེས་པ་ཆོས་རིལ་གྱི་རྒྱུ་འཕེལ་རྒྱས་ན། །སྐྱེ་བུ་རྒྱལ་པོའི་བཀའ་རྒྱུད་ཡིན། །ཞེས་པ། དོན་དེ་མ་གོ་བ་སྡུད་པ་པོས་ཞུས་པ་དང་། སྟོན་པས་བཀའ་སྩལ་པ་སྤེལ་མར་བྱུང་བས་ཚིག་ཏུ་འཕེལ་ཞིང་རྒྱས་པར་བྱུང་བ་ནི། སྟོན་པའི་བཀའ་རྒྱུད་ཀྱི་ངོ་བོ་ཡིན་ནོ། །ངོ་བོའི་རྗེས་སུ་ངེས་ཚིག་གསལ་བར་བསྟན་པ་ནི་གང་སྙམ་པ་ལ། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་དམ། །ཅེས་པ། མན་ངག་གི་བཙལ་བ་མེད་པར་གྲུབ་པའི་ཐབས་དང་། འབད་པའི་གྲོན་ཚོགས་ཆུང་བ་དང་། དོན་བློས་གཏིང་དཔག་པར་དཀའ་བ་དང་། བྱ་བ་མེད་པ་ལ་རྩོལ་མཐའི་དཀའ་བ་མེད་པ་དང་། དོན་ཤིན་ཏུ་ཟབ་པའི་ཕྱིར་ཆོས་ལྔའི་སྒོ་ནས་མན་ངག་ངེས་པར་འགྲུབ་བོ། །དེ་ཉིད་ངེས་པ་དེ་ཁོ་ན། །མ་བསླད་ཇི་བཞིན་བཅད་པ་ལུང་། །ཞེས་པ། དེ་ཁོ་ན་ཉིད་དགོངས་པ་དམ་པ་གསང་སྔགས་ཇི་བཞིན་པ་ཉིད་སྒྲོ་སྐུར་མེད་པར་ཐུགས་ལ་མངའ་བ་བཞིན་བཀའ་སྩལ་པའི་ཕྱིར་ལུང་ངོ་། །བཅས་གཞི་གཏམ་རྒྱུད་ལས་རྒྱུད་དང་། །རྟོག་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །ཅེས་པ། གླེང་གཞི་དང་གླེང་བསླང་བ་དང་རྒྱུད་ཀྱི་དོན་ཉམས་སུ་བྱ་བ་རྣམས་དང་། རྒྱུད་ཀྱི་ཚིག་གི་ཡན་ལག་ངེས་པ་དང་། སྦྱོར་བའི་རྟོག་པ་དགོས་འབྲེལ་དང་བཅས་པའི་ཆོས་བཞིའི་ཕྱིར་རྒྱུད་དོ། །གསུམ་དུ་སྣང་བ་གཅིག་ཏུ་ཟད། །དབྱེར་མེད་ཚུལ་གཅིག་རང་བཞིན་ལ། །རྩལ་དང་རྣམ་པར་སྣང་བ་དང་། །གཅིག་ཏེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་པ་དག །དེ་ལྟར་མཚན་ཉིད་སོ་སོར་གསལ་ལ་ངོ་བོ་དོན་གཅིག་ཏུ་འདུས་པས་དབྱེར་མེད་པ་ལ་ལྟ་སྤྱོད་ཀྱི་འཕངས་མཐོ་དམན་དང་། སོ་སོའི་བྱེ་བྲག་མ་འདྲེས་པར་སྣང་བ་དག་ངོ་བོ་ཐ་དད་པ་མེད་དེ་སོ་སོའི་བྱེ་བྲག་ཏུ་དབྱེར་མེད་དོ། །དེ་བས་རྒྱུད་འདི་རྒྱུད་ལུང་མན་ངག་གསུམ་ཀ་ཡིན་པར་ཐེ་ཚོམ་མེད་དོ། །དེ་སྐད་གསང་བ་མཆོག་དེས་བཤད། །ལས་ཀྱིས་བསྒྱངས་པ་གང་དག་ལ། །གང་འདིར་མུན་པའི་ཕྱོགས་བཤད་པ། །གོ་ཆ་བགོས་པར་ཤེས་པར་གྱིས། །ཞེས་པ་སྔར་བཤད་པ་ལྟར་སྟོན་པས་བཀའ་སྩལ་པ་ནི། རང་རང་གི་ལས་ཀྱིས་བསྒྱངས་པ་ནི་གསང་སྔགས་མ་མཐོང་བའི་འགྲོ་བ་རྣམས་ལ། མུན་པའི་མཚན་ཉིད་སྣང་བའི་སྤྱོད་ཡུལ་དང་མ་འདྲེས་པར་བཀའ་སྩལ་པར་དམ་བཅས་པ་དེའི་དོན་ཡིན་པར་རྟོགས་པར་བྱོས་ཤིག་པའོ། །ཆོས་ཐམས་ཅད་ཀྱི་རྩ་བའི་སེམས་ནི་ངོ་བོ་བསྟན་དུ་མེད་པ་ལས། གང་ཡང་གསལ་བར་ཤེས་པའོ། །ལང་ཀའི་བདག་པོ། དེ་དག་ནི་རྩ་བ་སྟེ་དེས་ཐམས་ཅད་ངེས་པར་འབྱིན་པའོ། །ཞེས་པ་བོས་ནས་བཤད་པ་གསུམ་ནི་རིལ་གྱི་གཞི་སྟེ། དེ་ལས་ཕྱི་ནང་རིལ་གསལ་བར་འབྱུང་བའོ། །ཞེས་ངོ་བོ་བསྟན་པ་ནི་ངེས་ཚིག་ཏུ་འགྱུར་རོ། །ལམ་གྱི་དུས་ན་བཤད་པའི་རྩ་བ་གསུམ་པོ་ནི་དེ་ཉིད་ལམ་གྱི་རྩ་བ་གསུམ་དུ་བསྟན་པའི་ཕྱིར། ལང་ཀའི་བདག་པོ། དེ་དག་ནི་འདི་ལྟ་སྟེ། ཆོས་ཀྱི་རྒྱལ་པོས་གང་གསུངས་པ། །ཐུགས་དང་ཞལ་དང་ཞུས་ལན་གསུམ། །དོན་དམ་ལུང་དང་རྒྱུད་ཅེས་པ། །གང་འདིར་གསུམ་དུ་གྲགས་པ་ལ། །གང་དག་འདི་ལ་རྣམ་རྟོག་པ། །ཆོས་ཀྱི་རྒྱལ་པོའི་གསུང་གཅིག་ལ། །རྒྱུད་དང་ལུང་དང་དོན་དམ་ཞེས། །གསུམ་དུ་སྣང་བ་དེ་ཇི་ལྟ། །སྙམ་དུ་རྟོག་པ་དེ་གང་དག །ཉིད་ཀྱིས་མཁྱེན་ཏེ་དེ་གསལ་བར། །དགོངས་ཏེ་གསུམ་ཉིད་རྣམ་པར་གསུངས། །ཞེས་པ་སྡུད་པ་པོ་ལ་བོས་ནས། ལོག་པའི་སྒོ་གསུམ་རྣམས་ལམ་གྱི་རྩ་བ་ཉེ་བར་སྟོན་པ་ནི། སྟོན་པ་རིགས་ཀྱི་བདག་པོས་ཆོས་ཀྱི་དངོས་པོ་གང་བཀའ་སྩལ་པ་ཟབ་མོ་དག་ནི། དགོངས་པ་དང་གསུང་དང་དེ་མ་གོ་བ་ཞུས་ལན་འདྲེན་མར་གསུངས་པ་གསུམ་སྟེ། དེ་གང་ཡིན་ཞེ་ན། མན་ངག་དང་ལུང་དང་རྒྱུད་ཀྱི་ངོ་བོར་གྲགས་པའི་གཞི་ལ་ཐེ་ཚོམ་ཟ་བ་དང་སྟོན་པའི་གསུང་སྔགས་ཟབ་མོ་གཅིག་ལ་རྒྱུད་ལུང་མན་ངག་གསུམ་སྣང་བ་འདི་ཇི་ལྟར་འབྱུང་སྙམ་དུ་ཐེ་ཚོམ་སྐྱེས་པ་རྣམས། སྟོན་པ་ཉིད་ཀྱི་ཐུགས་ཀྱིས་མཁྱེན་ནས་ཐེ་ཚོམ་དེ་བསལ་བར་བྱ་བའི་ཆེད་དུ་དགོངས་ཏེ་བཀའ་སྩལ་བའི་ཐབས་གསུམ་གང་ཞེ་ན། གང་དེ་སྐབས་དང་སྐབས་འཕྲོས་པའོ། །ཞེས་པ་འདི་དག་རང་རྒྱུད་མ་ཡིན་པས་དོན་བཀའ་སྩལ་བའི་སྐབས་དང་། སྐབས་ལས་དྲིས་ལན་དུ་གཅིག་ལས་འཕྲོས་པའོ། །དེ་སོ་སོ་ནས་བསྟན་པའི་ཕྱིར། སྐྱེས་བུའི་ཐུགས་ལ་གང་གནས་པ། །ཞལ་དུ་མ་ཕྱུང་དོན་དམ་ཉིད། །ཅེས་པ་སྟོན་པ་ཉིད་ཀྱི་དགོངས་པ་ལ་གསང་སྔགས་དོན་མཆོག་མ་འདྲེས་ལ་ཡོངས་སུ་རྫོགས་པར་མངའ་བ་ནི། དངོས་སུ་བརྗོད་པ་དང་བྲལ་བས་དོན་དམ་མན་ངག་གོ། །གསུང་གི་འགྱུར་བའི་དེ་མཚོན་ན། །སྐྱེས་བུ་རྒྱལ་པོའི་བཀའ་ལུང་ཡིན། །ཞེས་པ་གསུང་བརྡ་ཚིག་ཇི་ལྟར་ཡང་བརྗོད་པས་དོན་གྱི་དངོས་པོ་སྒྲོ་སྐུར་མེད་པར་མཚོན་པ་ནི། སྟོན་པའི་བཀའ་ལུང་གི་ངོ་བོ་ཡིན་ནོ། །ཞུས་ལན་ཕྲ་མོ་གང་གི་མུན་པའི་སྤྱོད་ཡུལ་བསྟན་པའི་ལེའུ་ཞེས་པ་ལེའུའི་མཚན་བསྟན་པའོ། །ལྔ་བཅུ་ལྔ་པ་འགྲེལ་པའོ།། །།མུན་པའི་རྗེས་སུ་གསང་སྔགས་ཀྱི་ཐབས་ངེས་པའི་རྩ་བ་སྣང་བའི་སྤྱོད་ཡུལ་དམ་པ་ཟླ་ཡིས་གསལ་བར་བསྟན་པའི་ཕྱིར། དེ་ནས་ལང་ཀའི་བདག་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། གསང་བའི་བདག་པོ་ལ་གང་ཡོངས་སུ་དྲི་བ་དྲིས་པ། ཀྱེ་གསང་བའི་བདག་པོ། རྩ་བ་གང་ལ་གང་གི་སྣང་བ་ཡོངས་སུ་དག་པའི་སྤྱོད་ཡུལ་གང་ལགས། དེ་སྐད་ཅེས་གསོལ་པ་ལས། ཞེས་པ་མུན་པའི་རྗེས་སུ་སྟོན་པ་ལ་བོས་ནས་དྲི་བ་མི་མཐུན་པ་ནི། བྱང་ཆུབ་ཀྱི་སེམས་རྩ་བ་ཆེན་པོ་དེ་གང་གི་རིག་པ་ལ་སྣང་། སུའི་སྤྱོད་ཡུལ་དུ་གྱུར་པ་ལགས། ཞེས་དྲིས་པ་ནི་ལེའུ་བཞི་བཅུ་དྲུག་པའི་རྩ་བ་ལས་འཕྲོས་པའི་འདིར་རང་བཞིན་ལྟ་བའི་ངེས་དོན་གྱིས་འཆད་པའོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་སྟོན་པས་བཀའ་སྩལ་པ། །སྡུད་པས་དྲི་བ་གཉིས་ལ་ལེགས་པ་གཉིས་གནང་ནས་བཀའ་སྩལ་པ་གང་ཞེ་ན། ལང་ཀའི་བདག་པོ། དེ་ཡང་འདི་ལྟར་བཅོམ་ལྡན་འདས་ངོ་བོ་ཉིད་དག་པ་སྟེ་ཡོངས་སུ་དག་པ་ཞེས་བྱ་བའི་ཞིང་ཁམས་ན། གང་གིས་བཞུགས་པ་དེའི་ཚེ་དེའི་དུས་ན། གང་དཔག་ཏུ་མེད་པའི་རྒྱལ་བ་དག་དགོངས་པ་ཀུན་ནས་འདུས་པ་དག་ལ་གང་སྣང་བ་ཡོངས་སུ་དག་པའི་སྤྱོད་ཡུལ་དུ་དགོངས་ཏེ། དེ་ཁོ་ན་ཉིད་སྣང་བ་དེ་ཁོ་བོས་ཕྱིན་ཅི་མ་ལོག་པར་བགྲོ་བར་བྱའོ། །ཞེས་པ་སྡུད་པ་པོ་ལ་བོས་ནས། དེ་བསྟན་པ་ཡང་ལོ་རྒྱུས་བརྗོད་པ་སྟོན་པ་བཅོམ་ལྡན་འདས་ངོ་བོ་ཉིད་ཀྱི་སྐུ་ཆེན་པོས་གནས་དབྱིངས་མུ་མཐའ་ཡོངས་སུ་དག་པ་ཞེས་བྲལ་བར་གཉིས་སུ་མེད་པའི་ངང་གིས་བཞུགས་ཐབས་དང་གཅིག་དུ་མ་དང་བྲལ་བའི་ཚུལ་གྱིས་བཞུགས་པའི་དུས་ན། འཁོར་དཔག་ཏུ་མེད་པ་རྒྱལ་བ་རྒྱ་མཚོ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དེ་ཁོ་ན་ཉིད་གང་སྣང་བ་ཡོངས་སུ་དག་པའི་རིག་པ་ལ་གསལ་བ་ནི་ཐེག་པ་གཞན་གྱིས་ཡུལ་མིན་ཏེ། རྒྱུད་ཡོངས་སུ་དག་པ་གསང་སྔགས་པའི་ཡུལ་ཡིན་པར་དགོངས་ནས་བསྟན་པ་གསང་བ་ཇི་བཞིན་པའི་དེ་ཁོ་ན་ཉིད་དོན་བཀའ་སྩལ་པས། འཁོར་གྱི་རིག་པ་ལ་སྣང་བའི་དོན་དེ་ཁོ་བོ་ཕྱག་ན་རྡོ་རྗེ་ངས་མ་ནོར་བར་ལང་ཀ་ལ་སོགས་པ་ལ་བཤད་པར་ཞལ་གྱིས་བཞེས་པའོ། །འོ་ན་འདིར་གླེང་གཞི་ཁོ་ན་སྨོས་པ་ཅི་དགོས་ཞེ་ན། དེ་ཁོ་ན་ཉིད་སྣང་བ་དམ་པ་དག་པ་མཐར་ཕྱིན་པ་ནི་ངོ་བོ་ཉིད་ཆོས་ཀྱི་སྐུ་འཁོར་དང་བཅས་པ་ཁོ་ནའི་ཕྱིར་རོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། མུན་ཁུང་གསེར་སྟོར་སྒྲོན་མས་རང་སྣང་ལྟར། །མ་རིག་མུན་པར་སེམས་སྟོར་རང་སྣང་བ། །ཞེས་པ་དག་བོས་ནས་ཁུངས་ཉེ་བར་བསྟན་པ་ནི། དཔེར་མུན་ཁུང་གི་གསེར་སྒྲོན་མས་རྙེད་པ་བཞིན། བྱང་ཆུབ་སེམས་ཀྱི་གསེར་མ་རིག་པའི་མུན་པར་སྟོར་བ་རྙེད་པར་བྱེད་པའི་རྐྱེན་སྒྲོན་མ་རྩ་བ་རྒྱུད་འདི་ནི། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་སུ་གྱུར་བ་སྟེ། སྔར་འདས་པའི་རྒྱལ་བས་ཀྱང་བཀའ་སྩལ་པའོ། །ཆོས་ཀུན་རྩ་བ་སེམས་འདི་ཉིད་ལ་འདུས། །སེམས་ཉིད་གནས་གྱུར་ཡེ་ཤེས་ལྔར་སྣང་བ། །ཞེས་པ་ལ་སོགས་པ། དངོས་པོ་གཉིས་ཀྱི་ཆོས་ཀུན་གཞི་རྩ་ནི་རང་གི་རིག་པ་ཁོ་ན་འདུས་བས་སེམས་ཚོགས་བརྒྱད་ཀྱི་དང་པོ་གནས་གྱུར་ཡེ་ནས་ཡེ་ཤེས་ལྔ་ཡ ིན་པ་ཉིད་རིག་པ་ལ་ཤར་བའི་སྣང་བ་བླ་དྭགས་གནས་གྱུར་ཞེས་བརྗོད་དོ། །དོན་དེ་ཉིད་དོན་ལ་རང་གི་བློ་ཡིད་ལ་བྱ་བསམ་མེད་པར་ངེས་པར་བཞག་པས་སེམས་ཉིད་གནས་འདུག་ན། ཡེ་ཤེས་ལྔ་དེ་ཁོ་ན་ལས་གཞན་ན་མེད་དོ། །དེ་ལྟ་བུའི་རིག་པ་གཅིག་དུ་མ་བྲལ་བའི་མཚན་ཉིད་ལྔ་མ་འགགས་གསལ་བས་ཡེ་ཤེས་ལྔ་ཉིད་དེ་ལ་ཡང་གཅིག་ཏུ་ངོ་བོ་ཐ་དད་མེད་པས་རང་རིག་པ་ཉིད་ལ་འདུས་པའོ། །སེམས་ཀྱི་ཆོས་ཉིད་ཇི་བཞིན་པར་རྟོགས་ན། ཡེ་ནས་སངས་རྒྱས་མ་ནོར་མ་བཅོས་པར། །བདལ་ཁྱབ་ས་ཉིད་ནོན་པས་འདུས་པར་གསུངས། །ཞེས་པ་རང་རིག་པའི་ཆོས་ཉིད་དེ་ཁོ་ན་བ་དེ་ཇི་ལྟ་བར་ཅིར་ཡང་མ་མཐོང་བར་མཐོང་བ་ཇ ི་བཞིན་པ་རྟོགས་ན་ནི་ཤེས་ཤིང་རིག་པའོ། །དེ་ལྟར་གྱུར་ན་སེམས་འཕྲལ་དུ་སངས་རྒྱས་མིན་པ་ལས་ཡིན་པར་བཟོས་མ་བསྒྱུར་ཏེ། ཡེ་ནས་མ་ནོར་མ་བཅོས་པ་ཡེ་འཁྲུལ་པ་མེད་པའི་དོན་མ་བསླད་པར་གཞན་དུ་བགྲོད་པ་མེད་པའི་ཕྱིར། ཀུན་ཏུ་བཟང་པོ་དབྱེ་བ་མེད་པ་བདལ་ཁྱབ་པ་ཉིད་ཆེད་དུ་མ་མནན་པར་ནོན་པས་སེམས་ལ་རིལ་འདུས་པར་སྟོན་པས་བཀའ་སྩལ་པའོ་གསུང་ཞེས་གསང་བ་པས་ལོ་རྒྱུས་སུ་བརྗོད་པའོ། །གནས་སྐབས་དེ་ན་ཡོད་མེད་ལྟ་མཐར་ཐུག །སེམས་ཀྱི་དེ་བཞིན་ཇི་ལྟར་ཡིན་པ་དང་། །དེ་ལ་རྒྱུན་ཡོད་མེད་ཤེས་པར་བྱ། །ཞེས་པ་ལ་སོགས་པ། །རྟོག་པའི་ཡོན་ཏན་དེ་ལྟ་བས་ན་རྗེས་སུ་འཇུག་པ་པོ་རྣམས་ཀྱིས་དང་པོར་ལྟ་བས་ཐག་བཅད་པར་གཅེས་ཏེ། དེའི་ཚུལ་ནི་ཆོས་ཇི་བཞིན་པ་ཉིད་ཇི་ལྟ་བར་ཐག་ཆོད་པའི་གནས་སྐབས་དེ་དུས་དེ་ཉིད་ན། དེ་ལྟ་བུའི་རང་རིག་པ་ལ་ཡོད་མེད་མཐའི་ལྟ་བ་རྗེས་བཅད་པ་དང་། རང་བཞིན་སེམས་ཀྱིས་དེ་བཞིན་ཅི་ཡིན་པ་དང་། དེ་ལ་དེ་རྒྱུན་སྐད་ཅིག་མའི་རྒྱུན་ཡོད་མེད་ཐག་གཅད་ཤེས་པར་བྱའོ། །སེམས་མ་བཅོས་པའི་ངོ་བོ་ལ་དེ་བཞིན་ཉིད་ལ་གང་འདིར་ཚུལ་ཇི་ལྟར་བལྟ་ཞེ་ན། འདི་ལྟར་རྩད་བཅད་དེ། སེམས་ཀྱི་རང་བཞིན་དེ་ཉིད་འདི་འོན་ཏེ་མངོན་སུམ་དུ་སྣང་བ་ཞིག་གམ། གལ་ཏེ་ན་མེད་ཅིང་མི་སྣང་བ་ཞིག །འོན་ཏེ་སེམས་ཡེ་ནས་སངས་རྒྱས་པའི་ངོ་བོའམ། སངས་རྒྱས་མིན་སེམས་ཅན་འབའ་ཞིག་ཡིན། སེམས་འདི་ལས་ལོགས་གཞན་ཞིག་ན་ཆོས་ཀྱི་སྐུ་སངས་རྒྱས་ཞེས་བྱ་བ་ཡོད་དམ། མེད་པར་ཡིན་ནམ། འདི་ཉིད་ཡིན་ནམ། ཚུལ་འདི་ལྟ་རྩད་བཅད་ལ། བློའི་ངེས་པ་གང་ལ་གཞག་པ་དང་པོར་གྲོས་ཀྱིས་ཐག་ཆོད་པ་ཁོ་ནར་བྱའོ། །འདི་ལྟར་ངེས་ནས་དེ་ལྟར་གྱུར་ན་ཡང་། །གློ་བུར་ལས་ལམ་མི་དགག་དེ་བཞིན་སྤྱད། །དེས་ན་ཀུན་གྱི་རང་བཞིན་དེ་ཉིད་འདུས། །ཞེས་པ་དོན་ངེས་པར་རྙེད་ནས་གདེང་ཅན་དུ་གྱུར་ནའང་། གཞན་དོན་དུ་རྣམ་པར་དཀར་བའི་ལས་རྣམས་མི་སྤང་བར་ནུས་ཚད་བྱ་སྟེ། དེ་ཉིད་སྤངས་བྱ་མིན་པ་དང་། དེ་ལས་གཞན་པའང་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པས་དེས་ན་ཐག་ཆོད་པ་ལ་གང་ཡང་ཀུན་གྱི་རང་བཞིན་སྤང་བླང་མེད་པ་དང་། ཐམས་ཅད་དེ་ཉིད་དུ་གསལ་བས་འདུས་བཀོལ་སྤང་མེད་པའོ། །དེ་ལ་བསམ་མེད་དམིགས་མེད་དེར་གཞག་ན། །ཅི་སྣང་ཅི་སྲིད་མཚན་མེད་དེ་གཅིག་པས། །སྐྱེ་འགགས་མེད་པ་དེ་ཉིད་ཡེ་སངས་རྒྱས། །དེ་ཉིད་མ་ཡེངས་པས་ན་མ་བཙལ་ཡང་། །རྫོགས་པ་སྤྱི་ཆིབས་ས་ཉིད་ཡེ་ནས་ནོན། །ཞེས་པ་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་ན་ཐོག་མར་བློ་བཞག་པའི་ཐབས་འཆད་དེ། སྙེགས་པ་དེ་དང་གཞི་ལ་ནི་རྟོགས་པའི་དོན་ལ་རྗེས་སུ་འཇོག་པ་སྟེ། ཆོས་ཉིད་མཉམ་པ་ཇི་བཞིན་པར་རྟོགས་པས་བསམ་བྱ་དམིགས་སུ་མེད་པ་ལ་ཡིད་ལ་བྱ་བ་དང་གཏིང་འཛིན་མེད་དེ་འདུ་ཤེས་གང་དུའང་མ་ཞུགས་པ་ནི། བསམ་པ་གང་དུའང་མ་གཡོས་དེར་བཞག་པས་མིང་ཐོབ་སྟེ་ཐབས་དམ་པའོ། །ཚེ་ན་སྐབས་ཀྱི་དོན་ནི་དེ་ལྟ་བུ་རིག་པ་མི་གཡོ་བ་ཆེན་པོ་ལ་ཐ་སྙད་ཅི་སྣང་ཇི་སྲིད་ཀྱི་ཆོས་སོ་ཅོག་མཐའ་གཉིས་མཚན་ཉིད་བྲལ་བར་གསལ་བ་ལ་སྤྲོས་པ་མེད་དེར་གཅིག་པས་རང་གི་ངོ་བོ་སྐྱེ་སྣང་འཇིག་འགགས་མེད་པར་ཡེ་ནས་སངས་རྒྱས་པ་དེ་ཉིད་འཛིན་པ་མེད་པར་མ་ཡེངས་པས་ན་གསལ་བ་ཙམ་ཉིད་བགྲོད་པའི་གནས་མཆོག་རྫོགས་པ་སྤྱིར་ཆིབས་པས་མཐར་ཐུག་པ་ཉིད་ལ་གནས་པའོ། །དེ་ཉིད་ཉམས་དྲོད་ཉམས་སུ་གསལ་ན་ཡང་། །ཆོས་ཀུན་སྒོ་དང་མི་འགལ་བསྟན་པའི་ཕྱིར། །ཏིང་འཛིན་གསུམ་ལྡན་གོལ་བའི་སྒོ་བཀག་ནས། །དྲོད་ཆེན་གསུམ་གྱིས་དམ་པའི་དགོངས་པ་མྱོང་། །ཞེས་པ་དེ་ལྟར་བློ་དེ་ཉིད་བསམ་དུ་མེད་པའི་བསམ་གཏན་ལ་ཡུན་རིང་ན་འཇུག་དྲག་དལ་ཆུ་དང་མཚོ་གཏིང་གི་ཉམས་དྲོད་ཉམས་སུ་གསལ་ན་ཡང་ཉམས་ཐ་མ་དང་ལྡན་ཞིང་། དྲོད་མཆོག་དམ་པ་ཐོག་ཏུ་ཕེབས་པས་སྒྲིབ་བྱེད་མ་དམིགས་པར་རང་གསལ་བའི། །མི་མཐུན་པ་ནི་ཐེག་པ་ཆེན་པོ་ནི་ཆོས་ཀུན་རིལ་གྱི་བདག་ཉིད་པ་ཐེག་པའི་སྒོ་རྣམས་དང་མི་འགལ་མཐུན་པར་བྱ་བའི་ཆེད་དུ། བསྟན་པའི་ཕྱིར་དེ་བཞིན་ཉིད་དང་ཀུན་ཏུ་སྣང་རྒྱུའི་ཏིང་ངེ་འཛིན་གསུམ་ཡང་རྫོགས་ཏེ། ཇི་བཞིན་པ་ཉིད་མ་བསླད་གསལ་ལ་རིལ་གྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་མཐའ་བྲལ་བས་གོལ་བའི་སྒོ་བཀག་ན་སྒྲིབ་ལྟུང་གནས་མ་སྤངས་མི་འབྱུང་བར་ཤེས་པར་གྱུར་པའི་ངོ་བོའོ། །དེ་ཉིད་ལ་ཉམས་དྲོད་བརྟག་ཏུ་མེད་ནའང་། སྔ་མའི་དགོས་པས་ཉམས་དྲོད་དང་དྲོད་ཆེན་གཉིས་ཕྱི་ནང་གསང་བའི་དྲོད་གཡོ་ཐོབ་བརྟན་པས་རྒྱལ་བའི་དགོངས་པའི་རོ་མྱོང་བཏར་བར་འགྱུར་རོ། །དེས་ན་ཏིང་འཛིན་རྣམ་གསུམ་ཉམས་རྙེད་ནས། །འབྲས་བུ་ཕ་རོལ་ཕྱིན་དྲུག་རང་བཞིན་རྫོགས། །ཞེས་པ་ཇི་ལྟ་བ་ཉིད་ཀྱི་རོ་བཏར་བའི་ཚུལ་དེས་ན། དགོངས་པ་རྣམ་གསུམ་གྱི་ཉམས་དུས་གཅིག་ལ་རྙེད་པའི་ཕྱིར། རྒྱལ་བའི་ཡོན་ཏན་སྐུ་གསུམ་དང་རྒྱུ་རྣམས་ཀྱང་རྫོགས་པ་ནི་ཅི་སྟེ་བར་མི་ཆུད་དེ། དཔེར་ན་ཉི་མའི་ཆོས་ཉིད་གསལ་བ་དང་མཚུངས་ཏེ། རང་བཞིན་གྱི་གཏན་ཚིགས་དང་། ཆོས་ཉིད་རིགས་པས་གསལ་ལོ། །དེའི་ཚུལ་ནི་དགོངས་པ་དང་པོ་ནི་ཆོས་ཀྱི་སྐུའོ། །བར་མ་ནི་ལོངས་སྤྱོད་དོ། །ཐ་མ་ནི་སྤྲུལ་པའོ། །དེ་ལྟ་བུ་ལ་ཟིན་ཆགས་མེད་པར་བདལ་སྦྱིན་བས་དང་། དྲི་མ་གཉིས་བྲལ་བའི་དོན་ལས་མི་འདའ་བ་ཚུལ་ཁྲིམས་དང་། མཉམ་པའི་དོན་ཆེན་པོ་གང་ལའང་ཉམ་མི་ང་མི་སྐྲག་བཟོད་པ་དང་། ཅིར་ཡང་མི་གཡོ་བ་བསམ་གཏན་དང་། དུས་གསུམ་དུ་ཡེངས་བྲལ་མེད་པ་བརྩོན་འགྲུས་དང་། ཇི་བཞིན་པ་རིག་པ་རང་གསལ་བའི་ཤེས་རབ་ཕྱིར་རོ། །སེམས་ཉིད་ནམ་མཁའ་མ་བཅོས་བཞག །དེ་ལ་དྲན་ཞིང་རྟོག་པ་ཅི་བྱུང་ཡང་། །དེ་བཞིན་མ་གཡོས་ཉིད་ཀྱིས་ལ་གཅད་པས། །རང་བཞིན་མ་བཅོས་ཡོངས་ཀྱིས་འོད་གསལ་བ། །གསང་བ་འདུས་པ་རྣམས་ཀྱིས་ཡིན་པར་བསྔགས། །ཞེས་པ་སེམས་ཉིད་རང་རིག་པ་ཆོས་གསུམ་གྱིས་ནམ་མཁའ་དང་མཚུངས་པ་ལ་བྱས་པ་མེད་མ་བཅོས་པ་ནི་ལྷུན་གྱིས་གྲུབ་པའི་ངང་སྟེ། དེ་ཉིད་དུའང་མ་བསམས་པ་ནི་གཞག་པའོ། །དེ་ན་ཚེ་དྲན་ཞིང་རྟོག་པ་གི་རྣམ་པ་ཕྲ་རགས་ཅི་བྱུང་སྣང་ཡང་བློ་བཅོས་པའི་ཐབས་ནི། དེ་བཞིན་མ་གཡོས་བསམ་པ་གང་དུའང་འབྱུང་འཇུག་མེད་པར་གདེང་ཆུད་པས་རང་བཞིན་གྱིས་དྲན་རྟོག་ལ་བཅད་པས་མ་དམིགས་ཏེ། བློ་ཆེད་དུ་མ་གཏད་ངང་གིས་མ་བཅོས་པར་རང་བཞིན་གྱིས་ཡོང་གིས་འོད་གསལ་བ་ལ་མ་བཀག་ལ་མི་ལྡན་པ་ནི། གསང་བ་འདུས་པ་རྣམས་ཀྱི་སྔགས་ཀྱི་སྟོན་པ་རྒྱལ་བ་རིལ་གྱིས་དོན་མ་ནོར་བ་ཡིན་པར་ཆེ་བསྔགས་བ་བརྗོད་པའོ། །མ་ཡེངས་སྐྱེ་འགགས་མེད་ཉིད་ཏིང་འཛིན་ཏེ། །རྣལ་འབྱོར་གསུམ་དོན་དེ་ཡི་སྐབས་ན་རྫོགས། །ཞེས་པ་ཏིང་ངེ་འཛིན་རང་གི་ངོ་བོ་ནི་མ་ཡེངས་སྐྱེ་འགགས་མེད་ཉིད་ཏིང་ངེ་འཛིན་ཏེ་རང་རིག་པ་མཉམ་པའི་ངང་ལས་མ་གཡོས་པའོ། །དེ་བས་ན་རང་རིག་བཞིན་བྱ་བ་དང་། བྱ་བ་མེད་པའི་རྣལ་འབྱོར་རྣམ་གསུམ་དུས་གཅིག་ཏུ་དབྱེར་མེད་པའི་དེའི་སྐབས་རྫོགས་དོན་ཏོ། །དེས་ན། ཀུན་གྱི་དགེ་བའི་བཤེས་གཉེན་དགོངས་བརྒྱུད་ནས། །དམ་པའི་དོན་དུ་སེམས་ཉིད་ཤེས་པར་བྱ། །ཞེས་པ་ཏིང་ངེ་འཛིན་གྱི་ཆེ་བའི་ཡོན་ཏན་ལ་དེས་ན་སྙེགས་པས་གཏན་ཚིགས་ལྟ་བུར་གྱུར་པ་ནི། བདེ་གཤེགས་རིག་འཛིན་དགོངས་པ་ལས་བརྒྱུད་པའི་རྒྱུད་འདི་ལྟ་བུ་རྟོགས་ནས་བསྒོམ་པ་གཅེས་པར་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་རྡོ་རྗེ་སེམས་དཔའ་ཡིན་པས་ན། །གང་གི་འདི་མཐོང་དེ་ཡི་ཞལ་མཐོང་ཡིན། ཞེས་པ་རྒྱུད་འདིའི་དོན་སྟོན་པ་དེ་ཉིད་རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ། འདུལ་དབང་གིས་མཚན་སོ་སོའང་ངོ་བོ་ལ་བྱེ་བྲག་མེད་པས་འདིའི་བདེན་པ་མཐོང་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞལ་ངེས་པར་མཐོང་བ་ཁོ་ནའོ། །རྟོགས་པའི་ཡོན་ཏན་ཇི་ལྟ་བུ་སྙམ་པ་ལ། དེ་མཐོང་ཕན་ཆད་དམ་པ་ཉིད་ཡིན་པས། །དེས་ན་ཀུན་གྱི་བཤེས་གཉེན་ཡིན་པར་གྲགས། །ཞེས་པ་དོན་གྱི་གནད་ཆུད་པའི་དུས་དེ་ཕྱིན་ཆད་འཁོར་བར་ལྟུང་བ་མེད་པ་དང་སྤྱོད་ཡུལ་གཅིག་པའི་ཕྱིར་སངས་རྒྱས་ཉིད་དེ། རྡོ་རྗེ་སེམས་དཔའ་རྒྱལ་བ་ཀུན་གྱི་སྟོན་པ་ཉིད་ཡིན་པར་རྒྱུད་ལས་གྲགས་པའོ། །དེ་ལྟར་རྟོགས་ནས་ཅི་བྱ་ཞེ་ན། དེ་ལྟའི་དོན་མཐོང་གང་དག་གང་ཞིག་གིས། །ཅི་ལའང་མི་ལྟ་དེ་ལ་ཞེན་པར་བྱ། །ཞེས་པ་དེ་ལྟར་རྟོགས་ནས་བྱ་བ་ཐམས་ཅད་བཏང་ལ་བསྒོམ་པར་བྱའོ། །དེས་ན་བྱས་ཟིན་བཙལ་མེད་དེར་དེས་ནས། །རང་བྱུང་ཡེ་ཤེས་ཡོངས་སུ་དག་པ་ཞེས། །དེས་ནི་ཟིན་ཆགས་བདེ་སྡུག་ཅི་བྱུང་བ། །ཚོགས་གཉིས་མ་བསགས་རྫོགས་པར་དམ་བཅའོ། །ཞེས་པ་བསྒོམས་པས་ཏིང་ངེ་འཛིན་ལས་སུ་རུང་ན་བྱ་བ་ཐམས་ཅད་མ་བསྒྲུབས་པར་མཐར་ཕྱིན་པས་ལྷུན་གྱིས་གྲུབ་པའི་ངང་འབད་པ་ཐམས་ཅད་དང་བྲལ་བའི་ངོ་བོར་མི་འགྱུར་བར་གནས་པ་ནི། ཡེ་ཤེས་ཆེན་པོ་མཐའ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པར་བཀའ་ཟབ་མོ་དག་ལས་བྱུང་ངོ་། །དེ་ལྟ་བུའི་སྤྱོད་ཡུལ་ལ་ནི་གདེང་ཆུད་ཅིང་གོམས་སྟོབས་ཀྱིས་སྤྱོད་པ་ཅི་བྱས་ཅི་སྤྱད་པས་ཐོགས་ཤིང་ཞེན་པ་དང་། བདེ་བ་དང་སྡུག་བསྔལ་ཇི་ལྟར་བྱུང་ཡང་དེ་ཉིད་ཐབས་སྤྱོད་པ་མ་འགགས་པའི་བདེ་བ་དང་། དེ་ལ་ཡེ་ངོ་བོ་མ་དམིགས་པ་ཡིན་པའི་དོན་གསལ་བས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེད་དུ་མ་བཙལ་བར་ལྷུན་གྱིས་རྫོགས་པའི་ངོ་བོ་ཡིན་པར་ཞེ་བས་འདོད་པར་བྱའོ། །དེ་ལྟར་བསྒོམ་པའི་ཡོན་ཏན་ཅི་ཞེ་ན། མི་རྟོག་ཏིང་འཛིན་མཚན་མ་རྣམ་དག་པ། །ཆོས་ཉིད་མངོན་གྱུར་ཆེ་ཡོན་རྒྱུན་མི་འཆད། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་པས་ན། །གང་གི་ཕྱོགས་རྣམས་མཐུན་པར་ས་རྣམས་ནོན། །ཞེས་པ་མོས་པ་ལས་བྱུང་བའི་མི་དམིགས་པ་དང་། ཤིན་ཏུ་མི་དམིགས་པ་དང་། རྗེས་སུ་མི་དམིགས་པ་ཇི་ལྟར་བར་མི་གཡོ་གསལ་བ་ལ། དེ་ཁོ་ན་ཉིད་ཐོབ་པར་རྟོག་པའི་མཚན་མའང་བྲལ་བའི་རིག་པ་ནི་ཤེས་རབ་ཀྱི་དབང་པོ་དང་། སྤྱན་གྱིས་རང་གི་དེ་ཁོ་ན་ཉིད་རང་རིག་པའི་མངོན་སུམ་དུ་གྱུར་པའོ། །དེ་ལྟ་བུ་ལ་ནི་དཔེར་འབྲས་ལེགས་པའི་ཕུབ་སོག་ལྟ་བུར་ཡོན་ཏན་འབྱུང་བ་ལ་དུས་རྒྱུན་ཆད་པ་མེད་དོ། །དེའང་ཉོན་མོངས་པ་དང་ཤེས་བྱར་བསྙད་པ་དང་། མཚན་མའི་སྤྱོད་ཡུལ་དག་པ་དང་། ཡང་དག་པའི་སྤྱོད་ཡུལ་དག་པས་བྲལ་བ་ལ། སྐུ་གསུམ་བཞིན་དང་མེ་ལོང་གི་ཚུལ་དུ་རང་སྣང་བའི་ཕྱིར་ན་ཐེག་པའི་སྒོ་དག་དང་མི་འགལ་བར་བགྲོད་པའི་ས་ད་ལྟ་ཉིད་དུ་ནོན་པའོ། །འདི་ནི་ཀུན་འདུས་དགོངས་སྤྱོད་ཟབ་མོ་ཡིན། །གང་དག་ཀུན་གྱི་སྤྱོད་ཡུལ་མ་ཡིན་ནོ། །ཞེས་པ་སྐབས་འདིར་བསྟན་པའི་དོན་ནི། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བའི་དགོངས་པ་དང་མཛད་པ་ཤིན་ཏུ་དཔག་པར་དཀའ་བ་ཉིད་དུ་མངོན་དུ་ཕྱུང་བ་སྟེ། སྣོད་བཞི་དང་། ཕྱི་པ་དང་། དམན་པའི་ཡུལ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་གང་ལྟར་དེ་ཡི་དོན་མཐོང་ལྟར། །གང་དག་འཁྲུལ་པ་རྣམས་ཀྱིས་མ་མཐོང་བས། །གདོད་ནས་ཞེན་པའི་མུན་པ་སངས་དཀའོ། །ཞེས་པ་སྐལ་བ་མཆོག་གིས་ཐུན་མོང་མ་ཡིན་པའི་དོན་ཕྱིན་ཅི་མ་ལོག་པར་ཆུད་པ་བཞིན་དུ། རྒྱུའི་ས་པའི་སེམས་དཔའ་མན་ཆད་ཀུན་ལྟོས་པས་ནོར་བ་སྟེ། གསང་སྔགས་ཀྱི་ངོ་བོ་མ་རིག་པས་ཐོག་མ་མེད་པ་ནས་ཀྱི་སྒྲིབ་པ་དག་འབྱོང་བ་ཤིན་ཏུ་དཀའ་བའི་ཕྱིར་རོ། །ས་དང་ས་ཡི་ཁྱད་པར་ཡོད་ཅེས་པ། །མཐོང་དང་མ་མཐོང་གཉིས་མེད་གསལ་དུས་ན། །དམ་པའི་དགོངས་པ་ལྷུན་གྱིས་གྲུབ་ངེས་པའོ། །ཞེས་པ། བཀའ་རྒྱུད་ལས། རྒྱུ་འབྲས་ཀྱི་སའི་རིམ་པ་ལ་མཐོ་དམན་ཡོད་པར་གསུངས་པ་ཡང་། འདིར་རིག་མ་རིག་གཉིས་ཀ་དབྱེར་མེད་པའི་དོན་རྟོགས་པའི་ཚེ། གང་ཡང་མ་འདྲེས་ལ་ཡོངས་སུ་རྫོགས་པས་མཐའི་ཐ་སྙད་མེད་པ་ནི་རྒྱལ་བའི་དགོངས་པ་ཉིད་དུ་གྱུར་པས་སྐྱེད་དུ་བྱ་བ་དང་བྲལ་ལོ། །སྟོང་དང་མ་སྐྱེས་རང་བཞིན་ཁྱད་པར་ཅི། །ཡོད་མེད་རྟག་ཆད་བྱ་རྩོལ་ལ་སོགས་པ། །ཀུན་ནས་ལྷུན་གྱིས་གྲུབ་པར་ཡེ་གནས་པའོ། །ཞེས་པ། སྟོང་པ་དང་རང་བཞིན་མེད་པའི་ཁྱད་པར་ནི། སྟོང་པ་ནི་ཕྱི་ནང་གཉིས་ཀ་མ་གྲུབ་པ་ཙམ་སྟེ་དོན་དམ་པར་འབའ་ཞིག་གོ། །རང་བཞིན་མེད་པ་ནི་སྣང་བ་ཉིད་ན་ངོ་བོ་མེད་དེ་བདེན་པ་གཉིས་དབྱེར་མེད་པས་འཕགས་པའོ། །མ་སྐྱེས་པ་དང་མི་གཡོ་བའི་ཁྱད་པར་ནི། མ་སྐྱེས་པ་ནི་ཆོས་རྣམས་རྒྱུ་རྐྱེན་དང་བྲལ་བས་ངོ་བོ་མེད་པ་སྟེ་རྒྱུའི་ཐེག་པའི་དོན་མཐར་ཐུག་པ་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་བྱེད་པའོ། །མི་གཡོ་བ་ནི་གསང་སྔགས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྤྱོད་ཡུལ་དང་བྲལ་བ་ལ་འབྱུང་འཇུག་མེད་པའོ། །གཉིས་སུ་མེད་པ་དང་ལྷུན་གྱིས་གྲུབ་པའི་ཁྱད་པར་ལ། གཉིས་སུ་མེད་པ་ནི་མི་བདེན་པ་རིས་སུ་མ་ཆད་ཅིང་སྤྱོད་ཡུལ་དང་གཉིས་ཐ་དད་མེད་དེ་རང་རིག་པ་ཙམ་མོ། །ལྷུན་གྱིས་གྲུབ་པ་ནི་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་རྒྱུ་མེད་པར་འཆར་བས་འཕགས་ཏེ། རྒྱུ་འབྲས་དང་བསྐྱེད་རྫོགས་ཀྱིས་ཁྱད་པར་དུ་འགྱུར་རོ། །དེ་ནི་གཏར་ཀ་གེགས་སེལ་གྱི་ཚིག་ལྟ་བུའོ། །དེ་ལྟ་བུ་ལྷུན་གྱིས་གྲུབ་པའི་དོན་ནི་ཡོད་མེད་རྟག་ཆད་མཐའ་གཉིས་པར་བསྙད་པ་རིལ་མ་སྤངས་བྲལ་བའི་ངོ་བོ་ལ་གང་ཡང་བཀོལ་བ་མེད་པར་ཀུན་ནས་ལྷུན་གྱིས་གྲུབ་པར་གསལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་ཅིར་སྣང་ཅིར་སྲིད་ཀྱང་། །ཆོས་ཉིད་དེ་བཞིན་ཉིད་ཀྱི་རྒྱན་དུ་སྣང་། །དེ་ཉིད་མ་བཀག་ཡོངས་སུ་རྫོགས་པའི་ཚུལ། །ཞེས་པ། ལོག་པ་དང་མ་ལོག་པའི་རྒྱུ་འབྲས་ཀྱི་ཆོས་ཅིར་སྣང་ཅིར་སྲིད་རིལ། དེ་ཉིད་ཀྱི་ངོ་བོ་དང་དབྱེར་མེད་པར་ལྡན་པའི་རང་བཞིན་ཇི་བཞིན་ཉིད་ཀྱི་རྒྱན་དུ་སྣང་ཡེ་ཡིན་པའོ། །དེའི་ཚུལ་ནི། དེ་དག་སྤངས་ཀྱང་མ་སྤངས་མ་བཀག་ངོ་བོ་ཐ་དད་དུ་རྒྱ་ཆད་པའང་མེད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཚུལ་ཕྱིར་རོ། །དེའི་དོན་ཇི་ལྟ་བུ་ཞེ་ན། གོང་འོག་ལ་སོགས་སྐྱོན་ཡོན་གཉིས་པོ་དག །མཐོང་དང་མ་མཐོང་རེ་རྩོལ་རྐྱེན་ཙམ་གྱི། །རྒྱུ་འབྲས་སོ་སོར་གསལ་ཞེས་སྨྲ་བ་ཡང་། །ཐམས་ཅད་དེ་བཞིན་ཉིད་དུ་གཅིག་པར་ཟད། །ཞེས་པ་ཐེག་པ་གོང་འོག་མཐོ་དམན་དང་བསྡུ་བའི་དོན་གྱིས་ལྟ་སྤྱོད་དང་གྲུབ་མཐའི་ཁྱད་པར་དག་གོ། །དེ་ལས་གཞན་ཡང་སྐྱོན་གོལ་སྒྲིབ་དང་དེ་དག་སེལ་བའི་གཉེན་པོ་དག་གིས་དོན་ཇི་ལྟ་བར་མཐོང་ཤེས་པ་དང་མ་མཐོང་ཤེས་པའི་ཁྱད་པར་ཡོད་དེ། གང་མི་ཤེས་པའི་བྱིས་པ་དག་འབྲས་བུ་ལ་སེམས་སྨོན་པས་འབད་པ་ཤ་ཐང་དེ་རྩོལ་བར་བྱེད་པའི་རྐྱེན་ཙམ་གྱིས་ཐེག་པ་སོ་སོའི་ཆོས་རྒྱུ་དང་འབྲས་བུ་མ་འདྲེས་པར་སོ་སོར་གསལ་ཡོད་དོ་ཞེས་ཟེར་བ་སྨྲ་བའང་དག་ཀྱང་རྟོག་གེའི་སྤྱོད་ཡུལ་སྣང་བ་སྟེ། ངོ་བོ་ཉིད་ཇི་ལྟ་བར་ཐག་ཆོད་ན་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རིལ་ཏིལ་འབྲུ་དང་མར་ལྟ་བུར་རིལ་ལྷུན་གྱིས་གྲུབ་པ་དེ་བཞིན་ཉིད་དུ་དབྱེར་མེད་གཅིག་པར་ཟད་དོ། །འོ་ན་ཅི་ཡང་མི་སྣང་བ་ཞིག་གམ་ཞེ་ན། དེ་ལ་ཡེ་ནས་འདུ་འབྲལ་མེད་བཞིན་དུ། །མི་མཉམ་མཉམ་པའི་སྤྱོད་ཡུལ་ཅིར་ཡང་སྣང་། །ཞེས་པ། དེ་ལ་སྙེགས་པས་གཞིར་གཞག་པ་ནི། རིལ་དེ་བཞིན་ཉིད་དུ་གཅིག་པའི་དོན་ཉིད་ཡེ་ནས་ཚོགས་པ་དང་གྱེས་ཆོས་མེད་འབྲལ་པ་ཉིད་དོ། །དེ་ལྟ་བུའི་རང་བཞིན་དུས་གསུམ་དུ་གནས་པ་ལས། མི་མཉམ་སེམས་ཅན་མཉམ་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ཇི་ལྟ་བར་སྤྱོད་ཡུལ་ཐམས་ཅད་པ་ཡིན་པའི་ཕྱིར་སྣང་བའོ། །དེ་བས་ན་རིལ་དེ་ཉིད་ཀྱི་ཕྱིར། ཇི་བཞིན་ཉིད་འདི་མ་ཡིན་གང་ཡང་མེད། །ཅེས་གསུངས་སོ། །དེ་ཉིད་དེ་ལ་ཚོགས་རྫོགས་ཐབས་དང་ཤེས་རབ་འབྲེལ། །དེས་ན་དམ་པ་འདུས་པའི་དགོངས་པ་རྣམས། །དོན་དམ་མ་བཅོས་སེམས་ཉིད་དེ་ལ་འདུས། །ཞེས་པ། དེ་ཉིད་སྐབས་དེ་ཁོ་ནར་མཉམ་པའི་དབྱིངས་དེ་ལས་སྐུ་གསུམ་དང་ཚོགས་རྫོགས་ཐབས་ཤེས་རབ་ཟུང་དུ་འབྲེལ་ཏེ། ཡེ་ནས་དབྱེར་མེད་པ་དང་། ལ་རིལ་ཆོས་ཉིད་ཀྱི་རྒྱན་དུ་རྫོགས་པ་དང་། ཅིར་ཡང་སྣང་བ་དང་། ཤེས་རབ་མི་དམིགས་པ་ཉིད་དུ་གསལ་བ་ལ་སྤྱོད་ཡུལ་རིལ་དུ་མི་འགོག་འབྲེལ་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་སེམས་དེ་བཞིན་ཉིད་ལ་ཡོན་ཏན་རིལ་རྫོགས་པས་དེ་ན། རྒྱལ་བ་དམ་པ་མང་པོ་འདུས་ནས་བཀའ་སྩལ་བའི་དགོངས་པ་ཀུན་དོན་དམ་གྱི་མཆོག་བྱ་བ་དང་བྲལ་བའི་མ་བཅོས་རང་རིག་པ་ཡེ་ནས་སངས་རྒྱས་པའི་སེམས་དེ་ཉིད་འདུས་ངོ་བོར་གཅིག་སྟེ། དེ་ཉིད་ཀྱི་ཡོན་ཏན་གྱི་མཚན་ཐ་དད་དུ་གྲགས་པའི་ཕྱིར་རོ། །དེ་ལྟར་བསྒོམ་པའི་ངོ་བོ་གང་ཞེ་ན། སེམས་ཀྱི་རང་བཞིན་མ་བྱས་རང་བྱུང་བས། །ཏིང་ངེ་འཛིན་ཞེས་དམིགས་པ་ཀུན་དང་བྲལ། །ཞེས་པ། ཚིག་ཕྱེད་ནི་གཏན་ཚིགས་ལྟ་བུ་སྟེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོ་སྤྱོད་ཡུལ་དང་བྲམ་བ་མ་བྱས་རྒྱུ་རྐྱེན་དང་ཡུལ་མེད་པར་རང་ཉིད་བྱུང་བ་གཅིག་པུ་ཤར་བའི་ཕྱིར། རྗེས་སུ་བསྒོམ་པའི་ཏིང་ངེ་འཛིན་ཞེས་བསམ་པའང་དམིགས་པར་བྱ་བ་ཀུན་དང་བྲལ་བས་འདུ་ཤེས་ཐམས་ཅད་དང་བྲལ་བར་གསལ་བ་ལ་ལྡང་ལྡོན་མིང་ཡང་མེད་པའོ། །འདི་ལྟར་ངེས་པའི་བྱང་ཆུབ་སེམས་དེ་ལ། །བགྲོད་པའི་གནས་དང་བལྟ་བའི་གཟུགས་མེད་པས། །མཚན་མ་ཀུན་མེད་སྐྱོན་ཡོན་ཡོང་ཡེ་མེད། །ཅེས་པ། གཞུང་ཆེན་པོའི་དོན་འདིར་ལྟར་བློ་ངེས་པའི་སྐྱེ་མཆོག་གི་དགོངས་པ་ལ་བགྲོད་པའི་གནས་དང་གྲུབ་པའི་འབྲས་བུ་དང་ཤེས་པའི་བལྟ་བའི་གཟུགས་མེད་པས་ཡུལ་ལོགས་ནས་མི་ཚོལ་ཏེ། དངོས་པོ་མཚན་མ་རིལ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་རང་བཞིན་དུ་ཀུན་མཁྱེན་རྟོགས་པ་ལ་སྐྱོན་ཡོན་རིས་སུ་བསྙད་ཐོག་མ་ཉིད་ནས་ཡོང་ཡེ་མེད་དེ་བྱང་ཆུབ་སེམས་སོ། །དེ་བས་ན་ཐེག་པ་ཆེན་པོའི་དོན་འདིར་ལ་མདོ་སྔགས་ཀྱི་ལྟ་བ་དང་། ཚོགས་གཉིས་རྫོགས་དང་རྒྱུ་འབྲས་རིལ་ལྷུན་གྱིས་གྲུབ་པས་གཞི་ལ་གཏན་ཚིགས་ཐེ་ཚོམ་ཟ་བའི་ཀུན་གཅད་ཅིང་ཐག་ཆོད་ཅིང་། རིལ་བླ་ན་མེད་པའི་རྫོགས་པ་ཆེན་པོར་ཐེག་པའི་དགོངས་སྤྱོད་མ་ཡིན་པ་མེད་པའི་དོན་ཉིད་གདེང་དུ་གྱུར་པ་ནི་ལ་བཟླས་པ་ཡིན་པའི་ཕྱིར། ཚོགས་ཆེན་གཉིས་རྫོགས་ཐེ་ཚོམ་ཀུན་བཅད་ཅིང་། །བླ་མེད་རྫོགས་པ་ཆེན་པོར་ལ་བཟླ་བའོ། །ཞེས་གསུངས་སོ། །དེ་བས་ན་རྒྱུ་འབྲས་ཀྱི་ཐེག་པ་ལས་ཆེ་བའི་ཁྱད་པར་ཡོད་པའི་ཕྱིར། དེས་ན་མཐའ་དབུས་འབྱེད་པ་ཆ་ཕྲ་བ། །མཐའ་དབུས་མེད་པས་ཉིད་དུ་ཀུན་གཅིག་སྟེ། །ཁྱད་པར་འཕགས་པའི་དོན་དུ་ཀུ ན་འདུས་གསུངས། །ཞེས་པ་གསང་སྔགས་བླ་ན་མེད་པའི་ལྟ་བ་གང་ཡང་སྤོང་ལེན་མེད་པའི་དོན་དེ་ལྟ་བས་ན། སུ་ཞིག་དབྱེར་མེད་པ་ལ་མཐའ་དབུས་སུ་ཕྱེ་ནས་མཐའ་བསལ་ཏེ་དབུ་མར་མི་དམིགས་པའི་དོན་ཤིན་ཏུ་བརྟག་དཀའ་བ་ཆ་ཕྲ་བ་ལ་བློ་གནས་པར་འདོད་པ་རྣམས་ནི་གོལ་ཏེ། འོན་ཀྱང་དེ་དག་ཐམས་ཅད་ཐེག་པ་ཆེན་པོའི་མདོ་དབུ་མའི་ཐ་སྙད་ལས་ཀྱང་གྲོལ་བ་ཉིད་དུ་མཐའ་དབུས་མེད་པ་ཉིད་དུ་ཀུན་གཅིག་སྟེ་འདུས་པ་ནི། བྲེ་ཕུལ་ཁྱོར་དང་མཚུངས་པ་སྟེ་གསང་སྔགས་ཆེ་བའི་ཁྱད་པར་འཕགས་པའི་དོན་རྟོགས་པར་བྱ་བའི་ཆེད་དུ་དགོངས་དོན་ཀུན་འདུས་ཀྱི་རྒྱུད་འདི་ལྟ་བུ་བཀའ་སྩལ་གསུངས་པའོ། །རྒྱུར་འདོད་ལ་སོགས་ཕྱི་ནང་ཡུལ་དག་ལ། །དགའ་བའི་མཚན་མ་ཙམ་དུ་གནས་པ་དང་། །གང་དག་སྤྱོད་པས་ཆོས་རྣམས་སེམས་སུ་འདུས། །ཞེས་པའང་རྒྱུའི་ཐེག་པ་བ་རྣམས་དང་། དངོས་སོགས་པོ་བསྡུ་པའི་དོན་གྱིས་ཡོ་ག་ཕྱི་པ་སྣོད་བཅུད་ཀྱི་དངོས་པོ་ཡུལ་རྣམས་ལ་ཀུན་རྫོབ་མ་བརྟག་ཉམས་དགའ་བས་དག་པ་ཆོས་ཉིད་དང་། མཚན་མ་དང་མཚན་མ་དབྱེར་མེད་པ་དང་། གང་དག་སྤྱོད་པ་རྣམ་པར་ཆོས་རྣམས་དཀར་བ་དང་། གཙང་སྦྲས་འགྲོ་བ་འདུལ་བ་ལ་མོས་པ་ལ་གནས་པ་དང་། འཕགས་པ་ཉན་ཐོས་ཀྱིས་དངོས་པོ་བརྟགས་ན་བརྟགས་མི་བཟོད་དེ་མ་བརྟགས་ན་ཉམས་དགའ་བ་ཙམ་དུ་མཐོང་བ་དང་། རྣམ་པར་རིག་པ་དང་། རྣལ་འབྱོར་དབུ་མས་གང་དག་སྤྱོད་པས་དངོས་པོ་ཕྱི་ནང་གི་ཀུན་གཞི་བཟུང་ཆ་དང་འཛིན་ཆ་འཁྲུལ་པ་སྣང་བ་རབ་རིབ་ཅན་གྱིས་རྫས་མཐོང་བ་ལྟར་ཆོས་རྣམས་རིལ་སེམས་འཁྲུལ་པ་སྣང་བར་གཅིག་གཅིག་མ་ལུས་པས་ཡུལ་ལོགས་ན་མེད་པར་འདོད་པ་དང་། དབུ་མ་ཆེན་པོས་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ཙམ་དང་། དོན་དམ་ཡང་མཐའ་གཉིས་རིལ་བྲལ་བའི་ངང་གིས་གསལ་ཆོས་ཉིད་མ་སྐྱེས་པར་འདོད་པའི་གཞུང་སོ་སོ་ལ་བརྟེན་ཏེ་འབད་པས་འབྲས་བུ་ཐོབ་པས་རྒྱུ་འབྲས་སྔ་ཕྱི་ཡོད་པར་སྨྲ་བའང་ཞིང་གཞུང་འཛིན་པ་རྣམས་ཀྱང་། གསང་སྔགས་མཉམ་པ་ཆེན་པོའི་དོན་ཇི་ལྟ་བར་རྟོགས་ན་དེ་དག་ཀྱང་སྤང་བྱ་མིན་ཏེ་གང་སྔགས་སུ་གཅིག་སྟེ། གུད་ན་ཡང་མེད་དོ། །གསང་སྔགས་དེ་དག་གིས་མ་མཐོང་ཡང་ངོ་བོས་གསང་དོན་ལ་རྒྱ་ཆད་ནས་ལོགས་ཤིག་པར་གལ་ཏེ་གུང་ན་ཡོད་པར་འདོད་པས་ན་ཞི་བས་འཛིན་ན་གསང་སྔགས་མཐོང་དུ་མི་སྟེར་བའི་སྐྱོན་ཆེན་པོ་ནད་ཡིན་པའི་ཕྱིར་རོ། །མཐའ་གཉིས་ངང་གིས་བསལ་ཞེས་སྨྲ་བ་ཡང་། །ལ་བཅད་མཐོང་བས་གུད་ན་ཡོངས་མེད་དོ། །གལ་ཏེ་ཡོད་པར་འདོད་ན་སྐྱོན་ཆེན་ཡིན། །ཞེས་གསུངས་སོ། །དེས་ན་བསམ་གཏན་སོ་སོར་ཅིང་སྣང་ཡང་། །བུས་པའི་སྤྱོད་ཡུལ་འཁྲུལ་པ་ཉིད་སྣང་ཡིན། །ཞེས་པ་གསང་སྔགས་ཀྱི་དོན་དུ་རིལ་འདུས་པ་དེ་བས་ན། ཐེག་པ་སོ་སོའི་ལྟ་བ་བསམ་གཏན་ཏིང་ངེ་འཛིན་ཐེག་པ་ཆེན་པོའི་ཁྱད་པར་སོ་སོ་ལས་ཐ་དད་དུ་ཅིར་སྣང་བ་ཀུན་གྱིས་ཡང་གསང་བྱིས་པའི་སྔགས་ཀྱི་དོན་ཆེན་པོ་ལ་ཤེད་མ་བྱེ་བས་རང་རང་གིས་སྤྱོད་ཡུལ་བརྟགས་པའི་སྣང་བ་སྟེ་ལྟོས་པའི་འཁྲུལ་སྣང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དམ་པ་དམན་པ་སྒྱུ་མ་སྨིག་རྒྱུའི་ཚུལ། །རང་བཞིན་སྐྱེ་འགག་མེད་པས་ནམ་མཁའ་བཞིན། །དེར་ནི་ཀུན་འདུས་ཀུན་ལ་མཐོང་བ་མེད། །ཅེས་པ། དམ་པ་ཐེག་པ་ཆེན་པོ་ལ་གཉིས་ལས་ལྟ་འཕང་ཞན་དམན་པའི་རྒྱུའི་ཐེག་པ་ཆེན་པོ་བ་དག །ལྟ་བས་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡུལ་རང་རྒྱུད་དུ་ལྟ་བ་དང་། དོན་དམ་པར་རང་བཞིན་སྐྱེ་འགག་མེད་པ་ནམ་མཁའ་ལྟ་བུར་འདོད་པའི་སྐབས་དེས་གསང་སྔགས་ཀུན་འདུས་བདེན་པ་རྣམ་གཉིས་དབྱེར་མེད་ཀུན་ལ་མཐོང་བ་མེད་མ་མཐོང་སྟེ། རང་གིས་ལྟ་བས་བསྒྲིབས་སོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ཡང་མི་སྣང་བ་ཉིད་སྐྱོན་མེད་འདོད། །དེ་ནི་འཁྲུལ་པ་ཡིན་པས་བཏུབ་མ་ཡིན། །ཞེས་པ་མདོ་སྡེ་པས་དོན་དམ་པ་མ་སྐྱེས་པ་ཟང་མ་སྣང་མ་མྱོང་བ་ཞིག་མཐའ་དང་བྲལ་བའི་ལྟ་བ་དམ་སྐྱོན་མེད་པར་ཞེ་བས་འདོད་པ་དེ་ནི། གསང་སྔགས་མ་མཐོང་བའི་ཤེས་རབ་འཁྲུལ་པ་ནོར་བའི་ཡུལ་ཡིན་པས་དེས་རྒྱུ་འབྲས་དབྱེར་མེད་པའི་དོན་མ་ནོར་བ་རྟོགས་སུ་བཏུབ་པ་མ་ཡིན་པའི་ཕྱིར་རོ། །མཐོང་དང་མཐོང་དེ་བས་ན་དབུ་མའི་དོན་དམ་ཀུན་རྫོབ་སྐབས་འདིར་དེ་དག་སེམས་ཀྱི་ཆོས་ཉིད་སྣང་ལ་རང་བཞིན་མེད་དུ་འདུས་པས། མཐོང་དང་མ་མཐོང་སྣང་ལ་རང་བཞིན་མེད། །ཅེས་གསུངས་སོ། །འོ་ན་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་ལུགས་གཉིས་གང་ཞེ་ན། ཀུན་འདུས་གསང་བའི་དགོངས་སྤྱོད་ཟབ་མོ་ནི། །རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །ཞེས་པ། སངས་རྒྱས་ཀུན་འདུས་ནས་བཀའ་སྩལ་བའི་གསང་སྔགས་ཐེག་པ་ཆེན་པོའི་ལྟ་དགོངས་བ་དང་། སྤྱོད་པའི་གཏིང་དཔག་དཀའ་བའི་དོན་ནི། རང་བྱུང་གི་ཡེ་ཤེས་བདེན་པ་གཉིས་ཀྱི་ཐ་སྙད་ལས་འདས་པའི་དོན་རང་རིག་པའི་མངོན་སུམ་དུ་ཤར་བའི་དུས་ན། རང་རིག་པ་ཉིད་ཡེ་ཤེས་ཆེན་པོ་དེར་གསལ་བ་ལ་མིང་དུ་དོན་དེ་མཐོང་བ་ཞེས་བྱའོ། །ལྟ་བས་དེ་ལྟ་ན་ཏིང་ངེ་འཛིན་ཇི་ལྟ་བར་སྙམ་པ་ལ། དེ་ལྟར་དགོངས་པ་དམ་པ་མཐོང་བའི་ཚེ། །རྟོག་ཆགས་ཀུན་སངས་མཐོང་ཡུལ་འདས་པ་སྟེ། །བྱ་མེད་སྣང་མེད་མི་བཙལ་བཞག་པའོ། །དམིགས་པའི་ཡུལ་མེད་ཚོལ་ལམ་ཆགས་པ་སྤངས། །ཞེས་པ་ལ་སོགས་པ། དེ་ལྟར་དགོངས་པ་བཤད་པའི་དོན་ཇི་ལྟ་བར་རྟོགས་པའི་དུས་ཚེ་ན། རྣམ་པར་རྟོག་པ་དང་བག་ཆགས་ཀུན་ཡེ་ཤེས་ཆེན་པོའི་ཀློང་དུ་རང་ཤར་སངས་བ་ལ་དམིགས་པའི་ཡུལ་གཟུགས་སྒྲ་ལ་སོགས་པ་རིལ་ལས་འདས་པ་སྟེ་གྲོལ་བའོ། །དེའི་དོན་ལ་ཆེད་དུ་ཅི་གསར་དུ་བྱ་བའང་མེད་ལ་ངོ་བོ་གང་དུ་སྣང་བའང་མེད་དེ་བསམ་དཔྱོད་དམིགས་པའི་རྩོལ་བ་མེད་པར་གནས་པ་ཉིད། ཇི་བཞིན་པ་ཉིད་དུ་རྣལ་མར་ཕེབས་ཟིན་པས་ཐ་སྙད་དུ་མཉམ་པར་བཞག་ཅེས་བྱའོ། །དེའི་དུས་ན་རིག་པ་ཇི་བཞིན་པར་རང་སྣང་བ་ལ་ཆོས་ཉིད་ཡུལ་དུ་མི་བྱེད་ཅིང་ཚོལ་ལམ་ཏིང་ངེ་འཛིན་གྱི་ངོ་ཉིད་ལ་ཞེན་པའང་ཆགས་པ་སྤངས་མེད་པའོ། །བློ་བཅོས་པའི་ཐབས་གང་ཞེ་ན། དེ་ལྟར་བསྒོམས་པའི་ཚེ་རྣམ་རྟོག་གཟུགས་མཐོང་སྒྲ་ཐོས་ལ་སོགས་པའི་བྱུང་ཚོར་ཅི་བྱུང་ཡང་། དེ་ཉིད་མཉམ་པ་བདེ་བའི་ཆེན་པོའི་ངོ་བོ་བས་སྤོང་དུ་མེད་དེ་ཡང་དག་བའི་ལམ་ཉིད་མུ་མེད་མཐའ་དབུས་ལས་གྲོལ་བ་བདལ་བའི་དབྱིངས་ལ། འགྲེ་ལྡོག་སྤྱི་ཚུགས་གར་འགྲེས་ཀྱང་སྙིང་པོའི་དོན་དེ་ལས་གར་མ་གཡོས་པར་འབྱུང་བ་ལ་འབྱུང་རྒྱུ་མེད་པའོ། །དེའི་གཏན་ཚིགས་དེ་བཞིན་ཉིད་ཀྱིས་གསལ། །དེ་ཡི་དོན་ལ་ཀུན་འདུས་དཔྱོད་མི་མཛད། །ཞེས་པ་རྣམ་རྟོག་སྤོང་དུ་མེད་པའི་དེའི་གཏན་ཚིགས་རིལ་མ་བཅོས་པའི་དེ་བཞིན་ཉིད་ཀྱིས་ཆོས་ཉིད་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཀྱིས་མངོན་གསལ་པའོ། །དེ་ལྟ་བུའི་དོན་ལ་ཀུན་འདུས་ཉིད་ཀྱང་གཞུང་འདིས་རིག་པའི་ཡུལ་དུ་རྟོག་དཔྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀུན་རང་བྱུང་རང་རིག་ཡེ་ཤེས་སྣང་། །དེ་ཉིད་གདོད་ནས་མ་བྱུང་མ་སྐྱེས་ཏེ། །རྒྱུ་དང་འབྲས་བུར་བཏགས་པ་ཡོང་ཡེ་མེད། །དེ་ལྟར་གང་རིག་དེ་ཉིད་ཚོགས་གཉིས་རྫོགས། །ཞེས་པ་ཇི་སྙེད་པའི་ཆོས་རྣམས་རང་བྱུང་གི་ཡེ་ཤེས་རང་རིག་ཀྱི་ངོ་བོར་ཤར་བ་ལ་དེ་ཉིད་གདོད་ནས་མ་བྱུང་མ་སྐྱེས། རྒྱུ་རྐྱེན་མེད་པ་དེ་ཉིད་ཀྱང་ངོ་བོ་ཡེ་ནས་མ་སྐྱེས་ཤིང་འདི་འདྲར་མི་ཟིན་པས་དབྱིངས་ཉིད་རིག་པའི་ཡེ་ཤེས་ལ་དེ་ཉིད་དབྱིངས་ཡིན་པས་དབྱེར་མེད་པ་ལ་ཡུལ་དུ་མེད་པའི་ཕྱིར་རོ། །དེ་བས་ན་ད་ལྟ་རྒྱུ་ལ་འབད་པས་འབྲས་བུ་ཕྱིས་སྣང་བ་མེད་དེ། དེ་ལྟར་དབྱེར་མེད་པའི་དོན་གང་རིག་རྟོགས་ཏེ་ཚོགས་གཉིས་རྫོགས་འབྲས་བུ་རྣམ་གཉིས་གྲུབ་པ་དངོས་སོ། །འོ་ན་བྱུང་ཚོར་གང་ཡང་མི་བཅོས་སམ་ཞེ་ན། དོན་ལ་མཉམ་བཞག་བློ་བཅོས་སྐྱོན་ཉིད་ནི། །དེ་དང་འགལ་ཞིང་དེ་དང་འཕྲད་མི་འགྱུར། །ཞེས་པ་བློ་ཆོས་ཉིད་དོན་ལ་ཆེད་དུ་དམིགས་པས་མཉམ་བཞག་ནས་བྱུང་ཚོར་གྱི་སྐྱོན་བློ་བཅོས་པ་ནི། ད་དུང་གཉིས་སུ་མཐོང་བ་དང་མ་བྲལ་བས་གསང་སྔགས་ཐེག་པ་ཆེན་པོ་དེ་དང་འདིའི་གཞུང་དང་ཡང་འགལ་ལ། བསམ་པ་དེས་རྟོགས་པར་ཡང་དོན་དང་ཕྲད་མི་འགྱུར་བའོ། །འོ་ན་དོན་མ་ནོར་བ་དངོས་གང་ཞེ་ན། དེ་ལ་ངེས་བློ་ཁྱབ་པ་བཏང་བ་ནི། །དེ་དང་མི་འགལ་དེ་ཉིད་ངེས་པ་སྟེ། །རང་རིག་དུས་ན་དེ་ལ་གཉིས་སུ་མེད། །ཅེས་པ། གཉིས་མེད་ཀྱི་དོན་དེ་ལ་རིག་ངེས་བློ་པ་གདེང་དང་ལྡན་པས་དེ་ཉིད་དུ་ཁྱབ་པར་བདལ་བ་ལ་དམིགས་བཅོས་བཏང་བ་ནི་མེད་པ་ནི་དོན་དེ་དང་མི་འགལ་དང་མི་མཐུན་པ་མེད་ཅིང་དེར་དེ་ཉིད་ངེས་པའོ། །ཚིགས་ལྷག་མ་དེ་ནི་ཇི་ལྟ་བ་རྟོགས་པ་གསལ་བའི་ཚེ། གཉིས་པའི་ཆོས་གང་ཡང་མ་དམིགས་པའོ། །དེ་ཉིད་སྙེད་པ་དེ་ཉིད་རིལ་གྱིས་བཅུད་དུ་གྱུར་པ་ལ་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་འདུས་པའི་ལྷུན་གྱིས་གྲུབ་ཕྱིར། སྙིང་པོ་དེ་ཉིད་རྒྱུ་འབྲས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དེ་ཡི་དུས་ན་དོན་དམ་ཉམས་དྲོད་རྫོགས། །སྣང་དང་མི་སྣང་རྟག་ཆད་ལ་སོགས་པ། །ཉམས་དྲོད་ངེས་པས་དོན་གྱི་གཏིང་ཕོལ་ཏེ། །ཐ་དད་ཕྱོགས་ཀྱི་ཐེ་ཚོམ་འདིར་བཅད་པའོ། །ཞེས་པ་རིག་པ་གཉིས་མེད་དུ་གསལ་བའི་སྐབས་དེའི་དུས་ན། དོན་དམ་དེ་ཉིད་ཉམས་དང་དྲོད་ཀྱི་མཆོག་སྟེ་སྐྱེད་དུ་བྱ་བ་མེད་རྫོགས་པའོ། །དེ་ཅི་སྟེ་ཞེ་ན། མཐར་བརྟགས་པ་སྣང་མི་སྣང་ཀུན་གནས་དག་པར་རྟོགས་པའི་གདེང་རྙེད་པས་ཉམས་དྲོད་ངེས་པས་དོན་གྱི་གཏིང་ཕོལ་ཏེ་ཐག་ཆོད་པར་གྱུར་པ་ནི། གཞུང་ནི་མཐུན་པ་ཐ་དད་ཕྱོགས་ཀྱི་སྣ་ཚོགས་ཐེ་ཚོམ་བཅད་པའི་ངེས་པ་རྙེད་པ་རྣམས་འདིར་གདེང་དང་ལྡན་པར་བྱས་ཏེ། ངེས་པའི་ཉམས་དྲོད་ཆེན་པོ་དང་ལྡན་པའི་ཕྱིར་རོ། །དེ་ལྟར་བསྒོམ་པའི་ཡོན་ཏན་ནི་གང་སྙམ་པ་ལ། དེ་ཉིད་དེ་ལ་ཞེན་ངེས་བློ་བརྟན་ཞིང་། །གང་དང་འབྲེལ་བས་ལྟ་བའི་ཐག་ཆོད་ན། །དམན་པའི་ལུས་ལ་དམ་པའི་གོ་འཕང་ཅན། །དབང་ཕྱུག་ཡིན་པས་དེ་ལ་གུས་ཕྱག་འཚལ། །ཞེས་པ། སུ་ཞིག་དེ་ཁོ་ན་ཉིད་ལ་ཞེན་ངེས་བློ་གོམས་བརྟན་པ་ལས་སུ་རུང་ཞིང་གང་ཚིག་དང་དོན་དུ་འབྲེལ་བར་ལྟ་བས་ཐག་ཆོད་པ་རྟོགས་པས་གནད་དུ་ཆུད་ན། འགྲོ་བའི་དམན་ལུས་ལ་བདེ་བར་གཤེགས་དམ་པའི་གོ་འཕང་དགོངས་པ་དང་ལྡན་པ་ཅན་ནི་རྒྱལ་དབང་ཕྱུག་ཡིན་བ་ཉིད་ཡིན་པའི་ཕྱིར། ལྷ་སྲིན་སྡེ་བརྒྱད་ཀྱིས་ཀྱང་དེ་ལ་སྒོ་གསུམ་གུས་མོས་པས་འདུད་པ་བྱེད་པའོ། །གཡོ་སྒྱུ་མེད་པར་ཡོ་བྱད་ཆེན་པོ་ལྔས། །དབང་པོའི་སྤྱི་གཙུག་ནོར་བུ་བཞིན་དུ་བལྟ། །ཞེས་པ་འདི་ལྟ་བུའི་རྣལ་འབྱོར་མཆོག་མཐོང་ན་བདག་ཅག་གིས་ཀྱང་གཡོ་དང་སྒྱུ་མེད་པའི་བསམ་པས་གུས་པས་ཡོ་བྱད་ཆེན་པོ་འདོད་ལྔའི་མཆོད་པ་བྱས་ཤིང་བཀུར་བ་ནི་བརྒྱ་བྱིན་དབང་པོའི་སྤྱི་བོའི་ནོར་བུ་རིན་པོ་ཆེ་བཞིན་དུ་བལྟ་བར་བྱའོ། །གདམས་ངག་གི་ནན་ཏན་བསྟན་པའི་ཕྱིར། ཀུན་ནས་འདུས་པའི་དགོངས་པ་ཚིག་གསུམ་པོ། །ཡིད་ཆེས་ངེས་པའི་བློ་ཡིས་གདེང་དུ་བྱས། །ཚིག་གསུམ་དོན་ལ་ངེས་རྙེད་མངོན་གྱུར་ན། །ངེས་པའི་དོན་ནི་རང་རིག་ཁོ་ནར་ཟད། །ཅེས་པ། ཐེག་པ་ཀུན་གྱི་དོན་དང་རྒྱལ་བའི་དགོངས་པ་ཀུན་གདོད་ནས་འདུས་པའི་དགོངས་པ་མ་ནོར་བ་ནི་ཐུན་མོང་མ་ཡིན་པའི་ཚིག་གསུམ་པོ་བློ་དང་གྲོས་དང་ཐབས་ཏེ། དེ་དག་ཐེ་ཚོམ་ཆོད་པས་ཡིད་ཆེས་ངེས་པའི་བློ་ཡི་གདེང་དང་ལྡན་པར་བྱ་སྟེ། འབད་པས་གདེང་རྙེད་ཅིང་བསྒོམ་པས་མངོན་དུ་གྱུར་པའི་ཚེ་ན། ངེས་པའི་དོན་ནི་གཞན་ཞིག་མེད་དེ་རང་རིག་ཁོ་ནར་ཟད་གི་སེམས་ཀྱི་དེ་ཁོ་ན་ཉིད་མ་བཅོས་པ་འབའ་ཞིག་ཏུ་ངེས་པར་གཟུང་བས་དེ་ལས་ལྷག་པ་མེད་དོ། །གསང་བའི་བདག་པོས་དེ་སྐད་ཅེས་སྨྲས་པས། ལང་ཀའི་བདག་པོ་ལ་སོགས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས། ཞེས་པ་དེ་སྐད་ཅེས་སྟོན་པས་བཀའ་སྩལ་པས་འཁོར་གྱིས་རྩ་བ་ཆེན་པོའི་དོན་རྟོགས་སོ། །ཆོས་ཐམས་ཅད་ཀྱི་རྩ་བ་གང་སྣང་བ་དག་པའི་སྤྱོད་ཡུལ་བསྟན་པ་ཞེས་པ། རྩ་བ་ཆེན་པོ་བྱང་ཆུབ་སེམས་དེའི་དོན་རྟོགས་པའི་སྐལ་བ་མཆོག་གི་ཡུལ་དུ་གསང་སྔགས་བསྟན་པ་སྟེ་ལེའུའི་མཚན་ནོ། །ལེའུ་ལྔ་བཅུ་དྲུག་པ་འགྲེལ་པའོ།། །།བམ་པོ་དགུ་པར་ཟུག་པ། ལེའུ་བཞི་བཅུ་པའི་རྣམ་གྲངས་བཅུའི་རྗེས་སུ་དེ་རྒྱས་པར་འགྲེལ་པའི་ཕྱིར། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། །ཞེས་པ་སྣང་བའི་སྤྱོད་ཡུལ་བསྟན་པའི་དེ་མ་ཐག་པར་འཁོར་གྱིས་སྟོན་པ་ལ་རྣམ་གྲངས་བཅུའི་དང་པོ་དྲིས་པ་སྒྲ་ཇི་བཞིན་ཏེ་འདྲེན་པ་བཅུའི་ལྟ་བདེ་བ་དཔེས་འཆད་པ་ཆས་ཆེའོ་དོ། །དྲང་དོན་ངེས་དོན་གཉིས་ཀའོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་སྟོན་པས་བོས་ནས་ལན་གསུངས་པ་ནི། དྲི་བ་གཅིག་ལ་གསུམ་དྲིས་པའི་ལན་དུ་དེ་ཁོ་ན་ཉིད་ཀྱིས་རང་བཞིན་སྙིང་པོའི་དོན་ལས་མི་འདའ་བ་དང་། གཞི་ཇི་བཞིན་པ་དང་། རང་བཞིན་རྣམ་པ་བཞིར་གསུངས་པ་གོ་རིམ་བཞིན་ནོ། །དེ་ལ་ལན་ཐ་མ་བཞིའི་དང་པོ་བསྟན་པའི་ཕྱིར། གྲོགས་པོ་དག་གསང་སྔགས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། ནམ་མཁའ་ལྟ་བུའི་རང་བཞིན་པས། །ཞེས་པ་ལ་སོགས་པ། གླེང་གཞི་གསུམ་ལས་བྱིན་བརླབས་བྱུང་ཁུངས་ཀྱི་གླེང་གཞིའི་དབང་དུ་གྲོགས་པོར་བོས་པའོ། །དེ་ནས་རང་བཞིན་ཉེ་བར་སྟོན་པ་ནི། དཔེར་ནམ་མཁའ་རྟོག་པ་མེད་པ་ལྟར། གསང་སྔགས་དེ་ཁོ་ན་ཉིད་ཀྱང་རྟོག་པ་མེད་ཅིང་དེ་ཉིད་ལའང་གང་རྟོག་པ་ནི་རྣམ་རྟོག་སྟེ་དེ་མེད་པས་ན་མི་རྟོག་པའོ། །དཔེར་ས་གཞི་ལ་རྩི་སོགས་ཐམས་ཅད་འཁྲུངས་འབྱུང་བ་ལྟར། རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །དཔེར་མེ་ཡིས་རྫས་བསྲེགས་པ་ལྟར་མཐའི་དངོས་པོ་རྣམས་སྦྱོངས་པར་མཛད་པའོ། །རླུང་གིས་དྭངས་སྙིགས་འབྱེད་པ་ལྟར་གཟུང་འཛིན་གྱི་རྡུལ་ནི་སྒྲིབ་པ་ནང་ཆོད་པའོ། །སེལ་བ་ནི་མི་གནས་པའོ་བྲལ་བར་བྱེད་པའི་ཕྱིར་ཡེ་ཤེས་ཀྱི་རླུང་ཆེན་པོའི་རང་བཞིན་ནོ། །ཡེ་ཤེས་ཆེན་པོའི་ཆུ་ཡིན་པས་འབྱུང་བའི་ཆུ་དང་ལས་འདྲ་བས་རིལ་དེ་ཁོ་ན་ཉིད་སྐྱེ་བ་མེད་པར་དུ་སྡུད་པའོ། །སྨན་དང་འདྲ་བས་འཁོར་བའི་བརྟགས་པའི་ནད་ཐོག་མ་མེད་པ་ནས་ཡོད་པ་དུས་གཅིག་ལ་འབྱིན་ཏོ། །འཚོ་བའི་ཟས་ལྟ་བུ་ལས་སུ་ཞིག་ཡང་དག་པའི་ཏིང་ངེ་འཛིན་དང་ལྡན་པ་སངས་རྒྱས་བྱང་སེམས་རིག་འཛིན་རྣམས་ཀྱི་གསོས་ཡིད་བཞིན་བཏུང་བའོ་སུ་གྱུར་པའོ། །མཚོན་རྣོན་པོ་དང་འདྲ་བས་གདུང་བའི་རྒྱ་མཚོ་ཐར་དཀའ་བ་རྣམས་རྩད་ནས་གཅོད་པའོ། །རྟོགས་མ་ཐག་གོམས་པ་ལྟ་ཅི་སྨོས། ཉི་མ་དང་འདྲ་བར་མ་རིག་པ་དང་མཐའ་གཉིས་དག་པར་གསལ་ལོ། །རི་རབ་དང་འདྲ་བས་འཁོར་བའི་གཡང་ངེས་བས་ལོག་རྟོག་གིས་མི་སྒུལ་ཏེ་འཕེལ་འགྲིབ་བྲལ་བའོ། །རྒྱ་མཚོ་དང་འདྲ་བས་དུས་སྐྱེ་མེད་ལས་བཞིར་མ་བཙལ་བར་ཐུགས་རྗེའི་ཆོས་རྣམས་བྱིན་རླབས་འབྱུང་བའོ། །བདུད་གསང་དོན་རྟོགས་པས་སྐྱེ་མེད་རོས་བྱུག་པས་དུག་ལྔ་ཡང་བདུད་རྩི་རོ་རྩི་དང་གསེར་འགྱུར་རྩི་ལྟ་བུར་གཟུང་འཛིན་གྱི་དྲི་མའི་དུག་ཉིད་མ་སྤངས་པར་མཉམ་པ་ཆེན་པོར་སངས་རྒྱས་པའོ། །དེ་ལྟར་རང་བཞིན་བཅུ་གཉིས་དང་། བསྡུ་བའི་དོན་གྱིས་རང་བཞིན་ཇི་སྙེད་པ་དང་ལྡན་ཏེ། རིལ་གསང་སྔགས་མཚོན་པའི་སྒོར་མ་གྱུར་པ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་བྲལ་ཐམས་ཅད་འབྱུང་། །མ་བཅོས་མ་བསླད་དེ་བཞིན་པའོ། །ཞེས་པ་ངོ་བོ་ཉིད་གསང་སྔགས་ནི་རིན་པོ་ཆེ་ལྟར་རྣམ་པར་རྟོག་པ་ཅིར་ཡང་མི་རྟོག་ལས་ཡོན་ཏན་ཇི་སྙེད་པ་ཐམས་ཅད་འབྱུང་འཆར་བ་ཡང་། ལམ་པས་ཕྲལ་དུ་མེད་པ་ལ་མ་བཅོས་བྱས་ཤིང་དེ་སེལ་ཞུགས་པ་མ་བསླད་མ་ཡིན་ཏེ། ཡེ་ནས་མ་བྱས་མ་བཅོས་པའི་ངོ་བོ་དེ་ཁོ་ན་ཉིད་བཞིན་པའོ་ལས་བྱིན་རླབས་རང་སྣང་བའོ། །གྲོགས་པོ་དག་དེ་དག་ནི། ཞེས་པ་དག་ནི། ཕྱག་ན་རྡོ་རྗེས་རྒྱལ་བ་མང་པོ་ལ་ཐོས་པ་འདིར་བཀའ་སྩལ་པས། རང་བཞིན་དང་པོའི་ངོ་བོ་བསྟན་པའོ། །གྲོགས་པོ་དག་དེ་ལ་ལྟ་བའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། མ་ནོར་མི་འགྱུར་ངེས་བཅད་དེ། །མ་ཆགས་མི་རྟོག་ཉམ་མི་ང་། །ཞེས་པས། སྐྱེས་བུས་ལྟ་བའི་རང་བཞིན་ཉེ་བར་བསྟན་པ་ནི། ཆོས་རྣམས་ཀྱི་དོན་དེ་ཁོ་ན་ཉིད་མ་ནོར་འཕོ་འགྱུར་མེད་པའི་དོན་ཐག་ངེས་བཅད་དེ་ཆོད་པའི་ཤེས་རབ་ཟིན་ཆགས་ཀྱི་རྟོག་པ་དང་བྲལ་བས་གོལ་སྒྲིབ་ལྟུང་བའི་བསྙེངས་པ་དང་བྲལ་བའི་ལྟ་བའོ། །དེའི་ཚུལ་ཇི་ལྟ་བུ་ཞེ་ན། དཔེར་ན་ནམ་མཁའི་རང་བཞིན་ལས། །ཞེས་པ་དག་སྒྲ་བཞིན་ཏེ་དཔེའོ། །དེ་བཞིན་ཉིད་ཀྱི་ནམ་མཁའ་ལས། །ཞེས་པ་དག་དོན་དེ། རྟོག་པའི་རྒྱུ་འགྲུལ་ཅི་བྱུང་ཡང་ཆོས་ཉིད་ནམ་མཁའ་མ་བཀག་ལ་བྱུང་ཚོར་གྱི་རྒྱུ་མེད་པས་ཆོས་ཉིད་ཡིན་པའི་དོན་ཏེ་ཤེས་རབ་དང་ཏིང་ངེ་འཛིན་དུ་རྣལ་འབྱོར་ཅན་ལྡན་པས་ཤེས་པར་བྱ་བའོ། །ཐེག་པ་སོ་སོའི་ལྟ་བ་སྣང་ལུགས་ནི་གང་ཞེ་ན། ཇི་བཞིན་མ་བཅོས་དེ་བཞིན་ལ། །ཞེས་པ་ལ་སོགས་པ། གསང་སྔགས་ལྷུན་གྱིས་གྲུབ་པས་ཆོས་དབྱིངས་ལ། དམིགས་པ་ཐ་དད་ཀྱིས་ལ་ལས་རྟོགས་ལ་ལས་མ་རྟོགས་པའི་ཤེས་རབ་ཀྱི་ཁྱད་པར་སྐས་གདངས་ལྟ་བུས་ལྟ་བ་ཐ་དད་དུ་འཕྲོས་པ་ཤེས་པར་བྱའོ། །དེ་རྟོགས་པའི་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། རྣམ་པར་རྟོག་ལ་རྣམ་རྟོག་ཉིད། །ལོག་སྲེད་ཅན་ལ་ལོག་རྟོག་ཉིད། །ཕྱོགས་འཛིན་ཙམ་ལ་ཐ་སྙད་རྫས། །ཞེས་པ་ལ་སོགས་པ། བྱང་ཆུབ་ཀྱི་སེམས་ཀྱི་དེ་ཁོ་ན་ཉིད་དེ་ནི་སོ་སོའི་སྐྱེ་བོས་བརྟགས་པའི་རྟོག་པ་ཅན་ལ་རྟོག་པར་སྣང་ངོ་། །མུ་སྟེགས་ལྟ་ངན་ལོག་སྲེད་ལ་ཆགས་པ་ལ་རྩ་བ་རྟག་ཆད་དུ་སྣང་ངོ་། །ཉན་ཐོས་རང་རྒྱལ་ཕྱོགས་ཙམ་མཐོང་བ་ལ་རྡུལ་ཕྲ་རབ་ཆོས་ཙམ་རྫས་སུ་སྣང་བའོ། །དོན་དམ་པའི་ཕྱོགས་ཙམ་རྟོགས་ཀྱང་ཡང་དག་ཉིད་མ་མཐོང་བས་བདེན་པ་རེ་མོས་པའི་དབུ་མ་པ་ལ་ཀུན་རྫོབ་སྒྱུ་མར་སྣང་ལ། དོན་དམ་པར་མ་སྐྱེས་པའོ། །དེ་ཉིད་དེར་ངེས་ནམ་མཁར་མཐོང་། །ནམ་མཁའ་བཞིན་གནས་ནམ་མཁའ་ལ། །ནམ་མཁའ་ཉིད་དུ་སྣང་བར་ཟད། །ཅེས་པ་གསང་སྔགས་ཀྱི་དོན་མ་ནོར་བའི་ངང་དུ་བློ་ངེས་པ་ལ་སྤྱོད་ཡུལ་རིལ་ཆོས་ཉིད་ཀྱི་ནམ་མཁར་མཐོང་སྟེ། དཔེར་ནམ་མཁའ་ལྟ་བུར་གནས་པའི་ཆོས་མཉམ་པའི་ནམ་མཁར་རིག་པར་ཤར་བ་ལ། མཐོང་ཐོས་རིལ་ཡང་ནམ་མཁའ་ཉིད་དུ་སྣང་བར་ཟད་དེ་ལྟ་བུའི་ངང་དུ་གསལ་བ་ལས་མཚན་མ་འཁྲུལ་པར་གཉིས་སུ་གྱུར་པ་མེད་པའོ། །གྲོགས་པོ་དག་དེ་དག་ནི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་པ་ལྟ་བའི་དོན་དེའི་ངོ་བོ་རང་བཞིན་བསྟན་པའོ། །གྲོགས་པོ་དག་དེ་ལ་མི་འདའ་བའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་མི་འདའ་བ་དམ་ཚིག་གི་རང་བཞིན་ཉེ་བར་སྟོན་པའོ། །ཆོས་ཉིད་ནམ་མཁའ་ལྟ་བུ་འདིར། །ཐམས་ཅད་ཡོངས་ཀྱིས་གཅིག་པ་ལ། །ཞེས་པ་ཡེ་ཆོས་ཉིད་མ་བརྟགས་མ་བསྙད་པའི་ངོ་བོ་དཔེ་ནམ་མཁའི་ངང་དུ་བསྲུང་བྱ་ཐམས་ཅད་དང་ཆོས་ཀུན་དབྱེར་མེད་པར་གནས་པས་ཡོངས་ཀྱིས་གཅིག་པ་ལ་གཅིག་པུའོ། །བསྲུང་དང་མི་བསྲུང་ཕྱོགས་དང་བྲལ། །ཞེས་པ་རིས་སུ་བསྲུང་བའི་གཏད་པ་མེད་པས་ཕྱལ་བའི་དམ་ཚིག་ཆེན་པོའོ། །བསྲུང་དུ་མེད་པ་དེ་བས་ན། །བསྲུང་བའི་ཚད་གཟུང་ག་ལ་ཡོད། །ཅེས་གསུངས་སོ། །ནམ་མཁའ་ལྟ་བུའི་རྣལ་འབྱོར་པས། །ནམ་མཁའ་ལྟ་བུའི་དམ་ཚིག་བསྲུང་། །གང་འདིར་བསྲུང་མཚམས་མེད་པ་བདེ། །ཞེས་པ་ཆོས་ཉིད་ཀྱི་ནམ་མཁར་རིག་པ་ཤར་བའི་ས་དགུ་དང་བཅུའི་རྣལ་འབྱོར་པ་ཅི་ལའང་འཛིན་རྟོག་དང་བླང་དོར་མེད་པར་བྱའོ། །སུ་ཡང་རུང་བ་སྒོ་འདིར་བསྲུང་བའི་རྣམ་གྲངས་མཚམས་མེད་པ་ལ་འདའ་ཉམས་ཀྱིས་དཀའ་ཐུབ་མེད་པས་དེ་ནི། དམ་པ་རིལ་མ་ཉམས་ཐམས་ཅད་བསྲུང་བ་ཡིན་པའང་ཡིན་ཏེ་མེད་པའི་དམ་ཚིག་གོ། །ཅི་ཕྱིར་ཐམས་ཅད་ཐམས་ཅད་ཀུན། །དམ་པ་ཡིན་པར་ངེས་པས་ན། །ཞེས་པ་གཏན་ཚིགས་ནི་འཁོར་ཐམས་ཅད་དང་མྱ་ངན་ལས་འདས་པ་ཐམས་ཅད་རིལ་ཀུན་མཉམ་པ་ཆེན་པོའི་དམ་ཚིག་ཏུ་བྱུང་ཐེབས་མ་ཡིན་པར་ནི་ལྷུན་གྱིས་གྲུབ་པའི་དམ་ཚིག་སྟེ་ངེས་པས་ན་བསྲུང་ཉམས་མེད་དོ། །འགྱུར་བའི་དོན་ནི་དེ་ལྟར་མ་རྟོགས་པས་ཚད་འཛིན་རིས་སུ་བསྲུང་བ་ཉིད་དམ་པ་ཆེན་པོ་འདི་ལས་ཉམས་པའི་ཕྱིར། ཚད་འཛིན་ཚད་ཡོད་བྱེད་ཉིད་ཉམས། །ཞེས་གསུངས་སོ། །གང་ལ་བསྲུང་དང་མི་བསྲུང་བའི། །རྣམ་རྟོག་དེ་དག་མེད་ཀྱང་བླ། །ཞེས་པ་ལ་སོགས་པ། རྣལ་འབྱོར་པ་སུ་ཡང་རུང་བའི་བློ་ལ་བསྲུང་མི་བསྲུང་གི་རྟོག་པ་མེད་ན་མཆོག་གོ། །དེ་ཅིིའི་ཕྱིར་ཞེ་ན། བསྲུང་མཚམས་རྩ་བ་དང་ཡན་ལག་ཏུ་ཕྱེ་ནས་བསྲུང་བ་ནི་དོན་མ་མཐོང་བའི་ཡ་སྒྱུ་མ་བརླ་ཙམ་པས་ཐེག་པ་མཆོག་དམ་པ་མིན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་དམིགས་ལྟ་ཅན་དེ་ལ་དམ་ཚིག་བསྲུང་ཞེས་བྱ་བའི་མིང་དུ་སུ་ཡང་མི་སྨྲའོ། །བསྲུང་དང་མི་བསྲུང་ཚིག་མེད་དེ། །ཞེས་པ་ལ་སོགས་པ། ཐབས་ཆེན་པོ་འདིར་བསྲུངས་མཚམས་བྲལ་བའི་ཆོས་ཉིད་བསྲུང་བ་དང་དུ་བླང་བ་དང་མི་བསྲུང་ཉམས་པ་དོར་དུ་མེད་པ་དེ་ནི་ཐེག་པ་མཆོག་གི་དམ་ཚིག་པས་ཚིག་མེད་དེ་དཀའ་ཐུབ་རྟོག་པ་ཅན་དུ་གྱུར་པ་མ་ཡིན་ཆོས་ཉིད་དེ་ལ་བླང་དོར་མེད་པའོ། །དམ་ཚིག་ཆེད་དུ་བྱེད་པ་བསྲུང་དང་། མི་བསྲུང་བྱ་བ་མེད་ཐེག་པ་མཐོ་དམན་གྱི་ཆོས་གང་ཡང་འདིར་དང་དུ་བླང་རྒྱུ་བསྲུང་དུ་མེད་པས། བྱ་བ་མེད་པ་ཉིད་ཀྱི་བློ་བཞག་གོ། །ཐབས་ཇི་ལྟར་ཞེ་ན། དེ་བཞིན་ཉིད་ཀྱི་དོན་དམ་ལ། །ཇི་བཞིན་པ་ཡི་བློ་བཞག་སྟེ། །བརྗེད་པ་མེད་པའི་དམ་ཚིག་གིས། །བསྲུང་མཚམས་མེད་པའི་ངང་དུ་བསྡམ། །ཞེས་པ་ཆོས་ཉིད་ཇི་བཞིན་པའི་དོན་མཆོག་ཏུ་རིག་པ་རང་སྣང་བའི་དུས་ན་བློ་ཅིར་ཡང་མ་སྐྱེས་མི་གཡོ་མི་འཛིན་པ་ནི་རྣལ་མ་ཉིད་ལ་བབ་པ་སྟེ། དེ་ཉིད་བདག་ཉིད་ཀྱི་རིག་པ་ལ་བྲལ་བ་མེད་པ་ནི་དམ་བཅས་པའི་ཐ་ཚིག་མཆོག་གོ། །དོན་དེས་འདི་བསྲུང་འདི་མི་བསྲུང་མེད་པའི་དོན་ལས་མི་ཉམས་ངང་བསྡམ་པར་བྱ་བའོ། །བསྲུང་མེད་ནམ་མཁའི་དམ་ཚིག་འདི། །ཇི་ལྟར་གྲགས་པའི་རང་བཞིན་ལ། །སྡོམ་དང་ཚུལ་ཁྲིམས་སོ་སོར་སྣང་། །ཞེས་པ་དང་། སྒོ་གསུམ་ཆེད་དུ་བསྡམ་པ་མེད་པའི་དམ་ཚིག་ཆེན་པོ་ནམ་མཁའ་ལྟ་བུ་འདིའི་ཁྱད་པར་ལས། བློ་རིམ་པ་བཞིན་དུ་སོ་སོར་འདུལ་ཚད་དུ་གྲགས་པའི་ངོ་བོ་ལས་རྒྱ་མཚོ་དང་ཉིས་བརྒྱ་ལྔ་བཅུ་ལ་སོགས་པར་སྣང་བ་ནི་འདི་ལྟ་སྟེ། འཇིག་རྟེན་སྐྱེ་བོ་ཕལ་པ་ལ་ཆད་མདོ་དང་མནའ་རུ་སྣང་ངོ་། །དོན་ཤེད་མ་བྱེ་བའི་ཉན་ཐོས་རྣམས་ལ་ཚུལ་ཁྲིམས་སུ་གྲགས་ཤིང་སྣང་ངོ་། །དོན་གྱི་ཕྱོགས་ཤེད་བྱེ་བ་ལ་སྡོམ་པར་གྲགས་སོ། །ཐེག་པ་ཆེན་པོ་གསང་སྔགས་ཕྱི་ནང་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་པར་སྣང་ངོ་། །གཅིག་གི་དོན་ལས་མ་གཡོས་ཀྱང་། །འདུལ་བའི་ངོ་ལ་སོ་སོར་གྲགས། །ཞེས་པ་སྣང་ལུགས་ནི་དམ་ཚིག་ཆེན་པོ་ནོར་བུ་རིན་པོ་ཆེ་ལྟར་དམ་པ་མང་པོའི་དངོས་གཞིར་གྱུར་པས་གཅིག་ལས་མ་གཡོས་པར་འདུལ་བཞིན་སྣང་ཞིང་གྲགས་པའོ། །དེ་བཞིན་ཉིད་ལྡན་དམ་པ་སྟེ། །ཞེས་པ་དག །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ཤིང་གོམས་པ་ཅན་ནི་དུས་བཞིར་འདའ་ཉམས་མེད་དོ། །དོན་དེ་དང་བྲལ་ན་ལྟུང་བར་འགྱུར་བས་དམ་ཚིག་ཆེན་པོ་ངེས་ཚིག་གོ། །གཅིག་བསྲུང་བ་ནི་ཀུན་བསྲུངས་པའི། །དམ་པའི་དམ་ཚིག་ཆེན་པོ་འདི། །ཞེས་པ་ལ་སོགས་པ་དེ་བཞིན་ཉིད་ཀྱི་དོན་ལས་མ་ཉམས་ན་བསྲུང་མཚམས་རིལ་ལ་ཞིག་རལ་བྱུང་ཡང་སྐྱོན་མེད་པའི་དམ་པ་ཆེན་པོ་འདི་ནི། ཐེག་པ་སོ་སོ་ཀུན་གྱི་བསྲུང་བ་དང་མི་འགལ་བར་བྱ་བ་ནི་རིལ་འདིར་བྲེ་ཕུལ་གྱི་ཚུལ་གྱིས་ཚང་བ་དང་། རྒྱལ་པོ་དང་འབངས་ལྟ་བུའི་ཚུལ་གྱིས་འདིར་ཐེག་པ་ཀུན་གྱི་བསྲུང་བ་དང་དུ་བླང་བ་སྟེ། འོན་ཀྱང་དེ་དག་རིལ་དམ་པ་ཆེན་པོ་གཅིག་གི་རང་བཞིན་གྱིས་རྒྱས་ཐེབས་པའི་དོན་རྟོགས་པ་ལས་མི་ཉམས་པར་བྱ་བའོ། །གྲོགས་པོ་དག་དེ་དག་ནི་མི་འདའ་བའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་པ་དག་དམ་ཚིག་ཏུ་ངོ་བོ་བསྟན་པའོ། །ཀྱེ་གྲོགས་པོ་དག །དེ་ལྟར་སྤྱོད་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། ལུས་དང་ངག་དང་ཡིད་གསུམ་གྱིས། །མཐའ་གསུམ་ཡོངས་སུ་དག་རྫོགས་ནས། །དམ་པའི་སྤྱོད་པ་ཡིན་པས་ན། །ཞེས་པ་དག་བོས་ནས་སྤྱོད་པ་ཉེ་བར་བསྟན་པ་ནི། སྒོ་གསུམ་གྱིས་ལས་མཐའ་ཡོངས་སུ་དག་པ་མཐར་ཕྱིན་པ་དེ་ནི་ཐེག་པ་ཆེན་པོའི་སྤྱོད་པ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་རྒྱུད་འཛིན་པ་ཞེས་བཀའ་ལས་གསུངས་པས་རིགས་ངན་དུ་གྱུར་པ་མ་ཡིན་པའོ། །སྒོ་གསུམ་གྱི་སྤྱོད་པ་སོ་སོ་ནས་བསྟན་པའི་ཕྱིར། རྡོ་རྗེ་ལུས་ཀྱི་སྤྱོད་པ་ནི། །ཕྱིན་པ་མེད་པས་ཚུལ་མི་བཅོས། །གཅིག་པུ་ཉིད་པས་གཅིག་པུར་གནས། །ཞེས་པ་ལ་སོགས་པ། ཁྱད་པར་དུ་ཡང་ས་ལྔ་པ་མན་ཆད་ཀྱི་ཡུལ་ཐེག་པ་ཆེན་པོའི་རྣལ་འབྱོར་ཡང་དག་པ འི་དོན་དང་མི་ཕྱེད་པ་རྡོ་རྗེ་རྣམས་ཀྱི་ལུས་སྤྱོད་ནི་ཇི་ལྟར་སྤྱད་ཞེ་ན། ཚིག་ཕྱེད་ཕྱེད་ཀྱིས་དོན་དང་བྱ་བར་འགྱུར་ཏེ། རིལ་མཉམ་པའི་ངང་ལ་བདག་མཐོ་སར་ཕྱིན་པ་མེད་པའི་དོན་གྱིས་ཕྱིར་ལུས་ཚུལ་བཅོས་པར་མི་བྱ་བ་དང་། ཆོས་སོ་ཅོག་སེམས་ཀྱི་ཆོས་ཉིད་དུ་གཅིག་པས་བདག་ཀྱང་གཉིས་གཉིས་ཐམས་ཅད་རྣམ་པར་སྤང་པ་གཅིག་པུར་སྟེ། དགོན་པར་འདུག་པ་གནས་དང་། གླང་པོ་ཆེན་པོ་ལྟར་ལྟ་སྟངས་ཇི་བཞིན་པ་ཟོན་པག་དང་ལྡན་པར་བྱ་བ་དང་། ལུས་ཀྱི་སྤྱོད་པ་བཅོས་བསླད་མེད་པར་དེ་བཞིན་རྣལ་མར་རང་ལུགས་སུ་འདུག་པ་དང་། གནས་གང་དུ་གར་གནས་པར་རྟག་ཏུ་འདུག་སྟེ་རྟག་པར་གནས་མ་ངེས་པའི་སྐྱོན་མེད་པ་དང་། རྟག་པའི་གནས་དེ་ཉིད་ལའང་མི་དམིགས་པར་ཤེས་པས་ས་དེ་ལའང་ཞེན་ཆགས་མི་བྱ་བ་དང་། སྤྱོད་ལམ་བཞི་གང་ལ་གནས་པ་དེར་ཡང་ལུས་ཆེད་དུ་བཅོས་པ་མེད་པ་རྣལ་མར་གནས་དང་། ཚ་གྲང་གང་གིས་གདུང་བས་མི་ཉེན་ཞིང་དེ་ཉིད་ལས་སྐྱོབ་པ་དག་ཙམ་ལས་ལྷག་པར་བཟང་བ་དང་མཛེས་པའི་རྒྱན་ཕྱིར་མི་བཅོས་པ་དང་། གནས་གར་གནས་པར་ལུས་སྤྱོད་ཇི་ལྟར་བདེ་ལྡན་སྦྱར་བག་ཡངས་སུ་བྱའོ། །རྡོ་རྗེ་དེ་ཁོ་ན་ཉིད་ཀློང་དུ་གྱུར་ཀྱང་གཞན་ཕྱིར་བཤད་པའི་ལུས་སྤྱོད་དགུ་པོ་ལས་མི་འདའོ། །དེ་བཞིན། རྡོ་རྗེ་སྔགས་ཀྱི་སྤྱོད་ཡུལ་ནི། །བྱ་བ་མེད་པའི་རྣལ་འབྱོར་པས། །མཆོད་རྟེན་དག་གི་ལས་མི་བྱ། །ཞེས་པ་དག །རྡོ་རྗེ་ཐེག་པའི་སྔགས་ཀྱི་ལས་ཀྱི་སྤྱོད་ཡུལ་ནི། ཁྱད་པར་དུའང་བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་ལ་གནས་པས་བྱ་བ་གང་གིས་ཀྱང་བསྟངས་སུ་མེད་པའི་ཕྱིར། མཆོད་རྟེན་མི་རྩིག་པ་དང་། གླེགས་བམ་མི་ཀླག་པ་ལ་སོགས་པ་དགུ་མི་བྱའོ། །རྣམ་པ་གཞན་དུ་ན་བྱ་བ་མེད་པའི་དོན་བསྒོམ་པའི་རྣལ་འབྱོར་པ་ཀུན་གྱིས་ཏིང་ངེ་འཛིན་ལ་གནས་པའི་དུས་སུ། མཆོད་རྟེན་གྱི་ལས་དང་། ཀློག་འདོན་དང་དཀྱིལ་འཁོར་གྱི་བྱ་བ་དང་། ཕྱག་རྒྱ་མི་བཅིངས་པ་དང་། སྔགས་མི་བཟླ་བ་དང་། རྣལ་འབྱོར་པས་སུ་ལའང་ཕྱག་མི་འཚལ་བའོ། །གལ་ཏེ་ཁ་ན་མ་ཐོ་བས་འཇིགས་ནའང་ཕྱག་གི་གནས་གང་ཡིན་པའི་སྤྱི་བོར་ལྷའམ་བླ་མ་གནས་པར་བྱས་ལ་ཕྱག་འཚལ་བ་དང་། ནོར་རྫས་རྙེད་པ་དང་། མང་པོས་བཀུར་བའི་ཆེད་དུ་མི་ལྟ་བ་དང་། འཇིག་རྟེན་གྱི་ཁེ་དང་གྲགས་པའི་ཕྱིར་མི་སྤྱད་པ་དང་དགུའོ། །ཅི་ཕྱིར་དེའི་དགོས་ཆེད་ནི་གཡེང་བ་དྲུག་ལས་འདི་ཕྱིའི་གཡེང་བ་འབའ་ཞིག་ཡིན་པ་དང་། ཤིན་ཏུ་གཡེང་བ་རབ་ཏུའང་བསམ་གཏན་གྱི་དགྲར་གྱུར་ཏེ། སྒོ་གསུམ་གཡེང་བའི་གཏན་ཚིགས་དེས་ན་དོན་མཉམ་པའི་ངང་དུ་བློ་མི་ཕེབས་དེ་ལ་ཉེ་བ་མ་ཡིན་པས་ཏེ། དེ་ལས་རིང་བར་བྱེད་པས་ལུས་རྣལ་མར་གནས་པར་བྱའོ། །འདིའང་ལུས་སྤྱོད་དུ་འགྱུར་ཏེ་བསྡོམས་པས་བཅོ་བརྒྱད་དོ། །རྣལ་འབྱོར་ངེས་པའི་བསམ་གཏན་ལས། །རྡོ་རྗེ་སྔགས་ཀྱི་ཁ་ཟས་ནི། །ལུས་ཟུངས་འཛིན་པའི་རྟེན་ཙམ་དུ། །གང་ལྡན་འབྱོར་ལྡན་མ་གཏོགས་པ། །ཞེས་པ་ལ་སོགས་པ། ཐེག་པ་ཆེན་པོ་རྣལ་འབྱོར་གསང་སྔགས་སུ་རིགས་ངེས་ཤིང་གདེང་རྙེད་པའི་བསྒོམ་པ་པོ་བསམ་གཏན་པ་ལ་རྣམས་ཀྱིས་རྡོ་རྗེ་སྔགས་ཀྱི་ཁ་ཟས་ཀྱི་སྤྱོད་པ་ཡང་། ལུས་ཟུངས་འཛིན་གསོ་བའི་ཆེད་ཙམ་དུ་བདག་ལ་ཡོ་བྱད་གང་ཡོད་ཅི་འབྱོར་ལྡན་པ་ལས་མ་གཏོགས་པ་ཞིམ་པ་ལ་ཟས་ཕྱིར་ཆགས་པས་དོན་ཆེད་དུ་གཉེར་བསྒྲུབ་བར་མི་བྱ་བ་དང་། རང་ཉིད་དྲོད་མཚག་པ་དང་ཉམས་བསྐྱེད་པ་ཕྱིར་ཁ་ཟས་བཙལ་གང་ཡིན་ཞིང་མི་བཟའ་བ་དང་། བསམ་པ་མི་དམིགས་པའི་དོན་དང་མ་བྲལ་བས་ཁ་ཟས་ཆེད་དུ་མ་བཅོས་པར་རྣལ་མ་ཐད་དུ་ཇི་བཞིན་བཟའ་བ་དང་། འཚོ་བའི་ཆེད་དུ་ཞེན་པས་གཡོས་ཀྱི་བྱེ་བྲག་སྣ་ཚོགས་ཀྱི་བཅོས་བསྒྱུར་བར་མི་བྱ་བ་དང་། ཞིམ་པ་ལ་ཆགས་པ་དང་མི་ཞིམ་པ་ལ་མ་ཆགས་པའི་བླང་དོར་མི་བྱ་བ་དང་། གཞན་གྱི་ཁ་ཟས་རང་ལ་ཡོད་བཞིན་ལྷག་པར་ཆགས་པས་མི་བླང་བ་དང་། བསོད་སྙོམས་མི་བྱ་བ་དང་། སློང་མོ་བསོད་སྙོམས་མི་བྱ་བའི་གཏན་ཚིགས་ནི། ཆགས་སྡང་དང་གཡེང་བ་སྐྱེས་ན་བདག་གི་དོན་དུ་མི་འགྱུར་བ་དང་། རྐྱེན་དེས་ཕ་རོལ་པོ་ལ་ཆགས་སྡང་སྐྱེ་བས་ཁོའི་དོན་དུ་མི་འགྱུར་ཏེ། དོན་གཉིས་དང་བྲལ་བ་ནི་འཚོ་བ་མ་དག་པ་ཞེས་བྱའོ། །དེ་ལྟར་བདུན་ཀྱང་རྩ་བའི་དབང་གི་ལུས་སྤྱོད་དུ་འགྱུར་རོ། །གཞན་ཡང་། མཚམས་མེད་པ་ལ་མཚམས་གཅོད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཞེས་པ་ལ་སོགས་པ་སྔར་མཚམས་དང་མི་ལྡན་མེད་པ་ལ་པ་ལས་ཕྱིས་དགོན་པར་ཉམས་པའམ་བསམ་དགྲ་རྣམས་མཚམས་གཅོད་པ་དེ་གྲོང་ཡུལ་ན་གནས་ཀྱང་མ་འདྲུལ་མཚམས་བཅད་པ་འདི་ནི་རྣལ་འབྱོར་གྱི་ལས་དམ་པའོ། །ཤེས་བྱ་ཕྱིའི་རྟོག་རྒྱུན་བཅད་དེ་བསྒོམ་པའི་ཚེ་ཕྱི་རིལ་གཡེང་བས་བསམ་གཏན་གྱི་བར་ཆད་སྤང་བའི་ཆེད་དུ་ཕྱི་གྲོང་ཡུལ་དང་ནང་གནས་ཀྱི་བར་དུ་འདྲུལ་བཅད་པའི་རྟགས་ཐོ་ཡང་བརྩིགས་པར་བྱའོ། །དེ་ལྟར་མཚམས་བཅད་པའི་གནས་དེར་ལུས་ཇི་ལྟར་སྤྱད་ཞེ་ན། གང་ལ་གནས་གཞི་རྟེན་མེད་པས། །གནས་དེར་ལུས་བཅོས་ཁ་ན་མེད། །ཅེས་པ་ལ་སོགས་པ། གཅིག་ཆར་བའི་རྣལ་འབྱོར་མཆོག་སུ་ཞིག་བསྒོམ་པའི་ཚེ་རིལ་རང་རིག་པའི་ངོ་བོར་འོད་གསལ་བ་ལ་ལུས་སེམས་གནས་པར་བྱ་བའི་གཞི་རྟེན་མ་དམིགས་པས་མེད་པས་ལུས་གནས་ཀྱི་ངོ་བོ་མ་གྲུབ་པའི་ཕྱིར་གནས་ཆེད་དུ་བདེ་བར་བྱ་བ་དང་། ལུས་སྐྱིལ་ཀྲུང་ལ་སོགས་པ་ཆོས་དྲུག་གིས་བཅོས་པར་མི་བྱའོ། །འོ་ན་དེ་སྐྱོན་ནམ་ཞེ་ན། གང་ཞིག་ལུས་གནས་སུ་ཞེན་ཞིང་ཆགས་པས་གནས་སུ་ལུས་བཅོས་པའི་སྤྱོད་པ་ནི་ཡང་དག་པའི་དོན་ལ་སེལ་ཞུགས་པ་བསླད་པ་ཡིན་ནོ། །དེ་བས་ན། བསམ་གཏན་ལུས་དབེན་བཅོས་མི་བྱ། །ཞེས་པ་ལ་སོགས་པ། བསམ་གཏན་གང་བསྒོམ་པ་པོས་ལུས་ཀྱི་དངོས་པོ་ཡེ་མ་དམིགས་པ་ལ་ལུས་སུ་མཐོང་བས་བཅོས་པར་མི་བྱའོ། །འོན་ཀྱང་ལུས་རིལ་སེམས་འོད་གསལ་བ་དེ་ལ་ལུས་ཀྱི་དངོས་པོ་ལས་དབེན་པས་མ་བཅོས་བསླད་པ་དེ་ཉིད་ཡེ་ནས་ཆོས་ཉིད་མཐའ་དབེན་ལས་རིང་བའི་གནས་ཡིན་པས་རྣལ་འབྱོར་ཆེན་པོའི་སྤྱོད་ཡུལ་ལོ། །དེར་མ་ཟད། རི་ཕུག་གཞལ་མེད་བཅོས་མི་བྱ། །དེ་ཉིད་དཔག་མེད་མ་བཅོས་པ། །ཞེས་པ་དག །དོན་ཆེན་པོ་སྤྱོད་པ་བས་རི་ཕུག་དང་དགོན་པ་དག་གཞལ་མེད་ཆེད་དུ་བཅོས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རི་ཕུག་ལ་སོགས་པའི་ངོ་བོ་དེ་ཉིད་ཡེ་ནས་དཔག་མེད་མ་བསླད་པའི་ཆོས་ཉིད་ཟབ་མོ་བྱེད་པས་མ་བྱས་པའི་ངོ་བོ་ནི། འདི་ནི་ཡེ་གདོད་ནས་རྒྱལ་བའི་བཞུགས་གནས་རྨད་བྱུང་གཞལ་ཡས་སུ་ལམ་བློས་སྐྱེ་བ་མེད་པར་མ་བྱས་པར་རང་ཤར་བྱུང་བའི་ཕྱིར་ཏེ། གང་ཞིག་རི་ཕུག་པ་ཆོས་པ་ལ་ནི་དགོན་པར་ཞེན་པ་ཡོད་པས་དེ་དག་བསལ་བའི་ཆེད་དུའང་མི་འཆོས་པའོ། །འོ་ན་གཏན་ནས་དགོན་པ་དང་དུ་མི་བླང་ངམ་ཞེ་ན། དེ་ལྟར་ཐག་ཆོད་ནས་དགོན་པར་འབྱུང་བ་དང་། གནས་ཉམས་དགའ་བར་བྱ་བ་ནི་འཛིན་པ་མེད་པས་བྱ་བ་དང་གང་ཡང་སྤང་བྱ་མིན་པས་མི་འགལ་བར་ཐེ་ཚོམ་མེད་དོ། །དེ་དག་ནི་རྣལ་འབྱོར་མཆོག་གི་ལུས་སྤྱོད་དེ་རྣམ་གྲངས་བསྡོམས་ན་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །རྡོ་རྗེ་ངག་གི་སྤྱོད་ཡུལ་ཡང་། །དམ་པའི་ཆེད་དུ་སྙན་སྨྲ་ལས། །གཞན་དུ་ཁ་གསག་ག་ཞ་མིན། །བརྗོད་པ་ཐམས་ཅད་ངེས་པ་ཉིད། །ཅེས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོའི་ངག་སྤྱོད་ནི། ཆོས་དང་མ་ཐུན་པར་བྱ་བའི་དམ་པའི་དགོས་ཆེད་དུ་སྙན་པར་སྨྲ་བ་དང་། དེ་མ་ཡིན་པ་ཁ་གསག་གཏོགས་དང་རྟ་གད་ག་ཞ་མི་བྱ་བ་དང་། སྨྲ་བ་ཐམས་ཅད་ཀུན་ཀྱང་ངེས་ཆེ་བར་བྱ་བ་དང་། སྨྲ་བའི་དོན་ཇི་ལྟ་བར་རྫུན་མེད་པར་གསོང་པོར་སྨྲ་ཞིང་དེ་ལས་ཚིག་ཕྱིས་མི་འགྱུར་བར་བྱ་བ་དང་། ངག་གིས་ཇི་སྐད་བརྗོད་པ་ལྟར་དེ་བཞིན་དང་མཐུན་པར་བྱ་བ་དང་། འཆལ་གཏམ་ལྟ་བུར་ཐམས་ཅད་ཀུན་ཏུ་སྐབས་མེད་པར་མི་སྨྲ་བ་དང་། ངག་གང་ཇི་སྐད་བརྗོད་པ་དོན་དང་གཉིས་འབྲེལ་བར་བྱ་བ་དང་། གནས་སྐབས་དང་དགོས་ཆེད་ཡོད་པའི་ཚེ་མ་ཡིན་པ་རྣམ་པ་ཐམས་ཅད་དུ་འཆལ་བར་བྱ་བ་མ་ཡིན་པ་དང་། སྨྲ་བ་ཀུན་ལ་དཔེ་ཡིས་མཚོན་ཞིང་གོ་ཐོག་ཏུ་དབབ་འཇལ་དུ་བྱ་བ་དང་། ཆོས་ཐམས་ཅད་ཚད་མ་དོན་སྒྲོ་སྐུར་མེད་པས་བདག་ཀྱང་ཚད་མར་སྨྲ་བ་དང་། སྤྱོད་པ་ཆེད་དུ་མ་བཅོས་པའི་ངང་ལ་གནས་པ་རྣལ་འབྱོར་པ་རྡོ་རྗེའི་ངག་གི་སྤྱོད་པར་བཤད་མཆོག་སྟེ་རྣལ་འབྱོར་མཆོག་གི་ངག་གི་སྤྱོད་པ་རྣམ་པ་བཅུའོ། །རྡོ་རྗེ་ཡིད་ཀྱི་སྤྱོད་ཡུལ་ནི། །མ་བཅོས་མ་ཡེངས་བསམ་དང་བྲལ། །མ་ཡེངས་མ་རྨུགས་གསལ་ཞིང་གནས། །ཞེས་པ་ལ་སོགས་པ། རྡོ་རྗེ་ཐེག་པ་ཆེན་པོ་ཡིད་ཀྱི་སྤྱོད་པ་ནི། བློ་ཆེད་དུ་མ་བཅོས་པ་དང་། དོན་ལས་མ་གཡོས་པ་དང་། དོན་ཆེད་དུ་བསམ་པ་དང་བྲལ་བ་དང་། དོན་ལས་མི་ཡེངས་པ་དང་། བྱིངས་རྨུགས་དབང་དུ་མ་གྱུར་པ་དང་། དགོངས་པ་གསལ་བ་དང་། རྟོག་པའི་ཟུག་རྔུ་ཞི་བ་དང་། ཡུལ་ལ་འདོད་ཞེན་མེད་པ་མ་ཆགས་དང་། སྒྲོ་སྐུར་གྱི་བསམ་པ་མེད་པ་དང་། བཟང་ངན་ལ་བླང་དོར་མེད་པ་དང་། ཆགས་སྡང་གི་སེམས་མི་བྱེད་པ་དང་། ཉེས་པ་འཆབ་པ་མེད་པ་དང་། ཆེ་བ་སྤྱོམ་པ་མེད་པ་དང་། ནོར་རྫས་དང་རྙེད་འབྱོར་ལ་ཚོལ་ཞིང་ཆགས་པའི་སེམས་མེད་པ་དང་། ཕྱོགས་བྲལ་རིས་མི་བྱེད་པ་དང་། མུ་མེད་བསམ་པ་ཡོངས་སུ་དག་པ་དང་། དམ་བཅའ་བའི་གོ་ཆ་གྱོན་ནས་སྒོ་གསུམ་དྲང་པོར་གཞུང་དུ་སྤྱོད་པ་དང་། མ་དག་པའི་ལྟ་བ་དུག་འགྱུར་དང་ཏིང་ངེ་འཛིན་དང་མི་བྲལ་བར་ཡང་དག་པའི་ལྟ་བ་དང་། ཏིང་ངེ་འཛིན་དང་མི་འབྲལ་བ་དང་། གཉིས་སུ་མེད་པའི་ལྟ་བ་མི་འགྱུར་བར་རྡོ་རྗེའི་རྫོང་ལ་གནས་པ་དང་། བྱང་ཆུབ་སེམས་ཡིད་བཞིན་ནོར་དང་ཞི་གནས་བློ་དང་ལྷག་མཐོང་གྲོས་དང་ལྡན་པར་བྱ་བ་དང་། གང་དུ་མི་འགྱུར་ལྟ་བ་དང་ཏིང་ངེ་འཛིན་གདེང་དུ་ཆུད་པས་མི་འགྱུར་ཞིང་རྐྱེན་ཅིས་ཀྱང་མི་བསྒྱུར་བ་དང་། རང་རིག་པ་མཉམ་པའི་དབྱིངས་སུ་བདག་གཞན་ཀུན་གཅིག་པར་བྱ་བའི་ཕྱིར་དང་། གདུལ་བྱའི་གང་གི་བློ་ལ་མངོན་སྣང་བར་བྱ་བའི་ཕྱིར་ཆེད་དུ་སྤྱོད་པ་ལེགས་པར་ཡོངས་སུ་མཛེས་པར་བྱ་བ་དང་། བག་ཡོད་པ་དང་། ཁྲེལ་ཡོད་པ་ད ང་། ང་རྒྱལ་མེད་པས་སེམས་ཀུན་དང་མཐུན་པ་དང་ལྷན། ཐམས་ཅད་རིལ་ཞི་བ་ཆེན་པོ་པས་སེམས་དེས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་པས་བསམ་པ་ཅིར་ཡང་མི་རྟོག་པ་དང་། ཆོས་ཉིད་དེ་ཉིད་ཞི་དང་ལྡན་པས་སེམས་མི་འཁྲུག་པ་དང་། བདག་ཉིད་ལས་མ་གཏོགས་པ་གཞན་ཞིག་གང་ནའང་ནས་དངོས་གྲུབ་དང་ཡོན་ཏན་ཅིའང་མི་འབྱུང་བས་སེམས་ལས་གཞན་དུ་ཡོན་ཏན་ཚོལ་བའི་སེམས་མེད་པ་དང་། ཟང་ཟིང་ལ་ཆགས་པ་མེད་པས་ཚུལ་བཅོས་མི་བྱེད་པ་དང་། འདོད་ཡུལ་ལ་སེམས་ཆགས་ཤིང་ཕྲད་པར་འདོད་པའི་གདུང་བ་མེད་པས་སེམས་མེད་པ་དང་། སེམས་ཅི་ལའང་མ་ཆགས་པའི་དོན་ཤར་བཟུང་བས་ཆོག་པར་འཛིན་པ་དང་། དངོས་པོ་ཅི་ལའང་རང་རིག་པའི་ཕྱིར་མཚན་མར་རྣམ་པར་མི་འཛིན་རྟོག་པས་གཙང་དམེ་དང་དུས་སྔ་ཕྱི་དང་དམ་པར་བལྟས་ནས། དམ་པའང་དང་དུ་ལེན་པ་མེད་པ་དང་སུམ་ཅུ་རྩ་བདུན་གྱི་སེམས་ཀྱི་སྤྱོད་པའོ། །སེམས་ཉིད་ནམ་མཁའི་སྙིང་པོ་དེ། །གློ་བུར་སྤྲིན་གྱིས་གཏིབས་སྤུངས་པས། །ཤེས་རབ་རླུང་གིས་མ་གཏོར་བར། །ག་ཞ་མཁན་གྱི་སྤྱོད་འདྲ་ཡིས། །སྒྲིབ་བསལ་ཆོས་ཉིད་གསལ་འདོད་པ། །ཞེས་པ་རང་རིག་པ་ཆོས་ཀྱི་སྐུ་སེམས་ཉིད་ནམ་མཁའི་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་དེ་ལ། འགྲོ་བ་རྣམས་ཀྱིིས་བརྟགས་པའི་རྟོག་བློ་བུར་པ་སྤྲིན་ལྟ་བུས་བསྒྲིབས་སྤུངས་པས་སེམས་ཀྱི་རང་བཞིན་མ་རྟོགས་པ་དེ། ཡང་དག་པའི་ཤེས་རབ་ཀྱི་རླུང་གིས་ཆོས་ཉིད་ཀྱི་ངང་དུ་མ་གཏོར་བས་དེངས་པར་བྱས་ན་སྤྱོད་པ་མ་གྲངས་པ་ག་ཞ་མཁན་རྟ་གད་སྐྱེད་པ་འཇིག་རྟེན་གྱི་བཞའ་ལེབ་ལྟ་བུའི་སྤྱོད་འདྲ་བ་པས་བསྒྲིབས་པ་བསལ་ཞིང་དག་པས་ཆོས་ཉིད་ཀྱི་དོན་གསལ་བར་འདོད་པ་ནི་ཚི་ཆད་པའི་ཕྱིར། ཇི་ལྟར་ཆུས་གཤེར་བྱས་པ་དག །ཉི་མ་སྤྲིན་དང་གྲིབ་མ་ཡིས། །ཤིན་ཏུ་བསྒྲིབ་པར་གྱུར་པ་ན། །བྱིས་པའི་རང་བཞིན་མི་ཤེས་པས། །སྤྲིན་ཆེན་འདུས་པའི་ཕུང་པོ་ལ། །ཁ་ཡི་དབུགས་ཀྱིས་བུས་བྱས་ནས། །སྤྲིན་གསལ་ཉི་འོད་གསལ་འདོད་འདྲའོ། །ཞེས་གསུངས་སོ། །གྲོགས་པོ་དག་ཅེས་པ་ལ་སོགས་པ་སྤྱོད་པའི་ངོ་བོར་བསྟན་པའོ། །རྣལ་འབྱོར་རང་བཞིན་གྱི་ལེའུ་ཞེས་པ་མཚན་ནོ། །ལྔ་བཅུ་བདུན་པ་བཀྲོལ་ལོ།། །།དེ་ནས་ལང་ཀའི་བདག་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཞེས་པ་ལ་སོགས་པ་འཁོར་རྣམས་ཀྱིས་བཞི་བཅུ་ཞེ་ལྔ་པའི་ཆོས་ཀྱི་རྣམ་གྲངས་བཅུས་བཀོད་པའི་གསུམ་པ་དྲིས་ཏེ་སྒྲ་ཇི་བཞིན་ནོ། །དྲི་བ་གཉིས་ནི་ཤེས་པར་བྱ་བའི་ཐབས་སྤྱོད་ཡུལ་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག ཤིང་ནི་བྱང་ཆུབ་ལྗོན་ཤིང་སྟེ། །ཞེས་པ་དག །ལན་དུ་གསང་བ་པས་ཀྱེ་བོས་ནས་ཤིང་ནི་བྱང་ཆུབ་གི་ངོ་བོ་བསྟན་ནས་བསྐྱེད་པའི་དགོས་པ་ནི། འབྲས་བུ་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་སྨིན་པར་འགྱུར་བས་གང་མཐའ་དག་སངས་རྒྱས་དང་སེམས་ཅན་ཀུན་གྱི་སྲོག་འཛིན་པའི་ཕྱིར་ཏེ། དེ་བས་ན་སྐལ་བ་མཆོག་རྣམས་ཀྱིས་ལྗོན་ཤིང་བསྐྱེད་པ་ལ་བརྩོན་པར་བྱའོ། །གྲོགས་པོ་དག་འདི་ལྟ་སྟེ། དེ་ཉིད་རྡོ་རྗེ་སྙིང་པོ་ལས། །གང་གི་ཟུག་རྔུ་ཀུན་བྱང་དེ། །མ་ལུས་ཡོངས་སུ་རྫོགས་པ་ལ། །གང་གིས་དགོངས་པ་ངེས་འགྲེལ་བ། །སྦྱོར་བའི་སྐབས་སུ་བཤད་པ་དག །ཅེས་པ་བོས་ནས་དེ་ངེས་ཚིག་ཉེ་བར་བསྟན་པ་ནི་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་འདུས་མ་བྱས་པའི་རྡོ་རྗེ་སྙིང་པོ་རྩ་བ་ཆེན་པོ་ལ་གདོད་ནས་རྟོག་པའི་གང་ཟུག་རྔུའི་འཚེ་བ་ངང་གིས་ཀུན་བྱང་དག་པ་དེར་རིལ་མ་ལུས་ཡོངས་སུ་ལྷུན་གྱི་གྲུབ་པའི་ངོ་བོ་རྫོགས་པ་ལ་ནི་གསང་སྔགས་དམ་པ་འདི་ཉིད་དེ་ལྗོན་ཤིང་ངོ་། །རྒྱལ་བའི་གང་གི་དགོངས་པ་དེ་ངེས་པར་བསྐྱེད་དེ་རྟོགས་པ་ངེས་འགྲེལ་བ་གསལ་བར་བྱེད་པའི་ཐབས་དོན་དེ་ཉིད་ལ་རིམ་པར་སྦྱོར་བའི་སྐབས་བཅུ་རུ་བཤད་པ་རྣམས་མ་ནོར་བར་དེ་ཉིད་རྣམ་པར་འགྲོ་བར་བྱའོ་ཁྱེད་ལ་བཤད་ཀྱིས་མ་ཡེངས་པར་རྣ་བ་ལྷོགས་ལ་ཉོན་ཅིག་པར་གདམས་པ་མཛད་པའོ། །དེ་ལ་དགོས་འབྲེལ་སྦྱོར་སྐབས་བཅུ། །ཞེས་པ་དག །དེ་གདམས་པ་ལ་སྙེགས་པ་དང་། ལ་གཞི་ནི་ལྗོན་ཤིང་བསྐྱེད་པའི་ཐབས་ཀྱིས་སྐབས་རྣམས་རྒྱུ་དང་འབྲས་བུའི་ཚུལ་དུ་འབྲེལ་པ་ཡིས་དགོངས་འགྲེལ་དོན་ལ་སྦྱོར་བའི་གྲངས་ནི་བཅུ་སྟེ་སྒྲ་བཞིན་ནོ། །རྒྱུན་དང་བཅས་པའི་སེམས་སྐབས་བཅུ། །སྙིང་པོ་དེ་དག་རྒྱུན་བཅས་ཕྱིར། །ཞེས་པ་དག་སྐད་ཅིག་མའི་རྒྱུན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྐབས་བཅུ་པོ་ནི། རྩ་བ་ལྗོན་ཤིང་གི་སྙིང་པོ་དེ་དག་དོན་རྣམས་རྒྱུན་དུ་བསམ་ནས་འབད་པའི་བཅས་ཕྱིར། རྣལ་འབྱོར་ཐེག་པ་ཆེན་པོ་ལ་གནས་པའི་བཅུ་ཡིས་སྐབས་སུ་སེམས་དང་ཆོས་འཕྲད་པས་དོན་ལ་ཕེབས་པའི་རྣལ་འབྱོར་བཅུ་སྐབས་བཅུ་ཡིས་མཐར་ཕྱིན་པ་ཡང་གཞན་བཤད་པའི་རྣལ་འབྱོར་ལྔའི་ཁྱད་པར་ལས་སྣང་བའོ། །དེ་ཡང་རྣལ་འབྱོར་དང་། སྐབས་དང་། བྱང་ཆུབ་སེམས་དང་། རྟག་དཔེ་དང་། ས་དང་། བསླབ་པའི་མཐའ་བཅུ་སྟེ་བཅུ་ཕྲག་དྲུག་གིས་ཚེས་བཅུ་དྲུག་གི་རྒྱུད་ཀྱིས་ངེས་པར་ཟླ་བར་སྣང་བས་རྫོགས་ཤིང་མཐར་ཕྱིན་པའོ། །དེ་ལྟར་གནས་སྐབས་ཀྱི་ཤེས་བྱ་ཡུལ་ཐམས་ཅད་ཀུན་ལ་རྣམ་པ་གྲངས་ཀྱི་རྩ་བ་བཅུའི་བྱེ་བྲག་དང་། ཁྱད་པར་མཐོ་དམན་གྱི་སྐྱེ་བོ་པ་ནས་སེམས་བསྐྱེད་པ་དང་པོ་ཡན་ཆད་ནས་མཐར་རྫོགས་འབྲས་བུ་འཐོབ་པའི་བར་དུ་རིམ་པས་འོག་ནས་གོང་དུ་སྦྱོར་འཕང་བས་སྒྲིབ་པ་རེ་སྦྱོང་ནུས་པར་འགྱུར་བའི་རྩལ་དང་ལྡན་པས། གང་གིས་གོང་མའི་དོན་ལ་གང་ལ་རྟོགས་པའི་སྐབས་རེ་རེའི་ལ་ཚེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་བཅུ་རེ་རེ་ཉིད་དེ་ཉིད་དེར་ཆུབ་སྐབས་བཅུར་འདུས་པས་དེ་སྐྱེ་བར་འགྱུར་ཏེ་གང་ཞེ་ན། གཡོ་དང་སྨོན་དང་ལྡང་བ་དང་། །ཞེས་པ་རྣམ་གྲངས་སོ། །གང་གི་གཟུགས་བརྙན་གང་སྣང་བ། །དངོས་མེད་རང་སྣང་མཐུན་པའི་དཔེ། །ཕྲ་མོ་ཐ་མལ་ཆེན་པོ་ཡི། །ཞེས་པ་དག །གང་གི་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་དུ་རིག་པ་ཡེ་ཤེས་ལ་སྣང་བའི་རྟགས་དང་། དངོས་མེད་ངོ་བོ་མེད་པར་རང་སྣང་བ་སྟེ་སེམས་སྐྱེ་ལུགས་ཀྱི་མཚོན་པར་འགྱུར་ཏེ། དངོས་མེད་རང་སྣང་རྟགས་དང་མཐུན་པའི་དཔེ་གཉིས་དཔེ་ཐུན་མོང་གི་རྣམ་གྲངས་བསྟན་པ་སྒྲ་བཞིན་ནོ། །འདུན་མ་སྐྱེད་པའི་སྐབས་དག་ལ། །གཡོ་བ་ལྷག་པའི་སེམས་འབྱུང་སྟེ། །ཞེས་པ་དག ། གོང་དུ། རྣལ་འབྱོར་ཆེན་པོའི་སེམས་སྐབས་བཅུ། །ཞེས་པའི་དོན་གྱིས་ཐུན་མོང་མ་ཡིན་པའི་ལམ་འབའ་ཞིག་ཏུ་འགྱུར་ཏེ། སྐྱེ་བོའི་ས་དང་རྒྱུའི་ས་གང་ནས་གསང་སྔགས་སུ་སེམས་སྐྱེས་ཀྱང་འདིར་གཞི་ལས་དང་པོ་པར་འགྱུར་ཏེ། ཐོག་མ་སྔ་མ་པའི་རྒྱུ་མ་ཚངས་པ་ཡོད་པའི་གྲོགས་རྐྱེན་གྱིས་བསླང་ནས་ཐུན་མོང་མ་ཡིན་པའི་སྒོ་འདིར་མོས་ཤིང་འདུན་པའི་སེམས་སྐྱེ་བའི་ཚེ་དེ་ཁོ་ན་ལས་གཉིས་ནས་ལམ་པོ་ཆེར་བདེན་པ་གཉིས་སྤྱིའི་མཚན་ཉིད་ཙམ་དུ་ཤེས་པའི་སེམས་གཡོས་པ་བྱུང་བ་ནི་ས་གཉིས་ཕལ་པ་དང་རང་ག་མ་ལ་མེད་པས་སྔ་མ་མུན་པའི་ཤེས་པ་ལས་ལྷག་པ་སྟེ། དཔེར་ན་མུན་པའི་སྤྲིན་རུམ་ནས་དབྱར་གྱི་ཆར་སྤྲིན་གྱི་མཐོང་ནས་སྐར་མའི་ཟེར་ཕྲ་མོ་བྱུང་བ་དང་འདྲ་ཡང་ཕྱིས་ནུབ་པ་ལྟ་བུའོ་སྟེ་བློ་མུན་པ་ལྟ་བུའི་གསེང་ལས་བྱང་ཆུབ་སེམས་རྒྱུ་རྐྱེན་གྱིས་དེ་ཟེར་འཕྲོ་ཙམ་སྐྱེས་པའོ། །དུས་དེར་དེ་ལྟ་བུ་ཡང་དངོས་སུ་མཐོང་བར་ཡང་འགྱུར་རོ། །རྩོལ་བ་སྦྱོར་བའི་སྐབས་དག་ལ། །ཞེས་པ་དེ་ལྟར་འདུན་པ་གཡོ་བའི་རྒྱུ་ལ་བརྟེན་ནས་ཡུལ་ཡིས་གསང་སྔགས་ལ་སྦྱོར་བའི་བཙལ་ཞིང་གྲུབ་སྤྱོད་པར་འདོད་པའི་སྐབས་སུ་གསང་སྔགས་འབྲས་བུའི་དོན་ལ་སློབ་ཅིང་རྟོགས་པ་ལ་སྨོན་པའི་སེམས་བྱུང་སྐྱེ་སྟེ་འདུན་པ་ཕལ་མེད་པས་ལྷག་སོ། །དེའི་ཚུལ་མུན་པ་ནས་སྐར་མ་འབྲིང་པོ་ཐ་མལ་པ་གང་ལ་དག་རབ་རིབ་སྤྲིན་གྱིས་བསྒྲིབས་པ་སྣང་བ་ལྟ་བུ་སྟེ། ད་དུང་གསང་སྔགས་དེ་ཁོ་ན་ཉིད་ལ་ཞུགས་པ་ནི་མ་ཡིན་ཏེ་མོས་པ་ཙམ་མོ་ནོ། །བསླབ་པ་འཇུག་པའི་སྐབས་དག་ལ། །ཞེས་པ། རྩོལ་སྨོན་གྱི་རྒྱུས་ཐེག་པ་ཆེན་པོ་ལ་ཞུགས་ནས་བསླབ་པའི་མཐའ་བཅུ་འཇུག་པའི་སྐབས་དག་ལ་སློབ་པའི་ཚེ། འོག་མ་ལ་མེད་པའི་ལྷག་པ་སྨོན་པ་བླ་མའི་སྟོབས་ཀྱིས་བསླབ་པ་དང་གསང་སྔགས་ལས་གྱེན་དུ་ལྡང་བའི་སེམས་སྐྱེ་སྟེ། ཚུལ་ནི་མུན་པ་ནས་མཚན་མོའི་མེའི་འོད་དམ་སྐར་མ་ཆེན་པོའི་འོད་ལྟ་བུར་རབ་རིབ་སྣང་བ་ལྟར་སྣང་སྐྱེའོ། །འདུ་ཤེས་འགྱུར་བ་སྐབས་དག་ལ། །ཞེས་པ་བསླབ་ལྡང་གི་རྒྱུས་སྔར་གྱི་སྤྱོད་ཡུལ་ལས་ཡང་དག་པའི་དོན་དུ་ཟག་བཅས་ལས་སྔ་བར་འདུ་ཤེས་སྔགས་སུ་ཟག་མེད་སྐབས་ལ་འགྱུར་བའི་ཚེ། རྟོགས་པའི་རིག་པས་གསང་སྔགས་ཀྱི་དོན་ལ་སྦྱོར་བའི་འོག་ལས་ལྷག་པའི་སེམས་སྐྱེ་སྟེ། དེའི་ཚུལ་ནི་འགལ་མེའི་འཁོར་ལོ་མྱུར་ལ་རྒྱུན་མི་ཆད་པ་ལྟ་བུ་དང་། ཟླ་བ་ཚེས་གཅིག་པའི་རྣམ་པ་ལྟ་བུར་མཐོང་བ་ནི་རྟགས་སོ། །མུན་ནང་ནས་སྣང་བ་ནི་སྐྱེ་ཚུལ་ལོ། །སྦྱོང་ཆེན་འཇུག་པའི་སྐབས་དག་ལ། །དྲོད་རྟགས་ཀྱི་རྣལ་འབྱོར་ཞེས་འདུ་ཤེས་འགྱུར་བ་དང་དོན་ལ་སྦྱོར་བའི་རྒྱུས་གསང་སྔགས་མཉམ་པ་ཉིད་ཀྱི་དོན་ལ་ཤེས་རབ་སྦྱངས་ནས་ལྷག་པའི་སེམས་དེས་མཐོང་ལམ་ལ་འཇུག་སྐབས་ལ་པའི་ཚེ་གཉིས་མེད་ཀྱི་དོན་ལ་འཇུག་པའི་སྔར་གྱི་ལྟ་བ་ལས་ལྷག་པའི་སེམས་སྐྱེ་སྟེ། དེའི་ཚུལ་ནི་ཇི་ལྟར་མུན་པ་ནས་སྒྲོན་མེའམ་ཟླ་བ་ཚེས་གཉིས་པ་ལྟ་བུ་འབྱུང་བའོ། །རྟགས་དང་ཐུན་མོང་བ་དང་དེ་དག་གསལ་མི་གསལ་གྱི་ཁྱད་པར་ས་གོང་འོག་སེམས་ཀྱི་སྐྱེད་དུ་འཕར་བར་ཕྱེ་བ་དང་། འོག་ལས་ལྷག་པའི་སེམས་བཤད་པ་དང་འཆད་པ་རིལ་རྗེས་སུ་མཐུན་ནོ། །རྣལ་འབྱོར་གཉིས་སྦྱོར་ལམ་པའི་ཁྱད་པར་རོ། །རོ་མྱོང་བའི་ཤེས་རབ་སྦྱོང་བའི་སྐབས་དག་ལ། །ཞེས་པ་ཤེས་རབ་གསུམ་ཀས་སྦྱོང་འཇུག་གི་རྒྱུས་གསང་སྔགས་ཇི་བཞིན་པ་སྐྱེ་བ་མེད་པ་སེམས་ཀྱི་ཆོས་ཉིད་ཀྱི་རོ་མྱོང་ཞིང་བདེན་པ་མཐོང་བའི་སྐབས་དག་ལ་ཚེ། སྔར་དེ་ལྟ་བུ་མེད་པས་ཤིན་ཏུ་འཁོར་བར་མི་ལྡོག་ཟག་མེད་ཆོས་ལོངས་སྐུ་མཐོང་དགའ་བའི་སེམས་སྐྱེ་སྟེ། རིག་པ་ལ་གསལ་བ་ནི་སྣོད་ཀྱི་བུམ་པའི་མར་མེ་སྒྲོན་མ་ལྟར་འམ་ཚེས་གསུམ་ལྟ་བུར་སྣང་སྟེ། རྣལ་འབྱོར་གསུམ་མཐོང་ལམ་པའི་ཁྱད་པར་རོ། །དེ་དག་ནི་ཤེས་པའི་མཚན་ཉིད་དུའང་འགྱུར་ཏེ། རྟོགས་པ་བཞི་ལ་སོགས་པའི་ཡན་ལག་གི་རྐྱེན་དང་ལྡན་ནོ། །ཡུལ་ལ་འཇུག་པའི་སྐབས་དག་ལ། །མི་འགྱུར་ལྷག་པའི་སེམས་འབྱུང་སྟེ། །ཞེས་པ་དེ་ལྟར་རྟོགས་ནས་བསྒོམ་པའི་ལམ་ཡུལ་ཆོས་ཉིད་མཐོང་བའི་ཡེ་ཤེས་ནི་བར་མ་ཆད་པར་བསྒོམ་པའོ། །སྐབས་དག་ལ་འཇུག་པའི་ཚེ། ལྟ་བའི་གདེང་དེ་ལས་བྱུང་བའི་ཚོར་བ་ལ་སོགས་པའི་དབང་དུ་མ་ཡེངས་པ་མི་འགྱུར་བའི་ལྷག་པའི་སེམས་སྐྱེའོ། །དེའི་དུས་ན་དྲོད་རྟགས་ཆེན་པོ་གཡོ་བའི་སྐབས་ས་དང་པོ་དེ་ཐོབ་པ་དང་གཉིས་པ་གསུམ་པ་བརྟན་པ་ལ་བཞི་པ་ནས་བདུན་པའི་བར་ཉེ་བས་འབྱུང་བ་ལ་ཆོས་བཞི་པ་མ་རེག་པའོ། །རྟོག་ཆེན་དག་གི་སྐབས་དག་ལ། །ཞེས་པ་དེ་ལྟར་གཟོད་འཇུག་པ་དང་བསྒོམ་མི་འགྱུར་བའི་རྒྱུས་བསྒོམ་ལས་མཐར་ཕྱིན་ནས། ཐམས་ཅད་རང་རིག་ཡུལ་བྲལ་དུ་གསལ་བ་ནི་རྟོག་པ་ཆེན་པོ་སྟེ། དེའི་ཚེ་སྐབས་དག་ལ་ཆོས་ཇི་བཞིན་པ་ཉིད་རང་རིག་ཏིང་ངེ་འཛིན་བྱེ་བ་བརྒྱ་ལ་འཇུག་ཅིང་སོ་སོར་ཆོས་ཉན་མངོན་ཤེས་རྫུ་འཕྲུལ་རྫོགས་པར་ལྡན་པ་ཡུལ་མེད་པ་ལྷག་པའི་བདག་ཉིད་ཆེན་པོ་རིག་པའི་ཆོ་འཕྲུལ་སྣང་བ་སྟེ། རང་བྱུང་ཡེ་ཤེས་ཡིན་པར་ཝལ་གྱིས་གསལ་བའི་སེམས་བསྐྱེད་དེ། དེའི་ནི་མཐར་ཕྱིན་པའི་རྟགས་ཚན་དང་པོར་ཉེ་བར་བསྟན་ཚེ་རྟགས་ཐོག་མ་དོན་ལ་རྣལ་དུ་ཕེབས་པ་ཉིད་དང་ལྡན་ཏེ་ཟླ་བ་ཚེས་ལྔ་པ་ལྟ་བུར་གསལ་ཞིང་མཐོང་ངོ་། །གདེང་དུ་གྱུར་པའི་སྐབས་དག་ལ། །ཞེས་པ་དེ་ལྟར་གོམས་པར་འབད་པས་རིག་པའི་རྒྱུས་ཏིང་ངེ་འཛིན་ཤིན་ཏུ་གོམ་པས་སྟོབས་གདེང་ཅན་དུ་གྱུར་པའི་ཚེ་སྐབས་དག་ལ་རང་རིག་པ་མཐའ་དང་བྲལ་བའི་དོན་ཉིད་དང་དབྱེར་མེད་འབད་མི་དགོས་པར་ཀུན་དུ་མ་ལས་གནས་པའི་ལྷག་པའི་སེམས་འབྱུང་སྟེ། ཤིན་ཏུ་གསལ་བའི་སྒྲོན་མ་དམ་ཆོས་དང་པོ་ནས་གཉིས་པ་དང་གསུམ་པ་ལྟོས་པའོ། །ཉེ་བར་བསྟན་པ་ནི་ས་གཉིས་པོ་ལ་ཉེ་བར་བྱུང་བའོ་བརྒྱད་པ་ལྟ་བུར་གསལ་ཞིང་མཐོང་བའོ། །དེའི་དུས་ན་མཐའི་དྲོད་རྟགས་ཐོབ་ཉིད་ན་ཐུབ་ཅེས་པ་ཕྱག་བརྐྱང་ལུང་བསྟན་པའོ་རྟགས་རྣམས་ཐོབ་པར་འགྱུར་ཏེ། ཆོས་ཉིད་མི་རྟོག་པའི་ངོ་བོར་གྲུབ་ཅེས་བྱ་བའོ། །རྣལ་འབྱོར་བཞི་པའི་ཁྱད་པར་རོ། །ལས་སུ་རུང་བའི་སྐབས་དག་ལ། །ཞེས་པ་དག་གདེང་དུ་གནས་པའི་རྒྱུས་འབྱོར་མི་དགོས་པས་ཏིང་ངེ་འཛིན་ལས་སུ་རུང་བའི་ཚེ་སྐབས་དག་ལ། དབྱིངས་དང་ཡེ་ཤེས་ཀྱང་ཚིག་གི་ཐ་སྙད་ཙམ་དུ་ཚུད་དེ་མ་འདྲེས་ལ་ཡོངས་སུ་ཏིང་ངེ་དང་རིག་པ་དང་ཡེ་ཤེས་ཀྱིས་རྩལ་རྫོགས་པར་རྟོགས་པས་དེ་ལས་ལྷག་པའི་སྐྱེད་དུ་བྱ་བ་མེད་པ་རྫོགས་པའི་སེམས་སྐྱེ་བའོ་བྱུང་སྟེ། དེ་ནི་གཉེན་པོ་མེད་པའི་མེ་རླུང་གིས་མ་བསྐྱོད་པ་དང་། ཉི་མ་ལྟ་བུ་འོད་ཟེར་འདི་ལྔ་པའི་གཡོ་ཐོབ་བརྟན་གསུམ་ཚེས་བཅུ་དྲུག་གི་ཆ་ལ་རྫོག་པའི་ཟླ་བ་ལྟ་བུར་མཐོང་ཞིང་གསལ་ལོ། །དེའི་དུས་ན་དྲོད་རྟགས་བདུད་དང་མི་མཐུན་པའི་མི་འཕྲོགས་མི་འགྱུར་བ་ངེས་པར་བརྟན་པས་འབྲས་བུ་གྲུབ་ཅེས་བྱ་བའོ། །གསང་སྔགས་ཐམས་ཅད་མཉམ་པ་ཉིད་ལ་སེམས་བཅུ་དཔེ་བཅུ་སྐབས་བཅུ་ལ་ཅི་བྱ་འོག་མ་དང་མི་འདྲའམ་ཞེ་ན། དེ་ལྟར་མིན་པ་ལ་སེམས་ཉིད་ཡེ་ནས་སངས་རྒྱས་ལ། །རྟོགས་པས་བསྒྲིབས་པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལས། །ཞེས་པ་འགྲོ་བའི་སེམས་ཉིད་ཡེ་ནས་སངས་རྒྱས་ལ་ཆོས་ཀྱི་སྐུའི་ངོ་བོར་ཡེ་ཡིན་ཡང་། རང་བརྟགས་པས་བསྒྲིིབས་པས་ལྗོན་ཤིང་དེ་མ་ཤེས་མ་མཐོང་བ་དེ་བྱང་ཆུབ་སེམས་བཅུས་བསྐྱེད་པས་ལྗོན་ཤིང་ལས་འབྲས་བུ་གྲུབ་ཅིང་དེ་ལྟར་མཐར་ཕྱིན་པ་ཡིན་བླ་མེད་འབྲས་བུ་སྨིན་པ་ཡིན་པས་དམན་པའི་ལུས་ཅན་ཁྱེད་ཅག་གིས་ཀྱང་། རྒྱལ་བའི་དགོངས་པ་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་དུས་ཐམས་ཅད་དུ་སྒོམས་ཤིག་པའོ། །ཡེ་ཤེས་ཉིད་འབབ་ཆུ་ལྟར་བར་མ་ཆད་པར་འཕེལ་བར་མཐར་ཕྱིན་པའི་ཕྱིར་དེས་ན་གྲོགས་པོ་དམ་པ་དག །དམ་པ་རྣམས་ཀྱི་བྱང་ཆུབ་སེམས། །ཞེས་པ་ལ་སོགས་པ། ལྗོན་ཤིང་གི་མཚན་ཉིད་འཆད་པ་ནི། བདེ་བར་གཤེགས་པའི་དམ་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཤིང་བུ་ནི་དུས་གསུམ་ཀུན་ཏུ་ཡོན་ཏན་རྒྱུན་དང་བཅས་པ་མ་ཆད་པར་སྣང་བའོ། །དེ་ལྟར་སྣང་བ་ལ་སྐད་ཅིག་མའི་རྒྱུན་ལས་གྲོལ་བ་ནི་དོན་གྱི་མཆོག་ཏུ་བསྟན་པའོ། །ཚིག་དེ་ལྷག་མ་ནི་དེ་ལྟར་སྣང་བ་ལ་ངོ་བོ་སྐད་ཅིག་མའི་རྒྱུན་ལས་གྲོལ་ཀྱང་། སྐབས་བཅུས་སྐད་ཅིག་མའི་རྒྱུན་ཆད་ན་མུ་སྟེགས་ཆད་པའི་ཕྱོགས་བསྟན་པའོ། །དེ་ལྟ་བུ་ལ་ལམ་པས་སྐད་ཅིག་མའི་རྒྱུན་དུ་འབད་པས་ཉིད་ཀྱིས་ནི་ངེས་བོགས་ཀྱིས་འབྲས་བུར་སྨིན་པ་ཡང་། གང་དུ་བྱང་ཆུབ་སྙིང་པོ་ཉིད་དུ་སྨིན་པའོ། །དེ་ནི་སྐྱེ་ཤིང་གི་ངོ་བོ་སྟེ་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་བའོ། །དམ་པ་སྨིན་ངེས་པའོ། །ཇི་ལྟར་བགྲོས་པའི་ཁུངས་གྲོགས་པོ་དག །ཅེས་པ་སྒྲ་བཞིན་ནོ། །དེ་ཁོ་ན་ཉིད་གསང་བ་དམ་པ་ལ་ལྗོན་ཤིང་བསྐྱེད་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ། །ཞེས་པ་ལེའུའི་མཚན་དོན་ཏེ་དེ་ཉིད་འགྲེལ་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་ཞེས་པ་ལ་སོགས་པ་ལེའུ་ཞེ་ལྔ་པའི་རྣམ་གྲངས་བཅུའི་ལྗོན་ཤིང་བསྐྱེད་པ་བསྟན་མ་ཐག་པར་འཁོར་གྱི་རྣམ་གྲངས་བཞི་པ་དྲིས་པ་ནི། འཇུག་ཐབས་དང་ཤེས་པར་བྱ་བའི་ཐབས་དྲིས་པ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་འཆད་པའི་སྐྱེས་བུས་ལན་གསུངས་པ་ནི། རྒྱལ་བ་དམ་པ་རྣམས་ཀྱི་རྗེས་སམ་ཤུལ་ནི་གང་ངེས་པར་གསང་སྔགས་ཐེག་པ་ཆེན་པོའི་ཞེས་བསྟན་པའོ། །དེ་ཉིད་གྲོགས་པོ་བོས་ནས་ལམ་དམ་པ་བསྟན་པ་ནི། སྐྱེས་བུ་ཉིད་ཀྱིས་བྱུང་ཁུངས་ཀྱི་སྐབས་སུ་ཁོ་བོས་གསན་པའི་ལོ་རྒྱུས་འདིར་བཀའ་སྩལ་པ་གསུངས་པ་ནི། ངོ་བོ་ཉིད་ཀྱི་སྐུ་གཉེན་པོ་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དང་ལྡན་ཏེ། རྟག་པ་ཉིད་དང་ཞེས་པ་ལ་སོགས་པ། གསང་སྔགས་ངོ་བོ་ཉིད་ཀྱི་མ་བཅོས་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི། རིལ་དེ་ཉིད་ཀྱི་ཕྱིར་དང་མི་མཐུན་པ་མེད་པའི་ཕྱིར། ལོག་རྟོགས་རིལ་མ་སྤངས་པར་རྫོགས་པའི་ལྡན་ཏེ་ཚུལ་ནི་ལྟ་ངན་རྟག་པ་ཆད་པ་གཉིས་དང་། དངོས་པོ་སྐྱེ་བ་དང་། ཡུལ་ལ་དམིགས་པ་དང་། ཉོན་འདོད་ཆགས་མོངས་པ་ལྔ་དང་། སྲོག་བཅད་མི་དགེ་བ་བཅུ་དང་། ཕ་གསོད་པ་ལ་སོགས་པའི་མཚམས་མེད་ལྔ་དང་། དགེ་འདུན་འདུ་བའི་སྒོ་ཕྲོག་པ་ལ་སོགས་པའི་ཉེ་བ་ལྔ་དང་། ཕྱི་ནང་གི་ལྕི་བ་བཞི་དང་། ལོག་སྤྱོད་བརྒྱད་དང་། དེ་ལྟ་བུ་སྨེ་ཤ་ཅན་སོགས་རྟོག་དཔྱོད་ངན་པ་མང་པོ་ནི་འདིར་ཐར་པའི་དམ་པ་རྣམས་ཀྱིས་ལམ་གྱི་མཆོག་ཏུ་བསྟན་པ་ནི། མཉམ་པ་ཉིད་ལ་དགོངས་པ་དང་། འདུ་ཤེས་མཐུན་པས་གཞུག་པའི་ཕྱིར་དང་། ལམ་གཞན་དུ་ཞེན་པ་དགག་པའི་ཕྱིར་ཞེས་ངེས་པར་གསུངས་བཀའ་སྩལ་པ་ནི། སྟོན་པས་རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ལ་གསུངས་པའོ། །ཁོ་བོས་དེ་ལ་འདི་སྐད་དུ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །ཞེས་པ་ལ་སོགས་པ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དེའི་ཚེ་སྟོན་པ་ཆེན་པོ་ལ་ཞུས་པའི་ཚིག་ཉེ་བར་བཤད་པ་ནི། སྟོན་པས་ལོག་པ་རྣམས་ལམ་མ་ནོར་བར་གསུངས་པ་ལ་ཨེ་མའོ་ངམ་ཞིང་ངོ་མཚར་བ་སྐྱེས་པས་དོན་རྨད་དུ་བྱུང་བའི་ཡོན་ཏན་མངའ་བ་ཚོགས་གཉིས་རྫོགས་ཀྱི་བདག་པོ་རྒྱལ་བ་ཆོས་སྟོན་པ་ཀུན་གྱིས་གསུང་ཚད་མ་ཡང་དག་ལས། ཕྱིན་ཅི་ལོག་པའི་ཆོས་རྣམས་འབྱུང་བ་ལམ་དུ་བཀའ་སྩལ་པ་ཅི་ལྟ་བུ་ལགས་ཞེས་ཞུས་པའོ། །འདུན་པ་།ལས་བཤེས་གཉེན་དམ་པས་བཀའ་སྩལ་པ། །ཕྱིན་ཅི་ལོག་ལ་ཞེན་པ་རྣམས། །ཐབས་མཆོག་དཔག་གིས་མི་ལང་བས། །ཞེས་པ་དག་སྟོན་པ་ཆེན་པོས་ལན་དུ་བཀའ་སྩལ་པ་ནི། ཕྱིན་ཅི་ལོག་གི་ལས་ལ་ཞེན་ཆགས་པ་ཀུན་ཐེག་པ་ཆེན་པོའི་ཐབས་སྤྲིན་ཕུང་དཔག་གིས་མི་ལང་བས་གཅིག་ངེས་པའི་དོན་སྒོ་འདིར་འཇུག་པའི་ཆེད་དུ་ཁྲིད་པའི་ཐབས་སུ་གསུངས་པའོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྤྱོད་རྣམས་ལ་ཐོག་མ་ནས་ངེས་དོན་སྒྲ་ཇི་བཞིན་དུ་བསྟན་ཀྱང་མི་མོས་མི་འཇུག་པས་སླར་དེ་བགེགས་ཏེ་སྤོང་བ་ཀུན་ལོག་སྤྱོད་ཐམས་ཅད་མཐུན་པའི་སྤྱོད་པས་དྲངས་པས། གསང་སྔགས་ལ་ཐེ་ཚོམ་མེད་པར་འབྱུང་ཡིད་ཆེས་པར་འགྱུར་བའི་ཕྱིར་བསྟན་ཏོ། །ཡང་། བསླུ་བའི་ཐབས་ཀྱིས་གཟུང་པའི་ཕྱིར། །ཞེས་པ་མཐུན་པས་བཙུད་ནས་དེ་ཉིད་ལ་མི་གནས་པར་བྱེད་པ་ནི་བསླུ་བའི་ཐབས་ཏེ། དེས་དོན་ལ་གཞུགས་གཟུད་པའི་ཆེད་དུ་སོ་སོའི་འདོད་པ་ལྟར་ལོག་པའི་ལྟ་སྤྱོད་དང་ཆ་འདྲ་པར་མཐུན་འཇུག་བསྟན་ནས་བསྟན་པ་དང་བྲིད་པའི་ཐབས་སུ་བཀའ་སྩལ་པའོ། །དཔེར་ན་ལོག་སྤྱོད་བྱིས་པ་རྣམས། །ཞེས་པ་དག་དེའི་མཚོན་པའི་དཔེ་སྟེ་སྒྲ་བཞིན་དུ་སྦྱར་རོ། །འོ་ན་ཐབས་དེ་ཉིད་ལ་ཆགས་པས་ཉེས་པ་མི་འགྱུར་རམ་ཞེ་ན། དེ་ཡང་ཇི་ལྟར་ལ་ལ་ཞིག །ཆུ་བོ་ཕ་མཐར་འགྲོ་འདོད་པ། །ཞེས་པ་དག །རང་གི་ངོ་བོ་འདོར་བ་དང་། ཞེན་པ་འདོར་བ་གཉིས་ལས། འདིར་རང་གི་ངོ་བོ་ཡང་འདོར་བའི་དཔེ་སྒྲ་བཞིན་ནོ། །ཐབས་སམ་ཐེག་པའི་བྱེ་བྲག་རྣམས། །ཞེས་པ་དོན་དེ་ཐབས་དེ་ཉིད་ཀྱང་ཞེན་པ་དང་རྩོལ་བའང་མཐར་འདོར་བ་རྭ་བཞིན་འདོར་སྒྲ་བཞིན་དུ་སྦྱར་རོ། །གསང་སྔགས་ཀྱི་ལམ་མ་ཡིན་པ་མེད་པའི་ཕྱིར། དེས་ན་དེ་བཞིན་ཉིད་ཤེས་ན། །ཐམས་ཅད་ཐམས་ཅད་གང་ཡང་རུང་། །ཞེས་པ་དག་ཞེན་པ་དང་ངོ་བོ་གཉིས་ལ་མི་གནས་པའི་ཚུལ་དེ་བས་ན། གསང་སྔགས་ཀྱི་དེ་བཞིན་ཉིད་ཤེས་ན་དོན་གོ་ན་ལྟ་བ་ངན་པ་དང་སྤྱོད་པ་ངན་པ་རིལ་རང་རིག་ངོ་བོ་བས་དམ་པའི་ལམ་དུ་མ་སྤངས་པར་སྤྱད་པས་མཐར་ཕྱིན་པར་ངེས་པས་ལམ་གྱི་ནང་ན་ཉེ་ལམ་གཞན་ན་མེད་པས་འབྲས་བུ་ལོགས་སུ་མི་ཚོལ་བའི་ཕྱིར་ཉེ་ལམ་མོ། །དེ་སྐད་སྟོན་པ་མཆོག་གིས་བཀའ་སྩལ་པ་དེའི་ཚེ་ཕྲིན་ལས་གྲུབ་པས་ཅང་མི་གསུང་པའོ། །ཞུས་པའི་ཡོན་ཏན་གང་སྙམ་པ་ལ། ཀྱེ་གྲོགས་པོ་དག་དེ་བས་ན། དམ་པ་རྣམས་ཀྱི་རྗེས་ལམ་དམ་པ་འདིར་ཞུགས་ན་ཐམས་ཅད་ནས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་པ་དང་། ཞེས་པ་སྐྱེས་བུས་བོས་ནས་ཡོན་ཏན་གསུངས་པ་ནི། སྔར་བཤད་པའི་ཚུལ་གྱིས་རྒྱལ་བའི་དམ་པ་རྣམས་ཀྱི་གཤེགས་ཤུལ། ཐེག་པ་ཆེན་པོ་ཉེ་ལམ་དམ་པ་མཆོག་འདི་ལ་སྤྱད་ཅིང་ཞུགས་ཏེ་གཞུང་མ་ཉམས་ན་དུས་ཐམས་ཅད་སྔ་མ་ནས་ཕྱི་མ་ཐམས་ཅད་ད་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བྱེ་བྲག་རིལ་དོན་ཐམས་ཅད་དང་སྤྱོད་པ་ཇི་སྙེད་པ་གསང་སྔགས་ཀྱི་ངོ་བོར་རྟོགས་ཤེས་པ་དང་། སེམས་ཀྱི་དཀྱིལ་འཁོར་དུ་གསལ་བ་དང་། སོ་སོའི་བྱེ་བྲག་མ་འདྲེས་པར་ཕྱེད་པ་དང་། དེ་ཉིད་ངོ་བོར་དབྱེར་མེད་པས་ཡོངས་སུ་རྫོགས་པ་རྟོགས་པར་འགྱུར་པའོ། །ཚིག་ལྷག་མ་ནི་དེ་ལྟ་བུའི་གདམས་པར་འབྱུང་བའོ། །འཁོར་བ་ལས་ཉོན་རྒྱུ་འབྲས་ཏེ་ཤེས་པ་ནི་སྐྱེ་བ་མེད་པའོ་ཡོངས་སུ་ཤེས་པར་འདོད་པས་ཀྱང་ལམ་འདི་ཉིད་ཤེས་པར་བྱའོ། །ཞེས་པ་དག་འགྲོ་འཁོར་བ་དང་འདས་པ་སངས་རྒྱས་ཀྱི་མཚན་ཉིད་ཤེས་པར་འདོད་པས་ཀྱང་རྟོགས་པར་བྱའོ། །ཆོ་འཕྲུལ་ཉི་ཤུ་ནི་སྔར་བཤད་པ་དག་དང་། རྟོག་པའི་རི་བོ་བཤད་པ་དག་དང་། ལྟུང་བའི་སྒོ་དགུ་བཤད་པ་དག་ཐོས་པ་དང་དམིགས་ཤེས་པར་འདོད་པས་ཐེག་པ་ཆེན་པོའི་དོན་ཤེས་པར་བྱའོ་ཞེས་གདམས་ཏེ། རྩ་བའི་རྒྱུད་ལེའུ་དང་པོ་ན་གསལ་བས་འདིར་དེས་དགྲོལ་ལོ། །དེ་ལ་སོགས་པ་མཐའ་ཡས་པའི། །ཞེས་པ་དག་བཤད་པ་འདི་དག་བསྡུ་བའི་དོན་གྱིས་རྔམ་ཉི་ཤུ་དང་། ཆེ་བ་ཉི་ཤུ་དང་། བརྗིད་ཉི་ཤུ་ལ་སོགས་པའི་རྩ་བའི་རྒྱུད་ལས་སྨོས་པ་དང་། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་རིལ་དང་། འབྲས་བུའི་རྣལ་འབྱོར་ཀུན་རྫོགས་པར་རྟོགས་པར་འདོད་པ་རྣམས་ཀྱིས་གསང་སྔགས་ཀྱི་ལམ་འདི་ཤེས་པར་བྱའོ། །སེམས་ཉིད་དམ་པའི་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །ཞེས་པ་ལམ་གྱི་ངོ་བོ་ནི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་དེ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་བས་རྣལ་འབྱོར་བའི་ཡང་ལམ་མཆོག་སྟེ། དཔེར་ན་བྱ་ལམ་རྗེས་མེད་ལྟར་དེ་ལྟ་བུའི་གདེང་ཅན་ལ་ཅིས་ཀྱས་མི་གོས་པས་ཉམ་ང་ལྟུང་བའི་བག་ཚ་བ་མེད་པ་དང་། འདི་གཉིས་སེམས་ཉམས་ཀྱང་ཡིན་ནོ། །ལོག་མེད་ནོར་བ་མི་འབྱུང་བ་ནི་ལམ་མཆོག་གོ། །འདི་ལྟར་ངེས་པའི་ལམ་འདི་ཡང་། །ཀུན་གྱི་ཤེས་པར་བྱ་བའི་ཕྱིར། །ཞེས་པ་དག་ཐེག་པ་ཆེན་པོ་བླང་དོར་མེད་པའི་ལམ་མཆོག་འདི་ལམ་པས་ཀུན་གྱི་རིམ་གྱིས་ཤེས་རྟོགས་པར་བྱ་བའི་ཆེད་དུ་ཚིག་གི་ལམ་གྱི་གཉེར་དང་ཡི་གེ་མཚོན་ཏེ་ཞིང་བསྟན་པའོ། །ཚིག་ལྷག་མ་ནི་དེ་ལྟར་བསྟན་ཀྱང་དོན་གྱི་ངོ་བོ་བརྗོད་མེད་ཚིག་གི་ཡུལ་བྲལ་བས་མི་ཕེབས་པས་སྨྲར་མེད་པས། དེའི་ལམ་དམ་པའི་རང་བཞིན་དེ་ལྟ་བུ་ཡིན་ན་མ་ནོར་བའི་རང་བཞིན་མཚན་ཉིད་ལམ་པས་འཕྲལ་དུ་མ་བཅོས་བྱས་ཤིང་བསམས་པ་ལས་དེ་བཞིན་ཉིད་འབྱུང་བ་མ་ཡིན་པའོ། །ཚིག་ཏུ་བརྗོད་པས་ལམ་མཚོན་པའི་ཚུལ་ནི། དེ་ལ་མིང་མེད་མིང་བཏགས་རྒྱུས། །མཐོང་དང་མ་མཐོང་ཐ་དད་འགྱུར། །དེ་ལས་བརྗོད་པའི་གཞིར་གྱུར་ཏེ། །ཞེས་པ་སོགས་པ་མཉམ་པའི་དོན་དེ་ལ་མིང་མེད་མ་བཅོས་པ་བརྗོད་དུ་མེད་པའི་ངང་ལ། མིང་བརྟགས་རྣམ་གྲངས་ཐ་སྙད་དུ་བསྙད་པའི་རྒྱུ་ཡིས་ཕྱིན་ཅི་མ་ལོག་པར་མཐོང་དང་རྟོགས་པ་དང་། མ་རྟོགས་པ་ཐ་དད་བྱུང་བར་གྱུར་ཏོ། །དེའི་རྒྱུས་སོ་སོའི་ལ་བརྗོད་པའི་གཞིར་གྱུར་ཏེ་ལྟ་བའི་གཞུང་བསྒྲུབ་ཅིང་རྩོད་པས་སྨྲ་བརྗོད་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེའི་དགོངས་པ་ནི་བརྗོད་ཚིག་ཏུ་སྨྲ་བས་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཆེད་དུ། ཚིག་གིས་མཚོན་ཐབས་ལམ་ནི་རྣམ་གྲངས་མང་པོར་བསྡེབས་པ་ལས། ཚིག་གི་ཆོས་ལམ་སྒོམ་མོ་མི་མཐུན་པ་དཔག་མེད་བསམ་ཡས་འབྱུང་ངོ་། །དེ་ལས་དམ་པའི་རྗེས་བཅད་པ། །གང་གི་ཐུགས་ལས་བྱུང་བའི་ལུང་། །ཞེས་པ་ལ་སོགས་པ་ཚིག་སྤྲོས་པ་དེ་དག་གིས་དོན་མ་ནོར་བ་དམ་པའི་ལྐོག་ཏུ་གྱུར་པའི་མཚན་ཉིད་མཚོན་རྗེས་གཅད་པ་ཏེ་རིགས་པས་དཔྱད་པར་བྱ་བའི་ཐབས་ནི། གང་གི་ཐུགས་ལ་བྱུང་བའི་ལུང་རྒྱལ་བའི་དགོངས་པ་ལས་བྱུང་བའི་ངེས་པའི་ལུང་སྒྲོན་མ་ལྟ་བུས་དོན་གྱི་ཉེ་ལམ་གསེར་གཏེར་བཙལ་བ་རྟོགས་པར་བྱ་བའང་ཇི་ལྟར་རྒྱུད་དགྲོལ་བའི་བསླབ་པ་ལ་གནས་པས་ཐག་ཆོད་ནས་བསྒོམ་པའི་ཚེ་ཉེ་ལམ་བྱང་ཆུབ་དམ་པ་ནི་མཆོག་ལ་གནས་པ་སྟེ། བསྒོམ་པའི་དུས་སུ་དེའི་རིག་པ་དེ་དག་དྲན་པ་གང་དང་སྒོ་དྲུག་གི་མཚན་མ་དང་བྱུང་ཚོར་གྱི་རྗེས་སུ་དེ་འབྲངས་ནས་འཇིག་རྟེན་པར་ལྟུང་ངོ་། །མཚན་མ་དང་བྱུང་ཚོར་རྒྱུ་བ་སྐྱོན་དུ་གང་བྱུང་གཡོ་བ་གང་བཀག་དབང་པོ་བསྡོམས་པ་ན་ཉན་ཐོས་འགོག་པར་ལྟུང་ངོ་། །གང་དྲན་བྱུང་ཡང་གང་དུའང་མི་རྒྱུ་བ་འཐོམ་ཞིང་བླུན་པ་དེ་རྨོངས་པའི་ས་ཏིའོ་མེད་དོན་ཤེད་ཀྱང་མ་བྱེ་སྟེ་མུར་འཛིན་མ་རིག་པས་ནོན་པ་ནི་འདུ་ཤེས་མེད་པའམ་མཐུན་པའི་ལམ་དུ་མུ་སྟེགས་སུ་བྱོལ་སོང་ལྟུང་ངོ་། །བདག་གིས་འདི་ཞེས་ངོ་བོ་གཅིག་ཏུ་གང་བཟུང་ན་མུ་སྟེགས་རྟག་པར་ལྟུང་ངོ་། །ཚེ་སྔ་ཕྱི་ཡང་མེད་དེ་ད་ལྟ་འབའ་ཞིག་མུ་བཅད་ན་ཡོད་པ་ཙམ་དུ་མཐོང་དེ་མེད་ན་ཆད་པར་ལྟུང་ངོ་། །མ་བཅོས་ལམ་ཉིད་ཡུད་ཙམ་ཞིག །ཅིར་གཡོས་སྐྱེ་འགག་བྱུང་བ་སྟེ། །དེ་ལས་གང་བྱུང་གང་འཕེལ་བ། །ཞེས་པ་དག་ཆོས་ཉིད་ཇི་བཞིན་པའི་དོན་མ་བཅོས་ལམ་ཉིད་རིག་པ་ལ་ཡུད་ཙམ་ཞིག་གསལ་ནས། སླར་འགག་པ་འབྱུང་བ་ཅིར་གཡོས་སྐྱེ་དེ་ལ་སྔ་མའི་རྗེས་སུ་དྲན་པ་བྱས་པས་དེ་ལས་ཡང་ཡུན་དུ་གསལ་བ་གང་འབྱུང་བས་ཇེ་ལ་གང་འཕེལ་བ་བོགས་སུ་གྱུར་པ་ན། ས་བཅུ་དང་རྣལ་འབྱོར་བཅུ་ལ་སོགས་པ་རྣམ་གྲངས་ལས་དེ་རིམ་གྱིས་འཇུག་པའི་ལམ་འཕེལ་ཞིང་གོང་ནས་གོང་དུ་འགྲོ་བར་ནི་མི་འགྱུར་གྱི། གཅིག་ཅར་འཇུག་པའི་ལམ་མཆོག་ཉིད་དུ་ཕེབས་པ་དམ་པའི་ལམ་ཉིད་རྙེད་ནི་མ་ཡིན་ཏེ། དྲན་པར་བྱེད་པ་ཉིད་ཀྱིས་བསྒྲིབ་པའོ། །དཔེར་ན་འགྲོ་གང་བྱིས་པ་དག །ཅེས་པ་དག་དེས་མི་མཐོང་བ་ཉེ་བར་མཚོན་པ་ནི། བརྡ་ལ་ཤེད་མ་བྱེ་བ་དག་གྲིབ་མ་ལ་འབྲོས་ཏེ། གྲིབ་མ་མེད་པའི་རྣམ་དག་ལུས་ཚོལ་བའང་རང་གང་ལས་གྲིབ་མ་འབྱུང་བར་མ་ཤེས་དེ་ཉིད་ཀྱིས་དེས་གྲིབ་མ་མེད་པའི་ལུས་བཙལ་ཡང་སླར་གྲིབ་མ་འཕེལ་ཞིང་དེ་མེད་པའི་ལུས་དག་མི་རྙེད་པ་དང་མཚུངས་པར། དེ་ཉིད་ཡེ་ནས་དེ་བཞིན་དུ། །གང་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས། །ཞེས་པ་དག་རང་གི་སྒོ་གསུམ་གྱིས་བསྡུས་པའི་ཆོས་ཀུན་དེ་ཁོ་ན་ཉིད་ཡེ་ནས་ཡིན་བཞིན་དུ། གང་ལམ་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས་རྩོལ་བ་མང་པོའི་གདུང་བས་ཆོས་ཉིད་ཀྱི་དོན་ཤ་ཐང་བར་ནི་ལམ་གཞན་དུ་ཚོལ་བ་ནི་བདག་ཉིད་ཆེན་པོ་མཐོང་དུ་མི་སྟེར་བའི་དོན་མེད་བདུད་ཀྱི་ལས་ཡིན་པས་འབད་པ་དོན་མེད་པའོ། །དེ་ལ་ཚིག་ཏུ་གང་བརྗོད་པ། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཞེས་པ་དག་ཐ་སྙད་བྲལ་བའི་དོན་དེ་ལ་གཞུང་མི་མཐུན་པས་ཚིག་ཏུ་གང་བརྗོད་པ་བདེན་རྫུན་ལ་རྩོད་པ་བྱེད་པ་ནི། དཔེར་ན་ནམ་མཁའ་བགོ་བཤའ་རྩོད་པ་བྱེད་པ་དང་མཚུངས་སོ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ཞེས་པ་དག་དཔེར་ན་ནད་པ་ལ་སྨན་མ་བཏང་ན་སྨན་དཔྱད་ཀླག་པས་ནད་པ་ལ་མི་ཕན་པ་ལྟར། རང་རིག་པ་དེ་བཞིན་ཁོ་ན་ཉིད་ལ་གནད་མ་གྱུར་ཆུད་ན། ཚིག་ལམ་དེ་ཐབས་ཇི་སྙེད་བརྗོད་ཀྱང་དོན་དེ་མ་ཡིན་མཐོང་བར་མི་འགྱུར་བའོ། །འོན་ཡང་ཇི་ལྟར་བ་བཞིན་སྟོན་པའི་ཚིག་བཀག་པ་ནི་མ་ཡིན་ནོ། །དེ་བས་ལམ་གཞན་དུ་ཚོལ་བའང་དོན་མེད་པའི་ཕྱིར། གང་འདིར་གང་སྤངས་གང་ཚོལ་བ། །གཟུགས་སྤངས་ནས་ནི་གྲིབ་ཚོལ་འདྲ། །ཞེས་པ་གང་འདིར་རྣལ་འབྱོར་ཆེན་པོའི་སྒོར་འཁོར་བའི་ལམ་གང་སྤངས་ནས་མྱ་ངན་ལས་འདས་པའི་ལམ་མཆོག་གཞན་དུ་ཚོལ་བ་ནི། དཔེར་གཟུགས་སྤངས་ནས་གྲིབ་མ་ཚོལ་བ་དང་འདྲ་སྟེ་མི་རྙེད་དོ། །དེ་ནི་བྱང་ཆུབ་སེམས་བསྒོམ་པ་ལས། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་ལས་འདས་ལམ་བསྒོམ་པའང་བདུད་ཀྱི་ལས་ཡིན་ཏེ། ཞེས་གསུངས་སོ། །སེམས་ཉིད་དམ་པ་ལམ་ཉིད་པས། །མ་རིག་ཡེ་ཤེས་ཐ་དད་མེད། །ཅེས་པ་དག །འོ་ན་གང་ནས་བཙལ་ཅེ་ན། སེམས་ཉིད་རང་རིག་པ་དམ་པའི་ཐར་པའི་ལམ་མཆོག་ཡིན་པས་མ་རིག་འཁོར་བའི་རྩ་བ་དང་ཡེ་ཤེས་ཆེན་པོ་ཐ་དད་དབྱེར་མེད་པའི་དོན་ལ་འཁོར་བ་དང་སངས་རྒྱས་རིས་སུ་མི་འཛིན་པ་ནི། བླང་དོར་མེད་པའི་མི་རྟོགས་པའི་ལམ་ཆེན་པོར་འདིར་གཅིག་པས་མི་ཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་རང་རིག་པ་ཉིད་མཐོ་དམན་གྱི་ལམ་ཇི་སྙེད་པར་སྣང་བས་དེ་རིལ་སྣ་ཚོགས་སེམས་ཀྱི་ཆོས་ཉིད་དུ་ལམ་འདིར་དབྱེར་མེད་གཅིག་པ་ཡིན་པས་འཁོར་བའི་ལམ་མ་སྤངས་ལ་འདས་པ་བཙལ་དུ་མེད་དེ། དེ་ཉིད་མ་ནོར་བའི་ལམ་མོ། །དཔེར་ན་གསེར་དུ་རྒྱུ་གཅིག་པས། །ཞེས་པ་དག་ཉེ་བར་མཚོན་པའི་དཔེ་སྟེ་སྒྲ་བཞིན་ནོ། །དེ་ལྟར་སེམས་ཉིད་རང་བཞིན་ལ། །མཐོང་དང་མ་མཐོང་ཁྱད་པར་གྱིས། །ཞེས་པ་དཔེ་དེ་ལྟར་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་རང་བཞིན་གཅིག་པ་ལ། དོན་དེ་མཐོང་དང་རྟོགས་མ་མཐོང་མ་རྟོགས་ཀྱིས་ཁྱད་པར་གྱིས་ཇི་ལྟར་བལྟས་པ་ལྟར་སེམས་ཉིད་གང་ལྟར་ལྟས་དགུ་དེ་ལྟར་སྣང་སྣ་ཚོགས་སུ་གསལ་ཀྱང་། ངོ་བོ་དེ་སྣང་བ་ཁོ་ན་ཉིད་ལས་གཞན་དུ་གྱུར་པ་ནི་མ་ཡིན་མི་དམིགས་པའོ། །སེམས་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། སྒྲོན་མ་འབར་བའི་རིན་ཆེན་ནི། །ཞེས་པ་དཔེར་རིན་པོ་ཆེ་འོད་འབར་བ་འདམ་ངན་ཁུང་དུ་སྦས་གྱུར་ཀྱང་དེའི་རང་བཞིན་རང་གསལ་བས་འོད་ནི་ནམ་མཁའ་ལ་འབྱུང་བ་དེ་བཞིན་རིག་པ་བྱང་ཆུབ་སེམས་ཉིད་རིན་ཆེན་སྒྲོན་ཀྱི་རང་བཞིན་ཡེ་གསལ་བ་དེ་ལུས་ངག་གིས་ངན་འདམ་དུ་བྱིང་གྱུར་བ་བསྒྲིབས་ཀྱང་རང་རིག་པ་ཡེ་ཤེས་ཆེན་པོ་ལས་ཉམས་པ་མེད་དེ། ཇི་ལྟར་རང་འབྱུང་བ་རིལ་རིག་པ་ཉིད་དུ་ཤར་ཞིང་དེ་ཉིད་དུ་རང་ནི་ནུས་པ་ཡིན་པའི་ཕྱིར་སྣང་བས་ན། མ་བཅོས་སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ་ནི་སུས་ཀྱང་མ་བྱས་པར་བྱུང་བའོ། །སེམས་ནི་ནམ་མཁའ་ཇི་བཞིན་ཏེ། །ཞེས་པ་དེ་ལྟ་བུའི་བྱང་ཆུབ་སེམས་འདི་ནི་དཔེ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ་པ། ངོ་བོ་སྟོང་། མཚན་ཉིད་གསལ་བ། ཆོས་ཇི་སྙེད་འབྱུང་བའི་གཞིར་གྱུར་པའི་ཕྱིར་རོ། །བྱུང་ཚོར་གཡོ་འགོག་ཐམས་ཅད་ཀྱང་། །རང་བཞིན་གྱིས་བྱུང་ངང་གིས་ཞི། །ཞེས་པ་ལ་སོགས་པ་དེ་ལྟ་བུ་བྱང་ཆུབ་སེམས་དེ་བསྒོམ་པའི་དུས་སེམས་ཀྱི་བྱུང་ཚོར་དང་རྒྱུ་འགྲུལ་གཡོ་ཞིང་སྐྱེ་བ་དང་། སྔ་མ་འགག་པ་ཀུན་བྱང་ཆུབ་སེམས་ཀྱི་ངང་ལས་རང་སྣང་ཞིང་དེ་ཉིད་པས་ཟིན་ཆགས་མེད་པའི་ཕྱིར་ངང་གིས་ཞི་བར་འགྱུར་རོ། །མདོར་བྱ་ན་ཇི་ལྟར་སེམས་ཉིད་བརྟགས་ཤིང་བསམ་པ་བཞིན་ཁོ་ན་ལྟར་སྣང་དུ་འགྱུར་བས་བཏུབ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་ངོ་བོར་བྱུང་བས་དངོས་གཞི་ཐམས་ཅད་པར་སྣང་བའོ། །མ་བཅོས་གཡོ་བ་མེད་ཉིད་ལ། །སྣ་ཚོགས་རྒྱུན་འབྱུང་མི་སྐྱོན་ཞིང་། །ཞེས་པ་ལ་སོགས་པ་སེམས་ཉིད་ཡེ་མ་བཅོས་མ་བསླད་པའི་ངང་ལ་ཅིར་སྣང་ཅིར་སྲིད་དེ་ཉིད་ལས་གཡོ་བ་མེད་པའི་དབྱིངས་ནས་རྣམ་རྟོག་གི་རྒྱུ་བ་སྣ་ཚོགས་བྱུང་བ་ཡང་སྐྱོན་དུ་བྱ་བ་མེད་དེ། སེམས་ཀྱི་ཆོ་འཕྲུལ་རྟོག་རྒྱུན་ཆེད་དུ་མི་དགག་པར་དེ་དག་སྐྱེས་པ་ལ་ཉམ་ང་བག་ཚ་བ་མེད་དེ། རིལ་དེ་ཁོ་ན་ཉིད་དུ་ཐག་ཆོད་པའི་ཕྱིར་རོ། །ཇི་བཞིན་ནམ་མཁའི་རང་བཞིན་ལ། །བློ་བཞག་མ་ཡེངས་ཁོ་ནར་ཟད། །ཅེས་པ་ལ་སོགས་པ་ཆོས་ཉིད་ཡེ་ཇི་བཞིན་པ་ལ་རང་རིག་པ་ཇི་བཞིན་པ་ཉིད་དུ་རང་སྣང་བ་ལ་ཡུལ་ལ་མི་དཔྱོད་ཡུལ་པས་མི་སྣང་སྟེ། ཆོས་ཉིད་དངོས་ནམ་མཁའ་ལྟ་བུ་ཉིད་དུ་རིག་པ་དངོས་མ་ནམ་མཁའ་ལྟ་བུར་རང་ཤར་བ་ལ་བློ་བཞག་མ་ཡེངས་ཁོ་ནར་ཟད་མི་འཛིན་པ་ལ་བྲལ་བ་མེད་པ་ཙམ་ཉིད་དོ། །དེ་ལྟ་བུའི་བསྒོམ་པ་མ་ནོར་བ་ལ་གནས་པ་ནི་འབད་པའི་གྲོན་ཚེག་མེད་ཀྱི་དཀའ་བར་བྱར་མེད་པ་དེ་ཉིད་དུ་ས་ནོན་པས་དོན་པོ་ཆེན་པོ་གྲུབ་པས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས་རྒྱུར་ལམ་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པའོ། །དེའི་དོན་ལ་ཇི་སྙེད་གནས། །མཐོང་བས་དེ་ཉིད་དེར་གོམས་ན། །ལམ་རྙེད་ལམ་མཐོང་ཉམས་དྲོད་ནི། །དོན་གྱིས་ངེས་པར་འབྱུང་བ་ཡང་། །ཞེས་པ་ཆོས་ཉིད་མཉམ་པའི་དེའི་དོན་ལ་ཡུན་ཇི་སྙེད་རིང་དུ་གནས་པས། ཇི་ལྟ་བ་མཐོང་བས་རྟོགས་ཤིང་ཏིང་ངེ་འཛིན་གོམས་པས་གནས་པའི་ཚེ་ན། དོན་ལམ་མ་ནོར་བ་ཤེས་ཤིང་རྙེད་རྟོགས་ནས་ལམ་གོམས་པའི་ཉམས་དང་། དྲོད་ཆུང་ངུ་ནི་བཞི་པར་ཡང་འབྱུང་ལ། དྲོད་ཆེན་པོ་རྣམས་སྐབས་བརྒྱད་པར་གཡོས་ནས་དགུ་པ་དང་བཅུ་པར་འབྱུང་བའང་ཐོབ་པ་དང་བརྟན་པའི་ཚུལ་ནི། རྒྱུ་ཆོས་ཉིད་ལ་བློ་རེག་པའི་ཤུགས་ཀྱིས་འབྱུང་བའང་དང་པོ་ཁོ་ནར། གང་མ་ཟིན་ལ་ཟིན་འབྱུང་བ། །ཞེས་པ་ལ་སོགས་པ་དོན་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོ་བྱང་ཆུབ་དམ་པ་ཀུན་རྫོབ་ཀྱི་སེམས་འབྱུང་བ་དང་། དངོས་པོ་མཚན་མའི་རྟོག་པའི་ཆོས་རྣམས་ལ་ཡིད་མི་ཆེས་ཤིང་མི་བདེན་པར་ངེས་པའི་བློ་གྲོས་ཤེས་རབ་སྐྱེ་བ་དང་། ཆོས་ཐམས་ཅད་ཀུན་འདི་ལྟར་དེ་ཁོ་ན་ཉིད་ཡིན་པ་ལ་འགྲོ་བ་རྣམས་ཀྱིས་མ་རྟོགས་ནས་འཁྲུལ་པས་དེ་ལྟར་མི་མཐོང་བའི་ས་མེད་པར་མ་མཐོང་བ་དེ་ངོ་མཚར་སྙམ་པ་དང་། ཇི་བཞིན་པའི་དོན་དེ་མཐོང་བརྟག་དཀའ་བ་ཉིད་རྟོགས་པ་དེའང་ངོ་མཚར་རོ་འདི་ལྟ་བུ་ཞིག་ཨེ་མའོ་ཇི་ག་སྙམ་པ་དང་། དེ་ཁོ་ན་ཉིད་མ་མཐོང་རྟོགས་པའི་འགྲོ་བ་གང་སུ་དག་རྣམས་བཙལ་བསྒྲུབས་དཀའ་བའི་ཚེགས་བ་དང་འབད་པ་ཆེན་པོ་བྱང་ཆུབ་དམ་པའི་ལམ་བཙལ་མི་དགོས་པ་ལ་ཚོལ་བ་ལམ་དེ་རིང་སྙམ་པ་དང་། དེ་ལྟ་བུ་ལ་འབད་པས་བརྒྱུད་པའི་རྒྱུ་ཙམ་དུ་འགྱུར་བ་དང་། དེའི་དོན་འབྱུང་དེ་མཐོ་རིས་ཙམ་འགྲུབ་ཀྱང་ཡང་དག་པའི་ལམ་ཆེན་པོ་ནི་རྙེད་པ་ཡང་མི་འགྱུར་མ་ཡིན་ནོ་སྙམ་པ་དང་། བདེ་བར་གཤེགས་དམ་པ་རྣམས་ཀྱི་ལམ་མ་ནོར་བ་ཐོབ་རྙེད་པའི་རྣལ་འབྱོར་པ་ནི། བདེར་གཤེགས་དམ་པ་ཉིད་ཡིན་པས་ལམ་དམ་པ་ལ་གནས་པ་ཡིན་པའོ། །དེ་དག་ནི་དོན་མཐོང་དྲོད་ཀྱི་ཕྱིར་ལྔ་པ་དང་དྲུག་པ་ཟག་མེད་སྐྱེ་བའི་རིགས་སོ། །དེའི་ཡོན་ཏན་ཡང་། དེ་ནི་བརྟེན་བརྙན་མཚུངས་མ་ཡིན། །ཞི་ལུས་མཐར་འགོག་གཉིས་མཚུངས་མིན། །ཞེས་པ་ལ་སོགས་པ་དེ་ལྟ་བུའི་དྲོད་ཆེན་པོ་དང་ལྡན་པའི་རྣལ་འབྱོར་མཆོག་དེ་ནི། བརྟེན་པའི་གཟུགས་བརྙན་དང་ཡོན་ཏན་འདྲ་བ་མ་ཡིན་པའོ། །ཡང་ཞི་ལུས་ཉན་ཐོས་རང་རྒྱལ་བས་ཀྱང་བསྐྲུན་དུ་ཡོད་པ་མ་ཡིན་ནོ། །རྒྱུའི་ས་པའི་སློབ་པའི་ས་དང་བྱང་ཆུབ་སེམས་དཔས་ཀྱང་བསྙད་དུ་མེད་དོ། །རྣལ་འབྱོར་སེམས་དཔའ་རིག་འཛིན་དང་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་དོན་ལ་དཔྱོད་པ་རྣམས་དང་གང་མཚུངས་ལུས་འདྲ་ཡང་ཡོན་ཏན་དེ་མི་མཚུངས་འདྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར་དང་། ཐེག་པ་ཆེན་པོའི་དྲོད་ལྡན་པའི་ཕྱིར་དང་། བདེན་པ་རེ་མོས་པ་མེད་པའི་ཕྱིར་དང་། ཐེག་པ་ཆེན་པོའི་དོན་ཉིད་ལའང་འཛིན་རྟོག་དམིགས་པ་དང་བྲལ་བའི་ཕྱིར་རོ། །དེས་ན་རྣམ་དག་ལམ་ཆེན་ནི། །སེམས་ཀྱི་གསང་འདི་ཡིན་པས་ན། །ཞེས་པ་ལ་སོགས་པར་ཡོན་ཏན་གྱི་ངོ་བོ་དེ་ལྟ་བུའི་ཚུལ་གྱིས། རྣམ་དག་ལམ་ཆེན་ཐེག་པ་ཆེན་པོའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གསང་རྟོགས་པར་དཀའ་བ་འདི་ཉིད་ཡིན་པའི་ཕྱིར་ན་རྒྱལ་བའི་དགོངས་པ་ཀུན་གྱི་རྩ་བ་སེམས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་གསང་བའི་ལམ་འདི་ཤེས་ཤིང་རྟོགས་བྱས་པས་ན་བཙལ་བར་བྱ་བའི་འབྲས་བུ་གཞན་དུ་འབད་པས་བཙལ་མི་དགོས་ཏེ། སེམས་ཀྱི་དེ་ཁོ་ན་ཉིད་ལམ་འདིར་རྟོགས་མཐོང་བས་ན་དཀའ་བའི་རྩོལ་གང་བཙལ་བའི་ཚེགས་མེད་པར་ཐུན་ཐམས་ཅད་མོང་མཆོག་ཐམས་ཅད་གི་འབྲས་བུ་རྣམས་གྲུབ་ཟིན་པའོ། །སེམས་ཀྱི་གསང་བ་གང་གནས་པ། །དེ་ནི་བདེན་པ་དམ་པ་སྟེ། །དགོན་པ་ཆེན་པོའི་མཆོག་ཉིད་དུ། །དགོངས་པ་ཀུན་ནས་འདུས་པས་གསུངས། །ཞེས་པ་ལ་སོགས་པ་སེེམས་གསལ་བའི་གསང་བ་དོན་མཆོག་སུའི་བློ་ལ་གང་གནས་པ་འཆང་བ་ནི། གཉིས་སུ་མེད་པ་བདེན་པ་དམ་པ་སྒྲོ་སྐུར་བྲལ་བའི་ལྟ་བ་མཆོག་སྟེ། དེ་ནི་མཐའ་རིལ་ལས་རིང་དུ་གྱུར་པས་གནས་མཆོག་དགོན་པ་ཆེན་པོ་གནས་མཆོག་ཏུ་ཡིན་པར་རྒྱལ་བ་རྣམས་ཀྱིས་ཀྱང་དགོངས་པ་བཀའ་སྩལ་ཏོ། །དེ་བས་ན་གཉིས་བྲལ་གྱི་དེ་ཉིད་ལྟ་བ་གཏིང་དཔག་མེད་དཀའ་བ་ནི་དེ་བཞིན་གཤེགས་པའ ི་ཡང་གཞལ་ཡས་བཞུགས་གནས་ཁྱད་པར་རྨད་བྱུང་ཅན་ཡོན་ཏན་རིན་ཆེན་ཆེན་པོའི་གཞལ་ཡས་ཡིད་བཞིན་ཁང་ངོ་། །དེའི་ངོ་བོ་འཕྲལ་དུ་མ་བྱས་བསྒྲུབ་པར་ཡེ་ཉིད་རང་བྱུང་བ་ལ་སྤྱོད་ཡུལ་ཕྱི་ནང་མེད་མ་དམིགས་པས་ཕྱི་དང་ནང་མེད་དེ་ཀུན་ཏུ་འང་ནང་དུ་གྱུར་པའོ། །དེ་བས་ན་གནས་གཞན་དུ་བཙལ་མི་དགོས་སོ། །གང་འདིར་གང་འདུས་ཚོགས་མ་ཡིན། །དེ་ལ་དེ་ཉིད་ཚོགས་འདུས་མཆོག །ཅེས་པ་དག་ཐེག་པ་ཆེན་པོ་གང་འདིར་ངེས་པའི་སྒོར་རྫས་དང་མི་མང་པོ་འདུས་པ་ནི་ངེས་པའི་ཚོགས་ཆེན་པོ་མ་ཡིན་ཏེ། རང་གི་དེ་ཁོ་ན་ཉིད་ལ་རིག་པ་དེ་ཉིད་མ་བཙལ་བར་ལྷུན་གྱིས་ཚོགས་རྫོགས་པ་ནི་ཚོགས་ཀྱི་མཆོག་གོ། །ཆོས་སོ་ཅོག་ཀུན་རང་གི་རིག་པར་འདུས་རྟོགས་པས་ཐ་སྙད་གཉིས་པ་འབྱུང་བ་རིལ་བྲལ་མེད་པའི་དེ་ཁོ་ན་ཉིད་ཕྱི་མོའི་མཆོད་པ་གནས་སུ་སྟོབས་པས་དཔག་མེད་རྒྱལ་བ་རིལ་མཉེས་པའི་མཆོད་པ་མཆོག་གོ། །གང་འདིར་འདོད་སྤྱོད་ཡོ་བྱད་མིན། །དེ་ཉིད་ཡོ་བྱད་ཆེན་པོ་སྟེ། །ཞེས་པ་ལ་སོགས་པ་ལམ་ཆེན་པོའི་སྐབས་གང་འདིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་སྤྱོད་ནི་ཡོ་བྱད་ཆེན་པོ་མ་ཡིན་ཏེ། མཉམ་པ་དེ་ཉིད་ཆེན་པོ་མ་ནོར་བར་རྟོགས་པ་ནི་ཡོ་བྱད་ཀྱི་ཆེན་པོ་སྟེ་མཆོག་གོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རིལ་གྱི་རྒྱུ་ཆེན་པོའི་ཕྱིར་ཏེ། དམན་པ་དག་ལ་མེད་པའི་ལྷག་པའི་ཡོ་བྱད་ཆེན་པོ་འདི་ཤེས་རྟོགས་ན། འབྲས་བུའི་ཆོས་ཡོ་བྱད་ཀུན་རྣམས་ཀྱི་རྩ་བ་གཞི་ཆེན་ཡིན་པའོ། །སྒོམ་པར་བྱེད་པ་བསྒོམ་པ་མིན། །ཅེས་པ་དག་ཆོས་ཉིད་ཇི་བཞིན་པའི་སྒོམ་པ་བྱེད་པ་རྗེས་སུ་བློ་འབྲངས་ནས་ཆེད་དུ་མངོན་དུ་ཅི་འགྱུར་བྱེད་པ་ནི་ཡང་དག་པའི་བསྒོམ་པ་མ་ཡིན་ཏེ། འདིར་ཆོས་ཉིད་བྱ་བ་བློའི་ཡུལ་དང་ཤེས་པ་དབྱེར་མེད་པ་ལ་ཆོས་ཉིད་དུ་འདུ་ཤེས་པ་དམིགས་སུ་ཡང་བྱེད་པ་ནི་བསྒོམ་པའི་མཆོག་སྟེ་དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་དམ་པའི་གསང་ལམ་གཤེགས་ཤུལ་མ་ནོར་བ་སྟེ། དེ་ལྟར་འདི་བསྒོམ་ཤེས་ན་བསྒོམ་པའི་ལམ་ཇི་སྙེད་པ་རྣམས་ཀྱི་ཕུལ་ལོ། །བསྲུང་ཞེས་བསྲུང་བར་བྱ་མི་དམིགས། །སྟོང་ཉིད་མེད་འབྱུང་གསང་ལམ་འདི། །ཞེས་པ་ལ་འདིར་བསྲུང་མཚམས་མེད་པ་ལ་བསྲུང་བར་བྱ་མི་དམིགས་ཉམས་པའང་མེད་དེ་སྟོང་ཉིད་མཐའ་གཉིས་མ་གྲུབ་པའི་མེད་འབྱུང་དོན་རེག་དཀའ་གསང་བ་ནི། ལམ་མ་ནོར་བ་སྟེ་སེམས་ཀྱི་ཆོས་འདི་ཉིད་དོ། །དེའི་དོན་སོ་སོར་དབུས་མཐར་ཕྱེ་བས་རྟོགས་པའི་ཤེས་རབ་ཀྱིས་བརྟགས་པས་མཐའ་དབུས་ཀྱི་ཐ་སྙད་བསྲེགས་པའི་ཚིག་དོན་རྟོགས་ཤེས་ན། བསྲུང་བའི་གསང་བ་དམ་པའི་དམ་ཚིག་ཇི་སྙེད་པ་ཀུན་བསྲུངས་པའོ། །ཚིག་ལམ་མཉམ་རྫོགས་མཉམ་མི་དམིགས། །གསང་འདི་ཐམས་ཅད་གཅིག་པ་ལ། །ཞེས་པ་དོན་ཆེན་པོའི་གདེང་མེད་ན་ཚིག་ཏུ་མཉམ་པ་ཡིན་ནོ་ཞེས་སྨྲས་ཀྱང་དེ་ལ་མི་དམིགས་མཉམ་དོན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིལ་གསང་འདི་ཐམས་ཅད་གཅིག་པ་ལ་གསང་སྔགས་ཀྱི་ངོ་བོ་ལ་མཉམ་པའི་དོན་ཞེས་ལྷག་པ་ཞིག་བཟང་པོར་བལྟ་རྒྱུ་ཡང་ག་ལ་ཡོད་མེད་དེ། རིལ་སངས་རྒྱས་ཀྱི་དགོངས་པའི་ཞེ་ཕུག་ཀུན་ནས་འདུས་དང་འདིའི་དོན་ཉིད་ཡིན་པ་ལ་བླང་དོར་མཉམ་མ་དམིགས་པའི་ཕྱིར་རོ། །གང་གཞན་བརྟུལ་ཞུགས་སྤྱོད་པ་མིན། །དེ་ལ་དེར་གཞོལ་རོལ་སྤྱོད་པ། །ཞེས་པ་དག་རྣལ་འབྱོར་ཆེན་པོ་མཆོག་གི་སྐབས་འདིར་ཐེག་པ་གང་གཞན་དག་གི་བརྟུལ་ཞུགས་སྨེ་ཤ་ལ་སོགས་པ་སྤྱོད་པ་ནི་འདིའི་སྤྱོད་པ་ཆེན་པོ་མ་ཡིན་ནོ། །དེས་ན་འདི་ཉིད་ཀྱི་སྤྱོད་པ་ནི། ཆོས་ཉིད་ཇི་དེ་བཞིན་པ་ལ་རིག་པ་དབྱེར་མེད་པར་དེར་གཞོལ་སྤྱོད་པ་གནས་པ་ནི་ཐམས་ཅད་ཆོས་སོ་ཅོག་དེའི་ངང་དུ་འདིར་བརྟུལ་བཅོམ་ཞིང་དེང་འདིར་ཞུགས་པས་བཞུགས་ཏེ། གཉིས་མེད་པར་བྱས་པ་ལ་སྤྱོད་པ་མི་འགོག་སྤྱད་པ་མེད་པ་ནི་བརྟུལ་ཞུགས་བླ་ན་མེད་པ་མཆོག་ཏུ་ཡིན་པར་བདེ་བར་གཤེགས་པ་ཀུན་འདུས་རྣམས་ཀྱིས་ཀྱང་བཀའ་སྩལ་གསུངས་པའོ། །ལམ་འདི་དངོས་ཉིད་སེམས་ཀྱི་གསང་། །ཡེ་གྲུབ་ཟིན་པས་གསོལ་ཐོབ་མེད། །ཅེས་པ་དག་ཤིན་ཏུ་རྣལ་འབྱོར་གྱི་སྐབས་ལམ་འདིར་དངོས་གྲུབ་ཀྱི་དམ་པ་ཀུན་གཞི་བྱང་ཆུབ་སེམས་ཀྱི་གསང་བརྗོད་པ་དང་བྲལ་བ་ཡིན་པའི་ཕྱིར་གཞན་ནས་མི་གཉེར་ཏེ། འབྲས་བུར་སྙིང་པོར་ཡེ་ནས་རང་གྲུབ་ཟིན་པས་གནས་པ་ལ་བྱ་བ་བྱས་ཟིན་པས་ད་ལྟ་ལ་གསོལ་བ་བཏབ་ཅིང་ཐོབ་པར་བྱ་བ་མེད་དོ། །དེ་ལྟ་བུ་ལ་དངོས་གྲུབ་རྒྱུན་མི་བར་ཆད་མེད་པ་ཞེས་པར་རྒྱལ་བ་ཀུན་གྱིས་དགོངས་པ་བཀའ་སྩལ་པའོ། །དེ་ལྟར་སེམས་ཀྱི་གསང་མཐོང་ན། །སྔོན་མ་མཐོང་བའི་ལམ་མཐོང་བ། །ཞེས་པ་ལ་སོགས་པ་དེ་ལྟར་བཤད་པ་བཞིན་སེམས་ཀྱི་གསང་སྔགས་ཀྱི་དོན་ཇི་ལྟ་བར་མཐོང་རྟོགས་ན་སྔར་མ་མཐོང་རྟོགས་པའི་ལམ་ཆེན་པོ་མཐོང་བས་རྟོགས་པ་ཡིན་ཏེ། དེ་ལ་ནི་ངོ་བོ་མཐོང་བ་ཅིའང་འདི་འདྲར་ཤེས་པར་བྱར་མེད་དེ་དེ་ཉིད་སུ་ཞིག་གི་གང་རིག་པར་སྣང་བ་གསལ་བར་ཤར་བ་ནི་ལམ་བདེ་བ་ཆེན་པོ་མཐོང་བ་ཡིན་ཏེ། དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་ཐོག་མཐའ་ལས་ཀྱང་ཐ་མ་ཆེན་པོ་པའོ། །རྣལ་འབྱོར་རྗེས་འཇུག་གི་ལེའུ་སྟེ་ལྔ་བཅུ་དགུ་པའོ་ཞེས་པ་སྐལ་བ་ཅན་གྱི་ལམ་པ་དག་རྒྱལ་བའི་ཤུལ་དམ་པ་ལ་འཇུག་པའི་དོན་བཤད་པ་སྟེ་ལེའུའི་མཚན་ནོ། །དེའི་དོན་རྒྱས་པར་འགྲེལ་པའོ།། །།དེ་ནས་ལང་ཀའི་མངའ་བདག་ལ་སོགས་པ་གྲོགས་ཀྱི་སེམས་དཔའ་རྣམས་ཀྱིས་ཞེས་པ། རྗེས་འཇུག་བཀའ་སྩལ་མ་ཐག་པར། འཁོར་གྱི་སྐྱེས་བུ་ལ་ཆོས་ཀྱི་རྣམ་གྲངས་བཅུ་བཀོད་པའི་ལྔ་པ་དྲིས་པ་སྟེ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པས། ཀྱེ་གྲོགས་པོ་དག །ཅེས་པ་ལ་སོགས་པ་འཆད་པའི་སྐྱེས་བུས་བོས་ནས་ལན་གསུངས་པ་ནི། རིན་པོ་ཆེ་འབར་བ་འོད་ཀྱི་འབྱུང་ཁུངས་དེའི་འོད་རླུང་གིས་ཀྱང་མི་སོད་པས་དེའི་ལས་མུན་པ་སེལ་བར་བྱེད་པའི་ཕྱིར་ངེས་ཚིག་སྒྲོན་མ་ཞེས་བྱའོ་གྲུབ་བོ། །དཔེ་དེ་ལྟར་དོན་ཀྱང་རྗེས་སུ་སྦྱར་རོ། །དེ་རང་གི་ངོ་བོ་བསྟན་པ་ནི་ཅི་ཞེ་ན། དེ་ནི་འདི་ལྟར་མི་ཤེས་པ་སེལ་བའི་ཤེས་པ་ཉིད་ཡིན་ཏེ། ཉི་མའི་སྙིང་པོའམ་རིན་པོ་ཆེའི་སྒྲོན་མ་གཞི་མེད་པ་བཞིན། ཞེས་པ་ལ་དག་ངོ་བོ་ནི་མི་ཤེས་མ་རིག་པ་སེལ་བའི་རང་རིག་པའི་ཤེས་རབ་ཆེན་པོ་ཉིད་ཡིན་ཏེའོ། །དེ་ཉེ་བར་མཚོན་པ་ནི་ཉི་མའི་སྙིང་པོ་དང་རིན་པོ་ཆེ་འོད་འབར་བ་ལ་མུན་པ་ངང་གིས་མེད་པ་བཞིན། ཡང་དག་པའི་ཤེས་རབ་ཆེན་པོ་དེ་ལའང་མ་རིག་པའི་གཞི་མིང་ཡ ང་མེད་པར་བསྟན་པའོ། །དེ་བས་ན་ཡང་དག་པའི་ཤེས་རབ་མེད་པ་ལས་ལྟ་བ་ཐ་དད་བྱུང་བའི་ཕྱིར། དེ་ཡང་འདི་ལྟར་སྒྲོན་མ་དམ་པ་ནུབ་པར་གྱུར་པ་ན། ཀུན་གྱི་དེ་ཉིད་གཅིག་ཁོ་ན་ལ། ཞེས་པ་ལ་སོགས་པ་དེ་ཡང་འདི་ལྟར་ཡང་དག་པའི་ཤེས་རབ་གསལ་བ་ཆེན་པོ་དེ་མ་གོ་ནས་ཐ་དད་ཀྱི་ལྟ་བ་འབྱུང་བའི་ཚུལ་ཡང་། ཤེས་རབ་དེ་མེད་དེ་རང་རིག་པའི་ཉི་མ་ནུབ་པར་གྱུར་བའི་དུས་ན། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དུ་དབྱེར་མེད་པའང་ལ། རིག་མ་རིག་ལྟ་བའི་ཁྱད་པར་མཐོ་དམན་རྣམ་པ་བྱུང་བར་སྣང་བའི་ཚུལ་ཉེ་བར་བསྟན་པའོ། །མུན་པའི་ཤེས་པ་དང་། ཞེས་པ་ནི་རྣམ་གྲངས་བསྟན་པ་དྲུག་གོ། །དེ་དག་སོ་སོ་ནས་བསྟན་པའི་ཕྱིར། ཀྱེ་གྲོགས་པོ་དག །གང་མུན་པའི་ཤེས་པ་ནི་གང་འདི་ལས་ལོག་པར་ཤེས་པའོ། །ཞེས་པ་བོས་ནས་དང་པོ་ཉེ་བར་སྟོན་པ་ནི། དེ་ཁོ་ན་ཉིད་ལས་བརྟགས་ཞེན་གྱིས་གཟུང་འཛིན་དུ་མཐོང་བ་སྐྱེ་བོ་པ་རྣམས་ཀྱི་ཤེས་པའོ། །ལོག་སྲེད་ཅན་གྱི་ཤེས་པ་ནི། ཐ་དད་དུ་སྨྲ་ཞིང་གཉིས་སུ་འདོད་པའོ། །ཞེས་པ་ལོག་ལྟ་ལ་ཆགས་པ་བ་རྣམས་ལྟ་གཞུང་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་ལ་སོགས་པར་སྨྲ་ཞིང་། རྩ་བ་རྟག་པ་དང་ཆད་པར་འདོད་པ་མུ་སྟེགས་ཀྱི་ཤེས་པའོ། །བྱིས་པ་རྣམས་ནི་འདི་ལྟ་སྟེ། གང་མེད་པར་སྨྲ་ཞིང་ཡོད་པར་འདོད་པའོ། །ཞེས་པ་དག་ཉན་ཐོས་པ་རྣམས་ཀྱི་ལྟ་བ་ཉེ་བར་སྟོན་པ་ནི། གང་ཟག་ལ་བདག་མེད་པར་སྨྲ་ཞིང་། ཕྱི་གཟུང་བའི་ཡུལ་རྡུལ་ཕྲ་རབ་ཆོས་ཙམ་རྫས་སུ་ཡོད་པར་འདོད་པའོ། །དེའི་ཚུལ་རྒྱས་པར་བསྙད་པ་ནི་འདི་ལྟར་འདོད་དེ། དང་པོ་རྡུལ་ཕྲ་རབ་དང་། ཕྲ་རབ་རྡུལ་དང་། ལྕགས་རྡུལ་ལ་སོགས་པ་བརྩིས་ནས་དཔག་ཚད་དང་། དེ་ལས་སའི་དཀྱིལ་འཁོར་ཆེན་པོ་ལ་སོགས་པར་སྣང་བ་ཡང་རྡུལ་གྱི་ངོ་བོར་འདོད་པ་དང་། དུས་ཀྱི་ཚད་ཀྱང་སྐད་ཅིག་མ་བརྒྱ་ཉི་ཤུ་པ་དེ་ཡི་སྐད་ཅིག་ལ་སོགས་པ་ནས་ཡང་བརྩིས་བས། ཉིན་ཞག་དང་། ཟླ་བ་དང་ལོ་དང་བསྐལ་པ་ཆེན་པོའི་ཡུན་དུ་བརྩིས་པ་དང་། སྐར་མ་དང་ཉི་ཟླ་དང་རི་རབ་དང་ཁོར་ཡུག་དང་འགྲོ་བའི་ལུས་ལ་ལུས་དཔག་ཚད་ཆེ་ཆུང་དང་ཁྲུ་ལ་སོགས་པའི་ཚད་བརྩི་བ་དང་། སེམས་ཅན་གྱི་ཤེས་པ་སྐྱེ་བ་སྐད་ཅིག་མའི་ཡུན་དང་། གྲངས་དང་། ཚེ་ཚད་དང་། ལོངས་སྤྱོད་ཀྱི་ཆེ་ཆུང་ཚད་བརྩིས་པ་དང་། འགྲོ་བ་དང་སྣོད་དུས་བཞི་འཇིག་པ་དང་། ཞིག་པ་དང་། ཆགས་པ་དང་། གནས་པ་ལ་སོགས་པའི་བྱེ་བྲག་ཐ་དད་དུ་ཕྱེ་བ་ལས་མི་རྟག་པ་ལ་སོགས་པར་ཡང་མཐོང་སྟེ། མེད་པར་སྨྲ་ཞིང་ཤེས་ཡུལ་སྐད་ཅིག་མ་དང་རྡུལ་ཙམ་ཡོད་པར་འདོད་པའོ། །མྱ་ངན་ལས་འདས་པ་ལ་མོས་པས་འཁོར་བ་ལས་འབྱུང་བའི་འཇུག་ཐབས་དེ་ལས་མེད་པའོ། །གང་འདིར་རྣལ་འབྱོར་ཕྱོགས་རིག་པ། །འདི་ཀུན་གང་འདིར་ཁོ་ན་བས། །ཞེས་པ་ལ་སོགས་པ་སྐབས་གང་འདིར་རྣམ་པར་རིག་པ་དང་རྣལ་འབྱོར་སྤྱོད་པའི་ཀུན་རྫོབ་པ་དོན་གྱི་ཕྱོགས་ཤེས་པ་ཙམ་དག་གི་སྤྱིའི་གཞུང་ནི། ཡུལ་འདི་ཀུན་སྣང་རིལ་གང་འདིར་སེམས་སྣང་བ་ལ་ཁོ་ན་བས་ངེས་པར་གཟུང་བའོ། །དངོས་པོ་གཟུང་འཛིན་རང་རྒྱུད་པ་མེད་དེ། དཔེར་མིག་རབ་རིབ་དང་ཚ་བའི་རིམས་ཀྱིས་བསྐྱོད་པ་ལྟར། ཀུན་གཞི་རྣམ་པར་ཤེས་པ་འཁྲུལ་པ་ཉིད་གཟུང་ཆ་དང་འཛིན་ཆ་གཉིས་སུ་སྣང་བས་ཤེས་པའི་ངོ་བོར་འདོད་པ་རྣམ་བཅས་སོ། །དེ་ལྟ་བུའི་སེམས་ནི་གཉིས་མེད་དེ་ཉིད་ཤེལ་ལྟར་དག་པ་ལྟ་བུར་སུས་ཀྱང་མ་བཅོས་མ་བྱས་པར་དོན་དམ་པར་དེ་བཞིན་ཉིད་ཡོད་པར་འདོད་པ་ནི་རྣམ་མེད་ཀྱི་གཞུང་ངོ་། །དེས་ཆོས་ཀྱི་སྐུའང་རྒྱུན་རྟག་པར་འདོད་པའོ། །ངེས་པར་འབྱིན་པའི་རྣལ་འབྱོར་བ། །ལ་ལ་འདི་དག་སོ་སོ་ཡི། །གང་མཚན་སྒྱུ་མའི་མཚན་ཉིད་དུ། །ཞེས་པ་དག་དབུ་མ་པ་མཐའ་གཉིས་ལ་ངེས་པར་འབྱུང་བ་འབྱེད་པའི་རྣལ་འབྱོར་པ་དག་གི་གཞུང་ནི་དབུ་མ་པའང་གཞུང་ཕྱི་མོ་དང་། རྣལ་འབྱོར་སྤྱོད་པ་དང་། མདོ་སྡེ་ལས། ཁ་ཅིག་ཕྱི་མོ་པ་དག་ནི། ལ་ལ་མདོ་སྡེ་པས་དངོས་པོ་འདི་དག་ཡུལ་ཐ་དད་དུ་སོ་སོ་ཡི་སྣང་བ་རིལ་སྒྱུ་མ་ཙམ་དུ་ཤིང་རྟ་བཞིན་རྒྱུ་རྐྱེན་འདུས་བདོ་བ་ཙམ་ཞིག་སྣང་བས་ཀུན་རྫོབ་ཏུ་བྱ་བ་དོན་བྱེད་ནུས་པའོ། །དེ་ལའང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དང་ངེས་ཚིག་ཇི་ལྟ་བར་ཆ་དབྱེ་བས་གསལ་བར་འདོད་པའི་མདོ་སྡེ་པ་དང་། རྣལ་འབྱོར་པ་སྤྱོད་པའི་ཀུན་རྫོབ་ཡུལ་གང་ན་གང་དུ་སེམས་སུ་འདོད་པ་ལ་གཙོ་བོར་མཚན་ཉིད་དུ་དོན་དམ་པ་ཀུན་རྫོབ་སྒྱུ་མ་ཉིད་ཀྱང་མེད་དེ་མ་སྐྱེས་པར་གཅིག་པའོ། །དེའང་སྤྲོས་པ་དང་སྤྲོས་མེད་ཀྱི་དབྱེ་བ་དང་། མཚན་ཉིད་དང་ངེས་ཚིག་གིས་རྣམ་པར་བསྙད་ནས་རྟོགས་པར་བྱེད་པའོ། །ལ་ལ་དེ་ལྟར་དེ་ངེས་ཏེ། །དེ་ལས་མ་གཏོགས་དེ་ཡང་མིན། །ལ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གི་ལུགས་ཀྱིས་དོན་དམ་པར་དེ་ལྟར་མ་སྐྱེས་དེར་ངེས་ཀྱང་། ཀུན་རྫོབ་ཏུ་སེམས་འཁྲུལ་པ་དེ་ལས་ཀྱང་མ་གཏོགས་པའི་ཡུལ་སྒྱུ་མ་དེ་ཡང་ལོགས་ཤིག་ན་མེད་དེ། རྣམ་དག་གི་དོན་དང་མཐུན་པའོ། །དོན་དམ་པར་ནི་དེ་ཉིད་སེམས་སྐད་ཅིག་མ་ཉིད་དེ་ནི་དངོས་པོ་མེད་མ་གྲུབ་པའི་ཕྱིར་གཏན་ཚིགས་དེས་ན་ངོ་བོ་སྟོང་པ་ཉིད་ལ་དམ་པ་ཉིད་དུ་ངེས་པའོ་དངོས་པོ་ཅིར་ཡང་མ་གྲུབ་པར་འདོད་པའོ། །ལ་ལ་གང་མ་ཟིན་པའི་ཕྱིར། །དེ་སྣང་བར་ནི་ག་ལ་རུང་། །ཞེས་པ་དག་མདོ་སྡེ་དབུ་མ་པ་ལ་ལ་དག་དངོས་པོ་ཀུན་རྫོབ་སྒྱུ་མ་ཙམ་ཞིག་སྣང་བ་ནི་གང་མ་ཟིན་པའི་ཕྱིར་སེམས་ཀྱི་གཟུང་ཆ་སྣང་བ་མ་ཡིན་པའི་ཕྱིར། སེམས་དེ་འཁྲུལ་པ་སྣང་བར་ག་ལ་རུང་སྟེ་དེ་བཞིན་དུ་མི་འདོད་ལ། དོན་དམ་པར་ནི་ཀུན་རྫོབ་ཀྱི་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱིས་ཕྱོགས་ཆའི་རྣམ་པར་དབྱེ་བས་མ་གྲུབ་པ་ནི་ཀུན་རྫོབ་བསླུ་བ་དང་འདྲིད་པའི་ཆོས་བཞིན་ཡོད་པ་མ་ཡིན་པས་གཉིས་སུ་མེད་པར་འདོད་དེ་སྟོང་པ་ཉིད་དོ། །དེ་བས་ན་བློ་གྲོས་མི་ཟད་པ ས་བསྟན་པའི་མདོ་ལས། བློ་གྲོས་ཆེན་པོ་རྡུལ་ཕྲ་རབ་ཀྱིས་གཞིག་ན་བ་ལང་གི་རྭ་ལ་དངོས་པོར་མི་འདུག་གོ་ཅེས་པའི་དོན་ཏོ། །དམ་པ་ཉིད་ཀྱི་དམ་པ་གང་། །ཆོས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་བཟློག་པའི་ཕྱིར། །ཡེ་ནས་སངས་རྒྱས་ཞེས་བརྗོད་པ། །ཞེས་པ་ལ་སོགས་པ་གསང་སྔགས་བླ་ན་མེད་པ་དམ་པ་ཉིད་ཀྱི་ལྟ་བ་དམ་པ་གང་མཆོག་གི་བཞེད་པ་ནི། ཆོས་སོ་ཅོག་ཡེ་ཇི་བཞིན་པའི་ཆོས་ཉིད་དུ་ཡེ་གདོད་ནས་སངས་རྒྱས་པ་ལ་གདགས་བརྗོད་ཐམས་ཅད་དང་བྲལ་ཞིང་། དེ་ཉིད་ཀྱང་མངོན་དུ་བྱ་ཞིང་དོན་དུ་གཉེར་བ་དང་བྲལ་བའོ། །འོ་ན་ཚིག་ཏུ་བཏགས་པ་ལ་དགོས་པ་མེད་དོ་བར་དོགས་པ་ལ། དེ་ལྟ་བུའི་མིན་གདེང་མ་ཆུད་པ་དག་གི་ལྟ་ངན་བཟློག་ལ་དོན་དམ་མ་ནོར་བ་ལ་གཟུད་པའི་ཕྱིར་ཆེད་དུ་དེ་སྐད་ཡེ་ནས་སངས་རྒྱས་བརྗོད་པའང་ཐ་སྙད་ཙམ་དུ་བཏགས་པ་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་གདོད་ནས་ཡེ་ནས་བཀོད་པ་ཚིག་གི་ལམ་ཐ་སྙད་གཉིས་དང་བརྗོད་པ་དང་བྲལ་བའི་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུར་གསལ་བ། གཏན་ཚིགས་ཀྱིས་གཙེ་བས་དོན་གྱི་བཞག་ས་ཚོལ་བའི་ཚིག་རྣམས་ཀྱིས་བདེན་པ་གཉིས་ཀྱི་བརྗོད་པའི་ཐ་སྙད་སོ་སོ་ཚིག་ལམ་འདས་བར་གདགས་པ་དང་བྲལ་བའོ། །དེ་ལ་ནི་བདེན་པ་གཉིས་ཡོད་དོ་ཞེས་པ་དང་། མེད་དོ་ཞེས་པའི་ཐ་སྙད་གདགས་སུ་མེད་དོ། །བརྗོད་པས་མི་ཕེབས་པས་ཚིག་ལ་མ་འདས་གདགས་པ་ལས་གྲོལ་བའོ། །དེ་བས་མཉམ་པ་ཆེན་པོ་ལ་བདེན་པ་གཉིས་སུ་རྩོད་པ་ནི། དོན་མི་མཐོང་བའི་ནད་ཡིན་པའི་ཕྱིར་རོ། །ནམ་མཁའ་འདི་ནི་མེད་དོ་ཞེས། །ཞེས་པ་དག་ནི་མཐུན་པའི་དཔེ་ལས་དོན་དཔེར་བླངས་པ་སྟེ་སྒྲ་བཞིན་ནོ། །དེ་བཞིན་ཉིད་འདི་ཡོད་མེད་ཅེས། །བྱིས་པ་རྣམས་ནི་རྩོད་པར་འགྱུར། །ཞེས་པ་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ནི་མཐའ་ཡོད་པ་དང་མེད་པར་བདེན་པས་ཕྱེ་ནས་རྩོད་པའི་དབུ་མ་པ་ནི། གསང་སྔགས་ལ་ཤེད་མ་བྱེ་བ་བྱིས་པ་ཁོ་ནའོ། །སྐྱེས་བུ་གང་དག་དེ་ལྟར་མིན། །ཞེས་པ་ཐེག་པ་ཆེན་པོ་པ་སྐྱེས་བུ་གང་དག་ནི་ཡེ་གཉིས་སུ་མེད་པ་ལ་དེ་ཉིད་ཡང་མི་རྟོག་པས་དེ་ལྟར་མིན་རྩོད་པའི་ཐ་སྙད་བྲལ་ལོ། །དེ་བས་དེ་བཞིན་ཉིད་ལ་རྩོད་པ་ནི་ཤེས་རབ་འཆལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྣང་བའི་ཆོས་ཐམས་ཅད། །ཡེའམ་ངང་གིས། ཞེས་པ་དག་འདི་ལྟར་འཁྲུལ་པའི་ངོ་ལ་སྣང་བའི་སྣོད་བཅུད་ལ་སོགས་པའི་ཆོས་ཀུན་ཡེ་ནས་ལྷུན་གྱིས་གྲུབ་པའི་ངང་ཆེན་པོ་ཡིན་པའི་དོན་གྱིས་ཡོད་མེད་རྟག་ཆད་སྣང་སྟོང་ལས་གྲོལ་བའི་སངས་རྒྱས་ཆོས་སྐུ་ཆེན་པོ་ལ་མིན་ལས་བྱིས་པས་འཕྲལ་དུ་བཙལ་ཏེ་མེད་པ་ཞིག་དོན་དམ་པ་མ་ནོར་ཡིན་པར་བྱས་པ་བྱུང་མ་ཡིན་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དེ་ཉིད་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །ཅེས་པ་ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་རྟོགས་རུང་མ་རྟོགས་རུང་ཡེ་ནས་དེ་བཞིན་ཉིད་ཆེན་པོ་ལ། འཕྲལ་དུ་རྨོངས་པ་དག་གིས་ཡེ་ནས་སངས་རྒྱས་པ་ཡིན་ཞེས་བྱ་བ་དང་མིན་ཞེས་བྱར་མེད་དེ་དེ་སྐད་སྨྲ་བ་ཉིད་ལ་ད་དུང་ཡུལ་དུ་བྱེད་པའི་སྒྲིབ་པ་ཡོད་དེ་དོན་མ་མཐོང་བའོ། །ནམ་མཁའ་འདི་ནི་མེད་དོ་ཞེས། །མི་ཤེས་གང་ཞིག་རྟོག་པར་བྱེད། །ཅེས་པ་དཔེར་ན་ནམ་མཁའ་ཡེ་སྟོང་པ་ལ་དེ་ལ་མི་ཤེས་པའི་བླུན་པོ་དག་ནམ་མཁའ་ནི་དངོས་པོ་མེད་པའོ་བར་རྟོག་པར་ཡིད་ལ་བྱེད་དོ། །ནམ་མཁའི་མཚན་ཉིད་གང་ཤེས་པ་དག་ནི་མེད་དོ་བར་ཡེ་ནས་ཡོངས་མི་རྟོག་བསམ་པར་ཡང་མི་འཛིན། ཡིན་པར་མི་རྟོག་ཚིག་ཏུ་མི་བརྗོད་དེ་བསམ་པ་ཅིར་ཡང་མི་སྐྱེའོ། །དེ་ལྟར་དོན་མ་མཐོང་བའི་མི་ཤེས་མུན་སྤྲུལ་རྣམས་གང་གི་ནི་དེ་ཁོ་ན་ཉིད་མཐའ་དང་བྲལ་བའོ་ཞེས་ཞེ་བས་རྟོགས་པར་བྱེད་འཛིན་ཞིང་ཚིག་ཏུ་བརྗོད་ལ། ཇི་ལྟ་བའི་དོན་མཐོང་བའི་གང་ཤེས་མི་ཆེན་པོ་རྣམས་ཡེ་ནས་མཐའ་བྲལ་བ་ཉིད་དུའང་མི་རྟོག་ཡིད་ལ་མི་བྱེད་རྗེས་སུ་མི་འབྲང་ཞིང་ཞེ་བས་མིན་པར་མི་རྟོག་མི་འཛིན་ཏེ། ཚིག་ཏུའང་མི་བརྗོད་པ་ནི་དོན་ལ་རྣལ་དུ་ཕེབས་པའི་མི་རྟོག་པ་ཉིད་དོ། །དེ་ལྟ་བུའི་གདེང་ཆུད་པའི་མུན་སྤྲུལ་པ་དག་ནི། རང་གི་ཞེན་ཕྱོགས་ཀྱི་བསམ་ངན་གྱི་དབང་གིས་བཙལ་དུ་མེད་ཅིང་ཡུལ་དང་བྲལ་བ་ནི་རྒྱལ་བའི་སྤྱོད་ཡུལ་ཡིན་གྱི་གང་ཟག་གི་སྤྱོད་ཡུལ་མ་ཡིན་ནོ་ཞེས་སྨྲ་བ་དག་ནི་ཐེག་པ་ཆེན་པོ་གཅིག་ཆར་འཇུག་པར་ཁས་འཆེས་ནས་ཐེག་པ་ཆུང་ངུའི་ལྟ་བ་ལ་གནས་པ་སྟེ། རྒྱལ་པོ་དམངས་སུ་འབབ་པ་ལྟ་བུའོ། །དེ་ཡང་འདི་ལྟར་སོ་སོར་རྟོག །རྒྱུ་དང་ལས་དང་རྣམ་གྲངས་དང་། །ཞེས་པ་དག་ཡང་དག་པའི་ཤེས་རབ་དེ་ལའང་ཚུལ་འདི་ལྟར་འབྱེད་དེ། རྣམ་གྲངས་རྣམ་པ་བརྒྱད་སྒྲ་ཇི་བཞིན་ནོ། །འདི་ལྟར་འདིར་ནི་གང་གི་རྒྱུ། །ཞེས་པ་དག་འདི་ལྟར་རྣམ་གྲངས་དང་པོ་འདི་ནི་གསང་སྔགས་ཀྱི་ཤེས་རབ་དེའི་རྒྱུ་གང་ལས་བྱུང་ཞེ་ན། རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ཇི་ལྟ་བ་ཡིན་པ་རྟོག་ཅིང་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་གང་དག་དང་ལྡན་པས་རིག་པའི་ཤེས་རབ་ཆེན་པོ་གང་ལ་པོགས་སུ་གྱུར་སྐྱེ་མཆེད་པའི་ཕྱིར། སོ་སོར་རྟོག་པའི་ཤེས་རབ་གཉིས་པོ་ནི་མི་དམིགས་པས་ཤེས་རབ་ཆེན་འདི་དག་པོའི་རྒྱུའོ། །གང་ལས་གང་མིན་ཇི་སྙེད་པ། །ཁྱད་པར་བྱེ་བྲག་ཐ་དད་པར། །ཞེས་པ་དག་ཡང་དག་པའི་ཤེས་རབ་ཆེན་པོ་གང་དེའི་ལས་ནི། གཉིས་མེད་ཀྱི་ངོ་བོ་གང་མིན་མ་ཡིན་པ་བརྟགས་པས་ཐ་དད་དུ་གྱུར་པའི་ཆོས་ཇི་སྙེད་པ་མང་པོའི་མཐོ་དམན་གྱི་ཁྱད་པར་དང་། རྣམ་པ་བྱེ་བྲག་མ་འདྲེས་ལ་ཐ་དད་པར་ཡང་ངེས་འབྱེད་ཅིང་དེ་ལ་ཤེས་པར་འཇུག་པ་དང་། དེ་དག་གི་འབྲེལ་བ་བསྒྲུབ་པ་བ་དང་། དེ་དག་ལ་ཡང་དག་པའི་ལུང་དང་མན་ངག་གི་ཚད་མའི་སྦྱོར་བ་ཚང་བར་དགོད་པ་དང་། གཏན་ཚིགས་རྒྱས་པ་འབའ་ཞིག་གི་སྦྱོར་བ་བྱེད་པ་དང་། ཆོས་མཐུན་པའི་དཔེ་ཡིས་སྦྱོར་བ་དང་། མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་འགོད་པའོ། །ཆོས་རྟགས་ཀྱི་དོན་དང་མི་འགལ་བའི་སྦྱོར་བ་དང་ལྡན་པས་ཡང་དག་པའི་དོན་དངོས་ཡིན་ཏེ་ཕྱིན་ཅི་མ་ལོག་པ་མ་ནོར་བར་གཏན་ལ་ཕབས་ནས་གསང་སྔགས་ཀྱི་དོན་རིག་པའི་མངོན་སུམ་དུ་གསལ་བར་བྱེད་ཅིང་། དོན་རྟོགས་པར་དཀའ་བའི་ཤེས་རབ་དང་དོན་ཇི་བཞིན་པ་དབྱེར་མེད་པར་འབྲེལ་བར་བྱེད་པའོ། །རྣམ་གྲངས་རྣམ་གཉིས་དོན་བཞིན་ནོ། །ཞེས་པ་ཡང་དག་པའི་ཤེས་རབ་ལ་རྣམ་གྲངས་ནི། གཉིས་པོ་སོ་སོར་རྟོག་པའི་ཤེས་རབ་དང་། མི་དམིགས་པའི་ཤེས་རབ་སྟེ་ཡུལ་གྱིས་དོན་བཞིན་ནོ་ཕྱེ་བའོ། །དེས་ཤེས་བྱ་ཀུན་མཚན་ཉིད་མ་འདྲེས་པར་འབྱེད་པ་ཡིན་ཤེས་པར་བྱེད་པའོ། །དེ་ཉིད་མ་འདྲེས་ཡོངས་རྫོགས་པ། །དངོས་མེད་མི་རྟོག་ཡོངས་སུ་རྫོགས། །ཞེས་པ་ལ་སོགས་པ་ཤེས་རབ་ཀྱི་མཚན་ཉིད་དེ་ཉིད་ནི། སོ་སོར་རྟོགས་པས་མ་འདྲེས་པ་དང་མི་དམིགས་པ་ཡོངས་སུ་རྫོགས་པ་སྟེ། མི་དམིགས་པ་དེ་ཡང་ཆོས་དངོས་མེད་རྣམས་ངོ་བོ་མ་གྲུབ་པས་དེ་ཉིད་དུའང་མི་རྟོག་མི་དམིགས་པར་ཡོངས་སུ་རྫོགས་གཅིག་པའོ། །སོ་སོར་སྣང་བའི་ཆོས་བརྟགས་པ་ཐ་དད་དང་། འཁྲུལ་པ་ལ་ངོ་བོ་སོ་སོར་དང་བཏགས་པ་ཐ་དད་པའི་ཆོས་བསམ་ཡས་པའི་བསམ་མི་ཁྱབ་བྱེ་བྲག་མ་འདྲེས་པ་ནི། དེ་ཇི་ལྟར་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཀྱང་ཐ་དད་བསམ་མི་ཁྱབ་གསལ་ཞིང་རིག་པར་བྱེད་པའོ། །མདོར་གསལ་ལ་མ་འདྲེས་པ་དང་། དེ་ལྟར་ཇི་བཞིན་བྱེད་གསལ་ལ་མ་དམིགས་པའོ། །གང་འདིར་ཕྱིན་ཅི་མ་ལོག་པ། །ཡོངས་སུ་ཆུབ་པ་ཕུལ་ཉིད་དོ། །ཞེས་པ་ཅིའི་ཕྱིར་ཤེས་རབ་ཅེས་བྱ་ཞེ་ན། གསང་སྔགས་འདིར་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་མ་ནོར་བར་ཁོང་དུ་ཆུད་པའི་ཕྱིར་ཏེ། ཤེས་བྱ་མཆོག་ཡོངས་སུ་ཆུབ་པ་ཤེས་པའི་ཤེས་བྱེད་མཆོག་ཕུལ་ཉིད་ཏུ་གྱུར་པའོ། །ཀུན་ནས་མ་རྨོངས་ཐམས་ཅད་གསལ། །ཞེས་པ་དག་ཤེས་རབ་ཆེན་པོའི་ངོ་བོ་ཉིད་ནི། ཀུན་ནས་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་རྨོངས་པར་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་མ་འགགས་ཐོགས་པ་མེད་པར་འཇུག་ཅིང་། སྔར་མི་ཤེས་པར་རྣམས་ཀུན་འཇུག་ཤེས་པར་བྱེད་ཅིང་གང་མ་རིག་པ་ཐེ་ཚོམ་མེད་པར་ཡིད་ཆེས་པའི་གདེང་དང་ལྡན་གཅོད་པར་བྱེད་པའོ། །སྐྱེ་མཆེད་ཀུན་ཏུ་གྱུར་པ་ཉིད། །གང་མཆེད་གང་གི་རླུང་ཞུགས་པ། །ཞེས་པ་དག་ཡང་དག་པའི་ཤེས་རབ་ཆེན་པོའི་འབྲས་བུ་ནི། ཤེས་རབ་རྟོག་དཔྱོད་ཀྱིས་སྐྱེ་མཆེད་འཕེལ་ཞིང་ཀུན་རྒྱས་པར་གྱུར་པ་ཉིད། དོན་གང་ལ་རིག་པ་མཆེད་འཕེལ་ཞིང་གང་གི་ཤེས་རབ་ཀྱིས་དོན་ཀློང་དུ་ཞུགས་ཏེ། འདུ་ཤེས་ཀློང་དུ་ཆུད་པས་གསང་སྔགས་བླ་ན་མེད་པའི་དོན་མཁས་པའི་མཆོག་གདེང་དུ་གྱུར་པའི་ཡེ་ཤེས་མུ་མཐའ་མེད་པར་ཚད་མེད་པའོ་གྱུར་པའོ། །གང་ལ་ལོག་པ་དེ་ཉིད་དག །དེ་ཉིད་ཕུལ་དུ་ཕྱིན་པའི་ཕྱིར། །ཞེས་པ་ལ་སོགས་པ་ཤེས་རབ་དེ་བསྟན་པའི་དགོས་ཆེད་ནི། གང་ལ་ལམ་པ་དང་འགྲོ་བ་སུ་ཞིག་ལོག་ལྟ་ལ་གནས་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་དོན་དེ་ཉིད་ཕུལ་དུ་ཆུད་པར་ཕྱིན་བྱ་བའི་ཕྱིར་ཆེད་དུ། མ་རིག་པའི་ལིང་ཏོག་བསལ་བའི་དམིགས་སུ་ཡང་དག་པའི་ཤེས་རབ་སྒྲོན་མ་ཡིས་ཀྱིས་དེ་ཁོ་ན་ཉིད་ལ་བལྟ་བར་བྱའོ། །དེ་མེད་ན་སྐྱོན་ཅི་ཡོད་ཅེ་ན། སྒྲོན་མའི་སྣང་བ་མི་ཤེས་པ། །ཞེས་པ་དག་ཡང་དག་པའི་ཤེས་རབ་སྒྲོན་མའི་སྣང་བ་མེད་པས་མི་ཤེས་པ་མདོངས་པ་རྣམས་མཐོང་བྱ་ཤེས་བྱ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཀུན་ལ་ངང་གི་མ་རིག་པའི་མུན་པས་མཐོང་དུ་མི་སྟེར་བསྒྲིབས་པས་དུས་ནམ་དུའང་གསང་སྔགས་ཀྱི་དོན་གོ་བར་མི་འགྱུར་ཏེ། ལོང་བ་མདོངས་པའི་གྲོང་ཁྱེར་གསུམ་དུ་ལྟུང་བའི་ཕྱིར་ཡང་དགོངས་སོ། །སྒྲོན་མ་འབར་བ་གང་བསྲེལ་བ། །ཞེས་པ་དག་ཤེས་རབ་ཡོད་པའི་ཡོན་ཏན་ནི། སྒྲོན་མ་འབར་བ་གང་བསྲེལ་བ་ཤེས་རབ་མཆོག་དང་ལྡན་པ་ཀུན་ལ་དག །མ་རིག་པའི་མུན་པ་དག་སངས་ནས་ཆོས་ཉིད་གསལ་བ་ཇི་བཞིན་པ་རྒྱལ་བའི་དགོངས་པ་མ་ནོར་བ་མ་བཅོས་དེ་བཞིན་ཉིད་རྟོགས་པར་འགྱུར་བའི་ཕྱིར་ཡང་སྒྲོན་མའི་མིག་དགོས་སོ། །དེ་ལྟར་དམ་པའི་གྲོགས་པོ་དག །རིན་ཆེན་སྒྲོན་མ་འབར་བའི་མེ། །ཞེས་པ་ལ་སོགས་པ་དག་ཤེས་རབ་ཀྱི་ཚུལ་དེ་ལྟར་བཞིན་པས་ལང་ཀ་ལ་སོགས་པ་དམ་པའི་གྲོགས་པོ་དག་ཁྱེད་ཡང་དག་པའི་སྒྲོན་མ་འབར་ཤེས་རབ་ནོར་བུ་རིན་པོ་ཆེ་དེ་སེམས་ཀྱི་མུན་པར་སྣང་དམིགས་བུར་མ་བསྲེལ་ན། དེ་ཉིད་དོན་ཇི་བཞིན་པ་རྟོགས་པར་གསེར་མཐོང་ག་ལ་རིག་རིག་པ་མ་ཡིན་པས་གྲོགས་པོ་དག་དེ་ལ་ཆེད་དུ་གྱིས་ཤིག་པར་གདམས་པ་སྟེ་ཐག་ལྟ་བས་བཅད་པར་འགྱུར་རོ། །དགོངས་པ་དམ་པ་ཞེས་པ་ངོ་བོ་བསྟན་ལེགས་པར་བགྲོས་པའོ། །རྣལ་འབྱོར་མིག་གི་སྒྲོན་མ་བསྟན་པའི་ལེའུ་ཞེས་པ་ཤེས་རབ་ཀྱི་སྤྱན་དང་ལྡན་པའི་ལེའུའི་མཚན་ནོ། །ལེའུ་དྲུག་ཅུ་པའི་འགྲེལ་པའོ།། །།དེ་ནས་ཡང་ལང་ཀའི་མངའ་བདག་ལ་སོགས་པ་དམན་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས། ཞེས་པ་ལ་སོགས་པ་སྒྲོན་མ་བསྟན་མ་ཐག་པར་འཁོར་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་དྲུག་པ་བསྟན་པ་སྒྲ་ཇི་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག །ཅེས་པ་ལ་སོགས་པ་སྐྱེས་བུས་བོས་ནས་ཞུས་པ་ལ་ལེགས་པ་གནང་བ་ནི་སྒྲ་ཇི་བཞིན་ནོ། །དེ་ནི་འདི་ལྟར་ས་མཁན་དམ་པ་རྣམས་ཀྱིས། ཞེས་པ་དག་ལན་དངོས་གང་ཞེ་ན། སའི་ཁྱད་པར་འོག་ནས་གོང་དུ་བགྲོད་པར་བྱ་བ་ཡང་། དཔེར་ན་ས་གཞི་ཆེན་པོ་ལ་བརྟེན་ནས་ལོ་ཏོག་སྣང་བ་བཞིན། སྔ་མ་ལ་བརྟེན་ནས་ཕྱི་མ་སྨིན་པར་བྱེད་པའི་ཕྱིར་མིང་འཐོབ་སྟེ། དེ་ས་མཁན་དམ་པ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྣལ་འབྱོར་ལམ་ས་པའི་ཡོངས་སུ་སྣང་བ་གསལ་བར་བྱེད་པའི་ཐབས་ཀྱིས་སྒྲོན་མ་མཚོན་པས་ལེགས་པར་སྒྲོ་སྐུར་མེད་པར་རིམ་པར་བཀོད་པ་ཉེ་བར་བསྟན་པ་ནི་གང་ཞེ་ན། ས་དང་ས་ཡི་ཁྱད་པར་ནི། །གང་འདིར་ཡོངས་ཀྱི་མེད་པ་ལ། །ཞེས་པ་ལ་སོགས་པ་སའི་མཐོ་དམན་དང་སའི་ཁྱད་པར་འབྱུང་བའི་རྒྱུ་ནི་སའི་གྲངས་དང་སའི་ལྟ་སྤྱོད་ཀྱི་ཁྱད་པར་ཀུན་ཐེག་པ་ཆེན་པོ་གང་འདིར་ཡོངས་ཀྱིས་གཅིག་ཅིང་དབྱེར་མེད་ནའང་། ཐེག་པ་ཆེན་པོའི་དོན་ཉིད་ཤེས་བྱ་ཤེས་རབ་ཀྱིས་གཅོད་པའི་རྟོགས་པར་བྱེད་པའི་རྩལ་ཁྱད་པར་ཆེ་ཆུང་གིས་སྣང་སྟེ། མདོར་རང་རེའི་རིགས་མཐོ་དམན་ཤེས་རབ་ཆེ་ཆུང་གི་རིམ་པ་སྣང་བ་ལས་ས་གཞན་པ་མེད་པའོ། །དེ་ཉེ་བར་མཚོན་པ་ནི། དཔེར་ན་རྒྱལ་པོའི་དཀོར་མཛོད་ནས། །ཆེ་ཆུང་ཐབས་ཡོད་གང་སུ་དག །ཅེས་པ་ལ་སོགས་པ་དཔེར་རྒྱལ་པོ་ཆེན་པོའི་དཀོར་མཛོད་ནས་ནོར་ཆེ་ཆུང་ཇི་ཙམ་ཐབས་འདོད་པ་གང་སུ་ཡང་རུང་བ་དག་ནི། མི་རིགས་བཞིན་ལས་མངའ་འོག་ཏུ་གྱུར་པ་དག་ནི་དཀའ་ཐུབ་རྒྱལ་ཆོས་ཀྱིས་རང་རེ་ཕྱི་འཁོར་དང་ནང་འཁོར་མཐོ་དམན་གྱི་ཁྱད་པར་གྱིས་དཀོར་ལ་སྤྱོད་པ་དང་སྒོ་སོ་སོར་འཇུག་པའི་སྐལ་བ་དང་ལས་དང་ཐབས་ཀྱི་རིམ་པ་མཐོ་དམན་ལས་ཀྱིས་རིན་པོ་ཆེ་དང་ཡིག་ཚང་གང་ལེན་པའང་ཡུལ་བླང་བྱ་རྒྱལ་པོ་གཅིག་ལས་མེད་ཀྱང་། རིན་ཆེན་སྣ་འགའ་ཐོབ་པའི་ཁྱད་པར་ཆེ་ཆུང་ལས་ཡིག་ཚང་ཐབས་ཆེན་སྒོ་དགུའི་ཐབས་སོ་སོར་སྤྱོད་དོ། །རྒྱལ་པོ་ཞིག་ན་དེ་རིལ་ལ་དབང་བྱེད་པའི་བདག་པོ་ཉིད་དུ་འགྱུར་བ་ཡིན་ནོ། །དཔེ་དེ་བཞིན་དུ། མི་གནས་མ་བཅོས་དེ་བཞིན་ཉིད། །ཤེས་བྱ་དེ་ལས་མེད་པ་ལ། །ཞེས་པ་ལ་སོགས་པ་མཚན་ཉིད་མི་གནས་གང་དུའང་མི་ཟིན་པའི་གསང་བ་མ་བཅོས་དེ་བཞིན་ཉིད་ནི་ཐེག་པ་ཆེན་པོ་སྟེ་དེ་ལས་མེད་པ་ལས་རིལ་གྱིས་ཤེས་བྱའོ། །དེ་ལ་གང་འདི་རང་རང་གི་བློ་རྩལ་ཁྱད་པར་ཆེ་ཆུང་གིས་སོ་སོའི་ལྟ་བའི་འཇུག་སྒོ་མི་མཐུན་པ་ཀུན་ནས་སོ་སོར་སྤྱོད་པས་དེ་བཞིན་དེའི་དེ་ཉིད་གཅིག་གི་ངང་ལས་ལྟ་བའི་རྩལ་འཕང་མཐོ་དམན་གྱིས་ཁྱད་པར་ས་མཐོ་དམན་གོང་འཕང་ཁྱད་པར་དུ་གྱུར་ཏེ། རྒྱུ་རིམ་གྱིས་རྩོལ་བ་དང་འབྲས་བུ་ཅིག་ཅར་བ་གཉིས་སུ་སྣང་ལ། སྐབས་ཉིད་དུ་རིམ་པ་ཡན་ལག་འགྱུར་དབང་མ་ངེས་པ་ནས་རྫོགས་པ་སྤྱིར་ཆིབས་ཀྱི་བར་དུ་མཐོ་དམན་དུ་ཡང་དེ་ལྟར་སྣང་བ་ཡིན་འབྱུང་བའོ། །གང་འ དིར་ཐམས་ཅད་གཅིག་པ་ལ། །དེ་མཐོང་མི་མཐུན་དེ་དབང་གིས། །ཞེས་པ་དག་ཆོས་ཉིད་གང་འདིར་ཇི་ལྟ་བའི་ངང་དུ་ཐམས་ཅད་ཀུན་གཅིག་ཅིང་གཅིག་པ་ལས་ཐ་དད་མེད་ཀྱང་། དེ་རྟོགས་མཐོང་པ་ལ་མི་མཐུན་པ་དེའི་དབང་གིས་སོ་སོར་གྱུར་པ་ནི་དཔེར་ན་འབྱུང་གནས་ཁང་པ་སྒོ་མང་དང་འདྲ་སྟེ། སའི་ནང་རིམ་པ་རྣམ་པར་ཐར་པའི་སྒོ་མང་སོ་སོའི་ཡང་གཞི་གཅིག་ལས་སྣ་ཚོགས་དེ་ལྟར་མཐོང་སྟངས་ཐ་དད་པར་སྣང་བ་ནི་སྣང་ཚུལ་ལོ། །འོན་ཏེ་ན་གྲུབ་པའི་མཐའ་ཡང་ཐ་དད་པར་འགྱུར་རོ་བར་དོགས་པ་ལ། ས་དང་རྣམ་ཐར་གང་དག་ལས། །འཇུག་པ་ལ་སོགས་མ་སྦྱངས་ཀྱང་། །ཞེས་པ་ལ་སོགས་པ་གསང་སྔགས་གཅིག་ཆར་བས་ཚེ་འདིར་ས་དང་རྣམ་པར་ཐར་པའི་སྒོ་གང་དག་ཇི་སྙེད་པས་རིམ་པར་འཇུག་པ་ལ་མ་ཞུགས་སོགས་མ་བཙལ་ཡང་། ཐེག་པ་ཆེན་པོ་ནི་ཀུན་གྱི་རྩ་བ་འདིར་བཅད་པས་ཀུན་གྱི་དོན་གྱི་ཡང་གཞིར་གྱུར་པས་འདི་རྟོགས་ན་གཅིག་སྟེ་ཐ་དད་ཡོངས་ཀྱི་མེད་ཀུན་རྟོགས་གཞན་རྟོགས་པར་བྱ་མི་དགོས་པས། ཀུན་གྱི་གྲུབ་མཐའ་འདིར་གཅིག་ཅིང་དབྱེར་མེད་པས་གྲུབ་པའི་མཐའ་འདིར་གཅིག་པའོ། །དེ་ནི་རི་དང་ལྷུན་པོ་དང་། །ཀུན་ཏུ་རྒྱུ་དང་གཞོན་ནུ་ལྟར། །ཞེས་པ་དེ་ནི་དཔེར་ན་རི་ཕལ་པ་དང་རི་རབ་ལྷུན་པོའི་རྩེ་ནས་གསལ་བ་དང་། ཀུན་ཏུ་རྒྱུ་བའི་མིས་ཡུལ་ཇི་སྙེད་བགྲོད་པས་ཐོས་པ་ཆེ་བ་དང་། གཞོན་ནུ་ན་ཚོད་དར་བབ་པ་ཐོས་པ་མེད་པ་ལྟ་བུའི་ཁྱད་པར་རོ། །མཐོང་ཐོས་སྟོན་པའི་ཁྱད་པར་ནི། །དོན་གྱིས་དེ་ལྟར་ཡོད་པ་ཡིན། །ཞེས་པ་རྒྱུ་འབྲས་ཐེག་པའི་ས་དང་རྣམ་ཐར་གྱི་དོན་ཇི་ལྟར་བར་མཐོང་བ་དང་། མཚོན་པའི་ཚིག་ཐོས་པ་ཆེ་བ་དང་། སྟོན་པའི་ཁྱད་པར་དང་སའི་རིམ་པ་དང་ཁྱད་པར་ཡང་དོན་གྱིས་དེ་ལྟར་ཡོད་པ་ཡིན་མཐོ་དམན་དེ་ལྟ་བུའོ། །དེས་ན་ཆོས་རྣམས་ཐམས་ཅད་ཀྱི། །གནས་པའི་ས་ཉིད་སེམས་ཡིན་པས། །ཞེས་པ་ལ་སོགས་པ་ས་ལ་ཁྱད་པར་ཡོད་པའི་དེས་ན་ཚུལ་གྱིས་ཆོས་ཐམས་ཅད་ཀུན་རྟེན་པའི་ས་ཆེན་པོ་ནི་གསང་སྔགས་ཐེག་པ་ཆེན་པོ་སེམས་འདི་ཡིན་པས། དཔེ་ནམ་མཁའ་ལྟ་བུས་ཉེ་བར་མཚོན་པའི་ཀུན་གཞི་ཀུན་གྱིས་ཆེན་པོ་འདི་ཤེས་ཤིང་རྟོགས་པར་བྱའོ། །འདི་ཤེས་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་གང་ཤེས་རྣལ་འབྱོར་པ། །ལམ་གྱི་ཐབས་ལ་མཁས་པ་ཡི། །ཞེས་པ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་འདི་ལྟར་རྒྱུད་འདིར་བསྟན་པ་ལྟ་བུར་གང་ཤེས་རྣལ་འབྱོར་པ་སུ་ཡིས་རྟོགས་པ་ནི་ལམ་ཁྱད་པར་ཅན་གྱི་ཐབས་ཆེན་པོ་ལ་མཁས་པ་སྟེ། དེས་ཡང་དག་པའི་ལམ་མུན་པའི་ཁམས་སུ་སྟོར་རླག་པ་སླར་ལམ་བཙལ་ལ་མ་རྙེད་པ་ཡིན་པས་གཞན་དུ་མི་རྙེད་པའི་ཕྱིར་ལམ་བདེ་བ་རྙེད་གྲུབ་ཅིང་ཐོབ་པའོ། །དེ་ལྟར་རྙེད་པའི་ལམ་མ་ནོར་བ་གང་ཞེ་ན། གང་རྙེད་དེར་རྙེད་དེར་གནས་པ། །རྣལ་འབྱོར་སྤྱོད་པའི་ས་པ་སྟེ། །ས་ཀུན་གཅིག་ཏུ་ཡོངས་རྫོགས་ལ། །ཞེས་པ་ལ་སོགས་པ་གང་རྙེད་སུ་ཞིག་གིས་སེམས་ཀྱི་དོན་དེར་རྙེད་མཐོང་བ་ནི་དོན་ཆེན་པོ་ལ་དེར་གནས་པ་འདུག་པའི་ཕྱིར་རྣལ་འབྱོར་ཆེན་པོའི་སྤྱོད་པའི་ས་པ་ཡིན་ཏེ། སའི་རིམ་པ་ཀུན་རང་རིག་གཅིག་ཏུ་པའི་ཡེ་ཤེས་ཆེན་པོ་དེ་ལ་ཡོངས་རྫོགས་པ་འདུས་པའོ། །གཞི་སྟོན་པ་ནི་དེ་ལ་རིག་པ་ཤེས་རབ་མཆོག་འབྲིང་ཐ་མ་ཡོད་པའི་ཕྱིར་གཅིག་པ་ལའང་ཁྱད་པར་ས་བཅུར་འབྱུང་བའོ། །དེ་ཡང་རིག་པར་འཇུག་པ་གང་གི་རྣམས་ཀྱི་ཆེད་དུ་གྲངས་ཀྱི་ངོ་བོ་རྒྱས་པར་སྟོན་པར་དམ་བཅའོ། །བགྲང་བར་བྱ། དེ་དག་གནས་འཛིན་སྤྱོད་པའི་ས། །རྣམ་པ་བཅུ་ཕྲག་གཅིག་གིས་རྫོགས། །ཞེས་པ་དམ་བཅས་ནས་བསྟན་པའི་དེ་དག་གནས་འཛིན་སྤྱོད་པའི་ས་གྲངས་བསྟན་པ་ནི་རྣམ་གྲངས་བཅུ་ཕྲག་གཅིག་གིས་རྫོགས་ཡིས་མཐར་ཐུག་པར་འགྱུར་རོ། །དེ་ལ་འདིར་ཐུན་མོང་བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཁྱད་པར་གྱི་ས་བཅུ་དང་། ཁྱད་པར་འཕགས་པའི་ས་བཅུ་བསྙད་དེ། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ལམ་ཤ་སྟག་ཏུ་འགྱུར་ཏེ། ཐུན་མོང་གི་རིམ་པར་བརྒྱུད་པའང་འགོག་པ་མ་ཡིན་ནོ། །འདིར་གཞུང་བཙན་པར་བྱ་བའི་ཆེད་དུ་གསང་སྔགས་ཉིད་དུ་མཇལ་བར་སྦྱར་རོ། །འགྱུར་དབང་མ་ངེས་ས་འདི་ལ། །ཞེས་པ་གསང་སྔགས་ངེས་དོན་ལ་འཇུག་པའི་རྒྱུ་སྟེ། རྒྱུ་རྐྱེན་རྣམས་ཀྱི་ཉན་རང་བོ་དྷི་ཐུན་མོང་གི་ས་དང་སོ་སོ་སྐྱེ་བོ་པ་གང་ཡང་རུང་བ་ལས་ཐེག་པ་ཆེན་པོ་བློ་འགྱུར་ཡང་། ད་དུང་ཐེག་པ་ཆེན་པོ་ལ་སྤྱོད་པའི་ལྟ་གདེང་མེད་པས་རིགས་མ་ངེས་ཏེ། རྐྱེན་དབང་ལ་རག་ལུས་པའི་གནས་ས་ལ་རྟེན་པ་དང་། དེས་གོང་དུ་སྐྱེས་པས་མིང་འགྲུབ་སྟེ་འཆད་པ་ཡང་རྗེས་སུ་མཐུན་པའོ། །བཅོས་མ་ཕྲ་མེན་སྤྱོད་པ་དང་། །ཚུལ་རྟགས་འཛིན་དང་མོས་པ་དང་། །ལེགས་པར་འདུན་པ་རྣལ་འབྱོར་ལྔ། །ཞེས་པ་གཞི་དེ་ལ་ཉེ་རིང་དང་མཐོ་དམན་གྱི་བྱེ་བྲག་གི་ས་ལྔ་སྟེ། ཐོག་མར་བློ་གྱེན་དུ་འགྱུར་བའི་རྒྱུས་གསང་སྔགས་ཀྱི་དོན་མ་ཤར་ཡང་། ལྷ་བསྒོམ་པ་དང་བསམ་དཔྱོད་རྣམས་གསང་བ་པའི་ཚུལ་དུ་བསྒྱུར་ནས་བཅོས་མ་སྤྱོད་པ་ལ་དགའ་སྟེ་གསལ་བ་མེད་པ་དང་། སྒོ་གསུམ་གྱི་སྤྱོད་པ་གསང་བའི་ཚུལ་དེར་ཕྲ་མེན་གཞན་འདྲེན་པར་སྤྱོད་ཅིང་བསྒོམ་པའང་རྟོག་པ་དང་འདྲེན་མར་རྒྱུ་བ་དུ་བ་ལྟ་བུ་དང་། གསང་སྔགས་ལ་མོས་པས་དེའི་ཚུལ་རྟགས་དང་ལྷའི་ཆ་ལུགས་འཛིན་པ་སྨིག་སྒྱུ་ལྟ་བུ་དང་། དེ་བས་ཀྱང་གསང་བའི་ལྷ་ལ་ཤིན་ཏུ་མོས་པའི་བསམ་པ་ལ་སྤྱོད་པར་སྒོམ་པ་སྤྲིན་ཕུང་ལྟ་བུ་དང་། གསང་སྔགས་ལ་སོམ་ཉི་དང་ཐེ་ཚོམ་གྱི་དྲི་མ་བྲལ་བས་ལེགས་པར་འདུན་པ་བྱེད་ཅིང་ལྷ་བསྒོམ་པ་མར་མེ་ལྟ་བུ་དང་ལྔའོ། །དེ་དག་ལ་ཏིང་ངེ་འཛིན་ཡང་དག་པ་མེད་ཀྱང་སྐབས་ཀྱི་བསམ་པ་དང་ལྷ་སྒོམ་པ་ལ་གནས་པའང་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ཡོད་པས་རྣལ་འབྱོར་གྱི་མིང་ངེས་པར་འགྲུབ་བོ། །འཇུག་ལྡོག་ལྟུང་དང་བཅས་པ་ཡི། །ཀུན་ཏུ་འཁོར་ཞིང་མ་ངེས་པའོ། །ཞེས་པ་དེ་དག་ལ་ནི་གསང་སྔགས་ལ་འཇུག་པའང་ཡོད། ཞུགས་ནས་སླར་ལྡོག་པ་དང་། དེས་ངན་འགྲོར་ལྟུང་བ་དང་བཅས་པས་ཐེག་པ འི་གནས་ཀུན་ཏུ་འཁྱམ་ཞིང་། རིགས་མ་ངེས་པས་སའི་མིང་ཡང་འགྲུབ་བོ། །འདུན་པ་སེམས་པའི་རྣལ་འབྱོར་པ། །གནས་ཤིང་སྤྱོད་པའི་ས་ཞེས་བྱ། །ཞེས་པ་འདིར་རྣལ་འབྱོར་ལྔ་དང་བཅུ་ལས་འདུན་པའི་རྣལ་འབྱོར་དང་། བཤད་པའི་སྐབས་དེས་འདི་ལ་བརྟེན་པའི་ཕྱིར་དྲུག་གོ། །ཐུན་མོང་དུ་ནི་འཇིག་རྟེན་ཕལ་པའི་སེམས་བརྒྱད་ལས་རྣལ་འབྱོར་ལྔས་རིམ་པར་སྐྱེའོ། །རྟེན་པ་གཞི་ཡི་ས་འདི་ལ། །ཞེས་པ་འདུན་པའི་སྟོབས་ལས་རྟེན་པས་ས་གོང་མ་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །གཞི་ནི་དེ་ལའང་གསུམ་དུ་འགྱུར་བའོ། །དང་པོ་ལས་ཅན་རྣལ་འབྱོར་པ། །བསླབ་པ་སྦྱོར་དང་ངེས་པ་ལ། །ཞེས་པ་གཞིའི་ལས་དང་པོ་པ་སྟེ། གསང་སྔགས་ལ་སྔར་ལྟ་བས་གདེང་ཅན་དུ་མ་སྦྱང་བ་ལས། ཐོག་མར་གསང་བའི་དོན་སྤྱིའི་མཚན་ཉིད་དུ་ཤེས་པ་དང་། རང་གི་མཚན་ཉིད་མགོ་གོ་བ་རྣལ་འབྱོར་པ་ལ་དཔྱོད་པའོ། །གསང་སྔགས་ལ་སྒོ་དང་པོར་བསླབ་པ་བཅུ་ལ་སྤྱོད་པས་སློབ་འབྱོར་པ་དང་། ལྷའི་སྐུ་ཡིད་ལ་དམིགས་པས་ངེས་པ་ལ་བྱེད་པ་དང་། ཐེག་པ་ཆེན་པོའི་བསླབ་པ་བཅུ་བས་མི་འགྱུར་བར་བྱ་བའི་བསམ་པ་ངེས་པའི་རྣལ་འབྱོར་ཏེ། སྤྱིའི་བདེན་པ་གཉིས་ལ་རང་གི་མཚན་ཉིད་དུ་གོ་བའི་བསམ་པས་མཐོ་དམན་གྱིས་གསུམ་མོ། །དག་དང་མ་དག་གིས་སྤྱོད་པའོ། །ཞེས་པ་དེ་དག་གིས་སློབ་པ་ཡང་བསམ་དཔྱོད་དག་པས་སྤྱོད་པ་དང་། མ་དག་པས་སྤྱོད་པ་གཉིས་ཀ་ཡོད་པའོ། །འདི་དག་ཚོགས་ལམ་པའི་ཕྱིར་དང་པོར་རྣམ་པར་དཀར་བའི་སྤྱོད་པ་ལ་གནས་པ་ཞེས་བྱའོ། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་པ། །གནས་ཤིང་སྤྱོད་པའི་ས་ཞེས་བྱ། །ཞེས་པ་འདི་དག་ནི་རྒྱལ་པོའི་བཀའ་ལུང་དང་བླ་མའི་བཀའ་ལ་རག་ལས་ཏེ། དེ་དག་གི་གནང་བ་ཐོབ་ནས་རིགས་ངེས་པར་འགྱུར་བ་ཅན་གྱི་རྣལ་འབྱོར་ཏེ་གནས་ཤིང་སྤྱོད་པ་འདི་དག་བཞི་སྟེ། འདུན་པའི་རྣལ་འབྱོར་ཉིད་ལས་བྱེ་བྲག་གཉིས་སུ་གྱུར་པའོ། །འདི་དག་ནི་གསང་བ་ལ་སློབ་ཀྱང་རིགས་ངེས་པ་མ་གྱུར་ཏེ། དེ་ནི་རྩོལ་བས་སྦྱོར་བའི་སྐབས་སུ་གྱུར་པས་གསང་བ་ལ་འབད་པའོ། །དེ་དག་དང་འཆད་པའི་ལྷ་བསྒོམ་པའི་སྐུ་ཚད་དང་། འཕྲོ་འདུའི་ཚད་དག་འཆད་པར་འགྱུར་བས་མ་སྦྱར་ཏོ། །གལ་ཆེན་སྦྱོང་བའི་ས་འདི་ལ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་ཉིད། །གནས་ཤིང་སྤྱོད་པའི་ས་ཡིན་ཏེ། །ཞེས་པ་ཤིན་ཏུ་བརྩོན་འགྲུས་དང་ལྡན་པས་གསང་སྔགས་ཀྱི་དོན་ལ་གལ་ཆེན་སྒོ་གསུམ་གྱིས་ཆེད་དུ་སྦྱོར་ཞིང་སྦྱོང་བའི་ས་འདིར། གསང་སྔགས་དང་གསང་བ་མ་ཡིན་པ་རྣམས་རིགས་ཆེན་འབྱེད་དེ། འདི་ནས་སླར་ལྡོག་པ་གྱེན་དུ་འབྱུང་བའི་གནས་ཡིན་པའི་ཕྱིར་རྣལ་འབྱོར་གྱི་མིང་འགྲུབ་སྟེ། རྣལ་འབྱོར་དེ་རྟེན་པ་དང་སྤྱོད་པའི་སའོ། །ཡང་མི་ངའི་ས་རྣམས་ཀུན་། །གཅོད་སྦྱོང་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་འགྱེད་པའོ། །ཞེས་པ་ས་འདིར་ཡ་ང་སྡིག་པའི་ལས་ཀྱི་བག་ཆགས་དང་། མི་ང་དགེ་བའི་ལས་ཀྱི་བག་ཆགས་ས་རྣམས་འཕྲོ་འདུ་གཅིག་པའི་ཏིང་ངེ་འཛིན་དང་། བདེན་པ་གཉིས་རྟོགས་པ་བརྟན་པས་གཅོད་ཅིང་སྦྱངས་ནས་ཡང་དག་པའི་དོན་ལ་སྦྱོར་བའི་ཚུལ་གྱིས། འདིར་ལས་དབང་དུ་མ་འབྱོངས་ན་འགྱུར་བ་དང་། འབྱོངས་ན་མི་འགྱུར་བའི་ལས་སྟོབས་དང་བརྩོན་འགྲུས་བྱེད་པ་སྟེ། བསླབ་པ་ལ་འཇུག་པའི་སྐབས་སོ། །དེ་ལྟར་རིགས་ཕྱེ་ནས་ཐེག་པ་ཆེན་པོར་ངེས་པའི་རིགས་བསྟན་པའི་ཕྱིར། བསླབ་པ་རྒྱུན་གྱི་ས་འདི་ལ། །གཡོ་དང་ཐོབ་དང་བརྟན་པའི་བྲོད། །དེ་བཞིན་རྟགས་ཆེན་གཡོ་བ་དང་། །ཐོབ་པ་ཉིད་དང་བརྟན་པ་དང་། །རྣལ་འབྱོར་རྣམ་པ་དྲུག་པོ་དག །ཅེས་པ་འདིར་གཟོད་ཐེག་པ་ཆེན་པོའི་བསླབ་པའི་མཐའ་བཅུ་ལ་གནས་པ་རྒྱུན་མེད་པར་སློབ་པའི་ས་ལའང་དྲུག་སྟེ། དེ་ལ་ཡང་རྟོགས་པའི་དྲོད་རྟགས་དང་། བསྒོམ་པའི་དྲོད་རྟགས་ཆེ་ཆུང་ལས། འདིར་རྟོགས་པ་དང་ལྷ་བསྒོམ་པའི་དྲོད་རྟགས་ཆུང་ངུ་སྟེ། ས་ལྔ་པ་དག་ལ་ལྷ་བསྒོམ་པ་དང་རྩོལ་བ་ཡོད་ཀྱང་རིགས་མ་ངེས་པས་གསང་སྔགས་རང་གི་ངོ་བོ་གཉིས་སུ་མེད་པའི་དོན་གཏན་མ་སྐྱེས་པ་དེ། འདིར་བསླབ་པ་བཅུ་ལ་སྦྱངས་པས་རྟོགས་པའི་དྲོད་མགོ་གཡོ་བ་ལ་གནས་པ་དང་། དྲོད་དེ་ཐོབ་ནས་མགོ་ལྡང་བ་དང་། དེ་ཡང་བརྟན་པ་མི་འགྱུར་བའོ། །དེ་བཞིན་དུ་རྟགས་ཆེན་པོ་གཏོས་ཆེན་འཇིག་རྟེན་རང་བཞིན་མེད་ཅིང་མི་འཇིག་པ་མཚན་མ་དག་མགོ་གཡོ་བ་དང་། དེ་ཐོབ་པ་དང་། བརྟན་ཞིང་མི་གཡོ་བའི་རྣལ་འབྱོར་དྲུག་རྣམས་ཀྱི་བསླབ་པ་གང་ཞེ་ན། བསླབ་པའི་མཐའ་བཅུ་མཐར་ཕྱིན་ཅིང་། །ཞེས་པ་རྒྱུད་ཐོས་པས་དགྲོལ་བར་བསླབ་པ་ལ་སོགས་པ་འཆད་པར་འགྱུར་བ་དག་མཐར་ཕྱིན་པར་བྱས་པའོ། །དེས་རིག་པ་སྐྱེ་བོའི་ཚུལ་ནི། ཅི་ལྟར་ཟླ་བ་ཡར་གསལ་བཞིན། །བསླབ་པའི་ཡེ་ཤེས་འཕེལ་འགྱུར་ཏེ། །དོན་ལ་མི་སྐྲག་ངོ་མཚར་ཆེ། །ཞེས་པ་དེ་ལྟར་བསླབས་པས་དྲོད་རྟགས་སྐྱེས་ནས། རྟོགས་པའི་ཡེ་ཤེས་འཕེལ་བ་ནི་ཚེས་གཅིག་ནས་ཉའི་བར་བཞིན་དུ། བཅུ་ཡིས་བསྒྲུབས་པ འི་ཡེ་ཤེས་སྐྱེད་དུ་གསལ་བར་འགྱུར་བས་ཡེ་ཤེས་གཅིག་ཏུ་མི་སྡོད་པས། ཐུན་མོང་གི་རྩེ་མོ་ལྟ་བུའོ། །ཚིགས་ལྷག་མ་ནི་དེ་ནས་གསང་སྔགས་བདེན་པ་གཉིས་མཉམ་པ་ཆེན་པོའི་དོན་ལ་མི་སྐྲག་མི་སྡངས་ཤིང་བཟོད་པ་ཐོབ་ནས་དེ་རྟོགས་པ་ཐོབ་པ་དེ་ལ་ངོ་མཚར་ཆེ་ཡ་མཚན་སྐྱེ་བའོ། །སྤྱོད་སེམས་འ ཇུག་པའི་སེམས་དཔའ་དེས། །ངན་འགྲོར་མི་ལྡོག་དགོན་པར་འཇུག །བར་ཆད་དག་ཀྱང་དེ་ལ་འབྱུང་། །ཞེས་པ་ཆོས་མཉམ་པའི་ཡུལ་ལ་དཔྱོད་སེམས་སོ་སོར་རྟོགས་པའི་ཤེས་རབ་འཇུག་པའི་ཞུགས་ནས་ཇི་ལྟ་བ་ཉིད་རྟོགས་པར་བྱེད་པ་སེམས་དཔའ་དེས་ནི། ཐུན་མོང་གི་འཇིག་རྟེན་ཆོས་ཀྱི་མཆོག་ལྟ་བུའོ། །ཆོས་མཉམ་པ་ལ་དཔྱོད་པའི་ཤེས་རབ་ཀྱིས་ཡ་ང་བའི་ངན་འགྲོར་རྒྱུད་སྦྱངས་ནས་ངན་སོང་དུ་མི་འགྲོ་སྐྱེ་སྟེ། དེ་ནི་དགོན་པའི་གནས་འཇུག་ཅིང་ཡེ་ཤེས་ཚོལ་བར་བྱེད་དོ། །དེ་ལ་བསམ་པའི་བར་ཆད་ཀྱི་སེམས་གཡེང་འཁྲུག་དང་འདུ་བྱེད་ལ་སོགས་པ་འབྱུང་ངོ་། །གསང་སྒོ་ལུང་གི་རྣལ་འབྱོར་དང་། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། །མཚན་མ་རྟགས་ཀྱི་རྣལ་འབྱོར་གསུམ། །གནས་ཤིང་སྤྱོད་པའི་ས་ཞེས་བྱ། །ཞེས་པ་དྲུག་བསྡུ་ན་གསུམ་སྟེ། གསང་སྔགས་མཚོན་པའི་སྒོ་ལུང་ཟབ་མོ་ལ་བརྟེན་ཅིང་གཉིས་མེད་དོན་ལ་བཟོད་པས་ད་དུང་དྲོད་གཡོ་བ་ཙམ་ལས་མ་ཐོབ་པ་དང་། བསླབ་པའི་མཐའ་བཅུ་དང་མི་བྲལ་བར་སྤྱོད་པས་རྒྱུན་གྱི་རྣལ་འབྱོར་གཉིས་མེད་རྟོགས་པ་གཡོས་པའི་ཡེ་ཤེས་འཕེལ་བར་བྱེད་པ་དང་། དེ་རྟོགས་པ་མཚན་མ་བརྟེན་ནས་རྟགས་གསུམ་དང་ལྡན་པའོ། །དེ་དག་ས་དེ་ལ་གནས་ཤིང་སྤྱོད་དེ་འདུ་ཤེས་འགྱུར་བའི་སྐབས་སའོ། །བསོད་ནམས་གཏེར་གྱི་ས་འདི་ལ། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །རྩལ་ཆེན་བློ་ཡི་བསྟི་གནས་ས། །བསླབ་པའི་མཐའ་བཅུ་མཐར་ཆིབས་པའོ། །ཞེས་པ་དེ་ལྟར་བསླབ་པའི་ཡེ་ཤེས་འཕེལ་བའི་བསོད་ནམས་ཟད་པ་མེད་པའི་གཏེར་ཡོན་ཏན་བར་ལྡན་པའི་ཕྱིར་མིང་འགྲུབ་བོ། །དེ་ལྟ་བུའི་ས་འདི་ལ་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད་གནས་པ་ནི་གོང་དུ་བསླབ་པ་བཅུ་དང་མ་བྲལ་བར་གནས་པས་སོ། །དེས་བསམ་མོས་པ་པའི་གཟུང་འཛིན་དྲི་མ་རགས་པ་མི་ཤེས་པའི་དྲི་མ་དག་ཅིང་། མཉམ་པའི་དོན་ལ་བློ་འདུན་པའི་གནས་ནས་བདེ་བ་ཆེན་པོ་ནས་ནམ་མཁའི་ངོགས་བཞིན་མཐོང་ལ་མ་རགས་པར་གནས་པ་ནི་བར་ཆད་མེད་པའི་ལམ་སྟེ། ས་དང་པོ་ཤེས་རབ་མཆོག་ལ་འགྲོ་བའི་བསྟི་གནས་ཏེ། འདིར་མི་སྡོད་པའི་ཕྱིར་རོ། །དེའི་རྟོགས་པར་བྱེད་པའི་བསླབ་པའི་མཐའ་བཅུ་ནི། མཐར་བསྐྱེད་དུ་བྱ་བ་ཆིབས་མེད་པར་གྱུར་བའོ། །དེ་ནི་སྦྱོངས་ཆེན་པ་འཇུག་པའི་སྐབས་ས་སྟེ། དེ་ཡན་ཆད་དུ་འཁོར་བར་མི་ལྡོག་པ་མ་ཐོབ་པས་ལྡོག་པའང་ཡོད་དོ། །ས་དེ་གསུམ་རྣལ་འབྱོར་གཅིག་གི་ཁྱད་པར་རོ། །ལྡོག་བཅས་ཀྱི་སའོ། །རྟེན་པས་ཁྱད་པར་འཕྲོ་འདི་ལ། །ཞེས་པ་འདིར་གོང་དུ་བསླབ་པའི་མཐའ་བཅུ་རྩེར་ཆིབས་པས་ཆོས་ཉིད་ཟབ་མོ་གསང་སྔགས་ཀྱི་དོན་བསྒོམས་པས་ནམ་མཁའི་ངོས་བཞིན་རྟོགས་པས་མཐོང་ལམ་སྟེ། རྟོགས་པའི་དོན་འདི་ལ་བརྟེན་ནས་མཐར་ཐུག་གི་བར་དུ་འདི་ཉིད་རྒྱུད་མཐུན་ཁྱད་པར་བསྐྱེད་དུ་འགྲོ་བའི་ཕྱིར་ངེས་ཚིག་འགྲུབ་བོ། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། །ཞེས་པ་འདི་ལའང་བྱེ་བྲག་གིས་བདུན་ཏེ། དང་པོ་ཇི་ལྟ་བའི་བདེན་པ་མཐོང་བས་དབུགས་ཆེན་འབྱིན་ངལ་སོས་པ་ནི་རྣལ་འབྱོར་དང་པོ་སྟེ། ཐུན་མོང་བྱང་ཆུབ་སེམས་དཔའི་ས་དང་པོ་བ་ལྟ་བུའོ། །འོན་ཀྱང་ལྟ་བ་མཉམ་པ་ནི་མ་ཡིན་ནོ། །རིགས་ཆེན་འཛིན་དང་མཉམ་རྫོགས་ཆེ། །ངེས་པར་སྤྱོད་དང་རྩལ་ཆེན་སྦྱོར། །ཡུལ་ལ་འཇུག་དང་རིག་པར་སྦྱོར། །བདུན་ཉིད་རྫོགས་པར་འགྲོ་བ་སྟེ། །ཞེས་པ་ཐེག་པ་ཆེན་པོའི་དོན་གདེང་དུ་གྱུར་པས་རྒྱུད་དུ་འབྱུང་ཞིང་མཐོང་བར་འགྱུར་བའི་ཕྱིར་རིགས་ཆེན་འཛིན་པའི་རྣལ་འབྱོར་དང་། བླང་དོར་དང་བཟང་ངན་མི་འབྱེད་པའི་ལྟ་བའི་སྟོབས་ཀྱིས་ཡོན་ཏན་རྫོགས་པར་གསལ་བར་གྱུར་པས་མཉམ་རྫོགས་ཆེན་པོའི་རྣལ་འབྱོར་དང་། སྤྱོད་ལམ་ཅི་སྤྱད་པ་གསང་བ་ཇི་བཞིན་པ་ཉིད་དུ་གདེང་ངེས་པའི་རྣལ་འབྱོར་དང་། ཤེས་རབ་ཀྱི་གདེང་གི་རྩལ་ཆེན་པོར་ལྷུན་གྲུབ་ཀྱི་དོན་ལ་སྦྱོར་བ་པ་དང་། རིག་པ་ཉིད་ཆོས་ཉིད་ཇི་བཞིན་པ་དང་དབྱེར་མེད་པར་བཞུགས་པ ས་བསྒོམ་ཡུལ་ལམ་ལ་འཇུག་པ་དང་། ཐམས་ཅད་ཡེ་ཤེས་ཆེན་པོ་ཡུལ་དང་བྲལ་བར་རྟོགས་པས་བསྒོམ་ལམ་ཐོབ་ལ་མ་རག་བར་རེག་པ་སྦྱོར་བའོ། །དེ་དག་ཀྱང་ཐུན་མོང་གི་ས་དང་པོ་རབ་ཏུ་དགའ་བ་ནས་བདུན་པ་རིང་དུ་སོང་བའི་བར་ལྟ་བུ་སྟེ། སྤྱིར་མཐོང་བསྒོམ་གྱི་ལམ་གཉིས་ཀ་ཚང་ཡང་འདིར་མཐོང་ལམ་འབའ་ཞིག་གི་ཁྱད་པར་དུ་རིགས་ཏེ། ས་བདུན་པོ་དེ་ཉིད་འདིར་རྫོགས་པས་སྐྱེད་དུ་འགྲོ་བའོ། །ཚིག་ལྷག་མ་ནི་སློབ་པའི་ཚུལ་འབྱུང་བའོ། །བསླབ་པའི་རྒྱུ་འབྲས་མཐའ་བཅུ་ལ། །གོམ་པར་བྱེད་པའི་ཚུལ་དུ་སྦྱོར། །ངལ་བསོ་བ་ལ་ཐམས་ཅད་མཐོང་། །མི་ལྡོག་པ་ལ་གོམས་བྱར་མེད། །ཅེས་པ་བསླབ་པ་བཅུའི་རྒྱུ་བཅུ་དང་འབྲས་བུར་ལོབས་པ་འདི་བཅུ་ལས་ལྔ་པར་གོམས་པར་བྱེད་པས་དབུགས་ཕྱི་ངལ་གསོ་བའི་ཚེ་ཆོས་ཐམས་ཅད་མཐོང་སོ་ཅོག་གི་ཇི་ལྟ་བ་རྟོགས་སོ། །འཁོར་བར་མཚན་མར་མི་ལྡོག་པ་ཐོབ་པ་ལ་ད་བསླབ་པ་བཅུ་ཀ་སྔ་མ་ལྟར་གོམས་པར་བྱ་མི་དགོས་པས་འདིའི་སྐབས་སུ་མ་བརྗོད་པའོ། །འདི་དག་སྦྱོར་བའི་གཞི་གཅིག་ཀྱང་། །སོ་སོ་ཐུན་མོང་མ་ཡིན་པའི། །སྒྲིབ་ལ་ས་ཞེས་རྩི་བྱེད་ཅིང་། །ཡེ་ཤེས་རེ་རེ་འཆར་བའོ། །ཞེས་པ་སའི་རིམ་པ་འདི་དག་སྨོས་པ་རྣམས་ཀྱི་གཞི་དམིགས་གཅིག་པའོ། །མི་མཐུན་པ་ནི་ས་འོག་མ་སོ་སོའི་སྤྱོད་ཡུལ་དུ་གོང་མ་གོང་མར་ཐུན་མོང་མ་ཡིན་གྱུར་པས་སྒྲིབ་པ་སྟེ། རྟེན་པ་དང་སྐྱེད་བྱེད་ཀྱི་སྐབས་ལས་ཞེས་འདོགས་ཤིང་། འོག་མ་རང་གི་ཞེན་པ་སྤངས་ནས་གོང་མའི་དོན་མཐོང་བ་རེ་རེ་བོགས་སུ་འབྱུང་བས་སའི་རིམ་པ་བཀོད་པའོ། །དེས་ན་བསླབ་པའི་མཐའ་གཅིག་ལ། །མི་ལྡོག་ལ་སོགས་ས་ཆེན་རྣམས། །གང་དེར་བདེན་པ་རེ་རེ་ལ། །རྩལ་བྱུང་རེ་རེ་འཆར་བ་སྟེ། །ཐ་མ་རང་བྱུང་ཉིད་ཀྱིས་རྫོགས། །ཞེས་པ་ཚུལ་དེས་ན་དེ་བཞིན་གྱིས་ས་རྣམས་བསླབ་པའི་དོན་གཅིག་ལ། ས་དྲུག་པས་འཁོར་བར་མི་ལྡོག་པ་དང་། ས་བརྒྱད་པས་མཚན་མར་མི་ལྡོག་པ་དང་། བསྡུ་བའི་དོན་གྱིས་རྫོགས་པ་སྤྱི་ཆིབས་ཀྱི་བར་དུ་ས་ཆེན་རྣམས་རང་རིག་པ་མཉམ་པར་བཞག་པའི་ཏིང་ངེ་འཛིན་དྲུག་པོ་བྱིང་རྒོད་ལ་སོགས་པ་ལས་རིང་དུ་གྱུར་པའི་གང་དེར་ས་རེ་ལ་བདེན་པ་སྒྲིབ་པ་རེ་འཇོམས་པའི་ནུས་པ་དང་བཅས་པའི་ཡེ་ཤེས་འབྱུང་བ་འཆར་ཡང་། མཐར་རང་བྱུང་གི་ཡེ་ཤེས་ཆེན་པོ་ཤར་ནས་སྐྱེད་དུ་བྱ་བ་མེད་པར་ཉིད་ཀྱིས་རྫོགས་གྱུར་པའོ། །མཐར་ཕྱིན་པ་དང་ཐོབ་པ་དང་། །མི་ལྡོག་རྣམས་ལ་རིམ་པ་བཞིན། །རྨི་ལམ་དང་ནི་སྒྲ་བརྙན་དང་། །མངོན་སུམ་ངེས་པ་ཅི་རིགས་པར། །རྣལ་འབྱོར་རྡོ་རྗེ་ལུང་སྟོན་པ། །ཞེས་བྱ་ཉིད་དང་ས་ཁམས་དང་། །ཞིང་ཁམས་ཀུན་ཏུ་བསྒྲག་བྱས་ན། །རྣལ་འབྱོར་དམ་པར་འབྱིན་པའོ། །ཞེས་པ་མཐར་ཕྱིན་པ་ས་བཅུ་པ་ཆོས་ཀྱི་སྤྲིན་ནམ་རྫོགས་པ་སྤྱིར་ཆིབས་དང་། དགུ་པ་ལེགས་པའི་བློ་གྲོས་སམ་བདལ་པ་ཆོས་ཉིད་ཀྱི་ས་ཐོབ་པ་དང་། བརྒྱད་པ་མཚན་མར་མི་ལྡོག་པའམ་གནས་པས་མི་འགྱུར་བའི་ས་མཐར་ལམ་པ་དང་། བདུན་པ་ལུང་ཐོབ་པ་བསྒོམ་ལམ་པ་དང་། དྲུག་པ་མཐོང་ལམ་མི་ལྡོག་པ་རྣམས་ལ་རིམ་པ་བཞིན་དུ་ལུང་བསྟན་པར་འབྱུང་བ་ཡང་། དྲུག་པའམ་བརྒྱད་པ་ལ་རྨི་ལམ་དུ་ལུང་བསྟན་པ་འབྱུང་བ་དང་། བདུན་པའམ་དགུ་པ་ལ་སྒྲ་སྙན་བར་སྣང་དང་གཞལ་ཡས་ལ་སོགས་པ་ལས་བྱུང་ནས་ལུང་སྟོན་པ་དང་། མཐར་ལམ་བཅུ་པ་ལ་རྒྱལ་བའི་སྐུ་མངོན་དུ་བྱུང་ནས་ལུང་སྟོན་པ་འབྱུང་ངོ་། །འདིར་རྨི་ལམ་ན་ལུང་སྟོན་པའི་འབྱུང་བའི་ཅི་རིགས་པར་ཚུལ་གྱིས་རྨི་ལྟས་ཀྱི་མཚན་མ་བརྒྱད་ཀྱང་རྣལ་འབྱོར་གྱི་སྐབས་སྐབས་སུ་འབྱུང་བས། སྒྲ་བརྙན་དང་མངོན་སུམ་གྱི་ཡང་སྤྲུལ་པ་དང་ལོངས་སྤྱོད་སོ་སོར་སྣང་བས་སོ་སོ་ལ་ལུང་བསྟན་པ་སྦྱར་ཏེ་འཆད་པར་ཡང་འགྱུར་རོ། །དེ་ལྟར་མཚམས་པར་ལུང་བསྟན་པའི་ཚུལ་ཡང་། རྣལ་འབྱོར་དེ་དག་རྡོ་རྗེ་ཐེག་ལམ་པའི་རིག་འཛིན་དང་རྡོ་རྗེ་འཆང་ཆེན་པོ་ཉིད་གྲུབ་པར་འབྲས་བུ་ལུང་སྟོན་པ་ནི། མཚན་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་གང་ཡིན་པ་དེ་ཉིད་དུ་རིག་པ་འཛིན་པའི་ས་གནས་ཁམས་ཇི་སྙེད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་སུ་བསྒྲགས་ནས་འབྲས་བུའི་རྣལ་འབྱོར་དུ་འབྱིན་པར་བྱེད་པའོ། །ས་འདིར་ནི་ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རྩ་བ་གཉིས་ལས་ཡན་ལག་བཅུར་འགྱུར་བའོ། །སྐབས་བཅུ་ལས་རོ་ཉིད་ཚོར་བའི་སྐབས་སོ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་བསྒོམ་ལམ་དངོས་གང་སྙམ་པ་ལ། དམིགས་པ་འབྲས་བུ་སྐྱེ་འདི་ལ། །གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ངེས་པར་འབྱུང་བའི་རྣལ་འབྱོར་གསུམ། །རྒྱལ་བའི་ཐུགས་ལས་རྒྱལ་སྐྱེས་ཤིང་། །རྒྱལ་བའི་སྲས་པོ་གདུང་འཚོབ་པ། །ཁྱད་པར་རྩལ་འཕང་ཀུན་རྫོགས་ཤིང་། །གང་ལ་ཏིང་འཛིན་སྦྱོར་བའོ། །ཞེས་པ་དེ་ལྟར་གསང་སྔགས་མཐོང་བའི་དོན་ལ་འཇུག་ཅིང་དམིགས་བསྒོམ་པས་འབྲས་བུ་སྐྱེ་བ་ནི་སྐབས་བཅུ་ལས་ཡུལ་ལ་འཇུག་པའི་སྐབས་ཏེ། བསྒོམ་པའི་དྲོད་རྟགས་ད་དུང་མ་ཐོབ་སྟེ་དེ་ལ་ཉེ་བའོ། །དེ་ལྟ་བུ་རྟེན་བསྐྱེད་ཀྱི་གནས་འདི་ལ་དབྱེ་ན་གསུམ་སྟེ། གྲུབ་པའི་རྣལ་འབྱོར་ཀྲི་ཡ་དང་། རྣལ་འབྱོར་ཆེན་པོ་ཨུ་པ་ཡ་དང་། ངེས་པར་འབྱུང་བའི་ཡོ་གའོ། །དེ་ཡང་འདིར་ཆོས་ཉིད་ཇི་བཞིན་པ་རིག་པ་རྣལ་ལ་འབྱོར་པ་དང་། དེ་བས་ཀྱང་སྐྱེད་དུ་གྱུར་པས་ལྟོས་ནས་ཆེན་པོ་འདོགས་པ་དང་། མཚན་མ་གཉིས་ཀྱང་ངེས་པར་འབྱུང་བའི་ཕྱིར་ཏེ། འདི་དག་ཐུན་མོང་གི་རྣལ་འབྱོར་སྒོ་སོ་སོའི་ཀྲི་ཡོག་མ་ཡིན་ཏེ། རྒྱུད་གཅིག་གི་ལམ་དབང་དུ་གཞག་པའི་ཕྱིར། རྒྱལ་བ་རིགས་ལྔ་ལ་སོགས་པའི་ཐུགས་ཀྱི་སྲས་རྒྱལ་སྐྱེས་སེམས་དཔའ་བཅུ་དྲུག་ལྟ་བུར་བྱུང་ཞིང་། རྒྱལ་བའི་གདུང་འཛིན་ཅིང་ཁྱད་པར་ཤེས་རབ་དང་ཏིང་ངེ་འཛིན་གྱི་རྩལ་འཕང་རྫོགས་པར་བྱེད་ཅིང་། ཡང་དག་པར་རྫོགས་པའི་ས་ལ་ཏིང་ངེ་འཛིན་རྣལ་འབྱོར་དུ་བསྒོམས་པས་སྦྱོང་བར་བྱེད་ཅིང་རིགས་བརྒྱུད་འཛིན་པ་རྡོ་རྗེ་འཛིན་པའོ། །རྒྱལ་བ་མང་མཐོང་བས་སྟུག་པོ་བཀོད་པའོ། །ཐུན་མོང་མ་ཡིན་པར་འདི་ཉིད་དུ་ན་གསང་སྔགས་གཉིས་སུ་མེད་པར་མཐོང་ནས་བསྒོམ་ལམ་དེ་ལ་ཤིན་ཏུ་མི་གཡོ་བའི་རྣལ་འབྱོར་པ་གྲུབ་པ་དང་། དེ་ལས་གནས་པས་རྣལ་འབྱོར་ཆེ་མི་གཡོ་བ་དང་། དེ་བརྟན་པས་མཐར་ཕྱིན་པའི་ལམ་ངེས་པར་འབྱུང་བའི་ཐོབ་ལ་མ་རག་པ་ནི། རྒྱལ་སྲས་དེ་ཐུགས་ལས་རྒྱལ་སྐྱེས་དབང་བསྐུར་བྱིན་གྱིས་བརླབས་པ་ལས་འབྱུང་ཞིང་གདུང་འཚོབ་པས་གོམས་པ་ཁྱད་པར་རྩལ་འཕངས་མཐར་ཕྱིན་པས་བསླབས་པ་རྫོགས་པའི་དོན་གང་ལ་ཏིང་ངེའི་རྣལ་འབྱོར་དུ་གནས་པའོ། །གནས་པ་མི་འགྱུར་ས་འདི་ལ། །རྨད་བྱུང་རོལ་པའི་རྣལ་འབྱོར་དང་། །ཚོགས་ཆེན་འདུས་དང་རྩལ་ཆེན་རྫོགས། །གསུམ་དུ་རྫོགས་པར་ཤེས་བྱ་སྟེ། །ཕྱག་རྒྱ་ཆེན་པོ་སྒྱུ་མ་ཡིན། །འཁོར་ལོས་བསྐོར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ན་བཅུ་དྲུག་པ། །རྫོགས་པའི་གནས་ན་ལོངས་སྤྱོད་པའོ། །ཞེས་པ་གཉིས་སུ་མེད་པའི་དོན་ལ་རིག་པ་རྣལ་དུ་གནས་པ་མི་འགྱུར་ཕེབས་པས་སྐབས་བཅུ་ལས་ཀྱང་རྟོག་ཆེན་ལ་ཕེབས་པའི་སྐབས་པར་གསུངས་ཏེ། ཏིང་ངེ་འཛིན་མཐར་ཕྱིན་པ་ལ་སྐྱོན་དབང་དུ་འགྱུར་བ་མེད་པས་རྟགས་ཆེན་པོ་དང་ལྡན་པའི་ས་འདི་ལ་གསུམ་སྟེ། ཐམས་ཅད་ཀྱི་རང་རིག་པ་ཆོ་འཕྲུལ་སྣང་བར་རྟོགས་པས་ཏིང་ངེ་འཛིན་དང་ལྡན་པ་སྟེ། སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་རྨད་དུ་བྱུང་བར་སྤྱོད་པའི་རྣལ་འབྱོར་དང་། འདོད་ཡོན་ལྔ་ལ་སོགས་པ་ཅི་སྤྱད་པ་ཚོགས་གཉིས་སུ་ཤེས་པས་ཚོགས་ཆེན་སྤྱོད་པའི་རྣལ་འབྱོར་དང་། མཉམ་པ་ཆེན་པོའི་ལྟ་སྤྱོད་ཟུང་དུ་འབྲེལ་བས་རིག་པའི་རྩལ་ཆེན་པོ་དང་ལྡན་པ ས་ཆོ་འཕྲུལ་བཞི་འཐོབ་ཅིང་འཆད་པའི་སྐྱེས་བུ་ནུས་པའི་རྣལ་འབྱོར་རོ། །དེ་དག་ནི་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བས་སྒྱུ་མའི་སྐུ་ཅན་དེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་གནས་པའོ། །དེ་ནི་དཔེར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ལོངས་སྤྱོད་མཐོང་བ་དང་འདྲ་སྟེ། བདག་ཉིད་ཆེན་པོ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ཞལ་མཐོང་བ་ཏེ། གནས་ན་སེམས་དཔའ་བཅུ་དྲུག་གི་མཚན་དཔེ་ཐུན་མོང་མ་ཡིན་པ་རྫོགས་པའི་དབང་ཕྱུག་ཆེན་པོའི་གནས་འོག་མིན་ཆེན་པོ་ན་འཁོར་དུ་འདུས་ནས་དེ་ནི་ཐམས་ཅད་ལ་ལོངས་སྤྱོད་ལ་མ་ཆགས་པས་པདྨ་སྤྱན་ནོ། །བདལ་བ་ཆོས་ཉིད་ས་འདི་ལ། །རོལ་པ་རྒྱན་གྱི་རྣལ་འབྱོར་དང་། །བདེ་བ་ཆེ་དང་ཐིག་ལེ་རྫོགས། །གསུམ་ཉིད་དུ་ནི་སྣང་བ་ལ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཞེས་པ་ཆོས་མཉམ་པ་ལྷུན་གྱིས་གྲུབ་པས་ཐམས་ཅད་རིག་པའི་རྩལ་སྣང་བར་རྟོགས་པ་གདེང་དུ་གྱུར་པའི་རིག་པ་ཕྱི་ནང་གི་ཆོས་ཀུན་ལ་བསྣུམས་བདལ་བར་ཆོས་ཉིད་གསལ་བས་གདེང་དུ་གྱུར་པའི་ས་འདི་ལ་སྐབས་སུའང་གསུངས་ཏེ། བསྒོམ་པའི་མཐའི་རྟགས་ཆེན་པོ་འདིར་ཐོབ་པའི་ས་ལ་གསུམ་སྟེ་སྒྲ་བཞིན་ནོ། །དེ་ཡང་སྣང་བ་ཀུན་ཏུ་བཟང་མོའི་སྤྱོད་པ་ལ་རོལ་པའོ་འདོད་ཡོན་ལྔ་ཆོས་ཉིད་ལ་རྫོགས་པར་ཤེས་པས་རོལ་པ་རྒྱན་ལོངས་སྤྱོད་རྫོགས་པ་དང་། ཆོས་ཐམས་ཅད་ཀྱང་བདེ་ཆེན་པོས་སྟོང་པ་དང་སྙིང་རྗེ་རོ་མཉམ་པའོ་བྱང་སེམས་རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོར་རྟོགས་པ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཐིག་ལེ་ཆེན་པོར་རྟོགས་པ་དང་། ཡུལ་ལ་སྦྱོར་བ་དང་། སྙིང་རྗེ་འབྱུང་བས་དོན་མི་འགོག་པ་དང་། སྙིང་རྗེ་ཆེ་དང་ཆོས་ཉིད་ཐ་མི་དད་པའི་ཕྱིར་རྣལ་འབྱོར་གསུམ་སྟེ་ཤེས་བྱ་རིལ་ཐམས་ཅད་རྫོགས་མཐར་ཕྱིན་པའོ། །འདི་དག་ཀྱང་ལྷུན་གྱིས་གྲུབ་པའི་རིག་འཛིན་པ་སྟེ། སྤྱོད་ཡུལ་ཡེ་ཤེས་སྒྱུ་མའི་སྐུར་ཡེ་ནས་རང་གསལ་བའང་དེ་ལྟར་ཤར་ནས་སྒྱུ་མ་ཡིན་རིག་པས་གཉིས་སུ་མེད་པར་གསལ་སྤྱོད་པའོ་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །རྫོགས་པའི་སྤྱི་ཆིབས་ས་འདི་ལ། །བཅུ་ཡི་ཐ་མ་དང་པོ་ལས། །མཐར་རྫོགས་ཀུན་གྱི་ཏོག་ཡིན་ཏེ། །ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱི་བདལ། །ཅིར་སྣང་ཅིར་ཡང་མ་ཡིན་པ། །མ་སྐྱེས་མི་འགག་ངོ་བོ་ལ། །ཇི་ལྟར་བལྟས་དགུ་དེར་སྣང་བ། །བདལ་ཁྱབ་སྤྱི་རྒྱ་རླབས་ཀྱིས་གཅོད། །ཅེས་པ་སའི་རིམ་པ་ཀུན་ལྷུན་གྱིས་རྫོགས་པ་སྤྱི་བོར་ཕྱིན་པ་ཆིབས་ནི། རྣལ་འབྱོར་བཅུའི་ཐ་མ་མཐར་ཐུག་ཅིང་དང་པོ་ལས་སུ་རུང་བས་སྐྱེད་དུ་བྱ་བ་མཐར་རྫོགས་གཏན་མེད་པས། ལས་སུ་རུང་བའི་སྐབས་སུའང་གསུངས་ཏེ། མཐའི་རྟགས་རིལ་ཀུན་གྱིས་མི་འགྱུར་བར་བརྟན་པའི་ས་མཆོག་འདི་ནི་གྲངས་ཀྱི་ཐ་མ་གྲལ་གྱི་ཐོག་མ་ནས་འདིར་ས་རྣམས་མཐར་ཕྱིན་པའི་རྩེ་མོ་ཏོག་ཡིན་ཏེ། འདིའི་ངོ་བོ་ནི་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་བ་ཀློང་འབའ་ཞིག་ལས་གང་ཡང་མ་ཆུད་པ་མེད་པའི་ཡངས་འབྲས་བུའི་སྙིང་པོ་ལ་བཅུད་ཆེན་པོ་ནི། དཔེར་སྤྲིན་མེད་ནམ་མཁའ་ལ་ཉི་མ་འབུམ་དུས་གཅིག་ཏུ་ཤར་བདལ་བ་ལྟར་གསལ་བའི་ངོ་བོ་ཡོངས་སུ་རྫོགས་པ་དེ་ནི་ཅི་སྣང་གང་དུའང་མི་འགོགས་ལ། རྣམ་པ་ཅིའང་མ་ཡིན་ཅིར་ཡང་མ་གྲུབ་པས་ངོ་བོ་གང་དུའང་མ་སྐྱེས་མི་འབྱུང་། སྣང་བའང་མི་འགག་པས་ཐ་སྙད་དུ་མཐའ་རིལ་ལས་གྲོལ་བའི་ངོ་བོ་ཉིད་ལ། ས་དང་རྣམ་པར་ཐར་པའི་སྒོ་ཐ་དད་པར་ཇི་ལྟར་བལྟས་དགུ་བསམ་པར་རང་སྣང་བ་ཉིད་ཀྱང་འདིར་ཆུབ་པས་བདལ་ཁྱབ་སྤྱི་རྒྱ་རླབས་ཀྱིས་བཅད་པའོ། །དེ་ཡང་དམ་པའི་ཁྱད་པར་གྱིས། །བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། །ལྷུན་གྱིས་གྲུབ་དང་ཀློང་ཡངས་ཆུབ། །གསུམ་རྫོགས་རང་བྱུང་བདལ་བའོ། །ཞེས་པ་དེ་ལྟ་བུའི་རྫོགས་པ་ཆེན་པོ་དེ་ལ་ཡང་ལྟ་བའི་ཁྱད་པར་གྱིས་དབྱེ་ན་གསུམ་སྟེ། དབྱིངས་དང་ཡེ་ཤེས་ཐ་སྙད་ཙམ་དུ་རྟོགས་ཏེ། རིལ་བདག་ཉིད་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཏུ་རྟོགས་པ་དང་། དེ་ཉིད་ལའང་རྒྱུ་འབྲས་རིལ་མ་བཙལ་ལྷུན་གྱིས་གྲུབ་པར་དགོངས་པ་དང་། དེ་ཉིད་ཀྱི་ཐ་སྙད་ལའང་མི་གནས་ཏེ། ཀློང་གང་ཡང་མ་སྤངས་བཀོལ་བ་མེད་དོ། །ཆུབ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཀློང་ཡངས་པའི་དཀྱིལ་འཁོར་དུ་དགོངས་པའོ། །དེ་དག་རིལ་ལྷུན་གྱིས་རྫོགས་པས་གསུམ་གྱི་ཐ་སྙད་ཀྱང་མེད་པ་ནི། རང་བྱུང་གི་ཡེ་ཤེས་བདལ་བའོ་ཉི་མ་འཆར་ནུབ་མེད་པ་ནི་འབྲས་བུ་ཆེན་པོ་མཐར་ཐུག་པ་ཉིད་དོ། །ལྷུན་གྱིས་གྲུབ་པའི་རིགས་རྒྱུད་དག་པའི་སངས་རྒྱས་སོ། །མདོར་ཐུན་མོང་མ་ཡིན་པའི་ལམ་འདི་དག་གང་ཟག་རྒྱུད་གཅིག་གི་དབང་དུ་ཐེག་པའི་རིལ་རྫོགས་པ་ཆེན་པོར་འདུས་ཤིང་འབྲས་བུ་དེར་གཅིག་པ་ནི་ཆུ་བོ་བརྒལ་བའི་ཐབས་མི་མཐུན་ཡང་བརྒྱུད་ནས་མཐར་འདིར་སོན་པས་ན་གཅིག་པ་དང་འདྲ་བའི་ཕྱིར་བཀོད་དོ། །སྤྱི་ཉིད་གསང་སྔགས་ནང་བ་མན་ཆད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫོགས་པ་སྤྱི་ཆིབས་ཀྱིས་མཐོང་བ་ལ་ཕྱིན་ནས་ཐུག་པ་མེད་པར་བགྲོད་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྲི་ཡ་རྡོ་རྗེ་འཛིན་པའ ི་སངས་རྒྱས་ཀྱི་ཡན་ཆད་རྫོགས་པ་ཆེན་པོ་ཉིད་ཀྱི་བསྟི་གནས་ཀྱི་ཕྱིར། ནམ་གནས་འདིར་སངས་རྒྱས་པས་ན་འདིར་རྫོགས་པ་ཆེན་པོ་ཐོབ་ཅེས་བྱའོ། །རང་རེས་སྒོས་མཐར་ཐུག་པ་བསྟན་པ་ནི་རྒྱུད་སོ་སོའི་མོས་དབང་དུ་བསྟན་པའོ། །འདི་དག་རྣལ་འབྱོར་སྤྱོད་པའི་ས། །ཁྱད་པར་གང་ལ་ཁྱད་པར་སྣང་། །གང་ཁྱད་མེད་པ་དེ་ཁྱད་མེད། །རྩལ་འཕངས་མཐོ་དམན་རྣལ་འབྱོར་པས། །མཐོ་དམན་གོ་འཕང་ས་བགྲོད་བྱ། །ཞེས་པ་སའི་རིམ་པ་འདིར་སྨོས་པ་རྣམས་ནི། གསང་སྔགས་ཀྱི་དོན་རྣལ་འབྱོར་དུ་བྱེད་པ་སྤྱོད་པའི་རྣམས་ཀྱི་ས་ཡིན་ཏེ། སའི་རིམ་པ་ཁྱད་པར་ཡོད་པ་ལ་མཐུན་པར་ཁྱད་པར་མཐོ་དམན་དུ་སྣང་སྟེ། རིམ་གྱིས་གསང་སྔགས་ལ་འཇུག་པའོ། །གང་ཁྱད་པར་དུ་མ་མཐོང་མེད་པ་གཅིག་ཆར་འཇུག་པ་རྣམས་ལས་མཐོ་དམན་མེད་པར་རྫོགས་པ་སྤྱི་ཆིབས་ཀྱི་ས་ཉིད་དུ་སྣང་བའོ། །དེས་ན་ཤེས་རབ་ཀྱི་རྩལ་འཕང་མཐོ་བ་རྣམས་ཀྱིས་ས་མཆོག་ལ་གཅིག་ཆར་བགྲོད་པར་བྱའོ། །འོན་ཀྱང་སྟེས་དབང་མ་ཡིན་ཏེ། སྔར་སྦྱངས་པས་འདི་ལས་གཞན་མ་བགྲོད་པར་སའི་ཏོག་ཆེན་པོ་ཉིད་ལ་འཇུག་པ་མི་འགལ་བ་དང་། སེམས་ཉིད་ཡིད་བཞིན་ནོར་བུ་རིན་པོ་ཆེ་གང་ལྟར་བསླབས་པ་འགྱུར་དུ་བཏུབ་པ་གཉིས་ཀའི་ཕྱིར་རོ། །སྐལ་བ་དང་ཤེས་རབ་རྩལ་འཕང་ཞན་པས་འགྱུར་དབང་མ་ངེས་པའི་ས་ནས་ཡར་སྐས་ཀྱི་གདངས་བུ་ལྟར་བགྲོད་པར་བྱའོ། །འོ་ན་གསང་སྔགས་ཀྱི་དབང་པོ་ཐ་ཤལ་རིམ་འཇུག་ནི་མདོ་སྡེ་པས་ཀྱང་ལམ་རིང་སྟེ། ཕྱིན་པའི་དུས་མེད་པར་འགྱུར་རོ་ཞེ་ན། འདིར་ཏིང་ངེ་འཛིན་དང་པོ་དམིགས་པ་བརྟན་པས་གཞན་རྣམས་ལ་རྩོལ་བའི་ཡུན་མེད་པར་འགྲོ་ཞིང་ཐབས་ཁྱད་པར་ཅན་གྱིས་སྐད་ཅིག་ཙམ་དུ་གནས་པའི་རིམ་པ་ལ་སར་བསྙད་ཀྱི། བསྐལ་པའི་གྲངས་དང་ཡུན་དུ་ཐོག་པ་མེད་པས་དེ་ཉིད་ལ་སྦྱོར་བའི་ཕྱིར་རིང་བ་མིན་པ་དང་། རྒྱུ་ཡིས་བསྐལ་བར་དཔྱད་ཀྱང་ཐབས་འདི་དག་དང་ཕྲད་ནས་འདི་བཞིན་དུ་བསྒྲུབས་པས་གཟོད་འཚང་རྒྱ་བའི་ཕྱིར་ཐེ་ཚོམ་མེད་དོ། །ཐུན་མོང་དུ་བསྙད་ན་དབུགས་ཆེན་འབྱིན་པའི་རྣལ་འབྱོར་རྟེན་པས་ཁྱད་པར་དུ་འགྲོ་བ་མན་ཆོད་འཇིག་རྟེན་པ་དང་རྒྱུའི་ཐེག་པའི་སར་འགྱུར་བས་དེ་ནས་གཟོད་གསང་སྔགས་ཀྱི་དམིགས་པས་འབྲས་བུ་སྐྱེ་བའི་ས་ལ་འཇུག་གོ་ཞེས་ན་གཞན་པ་དག་འདོད་དོ། །ཁོ་བོ་ནི་འདིར་བཤད་པའི་ཡིད་ལ་བྱེད་པའི་ཏིང་ངེ་འཛིན་ལ་སོགས་པ་དང་། དབང་གི་ཚུལ་དང་། འཆད་པའི་ལྷའི་ཏིང་ངེ་འཛིན་གྱིས་གསང་སྔགས་ཀྱིས་འབའ་ཞིག་ལ་ཐེ་ཚོམ་མེད་པའི་ཕྱིར། འདིར་ཐུན་མོང་མ་ཡིན་པར་བསྙད་པ་འགལ་བ་མེད་དོ། །གང་འདིར་དྲི་བའི་མཆོག་སྣང་བ། །དམ་པར་གྱུར་པ་ལང་ཀའི་བདག །གང་འདིར་རྣལ་འབྱོར་ཀུན་སྦྱོང་བ། ངེས་པའི་ངེས་བཅུ་རྩ་བ་འདིར། །གང་གི་རྩ་བ་ཡན་ལག་ལས། །བཅུ་གཉིས་བདུན་གཉིས་རྫོགས་པའོ། །ཞེས་པ་གང་སྐབས་འདིར་སྡུད་པས་དྲིས་པའི་མཆོག་སའི་ཁྱད་པར་ལན་དུ་གསལ་བར་བཤད་པས་སྣང་བ་དྲི་བའི་མཆོག་དྲི་བའི་སྲིན་པོ་མགྲིན་བཅུ་ལ་དོན་གྱིས་བོས་པའོ། །གང་རྒྱུད་འདིར་རྣལ་འབྱོར་ཆེ་ཆུང་ཀུན་སྦྱོང་བ་རིལ་བསྟན་པ་ཡང་། གསང་སྔགས་དོན་ངེས་པ་མཆོག་གི་ས་བཅུ་ནི་ས་ཀུན་གྱི་རྩ་བ་འདིར་གཞིར་གྱུར་པའོ། །འདིར་སྨོས་པའི་སའི་ཁྱད་པར་གྱི་ལམ་དུ་འཐད་དེ། ངེས་རྩ་བ་པའི་ས་བཅུ་འདི་ཉིད་ཀྱི་ཡན་ལག་བཅུ་ཕྲག་གཉིས་དང་། བདུན་ཕྲག་གཉིས་ཏེ་སུམ་ཅུ་རྩ་བཞིར་ཕྱེ་བས་ཀུན་འདུས་རྫོགས་པའོ། །ཐུན་མོང་བ་བསྡུ་བར་ནི། དེ་ལྟ་བུའི་བཅུ་པོར་ས་གཞན་གྱི་རྩ་བ་ཡན་ལག་ཕྱེ་བ་ཀུན་འདུས་པ་ནི་གང་ཞེ་ན། མདོ་སྡེ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། གསང་སྔགས་ཀྱི་ཁྱད་པར་འཕགས་པའི་ས་བཅུ་ཕྲག་གཉིས་དང་། ཉན་ཐོས་ཀྱི་ས་བདུན་དང་། རང་སངས་རྒྱས་ཀྱི་ས་གཉིས་ལ་སོགས་པ་རིལ་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་གསང་སྔགས་ཀྱི་སར་བརྒྱུད་ནས་ནོན་པར་བྱེད་པའི་རྒྱུར་གྱུར་པ་དང་། དེ་དག་གི་མཐར་གཏུགས་པ འི་འབྲས་བུ་ཆེན་པོ་འདི་ཡིན་པའི་ཕྱིར་དང་། བྲེ་ཕུལ་གྱི་ཚུལ་གྱིས་བསྟན་པའོ། །དེས་ན་ས་ཡི་ཁྱད་པར་ལས། །རྒྱ་ཆེ་བ་དང་གྲངས་མང་ཡང་། །རྣལ་འབྱོར་ས་འདིར་སྦྱར་བར་བྱའོ། །ཞེས་པ་གསང་སྔགས་ཀྱི་ས་བཅུ་ནི་དེས་ན་ཁྱད་པར་ཆེ་སྟེ། ས་རིལ་གྱི་རྩ་བ་ཡིན་པས་རྒྱུ་འབྲས་ཀྱི་ཐེག་པའི་ས་རྒྱ་ཆེ་ལ་གྲངས་མང་ཡང་གཞན་འཇུག་ཅིང་བགྲོད་པར་མི་བྱ་སྟེ། གསང་སྔགས་རྣལ་འབྱོར་ངེས་དོན་གྱི་ས་མཆོག་འདི་ལ་སྐལ་པས་ཕྱེ་ནས་ཚུལ་གཉིས་ཀྱིས་སྦྱང་བར་བྱ་འཇུག་པར་གྱིས་ཤིག་པའོ། །ས་དང་ས་ཡི་འབྱུང་གནས་པ། །ཀུན་གཞི་ཀུན་གྱིས་ཆེན་ཏེ། །གང་གིས་ས་ཆེན་འདི་ནོན་ན། །ས་རྣམས་སྐད་ཅིག་ཙམ་བགྲོད་པའོ། །ཞེས་པ་བྱང་ཆུབ་སེམས་དཔའ་དང་རིག་འཛིན་གྱིས་དང་། སངས་རྒྱས་རྣམས་ཀྱིའང་སའི་གཞིར་གྱུར་འབྱུང་གནས་པ་སྟེ། ཀུན་གཞི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐམས་ཅད་ཀུན་གྱི་ས་གནས་ས་ཆེན་མཆོག་དེ་ཉིད་ཡིན་པས། གང་སུ་ཞིག་གིས་ཀུན་གཞི་བྱང་ཆུབ་ཀྱི་སེམས་ས་ཆེན་གྱི་དོན་འདི་ནོན་མངོན་དུ་གྱུར་ན་གཞན་བགྲོད་ཅིང་སྦྱངས་མི་དགོས་པའི་ཕྱིར་ས་ཀུན་རིག་པའི་སྐད་ཅིག་ཙམ་བགྲོད་པའོ་གིས་ནོན་པའོ། །དེས་ན་གཅིག་ཆར་འཇུག་པའི་དོན་ནི་མཆོག་གི་མཆོག་ཏུ་གྱུར་པའོ། །གྲོགས་པོ་དག །ཅེས་པ་སྒྲ་བཞིན་ནོ། །རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་ཞེས་པ་རྣལ་འབྱོར་བཅུའི་ས་རྣམས་གསལ་བར་བྱེད་པའི་ཕྱིར་ལེའུའི་མཚན་ནོ། །དྲུག་ཅུ་རྩ་གཅིག་པ་འགྲེལ་པའོ།། །།དེ་ནས་ལང་ཀའི་བདག་པོ་ལ་སོགས་པ་ཞེས་པ་སའི་སྒྲོན་མ་བསྟན་མ་ཐག་པར་འཁོར་རྣམས་ཀྱིས་ལེའུ་ཞེ་ལྔ་པའི་རྣམ་གྲངས་བཅུ་བཀོད་པའི་བདུན་པ་དྲིས་པ་སྒྲ་བཞིན་ནོ། །གསང་བ་པའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་ཡུལ་ནི་འདི་ལྟར་གང་གི་ཞིང་ཡོངས་སུ་སྦྱོང་བར་འདོད་པ་ཞེས་པ་ལ་སོགས་པ། སྐྱེས་བུས་བོས་ནས་ལན་གསུངས་པ་ངོ་བོ་བསྟན་པ་ཤེས་པར་བྱ་བ་ནི་སུ་ཞིག་སངས་རྒྱས་ནི་ཞིང་སྦྱོངས་པར་འདོད་པ་དག་གིས་ཆོས་ཉིད་ཇི་བཞིན་པ་ཡེ་ཤེས་ཀྱི་ཡུལ་དམ་པ་དང་། ཐུགས་རྗེ་ཆེན་པོ་འབྱུང་བའི་ཡུལ་བསམ་གྱིས་མི་ཁྱབ་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་དོན་དང་གཉིས་ལ་དགོངས་སྤྱོད་ཀྱིས་འཇུག་པར་བྱའོ། །དེ་ནི། དཔེར་ན་བཙོ་བླག་མཁན་དག་གིས། །རས་སྦྱངས་གང་དུ་འཇེན་པ་ལྟར། །གང་འདིར་ལས་ཀྱི་དང་པོ་བས། །གང་དེ་སྦྱངས་པ་རབ་ཏུ་གཅེས། །ཞེས་པ་དཔེར་ནི་སྒྲ་བཞིན་ཏེ་གང་འདིར་ལས་དང་པོ་པའི་རྣལ་འབྱོར་གྱིས་གང་དེ་དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་རྣམ་གཉིས་ཀྱི་རྒྱུས་བདག་གཞན་གྱི་སྒྲིབ་པ་སྦྱང་བ་ལ་རབ་ཏུ་གཅེས་གལ་ཆེ་བར་བཀའ་སྩལ་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལང་ཀའི་བདག་པོ་དེས་ཞེས་པ་ལ་སོགས་པ། དེ་ལ་སྡུད་པ་པོས་སྟོན་པ་ལ་བོས་ནས་དུས་ཐམས་ཅད་ནས་ཐམས་ཅད་སྔ་ཕྱི་ཀུན་ཏུ་འཁོར་བ་ཉིད་ཡེ་ནས་སངས་རྒྱས་པ་ལ་འཕྲལ་དུ་མ་གྲུབ་པ་གྲུབ་པར་བྱར་མེད་པར་བཀའ་སྩལ་པ་ལྟར་ངེས་ན། ད་གདོད་དེ་ཁོ་ན་ཉིད་ལ་བསྒོམ་པ་དང་སྙིང་རྗེས་དོན་བྱ་རྒྱུ་ཉིད་མ་དམིགས་པ་ལ། སྙིང་རྗེས་དོན་བྱ་བའི་གནས་གང་ལགས། དེ་ལས་ཀྱང་ཁྱད་པར་དུ་འགྲོ་བ་གང་ཞིག་སྙིང་རྗེའི་ཡུལ་དུ་གྱུར་པ་ལགས་ཅེས་དྲིས་པའོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་དེ་དེ་ལྟར་ཞེས་པ་ལ་སོགས་པ། སྐྱེས་བུས་བོས་ནས་ཆོས་རྣམས་ཀྱི་རང་བཞིན་དེ་སྔར་ད་ལྟར་བཤད་པ་ལྟར་ཡེ་ནས་སངས་རྒྱས་པའི་རང་བཞིན་ལ། དགོངས་པའི་ཡུལ་དོན་དམ་པ་བསྒོམ་བྱ་དང་ཐུགས་རྗེའི་ཡུལ་མེད་ན་ཡང་འགྲོ་བ་མ་དམིགས་པའོ། །ཡང་ན་གང་གིས་དགོངས་སྤྱོད་ཀྱི་དངོས་པོ་ཅི་ལྟར་ཡང་བྱས་ཀྱང་དེ་ཉིད་ཆོས་ཉིད་མཉམ་པའི་དོན་ལས་མི་འདའ་བའི་ཚུལ་གྱིས་ལས་མི་གཞན་པའི་དོན་གྱིས་དགོངས་སྤྱོད་གང་ཡང་ཐེག་པའི་སྒོ་གང་དང་འགལ་ཞིང་སྒོ་ཀུན་དང་འགྲོ་བའི་བསམ་པ་དང་འགལ་བར་མི་བྱ་བ་གཉིས་སུ་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ནི་ཐུགས་དམ་ཆེན་པོའོ། །ཡེ་སངས་རྒྱས་པས་དོན་བྱར་མེད་དེ་སེམས་ཅན་རིལ་སངས་རྒྱས་པར་ཐོབ་ཟིན་པར་རྟོགས་པ་ནི་ཐུགས་རྗེ་ཆེན་པོའི་ཕྱིར་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་གི་སེམས་ཉིད་པས་དགོངས་པ་དམ་པ་ལ་འཇུག་མི་དགོས་པར་ཤེས་པ་ནི་འཕྲལ་དུ་འཇུག་པའི་དགོས་པ་མེད་པར་ཤེས་པ་ནི། དེ་ཉིད་རྣལ་དུ་ཕེབས་པ་ཡིན་པས་ཞུགས་ཟིན་པར་ཤེས་པར་བྱའོ་ཞེས་གདམས་པའི་ཕྱིར་རོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། དགོངས་པ་དམ་པར་གང་ཞུགས་པ། །ཟབ་པ་བས་ཀྱང་ཆེས་ཟབ་པ། །དེ་ཉིད་གཏིང་ནས་ཐག་བཅད་ཕྱིར། །ཞེས་པ་དག་བོས་ནས་དེ་ཤེས་པར་བྱ་བའི་ཐབས་དང་། དགོས་པ་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ་ཆོས་ཇི་བཞིན་པ་ལ་དགོངས་པ་དམ་པར་སུ་ཞིག་འཇུག་ཏུ་མེད་པར་གང་ཞུགས་པ་ཞེས་ཟིན་པའི་ཤེས་རབ་ཐུན་མོང་གི་ཟབ་མོ་བས་ཀྱང་ཁྱད་པར་དུ་ཞེས་བློ་ཟབ་པ་པོས་དེ་ཁོ་ན་ཉིད་གཏིང་ནས་ཇི་ལྟ་བའི་མཚན་ཉིད་རྟོགས་པར་བྱ་བའི་ཐག་བཅད་ཕྱིར་ཆེད་དུ། གསང་སྔགས་མི་བསྟན་པའི་ཡུལ་བཞི་ནི་སོ་སོའི་སྐྱེ་བོ་དང་། མུ་སྟེགས་པ་དང་། ཐེག་པ་ཆུང་ངུ་བ་དང་། ཐེག་པ་ཆེན་པོ་སྔགས་ལ་གསར་དུ་ཞུགས་པ་རྣམས་དང་ལྷན་ཅིག་ཏུའང་མི་ཉལ་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཡོངས་སུ་རྫོགས་པ་གང་། །བྱ་བས་བྱ་བ་མེད་ན་ཡང་། །དེ་ཡི་རང་བཞིན་ཕན་གཞན་པ། །ཡིན་པས་གང་འདིར་ཕན་པར་བྱ། །ཞེས་པ་དེ་དག་ཀྱང་མཉམ་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་ལ་ཡོངས་སུ་རྫོགས་པ་དང་གང་ཡང་རིས་མེད་པར་ལྷན་མི་གཅིག་པའི་བྱ་བ་ས་སོ་སོར་འདུག་ཏུ་མེད་ན་ཡང་། ཡུལ་བཞི་པོ་དག་གི་རང་བཞིན་ལྟ་སྤྱོད་ཀྱི་ཕན་ནུས་པ་ཆུང་བ་ཞན་པ་ཡིན་པས། གང་འདིར་ཡང་ཐེག་པ་ཆེན་པོའི་ལྟ་སྤྱོད་ཟབ་མོས་གཅིག་ཏུ་བསྟན་ན་མི་གོ་ཞིང་བསྐུར་པས་ལྟུང་བའི་ཕྱིར་ལྷན་མི་གཅིག་པར་བྱས་ཏེ་ཕྱིའི་སྤྱོད་པ་འཚམས་པས་ཕན་པར་བྱ་དོན་བྱ་བའོ། །གང་གི་དོན་དང་འགལ་གྱུར་བ། །དེ་ལས་གྱུར་པའི་ཡོད་བྱད་དག །རུ་སྦལ་མགོ་ལ་འོངས་པ་ལྟར། །ཞེས་པ་ལ་སོགས་པ་སུ་ཞིག་གསང་སྔགས་ཀྱི་གཞུང་ལས་འགལ་ཞིང་དམ་ཉམས་པའི་ནོར་རྫས་རྣམས་ནི་རུ་སྦལ་གྱི་མགོ་ལ་ཡོད་པའི་ནོར་བུ་རིན་པོ་ཆེ་ནི་ཉེན་ཅན་དང་འབྲེལ་བར་མི་བྱ་བ་ཡིན་པ་བཞིན་ལྟར། དམ་ཉམས་ཀྱི་རྫས་ནི་ཉེས་པ་ཆེ་བས་སྤང་ཞིང་འབྲེལ་བར་མི་བྱ་བ་སྟེ། རྒྱ་མཚོས་བར་བཅད་མུ་མཐའ་མེད་པར་བཤུག་པར་བྱ་སྤང་བར་བྱའོ། །དེ་དགོས་པ་ཅི་ཕྱིར་ནི་ཀུན་ཏུ་རྣལ་འབྱོར་མཆོག་ལས་གཞུང་མ་ཉམས་པས་རྣལ་འབྱོར་པ་དམ་པ་ཉིད་ལས་མ་ཉམས་པ་ནང་འདྲུལ་བས་ཉམས་པ་རྣམས་དང་བཤེས་པར་བྱ་བ་མིན་ནོ། །བརྒྱ་གལ་ཏེ་འགའ་ལ་གང་ཟག་ངོ་བསྲབ་ཅིང་འདོད་པའི་དབང་དུ་གྱུར་པས་གང་ག ིས་ཉམས་པ་དང་། འདྲུལ་ན་གསང་སྔགས་ཐེག་པ་ཆེན་པོའི་དམ་པའི་དོན་དང་གཞུང་དང་འགལ་བར་འགྱུར་ཏེ། བསམ་པ་དང་མི་མཐུན་པའི་ཉེན་ཆེ་ན་བཀའ་ཆད་འབྱུང་བའི་སྐྱོན་ནོ། །གལ་ཏེ་དེ་ལས་དེ་བྱུང་ན། །མགོན་བཙུན་དེ་ལ་དེ་ལས་མེད། །གང་མ་ཟིན་པའི་བན་ཐག་ཆད། །ཅེས་པ་གལ་ཏེ་གང་ཟག་དེ་ལས་ཉམས་པ་དེ་བྱུང་ན་དང་བཤེས་པ་དེ་ལ་བཀའ་ཆད་དེ་བྱུང་ན་དེ་ལ་མགོན་སྐྱབས་མི་དམིགས་པ འི་ཤེས་རབ་མ་ཡིན་པ་གཞན་གང་གིས་ཀྱང་སྐྱོབ་པར་མི་ནུས་པའོ། །ལྟ་བའི་དོན་གྱིས་མ་ཟིན་ན་དགེ་བ་ཅི་སྤྱད་ཀྱང་རྡོ་རྗེ་དམྱལ་བ་ཆེན་པོ་འགྱུར་རོ། །འོ་ན་གཞན་གྱིས་ཉམས་པ་མ་ཉམས་པ་ལ་འགོས་བཏུབ་བམ་ཞེ་ན། འདི་ཉིད་ཀྱི་གཞུང་དམ་ཚིག་སྐབས་ན་ལས་དཔེར་ན་རྟེའུ་རིད་རྔོ་ཅན་གྱིས་ཡུ་མ་ཁྱུ་ཕུང་བ་དང་། འོ་མ་རུལ་བ་ཐིགས་པ་གཅིག་མ་རུལ་བའི་ནང་དུ་བླུགས་ན་ཀུན་ཏུ་རུལ་བ་བཞིན་ཏེ། དེ་ལ་ཉིད་ཀྱིས་ཀྱང་རྒྱལ་དེ་བྱུང་ན་བའི་བཀའ་བཅག་པའི་ལས་བྱས་པའི་ཕྱིར་རོ། །འོ་ན་ཉམས་པའི་དོན་གཏན་འདིར་དགག་གམ་ཞེ་ན། གང་གི་དོན་དུ་གང་འགྱུར་ན། །ཕྲ་མོའི་ཕྲ་མོ་ཕྲ་ཡན་ཆད། །ཅེས་པ་དགེ་བའི་རྩ་བ་གང་གི་ཉམས་པའི་དོན་དུ་འགྱུར་ན་དགེ་བ་དཀར་ཕྱོགས་ཕྲ་མོ་དག་ཆུང་ངུའི་ཐམས་ཅད་ཆུང་ངུ་ཡན་ཆད་ནས་ཐམས་ཅད་ཆེན་པོ་མན་ཆད་རིལ་ཇི་ལྟར་མོས་ལྟར་དོན་ཆུད་མི་གསན་པར་ནན་ཏན་གྱིས་ནི་བྱ་བ་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པས་དགའ་ནས་བྱ་བཏང་སྙོམས་སྤངས་པས་བྱའོ། །སློང་མོ་བ་དང་སློང་ལ་དགའ། །སློང་ལ་འཚོ་བའི་ཚེ་སྤྱོད་རྣམས། །ཞེས་པ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་རྣལ་འབྱོར་པས། སློང་མོས་འཚོ་བའི་ཉན་ཐོས་དང་། དེའི་རིགས་སུ་གཏོགས་སློང་ལ་དགའ་པ་དང་། མདོ་སྡེ་པ་ལ་སོགས་པ་བསོད་སྙོམས་སློང་ལ་ཀྱིས་འཚོ་བའི་ཚེ་གཅིག་ཏུ་སྤྱོད་པ་རྣམས་རང་རང་གི་སྡེ་དང་ཚན་པ་དང་གྲར་བྱས་ཏེ། མཆོད་གནས་སུ་མི་བཀུར་བར་ལྷག་པར་ཡང་སྙིང་རྗེ་སྒོ་ཁུད་ཀྱི་ཡུལ་དུ་བྱའོ། །འཇིག་རྟེན་པ་བསོད་ནམས་ཆེ་ཆུང་གིས་སློངས་པའི་ས་པ་དག་ཀྱང་དེ་བཞིན་དུ་བལྟའོ། །སྨན་དང་འབྲུ་དང་རྩི་རྣམས་དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་དག །ཅེས་པ་སྨན་ལྔ་ལ་སོགས་པ་དང་། འབྲུ་ལྔ་ལ་སོགས་པ་དང་། རྩི་ཏོག་ལྔ་དང་། སྙིང་པོ་ལྔ་ལ་སོགས་པ་དང་། རིན་ཆེན་ལྔ་ལ་སོགས་པ་རྣམས་ཕྱེ་མར་ཞིབ་ཏུ་བཏགས་ཏེ་བསྲེས་ལ་ཆུ་ཀླུང་ཆེན་པོའམ་སྣོད་ཆུའམ་མཚོ་ཆེན་པོ་ལ་སོགས་པར་བླུགས་དོར་ཏེ། འཕགས་པ་དང་འགྲོ་བ་རྣམས་ལ་ཚུལ་བཞིན་དུ་བརླབས་ལ་མི་དམིགས་པས་ཆགས་མེད་ཟིན་པས་དབུལ་ཞིང་སྦྱིན་པར་བྱའོ། །གང་གི་རྟེན་དུ་ཁས་བླངས་ཏེ། །ནད་གསོ་གང་སློབ་སྤྱོད་བསྒོམ་གྲྭ། །བཙུག་སྟེ་བསྟི་གནས་མཆོག་བྱ་ཞིང་། །དུས་ཀྱི་འཁོར་ལོའི་མཆོད་སྦྱིན་བྱ། །ཞེས་པ་ཐེག་པ་ཆེན་པོ་པས་གང་གི་དགེ་བའི་མཆོད་རྟེན་དུ་དམ་བཅས་ཤིང་ཁས་བླངས་ཏེ། ཉེ་རིང་མེད་པའི་ནད་པ་གསོ་བ་དང་། གང་སློབ་ཡིག་བྲི་ཀློག་གི་གྲྭ་གཟུག་པ་དང་། ཆོས་སྤྱོད་ཀྱི་གྲྭ་བྱ་བ་དང་། བསྒོམ་པའི་གྲྭ་བཙུགས་ལ་བཀུར་སྟི་ཆེན་པོ་བྱ་བ་དང་། དུས་དུས་སུ་ཆོས་ཀྱི་འཁོར་ལོ་གཟུགས་པ་དང་། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། འཕགས་པ་མཆོད་པ་བྱ་བ་དང་། སེམས་ཅན་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་བ་དང་ལྔའོ། །གང་ལ་དམ་པའི་ལུང་བྱུང་བ། །གསུང་གི་མཆོད་རྟེན་ཀུན་བསྟེན་ཏེ། །ཞེས་པ་དག་སུ་ཞིག་ལ་དམ་པའི་ལུང་ཐོབ་པ་ཡོད་པའི་དེས་གསུང་གི་མཆོད་རྟེན་གླེགས་བམ་ཟབ་མོ་ཕྱི་ནང་ཀུན་བསྡུས་ལ་དེ་ལ་བསྟེན་ཏེ། གཞན་ལ་བརྗོད་བཤད་པ་དང་། བསྙེན་བཀུར་སྟི་གནས་བྱ་མཆོད་པ་དང་། དེ་རྒྱ་ཆེར་ཡངས་བའི་མཉན་བསམ་བྱ་བ་དང་། ཀློག་འདོན་ལས་རྣམས་བྱའོ། །འོ་ན་དེ་ལ་ཡོན་ཏན་ཅི་ཡོད་ཅེ་ན། དེ་ལྟར་གླེགས་བམ་ལ་བརྟེན་ནས་གང་གིས་དེའི་ཤེས་རབ་ཀྱི་རྒྱུད་དམ་པ་འཕེལ་ཞིང་གསལ་བར་འགྱུར་ཏེ། ཚོགས་མཆོག་ཡེ་ཤེས་ཀྱི་རྒྱུའོ། །དེས་ན་དེ་ལྟར་ངེས་པའི་སྤྱོད་པ་མི་འགྱུར་བའི་རྣལ་འབྱོར་དམ་པ་དག་པས་ཆོས་ཀྱི་གཏམ་སྨྲ་བ་དང་། གླེགས་བམ་སྦྱིན་པར་བྱ་བ་དང་། གཞན་ལ་བརྟེན་ཏེ་དྲངས་ཁྲིད་ན་དེ་ལྟ་བུ་རྣལ་འབྱོར་པ་དེ་ཡང་དག་པའི་ཡེ་ཤེས་ཉིད་ཚད་མེད་མངོན་དུ་འགྱུར་རོ། །གོམས་དང་གོམས་པར་བྱེད་པ་ཡིས། །གང་དེ་ཁྱད་པར་བྱ་བའི་ཕྱིར། །ཞེས་པ་དག་ཏིང་ངེ་འཛིན་སྔར་གོམས་ཟིན་པ་དང་། ཕྱིས་འདྲིས་གོམས་པར་བྱེད་པ་ཡིས་ཀུན་གཞི་གང་དེ་ལ་ཡོད་པའི་སྒྲིབ་པའི་ཕུང་པོ་རྣམས་སྦྱངས་དག་པར་བྱ་བའི་ཕྱིར་ཆེད་དུ་ཏིང་ངེ་འཛིན་གྱི་བསམ་ཡུལ་བྱེད་པ་བསྒོམ་བྱ་མང་པོ་ལ་ཏིང་ངེ་འཛིན་དེ་ཉིད་ཡུལ་གྱི་རྩལ་ཡང་ནས་ཡང་དུ་སྦྱངས་ནས་གྲུབ་པར་གྱུར་པས་དེ་ལྟར་བྱ་བའོ། །དམ་པའི་འཁོར་ལོ་རབ་བསྐོར་ཏེ། །རྒྱུད་སྦྱངས་ལྷག་པའི་ཤེས་རབ་བལྟ། །ཞེས་པ་ཆོས་ཀྱི་འཁོར་ལོ་ཆེན་པོའི་ཡོན་བདག་བྱས་ཏེ། བདག་གཞན་གྱི་ཤེས་རྒྱུད་སྦྱངས་ཤིང་ལྷག་མཐོང་གིས་རྟོགས་པར་བལྟ་བྱ་བ་དང་། ཤོ་གམས་སྲང་དང་ཤོ་གམས་ལམ། །མི་བདེ་གནོད་པ་ཀུན་བསལ་ཏེ། །ཚད་མེད་སྙིང་རྗེའི་འཁོར་ལོ་བསྐོར། །ཞེས་པ་ཤོ་གམས་གཅན་ཆེན་གྱི་འཕྲང་དང་ལམ་མི་བདེ་བ་དང་། འཚེ་བ་དེ་ཀུན་བསལ་ཏེ་སྙིང་རྗེ་ཆེན་པོ་རྒྱུན་མི་ཆད་པ་དང་། སྦྱིན་པའི་འཁོར་ལོ་རྒྱུན་མི་བཅད། །ཅེས་པ་རྫས་དང་ལུས་དང་སྐབས་དང་ཆོས་ཀྱི་སྦྱིན་པ་སྟེ། དེ་ལ་དང་པོའང་བུ་ཕོ་དང་བུ་མོ་དང་ཡུལ་དང་རྒྱལ་སྲིད་མན་ཆད་དོ། །གཉིས་པ་ཤ་དང་ཁྲག་དང་མགོ་དང་རྐང་ལག་གོ། །གསུམ་པ་གནོད་པའི་རྒྱུན་ལས་སྐྱོབ་པ་དང་། སྲོག་གི་བར་ཆད་ལས་སྐྱོབ་པ་དང་། འཁོར་བའི་གཡང་ས་ལས་སྐྱོབ་པའོ། །བཞི་པ་ཆོས་བསྟན་པ་དང་གླེགས་བམ་དང་མཁན་པོར་ལུང་བསྟན་པ་སྟེ། དེ་དག་རྒྱུན་མི་གཅད་པའོ། །ཆུའམ་སའམ་ནམ་མཁའ་མ། །མེའམ་དེ་བཞིན་རླུང་རྣམས་ལ། །ཞེས་པ་ལ་སོགས་པ་འབྱུང་བ་ལྔ་ལ་སྐུ་གདུང་མཆོད་རྟེན་མང་པོ་སྤེལ་བཏབ་ལ་མཆོད་པ་འབུལ་བ་དང་། རིང་བསྲེལ་སྐུ་མང་པོ་བྱས་ཤིང་བཏབས་ལ་བརྩམ་པའི་མཆོད་པ་བར་མི་གཅད་པའོ། །མཚམས་མེད་ཟློག་པར་བྱེད་པ་ཡི། །ཞེས་པ་དག་མཚམས་མེད་པ་ལྔའི་སྡིག་པའི་ལས་ཀྱིས་མི་གོས་པར་ཟློག་པ་བྱེད་པའི་ཐབས་ལུས་སེམས་རྡུལ་དུ་རླགས་ཏེ་རྒྱལ་བ་འཕགས་པའི་སྤྲིན་མང་པོ་ཡིད་ཀྱིས་སྤྱན་དྲངས་ལ། བདག་ཉིད་ལུས་ཀྱང་རྡུལ་སྙེད་དུ་སྤྲུལ་ཏེ། དེ་རེ་རེའི་སྤྱན་སྔར་འདུག་པའང་གུས་པའི་ཚུལ་འདུག་པས་དངོས་སམ་ཡིད་ཀྱིས་མཆོད་པ་ཕུལ་ལ། ལས་ངན་པ་ཡ་ང་བ་སྤྱད་པ་ལ་འགྱོད་པས་བཤགས་པར་བྱའོ། །རྒྱལ་མཉེས་ལས་ཀྱི་ཤིང་བསྲེགས་ལ། །ཐབས་ཆེན་སྦྱོར་བའི་ལམ་ཆེན་ལས། །ཞེས་པ་རྒྱལ་བ་ཀུན་དགྱེས་པ་མཉེས་བསྐྱེད་པའི་ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་བྱས་ན། མཚམས་མེད་པ་ལྔའི་དབང་དུ་མི་འགྱུར་རོ། །ཟློག་པ་ཡིན་དེས་ན་དད་པ་རླབས་པོ་ཆེའི་མེ་དང་། འགྱོད་པ་དྲག་པོའི་མེ་དང་། ཏིང་ངེ་འཛིན་གྱི་མེ་དང་། ཤེས་རབ་ཀྱི་མེ་དང་ཡང་ལྡན་པར་བྱའོ། །དེས་སྒྲིབ་པ་བཞི་རང་དབང་མེད་པར་འདག་གོ། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་དག །གང་ལྟར་གོམས་ལྟར་ནན་ཏན་བྱ། །ཞེས་པ་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་ཆེན་པོ་རྣམས། ཐུགས་རྗེ་ཆེན་པོའི་འབྱུང་བའི་གཞིར་གྱུར་པས་རང་གང་ལ་གོམས་པ་བཞེངས་གསོལ་ཏེ་མཆོད་པ་ནན་ཏན་བྱ་བའོ། །དེ་ལ་སོགས་པའི་རྩ་བ་དག །ཅེས་པ་དགེ་བའི་ལས་བཤད་པ་བཅུ་བདུན་པ་དག་དང་གཞན་ཐ་ན་ཁམ་ཅིག་ཙམ་སྦྱིན་པ་ཡན་ཆད་ཀྱི་དགེ་བའི་རྩ་བའོ། །དོན་དུ་མི་འགྱུར་ཀུན་སྤངས་ཏེ། །ཞེས་པ་བདག་དང་གཞན་དང་གཉིས་ཀ་དང་། ཆོས་ཀྱི་དོན་དུ་མི་འགྱུར་བ་དང་བཞི་བསལ་ཏེ། ནན་ཏན་དང་ལྡན་པས་བསོད་ནམས་ཚོགས་ཀྱི་དཔུང་བསྐྱེད་དོ། །དེ་དག་གི་དགོས་པ་ཅི་ཞིག་སྙམ་པ་ལ། དེ་ལྟ་ལས་ཀྱི་སྟང་སོགས་པ། །ཞེས་པ་ལ་སོགས་པ་གཞུང་འདི་བཞིན་དུ་དགེ་བའི་ལས་ཀྱི་སྟང་མ་བསོགས་པའང་དགོས་པ་གཞན་ཞིག་གི་ཆེད་དུ་བྱེད་པ་མ་ཡིན་ཏེ། བསམ་གཏན་ལ་སེམས་མཉམ་པ་རྩེ་གཅིག་ཏུ་གནས་པ་བློ་མི་དམིགས་པའི་དོན་དང་ལྡན་པས་བསམ་པས་ཡུལ་ཡིད་ལ་བྱ་བའི་རྣལ་འབྱོར་པ་ཡིད་གཉིས་པ་མེད་པ་རྣམས་ཀྱི་བསྒྲུབ་པའི་སྔོན་དུ་བྱ་བའི་ལས་དང་། བསམ་པ་ལ་མི་གནོད་པ་ཙམ་དུ་བྱ་བའང་ཤེས་པའི་རྒྱུད་སྦྱངས་པ་དང་། བདག་གཞན་གྱི་དོན་དང་ལྡན་པར་བྱ་བའི་ཆེད་དུའོ། །གལ་ཏེ་རྩལ་ཞན་མ་ལྡན་ན། །ཞེས་པ་ལ་སོགས་པ་བརྒྱ་ལ་གལ་ཏེ་སྒོ་གསུམ་ནུས་པ་ཆུང་རྩལ་ཞན་པས་དེ་དག་མ་ལྡན་གྲུབ་ནའང་། སྔར་དགེ་བ་ཅི་སྤྱད་དོ་བསགས་ཅོག་གི་སྟང་མ་ཅི་ཡོད་པ་རྣམས་བསྡོམས་ཏེ། གང་འདིར་ཚེ་རབས་ཀྱི་དགེ་སྡིག་ཅི་སྤྱད་པ་བསགས་པའི་དོན་བགྲངས་ཞིང་བགྲངས་བསྔོས་ལ། དགེ་བ་ནི་བཤད་པ་མཚམས་མེད་ཟློག་པར་བྱེད་པའི་སྐབས་སུ་ལྟ་བུར་བསམ་ལ་བྱང་ཆུབ་ཆེན་པོར་བསྔོའོ། །སྡིག་པ་རྣམས་གདུང་བའི་ཤུགས་ཀྱི་མཆི་མ་བླགས་ཏེ། འགྱོད་སེམས་ཀྱི་རྩལ་དྲག་པོས་སྤྲུགས་ནས་བཤགས་སོ། །དེ་ལྟར་ཉིན་རེ་རེ་བཞིན་བྱས་ན་སྒྲིབ་པ་དག་ནས་དངོས་གྲུབ་འབྱུང་བ་ནི། དཔེར་ཆུ་དྭངས་པར་ཉི་ཟླའི་གཟུགས་བརྙན་བཞིན་དངོས་གྲུབ་རང་བཞིན་ཤུགས་ཀྱིས་རང་དབང་མེད་པར་འབྱུང་བས་ལས་ཏེ་གཅེས་སོ། །དེ་ཕྱིར་ཆུང་ངུ་ཡན་ཆད་ཀྱང་། །ཞེས་པ་གཏན་ཚིགས་དེས་ན་དགེ་བ་ཆུང་ངུ་ཕྲ་མོ་ཡན་ཆད་བྱང་ཆུབ་དམ་པའི་འགྲུབ་པའི་དོན་དུ་གཞིར་གྱུར་པས་དཔྱོད་དོ། །འོ་ན་གཅིག་ཆར་འཇུག་པའི་བློ་མཆོག་གིས་ཀྱང་ཐམས་ཅད་དུ་དེ་ལྟར་སྤྱད་ཅིང་དེ་ལ་རགས་ལུས་སོ་ཞེ་ན། གང་འདིར་ཟིན་དང་མ་ཟིན་པའི། །དངོས་པོ་བརྟན་གཡོ་ལ་སོགས་ཀུན། །ཞེས་པ་ཐེག་པ་ཆེན་པོ་མཆོག་གི་སྒོ་གང་འདིར་ཤེས་པས་ཟིན་པ་དང་མ་ཟིན་པའི་དངོས་པོ་བརྟན་གཡོ་སྣོད་བཅུད་རིལ་དང་། བསྡུ་བའི་སོགས་དོན་གྱིས་མྱ་ངན་ལས་འདས་པའི་ཆོས་རྣམས་དང་། ཀུན་དེ་བཞིན་ཉིད་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཆེན་པོ་ལ་འཁོར་བ་སངས་རྒྱས་ཀྱི་ས་ལ་བཀོད་ཟིན་པས་དོན་བྱར་མེད་པའི་དོན་ལ། དེ་ཉིད་དུའང་འཛིན་པ་མེད་པར་བློ་བཞག་སྟེ་སྒོམ་ན་སྙིང་རྗེ་ཆེན་པོས་འགྲོ་དོན་མ་བྱས་རྫོགས་པའི་ཕྱིར་ཡུལ་གཉིས་ཀ་ལ་ཞུགས་ཟིན་པའོ་དེ་ཉིད་དོ། །དེ་བས་ན་སྐྱེས་བུ་མཆོག་གི་ལས་ལ་སྤང་བླང་མེད་དོ། །ལང་ཀའི་བདག་པོ་དེ་ལྟར་ན། །ཡུལ་གང་མེད་པའི་ཚུལ་གྱིས་ནི། །ཞེས་པ་སྐྱེས་བུས་བོས་ནས་བཤད་པའི་དོན་དེའི་ཚུལ་གྱིས་དེ་ལྟར་ན། སྤྱོད་ཡུལ་གྱི་དངོས་པོ་གང་བདག་ལ་གཞན་པ་མེད་པར་རྟོགས་པའི་ལུང་ཆེན་པོ་ཐ་དད་དུ་འཇུག་ཏུ་མེད་པའི་ངོ་བོ་ཉིད་ལས། དེ་ལྟར་གང་གིས་ཤེས་པ་ནི་ཡུལ་ལ་ཞུགས་པའི་མཆོག་དམ་པའོ་སྟེ། དགོངས་སྤྱོད་གཉིས་ཀ་ལྷུན་གྱིས་གྲུབ་པའོ་ཞེས་བཀའ་སྩལ་པས་འཁོར་རྣམས་ཀྱིས་དོན་དེའི་ཐེ་ཚོམ་ཆོད་དེ་ངེས་པ་བརྙེས་པའོ། །ཡུལ་དམ་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་གཉིས་པའོ། །ཞེས་པ་ལེའུའི་མཚན་དོན་ཏེ་དེ་ཉིད་འགྲེལ་པའོ།། །།དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་ཞེས་པ་ལ་སོགས་པ། ཡུལ་ལ་འཇུག་པ་བཤད་མ་ཐག་པར་འཁོར་རྣམས་ཀྱིས་ཞེ་ལྔ་པའི་རྣམ་གྲངས་བཅུར་བཀོད་པའི་བརྒྱད་པ་གསང་སྔགས་དཔེ་རྣམས་དྲིས་པ་སྒྲ་ཇི་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་གང་ལ་གང་གིས་མཚོན་པས་ཤེས་པར་འགྱུར་ཞེས་པ་དག །ལན་དུ་སྟོན་པས་འཁོར་ལ་བོས་ནས་གསུངས་པ་ནི་དོན་གྱི་དངོས་པོ་གང་ཡང་རུང་བ་ལ་དེ་དང་མཐུན་པའི་དཔེ་ཡིས་ཉེ་བར་མཚོན་པས་ཤེས་པར་འགྱུར་བའི་དཔེའི་དོན་ནི་བཅུ་ཕྲག་གཉིས་ཏེ་གང་ཞེ་ན། དོན་བསྒྲུབ་པ་དང་། གསང་སྔགས་ཀྱི་མིང་དང་། སྐུ་ཕྱག་རྒྱ་དང་། སྤྱོད་པ་དང་། བཟླས་བརྗོད་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། གནས་དང་། ཆོ་འཕྲུལ་དང་། དངོས་གྲུབ་བོ། །དཔེ་ནི་སྒྲ་བཞིན་ནོ། །མཐུན་པའི་དམིགས་བཅུ་མཚོན་པར་བཞག །ཅེས་པ་བཤད་པའི་དོན་རྣམས་དང་མཐུན་པས་དཔེ་རེས་དོན་རེ་རིམ་པར་མཚོན་ནས་གཞག་པའོ། །དངོས་པོ་མེད་ཀྱང་དངོས་པོར་སྣང་། །དངོས་པོར་སྣང་དུ་བཏུབ་པའི་དཔེ། །ཞེས་པ་ངོ་བོ་ཉིད་མཚན་ཉིད་ཐམས་ཅད་དང་བྲལ་བའོ། །དངོས་པོ་མེད་ཀྱང་མི་མཐུན་པ་དངོས་པོར་སྣང་དུ་ནི་སྔགས་ཀྱི་དངོས་པོ་བཅུར་སྣང་དུ་བཏུབ་པར་དཔེ་ཡིས་སྟོན་པའོ། །དེ་དག་སོ་སོ་ནས་བསྟན་པ་ནི། ཇི་ལྟར་སྒྱུ་མའི་རང་བཞིན་ནི། །ཞེས་པ་དག་ཇི་ལྟར་དཔེར་སྒྱུ་མའི་རང་བཞིན་རྒྱུ་རྐྱེན་སྐྱེས་བུ་སྒྱུ་མ་མཁན་གར་གྱི་ལག་གི་རྩོལ་ཐབས་དང་། སྨན་དང་སྔགས་དང་རྫས་ཀྱི་སྦྱོར་བ་འཛོམ་པ་ལས་འགྲོ་བ་བཟང་མོ་ལ་སོགས་པར་སྣང་བས་ལྟད་མོ་བའི་དབང་པོ་ཡིད་དགའ་བར་བྱེད་པ་ཇི་ལྟར་སྣང་ཡང་། སྒྱུ་མ་དེ་རྒྱུ་རྐྱེན་དེ་དག་ལའང་འགྲོ་འོང་ངོ་བོ་མེད་པ་ལྟར། དོན་ནི། འདི་ལྟར་གསང་བའི་རང་བཞིན་ཡང་། །མེད་རྒྱུ་འབྱུང་བའི་སྦྱོར་བ་ལས། །ཞེས་པ་ཚུལ་དེ་བཞིན་གསང་སྔགས་བསྒྲུབ་པའི་རང་བཞིན་ཡང་ངོ་བོ་ཅི་ཡང་མེད་པའི་ངང་ལས་ཡིག་འབྲུ་དང་རྫས་ཀྱི་སྦྱོར་བ་ལས་སུ་རུང་བ་ལས་འབྱུང་དངོས་གྲུབ་སྣ་ཚོགས་འགྲུབ་པ་ལྟར་སྣང་ཡང་ངོ་བོ་འདི་འདྲར་བསྟན་པ་མེད་དོ། །གང་འདིར་སྨིག་རྒྱུའི་རང་བཞིན་ནི། །ཞེས་པ་དཔེར་སྨིག་རྒྱུ་ནི་དཔྱིད་དྲོད་གཡོ་བའི་དུས་ན་དྲོད་དང་ཉི་མ་འཛོམ་པ་ལས་སྨིག་རྒྱུ་རྐྱེན་དེའི་བུས་པའི་གདུང་བའི་ངོ་ལ་ཆུར་སྣང་བ་དེ། བུས་པས་ཆུར་བསམས་ཀྱང་དེ་ལས་ཆུ་མེད་པས་ངོམ་པར་སིམ་པའི་རྒྱུ་དེས་མི་འགྱུར་བ་ལྟར་དེ་བཞིན། གསང་སྔགས་དེའི་མིང་གི་ཁྱད་པར་ཡང་ཆོས་ཀུན་ཀུན་ནས་རང་བཞིན་སྟོང་པ་ལ་མཚན་ཉིད་རྣམ་པ་ཀུན་ལྡན་སྟོང་ཆེན་མི་དམིགས་པ་ལས་ཐ་སྙད་མཚན་མ་མཚོན་པའི་མིང་དུ་བསྙད་ཀྱང་མིང་ཉིད་ལ་སྟོང་པས་དེ་མི་དམིགས་ངོ་བོ་འདི་འདྲར་མེད་པའོ། །གང་འདིར་ཆུ་ཡི་ཟླ་བ་ནི། །ཞེས་པ་ལ་སོགས་པ་དཔེར་ཆུའི་ཟླ་བ་ནི་སྤྲིན་དྭངས་པའི་མཁའ་ལ་ཟླ་བ་ཤར་བའི་གཟུགས་བརྙན་ཆུ་དྭངས་པར་སྣང་བ་དེ་ལ་ཟླ་བའི་ངོ་བོ་མེད་པ་ལྟར། གསང་སྔགས་ཀྱི་ལྷའི་སྐུ་ཕྱག་རྒྱ་ཡང་ཆེད་དུ་བཀོད་པ་མེད་པར། རིག་པའི་ནམ་མཁའ་ལས་སྐུ་ཕྱག་རྒྱ་སྣ་ཚོགས་སུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་པ་རྣམས་ཀྱི་རིག་པ་ལ་སྣང་ཡང་། སྐུ་དེ་ཉིད་གདོད་ནས་ཡོད་མེད་ཀྱི་མཐའ་ལས་གྲོལ་བའོ། །ཇི་ལྟར་རྨི་ལམ་རང་བཞིན་ནི། །ཞེས་པ་ལ་སོགས་པ་དཔེ་རྨི་ལམ་ནི་སྐྱེས་བུ་གཉིད་ཀྱིས་ནོན་པའི་རྨི་ལམ་ན། ཡུན་རིང་ཐུང་ཇི་སྙེད་པའི་བར་བར་དུ་བདེ་སྡུག་གི་རྣམ་པ་ཇི་སྙེད་མྱོང་བར་སྣང་ཡང་སད་ནས་དེ་གཉིས་ཀ་མི་དམིགས་པ་ལྟར། གསང་སྔགས་ཀྱི་སྤྱོད་པ་ཡང་སྟོང་བ་ཆེན་པོའི་ངང་ལས་སྤྱོད་པ་ལེགས་ཉེས་ཅི་སྤྱད་ཀྱང་། སྤྱོད་བཞིན་མ་ཆགས་པའི་ཤེས་རབ་མ་རིག་པའི་གཉིད་སད་པ་དག་གིས་བརྟགས་ནས་སྤྱད་པའི་ངོ་བོ་ཉིད་མ་དམིགས་པའོ། །སྒྲ་བརྙན་འབྱུང་བའི་རང་བཞིན་ནི། །ཞེས་པ་ལ་སོགས་པ་དཔེར་བྲག་ཅའི་ངོ་བོ་ནི། གང་གི་གནས་ལ་བྲག་ངོས་ལ་མིའི་སྒྲས་རྐྱེན་པ་ལས་དེ་བཞིན་ཇི་སྐད་སྨྲས་པ་དེ་ལྟར་སྒྲ་བརྙན་འབྱུང་ཡང་དེ་ཉིད་ངོ་བོ་ཅིར་ཡང་མེད་པ་ལས་སྒྲ་བྱུང་བ་མ་དམིགས་པ་ལྟར། གསང་སྔགས་ཀྱི་བཟླས་བརྗོད་ཀྱི་སྒྲ་རྣམས་ཀྱང་གང་གསང་བའི་བྱིན་རླབས་ཞིག་བསྒྲུབ་པའི་ཆེད་དུ་ཕྱིར་བཟླས་པའི་སྒྲ་བྱུང་བ་དེའང་སྒོ་གསུམ་ཆོས་ཉིད་ཅི་ཡང་མ་ཡིན་པའི་ངང་ལས་བཟླས་པའི་སྒྲར་ཅིའང་འབྱུང་སྣང་སྟེ། མཚན་ཉིད་མེད་པའི་རྒྱུ་གཞི་ལས་ཇི་ལྟར་བསམས་པ་བཏགས་ཆགས་བལྟས་པ་ལྟར་སྒྲ་སྣ་ཚོགས་སྣང་ཡང་ངོ་བོ་ཉིད་དུ་བསྟན་དུ་མེད་པའོ། །གང་འདིར་མིག་ཡོར་རང་བཞིན་ཏེ། །ཞེས་པ་ལ་སོགས་པ་དཔེར་མིག་ཡོར་ནི་མི་མིག་ནད་ཅན་དང་རབ་རིབ་ཁྱེར་བ་ལ་མེད་པའི་རྫས་སྣང་སྟེ། མིག་འཁྲུལ་པའི་རྒྱུ་ཡུལ་ལ་ཡོད་པ་དང་། དབང་པོ་ལ་ཡོད་པ་དང་། རྟེན་ལ་ཡོད་པ་དང་། ནང་ན་ཡོད་པའི་རྒྱུ་བཞིས་མཐོང་བའི་ངོ་བོ་ཙམ་མོ་སྣང་བར་ཟད། དེ་ཇི་ལྟར་སྣང་བ་དབང་པོ་མངོན་སུམ་གྱི་ཚད་མ་མ་ཡིན་པས་མིག་ཡོར་ལ་ངོ་བོ་གང་ཡང་མེད་པའོ། །དེ་བཞིན་དུ་གསང་སྔགས་ཀྱི་ལྟ་བ་ཡང་ངན་རྟོག་གི་མཐའ་རྣམས་ཀྱི་སྤྲོས་པ་ལྟ་ཅི་སྨོས་ཀྱི། བཟང་རྟོག་གི་ཡུལ་དབྱིངས་དང་ཡེ་ཤེས་བྱ་བ་ལ་སོགས་པའི་ཐ་སྙད་སྤྲོས་ཙམ་ཡང་བྲལ་བ་ལས་རང་བཞིན་སྟོང་པ་ཆོ་འཕྲུལ་ཆོས་སོ་ཅོག་ཇི་ལྟར་བལྟས་པར་རྣམ་པར་མཚན་ཉིད་མ་ངེས་པས་ཅིར་སྣང་བ་ཡང་རང་རིག་པ་ཉིད་ཅིར་ཡང་སྣང་བའི་ཆོ་འཕྲུལ་ཙམ་ཉིད་དུ་སྣང་བར་ཟད་སྟེ། དེ་ཉིད་ལ་ངོ་བོ་མེད་པས་སྣང་བདེ་དག་གང་ཡང་མིན་མཚན་ཉིད་བརྗོད་པ་ལས་འདས་པའོ། །ཆུ་དང་ནམ་མཁའ་དྭངས་པ་ལས། །ཆུ་བུར་སྤྲིན་སོགས་ཐ་དད་འབྱུང་། །ཞེས་པ་ལ་སོགས་པ་དཔེར་ཆུ་དྭངས་པ་ལས་ཆུ་བུར་དང་། ནམ་མཁའ་དྭངས་པ་ལས་སྤྲིན་མང་པོ་འབྱུང་བ་ཡང་། ཆུ་དང་ནམ་མཁའ་ལས་རང་བྱུང་ཞིང་དེ་ཉིད་དུ་རང་ཞི་བས། ཆུ་དང་ནམ་མཁའ་མ་དམིགས་པ་བཞིན་དུ་དག་ལྟར་སྔགས་ཐེག་པ་ཆེན་པོ་མཚན་མའི་སྣང་ཏིང་ངེ་འཛིན་དང་། མི་སྣང་མཚན་མ་མེད་པའི་སོགས་པ་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཇི་སྙེད་པའི་མཚན་མ་ཐམས་ཅད་རིལ་དང་མཚན་མ་མེད་པ་ཐམས་ཅད་ཀུན་རང་རིག་པ་དེ་ཉིད་པས་བྱང་ཆུབ་ཀྱི་དཀྱིལ་འཁོར་འོད་གསལ་བ་དེ་ཁོ་ན་ཉིད་ལ་རང་བྱུང་ཤར་ཞིང་དེ་ཉིད་དུ་རང་བྱུང་དབྱེར་མེད་པས་མདོ་ཇི་བཞིན་པར་སེམས་ཉིད་དུ་གཅིག་པའོ། །དག་པ་ཉིད་ངེས་པ་དྲི་ཟའི་གནས་ལ་ངེས་པ་མེད། །ཅེས་པ་ལ་སོགས་པ་དཔེར་དྲི་ཟའི་གྲོང་ཁྱེར་ལ་ངེས་པ་མེད་པ་དྲི་ཟའི་དེའི་གཟུགས་ནམ་མཁར་གར་བྱུང་བར་གྲོང་ཁྱེར་ཡང་འབྱུང་ལ། འབྱུང་བ་ཡང་མ་ངེས་པ་དེ་ཁོ་ནར་མི་རྟག་པ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་པའི་ཇི་ལྟ་བ་དེ་དེ་བཞིན་ཉིད་དུ་བློ་གནས་པའི་རིག་པའི་གནས་པ་མཁའ་ལ་ལྷའི་སྐུ་ཕྱག་རྒྱར་གར་གནས་པར་གསལ་བར་འབྱུང་བ་དེར་གཞལ་ཡས་ཁང་ཡང་རིག་པའི་བྱིན་བརླབས་ལས་ཤར་ཏེ། དེ་སྣང་བ་ལྟར་འབྱུང་བའི་གནས་དེ་ཉིད་སེམས་པས་ཐེར་ཟུག་པའི་རྟག་པ་ཅན་མ་ཡིན་པའོ། །ཇི་ལྟར་སྤྲུལ་པའི་རང་བཞིན་ནི། །ཞེས་པ་ལ་སོགས་པ་དཔེར་མགལ་མེའི་སྤྲུལ་པ་ནི་དངོས་པོ་མེད་པར་སྣ་ཚོགས་སུ་འབྱུང་བའི་རྣམ་པ་གཅིག་ལས་ཀྱང་དུ་མ་མང་པོ་འབྱུང་བའི་མེ་ཉིད་བསྐོར་ཏེ་བསྒྱུར་ན་གང་དག་མགལ་མེའི་འཁོར་ལོའི་རྒྱུན་ལྟར་སྣང་བའི་འབྱུང་རྒྱུན་ལྟར་བར་ཆད་པ་མ་ཡིན་པ་ལྟར། སྔགས་ཀྱི་ཆོ་འཕྲུལ་ཡང་མི་མཉམ་སེམས་ཅན་དང་སངས་རྒྱས་མཉམ་པའི་རང་བཞིན་ལས་གཉིས་སུ་མེད་པས་བླང་དོར་མེད་པའི་ངོ་བོ་ལས། གདུལ་བྱ་དག་གིས་ཇི་ལྟར་བསམ་པ་ལྟར་ལྟས་རྒུ་བྱུང་ཞིང་སྣང་བ་བར་ཆད་པ་མེད་པར་གང་འདིར་འབྱུང་ཡང་རྒྱུན་མ་ཆད་ཤར་ཀྱང་བྲི་ཞིང་ཟད་མེད་འགྲིབ་པ་དང་བསྡུས་བས་འཕེལ་བ་མེད་པའོ། །གང་འདིར་གཟུགས་བརྙན་གང་སྣང་བ། །ཞེས་པ་ལ་སོགས་པ་དཔེར་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་དངོས་དང་མེ་ལོང་གཡའ་མེད་པ་འཛོམ་པ་ལས་བཞིན་གྱི་གཟུགས་བརྙན་སྣང་ངོ་། །དེ་ལྟར་གཟུགས་བརྙན་མེ་ལོང་གཉིས་དུས་དེར་ཐ་དད་མེད་པ་ལྟར། གསང་སྔགས་ཀྱི་དངོས་གྲུབ་ཀྱང་། སྤྱིར་རྒྱུ་དང་འབྲས་བུ་གཉིས་སོ་སོ་བས་མ་མཐོང་བའི་ངོ་བོ་ལ་ཐ་དད་པ་ལས་ཐེག་པ་ཆེན་པོའི་དོན་མཐོང་ན། དངོས་གྲུབ་ཀྱི་གཞི་རྒྱུ་ཉིད་སེམས་ཉིད་འབྲས་བུ་དངོས་གྲུབ་ཆེན་པོ་ཡང་ཡིན་དེ་ཉིད་འབྱུང་བའི་རྒྱུ་ཡང་ཡིན་ཏེ། རྒྱུ་འབྲས་དབྱེར་མེད་པའི་ཕྱིར། ཞེ་བས་དེ་ལ་སེམས་དང་དངོས་གྲུབ་ལ་རྒྱུ་འབྲས་སོ་སོ་བ་དེ་གཉིས་མེད་དེ་སེམས་ཀྱི་དེ་བཞིན་ཉིད་དོ་དེ་ཁོ་ན་དངོས་གྲུབ་ཆེན་པོའོ། །འདི་དག་ཀྱང་མཚན་མའི་རྣལ་འབྱོར་བཅུས་ཤེས་པར་བྱ་བའི་མཆོག་སྟེ་ཐག་གཅད་པའི་དོན་ཏོ། །དེས་ན་ཇི་སྙེད་པ་ཡི་ཆོས། །ཇི་བཞིན་ཉིད་དུ་གཅིག་པས་ན། །ཞེས་པ་ལ་སོགས་པ་གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བ་ནི། དེས་ན་བཤད་པའི་ཚུལ་ཉིད་ཀྱིས་ཇི་སྙེད་དུ་བརྗོད་ཅིང་སྣང་བའི་ཆོས་སོ་ཅོག་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་དབྱེར་མེད་པའི་གཅིག་པས་ཕྱིར། སྒྲུབ་གང་ལྟར་ཐབས་ཇི་ལྟར་ཡང་སྣང་བ་ལས་དངོས་གྲུབ་དང་རྟགས་ཇི་ལྟར་བྱུང་ཡང་མཉམ་པ་ཆེན་པོ་མི་གཡོ་བ་འབྱུང་སྣང་མེད་བྱང་ཆུབ་སེམས་ལས་འགྲོ་འོང་མེད་པའོ། །ཟབ་མོ་གསང་བ་དམ་པ་འདི། །མཁའ་ལ་རྟོག་འདྲར་གཏིང་དཔག་དཀའ། །ཞེས་པ་དག་གསང་སྔགས་ཀྱི་དོན་ཤིན་ཏུ་ཟབ་པའི་མཆོག་གསང་བ་དམ་པ་འདི་ནི། ནམ་མཁའི་མུ་མཐའ་རྟོག་འདྲར་བརྟགས་བས་མི་རྙེད་པ་ལྟར་གསང་སྔགས་མུ་མཐའ་བྲལ་བའི་དོན་གཏིང་དཔག་མཐོང་དཀའ་བ་ལ། རྣལ་འབྱོར་ཆེན་པོ་ཤེས་རབ་ཀྱི་སྤྱན་མི་ལྡན་མེད་པ་དག་གིས་ཐ་སྙད་ཀྱི་མིང་མང་པོ་བཏགས་ནས་གསང་བའི་གྲུབ་མཐའ་གང་རྟོག་པ་ནི་བརྟགས་པས་བརྟགས་སུ་མེད་པ་ལ་རྟོག་པ་ཉིད་ཀྱིས་མི་རྙེད་པའི་ཕྱིར་རོ། །དེ་ཚུལ་འདིས་མི་རྟོགས་པར་འཆད་དེ། དཔེར་ན་ཉི་མའི་སྙིང་པོ་ལ། །མིག་གི་དབང་པོས་རབ་བརྟགས་ན། །ཞེས་པ་དག་དཔེར་རྟོགས་པར་དཀའ་བ་མཚོན་པ་སྟེ་སྒྲ་བཞིན་ནོ། །དོན་ནི། དེ་བཞིན་བྱིས་པ་བློ་ཞན་པས། །སྙིང་པོའི་དོན་ལ་ཅིར་བརྟགས་ཀྱང་། །ཞེས་པ་དག་དཔེ་དེ་བཞིན་ལྟར་གསང་དོན་ཤེད་མ་བྱེ་བའི་བྱིས་པ་བློ་རྩལ་ཞན་པ་དག་གིས། སྙིང་པོའི་གསང་སྔགས་ཀྱི་དོན་ལ་བློས་ཇི་ལྟ་བར་བརྟགས་དཔྱད་ཀྱང་རྟོག་པ་དེས་གསང་བའི་སྙིང་པོ་སྔགས་ཀྱི་དོན་མི་རྟོགས་ཤིང་སླར་བཙལ་བ་བློ་ཞེན་བྱས་པ་ཚི་ཆད་ཅིང་དོན་ལ་མདོངས་པར་འཁྱལ་འགྱུར་བའི་ཕྱིར་རོ། །དེ་བས་གསང་བ་དམ་པ་འདི། །ཞེས་པ་དག་རྟོགས་དཀའ་བའི་ཚུལ་གྱིས་གསང་སྔགས་ནི་དཔེས་མཚོན་པར་ཡང་དཀའོ། །ཀྱང་ནི་མི་མཐུན་པ་སྟེ་འོན་ཀྱང་གསང་སྔགས་གང་ལ་གཉིས་སུ་མེད་པའི་དོན་ལ་རྨོངས་པའི་མདོངས་པ་དག་དོན་གྱི་ཕྱོགས་ཙམ་མཚོན་པས་ཤེས་པར་བྱ་བའི་ཕྱིར་ཆེད་དུ། རྣལ་འབྱོར་ཅན་ལ་ལྷའི་ཏིང་ངེ་འཛིན་དང་ལྡན་ལ་སྐུ་ཕྱག་རྒྱ་ལ་སོགས་པ་ཕྱོགས་ཙམ་བསྟན་པའི་ཕྱིར་རོ། །བསམ་དུ་མེད་པའི་ཆོས་ཉིད་འདི། །བསམ་དང་བྲལ་བས་དེ་བཞིན་གཞག །ཅེས་པ་སྤྱོད་ཡུལ་གནས་དག་པའི་བསམ་དུ་མེད་པའི་ཆོས་ཉིད་ལ་ཡེ་ནས་ཡིད་ལ་བྱ་བསམ་དང་བྲལ་བར་མེད་པས་ལམ་པས་ཀྱང་དེ་ཉིད་དུའང་འདུ་ཤེས་མ་ཞུགས་པ་དེ་ཉིད་གཞག་པ་ནི་རྣལ་དུ་ཕེབས་པའོ། །དེ་ལྟར་ཕེབས་པའི་ཆོས་ཉིད་ལ་མི་རྟོག་བཞག་པའི་ཅི་སྤྱད་འཆིང་བ་མེད་པའི་དོན་ཤེད་མ་བྱེ་བ་བྱིས་པ་རྣམས་ལ་སྟོན་པས་ངས་མ་བསྟན་བཀའ་མ་སྩལ་ཞེས་པའི་དོན་ཏོ། །བརྗོད་པས་མཚོན་པ་ལས་འདས་པའང་། །འདི་ཞེས་བསྟན་དུ་ག་ལ་ཡོད། །ཅེས་པ་ཇི་བཞིན་པ་ནི་ཚིག་བརྗོད་གིས་མི་ཕེབས་པའི་ཕྱིར་ཚིག་གི་མཚོ ན་པ་ལས་འདས་པ་དང་བྲལ་བ་ལ་བཟླས་པའི་སྒྲ་ལ་སོགས་པ་ངོ་བོས་ངེས་པར་བརྗོད་པ་འདི་ཞེས་བསྟན་དུ་ག་ལ་ཡོད་མེད་པའི་ཕྱིར་རོ། །མེད་པས་བསྟན་པའི་དམིགས་མི་རྙེད། །ཅེས་པ་ལ་སོགས་པ་དེ་ཁོ་ན་ཉིད་བརྗོད་པ་དང་བྲལ་བའི་ཕྱིར་མེད་པས་ངོ་བོ་ངེས་པར་མི་ཟིན་པའི་བསྟན་པའི་དམིགས་མི་རྙེད་ཆོས་ཉིད་མ་དམིགས་ཆོས་ལ་ཚིག་ལམ་མེད་བརྗོད་པའི་ཐ་སྙད་ཐམས་ཅད་ལས་འདས་པ་ནི་ལྟ་བའི་མཆོག་གོ། །ཆོས་ཀུན་ནམ་མཁའ་ལྟ་བུ་སྟེ། །ཞེས་པ་དག་ཆོས་སོ་ཅོག་གི་དེ་ཁོ་ན་ཉིད་ནམ་མཁའ་གསལ་ལ་མི་གཡོ་བ་ལྟ་བུ་སྟེ་ནམ་མཁའ་དང་འདྲ་བ་ལས་ཆོས་ཉིད་ཀྱི་ནམ་མཁའི་ལའང་མཚན་ཉིད་འདི་ཡིན་ནོ་ཞེས་གཟུང་བ་མེད་པའོ། །དེ་བས་ན་ནམ་མཁའ་ལ་དབུས་མཐའ་མེད་པ་བཞིན་ལྟར་ཆོས་རྣམས་དབུས་མཐའ་ལས་མུ་དང་བྲལ་གྲོལ་བའི་རིག་པ་ཅིར་ཡང་མ་གཡོས་པ་ནི་ཏིང་ངེ་འཛིན་དམ་པའི་ཕྱིར། །ནམ་མཁའ་གང་མི་རྗོད་བྱེད་པ། །ཞེས་པ་ལ་སོགས་པ་མཐུན་པའི་དཔེ་སྟེ་སྒྲ་ཇི་བཞིན་ནོ། །འདི་ལ་མི་རྟོག་གང་བརྗོད་པ། །བརྗོད་པ་དེ་ཉིད་རྣམ་རྟོག་སྟེ། །ཞེས་པ་དག་ཆོས་ཉིད་འདི་ལ་ཡེ་མི་རྟོག་པ་ཆེན་པོ་ལ་མདོངས་པ་དག་མི་རྟོགས་པར་སྨྲ་ཞིང་ཞེ་བས་འདོད་པ་ཉིད་རྟོག་པའོ། །འོ་ན་སྤང་བ་ཞིག་གམ་ཞེ་ན། མཉམ་པ་ཉིད་ལ་རྟོག་པ་དང་། མི་རྟོག་པར་གཟུང་ཞིང་བསྙད་པ་ཅི་བྱས་ཀྱང་དེ་ཉིད་པས་ངོ་བོ་ལ་གཉིས་མེད་འགལ་མི་འགྱུར་འགལ་བ་མེད་དོ། །དེ་བས་ན་དེ་བཞིན་ཉིད་དེ་ནི་རྒྱལ་བ་ཐམས་ཅད་ཀྱི་བཞུགས་གནས་ཆེན་པོའི་ཕྱིར་རོ། །གང་འདིར་གཉིས་སུ་འདོད་པ་དང་། །དབུས་མཐར་འབྱེད་པ་ཐམས་ཅད་གོལ། །ཞེས་པ་དག་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུའི་བདག་ཉིད་ལ་གང་སྐབས་འདིར་ཆོ་འཕྲུལ་ཐ་དད་གཞི་དང་གཉིས་སུ་སྣང་བ་ལ་སོགས་པར་འདོད་པ་དང་། མཐའ་དབུས་ཀྱི་ཆོས་ཉིད་ཀྱི་མུ་ཚོལ་བ་དག་ནོར་གོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ལ་དེ་ཉིད་དུའང་བརྗོད་ཅིང་མངོན་དུ་བྱ་བ་དང་བྲལ་བ་ལས་དེ་ཉིད་དུ་བཏགས་པ་སྣང་བ་ཡང་མཐའ་དབུས་སུ་འབྱེད་པ་ལས་གྱུར་ཏེ་སྐྱོན་ནོ། །དེ་བས་ན་ཆོ་འཕྲུལ་གྱི་མཚན་ཉིད་དང་མཐའ་དབུས་ཅིར་སྣང་ཡང་། ཡེ་ཐ་སྙད་དང་བྲལ་བ་ལ་དེ་ཉིད་དུ་འདོད་ཅིང་མངོན་དུ་བྱེད་པའང་མེད་པའོ། །ཀྱེ་མའོ་འདིར་གཅིག་ཆོས་ཀྱི་སྤུན། །ཐམས་ཅད་དེ་ལས་མེད་བཞིན་དུ། །གཉིས་འདི་ཕན་ཆད་རྣམ་རྟོག་ཡིན། །ཀུན་ཀྱང་ངེས་པར་འདི་ལྟར་ཞོག །ཅེས་པ་ངོ་ཀྱེ་མ་མཚར་བས་བོས་ནས་གསུངས་པ་ནི་འདིར་གཅིག་ཆོས་ཀྱི་སྤུན་གྱི་ངེས་ཚིགས་ཀྱང་འགྲུབ་བོ། །དངོས་གྲུབ་དང་བསྒྲུབ་བྱ་ཇི་སྙེད་པའང་དོན་དེ་ཁོ་ན་ཉིད་གཅིག་ལས་མེད་པར། རྒྱུ་འབྲས་དང་མཐའ་གཉིས་པར་འབྱེད་པ་རིལ་རྟོག་པ་ཆེན་པོའོ། །དེ་བས་ན་དོན་བཅུ་དཔེ་བཅུ་རིལ་གྱིས་ཀུན་ཀྱང་ངེས་པར་བརྗོད་པའི་དོན་འདི་ལྟར་ཟུངས་ཤིག་པའོ། །བོས་ནས་དེ་དག་ནི་དཔེ་ཡིས་དོན་བཙལ་བར་བྱའོ་ཞེས་ངོ་བོ་བསྟན་པ་བཀའ་སྩལ་པས། འཁོར་རྣམས་ཀྱིས་ཀྱང་དེའི་ཐེ་ཚོམ་ཆོད་དེ་ངེས་པ་གཅིག་གི་གདིང་རྙེད་པའོ། །ཉེ་བར་མཚོན་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་ཅུ་གསུམ་པ་བཀྲོལ་བའོ།། །།དེ་ནས་ལང་ཀའི་བདག་པོ་ལ་སོགས་པ་དམན་པ་དམ་པ་རྣམས་ཀྱིས་ཞེས་པ་ལ་སོགས་པ། མེ་ལོང་བརྟག་པ་བསྟན་མ་ཐག་པར། ཆོས་ཀྱི་རྣམ་གྲངས་བཅུའི་དགུ་པ་འཁོར་རྣམས་ཀྱིས་དྲིས་པ་སྒྲ་ཇི་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ལང་ཀའི་བདག་པོ་དེ་དག་ནི། །ཞེས་པ་ལ་སོགས་པ་སྐྱེས་བུས་ལན་དུ་བཀའ་སྩལ་པ་ཉེ་བར་སྟོན་པ་ནི་གང་ཞེ་ན་སྤྱོད་པ་སྟེ། མུན་པ་ཆེན་པོ་ཀུན་འཁྲིགས་པའི། །ཞེས་པ་དག་འགྲོ་བ་མ་རིག་པ་གཉིད་ཀྱིས་འཐིབས་པས་དོན་ཤེད་མ་བྱེ་བའི་གྲོང་ཁྱེར་གསུམ་གྱི་གནས་སུ་དུས་གསུམ་དུ་འཁྱམས་པའི་འགྲོ་བ་རྣམས་དྲང་བའི་ཆེད་དུ་འཁོར་བར་འགྲོ་དོན་ལ་ངེས་པར་ཞུགས་ཏེ། དོན་བྱ་བའི་ཐབས་རྣམས་ཀྱང་རྒྱལ་བ་རིལ་འདུས་ནས་བཀའ་སྩལ་པའི་རྒྱུད་འདི་ལས། གདུལ་བྱའི་དོན་དུ་འགྱུར་བའི་ཐབས་མང་པོ་གསུངས་པ་ཉིད་བསྡུས་ན་རྣམ་པ་གསུམ་སྟེ། ཆ་མཐུན་མཐུན་འཇུག་ཐབས་འཛུད་པ། །ཞེས་པ་ལ་སོགས་པ་ཆ་མཐུན་སྦྱོར་བའི་སྤྱོད་པ་དང་། མཐུན་འཇུག་སྤྱོད་པའི་སྤྱོད་པ་དང་། ཐབས་འཛུད་བསྲེ་བའི་སྤྱོད་པ་དག་གིས་དུས་དང་སྐབས་རིལ་དུ་འགྲོ་དོན་ཇི་བཞིན་འཚམས་པར་བྱས་ཏེ། ཐེག་པ་ཆེན་པོར་རིགས་ངེས་པར་བྱ་བའོ། །ལང་ཀའི་བདག་པོ་འདི་ལྟ་སྟེ། ཆ་མཐུན་སྦྱོར་བར་གང་འཇུག་པ། །གང་ཞིག་གང་དུ་དེར་ངེས་པ། །དེ་དག་ཉིད་དང་མཐུན་པར་སྤྱད། །ཅེས་པ་ལ་སོགས་པ་བོས་ནས་སོ་སོ་ནས་ཉེ་བར་སྟོན་པ་ནི། ཐོག་མར་ཆ་མཐུན་སྦྱོར་བའི་སྒོ་ནས་སུ་ཞིག་འགྲོ་དོན་བྱེད་པའང་ཇི་ལྟ་བུ་ཞེ་ན། འགྲོ་བ་གང་ཞིག་མཚན་མ་ཅན་དུ་སྤྱོད་པས་ལོག་པར་འགྲོ་ངེས་པ་ལ། རྣལ་འབྱོར་དམ་པས་ཀྱང་ཁོའི་སྤྱོད་པ་དང་མཐུན་པར་སྤྱད་དེ། ཐབས་ཡོངས་ཀྱིས་མཚན་མ་ཅན་དེ་དང་ཆ་མཐུན་པའི་སྤྱོད་པས་བསྟེན་ཅིང་བྲིད་ནས་འགྲོ་བ་དེ་ཡང་དག་པའི་དོན་ལ་འགྱུར་བར་བྱ། སེམས་ཅན་དེ་དག་དམ་པའི་དོན་ལ་གཟུད་པའི་ཆེད་དུ། གདུལ་བྱ་དེ་རྣམས་དང་བདག་གིས་མཐུན་པའི་སྤྱོད་པ་སྤྱད་པས་བྱིས་པ་ཡིད་ཀུན་རྣམས་ཁ་དྲངས་ཏེ་མ་ནོར་བའི་དོན་ལ་བཙུད་ལ་དེ་ལས་མི་ལྡོག་པའི་ནན་ཏན་བྱའོ། །གང་གི་ཡིད་འཕྲོག་འདྲེན་འཇུག་པ། །ཇི་ལྟར་ཡིད་འོང་དེ་ཁོ་ན། །ཞེས་པ་ལ་སོགས་པ་གདུལ་བྱ་གང་གི་བསམ་པ་ཡིད་མཐུན་སྤྱོད་ཀྱིས་རང་དབང་མེད་པར་འ ཕྲོག་དགའ་བར་བྱས་འདྲེན་ཤིང་བཞུགས་པའང་ཁོ་ཇི་ལྟར་དག་གིས་ཡིད་དུ་འོང་བའི་སྤྱོད་པ་དེ་ཁོ་ན་ངེས་པ་དེས་ཆུད་མ་གསན་པར་ནན་ཏན་གྱིས་ནི་དེ་ཉིད་དོ་བྱ་བའོ། །དེ་དཔེར་ན་ཉེ་བར་མཚོན་པ་ནི་འཇིག་རྟེན་མ་རིག་པའི་མུན་པའི་ཁམས་དག་གནས་ན། འགྲོ་བ་གང་དང་གང་གིས་མི་ཤེས་པའི་འགྲོ་བ་རྣམས་ལ། སྤྱོད་པ་མཐུན་པར་གང་གྱུར་པ་དགའ་བར་སྤྱད་པས་འགྲོ་བ་མི་ཤེས་པ་དེའི་ཡིད་ཤེས་པ་ལ། འདུལ་བྱེད་ཀྱི་ཐབས་དེ་དང་ཞེན་པས་ཞུགས་འདུལ་བྱེད་དེ་དང་གདུལ་བྱ་དེ་སྤྱོད་པ་གཅིག་པས་མི་གཞན་པས་སོ་སོ་བ་མེད་པའི་དོན་གྱིས་དེ་ནས་དེའི་གདུལ་བྱེད་ཀྱིས་ཕ་རོལ་གྱི་དྲོད་དེའི་རིག་ན་ལོན་ནས། འགྲོ་བ་དེ་དག་ལ་འཇུག་ཇི་ལྟར་ཁ་ལོ་བསྒྱུར་བར་བཏུབ་པའི་དབང་ཐོབ་ནས་གཟོད་ཕ་རོལ་གྱི་དེ་ཉིད་འདུ་ཤེས་བསྒྱུར་བའི་ཚིག་གི་ལམ་འབྱུང་བ་དང་མཚུངས་པར་དེ་འདས་རྣལ་འབྱོར་དམ་པས་ཀྱང་གདུལ་བྱ་དེ་ངེས་པར་བསྒྱུར་དུ་བཏུབ་པའི་ཉམས་ཁོ་ནའི་རིགས་ན། དེ་དག་གི་འདུ་ཤེས་ཡང་དག་པ་ལ་ཡིད་ལ་ཞུགས་པས་བསྒྱུར་བའི་ཚིག་གསུངས་པ་ནི་དངོས་གང་ཞེ་ན། དེ་འདས་དམ་པ་དེ་ཁོ་ནའི། །ཡིད་ལ་ཞུགས་པས་ཨེ་མའོ་འཁྲུལ། །ཞེས་པ་ལ་སོགས་པ་དེ་ལྟར་མཐུན་པར་སྤྱད་ཟིན་དེ་འདས་ནས་འདི་སྐད་བརྗོད་པར་བྱ་སྟེ། ངེས་པར་ཁྱོད་ཀྱི་སེམས་ལ་ཡིད་ལ་ཞུགས་པས་ཞེན་པའི་སྤྱོད་པ་འདི་ནི་སྤྱོད་པའི་ལུགས་མེད་དེ། ཨེ་མའོ་འུ་ཅག་ནི་སྤྱོད་པ་འདི་རེ་འཁྲུལ་ནོར་ཏེ། འདི་ནི་ཤིན་ཏུ་ཉེས་པ་ཆེ་བས་ལོག་སྤྱོད་འདི་ལས་ཕྱིར་ལོག་ལ་བཤགས་པ་དང་། དགེ་བའི་ལས་ལ་བསགས་པ་ནི་བགྲང་ཞིང་བྱང་ཆུབ་ཆེན་པོར་བསྔོས་ཤིག་པའོ། །དེ་ནའང་འདི་ན་ཁོ་ནར་བྱས། ཞེས་པ་ལ་སོགས་པ་ཁོ་ཅག་གི་སྤྱོད་པ་དེ་ན་ཉེས་ཀྱང་སྔར་འདི་ན་ཁོ་བོས་ཁྱེད་ཅག་དགའ་བར་བྱས་ཏེ། ཁྱེད་དང་མཐུན་པར་ཁོ་ནར་སྤྱད་པ་ཡིན་པས། ད་གང་འདིར་བདག་དགའ་བར་ཡང་དག་པའི་དོན་ཁོ་ནར་ལ་སྤྱོད་འདི་འཇུག་ལ་ཁྱོད་རྣམས་ཀྱང་དམ་པ་ཁོ་ནར་ངེས་པར་འཇུག་པར་རིགས་སོ་འོས་ཞེས་བརྗོད་པས་དེས་ན། དེའི་ཕ་རོལ་དག་གི་སེམས་དེ་ཉིད་དོ་བདག་གིས་ཟིན་པས་གདུལ་བྱ་གང་གི་དེ་ཉིད་ཕ་རོལ་རྣམས་ཀྱང་བདག་གི་ངག་ཉན་འུན་ཅིང་དགའ་བས་དམ་པའི་ཡང་དག་པའི་སྤྱོད་པ་ཡུལ་ལ་འཇུག་པར་འགྱུར་རོ། །དེ་དག་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བསྙད་པའི་ཕྱིར། ལང་ཀའི་བདག་པོ་ཇི་ལྟར་ན། །དེ་ཡང་ཇི་ལྟ་བུར་ཞེ་ན། །ཁོ་བོས་མཐོང་ཐོས་སྐབས་གཅིག་ན། །བདག་གི་བཤེས་གཉེན་དམ་པ་དེས། །ཞེས་པ་ལ་སོགས་པ་སྐྱེས་བུས་སྡུད་པ་ལ་བོས་ནས། སྔོན་ཇི་ལྟར་བསྟན་པའི་ཚུལ་ཇི་ལྟ་བུ་ཞེ་ན་གསལ་བར་བརྗོད་པ་ནི། གསང་བའི་བདག་པོ་ཁོ་བོས་ངས་འདི་ཉིད་ཀྱིས་ཆ་མཐུན་སྤྱོད་པ་དངོས་སུ་མཐོང་ཞིང་ཐོས་པའི་དུས་སྐབས་གཅིག་ན། བདག་གི་སྟོན་པ་བཤེས་གཉེན་གསང་བའི་བདག་པོ་ཉིད་ཀྱིས་སྔོན་འདས་པའི་འདུས་པ་ཕལ་འཁོར་རྣམས་ལ་རྒྱུད་འདི་བཀའ་སྩལ་པའི་དུས་ཚེ་ན། འཁོར་དེར་གཏོགས་པའི་ལྷ་མོ་དང་ཀླུ་མོ་དང་། རིགས་ངན་གྱི་བུ་མོ་ལ་སོགས་པ་འགྲོ་བ་དྲུག་གི་བུ་མོ་འཁོར་དང་བཅས་པ་འཁོར་དུ་འདུས་པ་རྣམས་བྲོ་གླུ་ལ་དགའ་བས་སྟོན་པས་ཀྱང་གླུ་བྲོ་གར་གྱི་མཆོད་པ་དགྱེས་པ་ཆེན་པོ་ཕུལ་བའི་དུས་དེར། དེ་ཚེ་གླུ་བྲོ་གར་ཡང་དག་པའི་དམ་པའི་སྤྱོད་པ་ཡུལ་མ་ཡིན་ཡང་དམ་པ་གསང་སྟོན་པས་བུ་མོ་དག་སྤྱོད་པ་མཐུན་པས་གྲོལ་བར་བྱ་བའི་ཕྱིར་ཐུགས་རྗེའི་ཡུལ་གྱི་དབང་ཉིད་དུ་དགོངས་ནས། གང་ཚེ་སྲས་ཀྱི་ཚོགས་འདུས་པ་ཕལ་མོ་ཆེའི་འཁོར་རྣམས་ལ་བཀའ་སྩལ་པ་ནི། ཀྱེ་མ་འདུས་པ་ཆེན་པོའི་ཚོགས། །ང་ཡི་གདུང་རྒྱུད་རིགས་འབྱུང་གང་། །ཞེས་པ་ལ་སོགས་པ་སྐྱེས་བུ་བོས་ནས་འཁོར་འདུས་པ་ལ་གསུངས་པ། ངའི་རིགས་འཚོབ་པ་གདུང་རྒྱུད་རིགས་གང་ཡང་རུང་བ་དག་གིས། ལྷའི་རོལ་མོ་དང་། གླུ་དང་། བྲོ་དང་གར་དང་། སྙན་པ་དང་འཇོ་ཚུལ་དང་། སྒེག་པ་དང་། ལེགས་པའི་སྟབས་བྱས་པས་གདུལ་བྱའི་གང་གི་ཡིད་རང་དབང་མེད་པར་འཕྲོགས་འཇུག་པས་དྲང་བའི་ཐབས། གླུ་རྩ་བ་དྲུག་ལ་ཡན་ལག་བཅུ་བཅུ་ལ་དེ་རེ་རེ་ལ་དྲུག་དྲུག་སྟེ་སུམ་བརྒྱ་དང་། རྐང་ལག་གི་སྟབས་དང་གར་ཐབས་ཟད་པ་མེད་པས་འཇིག་རྟེན་པ་ཀུན་སྡུད་ཅིང་རྒྱལ་བ་རྣམས་མཉེས་པར་བྱེད་པས་དེ་དག་དང་ཆ་མཐུན་པའི་གླུ་བྲོ་གྱིས་ཤིག་ཅེས་སྟོན་པ་དམ་པ་འདིས་བཀའ་སྩལ་པས་དེ་གསུངས་པ། དེ་ནས་སྲས་ཀྱི་དེ་ཁོ་ན་མཆོག་ལང་ཀ་བློ་གྲོས་ཞེས་བྱ་བ་ཉིད་ཀྱིས་འདིར་གདུལ་བྱ་གང་དག་རྣམས་གླུ་བྲོས་གང་གིས་འདུལ་བར་ཤེས་ནས་འཇིག་རྟེན་དྲུག་གི་བུ་མོ་དང་བཅས་པ་དང་སྤྱོད་པ་མཐུན་པས་དྲང་བའི་སྦྱོར་ཕྱིར་ཆེད་དུ། གང་གི་གནས་ནས་མཐུན་གཡོས་ཏེ། །གར་མཆོག་གློག་ལྟར་འགྱུ་བ་ཡི། །དཔལ་ལྡན་ལག་པ་བྱེ་བ་ཡིས། །ཞེས་པ་དག་གང་གི་ལང་ཀ་ཉིད་ཀྱིས་གནས་ནས་འཇིག་རྟེན་པ་དང་སྤྱོད་པ་མཐུན་པ་ཀུན་ཏུ་སྣང་བར་བྱས་པས་ལུས་གཡོས་ཏེ། གར་མཆོག་མྱུར་བ་གློག་ལྟ་བུ་དང་བདག་གཞན་དཔལ་གཉིས་མངའ་བའི་ཕྱག་གཡས་གཡོན་བྱེ་བ་སྙེད་ཀྱིས་ནམ་མཁའི་ཁམས་བཀང་སྟེ། གོམ་སྟབས་དང་མཐུན་པས་གར་མཛད་ཅིང་། གླུ་བཤད་པའི་སུམ་བརྒྱ་འབྲུག་ལྟ་བུས་ནམ་མཁའ་བཀང་ནས་སྲིད་འབྲུག །མུ་མཐའ་མེད་པའི་འཇིག་རྟེན་དྲུག་གི་གནས་རིགས་གང་བས། འགྲོ་དྲུག་གི་ཡིད་འཕྲོག་ཅིང་བྱང་ཆུབ་ཆེན་པོར་འདྲེན་པར་མཛད་པའོ། །འོ་ན་གླུའི་ཚིག་ཉིད་ཇི་ལྟ་བུ་ཞེ་ན། ཐེག་ཆེན་རྨད་བྱུང་གསང་བའི་ཚིག །ཚིག་གཅིག་བསྒྱུར་བ་ཚིག་མཐའ་ཡས། །ཞེས་པ་དག་ཐེག་པ་ཆེན་པོ་སྔགས་ཀྱི་ཚིག་ལས་ཀྱང་སྒྲ་ཐ་དད་པ་བསྒྱུར་བས་ཚིག་མཐའ་ཡས་འབྱུང་ཞིང་། དེས་ཚིག་ལན་རབ་ཏུ་བྲལ་བའི་དོན་བརྗོད་པ་དང་བྲལ་བ་ཤིན་ཏུ་རྟོགས་དཀའ་བ་རྒྱལ་བའི་དགོངས་པའི་ཟབ་མོ་སངས་རྒྱས་སྤྱོད་ཡུལ་མཚོན་ཤིང་རྟོགས་པར་དཀའ་བའོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །ཞེས་པ་ལ་སོགས་པ་བཀའ་ཡི་ཚིག་གཅིག་ལས་མང་པོ་འབྱུང་ཞིང་། དོན་ཟབ་མོ་མཚོན་པ་ལ་ངམ་པའི་དོན་མཆོག་ཁྱད་པར་ཅན་གསང་སྔགས་ཀྱི་དོན་གསལ་བར་འབྱུང་ངོ་ཞེས་པའོ། །དེ་ཡང་མཛད་པ་ཆ་མཐུན་སྦྱོར་བ་སྤྱོད་པའི་ཁྱད་པར་ལས་འགྲོ་དྲུག་གི་གནས་སུ་མཐུན་པས་དོན་མཛད་པའི་སྐུ་གསུང་གི་རོལ་བ་སྤྲུལ་པ་འབྱུང་བ་དེས་འཁོར་བའི་ལས་དང་ཉོན་མོངས་པའི་ལམ་རྒྱུད་རྒྱུ་རྩ་བ་ནས་བཅད་པའི་ཆེད་དུ། འཇིག་རྟེན་དྲུག་གི་ངོ་བོ་བདེ་བར་གཤེགས་པའི་སྙིང་པོ་གསང་སྔགས་དམ་པ་ཉིད་ཀྱི་རང་བཞིན་ཅན་ལ། ཐུགས་རྗེ་ཆེན་པོའི་ཐབས་གླུ་བྲོ་གར་གྱི་སྤྲུལ་པ་ཤར་བས་རྒྱུད་དྲུག་གི་སྒོ་གསུམ་གྱི་དངོས་པོ་རིལ་སྦྱངས་བསྲེགས་པའོ། །སྤྱོད་ལ་མ་ཆགས་ཡེ་ཤེས་ཀྱིས། །ཆ་མཐུན་ཐབས་སུ་སྦྱོར་བའི་ཕྱིར། །ཞེས་པ་ལ་སོགས་པ་དེ་ལྟ་བུ་ཆ་མཐུན་སྤྱོད་པ་ཟིན་ཆགས་མེད་པའི་ཡེ་ཤེས་ཀྱི་མཛད་པས་འགྲོ་བ་དང་ཆ་མཐུན་པའི་སྤྱོད་པས་དྲང་བའི་ཆེད་དུ། འཇིག་རྟེན་པ་དོན་ཤེད་མ་བྱེ་བའི་སྤྱོད་པ་ཁོ་ན་ལྟར་གླུ་གར་གྱིས་འཇིག་རྟེན་གྱི་བུ་མོ་དྲུག་དང་སྦྱོར་ཞིང་འཆད་པའི་གོམས་སྟབས་དྲུག་གིས་འགྲོ་བ་དྲུག་བསྒྲལ་བ་དང་། འཆད་པའི་གླུ་དྲུག་གིས་གདུལ་བྱ་དྲུག་དྲང་བ་དང་། སོ་སོ་བསམ་སྐད་དང་མཐུན་པའི་ཚིག་དྲུག་གིས་གསང་སྔགས་ཀྱི་དོན་རྫོགས་པར་བྱེད་དོ། །དེ་དག་རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར། ལེ་ལོ་གཡེང་བའི་ས་གཞི་ལ། །བརྩོན་འགྲུས་མྱུར་མགྱོགས་ཅང་ཤེས་སྟབས། །ཞེས་པ་ལ་སོགས་པ་ལྷ་རྣམས་འདུལ་བ་ནི་ལྷ་རྣམས་འདུ་བྱེད་ཀྱི་ལེ་ལོ་གཡེང་ཅན་གྱི་ངོ་བོ་ནི་གླུ་བྲོའི་གཞི་སྟེ་ཡུལ་ལོ། །སྟབས་ནི་ལེ་ལོའི་གཉེན་པོ་ཤིན་ཏུ་བརྩོན་འགྲུས་ཆེ་བ་སྟེ་ཅང་ཤེས་རྟ་མཆོག་གི་སྟབས་མཛད་པའོ། །གླུ་ནི་ཚངས་པའི་དབྱངས་ཏེ་དུང་ངེ་བའོ། །ཚངས་པའི་དབྱངས་ཀྱིས་འདྲེན་ཚུལ་གྱིས། །སྲིད་པའི་བུ་མོ་དབང་དུ་སྡུད། །ཅེས་པ་གསུངས་པས་ལེ་ལོ་མེད་པར་འབྲས་བུ་དོན་གྲུབ་པའི་རྡོ་རྗེ་གསང་བའི་ཚིག་ལྷ་རྣམས་སྟོན་པ་སྟེ། ལམ་དབང་དུ་དོན་དྲུག་ལས་འཁོར་སྡུད་པའི་གསང་སྔགས་ཀྱི་ཚིག་སྟོན་པའོ། །ང་རྒྱལ་རི་བོའི་ས་གཞི་ལ། །དཔའ་བོ་ཚམ་ངམ་གྱད་ཀྱི་སྟབས། །ཞེས་པ་ལ་སོགས་པ་ཡུལ་ལྷ་མིན་ང་རྒྱལ་གྱི་རི་བོའི་བྲོ་གཞི་ལ། ཁྲོ་གཏུམ་ང་རྒྱལ་འཇོམས་པའི་གཉེན་པོ་དཔའ་བོ་ཚམས་རྔམ་རྩལ་ཚད་འགྲན་ཟླ་མེད་པ་གྱད་ཀྱི་འདོར་ཐབས་ཀྱིས། རོལ་མོའི་སིལ་སྙན་འབུམ་ནི་སྙན་པའི་གླུ་ལྷ་མ་ཡིན་གྱི་ཡིད་འཕྲོག་པའི་གླུ་སྟེ་བྲེང་ངེ་བའོ། །ཚིག་ནི་ང་རྒྱལ་ཞི་བ་ཆེན་པོར་གནས་གྱུར་པས་ཅིར་ཡང་མི་རྟོག་ནམ་མཁའ་ལྟ་བུར་སྟོན་པའོ། །མཁུར་བ་དབུགས་ཀྱིས་རླུང་འབྱིན་པས། །སྤྲུལ་པའི་ཆོ་འཕྲུལ་སྣ་ཚོགས་འགྱེད། །ཅེས་པའི་དོན་རྫོགས་པའོ། །ཀུན་ནས་འདུས་པའི་ས་གཞི་ལ། །ཞེས་པ་ལ་སོགས་པ་མི་རྣམས་ཉོན་མོངས་པ་ཀུན་ཆ་མཉམ་པར་ཡོད་པས་བདག་གཞན་དུ་འཛིན་པ་བྲོ་གཞིའི་ཡུལ་ལ། ཉོན་མོངས་པ་ལྔའི་གཉེན་པོ་གླང་པོ་རིགས་ལྔའི་སྟབས་འགྱིང་བགས་ཅན་གྱིས། གླུ་དང་གར་གྱིས་མིའི་ཡིད་འཕྲོག་པས་པང་ཀ་དེའུའི་གླུའོ། །དེས་མིའི་བདག་གཞན་དུ་འཛིན་པའི་ཉོན་མོངས་དགྲོལ་བའི་ཚིག་སྟོན་པའོ། །དྲག་ཅིང་འབྲུག་ལྟར་སྒྲ་སྒྲོགས་པས། །དྲག་པོ་གཏུམ་པོའང་ལྷན་ནེར་གྱུར། །ཞེས་པའི་དོན་རྫོགས་པའོ། །གཏི་མུག་འདུལ་པའི་ས་གཞི་ལ། །སེང་གེ་རྔམ་པས་རོལ་པའི་སྟབས། །ཞེས་པ་བྱོལ་སོང་མ་རིག་པས་ནོན་པའི་བྲོ་གཞི་ནི་ཡུལ་ལ། དེ་འདུལ་བའི་གཉེན་པོར་སེང་གེ་ཡི་དམ་བརྟན་ལྟ་བུའི་སྟབས་འགྱིང་ཞིང་ཟིལ་གྱིས་གནོན་པའི་སྟབས་སོ། །བྱ་ཀ་ལ་པིང་ཀའི་སྒྲ་ཡིས་བྱོལ་སོང་གི་ཡིད་འཕྲོག་པ་ཅང་ཀ་དེའུའི་གླུའོ། །གཏི་མུག་ཡེ་ནས་ཡེ་ཤེས་གསལ་བའི་གསང་ཚིག་སྟོན་པའོ། །སྔགས་ཀྱི་ཡི་གེ་སྒྲ་སྒྲོགས་པས། །འབར་བའི་དཀྱིལ་འཁོར་མེ་ལྟར་མཆེད། །ཅེས་པའི་དོན་རྫོགས་པའོ། །ཆགས་པས་འདུལ་བའི་ས་གཞི་ལ། །ཞེས་པ་དག་ཡི་དྭགས་འདོད་ཆགས་ཀྱིས་སེམས་བསྡུས་པའི་གླུ་བྲོའི་གཞི་ཡུལ་ལ། གཉེན་པོ་རྡོ་རྗེ་ཁྱུང་ཆེན་ལྡིངས་པ་ལྟ་བུའི་སྟབས་བྱས་ཤིང་། འབྲུག་སྒྲ་ལྟ་བུའི་སྒྲས་ཡི་དྭགས་ཡིད་འཕྲོགས་པས་གྷར་དྷ་བའི་གླུ་བླངས་པའོ། །ལྟོགས་དབུལ་སེལ་བའི་ཡིད་བཞིན་ནོར་བུ་འབར་བའི་ཡོན་ཏན་ལྟ་བུའི་གསང་བའི་ཚིག་བསྟན་པའོ། །མཁུན་ཞིང་གདུང་བའི་སྒྲ་འབྱིན་པས། །གདུག་བྱེད་ཐམས་ཅད་ཐལ་བར་རློགས། །ཞེས་པའི་དོན་རྫོགས་པའོ། །ཞེ་སྡང་འདུས་པའི་ས་གཞི་ལ། །ཞེས་པ་ལ་སོགས་པ་དམྱལ་བ་ཞེ་སྡང་རྫོགས་པའི་བྲོ་གཞི་ལ། ཞེ་སྡང་གི་གཉེན་པོ་ཐུགས་རྗེ་ཁྲོ་བོ་མ་རངས་ཁྲོས་པའི་སྟབས་བྱས་ཤིང་། སྲིན་པོ་མ་རངས་ཁྲོས་པའི་གླུ་ཤ་ཏ་པ་བླང་བས། རྡོ་རྗེ་ཐེག་པའི་ཡེ་ཤེས་ཀྱི་རླུང་དང་སྐར་མདས་ཞེ་སྡང་འཇོམས་ཤིང་འཁོར་བ་ཚ་གྲང་ཡང་སེལ་བའི་ཚིག་བརྗོད་པའོ། །དེས། རྡོ་རྗེ་སྲིན་པོའི་ངུར་སྒྲ་ཡིས། །གདུག་པ་ཐམས་ཅད་སྤ་ཡང་བཀོད། །ཞེས་པའི་དོན་རྫོགས་པའོ། །བྲོ་སྟབས་ཀྱིས་དོན་ཅི་གྲུབ་སྙམ་པ་ལ། རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །ཡེ་ཤེས་འབར་བའི་མེ་བྱུང་བས། །ཁམས་གསུམ་འཁོར་བའི་བུད་ཤིང་བསྲེག །ཅེས་པ་ལ་སོགས་པ་སྒྲ་ཇི་བཞིན་ཏེ་ཐུགས་རྗེས་དོན་གྲུབ་པའོ། །དེ་དག་ནི་ལོ་རྒྱུས་བརྗོད་པས་རྒྱལ་བའི་མཛད་པ་སྟེ་རྗེས་སུ་འཇུག་པའང་མཐུན་ནོ། །ལང་ཀའི་བདག་པོ་འདི་དག་ནི། །ཞེས་པ་དག་ཆ་མཐུན་སྦྱོར་བའི་ལུང་གི་ངོ་བོར་བསྟན་པའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །ཐབས་འཛུད་བསྲེ་བའི་བརྟུལ་ཞུགས་ནི། །ཞེས་པ་དག་སྐྱེས་བུས་བོས་ནས་ཐབས་ཀྱི་ཐེག་པ་ཆེན་པོ་ལ་གཟུད་པའི་མཛད་པས་མི་མཐུན་པ་བརྟུལ་ཞིང་དོན་ཆེན་པོ་ལ་ཞུགས་པའི་ཕྱིར་མིང་འགྲུབ་བོ། །དེའི་དོན་རྒྱས་པར་འཆད་པ་ནི། འཇིག་རྟེན་ན་ལོག་སྲེད་ཅན་རྣམས་ཀྱི་སྤྱོད་པ་ཇི་ལྟ་བ་དེ་དང་མཐུན་པ་འདིར་ཡང་སྤྱད་པའོ། །ཝ་དང་ཅང་ཤེས་གྱི་ལིང་དང་། །ཤིན་ཏུ་གླང་ཆེན་མྱོས་འདྲ་བ། །ཞེས་པ་བརྟུལ་ཞུགས་སྤྱོད་པའི་དམ་ཚིག་བཅུ་གཉིས་གསུམ་ནི། ཐོག་མ་ཝའི་བརྟུལ་ཞུགས་ནི་སྲོག་ལ་བབ་ན་རང་གི་ལག་པའང་བཅད་དེ་འབྲོས་པ་སྟེ། དེ་བཞིན་རྣལ་འབྱོར་མཆོག་གི་བླ་མ་མཆེད་ཀྱི་ནང་དུ་སྲོག་ལ་བབ་ཀྱང་མི་འདའ་བར་བསྲུང་ཞིང་སྐྱོན་སྤང་བའོ། །འོ་ན་དེ་བཤད་པའི་ལོག་སྲེད་ཅན་གྱི་སྤྱོད་པར་འགྱུར་རམ་ཞེ་ན། མུ་སྟེགས་པ་དག་ནི་ཝ་དང་ཅང་ཤེས་ལ་སོགས་པ་ལས་མཐོ་རིས་སུ་འགྲོ་བ་མངོན་པར་ཤེས་པས་མཐོང་ནས་རྒྱུ་མ་ཤེས་པ་དེ་དག་གི་སྤྱོད་པའི་དངོས་པོར་གྱུར་སྙམ་ནས་སེམས་ཅན་དེ་དག་གི་སྤྱོད་པ་ཅི་འདྲ་བར་སྤྱོད་པའི་ལོག་པའི་བརྟུལ་ཞུགས་ཅན་དག་སྟེ། འདིར་རྣལ་འབྱོར་ཆེན་པོ་བས་ཀྱང་བསྲུང་བའི་དཔེར་ཡང་འགྱུར་ལ། སྤྱོད་པ་དངོས་མཐུན་པར་སྤྱད་པས་དྲང་བའང་ཡིན་ཏེ་ཀུན་ལའང་སྦྱར་རོ། །ཅང་ཤེས་གྱི་ལིང་ནི་རྫུ་འཕྲུལ་མྱུར་མགྱོགས་ཀྱི་བརྟུལ་ཞུགས་ལྟར་དམ་ཚིག་བསྲུང་མཚམས་ཤེས་པས་ཐོགས་པ་མེད་པར་མཐར་ཕྱིན་པར་བསྲུང་ཞིང་ཤེས་བྱ་ཀུན་ལ་ཞུགས་ཏེ། གང་ཡང་སྐད་ཅིག་གིས་འགྲུབ་པར་བྱ་བ་དང་། ལུས་ཀྱི་རྩལ་གྱི་བྱ་བའང་གྱི་ལིང་བརྟུལ་ཞུགས་ཆེན་པོ་བྱ་བ་དང་། གླང་པོ་ཆེ་རྒུན་ཆང་གིས་མྱོས་པས་ཕ་རོལ་གྱི་དཔུང་འཇོམས་པའི་བརྟུལ་ཞུགས་ལྟར་བླང་དོར་མེད་པས། གདུག་པ་དང་གདུལ་བྱ་རིལ་འདུལ་ཞིང་ཚར་གཅད་པ་དང་། དཔའ་བརྟུལ་ཟ་བྱེད་གཏུམ་རྔམ་འཁྲུག །མཁའ་ལྡིང་ཁྱུང་ཆེན་གང་མི་ལྟ། །ཞེས་པ་སྟག་གི་བརྟུལ་ཞུགས་ནི་དཔའ་ཞིང་རྔམ་པའམ། ཁྱུང་གི་བརྟུལ་ཞུགས་ནི་ནམ་འཕང་རླབས་སུ་གཅོད་ཅིང་། ཐམས་ཅད་ལ་མ་བལྟས་པར་གསལ་བའམ། རྣལ་འབྱོར་མཆོག་གི་སྤྱོད་པའི་བརྟུལ་ཞུགས་དང་། ལྟ་བའི་བརྟུལ་ཞུགས་ཀྱང་རྗེས་སུ་མཐུན་ནོ། །གཏུམ་ཐུང་སྡོང་ཆེན་འཇིགས་འབྲིལ་བ། །གང་ཐུབ་མི་ལྡོག་རྒྱ་མཚོ་གསེར། །མུན་ལྟར་ལྐུགས་པའི་བློ་ཚུལ་ལྡན། །ཞེས་པ་དོམ་གྱི་བརྟུལ་ཞུགས་ནི་ཞེ་སྡང་ཆེན་པོས་ཁྲོ་ཞིང་ཐུང་བས་རྨིས་ནས་ཕ་རོལ་ཚར་གཅོད་པ་དང་། གསེར་གྱི་གང་བུ་རྒྱ་མཚོར་ལྟུང་ན་སླར་མི་ལྡོག་པ་དང་། ཕག་པའི་བརྟུལ་ཞུགས་ནི་གཏི་མུག་ཆེ་བས་བླུན་ཞིང་ལས་གདོང་ཚུགས་སུ་བྱེད་པའོ། །རྣལ་འབྱོར་ཆེན་པོའི་ཁྲོ་བོས་རེ་བ་མེད་པའི་བརྟུལ་ཞུགས་དང་། དོན་ཆེན་པོ་ལས་མི་ལྡོག་ཅིང་ག སང་ཐུབ་པའི་བརྟུལ་ཞུགས་དང་། གང་ལའང་རིས་སུ་མི་འབྱེད་པས་མཐར་ཕྱིན་པའི་བརྟུལ་ཞུགས་ཀྱང་དེ་བཞིན་ནོ། །ལྷུན་པོ་མི་འགྱུར་བརྟན་པ་ཆེ། །མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །ཞེས་པ་རི་བོ་མཆོག་རབ་ཀྱི་བརྟུལ་ཞུགས་ནི་བརྟན་ཞིང་མི་འགྱུར་བའོ། །ནམ་མཁའི་བརྟུལ་ཞུགས་ནི་ཡངས་དོགས་དང་བྲལ་བའོ། །རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་རྒོད་འཕྱར་གྱི་དབང་དུ་མི་འགྱུར་བའི་བརྟུལ་ཞུགས་དང་། གང་ལའང་སྤང་ལེན་རྣམ་རྟོག་མེད་པར་སྤྱོད་པའི་བརྟུལ་ཞུགས་སོ། །གནམ་ལྕགས་ལྕེ་ཡི་དྲག་ཤུལ་ཅན། །དྲག་ཤུལ་ཆེན་པོའི་བརྟུལ་ཞུགས་ཅན། །ཞེས་པ་གནམ་ལྕགས་ཀྱི་ལྕེ་འབབ་པས་དྲག་ཅིང་འཇོམས་པའི་བརྟུལ་ཞུགས་དང་། དཔལ་ཕྱག་ན་རྡོ་རྗེས་གདུལ་དཀའ་འདུལ་བའི་བརྟུལ་ཞུགས་སོ། །དེ་བཞིན་རྣལ་འབྱོར་པས་ཁྲོ་བོའི་བཟླས་པ་དྲག་པོ་བརྟུལ་ཞུགས་ཕྲིན་ལས་དྲག་པོའི་མཐུ་སྟོབས་ཀྱིས་བརྟུལ་ཞུགས་སྤྱོད་དོ། །ཁུ་འཕྲིག་ལྟ་བུའི་ཟོན་ཅན་བློ། །ངེས་པའི་ང་རྒྱལ་གླང་ཆེན་བསྟུན། །ཞེས་པ་ཁྭ་བྱ་རོག་གི་བརྟུལ་ཞུགས་ཟོན་ཆེ་ཞིང་ཁུ་འཕྲིག་དང་ལྡན་པ་དང་། གླང་པོ་ཆེའི་བརྟུལ་ཞུགས་ནི་རབ་དང་ལས་ཀླུང་མི་ལྟ་བའོ། །དེ་ལྟར་རྣལ་འབྱོར་བས་ཅི་ལའང་ཁུ་འཕྲིག་དང་བག་ཟོན་གྱི་བརྟུལ་ཞུགས་བྱ་བ་དང་། ཡིན་པའི་དོན་ལ་ངེས་པའི་སྲན་ཚུགས་པས་ཅི་ལའང་མི་ལྟ་བའི་བརྟུལ་ཞུགས་སོ། །ཟླ་མེད་སེང་གེ་གཅིག་བརྗིད་པ། །རེག་འབྱམས་བྱ་ལྟར་ཆགས་འགྲོགས་པ། །ཞེས་པ་སེང་གེའི་བརྟུལ་ཞུགས་ནི་ཟླ་སྤངས་ཏེ་གཅིག་པུ་གནས་པའོ། །བྱ་རེག་འབྱམས་ཀྱི་བརྟུལ་ཞུགས་ནི། གཤོག་པས་མཚོན་གྱིས་མི་ཚུགས་ཤིང་ཁྱོ་ཤུག་ཤིན་ཏུ་ཆགས་པས་མི་འབྲལ་བའོ། །དེ་ལྟར་རྣལ་འབྱོར་པས་དགོན་པར་གྲོགས་ངན་སྤངས་ཏེ་གཅིག་པུ་གནས་ཏེ་དོན་ཆེན་པོ་འགྲུབ་པའི་བརྟུལ་ཞུགས་དང་། བླ་མ་མཆེད་དང་དབྱེན་གྱིས་མི་ཚུགས་པར་བརྩེ་གདུང་གིས་འགྲོགས་བདེ་བའི་བརྟུལ་ཞུགས་སོ། །སྒྱུ་མ་སྒྱུ་མའི་ཚུལ་འདྲིད་པ། །གང་ལ་རྟོག་མེད་ཀུན་སྤྱོད་ཉིད། །ཐོགས་མེད་འགྱུར་སྤྱོད་ཟ་བྱེད་ཁྲ། །ཡུད་ལྟར་མྱུར་མགྱོགས་གློག་ལྟར་འགྱུ། །གང་གིས་གང་བསྲུང་ནམ་མཁའ་ལྡིང་། །ས་ཐུབ་བག་ལེན་རྒྱལ་འཁོར་སྐྱོང་། །ཞེས་པ་སྒྱུ་མའི་མཁན་པོའི་བརྟུལ་ཞུགས་སྒྱུ་མས་བསླུ་ཞིང་འདྲིད་པ་དང་། ཁྱི་ཡིས་ཟས་ལ་གཙང་སྨེ་མེད་པར་བཟའ་བའི་བརྟུལ་ཞུགས་དང་། ཅེ་སྤྱང་གིས་ཐོགས་པ་མེད་པར་གསོད་ཅིང་ཟ་བའི་བརྟུལ་ཞུགས་དང་། གློག་གིས་མྱུར་ཞིང་མགྱོགས་པའི་བརྟུལ་ཞུགས་དང་། བྱ་རྒོད་ནི་སྲོག་མི་གཅོད་པའི་སྡོམ་པ་བསྲུངས་ཤིང་གཞན་གྱི་གོད་ལ་འབྲང་བའི་བརྟུལ་ཞུགས་དང་། ས་བདག་གིས་རྒྱལ་པོ་གདན་ཐུབ་ཅིང་དགོངས་པའི་ཉམས་བག་ཆེ་བས་འཁོར་སྐྱོང་བའི་བརྟུལ་ཞུགས་སོ། །དེ་ལྟར་རྣལ་འབྱོར་ཆེན་པོ་བས་སྐུ་ཕྱག་རྒྱ་སྒྱུ་མའི་དཀྱིལ་འཁོར་བསྒོམས་ནས་དེ་ལའང་མི་གནས་པར་ཐབས་མཁས་པས་དོན་བྱེད་པའི་བརྟུལ་ཞུགས་དང་། ཁ་ཟས་བླང་དོར་མེད་པའི་བརྟུལ་ཞུགས་དང་། ཞིང་བཅུ་ལ་སོགས་པ་སྐད་ཅིག་ལ་སྒྲོལ་ཞིང་ཞལ་དུ་གསོལ་བའི་བརྟུལ་ཞུགས་དང་། ཐུགས་རྗེ་ཆེན་པོས་ཡུད་ལ་དོན་མཛད་པའི་བརྟུལ་ཞུགས་དང་། རྣལ་འབྱོར་པས་བླ་མ་མཆེད་ཀྱི་དཀོར་ལ་འཛེམ་ཞིང་གདུལ་བྱར་གྱུར་པའི་རྫས་མ་བྱིན་པར་བླངས་པའི་བརྟུལ་ཞུགས་དང་། རྣལ་འབྱོར་པས་དགོངས་པ་མཉམ་པའི་གཞི་ལས་མ་གཡོས་པར་གསལ་ཞིང་རིག་པས་གདུལ་བྱ་རྣམས་ཐབས་ཀྱིས་འདྲེན་ཞིང་སྐྱོང་བའོ། །རྣལ་འབྱོར་པ་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །ཞེས་པ་དེ་དག་གྲངས་ནི་རྩ་གསུམ་སྟེ། འདིར་བཤད་པ་ཉི་ཤུ་གཉིས་དང་། རྩ་བའི་རྒྱུད་ལས། བླང་དོར་མི་འབྲལ་ཁོན་ཆེན་བདག །ཅེས་གསུངས་པས་ཉི་མའི་བརྟུལ་ཞུགས་ནི་བླང་དོར་མེད་པའི་ལས་དང་མི་འབྲལ་བ་ཁོན་ཆེན་མུན་པ་འཇོམས་པའི་བརྟུལ་ཞུགས་ལྟར། རྣལ་འབྱོར་མཆོག་གིས་ཅི་ལའང་རྣམ་རྟོག་མེད་པའི་ཡེ་ཤེས་མངའ་བས་མ་རིག་པ་འཇོམས་པའོ། །དེས་ན་གྲངས་ངེས་པའོ། །གང་འདིར་ཉམས་སུ་ལེན་བྱེད་པ། །རྣལ་འབྱོར་གསང་བའི་ཐབས་མཆོག་སྟེ། །གང་ལ་འཛུད་པས་བསྲེ་བ་ཡི། །ཚུལ་གྱིས་ཐམས་ཅད་གཅིག་སྤྱོད་པའོ། །ཞེས་པ་རྣལ་འབྱོར་སུ་ཞིག་གིས་དེ་དག་སྒོ་འདིར་དང་དུ་ལེན་ཅིང་སྤྱོད་པ་པ་དེ་དག་རྣལ་འབྱོར་ཆེན་པོས་གདུལ་བྱ་དྲང་བའི་ཐབས་ཀྱི་ཕུལ་ཏེ། དེས་ཐེག་པ་ཆེན་པོ་ལ་ཞུགས་ཤིང་ཐེག་པ་མཆོག་ཉིད་ལ་བདག་དང་སྤྱོད་པ་གཅིག་པར་བྱེད་པའི་ཚུལ་གྱིས་གདུལ་བྱ་ཀུན་དང་བདག་དབྱེར་མེད་པར་བྱ་བའི་ཕྱིར་སྤྱོད་པའོ། །སྤྱིར་ན་དཀའ་ཐུབ་དང་བརྟུལ་ཞུགས་ནི་དཀའ་ཐུབ་དམ་ཚིག་ཏུ་འགྱུར་ཞིང་སྤྱོད་པར་ཡང་སྟོན་ཏོ། །བརྟུལ་ཞུགས་སྤྱོད་པ་ཁོ་ནར་འཆད་དེ། འདིར་ཡང་གདུལ་བྱའི་དབང་གིས་སྤྱོད་པར་རིགས་སོ། །བརྟུལ་ཞུགས་ཀྱི་དཔེ་དག་ནི་ལོག་སྲེད་ཅན་ཡིན་ནོ་ཞེ་ན། དེ་དག་ལོག་པ་ལ་སྣང་བ་ཡིན་ཀྱང་ལོག་སྲེད་ཅན་དུ་མི་འགྱུར་བའི་ཕྱིར། མུ་སྟེགས་ཅན་ཁོ་ནར་ངེས་པར་དེ་དག་གི་སྒོ་ནས་ཐབས་ཀྱིས་གཟུད་པ་ལ་ཐེ་ཚོམ་མེད་དོ། །ལང་ཀའི་བདག་པོ་གཞན་ཡང་གང་། །མཐུན་པས་འཇུག་པར་སྤྱོད་པ་ནི། །དེ་ཉིད་དེ་ལྟར་དེ་བཞིན་ཏེ། །གང་དང་འདྲ་ཚུལ་གང་ཡིན་པའོ། །ཅེས་པ་སྡུད་པ་ལ་བོས་ནས་མཐུན་འཇུག་སྤྱོད་པའི་ལུང་འཆད་པ་ནི། གདུལ་བྱ་གང་ཡང་རུང་བ་ཉིད་ཀྱི་སྤྱོད་པ་ལྟར་བདག་ཀྱང་སྤྱོད་དེ། འཇིག་རྟེན་པའི་སྤྱོད་པ་ཇི་ལྟ་བའི་ཚུལ་དུ་མཐུན་པར་སྤྱོད་པ་གང་ཡིན་པའོ། །དེ་དག་གི་ཚུལ་ཉིད་ཇི་ལྟར་སྤྱོད་སྙམ་པ་ལ། འདོད་ལ་ཆགས་པས་ཕོ་མོར་གྱུར་པ་ལའང་། །ཕོ་མོ་འདོད་པས་ཕོ་མོར་སྣང་བ་གང་ཡིན་པ། །ཕོ་མོ་མེད་ལ་ཕོ་མོར་སྣང་བ་མཐུན་འཇུག་སྤྱོད། །ཅེས་པ་ལ་སོགས་པ་འགྲོ་བའི་ལས་འདོད་ཆགས་ཀྱི་རྒྱུ་རྐྱེན་གྱིས་ཕོ་མོའི་ལུས་སུ་སྨིན་པས་ཕོ་མོའི་འདོད་ཆགས་ལ་ཞེན་པ་དག་ལ། འདུལ་བྱེད་ཀྱང་ལྷ་ཡབ་ཡུམ་ལ་སོགས་པའི་ཕོ་མོར་སྣང་བ་ནི། སེམས་འོད་གསལ་བ་ཇི་ལྟ་བའི་ངང་ལ་ཕོ་མོ་མ་དམིགས་ཀྱང་། བྱིན་རླབས་ཡབ་ཡུམ་གྱི་དཀྱིལ་འཁོར་ལ་སོགས་པར་ཤར་བས་འདོད་ཆགས་ཅན་དང་མཐུན་པས་འདུལ་ཞིང་དོན་མཛད་པའོ། །དེ་བཞིན་དུ་རྒྱུ་འདོད་ཆགས་ཀྱིས་ཞེ་སྡང་བསྐྱེད་དེ། ལས་ཀྱི་ཁྲོ་བོར་སྣང་བ་ལས་ཐུགས་རྗེའི་ཁྲོ་བོའི་སྐུར་སྣང་བ་ཡང་མཉམ་པ་ཆེན་པོ་ཁྲོ་བོར་བརྒྱུད་པ་མེད་པའི་བྱིན་གྱིས་བརླབས་ཀྱིས་ཁྲོ་བོར་སྣང་ནས་དོན་མཛད་དེ། ལས་ཀྱི་ཀེའུ་སེང་ལ་ཡེ་ཤེས་ཀྱི་ཀེའུ་སེང་གིས་དོན་མཛད་པ་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་རྒྱུ་ཆགས་པ་མ་རིག་པས་ནོན་པ་དག་ལ། གཏི་མུག་ཆེན་པོའི་འབྱེད་པ་མེད་པས་དོན་མཛད་དོ། །ཇི་ལྟར་གང་ལྟར་དེ་བཞིན་དུ། །དེ་ལ་སོགས་པ་མཐའ་ཡས་པར། །ཞེས་པ་དག་གདུལ་བྱ་ཇི་ལྟ་བའི་སྤྱོད་པ་དང་གང་ལྟར་སྤྱོད་པ་བཞིན་དུ་སྤྱད་ཅིང་དོན་མཛད་པའོ། །དུག་གསུམ་འདུལ་བ་དེ་དག་དང་དངོས་པོ་གཞན་བསྡུ་བའི་སྒྲས། འགྲོ་བའི་ཉོན་མོངས་པའི་སྤྱོད་པ་རྡུལ་སྙེད་པའི་གནས་རིལ་དུ་སྤྱོད་པ་ཇི་སྙེད་པ་རིལ་དང་མཐུན་པར་བྱིན་བརླབས་སྣང་བའི་མཐུན་འཇུག་གིས་དོན་མཛད་པའོ། །ལང་ཀའི་བདག་པོ་དེ་དག་ནི་མཐུན་པར་འཇུག་པར་བྱའོ་ནས་བྱ་བའི་སྒྲ་བཞིན་ཏེ། རྗེས་སུ་འཇུག་པ་མཐུན་ནོ། །དེ་སྐད་ཅེས་པས། ཞེས་པ་དག་འཁོར་རྣམས་ཀྱིས་ངེས་པ་རྙེད་པ་སྟེ་སྒྲ་བཞིན་ནོ། །སྒྱུ་མ་རོལ་པས་རྣམ་པར་གྲོལ་བའི་ལེའུ་ཞེས་པ། སྒྱུ་མ་ལྟ་བུའི་མཛད་པ་གསུམ་གྱིས་མཚན་མ་ཅན་དང་ལོག་སྲེད་ཅན་དང་ཉོན་མོངས་པ་ཅན་གྱི་གདུལ་བྱ་གསུམ་ཐར་པར་མཛད་པ་སྟེ་ལེའུའི་མཚན་ནོ། །དྲུག་ཅུ་བཞི་པ་འགྲེལ་བའོ།། །།དེ་ནས་ལང་ཀའི་བདག་པོས་གསང་བའི་བདག་པོ་ལ་དྲི་བ་ཡོངས་སུ་དྲིས་པ། ཞེས་པ་ལ་སོགས་པ་རྣམ་གྲངས་དགུ་པ་བསྟན་མ་ཐག་པར་རྣམ་གྲངས་བཅུ་བ་དྲི་བ་དྲིས་པ་སྒྲ་བཞིན་ནོ། །གསང་བའི་བདག་པོས་སྨྲས་པ། ཞེས་པ་ལ་སོགས་པ་སྐྱེས་བུས་ལན་གསུངས་པ། བསོད་ནམས་ཁམས་གསུམ་གྱི་འགྲོ་བ་གནད་གཅོང་ཆེན་པོ་ཅན་རྣམས་གསོ་བར་བྱ་བ་ལ་སོགས་པ་བཅུ་གསུངས་པ་ནི་གྲངས་ཀྱི་རྩ་བ་སྟེ་སྒྲ་ཇི་བཞིན་ནོ། །ལང་ཀའི་བདག་པོ་དེ་ལ་གྲོང་ཁྱེར་གསུམ་ནི་མི་སྣང་བའི་གྲོང་ཁྱེར་དག་དང་། ཞེས་པ་དག་བོས་ནས་དང་པོ་བསྟན་པ འི་གཟུགས་མེད་པ་དང་། གཟུགས་དང་། འདོད་ཁམས་ཀྱི་འགྲོ་བ་དག་ནང་གི་ཉོན་མོངས་པའི་ནད་ཀྱིས་གཟིར་བ་དག་གོ། །ནད་ཀྱི་གཞི་རྩ་ནི་མུན་པ་ཆེན་པོ་ཞེས་པ་དང་པོ་ནད་ཀྱི་རྩ་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་མུན་པ་ཆེན་པོ་འབྱུང་ལས་སྣང་བའི་གཟུང་འཛིན་གྱི་ཉོན་མོངས་ཟུག་རྔུ་པའོ། །ནད་སྦྱངས་པའི་ཐབས་ནི་སྨན་དང་སྨན་པར་སྦྱོར་བའོ། །ཞེས་པ་དམ་པའི་ཆོས་སྨན་དང་བླ་མ་སྨན་པར་མན་ངག་ཅན་གྱིས་བསྟན་པ་བློ་ལ་སྦྱོར་འཇོག་པའོ། །སྨན་པ་དམ་པ་ནི་ཞེས་པ། བླ་མཆོག་གསེར་ལ་ནག་མཚུར་གཏོང་བ་ལྟ་བུ་ཁུངས་ཀྱི་དབང་དང་མན་ངག་ཐོབ་ཅིང་དགོངས་པ་གསལ་བ་ཏེ་འཆད་པའི་མཚན་ཉིད་རྣམས་དང་ལྡན་པའོ། །གཉེན་པོ་དམ་པའི་སྨན་ནི་ཞི་གནས་དང་ལྷག་མཐོང་ངོ་། །ཞེས་པ་ནད་ཀྱི་གཉེན་པོ་སྨན་ནི་ཤེས་རབ་དང་ཏིང་ངེ་འཛིན་ནོ། །སྨན་སྦྱར་བ་ནི་དེ་དག་ཉིད་དུ་སྦྱོར་བའོ། །ཞེས་པ་ལྟ་བས་རྟོགས་པའི་དོན་ཏེ་ངོ་འཛིན་གྱིས་ཉམས་སུ་བླངས་ཏེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་བྱེད་པའོ། །སྨན་གྱིས་ལམ་བསྲུང་བ་ནི་དེ་བཞིན་ཉིད་ལས་མི་འདའ་བའོ། །ཞེས་པ་ཅི་སྤྱོད་མཉམ་པའི་དོན་དང་མ་བྲལ་བར་སྤྱོད་པ་ཉིད་དུ་བསྟན་པའོ། །ནད་པའི་ཚོགས་དང་མི་འབྲལ་བ་ནི་འཁོར་ལས་མི་སྐྱོ་བའོ། །ཞེས་པ་འཁོར་བ་སྒྱུ་མའི་རང་བཞིན་དུ་རྟོགས་པས་བསྐལ་པ་རྒྱ་མཚོར་འགྲོ་དོན་མཛད་པ་ལ་སྐྱོ་བ་མེད་ཅིང་དུབ་པའང་མི་མངའ་བའོ། །ནད་ཀྱི་རྒྱུན་གཅད་པར་བྱ་བ་ནི། ཞེས་པ་དངོས་པོ་རིལ་རང་རིག་པ་དེ་ཁོ་ན་ཉིད་འོད་གསལ་བར་མཇལ་བའི་གདེང་དང་ལྡན་པའོ། །ནད་ཀྱི་གཉེན་པོར་གྱུར་པ་ནི། །འཁོར་བ་ཡོངས་སུ་སྒྲོལ་བའོ། །ཞེས་པ་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་ཉིད་ལ་བྱའོ། །དེ་དག་སྐྱེས་བུས་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ་དེ་ཡང་གང་། །ཁོ་བོས་མཐོང་ཐོས་སྐབས་གཅིག་ན། །ཞེས་པ་ལ་སོགས་པ་བོས་ནས་རྣམ་གྲངས་བཅུ་པའི་དོན་སྔོན་གསང་བདག་ཉིད་ཀྱིས་ཐོས་པའི་ལོ་རྒྱུས་བརྗོད་པ་ནི། གསང་བའི་བདག་པོ་ཉིད་ཀྱིས་སྔོན་མ་ནོར་བར་ཐོས་པའི་དུས་དེའི་སྐབས་ཚེ། སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་སྟོན་པ་རྡོ་རྗེ་སེམས་དཔས། དམ་པ་དེས་རུ་དྲ་དུར་ཁྲོད་བདག་པོ་བཏུལ་བའི་དུས་ཉིད་ན་འཇིག་རྟེན་སོ་སོའི་གཙོ་བོ་ཀུན་སྤྱན་སྔར་རང་དབང་མེད་པར་བསྡུས་ནས་རིགས་ངེས་པའི་སྲས་ཀྱི་ཚོགས་སུ་བཀོད་པའི་འཁོར་དམན་པའི་ལུས་ཅན་འདུས་པ་ཕལ་མོ་ཆེའི་ཚོགས་དག་འཁོར་དུ་འདུས་པས། ཐུགས་རྗེ་ཆེན་པོའི་མཛད་པ་རླབས་པོ་ཆེའི་ཞོར་ལ་འཁོར་དུ་འདུས་པར་གྱུར་པ་ལྟ་སྤྱོད་ལོག་པའི་རུ་དྲའི་སྡེ་པ་བཏུལ་ཟིན་པའི་རུ་ཏྲ་དྲག་དྲེགས་པ་འཁོར་བཅས་བཏུལ་བའི་ཞོར་ལ་དབང་དུ་འདུས་པར་གྱུར་པའོ། །གཙོ་བོ་རུ་དྲ་ཉིད་གསང་སྔགས་ལ་སྤྱོད་པའི་མིང་ནི་སྒོ་གསུམ་དྲག་པས། སྨན་གྱིས་ལོག་པའི་སྡེ་པ་དྲང་སྲོང་ནག་པོ་ཀཱ་ལ་ཞེས་བྱ་བ་དེས། སྤྱན་སྔར་གུས་པས་གང་དེར་འདུན་པས་སྨན་གྱི་དོན་གསོལ་བཏབ་པ་ནི། ཆེ་མཆོག་སྨན་གྱི་རྒྱལ་པོ་ཁྱོད། །དུག་འཇོམས་སྨན་གྱི་དཀྱིལ་འཁོར་འཛིན། །ཅེས་པ་དག་སྟོན་པ་ལ་དྲང་སྲོང་གིས་བོས་ནས། ཁྱོད་ནི་འགྲོ་བའི་ལོག་དུག་འཇོམས་སེལ་བའི་བདུད་རྩི་ཆེན་པོ་སྨན་གྱི་དལ་འཛིན་མངའ་བ། ཉོན་མོངས་པར་ནད་དོ་གྲགས་སོ་ཅོག་གི་ཕྲ་རགས་རིལ་གྱི་དགྲར་གྱུར་པ་གཉེན་པོ་འཇོམས་བྱེད་ཆེན་པོ་ལགས་པས། འགྲོ་བའི་རྒྱུད་ལ་ཡོད་པའི་ལས་དང་ཉོན་མོངས་པའི་ཟུག་རྔུའི་ནད་གཟིར་བ་རྣམས་མེད་པར་མཛོད་ཅིག་པར་གསོལ་བ་བཏབ་པ་སྟེ། བཀའ་ལས་གཞན་དོན་དུ་གསོལ་བའོ། །ཆེ་མཆོག་སྨན་གྱི་རྒྱལ་པོ་དེས། །དྲང་སྲོང་དེ་ལ་རྗེས་དགོངས་ནས། །སྔོན་འདུས་གསུངས་པ་ཡང་གསུངས་པ། །ཞེས་པ་དག་སྟོན་པ་ཉིད་ཆེ་མཆོག་ཧེ་ཀར་སྣང་བའི་སྨན་པ་མཆོག་གིས་ཞུ་བ་པོ་ལ་དགྱེས་པས། སྔོན་དུ་འདུས་པའི་འཁོར་ལ་བཀའ་སྩལ་ཟིན་པས་དེ་ཕྱིས་ཞར་ལ་བཏུལ་ནས་འདུས་པའི་འཁོར་ལ་ཡང་ལོ་རྒྱུས་སུ་བཀའ་སྩལ་གསུངས་པ། ཁམས་གསུམ་ཉིད་མགོ་བཅད་པའི་དུང་ཆེན་ཏེ་ཟ་མ་ཏོག་ཆེན་པོའི་སྣོད་དོ། །འཆད་པའི་སྲིད་པ་གསུམ་གྱི་འགྲོ་བའི་ལྟ་ངན་དུག་ཆེན་ནད་ཇི་སྙེད་པ་དང་། དེ་དག་ཡེ་ནས་མ་བཅོས་མ་བསླད་པར་མཐའ་གཉིས་ལས་གྲོལ་བས་དུས་གསུམ་སངས་རྒྱས་ཀྱི་རྒྱལ་བ་བདུད་རྩི་ཆེན་པོའི་ངོ་བོ་མཇལ་བ་ནི་སྦྱར་བ་སྟེ། དེས་ན་རྒྱུ་རྐྱེན་ལས་འཕྲལ་དུ་མ་བྱས་པར་རང་བྱུང་བདུད་རྩི་ཆེན་པོར་དལ་རྫོགས་སངས་རྒྱས་ཏེ། མཐའ་ཐུག་པར་སྐྱེད་དུ་བྱར་མེད་པར་བཀའ་སྩལ་པའོ། །དེ་སྐད་གསུངས་པ་ལ། ནག་པོ་ཀཱ་ལས་དོན་གསོལ་བ། །རང་བཞིན་སྣང་བའི་ལུས་འདི་ལས། །ཡོ་བྱད་ཆེན་པོ་ལྔ། ཞེས་པ་དག་ནག་པོ་ཆེན་པོ་ཉིད་ཀཱ་ལའི་སྒྲ་སྟེ། དེས་སླར་སྟོན་པ་ལ་ཞུས་པ། རང་བཞིན་སྣང་བའི་ཐུགས་རྗེའི་བྱིན་རླབས་ཀྱི་སྒྲོ་སྐུར་མེད་པར་བཀའ་སྩལ་པའི་རྒྱུད་འདི་ལས། རྨད་བྱུང་བའི་ཡོ་བྱད་དམ་རྫས་བདུད་རྩི་ཆེན་པོ་འགྲུབ་པའི་རྒྱུ་ལྔ་གསུངས་པ་ནི། འགྲོ་བའི་ལོག་དུག་ལྔ་འབྱིན་པའི་བདུད་རྩི་རྒྱལ་བ་དྲང་སྲོང་ཀུན་གྱི་སྨན་མཆོག་ཆེན་པོ་ཉིད་ལགས་སོ་ཞེས་པ་ཞུ་བ་ཕུལ་བའོ། །སྨན་པ་དམ་པས་འདི་སྐད་གསུངས། །རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཞེས་པ་ལ་སོགས་པ་སྨན་པའི་མཆོག་སྟོན་པ་ཉིད་ཀྱིས་ཀཱ་ལའི་ཞུ་བའང་མ་ནོར་བར་བཀའ་སྩལ་པ་ནི། འདི་སྐད་གསུངས་རང་བྱུང་སྨན་ཕྱི་ནང་གསང་བའི་སྐབས་ཀྱིས་འདིར་ནང་དང་གསང་བར་སྐབས་ངེས་པ་ནི། ནང་གི་སྨད་པའི་རྫས་ལྔའི་ཡང་རྒྱུ་འབྱུང་བ་ལྔ་ཉིད་གསང་བ་རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལས་གདོད་ནས་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་རང་ཤར་ཞིང་མཐའི་སྐྱོན་རྣམ་པར་དག་པ་ཉིད་ཀྱི་ཕྱིར། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྒྱུ་ཡི་མཚན་ཉིད་དག་པ་ནི། །ཕྱི་རོལ་ཆེན་པོ་ལྔ་རྣམས་ཏེ། །རྒྱུ་ཉིད་རང་གི་སེམས་ཡིན་པས། །འབྱུང་བ་ཆེན་པོ་རྒྱུ་ལས་དག །འབྲས་བུ་ཡོངས་སུ་དག་པ་ནི། །སེམས་ཅན་ཀུན་གྱི་རུས་པ་སྟེ། །རྡོ་རྗེ་བྱང་ཆུབ་སེམས་ཡིན་ལ། །ཤ་ནི་པདྨའི་རཀྟ་ཡིན། །དྲི་ཆེན་དྲི་ཆུ་གུར་གུམ་ཆུ། །སོ་སོའི་ལུས་ལ་གནས་པ་དག །ཅེས་གསུངས་པའི་དོན་ཏོ། །དེ་བས་ན་གསང་བའི་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རྩ་བ་ལས། རིག་པ་སྣང་སྟོང་གཉིས་སུ་མེད་པར་རྟོགས་པའི་སྨན་པ་ཆེན་པོ་སྟེ། ཚོགས་བརྒྱད་ཉིད་རིགས་ལྔ་ཡེ་ཤེས་ལྔའི་དངོས་གཞིའོ། །ནང་དུ་བྱང་ཆུབ་སེམས་ཀྱི་རྩ་བ་བརྒྱད་ནི། ཡབ་ཀྱི་རྒྱུ་བཞི་ཡུམ་གྱི་གནས་བཞིའོ། །དེ་ལྟར་མཱཾ་ས་ལ་སོགས་པ་གཅིག་ཀྱང་རྩ་བ་བརྒྱད་དུ་སྣང་བ་ལས་ཡན་ལག་སྟོང་བྱུང་བ་རྣམས་གཅིག་ཏུ་བསྲེས་པའི་བདུད་རྩི་ནི། གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་ཉིད་པས། བདུད་རྩི་ཆེན་པོའི་རྒྱུད་ལས། དྲི་ཆེན་གསེར་མདོག་རྣམ་སྣང་མཛད། །བྱང་ཆུབ་སེམས་ནི་དཀར་བས་ན། །མཱཾ་ས་འབྱུང་ལྡན་ཡིད་བཞིན་སྔོ། །རཀྟ་ཆགས་མེད་དམར་བས་ན། །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཅེས་གསུངས་སོ། །དེ་ལྟ་བས་ན་ཡེ་ཤེས་ལྔའི་རྫས་སོ་དངོས་གྲུབ་སྒྲུབ་པར་བྱེད་པའི་རྟེན་གྱི་ཕྱིར་རྫས་ཏེ། འདིས་ན་དོན་ཀྱང་ནང་གི་ཚུལ་ཁོ་ནར་རིགས་སོ། །དེས་གཙང་དམེ་ལ་སོགས་པའི་རྟོག་པའི་གྲངས་ཇི་སྙེད་པ་ལས་གྲོ ལ་བའི་བྱིན་གྱི་རླབས་ཀྱིས་འགྲོ་བ་སྒྲོལ་བའི་གཏན་ཚིགས་ཀྱིས། དུག་ལྔ་རྩ་བ་གཅོད་པའི་ཡང་བདུད་རྩི་ཆེན་པོའོ་ཞེས་གསུངས་ནས། ཀཱ་ལའི་རྟོགས་ཚད་བརྟག་པའི་ཆེད་དུ་ཅང་མི་གསུངས་པར་བཞུགས་སོ། །དེ་ནས་ཡང་། ཀཱ་ལ་ནག་པོས་ཡང་གསོལ་པ། །རང་ལས་བྱུང་བས་གཞན་བྱུང་མིན། །དྭངས་སྙིགས་ཁོ་ནར་ཟད་པ་དག །རྩ་བ་བརྒྱད་དང་ཡན་ལག་སྟོང་། །ཞེས་པ་དག་ཀཱ་ལས་ཡང་རང་གི་འདོད་པའི་དོན་རྟོགས་ཚད་སྟོན་པ་དང་མི་མཐུན་པའི་དོན་སྙན་དུ་གསོལ་བ་ནི། དམ་རྫས་ལྔ་བདག་ཉིད་ཀྱི་ལུས་ལས་བྱུང་བའི་ཕྱིར་གཞན་བྱུང་མིན་རང་བྱུང་སྟེ། འབྱུང་བ་དང་བཟའ་བཏུང་གི་དྭངས་སྙིགས་པས་ངེས་པར་གཟུང་བ་ཙམ་ལས་མེད་པ་ཟད་པར་དག་ཉིད་ལས་ཕྱི་ནང་གི་རྩ་བ་བརྒྱད་བརྒྱད་དང་། ཡན་ལག་སྟོང་གནས་པའི་རྩ་བ་དང་ཡན་ལག་ཏུ་སྨོས་པ་གཉིས་སྦྱར་བས་ཡེ་ཤེས་དང་རིགས་ལྔའི་གོ་འཕང་མཐར་ཐུག་པར་འགྱུར་རོ་ཞེས་གསོལ་བའོ། །འཁོར་དེར་འདུས་པར་གྱུར་པའི་སྲས། །བློ་གྲོས་ཐབས་ལྡན་ཁྱོད་ཉིད་ཀྱིས། །ཞེན་པ་སྒྲོལ་བའི་ཐབས་འདི་སྨྲས། །ཞེས་པ་དག་དུས་དེའི་ཚེ་སྟོན་པ་ལ་བཀུར་བ་དང་ཀཱ་ལའི་རྟོག་པ་བསལ་བའི་ཚུལ་གྱིས། སྟོན་པ་གསང་བདག་གི་སྲས་དམ་པ་ལང་ཀ་ཁྱོད་ཉིད་འཁོར་དེ་ན་གནས་པས། ཀཱ་ལའི་ཞེན་པ་དགྲོལ་བའི་ཐབས་དེ་ལན་དུ་སྨྲས་པ་ནི། ལུས་ཀྱི་ཟག་པ་ཕྱིར་འབྱུང་བའི་རྫས་ཕྱི་ས་དང་གཅིན་ལ་སོགས་པ་ནི། ལུས་ཀྱི་འབྱུང་བ་བཞི་དང་བཟའ་བཏུང་རྒྱུན་དུ་མ་བྲལ་བའི་རྒྱུ་ལས་འབྱུང་བའི་ཕྱིར། ཀཱ་ལ་ཁྱོད་ཀྱིས་སྨྲས་པ་ནི། རང་བྱུང་མ་ཡིན་ནོ་ཞེས་སུན་དབྱུང་བ་གཏར་ཀ་གེགས་སེལ་གྱི་ཚུལ་དུ་རྫས་ལྔ་རང་བྱུང་མ་ཡིན་པར་སྨྲས་པའོ། །ཀཱ་ལ་ནག་པོས་ཡང་སྨྲས་པ། །ཇི་ལྟར་གལ་ཏེ་དེ་ལྟར་ན། །འགལ་བ་ཉིད་དུ་ཡིན་ཟིན་ན། །ཞེས་པ་དག་ཀཱ་ལས་གྲོགས་པོ་ཆོས་ཀྱི་སྤུན་ལང་ཀ་ལ་དེའི་དོན་ཉིད་དྲིས་པ་སྒྲ་བཞིན་ནོ། །དམ་པ་ཉིད་ཀྱིས་དེ་བླན་པ། །རྒྱུ་དང་རྐྱེན་ལས་མ་བརྟེན་པར། །ཞེས་པ་དག་ལང་ཀས་ལན་སྨྲ་པ་ནི། གང་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཆོས་ནི་གཞན་ལས་མ་བྱུང་ཞིང་བྱས་པ་མ་ཡིན་པའི་ཕྱིར་རང་བྱུང་དུ་ངེས་པའོ་ཞེས་སྨྲས་པའོ། །ཀཱ་ལ་ནག་པོས་འདི་སྐད་དུ་ཞེས་སྨྲས་པའོ། །ཀཱ་ལ་ནག་པོས་འདི་སྐད་དུ། །ཞེས་པ་དག་ཀཱ་ལས་སླར་ལན་དུ་སྨྲས་པ། ཉོན་མོངས་པ་ལྔ་དང་དམ་རྫས་སྨད་པ་རྣམས་ཆེད་དུ་སྤངས་པས་མི་སྤོང་བས་བདག་ཉིད་ལས་དུས་ཀྱི་རྒྱུན་དུ་འབྱུང་བའི་ཆོས་ལ། གཞན་ལས་མ་བྱུང་གྱི་རྒྱུ་འབྲས་མེད་པའི་ཕྱིར་ཆོས་དེ་དང་རྫས་ལྔ་རང་བྱུང་དུ་སྨྲས་པའོ། །དེ་ལ་དེ་ཡིས་འདི་སྐད་དུ། །མི་སྤང་དང་དུ་བླང་བའི་ཆོས། །ཞེས་པ་ལང་ཀས་ལན་དུ་ཉོན་མོངས་པ་ལྔ་དང་དམ་རྫས་ལྔ་པོ་རྣམས་ཁྱོད་ལྟར་རང་ཁོ་ན་ལས་བྱུང་ན་དུས་དང་རྣམ་པ་ཀུན་ཏུ་བདག་དང་ཐོག་མ་འདུས་པ་ཡང་མེད་ན་ཐ་མ་གཏན་མི་འབྲལ་བར་རིགས་ན། ལུས་ཀྱི་འབྱུང་བ་དང་བཟའ་བཏུང་གི་རྒྱུན་ཆད་ཅིང་ཤི་བ་དེ་དག་ཀྱང་རྒྱུན་ཆད་ཅིང་བདག་ལས་མི་འབྱུང་བའི་ཕྱིར་མི་བདེན་པར་ལན་བཏབ་བོ། །དེ་ལ་འདི་ལྟར་འདི་སྐད་དུ། །ཀཱ་ལ་ནག་པོས་སླར་བླན་པ། །ཅེས་པ་དང་ལང་ཀའི་གཏམ་ལ་ཀཱ་ལས་ལན་དུ་ཞུས་པ་ནི། སྨད་པ་ལྔ་བཅུད་བདུད་རྩི་ཡིན་པས་ལས་རྣམས་སོ་སོར་བྱེད་པར་ནུས་དྲི་ཆེན་གྱིས་དུག་ཐུབ་པ་དང་། ཤ་ཆེན་གྱིས་མཛེ་ཐུབ་པ་དང་། །པདྨའི་རཀྟས་ཐོར་སྨྱོན་གཞན་དུ་གྲང་བ་ཐུབ་པ་དང་། བྱང་ཆུབ་སེམས་ཀྱིས་ཚ་བའི་ནད་ཐུབ་པ་དང་། དྲི་ཆུས་གླང་སྣ་གག་པ་ཐུབ་པ་དང་། རིགས་ལྔ་གྲུབ་པའི་ནུས་མཐུ་ཡོད་པས་གྲགས་པ་དང་ཕན་མི་འགལ་བའི་ཕྱིར་བདུད་རྩིར་ཞེས་གྲགས་ལན་བཏབ་བོ། །དེ་ལ་འདིར་ནི་འདི་སྐད་དུ། །གྲོགས་མཆོག་དམ་པས་དེ་བླན་པ། །ཞེས་པ་ལང་ཀས་ལན་ཉེ་བར་སྨྲས་པ་ནི། ཆོས་ཀྱི་སྤུན་ཀཱ་ལ་ཁྱོད་ཀྱིས་དེ་ལྟར་མ་ཡིན་ཏེ། སྤྱིར་བདུད་རྩི་དེ་ལྟར་གྲགས་ཤིང་བསྙད་པ་ལ་ངེས་ཚིགས་གཉིས་ཀྱིས་གྲུབ་པ་སྟེ། ནད་པ་རྣམས་སོས་པ་དང་། ཤི་བ་དག་སློང་བའི་ཕྱིར་ཏེ། །ཁྱོད་ཀྱི་བདུད་རྩི་ལ་ལས་དེ་གཉིས་དང་མི་ལྡན་པའི་ཕྱིར་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། འོན་ཏེ་དེ་དག་ལྡན་ཕྱིན་ཆད་བདག་ཉིད་ཀྱི་རྒྱུན་འགགས་པ་མི་རིག་པའི་ཕྱིར་རོ། །དེ་སྨྲས་ལན་དུ་འདི་སྐད་དུ། །ཀཱ་ལ་ནག་པོས་དེ་བླན་པ། །ཞེས་པ་སྒྲ་བཞིན་ཏེ། རྒྱལ་བའི་བཀའ་ལས་བདུད་རྩིར་གསུངས་པའི་ཕྱིར་རོ་ཞེས་ལན་བཏབ་བོ། །དེ་ལ་དམ་པས་འདི་སྐད་དུ། །སངས་རྒྱས་དམ་ཚིག་ཡིན་ངེས་ན། །ཞེས་པ་ལ་སོགས་པ་ལང་ཀས་ལན་བཏབ་པ། རྒྱལ་བའི་ཐུགས་དམ་ཡིན་པར་ངེས་ན་རྒྱལ་བའི་ཐུགས་དམ་ལ་འདུ་འབྲལ་མེད་པས་དམ་རྫས་ལྔ་ཡང་དང་པོ་དམ་ཚིག་ཏུ་བླངས་ནས་མཐར་མངོན་པར་རྫོགས་ཀྱི་བར་དུ་དེ་དང་མི་འབྲལ་བར་ལྡན་དགོས་པ་ཡིན་ན། འདི་ནི་འབྱུང་བ་དང་བཟའ་བཏུང་གི་རྒྱུན་ཆད་ན་མི་འབྱུང་འགག་པས་མི་བདེན་པ་དང་། མཐར་ཟག་པ་ཟད་པའི་དངོས་གྲུབ་ཐོབ་ནས་ནི་མི་འབྱུང་བའི་ཕྱིར་ཡང་མི་བདེན་ནོ་ཞེས་ལན་བཏབ་བོ། །དེ་ལ་ཀཱ་ལས་འདི་སྐད་དུ། །བདག་དེ་རྟག་པར་གྱུར་པ་ཡིས། །ཞེས་པ་དག་ཀཱ་ལ་ཡིས་ལན་ཞུས་པ། བདག་ནི་རྟག་པ་ཅན་པའི་ཕྱིར་དམ་རྫས་ལྔ་ཡང་རྟག་པས་མི་འབྲལ་བ་ལ་དེ་ཟད་ནས་བྲལ་བ་མེད་དོ་བར་ཞུས་པའོ། །དེ་ལ་དམ་པས་འདི་སྐད་དུ། །ཞེས་པ་དག་ལང་ཀས་ལན་དུ། ཕྱི་ཟག་པ་རྫས་ལྔ་དང་། ནང་གི་ཟག་པ་ཉོན་མོངས་པ་དང་། རྟོགས་པ་དག་དེ་ཁོ་ན་ཉིད་རྟོགས་པ འི་སྐབས་ན། ཕྱི་ནང་རིལ་མ་ལུས་པར་ཟད་ཅིང་བྲལ་བས་ས་བཅུ་དང་རྣམ་པར་ཐར་པའི་ལམ་བཅུ་ལ་གནས་པ་དང་། གཅིག་ཆར་བ་རྣམས་ཀྱིས་ཤེས་ཤིང་བྲལ་བས་ལྟ་སྨོས་ཀྱང་ཅི་དགོས་ཏེ། གཟུགས་ཁམས་ཀུན་སྣང་བའི་གྲོང་ཁྱེར་བ་དང་། གཟུགས་མེད་པ་ལའང་བཤང་གཅིའི་ཟག་པ་མེད་ན་བདག་དང་མི་འབྲལ་བ་ག་ལ་བཏུབ་ཅེས་ལན་བཏབ་བོ། །དེ་ལ་ཀཱ་ལས་འདི་སྐད་དུ། །ཞེས་པ་དག་ཀཱ་ལས་ལན་ཞུས་པ་ནི། ཇི་ལྟར་དམ་རྫས་ལྔ་པོ་ཡང་དག་པའི་བདུད་རྩིའང་མ་ཡིན་ཏེ། བདག་གིས་སྨྲས་པ་འགལ་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བཀའ་སྩལ་ཅིང་ཞལ་གྱིས་འཆེས་པ་དང་མི་འགལ་ལམ་ཞེས་ཞུས་སོ། །དེ་ལ་དམ་པས་འདི་སྐད་དུ། །ཀུན་ཏུ་མ་འདྲེས་མི་ཤེས་པར། །ཞེས་པ་ལ་སོགས་པ་ལང་ཀས་ལན་གསུངས་པ་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་པའི་དོན་མ་རྟོགས་པར་ཚིག་བཟང་པོ་མཉམ་པ་ཉིད་དོ་ཞེས་པ་ཙམ་ཡིད་ལ་བྱེད་ཅིང་། ཆོས་རིལ་ཀུན་ཏུ་བཟང་པོ་ཉིད་དོ་ཞེས་ཁས་འཆེས་པ་རྣམས་གཟུགས་མེད་དང་མུ་སྟེགས་སུ་ལྟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་རྫོགས་པ་ཀུན་མཉམ་ཡང་། །མ་འདྲེས་པར་ཡང་ཀུན་ཏུ་སྣང་། །ཞེས་པ་ལ་སོགས་པ་ཆོས་རྣམས་རང་བཞིན་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུའི་ངོ་བོར་ཆེ་ཆུང་མེད་ཀྱང་། བཟང་ངན་སོ་སོར་མ་འདྲེས་པར་སྣང་བ་ཡང་མ་འགགས་སོ། །དེ་བས་ན་མ་འདྲེས་པའི་དོན་མ་རྟོགས་པར་སྤྱོད་པ་རྫོགས་པའི་ཚུ ལ་དུ་སྤྱོད་པ་ནི། ལྟ་བ་ཁ་ལ་ཡོད་ལ་སྙིང་ལ་མེད་པ་སྤྱོད་པ་རྩིངས་ན་ལོག་ཅེས་བྱ་སྟེ། ངན་འགྲོའི་རྒྱུད་དུ་ཞུགས་པའི་ཕྱིར་རོ། །གསང་ཆེན་ཐེག་པའི་ཚིག་དང་སྒྲ། །གཅིག་ལ་མི་གཅིག་སོ་སོར་སྣང་། །ཞེས་པ་དག་ཐེག་པ་ཆེན་པོ་མཚོན་པའི་ཚིག་དང་སྒྲ་ནི་དོན་གཅིག་ལ་སྒྲ་དུ་མ་འབྱུང་བ་དང་། སྒྲ་གཅིག་ལ་དོན་དུ་མར་འབྱུང་བས་གསང་སྔགས་ཀྱི་ངོ་བོ་མཐོང་དཀའ་བ་ཉིད་མཐོང་བ་དང་མ་མཐོང་བས་ཕྱེ་ནས་གཉིས་སུ་སྣང་ངོ་། །རྣལ་འབྱོར་པ་སུ་ཞིག་གདེང་དང་ལྡན་པས་འཆིང་བ་བྲལ་བར་ངེས་པར་གྲོལ་བར་སྣང་ལ། དོན་མ་ངེས་ན་བཅིངས་པའི་ངོ་བོ་ཡིན་པས་མ་རྟོགས་པ་དག་ངེས་པ་ཁོ་ནར་ཟག་པ་ལ་ཡང་དག་པའི་བདུད་རྩིར་འདོད་ན་དོན་འདི་ལྟར་ཤེས་པར་བྱ་དགོས་ཏེ། དེ་དག་དེ་བཞིན་མ་བཅོས་པར། །ཡེ་ནས་སྟོང་ཉིད་རྟོག་མེད་པ། །ཞེས་པ་དག་བཤད་པའི་རང་བཞིན་དེ་ཁོ་ན་ཉིད་ཡེ་ནས་མ་བྱས་མ་བཏགས་པ་གདོད་ནས་ངོ་བོ་མེད་པ་ལ། དེ་ཉིད་དུའང་དམིགས་པ་དང་བྲལ་བའི་དོན་མ་ནོར་བ་ཡིན་པར་རྟོགས་ན། བཤད་པའི་ཡང་དག་པའི་བདུད་རྩི་ཆེན་པོ་བས་མཉམ་ཉིད་དང་འགལ་བ་མེད་པར་ཡིན་པར་ངེས་པ་དེ་ཁོ་ན་ལན་བཏབ་བོ། །དེ་དག་གི་ཡིད་ཆེས་པའི་རྒྱུ་གང་སྙམ་པ་ལ། དེ་དག་ཅི་ཕྱིར་རྩི་ཞེ་ན། རྣལ་འབྱོར་ནད་ནི་རྣམ་རྟོག་སྟེ། །ཞེས་པ་ལ་སོགས་པ་རང་བཞིན་སྟོང་པ་ཆེན་པོ་ལ་ཅིའི་ཕྱིར་བདུད་རྩི་ཞེས་བྱ་ཞེ་ན། ལམ་པ་རྣམས་ཀྱི་ནད་ཆེན་པོའི་ངོ་བོ་ནི་ཆེད་དུ་བྱས་པ་དང་མ་བྱས་པའི་རྟོག་པ་གཟུང་འཛིན་གཉིས་དང་། རྩ་བའི་རྟོག་པ་དང་ཡན་ལག་གི་རྟོག་པ་རྣམས་ཀྱིས་ཡང་དག་པར་སོས་མི་བཏུབ་པའི་ཕྱིར་ཏེ། དེས་འཁོར་བའི་ཁྲི་མུན་དུ་འཆིང་བར་བྱེད་པའོ། །རྟོག་པ་འབྱུང་བའི་གཞི་ཕྱིའི་རྫས་ལྔ་དང་། ནང་གི་ཉོན་མོངས་པ་ལྔ་རིལ་དེ་ཉིད་རང་རང་གི་དེ་ཁོ་ན་ཉིད་ཡོད་སྟོང་གཉིས་ཀའང་གྲོལ་བའི་ངོ་བོར་ཐག་ཆོད་ན། འཛིན་རྟོག་མེད་པར་ཡོན་ཏན་མཐའ་མེད་པའང་འབྱུང་བ་དེས་རྣམ་རྟོག་འཇིལ་ཞིང་འཁོར་བར་མི་ལྟུང་བས་བདུད་རྩིའི་ལས་ནད་གསོ་ཤི་བ་སློང་བའོ་གཉིས་དང་ལྡན་པའི་སྒོ་ནས་ངེས་ཚིགས་འགྲུབ་པའི་ཕྱིར་རོ། །དམ་པ་མཆོག་དེས་དེ་བླན་པས། །མཚན་མར་ཞེན་ལས་དེ་དགྲོལ་ཏེ། །ཞེས་པ་དག་ལང་ཀས་བསྟན་པའི་ཡོན་ཏན་ནི། ཀཱ་ལ་བཤད་མཚན་མ་དག་ལ་རང་རྒྱུད་དུ་ཞེན་པ་ལས་གྲོལ་ནས་ཀཱ་ལ་ཉིད་དེ་ཁོ་ན་ཉིད་བློ་ངེས་པར་ལྟ་སྤྱོད་ཀྱི་གདེང་རྙེད་པས་དོན་གཞན་ན་མེད་པར་རྟོགས་པས་སྨན་མཆོག་རྒྱལ་པོ་ཉིད་དུ་གྱུར་ཏེ་གྲུབ་བོ། །ལང་ཀའི་བདག་པོ་དེ་དག་ནི་ནད་གསོ་བར་བྱའོ། །ཞེས་པ་ནི་སྐྱེས་བུས་ལོ་རྒྱུས་སུ་གསན་པ་ཉིད་བརྗོད་པས་དོན་ངོ་བོར་བསྟན་པ འོ། །གསང་བའི་བདག་པོས་དེ་སྐད་ཅེས་སྨྲས་པ། ཞེས་པ་དག་སྒྲ་བཞིན་བསྟན་པའི་ཡོན་ཏན་ཏེ་འཁོར་གྱིས་རྟོགས་པའོ། །དེ་དག་ནི་ཞེ་ལྔ་པའི་ཡན་ལག་ཏུ་འཕྲོས་པར་མཇལ་ཏོ། །རང་བྱུང་བདུད་རྩིའི་ལེའུ་དྲུག་ཅུ་ལྔ་པ་འགྲེལ་པའོ། །བམ་པོ་དགུ་པ་བཤད་ཟིན་ཏོ།། །།བམ་པོ་བཅུ་པ་འཆད་དེ། དེ་ནས་ཡང་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ཀྱིས། ཞེས་པ་ལ་སོགས་པ་རྣམ་གྲངས་བཅུ་པོ་བསྟན་མ་ཐག་པར་འཁོར་རྣམས་ཀྱིས་མཚན་གྱི་དོན་དྲིས་པ་སྒྲ་བཞིན་ནོ། །གསང་བ་པའི་བདག་པོས་སྨྲས་པ། ཀྱེ་ལང་ཀའི་བདག་པོ་ཞེས་པ་ལ་སོགས་པ། སྐྱེས་བུས་བོས་ནས་ངས་སྔོན་ཇི་ལྟར་ཐོས་པའི་དོན་མ་ནོར་བར་ཁྱེད་ལ་བསྟན་པའི་དོན་ནི། རྒྱུད་ཀྱི་མཚན་རྣམ་གྲངས་བརྒྱད་དུ་འདུས་ཤིང་བསླབ་པའི་མདོ་བཅུ་རུ་བཀའ་སྩལ་པའོ། །དེ་ལ་མཚན་བརྒྱད་ནི་སྒྲ་ཇི་བཞིན་དུ་བརྒྱད་ཕྲག་གཉིས་ལ་སྔ་མ་དོན་ཕྱི་མ་ནི་གཏན་ཚིགས་སུ་རིམ་པར་སྦྱར་ཏེ་ཀླད་དུ་བཤད་པ་བཞིན་ནོ། །རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པའི་རྣལ་འབྱོར་གྱི་བསླབ་པའི་མཐའ་བཅུ་འདིར་རྒྱས་པར་ལེའུ་རེ་རེས་འཆད་པའི་ཕྱིར། ལང་ཀའི་བདག་པོ་མདོ་བཅུར་འདུས་པར་བསླབ་པ་གང་ཞེ་ན། གང་མཐའ་བཅུ་ཁོ་ནར་འདུས་པ་སྟེ། དེ་ཡང་འདི་ལྟར་གཞི་བཟུང་བར་བྱའོ། །ཞེས་པ་ལ་སོགས་པ་བོས་ནས་མདོ་བཅུ་བཤད་པ་དངོས་བསླབ་པའི་མཐའ་བཅུ་ཉིད་དུ་བརྗོད་པའི་རྣམ་གྲངས་ནི། གཞི་དམ་ཚིག་གིས་གཟུང་བར་བསླབ་པ་དང་། རྒྱུད་ཐོས་པས་དགྲོལ་བར་བསླབ་པ་དང་། སྒོ་ཀུན་ནས་བསྡུར་བར་བསླབ་པ་དང་། ཕུལ་དུ་མཁས་པས་དབྱུང་བར་བསླབ་པ་དང་། རིམ་པ་དབང་གིས་བགྲོད་པར་བསླབ་པ་དང་། ལ་སྤྱོད་པས་དོར་བར་བསླབ་པ་དང་། ཐག་ལྟ་བས་བཅད་པར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་དོན་གཅིག་ཏུ་བསྡུ་བར་བསླབ་པ་དང་བཅུའོ། །ཁས་བླངས་པའི་ལེའུ་རེ་རེ་འཆད་པའང་ཐོག་མ་གཞི་དམ་ཚིག་གིས་གཟུང་བ་ལེའུ་འདི་ཉིད་ཀྱིས་འཆད་པའི་ཕྱིར། ལང་ཀའི་བདག་པོ་དེ་ལ་ཆོས་ཐམས་ཅད་ཀྱི་གཞི་ནི་དམ་ཚིག་ཡིན་པར་ཤེས་པར་བྱའོ། །ཞེས་པ་སྐྱེས་བུས་བོས་ནས་གྲངས་ལ་སྙེགས་པས་གཞི་དམ་ཚིག་བཀར་བ་ནི་བསྒྲུབ་པའི་གཞི་སྟེ། ས་གཞི་ཆེན་པོ་ལྟ་བུར་བརྗོད་པའོ། །དམ་ཚིག་གི་གནས་ནི་འདི་ལྟ་སྟེ། ཞེས་པ་ལ་སོགས་པ་དམ་ཚིག་བསྲུང་བའི་གཞི་ཉེ་བར་བསྟན་པ་ནི། བསྲུང་བར་བྱ་བའི་དམ་ཚིག་ཇི་སྙེད་པ་ལའང་ཐེག་པ་ཆེན་པོའི་སྒོ་འདིར་ཆེད་དུ་བསྲུང་མཚམས་མ་དམིགས་པ་ནི། ལྟ་བ་ཆོས་ཉིད་མཉམ་པ་ཆེན་པོ་འདའ་བ་མེད་དམ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱི་ནང་གི་ཆོས་སོ་ཅོག་ཀུན་ཀྱང་ལ་དམ་པ་ཇི་བཞིན་པའི་ཆོས་ཉིད་དུ་མ་གྱུར་བ་མེད་ཡིན་པས་པ། འདའ་ཉམས་མ་དམིགས་པ་ལ་གང་ཡང་བཀོལ་བ་མེད་པས་འགལ་བར་མི་བྱའོ་སྤང་དུ་མེད་པ འི་ཕྱིར་རོ། །སུ་ལ་དེ་ལྟ་བུའི་དམ་པ་ཆེན་པོ་འདི་གནས་པ་འཆང་བ་ནི། རིག་པ་འཛིན་པའི་ནང་ནའང་དམ་པའི་ས་པ་ཡིན་མཆོག་ཏུ་གྱུར་པའོ། །དམ་ཚིག་གི་ཆེ་བ་བསྟན་པའི་ཕྱིར། བསྲུང་བར་བྱ་བའི་ཡུལ་རྣམས་ལ། །སྒྱུ་གསོག་གཡོ་མེད་དམ་པ་ཉིད། །ཅེས་པ་དག་གསང་སྔགས་རྨད་དུ་བྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བྱ་རྣམས་བསྲུང་བ་ལ། གཡོ་སྒྱུ་དང་བསོགས་འཇོག་མེད་པར་དམ་པ་ནན་ཏན་དུ་བྱ་བའོ། །དེ་ལྟ་བུ་དམ་པ་ནི་བྱ་དཔགས་དཀའ་ཞིང་སྒོ་ཡངས་ལ་ཀུན་རྒྱ་ཆེ་བ་ལ་ཁྱབ་པའི་ཕྱིར་ཐེག་པ་ཆེན་པོའི་དམ་པ་ཉིད་བསྲུང་བར་འདིར། གདུལ་བྱ་ལ་བསམ་དབང་དུ་ཇི་སྐད་གྲགས་པའི་ཉན་ཐོས་ཀྱི་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱ་མཚོ་དང་། མི་ཆོས་མནའ་ཡན་ཆད་ཀྱི་མང་པོ་ཀུན་འདིར་འདུས་པས་འདི་བསྲུང་ན་ཀུན་བསྲུང་ལ་འདི་དག་ལ་འོག་མའི་ཉམས་རལ་གྱི་སྐྱོན་ཡང་མེད་པས་རྣམ་པར་དག་འདི་ནི་རྨད་པོ་ཆེ་ཡོན་ཏན་མཆོག་ཏུ་གྱུར་པའོ། །དེ་ལྟ་བུའི་མཉམ་པ་ཆེན་པོའི་དམ་ཚིག་ནི། རྣལ་འབྱོར་མཆོག་གི་སྤྱོད་ཡུལ་པས་གསང་བའི་སྒོར་བློ་དམན་པ་དག་གིས་བྱ་བ་སྟོན་པའི་ཕྱིར། ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་གཟུང་བར་བྱའོ། །ཞེས་པ་དེ་ལྟ་བུ་དམ་པ་ལམ་པ་སྐལ་བ་ཆུང་བ་རིལ་གྱིས་ཀུན་གྱི་ཐུན་མོང་ཡུལ་མ་ཡིན་པའི་གཏན་ཚིགས་དེས་ན། གསང་སྔགས་ཀྱི་རྣལ་འབྱོར་གྱི་བློ་དམན་མོས་པ་ཆུང་ངུ་རིམ་འཇུག་ཀུན་ལ་བསྲུང་མཚམས་ཀྱི་དོན་རྩ་བ་ཡན་ལག་ཏུ་བཅས་པ་མཚམས་དག་རྣམས་སྲུངས་ཤིག་གཟུང་བར་བྱ་བར་གདམས་པའོ། །དེ་ལ་གསང་བའི་མན་ངག་མི་སྤེལ་བའི་ཚུལ་ནི། ཐེག་ཆེན་ཡོངས་སུ་གསང་བ་དག །སྣོད་མ་ཡིན་པར་གྱུར་པ་ལ། །ཞེས་ལ་སོགས་པ་ཐེག་པ་མཆོག་གིས་གསང་དོན་རྣམས་ནི་སྣོད་མ་ཡིན་པའི་གང་ཟག་འཆད་པ་རྣམས་ལ། གསང་དོན་ཕྱི་ནང་གསང་བ་གསུམ་ཕྱེ་ལ། ནང་དང་གསང་བ་སྦ་ཞིང་ཕྱི་རོལ་ཙམ་ཐུན་མོང་དུ་བསྟན་པ་དེ་བཞིན་བྱའོ། །བསྟན་པའི་སྣོད་དུ་མ་གྱུར་པ་དུ་ཞེ་ན། འཆད་པའི་རྣམ་པ་བཞི་པོའི་རྣམ་པ་དག་གི་མཚན་ཉིད། ཕྱིས་ཀྱི་རྣལ་འབྱོར་ཚུལ་མ་ནོར་བར་སྤྱོད་པ་རྣམས་ཀྱིས་ཀྱང་བརྟགས་ཏེ། ངོ་ཤེས་པར་བྱས་ནས་དེ་དག་ལ་མི་བསྟན་པའི་ཆེད་དུ། གསང་བའི་སྣོད་ངན་པ་བཞིའི་བྱེ་བྲག་འདི་བཀའ་སྩལ་པའོ། །གསང་ཆེན་ཡིད་བཞིན་ནོར་བུ་འདི། །སྐྱོན་ཡོད་ཉེས་པ་མ་ཡིན་ཏེ། །ཞེས་པ་དག་གང་གསང་ན་གསང་སྔགས་ཐེག་པ་ཡོན་ཏན་མཆོག་ཏུ་གྱུར་པ་ཡིད་བཞིན་ནོར་བུ་འདི་ཉིད་དོ། །གསང་བའི་གཏན་ཚིག་ནི་སྐྱོན་ཅན་མཚང་ཡོད་ཉེས་བ་རིང་པ་མ་ཡིན་ཀྱང་གསང་དགོས་པའོ། །གང་ལ་གསང་ན་བློ་ཆུང་བ་དག་ལའོ། །གང་གི་ཕྱིར་གསང་ན་དེ་དག་ལ་ཕན་གདགས་པའི་ཆེད་དུའོ། །གང་གིས་གསང་ན་ཐུགས་རྗེ་ཆེན་པོའི་བརྡ་དང་ཐབས་ཀྱིས་སོ། །གསང་བའི་ཡུལ་བཞི་ཁས་འཆེས་པ་རྣམས་རེ་རེ་ནས་བསྟན་པའི་ཕྱིར། འཇིག་རྟེན་པ་དང་ཐེག་དམན་དང་། །ལོག་སྲེད་ལོག་ལྟ་ཕྱོགས་ལ་ཞེན། །དད་མེད་བློ་ཆུང་གཡེང་རྨུགས་ཤིང་། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་སྣོད་མ་ཡིན་པ་སྣོད་ཁ་སྦུབ་ཀྱི་མཚན་ཉིད་ནི། སོ་སོའི་སྐྱེ་བོ་པ་དང་། ཉན་ཐོས་རང་རྒྱལ་བ་དང་། ལོག་སྲེད་ཅན་དང་། ལོག་ལྟ་མུ་སྟེགས་པ་དང་། ཕྱོགས་ཀྱི་ལྟ་བ་ལ་ཞེན་པ་པ་དང་། ཐེག་པ་ཆེན་པོ་ལ་དད་པ་མེད་པ་དང་། རྟོགས་པའི་ནུས་པ་ཆུང་བ་དང་། བྱིང་རྒོད་ཅན་དང་། བསླབ་པ་ལ་མི་བརྩོན་པ་དང་། གཏི་མུག་ཆེ་བ་དང་། ཐེག་པ་ཆེན་པོ་ལ་ལོག་པར་འཛིན་པ་དང་། གང་དམ་ཉམས་པ་དང་། འདི་ཐེག་པ་ཆེན་པོ་ལས་སླར་ལོག་པ་དང་བཅུ་བཞི་ནི། སེམས་ཀྱི་བྱང་ཆུབ་མྱུ་གུ་རྩ་བ་ཚིག་པས་ཐག་པ་གཏིང་ནས་ཆད་པའི་ཕྱིར། ངན་འགྲོའི་གནས་སུ་ཡང་བའི་གནས་སུ་ཁ་སྦུབ་སྤྱིའུ་ཚུགས་སུ་འགྲོ་བའི་ཕྱིར་མིང་ངེས་པར་འགྲུབ་བོ། །གསང་བའི་དོན་རྣམས་སྒྲར་སྨྲ་ཡང་། །གབ་པའི་གསང་བ་འདི་མི་ཤེས། །previous hit གཡོན་ཅན་ཤེས་རློམ་སྒྲོགས་རྣམས་ལ། །ཞེས་པ་ལ་སོགས་པ་གསང་སྔགས་ཀྱི་དོན་ཚིག་ཙམ་དུ next hit་གཞན་ལ་སྨྲ་ཡང་། གསང་སྔགས་ཀྱི་ལྟ་བའི་གདེང་མེད་པས། previous hit གཡོན་ཅན་ཤེས་པའི་ཚུལ་དུ next hit་བཅས་ནས་ང་ཤིན་ཏུ་མཁས་སྙམ་དུ་རློམ་པ་དང་། ང་རྒྱལ་བྱེད་ཅིང་གཞན་ལ་གསང་སྔགས་འཆད་པ་དེ་དག་ནི། སྣོད་ངན་པ་ཀུན་ལའང་གསང་བར་འོས་པའི་ཆོས་གསང་རྒྱུད་ལྷག་པར་ཡང་སྨྲ་བ་དང་། བསྙེན་བསྒྲུབ་ཡན་ལག་བཞི་ཚིག་ཙམ་ཐོས་ཀྱང་། དོན་བཞིན་བསྒྲུབ་མི་ཤེས་ཤིང་ཉམས་སུ་མི་ལེན་ཅིང་། བླ་མས་གསང་བར་གཉེར་གཏད་པ་མི་ཐུབ་པ་དག་ལ་གསང་བའི་བཅུད་ཁོང་ན་མེད་པར་ཟག་པས་འཁོར་བར་འཁྱམས་པ་ནི་ཞབས་རྡོལ་གྱི་མཚན་ཉིད་དོ། །ལྟ་དང་དམ་ཚིག་སྤྱོད་པ་ཡི། །དམ་པའི་མཛོད་གསུམ་སྒྲ་སྨྲ་ཡང་། །ཞེན་པའི་མུ་མཐའ་གནས་མ་གྱུར། །ཞེས་པ་ལ་སོགས་པ་གསང་བའི་སྒོ་ཁས་འཆེས་ནས། ལྟ་བ་དང་དམ་ཚིག་དང་སྤྱོད་པ་གསུམ་ཚིག་ཏུ་འདི་ལྟ་བུའོ་ཞེས་སྨྲ་ཡང་། གང་དག་རང་ལ་དེ་གསུམ་ལ་བསམ་མཐུ་མ་བརྟས་པས། ཤེས་པ་སྐྱེ་བོ་ལས་གྱུར་པ་མེད་པའི་དབང་གིས། གཡོ་སྒྱུ་ཕྲག་དོག་སེར་སྣ་བཞིས་སེམས་གདུང་བས་རྩོལ་བའི་བྱ་བ་དང་བྲལ་བའི་ཆོས་ཉིད་ཆེན་པོ་ལ་ཚིག་ཙམ་དུ་ངེས་པར་འཛིན་ཞིང་སྨྲ་བའི་གང་ཟག་རང་ལ་བྱ་བྲལ་གྱི་དོན་མེད་པར། གཞན་ཐེག་པ་ཆེན་པོའི་ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པ་ལ། ཁྱོད་ཀྱི་ལྟ་བ་ནི་དམའོ་ཞེས་སྨོད་པ་སྨྲ་བ་དག་གི་རྩ་བ་དང་ཡན་ལག་གི་དམ་པོ་ཉམས་པས་འཁོར་བར་འགྲོ་བའི་གོ་སྐབས་ཅན་དུ་གྱུར་པས། སྡུག་བསྔལ་བའི་གནས་སུ་འགྲོ་བ་ནི་སྣོད་གཞོག་རལ་གྱི་མཚན་ཉིད་དོ། །ཚུལ་རྟོག་ཚོད་ལེན་ཁྱད་ཚིག་འདྲེན། །ཁ་གསག་ལྕེ་གཉིས་སྒྱུར་བྱེད་ཅིང་། །གང་ལ་སྨོད་རྨོངས་དམ་ཅན་དེ། །ཞེས་པ་ལ་སོགས་པ་གང་དག་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། ཕ་རོལ་གྱི་ཚུལ་རྟོག་ཅིང་ང་ཆེ་དང་ཁྱད་ཚིག་སྨྲ་བ་དང་། ཁ་གསག་དང་ངོ་གཉིས་སྨྲ་བས་བླ་མ་དང་གྲོགས་པོ་ལའང་སྨོད་པས་ཉེས་དམིགས་མི་ཤེས་པ་ནི་དམ་ཚིག་གི་སྲི་ཅན་ནོ། །དེ་ནི་ད་ལྟར་གྱི་ཚེ་གཅིག་པོ་འདི་ལ་ཆེ་བ་འདོད་པའི་ཆེད་དུ། མཆེད་ལྕམ་གྱི་ནོར་རྫས་ལ་སོགས་པ་རྐུ་བ་དང་། གཡོ་དང་སྒྱུ་དང་སླུ་བ་དང་འདྲིད་ཅིང་རྫས་ཀྱི་ཕྱིར་ཤེས་པ་འབྲངས་བས། གསང་སྔགས་ཀྱི་ཚིག་ཙམ་ལ་ང་ཤེས་རློམ་པ་བརྗོད་ཅིང་ཕ་རོལ་གྱི་སློབ་དཔོན་དུ་ཚུལ་འཆོས་པ་དག་ནི། ཁོང་ནས་དུག་ཆེན་འཁྱིལ་བས་དམྱལ་བར་སྐྱེ་སྟེ། སྣོད་དུག་ཅན་གྱི་མཚན་ཉིད་དོ། །འདི་ལྟར་ཕམ་གྱུར་སྣོད་ངན་ལ། །གསང་ཆེན་གསང་བ་དེ་ཁོ་ན། །ཟབ་ཅིང་གཏིང་དཔག་དཀའ་བས་ན། །ཞེས་ལ་སོགས་པ་གང་ཞིག་སྣོད་བཞི་ཚུལ་འདི་བཞིན་དུ་དོན་གྱི་འབྲས་བུས་དབུལ་བའི་ཕམ་འགྱུར་སྣོད་ངན་རྣམས་ལ། རྒྱུད་འདི་ལྟ་བུའི་དོན་གཏིང་དཔག་དཀའ་བ་བསྟན་ཀྱང་། ཕམ་ངན་འགྲོར་ལྟུང་ཞིང་གྲོལ་བར་མི་འགྱུར་རོ། །དེའི་ཕྱིར་དེ་དག་ལ་གསང་བ་སྨྲ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བེའུ་སྦྲེལ་གཡང་དུ་བསྐྱུར་བ་ལྟར་གཉིས་ཀ་བསྐལ་པར་རྒྱུད་བསྲེག་ཅིང་གདུང་བར་གྱུར་པས། གཅིག་གི་རྒྱུ་གཅིག་གིས་བྱས་པའི་ཕྱིར་རོ། །རྣལ་འབྱོར་མཁས་གསལ་དོན་ལྡན་ལ། །ཞེས་པ་དག་རྣལ་འབྱོར་གང་ལ་ཕྲག་དོག་གི་ངན་དུ་བསམ་པའི་སྐྱོན་ཏེ་སྒྲ་བཞིན་ནོ། །རྣལ་འབྱོར་ཚུལ་བྱུང་དམ་པ་ལ། །ཞེས་པ་དག་རྣལ་འབྱོར་པ་ཚུལ་བཞིན་སྤྱད་པ་ལ། སྐུར་པ་བཏབ་ཅིང་ཐུགས་དཀྲུགས་པའི་སྐྱོན་ཏེ་སྒྲ་ཇི་བཞིན་དུ་འགྲེལ་ཏོ། །སྐལ་པ་དམན་པའི་རྣལ་འབྱོར་པ། །རྩ་ཉམས་སྐྱོན་ཅན་རང་བཞིན་ནི། །ཞེས་པ་ལ་སོགས་པ་ལས་འཕྲོ་དང་སྐལ་པ་ཞན་པའི་རྣལ་འབྱོར་པ་རྩ་བའི་དམ་ཚིག་ཉམས་པ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བསམ་ངན་གྱི་སྒྱུ་དང་། ཁྲོ་གཏུམ་ཆེ་བ་དང་། དགེ་སྡིག་འདྲེན་མའི་ལས་དྲག་པོ་བྱེད་པའོ། །གང་དག་མི་ཤེས་ངང་ཚུལ་ཅན། །ཞེས་པ་སྒྲ་བཞིན་ཏེ་དེ་ནི་བླ་མ་ངན་པ་ལ་བརྟེན་པའོ། །གང་དག་དམ་པའི་དམ་པར་ལན། །ཞེས་པ་ལ་སོགས་པ་རྣལ་འབྱོར་སུ་དག་བྱམས་པ་ཆེན་པོ་དང་། ཚུལ་ཁྲིམས་དང་བཟོད་པ་ལ་གནས་ཏེ། ཐེག་པ་ཆེན་པོ་འདི་ཉིད་ཀྱི་དམ་ཚིག་དང་ལྡན་པ། ཚུལ་ཤིས་ཤིང་རྒྱུད་འདི་ལྟ་བུའི་གཞུང་བསྲང་བ་དང་། དེ་ལྟར་བྱེད་པའི་རྣལ་འབྱོར་ནི་བྱང་ཆུབ་ཆེན་པོ་འགྲུབ་པའི་རྒྱུ་ཁོ་ནའོ། །མི་འགྲུབ་པའི་རྒྱུ་ནི། དེ་ལ་གང་དག་འདུན་པ་མེད། །དམ་ཚིག་སྤྲེལ་ལྟར་སྤྱོད་བཞིན་དུ། །བྱང་ཆུབ་སྙིང་པོ་ཐོབ་པ་ཡི། །ཞེས་པ་དག་གང་ཞིག་གཞུང་དུ་བྱེད་པའི་རྣལ་འབྱོར་ལ་མི་མོས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྲེའུ་བཞིན་དུ་ཐད་མེད་དུ་སྲུན་པ་ཅི་རུང་རུང་དག་བྱེད་པས་བྱང་ཆུབ་འགྲུབ་པ་ནི། ཕྱིས་དུས་ཐམས་ཅད་དུའང་མི་འབྱུང་བར་གསང་བདག་ཉིད་ཀྱིས་ཀྱང་མ་མཐོང་སྟེ། སྔར་ཡང་མ་བྱུང་བས་ཚུལ་བཞིན་སྤྱོད་ཅིག་པའོ། །རྒྱལ་བའི་སྲས་གྱུར་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་རྣལ་འབྱོར་མཁས་པ་ཚུལ་དང་ལྡན་པ་ལ་མི་ཤེས་པས་སྨད་ནས་དམྱལ་བར་ལྟུང་བའོ། །མི་ཤེས་པ་ཡི་རྣལ་འབྱོར་པ། །ཞེས་པ་དག་རྨོངས་པའི་གང་ཟག་རྣམས་གང་མཁས་པ་ལ་མི་འདུད་མི་སློབ་པར་ཟང་ཟིང་ནོར་རྫས་ཀྱི་ཕྱོགས་སུ་ཞེན་པའི་བླ་མའི་རྗེས་སུ་འགྲོ་ཞིང་རྙེད་པ་ལ་ལྟ་བ་དག་གོལ་བའོ། །དེ་ལ་ནི་རྣལ་འབྱོར་དམ་པའི་ལྟང་བས་བསག་པ་དང་། བྱང་ཆུབ་ཆེན་པོའི་ཁེ་སྤོགས་དུས་ནམ་དུའང་ཤེས་པ་ལ་མི་རྒྱུ་བ་དང་། འོ་ན་ཅི་བྱེད་ཞེ་ན། རྫས་ལ་དུད་པ་དང་། ཟང་ཟིང་གཡོ་སྒྱུས་བཙལ་བའི་ཁེ་སྤོགས་ངན་པ་ལ་ནི། ཟས་ནོར་ཆུང་ངུ་གཅིག་ཀྱང་ཐོབ་ཏུ་འདོད་ནས་སྲོག་དང་བསྡོས་ནས་དོན་དུ་གཉེར་བར་བྱེད་དོ། །དེ་ནི་ཡི་དྭགས་ཆེན་པོའི་གནས་ན་ཤིན་ཏུ་སྙིང་རྗེ་བར་གནས་སོ། །དེ་བས་ན་དོན་ལ་སེམས་མི་འབྲལ་བར་བྱ་བའི་ཕྱིར། རྣལ་འབྱོར་དམ་པའི་རང་བཞིན་ཅན། །བུམ་སྣོད་ནང་གི་སྒྲོན་མ་ལྟར། །ཞེས་པ་ལ་སོགས་པ་རྣལ་འབྱོར་ཆེན་པོ་མ་ནོར་བའི་དོན་དང་ལྡན་པ་རྣམས་ཀྱི་དགོངས་སྤྱོད་ནི། དཔེར་ན་བུམ་པའི་ནང་གི་མར་མེ་ལྟར་ཡང་དག་པའི་དོན་དགོངས་པ་ལ་གསལ་ལ་ཡང་། བྱི་ལའི་སྡེར་མོས་རྫས་ལེན་པ་ལྟར། དོན་ཟབ་མོ་གབ་ནས་སྤྱོད་པའི་ཐབས་ཀྱིས་གཞན་དོན་སྤྱོད་པ་ནི། ཐབས་མཁས་པས་མ་དོན་དུ་མི་སྣང་བའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་ལ་ཡོན་ཏན་ཅན་དུ་མི་མཐོང་མི་བརྩིའོ། །དེ་ནི་དཔེར་ན་ལུས་ལ་རིན་པོ་ཆེ་འཆང་བ་དང་། ཅི་ཡང་མེད་པའི་མི་གཉིས་གནས་གཅིག་ཏུ་འདུག་ན། ཕྱི་ནས་མིར་འདྲ་མིར་གཅིག་སྟེ་ཁྱད་མེད་པར་མཐོང་བ་དང་འདྲའོ། །དེ་བས་ན་གསང་དོན་ནི་དེ་བཞིན་དུ་སྤྱད་ན་བྱང་ཆུབ་ཤིན་ཏུ་མྱུར་རོ། །ཚིག་ཏུ་བརྗོད་ཀྱང་དང་དུ་མ་བླངས་པས་མི་འགྲུབ་པའི་ཕྱིར། གང་འདི་བསྔགས་པ་རྗོད་བྱེད་ཅིང་། །ཞེས་པ་མཚན་གཞི་ནི་སྒྲ་བཞིན་ནོ། །རྩ་བར་དམ་ཚིག་ལ་དགོངས་པའི་ཕྱིར་བསྙད་པའོ། །དེ་ཉེ་བར་མཚོན་པ་ནི། ཇི་ལྟར་འགྲོ་གང་ལ་ལ་དག །ཅེས་པ་ལ་སོགས་པ་དཔེར་མི་ཞིག་གིས་ནོར་བུ་རིན་པོ་ཆེའི་ཡོན་ཏན་བརྗོད་ཀྱང་། གཞན་གྱིས་རང་ལ་ཡོད་དམ་དྲིས་ན་མེད་པས་དབུལ་བ་སེལ་མི་ནུས་པ་དང་འདྲའོ། །དེ་བཞིན་རྣལ་འབྱོར་མི་བརྩོན་པས། །ཞེས་པ་དག་སྒྲ་ཇི་བཞིན་ཏེ། དམ་ཚིག་མེད་ན་ཡོད་ཏན་བརྗོད་ཀྱང་མི་འགྲུབ་པར་གསུངས་སོ། །རྣལ་འབྱོར་ཆོས་འཛིན་གང་དག་གིས། །ཞེས་པ་ལ་སོགས་པ་རྣལ་འབྱོར་དམ་པས་ཉམས་པ་ལ་བཀའ་ཆད་དབབ་ཅིང་བསྐྲད་པ་དང་། བསྒྲལ་བའི་ཡོན་ཏན་ཏེ་སྒྲ་ཇི་བཞིན་ནོ། །དཔེར་ན་གང་དེར་གང་དག་གིས། །ཞེས་པ་ལ་སོགས་པ་ཉེ་བར་མཚོན་པར་ནི། རྒྱལ་པོས་ཁྲིམས་བཅས་པའི་སར་མི་གང་མི་གང་ཞིག་གིས་རྒྱལ་ཁྲིམས་ལས་འགལ་བར་བྱས་ནས། དེ་རྒྱལ་བློན་གྱིས་རང་དགར་མི་གཏོང་བར་རྒྱལ་ཁྲིམས་དང་སྦྱར་ཏེ་སྲོག་ལ་འབེབས་པ་དང་། རྒྱལ་ཁྲིམས་འཚོ་བའི་བློན་པོས་དེ་ལྟར་བྱེད་པ་ནི། རྒྱལ་པོའི་ཐུགས་ཀྱི་འབངས་དམ་པར་མགོ་ནག་ཀུན་གྱིས་མཐོང་ཞིང་རྒྱལ་ཁམས་སུ་གྲགས་པར་འགྱུར་བ་ལྟར་རྣལ་འབྱོར་པའང་རྗེས་སུ་མཐུན་ནོ། །ལྡུམ་རར་དུག་གི་སྡོང་སྐྱེས་ན། །ཞེས་པ་ལ་སོགས་པ་དཔེར་ན་ལྡུམ་རར་དུག་སྡོང་པོ་སྐྱེས་པའི་བདག་པོས་དུག་ཏུ་ངོ་ཤེས་མ་ཐག་ཏུ་རྩ་ནས་འ བྱིན་ཏེ། མ་ཕྱུངས་ན་དུག་འཕེལ་བས་བདག་པོ་འཆི་བའི་ཕྱིར་འབྱིན་ཏོ། །དེ་བཞིན་དུ་གང་ཉམས་པའི་གང་ཟག་དུག་ཅན་དེ། སྤྱོད་པའི་བརྟུལ་ཞུགས་ཅན་གྱིས་དྲག་པས་གནས་སོ་སོར་བསྐལ་པའང་ལོ་ཡིས་མི་སླེབས་པའི་གནས་སུ་གཏང་ངོ་། །གང་སྙིང་རྗེ་དམ་པར་ཚུལ་འཆོས་ཞིང་ཟང་ཟིང་ལ་ལྟ་སྟེ། ཉམས་པའི་གང་ཟག་དག་འགྲོགས་ཤིང་དེའི་སྐྱབས་དང་གྲོགས་བྱེད་པ་ནི། གསང་སྔགས་ཀྱི་དམ་སྲི་ཆེན་པོ་སྟེ་རྡོ་རྗེ་དམྱལ་བ་ལས་ནམ་ཡང་ཐར་པའི་སྐབས་མི་སྲིད་དོ། །དོན་ལ་རྣལ་འབྱོར་གང་ཞིག་གིས། །ཐ་ཚིག་ཟབ་མོར་བཅས་རྣམས་ལས། །ཞེས་པ་ལ་སོགས་པ་རྣལ་འབྱོར་པས་དོན་དང་ལྡན་ཞིང་ཚུལ་དུ་བྱེད་པས་མ་ཚོར་བར་བར་འགའ་ཉམས་ཀྱང་མི་ལྟུང་བའི་དཔེ་དོན་སྒྲ་བཞིན་ནོ། །དེ་ལྟར་མོད་ཀྱང་དེ་ཀུན་རྣམས། །ཞེས་པ་ལ་སོགས་པ་དེ་ལྟར་མ་ཚོར་བར་ཉམས་པ་རྣམ་སྨིན་ཆུང་བ་དང་། ཐ་ན་དེ་ཀུན་དང་ཡང་དངོས་སུ་ལྟ་ཨ་ཅང་ཡང་ཆེས་རྨི་ལམ་དུའང་ཕྲད་པར་མི་བྱའོ། །ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་བཞིན། །ཞེས་པ་དག་ཉམས་པ་དང་འཕྲད་ཅིང་བཤེས་པའི་སྐྱོན་གྱིས་དཔེ་དོན་སྒྲ་བཞིན་ནོ། །འཁོར་བའི་གཡུལ་རྒྱལ་བྱེད་པ་ཡི། །ཞེས་པ་དག་ཉམས་པ་སྤང་བ་དང་། མ་སྤང་ན་བཀའ་ཆད་དྲག་པོ་ཆོས་སྐྱོང་བའི་སྲུང་མས་བཅད་ནས། རྣམ་པར་སྨིན་པ་དམྱལ་བ་ཆེན་པོར་ལྟུང་བ་སྟེ་སྒྲ་ཇི་བཞིན་པར་འགྲེལ་ཏོ། །འོ་ན་གསང་སྔགས་ཀྱི་སྣོད་མ་ནོར་བ་ཇི་ལྟ་བུ་སྙམ་པ་ལ། བསྒྲུབ་པའི་སྣོད་མཆོག་གཅིག་ཡོད་དེ། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོ་དོན་དུ་གཉེར་བར་བྱེད་པའི་ཐབས་བསྟན་པའི་སྣོད་རབ་ནི་གཅིག་སྟེ། ངན་པ་རྣམས་དང་མཚན་ཉིད་མི་མཐུན་པས་དེ་ལས་བཟློག་པའི་ཡོན་ཏན་རྣམས་རྫོགས་པར་ཡོད་པའི་རྣལ་འབྱོར་ནི། རྒྱུད་གཉེན་པ་དང་། དོན་དང་ལྡན་པ་དང་། ངང་རིང་བ་དང་། ཚུལ་ཤིས་པ། རང་བཞིན་བཟང་བ། ཆགས་པ་ཆུང་བ། གཏོང་ཕོད་ཆེ་བ། ཤེས་རབ་ཀྱི་སྤྱན་དང་ལྡན་པ། རྒྱུད་སྦྱངས་པས་གསང་སྔགས་ཇི་ལྟ་བ་ལ་འཇུག་པའི་ཐབས་ཤེས་པ། སེམས་ཞི་བས་ང་རྒྱལ་གྱི་ཚོགས་དང་བྲལ་ཞིང་དུལ་བ། དམ་ཚིག་རྒྱུད་ལས་འབྱུང་བ་བཞིན་དུ་བསྲུང་བའི་མཚན་ཉིད་དྲུག་གཉིས་དང་ལྡན་པ་དེ་རྒྱལ་བའི་སྲས་རྒྱུད་ཡིན་པས། གསང་སྔགས་ཀྱི་གབ་སྦས་མན་ངག་བསྟན་པར་བྱའོ། །དམ་ཚིག་ཡོན་ཏན་དང་དཔེ་ཐུན་མོང་དུ་བསྟན་པ་གང་ཞེ་ན། ཇི་ལྟར་དཀའ་ཐུབ་ཐུབ་པ་ལྟར། །དེ་ལྟར་ཡིན་བཞིན་ནོར་བུ་སྟེ། །ཅེས་པ་དག་རྒྱུད་གཞུང་ཇི་ལྟ་བའི་དམ་ཚིག་མ་ཉམས་ན། ཡོན་ཏན་ཇི་འདོད་པ་འབྱུང་བ་ནི་དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། བདག་གི་ཡིད་དུ་འོང་བའི་དངོས་གྲུབ་རྣམ་གཉིས་ཇི་ལྟར་འདོད་པའི་བདེ་བ་ཕུན་སུམ་ཚོགས་པ་འབྱུང་ངོ་། །དེས་རིག་འཛིན་དང་རྒྱལ་བ་ཀུན་ཀྱང་དམ་ཚིག་མ་ཉམས་པ་ལས་འབྱུང་བའི་ཕྱིར། དེ་དག་གི་ཡང་ཡུམ་མོ། །དེ་བས་ན་དམ་ཚིག་ནི་ས་གཞི་ཆེན་པོ་དང་ཡང་འདྲའོ། །དཀའ་ཐུབ་ཀུན་གྱི་སྲོག་ཀྱང་ཡིན། །ཞེས་པ་དམ་ཚིག་མ་ཉམས་ན་བྱང་ཆུབ་ཆེན་པོར་འཚོ་ཞིང་འཛིན་པས་སྲོག་དང་འདྲའོ། །དམ་པ་ཀུན་གྱི་ནོར་མཆོག་གོ། །ཞེས་པ་རྣལ་འབྱོར་རབ་འབྲིང་ཐ་མ་ཀུན་དམ་པ་མ་ཉམས་པའི་རྒྱུ་ལས་འདོད་པ་འབྱུང་བས་ནོར་དང་འདྲའོ། །དམ་པ་འདི་ནི་འཇིགས་པའི་བསྐྱབ། །ཅེས་པ་དམ་ཚིག་ནི་མ་ཉམས་ན་འདི་དང་ཕ་རོལ་གྱི་འཇིགས་པ་བརྒྱད་ཀྱིས་མི་ཚུགས་པས་རྫོང་ཆེན་པོ་དང་འདྲའོ། །དམ་པ་བགྲོད་པའི་ལམ་གྱི་མཆོག །ཅེས་པ་གཞི་འདི་ལ་བརྟེན་ནས་མཐར་ཕྱིན་པའི་ཕྱིར་ལམ་དང་འདྲའོ། །དམ་པ་ཆུ་བོ་སྒྲོལ་བའི་གྲུ། །དེ་བཞིན་དངོས་གྲུབ་དམ་པ་ཡིན། །ཞེས་པ་འཁོར་བའི་ཆུ་བོ་ལས་སྒྲོལ་བའི་ཕྱིར་གྲུ་ལྟ་བུའོ། །སྐུ་གསུང་ཐུགས་ཀྱི་གྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་འདི་ཉིད་ལས་འབྱུང་སྟེ། གཞན་ནས་བཙལ་མི་དགོས་པའི་ཕྱིར་ན། དམ་ཚིག་གི་རྩ་བ་དང་ཡན་ལག་བསྲུང་བ་ལ་ནན་ཏན་དུ་བྱའོ། །དམ་ཚིག་གྲོགས་ཀྱི་མཆོག་ཡིན་ཏེ། །དམ་ཚིག་ལོང་བའི་དམིགས་བུ་ཡིན། །ཞེས་པ་གང་བྱང་ཆུབ་པའི་ལམ་དུ་ཞུགས་ནས་མཐར་ཐུག་པའི་བར་དུ་དམ་ཚིག་དང་འགྲོགས་ཤིང་དེས་ཕན་འདོགས་པའི་ཕྱིར་གྲོགས་པོ་དང་ཡང་འདྲའོ། །དེ་ཡང་དག་པའི་ལམ་མ་ནོར་བར་ཁྲིད་ཅིང་གཡང་སར་མི་འགྲོ་བས། དཔེ་ལོང་བའི་དམིགས་བུའི་ཐག་པ་དང་འདྲའོ། །གཞན་སྡེ་འཇོམས་པའི་དམག་དཔུང་ཡིན། །འཁོར་བའི་གཡུལ་ལས་རྒྱལ་བར་བྱེད། །ཅེས་པ་དམ་ཚིག་བསྒྲུབ་པའི་ཕྱིར་བསྲུང་བ་དང་། གཞན་འཇོམས་པའི་ཕྱིར་བསྲུང་བ་ལས་འདིར་མ་ཉམས་པས་བྱང་ཆུབ་གྲུབ་ནས་སྒྲིབ་པའི་དཔུང་ཚོགས་དང་སྡུག་བསྔལ་འཇོམས་པའི་དཔུང་ཆེན་པོ་དང་འདྲ་བས། བསྲུང་བ་རྣམ་གཉིས་ཀྱང་དུས་གཅིག་ཏུ་ཚང་ངོ་། །དེས་ན་དམ་པའི་གཏན་ཚིགས་འདི། །ཞེས་པ་ལ་སོགས་པ་དམ་ཚིག་གི་ཡོན་ཏན་རྒྱ་ཆེན་པོ་དེ་ལྟ་བུ་ཡོད་པའི་ཕྱིར་ཐེག་པ་མཆོག་གི་དམ་ཚིག་འདི་ནི། རྣམ་པ་ཅིའི་སྒོ་ནས་གང་གི་ལུས་ངག་ཡིད་གསུམ་གྱི་ཉེས་བྱས་མེད་པས། དག་པ་གསུམ་རྩ་བའི་དམ་ཚིག་གསུམ་གྱི་མཐའ་གཞི་བཟུང་ལ་བསྲུང་བར་བྱའོ། །དམ་ཚིག་བསྲུང་བར་བྱ་བའི་རྩ་བ་དང་ཡན་ལག་གང་སྙམ་པ་ལ། གང་འདི་དབང་བཞི་སུན་མི་དབྱུང་། །ཚུལ་གསུམ་མི་གནོང་དང་བཅས་གཟུང་། །ཞེས་པ་ཐེག་པ་མཆོག་ལ་ཞུགས་པས་སྒོ་འདིར་དབང་ཕྱུག་ཆེན་པོ་བླ་མ་དང་། ལྷ་དང་གྲོགས་པོ་སེམས་དང་བཞི་ལུང་ལས་འབྱུང་བ་བཞིན་སུན་མི་དབྱུང་བར་བཀུར་ཞིང་རྡོ་རྗེ་སྒོ་གསུམ་གྱི་ཚུལ་ཤེས་ཀྱིས་མཉེས་པར་བྱ་སྟེ། རང་མ་ཁྲེལ་བ་དང་། ཕྱིས་གནོང་འགྱོད་མེད་པར་བྱས་ཏེ་བསྲུང་ཞིང་དམ་བཅའ་གཟུང་ནམ་དུའང་གཏང་བར་མི་བྱ་བ་དང་། ཡོངས་སུ་མ་ཉམས་མདོ་བཞི་པོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་པ་ལ་བགྲངས་བསྔོ། །ཞེས་པ་བླ་མ་མཆེད་དང་ལྷ་དང་བདག་གཉིས་ཀྱིས་མ་ཁྲེལ་བའོ། །ཡང་ན་ཀུན་ཏུ་མ་ཉམས་པ་དང་། རྩ་བ་དང་ཡན་ལག་མ་ཉམས་པ་དང་། ཟླས་མ་ཉམས་པ་དང་། ཞར་གྱིས་མ་ཉམས་པའི་ངོ་བོ་ནི་མདོར་བསྡུས་པའི་གྲངས་ཏེ། རྩ་བའི་རྒྱུད་ལས་ལྔར་གསུངས་སོ། །དེ་ལྟར་བསྲུང་བ་མཐར་ཕྱིན་ན་ཕྱག་རྒྱ་ཆེན་བཞིའི་རྟགས་ཀྱི་དངོས་གྲུབ་དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། བྱིན་རླབས་ཆེ་ཞིང་རིག་པ་འཆར་བ་དང་། ཡིད་འོང་འབྱུང་ཞིང་འདོད་པ་གྲུབ་པ་དང་། མང་པོས་བཀུར་ཞིང་གྲགས་པ་རྣམས་འཐོབ་བོ། །མདོར་དམ་ཚིག་དྲན་པ་ལ་བཏགས་ལ། ཉམས་པ་དང་མ་ཉམས་པའི་གྲངས་ཉིན་ཞག་རེ་ལ་བསྔོ་བགྲང་བྱའོ། །ཉམས་པ་རྣམས་ནི་ཐབས་བཞིས་བཤགས་ཤིང་། མ་ཉམས་པ་རྣམས་བྱང་ཆུབ་ཆེན་པོར་བསྔོ་སྟེ། དཔེར་གྲངས་ནི་ཕྱུག་པོ་ནོར་བསྔོ་ལྟར་བྱའོ། །འདུལ་བའི་རྒྱུད་ལྡན་ཐ་ཚིག་ཅན། །ཞེས་པ་ལ་སོགས་པ་སྒོ་གསུམ་དུལ་བའི་དམ་ཚིག་དང་ལྡན་པའི་ཤེས་རབ་མོས་པ་ཆུང་བ་དག་གིས་བུ་རྣམས་ཀྱི་ཡན་ལག་གི་དམ་ཚིག་དང་དགེ་བཅུ་དང་འདུལ་སྡོམ་ཉིང་ལག་ཡན་ལག་ནན་ཏན་ཆུད་མི་གསན་པར་བསྲུང་བར་བྱའོ། །བསྲུང་བྱ་གང་སྙམ་པ་ལ། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །ཞེས་པ་འདི་བཞིན་བསྲུང་སྟེ། སློབ་དཔོན་ལྟ་བུར་སྤྲུལ་པའི་བདུད་ཉིད་དང་། །དངོས་གྲུབ་ལེན་པའི་བར་དུ་གཅོད་པ་དང་། །སློབ་དཔོན་རྩོལ་བའི་ཚིག་བཅག་མ་གཏོགས་པ། །བཀའ་ཡི་ཟུར་ཡང་བཅག་པར་མི་བྱའོ། །དགེ་ལ་བསྐུལ་དང་ཕན་འདོགས་མ་ཡིན་པ། །གྲོགས་མཆོག་ཐུགས་ནི་ནམ་ཡང་དཀྲུག་མི་བྱ། །བྱང་ཆུབ་དོན་དུ་གཉེར་བ་མ་ཡིན་པ། །སྲོག་གི་ཕྱིར་ཡང་གསང་ཚིག་མི་སྤེལ་ལོ། །ཏིང་འཛིན་དཀྱིལ་འཁོར་རྣལ་འབྱོར་བསམ་གཏན་དང་། །སྙིང་པོ་བཟླས་བརྗོད་རྒྱུན་ཡང་མི་བཅད་དོ། །སེམས་ཅན་དོན་དུ་འགྱུར་བ་མ་ཡིན་པ། །གསང་སྔགས་ཕྱི་དང་ནང་གི་དམ་ཚིག་དག །བྱང་ཆུབ་སྡོམ་པ་ཉན་ཐོས་ཚུལ་ཁྲིམས་དང་། །ས་བདག་རྒྱལ་ཁྲིམས་འགལ་བར་མི་བྱའོ། །ཞེས་པའི་དོན་ཏོ། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །ཞེས་པ་རྡོ་རྗེ་ཐེག་པའི་རྩ་བའི་དམ་ཚིག་བསྲུང་བ་དང་། བསྲུང་དང་སྤྱད་དང་ཡིན་འོང་དང་། །མི་འདོར་ཤེས་བྱ་གྲུབ་པ་དང་། ཞེས་པ་ཡན་ལག་བསྲུང་བ་ནི་འདི་ལྟ་སྟེ། དམ་པའི་ཆོས་འཇིག་དམ་པ་གསོད་པ་དང་། །མཚམས་མེད་ལྔ་བྱེད་ཀུན་ལ་གནོད་པ་དང་། །ཆོས་ཀྱི་སྤུན་དང་བྱང་ཆུབ་ཕྱིར་གནོད་དང་། །ཚད་མེད་ནན་ཏན་རྡོ་རྗེ་མཚོན་གྱིས་བསད། །དོན་མེད་གང་ཡོད་སེར་སྣས་འཇུང་པའི་ནོར། །ཁ་ན་མ་ཐོ་མེད་པར་བླངས་ནས་སུ། །དེ་ཡི་བསོད་ནམས་ཆེན་པོ་ཐོབ་བྱའི་ཕྱིར། །མཆོད་དང་སྤྱད་དང་སྦྱིན་པ་ཆེན་པོར་བྱ། །སློབ་དཔོན་དཀོར་དང་སྲོག་ཆགས་བསྐྱབས་པ་དང་། །སེམས་ཅན་བྱང་ཆུབ་ལམ་དུ་དྲང་བའི་རྫུན། །བག་དང་ལྡན་པར་རྟག་ཏུ་སྨྲ་བར་བྱ། །དམ་པ་སུན་འབྱིན་མི་མཐུན་འགྲོ་བ་དག །དོན་དང་ལྡན་པས་ཚར་གཅད་ཚིག་རྩུབ་སྨྲ། །དགེ་སྡིག་གྲོགས་འབྲལ་བཟང་ངན་ལྟ་དབྱེའི་ཕྱིར། །ཕྲ་མའི་ཚིག་དོན་རྟག་ཏུ་དབྱེ་བར་བྱ། །རྟོགས་ནས་བདག་གཞན་དོན་ཕྱིར་སྤྱད་པའོ། །ཤ་ཆེན་བཤང་གཅི་ཁྲག་དང་བྱང་ཆུབ་སེམས། །གྲུབ་པ་བཞི་དང་ཡིན་པའི་མཐུ་ལྡན་པ། །བླང་དོར་མེད་པར་བསྟེན་པས་མཆོག་འགྲུབ་ཕྱིར། །གཙང་དམེ་མེད་པའི་སེམས་ཀྱིས་མི་འབྲལ་ལོ། །དངོས་དང་གདུག་པ་འཇོམས་བྱེད་ཞེ་སྡང་གཉིས། །གང་ལའང་རྣམ་རྟོག་ཕྱོགས་མེད་གཏི་མུག་དང་། །གཉིས་མེད་དོན་དང་མོ་རིགས་སྦྱོར་ཞིང་ཆགས། །ཡང་དག་དོན་ལ་སྲན་འཛུགས་དྲེགས་འཇོམས་ང་རྒྱལ་དང་། །ལོག་དང་སྣོད་ངན་མི་ཚུད་ཕྲག་དོག་ཆེན་པོ་རྣམས། །ཤེས་ནས་ནམ་དུའང་མི་སྤང་གཉིས་མེད་སྤྱོད། །ཕུང་པོ་ལྔ་དང་འབྱུང་ལྔ་ཡབ་ཡུམ་ལྔ། །རྣམ་ཤེས་ཉོན་མོངས་རིགས་ལྔ་ཡེ་ཤེས་ལྔ། །ཁ་དོག་ལྔ་དང་ཡུལ་ལྔ་དབང་ལྔ་སོགས། །རང་བཞིན་སེམས་ཕྱིར་གཅིག་དང་ཐ་དད་གྲོལ། །དེ་ཕྱིར་ལྔ་ལྔར་སྦྱར་ཞིང་ཤེས་པར་བྱ། །རྣམ་སྣང་མི་བསྐྱོད་འབྱུང་ལྡན་འོད་དཔག་མེད། །དོན་གྲུབ་ལ་སོགས་སངས་རྒྱས་ལྔ་པོ་རྣམས། །འབྲས་བུའི་བདག་ཕྱིར་ཏིང་འཛིན་བརྩོན་ལྡན་པས། །ཕྱི་མར་མི་སྨོན་ཚེ་འདི་ཉིད་ལ་འགྲུབ་པར་བྱའོ། །ཞེས་པའི་དོན་ཏོ། །མདོར་ན་ཡན་ལག་ཉི་ཤུ་རྩ་ལྔ་པོ། །མེད་དང་ཕྱལ་བ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པ་རྣམ་པ་བཅུ། །ལྟ་བ་འདི་ལ་འབུམ་ཕྲག་འབྱུང་། །ཞེས་པ་ཤིན་ཏུ་བྱ་བ་མེད་པའི་རྣལ་འབྱོར་པའི་དམ་ཚིག་བཞི་ནི། ཆོས་ཀྱི་དབྱིངས་སུ་གཅིག་པས་གྲངས་སུ་ཅད་ལ་སོ་སོ་བསྲུང་དུ་མེད་པ་དང་། །དམ་ཚིག་ལ་གང་ཡང་དམ་པར་ངེས་པས་བླང་དོར་མེད་དེ་གཟའ་གཏད་མེད་པ་དང་། བདག་ཉིད་ཆེན་པོ་ལ་མ་གཏོགས་པ་མེད་པས་མཉམ་པ་ཆེན་པོ་གཅིག་གི་ངང་ལས་མི་འདའ་བ་དང་། བསྲུང་དུ་མེད་པས་བསྲུང་བྱ་ཐམས་ཅད་ཆེད་དུ་མ་བསྲུངས་ཀྱིས་ངང་ཆེན་པོར་རྫོགས་པ་དང་བཞི། རྣལ་འབྱོར་ཆེན་པོའི་ཡན་ལག་ཚན་ལྔ་དང་རྩ་བ་དང་དྲུག་སྟེ། རྩ་བ་བཅུ་པོར་བསྟན་པ་ཡང་། ཁྱད་པར་དུའང་རྩལ་ཆེན་རྫོགས་པའི་ས་དང་། རྫོགས་པ་སྤྱི་ཆིབས་ཀྱི་སྐབས་སུ་ལྡན་ནོ། །རྩ་བ་བཅུ་པོ་འདི་ལས་དམ་ཚིག་འབུམ་སྡེ་འབྱུང་བའི་གཞི་གྱུར་པས་དམ་པའི་མཆོག་ཏུ་བསྟན་ཏོ། །རྣལ་འབྱོར་རྣལ་འབྱོར་ཐམས་ཅད་ཀྱི། །སྤྱད་པར་བྱ་བའི་ནོར་མཆོག་ཡིན། །ཞེས་པ་རྣལ་འབྱོར་པ་ལས་དང་པོ་དང་ལམ་ལ་གནས་པ་དང་རིམ་དང་གཅིག་ཅར་བ་ཀུན་གྱི་སྒོ་གསུམ་གྱིས་སྤྱད་ཅིང་། བསྲུང་བར་བྱ་བའི་ནང་ནས་འདོད་པ་འབྱུང་བའི་མཆོག་ཏུ་གྱུར་བའོ། །རྣལ་འབྱོར་དམ་པའི་རིགས་རྒྱུད་ལས། །ངེས་པར་བརྟགས་ཏེ་སྤྱོད་པའི་བུ། །ཞེས་པ་དག་རྣལ་འབྱོར་ལྔའམ་བཅུ་གྱི་མཆོག་རྒྱལ་བའི་རྒྱུད་དུ་བྱུང་ཞིང་རིགས་འཛིན་པ་དག །རྒྱུད་འདི་ལྟ་བུའི་དོན་ལས་བརྟགས་ཏེ་གཞུང་གི་དམ་ཚིག་བསྲུང་སྤྱོད་པའི་སྲས་དེ་ནི། སྣོད་དམ་པ་ཡིན་པའི་ཕྱིར་ལྟ་བའི་དམ་ཚིག་ཟབ་མོ་གཏིང་དཔག་དཀའ་བ་དང་། བསྒྲུབ་པའི་དམ་ཚིག་ཉི་ཤུ་རྩ་བཞི་རྫོགས་པར་བསྟན་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་མཆོག་གི་དམ་ཚིག་ཉི་ཤུ་དང་། བདེ་བ་ནི་སྟོན་པའི་མན་ངག་བློ་ལ་ཤོང་བའོ། །རྣལ་འབྱོར་ཆེན་པོའི་སྤྱོད་པ་དམ་ཚིག་རྒྱུན་དུ་བཞི་ལ་སོགས་པ་ལུང་མ་ནོར་བ་འདི་བསྟན་ཅིང་བཤད་པའོ། །དེ་བས་ན་ལམ་གྱི་རིམ་པ་རྐྱེན་དང་བཅས་པ་དག་བསྟན་པའོ། །དེ་ཡང་ལམ་གྱི་ཐོག་མར་དགོས་པའི་ཡན་ལག་གང་སྙམ་པ་ལ། འདི་ཡི་སྔོན་འགྲོ་དམ་ཚིག་སྟེ། །ཟབ་མོ་ལ་སོགས་ཀུན་སྔོན་དུ། །ཞེས་པ་ལ་སོགས་པ་ལམ་དང་བསླབ་པ་བཅུའི་གཞུང་འདིའི་སྔོན་དུ་གཞི་དམ་ཚིག་གིས་གཟུང་དགོས་པའི་ཕྱིར། ལྟ་བ་ཟབ་མོ་ལ་སོགས་པ་ཀུན་གྱི་ཐོག་མར་སྔོན་དུ་དམ་ཚིག་ཆེན་པོ་འགྲོ་བ་ནི། རྡོ་རྗེ་ཐ་ཚིག་དྲག་པོའི་ཉམས་མ་ཉམས་ཀྱི་རྣམ་སྨིན་གཉིས་ཀ་རླབས་པོ་ཆེའི་ཕྱིར་ཡང་མིང་དམ་ཚིག་འཐོབ་སྟེ། ཤིན་ཏུའང་བསྲུང་དཀའ་བ་གཅན་འཕྲང་དོག་མོ་དང་འདྲ་བ་ལམ་རྣམས་བསྲུང་བའི་ཕྱིར་དེ་མི་འདའ་བར་བྱ་བའི་ཆེད་དུ། སྤྱིའི་དམ་ཚིག་ཉི་ཤུ་རྩ་བརྒྱད་དང་། ཁྱད་པར་གྱི་དམ་བཞིའི་ཚིག་བཤད་པ་དག་དམ་ཚིག་ལ་ནན་ཏན་དུ་བྱེད་ངེས་པའི་དོན་གྱིས་བརྩན་རེད་ན་མ་ཉམས་པར་བསྲུང་བ་དེ་ནི་མན་ངག་དང་དངོས་གྲུབ་དབྱིག་ཀྱི་སྣོད་མཆོག་ཏུ་བསྟན་པའོ། །དེ་ལྟར་དམ་པའི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་དག་ཏུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །ཞེས་པ་ལ་སོགས་པ་བཤད་པ་དེ་ལྟར་ཐེག་པ་ཆེན་པོ་སྤྱིའི་དམ་ཚིག་སྡོམ་པ་ལ་གནས་ནས། བསྒྲུབ་པའི་དུས་ཀྱི་སྐབས་སུ་ཁྱད་པར་གྱི་དམ་ཚིག་བསྲུང་བར་བྱ་བ་རྣམས་ཐུབ་པར་བྱ་བ་ལས། བརྟུལ་ཞུགས་སྤྱོད་པའི་དམ་ཚིག་ཉི་ཤུ་རྩ་གསུམ་ནི། ཁྱད་པར་དུའང་དམ་ཚིག་ཀུན་གྱི་ཐོག་མར་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དོན་དུ་མི་འགྱུར་ཀུན་སྤངས་ནས། །ཞེས་པ་དག་དེ་དག་གིས་དོན་དུ་མི་འགྱུར་བ་བཞི་སྤངས་ནས། ལམ་རིལ་དང་བདག་གཞན་གཉིས་ཀ་མ་ལུས་པ་ཀུན་དང་མཐུན་པའི་ཕྱིར་སྔོན་དུ་ལེའུ་རེ་བཞི་པར་ཝ་དང་ཅང་ཤེས་གྱི་ལིང་སོགས་བཤད་པ་དེ་ལྟར་སྐྱོང་བའོ། །ཁས་འཆེས་པའི་བསྒྲུབ་པའི་དམ་ཚིག་གང་སྙམ་པ་ལ། མི་བཤིག་པ་ནི་སེང་གེ་སྟེ། །གཟན་གཅན་རྒྱལ་པོ་ཡིན་པས་སོ། །ཞེས་པ་རྒྱལ་བ་ཀུན་གྱི་ཡབ་མེས་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་གཙེ་ཞིང་བཀའ་མི་བཅག་པའོ། །ཟ་མ་ཏོག་ནི་རྒྱལ་པོའི་མཛོད། །དུག་སྤྱོད་པར་ནི་དེ་མི་རིགས། །ཞེས་པ་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཡུམ་ལ་མི་སྤྱོད་པའོ། །སྤྱད་ན་ལུས་ལྕགས་ཀྱི་ཕོ་མཚན་འཁོར་ལོ་ཅན་གྱིས་གང་བའི་དམྱལ་བར་སྐྱེའོ། །རིན་ཆེན་མྱུ་གུའི་ལྕགས་སྲན་དག །བྲེགས་ཏེ་འབྱུང་རྒྱུན་གཅད་པ་མིན། །ཞེས་པ་དག་དད་པ་ཅན་རྣམས་ཚོགས་མི་བཅག་དད་པ་མི་བཟློག་པའོ། །གངས་ཀྱི་ཞུན་ཆུ་ཕལ་པ་ཡང་། །མཁས་པས་བཏུང་བར་མི་བྱའོ། །ཞེས་པ་རྣལ་འབྱོར་མཁས་པ་ཚུལ་བཞིན་སྤྱོད་པ་རྣམས་ཀྱི་གཟུངས་མ་ལ་མི་སྤྱད་པའོ། །པདྨའི་ཟེའུ་འབྲུ་ཁ་མི་དབྱེ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །ཞེས་པ་གྲོགས་དམ་ཚིག་ཅན་རྣམས་ཀྱི་གཟུངས་མ་ལ་གྲོགས་ཉིད་ཀྱིས་སྤྱོད་ཅིག་པར་གནང་བ་ཐོབ་པ་མ་ཡིན་པར་གཞན་རང་དགར་ནམ་དུའང་མི་སྤྱད་དེ། རྣམ་སྨིན་བཤད་པ་བཞིན་ནོ། །མ་བརྟགས་དུག་རྡོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུགས་ཟག་པར་འགྱུར། །ཞེས་མ ཚན་མེད་ཅིང་བཀྲ་མ ི་ཤེས་པའི་མི་མོ་ལ་གཟུངས་མར་མི་བྱའོ། །དོན་མེད་བཅོས་མའི་ཚུལ་རྟགས་ཅན། །སྲེལ་ཞིང་སྤྱད་པར་བྱ་བ་མིན། །ཞེས་པ་བྱིན་གྱིས་མ་བརླབས་པ་དང་བཀྲ་མི་ཤིས་པའི་རྫས་རྣམས་བཅང་བར་མི་བྱའོ། །ཤེས་དཀར་རིན་ཆེན་སྒོང་ང་དུག །འདམ་ཁུང་རྫབ་ཏུ་བསྣུབ་མི་བྱ། །ཞེས་པ་བདག་གིས་ཤེས་རབ་ཅན་གྱི་ཡོན་ཏན་གསལ་བ་མ ི་བསྲུབ་པའོ། །སེང་གེ་དཀར་མོའི་འོ་མ་དག །གསེར་སྣོད་མ་ཡིན་བླུག་མི་བྱ། །ཞེས་པ་གསང་བའི་མན་ངག་སྣོད་བཟང་པོ་མ་ཡིན་པ། སྣོད་ངན་པ་བཞི་ལ་དུས་ནམ་དུའང་བསྟན་པར་མི་བྱའོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོང་མ་ཡིན། །ཞེས་པ་བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་ལྟ་སྤྱོད་ངན་པ་དང་ཕྱིན་ཅི་ལོག་གི་དབང་དུ་མི་གསད་པའོ། །ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་གཅག་པར་བྱ་བ་མིན། །ཞེས་པ་གསང་བའི་གཟུངས་མ་དང་། ཐབས་ཤེས་རབ་གཉིས་སུ་རྟག་ཏུ་མི་འབྲལ་བར་བྱ་བའོ། །གནམ་ལྕགས་མེ་ཡི་དུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །ཞེས་པ་དུས་ཐམས་ཅད་དུ་རྐྱེན་ཅི་ཡིས་དཀྲུགས་ཀྱང་རྣལ་འབྱོར་པ་ནང་ནང་འཐབ་མི་བྱ་བའོ། །སྟག་སེང་རོལ་པས་ལས་བྱས་འདི། །ལས་ཀྱི་རྗེས་ལ་བཟླས་མི་བྱ། །ཞེས་པ་བམ་ཆེན་ལ་སོགས་པ་གཞན་གྱིས་སྤྱད་པའི་རྫས་ལྷག་མ་མི་བསྡུ་བའོ། །རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །བཤིག་པར་བྱ་བ་ག་ལ་ཡིན། །ཞེས་པ་བླ་མ་རྡོ་རྗེ་སློབ་དཔོན་གྱི་གདན་ས་ལ་དུས་ནམ་དུའང་མི་འདུག་ཅིང་ན་བཟའ་ལ་བརླམས་པར་མི་བྱའོ། །རྡོ་རྗེ་དྲྭ་བའི་རེ་ག་དེ། །བསྡམ་བྱ་འདྲལ་བར་བྱ་བ་མིན། །ཞེས་པ་མཚམས་མི་བཤིག་པ་སྟེ། བདག་དང་གཞན་གཉིས་ཀའོ། །བུད་ཤིང་བསྲེག་པའི་སྒྲོན་མ་དེ། །འཐོར་རླུང་དྲག་པོས་བསྐྱོད་མི་བྱེད། །ཅེས་པ་ཏིང་ངེ་འཛིན་རྒོད་འཕྱར་དུ་མི་གཏང་བའོ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་དཀར་གཅད་པར་བྱ་བ་མིན། །ཞེས་པ་བཟླས་བརྗོད་དང་ཆོ་གའི་བྱེ་བྲག་མི་ཚིག་ལ་སོགས་པའི་དབང་དུ་མི་གཏང་བའོ། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱ་དག །ནམ་ཞར་དབྱི་བར་མི་བྱའོ། །ཞེས་པ་དབང་རྟགས་ཀྱི་ཕྱག་རྒྱ་ལྷག་ལྷའི་ཀཱ་ཝ་ཙི་ཏ་མི་བརྗེད་ལས་མི་འདའ་བའོ། །རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨིང་ནས་བཟློག་པར་མི་བྱའོ། །ཞེས་པ་རྣལ་འབྱོར་པའི་དཀྱིལ་འཁོར་གཉེན་པོ་དད་པ་དང་སེམས་མི་དཀྲུག་པའོ། །གཙུག་གི་ཡིད་བཞིན་ནོར་བུ་དེ། །རྒྱལ་མཚན་རྩེ་ལས་དབོག་མི་བྱ། །ཞེས་པ་དུས་ནམ་དུ་ཡང་བླ་མ་རྡོ་རྗེ་སློབ་དཔོན་སྤྱི་བོས་བཀུར་བ་ལ་མི་ཉམས་པར་བྱ་བ་ཉི་ཤུའོ། །རྣལ་འབྱོར་ཐབས་ཀྱི་ཁྱད་པར་ཅན། །ཞེས་པ་དག་ཐེག་པ་ཆེན་པོའི་རྣལ་འབྱོར་པའི་སྒྲུབ་ཐབས་ཀྱི་དམ་ཚིག་ཁྱད་པར་ཅན་འདི་དག །ཐེག་པ་ཆེན་པོ་རྟོགས་ནས་བསྒྲུབས་པའི་ནུས་མཐུ་ཅན་རྣམས་ཀྱི་ཐུགས་དམ་སྟེ། དངོས་གྲུབ་སྐལ་ལྡན་རྣམས་ཀྱིས་ནོར་མཆོག་ཡིན་གྱི་འདོད་པ་འབྱུང་བའི་ཕྱིར་རོ། །ཁས་འཆེས་པའི་སྤྱོད་པ་རྒྱུན་གྱི་དམ་ཚིག་གང་སྙམ་པ་ལ། རྒྱུན་དུ་སྤྱོད་པའི་ནོར་མཆོག་ནི། །རྡོ་རྗེ་ལས་ཀྱི་བསམ་གཏན་དག །ཅེས་པ་ལ་སོགས་པ་སྤྱོད་པ་རྒྱུན་དུ་མི་འབྲལ་བ་ནི། བསྒོམ་ཞིང་བསྒྲུབ་པའི་ཚེ་ལས་བསམ་གཏན་དག་ཐེར་ཟུག་ཏུ་བྱ་བ་དང་། རྡོ་རྗེའི་གོ་བསྒོ་བ་དང་འཚམས་པ་དང་ཚར་གཅད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་དགྲ་གཉིད་ཉོན་མོངས་འཐིབས་པོ་གཞོམ་པ་དང་། སྙོམས་ལས་སོགས་སྐྱོན་བདུན་དང་ལྡན་པའི་ཆག་བསྡམ་ཞིང་ཚོད་ཟིན་པར་བཏུང་བ་དང་། ཐེག་ཆེན་སྔགས་གསང་བའི་བརྡ་བསྲུང་ཞིང་གསང་བ་མི་སྨྲ་བ་དང་། ལེ་ལོའི་དགྲ་བཅོམ་ལ་བརྩོན་འགྲུས་ཆེར་བསྐྱེད་པ་དང་བཞི་སྟེ་སྒྲ་བཞིན་དུ་སྦྱར་རོ། །རྣལ་འབྱོར་གྱི་སྤྱི་སྐྱོན་དགུ་བསྟན་པའི་ཕྱིར། རྣལ་འབྱོར་བསྒྲུབ་པའི་གེགས་བསལ་བ། །དཀའ་ཐུབ་སྡོམ་པའི་མདུད་པ་ཅན། །འདོད་སྤྱོད་ཞེན་དང་མི་མཐུན་དང་། །གཅིག་ལ་གང་འདིར་མི་གཅིག་པ། །ཕྱི་ནང་ཅན་དང་གནོད་སྦྱོར་ཅན། །ཞེས་པ་སྤྱིར་རྒྱུ་འབྲས་ཐེག་པ་ལ་གནས་པ་དག་གི་སྐྱོན་ནི། འདིར་རྣལ་འབྱོར་བསྒྲུབ་པ་བྱེད་པའི་གེགས་བསལ་བ་ཚེ། དཀའ་ཐུབ་ལ་དམ་དུ་འཛིན་པ་དང་། སྡོམ་པ་ལ་དམ་དུ་འཛིན་པ་གཉིས་ཀྱང་མ་གྲོལ་མདུད་པ་ཅན་གཡེང་བའི་རྒྱུ་སྟེ། རྣལ་འབྱོར་དང་མི་མཐུན་པའོ། །དེ་དག་ནི་ཉན་ཐོས་དང་དབུ་མ་བའི་སྐྱོན་ནོ། །འདོད་པ་དང་ལོངས་སྤྱོད་ལ་ཆགས་ཤིང་ཞེན་པ་གཉིས་དང་། ལྟ་སྤྱོད་མི་མཐུན་པ་སྟེ་རྩོད་པའི་རྒྱུའོ་ལ་ཞེན་པ་དང་། ལྟ་བ་དང་ཐེག་པའི་སྒོ་གསང་བ་ཙམ་དུ་གཅིག་ལ་བླ་མ་དང་ལྟ་སྤྱོད་ལུགས་མི་མཐུན་པ་དང་། སྒྲོ་སྐུར་བྱེད་པ་དང་། འདི་དག་ཡོ་ག་ཕྱི་པའི་སྐྱོན་ནོ། །ནང་པ་ལ། མཆེད་ལྕམ་ནང་དུ་ཚིག་ཕྱི་མ་ནང་དུ་བྱེད་ཅིང་། ནང་པ་ལ་སེམས་མི་གཏོད་ཅིང་ཕྱི་པ་ལ་སེམས་གཏོད་པ་དང་། བསྒྲུབ་སར་འོངས་ནས་མཆེད་རང་བཞིན་ངན་པ་ནི་འགྲོགས་ན་སྐྱོ་བའོ་ལྕམ་ལ་སྒོ་གསུམ་གྱིས་གནོད་སྦྱོར་ཅན་པའི་ཉི་ཚེ་བྱེད་པ་དང་གསུམ་མོ། །ཐེག་པ་ཆེན་པོའི་སྒོ་སྐྱོན་བསྟན་པའི་ཕྱིར། འདོད་མྱོས་བྱིང་རྨུགས་བརྐམ་པ་དང་། །དད་མེད་རྩ་ཉམས་འཕྱར་གཡེང་ཅན། །ཞེས་པ་དག་འདོད་པ་ལྔ་ལ་ཆགས་པ་ཆེ་ཞིང་སེམས་མྱོས་པ་གཏི་མུག་དང་གཉིད་གཉིས་དང་། བསམ་པ་ལུས་སེམས་དམའ་བྱིང་མི་གསལ་རྨུགས་ཀྱི་དབང་དུ་གྱུར་པ་གཉིས་དང་། རྫས་ཟས་ལ་བརྐམ་ཆགས་ཆེ་བ་དང་། བསྙེན་བསྒྲུབ་ལ་གཡེལ་དད་པ་མེད་པ་དང་། རྩ་བའི་དམ་ཚིག་ཉམས་པ་དང་། བློ་འཕྱར་བ་མཚན་མ་ལ་དགའ་བ་དང་། འདུ་ཤེས་མང་བས་གཡེང་བ་རྒོད་ཅིང་འདུ་བྱེད་གསང་བ་ཕྱི་རོལ་དུ་སྨྲ་བ་ཆེ་བ་དང་དགུ་སྟེ་བསྡོམས་པས་བཅོ་བརྒྱད་དང་ལྡན་པ་དག །ཉེས་དམིགས་ཤེས་པའི་རྣལ་འབྱོར་ཀུན་གྱིས་སྤང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣལ་འབྱོར་དམ་པའི་དངོས་གྲུབ་ཀྱི་བར་ཆད་བྱེད་པ་བགེགས་ཡིན་པའི་ཕྱིར་རོ། །འདི་ནི་གཞུང་གིས་ཀུན་ཀྱང་ཐེག་པ་ཆེན་པོ་ཉིད་ཀྱི་སྒོ་སྐྱོན་དུ་རིགས་པས་མི་འགལ་ལོ། །བཤད་པ་དག་ནི་བཀའ་སྤྱིའི་དབང་དུའང་སྦྱར་རོ། །རྣལ་འབྱོར་ངེས་པར་ཞུགས་པ་ལ། །ཞེས་པ་ཐེག་པ་ཆེན་པོའི་རྣལ་འབྱོར་སྤྱོད་པ་ངེས་པར་ཞུགས་ལ་བདུད་ལྔ་འབྱུང་སྟེ། རྒྱུན་གྱི་ཡང་དག་པའི་དོན་གྱི་བར་དུ་གཅོད་པའི་ཕྱིར་ཏེ་སྒྲ་བཞིན་སྦྱར་རོ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞེས་པ་བདུད་ལྔ་ཉིད་སྣང་ལ་མ་དམིགས་པར་རྟོགས་པའོ། །རྣལ་འབྱོར་ནོར་ལ་འཇོམས་པའི་དགྲ། །ཐབས་ལ་མཁས་པས་འདུལ་བར་བྱ། །ཞེས་པ་ལ་སོགས་པ་རྣལ་འབྱོར་འཕགས་པའི་དཀོར་བདུན་ལ་འཇོམས་པའི་དགྲ་བཞི་འདུལ་བ་ནི། ཇི་ལྟ་ཞེ་ན། གང་གི་རྣལ་འབྱོར་རང་བཞིན་བཅོས། །དྲང་སྲོང་ཉིད་ལས་ཉམས་འགྱུར་ཏེ། །ཞེས་པ་རྣལ་འབྱོར་པ་སུ་ཞིག་གིས་རང་བཞིན་གསང་བ་འཕེལ་ཞིང་ལེ་ལོ་ལ་སོགས་བཅོས་པར་གྱུར་ན། ཏིང་ངེ་འཛིན་གྱི་དོན་དྲང་སྲོང་མ་ནོར་བ་ཉིད་ལས་ཉམས་འགྱུར་ཏེ་ལས་བསླད་པས་བཅས་པའི་ཁ་ན་མ་ཐོ་བར་གྲགས་པར་ཡིས་གྱུར་པས། ཡ་ག་དང་མཚངས་འདོགས་པ་དང་། མི་ནག་ཡོངས་ཀྱིས་དཔྱ་བཅས་ཀར་ལོང་དུ་འགྱུར་པའི་དགྲ་སྟེ། དེའི་དབང་དུ་མི་བཏང་བའོ། །ལྟ་དམན་སྤྱོད་རྩིང་འཆོལ་བ་ཡིས། །ལུགས་བོར་འདི་ལས་ལོག་པར་སྤྱོད། །ཅེས་པ་ལ་སོགས་པ་སྤྱོད་པ་རྩིངས་པ་ནི་ལྟ་སྤྱོད་འཆོལ་བ་ཡིན་པས་དེ་ལྟར་བྱེད་པ་དག་གིས་བཀའ་གཞུང་འདི་བོར་ནས་འདི་ལས་ལོག་པར་སྤྱོད་པ་རྣམས་ཀྱིས་ལྟ་སྤྱོད་ཀྱི་བཀའ་ལོག་ཕྲ་མེན་ལས་སྤྱོད་པ་གཞུང་མི་མཐུན་པ་བསྲེས་ནས་སྤྱོད་པ་དག་ནི་གཉིས་ཀའི་དོན་དུ་མི་འགྱུར་བས་འཆོལ་བའི་དགྲའོ། །འདའ་དཀའ་རྡོ་རྗེ་དཀའ་ཐུབ་དམ། །ཞེས་པ་ལ་སོགས་པ་ཤི ན་ཏུ་བསྲུང་མཚམས་དམ་པ་ནི་རྡོ་རྗེ་ཐེག་པ་ཆེན་པོའི་དམ་ཚིག་རྣམས་སོ། །དེ་ཀུན་དང་དུ་མ་བླངས་པས་ཀློང་དུ་མ་གྱུར་གོམ་པ་མེད་ཅིང་ཕྱལ་བས་ཡལ་བར་བོར་བས་འབྲས་བུ་འཆལ་མི་འབྱུང་བ་ནི། དཔེར་ལྗོན་ཤིང་རྩ་བ་རུལ་བ་དང་འདྲ་སྟེ། བཀའ་ཆད་དྲག་པོ་འབྱུང་བའི་དགྲར་གྱུར་པའོ། །རྣལ་མ་ཉིད་ལ་སྦྱོང་བ་དེ། །ཞེས་པ་ལ་སོགས་པ་གསང་སྔགས་ཀྱི་གཞུང་ལུགས་མ་ནོར་བར་བསྒོམ་པ་དང་ཕྲིན་ལས་བྱེད་པའི་ཚེའང་། དེ་ལྟ་བུའི་གང་ཟག་དེ་ལ་དེ་དག་གི་ངེས་པའི་མན་ངག་ཚད་མེད་ན། འབྲས་བུ་མི་འཐོབ་པས་སླར་གོལ་བའི་དགྲ་ལོག་པར་འགྱུར་རོ། །རྣལ་འབྱོར་རྣལ་འབྱོར་སྤྱོད་པ་ལ། །ཞེས་པ་དག་རྣལ་འབྱོར་པ་རྣམས་རྣལ་འབྱོར་ཆེན་པོའི་གཞུང་བཞིན་བསྒྲུབ་སྤྱོད་པ་ལ། ཐུན་མོང་མ་ཡིན་པའི་དམ་པའི་ནོར་དཀོར་བདུན་ཕྲོག་ཅིང་འཇོམས་པར་བྱེད་པའི་དགྲ་བཞི་པོ་དེ་དག་བཟློག་ཅིང་འཇོམས་པའི་ཐབས་ལ་མཁས་པའི་རྣལ་འབྱོར་པའི་ལྟ་བློ་གྲོས་ཀྱིས་བས་སྐྱོན་གྱི་དགྲ་བཞི་དེ་དག་གི་དབང་ཀར་མི་གཏང་བར་བཟློག་པའོ། །ལྟ་བའི་དམ་ཚིག་བསྟན་པ་ལས། འདིར་རང་བཞིན་ལྟ་བའི་དམ་ཚིག་བསྟན་པའི་ཕྱིར། སྲིད་གསུམ་སྣང་བའི་ཞིང་འདི་དག །རྣམ་དག་ཞིང་དུ་ངེས་པ་སྟེ། །ཞེས་པ་དག་སྲིད་གསུམ་ཡོངས་སྒྲོལ་གྱི་དགོངས་པ་ནི། ཁམས་གསུམ་དུ་སྣང་བ་རིལ་གདོད་ནས་མཐའ་གྲོལ་བའི་ངོ་བོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་དུ་རྟོགས་པས་གདེང་རྙེད་དེ་བློ་གཤིས་སུ་ཕེབས་པ་ལ། ཁམས་གསུམ་གྱི་ས་དགུ་གཅིག་ཆར་དག་པར་མཛད་དེ་སངས་རྒྱས་ཀྱི་ས་ལམ་བསྒྲོད་པར་བཏོན་པ་ནི་རྒྱལ་བའི་ཞིང་དུ་བསྙད་པའི་མཆོག་སྟེ། དེ་ལས་འདའ་བ་མེད་པའོ། །འདོད་སྤྱོད་རྨད་བྱུང་མཆོད་པའི་ལྟ་བ་བསྟན་པའི་ཕྱིར། འདོད་སྤྱོད་མཆོད་པའི་ཚོགས་འདི་དག །ཅེས་པ་ལ་སོགས་པ་འདོད་སྤྱོད་ལྔ་མཆོད་བའི་ཇི་སྙེད་པ་མཉམ་པ་ཆེན་པོའི་ངང་དུ་ལྷུན་གྱིས་རྫོགས་པ་ནི་ཚོགས་ཀྱི་མཆོད་པ་འདི་དག་ཆེན་པོ་པས་རྣལ་འབྱོར་པའི་བྱང་ཆུབ་འགྲུབ་པའི་རྒྱུའི་ཕུལ་ཡོ་བྱད་ཆེན་པོའི་ཚོགས་ཡིན་ཏེ། དེ་དག་དགོངས་པ་དམ་པ་དུས་གསུམ་སངས་རྒྱས་དང་། ཁམས་གསུམ་འགྲོ་བ་ཀུན་དང་གཉིས་མེད་པར་མཉེས་པའི་མཇལ་བས། རོ་བཏར་ལ་མ་ཆགས་པ འི་ཕྱིར་རོ། །རྨད་དུ་བྱུང་བའི་མཆོད་པའོ། །འཁོར་བ་གནས་སྟོབ་ཀྱི་ལྟ་བ་བསྟན་པའི་ཕྱིར། འཁོར་བ་དུར་ཁྲོད་གནས་འདི་དག །བདེ་བ་ཆེན་པོའི་གནས་འདི་དག །བདེ་བ་ཆེན་པོའི་གནས་ཡིན་ཏེ། །ཞེས་པ་དག་ཁམས་གསུམ་འཁོར་བའི་གནས་དུར་ཁྲོད་འཁྲུལ་པ་ལ་སྣང་བ་འདི་དག་འདི་ཉིད་ཇི་བཞིན་བདེ་བ་ཆེན་པོ་པ་དེ་ཁོ་ན་ཉིད་དུ་རྟོགས་ན་མ་བཙལ་མ་བསྒྲུབ་པར་རྒྱལ་བའི་བཞུགས་གནས་ཡིན་ཏེ་གཞལ་ཡས་ཁང་ཆེན་པོའོ། །དེ་ལྟ་བས་ན་དངོས་པོ་རྣམས་ཀྱིས་དེ་ཁོ་ན་ཉིད་ལ་མ་ནོར་འཁྲུལ་མ་བཅོས་བྱས་པ་ནི་མུ་མཐའ་ལས་གྲོལ་བའི་ཆོས་དབྱིངས་མཉམ་པ་བཙལ་མེད་ཆེན་པོར་ཆེད་དུ་བྱ་བ་མེད་པར་གནས་སྟོབ་ཟིན་པས་སངས་རྒྱས་ཀྱི་ས་ཉིད་དུ་གྱུར་པ་ལྷུན་གྱིས་གྲུབ་པའི་སའོ། །དྲུག་ལྔ་རྩིར་འགྱུར་གྱི་ལྟ་བ་གང་ཞེ་ན། ཀུན་གྱི་རྩ་བ་དུག་ཆེན་ལྔ། །ཞེས་པ་ལ་སོགས་པ་འཁོར་བའི་ཆོས་རིལ་ཀུན་གྱི་གཞི་རྩ་ནི་དུག་གཏི་མུག་ཆགས་སྡང་ང་རྒྱལ་ཕྲག་དོག་གོ། །དེ་ཉིད་ངོ་བོ་ཡེ་ནས་མཐའ་གྲོལ་བའི་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་པའི་དོན་རང་རིག་རང་བྱུང་བས་ཇི་ལྟ་བར་རྟོགས་ན། ཡེ་ཤེས་ལྔའི་བདུད་རྩི་ཆེན་པོ་གཞན་ནས་བཙལ་མི་དགོས་པར་རང་རིག་པ་ལ་གནས་པའི་དུག་ལྔ་ཉིད་ཡེ་ཤེས་ལྔར་མ་བྱས་པར་རང་བྱུང་བ་ཤེས་པས། དོན་དེ་མཐོང་བ་མེད་པར་མཐོང་བ་ནི་རྣལ་འབྱོར་གྱི་སྤྱན་ལྔའི་མཆོག་རང་རིག་ཡེ་ཤེས་ཀྱི་སྤྱན་དང་མིག་ལྡན་པ་ཤེས་རབ་ཀྱི་སྤྱན་ཉིད་དུ་བསྟན་པའོ། །ལང་ཀའི་བདག་པོ་འདི་དག་ནི། །དམ་ཚིག་གསང་བ་མཆོག་ཡིན་ཏེ། །ཞེས་པ་ལ་སོགས་པ་སྐྱེས་བུས་སྡུད་པ་ལ་བོས་ནས། སྔར་བཤད་པ་ནི་ཐེག་པ་ཆེན་པོའི་དམ་ཚིག་སྣོད་བཞི་ལ་མི་བསྟན་པ་དམ་པ་སྟེ། རྒྱལ་བས་བསྲུང་བར་གདམས་ངག་ཏུ་གསུངས་པའི་ཚིག་ཡིན་པའི་ཕྱིར་མིང་ཉིད་འགྲུབ་བོ། །འདི་དག་ལ་རྣལ་འབྱོར་སུ་དག་བློ་མི་འགྱུར་བར་གང་དག་ངེས་པའི་གནས་ན་དེ་ནི་རྣལ་འབྱོར་པ་ཉིད་ཡིན་པའོ། །དམ་ཚིག་གི་གཞི་བཟུང་བ་དངོས་ཀྱི་དཔེ་གང་སྙམ་པ་ལ། ཇི་ལྟར་ས་གཞི་གཤིན་པ་ལ། །ཞེས་པ་སྒྲ་ཇི་བཞིན་དུ་སྦྱར་རོ། །གལ་ཏེ་ཉམས་པར་གྱུར་པ་ན། །ཆད་པའི་སྐྱེ་གནས་དམྱལ་ཆེན་བརྒྱད། །ཅེས་པ་དག་ཉམས་པའི་སྐྱོན་ལས་འདིར་སྤྱི་སྐྱོན་ཏེ་དེ་ཉིད་དུ་ཡང་ནས་ཡང་དུ་བརྒྱུད་པའོ། །ལང་ཀའི་བདག་པོ་གང་འདི་ལས། །ཉམས་པར་གྱུར་པ་གང་ཞེ་ན། །ཞེས་པ་ལ་སོགས་པ་བོས་ནས་རྒྱུད་འདིའི་གཞུང་ལས་ཉམས་པ་ལྔ་འབྱུང་བ་ནི། དམ་ཚིག་ཕྱོགས་མེད་དུ་མཉམ་པ་ལ་སོགས་ཏེ། རྩ་བ་དང་ཡན་ལག་ཉམས་པ་དངོས་པོ། །ཟླས་ཉམས་པ་ནི་ཉམས་པ་དང་དམ་འདྲེས་པ་དང་འགྲོགས་པ་གང་ཡིན་པའོ། །གྲོགས་པོའི་ངོ་དགར་དབང་མེད་དུ་ཉམས་པའི་ལས་སུ་གྱུར་པ་ནི་ཞར་གྱིས་ཉམས་པའོ། །དེ་དག་ཀྱང་རྣལ་འབྱོར་པ་གཅིག་ཀྱང་ཉམས་པ་རེས་འགའ་བྱུང་རེས་གང་འབྱུང་བའི་ཕྱིར་ཤིན་ཏུ་བསྒྲིམས་ཏེ་འབད་དོ། །འོ་ན་དེ་དག་ལ་གསོ་བའི་ཐབས་ཡོད་དམ་མེད་སྙམ་པ་ལ། ཚོན་གྱི་རི་མོ་དང་། གསེར་དངུལ་གྱི་སྐྱོགས་ཞོམ་པ་དང་། མར་མེ་ཤི་བ་ལྟར་གསོ་བའི་ཐབས་ཡོད་པའི་ཕྱིར། གང་དེ་བསྐང་བར་བྱ་བའི་ཐབས། །རྣམ་པ་ལྔ་ནི་བཤད་པར་བྱ། །ཞེས་པ་བསྐང་ཐབས་གསུངས་པ་ལ་ཁྱད་པར་དུ་དམ་བཅའ་བའོ། །ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་པ་དག་ཉམས་པའི་རྒྱུས་ཐབས་ཀྱང་རྗེས་སུ་གྲངས་མཐུན་པའོ། །ལས་ནི་རྣམ་ལྔས་སྐོངས་འགྱུར་ཏེ། །ཞེས་པ་ལ་སོགས་པ་སྤྱད་པ་ལས་ཀྱི་ཉམས་པ་ལྔ་བསྐང་བ་ནི་ཇི་ལྟར་ཞེ་ན། ཀུན་ཏུ་ཉམས་པ་ཆེན་པོ་ནི། འཛབ་འབུམ་ཕྲག་ལྔ་དང་ཁྲི་ཕྲག་གསུམ་བཟླས་སོ། །རྩ་བ་ཉམས་པ་ལ་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གསུམ་མོ། །ཡན་ལག་ཉམས་པ་ལ་སྟོང་ཕྲག་ལྔ་དང་བརྒྱ་ཕྲག་གསུམ་མོ། །ཟླས་ཉམས་པ་ལ་ལྔ་བརྒྱ་དང་བཅུ་གསུམ་མོ། །ཞར་ལ་ཉམས་པ་ལ་ལྔ་བཅུ་དང་གསུམ་མོ། །གྲངས་ཀྱི་བྱེ་བྲག་ནི་བསྐང་བ་དཀའ་སླས་ཕྱེ་བའོ། །རྫས་ནི་རིན་ཆེན་སྣ་ལྔ་ཡིས། །རིགས་ཀྱི་དམ་ཚིག་གང་ཉམས་ལས། །བླ་མ་རིགས་ལྔ་གང་དག་ལ། །ཐ་ཚིག་གང་རླག་ནོར་དེས་བླུད། །ཞེས་པ་རྩ་བའི་རྒྱུད་ལས། བྱང་སེམས་ཐ་ཚིག་རལ་གྱུར་ན། །གཏི་མུག་རིགས་ཀྱི་ཐ་ཚིག་བསྐང་། །དམངས་རིགས་བླ་མ་སྤྱན་དྲངས་ལ། །ཉེས་འགལ་མི་བཅབ་སྟོང་དུ་བཤགས། །གསེར་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་གང་རླག་ནོར་དེས་བླུད། །བྱང་ཆུབ་སེམས་བསྐྱེད་རྒྱུད་སྦྱངས་མཉན། །རྡོ་རྗེའི་ཐ་ཚིག་རལ་གྱུར་ན། །ཞེ་སྡང་རིགས་ཀྱི་ཐ་ཚིག་བསྐང་། །རྗེའུ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་འབུམ་དུ་བཤགས། །ཤེལ་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་གང་རླག་ནོར་དེས་བླུད། །བསམ་གཏན་ཏིང་འཛིན་བརྩོན་བསྒོམ་བྱ། །རིན་ཆེན་ཐ་ཚིག་ཉམས་གྱུར་ན། །ང་རྒྱལ་རིགས་ཀྱི་ཐ་ཚིག་བསྐང་། །རྒྱལ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་བརྒྱད་ཁྲིར་བཤགས། །བཻཌཱུར་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་རླག་ནོར་དེས་བླུད། །སྐུ་གདུང་རིང་བསྲེལ་རྣམ་པར་སྤེལ། །པདྨའི་ཐ་ཚིག་རལ་གྱུར་ན། །འདོད་ཆགས་རིགས་ཀྱི་ཐ་ཚིག་བསྐང་། །གདོལ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་འཆབ་བརྒྱར་བཤགས་བྱ། །བྱེ་རུ་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་རླག་ནོར་དེས་བླུད། །བཤད་བྱ་ཟབ་མོའི་གླེགས་བམ་བརྗོད། །ལས་ཀྱི་ཐ་ཚིག་རལ་གྱུར་ན། །ཕྲག་དོག་རིགས་ཀྱི་དམ་ཚིག་བསྐང་། །བྲམ་ཟེའི་རིགས་བཤེས་སྤྱན་དྲངས་ལ། །ཉེས་བྱས་མི་བཅབ་བཅོ་ལྔར་བཤགས། །ཨིཎྜ་ལ་སོགས་རྫས་ཆེན་གྱིས། །ཐ་ཚིག་གང་རླག་ནོར་དེས་བླུད། །མཆོད་སྦྱིན་བསོད་ནམས་ལས་ཆེན་བྱ། །དེས་ནི་བསྐང་བའི་ལས་ཆེན་འགྲུབ། །ཅེས་གསུངས་པའི་དོན་ཏོ། །འདུན་པ་དང་པོ་དད་པ་ཡིས། །ཞེས་པ་དག་གང་ཞིག་ཉམས་པ་དེས་འདུན་པ་དང་བའི་དད་པས་གདུང་བའི་ཤུགས་ཀྱི་ང་རོ་ཆེན་པོ་དམྱལ་བ་པ་བཞིན་བཏོན་ལ་འགྱོད་པ་དྲག་པོས་བཤགས་ནས་བསྐངས་པའོ། །དེ་ཡང་འདི་ཉམས་པའི་རྒྱུས་ལྔར་འགྱུར་ཏེ། རྩ་བའི་རྒྱུད་ཉིད་ལས། དོན་གྱིས་བསྐངས་པའི་ཐབས་མཆོག་ཀྱང་། །རྣམ་ལྔའི་ཚུལ་དུ་བཤགས་པར་བྱ། །ཆོས་ཀུན་ནམ་མཁར་བསྒོམས་ནས་ཀྱང་། །བག་ཆགས་བཟང་ངན་ཐམས་ཅད་ཀུན། །ཅི་ཡང་མེད་པའི་བློ་ལ་བཞག །དེ་ལ་གོམས་བྱས་ཉེས་པ་མེད། །ཀུན་ལ་མཁས་པའི་བླ་མ་ལ། །རྒྱ་ཆེ་ཡངས་པའི་ཆོས་མཉན་ཏེ། །བསམ་པའི་ལས་རྣམས་རྒྱ་ཆེར་བྱ། །ཡིད་གཉིས་དམིགས་པའི་ལས་དག་ན། །རྩ་བ་ཉམས་པ་སྐོངས་བར་འགྱུར། །གལ་ཏེ་ཡན་ལག་ཉམས་གྱུར་ན། །ཆོས་ཉིད་ནམ་མཁའི་དོན་སྟོན་པའི། །གླེགས་བམ་ཟབ་མོ་ཀུན་རྟོག་སྟེ། །དོན་རྣམས་རྒྱ་ཆེར་བརྟགས་པར་བྱའོ། །དེས་ནི་ཡན་ལག་ཉམས་པ་མེད། །ཟླས་ནི་ཐ་ཚིག་ཉམས་འགྱུར་ན། །བླ་མ་སྐྱེས་བུ་མཁས་པ་ལ། །གཞུང་ཆེན་བཙུགས་པའི་བསྟན་པ་ཞིག །སྟོན་པའི་ཡོན་བདག་དང་བླངས་ཏེ། །བློ་ཡི་རྩལ་ཅན་ཀུན་བསྡུས་ནས། །དམ་ཚིག་བདུད་རྩི་བསྟན་པ་བསྒྲགས། །གལ་ཏེ་ཞར་གྱིས་ཉམས་འགྱུར་ན། །བསྟན་པའི་གླེགས་བམ་རྒྱ་ཆེན་རྣམས། །བྲིས་ནས་ཆོས་ཀྱི་སྦྱིན་པ་བཏང་། །དེས་ནི་ཞར་ཉམས་སྐོངས་པར་འགྱུར། །ཞེས་དེ་བཞིན་དུའང་བཀའ་སྩལ་ཏོ། །ཏིང་ངེ་འཛིན་གྱི་ཐབས་ཆེན་ཡང་། །ཞེས་པ་དག་ཉམས་པ་དེ་དག་ཏིང་ངེ་འཛིན་གྱིས་བསྐངས་བའི་ཐབས་ནི། རྩ་བའི་རྒྱུད་ཉིད་ལས། བག་ཆགས་ཅན་གྱི་སྤྱི་གཙུག་ཏུ། །རྩ་དམར་འོད་ནི་མེ་ལོང་ཙམ། །ཤིན་ཏུ་འབར་ཞིང་སེམས་གསལ་བས། །ཆགས་དང་བཅས་པའི་ཕུང་པོ་བསྲེག །རྣམ་གྲོལ་སེམས་ཀྱི་རང་བཞིན་དང་། །འོད་ཀྱི་རང་བཞིན་གཅིག་པ་ལས། །དཀར་དང་དམར་དང་མཐིང་ག་ཡི། །འོད་ཀྱི་ཐིག་ལེ་གསུམ་དུ་གྱུར། །དཀར་པོ་འཕྲོས་པས་ཁྱབ་པ་ཆེ། །མཐིང་ག་ཐུགས་ཀྱི་ས་བོན་ཏེ། །རྣམ་གསུམ་གཅིག་ཏུ་འདུས་པ་ལུས། །ངག་ཡིད་གསུམ་གྱི་བག་ཆགས་བསྲེགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོངས། །དཀར་པོ་རླུང་ཟླའི་དཀྱིལ་འཁོར་ལ། །དམར་པོ་བུས་པའི་རླུང་བྱུང་བས། །མཚན་མའི་བག་ཆགས་རྣམ་པར་གཏོར། །དམར་པོ་ཆུ་ཟླའི་དཀྱིལ་འཁོར་ལས། །མཐིང་གའི་ཡེ་ཤེས་ཆུ་བྱུང་བས། །དངོས་པོ་ལྗན་ལྗིན་ཐམས་ཅད་བཀྲུས། །དེ་ལྟར་གསལ་བར་གྱུར་པ་དང་། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །འཇིག་རྟེན་བསྲེག་ལ་མེ་དགོས་ཀྱང་། །བག་ཆགས་བསྲེགས་ལ་མེ་མི་དགོས། །ཞེས་པ་ལ་སོགས་པ་གསལ་གདབ་ཅིང་བསྐུར་བའི་ཚིག་སྒྲ་བཞིན་ནོ། །འདི་ཉིད་ཀྱི་གཞུང་བཙན་པར་འདོད་དེ་མི་བསྐུལ་ལོ། །གཞན་དག་ཀྱང་རྗེས་སུ་མཐུན་པར་སྦྱར་ཏེ། རྩ་བ་ནི་མི་མཐུན་པ་ཤེས་པ་དང་རྒྱས་པའི་ཕྱིར་དྲངས་པའོ། །དེ་ཉིད་དེ་ཡི་ཐབས་མཆོག་ཀྱང་། །རྣལ་འབྱོར་དམ་པ་གང་ཞིག་དག །ཉམས་པའི་ཆད་པ་བྱུང་བ་ལ། །དེ་བཞིན་ཉིད་ལས་མ་གཡོས་ན། །ཞེས་པ་ལ་སོགས་པ་གང་ཉམས་པ་ལྔ་ཉིད་མན་ངག་གི་བསྐངས་པའི་ཐབས་ཕུལ་དུ་བྱུང་བ་ནི། རྣལ་འབྱོར་བ་སུ་ཞིག་ཉམས་པའི་དབང་དུ་གྱུར་པ་ལ་བཀའ་ཆད་འབྱུང་བ་ལ་ཐར་བར་བྱ་བའི་ཐབས་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་མཇལ་བའི་ཏིང་ངེ་འཛིན་ལ་འགྱུར་བ་མེད་ན། ཉམས་པའི་སྐྱབས་དམ་པ་དེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཉམས་པ་དང་མ་ཉམས་པའི་ཐ་སྙད་གཉིས་དང་བྲལ་བས་བརྗོད་དུ་མེད་པའི་ཕྱིར་རོ། །རྩ་བའི་རྒྱུད་ཀྱི་དབང་དུ་ནི། ཐབས་འདི་ཉིད་ལའང་ལྔ་སྟེ། མན་ངག་ཐབས་ཀྱི་དོན་མཆོག་ནི། །རྩ་བ་ཡན་ལག་དེ་རྣམས་ལས། །གང་དག་ཉམས་པར་གྱུར་པ་ལ། །མན་ངག་ཐབས་མཆོག་ལྔ་ཡིས་བསྐངས། །ཉམས་པ་ཆེན་པོར་ལྟུང་གྱུར་ན། །བླ་མར་གྱུར་པའི་སྐྱེས་བུ་དག །རྒྱལ་པོ་དགུ་ཡི་སྤྱན་ལམ་དུ། །སྒྲུབ་པ་ཆེན་པོ་དགུ་བརྩམ་ཞིང་། །མཆོག་ཆེན་དགུ་ཡི་བརྟུལ་ཞུགས་སྤྱད། །རང་གི་གཟུངས་མ་གང་ཡིན་པ། །བླ་མ་དགུ་ལ་གཟུངས་མར་དབུལ། །དེ་བཞིན་རྩ་བ་ཡན་ལག་དང་། །ཟླ་དང་ཞར་ལས་ཉམས་པ་དག །སྒྲུབ་པ་དོན་གྱིས་ཁྱད་པར་རྣམས། །བདུན་ནམ་ལྔའམ་གསུམ་མམ་གཅིག །རིམ་པ་བཞིན་དུ་སྦྱར་བྱས་ནས། །དེ་ནི་སྐོངས་པའི་མཆོག་ཏུ་འགྱུར། །ཞེས་གསུངས་པ་བཞིན་འབད་པར་བྱའོ། །དེ་ལྟ་བུའི་ཉམས་པ་རྣམས་བཤགས་པ་ནི། འགྱོད་པ་དྲག་པོ་བསྐྱེད་དེ་མཆི་མ་བླགས་ལ་བ་སྤུ་གཟེང་ནས་བཤགས་པ་ནི། ཤེས་རབ་ཆེན་པོའི་རྒྱུད་ཀྱི་བག་ཆགས་ཐམས་ཅད་རང་བཞིན་མེད་པར་བཤགས་པ་དང་། ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། བྱང་ཆུབ་ཀྱི་འོད་དང་ཟེར་གྱིས་བག་ཆགས་ཀྱི་མུན་པ་ཐམས་ཅད་བསལ་ཏེ་དག་པར་བྱ་བ་དང་། སྤྱོད་པ་རླབས་ཆེའི་ཆུས་བཀྲུ་བའི་ཐབས་དང་བཞིས། བཤགས་པའི་ཡུལ་སངས་རྒྱས་དང་། རིག་འཛིན་དང་། ལྷ་དང་བླ་མ་དང་། གླེགས་བམ་དང་། གྲོགས་པོ་དང་། རྟེན་དུ་གྱུར་པ་རྣམས་སོ། །དེ་ལྟ་བུའི་ལས་ལ་བརྩོན་པར་བྱ་བའི་ཐ་ཚིག་གོ། །ལང་ཀའི་བདག་པོ་དེ་དག་ནི་གཞི་ཡོངས་སུ་གཟུང་བ་རྣམ་པར་བགྲོས་པར་ཤེས་པར་བྱའོ། །ཞེས་པ་བོས་ནས་དོན་གྱི་ངོ་བོ་བསྟན་པའོ། །དེ་སྐད་ཅེས་སྨྲས་པས་ལང་ཀའི་བདག་པོ་ལ་སོགས་དམན་པ་དམ་པ་རྣམས་ཞེས་པ་འཁོར་རྣམས་དམ་ཚིག་དང་ལྡན་པར་གྱུར་བའོ། །དམ་ཚིག་གསང་བ་མཆོག་གི་ལེའུ་སྟེ་དྲུག་ཅུ་དྲུག་པ་བཀྲོལ་བའོ།། །།དེ་ནས་གསང་བའི་བདག་པོས་སྨྲས་པ། ཀྱེ་གྲོགས་པོ་དག་ཅེས་པ་ལ་སོགས་པ་རྗེས་མཐུན་དུ་འཆད་དེ། སྐྱེས་བུ་ཉིད་ཀྱིས་བོས་ནས་བསླབ་པ་གཉིས་པ། རྒྱུད་ཡོངས་སུ་ཐོས་པས་དགྲོལ་བར་བསླབ་པ་ནི། དང་པོར་ཡུལ་དམ་པ་བླ་མ་མཆོག་ལ་བསྟེན་དགོས་པས་དེའི་མཚན་ཉིད་ཉེ་བར་བསྟན་པ་ཡང་བླ་མ་མཚན་ཉིད་བརྟགས་པའི་དོན་བསྟན་པའི་ཕྱིར། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ཞེས་པ་དག་བྱང་ཆུབ་འགྲུབ་པའི་སྟོན་པ་ཆེན་པོ། ཐེ་ཚོམ་གཅོད་ཅིང་དོན་མ་ནོར་བ་འབྱུང་བས་ཞུ་བར་བྱ་བའི་ཡུལ་བླ་མ་རྡོ་རྗེ་སློབ་དཔོན་ནི། འགྲོ་བ་ལམ་སྦྱོར་བའི་ས་རྒྱུས་མཁན་དང་འདྲའོ། །སྡུག་བསྔལ་གྱིས་ཉེན་པའི་མགོན་སྐྱབས་དམ་པའོ། །མ་རིག་པ་སེལ་བའི་སྒྲོན་མར་གྱུར་པས་རིན་པོ་ཆེ་འབར་བ་ལྟ་བུའོ། །མཐོང་བར་བྱེད་པའི་མིག་དང་འདྲའོ། །དོན་ཤེས་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་འདྲའོ། །འཁོར་བའི་ཆུ་བོ་བཞི་སྒྲོལ་བས་གྲུ་དང་འདྲའོ། །འཁོར་བའི་འཇིགས་པ་བརྒྱད་ཀྱིས་མི་ཚུག་པས་མཁྲེགས་པར་གྱུར་པའི་རྫོང་ལྟ་བུའོ། །འཁོར་བའི་དམག་དཔུང་གིས་མི་ཚུགས་པས་རྟེན་པར་གྱུར་པའི་མཁར་དང་འདྲའོ། །ཉོན་མོངས་པའི་གཅོང་རྙིང་འབྱིན་པས་སྨན་པ་དང་འདྲའོ། །འཁོར་བའི་རྒྱ་མཚོ་བརྒལ་ནས་མྱ་ངན་ལས་འདས་པའི་ནོར་ལེན་པས་ཚོང་དཔོན་དང་འདྲའོ། །དེ་ལྟར་བརྟེན་ན་ཡོན་ཏན་བཅུ་དང་ལྡན་པའི་ཕྱིར། ཐོག་མར་མཚན་ཉིད་ཇི་ལྟ་བ་ཤེས་པར་བྱ་སྟེ། གང་མ་བརྟགས་ན་བླ་མ་ངན་པའི་སྐྱོན་འཆད་པར་འགྱུར་བ་ལྟ་བུའི་ཉེན་ཡོད་པའི་ཕྱིར། སྡེ་མཛོད་གཏེར་ཁྱིམ་ཁང་ཆེན་དང་། །རྣམ་འགྲེལ་ལྡེ་མིག་བཅུ་གཉིས་དང་། །ངེས་མདོ་དམ་པ་དེ་ཉིད་བཅུ། །མཐའ་བཅུ་ཡན་ལག་མདོ་རྩ་བ། །གང་འདིར་སྐབས་བཅུ་རྫོགས་ལྡན་ནམ། །ཞེས་པ་སྡེ་སྣོད་རིན་པོ་ཆེ་གསུམ་དང་ལྷུན་གྱིས་གྲུབ་པ་རང་གི་བྱང་ཆུབ་སེམས་ཀྱིི་དོན་སྟོན་པའི་མཛོད་གསུམ་དང་། བླ་མ་དེས། སྒོ་དམ་ངེས་བསམ་དམིགས་བཟླས་སྦྱོར། །སྤྱོད་ཐོབ་གནས་པ་ལྟ་ཡན་ལག །ཅེས་གསུངས་པའི་དོན། དྲུག་གཉིས་དང་། ངེས་པ་གསུམ་དང་། མདོ་བཞི་མན་ངག་ལུང་གི་དོན་དང་། བསྒྲུབ་དང་གསང་སྔགས་སྤྱོད་པ་དང་། །གྲུབ་པ་དག་དང་གནས་པ་དང་། །བཟླས་པའི་སྒྲ་དང་ཕྱག་རྒྱ་རྟོགས། །ཏིང་འཛིན་ལྟ་བ་ཆོ་འཕྲུལ་བརྟག །ཅེས་པ་དཔེ་བཅུ་དང་བཅས་པ་དང་། རྣལ་འབྱོར་གྱི་བསླབ་པའི་མཐའ་བཅུ་དང་། ཡན་ལག་དྲུག་དང་། མདོ་བཞི་དང་། རྩ་བ་གསུམ་ལ་སོགས་པ་རྣམས་ཀྱི་དངོས་པོ་ནི། རྒྱུད་འདི་ཉིད་ཀྱི་ལམ་རྣལ་འབྱོར་བཅུ་སྐབས་བཅུར་སེམས་བཅུ་སྐྱེས་པ་ས་བཅུ་ནོན་པའི་བར་སྐབས་སུ་ཆ་རྐྱེན་ཚང་ཞིང་རྫོགས་པའོ། །དོན་འདི་ནི་རྣལ་འབྱོར་ལྔ་དང་བཅུའི་སྐབས་སྐབས་སུ་བཤད་པ་དག་ལ་བླ་མ་དེ་རྐྱེན་གང་གང་དང་ལྡན་ཞིང་གང་གང་དང་མི་ལྡན་པ་དང་། ཀུན་ཏུ་དགོས་པ་དང་། ས་འོག་རིམ་ལ་དགོས་པ་གོང་མ་ལ་མི་དགོས་པ་དང་། གོང་མ་ལ་ལྡན་པ་འོག་མའི་ཡུལ་མིན་པ་ལ་སོགས་པ་མཁྱེན་པའི་ཡོན་ཏན་རིལ་རྫོགས་པར་ལྡན་པ་གང་ཡིན་པ་ལ་སོགས་པ་ཞིབ་ཏུ་གཅེས་ཏེ། འདིར་ཡི་གེ་མང་བའི་སྒྲས་འཇིགས་ནས་མ་སྦྱར་ཏོ། །སྐྱོན་གྱི་མཐའ་རྣམས་ཟད་གྱུར་ཅིང་། །ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །དམ་པའི་ཚད་ལ་བབ་མ་བབ། །ཅེས་པ་ལ་སོགས་པ་བཤད་པའི་ཆོས་རྣམས་རྩེར་ཆིབས་པས་སྐྱོན་རྣམས་དང་བྲལ་ཞིང་། ཡོན་ཏན་མང་པོ་རྫོགས་སམ་མ་རྫོགས་བརྟགས་པ་དང་། སློབ་དཔོན་བྱ་བའི་ཚད་དུ་ཕྱི་ནམ་མ་ཕྱིན་བརྟགས་པ་དང་། དེ་ལ་སློབ་དཔོན་དུ་བཟུང་ན་བསླབ་པ་བཅུ་རྫོགས་ནས་འབྲས་བུ་ཐོབ་སྟེ་འོང་མི་འོང་བརྟགས་པ་དང་། དེ་ཡང་བླ་མ་ཉིད་ཀྱིས་རིག་པར་མི་བྱ་བར་ཐབས་ཀྱིས་གཞན་ལ་ཡོན་ཏན་ཡོད་མེད་འཆད་པ་རྣམས་ཀྱི་ཚུལ་འདྲི་ཞིང་ལེགས་པར་དཔྱད་དོ། །བརྟགས་པས་བསྔོ་བ་ཀུན་ལྡན་ན། །གཞན་གྱིས་ཡུལ་ལ་འགྲོ་མི་བྱ། །ཞེས་པ་ལ་སོགས་པ་དེ་ལྟར་བརྟགས་པས། ཡོན་ཏན་གྱི་གྲངས་ཀུན་དང་ལྡན་པའི་བླ་མ་དེ་བདག་གི་བླ་མར་བཟུང་ལ། གཞན་དུ་འགྲོ་བར་མི་བྱའོ། །དེ་ལྟ་བུའི་བླ་མ་ལ། དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ཡི། །ཡོ་བྱད་ཆེན་པོ་ལྔ་ལྡན་ན། །རྫས་ཀྱི་ཡོ་བྱད་དབུལ་ཡང་དེ་ལ་རྟོག་པར་མི་བྱ་བ་དང་། བླ་མ་དགོངས་པ་དོན་དང་འབྱོར་པས་ཞལ་ནས་གསུངས་པའི་ཆོས་དང་ངང་ཚུལ་བཟང་ངན་སྐུ་ལུས་ཆུང་ལ་ཞལ་རས་ངན་པར་གྱུར་ཀྱང་དེ་ལ་བལྟ་བར་མི་བྱ་བ་དང་། མན་ངག་གི་དྲོད་དང་ལྡན་ན་རང་བཞིན་རྒོད་ཅིང་འཕྱར་གཡེང་དུ་གྱུར་པ་ལ་མི་ལྟ་བ་དང་། དེ་ལྟ་བུའི་འདོད་པ་ཆེ་བ་དང་། གསུང་འཆལ་བར་སྨྲ་བ་དང་། རིགས་ངན་ལས་སྐྱེས་པའི་སྡིག་ཅན་གྱི་རིགས་ཡིན་ཡང་དེ་ལ་མི་བལྟ་བ་དང་། དེ་ནི་མིའི་ཆོས་ལུགས་མི་ཤེས་ཤིང་བླུན་རྨོངས་སུ་གྱུར་ཀྱང་དེ་ལ་ལྟ་བར་མི་བྱའོ། །འཇིག་རྟེན་པ་ཡི་དེ་བཞིན་དུ། །དམ་པ་དེ་དག་ཇི་ལྟར་ཡང་། །ཞེས་པ་ལ་སོགས་པ་འཇིག་རྟེན་གྱི་མཚང་སྐྱོན་དེ་ལྟར་འདུག་ཀྱང་། ཐེག་པ་ཆེན་པོ་མཆོག་གི་ས་དང་ལམ་རིམ་ལ་མཁས་པར་གདིང་ཡོད་ན། བདག་གི་སྒོ་གསུམ་གྱིས་བཟོད་པར་བྱ་དཀའ་བ་རྣམས་ཐེག་པ་ཁུར་ཏེ་འབྲས་བུ་འདོད་པའི་ཕྱིར་བཟོད་པར་བྱའོ། །དེ་ལྟ་བུའི་བཀའ་སྩལ་མི་ཐེག་པ་རྣམས་ཇི་ལྟར་བསམ་ཞེ་ན། དམ་པ་འདི་ནི་ས་མཁན་ཏེ། །འདི་ནི་བདག་གི་མགོན་ཡིན་པས། །ཞེས་པ་དག་སྒྲ་བཞིན་ཏེ་སྒྱུ་མར་བསམ་པའོ། །གང་འདིར་གྱི་ན་ཙམ་འདི་དག །དམ་པ་གང་ལ་འགོག་མ་མིན། །ཞེས་པ་ལ་སོགས་པ་བླ་མའི་བཀའ་སྩལ་པ་བདག་གིས་མི་བཟོད་པ་དེ་ལ་བརྟགས་ན། དེ་ཉིད་གྱི་ན་འདའ་ཡ་མ་བརླ་ཡིན་པས་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་འགོག་ཅིང་མ་ཤོང་རྒྱུ་མེད་པས། བཀའ་སྩལ་པའི་དུས་འཇིག་རྟེན་སྐད་ཅིག་ཙམ་གྱི་ཚེ་འདི་ལ་སྐལ་བ་ཆེ་བས་ཚེ་རིང་ན་ལོ་གྲངས་འདི་ཚོད་ཙམ་དེའི་བར་ཙམ་གཅིག་ལ་གནས་པའི་སྐབས་འདི་ལ་བཟོད་ན། དེ་ཕྱིན་ཆད་ངེས་པ་རྙེད་ནས་དུས་ཕྱི་མ་ནས་ཕར་བཟོད་པར་དཀའ་བའང་མི་འབྱུང་སྟེ། ཚེ་འདིའི་བར་ཙམ་དུ་ཟད་དེ་ལྟ་བའི་ཡུན་ལ་ཅང་མེད་དོ། །དེ་ལྟ་བས་ན་བླ་མ་དང་ལྷན་ཅིག་པའི་དུས་དང་། བར་འགའ་མཇལ་བའི་དུས་དང་། བཀའ་ལུང་འབྱུང་བའི་དུས་དང་། རང་བཞིན་གྱིས་གནས་གཅིག་ཏུ་འཛོམ་པའི་དུས་སུ། རེས་འགའ་དགྱེས་ལ་རེས་འགའ་བཀྱོན་པ་དང་། རང་བཞིན་དུ་བསྐུལ་ཞིང་ཞི་བས་གསུངས་པས་ཆོག་པ་ལ་ཡང་། བཀའ་སྩལ་དྲག་པོར་གསུངས་པའི་མཛད་སྤྱོད་ཀྱིས་བདག་སྡུག་བསྔལ་པ་ཉིད་ཀྱང་ཡ་མ་བརླ་སྒྱུ་མར་བསམ་ཞིང་། བླ་མས་བཀའ་སྩལ་ཉེས་པ་ཅི་གསུངས་ཀྱང་། དེ་དག་ལ་མི་དགའ་བའི་བསམ་པ་མེད་པར་བྱས་ལ་ངས་ཆོས་ཀྱི་དོན་དུ་ལེགས་པར་མི་བསམ་པའི་ལུགས་ཇི་ཡོད་སྙམ་དུ་དམིགས་ལ་ལྷག་པར་བལྟ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཡུན་གྱི་དོན་སྲིད་ཆེན་པོ་ལ། །དམིགས་ནས་བློ་གྲོས་ཆེར་བསྐྱེད་དེ། །ཅེས་པ་ནམ་ཞིག་ཚེ་རབས་ཀྱི་དོན་བྱང་ཆུབ་སྙིང་པོ་བླ་མས་སྟེར་བ་ལ་དམིགས་ཏེ། བསམ་པས་གུས་པ་དང་བཀུར་སྟི་བསྐྱེད་ལ་རྒྱུད་སྦྱངས་ཏེ་འབད་དོ། །དེ་བས་ན་ཐར་པ་གཏན་གྱི་གོ་འཕང་མཆོག་འབྱུང་བ་དང་། སྐད་ཅིག་ཙམ་དུ་བླ་མས་བཀའ་སྩལ་ཏེ་ཉེས་པར་མི་དགའ་བ་གཉིས་མཉམ་པོར་བྱས་ལ་མི་བཟོད་པར་བྱ་བའི་ལུགས་མེད་པའི་ཕྱིར། གོ་འཕང་མཆོག་ཏུ་བལྟས་ལ་བཟོད་པར་བྱ་དགོས་པའི་ཕྱིར་རོ། །གང་འདིར་མགོན་མེད་བདག་འཁྱམ་ན། །ཕན་བྱུང་རིགས་ཅན་སུ་གང་ལ། །ཞེས་པ་ལ་སོགས་པ་བདག་གི་སྐྱབས་དམ་པ་ཡིན་པའི་ཕྱིར་བཀུར་བའང་། བདག་འཁོར་བར་ལྟུང་ཞིང་བརྒྱུད་ནས་གནས་པ་ལ། དེ་ལས་ཐར་བར་བྱ་བའི་ཐབས་བླ་མ་རྡོ་རྗེ་སློབ་དཔོན་མ་ཡིན་པ་བདག་ལ་ཕན་བསོད་བྱེད་པའི་རིགས་རྒྱུད་ཅན་གང་སུ་ཞིག་གང་ན་ཡོད་དེ་མེད་དོ། །དེ་བས་ན་བླ་མ་མིན་པའི་ཕན་ཡེད་ཅིའང་མེད་དོ། །ད་ལྟར་གྱི་མཐོང་བའི་ཚེ་འདི་ལ་སྡུག་བསྔལ་གྱི་གྲོགས་བྱེད་པའི་རིགས་རྒྱུད་ཅན་གང་སུ་ཞིག་གང་ན་ཡོད་དེ་མེད་དོ། །དེ་བས་ན་བླ་མ་མིན་པའི་ཕན་བྱེད་ཅིའང་མེད་དོ། །ད་ལྟར་གྱི་མཐོང་བའི་ཚེ་འདི་ལ་སྡུག་བསྔལ་གྱི་གྲོགས་བྱེད་པ་དང་། སྡུག་བསྔལ་སྐྱོབ་པར་ཁས་འཆེས་པའི་གང་ཟག་ལྟ་སྤྱོད་ད མན་པ་དམ་ཚིག་གིས་འབྲེལ་པའི་སློབ་དཔོན་མང་པོ་ཡོད་ཀྱང་། དེ་དག་གིས་ཐར་བར་མི་ནུས་པའི་ཚུལ་ནི། ལོག་པར་བསྒྲུབ་པའི་བློ་གྲོས་མཁན། །གཡང་སར་འགྲོ་བའི་སྔ་འགྲོས་པ། །ཞེས་པ་ལ་སོགས་པ་དམན་པའི་བླ་མས་སླར་བདག་གི་ལྟ་བ་ཕྱིན་ཅི་ལོག་ཏུ་བྱས་ནས་བླ་མ་དེ་ཉིད་སྣ་དྲངས་ནས་འཁོར་བར་ལྟུང་བ་དང་། བྱང་ཆུབ་ཀྱི་དོན་འགོག་པ་བྱེད་པར་ཡིན་ནོ་སྙམ་དུ་བསམ་མོ། །འདི་ལ་བརྟེན་པས་བྱང་ཆུབ་ཡོད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བླ་མ་འཁོར་བའི་སྐྱབས་མི་ནུས་པའི་སྤྱན་སྔར་ཕྱིན་ནས་དེ་ལ་ལམ་ལྟོས་ན། མཁན་སློབ་རིལ་གྲོང་ཁྱེར་གསུམ་གྱི་ཡང་ཐ་མའི་ཐ་མར་འཁྱམས་པས། དེ་ནི་འགྲོ་བ་ལ་བྱམས་པ་ཆེན་པོ་ཡོད་པའི་ཤེས་རབ་ཅན་གྱི་བླ་མར་མི་རིགས་སོ། །གང་འདིར་མུན་པར་འཁྱམས་པ་ལ། །ཞེས་པ་སྒྲ་བཞིན་ནོ། །གང་འདིར་སྣང་བའི་ཚུལ་བྱུང་ན། །ཞེས་པ་ལ་སོགས་པ་དེ་ལྟ་བུའི་དམ་པའི་བླ་མས་མན་ངག་གནང་བའི་ལྟས་བྱུང་ན། ལ་གོོར་བརྩམས་པ་ལ་བླ་མར་ཞུ་བ་དབུལ་ལོ། །དེ་བདག་གི་བླ་མར་གྱུར་ཕྱིན་ཆད་དེ་དག་གི་ཐུགས་ལ་འགལ་བའི་ལས་ཐ་ན་རྡུལ་གྱི་ཆ་ཙམ་ཡང་མི་བྱའོ། །དེའི་བཀའ་མི་བཅག་ཅིང་བཀའི་ལུགས་མི་བོར་བ་དང་། དང་པོར་ཞུགས་ནས་བླ་མར་བྱ་བ་ནས་མཐར་ཏིང་ངེ་འཛིན་མངོན་དུ་གྱུར་གྱུར་དུ་བླ་མ་ལ་བརྟེན་དགོས་པས་ཐ་ཚིག་གོ། །གང་འདིར་ངོ་གང་མ་ཟིན་པའི། །བཏང་སྙོམས་ཙམ་དུ་ཚུལ་བཟུང་བས། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་སྒོར་བླ་མའི་སྐྱོན་ཡོན་མ་ཤེས་པ་ནི། བླ་མ་ཉིད་ཀྱིས་དོན་མ་རྟོགས་པས་གསང་སྔགས་ཀྱི་སྤྱོད་ཡུལ་ཙམ་ལ་ལྟོས་ནས་སློབ་དཔོན་གྱི་ཚུལ་འཛིན་པ་ལ་གསང་དོན་མ་ནོར་བ་མེད་ཅིང་བླ་མ་ཉིད་ཡོན་ཏན་གྱི་རྐྱེན་རྣམས་དང་མི་ལྡན་པས། སློབ་བུས་གསང་སྔགས་ཀྱི་བསླབ་བྱ་རྣམས་སླར་བསྐྱར་དགོས་པ་དང་། ཐེ་ཚོམ་སྐྱེ་བའི་ཆོས་སུ་གྱུར་པས་སླར་སྙོམས་ལས་ཀྱིས། ཐེག་པ་ཆེན་པོའི་བསླབ་པ་ལ་མི་བརྩོན་ཞིང་སློབ་སྙིང་ལ་མི་འདོད་དེ་ཕྱལ་པར་གཞག་པའི་སེམས་སྐྱེ་བ་དང་། དེ་ལྟ་བུའི་བླ་མ་ལ་ཆོས་ཀྱིས་མ་ཚིམ་པས་མ་གུས་པའི་ལས་བྱེད་པར་འགྱུར་རོ། །དེའི་རྒྱུས་དོན་མི་རྟོགས་པའི་སྒྲིབ་པ་ཆེན་པོ་སོགས་པར་འགྱུར་རོ། །དེ་ཇི་ལྟར་ཞེ་ན། གང་གིས་ནམ་མཐོངས་འཐིབས་ཀྱིས་འགགས། །ཞེས་པ་ལ་སོགས་པ་དཔེར་ནམ་མཁའ་མུན་འཁྲིགས་ཀྱི་ས་ཆོད་པ་ལྟར། རང་གིས་སེམས་ཉིད་ཀྱི་ནམ་མཁའ་མི་རྟོག་པའི་སྒྲིབ་པ་འབྱུང་ངོ་། །དཔེ་བྱིས་པ་ཤེད་མ་བྱེ་བ་ལྟར། དོན་ཤེད་མི་བྱེ་བའི་རྒྱུ་རྟོག་པའི་རྒྱ་མདུད་དམ་པོ་ནི། དམན་པ་བླ་མར་བཟུང་བས་མཇུག་བཀའ་ཉམས་པ འི་དབང་དུ་སོང་བ་བཤད་པ་དག་ལས་འབྱུང་བའོ། །དེ་ལྟ་བུ་ནི་ནམ་དུ་ཡང་ཤེས་པའི་རྒྱུད་གྲོལ་མི་སྲིད་པས་སྐྱོན་ཆེན་པོར་གྱུར་བའོ། །སྐྱོན་ཇི་ལྟ་བུ་ཞེ་ན། དམ་པའི་ཡོ་བྱད་ལྔས་དབུལ་བའི། །འཕོངས་པ་དེ་ཡིས་གཞན་བསྒྲལ་ན། །ཞེས་པ་དག་བླ་མ་ཆོས་ཀྱིས་དབུལ་བས་སློབ་བུ་ཡང་ཆོས་ཀྱི་མུ་གེར་ལྟུང་བ་སྒྲ་བཞིན་ནོ། །འོན་ཏེ་ངན་པ་བླ་མར་བྱེད་དོ་ཞེ་ན། དེ་ལ་དམ་ཚིག་བསྲུང་ཞིང་དེ་ལའང་བཀུར་བའི་ཕྱིར། དེ་ལྟའི་གང་ཟག་དམན་པ་དེ། །ཞེས་པ་དག་སྒྲ་བཞིན་ཏེ། དེ་ཕྱིན་ཆད་བླ་མ་དམ་པ་ལ་བྱ་བ་ཁོ་ན་བཞིན་བྱའོ། །གལ་ཏེ་དམན་པའི་བླ་མ་ལ་མ་བཀུར་ཏེ་ཚུལ་བཞིན་མ་བྱས་པའི་སྐྱོན་ནི། གལ་ཏེ་དེ་ཡི་རྒྱ་ཉམས་ན། །དམྱལ་བ་རྡོ་རྗེར་དེ་འགྲོ་སྟེ། །ཞེས་པ་ལ་སོགས་པ་དམན་པའི་བླ་མའི་ཡང་བཀའ་བཅག་ཅིང་དམ་ཉམས་པའི་དབང་དུ་གྱུར་ན། དམྱལ་བའི་ཁྱི་ཀུན་ལ་གྲགས་པའི་སེང་གེ་ལྟ་བུས་དབད་པ་ལ་སོགས་པ་སྒྲ་བཞིན་ནོ། །སློབ་མར་གྱུར་ནས་སེམས་ལྡན་པས། །ཞེས་པ་ལ་སོགས་པ་གལ་ཏེ་སློབ་མར་བྱས་པའི་རྟིང་ལ་བླ་མ་ངན་པ་སེམས་ཅན་དུ་གྱུར་པའི་སྐྱོན་སྒྲ་བཞིན་ཏེ། དང་པོའི་དམ་དཔོག་པའི་དབང་པོས་ཆད་པ་གཅོད་པ་དང་། སྙིང་ལ་དམ་བཞག་པ་གཉེན་པོར་གྱུར་པའོ། །དེ་ཡང་ཚེ་འདི་ལ་སྨིན་པ་དང་། ཕྱི་མ་ལ་འབྱུང་བ་གཉིས་སུ་སྦྱར་རོ། །རྒྱལ་པའི་ཆད་པ་ལ་སོགས་པའི། །འཇིགས་པ་བརྒྱད་རྣམས་དེ་ལས་འབྱུང་། །ཞེས་པ་ཚེ་འདིར་ཡང་རྒྱལ་པོའི་བཀའ་ཆད་དང་། མུ་གེ་དང་། མེས་འཇིགས་པ་དང་། ཆུས་འཇིགས་པ་དང་། དུག་དང་། མཚོན་དང་། ཕ་རོལ་གྱི་དམག་ཚོགས་དང་། ལྕེ་འབབས་པས་འཇིགས་པ་དག་འབྱུང་བའོ། །ཤོ་གམ་གཅན་ཆེན་ལ་སོགས་པ། །ཞེས་པ་སྒྲ་བཞིན་ཏེ། འདི་དང་ཕྱི་མ་གཉིས་ཀར་འགྱུར་རོ། །ཅི་ཕྱིར་ལྷ་སྲིན་སྡེ་བརྒྱད་ལས། །ཞེས་པ་ལ་སོགས་པ་ཉམས་མི་བདེ་བ་འབྱུང་བའི་གཏན་ཚིགས་ནི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྟོ་འཕྱེ་ཆེན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། སྡེ་བརྒྱད་པའི་དྲེགས་པོ་དྲེགས་མོ་རྣམས་རིལ་བསྟན་པའི་སྲུང་མ་ལེགས་ཉེས་ཆད་པས་གཅོད་པའི་ལམ་མཁན་ཡིན་པས། དམ་བཅའ་བའི་དབང་གིས་དུས་ལ་བབ་ན་ཡལ་བར་མི་འདོར་བའི་ཆད་པས་གཅོད་པའི་ཕྱིར་རོ། །དེས་ན་ཆོས་ལ་སྤྱོད་པ་ཡི། །ཞེས་པ་དག་སྒྲ་བཞིན་ཏེ་བསྲུང་བར་གདམས་པའོ། །གང་གིས་རྩེ་གཅིག་ཆོས་བསྲུངས་ན། །ཞེས་པ་དག་བསྟན་པ་བསྲུངས་པའི་ཡོ ན་ཏན་དུ་འགྲེལ་ཏོ། །ཆོས་བསྲུང་བར་ཡང་གང་ཞེ་ན། །ཞེས་པ་དག་བསྲུང་བའི་ངོ་བོར་སྲུང་ཐབས་ལ་མཁས་པར་གྱུར་པ་སྟེ་སྒྲ་བཞིན་ནོ། །གང་ཞིག་ཆོས་ལ་མི་མཁས་ཤིང་། །ཞེས་པ་དག་རྨོངས་པས་ཐབས་མི་ཤེས་པས་ཆོས་བསྲུང་བར་མི་འགྱུར་བར་སྦྱར་རོ། །གལ་ཏེ་དུས་ནི་ཐམས་ཅད་དུ། །ཞེས་པ་ལ་སོགས་པ་སློབ་དཔོན་དང་སློབ་མ་གནས་གཅིག་ཏུ་ཡུན་རིང་འགྲོགས་པའི་སྐྱོན་ནི། སྒོམ་གསུམ་ཉམ་ཆུང་བས་བཀུར་གནས་ཆུང་བ་དང་། ཞབས་ཏོག་གི་སྐྱོ་བ་སྐྱེས་པས་ལེ་ལོ་འབྱུང་བས་བླ་མའི་ཐུགས་དང་འགལ་བས་ལྟུང་བའི་རྒྱུ་ཡིན་པའི་ཕྱིར། ཆེད་དུ་ཞབས་འགྲེང་དང་ཞུ་བ་མ་གཏོགས་པ་མི་འགྲོགས་པའོ། །དེས་ན་དམ་པའི་ལུང་མི་བཅག །ཚད་མེད་ངེས་པར་དམ་པའི་ལུང་། །ཞེས་པ་ལ་སོགས་ཉེན་དེ་ལྟ་བུའི་ཕྱིར་བཀའ་མི་བཅག་གོ། །ཅི་སྟེ་ཞེ་ན། བླ་མའི་བཀའ་ལུང་ནི་ལྡེམ་དགོངས་ཅན་ཡིན་པས། བུའི་ཤེས་རབ་དང་སྦྱར་ནས་གསུངས་པའི་ཕྱིར་རོ། །དེ་ཡང་སྔོན་གྱི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར། དེ་ཡང་ཇི་ལྟ་བུ་ཞེ་ན། །ཇི་ལྟར་ལོག་སྲེད་ཅན་དག་གིས། །སུ་དག་འཇིག་རྟེན་འ དྲེན་གང་ལགས། །ཞེས་པ་ལ་སོགས་པ་ལྡེམ་དགོངས་སུ་བཀའ་སྩལ་པའི་ཚུལ་ནི། འཇིག་རྟེན་གྱི་ལོག་སྲེད་ཅན་གྱི་ལྟ་བ་ལ་གནས་པ་དག་གིས། ཐེག་པ་ཆེན་པོ་སྟོན་པའི་མཆོག་དམ་པ་ཞིག་ལ། འདི་སྐད་དུ་སུ་དག་འཇིག་རྟེན་པ་རྣམས་འདྲེན་པའི་དེད་དཔོན་དམ་པར་གྱུར་པ་གང་ལགས་པ་ལ་ཞུས་པ་སྒྲ་བཞིན་ནོ། །དེ་ལྟར་མོས་པ་གང་སྙམ་པ་ལ། ཕ་མ་བྲམ་ཟེ་རྒྱལ་པོ་རྣམས། །བསད་བརླགས་ཡོངས་སུ་བཅོམ་བྱས་ལ། །ཞེས་པ་དེ་ལ་སྟོན་པས་ལན་དུ་དེ་དག་ལྡེམ་དགོངས་ཀྱི་ཚིག་མོས་ཕྱོགས་སུ་བཀའ་སྩལ་པ་ནི། འདོད་ཆགས་དང་མ་རིག་པ་གཞོམ་པ་དང་། ཚུལ་ཁྲིམས་དང་སྡོམ་པ་བཟུང་བའི་རྟོག་པ་དང་། ཀུན་གཞི་ལ་བག་དང་བཅས་པ་མི་དམིགས་པའི་ཤེས་རབ་ཀྱིས་སྦྱངས་ནས། དེ་ལྟ་བུའི་དོན་སྤྱོད་པ་རྣམས་བདེ་བ་ཐོབ་པའི་སྒྲ་ལ་དེ་སྐད་དུ་སྟོན་པའོ། །དེ་བསྟན་པ་ཡིས་དེ་སྤྱད་པས། །བདེ་མཆོག་བདེ་དང་ལྡན་པ་ཡིན། །ཞེས་པ་དག་སྟོན་པས་དེ་ལྟར་བཀའ་སྩལ་པས། ལོག་སྲེད་ཅན་གྱིས་དེ་ལྟར་སྤྱོད་པས་འཇུག་བདེ་བ་ཐོབ་པ་དེ་བཞིན་དུ་བླ་མའི་བཀའི་ལྡེམ་དགོངས་ཀྱི་ཚིག་ལ་དོན་གྱི་མདོ་དང་། དགོངས་པའི་དགོངས་པ་དོན་ཆེན་པོ་ཡོད་པའི་ཕྱིར། བླ་མ་དམ་པར་བཟུང་བའི་བཀའ་ཡང་དག་པ་སྒྲོ་སྐུར་མེད་པས་ཡིད་ཆེས་བས། བཀའི་ལུགས་ལ་དམ་པར་སྤྱོད་དོ། །དེ་ལྟར་བླ་མ་བཀུར་བའི་དོན་དེ་ཉིད་ཀྱི་ལོ་རྒྱུས་བརྗོད་པས་ཡིད་ཆེས་པར་བྱ་བའི་ཕྱིར། ལང་ཀའི་བདག་པོ་དེ་ཡང་གང་གི་ཚེ། གསང་བ་མཆོག་གི་བདག་པོ་དེས། །ཁོ་བོ་ལ་ནི་འདི་སྐད་བསྒོ། །ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་རོ། །སྐབས་སུ་བླ་མ་ལ་མ་བརྟེན་པར་འཚང་རྒྱ་ན། གསང་སྔགས་ཀྱི་གཞུང་བླ་མའི་མན་ངག་ཐོབ་ནས་འབྲས་བུ་སྦྱོར་བ་དང་འགལ་ལོ། ། ཉི་ཟླ་ལ་སོགས་པ་ནི་དཔེར་སྦྱར་ཏེ། བླ་མའི་རང་བཞིན་བརྟགས་པ་གང་སྙམ་པ་ལ། དམ་པ་དེ་ཡི་རང་བཞིན་ཡང་། །ཡིད་བརྟན་སེམས་དང་དུལ་བ་དང་། །ཞེས་པ་ལ་སོགས་པ་བླ་མ་དམ་པའི་མཚན་ཉིད་ནི། ཐུགས་བརྟན་པ་དང་། སེམས་དྭངས་པ་དང་། ཁོང་དུལ་བ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་ཏེ། དངོས་ཉི་ཤུ་ལྔ་དང་ལྡན་ན་དམ་པའི་མཆོག་གོ། །འོ་ན་དེ་ལྟ་བུ་མ་རྙེད་ན་གང་ལ་བརྟེན་སྙམ་པ་ལ། རང་བཞིན་དེ་དང་མི་ལྡན་ཡང་། །ཞེས་པ་སྒྲ་བཞིན་ནོ། །ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །ཞེས་པ་དག་དམན་པའི་བླ་མ་ཡང་བཀུར་བའི་ཡོན་ཏན་དཔེ་དང་བཅས་པ་སྦྱར་རོ། །འཁོར་བའི་མཐའ་ལས་སྐྱོབས་པ་ཡི། །བཤེས་གཉེན་དམ་པ་བཞི་ཡོད་དེ། །ཞེས་པ་ལ་སོགས་པ་བླ་མ་དེས་འཁོར་བ་ལས་སྐྱོབ་པའི་ཚད་ནི་རྣམ་པ་བཞི་སྟེ། མན་ངག་ཁུངས་ནས་ཁུང་དུ་བཀའ་མ་ཆད་པར་ཐོབ་པ་དང་། ལུང་ལ་མཁས་པ་དང་། དབང་རིམ་པར་རྫོགས་ཤིང་དགོངས་པ་ཀློང་དུ་གྱུར་བ་དང་། ཤེས་རབ་ཀྱི་རྒྱུད་མཆོག་ཏུ་གྲོལ་བས་དགོངས་པ་ཚད་དུ་ཕྱིན་པའོ། །དེ་ལ་གཉེན་པོ་བཞི་འབྱུང་སྟེ། ཞེས་པ་ལ་སོགས་པ་བླ་མའི་ཚད་དེ་ལྟ་བུ་བསྟན་པ་ལས། བུ་ལ་སྒྲིབ་པ་འཇོམས་པའི་གཉེན་པོ་བཞི་རིམ་པར་སྐྱེ་སྟེ། ཐོག་མར་ཐེག་པ་ཆེན་པོ་གསང་སྔགས་ལ་སེམས་བསྐྱེད་པའི་སྟོབས་དང་། བསྐྱེད་པས་སྔར་སྡིག་པའི་ལས་བྱས་པ་དང་། ཐེག་པ་ཆེན་པོ་ལ་མ་ཞུགས་པ་ལའང་འགྱོད་པའི་སྟོབས་དང་། ཐེག་པ་ཆེན་པོའི་བསླབ་པའི་མཐའ་བཏུལ་འབད་པའི་སྟོབས་དང་། མཇུག་མཉམ་པ་ཆེན་པོ་ཇི་ལྟ་བར་རྟོགས་པའི་མཐུས་ལོག་ལྟ་དང་སྒྲིབ་པའི་ཕུང་པོ་དག་འཇོམས་པར་བྱེད་དོ། །ཆུ་བོ་བཞི་ལས་རྒལ་བར་འགྱུར། །ཞེས་པ་དག་སྒྲ་བཞིན་ཏེ། དེ་སྐད་སྟོན་པ་གསང་བ་མཆོག་གིས་སྔོན་བདག་ལ་བཀའ་ནས་ཅང་མི་གསུང་བར་བཞུགས་སོ་ཞེས་པའི་དོན་ཏོ། །བླ་མ་བཀུར་ཞིང་བསྲུང་བའི་ཐབས་ཉིད་གང་ཞེ་ན། དམ་པར་གྱུར་ཏོ་འཚལ་རྣམས་ལ། །འདུན་པར་ལན་གསུམ་གུས་བྱས་ཏེ། །ཞེས་པ་ལ་སོགས་པ་བདག་གི་བླ་མར་གྱུར་པ་ཀུན་ལ། གང་དུ་མཇལ་བར་གུས་པར་བྱ་བའི་གནས་དེར་ལྷ་ཕྱག་ལན་གསུམ་གསུམ་གུས་པར་བྱས་ཏེ། ཞབས་ལ་སྤྱི་བོས་གཏུག་པ་དང་། རང་གི་བླ་མའམ་དགེ་བའི་བཤེས་གཉེན་གཞན་དག་གིས། དམ་པའི་ཆོས་བཀའ་སྩལ་པའི་གྲྭ་ཆེན་པོར་འདུས་པའི་སར་དེ་ལ་འདུན་པར་བྱས་ཏེ། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསལ་བའི་ཆེད་དུ་བཀུར་སྟི་ཆེར་བྱ་བ་དང་། བཀའ་ལུང་བདག་ལ་རྨེད་ཅིང་འབེལ་གཏམ་མང་པོ་བླ་མ་དང་མོལ་བའི་ཚེ། ཡང་ནས་ཡང་དུ་ཞེ་ས་དང་སྤྱན་ཕྱག་བྱ་བ་དང་། ཞེ་སའི་སྒྲ་ཡིས་བཀའ་ལུང་ལ་བདག་གིས་ལན་སྨྲ་བའི་མཚམས་བཟུང་སྟེ། བཀའ་སྩལ་གྱི་ལན་བླ་མ་དགྱེས་པར་ངག་འཇམ་པོས་བླན་པ་དང་། བདག་བཟའ་བཏུང་ལ་ལོངས་སྤྱོད་པ་དང་། ཕྱག་ནས་རྫས་ལེན་པ་དང་། བདག་ལངས་པ་དང་། ལས་བྱེད་པ་དང་། ཞུ་བ་དབུལ་བའི་ཚེ་ན་བླ་མའི་ཐུགས་རྒྱུད་མཉེས་པའི་སྲི་ཞུ་དང་གུས་པར་བྱ་བ་ཡང་ང་རྒྱལ་རྣམས་མེད་པར་ནན་ཏན་བྱ་བ་དང་། སྒོ་གསུམ་བླ་མ་ལ་ཟོན་བག་ཆེ་བས་བག་དང་ལྡན་པར་བྱ་བ་དང་། གསོང་པོར་སྨྲ་ཞིང་གྱ་གྱུ་མེད། །ཅེས་པ་དག་སྤྱོད་པ་དང་སྐྱོན་གྱི་ཕྱིར་བཀུར་བ་སྒྲ་བཞིན་དུ་སྦྱར་རོ། །སློབ་བུ་རང་གི་མཚན་ཉིད་ཅི་སྙམ་པ་ལ། བརྩོན་འགྲུས་དང་ལྡན་ངང་ཚུལ་བཟང་། །ཞེས་པ་ལ་སོགས་པ་བརྩོན་འགྲུས་ཆེ་བ་དང་། ངང་རིང་བ་དང་། ཚུལ་དུ་ཤིས་པ་དང་། རང་བཞིན་བཟང་བ་དང་། ཁོང་བརྟན་པ་དང་། གསང་ཐུབ་པ་དང་། སྤྱོད་པ་དག་པ་དང་། ཟོན་བག་ཆེ་བ་དང་། བཞིན་ཁྲོ་གཉེར་མེད་པ་དང་། སྤྱོད་པ་ལེགས་པ་དང་། སྒོ་གསུམ་སྤྱོད་པ་བཟང་པོར་བྱེད་པ་དང་། དེའི་ཉེས་པ་གསུམ་བསྡོམ་པ་དང་། བླ་མ་དང་མཐུན་པར་སྤྱོད་པའོ། །གསལ་ལ་དག་པས་སྒོ་རྣམས་འབྱེད། །ཅེས་པ་ལ་སོགས་ཚིག་དང་སྤྱོད་པ་གསལ་ལ་དག་པས་བྱ་བ་རྣམས་གོ་ཕྱེད་པར་བྱ་བ་དང་། བླ་མའི་སྤྱན་སྔར་འདུག་པའི་ཚེའང་ངག་འཆལ་བར་མི་སྨྲ་བ་དང་། བླ་མའི་མཛད་སྤྱོད་བཟང་ངན་གང་ཡང་རུང་བ་ལ་ཀུ་རེ་དང་སྨད་པར་མི་བྱ་བ་དང་། བླ་མས་བདག་ལ་བཀའ་ལུང་བཟང་ངན་ཅི་གསུང་བ་དང་། ཀུ་རེ་བརླང་པོ་དང་། བདག་གི་མཚང་ཀུན་བརྗོད་ཅིང་སྒྲོ་སྐུར་ཅི་གསུངས་ཀྱང་། ངན་དུ་མི་སེམས་ཞིང་ལོག་པར་མ་བལྟས་པ་དང་། བླ་མ་དག་གིས་བདག་ལ་ཚིག་གི་རྩོད་པའི་བཀྱོན་ཚིག་མང་པོ་ཡང་བ་འདྲེན་པར་འདོད་པ་ལ་ཡང་། དེ་དག་གི་ལན་མ་སྨྲས་པར་བཟོད་པར་བྱས་ན་ཐར་པའི་གོ་འཕང་ཐོབ་བོ། །དམ་པའི་ཡུལ་ན་གནས་རྣམས་སུ། །ཞེས་པ་ལ་སོགས་པ་བླ་མའི་སྤྱན་སྔར་ཁོང་ཁྲོ་དང་ཚིག་རྩུབ་མོ་དང་ངག་འཁྱལ་པ་གཞན་ལའང་མི་སྨྲ་བ་དང་། སྤྱོད་པ་ཟོན་མེད་དགའ་དགའ་མི་བྱ་བ་དང་། ཚུལ་མེད་ཅིང་མི་ལྡན་པ་ཡིས་བླ་མ་ལ་གཉན་ཞིང་ལྕི་བའི་སེམས་དང་བྲལ་བས་བག་ཚ་བ་མེད་པར་མི་སྨྲ་བ་དང་། སྤྱན་སྔར་ཕོད་ཚད་ཅིའང་མི་བྱ་བ་དང་། ལྕོགས་སུ་རེ་མི་བྱ་བ་དང་། རང་མཐོང་སྒེ་རུའི་ལས་མི་བྱ་བ་དང་། རང་བསྟོད་དང་། འཕྱོར་དང་། རྔོམ་ལ་སོགས་པ་དག་གཏན་ནས་མི་བྱ་བ་དང་། གཞན་ལ་ཁྱད་ཀྱིས་གསད་པའི་ཚིག་གིས་བཟང་ངན་རིས་སུ་གཅོད་པའི་ཚིག་མི་སྨྲ་བ་དང་། གཞན་ཡང་། དམ་པའི་གནས་སུ་གྱུར་པ་ལ། ཞེས་པ་ལ་སོགས་པ་ཡོན་དང་བཟའ་བཏུང་གིས་ཞབས་ཏོག་བྱས་པའི་ཡོན་ཏན་དང་བཅས་པ་སྒྲ་བཞིན་ནོ། །ཞུ་བ་དབུལ་པ་ནོད་པ་དང་། །ཞེས་པ་དག་ཞུ་བ་དབུལ་བའི་དུས་དང་། བཀའ་དྲིན་ནོད་པའི་དུས་དང་། སྤྱན་སྔར་མཆིས་ཤིག་པར་བཀའ་བྱུང་ནས་འདུག་པའི་དུས་དང་། བསྒྲུབ་པ་ཟབ་མོའི་དུས་བཞི་མ་གཏོགས་པ་བླ་མ་དང་རང་བཞིན་དུ་གནས་གཅིག་ཏུ་ཞབས་འབྲིང་བྱེད་པ་མ་གཏོགས་པ་འདུག་པར་མི་བྱའོ། །ཚུལ་འདི་བཞིན་མ་བྱས་ནས་ཉམས་པས་ཕོག་པར་འགྱུར་རོ། །སྐུ་ཡི་གྲིབ་མ་མི་འགོམ་ཞིང་། །ཞེས་པ་བཞུགས་ས་ཡན་ཆད་ལྔ་ལ་མི་འགོམ་པ་སྒྲ་བཞིན་ནོ། །དམ་པའི་ལུང་བྱུང་མིང་གིས་བསྒྲུབ། །ཅེས་པ་ལ་སོགས་པ་བླ་མའི་བཅོལ་བའི་བཀའ་ཤོ་བྱུང་ན། དེ་སྲོག་ལུས་དང་བསྡོས་ལ་ཅི་འགྲུབ་བྱའོ། །རྒྱ་ལ་དེ་ཡོངས་ཞིག་ཀྱང་དེ་རྩལ་སྟོབས་རང་གིས་མ་ཁྱོགས་པ་ཞིག་ན། སྤྱན་སྔར་གཡོ་སྒྱུ་མེད་པར་མནས་བོར་རོ། །བླ་མའི་དཀོར་ལ་ཏིལ་གྱི་ཕུབ་མ་ཙམ་ཡང་མི་འབགས་པ་རང་སྲོག་བཞིན་བསྲུང་བ་དང་། བླ་མའི་ཉེ་དྲུང་སྣག་གི་གཉེན་མཚམས་རྣམས་ཀྱང་བླ་མ་ཉིད་དང་འདྲ་བར་བལྟའོ། །བླ་མའི་འཁོར་གཡོག་རྣམས་ལའང་ཉེ་དུ་བཞིན་དུ་བལྟ་ཞིང་བཀུར་རོ། །མདོར་བླ་མའི་ཉེ་འཁོར་ཀུན་དུས་ཀྱི་རྒྱུན་དུ་བླ་མ་ཉིད་དང་མཉམ་པར་བལྟ་ལ་བཀུར་བར་བྱའོ། །ཁྲི་མལ་སྟན་བདེ་བླ་མའི་ཐབས། །མི་གུས་ལ་སོགས་མི་ཚུལ་རྣམས། །ཞེས་པ་ལ་སོགས་པ་བླ་མའི་སྤྱན་སྔར་ཁྲི་དང་མལ་སྟན་ལ་བླ་མ་ཉིད་བཞུགས་ཐབས་ཁོ་ན་ལྟར་མི་གུས་པའི་སྤྱོད་པ་དང་། བག་མེད་པའི་ལས་མི་བྱ་བའོ། །དེ་དག་བྱས་ན་སྲི་ཞུའི་དམ་ཚིག་ཉམས་པས་ལྟུང་བ་ཆེའོ། །བླ་མའི་སྤྱན་སྔར་རང་གི་མགོ་ལ་ཞྭ་ཆེད་དུ་མི་བགོ་བ་དང་། ཐོད་དང་རང་ལ་བཀུར་བའི་གདུགས་ཐོགས་པར་མི་བྱ་བ་དང་། འཕྲལ་དུ་ལག་པ་ལུས་ལ་བརྟེན་པ་དང་། ལུས་སྙེད་འཕྲེད་དང་། རང་སྟོད་རྟེན་དང་། གཡུང་པོ་དང་དོལ་པའི་སྤྱོད་པ་མི་བྱ་བ་དང་། དེ་དག་བླ་མས་གཟིགས་པ་ལྟ་ཧ་ཅང་ཡང་ཆེས་གཏན་ནས་མི་བྱ་བ་དང་། ཅིའི་ཕྱིར་ཞེ་ན། ངན་པ་གསུམ་གྱི་སྤྱོད་པ་ནི་བླ་མས་གཟིགས་པའི་ཡུལ་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །ཁུ་ལྗོ་སྨྱོན་པ་ཀུན་ཏུ་རྒྱུའི། །ཞེས་པ་ལ་སོགས་པ་བྱིས་པ་ཆེར་སྐྱེས་པ་ཀུན་ཏུ་འགྲོ་བའི་ཚོང་པ་ལྟ་བུའི་སྤྱོད་པ་བླ་མའི་སྤྱན་སྔར་བྱ་བ་མ་ཡིན་པ་དང་། སྤྱོད་པ་ནི་བཀའ་རྒྱུད་ལས་འབྱུང་བ་བཞིན་སྤྱད་པ་དང་། བདག་གིས་ཇི་ལྟར་སྤྱད་པའི་ལུགས་བླ་མའི་ཞལ་ནས་གསུངས་པ་བཞིན་དུ་སྤྱད་དེ། དེ་ཡང་བཀའ་འདི་ལྟ་བུ་ཉིད་ལས་སྤྱོད་པ་ཇི་ལྟར་སྤྱད་པ་འབྱུང་ཞེས་རྩོད་པ་མི་འབྱུང་བའི་ཕྱིར་རོ། །འཇམ་དལ་ཐོས་འཕྲིགས་དོགས་བཞིན་སྤྱད། །ཅེས་པ་ལ་སོགས་པ་ཁོང་འཇམ་ལ་སྤྱོད་པ་དལ་བར་བྱ་བ་ནི། བླ་མས་གསན་དུ་དོགས་པ་དང་། འཕྲིགས་སུ་དོགས་པ་བཞིན་དུ་སྤྱད་པ་དང་། བླ་མའི་མཛད་སྤྱོད་ལྟར་གསན་པ་དང་། གཟིགས་པ་གཉིས་གར་དུས་ནམ་དུའང་བག་མེད་པར་རང་ཆེ་བར་མི་བྱ་བ་དང་། སྒོ་གསུམ་བརྩོན་པས་བསྒྲིམས་ལ་སྤྱན་སྔར་མཛེས་པའི་ཚུལ་དང་མ་བྲལ་བར་ཟོན་བག་ཅན་དུ་གནས་པར་བྱ་བ་དང་། བཤང་གཅི་འབྱུང་བ་དག་བླ་མས་གཏན་ནས་མི་ཚོར་བར་བྱ་བ་དང་། དེ་ལྟ་བུ་ལུས་སེམས་ཀྱི་སྤྱོད་པ་བཅུ་གསུམ་དང་། ལྟད་མོ་དང་། རྩེད་འཇོ་དང་། ཤོ་དང་། རྒྱན་པོ་འགྱེད་པ་ལ་སོགས་པ་གྲགས་པ་ཉམས་པར་གྱུར་པ་དྲུག་ཅུ་རྩ་གསུམ་དང་། དྲུག་ནམ་དུའང་མི་བྱའོ། །སྒོ་གསུམ་གྱི་སྤྱོད་པ་ནི་བཤད་པ་དང་འཆད་པ་དག་ལ་ཁྲིའུ་རུ་ཤེས་པར་བྱའོ། །འདུས་ནས་འདུ་གང་སྤྱོད་བྱེད་རྣམས། །དམ་པའི་མདུན་སར་རིགས་མ་ཡིན། །ཞེས་པ་ལ་སོགས་པ་བླ་མའི་ཕོ་བྲང་དང་། སྤྱན་སྔར་འདུག་ནས་ཀྱང་མང་པོ་ཚོགས་ནས་རྩེ་བ་དང་། རྟ་གད་ལ་སོགས་པ་བླ་མའི་སྤྱན་སྔར་མི་བྱ་བ་དང་། འཕྱོ་བ་དང་། གཡེམ་པ་དང་། རྫས་ལ་བརྐམ་པ་དང་། སེམས་མ་ཞི་བའི་སྤྱོད་ཡུལ་བཞི་གཏན་སྤྱན་སྔར་མི་བྱ་བ་དང་། གླལ་དང་སྦྲིད་པ་བྱུང་ན་ཁ་དགབ་ལ་སྒྲ་བསྐྱུངས་ཏེ། སྒྲ་འཇམ་པས་བླ་མ་མཛེས་པར་བྱ་བ་དང་། བླ་མ་གདན་ལ་བསྐྱོད་ན་བསྒྲིམས་ནས་བཀུར་སྟི་བྱ་བ་དང་། བླ་མ་སྐུ་བསྐྱོད་དམ་སྐུ་འཆགས་ན་ཞབས་འབྲིང་བྱས་ཏེ་དེར་གདན་ཁྱེར་ལ་གདིང་བ་དང་། གཞན་ལ་བརྫིས་ནས་བཞུགས་བཞེད་པའི་ཚེ་ལ་འོར་གདན་བཏིང་བ་དང་། མནལ་བ་ལས་སངས་ནས་བསྐྱོད་ནའང་དེ་བཞིན་བྱ་བ་དང་། བླ་མའི་གདན་མེད་མི་ལྡན་ཉིད་ནའང་གར་བཞུགས་པར་རང་གི་ལུས་གོས་ཕུད་ལ་གཏན་དུ་བཏིང་བ་དང་། སྔོན་རྩོལ་ལུང་འབྱུང་སྲི་ཞུས་བསྡུ། །ཞེས་པ་ལ་སོགས་པ་བླ་མའི་ཞལ་ནས་ཐ་ན་ཁྱོད་གཅེར་བུར་ཕྱུངས་ལ་བྱ་བ་འདི་གྱིས་ཤིག་པའི་བཀའ་སྩལ་སྔོན་དུ་གསུངས་ཡང་། གཅེར་བུར་བཀའ་མི་བཅག་པར་ལུས་གོས་དོར་བ་བྱས་ལ་ལས་བྱ་བ་ཟིན་ནས་ཀྱང་། གཅེར་བུ་མི་བྱ་བར་ལུས་གོས་དང་བཅས་པས་དེ་ཀ་ལྟར་སྲི་ཞུ་བྱ་བ་དང་། གུས་པའི་སློབ་བུས་འགྲོ་ཉལ་འདུག་སྡོད་ལོངས་སྤྱོད་བཞིར་ཡང་བླ་མ་སྲི་ཞུ་གུས་པས་མཛེས་པར་བྱ་བ་དང་། སྤྱོད་པ་གང་ལའང་གུས་པ་དང་མ་གུས་པ་མཉམ་པོར་བྱ་བ་ག་ལ་ཡིན་ཏེ་དེ་བཞིན་མི་བྱ་བ་དང་། བླ་མ་ལ་སྲི་ཞུ་དང་བཀུར་སྟི་དང་། རིམ་གྲོ་བྱ་བ་དང་བླ་མའི་བྱ་བ་མ་ཟིན་པའི་བར་དུ་སྤྱན་སྔར་འདུག་པས་བྱས་ལ་ཟིན་ནས་ཞེ་ས་དང་བཅས་པས། བདག་སེམས་བདེ་བས་རང་གི་གནས་སུ་འགྲོ་བར་བྱ་བ་དང་། ནང་ནུབ་མཇལ་བའི་ཚེ་འདུན་པའི་ལྷ་ཕྱག་གསུམ་གསུམ་བྱས་ལ་བདེའམ་ལ་སོགས་སྲི་ཞུས་ཞུ་སྙུན་གུས་པས་སྨྲ་བ་དང་། བླ་མ་ལའང་ཤིན་ཏུ་གཉན་ཞིང་ལྕི་བ་དང་འཇིགས་པའི་སེམས་ཀྱིས་བཀའ་ཐོབ་པར་བྱ་བའི་ཕྱིར། བླ་མའི་མདུན་དུ་ཙོག་ཙོག་པོར་ཐལ་མོ་སྦྱོར་ལ་གང་སྤྱོད་བཀའ་ཟབ་མོ་ཞུ་བའི་སྐབས་ཇི་ཙམ་མངའ་བ་དང་གནས་གང་དུ་ཞུ་བ་སྲི་ཞུས་ཞུ་བ་ཕུལ་བ་དང་། བོད་པའི་ཚེ་མཚན་ནས་མི་བོད་པ་དང་། དམ་པ་ཞེས་བོད་པ་དང་། བླ་མ་ཞེས་པ་དང་། བཤེས་གཉེན་དམ་པ་ཞེས་པ་དང་། དཔའ་བོ་ལྷ་རྗེ་ཞེས་བརྗོད་པའི་ཐ་མར་ཞུ་བའི་ཚིག་བཅུག་ལ་སྨྲ་སྟེ། མི་གཞན་དང་བླ་མ་ལ་ཁྱད་པར་ཆེར་དབྱེ་བར་བྱ་བ་དང་། གནང་བའི་བཀའ་ལུང་བྱུང་ནས་བཀའ་བཞིན་ཞུའོ་ཞེས་སྨྲ་བ་དང་། ལུས་ཙོག་པུ་ཐལ་མོ་སྦྱར་ལ་ཞལ་ནས་ཅི་གསུངས་ཡིད་ལ་བཟུང་བ་དང་། བླ་མའི་བཀའ་ཅི་བྱུང་བ་དེ་ཁོ་ན་ལྟར་རྗེས་སུ་དྲན་ཞིང་ཟོལ་ཟོག་མེད་པར་བསྒྲུབ་པ་དང་། དེ་ལྟར་བྱེད་པ་རྣམས་སྲི་ཞུ་བྱེད་པ་ཡིན་པའོ། །མཛེས་པའི་ཚུལ་བཟུང་གུས་འདུན་ནས། །ཞེས་པ་ལ་སོགས་པ་གུས་པའི་འདུག་ཚུལ་གྱིས་ཞུ་བ་སྤོབས་པ་དང་། བཀའ་ནོད་པ་དང་། ཆོས་ཞུ་བ་ལན་གསུམ་དུ་ཞུའོ། །གཞན་དག་སྒྲ་བཞིན་ནོ། །བློ་གྲོས་གུས་པ་དེ་ཉིད་ཀྱང་། །ཉིད་ཀྱིས་ཉིད་ལ་དཔྱས་བཅུག་སྟེ། །ཞེས་པ་ལ་སོགས་པ་ཤེས་རབ་དང་ལྡན་པས་ཆོས་ཞུ་བ་དང་འབེལ་གཏམ་བྱེད་ཀྱང་། སློབ་བུ་རང་གི་ཤིན་ཏུ་གུས་པས་རང་ལ་དཔྱས་བཅུག་སྟེ། གཞན་གྱི་དཔྱ་གཞི་སྤང་བ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་རོ། །བློ་གྲོས་ལྡན་པའི་ཉི་མ་དེས། །ཞེས་པ་ལ་སོགས་པ་ཤེས་རབ་ཆེན་པོ་ལ་སྤྱོད་པ་འཇམ་པའི་སློབ་བུས་བླ་མ་ལ་མཉེས་པར་བྱ་བ་སྒྲ་བཞིན་ནོ། །དམ་པས་བསྒོ་བ་བསླབ་པའི་མཐའ། །ཞེས་པ་ལ་སོགས་པ་བླ་མས་བདག་ལས་བསྒོ་བའི་བསླབ་པའི་མཐའ་བཅུ་ཁོང་དུ་ཆུད་པར་གྱིས་ཤིག་པ་དང་། ཐོབ་པའི་སྒོ་ནས་ཤེས་པའི་རྒྱུད་གྲོལ་ནས་ཤེས་བྱ་ཀུན་ལ་མ་རྨོངས་པར་འགྱུར་རོ། །དེས་མི་དམིགས་པ་རྙེད་པས་བྱ་ལམ་བཞིན་ཅི་སྤྱད་པ་སྐྱོན་དུ་མི་འགྱུར་ཞིང་བསླབ་པ་མཐར་ཕྱིན་ནས་ཤེས་རབ་གྲོལ་བས་ལོག་ཡུལ་ཀུན་དང་བྲལ་ཏེ། བདེ་བ་ཐོབ་པར་འགྱུར་བའི་ཕྱིར། །དྲིན་ལན་དུ་བྱ་བ་དང་། ཐོག་མར་མཉེས་པས་གནང་བར་བྱ་བའི་ཕྱིར། རྒྱལ་སྲིད་དང་ནི་རང་གིས་ལུས། །ཞེས་པ་དག་སྒྲ་བཞིན་ནོ། །བརྒྱད་ཀྱི་ཕྱོགས་གཅིག་པོ་འདིས་ཀྱང་མན་ངག་ཞུ་བའོ། །དེ་ནས་ཇི་བཞིན་གང་བདེ་བར། །ཞེས་པ་མན་ངག་གནང་ནས་ཆུ ད་མི་གསན་པའི་ཕྱིར། མན་ངག་ཐོབ་ནས་དོན་རྙེད་མ་ཐག་པར་གསང་སྔགས་དེ་ཁོ་ན་ཉིད་ལ་རང་གི་བློ་ཇི་ལྟར་བདེ་བ་ལྟར་བསྒོམ་པར་བྱའོ་ཞེས་གདམས་པའོ། །སྔོན་གྱི་དམ་པ་བདེར་གཤེགས་རྣམས། །ཞེས་པ་ལ་སོགས་པ་འདས་པ་དང་ད་ལྟར་གྱི་རྒྱལ་བ་དག་ཀྱང་། བདེ་བར་གཤེགས་པའི་ཡབ་བླ་མ་དམ་པ་བཤེས་གཉེན་མགོན་གྱི་རྗེས་སུ་འབྲང་ནས་ཐོབ་པ་ཡིན་ཏེ། དེ་ཇི་ལྟ་བུ་ཞེ་ན། སྔོན་གྱི་རྒྱལ་བ་ཀུན་ཉིད་ཀྱིས་བླ་མ་རྡོ་རྗེ་སློབ་དཔོན་མཉེས་པར་བྱས་ནས་གསང་སྔགས་ཀྱི་མན་ངག་རྙེད་པ་དང་། འཁོར་བའི་སྤྱོད་ཡུལ་ཀུན་སྤངས་ནས་དགོན་པར་གཤེགས་ཏེ། དོན་ལ་རྣལ་དུ་བཞག་པས་བླ་ན་མེད་པའི་འབྲས་བུ་རང་ལ་ཤར་བ་སྟེ། བླ་མ་རྒྱལ་བ་ཀུན་དགྱེས་པ་བསྐྱེད་པའི་ཕྱིར་རྗེས་སུ་འཇུག་པ་རྣམས་ལའང་ཐེ་ཚོམ་མེད་པར་སྤྱོད་ཅིག་པའོ། །དེ་ཡང་། དེ་ནས་དེད་དཔོན་དམ་པ་དག །ཅེས་པ་དག་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཚུལ་དེ་ལྟ་བས་ན། དུས་དེང་སང་གི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། ནམ་དོན་གྱི་གདེང་དང་མ་ཕྲད་ཀྱིས་བར་དུ་བླ་མ་དང་མི་འབྲལ་བར་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་བླ་མ་ལ་བསྲུང་ཞིང་སྒོ་གསུམ་གྱིས་མཉེས་པའི་ཐབས་རྒྱས་པར་བརྒྱ་རྩ་བརྒྱད་པོ་དག་ལྟར་སྤྱད་ནས། དམ་པའི་གསང་དོན་ཞུས་ནས་བུ་ཉིད་ཀྱང་གསང་སྔགས་ལ་མཁས་པ་ཕུལ་དུ་ཕྱིན་ནས། གཞན་གྱི་སློབ་དཔོན་བྱེད་པར་འགྱུར་རོ། །ཇི་ལྟར་ཅང་ཤེས་ཀྱི་ལིང་དག །ཅེས་པ་ལ་སོགས་པ་རྒྱུད་ཐོས་པས་དགྲོལ་བར་བསླབ་པའི་དཔེ་དོན་ཏེ་སྒྲ་བཞིན་ནོ། །ལང་ཀའི་བདག་པོ་དེ་དག་ནི། །ཞེས་པ་ལ་སོགས་པ་དོན་གྱི་ངོ་བོ་བསྟན་པ་དང་། འཁོར་གྱིས་རྟོགས་པར་སྦྱར་རོ། །བསྙེན་བཀུར་དམ་པ་མཆོག་གི་ལེའུ་སྟེ་དྲུག་ཅུ་བདུན་པ་བཀྲོལ་བའོ།། །།དེ་ནས་ཡང་གསང་བའི་བདག་པོས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཞེས་པ་དག་འཆད་པའི་སྐྱེས་བུས་འཁོར་ལ་བསླབ་པ་གསུམ་པ་སྒོ་ཀུན་ནས་བསྡུར་བ་སྟག་ལྟ་བུས་ཉེ་བར་སྟོན་པའོ། །ཇི་བཞིན་པ་ཡི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ལ། །ཞེས་པ་གསང་སྔགས་ཀྱི་ངོ་བོ་ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པའི་མ་ནོར་མ་བཅོས་པར་ཉིད་དུ་ངེས་པའི་ངོ་བོ་ཡེ་ནས་གནས་པ་ནི། ལྟ་བ་ཐ་དད་འབྱུང་བའི་གཞིར་གྱུར་པའོ། །འདིར་དེ་ཉིད་རྟོགས་པར་བྱ་བའི་ཐབས་ལ་གོལ་སྒྲིབ་ཀྱི་གཡང་ས་མེད་པར་བྱ་བའི་ཕྱིར། ལྟ་བ་མ་དག་པ་དང་དག་པ་ཐ་དད་སྨོས་པ་ནི་གང་སྙམ་པ་ལ། རིག་དང་མི་རིག་རྣམ་པ་ཡིས། །ཀུན་ཤེས་སྤྱད་དང་ཀུན་ཏུ་རྨོངས། །རྣམ་པ་གཉིས་སུ་སྣང་བ་ལ། །ཐ་དད་དུ་མ་མང་པོར་འགྱུར། །ཞེས་པ་སྔ་མར་སྦྱངས་པ་དང་། རྐྱེན་གྱིས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་མ་ནོར་བར་རྟོགས་པ་དང་། རྟོག་པ་མང་པོས་བསླད་ཅིང་ཞེན་པས་དོན་མ་མཐོང་བས་མ་རྟོགས་པའི་ལྟ་བའི་མཐོ་དམན་གྱིས་རིག་པའི་ཆོས་ཀུན་གྱི་དེ་ཁོ་ན་ཉིད་ཤེས་ནས་སྤྱད་པ་འཇིག་རྟེན་ལས་འདས་པའི་ཐེག་པ་རྣམས་དང་། ཀུན་ཏུ་རྨོངས་མ་རིག་པའི་སྤྱོད་པ་འཇིག་རྟེན་པ་རྣམ་པ་གཉིས་ལས་སུ་སྣང་བ་ཀྱང་ནང་རིས་མི་མཐུན་པ་ཐ་དད་དུ་མ་མང་པོར་བྱུང་གྱེས་པའོ། །དེ་ལས་འཇིག་རྟེན་པ་ལས་ཐ་དད་དུ་གྱེས་པ་གང་ཞེ་ན། དོན་གང་ལ་རྐྱེན་གང་གིས་བསྒྲིབས་ཏེ་མ་ཤེས་པ་ནི། རྨོངས་པ་རྣམ་པ་གཉིས་སྣང་བ་དང་། མི་ཤེས་པ་དང་ལོག་པར་ཤེས། །མི་ཤེས་ཕྱལ་པ་རྒྱང་འཕེན་གཉིས། །ལོག་རྟོགས་མུ་རྟུགས་མུ་སྟེགས་པ། །དེ་ཡང་ཞེན་ཆགས་ལོག་སྲེད་ཅན། །འཇིག་རྟེན་འཇིག་རྟེན་པ་ཞེས་བྱ། །མུ་སྟེགས་ལོག་དང་གཞན་རྐྱེན་ལོག །ཞར་ལས་བྱུང་བ་ཞེས་ཀྱང་བཤད། །ཅེས་པ་འདི་དག་ཕྱོགས་སྔ་ཕྱི་མདོ་རྒྱས་སུ་འགྲེལ་པ་ནི་རིམ་པ་ལྔར་འགྱུར་རོ། །དེ་ཡང་འཇིག་རྟེན་མ་རིག་པའི་ལྟ་བ་ལ་མ་རྟོགས་པ་དང་ལོག་པར་རྟོགས་པ་གཉིས་སོ། །མ་རྟོགས་པ་ལ་ཕྱལ་བ་དང་རྒྱང་འཕེན་གཉིས་སོ། །ལོག་པར་རྟོགས་པ་ལ་ཡང་མུར་རྟུག་པ་དང་མུ་སྟེགས་པ་གཉིས་སོ། །དེ་ལ་ཕྱལ་བ་ནི་རྒྱུ་རྐྱེན་ཡང་མེད་ཤེས་རབ་ཀྱང་མེད་པས་ལས་དགེ་སྡིག་དང་འབྲས་བུ་ལ་ཀུན་ཏུ་རྨོངས་པའི་ལྟ་བ་ལ་ཞེན་ཆགས་དང་། རྒྱང་འཕེན་ནི་འཇིག་རྟེན་གྱི་གསང་ཚིག་ལ་བརྟེན་ཅིང་། ཚེ་འདི་གཅིག་པུའི་ཕན་བདེ་བཙན་ཕྱུག་དང་། མཐུ་སྟོབས་བསྒྲུབ་པའི་ལོག་ལྟ་ལ་སྲེད་པ་ཅན་ནོ། །མུར་རྟུག་ནི་ཆད་ལྟའོ། །མུ་སྟེགས་ནི་རྟག་ལྟ་སྟེ་ལོག་པའི་ལྟ་བ། དེ་ལ་ཡང་ལོག་ཚུལ་རང་བཞིན་གྱིས་ལོག་པ་དམུས་ལོང་ལྟ་བུ་དང་། གཞན་གྱི་རྐྱེན་གྱིས་ལོག་པ་འཕྲལ་དུ་ལོང་བ་ལྟ་བུའོ། །དེ་དག་ནི་ཞར་ལས་བྱུང་བའམ་ཞལ་ལས་བྱུང་བའི་ལོག་པ་གསུམ་དུའང་བཀའ་སྩལ་ཏོ། །མི་ཤེས་འདི་གཉིས་བཞིར་སྣང་བ། །དམན་རིགས་དང་ནི་རིགས་མ་ངེས། །རིགས་ཆད་འདུ་ཤེས་ཅན་འདི་དག །ཀུན་ནས་དཀྲིགས་པའི་མུན་པ་ཡིན། །ཞེས་པ་མ་རྟོགས་པ་ཕྱལ་བ་དང་རྒྱང་འཕེན་ལའང་གཉིས་གཉིས་བཞིར་གྱེས་པ་ནི། ཕྱལ་བ་ལའང་དམན་པའི་ཤེས་པ་མ་རིག་པས་མགོ་རྨོངས་པ་དང་། ལོག་ལྟ་གང་དུའང་རིགས་མ་ངེས་པས་རྐྱེན་ལ་རག་ལུས་པ་ཅན་གཉིས་སོ། །རྒྱང་འཕེན་ལའང་གཉིས་ཏེ། རིགས་ཆད་པས་བྱང་ཆུབ་ཀྱི་མྱུ་གུ་རྩ་བ་འཚིག་པ་བ་དང་འདུ་ཤེས་ཅན་ནོ། །དེ་ནི་ཡང་དག་པའི་དོན་མཐོང་དུ་མི་སྟེར་བས་སྔར་བཤད་པའི་སྒོ་ཀུན་ནས་དཀྲིགས་པའི་མུན་པར་གྱུར་པ་ཉིད་དུ་བསྟན་ཏོ། །འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་རྣམས། །ཞེས་པ་རྒྱང་འཕེན་གཉིས་པ་འདུ་ཤེས་ཅན་ལའང་དབྱེ་ན་བཞི་སྟེ། ཚེ་འདིའི་འཚོ་བ་ལོངས་སྤྱོད་མཐུ་ལའང་ཚོ་ལ་སོགས་འདོད་ཆེན་པོ་དང་། བྱ་བ་དང་ཉོ་ཚོང་དང་ལོངས་སྤྱོད་ཀྱི་ཕྱིར་མཚན་མའི་གཡེང་བ་འཇིག་རྟེན་གྱི་གཙུག་ལག་ལྟ་བུའི་འདུ་བྱེད་ཅན་དང་། ཚེ་བདག་དང་འཁོར་གྱི་ཕྱིར་རྒྱུ་འབྲས་ལ་རྟེན་པ་མེད་པར་འདིའི་ཁྱད་པར་གྱི་ཆེད་དུ་སྡིག་སྤྱོད་པ་དང་། རང་གི་ལྟ་ཕྱིན་ཅི་ལོག་ཏུ་གྱུར་ཀྱང་བས་སངས་རྒྱས་པ་ལ་ཤིན་ཏུ་མོས་པ་ཅན་ཞེས་བཀའ་རྒྱུད་ལས་གྲགས་པ་བཞིན་ནི། གཏན་ནས་རིགས་ཆད་པ་མ་ཡིན་ཏེ། བདེ་བར་གཤེགས་པའི་རྒྱུ་ཅན་རྐྱེན་དང་འཕྲད་ན་གྲོལ་ཐར་གྱི་རྟེན་ཡོད་པས། རྒྱལ་བའི་ཞིང་ཁམས་མི་མཇེད་འདིར་འབྱུང་སྟེ། བརྒྱུད་ནས་ལན་གཅིག་ཐར་པའང་འཐོབ་བོ། །འདི་དག་ནི་རིགས་ཆད་དང་རྒྱང་འཕེན་ཉིད་དང་དྲུག་ནི་བཤད་པའི་ལོག་ཞེན་སྡེ་དྲུག་བརྒྱུད་པའོ། །ཅེས་པར་ཡང་མཇལ་ཏོ། །རང་བཞིན་ལོག་པ་རྣམས་བསྟན་པའི་ཕྱིར། ལོག་པར་རྟོག་འདི་ཡ་མཚན་ཅན། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་གཉིས། །ཉི་ཤུའམ་སྡེ་བཅུ་ལྔ་གཉིས་ལ། །ཐ་དད་རྣམ་པ་དུ་མར་སྣང་། །ཞེས་པ་མུར་རྟུག་དང་མུ་སྟེགས་ཀྱི་ལྟ་བ་རང་བཞིན་གྱིས་ལོག་པ་སྟེ། འདི་ལའང་ནང་རིས་མང་པོ་གྱེས་པས་ངོ་མཚར་གྱི་མངོན་ཤེས་ཅན་ཡང་ཡོད་དེ། གང་ཞེ་ན། ལྟ་བ་སུམ་བརྒྱ་དང་། ལྟ་བ་དྲུག་ཅུ་རྩ་གཉིས་ནི་སྔོན་གྱི་མཐའ་ལ་རྟོག་པ་བཞི་བཅུ་རྩ་གཉིས་དང་། ཕྱི་མའི་མཐའ་ལ་རྟོག་པ་བཅོ་བརྒྱད་དེ་དྲུག་ཅུ་ནི། སྔོན་མུ་སྟེགས་ཀྱིས་མངོན་ཤེས་སྐྱེས་པའི་ལོ་རྒྱུས་ཀྱིས་བསྟན་པ་དང་། གཞི་མ་རྟག་ཆད་གཉིས་ཏེ་དྲུག་ཅུ་རྩ་གཉིས་སོ། །ལོག་པའི་རི་བོ་ཉི་ཤུ་ནི། ཕུང་པོ་ལྔ་ཡི་གཟུགས་གཅིག་པུ་ལའང་གཟུགས་བདག་ཡིན་པ་དང་། བདག་གིས་ཡིན་པ་དང་། བདག་ལ་གནས་པ་དང་། བདག་དང་ལྡན་པ་བཞིར་རྟོགས་པ་དང་། དེ་བཞིན་བཞི་ཕྲག་ལྔ་ལ་ཉི་ཤུའོ། །དེ་ལྟར་དུས་གསུམ་གྱི་ཕུང་པོ་ལ་རྟོགས་པས་དྲུག་ཅུར་ཡང་འགྱུར་རོ། །སྟོན་པ་དྲུག་གི་ལྟ་བའི་སྡེ་མི་མཐུན་པ་ཕྲ་མེན་སྤྱོད་ལུང་ལ་རྟེན་སོགས་བཅུའོ་བཅུ་གསུངས་པ་དང་། ལོག་ལྟ་འཇིག་ཚོགས་མཐར་འཛིན་ལ་སོགས་པ་ལྔ་དང་། གཞི་ཐ་དད་རྟག་ཆད་གཉིས་ལ་སོགས་པ་རྣམ་པ་དུ་མར་མི་མཐུན་པར་སྣང་བ་རྣམས་སོ། །ཡོད་དང་མེད་པའི་ཕྱོགས་འཛིན་ལས། །ཞེས་པ་སྡེ་གཉིས་ནི་རྩ་བ་འ དི་ཉིད་དོ། །ཆད་པ་འབྲིང་ཧས་པའི་ལུགས་ཚེ་འདིར་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་བསྒྲུབ་པ་དང་། རྟག་པར་ལྟ་བའི་སྙིང་གི་དཀྱིལ་ན་ཡོད་པའི་ངོ་བོ་དེ་གཏན་ཚིགས་ལྔ་དང་བཞིས་བསྒྲུབ་པ་དང་། ལས་འབྱུང་ཁུངས་ཀྱི་དོན་གྱིས་གཞི་ལྟ་བ་ཐམས་ཅད་ཀྱི་རྩ་བའོ་དེ་ལས་སྔར་གྱེས་པའི་ཕྱིར། འཇིག་པའི་ཚོགས་དང་མཐར་འཛིན་དང་། །ལོག་པར་འཛིན་དང་ལྟ་ཁྱད་ཅན། །རང་གི་བརྟུལ་ཞུགས་མཆོག་འཛིན་ཏེ། །རིས་མི་མཐུན་པ་སྡེ་ལྔར་གྲགས། །རང་བཞིན་ལོག་པ་ལོག་པ་ཉིད། །ཅེས་པ་ལོག་ལྟ་སྡེ་ལྔ་གང་ཞེ་ན། བཤད་པའི་བརྟུལ་ཞུགས་མཆོག་འཛིན་ལྔ་སྡེ་པའོ་ཞེས་པ་འདིར་ཡང་མཇལ་ཏེ། གང་གིས་གང་འཇིག་པ་ནི་འཇིག་པ་སྟེ་འཇིག་པའི་རྒྱུ་ཡོད་པས་འཇིག་པས་ཞིག་པ་ནི་གྲུབ་མཐའ་ཟེར་རོ། །ཕུང་པོ་ལྔའི་འཇིག་ཚོགས་ལ་ལྟ་བ་དང་། རྟག་ཆད་གངས་ཀ་ལ་འཛིན་པ་སྟེ་གང་མུར་བཟུངས་ཞེ་མཐའ་ཡིན་ཀྱང་མ་རྟོགས་པས་མཐར་འཛིན་པའོ། །མཐར་འཛིན་པར་ལྟ་བ་དང་། ཡང་དག་པ་མ་ཡིན་པ་ལ་དེར་བཟུང་བའོ། །ལོག་པར་ལྟ་བ་དང་། ལྟ་བ་ལོག་ལ་ཞེས་པས་ཡང་དག་པ་ལ་སུན་བཏོན་ཏེ་ང་རྒྱལ་བཟུང་བའོ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་ཁྱི་ཕག་མེ་ལྔ་བསྟེན་དབྱུག་གུ་གསུམ་སོགས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལྟ་བ་རིས་མི་མཐུན་པ་ལྔ་པོ་འདི་ནི་རྐྱེན་གྱིས་མ་བསྒྱུར་བར་ཐོག་མ་ཉིད་ནས་རང་བཞིན་གྱིས་ལོག་སྡེ་པ་སྟེ། དམུས་ལོང་ལྟ་བུ་འདི་ལ་ལྟ་བའི་རྩ་བ་སྡེ་དྲུག་གོ། །གཞན་རྐྱེན་ལོག་པ་ཕྲ་མེན་སྤྱོད། །ལུས་ལ་བརྟེན་དང་རྟགས་ཙམ་འཛིན། །ཞེས་པ་ཞར་བྱུང་རྐྱེན་གཞན་གྱིས་བསླད་ནས་ལོག་ལྟར་གྱུར་བ་ནི། ལྟ་བ་ཡང་འདྲེས་དགེ་སྡིག་གི་ལས་འདྲེས་མར་སྤྱོད་པ་དང་། ཕྱིན་ཅི་མ་ལོག་པའི་ལུང་གི་ཤེས་རབ་དང་མན་ངག་གིས་མ་ཟིན་པའི་ཕྱོགས་ཙམ་ལ་བརྟེན་པ་དང་། རྟེན་སྐྱབས་ལོག་པ་དང་། སངས་རྒྱས་པའི་རྟགས་ཙམ་ཆོས་གོས་སོགས་འཛིན་པ་གཞན་ཡང་གསང་བའི་ཚིག་དང་གསང་རྫས་འཆང་དང་བཞིའོ། །དེ་ལ་ཡང་སྤྱིར་ཡན་ལག་དྲུག་སྟེ། བཅོས་མར་སྤྱོད་དང་མུ་ཅོར་སྨྲ། །ལུང་གི་ཕྱོགས་ཙམ་རྟེན་པ་དང་། །ཕྱོགས་ལོག་གོལ་དང་བསླབ་པ་འཆལ། །ཕྱོགས་ལྟོས་གཅོད་པ་རྣམ་བཞིར་གྲགས། །ཞེས་པ་རྣམ་གྲངས་གཉིས་ཉིད་དེ་དངོས་རྣམ་པ་དྲུག་སྒྲ་བཞིན་ནོ། །དང་པོ་ལ་གཉིས། གཉིས་པ་ལ་གཅིག །གསུམ་པ་ལ་གཉིས། བཞི་པ་ལ་བཞིར་འགྲེལ་པའོ། །བཅོས་མ་གཞན་པས་གྱུར་པ་དང་། །འདི་ལས་གྱུར་པ་གཉིས་ཁོ་ན། །ཞེས་པ་ཕྱོགས་ཕྱི་མ་རྒྱས་པའི་ཡན་ལག་ཏུ་འགྲེལ་བ་ནི། དང་པོ་མུ་སྟེགས་བཅོས་མར་སྤྱོད་པ་ལའང་གཉིས་ཏེ། གཞན་བདག་གི་བ་ལས་གྱུར་པ་དང་བདག་ཉིད་ལས་གྱུར་པའོ། །གནས་དང་འཁོར་དང་ཡོ་བྱད་ནོར། །ལོངས་སྤྱོད་ལྔར་ལྡན་གཞན་ལས་གྱུར། །ཞེས་པ་ཉིད་ཀྱི་ཡན་ལག་གཞན་ལས་གྱུར་པའི་ལྟ་ངན་ནི། གནས་ལ་བདག་གིར་འཛིན་པར་གྱུར་པ་དང་། འཁོར་ལ་བདག་གིར་འཛིན་པ་དང་། ཡོ་བྱད་ལ་བདག་གིར་འཛིན་པ་དང་། ནོར་ལ་བདག་གིར་འཛིན་པ་དང་། ལོངས་སྤྱོད་ལ་བདག་གིར་འཛིན་པ་དང་ལྔའི་ལྟ་བ་ཅན་ཏེ། དངོས་པོ་དེ་ཉིད་ཀྱིས་རྩ་བའི་མིང་ངེས་པར་འགྲུབ་བོ། །དྲན་པ་རྟག་ལྟ་ལྟོས་འཛིན་རྒྱུ། །མེད་པའི་མཐའ་དང་མཐའ་མེད་ཤེས། །ཀུན་ནས་རྣམ་པར་མི་གཡེང་ལྟ། །ཞེས་པ་འདི་ལས་གྱུར་བའང་བདག་གི་སྔ་མ་ལ་ཅི་བྱས་དྲན་པའི་སེམས་རྟག་པར་ལྟ་བ་དང་། དེ་ལྟོས་ཤིང་བདག་གིར་འཛིན་ཏེ་དེ་ལ་ཀུན་འབྱུང་རྡུལ་དང་། མུན་པ། སྙིང་སྟོབས་དག་ལ་བདག་གིར་འགྱུར་པས་རང་བཞིན་རྒྱུར་ལྟ་བ་དང་། རྒྱུར་ལྟ་བ་དེའང་དྲན་རྟག་ཆོས་ཐམས་ཅད་དང་འབྲས་བུ་མེད་པར་ཤེས་པའོ་མིན་པར་མེད་པའི་མཐའ་དང་འདོད་པའང་ཤེས་ཤིང་ལན་གཅིག་ན་མཐའ་མེད་པ ར་འདོད་པ་དང་། སྟོང་པ་འབའ་ཞིག་ཏུ་ལྟ་བའང་མཐའ་མེད་པ་ཤེས་པས། བདག་ཏུ་ལྟ་བ་ལ་བརྟེན་ནས་སྣང་ལ་དོན་མེད་པར་དབང་པོ་བསྡམས་ཏེ་རྩེ་གཅིག་པའོ་མི་རྟོག་པ་ཀུན་ནས་རྣམ་པར་མི་གཡེང་བལྟ་ལ་སོགས་པ་བསྒོམ་པ་མུ་སྟེགས་ཀྱི་བསམ་གཏན་ལ་གནས་པ་སྙོམས་པར་འཇུག་པ་བདུན་སྡེ་པ་ལྟ་བུའོ། །གང་དུ་ཤེས་པ་ཡོད་སྨྲ་ལྟ། །དེ་བཞིན་མེད་པར་ལྟ་བ་དང་། །འདི་གང་འདི་ལས་གྱུར་ལྟ་བ། །གང་དུ་ཡོད་མིན་མེད་མིན་ལྟ། །བདག་ཤི་ཚེ་འདི་མྱ་ངན་འདས། །ཞེས་པ་མུ་ཅོར་སྨྲ་བའང་མི་བདེན་པའི་གཞུང་སྨྲ་བས་མིང་ངེས་པར་འགྲུབ་སྟེ། དེ་ལ་རྣམ་པར་ཤེས་བརྟག་པ་རྫས་སུ་ཡོད་པར་ལྟ་བ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལྟ་བུ་སྟེ། ང་ནི་རྟག་ལ་བློ་ནི་འགྱུར། །འཇིག་རྟེན་འདི་ནས་ཕ་རོལ་དུ། །ཕུང་པོ་ཉིང་མཚམས་སྦྱོར་བ་དང་། །རྫ་བཅག་བྱི་འཕུར་ཇི་བཞིན་དུ། །རྟག་པ་ཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་སྨྲས་པ་དང་། དེ་བཞིན་མེད་པར་ལྟ་བའང་རྣམ་ཤེས་ལ་རྫས་སུ་མེད་པར་འདོད་པ་དང་། ད་ལྟར་གྱི་ཚེ་འདིར་བཟང་ངན་ཀུན་བརྟག་པའི་ངོ་བོ་དེ་ལས་འབྱུང་བར་ལྟ་བ་དང་། ཚེ་དངོས་པོ་འདི་གང་འདི་དག་ཡོད་པར་འགྱུར་རམ་མེད་པར་འགྱུར་ལྟ་བའང་ཡོད་ན་རྟ ག་ལ་མེད་ན་ཆད་པའི་ཕྱིར་འདུ་ཤེས་ནི་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པར་ལྟ་བ་ཡོད་ཕུང་པོ་གསུམ་པ་ལྟ་བུ་མིན་མེད་མིན་གྱི་སྐྱེ་མཆེད་ལྟ་བུ་ལ་སོགས་བརྒྱད་དུ་ལྟ་བ་དང་། ད་ལྟར་གྱི་ཚེ་འདི་ཡོད་ལ་ཕྱི་མ་ཕན་ཆད་མེད་པར་ལྟ་བས་སྤྱོད་ཡུལ་ཀུན་ཀྱང་མྱ་ངན་ལས་འདས་པར་འདོད་པའོ། །བཤད་པ་ལས་ནི་མུ་ཅོར་སྨྲ་བ་སྡེ་བཞི་པོ་ཞེས་གསུངས་པས། འདིར་དེ་དོན་བརྟག་པར་གཅེས་སོ། །གང་འདིར་ཕྱོགས་ཙམ་བརྟེན་པ་ནི། །གང་མ་ཡིན་པ་མ་ཡིན་ཉིད། །ཅེས་པ་གཉིས་པ་འཆད་དེ། རྒྱལ་བའི་ལུང་གི་གང་འདིར་ཕྱོགས་ཙམ་ལ་བརྟེན་པ་ནི་གཅིག་སྟེ། གང་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་ཅིའང་མ་ཡིན་པ་ཉིད་ཀྱང་མ་ཡིན་པ་ཞིག་པར་འདོད་པའོ། །ཕྱོགས་ལོག་ལོག་པར་གང་འགྱུར་པ། །དྲུག་སྟེ་སོ་སོ་ཐ་དད་དང་། །སྤྱིར་ལྟ་གང་རིག་སྐྱོན་མེད་པའོ། །རྒྱུར་ལྟ་སྤྱོད་པས་དག་པར་ལྟ། །འཚོ་བ་བཅོས་པས་དག་ལྟ་དང་། །རྒྱུན་ལ་ལྷྭམ་དང་གོས་བཅོས་པ། །སྐྲ་སྤུ་བཅོས་དང་རྒྱན་ཅན་དང་། །དཀའ་ཐུབ་བསྟེན་པས་དྲག་པོའོ། །ཞེས་པ་གསུམ་པ་འཆད་དེ། ལྟ་བའི་ཕྱོགས་རིལ་ལོག་པས་ལོག་པའི་དབང་དུ་སོང་བའི་ངེས་ཚིགས་འགྲུབ་སྟེ། དེའི་འདོད་གཞུང་ཡང་འཆད་པའི་ལྟ་བའི་སྡེ་དྲུག་པོས་བྱེ་བྲག་དང་། སྤྱིའི་མུ་སྟེགས་ཀྱི་ལྟ་བ་གང་ལྟར་ཤེས་ཀྱང་སྐྱོན་མེད་དེ། དེས་ཐར་པ་ཐོབ་པར་ལྟ་བ་གཉིས་སོ། །དེ་ལ་ཁས་བླངས་པའི་སྡེ་དྲུག་དངོས་ནི། རྒྱུར་ལྟ་བའི་སྡེ་ལའང་བྱེད་པ་པོ་རྒྱུར་ལྟ་བ་དང་། དུས་རྒྱུར་ལྟ་བ་དང་། ངོ་བོ་ཉིད་རྒྱུར་ལྟ་བ་དང་། རང་བཞིན་རྒྱུར་ལྟ་བ་དང་། རྡུལ་ཕྲ་རབ་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུར་ལྟ་བ་ལས། འདིར་བྱེད་པ་པོ་རྒྱུར་ལྟ་བ་དང་པོའོ། །སྤྱོད་པ་ཁྲུས་དང་གཙང་སྦྲ་འབའ་ཚིག་སྤྱད་པས་རྟག་པ་དག་པར་ལྟ་བ་གཉིས། བཟའ་བཏུང་བཅོས་ཏེ་གཙང་མ་ཟས་གཅིག་པའམ་ཤ་སྟག་ཟོས་པས་ཐར་པར་ལྟ་བ་དང་གསུམ་མོ། །སྤྱོད་པ་དུས་ཐམས་ཅད་དུ་ཆ་ལུགས་བཅོས་ནས་སྤྱོད་པ་ཐོབ་པར་ལྟ་བའང་ལྷྭམ་གོས་ཁ་དོག་དབྱིབས་རྒྱན་བསྒྱུར་བ་དང་བཞི། སྐྲ་དང་ཁ་སྤུ་བྲེགས་པ་དང་། རལ་པར་བྱས་ནས་གནས་པ་སྟེ་མདོར་གཅེར་བུ་པ་དང་། མ་ཕམ་སྐྲའི་ལྭ་བ་ཅན་ལྟ་བུའོ། །ལུས་ལ་རུས་པ་ཐོད་པ་དང་ཐལ་བས་བརྒྱན་པའི་རྒྱན་ཅན་པ་དང་ལྔ། བྱ་དང་ཁྱི་དང་མེ་ལྔ་བསྟེན་པ་ལ་ཉི་ཟླ་བཟུང་དང་ཆུ་མི་བཏུང་བ་སོགས་པའི་དཀའ་ཐུབ་དྲག་པོར་བསྟེན་པ་དང་དྲུག་གོ། །བྱེད་པ་པོ་རྒྱུ་ནི་ལྟ་གཞི་སྟེ་གཞན་དྲུག་གོ། །བསླད་པས་འཆལ་བ་གང་འདི་ལ། །བརྟེན་པས་དག་ལྟ་རྟེན་རྟོག་དང་། །རྟེན་ཆགས་བྱིན་ཆགས་བཀྲ་ཤིས་མཚན། །སྐྱབས་ལོག་ཡོངས་སུ་འཆལ་བའོ། །ཞེས་པ་ལྟ་ངན་གྱི་སེལ་ཞུགས་པས་ཤེས་པ་འཆལ་བ་ནི་གསུམ་སྟེ། དབང་ཕྱུག་རྒྱུར་ལྟ་བ་འཇིག་རྟེན་འདི་ལ་ཕྱའམ་དབང་ཕྱུག་ཆེན་པོ་བསྟེན་ཅིང་། དེས་མཐོ་རིས་ངན་སོང་དུ་གཏོང་བར་འ དོད་དེ། གང་ཞིག་ཕྲ་རྒྱུ་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཤིང་འཇིག་པར་བྱེད། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་བྱེད། །ཅེས་འབྱུང་བ་ལྟ་བུར་འདོད་པ་དང་། རྡུལ་ཕྲ་རབ་རྒྱུར་སྨྲ་བ་པས། དང་པོར་འཇིག་རྟེན་ཆགས་པའི་ཚེ་རྡུལ་ཕྲ་རབ་ཀྱི་རྫས་འདུས་པ་ལས་ལྷ་ཚངས་པའི་སྒོ་ང་ཤིན་ཏུ་འོད་འབར་བ་ཞིག་བྱུང་ནས་དེ་སྨིན་པ་ལས་ལྷ་ཚངས་པ་ཆེན་པོ་གདོང་བཞི་ལ་རལ་པ་ཅན་ཞིག་བྱུང་ནས་འཇིག་རྟེན་ཐམས་ཅད་བྱས་ཏེ་ཆགས་པར་འདོད་པ་བརྟེན་ཆགས་དང་། ཆོས་མི་དགེ་བ་ལུས་ངག་གི་བདུན་བསྲུངས་པས་ལྷའི་བྱིན་ཆགས་ཤིང་བཀྲ་ཤིས་པར་འདོད་པ་དང་གསུམ་སྟེ། དེ་དག་ནི་འཁོར་བའི་འཇིགས་སྐྱོབས་ལོབ་པའི་དབང་དུ་གྱུར་པའོ། །ཕྱོགས་ལྟོས་གཅོད་པ་གང་ཞེ་ན། །ཞེས་པ་ལ་སོགས་པ་བཞི་པ་འཆད་དེ། ཡང་དག་པའི་ལམ་གྱི་ཕྱོགས་སུ་སྤྱི་ཡུད་ཙམ་ལ་ལྟོས་ནས་བདག་འཛིན་དང་མ་བྲལ་བའི་ཕྱིར་དེ་ལ་བཞི་ནི་སྒྲ་བཞིན་ནོ། །གང་འདིར་ཕྱི་རོལ་རྣམ་པ་གསུམ། །བྱེ་བྲག་པ་དང་ཐ་སྙད་པ། །རང་སྣང་ཕྱོགས་གཅིག་གཅོད་པའོ། །ཞེས་པ་མུ་སྟེགས་ཕྱི་རོལ་པ་ལའང་རྣམ་པ་གསུམ་སྟེ། རྡུལ་ཕྲ་རབ་སིལ་བུ་དུས་གསུམ་རྟག་པར་འདོད་པ་དང་མུ་སྟེགས་བྱེ་བྲག་པ། འདུས་པ་རང་བཞིན་རྟག་པར་འདོད་མདོ་སྡེ་པ་དང་། ཡུལ་མེད་པའི་ཤེས་པ་རྟག་པར་འདོད་མུ་སྟེགས་རང་སངས་རྒྱས་པ་སྟེ། དེ་དག་གི་ལྟ་བ་དང་གཞི་མཐུན་པ་ལ་བདག་འཛིན་དང་མ་བྲལ་བའི་ཆ་མཐུན་པའོ། །ཡང་དག་ཕྲ་དང་ཟབ་པ་དང་། །རྒྱ་ཆེར་ཡངས་པ་དེ་ཁོ་ན། །ཞེས་པ་ལྟོས་ནས་བཏགས་པའི་མུ་སྟེགས་ཡང་དག་པ་ལ་གསུམ་སྟེ། མུ་སྟེགས་རྩེན་མིན་ཡང་དག་རྣམ་བཅས་དང་རྣམ་མེད་ཀྱི་ཤེས་པ་གཉིས་ཀ་རྟག་པ་སྨྲ་བའི་ཕྲ་བ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། གློ་བུར་ལ་ཅིའང་མ་ཡིན་པ་གཅིག་རྟག་སྨྲ་ཟབ་པ་མུ་སྟེགས་རྩེན་མིན་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། ཅིའང་མི་གནས་ཡིད་ལ་བྱས་པ་རྒྱ་ཆེ་ཡངས་པ་མུ་སྟེགས་ཏོན་མིན་གཞུང་ཕྱི་མའི་དབུ་མ་པ་སྟེ། ཡང་དག་པའི་ཐེག་པ་གསུམ་དང་ལྟ་བའི་ཆ་མཐུན་པ་དེ་ཉིད་བདག་ཏུ་འཛིན་པའི་ཕྱིར་གོལ་བར་སྦྱར་ཏོ། །གསང་སྔགས་རིགས་བྱེད་རིགས་སྤྱོད་དང་། །རིགས་སྦྱོར་དམ་པར་ཕྱོགས་ལྟོས་གཅོད། །ཅེས་པ་ཆ་མཐུན་པའི་མུ་སྟེགས་གསང་སྔགས་པ་ལའང་གསུམ་སྟེ། རིགས་གསུམ་རྟག་རིགས་བྱེད་ཀྲྀ་ཡ་པ་དང་། ལྟ་སྤྱོད་གཉིས་མེད་འཛིན་རིགས་སྤྱོད་ཨུ་པ་ཡ་དང་། སེམས་རྟག་པས་བྱིན་རླབས་ལྷར་སྣང་བའང་རྟག་རིགས་སྦྱོར་ཡོ་ག་བ་སྤྱོད་པ་གཙོར་མི་བྱེད་པས་ཏིང་ངེ་འཛིན་གྱི་ཕྱོགས་འབའ་ཞིག་གཙོར་སྤྱོད་པའོ། །གསང་ཆེན་བརྟུལ་ཞུགས་ཆེན་སྤྱོད་དང་། །རྒྱལ་དཔོག་པ་དང་རྒྱལ་ཐབས་པའོ། །ཞེས་པ་མུ་སྟེགས་གསང་སྔགས་པ་ལས་ཁྱད་པར་གྱུར་པ་གསང་ཆེན་པ་ལ་གསུམ་སྟེ། བླང་དོར་མེད་པར་དམ་རྫས་དང་ཐབས་ཤེས་ལ་འཛིན་སྤྱོད་པ་བརྟུལ་ཞུགས་ཆེར་སྤྱོད་པ་མ་ཧཱ་ཡོ་ག་དང་། རྒྱལ་པོ་དབྱིངས་ཡེ་ཤེས་ཨ་ཏི་ཡོ་གའི་རྗེས་སུ་འཇུག་པ་ཨ་ནུ་ཡོ་ག་བ་དང་། བྱ་བ་བྲལ་བའི་ངོ་བོ་རང་བྱུང་ཡེ་ཤེས་འཛིན་ཐམས་ཅ ད་ཀྱི་བདག་པོ་ཨ་ཏི་ཡོ་ག་པའོ། །འདི་དག་ལྟ་བའི་གཞུང་ནི་བསྒྲུབ་མི་དགོས་ཏེ་ཡང་དག་པའི་ལམ་གྱི་ལྟ་བ་ལས་བདག་འཛིན་ཅན་གྱི་ཞེན་པ་སྟེ། ཡང་དག་པའི་ལྟ་བ་དང་སྐད་ཚུལ་ཇི་ལྟ་བ་གཅིག་ཀྱང་རྟོག་འཛིན་གྱིས་ཕྱེ་བའོ། །མུ་སྟེགས་འདི་དག་ནི་དུས་དེང་སང་གི་ལམ་པར་ཁས་འཆེས་པ་དག་ལའང་ཤིན་ཏུའང་མང་ངོ་། །དེ་བས་ནན་ཏུར་དུ་བྱ་ཞིང་བཤད་པའི་བླ་མ་དག་ལ་ཐུགས་ནས་སྒོ་ཀུན་བསྡུར་བར་རིགས་སོ། །ཞར་ལས་བྱུང་བ་གང་འདི་དག །མཐའ་ཡས་སྡེར་བྱུང་རྫོགས་པ་སྡེ། །གང་མུ་ཟིན་པ་དེ་རྟག་འཛིན། །སངས་རྒྱས་ཀུན་གྱི་ཉེ་གནས་སོ། །ཞེས་པ་ཡང་དག་པའི་བསྟན་པའི་ཞར་ལས་བྱུང་བའི་མུ་སྟེགས་ཕྲ་མེན་པ་ཡན་ཆད་རྣམ་གྲངས་མང་པོ་མཐའ་ཡས་བསམ་གྱིས་མི་ཁྱབ་པ་ཞིག་སྤྱིར་ཡོད་ཀྱང་། འདིར་མུ་སྟེགས་གསང་སྔགས་པ་ཆེ་ཆུང་དྲུག་མན་ཆད་ཀུན་བཤད་པའི་རྩ་བ་བཞི་ཡན་ལག་དྲུག་སྟེ། བཅུར་འདུས་པར་བརྩིའོ། །དེ་ལྟ་བུ་གང་རང་རང་གི་ལྟ་བའི་མུ་ཟིན་ཅིང་ཞེན་པ་དག་ནི་དོན་ཐོག་ཏུ་མ་ཕེབས་པས་རྟགས་ལ་འཛིན་པ་ཙམ་ལས། རྒྱལ་བ་སངས་རྒྱས་རིང་བར་འགྲུབ་པའི་རྒྱུ་ཡོད་པས་ཉེ་གནས་ཏེ། རྟགས་ཙམ་འཛིན་པ་དང་ཞར་བྱུང་གཉིས་ངོ་བོ་གཅིག་པའོ། །འོ་ན་འདིར་བཤད་པ་ལས་ཞར་བྱུང་ནི་ལོག་པ་ཆ་གཉིས་པོ་ལས་བརྟགས་པ་འདྲའོ་ཞེ་ན། དེ་ནི་ངོ་བོས་ཕྱིས་འཆད་པ་ཉིད་ལས་བསྙད་པ་སྟེ། དེ་བསྟན་པ་ཉིད་ཀྱི་ཕྱིར་སྐྱོན་མེད་པའོ། །ལང་ཀའི་བདག་པོ་གཞན་ཡང་གང་། །ཞལ་ནས་བྱུང་བ་ཇི་ལྟ་བུ། །འཇིག་རྟེན་སྒྲོན་མ་ནུབ་རྗེས་ན། །གང་དག་མོས་པ་ཐ་དད་པས། །ལྟ་བའི་ཁྱད་པར་དེ་བཞིན་འབྱུང་། །ཞར་ལས་བྱུང་བའང་དེ་བཞིན་ནོ། །ཞེས་པ་བོས་ནས་དེ་ལས་མི་མཐུན་པ་བསྟན་པ་གཞན་ཡང་གང་ནི། ཞར་བྱུང་ཞེས་པར་འཆད་པ་སྟེ། ཇི་ལྟ་ཞེ་ན། འཇིག་རྟེན་སྒྲོན་མ་སྟོན་པ་སྐུ་མྱ་ངན་ལས་འདས་པའི་ཕྱིན། གང་དག་གང་ཟག་གི་བློའི་མོས་པ་མི་མཐུན་པ་ཐ་དད་པས་མང་པོས་ཞལ་ནས་གསུང་བའི་བཀའ་ཉིད་ལས་ལྟ་བ་མུ་སྟེགས་དང་ཆ་མཐུན་པའི་བྱེ་བྲག་མང་པོ་ཇི་ལྟ་བ་ཁྱད་པར་དེ་བཞིན་འབྱུང་ངོ་། །བཤད་པའི་མུ་སྟེགས་ཞར་ལས་བྱུང་བ་ཆོས་དང་ལྟ་བ་ཆ་མ་ཐུན་པ་དག་ཀྱང་འབྱུང་ལུགས་རྗེས་སུ་མཐུན་པའོ་དེ་བཞིན་ནོ། །དེ་དག་ནི་སྒོ་བསྡུར་ལ་སྤང་བར་བྱ་བ་འབའ་ཞིག་གོ། །ཀུན་ཤེས་སྤྱོད་པའང་རྣམ་པ་གཉིས། །རིམ་གྱིས་པ་དང་གཅིག་ཆར་བའོ། །རིམ་འཇུག་པའང་རྣམ་གསུམ་དུ། །ཕྱིན་ཅི་མ་ལོག་པ་ཉིད་དང་། །སྒྲུབ་བྱེད་མངོན་རྟོགས་གསུམ་ཉིད་དོ། །འདི་ཡང་ཁྱད་པར་རྣམ་གཉིས་ཀྱིས། །གསུམ་གསུམ་གཉིས་སུ་དམ་པ་ཡིས། །གསུང་པ་ཁྱོད་ཅི་མི་ཤེས་སམ། །དེས་ན་ཆེ་ཆུང་གཉིས་གསུམ་དྲུག །ཅེས་པ་ཡང་དག་པའི་ལམ་འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཀུན་ཤེས་སྤྱོད་པའང་གཉིས་ཏེ། བློ་དམན་པའི་དབང་དུ་རིམ་གྱིས་པ་དང་། བློ་མཆོག་གི་དཔོན་དུ་གཅིག་ཆར་བའོ། །དེ་ལ་རིམ་གྱིས་འཇུག་པ་རྒྱུའི་ཐེག་པ་བ་དཔེར་རྒྱ་གར་གྱི་འཕོང་སློབ་པའི་ཚུལ་ལྟ་བུས་སློབ་ཅིང་འཇུག་པ་ལའང་གསུམ་སྟེ། དོན་ཇི་ལྟ་བ་ཕྱིན་ཅི་མ་ལོགས་པ་ཉིད་དང་མ་ནོར་བར་བསྒྲུབ་པ་དང་། དེའི་རྗེས་སུ་སྤྱོད་པ་དང་། ལྟ་བས་རང་རིག་པའི་མངོན་སུམ་དུ་རྟོགས་པའོ། །དེ་ཡང་རྒྱུའི་ཐེག་པ་ཆུང་ངུ་རིམ་འཇུག་པ་དང་། དབུ་མའི་ཐེག་པ་རིམ་འཇུག་པའི་ཁྱད་པར་གྱིས་བསྒྲུབ་པའི་ཐབས་དང་། སྤྱོད་པ་དང་། ལྟ་བ་རྟོགས་པའི་ཚད་ཀྱང་རང་གཞུང་གསུམ་གསུམ་དུ་གསུངས་པ་ཡང་། ཐེག་པ་ཆེན་པོ་དང་ཆུང་ངུ་རྣམས་རྣམ་གྲངས་ཆུང་ངུ་གསུམ་དང་། ཆེན་པོ་གསུམ་སྟེ་དྲུག་ཏུ་གསུངས་པའོ། །དེ་ལ་ཐེག་པ་ཆེ་ཆུང་གི་རིམ་འཇུག་གི་དོན་གསུམ་གང་སྙམ་པ་ལ། བསྒྲུབ་པ་ཟབ་པ་ཕྲ་བ་གཉིས། །བློ་ཆེ་ཟབ་པ་དམ་པ་ཉིད། །ཅེས་པ་དགོངས་པ་བསྒྲུབ་པའི་ཐབས་ཀྱང་ཉན་ཐོས་དང་། རང་རྒྱལ་བ་ཤེས་པ་སྐད་ཅིག་མ་ཤིན་ཏུ་ཟབ་པ་དང་། ཕྱི་སྣོད་རྡུལ་ཕྲ་རབ་ཤིན་ཏུ་ཆ་ཕྲ་བ་ཙམ་ཡོད་པར་རྟོགས་ནས་བསྒྲུབ་པ་དང་། ཤེས་རབ་མཆོག་བློ་ཆེ་མདོ་སྡེ་བས་ཆོས་རྣམས་ཀྱི་དེ་བཞིན་ཉིད་མ་སྐྱེས་པའི་དོན་གཏིང་ཟབ་ལ་ཤེས་བྱའི་མཆོག་དམ་པ་ཉིད་ཏུ་གྱུར་བ་ལ་བསྒོམ་པའོ། །སྤྱོད་པ་རླབས་ཆེན་ཆ་ཤས་ཅན། །རྒྱ་ཆེ་བ་དང་མཚན་མར་སྤྱོད། །ཞེས་པ་བྱང་ཆུབ་སེམས་དཔའ་ཆུབ་སྤྱོད་པ་མིག་དང་མགོ་སྦྱིན་པ་དང་། ཕྱོགས་དང་ཕ་རོལ་ཕྱིན་པ་རླབས་ཆེན་དང་། རྒྱ་ཆེན་སྤྱོད་པ་དང་། ཉན་ཐོས་རང་རྒྱལ་ཆ་ཤས་ཙམ་མཚན་མར་སྤྱོད་པ་ལ་བརྟན་པའོ། །དེ་ནི་གསང་ཆེན་གསང་བར་བཤད། །ཅེས་པས་བཤད་པ་ཁོ་རང་གི་གསང་བའི་དོན་ཏོ། །མངོན་རྟོགས་རྣམ་གཉིས་ཕྱི་ནང་འཇུག །མི་མཐུན་ཕྱོགས་ཀྱིས་གལ་བཟུང་ནས། །ཆ་གཉིས་སོ་སོར་འདོད་པ་འབྱུང་། །ཞེས་པ་རིམ་འཇུག་གི་ལྟ་བ་ནི་བློའི་བྱེ་བྲག་གིས་ཕྱི་རོལ་ཐེག་པ་ཆུང་ངུ་བ་དང་། ནང་ཐེག་པ་ཆེན་པོ་དབུ་མ་པ་སྟེ། ལྟ་བ་གཞི་གཅིག་ལ་ཐེག་པ་ཆེ་ཆུང་གི་གཞུང་མི་མཐུན་པའི་འདོད་པ་འབྱུང་རྩོད་པ་བྱེད་པའོ། །དེ་ལ་ཐེག་པ་ཆུང་ངུ་ན་ཕྱི་རོལ་པའི་ལྟ་བ་གང་སྙམ་པ་ལ། ཕྱི་རོལ་བྱེ་བྲག་ཐ་སྙད་གཉིས། །ཆ་གཉིས་གཅིག་ལས་རྩོད་པ་འབྱུང་། །ཞེས་པ་ཕྱི་རོལ་ཉན་ཐོས་མདོ་སྡེ་པ་དང་བྱེ་བྲག་པ་གཉིས། ལྟ་བ་གྲུབ་པའི་མཐའ་ཆ་གཉིས་གཞི་གཅིག་ལས་མི་མཐུན་པར་རྩོད་པར་བྱེད་པ་དང་། ནང་འཇུག་སེམས་སྣང་དབུས་མཐའ་འབྱེད། །ཕྱི་ནང་སྣྲེལ་ཞིར་ཕྱོགས་འཛིན་ཅིང་། །གང་དེར་ངེས་པར་རྩོད་པ་འབྱུང་། །ཞེས་པ་ཕྱི་ནང་གི་སྤྱོད་ཡུལ་དག་མ་དག་གིས་ཀྱང་ཕྱེ་བ་སྟེ། འདིར་ཐེག་པ་ཆེན་པོ་ལའང་གཉིས་ཏེ། རྣམ་རིག་སྤྱི་ཡིས་དཔེར་ན་ཐོ་ཡོར་མི་དང་སྐྲའི་འཁོར་ལོ་མིག་འཁྲུལ་པ་ལ་སེམས་སྣང་བ་ལྟར། ཡུལ་ཤེས་པ་འཁྲུལ་པ་ཉིད་སྣང་བར་འདོད་པ་དང་། ཐེག་པ་ཆེན་པོ་མཐའ་བཞི་དང་དབུས་སུ་ཕྱེ་ནས་མི་དམིགས་པར་འདོད་པ་གཉིས་སོ། །དེ་ལ་སེམས་ཙམ་པ་ནི། ཕྱི་ནང་སྣྲེལ་ཞིར་ཤེས་པ་སྣང་བའི་ཕྱོགས་སུ་འདོད་པས་ཡུལ་གྱི་ཕྱོགས་གཏན་མེད་པར་འབྱུང་ངོ་། །དབུ་མ་ནི་ཕྱིའི་ཡུལ་དང་ནང་གི་སེམས་ཕན་ཚུན་སྣང་བ་ཤེས་པ་སྣང་བར་མི་འདོད་དེ། ཀུན་རྫོབ་ཏུ་སྒྱུ་མ་ཙམ་སླུ་བར་མི་བདེན་པ་ཡོད་པ་འཁྲུལ་པ་བདེན་པར་སྣང་ཡང་། དོན་དམ་པར་མཐའ་བསལ་ནས་གཏན་ལ་ཕེབས་པས་མ་སྐྱེས་པར་འདོད་དེ། རང་རང་གི་ལྟ་བའི་ཕྱོགས་འཛིན་ཅིང་རྩོད་པ་འབྱུང་བའི་ཕྱིར། དབུས་མཐའ་འབྱེད་དང་ངེས་པར་འཇུག །གཏན་ལ་ཕེབས་པ་དེ་བཞིན་འབྱུང་། །ཞེས་པ་དབུ་མ་ཆེན་པོ་མཐའ་དབུས་སྐྱོན་དག་པའི་བློ་མཐོང་བ་ལ་བློ་འཇུག་པ་དང་། དེའི་དོན་མ་ནོར་བར་ལུང་རིགས་པས་གཏན་ལ་ཕེབས་པས་ནོར་དུ་རུང་བར་བྱས་ཏེ། གནོད་པ་རྣམས་བསལ་ནས་དེ་བཞིན་འབྱུང་ངེས་པར་བྱེད་པའོ། །དེ་དག་འདིར་ཡི་གེའི་སྒྲས་འཇིགས་པས་རྒྱས་པར་མ་བཀོད་དོ། །གཅིག་ཆར་འཇུག་པའི་རྣལ་འབྱོར་པ། །བྱ་དང་བྱ་ཐབས་བྱ་མེད་པ། །སྐྱེས་དང་མ་སྐྱེས་སྐྱེ་འགག་མེད། །འདི་ཀུན་མ་འདྲེས་ཡོངས་སུ་རྫོགས། །མ་འདྲེས་མཁའ་ལ་གཟའ་སྐར་བཀྲམ། །ཡོངས་སུ་རྫོགས་པས་མཁའ་ཁྱབ་བདལ། །འཇའ་སྣང་མཁན་ལྟར་མ་འདྲེས་ཤིང་། །ཅེས་པ་གསང་སྔགས་ནི་གཅིག་ཅར་འཇུག་པའི་རྣལ་འབྱོར་ཆེན་པོ་སྟེ། དེའི་ཚུལ་ནི་བྱ་བ་གཙོར་བྱེད་ཀྲྀ་ཡ་དང་། གོང་འོག་གི་ཐབས་གཉིས་ཀ་ལ་བརྟེན་པའི་ཨུ་པ་ཡ་དང་། ཏིང་ངེ་འཛིན་གཙོར་གྱུར་པས་ལུས་ངག་གི་བྱ་བ་དང་དུ་མི་ལེན་པའི་ཡོ་ག་དང་། ཏིང་ངེ་འཛིན་གསུམ་སོགས་རིམ་པས་ལྷར་བསྐྱེད་པའི་མ་ཧཱ་ཡོ་ག་དང་། རིམ་པས་མི་བསྐྱེད་པའི་ཨ་ནུ་ཡོ་ག་དང་། དེ་དག་གི་ཐ་སྙད་ལས་གྲོལ་བའི་ཨ་ཏི་ཡོ་ག་སྟེ། གསང་སྔགས་ཀྱི་ཐེག་པ་དྲུག་པོ་ཀུན་སོ་སོའི་གཞུང་མ་འདྲེས་པར་གསལ་བཞིན་དུ། མཉམ་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ངང་ལ་རྫོགས་པས་སོ་སོའི་ངོ་བོ་བསྟན་དུའང་མེད་དོ། །འོ་ན་མེད་པ་འབའ་ཞིག་གོ་ཞེ་ན། སོ་སོར་གསལ་བའི་དཔེ་ནམ་མཁའ་ལ་གཟའ་སྐར་ཤར་བ་དང་འདྲ་སྟེ། མ་འདྲེས་ལ་གཅིག་ཏུ་རྫོགས་པས། ཀུན་ལ་མ་བསྒོས་པར་གྲུབ་པས་ཐ་སྙད་གཉིས་ཀ་ལས་གྲོལ་བ་ནི། དཔེ་ནམ་མཁའ་ལ་འཇའ་ཚོན་ཤར་བ་དང་འདྲ་སྟེ། དེ་ལྟར་གང་ཞིག་རིག་པ་ནི་གཅིག་ཆར་ཞུགས་པ་མེད་པ་ཞུགས་པ་སྟེ་སོ་སོ་ནས་བགྲོད་པ་མེད་དོ། །གསང་སྔགས་འདི་ཉིད་དུ་ཐོབ་བྱ་དང་ལམ་ཐབས་ཀྱིས་བཙལ་བའང་མེད་དེ། ཆོས་སོ་ཅོག་ལ་སྐྱེས་མ་སྐྱེས་དང་སྐྱེ་འགག་མེད་པར་བརྗོད་པ་རིལ་རང་གི་མཚན་ཉིད་མེད་པར་རང་བྱུང་ཡེ་ཤེས་སེམས་ཉིད་དུ་བསྡུས་པ་མེད་པར་རྫོགས་པའི་དཔེ་ཇི་ལྟ་བ་བཞིན་པའོ། །འོ་ན་མདོ་སྔགས་གཉིས་ཀ་ལ་འཇུག་ལུགས་གཉིས་གཉིས་ཡོད་བཞིན་འདིར་རྒྱ་ཆད་པར་བསྟན་པ་ཇི་ལྟ་བུ་ཞེ་ན། རྒྱུ་ཡིས་ཇི་ལྟར་བགྲོད་ཀྱང་མཐར་གསང་སྔགས་ལ་རག་ལུས་དགོས་ལ། ཐབས་ཆེན་ཐེག་པ་ནི་གཞན་ལ་རག་མ་ལུས་པའི་ཕྱིར་རོ། །རྨོངས་རིམ་གཅིག་ཅར་འཇུག་སྤྱོད་པ། །ཞེས་པ་དེ་ལྟར་གཉིས་སུ་མེད་པའི་དོན་གསང་བ་ལ་མདོངས་པའི་རྒྱུ་པ་རྣམས་རིམ་གྱིས་འཇུག་པ་དང་། གསང་སྔགས་ཡང་དག་པའི་དོན་ཆེན་པོ་གཅིག་ཆར་འཇུག་པའི་སྤྱོད་པ་ནི། གཉིས་ཀའི་སེམས་སྦྱོངས་ལུགས་དང་། ཉོན་མོངས་པ་དག་པའི་ཚུལ་གང་ཞེ་ན། འདོད་པའི་ཡུལ་ལ་ཞེན་སྤོང་དང་། །སྦྱོང་སྒྱུར་ཤེས་རྟོག་སྤྱོད་དབང་བྱེད། །ཤེས་པའི་འཇིག་རྟེན་རྟོགས་འཕགས་པ། །སྤྱོད་པ་བློ་ལྡན་དབང་བསྒྱུར་ཐབས། །ཞེས་པ་འཇིག་རྟེན་པས་འཇོལ་ཉོག་ཏུ་སྤྱོད་པའི་ཆོས་འདི་དག་ནི་འདོད་ཡོན་ལྔ་ལ་སོགས་ཏེ། དེ་དག་འཕགས་པ་ཉན་ཐོས་རང་རྒྱལ་བས་ནི་སྤོང་ཞིང་བཀག་ནས་དག་པར་བྱེད་པ་དང་། བྱང་ཆུབ་སེམས་དཔས་མི་དམིགས་པའི་ཤེས་རབ་དང་སྤྱོད་པ་རྒྱ་མཚོས་སྦྱོང་བར་བྱེད་པ་དང་། རིག་སྔགས་ཀྲྀ་ཡ་པ་དང་ཨུ་པ་ཡས་དུག་གསུམ་སྐུ་གསུང་ཐུགས་སུ་བསྒྱུར་བ་ལ་སོགས་པ་བྱེད་པ་དང་། རྣལ་འབྱོར་ཡོ་ག་བས་དེའི་མཚན་ཉིད་ཇི་ལྟ་བ་རྟོགས་ནས་ལྷ་ལ་མཆོད་པ་ཙམ་བྱེད་ཅིང་སྤྱོད་པ་དང་། རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་པས་སེམས་སྣང་བ་ལྷའི་དཀྱིལ་འཁོར་དུ་རྟོགས་ནས་ཆེད་དུ་སྤྱོད་དེ་ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་དབང་དུ་བྱེད་པ་དང་། རྗེས་སུ་འཇུག་པའི་རྣལ་འབྱོར་ཨ་ནུ་ཡོ་ག་བས་ཇི་ལྟ་བའི་མཚན་ཉིད་ཤེས་ཤིང་རྟོགས་པས་ཆོག་སྟེ་འ གེགས་ཀྱང་མི་འགེགས་དང་དུ་མ་བླངས་ཀྱང་མཉམ་པར་མི་ལྟ་སྟེ་བཏང་སྙོམས་སུ་བྱེད་པ་དང་། རྣལ་འབྱོར་མཆོག་ཨ་ཏི་ཡོ་ག་བ་ནི་འདི་ཉིད་སྤུ་མ་བརྗེས་མདོག་མ་བསྒྱུར་བཟོ་མ་བྱས་པར་ཡེ་ནས་ཐ་སྙད་ཐམས་ཅད་མ་སྤངས་བྲལ་བར་རྟོགས་པ་ཉིད་ལ་བྱ་བ་ཅིའང་མེད་དེ་ཡལ་བར་འདུག་པའང་མེད་པ་ཉིད་ཀྱིས་ཆོག་པ་རྣམས་སོ། །ཤེས་རབ་འཇིག་རྟེན་མ་རིག་པ་ལས་ཁྱད་པར་དུ་གྱུར་པའི་ཐབས་དེ་ལྟ་བུའི་དོན་ཆེན་པོས་འགྲོ་བའི་དོན་བྱེད་པའི་ལྟ་བ་མཆོག་དང་ལྡན་པས་གདུལ་བྱའི་དོན་བྱ་བའི་ཐབས་ཀྱང་ཇི་ལྟར་ཞེ་ན། གང་འདིར་སྣོད་ཀྱང་བཞིར་གཟིགས་ཏེ། །ཞེན་ཆགས་ལོག་སྲེད་རིགས་རྒྱུད་ཅན། །བློ་གྲོས་ཅན་གྱི་སྣོད་རྣམས་ལ། །བསྟན་པ་རྣམས་པ་བཞི་གསུངས་པ། །འདོད་རྐྱེན་བཀྲི་དྲང་བརྒྱུད་པའི་ཚིགས། །ལྡེམ་དགོངས་དོན་དམ་ངེས་པའི་ཚིག །སྣོད་ཀྱི་རྐྱེན་དང་སྦྱོར་བ་ཡིན། །ཞེས་པ་བསྟན་པའི་སྣོད་ནི་བསྡུ་ན་རྣམ་པ་བཞི་སྟེ། ཞེན་ཆགས་ཅན་གྱི་གདུལ་བྱ་ལ། འདོད་པ་རང་རྐྱེན་གྱི་བསྟན་པ་རྣལ་འབྱོར་མ་ཧཱ་ཡོ་ག་ལྟ་བུ་བཀའ་སྩལ་པ་དང་། ལོག་སྲེད་ཅན་གྱི་གདུལ་བྱ་ལ། བཀྲི་དྲང་བརྒྱུད་པའི་བསྟན་པ་རྒྱུའི་ཐེག་པ་གསུངས་པ་དང་། རིགས་རྒྱུད་ཅན་གྱི་གདུལ་བྱ་ལ། ལྡེམ་དགོངས་བཀའི་ཚིག་ཀྲྀ་ཡོག་གི་ཐེག་པ་གསུངས་པ་དང་། བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱ་ལ། དོན་དམ་ངེས་པ་ཨ་ཏི་ཡོ་ག་གསུངས་པའོ། །སྐབས་ཉིད་དུ་ན། སྣོད་ཀྱི་རྐྱེན་འདོད་ཆགས་ལ་སྦྱོར་བ་ལྟ་བུ་ལ་སོགས་པ་དང་། ལོག་སྲེད་ཅན་གྱི་ལྟ་བ་ལ་བརྒྱུད་པའི་ལྟ་བ་ཆ་འདྲར་བསྟན་པ་དང་། སྤྱོད་པས་རིགས་རྒྱུད་ཅན་ལ་སྤྱོད་པའི་ལྡེམ་དགོངས་སུ་བསྟན་པ་དང་། བློ་གྲོས་ཅན་ལ་དོན་མ་ནོར་བ་སྒྲ་ཇི་བཞིན་དུ་གབ་སྦས་མེད་པར་བསྟན་པའོ། །དེ་བས་ན་བསྟན་པ་དེ་དག་ཐེག་པ་ཆེན་པོ་ཉིད་ལ་ཚངས་ཀྱང་། འདིར་སྒོ་བསྡུས་པའི་དབང་དུ་ཐེག་པ་ཀུན་ལ་སྦྱར་རོ། །འདི་ཀུན་ཤེས་བྱའི་གཞི་གཅིག་ལ། །འདོད་པས་མཐོང་བ་ཐ་དད་པའོ། །ཞེས་པ་འདི་ཀུན་ཤེས་བྱ་གཏན་ནས་ལྟ་གཞི་ཐ་དད་པ་མ་ཡིན་ཡང་། རང་གི་ལྟ་བའི་འདོད་གཞུང་མི་མཐུན་མཐོང་བ་ཐ་དད་པའོ་པས་སྒོ་སོ་སོར་གྱུར་པའོ། །འདི་ལྟར་མཐོང་སྒོ་ཐ་དད་བཞིན། །རྣམ་པར་སྣང་འབྱུང་བཀོད་པ་ལ། །གང་གིས་ཀུན་ལ་ཞུགས་བལྟས་ནས། །གཅིག་ཏུ་འབེབས་པ་དམ་པའོ། །ཞེས་པ་ཚུལ་འདི་བཞིན་ལྟ་བས་མཐོང་སྒོ་རྟོགས་ནས་ཏིང་ངེ་འཛིན་གྱིས་ཉམས་སུ་ལེན་པའི་ཐབས་མི་མཐུན་པ་ཐ་དད་ཇི་སྙེད་པར་སྣང་བ་ལྟར། ཐེག་པའི་སྒོ་རྣམ་པར་སྣང་གྱུར་མ་འདྲེས་པ་མང་པོར་གྲལ་བཀོད་པའི་སྒོ་ཀུན་ནས་རྣལ་འབྱོར་པ་གང་ཞིག་གིས་ཞུགས་ཏེ་ལྟ་བའི་མཐའ་བརྟགས་ནས་གཡང་ས་དང་དོན་ངོ་ཤེས་པར་བྱས་ཏེ། མཐར་ཡང་དག་པའི་དོན་མ་ནོར་དུ་འབེབས་དམ་པའོ་རུང་བར་བྱས་ནས་དེ་ལ་འཇུག་པའོ། །ཇི་ལྟར་བུང་བ་ཁུང་ཚོལ་བ། །ཞེས་པ་ལ་སོགས་པ་སྒོ་ཀུན་ནས་བསྡུར་བའི་དཔེ་དོན་དང་། དགོས་ཆེད་དེ་སྒྲ་བཞིན་དུ་འགྲེལ་ཏོ། །ལང་ཀའི་བདག་པོ་དེ་དག་ནི། ཞེས་པ་ལ་སོགས་པ་བོས་ནས་བཤད་པའི་དོན་རྣམས་ནི། འཆད་པའི་ཕུལ་དུ་མཁས་པས་དབྱུང་བར་བསླབ་པའི་འབྱུང་བའི་རྒྱུ་ཡིན་ཏེ། དོན་གྱི་ངོ་བོ་བསྟན་པའོ། །དེ་སྐད་ཅེས་སྨྲས་པ་དང་། ཞེས་པ་དག་བཀའ་སྩལ་པས་འཁོར་གྱིས་སྒོ་ཀུན་རྟོགས་པར་འགྱུར་བའོ། །ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་འབྱེད་པ འི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་རྩ་བརྒྱད་པ་བཀྲོལ་བའོ།། །།དེ་ནས་གསང་བའི་བདག་པོས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཞེས་པ་སྐྱེས་བུ་འཁོར་ལ་བསླབ་པ་བཞི་པ་གསུངས་པའོ། །དེ་གང་ཞེ་ན། ཀྱེ་གྲོགས་པོ་དག་མཐར་ཕྱིན་པར་བྱ་བ་ནི། ཞེས་པ་ལ་སོགས་པ་བོས་ནས་བསླབ་པ་མཐར་ཕྱིན་ཅིང་ཕུལ་དུ་མཁས་པས་དབྱུང་བ་བསླབ་པ་སྟེ་དེ་ཉེ་བར་སྟོན་པ་ནི། ཐེག་པ་ཆེན་པོ་བསྒྲུབ་པའི་ཐབས་མང་བ་བསམ་གྱིས་མི་ཁྱབ་ཇི་སྙེད་པའི་རྣམ་པ་རིལ་དོན་ཆོས་ཉིད་བྱ་བསམ་དུ་མེད་པར་དང་བྲལ་བར་མཐར་ཐུག་པར་བསྟན་ཏོ། །དེའི་བསམ་དུ་མེད་པ་དོན་གྱི་ངོ་བོ་ནི་ཆོས་རྣམས་ཀྱི་ཇི་བཞིན་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པ་འོད་གསལ་བར་མཐར་ཕྱིན་ངེས་པར་བཟུང་བའོ། །སེམས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ནི་རྒྱལ་བ་ཐམས་ཅད་ཀྱིའང་དགོངས་པའི་ཞེ་ཕུག་དམ་པ་འདུས་པའི་དེ་ཁོ་ན་ཉིད་སྟེ། དེ་རྟོགས་ཕྱིན་ཆད་སྐྱེད་དུ་བྱ་བ་མཐར་ཕྱིན་གཞན་མེད་པའོ། །དེ་དག་གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་ཅིའི་ཕྱིར་ཞེ་ན། དགོངས་པ་དམ་པ་འདུས་པའི་དེ་ཁོ་ན་ཉིད་ལ་མཁས་ན་སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པར་འགྱུར་རོ། །ཞེས་པ་ལ་སོགས་པ་དགོངས་པ་དམ་པ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི། ཤེས་པའི་ཡུལ་ཡིན་པས་སེམས་ཀྱི་དེ་ཁོ་ན་ཉིད་རང་རིག་པའི་དོན་གོ་བ་ཁོ་ནའོ། །སེམས་ཀྱི་རྩ་བ་ཆོད་དེ་གདེང་དུ་ཆུད་པ་ནི། སྤྱོད་ཡུལ་དང་བྲལ་བའི་བསམ་དུ་མེད་ཐེག་པ་ཆེན་པོའི་དོན་རྟོགས་པའོ། །དེ་ལྟར་མཁས་ན་གྱུར་པ་ནི་ཇི་སྙེད་པའི་ཆོས་རྣམས་བསམ་གྱིས་མི་ཁྱབ་པའི་རྟོགས་པའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་དེ། རྒྱལ་བ་ལ་དགོངས་པ་དེ་ལས་ལྷག་པ་མི་མངའ་བའི་ཕྱིར་རོ། །བདེ་བར་གཤེགས་པ་ཀུན་གྱི་དགོངས་པ་དགོངས་པ་ཀུན་ནས་འདུས་རྒྱུད་འདི་ཉིད་ཀྱི་དོན་དུ་མཇལ་བར་བྱའོ་ཞེས་གདམས་པའོ། །དེ་ཉིད་རྟོགས་པར་བྱ་བའི་ཐབས་གང་སྙམ་པ་ལ། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་འགྲེལ་པ་སྟེ་གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པ འི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་པ་བོས་ནས་བསམ་གྱིས་མི་ཁྱབ་པ་ཆོས་ཐམས་ཅད་རྟོགས་པར་བྱ་ན་རྣལ་འབྱོར་གསུམ་དུ་ཕྱེ་བས་བརྡ་མཇལ་ཞིང་གོ་བར་གྱུར་བ་ནི། ཤེས་པར་བྱ་བའི་རྒྱུའི་ངོ་བོ་རང་བཞིན་རྣལ་འབྱོར་ཡེ་གཉིས་སུ་མེད་པ་དང་། ཤེས་པར་བྱེད་པའི་རྐྱེན་ལམ་པས་དོན་ལ་འབེབས་པ་རྣལ་འབྱོར་དང་། ཤེས་ཤིང་གྲུབ་ཟིན་པ་བྱ་བ་མེད་འབྲས་བུ་གཉིས་སུ་མེད་གྱུར་ཟིན་པའི་རྣལ་འབྱོར་ཕྱིར་རོ། །དེ་སོ་སོ་ནས་བསྟན་པའི་ཕྱིར། གྲོགས་པོ་དག་བྱ་བའི་རྣལ་འབྱོར་ཡང་གསུ མ་དུ་ཤེས་པར་བྱ་སྟེ། གང་ཞེ་ན། ཞེས་པ་རྣལ་འབྱོར་དང་པོ་ལ་གསུམ་སྒྲ་བཞིན་ནོ། །གྲོགས་པོ་དག་དེ་ལ་ཕྱིའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་དུ་ཆུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུམ་ལས་ཕྱི་བཀར་ནས་བསྟན་པ་ནི། འཇིག་རྟེན་ན་གང་སྲ་བ་དང་འདེགས་པའི་མཚན་ཉིད་དང་ལས་གཉིས་དང་ལྡན་དང་། གཤེར་ཞིང་སྡུད་པ་དང་། ཚ་ཞིང་བསྲེག་པ་དང་། ཡང་ཞིང་འཐོར་བ་དང་། གསལ་ཞིང་གོ་འབྱེད་པ་ནི་འབྱུང་བ་ལྔའོ། །འདིར་དེ་དག་གི་ངོ་བོ་ཉིད་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངོ་བོ་ཉིད་ཡེ་ཡིན་པ་ནི། ཆེད་དུ་མ་བཙལ་བ་དང་། རྒྱུ་རྐྱེན་ལས་མ་བྱས་པ་དང་། མཚན་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེར་བརྗོད་པས་རྣལ་འབྱོར་གྱི་མིང་འཐོབ་པའོ། །དེ་བཞིན་དུ་གཟུགས་ཉི་ཤུ་རྩ་ལྔ་དང་། སྒྲ་བདུན་དང་། དྲི་བདུན་དང་། རོ་དགུ་དང་། རེག་ཉི་ཤུ་རྩ་གཉིས་དང་། ཆོས་བརྒྱད་ཀྱང་རྗེས་སུ་མཐུན་པར་སྦྱར་ཏེ། དེ་དག་སེམས་ཀྱི་དེ་ཁོ་ན་ཉིད་དུ་མཐར་ཐུག་པ་ཉིད་མཇལ་བའི་ལྟ་བ་ནི་མཆོག་གོ། །གྲོགས་པོ་དག་ནང་གི་རྣལ་འབྱོར་ནི་འདི་ལྟ་སྟེ། སེམས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང་། ཞེས་པ་ལ་སོགས་པ་བོས་ནས་ནང་གི་རྣལ་འབྱོར་བསྟན་པ་ནི། འགྲོ་བ་རྣམས་ཀྱི་རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་ཉིད་བཤད་པ་ལྟར་གཏན་ཚིགས་གསུམ་གྱིས་རྡོ་རྗེའི་ངོ་བོ་ཉིད་དོ། །ཚུལ་དེ་ལྟར་དེ་ལ་སྣང་བའི་རྟོགས་པ་དང་། དཔྱོད་པ་དང་། ཤེས་པའི་དྲན་རྟོག་ཇི་སྙེད་པའང་རྗེས་སུ་མཐུན་ཏེ་མཐའ་ལས་གྲོལ་བ་ཉིད་རྒྱལ་བའི་དགོངས་པའི་ཞེ་ཕུགས་སུ་གྱུར་པ་དེ། ཇི་ལྟ་བར་གདེང་དུ་ཆུད་ན་མཁས་པའོ། །གྲོགས་པོ་དག །ཕྱི་ནང་གི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་སྣོད་བཅུད་གཉིས་ཆ་ལས་སྣང་བའི་རྣལ་འབྱོར་ཉེ་བར་བསྟན་པ་ནི། ཡུལ་དང་ཤེས་པ་གཉིས་ཀའི་ཆ་ལས་སྣང་ངོ་ཅོག་གི་སྣོད་བཅུད་ཐམས་ཅད་དང་། ཐ་སྙད་གཉིས་པའི་ཆོས་གཅིག་ལ་ལྟོས་ནས་གཞག་པ་ཁ་དོག་གཉིས་དང་། སྨྲ་བསམ་ལ་སོགས་རིགས་ངེས་པ་དང་། མ་ངེས་པ་དང་། སེམས་ཅན་ནམ་སངས་རྒྱས་སམ་བཟང་བ་དང་ངན་པ་དང་། ཅིའང་འབྱུང་མི་འབྱུང་དང་། རྒྱུ་རྐྱེན་ལས་བྱས་མ་བྱས་དང་། རྒྱུ་རྐྱེན་ནམ་ཐ་ཚིགས་སུ་བཅས་དང་མ་བཅས་པ་དང་། ཀུན་གྱི་སྤྱི་མཐུན་དང་ཁྱད་པར་གྱི་གྲགས་པ་ལ་སོགས་པ་རིལ་ལམ་པས་མ་བྱས་པར་གདོད་ནས་སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་རང་བཞིན་རྣམ་པ་གསུམ་གྱི་རྣམ་པ་ཡེ་འབྱོར་བས་མཐར་ཕྱིན་ཟིན་ཏེ། གཉིས་པའི་ཆོས་མ་སྤངས་ངང་གིས་བྲལ་བའི་གཉིས་སུ་མེད་པའི་དོན་ཇི་ལྟ་བ་ཉིད་རྟོགས་ན་མཁས་པའོ། །ཁྱད་པར་གྱུར་བ་ཉིད་ཡུལ་མེད་པར་གསལ་ལ་མི་གཡེང་བས་མིང་ངེས་པར་འགྲུབ་པའོ། །གྲོགས་པོ་དག །དེ་དག་ནི་ཞེས་པ་ལ་སོགས་པ་གོ་སླ་སྟེ་རྣལ་འབྱོར་དང་པོའི་ངོ་བོ་བསྟན་པའོ། །ཐུན་མོང་གི་ལམ་རྒྱུའི་ཐེག་པ་ཀླད་དུ་ཁས་བླངས་པ་གང་སྙམ་པ་ལ། བྱ་བ་བྱེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། རྟེན་པ་དང་། སྤྱོད་པ་དང་། དམིགས་དང་། ཁྱད་པར་དང་། མི་འགྱུར་བ་དང་། རྩལ་གྱིས་གནོན་པ་དང་། ཀུན་ནས་རིག་པའོ། །ཞེས་པ་ལམ་གྱི་རྟེན་གཞི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་སྤྱོད་པ་དང་། ཤེས་མིག་དང་རབ་དང་། ཐེག་པ་ཆུང་ངུ་ལས་དུས་དཔག་པའི་སའི་ཁྱད་པར་དང་། མི་འགྱུར་བ་ཡོངས་སུ་གྲུབ་པ་ཉིད་དང་། སྟོབས་བཅུའི་རྩལ་ཟིལ་གྱིས་གནོན་པ་དང་། ཀུན་ནས་རིག་པའི་གནས་ལྔ་དང་བཅོ་བརྒྱད་ཤེས་པ་ཐམས་ཅད་མཁྱེན་པའི་རྒྱུ་ཉིད་དོ། གྲོགས་པོ་དག་དེ་དག་ཀྱང་དགོངས་པ་དམ་པ་དེ་ཁོ་ན་ཉིད་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པའོ། །ཞེས་པ་སྐྱེས་བུ་ལང་ཀ་ལ་སོགས་པ་བོས་ནས། རྒྱུའི་ཆོས་ཀྱི་རྣམ་གྲངས་དེ་དག་ཀྱང་འདིར་སྙིང་པོ་བྱང་ཆུབ་ཀྱི་ངང་དུ་མ་འདྲེས་པ་མཐར་ཕྱིན་རྫོགས་པས་གསང་སྔགས་མཐོང་བའི་བརྒྱུད་པའི་རྒྱུར་ནི་འགྱུར་གྱི། དོན་ཕྱོགས་ཙམ་ལ་འདིར་གཏིང་ཕྱིན་པར་རྒྱུ་ཡིས་རྟོགས་པ་ནི་མ་ཡིན་ནོ། །ཡང་ན་ལམ་ལ་གནས་པས་རང་བཞིན་ཡིན་པའི་དོན་ལ་ཉམས་སུ་ལེན་ཅིང་རྩོལ་བས་རྣལ་དུ་ཕེབས་པའི་ཐབས་ཉེ་བར་བསྟན་པ་ནི། གཞི་དམ་ཚིག་གིས་འཛིན་པས་བསླབ་པའི་རྩ་བར་གྱུར་པ་དང་། རྗེས་སུ་མཐུན་པའི་སྤྱོད་པ་རྣམས་དང་། དེ་ཁོ་ན་ཉིད་ཇི་ལྟ་བར་མཐོང་བའི་ལྟ་བ་དང་། ཕྲིན་ལས་ཀྱི་བྱེ་བྲག་དང་། དཀྱིལ་འཁོར་གྱི་ངོ་བོ་གང་གིས་ཀྱང་བཤིགས་པར་དཀའ་བ་དང་། ཏིང་ངེ་འཛིན་གྱིས་སྒྲིབ་པའི་ཕུང་པོ་རྣམས་ལྡང་མི་ནུས་པར་བྱེད་པ་དང་། ཤེས་རབ་ཀྱིས་ཇི་སྙེད་པ་དང་། ཇི་ལྟ་བ་གསལ་བར་བྱེད་པ་དག་ཀྱང་ལམ་གྱི་ཡན་ལག་ལྔ་བཅུའི་ཡན་ལག་གི་བྱ་བ་བྱེད་པ་ཡིན་པའི་ཕྱིར་དོན་རྟོགས་ན་མཁས་པའི་ཕུལ་ལོ། །གྲོགས་པོ་དག་གཞན་ཡང་འདི་ལྟ་སྟེ། སྦྱོར་བ་དང་། མི་གནས་པ་དང་། བསྐྱོད་པ་དང་། བསྒྱུར་བ་དང་། རྩལ་དང་། འབྱུང་བ་དང་། འཇུག་པ་དང་། སྒོ་དང་། ཤེས་པ་དང་། གནས་པ་དང་། རིག་པ་དང་། ལམ་དང་། འཇུག་པ་དང་། ཡེ་ཤེས་དང་། ཁྱབ་པའི་རྣམ་པ་དེ་དག་ཀྱང་། ཞེས་པ་ལ་སོགས་པ་འདི་དག་བོས་ནས་མི་མཐུན་པ་ཉེ་བར་བསྟན་པ་ནི། རྩ་བའི་རྒྱུད་ལེའུ་དང་པོར་གསུངས་པའི་མཚན་ཉིད་གསུམ་གྱི་དོན་ལ་སྦྱོར་བའི་ཕྱིར་དང་། ཤེས་རབ་དང་སྙིང་རྗེས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་སྐུ་གསུམ་དང་། སྣ་ཚོགས་སུ་འཕྲུལ་བསྐྱོད་པ་དང་པའི་ཆོ་འཕྲུལ་བཅུ་གཉིས་དང་། ལྡེམ་དགོངས་བརྒྱད་ཀྱིས་གདུལ་བྱའི་འདུ་ཤེས་བསྒྱུར་བ་དང་། ཐབས་བཞིའི་རྩལ་གྱིས་ཟིན་པར་བྱ་བ་དང་། རྒྱུ་ཡི་ནུས་པ་ལས་ཕྱིས་འབྱུང་བའི་འབྲས་བུ་མངོན་ཤེས་དྲུག་དང་། བཀོད་ཅིང་བདག་དོན་དུ་འཇུག་པའི་ཁྱད་པར་གྱི་ལམ་ལྔ་དང་། འཇུག་པའི་སྒོ་བདེན་པ་གཉིས་དང་། ཤེས་པ་གཅིག་དང་ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པའི་ཕྱིར་སྟོང་པ་བཅོ་བརྒྱད་དང་། རང་བཞིན་གྱི་གནས་པའི་ཕྱིར་ཆོས་ལྔ་དང་། ཀུན་བརྗོད་ཅིང་ངོ བོ་ཉིད་དུ་གནས་པའི་སྐུ་བཞི་དང་། རྟེན་ཏེ་གནས་པའི་ཕྱིར་ས་བཅུའི་རིམ་པ་བཅུ་དང་། ཡུལ་རིག་པ་དྲུག་དང་། ལམ་ལྔ་དང་འགྲོ་དོན་དུ་འཇུག་པའི་མཛད་པ་བཅུ་གཉིས་དང་། ཡེ་ཤེས་བཞིའམ་བཅོ་བརྒྱད་དང་། ཁྱབ་པའི་རྣམ་པ་མངོན་པར་རྫོགས་པའི་ཕྱིར་བྱང་ཆུབ་ཆེན་པོ་རོ་གཅིག་སྟེ། དེ་དག་གི་དོན་ཀྱང་བཤད་པ་བཞིན་སོ་སོའི་མཚན་ཉིད་རྟོགས་ནས་ཇི་བཞིན་པའི་ངང་དུ་ཐག་ཆོད་ན་མཁས་པའི་ཕུལ་ལོ། །འོ་ན་འདིར་སྐུ་གསུམ་དང་མཛད་དང་ཡེ་ཤེས་ལ་སོགས་ཁ་ཅིག་ནི་བྱ་བ་མེད་པའི་རྣལ་འབྱོར་དུ་མི་འགྱུར་རམ་ཞེས་པར་དོགས་པ་ལ། དེ་དག་ནི་བསྒྲུབ་པར་བྱ་བའི་དམིགས་པའི་སྒོ་ནས་བཞག་པ་དང་། ལ་ལ་ཆ་མཐུན་པར་རྗེས་འཇུག་པར་བྱ་བ་དང་། ལ་ལ་ལམ་གྱི་རྒྱུད་བསྙད་པའི་སྒོ་ནས་སྨོས་ཏེ། ལམ་ཉིད་མ་ཡིན་ཡང་ཆ་རྐྱེན་དུ་ཚང་དགོས་པས་ཐེ་ཚོམ་གྱི་དོགས་པ་མེད་དོ། །གཞན་ཡང་མཐོང་དང་། མ་ཡེངས་པ་དང་། དོན་དང་། ཚིག་དང་། སྔགས་དང་། ཡི་གེའི་སྒོའི་རྣམ་པ་དེ་དག་ཀྱང་། དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་ཞེས་པ་དག་དེ་ལས་མི་གནས་པའི་རྣམ་པ་བསྟན་པ་ནི། བདེན་པ་མཐོང་བའི་ལྷག་མཐོང་ལྟ་བ་དང་། བྱིང་རྒོད་པའི་སེམས་རྩེ་གཅིག་པའི་ཞི་གནས་དང་། ཚིག་ལས་དོན་འབྱུང་བས་དོན་དང་མི་འབྲལ་བའི་སྒོ་གཟུངས་དང་། ཡི་གེ་ལས་མཚོན་པ་ཚིག་འབྱུང་བའི་སྒོ་གཟུངས་དང་། དེ་བཞིན་དུ་བསྐྱེད་པ་སྔགས་དང་། གང་གིས་གང་ལ་བྲིས་པའི་ཡི་གེའི་སྒོའི་གཟུངས། དེ་དག་ཀྱང་ཕྱེ་བས་ཆ་བརྒྱད་དུ་འགྱུར་ལ། དེ་དག་གི་དོན་ཇི་ལྟ་བ་བཤད་པ་བཞིན་མཇལ་བ་མཁས་པའི་ཕུལ་ལོ། །དེ་དག་རྣལ་འབྱོར་པའི་དབུ་མ་ངོར་བསྟན་པ་འཇལ་ཏོ། །འབྲས་བུ་གསང་སྔགས་ཐུན་མོང་མ་ཡིན་པ་གཞུང་འདིར་འདོད་པ་ཉིད་གང་སྙམ་པ་ལ། ཀྱེ་གྲོགས་པོ་དག །བྱ་བ་མེད་པའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་སྐྱེས་བུས་བོས་ནས་རྣལ་འབྱོར་ཐ་མ་བསྟན་པ་ནི། གསང་སྔགས་གཅིག་ཆར་འཇུག་པས་རྒྱུ་འབྲས་འབྱེད་པའི་རྩོལ་བ་མི་བྱེད་པའི་གཞུང་རྣམ་གྲངས་ཉེ་བར་སྟོན་པའོ། །ས་དང་ཞེས་པ་བཅུ་སྟེ། འགྱུར་དབང་མ་ངེས་པའི་ས་དང་། རྟེན་པ་གཞིའི་ས་དང་། གལ་ཆེན་སྦྱོང་བའི་ས་དང་། བསླབ་པ་རྒྱུན་གྱིས་ས་དང་། བསོད་ནམས་གཏེར་གྱི་ས་དང་། བརྟེན་པས་ཁྱད་དུ་འགྲོ་བའི་ས། དམིགས་པས་འབྲས་བུ་སྐྱེ་བའི་ས་དང་། གནས་པས་མི་འགྱུར་བའི་ས་དང་། བདལ་བ་ཆོས་ཉིད་ཀྱི་ས་དང་། རྫོགས་པ་སྤྱི་ཆིབས་ཀྱི་སའོ། །བསླབ་པ་དང་། སྦྱོར་བ་དང་། རྣལ་འབྱོར་དང་། ཞེས་པ་འདི་ཉིད་ཀྱི་བསླབ་པའི་མཐའ་བཅུ་ནི་ལམ་གྱི་རྐྱེན་ཡིན་པ་དང་། རྒྱུ་དང་འབྲས་བུར་སྦྱོར་བ་དང་། ཐབས་དང་ཤེས་རབ་ཏུ་སྦྱོར་བ་དང་། དབྱིངས་དང་ཡེ་ཤེས་སུ་སྦྱོར་བ་དང་། སེམས་དང་ཆོས་སུ་སྦྱོར་བ་དང་། ལས་དང་ཐུགས་རྗེར་སྦྱོར་བ་ནི་ལྟ་སྤྱོད་བསྡུ་བ་དང་། དཔེ་འདུན་པ་སེམས་ཀྱི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་། ཡོངས་སུ་རྫོགས་པའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་རོ། །རྟོག་པ་དང་། ལྟུང་བ་དང་། ཞེས་པ་སྒྲིབ་དང་ཆད་པའི་གནས་ནི་དྲུག་ཅུ་པོའི་རྟོག་པ་བརྒྱད་ཅུ་རྩ་གཅིག་གམ། དགུ་བཅུ་ལམ་དམ་པ་ཕྲ་རགས་ཀྱིས་གཅོད་པ་དང་། དེ་བཞིན་དུ་བདུད་ཆེན་པོའི་རིས་སུ་ལྟུང་བའི་སྒོ་དང་། མུ་སྟེགས་ཀྱི་ཁམས་སུ་ལྟུང་བའི་སྒོ་དང་། སྲིན་པོའི་ཁམས་སུ་ལྟུང་བའི་སྒོ་དང་། གནོད་སྦྱིན་གྱི་ཁམས་སུ་ལྟུང་བའི་སྒོ་དང་། རུ་དྲ་ཆེན་པོར་ལྟུང་བའི་སྒོ་དང་། བགེགས་ཆེན་པོར་ལྟུང་བའི་སྒོ་དང་། ལྷ་ཆེན་པོའི་རིགས་སུ་ལྟུང་བའི་སྒོ་དང་། ཤོ་གམ་གྱི་གཅན་ཆེན་དུ་ལྟུང་བའི་སྒོ་དང་། དམྱལ་བ་ཆེན་པོར་ལྟུང་བའི་སྒོ་སྟེ། གསང་བ་སྤྱད་ཉེས་པའི་སྐྱེ་ལྟུང་བ་གནས་ཉིད་དོ། །མ་ནོར་བ་དང་། ཞེས་པ་རྒྱུ་ཉིད་འབྲས་བུར་གྲུབ་པའི་ཕྱིར་རྒྱུ་འབྲས་གཉིས་སུ་མེད་པའི་ལྟ་བ་གཏན་ལ་འབེབས་པའི་ཕྱིར་གཅིག་སྟེ། ལྟ་བ་དང་གཞི་ཉིད་དོ། །ངེས་པ་དང་། ཞེས་པ་མོས་པའི་གང་ཟག་གཉིས་ཀྱི་དབང་དུ་ཐེ་ཚོམ་མི་ཟ་བས་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་ངེས་པའི་ལམ་གཉིས་ཏེ། རྒྱུད་ཀྱི་ལམ་གྱི་རྩ་བ་བཤད་པའོ། །དགོངས་པ་དང་། ཞེས་པ་སྤྱོད་པ་གཞན་དོན་གྱི་ཐབས་ཀྱིས་ལྡེམ་པོ་དགོངས་པའི་ཕྱིར་བཞི་སྟེ། མཉམ་པ་ཉིད་ལ་དགོངས་པ་དང་། མཚན་ཉིད་ཀྱི་ཕྱིར་དུས་གཞན་ལ་དགོངས་པ་དང་། གཉེན་པོའི་ཕྱིར་ལན་གྲངས་གཞན་ལ་དགོངས་པ་དང་། བསྒྱུར་བའི་ཕྱིར་དོན་གཞན་ལ་དགོངས་པ་དང་། དེའི་ཕྱིར་དགོས་ཆེད་དང་ངོ་བོས་བརྒྱད་དུའང་འགྱུར་རོ། །ཤེས་པ་དང་། ཞེས་པ་ཡེ་ཤེས་ལྔ་དང་། རང་བྱུང་གི་ཡེ་ཤེས་སོ། །ཚོགས་དང་། ཞེས་པ་ཀུན་ནས་ཚངས་པའི་ཕྱིར་མཉམ་པ་ཆེན་པོ་དང་། འབྱོར་པ་ཆེན་པོ་དང་། འདུས་པ་ཆེན་པོ་དང་། རིག་པ་ཆེན་པོ་དང་། དབང་ཆེན་པོ་དང་། འདྲེན་པ་ཆེན་པོའི་ཕྱིར་དྲུག་གོ། །བསྒྲུབ་པ་དང་། ཞེས་པ་མཉམ་པ་ཉིད་དུ་གྱུར་པ་དང་། བདེ་བ་ཆེན་པོར་གྲུབ་པ་དང་། །ཡོངས་སུ་རྫོགས་པར་གྲུབ་པ་དང་། །ཐམས་ཅད་ལྷུན་གྱིས་གྲུབ་པ་སྟེ། །འབྲས་བུ་ཉིད་དང་ལྟ་བའི་གྲུབ་མཐའ་ཐུན་མོང་པའོ། །དངོས་གྲུབ་དང་། ཞེས་པ་གང་བསྒྲུབ་པ་དངོས་སུ་གྲུབ་པའི་ཕྱིར། སྲིད་པ་རྒྱ་མཚོ་དབྱིངས་སུ་ཐིམ་པར་གྲུབ་པར་གྱུར་པ་དང་། འཁོར་བ་རྒྱ་མཚོ་བདག་གིར་གྲུབ་པར་གྱུར་པ་དང་། བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པར་གྱུར་པ་དང་། དམིགས་པ་གང་ཡིན་པ་དེ་བཞིན་གྲུབ་པར་གྱུར་བ་དང་། ཆོ་འཕྲུལ་ཐོགས་པ་མེད་པར་གྲུབ་པ་དང་། དོན་དམ་བཅུད་ཀྱིས་རྣམ་ཤེས་རྒྱས་པར་གྲུབ་པ་སྟེ་རབ་འབྲིང་ཐ་མ་གསུམ་དུ་གྱུར་པའོ། །ཡོན་ཏན་དང་། ཞེས་པ་ལེགས་པ་དང་ལྡན་པའི་ཕྱིར་འདོད་པ་འབྱུང་བའི་ཕྱིར། ཡོངས་སུ་ཁྱབ་པའི་ཡོན་ཏན་དང་། རླབས་སུ་ཆེ་བའི་ཡོན་ཏན་དང་། རྩིས་ལས་འདས་པའི་ཡོན་ཏན་ཞེས་བྱའོ། །ཏིང་ངེ་འཛིན་དང་། ཞེས་པ་ལམ་འཆད་དེ། སེམས་ཀྱི་སྤྱོད་པ་གསལ་ཞིང་མི་གཏོང་བའི་ཕྱིར། རྣམ་དག་དབྱིངས་ཀྱི་ཏིང་ངེ་འཛིན་དང་། ཐམས་ཅད་རྫོགས་པའི་ཏིང་ངེ་འཛིན་དང་། སྣང་གསལ་སྤེལ་འཕྱོ་བའི་ཏིང་ངེ་འཛིན་དང་། འབྱུང་ཆེན་སྤྲུལ་པའི་ཏིང་ངེ་འཛིན་དང་། དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་དང་། མི་ཟད་མཛོད་ཀྱི་ཏིང་ངེ་འཛིན་དང་། མངོན་པར་རྟོགས་པའི་ཏིང་ངེ་འཛིན་དང་། ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་དང་། རྩེ་གཅིག་འཕྲོ་བའི་ཏིང་ངེ་འཛིན་དང་། རིན་ཆེན་མྱུ་གུའི་ཏིང་ངེ་འཛིན་དང་། དུག་འཇོམས་སྨན་གྱི་ཏིང་ངེ་འཛིན་དང་། བྱ་བ་བྱེད་པའི་ཏིང་ངེ་འཛིན་ཏེ་དེ་ཡང་སྤྱི་དང་བྱེ་བྲག་ལས། བྱེ་བྲག་ལ་ས་བཅུ་པ་ལ་གསུམ། དགུ་པ་མན་ཆད་གོ་རིམས་སུ་སྦྱར་རོ། །སྤྱིར་མཚན་མའི་བསྒྲུབ་པ་ཐ་དད་དང་། ཇི་བཞིན་པའི་བྱེ་བྲག་གི་སྦྱར་རོ། །ཆེན་པོ་དང་། ཞེས་པ་ཐེག་པ་གཞན་ལས་ལྟ་བས་ལྷག་པར་འཕགས་པའི་ཕྱིར། མངོན་པར་སངས་རྒྱས་པའི་ཆེ་བ་དང་། བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ་དང་། དེ་ཡིན་པའི་སངས་རྒྱས་པའི་ཆེ་བ་དང་། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པའི་ཆེ་བ་དང་། ཐམས་ཅད་ནས་ཐམས་ཅད་སངས་མ་རྒྱས་པ་མེད་པའི་ཆེ་བས་དཔགས་སོ། །ཡེ་ཤེས་དང་། ཞེས་པ་གསལ་བའི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། རྒྱུའི་ཡེ་ཤེས་དང་། ཐམས་ཅད་འབྱུང་བའི་ཡེ་ཤེས་དང་། ཡི་གེའི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་དང་། སྤྲུལ་པའི་ཡེ་ཤེས་དང་། ཅིར་ཡང་མཛད་པའི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། ནམ་མཁའ་ལྟ་བུའི་ཡེ་ཤེས་དང་། སྒྱུ་མ་ལྟ་བུའི་ཡེ་ཤེས་དང་། རིན་པོ་ཆེ་ལྟ་བུའི་ཡེ་ཤེས་དང་། ཉི་མ་ལྟ་བུའི་ཡེ་ཤེས་དང་། སྣང་སྟོང་གསལ་བའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་སུ་གསལ་བའི་ཡེ་ཤེས་ཏེ་འབྲས་བུ་ཉིད་དོ། །བྱུང་ཚུལ་དང་། ཞེས་པ་ལ་གཞན་དོན་དུ་བྱུང་ཞིང་འགྲོ་བའི་ཚུལ་ཏེ་མཐུན་པའི་ཕྱིར་གནས་སུ་བསྐྱོད་པ་དང་། མཉམ་པར་གྱུར་པ་དང་། མཛེས་པར་གཤེགས་པ་དང་། སྤྲོ་བར་སྤྱོད་པ་དང་། གསང་བར་སྦྱོར་བ་དང་། མཚན་མ་བཅོམ་པ་དང་། མཛད་པ་མེད་པ་དང་། སེང་གེའི་གསུང་སྒྲ་དང་། ངེས་པར་རྫོགས་པ་དང་། ཚམ་ངམ་ཆེན་པོ་དང་། སྤྲུལ་པ་མཛད་པ་དང་། ཡང་དག་པའི་ཕྱིར་ཏེ་རྒྱལ་བའི་ཕྲིན་ལས་བཤད་པའོ། །ཆེ་བ་དང་། ཞེས་པ་ཡོན་ཏན་གྱི་ཆེ་བ་སྤྱོམ་པའི་ཕྱིར་ཆེ་བ་ཉི་ཤུ་སྟེ་གཉེན་པོ་མེད་པའི་ཆེ་བ་དང་། འགྲན་ཟླ་མེད་པའི་ཆེ་བ་དང་། ཁྱད་པར་འཕགས་པའི་ཆེ་བ་དང་། ཆེ་བཙན་གཅིག་པུའི་ཆེ་བ་དང་། ཚམ་ངམ་རླབས་ཀྱི་ཆེ་བ་དང་། རྨད་དུ་བྱུང་བའི་ཆེ་བ་དང་། ཐམས་ཅད་དུ་མ་ཕམ་པའི་ཆེ་བ་དང་། མངའ་དབང་རྫོགས་པའི་ཆེ་བ་དང་། ཀུན་ནས་རྒྱལ་བའི་ཆེ་བ་དང་། ཡོངས་སུ་མི་ནུབ་པའི་ཆེ་བ་སྟེ་དོན་ཕ་རོལ་ཏུ་ཕྱིན་པ་ཐུན་མོང་མ་ཡིན་པ་བཅུ་དང་རྟགས་བཅུ་སྟེ། ཡེ་ཤེས་ཀྱི་རྡོ་རྗེ་དང་། བཟོད་པའི་བྷནྡྷ་དང་། སྟོབས་ཀྱི་ཁ་ཊྭཱཾ་ག་དང་། སྨོན་ལམ་གྱི་ཞིང་ཆེན་དང་། ཐབས་ཀྱི་ཐོང་གཤོལ་དང་། ཤེས་རབ་ཀྱི་རྔ་དང་། ཚུལ་ཁྲིམས་ཀྱི་པདྨ་དང་། བསམ་གཏན་གྱི་འཁོར་ལོ་དང་། བརྩོན་འགྲུས་ཀྱི་རལ་གྲི་དང་། སྦྱིན་པའི་རིན་པོ་ཆེ་སྟེ། གོ་རིམས་སུ་སྦྱར་རོ། །རོལ་པ་དང་། ཞེས་པ་ལེའུ་བཅུ་དྲུག་པ་ལས་རོལ་པ་ལས་གྲུབ་པའི་བདག་དོན་ལས་ཕྱེ་བ་མ་སྐྱེས་པའི་དབུ་དང་། མ་རྨོངས་པའི་སྤྱན་ལ་སོགས་པ་བཅུ་དང་། གཞན་དོན་དུ་མཛད་པ་ལས་ཕྱེ་བ་སྤྱན་གྱི་ལས་གདུལ་བྱ་གཟིགས་པར་མཛད་པ་དང་། ཤངས་ཀྱི་ལས་སྤྲུལ་པ་འགྱེད་པར་མཛད་པ་ལ་སོགས་པ་བཅུར་བསྟན་པ་ཉིད་དོ། །རྔོམ་པ་དང་། ཞེས་པ་ཡང་དེ་ཉིད་ལས། སྐུའི་རྔོམ་སྤྱོད་བྱེ་བ་ས་ཡར་མངོན་པ་དང་། གསུང་གི་རྔོམ་སྤྱོད་བསྟན་པ་རྒྱ་མཚོར་མངོན་པ་དང་། ཐུགས་ཀྱི་རྔོམ་སྤྱོད་ཆོས་ཉིད་ནམ་མཁར་མངོན་པ་དང་། མཐུའི་རྔམ་སྤྱོད་ནམ་མཁའི་དབྱིངས་ལྟར་མངོན་པ་བཞི་ལས། ཡན་ལག་བཞི་བཞི་སྟེ་ཚུལ་བཅུ་དྲུག་དང་ཉི་ཤུའོ། །བརྗིད་པ་དང་། ཞེས་པ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ། བརྗིད་བཞི་བཞི་སྟེ་ཉི་ཤུ་གསུངས་པ་དེ་ཉིད་དོ། །མཐུ་དང་། ཞེས་པ་ཉི་ཤུ་སྟེ། འཇིག་རྟེན་དྲུག་འཕང་བ་དང་། ཆུའི་ཕུང་པོ་རྔུབ་སྟེ་སྐམ་པ་དང་། རླུང་གི་བསྐལ་པ་བཅིངས་པ་དང་། ཉི་མའི་དཀྱིལ་འཁོར་འབུམ་དགྱེ་བ་དང་། སྲེག་པའི་བསྐལ་པ་ཆེན་པོ་གསུམ་གཞིལ་བ་དང་། ནམ་མཁའ་ཐམས་ཅད་བ་སྤུ་གཅིག་གིས་གང་བར་བྱས་པ་དང་། བ་སྤུ་གཅིག་ལས་སངས་རྒྱས་བྱེ་བ་དགྱེ་བ་དང་། སངས་རྒྱས་བྱེ་བ་བ་སྤུ་གཅིག་གི་ནང་དུ་ཤོང་བར་བྱ་བ་དང་། འཁོར་བ་ཐམས་ཅད་བ་སྤུ་གཅིག་གིས་ནང་དུ་རྔུབ་པ་དང་། བ་སྤུ་གཅིག་གིས་འཁོར་བ་ཐམས་ཅད་ཁྱབ་པར་བྱ་བ་དང་། བསྐལ་པའི་འཁོར་ལོ་རིང་དུ་བསྲིང་བ་དང་། ཐུང་ངུ་བསྒྲུབ་པ་དང་། དུས་ཀྱི་འཁོར་ལོ་མཉམ་པར་སྦྱར་བ་དང་། འཁྲུག་པར་བསྐོར་བ་དང་། ལས་ཀྱི་འཁོར་ལོ་ཆེན་པོ་རྒྱུན་གཅོད་པ་དང་། ལས་རྒྱུན་དུ་བསྐོར་བ་དང་། སྲིད་པའི་འཁོར་ལོ་བཟློག་པ་དང་། ལུགས་སུ་བསྐོར་བ་དང་། སྡུག་བསྔལ་གྱི་འཁོར་ལོ་ཆེན་པོ་རྒྱུན་གཅད་པ་དང་། དམྱལ་བའི་འཁོར་ལོ་ཆེན་པོ་དོང་སྤྲུག་པའོ། །ཆོ་འཕྲུལ་དང་། ཞེས་པའང་ཉི་ཤུ་སྟེ་ལེའུ་དེ་ཉིད་ལས། ལས་ཀྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། བསམ་གཏན་གྱི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་དང་། ཆོས་ཉིད་དང་། ཐུགས་རྗེ་བཞི་ལ་ཡན་ལག་བཞི་བཞི་སྟེ་བཅུ་དྲུག་དང་ཉི་ཤུའོ། །ཡོངས་སུ་རྫོགས་པའི་རྣམ་པར་དག་པ་དགོངས་པ་དམ་པ་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཅིང་ཕུལ་དུ་གྱུར་པར་བྱའོ། །ཞེས་པ་རྣམ་གྲངས་ཐམས་ཅ ད་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོར་རྫོགས་པར་གྲུབ་པའི་ཕྱིར་གཅིག་སྟེ་བཞི་ཉིད་ཁོ་ནའོ། །དེ་བས་ན་འབྲས་བུའི་རྣལ་འབྱོར་འདི་ནི་གཞི་ཉིད་དང་ལམ་དང་འབྲས་བུར་བསྡུས་ཏེ་འགྲེལ་བའོ། །དེ་ལྟ་བུ་བྱ་བ་མེད་པ་གསང་སྔགས་ཀྱི་རྣམ་གྲངས་དེ་དག་ནི། དེ་ཁོ་ན་ཉིད་དུ་གནས་ཟིན་པ་དང་། དེ་ཉིད་དུ་བྱ་བ་མེད་པས་འབྱིན་པ་དང་། དེས་ཕྱིན་པའི་ཕྱིར་མཆོག་ཏུ་གྱུར་པའོ། །འདི་དག་ཇི་ལྟ་བར་མ་འདྲེས་ཡོངས་སུ་རྫོགས་པར་རྟོགས་པ་ནི་མཁས་པའི་ཕུལ་ལོ། །འོ་ན་འདིར་ཡང་བྱ་བ་མེད་པའི་ལམ་རྣམས་སྨྲོས་པ་བྱ་བ་མེད་པའི་རྣལ་འབྱོར་དུ་མི་འགྱུར་རོ་ཞེ་ན། འདིར་དེ་དག་གཙོ་བོའི་དབང་དུ་བྱ་བ་མེད་པའི་ཡོན་ཏན་དེ་དག་ཏུ་སྣང་བས་རིལ་འབྲས་བུ་ལ་རྫོགས་པས་སྨྲོས་པ་མི་འགལ་བ་དང་། འབྲས་བུ་གྲུབ་པར་བྱེད་པའི་རྒྱུ་རྐྱེན་འདིར་འབྲེལ་བའི་སྒོ་ནས་སྨྲོས་ཀྱང་གཙོ་བོར་འབྲས་བུ་ཉིད་དུ་བསྟན་པའི་ཕྱིར་འགལ་བ་མེད་དོ། །མདོར་རྐྱེན་གྱི་རྣལ་འབྱོར་ལ་འབྲས་བུ་སྨྲོས་པ་དང་། འབྲས་བུ་རྣལ་འབྱོར་ལ་ལམ་སྨྲོས་པ་གཉིས་ཀའང་། གཙོ་བོར་གང་སྟོན་པ་དབང་དུ་གྱུར་བས་མི་མཐུན་པས་སྨྲོས་པ་བཞིན་དུ་འགྱུར་རོ། །ཆོས་འདི་དག་གི་རྣམ་གྲངས་ལ་དཔག་ནས་ལེའུ་མཚམས་རྣལ་འབྱོར་གསུམ་བསྡུ་བ་བཤད་པའང་ཤིན་ཏུ་གསལ་ལོ། །ཕུལ་དུ་བྱུང་བའི་མདོར་དཔེ་དོན་གྱིས་གཅེས་པར་བསྟན་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། གྲོགས་པོ་དག་འདི་ལྟ་སྟེ། ཇི་ལྟར་མཐོན་རི་རྩེ་དག་ལ། །ཞེས་པ་ལ་སོགས་པ་ཕུལ་དུ་མཁས་པས་དབྱུང་བའི་དཔེ་དོན་སྟེ་སྒྲ་ཇི་བཞིན་དུ་སྦྱར་བ་ནི་གོ་སླའོ། །དེ་སྐད་ཅེས་སྨྲས་པས། ཞེས་པ་དག་འཁོར་གྱིས་མཁས་པའི་དོན་ཟབ་མོ་ཐོབ་པའོ། །ལེའུའི་མཚན་ཏེ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་སྟེ་དྲུག་ཅུ་དགུ་པ་འགྲེལ་པའོ།། །།ཐབས་ཀྱི་ངེས་པའི་ལམ་དམ་པ་ཤེས་རབ་ཀྱི་སྔོན་དུ་བྱ་བ་བསྟན་པའི་ཕྱིར། དེ་ནས་ཡང་གསང་བའི་བདག་པོས་དམན་པ་དམ་པ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་ཐམས་ཅད་དུ་འདུ་བར་བྱ་བ་ནི། འདི་ལྟ་སྟེ། བྱ་བ་དང་། རང་བཞིན་དང་། བསྒྱུར་བས་སོ། །ཞེས་པ་བསླབ་པ་བཞི་པ་བསྟན་མ་ཐག་པར། སྐྱེས་བུས་བསླབ་པ་ལྔ་པ་འཁོར་ལ་གསུངས་པ་ནི། རིམ་པ་དབང་གིས་བསྒྲོད་པའི་བསླབ་པ་ཉེ་བར་བསྟན་པ་སྟེ། གང་ཞེ་ན། དེ་ལ་གསུམ་དུ་ཕྱེ་བ་ནི་སྒྲ་བཞིན་ནོ། །དེ་དག་སོ་སོ་ནས་གསལ་བར་བསྟན་པའི་ཕྱིར། གྲོགས་པོ་དག་དེ་ལ་བྱ་བ་ནི་བསྡུ་བའི་བྱ་བས་སོ། །ཞེས་པ་བོས་ནས་དང་པོ་བཀར་ནས་སྟོན་པ་ནི། ཡོན་ཏན་ཐོབ་བྱ་དབང་ཐོབ་པར་བྱ་བའི་ཕྱིར་དང་པོ་ནོད་པའི་ལས་རྩོམ་པ་ཉིད་དོ། །རང་བཞིན་ནི་ཆོས་ཉིད་ཀྱིས་སོ། །ཞེས་པ་དབང་གི་རང་བཞིན་ནི་ཡེ་ནས་རང་གི་སེམས་རང་བཞིན་དང་ཆོས་ཉིད་ལ་རྟེན་འབྲེལ་གྱི་མཐུ་མ་བཙལ་བར་གནས་པ་ཉིད་དོ། །བསྒྱུར་བས་འདུལ་བར་བྱ་བ་ནི། འདི་ལྟ་སྟེ། རྒྱུ་དང་། དུས་དང་། ཚད་དང་། ཞེས་པ་དག་དབང་བསྐུར་བ འི་ཐབས་རྐྱེན་གྱིས་སློང་བའི་དོན་ཉེ་བར་བསྟན་པ་ནི་རྣམ་གྲངས་བདུན་ཏེ་སྒྲ་བཞིན་ནོ། །གྲོགས་པོ་དག་དེ་ལ་རྒྱུ་ནི་ཡོ་བྱད་ཆེན་པོ་ལྔ་ཁོ་ནའོ། །ཞེས་པ་སྐྱེས་བུས་བོས་ནས་གྲངས་ལ་སྙེགས་པའོ། །རྒྱུ་བཀར་ནས་སྟོན་པ་ནི། བསྐུར་བའི་རྒྱུ་དང་ཐོབ་པར་བྱ་བའི་རྒྱུ་གཉིས་ལས། འདིར་ཐུན་མོང་མ་ཡིན་པའི་ཡོ་བྱད་ཆེན་པོ་ལྔས་ཕྱུག་པའི་བླ་མའི་བྱིན་དང་། སློབ་བུ་ལྔ་དང་ལྡན་པའི་སྣོད་གཉིས་ཀ་ཐུན་མོང་དུ་མཇལ་བར་བྱའོ། །དུས་ནི། མཐའ་བཅུ་རྫོགས་པ་དང་། ཉེ་བར་འདྲིས་པ་དང་། རིགས་ཅན་འདུ་བ་དང་། ཞེས་པ་ལ་སོགས་པ་དབང་བསྐུར་བའི་དུས་ནི། རྣལ་འབྱོར་པ་གཅིག་གི་རྒྱུད་ལ་ཟག་བཅས་ཀྱི་བསླབ་པའི་མཐའ་བཅུ་རྫོགས་པ་དང་། ལྷའི་སྐུ་ལ་མཚན་བཅས་མཚན་མེད་བློ་གོམས་པའི་དུས་དང་། མཁས་པ་ཉམས་ཅན་དམ་ཅན་འདུ་བ་དང་། གསང་སྔགས་ལྟ་བ་གསལ་བ་དང་། སེམས་ཀྱི་ཏིང་ངེ་འཛིན་བདག་དོན་དུ་བསྒོམ་མི་དགོས་པ་ལས་སུ་རུང་བ་དང་། ཏིང་ངེ་མཐར་ཕྱིན་པའི་དྲོད་རྟགས་འབྱུང་བ་དང་། ངེས་མ་ངེས་ཀྱི་སྐྱེ་བོ་མང་པོས་བསྔགས་པ་དང་། སྒྲ་བཞིན་མིན་པར་རིག་པ་གདེང་དང་ལྡན་པ་དང་། བདག་གཞན་གྱི་བྱ་བ་རྫོགས་ཏེ་ལས་གང་ལའང་ཐོགས་པ་མེད་པར་ཤེས་པའི་ཡོན་ཏན་དགུ་དང་ལྡན་ན་དུས་སུ་ཕྱིན་པའོ། །འོ་ན་འདི་དག་འདུན་པའི་རྣལ་འབྱོར་ལ་ལྡན་ནམ་ཞེ་ན། འདུན་པའི་རྣལ་འབྱོར་ལ་རིལ་མི་ལྡན་པས་དབང་ཡང་རྫོགས་པར་མ་བསྐུར་ཏེ། སྔོན་དུ་བྱ་བའི་ལས་སུ་གྱུར་པས་ཉན་པའི་དབང་གླེགས་བམ་གྱི་བསྐུར་བ་ཙམ་མོ། །འདི་དག་ནི་དབང་རྫོགས་པར་བསྐུར་བའི་དུས་སུ་བསྟན་པ་སྟེ། ས་པ་ལ་མང་ཉུང་དུ་ལྡན་པའོ། །གྲོགས་པོ་དག་ཚད་ནི་འདི་ལྟ་སྟེ། ཞེས་པ་དབང་ཐོབ་པའི་ཚད་ཉེ་བར་བསྟན་པའི་རྣམ་གྲངས་སོ། །གྲོགས་པོ་དག་དེད་དཔོན་གང་ཞེ་ན། འདི་ལྟ་སྟེ། གོམ་པ་དང་། རིག་པ་དང་། འདུ་བ་དང་། ཐོབ་པ་དང་། རྫོགས་པའོ། །ཞེས་པ་བོས་ནས་ཐོབ་པས་བདག་གཞན་གྱིས་འདྲེན་དཔོན་དམ་པ་བླ་མ་ཉིད་དུ་གྱུར་པ་ནི། ཤེས་བྱ་ཐམས་ཅད་དེ་ལས་བྱས་ཆོག་ལ་གོམས་པ་དང་། གསང་བའི་དོན་ཇི་ལྟར་རྟོགས་པའི་གདེང་དང་ལྡན་པ་དང་། མན་ངག་ལྷན་ཅིག་འགྲོགས་བདེ་བས་ཕྱག་རྒྱ་མོ་རང་དབང་མེད་པར་འདུ་བ་དང་། བླ་མའི་མན་ངག་དབང་བརྒྱུད་མ་ཆད་པ་གབ་ཚུལ་བསྟན་པ་ཐོབ་པ་དང་། དབང་གི་དོན་བསླབ་པ་དང་བསྙེན་བསྒྲུབ་དབང་དང་མན་ངག་མཐར་ཐུག་པ་སྟེ། རྒྱུའི་རྣལ་འབྱོར་ལའང་སྦྱར་རོ། །གྲོགས་པོ་དག་སྔ་ལྟས་ནི་འདི་ལྟ་སྟེ། མཐོང་བ་དང་། འབྱོར་པ་དང་། ནུས་པ་དང་། ཐོས་པའོ། །ཞེས་པ་དབང་ཐོབ་པའི་སྔ་ལྟས་ནི་བཞི་སྟེ། ལྟ་བ་དོན་མ་ནོར་བ་མཐོང་བའི་ལྟས་ཐོབ་པ་དང་། དོན་ལ་གོམ་པས་འབྱོར་པའི་ལྟས་ཐོབ་ཅིང་ངོ་མཚར་ཅན་གྱི་རྫས་རྙེད་པ་དང་། འདོད་པ་གྲུབ་གཞན་ལ་རག་མ་ལུས་པ་དང་། འགྲོ་བ་ལ་ཕན་ཐོགས་པའི་ནུས་པ་ཐོབ་པ་དང་། ལུང་བསྟན་པ་ལོ་རྒྱུས་སྦྱར་ཏེ། མདོར་ན་དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ལས་གསུངས་པ་ཇི་བཞིན་ནོ། །གྲོགས་པོ་དག་སྨིན་པ་ནི་འདི་ལྟ་སྟེ། མངོན་སྤྱོད་དང་མི་སྐྱོར་བའོ། །ཞེས་པ་དག་ཐོབ་པའི་ཚད་འབྲས་བུར་གྱུར་པ་སྟེ། དབང་གང་ལ་ཐོབ་པའི་ཆོས་དེ་ལྟ་བའི་ཉམས་སྐྱེས་བྱིན་རླབས་ཆེ་ཐུགས་རྗེ་འབྱུང་བདག་གཞན་དོ ན་དུ་སྤྱོད་པ་དངོས་སུ་བྱེད་པ་ནི། ཉན་དབང་ཐོབ་ནས་ཉན་པ་ལ་སོགས་པ་ལྟ་བུ་དང་། ཐོབ་པས་དབང་གང་གི་ནུས་པ་རྫོགས་ཕྱིར་གང་ལའང་ཉམས་མི་ང་བས་ཡང་ཟློས་མི་དགོས་པའོ། །གྲོགས་པོ་དག་གྲགས་པ་གང་ཞེ་ན། འདི་ལྟ་སྟེ། གང་ཆུ་བོ་བཞིའི་རྒྱུད་དུ་བྱུང་བ་དང་། གང་དག་ལ་འཕགས་པ་དང་། གང་དང་ལྡན་པ་དང་། གང་ལ་མཁས་པ་དང་། གང་ཐོབ་པ་ཉིད་དོ། །ཞེས་པ་བོས་ནས་གྲགས་པ་ལྔ་ཐོབ་པ་སྟེ། དབང་ཐོབ་ནས་གྲགས་པ་ནི་བཤད་པའི་ཆུ་བོ་བཞི་སྔོན་འབྱུང་གི་རྒྱུད་འཛིན་པར་བྱུང་བ་དང་། འཇིག་རྟེན་པའི་ལམ་ཐེག་པ་གཞན་ལ་ཐོབ་པ་ལས་གཞན་དག་ལས་དབང་ཐོབ་པས་ཁྱད་པར་གྱུར་པ་དང་། དབང་གི་དོན་ཇི་ལྟ་བ་ཉིད་བླ་མའི་ཚད་མི་འབྲལ་བར་ཡོད་པ་དང་། རྒྱུད་དང་མཛོད་གསུམ་ཕྲིན་ལས་དང་། འགྲོ་བ་འདུལ་པའི་ཐབས་དབང་ཕྲིན་ལས་རིལ་ལ་མཁས་ཤིང་གོམས་པ་དང་། མ་ཐོབ་པ་མ་ཡིན་དབང་དུ་བྱ་བ་རིགས་ཀྱི་ཆུ་བོ། དབང་། མན་ངག །ཉམས་ཀྱི་ཆུ་བོ་བཞིའོ་རིལ་ཐོབ་པ་ཉིད་དེ། དེ་དག་ནི་རེ་རེ་ནས་རྣལ་འབྱོར་ལྔའི་རིམ་པར་ཡང་འགལ་བ་མེད་དོ། །དེ་དག་གང་གང་ལ་ཇི་ལྟར་གྲགས་པ་ལྟར་སྦྱར་རོ། །གྲོགས་པོ་དག་གེགས་གང་ཞེ་ན། མི་འཐོབ་པ་དང་། མི་ཆགས་པ་དང་། མི་འགོས་པ་དང་། སྲེག་པའོ། །ཞེས་པ་བོས་ནས་དབང་ཐོབ་ཏུ་མི་སྟེར་བའི་གེགས་སྒྲིབ་པ་ཆུ་བོའི་རྙོགས་མ་ལྟ་བུ་ནི། བསྡུ་ན་རྣམ་པ་བཞི་སྟེ། དེ་ཡང་། མ་བསྐུར་བ་མི་ལྡན་པ་དུས་ལ་མ་བབས་པ་དད་པ་དང་གུས་པ་མེད་པའོ། །སྣོད་མེད་བཅུད་བྲལ་ཀུན་སྟོང་པ། །དེ་ནི་དབང་ཐོབ་མ་ཡིན་ནོ། །ནུས་པ་མེད་པས་སོ། །གསང་མེད་བརྗེད་ངས་དབང་མི་ཆགས། །དམ་མེད་གཡེང་རྨུགས་དབང་མི་འགོས། །དད་མེད་བློ་ཞེན་རྫོབ་པ་ཆེ། །དམ་ཉམས་སྐུར་པ་ཅན་དད་པ་ལོག་ཅིང་གསང་བ་འཆོལ། ཚུལ་འཆོས་མཁན་ལ་རས་ཆོད་བྱེད། །འདི་ནི་དབང་གིས་འཚིག་པར་འགྱུར། །ཞེས་པའི་དོན་ཏོ། །རྟགས་གང་ཞེ་ན། འདི་ལྟ་སྟེ། གྲགས་པ་དང་། འགྱུར་བ་དང་། བརྩོན་པ་དང་། འབྱུང་བའོ། །ཞེས་པ་ཚུལ་བཞིན་ཐོབ་པའི་རྟགས་ནི་བཞི་སྟེ། ཐམས་ཅད་དུ་ཡོ ན་ཏན་གྲགས་པ་དང་། སྔ་མའི་སྤྱོད་ཡུལ་ལས་གྱེན་དུ་འབྱུང་བ་དང་། བྱིན་བརླབས་དང་མན་ངག་དང་རྟེན་འབྲེལ་གྱི་འཁོར་བ་རྒྱུན་ཆད་ནུས་པ་སྟོབས་ཅན་དུ་གྱུར་པས་གཞན་གྱིས་མི་ཚུགས་ཤིང་རང་གཞུང་བརྟན་པ་དང་། བསྒྲུབས་ན་ལས་དང་དངོས་གྲུབ་ཐམས་ཅད་མངོན་དུ་ཤར་ཞིང་ཡོན་ཏན་སྣང་བའང་རྒྱུས་དབྱེའོ། །གྲོགས་པོ་དག་ཐོབ་པ་གང་ཞེ་ན། འདི་ལྟ་སྟེ། བསྐུར་བས་ཐོབ་པ་དང་། རྩལ་གྱིས་ཐོབ་པའོ། །ཞེས་པ་བོས་ནས་དང་པོ་ཐོབ་པའི་ཚུལ་བསྟན་པ་ནི། རྡོ་རྗེ་རྒྱལ་པོ་བླ་མས་བྱིན་པས་ཐོབ་པ་དང་། རང་རིག་པའི་རྩལ་གྱིས་ཐོབ་པའོ། །འདི་དག་རྒྱུད་གཅིག་དང་ཐ་དད་པ་གཉིས་ཀ་ཐུན་མོང་དུ་འགྱུར་རོ། །དེ་ལ་འབྱིན་པས་ཐོབ་པའང་རྩལ་དང་སྦྱར་ནས་བྱིན་པའི་ཕྱིར། གྲོགས་པོ་དག་དེ་ཡང་འདི་ལྟར་ཐོབ་པར་རིག་པར་བྱ་སྟེ། གང་འདིར་སྙིང་རྗེའི་ཡུལ་རྣམས་ལ། །ཞེས་པ་ལ་སོགས་པ་བོས་ནས་ཐོབ་པའི་ཚུལ་བསྟན་པའི་ཕྱིར་སྨོས་པ་ནི། བླ་མའི་དབང་གི་ཐུགས་རྗེའི་ཡུལ་དུ་གྱུར་པའི་སློབ་བུ་ཀུན་ལམ་ལྔ་ལ་ཞུགས་པ་གོང་མ་གོང་མའི་བླ་མའི་བྱིན་ཁོ་ནའོ། །འབྱུང་བ་ནི་རྟོགས་པ་དང་ནུས་པ་ཁྱད་པར་ཅན་ལ་ཕན་པའི་བྱིན་རླབས་འབྱུང་བའི་དབང་གང་ཡང་རུང་བ་བསྐུར་བ་ནི། རིམ་པས་དང་པོར་འདུན་པའི་རྣལ་འབྱོར་ཚོགས་ལམ་ལས་དང་པོ་བ་དག་ལ། གསུང་རབ་སྡེ་ཡན་ལག་བཅུ་གཉིས་ཀྱི་གླེགས་བམ་གྱིས་ཉན་ཅིང་སློབ་པའི་རྟེན་ཡིན་པས་ཉན་པའི་དབང་བསྐུར་བ་དང་། སྦྱོར་ལམ་རིགས་ཆེན་འབྱེད་པ་ལ་ཐབས་ཤེས་རབ་སྣང་སྟོང་གཉིས་ཀྱིས་བདག་གཞན་དོན་ལ་སྦྱོར་བའི་ཕྱིར། ཉི་ཟླའི་གཟུགས་སྦྱིན་པ་དང་། རྣམ་པ་གཞན་དུ་ཐབས་ཤེས་རབ་ཀྱི་སེམས་སྦྱིན་པ་དང་། དབུགས་ཆེན་འབྱིན་པ་ལ་འཁོར་སྒྱུར་ཆ་བྱད་ཀྱི་རཏྣ་བདུན་གཞན་དོན་རིན་པོ་ཆེ་སྣ་བདུན་སྦྱིན་པ་དང་། ལུང་ཆེན་ཐོབ་པ་ལ་དམ་པ་རྣམས་ཀྱིས་སྲས་སུ་བྱིན་གྱིས་བརླབས་པས་བཀྲ་ཤིས་ཀྱི་རྫས་བརྒྱད་སྦྱིན་པས་ཐོབ་པ་དང་། རྩལ་ཆེན་རྫོགས་པ་ལ་སིདྡྷི་དང་མཐུ་ལ་སོགས་པའི་རྩལ་རྫོགས་ཏེ་མཉམ་པ་ལ་འཇོག་སྟོབས་བཅུའི་དབང་ཐོབ་པ་སྟོབས་བཅུས་མི་མཐུན་པ་གནོན་ཅིང་སྟོབས་བཅུ་དང་། ས་ཀུན་གྱི་ཡང་ཏོག་དེ་ཉིད་ཀྱིས་རིན་པོ་ཆེ་སྟོང་འབར་བའི་དབང་ཐོབ་སྟེ་ཀུན་རྫོགས་པའོ། །དེ་དག་ནི་རང་རང་གི་རྩལ་དང་ཆ་མཐུན་དུ་བྱིན་པའོ། །དགོངས་པ་ཀུན་འདུས་གསང་ཆེན་འདི། །མ་ཐོབ་གཟུ་ལུམ་རང་བཤད་པ། །ཞེས་པ་དག་རྒྱུད་འདི་དབང་མ་ཐོབ་པར་བཤད་པའི་ཉེས་པ་ནི། བཀའ་རབ་འབྱམས་ལ་བལྟས་ཀྱང་དེ་འབྲས་བུ་ཐོབ་པར་མི་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། བཀའ་རྣམ་གཉིས་བཅག་པ་དང་། གཞུང་དང་འགལ་བའི་ལས་གཉིས་བྱས་པའི་ཕྱིར་རོ། །ཇི་ལྟར་རྒྱལ་རིགས་རྒྱུད་བྱུང་བ། །ཞེས་པ་ལ་སོགས་པ་རིམ་པ་དབང་གིས་བགྲོད་དགོས་པར་དཔེ་དོན་གཉིས་ཀྱི་བསྟན་པ་སྟེ་སྒྲ་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་སྨྲས་པ་དང་། དམན་པ་དམ་པ་དག་ལུང་དམ་པ་བསྟན་པའི་དྲོད་ཐོབ་པར་གྱུར་ཏོ། །ཞེས་པ་སྐྱེས་བུས་བཀའ་སྩལ་པས་འཁོར་རྣམས་རང་རང་རྩལ་ཚད་ཀྱི་དབང་སོ་སོ་བསྐུར་བས་གང་འབྱུང་བའི་ལུང་བསྟན་པའི་རིག་པ་ཉམས་རྙེད་པར་གྱུར་པའོ། །རྣལ་འབྱོོར་དམ་པ་ལུང་བསྟན་པའི་ལེའུ་སྟེ་བདུན་ཅུ་པ་བཀྲལ་བའོ།། །།དེ་ནས་ཡང་གསང་བའི་བདག་པོ་དེས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་སྨྲས་པ། ཞེས་པ་རིམ་པ་དབང་གིས་བགྲོད་པ་བསྟན་མ་ཐག་པར། སྐྱེས་བུས་འཁོར་ལ་བོས་ནས་བསླབ་པ་དྲུག་པ་ལ་སྤྱོད་པས་དོར་བའི་བསླབ་པ་ཉེ་བར་བསྟན་པ་ནི། གང་ཞེ་ན། གང་གོ་ཆ་གྱོན་པའི་རྗེས་སུ་མི་ལྡོག་པར་འགྲོ་བ་སྟེ། ཞེས་པ་ལ་སོགས་པ་ཡིད་ལ་དམ་བཅས་པའི་ལྟ་བས་ཆོད་ཚད་ཀྱི་རྗེས་སུ་སྤྱོད་པ་མི་ལྡོག་པར་འགྲོ་བའོ། །དེ་ཡང་ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་པའི་རྗེས་སུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མང་པོ་བརྗོད་པ་ལས་འདས་པ་རྣམས་འགྲོ་ཞིང་མི་འདའ་བ་དང་། ནམ་མཁའི་རྗེས་སུ་ཆེན་པོ་བཞི་འགྲོ་བ་ལྟར། རང་རིག་པའི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་སེམས་ལས་བྱུང་བའི་འདུ་བྱེད་རྣམས་འགྲོ་བ་དང་། ཆོས་མ་བཅོས་པའི་ངང་དུ་ཆོས་སོ་ཅོག་འགྲོ་བ་ནི་འདིར་དོན་དཔེར་བླང་བ་ཁོ་ནའོ། །དེ་བཞིན་དུ་དགོངས་པ་དམ་པའི་རྗེས་སུ་གང་གསུངས་པ་དང་། གང་མཛད་པ་ཐམས་ཅད་འགྲོ་བས་ན། ཞེས་པ་ལ་སོགས་པ་བཤད་པའི་དཔེ་དེ་ལྟར་རྒྱལ་བ་རྣམས་ཀྱི་དགོངས་པ་མཉམ་པ་ཆེན་པོའི་རྗེས་སུ་གསུང་དང་། ཕྲིན་ལས་མཛད་པ་ཐམས་ཅད་དེ་ལས་མི་འདའ་ཞིང་འདུས་པས་རྒྱུད་འདི་ལས་ཇི་ལྟར་བཀའ་སྩལ་པ་ལྟར་རྣལ་འབྱོར་ལམ་པ་རྣམས་ཀྱི་སྤྱོད་པའང་ལྟ་བའི་རྗེས་སུ་མཐུན་པར་སྤྱད་པ་ནི་ཐབས་བསྟན་པའོ། །དེ་དག་རྒྱས་པར་བསྟན་པའི་ཕྱིར། གྲོགས་པོ་དག་དེ་ཡང་འདི་ལྟ་སྟེ། མཉམ་དང་མི་མཉམ་མི་མཉམ་མཉམ། །ཀུན་ནས་མི་མཉམ་ཡོངས་ཀྱིས་མཉམ། །ཞེས་པ་བོས་ནས་ལྟ་བའི་རྗེས་སུ་སྤྱད་ཐབས་རྒྱས་པར་ཉེ་བར་བསྟན་པ་ནི། མཉམ་དང་བླང་དོར་མེད་པའི་དོན་མངའ་བའི་རྒྱལ་བ་རྣམས་དང་། མི་མཉམ་བཟང་ངན་སྤང་ལེན་གྱི་མཐའ་ལ་ཞེན་པའི་འཁོར་བ་ནི། མི་མཉམ་རྟོགས་མ་རྟོགས་ཀྱི་དབང་གིས་བདེ་སྡུག་ཁྱད་པར་ཤིན་ཏུ་ཆེ་ཡང་། ངོ་བོ་ཉིད་མཐའ་གཉིས་ལས་གྲོལ་མཉམ་པའི་དོན་དུ་ཆེ་ཆུང་མེད་དོ། །འོ་ན་ཐམས་ཅད་དུ་གཅིག་པ་ཁོ་ན་འམ་ཞེ་ན། དེ་ལྟར་ཀུན་ནས་མི་མཉམ་པའང་རྒྱུ་རྐྱེན་འབྲས་བུ་རིལ་ནས་སོ་སོ་བས་མི་མཉམ་པས་ཡོངས་ཞིག་ཀྱང་འཁྲུལ་པའི་ངོ་ལ་ཁྱད་པར་སྣང་བའོ། །འོན་ཀྱང་དེ་དག་གསང་སྔགས་ཀྱི་ངོ་བོ་སེམས་ཀྱི་དཀྱིལ་འཁོར་ཡོངས་ཀྱིས་འོད་གསལ་བས་སྣུབས་ཚབས་ཆེ་ཆུང་མེད་པའི་ཕྱིར། མ་འདྲེས་ལ་མཉམ་ཡོངས་སུ་རྫོགས་པ་ཁོ་ན་སྟེ་ལྟ་བའི་མཆོག་གོ། །དེ་ཡི་རྗེས་སུ་སྤྱད་པ་ཡང་། །གསང་སྔགས་སྤྱོད་པའི་ཁྱད་པར་ཡང་། །གང་དང་དོན་གྱིས་མཉམ་པར་སྤྱད། །ཅེས་པ་གསང་སྔགས་ཐེག་པ་ཆེན་པོའི་རྣལ་འབྱོར་པའི་སྤྱོད་པའང་ལྟ་བ་མཉམ་པ་ཆེན་པོ་དང་གང་དང་དོན་གྱིས་ཡ་ཆར་མ་གྱུར་པས་བླང་དོར་མེད་མཉམ་པར་སྤྱད་པའོ། །བྱིན་གྱིས་རླབས་ཀྱི་སྤྱོད་པའམ། །དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །ཞེས་པ་ལ་སོགས་པ་དེ་དག་གི་ཚུལ་ནི། ལྟ་བས་ཇི་ལྟར་མཇལ་བའི་ཕྱིར། བྱིན་གྱིས་རླབས་ཤུགས་ཀྱི་སྤྱོད་པའི་དཔེ་ནི་ནམ་མཁའ་དང་འདྲའོ། །སྦྱོར་སྒྲོལ་ལ་སོགས་པ་ལ་རྟོགས་པས་དབང་བསྒྱུར་ནས་སྤྱོད་པ་ནི་རྒྱལ་པོ་དང་འདྲ་ཞིང་། འགྲོ་བའི་འདུལ་ཐབས་བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ནི། དཔེར་ན་མེ་དཔུང་ཆེན་པོ་དང་། ཆུ་བོ་ཆེན་པོ་ལྟ་བུ་སྤྱད་པར་བྱའོ། །དེ་དག་ནི་དོན་གཅིག་པ་དཔེ་བཞིར་ཡང་འགྱུར་རོ། །དེ་ཡང་དེ་ཡུལ་ཆེ་ཆུང་གིས། །ཁྱད་པར་ཉིད་ཀྱིས་བརླབས་པ་ཡིན། །ཞེས་པ་དག་སྤྱོད་པ་དེ་དག་ཀྱང་དགོངས་པ་ཆེ་ཆུང་གིས་སྤྱོད་པའི་ཁྱད་པར་ཆེ་ཆུང་ཡང་ལྟ་བས་བྱིན་གྱིས་བརླབས་པའོ། །དཔེ་རྒྱལ་པོ་ཡང་སྐུ་བསོད་ནམས་ཀྱི་སྟོབས་འདུལ་ཞིང་ཆེ་ཆུང་གིས་མངའ་ཐང་གི་དབང་བསྒྱུར་བའི་ཡུལ་ལྗོངས་དང་གྲོང་ཁྱེར་དང་རྒྱལ་ཁམས་ཆེ་ཆུང་ཡོད་པ་ལྟར། ཐེག་པ་མཆོག་གི་རྣལ་འབྱོར་པའི་བདག་གཞན་གྱི་སྤྱོད་པའི་ཁྱད་པར་ཡང་། རྣལ་འབྱོར་རྣམ་སྔགས་ཚུལ་པ་ལྔ་དང་བཅུའི་སྤྱོད་པའང་ཁྱད་པར་སྐས་གདངས་བཞིན་ཡོད་དོ། །ལྔའི་སྤྱོད་པ་ནི་དེ་ལྟར་སྣང་བཤད་པ་དག་གོ། །བཅུའི་སྤྱོད་པ་ནི་འཆད་པར་འགྱུར་རོ། །དེ་ཡང་དཔེ་ཉེ་བར་མཚོན་པའི་ཕྱིར། ཐབས་ཆེན་སྤྱོད་ལ་འཇུག་པ་ཡང་། །བབ་ཚོད་ཐད་དུ་འཇུག་པ་སྟེ། །དཔེར་ན་གླང་ཆེན་ཆུར་འཇུག་པ། །ཞེས་པ་དག་སྒྲ་བཞིན་དུ་སྦྱར་རོ། །ཇི་ལྟར་ནུས་ཚད་དེ་སྤྱོད་ཕྱིར། །ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་དང་གོལ་ས་རྟོག་པ་དང་། །སྤྱོད་དང་དམ་ཚིག་ཏིང་འཛིན་དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་གྱུར་རྣམས། །ཞེས་པ་ལ་སོགས་པ་རྣལ་འབྱོར་ལྟ་བའི་ཁྱད་པར་གྱིས་སྤྱོད་པའང་རང་རང་གི་ནུས་ཚད་དང་སྦྱར་ནས་སྤྱོད་པ་ལ་ཁྱད་པར་ཡོད་པའི་ཕྱིར་ས་བཅུ་དང་། ལྔ་དང་། འདུ་ཤེས་འགྱུར་བའི་སྐབས་ལྔའམ་བཅུའི་ཁྱད་པར་དང་། རྟོགས་པའི་ཡེ་ཤེས་དང་། བཅུའི་ཁྱད་པར་དང་། གོང་འོག་མཐོང་མ་མཐོང་གི་སྒྲིབ་པ་ལྔ་བཅུ་དང་། གོང་མ་འོག་མར་ལྟུང་བའི་གོལ་ས་ལྔ་དང་བཅུ་དང་། དོན་ལྷ་ལ་རྟོག་པ་ལྔའམ་བཅུ་དང་། དེ་བཞིན་དུ་སྤྱོད་པའི་ཁྱད་པར་དང་། བསྲུང་བྱའི་དམ་ཚིག་ངོ་བོ་བ་གང་ལ་དམ་པ་གང་ལྡན་པ་དང་། ཐུན་མོང་དུ་བསྲུང་བ་གང་ཡིན་པ་དང་། ཏིང་ངེ་འཛིན་ཡིད་ལ་བྱེད་པ་ཡན་ཆད་ལྔ་དང་བཅུའི་གསལ་མི་གསལ་གྱི་རིམ་པ་དང་། ས་འོག་གིས་གོང་མ་བསྒྲུབ་པའི་དུས་ལྔའམ་བཅུ་དང་། སྤྱིར་བྱང་ཆུབ་ཆེན་པོ་ཉིད་གྲུབ་པའི་དུས་དང་། དངོས་གྲུབ་ཆེན་པོ་དང་གནས་སྐབས་ཀྱི་ལམ་མཐར་ཕྱིན་པས་གོང་མ་འགྲུབ་པ་དང་། ལྟ་བའི་རྟོགས་ཚད་ཀྱི་ཁྱད་པར་མཐར་ཕྱིན་པ་ལ་བཅུ་དང་། ཀུན་གཞི་ལྔར་གནས་གྱུར་པའི་ཚུལ་གྱིས་ལན་བཅུར་ཡང་འགྱུར་བ་སྟེ། རེ་ཤིག་པ་དང་གཏན་དུ་བར་སྦྱར་རོ། །དེ་ཡང་གནས་ངན་ལེན་གནས་གྱུར་དང་། ལམ་གནས་གྱུར་དང་། ཆོས་ཉིད་གནས་གྱུར་དུ་འགྲེལ་ཏོ། །དེ་དག་ཐམས་ཅད་གཞི་གཅིག་ལས་མེད་ནའང་རྣམ་གྲངས་དང་། ཁྱད་པར་དུ་དབྱེ་བའི་དགོངས་པ་བྱེ་བྲག་རྣམས་ནི། གང་ཟག་ལམ་པའི་སྣོད་ཀྱི་བློ་རྩལ་དང་སྦྱར་ནས་ཆུད་མི་གསན་པའི་འདུལ་ཐབས་སུ་ཁྱད་པ ར་ཅིར་ཡང་ཐ་དད་པར་བསྟན་པའོ། །དེ་ན་ཁས་བླངས་པའི་ས་དང་། རྣལ་འབྱོར་བཅུའི་སྤྱོད་པ་ནི། སྤྱིར་ཐུན་མོང་དུ་སྤྱད་པ་དང་། ཁྱད་པར་གྱི་སྤྱོད་པའོ། །དེ་ལ་ཐུན་མོང་དུ་སྤྱད་པ་ནི། སྤྱོད་པ་རྒྱུན་གྱི་དམ་ཚིག་བཞི་དང་། གསོ་བསླང་གི་སྤྱོད་པ་ཡན་ལག་དང་བཅས་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་ཉི་ཤུ་དང་། འགྲོ་དོན་གྱི་སྤྱོད་པ་གསུམ་བཤད་པ་དག་གོ། །ཁྱད་པར་བདག་དོན་སྒོའི་སྤྱོད་པ་ནི། ས་དང་པོ་ལ་རྣམ་པར་དཀར་བ་ཚོགས་ཀྱི་སྤྱོད་པ་དང་། ས་གཉིས་པ་ལ་ཕྲ་མེན་གྱི་སྤྱོད་པའོ། །ས་གསུམ་པ་ལ་བརྩོན་འགྲུས་ཀྱི་སྤྱོད་པའོ། །ས་བཞི་པ་ལ་གཡེང་བ་སྤང་པའི་སྤྱོད་པའོ། །ས་ལྔ་པ་ལ་ཡོངས་སུ་མི་གཏོང་བའི་སྤྱོད་པ་དང་། ས་དྲུག་པ་ལ་ཤེས་རབ་དང་མཐུན་པའི་སྤྱོད་པ་དང་། བདུན་པ་ལ་ཏིང་ངེ་འཛིན་གྱི་སྤྱོད་པ་དང་། བརྒྱད་པ་ལ་སྤོང་ལེན་མེད་པའི་སྤྱོད་པ་དང་། དགུ་པ་ལ་ཡེ་ཤེས་ཐུགས་རྗེའི་སྤྱོད་པ་དང་། ས་བཅུ་པ་ལ་བྱ་བ་མེད་པ འི་སྤྱོད་པའོ། །དེ་དག་ཀྱང་བསྡུ་ན་བྱ་བའི་སྤྱོད་པ་དང་། བྱ་བ་མེད་པ་གཉིས་སུ་འདུས་ཏེ། དགུ་པ་དང་གཅིག་གོ། །དགོས་ཆེད་ནི། གང་ཡང་བདག་གི་དོན་དང་། གཞན་གྱི་དོན་དང་འགྲེལ་ཏོ། །དེ་དག་གང་གིས་ཡིད་ཆེས་པར་འགྱུར་ཞེ་ན། གཞུང་ཉིད་ལས། འདུན་པ་སེམས་པའི་རྣལ་འབྱོར་བ། །གནས་ཤིང་སྤྱད་པའི་ས་ཞེས་བྱ། །དག་དང་མ་དག་གིས་སྤྱོད་པའོ། །དགེ་དང་མི་དགེའི་ལས་རྣམས་ཀུན། །གནོད་སྤྱོད་སྦྱོར་བའི་ཚུལ་ཉིད་ཀྱིས། །ལེགས་ཉེས་སྟོབས་ཆེན་འགྱེད་པའོ། །ངན་སོང་མི་ལྡོག་དགོན་པར་འཇུག །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཉིད། །མོས་པ་དག་ཅིང་འདུན་པའི་གནས། །བདེན་མཐོང་ཅིར་སྤྱོད་མི་དམིགས་ལྡན། །ཁྱད་པར་རྩལ་འཕངས་ཀུན་རྫོགས་ཤིང་། །ཏིང་ངེ་འཛིན་གྱི་སྦྱོར་བའོ། །འཁོར་ལོས་སྒྱུར་བའི་རྒྱལ་ཆེན་པོ། །མཐོང་བའི་གནས་ན་བཅུ་དྲུག་པ། །རྫོགས་པའི་གནས་ན་ལོངས་སྤྱོད་པའོ། །ཡུལ་དོན་ཡེ་ཤེས་དེ་སྦྱར་བས། །ཤེས་པར་བྱ་བ་ཐམས་ཅད་རྫོགས། །སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཅིར་སྣང་ཅི་ཡང་མ་ཡིན་པས། །མི་སྐྱེ་མི་འགག་ངོ་བོ་ལས། །ཇི་ལྟར་བལྟས་དགུ་དེར་སྣང་བས། །ཐེག་མཆོག་སྤྱི་རྒྱ་རླབས་ཀྱིས་བཅད། །ཅེས་གསུངས་པས། ཐེ་ཚོམ་གྱི་དོགས་པ་མེད་པར་མཇལ་ཏོ། །རང་རང་གི་སྤྱོད་པ་དང་མི་འཚམས་པའི་སྤྱོད་པ་གོལ་བར་བསྟན་པའི་ཕྱིར། དེ་ཡང་རྩལ་གྱི་ཁྱད་པར་གྱིས། དང་པོ་ལས་ཀྱི་རྣལ་འབྱོར་ལ། །སོགས་པའི་རྣལ་འབྱོར་ཆུང་ངུ་རྣམས། །རང་རང་རྩ་བ་བོར་ནས་ནི། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལས། །ཞེས་པ་ལ་སོགས་ལས་དང་པོའི་རྣལ་འབྱོར་དང་། འདུན་པ་པ་སོགས་བཞི་དང་། བསླབ་པར་སྦྱོར་བའི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་པ་ལྟ་སྤྱོད་དམན་ཆུང་ངུ་པ་ཀུན་གྱིས། རང་རང་གིས་སྤྱོད་པ་འཚམས་རྩ་བ་བོར་བ་བཞག་ནས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་དང་། རྨད་བྱུང་རོལ་སོགས་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར་དང་། རོལ་པ་རྒྱན་གྱི་རྣལ་འབྱོར་དང་། བདེ་བ་ཆེན་པོའི་རྣལ་འབྱོར་དང་། ཐིག་ལེ་ཆེན་པོར་རྫོགས་པའི་རྣལ་འབྱོར་དང་། བདག་ཉིད་ཆེན་པོའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་ཆེན་པོ་དག་གི་སྤྱོད་པའི་ཚུལ་དུ་སྤྱོད་པར་བྱེད་དང་དོན་འདོད་པས་འབྲས་བུ་ཐོབ་པར་འདོད་པ་ནི་ཚི་ཆད་དེ། དཔེར་ན་སྦལ་བུས་ནམ་མཁའ་ལ་ལྡིང་བར་འདོད་ཀྱང་། སླར་བཙལ་བའི་ཡུལ་ཡིན་ཚི་ཆད་དེ་མི་འགྲུབ་པ་དང་། ནོངས་བུས་རྒྱལ་དཔེ་དོན་ཚིག་བདུན་ཐབས་མི་མྱོང་བ་དང་འ དྲ་སྟེ་འབྲེལ་བ་མེད་དོ། །འོན་ཀྱང་རྒྱུད་ནས་མི་ཐོབ་པ་མ་ཡིན་ནོ། །དེ་ཕྱིར་དགོངས་པ་ཀུན་འདུས་པས། །གང་འདིར་རྣལ་འབྱོར་དམན་དོན་དུ། །གསོ་དང་སྤྱོད་པའི་སྤྱོད་པ་དག །དམ་པ་དག་དང་མཉམ་པར་གསུངས། །ཞེས་པ་དེ་ཕྱིར་བཤད་པའི་གཏན་ཚིགས་ཀྱིས་དགོངས་པ་ཀུན་འདུས་རྒྱུད་འདི་ལ། གང་སྐབས་འདིར་ལས་དང་པོའི་རྣལ་འབྱོར་ལ་སོགས་པའི་བློ་དམན་པའི་ཆེད་དུ་གསོ་བའི་སྤྱོད་པ་དང་། སྒྲིབ་པ་སྦྱོང་བའི་སྤྱོད་པ་གཉིས་སྤྱད་ན། དམ་པ་དག་རྒྱལ་བ་རྣམས་ཀྱི་གོ་འཕང་མཉམ་པར་ཐོབ་པར་བདག་གཞན་གྱི་སྤྱོད་པར་གསུང་བཀའ་སྩལ་པའོ། །གསོ་དང་བསླང་བའི་རྟོག་པ་འདི། །རྟོག་པ་ཅན་དང་མཐུན་པར་སྦྱར། །ཞེས་པ་འཆད་པའི་ནད་གསོ་བ་དང་། ལྟ་ངན་དུ་ཤི་བ་བསླང་བའི་སྤྱོད་རྟོག་ནི། མུ་སྟེགས་དག་དྲང་བའི་ཕྱིར་ཡང་སྤྱད་དེ། འདིར་བརྡ་ཡིས་དངོས་པོར་སྤྱོད་པའོ། །དེ་དངོས་ནི། གསོ་བ་རྟོགས་པས་ཟིན་པའི་ནད། །ཞེས་པ་གང་གསོ་ན། གཙང་དམེ་སྐྱེ་ཤི་ལ་སོགས་པའི་རྟོག་པའི་ནད་གསོ་བའོ། །གང་གིས་གསོ་ན། དགོངས་སྤྱོད་མཉམ་པ་ཆེན་པོས་གསོ་བའི་ཕྱིར། ལྟ་སྤྱོད་མཉམ་པའི་སྨན་གྱིས་གསོ། །ཞེས་གསུངས་སོ། །ཤི་བ་བསླང་བའི་རྟོག་པ་འདི། །ཞེས་པ་ལ་སོགས་པ་གང་བསླང་ན། ཤི་བ་བསླང་སྟེ། ཁམས་གསུམ་གྱི་འགྲོ་བ་དག་ལྟ་བ་རྟག་ཆད་ཀྱི་མཐར་འཛིན་པ་ཤི་བ་བསླང་བའི་བརྡ་རུ་རོ་གླིང་དུར་ཁྲོད་ནས། དོན་གཏི་མུག་གི་བརྡ་ཤ་ཆེན་པོའི་ངོ་བོ་བམ་བླང་ངོ་། །དེ་སྐྱེ་འགག་འཕོ་འགྱུར་དང་བྲལ་བའི་ཆེད་དུ་རོ་ལངས་བསྒྲུབ་པར་བྱ་བ་ཡང་། རོ་ལ་ཡིད་བཞིན་ནོར་བུ་ཡི། །སྔགས་ཀྱིས་བཏབ་སྟེ་གནོན་པར་བྱ། །ཞེས་པ་རོ་མཚན་དང་ལྡན་པ་མ་སྣད་མཛེས་པ་མ་གཙེས་པ་ཡིད་དུ་འོང་བ་དེ་ལ་འདོད་པའི་ཡོན་ཏན་མང་པོ་འབྱུང་བའི་སྔགས་བཤད་ཟིན་པའི་ནོར་བུའི་སྙིང་པོ་བཟླས་ལ། དང་པོར་བདག་སྒྲུབ་པ་པོ་དེའི་སྟེང་དུ་འདུག་པར་བྱའོ། །བདག་རོའི་རྟོག་བགེགས་འཇོམས་པའི་ཁྲོ་བོར་བསྐྱེད་ལ། ཡན་ལག་གི་ལྷ་དང་ལྡན་པར་བྱས་ནུས་པ་བསྐྱེད་དེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམ། བརྟན་པར་བྱས་ལ་མཆོད་བསྟོད་ཀྱི་ལས་ཟིན་པ་དང་། བཟླས་པ་རྒྱུན་མི་བཅད་པར་གསལ་བ་གསུམ་དང་ལྡན་ཞིང་སྐྱོན་བཅུ་སྤངས་པས་བྱའོ། །རོ་ཡི་གཟི་བྱིན་བྱུང་བ་ན། །ཞེས་པ་རྟགས་ནི་དེ་ལྟར་བཟླས་པ་དང་། གློ་གློང་ཕོ་ཉས་ཤེས་པ་དགུག་བསྟིམ་ཞིང་བསྡམ་བྱས་པས་ཡུན་རིང་བས། རྟགས་དང་པོར་རོ་སྣར་དང་སེར་དང་མདོག་སྣུམ་པ་དང་། མཉེན་ཞིང་བཀྲག་དང་ལྡན་པར་གྱུར་བ་དང་། དེ་མ་ཐག་ཏུ་ཞུན་ཆེན་གྱིས་བསྡུས་ལ། ཡན་ལག་བཅིང་བ་དང་གཞུམ་པ་བྱ་བའི་ཕྱིར། བར་ཆད་མེད་པའི་བརྩོན་འགྲུས་བྱ། །ཞེས་གསུངས་སོ། །རོ་དེ་འགུལ་བར་གྱུར་པ་དང་། །གང་གིས་གྱུར་རྩིས་བྱུག་པར་བྱ། །རོ་ཡི་ཡན་ལག་ཀུན་བཅིངས་ནས། །བཟླས་པ་དྲག་པོ་རྒྱུན་མི་གཅད། །ཞེས་པ་ལ་སོགས་པ་རོ་ལ་ཤེས་པ་ཞུགས་པས་འགུལ་བར་གྱུར་བའི་ཚེ། རོ་ལངས་དག་གསེར་དུ་བསྒྲུབ་ན་གསེར་འགྱུར་རྩིས་བྱུག །གང་ལྟར་འདོད་པའི་རྩིས་བྱུག་གོ། །དེ་ནས་ཞགས་པས་ཡན་ལག་ཀུན་བཅིངས་ལ། འོག་ཏུ་བཅུག་སྟེ་གསང་སྔགས་དྲག་ཏུ་བཟླས་པར་བྱའོ། །དེ་ནས་རོ་དེ་འཕར་ཞིང་ལངས་ནས་བདག་ལ་རྒོལ་དུ་འོང་བ་ལ་སོགས་པའི་ཆོ་འཕྲུལ་སྟོན་དུ་འོང་སྟེ། དེའི་མོད་ལ་རྣལ་འབྱོར་བརྟུལ་ཞུགས་ཅན་གྱིས་རོའི་ལྕེ་རང་གི་སོ་ཡིས་བཅད་དེ། སླར་རོ་ལ་བརྡབས་ནས་གསེར་དུ་འགྱུར་རོ། །དེ་ལྟར་རོ་ལ་ཇི་ལྟར་འདོད་པའི་རྐྱེན་གྱིས་འཕྲལ་དུ་བསྒྱུར་བ་ཉིད་ཀྱིས་འགྲུབ་པའོ། །དེའང་། ལྕེ་བཅད་རལ་གྲི་མཚོན་ཆ་དང་། །རོ་ཡི་མགོ་བོ་བཅད་པ་དེས། །ཞེས་པ་ལ་སོགས་པ་གོ་མཚོན་དུ་གྲུབ་པས་ཕ་རོལ་གྱི་དཔུང་བཟློག་པ་དང་། གཞན་ཡང་དངོས་གྲུབ་ཅི་འདོད་པ་འབྱུང་བ་དང་། རྐང་མགྱོགས་ཀྱི་ཚད་སྒྲ་བཞིན་དུ་འགྲེལ་ཏོ། །དེ་ལ་སོགས་པ་མཐའ་ཡས་པ། །ཞེས་པ་ལ་སོགས་པ་དང་དངོས་གྲུབ་འདིར་ཅ་སྨོས་པ་ཙམ་སྟེ། རོ་ལངས་གྲུབ་པའི་དངོས་གྲུབ་ཚད་ལས་འདས་པའོ། །སྔོན་དུ་ལྟ་བས་ཐག་བཅད་པ་བསྟན་པའི་ཕྱིར། རོ་ལ་རོར་བསྒྲུབས་རོར་གྲུབ་ན། །རོ་ཡི་དངོས་པོ་མི་སྣང་བར། །ཞེས་པ་ལ་སོགས་པ་རོའི་རྫས་ལ་བརྟེན་ནས་བསྒྲུབ་པས་དངོས་གྲུབ་ཐོབ་པའི་དུས་ན། ཐོག་མ་རོའི་དངོས་པོ་མེད་པར་ཇི་ལྟར་བསྒྲུབས་ཤིང་ཏིང་ངེ་འཛིན་གྱིས་དབང་བསྐུར་བ་ལྟར་སྣང་བའི་གཏན་ཚིགས་དེས་ན། རོའི་ངོ་བོ་བྱང་ཆུབ་སེམས་རང་བཞིན་གྱི་འོད་གསལ་བའི་ངོ་བོ་བས། རོ་ཞེས་བྱ་བ་ཐ་སྙད་ཀྱི་རྟོག་པ་གཞི་ནས་མ་གྲུབ་པར་ལྟ་བས་རྟོགས་པ་བཞིན་དུ། སྤྱོད་པས་ཀྱང་དེ་ལྟར་རྗེས་སུ་མཐུན་པར་མཉམ་པ་ཉིད་དུ་སྤྱོད་པ་ནི་ལྟ་སྤྱོད་ཟུང་དུ་འབྲེལ་བས་མཉམ་ཡ་མ་ཆ་བར་བཀའ་ལས་གསུངས་སོ། །འདི་ནི་ཤི་བ་སློང་བ་ཡི། །ཞེས་པ་དག་སྤྱོད་པའི་ངོ་བོ་བསྟན་པའོ། །འདིའང་ས་རེ་རེས་རང་གི་ཏིང་ངེ་འ ཛིན་བསྟེན་ནས་བསྒྲུབ་པ་སྟེ། ཁྱད་པ ར་ཡོད་བཞིན་གཞན་དག་ཀྱང་མཇལ་བར་བྱའོ། །གྲོགས་པོ་དག་དེ་ལ་སྦྱོང་བའི་སྤྱོད་པ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་དག་གསོ་བའི་རྗེས་སུ་སྦྱོང་བའི་སྤྱོད་པ་བོས་ནས་ཉེ་བར་བསྟན་པ་ནི་གཉིས་ཏེ་སྒྲ་བཞིན་ནོ། །རྟོག་པའི་ཟུག་རྔུ་སྦྱོང་བ་ནི། །ཞེས་པ་དག་གཉིས་ཀྱི་དང་པོ་རྟོག་པའི་ནད་སྦྱངས་པའི་སྤྱོད་པ་ནི། དམ་རྫས་ལྔ་ལ་སོགས་པ་སྨད་པའི་རྫས་གང་ལའང་གཙང་དམེར་མི་འཛིན་པའི་ཤུགས་ཀྱིས་རྫས་འཇིག་རྟེན་པས་སྨད་པ་བཤང་གཅི་ལ་སོགས་པ་དག་ལ་རྟོགས་པའི་བླང་དོར་མེད་པའི་དངོས་པོར་སྤྱོད་པ་སྟེ། དེ་ནི་གཙང་དམེའི་རྟོག་པ་འདག་པར་བྱེད་དོ་སྦྱང་བའོ། །སྒྱུ་འཕྲུལ་ཆེན་པོའི་རྒྱུད་ལས། སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་གསུངས་པའི་དོན་ཏོ། །གྲོགས་པོ་དག་རྒྱུད་ཡོངས་སུ་སྦྱང་བ་ནི། བཀོད་པའི་བྱ་བས་སྦྱང་བ་དང་། མེ་ཡི་བྱ་བས་སྦྱང་བའོ། །ཞེས་པ་བོས་ནས་ཤེས་པའི་རྒྱུད་ཀྱི་རྟོག་སྒྲིབ་ཀྱི་བག་ཆགས་སྦྱོང་བའི་སྤྱོད་པ་ལ་གཉིས་ཏེ། བཀོད་པའི་དཀྱིལ་འཁོར་གསུམ་གཟུགས་བརྙན་གྱི་དཀྱིལ་འཁོར་ཆེན་པོ་རྣམས་བཞེངས་གསོལ་བ་སྦྱང་བ་དང་། སྦྱིན་སྲེག་རྣམ་པ་བཞི་ཚུལ་བཞིན་བྱས་ལ་སྦྱངས་པ་གཉིས་སོ། །དེ་ལ་དང་པོ་དཀྱིལ་འཁོར་བསྟན་པའི་ཕྱིར། དེ་ལ་བཀོད་པའི་བྱ་བས་སྦྱངས་པ་གང་ཞེ་ན། བརྩམ་པ་ལས་ཀྱི་དང་པོ་དང་། །དམ་པའི་དོན་ལ་འཇུག་པ་ན། །ཐབས་མཆོག་ལྔས་ནི་སྤྱད་པར་བྱ། །ཞེས་པ་ལ་སོགས་པ་གྲངས་སྙེགས་པས་དཀྱིལ་འཁོར་བཀར་ནས་སྟོན་པ་ནི། ཐོག་མར་ལས་རྩོམ་པ་གསང་བའི་དཀྱིལ་འཁོར་ཆེན་པོར་བཞུགས་ནས་ལས་དང་པོ་པས་དབང་དང་དམ་ཚིག་ནོད་པའི་དམ་པའི་དོན་ལ་འཇུག་ཚེ། བསྒྲུབ་པའི་ལས་གཞུང་གི་རིམ་པའི་བྱ་ཐབས་མཆོག་རྣམ་པ་ལྔ་སྟེ། གང་ཞེ་ན། རྡོ་རྗེའི་དུས་ཚིག་བསྙེན་པ་དང་། །གང་འདིར་ཉེ་བར་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོས་སྦྱོར་བ་ལ། །གྲངས་དུས་མཚན་མར་བཅས་པར་བྱ། །ཞེས་པ་རྡོ་རྗེ་གསུམ་གྱི་དངོས་གྲུབ་བསྒྲུབ་པའང་། དང་པོར་བསྙེན་པ་གཟུག་པ་ཐོབ་མར་ཡར་གྱི་ངོ་གཟའ་སྐར་ཤིས་པ་ལ་འཇུག་པ་དང་། མཐར་ཇི་ཙམ་ན་འདོན་པ་ནི་དུས་ཀྱི་བསྙེན་པའོ། །རྫས་དང་ཡོ་བྱད་ཚང་བས་དཀྱིལ་འཁོར་ཆེན་པོ་རྩོམ་པ་ནི་ཉེ་བའི་བསྙེན་པའོ། །བྱ་བའི་ལས་གཞུང་བསྲངས་ནས་འབད་པ་ནི་བསྒྲུབ་པའོ། །རྟགས་དང་མཚན་མ་ཐོན་ནས་དངོས་གྲུབ་བླང་བའི་ལས་ལ་སྦྱོར་བ་ནི་བསྒྲུབ་པ་ཆེན་པོའོ། །བསྙེན་པ་ལའང་དབྱེ་ན་གསུམ་སྟེ། ཞག་གྲངས་མང་ཉུང་དུ་འཛབ་གྲངས་དམ་བཅས་ནས་འབད་པ་ནི་གྲངས་ཀྱི་བསྙེན་པའོ། །དུས་ཀྱི་བསྙེན་པ་ནི་བཤད་པ་ཉིད་དོ། །མཚན་མའི་བསྙེན་པ་ནི་འཛབ་གྲངས་བྱེད་ཅིང་རྟགས་ལ་སྡོད་པའོ། །འདི་གྲངས་ལྔར་འདོད་པ་ནི། སྔོན་དུ་བསོད་ནམས་ཀྱི་དུས་དང་བསྙེན་པ་གཉིས་ཏེ་གསུམ། བསྒྲུབ་པ་གཉིས་དང་ལྔར་མཇལ་ཏེ། གཞུང་གཟུག་པ་དང་དམ་བཅས་པའོ། །རྣལ་འབྱོར་སྤྱོད་པའི་བཀའ་སྒོ་འདིར། །གསང་སྒོ་མི་དབྱེ་སྐྲག་པར་འགྱུར། །ཅི་ཕྱིར་དང་པོ་ཡིན་པས་ན། །ཞེས་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོའི་གསང་བའི་དཀྱིལ་འཁོར་གཉེན་པོའི་སྒོར་ཐེག་པ་ཆེན་པོའི་ལས་དང་པོ་བ་ལ་གསལ་བར་མི་བསྟན་ནོ། །ལྟ་སྤྱོད་བརླང་པོ་བསྟན་ན་སྐྲག་ཅིང་སྔངས་བ་སྐྱེ་སྟེ། ཅི་ཕྱིར་དེའི་གཏན་ཚིགས་ནི་ད་དུང་ལས་དང་པོ་པ་ཡིན་པས་གསང་དོན་ལ་ཤེད་མ་བྱེ་བའི་རྒྱུས་ངེས་པ་མ་རྙེད་པས་རིགས་མ་ངེས་པའི་ཕྱིར། ད་དུང་གསང་བ་ལ་འཇུག་པ་དང་། སླར་ལོག་ནས་ལྟུང་བ་ཡོད་པས་ཐེག་པ་ཆེན་པོའི་དོན་ལས་འགྱངས་གོལ་བར་འགྱུར་རོ། །འོ་ན་དེ་དག་གི་དོན་ཐབས་འགོག་གོ་བར་དོགས་པ་ལ། གནས་འདིར་འཇུག་པའི་བྱིས་པ་དག །འཇིག་རྟེན་དྲུག་ལས་དྲངས་ནས་ཀྱང་། །འགྱུར་དབང་མ་ངེས་སར་བཞག་སྟེ། །ཇི་ལྟར་འཚམས་པ་བདེ་ཐབས་སྦྱར། །ཞེས་པ་གནས་འདིར་ཐེག་པ་མཆོག་གི་སྦྱོར་འཇུག་པར་འདོད་པའི་བྱིས་པ་གསར་བུ་རྣམས་ནི། འཇིག་རྟེན་འགྲོ་དྲུག་གིས་ནས་དྲང་ནས་ཀྱང་སེམས་བསྐྱེད་དེ། འགྱུར་དབང་མ་ངེས་པའི་སར་བཞག་ནས། དེ་ལ་ད་དུང་ཇི་ལྟར་ཐལ་བ་མེད་པས་དོན་བློ་དང་འཚམས་ཚད་ཀྱིས་འདུལ་ཐབས་དང་སྦྱར་ལ་བསྟན་ཏོ། །འོན་ཏེ་སྐལ་བ་ཅན་ཞིག་ན་དཀྱིལ་འཁོར་ཆེན་པོར་གཞུག་ཅིང་ལྟ་སྤྱོད་ཀྱང་རིམ་པར་བསྟན་པའོ། །ཚོགས་ཀྱི་དཀྱིལ་འཁོར་བདུན་གྱི་དང་པོ་བསྟན་པའི་ཕྱིར། རྡོ་རྗེ་ཐབས་ཆེན་ཚོམ་བུ་ལྔ། །རྡོ་རྗེ་འཛིན་སོགས་བཅུ་དྲུག་ལྡན། །ཞེས་པ་ཐབས་ཀྱི་སྦས་ཚོགས་ནི་ཇི་ལྟ་ཞེ་ན། དབུས་ཀྱི་གཙོ་བོ་རིགས་ལྔ་སོ་སོའི་དཀྱིལ་འཁོར་ལྔ་ལ། འཁོར་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་འ ཛིན་པ་སྟེ། རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་འདོད་པ་དང་། རྡོ་རྗེ་ལེགས་པ་ནི་རྡོ་རྗེའི་རིགས་སོ། །རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པ་ནི་རིན་པོ་ཆེའི་རིགས་སོ། །རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་འཁོར་ལོ་དང་། རྡོ་རྗེ་སྨྲ་བ་ནི་པདྨའི་རིགས་སོ། །རྡོ་རྗེ་ལས་དང་། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ནི་ལས་ཀྱི་རིགས་སོ། །ཚོམ་བུ་ལྔས་སེམས་དཔའ་རྡོ་རྗེ་དང་། རིན་ཆེན་རྡོ་རྗེ་དང་། ཆོས་རྡོ་རྗེ་དང་། ལས་རྡོ་རྗེ་ནི་བདེར་གཤེགས་རིགས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱི་རོལ་དུ་སྒོ་བའོ། །དེས་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ར་བ་དང་ལྡན་པའི་བརྙན་མའོ། །དེ་དག་ལྷགས་པར་གཟུགས་བརྙན་དུ་བྲི་བའམ། ཡང་ན་མ་བྲིས་ཀྱང་རྣལ་འབྱོར་པ་ལྷ་གྲངས་དང་མཉམ་པས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའོ། །འམ་ནི་གཟུགས་བརྙན་ཉིད་དང་འདམ་ཀའོ། །བརྗོད་དམ་བསྔོས་སམ་མཚན་མ་ལ། །ཞེས་པ་ལ་སོགས་པ་དེ་དག་གི་སྔགས་བརྗོད་དམ། ཡིད་ཀྱིས་དངོས་སམ། སྐུ་གསུང་ཐུགས་ཀྱི་མཚན་མ་ལ། སྟོན་པ་གསང་བའི་བདག་པོ་ཉིད་ཀྱིས་བཀའ་རྒྱུད་འདིའི་གཞུང་ནི་མཐའ་ཐད་དུ་འཛིན་པས་མོས་པར་ནི་མི་བྱ་སྟེ། རང་རིག་པ་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རིག་པ་ལས་རང་རང་ལྷར་བསྐྱེད་དེ་གསལ་བར་བྱས་ལ། གྲུབ་པའི་གནས་ནས་སྤྱན་དྲངས་དབྱེར་མེད་པར་བསྟིམ། ཕྱག་འཚལ་བསྡུ་བའི་དོན་གྱིས་ལས་གཞུང་བསྲངས་ལ། མཆོད་པ་ཡང་ཡོ་བྱད་ཆེན་པོ་དམ་རྫས་བདུད་རྩི་ལྔའི་སྨན་མཆོད་འབུལ་བ་དང་། སྲོག་རྡོ་རྗེ་རྣལ་འབྱོར་དང་བཅས་པའི་གླུ་ཡིས་མཆོད་པ་བྱ་བ་དང་། རྒྱལ་བ་མཉེས་སོགས་པའི་མཆོད་པའི་གྲངས་གཏོར་མ་དང་། འདོད་ཡོན་དང་། སྦྱོར་སྒྲོལ་ལ་སོགས་མཉེས་བྱས་ལས་གྲུབ་པ་དབུལ་བྱ་རྫོགས་པར་ཕུལ་ཞིང་། འཛབ་གྲངས་རྫོགས་པར་ཕུལ་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་བསྟོད་པ་དང་། རྒྱུད་སྦྱངས་བཤགས་པ་དང་། འདོད་པའི་དོན་གསོལ་བ་གདབ་པར་བྱའོ། །འཛབ་ཟིན་བསྟོད་ནས་བདག་ལ་བསྟིམ་ཞིང་། སྒོ་གསུམ་དམ་པར་བསམ་མོ། །མདོར་རྡོ་རྗེ་དབྱིངས་ཀྱི་ལས་གཞུང་བསྲངས་ཟིན་ནས། སློབ་མ་གཞུག་པའི་ལས་རྩོམ་པའི་ཕྱིར། སྣོད་དུ་རུང་བའི་སློབ་མ་དག །དཔང་མཁྱེན་ལ་སོགས་བྱས་པ་ཡིས། །ཞེས་པ་མན་ངག་གཞག་ཅིང་དབང་དམ་ཚིག་སྦྱིན་དུ་རུང་བའི་སློབ་མ་རྣམས་གཞུག་པའི་ཆེད་དུ། དཔང་པོ་དང་མཁྱེན་པ་གསོལ་བ་དང་། བསྡུ་བའི་དོན་གྱིས་བཤད་པའི་འཇུག་ཚུལ་སློབ་མ་ལ་དམ་དབོག་པ་དང་། དབང་བསྐུར་བའི་ལས་རིམ་དག་གོ། །དེ་དག་ཟིན་ནས་དངོས་གྲུབ་བླང་ངོ་། །དེ་ཡང་དང་པོ་རྡོ་རྗེ་རྒྱལ་པོ་ཉིད་འཇུག་པ་དང་། དེ་ནས་སློབ་མ་གཞུག་པའི་རིམ་པ་དང་། དེ་ནས་ཡོན་དང་སྦྱར་ལ་དབང་བསྐུར་བ་དང་། དངོས་གྲུབ་སྩོལ་བ་དང་། རྡོ་རྗེ་ཐེག་པའི་ཐ་ཚིག་བཤད་པ་ལྔ། དབོག་པ་ཡང་། བསླབ་པའི་གཉེར་སྐལ་པ་དང་རང་གི་རྩལ་སྦྱར་ལ་དཔོག་པ་དང་། རྡོ་རྗེ་ཐེག་པ་ཆེན་པོ་ལས་གལ་ཆེན་སླར་མི་ལྡོག་པར་ཚུལ་བཞིན་བྱ་བར་བུས་མནའ་བོར་ཏེ་རིགས་ངེས་པར་བྱ་བ་དང་། དབང་ཐོབ་རིགས་ངེས་པར་བྱས་པའི་རྟིང་ལ། བཟོད་ཅིང་གསང་བའི་བསྒྲུབ་པ་ཆེ་ཆུང་རྣམས་སློབ་བུས་གང་ཞུ་བ་ཇི་ལྟར་འདོད་པ་དེ་བསྟན་ལ། ཆུད་མི་གསན་པར་བསྒྲུབ་པར་ནན་ཏན་བྱ་སྟེ། དེ་ཕྱིན་ཆད་རྡོ་རྗེ་ཐེག་པ་ནང་པའི་བཀའ་བར་བྱའོ། །མི་ནུས་ལ་སོགས་མི་གནང་བའི། །རྡོ་རྗེ་ཚིག་གིས་ནན་ཆགས་བྱ། །ཞེས་པ་བསྒྲུབ་པ་ཆེན་པོ་མི་ནུས་ཤིང་གསང་བའི་སྤྱོད་པ་གཞུང་མི་སྲོང་བདག །བསྒྲུབ་པར་མི་གནང་བའི་རྡོ་རྗེ་ཚིག་གིས་ནན་ཆགས་བྱས་ཏེ། གཞན་ལ་གསང་སྒོ་སྡོམ་ཅིག་པའོ། །རྨོངས་ལ་གསང་ཕྱིར་སེམས་བསྐྱེད་དེ། །ཞེས་པ་ལ་སོགས་པ་གསང་དོན་ལ་མདོངས་པ་དག་ཐབས་ཀྱིས་གསང་སྔགས་ལ་གཟུད་ཕྱིར། ཐོག་མར་གསང་བ་ལ་སེམས་བསྐྱེད་དེ། གསང་སྔགས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་ཚིག་གིས་འདུ་ཤེས་གྱེན་དུ་བསྒྱུར་ཏེ། གསང་སྔགས་ལ་མོས་པ་སྐྱེར་གཞུག་པའོ། །དེ་བས་ན་རྨོངས་པའང་ཆུད་མི་གསན་ཏེ་འཚམས་པས་དོན་བྱས་པའོ། །ཤེས་མིག་ཅན་ལ་ཤེས་བྱའི་ཡུལ། །ཐམས་ཅད་རིམ་བཞིན་བསྟན་པར་བྱ། །དྲོད་ཅན་བློ་དཀྱིལ་ཆེ་རྣམས་ལ། །ཞེས་པ་ལ་སོགས་པ་སློབ་བུ་ཤེས་རབ་ཀྱི་སྤྱན་དང་ལྡན་པ་རྣམས་ལ་གསང་སྔགས་ཤེས་བྱའི་ཡུལ་ཀྱི་ལྟ་དོན་མཐར་ཐུག་པར་བསྟན་ཏོ། །དེ་བས་ན་བློ་དང་སྦྱར་ལ་ཐམས་ཅད་རིམ་པར་བསྟན་པར་བྱ་སྟེ། ལྟ་བའི་ཉམས་དྲོད་ཅན་ད་དུང་ཏིང་ངེ་འཛིན་མ་བརྟན་པ་དག་རྒོད་འཕྱར་བྱིང་དབང་དུ་འགྲོ་བ་རྣམས་ལ་ཏིང་ངེ་འཛིན་གྱི་རྣལ་འབྱོར་བསྒོམས་ཐབས་ན་ཡར་སྐྱེད་དུ་འགྲོ་བའི་མན་ངག་གསང་བའི་སྒོ་ཕྱེ་ལ་སྦྱིན་པའོ། །སྤྱོད་སྒོ་རྩིང་པོ་རྟ་དམུ་རྒོད་དང་འདྲ་བ་རྣམས་ལ་བར་དུ་གཅོད་པའི་གཅན་འཕྲང་རྟོག་ཚོགས་ཀྱིས་འཁོར་བར་གཡང་ལྟུང་བའི་སྒོ་དགུའི་ཉེས་དམིགས་ས་རྣམས་བསྟན་པའོ། །རྡོ་རྗེ་ཐེག་པའི་བཀའ་ལུང་གིས་ཚད་དང་ལྡན་པ་ལ། ཕྲིན་ལས་བཞི་ལ་སོགས་པའི་ཅི་ལྟར་ནུས་པ་དེ་ལྟར་དབང་ལྔ་སྦྱིན་ནོ། །ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྩོལ་མེད་བསྒྲུབ་མི་ནུས་པ་ལ། ཕན་པའི་དབང་འབའ་ཞིག་སྦྱིན་པ་སྟེ་བུམ་པ་ལ་སོགས་བསྔགས་པའོ། །དེ་བས་ན། གནས་འདིར་གསལ་དང་མི་གསལ་དག །འོད་མི་བསུབ་ཅིང་ལྗིད་མི་དབབ། །ཅེས་པ་ཐེག་པ་མཆོག་གི་དཀྱིལ་འཁོར་གནས་འདིར་ཤེས་རབ་དང་ཏིང་ངེ་འཛིན་གསལ་བ་ལ་དེ་འོད་མ་བསུབ་མི་བསྣུབ་པར་དབང་གི་མན་ངག་མི་གབ་པར་སྦྱིན་ཞིང་། དེ་གཉིས་མི་གསལ་བ་རྣམས་ལ་མི་འཚམས་པའི་དབང་དང་། མན་ངག་གི་ལྗིད་དོན་མི་དབབ་མི་བསྟན་ཏེ། བསྟན་ན་སྒྱིད་མ་བརྟས་པར་ཁལ་བཀལ་བ་བཞིན་དུ་ཆུད་འཛའོ། །རྡོ་རྗེ་བློ་ཡི་ཡུལ་ཅན་ལ། །རྩལ་ཆེན་སྦྱོང་ཞེས་གདམས་པར་བྱ། །རྡོ་རྗེ་འདུས་པའི་དབང་གྲལ་དུ། །རྡོ་རྗེ་དོན་གྱི་ལྟང་ཆེན་བཤེར། །ཞེས་པ་རྣལ་འབྱོར་རྡོ་རྗེ་བློའི་ཡུལ་ཅན་ཏིང་ངེ་འཛིན་དང་ལྡན་པ་དག་ལ། ཏིང་ངེ་འཛིན་གྱི་རྩལ་འབོད་ལ་སྦྱོངས་ཤིག་པར་གདམས་ངག་བྱ་བ་དང་། གསང་བའི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཚབ་དང་། ཀརྨ་དང་། མཆེད་ལྕམ་མང་པོ་འདུས་པའི་དབང་གྲལ་དུ། རྡོ་རྗེ་ཐེག་པའི་སྔར་དབང་ཟབ་མོ་ཐོབ་དང་སྔ་ཕྱིའི་ལྟང་གཤེར་ལ། བློ་རྩལ་དང་དབང་རིམ་པར་ཐོབ་མ་ཐོབ་དང་། ཐོབ་པ་སྔ་ཕྱིས་གྲལ་གྱི་ཁྱད་པར་མཐོ་དམན་དུ་དབྱེ་བ་དང་། བུ་རྣམས་རང་རང་གི་ཡི་དམ་ལྷ་གང་ཡིན་པའམ། ཐབས་ཀྱི་ཕྱག་རྒྱ་སྤྱིར་བསྒོམ་པར་བསྟན་པའམ། ཡང་ན་སོ་སོར་བསྟན་ཏེ་སྤྱི་བློ་ཆེ་ཆུང་ཁྱད་པར་གྱི་དབང་དུའོ། །གཞན་ཡང་ཤེས་རབ་གཟུངས་ཀྱི་ཚོགས། །ཇི་ལྟར་ཐབས་ཀྱི་ཚོགས་སྦྱར་ལྟར། །གང་ལྟར་རྣལ་འབྱོར་མར་ལྡན་རྣམས། །རྡོ་རྗེ་འཛིན་མ་ལ་སོགས་པ། །ལྷ་མོའི་ཚོགས་སུ་བཀོད་ནས་ཀྱང་། །གནས་འདིར་འཇུག་དགའ་ལ་སོགས་པའང་། །ཞེས་པ་དག་ཤེས་རབ་ཀྱི་སྦས་ཚོགས་ཐབས་ལས་གཞན་ཡང་མི་མཐུན་པར་འཆད་པ་ནི། ཐབས་རྡོ་རྗེ་དབྱིངས་ཡབ་ཀྱི་དཀྱིལ་འཁོར་ཅི་ལྟ་བར་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་མ་ཤེས་རབ་གཟུངས་ཀྱི་ཚོགས་རྣམས་ཀྱང་། ཡུམ་ཆེན་མོ་ལྔའི་ཚོམ་བུ་ལ་ཇི་ལྟར་ཐབས་སོ་སོའི་འཁོར་ལྷ་མོའི་རིགས་གང་དག་རྣལ་འབྱོར་སོ་སོ་བཀོད་པ་ནི། བདེར་གཤེགས་རིགས་ལ་བརྟན་མ་རྡོ་རྗེ་དང་། འབར་མ་རྡོ་རྗེ་དང་། སྡུད་མ་རྡོ་རྗེ་དང་། བསྐྱོད་མ་རྡོ་རྗེའོ། །རྡོ་རྗེའི་རིགས་ལ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་བདུག་པ་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་སྒྲོལ་མའོ། །རིན་ཆེན་རིགས་ལ་རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་བདེ་བ་མོའོ། །པདྨའི་རིགས་ལ་རྡོ་རྗེ་དབྱངས་ལེན་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་ལྕགས་སྒྲོགས་མ་དང་། རྡོ་རྗེ་གསལ་བཀྲ་མའོ། །ལས་ཀྱི་རིགས་ལ་རྡོ་རྗེ་གར་བསྒྱུར་མ་དང་། རྡོ་རྗེ་དྲི་ཆབ་མ་དང་། རྡོ་རྗེ་དྲིལ་བུ་མ་དང་། རྡོ་རྗེ་འབེབས་མའོ། །དེའི་ཕྱི་རོལ་དུ་ཁྲོ་མོ་རྣམས་སྒོར་འགོད་པའོ། །དེ་ལྟ་བུའི་གནས་དབེན་པར་འཁོར་ཁང་ཕྱི་ནང་བར་ལྡན་དུ་བྱས་པའི་དཀྱིལ་འཁོར་འདིར་འཇུག་པར་མོས་ཤིང་དགའ་འདུད་པའི་བུ་དག །ཐབས་ཡབ་ཀྱི་སྐུ་ཕྱག་རྒྱ་མཚན་མར་ཡུམ་གྱི་ངང་དུ་སྦས་ཏེ་བདག་ཅག་བཤད་པ་ལྟར་བྲིའམ། ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་པ་ཡན་ལག་དང་ལྡན་པར་བྱས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་བསྟིམས་ཏེ། བརྟན་པར་བྱས་པའི་ཡུམ་གཟུངས་ཀྱི་སྐུ་རྣམས་ལ་བཤད་པ་ལྟར་མཉམ་པའི་ཕྱི་ནང་གསང་བའི་མཆོད་པ་ཕུལ་ལ། དགྱེས་པ་བསྐྱེད་པ་དང་། དེ་ནས་སོག་དང་ལྡན་པའི་བྲོ་སྟབས་དང་གླུ་ཚིག་བརྗོད་ཅིང་། ཡོ་བྱད་དང་དགའ་བདེས་རྣལ་འབྱོར་མ་རྣམས་ཀྱིས་ལྷ་མོར་བསྒྲུབ་པར་བྱའོ། །འོ་ན་ཐབས་ཤེས་རབ་བྲལ་བ་ལ་དགོས་པ་ཅི་ཡོད་སྙམ་པ་ལ། འདི་དག་ནི་ཐབས་ཀྱི་དཀྱིལ་འཁོར་ལ་མོས་པ་དང་། ཤེས་རབ་ཀྱི་དཀྱིལ་འཁོར་ལ་མོས་པའི་དབང་དང་། འགྲོ་བ་ཕོ་མོ་སོ་སོར་བསྒྲུབ་པའི་ཆེད་དུ་གསུངས་ཏེ་དགོངས་པ་ཅན་ཡིན་ནོ། །འོན་ཀྱང་དོན་གྱིས་ཡབ་ཡུམ་བྲལ་བ་ནི་མ་ཡིན་ཏེ། སྐབས་གཉིས་སུ་གཉིས་སྦས་པའི་ཕྱིར་རོ། །འདི་དག་ནི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་དུ་འང་རིགས་སོ། །ལས་དང་པོ་དག་ནི་སྐལ་བ་དང་སྦྱར་ཞིང་གཟུད་པའོ། །གཞན་ཡང་དུས་བཞི་མཉམ་རིགས་ན། །དུས་ཞེས་བྱ་བ་གང་ལ་རིགས། །དུས་བཞི་མཉམ་པར་རབ་ཤེས་ན། །དེ་ཉིད་མཉམ་པའི་རང་བཞིན་ནོ། །རྡོ་རྗེ་ལྷ་མོ་དུས་ཀྱི་ཚོགས། །འདས་དང་ད་ལྟར་བྱུང་བ་དང་། །མི་འབྱུང་མ་ངེས་ཆ་རྣམས་ལ། །ཞེས་པ་ལ་སོགས་པ། དུས་བཞིའི་ཚོགས་ཀྱི་དཀྱིལ་འཁོར་འཆད་པ་ནི། འཆད་པའི་དུས་བཞི་གསང་སྔགས་ཇི་བཞིན་པ་ལ་མཉམ་རིགས། དུས་བཞི་མ་འགག་བྲལ་བའི་ངོ་བོར་གང་ལ་རིག་རྟོགས་ན། དུས་བཞི་སོ་སོ་ཐ་སྙད་བརྟགས་པ་དང་བྲལ་ཞིང་དེ་ལྟར་གཟུང་བ་ག་ལ་མི་རིགས་ཏེ། དུས་བཞི་དེ་ཁོ་ན་ཉིད་དུ་རྟོགས་པ་ཁོ་ན་མཉམ་པར་ཤེས་ཐག་གཅད་པའོ། །དེ་ཉིད་མཉམ་པའི་རང་བཞིན་དེ་ལྟ་བས་ན་དུས་བཞི་རྡོ་རྗེའི་ངོ་བོར་ལྷ་མོ་བཞིར་གྱུར་པ་ནི། འགྲོ་བའི་ངོ་ལ་རྒྱུ་རྐྱེན་འབྲས་བུ་སྤྱད་ཟིན་པའི་བདག་ཉིད་འདས་པ་དང་། རྒྱུ་སྤྱད་འབྲས་བུ་མ་སྤྱད་ན་ད་ལྟར་དང་། རྒྱུ་རྐྱེན་ཚོགས་ལ་མ་སྤྱད་པ་མ་འོངས་པ་དང་། རྒྱུ་རྐྱེན་ཡོད་ཀྱང་རྐྱེན་ལ་རག་ལུས་པས་མ་ངེས་པའི་དུས་སུ་ནང་བ་རྣམས་ལ། དེ་ཉིད་རང་རིག་པས་དབང་བསྒྱུར་ནས་མཉམ་པ་ཆེན་པོའི་མཚན་ཉིད་རང་སྣང་བའི་ལྷ་མོ་དྷཱུ་པེ་དང་། པུཥྤེ་དང་། ཨཱ་ལོ་ཀེ་དང་། གནྡྷེ་དག་གོ། །འགྲོ་བའི་ངོ་ལ། དཔྱིད་དང་། དབྱར་དང་། སྟོན་དང་། དགུན་དང་བཞི་པོ་ཉིད་རིམ་པར་ལྷ་མོ་བཞི་པོར་སྣང་ངོ་། །རྡོ་རྗེ་རྣམ་ཐར་ཚད་མེད་དང་། །སེམས་དང་དེ་བཞིན་མཉམ་པ་ཡི། །ཤེས་རབ་འཁོར་དང་དམ་པའི་དཀྱིལ། །ཇི་ལྟར་རིམ་པ་རྡོ་རྗེ་ཡི། །གླུ་གར་ལ་སོགས་ཡོ་བྱད་ཀྱི། །ཞེས་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་བཞིའི་སྒོ་མོ་བཞི་དང་། ཚད་མེད་པ་བཞིའི་སྒོ་མོ་བཞི་བསྲུང་བ་དང་། སེམས་དཔའ་དང་དེ་བཞིན་གྲངས་མཉམ་པའི་སེམས་མ་དྷཱུ་པེ་ལ་སོགས་པ་ཤེས་རབ་འཁོར་བཞི་དང་། མཉམ་པའི་དབྱིངས་བརྗོད་པ་ལས་འདས་པའི་ངོ་བོ་རང་སྣང་བའི་ལཱ་སྱེ་ལ་སོགས་པ་བཞིའི་འཁོར་དང་། རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བཞི་ཉིད་དེ། དེ་ལྟ་བུའི་དཀྱིལ་འཁོར་གྱི་ཚུལ་ཇི་ལྟ་བུའི་རིམ་པར་ལས་གཞུང་བསྲང་ལ། རྡོ་རྗེ་གླུ་གར་བྱ་བ་དང་། བསྡུ་བའི་དོན་གྱིས་མཆོད་རྫས་ཡོ་བྱད་དང་ལོངས་སྤྱོད་རྣམས་ཀྱིས་ཚུལ་བཞིན་མཆོད་པ་དང་། དཀྱིལ་འཁོར་དེར་འཇུག་པའི་ཙལ་ཡང་ཇི་ལྟའི་བཤད་པ་ལྟར་ལས་ཀྱི་ཆ་རྣམས་རང་རང་སྐབས་སུ་འབྱུང་བའི་དུས་ལ་གོང་འོག་ཏུ་མི་འདའ་བར་བྱ་བའང་། དུས་ཚིགས་བཟང་པོ་གཟའ་སྐར་ཤིས་པ་རྣམས་ནི་ཤིན་ཏུ་བཀྲ་ཤིས་པས་ལྷའི་ཉི་མ་སྟེ་དེ་ལ་བྱའོ། །བདེ་བ་ཆེན་པོ་ལ་སོགས་པ། །ཚོམ་བུའམ་ཡང་ན་ཕྱག་རྒྱ་རྣམས། །སྤྱིའམ་རེ་རེར་སྦྱར་བར་བྱ། །ཞེས་པ་དབུས་ཀྱི་བདེ་བ་ཆེན་པོ་གཙོ་བོ་ཉིད་དང་སོགས་པའི་དོན་གྱིས་རིགས་བཞི་དང་ཚོམ་བུ་ལྔར་བསྒོམ་པའམ། ཡང་ན་རྣལ་འབྱོར་པས་ཕྱག་རྒྱ་རྣམས་ལྷ་སྤྱི་བསྒོམ་པའམ། རྣལ་འབྱོར་པ་རེ་རེས་སྐུ་ཕྱག་རྒྱ་རེ་རེ་བསྒོམ་པའོ། །འདིར་ཡང་རྣལ་འབྱོར་པ་དུ་ཡོད་པས་རེ་རེར་ལྷ་རེར་བསྐྱེད་དེ་ལྷ་གྲངས་དང་མཉམ་པར་སྦྱར་བྱ་བས་འཐད་དོ། །འདས་པ་རྣམ་ཐར་ཚོགས་བསྐྲུན་ཏེ། །ད་ལྟར་འབྱུང་དང་མི་འབྱུང་ལ། །ཚད་མེད་སེམས་དང་རྣམ་པར་བསྐྲུན། །དེ་ནི་མཉམ་པའི་རྒྱལ་པོར་འགྱུར། །ཞེས་པ་འདས་པ་དུས་ཀྱི་ངོ་བོ་རྣམ་ཐར་བཞིའི་ཚོགས་དང་སྦྱར་བ་དང་། ད་ལྟར་གྱི་དུས་ཚད་མེད་བཞི་དང་སྦྱར་བ་དང་། འབྱུང་བའི་དུས་སེམས་མ་བཞི་དང་སྦྱར་བའོ། །དེའང་འདས་པ་དང་རྣམ་ཐར་ངོ་བོ་ཉིད་མ་དམིགས་པའི་ཕྱིར་དང་། ད་ལྟར་དང་ཚད་མེད་ཚད་མར་དོན་བྱ་བྱེད་མངོན་སུམ་དུ་ཡོད་པའི་ཕྱིར་དང་། དོན་ཤེས་རབ་སྣང་བའི་རང་བཞིན་གྱི་མ་འོངས་པ་དང་སེམས་མ་ཕྱིར་རིམ་པར་སྦྱར་བའོ། །དེ་ལྟར་དུ་དེ་ནི་སུས་རྟོགས་པ་མཉམ་པའི་རྒྱལ་པོ་ནི་ཆོས་སྐུ་ཆེན་པོ་ཉིད་འ གྲུབ་པར་འགྱུར་རོ། །ཐབས་ཤེས་རབ་ཟུང་དུ་འབྲེལ་པ་ལ་མོས་པའི་ཆེད་དུ། ཐབས་ཀྱི་ལམ་བསྟན་པའི་ཕྱིར། གཞན་ཡང་རྣལ་འབྱོར་བྱང་ཆུབ་སེམས། །རྫོགས་པ་བཅུ་དྲུག་ཟླ་རྒྱས་ཚུལ། །སྙིང་རྗེའི་ཡེ་ཤེས་ཤར་བ་ནི། །མཁའ་ལ་ཉི་ཤར་ཚུལ་བཞིན་དུ། །དམ་པ་རྫོགས་པའི་རྣལ་འབྱོར་པ། །ཡང་དག་ངེས་པའི་ས་པ་ཡིན། །བཅུ་གསུམ་ས་ལ་བགྲོད་པ་ནི། །རྡོ་རྗེ་དུས་ཀྱི་རྒྱུན་ཚོགས་སྦྱར། །ཞེས་པ་ལ་སོགས་པ་དུས་བཞིའི་ཚོགས་ལས་མི་མཐུན་པ་ནི་ཉི་ཟླ་ཚོགས་ཀྱི་དཀྱིལ་འཁོར་འཆད་པ་སྟེ། དེ་ཡང་གང་ཞེ་ན། ཡང་དག་པའི་ལམ་ལ་གནས་པའི་རྣལ་འབྱོར་པས་བྱང་ཆུབ་སེམས་ཀྱི་འབྲས་བུ་ས་མཆོག་མཐར་ཕྱིན་པ་ཡང་། དཔེ་ཟླ་བ་ཚེས་བཅུ་དྲུག་ལ་རྒྱས་པའི་ཚུལ་དང་འདྲའོ། །དེ་ཡང་ཐབས་ཤེས་རབ་ཀྱི་ཆས་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལས། ཤེས་རབ་སེམས་མ་བཅུ་དྲུག་རྫོགས་པ་ནི་ཟླ་བ་རྒྱས་པ་ལྟ་བུའོ། །ཐུགས་རྗེའི་ཡེ་ཤེས་བཅུ་དྲུག་ཤར་བ་ནི་སེམས་དཔའ་བཅུ་དྲུག་ཏུ་ཤར་བ་མཁའ་ལ་ཉི་མ་ཤར་བ་ལྟ་བུར་དོན་མཛད་པའོ། །བྱང་ཆུབ་སེམས་རྣམ་གཉིས་གཉིས་སུ་མེད་པར་མཐར་ཕྱིན་པའི་རྣལ་འབྱོར་ནི་ཡང་དག་ངེས་པའི་སངས་རྒྱས་ཀྱི་ས་མཆོག་ལ་གནས་པའོ། །དེ་ལྟ་བུའི་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ཕྱིན་པར་བགྲོད་པ་བྱ་བའི་ཐབས་ནི། དུས་བཞིར་བར་གྱི་རྒྱུན་མ་ཆད་པར་ཚོགས་ཀྱི་དཀྱིལ་འཁོར་ལ་གནས་པར་བྱའོ། །དེའི་དཔེ་ཡང་སྐར་མ་མང་པོའི་དཀྱིལ་ན་ཟླ་བ་ཉ་གང་བར་སྣང་བའང་ཞག་བཅུ་དྲུག་གི་ཟླ་བ་ཚད་དུ་ཕྱིན་པ་རྫོགས་པ་བཞིན་ལྟར། །ས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་རྩལ་ཆེན་ལམ་གྱི་ཐབས་དང་བརྩོན་འགྲུས་ཀྱི་མཐུས་གྲུབ་པ་རྫོགས་པའི་སའང་། སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཟུང་གི་དཀྱིལ་འཁོར་བསྒོམ་པས་ཚོགས་ཀྱིས་རྫོགས་པས་ན་བསྒྲུབ་པའི་ཕྱིར། མཛེས་པའི་ཟླ་བ་ཤེས་རབ་ཀྱི་རང་བཞིན་ཡུམ་བཅུ་དྲུག་དང་། ཡེ་ཤེས་ཉི་འོད་གསལ་བའི་ངོ་བོ་སེམས་དཔའ་བཅུ་དྲུག་གི་སྐུ་ཕྱག་རྒྱ་སོ་སོ་ན་གསལ་བ་ལ། ཐབས་ཤེས་རབ་ཟུང་དུ་མཛེས་པར་གཅིག་ལ་གཅིག་ལེགས་པར་སྤྲས་པའི་སྤེལ་མར་བཞུགས་པའི་རོལ་པའི་ལོངས་སྤྱོད་ཆེན་པོའི་དགྱེས་པ་བདེ་བ་དེ། ལྷ་ཡབ་ཡུམ་བཅུ་དྲུག་གི་ཚོགས་ཀྱི་མཐར་ཕྱིན་པར་རྫོགས་པར་བསྐྲུན་བསྒྲུབ་པའོ། །རྫོགས་པ་ཉིད་ན་མི་དམིགས་པ། །དེ་བཞིན་ཉིད་དུ་སྦྱངས་པས་ན། །མཉམ་པས་སྟོང་པར་གྱུར་པ་ལ། །ཐམས་ཅད་ཆོས་སྐུར་རྫོགས་བྱང་ཆུབ། །སྡུག་བསྔལ་བྱང་ཆུབ་གཉིས་མེད་དེ། །ཞེས་པ་དག་དེ་ལྟར་ཚོགས་ཀྱི་དཀྱིལ་འཁོར་གྱི་འབྲས་བུ་མཐར་ཕྱིན་རྫོགས་པ་ཉིད་ན། དེ་ལ་ངོ་བོ་འདི་འདྲར་བསྟན་ཅིང་མི་དམིགས་པ་བསམ་དུ་མེད་པས་གཉིས་པའི་ཐ་སྙད་བྲལ་བའི་བྱང་ཆུབ་སེམས་དེ་བཞིན་ཉིད་དུ་མ་བཅོས་པའི་ངང་དུ་དག་པའི་ཕྱིར་སྦྱངས་པས་ན། མཉམ་པར་མཐའ་རིལ་སྟོང་པ་ཆེན་པོར་གྱུར་པ་གསལ་བ་དངོས་པོ་ཐམས་ཅད་རིལ་ཡང་ཆོས་ཀྱི་སྐུ་ཆེན་པོའི་ངོ་བོར་རྫོགས་བྱང་ཆུབ་བྱང་ཐེབས་པས། དེ་ལྟ་བུའི་ངང་ལ་བདེ་སྡུག་རིས་སུ་བཙལ་གྱིས་མི་རྙེད་པའི་གཉིས་མེད་དོན་དེ་རྟོགས་ཤིང་གྲུབ་པར་བྱ་ན། ཐེག་པ་ཆེན་པོ་རྨད་བྱུང་གཉིས་སུ་མེད་པའི་དོན་བློ་ལ་སེམས་བསྐྱེད་གསལ་བར་བྱ་ཞིང་། ཐབས་ཤེས་རབ་ཀྱི་སྤྱོད་པ་ལས་ཆེན་སྤྱད་ཚུལ་བཞིན་བྱ་བ་དང་། དེ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆ་ཙམ་ཕྲ་མོ་ཤར་བའི་ཉམས་དྲོད་ཟིན་ནས་སྐྱེད་དུ་འགྱུར་བས་ཆེད་དུ་དམ་པར་སྤྱད་ན། མཇུག་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཉི་མ་རང་འཆར་རོ། །དང་དུ་མ་བླངས་པའི་སྐྱོན་བསྟན་པའི་ཕྱིར། དུས་འདི་རྒྱུན་གྱི་བར་ཆད་ན། །བསྙེན་པ་དག་གིས་བཟློག་པ་དཀའ། མཇུག་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཉི་མ་རང་འཆར་རོ། །དང་དུ་མ་བླངས་པའི་སྐྱོན་བསྟན་པའི་ཕྱིར། དུས་འདི་རྒྱུན་གྱི་བར་ཆད་ན། །བསྙེན་པ་དག་གིས་བཟློག་པ་དཀའ། །ཞེས་པ་ལ་སོགས་པ་དུས་ཀྱི་རྒྱུན་དུ་ཚོགས་ཀྱི་དཀྱིལ་འཁོར་བར་མི་གཅད་པར་བྱ་རྒྱུ་ལས་གལ་ཏེ་བར་ཆད་ཀྱི་དབང་དུ་གྱུར་ན། འདི་ལ་བསྙེན་པ་དང་ཉེ་བསྙེན་ཙམ་བྱས་པས་བཟློག་པར་དཀའ་མི་སྐོངས་སོ། །དེ་བས་ན་བར་ཆད་ལེ་ལོ་དང་རྐྱེན་དབང་གིས་བྱུང་ན། སླར་བསྐངས་གསོ་བ་དང་གསོར་གཞུག་པའི་ལས་ཆེན་པོ་བྱ་བ རྩམས་པ་ནི་བསྐང་བའི་མཆོག་གོ། །མཁའ་ལ་ཟླ་གསལ་གྲྭ་རྒྱས་བཞིན། །ཞེས་པ་ལ་སོགས་པ་དཔེར་ན་ནམ་མཁའ་ལ་ཟླ་བ་འོད་གསལ་ཞིང་རྒྱས་པ་ལྟར། ས་ལ་རྣལ་འབྱོར་པ་ཡབ་ཡུམ་གྲྭ་རྒྱས་པར་སྤྱད་པའོ། །གང་འདི་རྣལ་འབྱོར་པ་གྲྭ་རྒྱས་པར་འདོད་ན། བསོད་ནམས་ཀྱི་དཔུང་ཆེན་པོ་བསྐྱེད་པ་དང་། དགེ་བ་རྒྱ་ཆེན་པོ་འགྲོ་བ་དང་ཐུན་མོང་དུ་བྱས་ཏེ་བྱང་ཆུབ་ཆེན་པོར་བསྔོ་བའི་ལས་བྱའོ། །དེའི་འབྲས་བུ་ནི། ཐོག་མར་ཉི་ཟླ་ཞོན་པའི་རིག་འཛིན་ཏེ་ཕྱག་རྒྱ་ཆེན་པོའི་ས་ཐོབ་སྟེ། དེ་ཕྱིན་ཆད་བདེ་བ་ཆེན་པོ་བཅུ་གསུམ་ཡི་གེ་འཁོར་ལོའི་ས་མཆོག་གྲུབ་པ་ལས་མི་ལྡོག་པའོ། །གཞན་ཡང་རྒྱུན་དུ་བྱ་བ་ནི། །ཆོས་ཀུན་རྒྱལ་བའི་རང་བཞིན་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་སུ་སྣང་། །སྐུ་དང་གསུང་ཐུགས་ཕྱག་རྒྱ་དག །ཅེས་པ་ལ་སོགས་པ་གཞན་ཡང་ཉི་ཟླའི་ཚོགས་ལས་མི་མཐུན་པ་ཡི་གེ་ཚོགས་ཀྱི་དཀྱིལ་འཁོར་འཆང་བ་སྟེ། དེ་ཡང་དུས་བཞིར་བར་མི་གཅད་པར་བྱ་རྒྱུན་དུ་བའི་ཐབས་གང་ཞེ་ན། དངོས་པོ་གཉིས་པའི་ཆོས་རྣམས་ཀུན་གྱི་རང་བཞིན་ཡེ་ནས་སངས་རྒྱས་པའི་རྒྱལ་བའི་རང་བཞིན་ཏེ་ངོ་བོ་ཉིད་དོ། །རྒྱལ་བའི་སངས་རྒྱས་ཀྱི་ངོ་བོ་སྐུ་གསུང་ཐུགས་གསུམ་དུ་སྣང་། དེའི་ཀཱ་ཝ་ཙིའི་ཕྱག་རྒྱ་དང་ཡོན་ཏན་ཡི་གེའི་རང་བཞིན་ཕྲེང་བ་ལ་འདུས་པའི་ཉིད་ལ་རྫོགས་ཕྱིར། དེ་ལྟར་ཐག་ཆོད་ནས་ཡི་གེ་གསུང་ཕྱག་རྒྱའི་ཡེ་ཤེས་རྣམས་ལམ་པས་རྒྱུན་དུ་བསྒོམ་པར་བྱའོ། །དེ་ལྟར་འབད་དེས་ནི་པས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་ནི་ཡོན་ཏན་ནོ། །རྒྱུན་གྱི་རྒྱུན་དུ་མི་གཅད་པ། །རྡོ་རྗེ་ནམ་དང་ཉི་ཚོད་ལ། །ཡི་གེའི་ཚོགས་བསྐྱེད་རྫོགས་སྦྱར་ལ། །ཞེས་པ་ལ་སོགས་པ་འདི་རྒྱུན་གྱི་རྒྱུན་དུ་ཉམས་སུ་བླང་བའི་ཐབས་ནི། རྡོ་རྗེ་ཐེག་པའི་ལུགས་ཀྱི་དངོས་པོ་ཐམས་ཅད་རང་རིག་པའི་ཡེ་ཤེས་པས་ནམ་དང་ཉི་མའང་རྡོ་རྗེ་སྟེ། དེ་དག་ནི་དུས་ཚོད་ལ་བསམ་པས་ཡི་གེའི་ཚོགས་བསྒོམས་པ་ལས་ལྷར་བསྐྱེད་ཅིང་ཡི་གེའི་འཕྲོ་འདུ་ལས་རྫོགས་པ་བསམ་པས་སྦྱར་རོ། །དེ་ལྟ་བུའི་དཀྱིལ་འཁོར་དྲངས་ལ་བསྟིམ་བརྟན་པ་ལ་མཆོད་པ་བཤམ་པ་བཞིན་ནོ། །དེ་ལ་བཟླས་བརྗོད་བསྙེན་པ་དང་བཅས་པའི་ལས་ལ་འབད་པའང་བཤད་པ་དེ་བཞིན་ནོ་དུ་བྱའོ། །འོ་ན་ཡི་གེ་ལ་ལྷར་བསྐྱེད་པའི་འཕྲོ་འདུ་བཤད་པ་ལའང་ཡོད་ན། འདི་ཁོ་ན་ལས་ཁྱད་པར་དུ་གདགས་པ་ཅི་ཞེས་ན། འདིར་ཡི་གེ་གཙོར་བྱེད་པའི་སྒོ་ནས་མི་འགལ་ཏེ། གཞན་དག་ནི་ལྷ་གཙོར་བྱེད་ཅིང་ཡི་གེ་ཡན་ལག་ཏུ་བྱེད་པའི་ཕྱིར་རོ། །འདི་ནི་དོན་དམ་ཉེ་བའི་ལམ། །དམ་པ་བསྐྱུར་བར་དེ་འགྱུར་རོ། །འདི་ནི་རྒྱུན་གྱི་རྒྱུན་ཚོགས་དེས། །ཞེས་པ་དག་ཡི་གེའི་ཚོགས་ཀྱི་དཀྱིལ་འཁོར་འདི་ནི་དོན་དམ་འབྲས་བུ་ཁྱད་པར་ཉེ་ལམ་དམ་པར་གྱུར་པས་འདི་ལ་འབད་ན་མྱུར་བར་འགྲུབ་པའི་དོན་ཏོ་དེ་འགྱུར་རོ། །དེ་བས་ན་ཡི་གེ་རྒྱུན་གྱི་ཏིང་ངེ་འཛིན་གྱིས་ཚོགས་རྒྱུན་དུ་བར་མ་གཅད་པར་དེས་འབད་པས་འབྲས་བུ་རིགས་འཛིན་ལས་ཀྱང་ཁྱད་པར་གྱུར་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཆོག་མཐར་ཐུག་པ་ཉིད་ཐེ་ཚོམ་མེད་པའོ། །གཞན་ཡང་རྡོ་རྗེ་དྲྭ་བའི་དབྱིངས། །ཐུགས་ཀྱི་གསང་ཆེན་གསང་བ་འདི། །རྡོ་རྗེ་རྡོ་རྗེ་ཡིན་པས་ན། །རྡོ་རྗེ་དབང་ཡུལ་འབྲེལ་པས་ནི། །ཞེས་པ་ལ་སོགས་པ་གཞན་ཡང་སྔ་མ་ལས་མི་མཐུན་པ་རྡོ་རྗེ་དྲྭ་བའི་དབྱིངས་སུ་འབྲེལ་བའི་ཚོགས་ཡོན་ཏན་དང་དངོས་གྲུབ་ཀྱི་དབྱིངས་འབྱུང་གནས་ཐུགས་ཀྱི་གསང་ཆེན་གསང་བའི་དགོངས་པའི་བརྣག་པའི་དོན་འཆད་པ་ནི་བཤད་པའི་དོན་ཉིད་ལས་འགྲེལ་ཏེ། རྡོ་རྗེ་བརྗོད་པ་ནི་འདིར་གསང་བའི་རྡོ་རྗེ་ཡིན་པས། ཐབས་ཀྱི་གསང་བའི་རྡོ་རྗེའི་དབང་པོ་དང་། ཤེས་རབ་གསང་བའི་ཡུམ་པདྨ་དབྱེར་མེད་པར་གྱུར་པ་ནི་དྲྭ་བའི་དོན་ཏོ། །དེ་ལས་ཐུན་མོང་མཆོག་གི་དངོས་གྲུབ་འཆར་བས་བཤད་པའི་མིང་ངེས་པར་འགྲུབ་པར་འགྱུར་རོ། །དེ་དག་ཀྱང་ཐབས་ཤེས་ཀྱི་ལྷ་དངོས་གང་ཞེ་ན། ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པའི་ཡུམ་ཉི་ཤུ་རྩ་ལྔ་དང་། རྡོ་རྗེ་འཛིན་སེམས་དཔའ་ལ་སོགས་པ་ཡབ་ཉི་ཤུ་རྩ་ལྔ་དང་། ཐབས་ཤེས་རབ་ཏུ་འཁྲིལ་བ་བཤད་པ་བཞིན་བཞུགས་པའོ། །དེ་ལྟ་བུ་རྣམས་ཀྱང་ཚོགས་ཀྱི་དུས་སུ་གཟུགས་བརྙན་གྱི་དཀྱིལ་འཁོར་དངོས་སུ་བཞེངས་སུ་གསོལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམས། རང་བཞིན་དཀྱིལ་འཁོར་སྤྱན་དྲངས་པའི་ལས་ཇི་ལྟར་རིམ་པར་བཞིན་བྱས་ན། རང་གི་ལས་དང་དངོས་གྲུབ་བསམ་པ་ཇི་ལྟར་འདོད་པ་དེ་ལྟར་ནི་གང་ལྟར་མོས་པ་ལྟར་འགྲུབ་པའི་ཚུལ་ནི་དཔེར་ནོར་བུ་ནི་རིན་པོ་ཆེའམ། འདོད་པའི་འཕྲུལ་དགའ་ལྟ་བུར་བདག་གི་རེ་བ་ཇི་སྙེད་པའང་འབྱུང་བས་ལྷ་དང་མཉམ་ཞིང་རྒྱས་པའི་ཡོན་ཏན་ཇི་ལྟ་བ་བདག་འགྱུར་ཏེ། གོ་འཕང་མཆོག་ཉིད་འགྲུབ་པར་བཀའ་ལས་གསུངས་བཤད་པའོ། །གཞན་ཡང་གང་དུ་འབྲེལ་བ་ཡིས། །གསང་ཆེན་དམ་པའི་དཀྱིལ་འཁོར་ནི། །ཆོས་རྣམས་ཀུན་གྱི་རང་བཞིན་འདི། །ཕན་ཚུན་དྲྭ་བས་འབྲེལ་བ་ལ། །ཞེས་པ་ལ་སོགས་པ་གཞན་ཡང་བཤད་པའི་དོན་ཉིད་མི་མཐུན་པའི་བྱེ་བྲག་སྟོན་པ་ནི། གནས་གང་དུ་ཐབས་ཤེས་རབ་གཉིས་སུ་མེད་པར་འབྲེལ་བའི་ཚོགས་ཀྱི་དོན་གསང་བའི་མཆོག་གཉིས་སུ་མེད་པ འི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཐ་དད་དུ་སྣང་བ་རྣམས་རིལ་ངོ་བོ་ཉིད་སེམས་ཇི་བཞིན་པའི་ངོ་བོར་ཀུན་གྱི་རང་བཞིན་འདི་གཅིག་པས་དབྱེར་མེད་པའི་ངོ་བོ་ལ། མཐའ་གཉིས་མེད་པ་སྟོང་ཉིད་ནི་ནམ་མཁའ་ལྟ་བུའི་ངོ་བོ་ཐམས་ཅད་ཀྱི་གཞིར་གྱུར་པས། སྤྲུལ་ཚོགས་བྱེ་བ་ཇི་སྙེད་པར་རིག་པ་རང་སྣང་ཡང་ངོ་བོ་ཐ་དད་པ་མེད་པ་སྟེ། ཆོས་སྐུ་ཆེན་པོར་གཅིག་པ་ནི་ཐབས་ཤེས་རབ་གཉིས་མེད་དབྱེར་མེད་པའི་དོན་ཏེ། དཔེ་དྲྭ་བ་དང་འདྲ་བར་ཚུལ་དུ་འབྲེལ་ཐག་གཅོད་དོ། །རྣལ་འབྱོར་ཆེན་པོའི་ཡུལ་ཉིད་དེ། །རྩལ་དང་ལྡན་པའི་གསང་སྒོ་བ། །ཞེས་པ་ལ་སོགས་པ་དེ་ལྟ་བུའི་དོན་ནི་རྣལ་འབྱོར་པ་བློ་མཆོག་དང་ལྡན་པའི་སྤྱོད་ཡུལ་ཡིན་པས། ཤེས་རབ་ཀྱི་རྩལ་དང་ལྡན་པའི་སློབ་མ་གསང་སྒོར་ཞུགས་པ་དེ་ལ་མན་ངག་གསང་བའི་དོན་སྦྱིན་པར་བྱའོ། །སྐལ་ཅན་ལ་བྱིན་ན་རྟགས་ནི། གསང་བའི་སྒོར་འདིར་རིགས་ངེས་པ་ཆུད་པའི་མི་ལྡོག་པའི་བུ་དག་ཤེས་རབ་བློ་གྲོས་ཆེན་པོ་ཐབས་ལྡན་པས་མན་ངག་ཏུ་ལྡན་པའི་རྒྱུས། ཐེག་པ་མཆོག་གི་དགོངས་སྤྱོད་ཟབ་མོ་བླངས་ཆས་པ་ལ་མི་སྐྲག་སྔངས་པར་སླར་དད་ཅིང་མོས་པ་དང་། འདུན་པའི་དགའ་བ་སྐྱེས་ཏེ་ངོ་མཚར་སྐྱེས་ཆོས་ལ་བཟོད་པ་ཐོབ་པར་འགྱུར་པའོ། །གསང་ཆེན་གསང་བའི་དཀྱིལ་འཁོར་འདི། །ཞེས་པ་ལ་སོགས་པ་འབྲེལ་བའི་དཀྱིལ་འཁོར་གྱི་ངོ་བོ་གསང་བ་མཆོག་ཏུ་གྱུར་པའི་དལ་འདི་དོན་ཉེ་བར་བཟུང་བ་ནི། གཙོ་བོ་རྒྱལ་པོ་རིགས་ལྔ་ཡབ་ཡུམ་རྒྱལ་མོ་བཅུ་ཐབས་ཤེས་རབ་འཁྲིལ་བའི་ཚུལ་དུ་བཞུགས་བཅས་པའང་། ལྔ་གཉིས་ཟུང་དུ་གཙོ་བོ་གཡས་ཡུམ་previous hit གཡོནདུ next hit་བཞུགས་ནས་ཡབ་ཀྱིས་འཁྲིལ་ཞིང་ཡུམ་གྱིས་འཁྱུད་ནས་སྦྱོར་བའི་སྐྱིལ་ཀྲུང་དུ་བཞུགས་པའོ། །གཡས་ཉིད་བྱང་ཆུབ་རྡོ་རྗེ་དང་། །རང་རང་མཚན་མ་འབར་བའོ། །ཞེས་པ་ལ་སོགས་པ་ཡབ་རྣམས་ཀྱི་གཡས་ན་མི་བསྐྱོད་པ་ཉིད་ཀྱི་ཐུགས་མཚན་རྡོ་རྗེའོ། །རང་རང་མཚན་མ་སྣང་མཛད་འཁོར་ལོ་དང་། རིན་ཆེན་འབྱུང་ལྡན་རིན་པོ་ཆེ་འབར་བ་དང་། སྣང་བ་མཐའ་ཡས་པདྨ་དང་། དོན་ཡོད་གྲུབ་པ་རལ་གྲིའོ། །གཡོན་ཀུན་དྲིལ་བུའོ། །ཡུམ་རྣམས་ཀྱང་རྟགས་ཀྱིས་དྲིལ་བུ་བསྣམས་ཏེ། ཐུགས་ཀྱི་རང་རྟགས་ཕྱག་རྒྱས་མཛེས་པར་བརྒྱན་པའི་སྐུ་དེ་དག་previous hit གཡོནདུ ་འབྱོ་ཞིང་གཡས་སུ་འདུད་པའི་གཟི་མདངས་ཅན་གྱིས་ཡབ་ཡུམ་གཅིག་ལ་གཅིག་ཆགས་པ་ཆེན་པོའི་དགོངས་པ་གཡོ་བའི་ལྡང་བའི་ཚུལ་ཉིད་གྱིས། རྡོ་རྗེའི་རིགས་སེང་གེའི་གདན་དང་། བདེ་གཤེགས་རིགས་ཁྱུ་མཆོག་གི་གདན་དང་། རིན་ཆེན་རིགས་རྟའི་གདན་དང་། པདྨའི་རིགས་ཁྱུང་གི་གདན་དང་། ལས་ཀྱི་རིགས་ཤང་ཤང་ཏེའུའི་གདན་ལ་བཞུགས་པ་སྟེ། གདན་རེ་རེའང་ལྔ་བརྩེག་གོ། །སེམས་ཅན་གྱི་གདན་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་དམན་པའི་ལུས་སུ་བྱུང་བ་སྟེ། གུས་པས་ལུས་ཕུལ་བ་བཤད་པ་ཉིད་དོ། །བཞུགས་ཚུལ་ནི་རྫོགས་པའི་སྐྱིལ་མོ་ཀྲུང་གིས་འགྱིང་བག་གིས་བཞུགས་སོ། །འོད་ཟེར་ཁ་དོག་ནི་སྐུ་རེ་རེ་ལས་ལྔ་ལྔ་འབར་ཏེ། ཡེ་ཤེས་རྒྱ་མ་ཆད་པར་རྫོགས་པའི་དོན་ཏོ། །བཅུ་གསུམ་ཆ་ལུགས་སྒེག་པ་རྣམས། །ཞེས་པ་མཚན་དཔེས་བརྒྱན་པའི་སྐུ་མཆོག་ལ། དབུ་རྒྱན་ལ་སོགས་པའི་རྒྱན་བཅུ་གསུམ་སྔར་བཤད་པ་བཞིན་ནོ། །རྣམས་མང་པོའི་སྒྲས་སེམས་དཔའ་དང་སེམས་མ་དང་། སྒོ་བ་ཡབ་ཡུམ་ཡང་རྒྱན་དང་འཁྲིལ་ལུགས་འདུད་འབྱོ་རྗེས་སུ་མཐུན་ནོ། །རིམ་གྱིས་སམ་ནི་གཅིག་ཆར་བསྐྱེད། །གང་འདིར་འདོད་ཁམས་ཆགས་ཞེན་པའི། །ཞེས་པ་ལ་སོགས་པ་བསྐྱེད་པའི་ཚུལ་ནི་བདག་ཉིད་ས་མཐོ་དམན་དང་། སྔར་གོམས་མ་གོམས་ཀྱི་སྐད་ཅིག་མ་དང་། རིམ་པ་གང་འཚམས་སུ་བསྐྱེད་པའོ། །དེའི་དགོངས་པ་ནི། གང་འདོད་པའི་ཁམས་ལ་ཆགས་ཞེན་པའི་འཁྲིགས་པ་དང་། འདོད་ཡོན་སྤྱི་ལ་འདོད་ཅིང་གཏོང་མི་ཕོད་པ་དག་གིས་དབང་པོའི་ཤེས་རབ་ཀྱི་རིམ་པ་དང་སྦྱར་ནས་གདུལ་ཕྱིར་སྦྱར་བར་བྱ་བརྩམ་པའོ། །དེས་ན་གཟུགས་དང་གཟུགས་མེད་པའི་ཁམས་པའི་ཆེད་དུ་ནི་ཡབ་ཡུམ་འབྲེལ་བའི་དཀྱིལ་འཁོར་བསྟན་པ་མི་དམིགས་མེད་པའོ། །གཡས་ཉིད་ཚོགས་ཀྱི་འཁོར་རྣམས་ཀྱང་། །གནས་གྱུར་པ་ཡི་རང་བཞིན་གྱིས། །ཕྱག་རྒྱ་རྒྱལ་པོ་རྒྱལ་མོར་བཅས། །བརྒྱད་གཉིས་ཟུང་སྒྲིལ་འཁྲིལ་འཁྱུད་སྦྱོར། །ཞེས་པ་ལ་སོགས་པ་ཡོ་ག་ཕྱི་པའི་ཡུལ་མ་ཡིན་པའི་གསང་ཉིད་ཚོགས་ཀྱི་དཀྱིལ་འཁོར་གྱི་ལྷ་དེ་དག་ཀྱང་། གཞན་ཞིག་ནས་རང་རྒྱུད་པ་མ་ཡིན་ཏེ། བདག་ཅག་གི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ཀྱི་ངོ་བོ་ཉིད་མ་བསླད་པར་བཤད་པའི་ལྷ་རྣམས་ཀྱི་ངོ་བོར་ཡེ་ནས་གནས་པ་ཉིད་མངོན་དུ་བྱས་པའི་མཚན་ཉིད་ལྷར་རང་བཞིན་གྱིས་ཕྱག་རྒྱ་གསལ་བར་བསྐྱེད་པ་ནི། དངོས་རིགས་ལྔ་གཙོ་བོ་རྒྱལ་པོ་རྒྱལ་མོ་ཡབ་ཡུམ་དང་། སེམས་དཔའ་དང་སེམས་མ་བརྒྱད་ཕྲག་གཉིས་ཡབ་ཡུམ་དུ་བཞུགས་པའང་། ཐབས་ཤེས་རབ་ཟུང་སྒྲིལ་སྦྱོར་འཁྲིལ་དུ་བཞུགས་པ་འཁྱུད་སྦྱོར་དང་། དེ་དངོས་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་དང་། སྒྲིབ་པ་སེལ་བ་དང་། ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་བརྒྱད་དོ། །ནང་གི་ཡོ་བྱད་མཉེས་བྱེད་ལཱ་སྱེ་དང་། མཱ་ལྱེ་དང་། གཱིརྟི་དང་། ནཱིརྟི་མའོ། །ཕྱིའི་མཉེས་བྱེད་དྷཱུ་པེ་ཡོ་བྱད་ལ་སོགས་པའི་སེམས་མ་བཞི་གཉིས་བརྒྱད་ཀྱིས་དགྱེས་པར་མཉེས་སྦྱོར་འཁྲིལ་པར་བསྒོམ་པའང་བསམ་བྱ་བ་སོགས་གཙོ་བོ་དེ་བཞིན་ནོ། །བདུད་འདུལ་རྡོ་རྗེ་སྒོ་བ་སྟོབས་ཆེན་དང་། གཤིན་རྗེ་གཤེད་དང་རྟ་མཆོག་དང་། བདུད་རྩི་འཁྱིལ་བ་སྒོ་མ་རྡོ་རྗེ་བཞི་དང་དགྱེས་པར་འཁྲིལ་བ་ནི། གསང་བའི་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་ཏེ། དེ་དག་རྣལ་འབྱོར་སྐལ་ལྡན་མི་ཚོགས་ཉིད་ལོངས་སྤྱོད་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཆེན་པོ་དང་ལྡན་སྦྱར་བས་མཆོད་པ་ཆེན་པོ་སྦྱར་ནས། སྐུ་གསུང་ཐུགས་དགྱེས་པ་བསྐྱེད་པའི་མཉེས་ནས་སྦྱངས་ཕྱིར་ཆེད་དུ། མཆོད་པ་གསུམ་གོ་རིམ་བཞིན་དུ་དབུལ་བར་བྱའོ། །གསང་བའི་འཇུག་ཚུལ་ལ་སོགས་ཀྱིས། །གསང་བའི་དོན་རྣམས་བསྒྲུབ་པར་བྱ། །ཞེས་པ་ཚོགས་འདི་དག་གི་དུས་སུ་ཐབས་ཤེས་རབ་ཀྱི་གསང་རོལ་པ་ལ་འཇུག་པ་དང་། བསྡུ་བའི་དོན་གྱིས་བྲོ་བརྡུང་གླུ་བླང་བ་དང་། བཟའ་བཏུང་གི་ཚོགས་ལ་ལོངས་སྤྱོད་པ་དང་། རྒྱན་དང་བྱུག་པ་བྱ་བ་དག་དང་། སྒྲོལ་བ་བྱ་བ་དག་དང་། དེ་ལྟ་བུ་ཡོན་ཏན་གྱི་ལོངས་སྤྱོད་པར་བྱ་བ་རིལ་ལོ། །དེ་དག་གི་གསང་བའི་གོ་འཕང་མཆོག་དང་ཐུན་མོང་དུ་བཅས་པའི་ཡོན་ཏན་དོན་རྣམས་བསྒྲུབ་པར་བྱ་བའོ། །འཇུག་སྒོ་སྤྱོད་དང་ལྟ་བ་མཐུན། །ཐམས་ཅད་གཅིག་པར་གྱུར་པ་ཡི། །རྒྱུ་དང་རྐྱེན་ལྡན་ཕུན་སུམ་ཚོགས། །མཛའ་འཕྲོད་རྐྱེན་དང་དགྱེས་འབྱོར་ལྡན། །ལྷ་དང་རྣལ་འབྱོར་རིག་འཛིན་རིལ། །ཞེས་པ་དག་བཤད་པའི་ཚོགས་ཀྱི་དཀྱིལ་འཁོར་དེ་དག་ཀྱང་། རྣལ་འབྱོར་པ་དང་པོར་འཇུག་པའི་སྒོ་དང་། སྤྱོད་པ་དང་ལྟ་བ་ནི་གཅིག་སྟེ་ཐ་དད་པ་མེད་དོ། །སྐབས་ཀྱི་ཏིང་ངེ་འཛིན་གྱིས་ཕྱེ་བར་མཇལ་ཏོ། །ཚོགས་ཀྱི་ཏིང་ངེ་འཛིན་ནི། དེ་ལྟར་འཇུག་སྒོ་སྤྱོད་པ་ལྟ་བ་གསུམ་པོ་རིལ་གཅིག་པར་སྐབས་དེ་ཉིད་ཀྱི་རྒྱུ་དང་རྐྱེན་རྣམས་འཛོམ་པར་ལྡན་པའི་ཕྱིར་ཏེ། དེ་ཁོ་ན་གང་ཞེ་ན། སྐལ་ལྡན་མིའི་ཚོགས་ནང་མཛའ་ཞིང་མཐུན་པ་དང་། རྐྱེན་དམ་རྫས་ལྔ་དང་། འདོད་ཡོན་ལྔའི་ཆ་རྐྱེན་དང་། དགྱེས་སྦྱོར་ཡབ་ཡུམ་འཚམས་པར་འདོད་པ་དང་། དོན་གྱི་དགོངས་པ་རིལ་ཚང་བའོ། །དེ་གང་གི་ཡུལ་ཞེ་ན། སྐབས་འདིར་དགའ་ལྡན་ལྷའི་ཚོགས་དང་། གདུང་འཚོབ་པའི་ས་ལ་གནས་པའི་རིག་འཛིན་དག་དང་། བསྒྲུབ་པ་རྣལ་འབྱོར་ཕོ་མོ་རིལ་ཚངས་ཤིང་འདུས་པས་མཚན་ངེས་པར་འགྲུབ་སྟེ། དེ་དག་དང་ལྡན་པའི་སྒྲུབ་པ་པོའི་འདི་སྤྱད་ཡུལ་ལོ། །དུས་ནི་སྐད་ཅིག་ཡུད་ཙམ་ཐང་ཞིག་གམ། །ཡུད་ཙམ་ཉིན་ཞག་ཟླ་བའམ། །ལྷ་ཡི་ཉི་མ་བཀྲ་ཤིས་ཀྱི། །དུས་ལ་བབ་པའི་དུས་ཆེན་དག །བྱིན་གྱིས་བརླབས་པའི་དུས་ཆེན་ཡིན། །ཞེས་པ་འདི་དག་དུས་རིང་པོ་ལོ་ཟླ་ནི་ཡོ་བྱད་དང་སྦྱར་ནས་སྤྱིར་གནས་པའི་དུས་སོ། །དུས་ཐུང་ངུ་རྣམས་ནི་ཐབས་དང་ཤེས་རབ་ཀྱི་དགྱེས་པ་སྤྱད་པ་ལ་སོགས་པའི་དུས་ཁོ་ནའོ། །དེ་དག་ལ་མདོར་གནས་དང་། དུས་དང་། ཡོ་བྱད་དང་། དཀྱིལ་འཁོར་ལ་སོགས་པ་གཅིག་ལའང་ཀུན་ལྡན་པར་སྦྱར་ཏོ། །ལམ་གྱི་གོ་རིམ་ཇི་ལྟ་བུ་ཞེ་ན། ཇི་ལྟར་འབྱོར་པའི་ཡོ་བྱད་རྣམས། །དག་དང་མ་དག་ཁྱད་པར་གྱིས། །གཙང་མ་ཁ་ཟས་ལ་སོགས་པ། །རྣམ་རྟོག་འཇོམས་པའི་བདུད་རྩི་རྣམས། །ཞེས་པ་ལ་སོགས་པ་དང་པོ་ཁོ་ནར་གཞུང་དང་མཐུན་པའི་གནས་བཀྲ་ཤིས་ཤིང་ཡོན་ཏན་དང་ལྡན་པ་བཙལ་ལ། དེར་བསྒྲུབ་པོ་ཕོ་མོ་རྣམས་ཀྱིས་འབྱོར་པའི་ཡོ་བྱད་རྣམས་བསོག །དེར་ཡོ་བྱད་གཙང་མི་གཙང་ཕྱེ་ལ་ཆ་གསུམ་ཕྱི་རོལ་དུ་གཏང་སྟེ། འཕགས་པ་དང་མགོན་པོ་དང་འབྱུང་པོ་མཆོད་ལ། མགོན་པོ་ཚིམ་ནས་བསྒོ་བ་བྱས་ལ་ཕྱི་མཚམས་གཅད་པར་བྱའོ། །བདག་དང་གཞན་དང་གཉིས་ཀ་དང་། །ཆོས་ཀྱི་དོན་དུ་མི་འགྱུར་བའི། །ཞེས་པ་ལ་སོགས་པ་དྲངས་ནས་བཤད་པའི་དགོས་དོན་བཞི་ནི་འདི་ལྟ་སྟེ། གང་བདག་ལ་གནོད་པ་དང་། དེ་བཞིན་དུ་གཞན་དང་། གཉིས་ཀ་དང་། ཆོས་ལ་གནོད་པ་བཞི་ནི་དོན་དུ་མི་འགྱུར་བས་སྐྱོན་ཏེ། ཚོགས་ཀྱི་དུས་སུའང་དེ་དག་མེད་པར་སྐྱོན་བཞི་ལས་བཟློག་པའི་དོན་དུ་འགྱུར་བ་བཞི་དཔྱད་པའང་། དེ་ལྟར་བྱ་བ་ནི་མགོ་མཇུག་ཏུའོ། །དེ་ནས་རྣལ་འབྱོར་པ་རྣམས་བླ་མ་སྙིང་ལྟ་བུར་བསམ་པ་དང་། མཆེད་མིག་གི་འབྲས་བུ་ལྟར་བསམས་ཏེ། གདུང་སེམས་དང་ལྡན་པས་ནང་དུ་འདུས་ཏེ། བར་མཚམས་བཅད་པ་ནས་ལས་གཞུང་ཞི་བའི་དཀྱིལ་འཁོར་ཆེ་འབྲིང་བསྲང་ལ་ཚོགས་རོལ་པ་དང་། འཁོར་ཁང་ཕྱི་ནང་བར་ལྡན་དུ་གློ་བློར་རོལ་པ་སྤྱད་པ་དང་། སྐྱོ་བའི་ཚེ་བྲོ་བརྡུང་གླུ་བླང་བ་ལ་སོགས་པ་བྱའོ། །དགོས་ཆེད་བསྟན་པའི་ཕྱིར། ལྷ་རྣམས་མཉེས་པར་བྱ་བ་དག །ཅེས་པ་དགོས་པ་བཞི་སྒྲ་བཞིན་ནོ། །རོའི་སྔོན་དུའང་བྱ་བའོ། །འདི་དག་བློ་ཆུང་གསར་ཞུགས་པའི། །ཞེས་པའི་དགོས་པ་སྟོན་ཏེ། དང་པོའི་རྣལ་འབྱོར་དག་བྲོད་པ་བསྐྱེད་པ་དང་། ཚོགས་བསགས་པ་དང་། རྣལ་འབྱོར་ནར་སོན་པས་གོང་མ་བདལ་བ་ཆོས་ཉིད་ཀྱི་ས་ལ་སྦྱོར་བའི་ཕྱིར་རོ། །རྫས་དང་ཡོ་བྱད་ཐམས་ཅད་ཀྱང་། །ཅིས་འདུལ་དེ་ལྟར་རྩལ་དང་སྦྱར། །ཞེས་པ་རྐྱེན་ལོངས་སྤྱོད་དང་། མཆོད་རྫས་དག་ཡོ་བྱད་ཀྱང་ལས་དང་པོ་ཅིས་འདུལ་བ་གང་ལ་མོས་པ་ཁོ་དག་གི་ཤེས་རབ་ཀྱི་རིམ་པ་དང་། འགྲུབ་སྟོབས་རྩལ་དང་སྦྱར་ལ་བཤད་པའོ། །ལས་གྲུབ་པའི་ཚུལ་བསྟུན་པའི་ཕྱིར། དེས་ན་ལས་འདི་ཁྱད་པར་ཡང་། །ཚོགས་ལ་ཚོགས་བསྐྱེད་སྒྲིབ་སྦྱངས་ཏེ། །བསྙེན་པ་དག་ལ་གོམས་བྱས་ནས། །བསྒྲུབ་པས་འབྲས་བུ་མཐར་ཕྱིན་པའོ། །ཞེས་པ་ཡོ་བྱད་ཚོགས་ནས་ཚོགས་ཀྱི་ཕྲིན་ལས་ཀྱི་བྱེ་བྲག་གི་རིམ་པའང་འདི་ཁྱད་པར་ཡང་། དང་པོ་ཚོགས་བསྒྲུབ་པ་ལ་བརྟེན་ནས་སྔོན་དུ་ཚོགས་ཀྱི་དཔུང་བསྐྱེད་སྒྲིབ་པ་སྦྱོང་བས་ས་དང་པོའི་ཡང་སྤྱོད་པའོ། །བར་དུ་བསྙེན་པའི་ཏིང་ངེ་འཛིན་ལ་གོམས་པར་བྱས་ཏེ། བསྒྲུབ་པས་རྟགས་མཚན་ཕྱིན་ནས་དངོས་གྲུབ་ལ་སྦྱར་བ། འབྲས་བུ་ཆེན་པོ་འགྲུབ་པར་འགྱུར་བའི་རིམ་པ་ལྔ་མཐར་ཕྱིན་པའོ། །དེ་སྐད་སེམས་དཔའ་རྡོ་རྗེ་དེས། །ཞེས་པ་འདིར་སྐྱེས་བུས་སྔར་ཐོས་པ་བརྗོད་པའི་ཕྱིར་ཚོགས་ཀྱི་རྣམ་གྲངས་བསྟན་པའི་ཕྱིར། འདུས་པ་ཀུན་གྱིས་དོན་མཐོང་བ ། །ཞེས་པ་ལ་སོགས་པ་སྒྲ་བཞིན་ནོ། །ཐབས་ཉིད་ཤེས་རབ་ཉིད་བགྲོད་དང་། །ཀུན་ནས་མཉམ་དང་བཅུ་དྲུག་ཆ། །ཡི་གེའི་ཚོགས་དང་འབྱུང་བའི་དབྱིངས། །གཉིས་མེད་དྲྭ་བ་འབྲེལ་བ་སོགས། །ཞེས་པ་དག་ཐབས་ཤེས་རབ་རེ་རེའི་སྒོ་ནས་འགྲུབ་པའི་ཕྱིར། ཐབས་ཀྱི་སྦས་ཚོགས་དང་། ཤེས་རབ་ཀྱི་སྦས་ཚོགས་དང་། དུས་བཞི་མཉམ་པའི་ཚོགས་དང་། ཐབས་དང་ཤེས་རབ་བཅུ་དྲུག་ཆ་ཉི་ཟླ་རྒྱས་པའི་ཚོགས་དང་། ཡི་གེའི་རྒྱུན་གྱི་ཚོགས་དང་། རྡོ་རྗེ་དྲྭ་བ་དབྱིངས་སུ་གཅིག་པའི་ཚོགས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་དང་བདུན་ཏེ་བསྡུ་བ་ནི་འདས་པ་ཉིད་དོ། །དེའི་སྐབས་སུ་རང་བཞིན་དཀྱིལ་འཁོར་རྣམ་པ་གསུམ་དུ་འཁོར་གྱི་རྟོགས་པ་ཕུལ་བའོ། །སྟོན་པས་ལན་གསུངས་པ་དོན་མ་ནོར་བར་བསྟན་པའི་ཕྱིར། གང་འདིར་འདུས་པའི་ཚོགས་མང་ཀུན། །ཞེས་པ་ལ་སོགས་པ་སྐྱེས་བུས་བོས་ནས་ཚོགས་ཀྱི་དཀྱིལ་འཁོར་མང་ཀུན་ཡང་། ཁྱེད་ཀྱིས་ཇི་ལྟར་མཐོང་བ་དེ་ཉིད་མ་ནོར་བར་གསུངས་པའོ། །དཀྱིལ་འཁོར་རྣམ་གསུམ་ཡང་ཡེ་གདོད་ནས་མ་བཅོས་བསླད་པའི་ཆོས་ཉིད་ལྷུན་གྱིས་གྲུབ་པ་ཇི་བཞིན་ཉིད་ནི་རང་བཞིན་གྱི་དཀྱིལ་འཁོར་རོ། །དེའི་དོན་ལ་མི་དམིགས་པ་དགོངས་པ་དམ་པར་ལྷུན་གྲུབ་པ་ཉིད་ལྟར་རང་ཤར་ལ་མི་གཡོ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །དེ་དག་དེ་ཉིད་ཀྱི་གཞི་རྩ་བ་ཡང་སེམས་རང་རིག་པ་ཉིད་ཡིན་པའི་ཕྱིར། །འགྲོ་བ་དྲུག་སེམས་ཅན་ཉིད་རྟེན་གཞི་ཡིན་པའི་སྒོ་ནས་གཟུགས་བརྙན་གྱི་དཀྱིལ་འཁོར་རོ། །ལམ་པའི་ངོར་འགྲོ་བ་ལ་དངོས་སུ་གཟུགས་བརྙན་མཚོན་པར་འབྱུང་བའི་ཕྱིར་རོ། །རང་བཞིན་ཏིང་འཛིན་དཀྱིལ་འཁོར་དུ། །ཐམས་ཅད་ཡེ་ནས་བཞུགས་བཀོད་རྫོགས། །ཞེས་པ་དེ་ལྟ་བས་ན་དཀྱིལ་འཁོར་གསུམ་ལས་རིལ་ཐམས་ཅད་ཡེ་ནས་རང་བཞིན་དུ་ཞུགས་ཟིན། ཏིང་ངེ་འཛིན་དུ་བཀོད་ཟིན། གཟུགས་བརྙན་དུ་རྫོགས་ཟིན་པའོ། །དེ་ལས་ཁྱད་པར་སྐལ་ལྡན་མི། །ཞེས་པ་ལ་སོགས་པ་གཞི་དེ་ལྟའི་རང་བཞིན་ལས། ཁྱད་པར་འདིར་སྐལ་ལྡན་མིའི་ཚོགས་རྣམས་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པས་གཟུགས་བརྙན་དེ་མིང་འགྲུབ་པ་སྟེ། དེ་ཡང་བྲི་བའི་ཐབས་ཀྱི་རྣམ་གྲངས་ནི། རས་དར་ལ་བྱ་བ་ཡན་ལག་རྒྱན་མ་ཉམས་རྫོགས་ན་སློབ་བུ་དེ་རངས་འགྱུར་ཚིམ་ཞིང་དད་པས་འགྲུབ་པ་དང་། བརྟན་ཞིང་ངོས་འཇམ་ཁང་བུའི་ལོགས་ལ་བྲི་བ་དང་། གསེར་ལ་སོགས་པ་ལ་ལུགས་མ་བྱ་བ་དང་། རིན་པོ་ཆེ་ཤེལ་ལ་སོགས་པ་ལ་འབུར་དུ་བྱས་པ་དང་། ཤིང་བླག་ཤ་ལ་བཞོགས་ལ་བྱ་བ་དང་། ས་འཇིམ་ལ་ལྡེར་སོ་བྱ་བ་དང་། ས་ལ་རྡུལ་ཚོན་དུ་བྲི་བ་དང་། བྲི་བ་གསུམ་སྟེ་བདུན་ནོ། །གང་གི་གཟུགས་བརྙན་གང་ཡིན་དང་། །དེ་ཡི་རང་བཞིན་གཅིག་པ་ན། །ཞེས་པ་དག་གཟུགས་བརྙན་གྱི་འབྲས་བུ་ཐོབ་པའི་གཞིར་འགྱུར་དུ་བཏུབ་པའི་དོན་འཆད་པ་ནི། བཤད་པ་ལྟར་ལྷ་གང་གི་གཟུགས་བརྙན་གྱི་དངོས་པོ་དང་། རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བ་དེ་གཉིས་ངོ་བོ་ཐ་དད་པ་མེད་དེ། བྱང་ཆུབ་ཀྱི་སེམས་ཇི་བཞིན་པ་ཉིད་ཡིན་པ་ལ་རང་བཞིན་བཟང་ངན་མེད་པའི་ཕྱིར། འབྲེལ་པ་ཡོད་པས་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའོ། །གཟུགས་བརྙན་རྡུལ་ཚོན་གྱི་དོན་གཙོར་བསྟན་པའི་དོན་བྱ་ཐབས་རྒྱས་པར་འཆད་པའི་ཕྱིར། བདེར་གཤེགས་ཕོ་བྲང་གང་ཡང་རུང་། །དཀྱིལ་འཁོར་ཚུལ་དུ་གང་བྱེད་པ། །ཡིད་འོང་མཚན་ལྡན་དབེན་ཕྱོགས་སུ། །ཀུན་ནས་ལྷམ་པར་མཛེས་བྱས་ལ། །སྲད་བུ་བརྒྱད་དང་ལྡན་བྱས་ཏེ། །བསྡུ་བའི་བྱ་བས་མཛེས་པར་བྱ། །དེ་ནས་སྲད་བུ་གཅིག་གིས་བསྐོར། །ཞེས་པ་རྒྱལ་བདེར་གཤེགས་བ་རིགས་ལྔ་གང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཕོ་བྲང་གང་ཡང་རུང་། གཞལ་ཡས་ཁང་རང་བཞིན་དཀྱིལ་འཁོར་ཚུལ་དུ་བཞུགས་པ་དེ་ལམ་པས་རང་བཞིན་ཅི་འདྲ་གང་བྱེད་པའི་གཟུགས་བརྙན་དུ་བཞེངས་གསོལ་བའི་དུས་སུ་ཐོག་མར་གནས་བཙལ་བའང་གྲོང་ཡུལ་ལས་རྒྱང་གྲགས་དང་དཔག་ཚད་ཀྱིས་རིང་བའི་ས་བཙལ་ཏེ། ས་དང་བར་སྣང་གི་སྐྱོན་ཡོན་ཞིབ་ཏུ་བརྟགས་ལ། དེར་སའི་བྱ་བ་བརྟགས་པའི་སྟེགས་ལ། ས་བདག་གཉིས་ལ་བསླང་བ་དང་། སྦྱོང་བ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བ་དང་། བཟུང་བ་ལ་ལ་སོགས་པ་རྒྱས་པར་བྱས་ལ། དེ་ནས་གནས་དེར་སྟེགས་བུ་ཀུན་ནས་གྲུ་བཞི་ལྷམ་པ་ཚད་དང་ལྡན་པར་བརྩིགས་ཏེ། ཤིན་ཏུ་ངོས་མཉམ་པ་མཛེས་བྱས་ལ་གོ་མ་ཡེ་ཡིས་ལེགས་པར་བྱའོ། །དེ་ནས་སྔགས་མཁན་ཆས་གོས་ལྔ་དང་ལྡན་པར་བྱས་ཏེ། ཐིག་གཡོག་གྲོགས་མོ་མཚན་དང་ལྡན་པར་བྱས་ལ། དམ་ཚིག་དང་ཡེ་ཤེས་ཀྱི་སྐུད་པ་རྒྱུ་སོ་སོ་ལས་ལེགས་པར་བསྒྲིལ་ཏེ། རབ་གནས་ཚུལ་བཞིན་བྱ་བ་ཟིན་པ་དང་། དམ་ཚིག་གི་ཐིག་གདབ་པའང་། དང་པོར་ཕྱོགས་ཀྱི་འགྲུབ་སྙམ་ལ། ཕྱོགས་མཚམས་ཀྱི་སྲད་བུ་ཆས་ཐིག་བརྒྱད་གདབ་བོ། །དེ་མཐའ་མ་བསྡུ་བའི་ལས་ཀྱིས་ཐིག་ལེགས་པར་མཛེས་པར་བྱས་ཏེ། ཀུན་ཟིན་པ་དང་། འགྱིང་ཕུར་ཕྱུར་ནས་བཟུང་ལ་འཚམས་པར་སྲད་བུ་ཐིག་གཅིག་གིས་ལྟེ་བ་ཟླུམ་བོར་བསྐོར་རོ། །དཀྱིལ་འཁོར་ཚུལ་དུ་གྱུར་པ་དང་། །ནང་དུ་ལྷམ་པ་སྲད་བུ་བརྒྱད། །ལིང་ཚེ་ལྷམ་པ་དགུར་གྱུར་ཏེ། །མཐའ་ཟད་སུམ་ཆར་བྱས་པ་ལ། །ཀུན་གྱི་ནང་དུ་སྲད་བུ་གསུམ། །ཕྲ་མོ་དག་གིས་མཛེས་པར་བྱ། །དགུ་ཡི་ཆར་ནི་བགོས་པ་ལས། །སྒོ་དང་སྒོ་ཁྱུད་སུམ་ཆར་བྱ། །ཞེས་པ་དབུས་མུ་ཁྱུད་དང་བཅས་པས། དཀྱིལ་འཁོར་ལྟ་བུར་གྱུར་པ་དང་། ལྟེ་བ་ལ་ཐིག་ཐུང་བརྒྱད་བསྣོལ་མར་བཏབ་པས་ལེའུ་ཚེ་དགུར་འགྱུར་རོ། །ཐིག་ཐུང་ཟུང་རེའི་བར་ན་ཀ་བ་རེ་སྟེ་ཀ་བ་བརྒྱད་བྱའོ། །དེ་ནས་མུ་ཁྱུད་ཀྱི་ཐ་མ་སྒོ་རྒྱན་མ་གཏོགས་པའི་ཐིག་གསུམ་བཏབ་སྟེ་ཆ་ཆེན་གསུམ་བྱའོ། །ཀུན་གྱི་ཆ་ཆེན་ནང་མ་ལའང་ཐིག་ཕྲན་གསུམ་བཏབ་པས་ཆ་ཕྲན་གསུམ་ཕྲ་མོ་དག་གིས་མཛེས་པ་ལེགས་པར་བྱའོ། །དེ་བཞིན་ཆ་ཆེན་ཕྱི་མ་གཉིས་ལ་ཐིག་ཕྲན་གསུམ་གསུམ་སྟེ་ཆ་ཕྲན་བསྒོས་པ་དགུར་འགྱུར་རོ། །དང་པོའི་ཆ་ཆེན་གསུམ་ནི་སྒོ་སུམ་རྩེག་རེ་རེར་བྱ་བ་སྟེ། དེའི་ཆ་ཕྲན་གསུམ་གསུམ་པོ་རེ་རེ་ལའང་སྒོ་དང་སྒོ་ཁྱུད་ཐིག་གིས་བགོས་ལ་བྱ་བའང་སྒོ་སུམ་གཉིས་ཁྱུད་སུམ་ཆ་གཅིག་གོ། །སྒོའི་གཡས་གཡོན་ནས་ཀ་བ་ཟུང་རེ་སྟེ་བརྒྱད་ཀྱིས་བརྒྱན་པའོ། །དེ་ལྟ་བུ་ཀ་བའི་ནང་དབུས་སུ་རྒྱལ་བའི་ཕོ་བྲང་བུམ་པ་ཟླུམ་པོའི་རྩེར་བྱ་བའོ། །སྒོ་སུམ་རྩེག་གི་དོན་ནི། བསྡུ་བ་ཚད་མེད་རྣམ་ཐར་སྒོ། །རིམ་པ་གསུམ་གྱིས་མཛེས་པ་ལ། །ཞེས་པ་ལ་སོགས་པ་བསྡུ་བ་བཞི་དང་། ཚད་མེད་བཞི་དང་། རྣམ་པར་ཐར་པ་བཞིའི་ཕྱིར། སྒོ་བཞི་ཕྱི་ནང་བར་གསུམ་གྱིས་ལེགས་པར་མཛེས་པ་གསལ་བ་ལ། རྟ་བབ་བཞི་དང་ཐེམ་སྐས་བརྒྱད་ཀྱིས་མཛེས་ཤིང་སྤྲས་པའོ། །དེས་ན་ཐིག་ཆེན་བཅུ་གཅིག །ཆ་ཕྲན་གྱི་ཐིག་ཕྲན་བཅུ་གསུམ། ཐིག་ཐུང་བརྒྱད་ལྡབ་ཏུ་འགྱུར་པས་ཕྱོགས་ཆས་རིགས་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གྲངས་དང་མཐུན་པར་གདབ་བོ། །དེ་ནས་བྲི་བའི་ཕྱིར། དབུས་ཀྱི་ཕོ་བྲང་ལེའུ་ཚེའམ། །འཁོར་ལོ་བེའུ་པདྨ་དང་། །རིན་ཆེན་ཟུར་བརྒྱད་ལ་སོགས་པ། །ཞེས་པ་དག་དབུས་ཀྱི་ཕོ་བྲང་རིགས་ཀྱི་གཙོ་བོ་གང་བྱེད་པས་དབྱེ་བ་ནི། ལས་ཀྱི་རིགས་གཙོ་བོར་བཞུགས་ན་ལེའུ་ཚེར་བྱའོ། །བདེ་གཤེགས་གཙོ་བོར་བཞུགས་ན་འཁོར་ལོ་རྩིབས་བརྒྱད་དུ་བྱའོ། །རྡོ་རྗེ་རིགས་གཙོ་བོར་བཞུགས་ན་རྡོ་རྗེའི་དཔལ་བེའུ་བྱའོ། །པདྨ་རིགས་ལ་པདྨ་འདབ་བརྒྱད་དུ་བྱའོ། །རིན་ཆེན་རིགས་གཙོ་བོ་ན་རིན་ཆེན་ཟུར་བརྒྱད་དུ་བྱའོ། །ལས་ཀྱི་སྐབས་ཇི་ལྟར་རིག་པ་འཐད་པར་བྲི་བའང་། ཚོན་འབྱོར་པ་དང་བསྟུན་ལ་རབ་གནས་བྱ་བ་དེས། ཐིག་གི་ལྷ་རྣམས་བེ་ཀྲ་མས་བཏེགས་ལ། ཕྱོགས་དང་པོར་པཉྩ་རེ་ཀ་རྡོ་རྗེ་རྒྱལ་པོས་སོར་བཅུ་དྲུག་དྲངས་ལ་བཀབ་སྟེ། ས་བོན་བཞིན་བྱས་པ་ནང་པར་ཐིག་བཏེག་པ་ལ་ལག་པ་བྱིན་གྱིས་བརླབས་ལ། རྡོ་རྗེ་རྒྱལ་པོའི་དགོངས་པས་གཞལ་ཡས་ཁང་འབྲི་བ་བཞིན་བསྐྱེད། བྱན་མོས་དབུས་ནས་ལུགས་བཞིན་དུ་བྲི་བའང་དེ་ལྟར་རོ། །རྒྱན་ནི་རིན་ཆེན་སྣ་ཚོགས་དང་། །པཉྩ་རེ་ཁཱ་ཏཱ་ར་ན། །ཞེས་པ་དག་རྒྱན་བྲི་བའང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་བྲི་སྟེ། ཡེ་ཤེས་ཀྱི་རྩིག་པ་རིན་པོ་ཆེ་སྣ་ལྔའི་རིམ་པར་བརྩིགས་པའི་ཚུལ་དུ་པཉྩ་རེ་ཁ་བྲིས་པའི་སྟེང་དུ། ཆུ་སྲིན་གྱི་ཏྭ་ར་ན་དང་། མུ་ཏིག་ཧ་རས་ཕྲེང་བ་བརྒྱན་པ། དེ་ནས་གཞལ་ཡས་ཁང་མགུལ་བར་དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་པའོ། །རྟ་བབ་བཞི་ནི། རིན་པོ་ཆེའི་ཟར་ཚགས་དང་། ཆུན་འཕྱངས་དང་། དྲིལ་བུ་གཡེར་ཁ་དང་། སྣ་འཕྱོང་ངོ་ཁྱེའུ་ཆུང་འཕྱངས། དེ་དག་ནི་སྒོ་རྒྱན་ཏེ་སྤྱིའི་དབང་དུ་ནི་རྟ་བབ་བརྒྱད་དུ་འགྱུར་རོ། །དེ་ལྟ་ན་ཐིག་ཀྱང་གྲངས་འཕེལ་བར་བྱའོ། །འདི་ནི་དངོས་སུ་སྨོས་པ་ཙམ་གྱི་ཕྱིར་གྲངས་འགྲིབ་པའོ། །དྲྭ་བའི་ཕྱི་རོལ་ཏུ་རོལ་མོ་སྒྲ་སྒྲོགས་འདོད་ཡོན་གྱི་ལྷ་སྣམ་བྲིས་ཏེ། བསྒོམ་པའི་དབང་དུ་ཕྱི་ནང་གི་ནམ་མཁའ་ལ་དྲྭ་མིག་ནས་མཆོད་པ་འབུལ་བའོ། །ཐེག་ཆེན་གདུང་བཞིས་རབ་བརྒྱན་ཏེ། །རིན་ཆེན་ཁ་བད་མཆོད་རྟེན་དང་། །རྒྱལ་མཚན་རིན་ཆེན་འོད་འབར་བས། །ཞེས་པ་དག་དབུས་སུ་ཐེག་པ་ཆེན་པོའི་གདུང་བཞི་བསྣོལ་མར་ནམ་མཁའ་ལ་བརྒྱན་པ་སྟེ། གདུང་ནི་རིགས་ཀྱིས་དབྱེ་བའོ། །སྣ་ནས་ཀ་བ་བརྒྱད་པོས་བཏེག་པའོ། །རིན་པོ་ཆེ་ཕ་གུའི་ཁ་བད་ནི་རྩིག་པའི་ཐོག་ཏུའོ། །མཆོད་རྟེན་གྱི་དབྱིབས་ནི་གཞལ་ཡས་ཁང་གི་ཕྱིའི་དབྱིབས་སོ། །རྒྱལ་མཚན་ནི་དབུ་རྩེར་བརྒྱན་པ་སྟེ་རིན་པོ་ཆེ་ལ་བྱས་པའོ། །རྩ་བའི་རྒྱུད་ལྟར་གྲྭ་བཞི་ནས་བརྒྱན་པར་ཡང་རིགས་སོ། །ཕྱི་རོལ་དུ་ཡང་རིན་པོ་ཆེའི་ཕུང་པོ་དང་། ཤིང་རྣམས་དང་། ཕྱོགས་སྐྱོང་ཡང་བྲིའོ། །འདི་དག་ཚོམ་བུར་བྱེད་པ་ནི་སྐབས་དང་སྦྱར་ལ་ལེའུ་ཚེ་གཅིག་གི་ཐོག་ཏུ་ཕོ་བྲང་རྫོགས་པར་བྲིས་ཏེ། མདོར་གང་བྱེད་ཀྱང་ཕྱོགས་ཕོ་བྲང་ཆུང་ངུ་ལྔ་ལྔར་བྲིས་ཏེ། རང་རང་གི་སེམས་དཔའ་དང་སེམས་མ་བཀོད་དོ། །མདོར་འོག་མིན་ཆོས་ཀྱི་མཐོ་བའི་གནས་གཞལ་ཡས་ཁང་ཉིད་ཅི་འདྲ་བར་བྲིས་ལ། རྒྱལ་བའི་ཕོ་བྲང་དུ་གྱུར་བ་དང་། བཤད་པའི་རྒྱན་དང་འདིར་མ་སྨོས་ཀྱང་འོག་མིན་ལ་ཇི་ལྟར་བཞུགས་པའི་དེ་འདྲར་དེ་ཉིད་མཚོན་པར་རྒྱན་བྲིའོ། །དེ་ཙཀླིའམ་ཡི་གེའམ་ཕྱག་རྒྱ་གང་རུང་གདན་ཐོག་ཏུ་མཚོན་པར་བྲི་བཀོད་ལ་བཞག་གོ། །ལྷབ་ལྷུན་ཀྱི་ཀྱང་ཀུན་གྱིས་མཛེས་བསྐོར་བ ར་བྱའོ། ། མཆོད་པ་བླ་ན་མེད་ཡོད་ཀུན། །ཇི་ལྟར་འབྱོར་ལྟར་ནན་ཏན་འབུལ། །ཞེས་པ་ལ་སོགས་པའི་ཕྱིའི་མཆོད་པ་བླ་ན་ཡོད་པ་ཐུན་མོང་ལྔ་དང་། མེད་པ་ཟབ་མོ་ནང་དང་གསང་བའི་མཆོད་པ་རིལ་དང་། དངོས་ཇི་ལྟར་འབྱོར་ལྡན་དང་བསམ་པས་ཆུད་མི་གསན་པར་ནན་ཏན་འབུལ་ལོ། །དེ་ཡང་རིམ་གྱིས་པ་དང་གཅིག་ཆར་བ་གང་རུང་བས་རང་ཉིད་ལས་ཀྱི་དཀྱིལ་འཁོར་བསྐྱེད་དེ། ལས་རྫོགས་པར་བསྲང་མཆོད་པ་ཕུལ་ནས། གཟུགས་བརྙན་དང་ས་བོན་གང་བཀོད་པ་ལས། གཞལ་ཡས་ཁང་དང་ལྷར་བཞེངས་ནས་སྤྱན་དྲངས་བསྟིམས་བརྟན་བྱས་པ་ལ་དབུལ་ལོ། །རྒྱལ་སྲིད་ལོངས་སྤྱོད་བཅས་པ་དང་། །གླུ་བྲོ་གར་དང་རོལ་མོར་བཅས། །ཞེས་པ་ལ་སོགས་པ་རབ་ཏུ་གནས་པ་བྱ་བའི་དཀྱིལ་འཁོར་ལ་ཚོགས་ཀྱི་ཕྱིར་རབ་གནས་ཀྱི་མཆོད་པའང་འབྱོར་ཚད་དབུལ་བ་སྒྲ་བཞིན་ནོ། །མཉམ་པ་ཉིད་ཀྱི་མཆོད་སྦྱར་བས། །ཞེས་པ་དག་རབ་གནས་བྱས་པའི་དཀྱིལ་འཁོར་དུ་མཆོད་ཅིང་བཞུགས་པའི་ཡོན་ཏན་སྒྲིབ་པ་དག་ནས་རྒྱལ་བ་ཉིད་དུ་མཉམ་པར་གྱུར་བའོ། །གཞན་ནི་སྒྲ་བཞིན་ནོ། །གྲོགས་པོ་དག་མེའི་བྱ་བས་ཡོངས་སུ་སྦྱོང་བ་གང་ཞེ་ན། འདི་ལྟ་སྟེ། ཞེས་པ་ལ་སོགས་པ་སྐྱེས་བུས་བོས་ནས་སྦྱོང་བའི་སྤྱོད་པ་གཉིས་པ་ཉེ་བར་བསྟན་པའོ། །ཆོས་ཐམས་ཅད་ཆོས་ཉིད་དུ་སྦྱང་བའི་ཕྱིར། ཞེས་པ་ལ་སོགས་པ་དགོས་ཆེད་དང་ལྡན་པས་ཆོས་སོ་ཅོག་དངོས་པོ་ཐམས་ཅད་ཡེ་ཤེས་ཀྱི་མེ་ཉིད་ཀྱི་ངོ་བོའི་རང་བཞིན་དུ་ཡིན་པ་དེ་བྱིན་གྱིས་བརླབས་པས་གསལ་བར་མཛད་པས། འཁོར་འདུས་པའི་ཚོགས་ཐམས་ཅད་གྱིས་ཆོས་རྣམས་ཡེ་ཤེས་ཀྱི་མེ་ཡིན་པའི་དོན་མཐོང་རྟོགས་ཏེ། གཞན་དོན་དུ་ཞུ་བའི་ཕྱིར་དོན་ལ་ཤིན་ཏུ་ངོམ་ནས་ངོ་མཚར་བས་སྟོན་པའི་སྐྱེས་བུ་དང་མེ་ལ་བསྟོད་པ་ནི། ཨེ་མའོ་སེམས་དཔའ་སེམས་དཔའ་ཆེ། །ཆེ་བའི་ཆེ་བ་བྱིན་རླབས་ཆེ། །ཏིང་འཛིན་ཆེན་པོ་སྣང་བ་ཆེ། །ཆོ་འཕྲུལ་ཆེན་པོ་སྣ་ཚོགས་ཆེ། །ཐབས་མཆོག་དཔག་གིས་མི་ལངས་ཏེ། །ཞེས་པ་ལ་སོགས་པ་ཆོས་སོ་ཅོག་ཡེ་ཤེས་ཀྱི་མེར་གསལ་བའི་དོན་སྟོན་པ་ལ་ཨེ་མའོ་ངོ་མཚར་བས། སྐྱེས་བུ་སེམས་དཔའ་ལ་བོས་ནས་ཡོན་ཏན་ཆེན་པོ་མངའ་བར་བསྟོད་པའོ། །ཡོན་ཏན་དེ་ལྟ་བུ་མངའ་བའི་སྐྱེས་བུ་ཁྱོད་ཆེ་བའི་ཆེ་བ་མཐུའི་བྱིན་རླབས་ཆེན་པོའི་མངའ་བདག་གོ། །དགོངས་པའི་བྱིན་རླབས་ཏིང་ངེ་འཛིན་ཆེན་པོ་བདག་ཅག་འཁོར་ལ་སོགས་པ་ལ་སྣང་བར་མཛད་པ་ཆེན་པོ་ཁྱོད་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཆེན་པོ་ཇི་སྙེད་སྣ་ཚོགས་ཆེ་ཐ་དད་པར་བསྟན་ནས་འདུལ་བའི་བདག་པོའང་ཁྱོད་ཡིན་ནོ། །གསང་སྔགས་ཀྱི་མཆོག་ཐབས་དྲྭ་བ་སྤྲིན་ཕུང་གིས་དཔག་གིས་མི་ལངས་མངའ་བདག་པས། འདིར་ཆོས་སོ་ཅོག་ཡེ་ཤེས་ཀྱི་མེའི་ངོ་བོར་གསལ་བར་མཛད་པ་དེ་ཉིད། རང་བྱུང་གི་ཡེ་ཤེས་ཆེན་པོ་གསལ་ལས་མཐའི་སེལ་མེད་ཀློང་། པའོ། །དེའི་བྱིན་རླབས་ཐམས་ཅད་དུ་སྣང་ཞིང་འབར་འཕྲོ་མ་བསྒྲིབ་པའི་གསལ་བར་གྱུར་པ་ནི་མཛད་པས། མུན་བསལ་མ་རིག་པའི་དངོས་པོ་དང་མཐའི་དངོས་པོ་བསྲེགས་སྦྱོང་ཤིང་དག་པར་མཛད་དོ། །ཆོས་ཀུན་མཉམ་པའི་བདེ་ཆེན་དབྱིངས་སུ་ངང་དུ་ལྷུན་གྱིས་ཀུན་རྫོགས་ཤིང་སངས་རྒྱས་པར་མཛད་པའང་། གདུལ་དཀའ་འདུལ་བའི་དབང་པོ་ཁྱོད་ཀྱི་མཛད་པ་ལ་སོགས་བར་བསྟོད་པའོ། །འབར་བ་ཆེན་པོ་ཨ་ལ་ལ། །གཟི་བརྗིད་ཟེར་འཕྲོ་ཨ་ལ་ལ། །མཐའ་ཡས་ཀུན་སྡུད་ཨ་ལ་ལ། །ཐམས་ཅད་སྲེག་བྱེད་ཨ་ལ་ལ། །མཐའ་དང་དབུས་མེད་ཨ་ལ་ལ། །ཞེས་པ་ལ་སོགས་པ་འབར་བས་སེལ་བའི་ཡེ་ཤེས་ཀྱི་བདག་པོ་ཁྱོད་ཨ་ལ་ལ་དགྱེས་པར་མཛོད་ཅིག་པ་དང་། ཁྱབ་པའི་གཟི་བྱིན་ཆེན་པོ་ཀུན་ཏུ་སྣང་བའི་བདག་པོ་ཨ་ལ་ལ་དགྱེས་པར་མཛོད་ཅིག་དང་། ཐམས་ཅད་མཐའ་ཡས་མཉམ་པའི་དབྱིངས་སུ་ཀུན་སྡུད་པའང་ཁྱོད་ཡིན་ནོ། །དགྱེས་པའི་སྒྲ་ཀུན་རྗེས་སུ་མཐུན་ནོ། །མཐའི་དངོས་པོ་ཐམས་ཅད་བསྲེག་པའི་མེ་ཆེན་ཡང་ཁྱོད་ཉིད་དོ། །གདུག་པ་ཅན་དང་རྟོག་སྒྲིབ་ཟད་པའི་ཟ་བྱེད་ཆེན་པོ་ཀློང་ཆེན་པོའང་སྐྱེས་བུ་ཁྱོད་ཉིད་ཡིན་ནོ། །མཐའ་བཞི་བྲལ་བའི་དབུས་མེད་དཀྱིལ་འཁོར་ཆེན་པོའང་ཁྱོད་ཉིད་ཡིན་པའོ། །ཐུགས་རྗེ་ཆེན་པོ་བས་ཐམས་ཅད་བདེ་བ་མཆོག་ལ་འགོད་པ་འཇིགས་བྱེད་ཡང་ཁྱོད་ཡིན་ནོ་པ་དང་། ལྷུན་གྱིས་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ནོ་བ་དང་བརྒྱད་ཀྱིས་ཀྱང་བསྟོད་པའོ། །གསང་མཆོག་རྨད་བྱུང་བྱིན་རླབས་ཀྱིས། །ཞེས་པ་དག་སྟོན་པ་གསང་བ་མཆོག་གི་བདག་པོའི་ཡོན་ཏན་ཁྱད་པར་མངའ་བའི་བྱིན་བརླབས་ཀྱིས། མེའི་རང་བཞིན་ཆེན་པོའི་རྣམ་གྲངས་འཆད་པ་རྣམས། བདག་ཅག་འཁོར་རྣམས་ལ་བཤད་དུ་གསོལ་ཞེས་ཞུ་ཞིང་གསོལ་བ་བཏབ་པའོ། །གནང་བ་ནི། དེ་ཉིད་དགྱེས་པས་འདི་སྐད་དུ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཞེས་པ་དག་དེ་སྐད་ཅེས་བསྟོད་པས་སྐྱེས་བུ་དགྱེས་ཏེ། འཁོར་ལ་བོས་ནས་བཀའ་སྩལ་པར་ཞལ་གྱིས་བཞེས་ནས་གདམས་པ་མཛད་པའོ། །ཁྱད་པར་བླ་མའི་ཟས་མཆོག་འདིས། །རྣལ་འབྱོར་ཐབས་སུ་བདེ་སྦྱར་བས། །ཞེས་པ་ཁྱད་པར་ཤིན་ཏུ་ཕུལ་དུ་གྱུར་པའི་དགོངས་པའི་ཟས་བསྲེག་རྫས་མཆོག་འདིས། རྣལ་འབྱོར་དགོངས་པའི་ཏིང་ངེ་འཛིན་གྱི་མེ་ཅིར་ཡང་སྣང་ལ་མི་གཡོ་བའི་ཐབས་བདེ་བ་ཆེན་པོར་མཛད་ནས། དེས་རྒྱལ་བ་ཀུན་མཉེས་པར་བྱས་ཏེ་གཉིས་སུ་མེད་པའི་མཆོད་པ་ཕུལ་ནས། འགྲོ་བ་ཀུན་གྱི་རྟོག་སྒྲིབ་སྲེག་སྦྱོང་དག་པ་ཆེན་པོར་མཛད་པས། དོན་རྣམ་པ་གཉིས་གྲུབ་པ་ནི་ཕྲིན་ལས་ཀྱི་མཆོག་གོ་ཞེས་ཆེ་བའི་སྒོ་ནས་མོས་པ་བསྐྱེད་ཕྱིར་སྤྱིར་བཀའ་སྩལ་པའོ། །དེ་དག་གི་དོན་རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར། ཇི་བཞིན་པ་ཡི་ཧོམ་ཁུང་དུ། །ཇི་སྙེད་པ་ཡི་ཡམ་ཤིང་ལ། །དེ་བཞིན་ཉིད་ཀྱི་མེ་བྱུང་བས། །ཐམས་ཅད་ཐམས་ཅད་བསྲེག་སྦྱངས་ཐིམ། །ཞེས་པ་ལ་སོགས་པ་རང་བཞིན་གྱི་ཧོམ་འཆད་པ་སྟེ། ཇི་བཞིན་ཉིད་ནི་ཧོམ་ཁུང་། ཆོས་སོ་ཅོག་གི་དངོས་པོ་གཉིས་པ་རྣམས་ནི་ཡམ་ཤིང་། དེ་བཞིན་ཉིད་ནི་མེ། དེ་དག་གདོད་ནས་ཐམས་ཅད་ཐམས་ཅད་ངོ་བོ་གཉིས་པར་སྣང་བ་མེད་དེ། དེ་བཞིན་ཉིད་དུ་བྱུང་ཐེབས་པས་མཐའ་ལས་གྲོལ་བ་ནི་བསྲེག་པ་སྟེ་འཆད་པ་རྣམས་མཐུན་ཕྱོགས་ནས་བསྟན་པ་སྟེ། རྣམ་གྲངས་ནི་རྗེས་སུ་མཐུན་པར་སྦྱར་ཏེ་སྒྲ་ཇི་བཞིན་དུ་འགྲེལ་ཏོ། །དེ་ལ་ཧོམ་གྱི་རྣམ་གྲངས་ནི། སྐྱེ་བ་བཞི་བསྲེག་པའི་ཧོམ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་བསྲེག་པའི་ཧོམ་དང་། ཆོས་ཅན་བསྲེག་པའི་ཧོམ་དང་། སྐྱེ་འགྲོ་བསྲེག་པའི་ཧོམ་དང་། ཉོན་མོངས་བསྲེགས་པའི་ཧོམ་དང་། འབྱུང་བའི་དངོས་པོ་བསྲེག་པའི་ཧོམ་དང་བདུན་ནི་རང་བཞིན་ཏེ། དེ་ཅི་འདྲ་བར་རྟོགས་ནས་བསྒོམ་པས་སྤྱོད་ཡུལ་དག་པ་སྟེ། དེ་ལྟར་གྱུར་པ་ནི་ཏིང་ངེ་འཛིན་གྱི་ཧོམ་སྟེ་དོན་གྱིས་གཉིས་ཐུན་མོང་དུ་འགྱུར་རོ། །རྣམ་བཞི་ལས་ཀྱི་ཧོམ་ཁུང་དུ། །བཞིའམ་བཞི་ཡི་ཡམ་ཤིང་ལ། །རིགས་བཞི་འབར་བའི་མེ་བྱུང་བས། །མཆོད་སྦྱིན་དངོས་པོ་བསྲེག་སྦྱངས་ཐིམ། །ཞེས་པ་གཟུགས་བརྙན་གྱི་ཧོམ་ཁུང་སྤྱིར་འགྲེལ་པ་སྟེ། འཆད་པའི་ཧོམ་ཁུང་བཅུ་གཉིས་སུ་བཞི་སྦྱིན་སྲེག་ཤིང་སོ་སོར་ཕྱེ་བ་ལ། ཡམ་ཤིང་རྣམ་བཞིས་གསོས་ཏེ་མེ་སྤར་རོ། །དེ་ལ་རིགས་བཞི་སྤྲུལ་པས་ལས་བཞི་མེ་ལྷ་བསྐྱེད་པ་དང་། སྤྱན་དྲང་བ་དང་། བསྟིམ་པ་དང་། མཆོད་པ་དང་། བསྟོད་པ་དང་། ལས་བཅོལ་བ་དག་བྱས་པའི་མེ་བྱུང་བས་འཕགས་པ་མཆོད་ཅིང་། འགྲོ་བ་ལ་སྦྱིན་པའི་བསྲེག་རྫས་སོ་སོར་བསྲེགས་པས་བདག་གཞན་གྱི་སྒྲིབ་པ་སྦྱོང་ཞིང་ལྷའི་ཞལ་དུ་ཐིམ་པར་མཆོད་པའོ། །དེ་ཉིད་རྒྱས་པར་བསྟན་པ་གང་སྙམ་པ་ལ། འདི་ཡང་སོ་སོའི་ཁྱད་པར་གྱིས། །ཕྱོགས་དང་ཁ་དོག་དབྱིབས་དང་རྫས། །གང་ལྟར་རིགས་པ་དེ་ལྟར་སྦྱར། །ཤར་ལྷོ་ནུབ་བྱང་དཀར་སེར་དམར། །མཐིང་ག་ནག་པོ་ཐལ་མདོག་སྦྱར། །ཞེས་པ་གཟུགས་བརྙན་གྱི་ཧོམ་འདིའང་ལས་བཞི་སོ་སོའི་བྱེ་བྲག་གིས་ཁ་ལྟ་ཕྱོགས་དང་། ཁ་དོག་དང་། ཐབ་དབྱིབས་དང་། རྫས་རྣམས་ལས་ཀྱི་གཞུང་གང་ལྟར་མཛེས་པ་དེ་ལྟར་རིག་པར་བྱ་བ་ཁོ་ན་འདི་དག་སྟེ། འདི་ལ་ཕྱོགས་ནི་ཞི་བའི་ཚེ་ན་ཤར་དུ་བལྟའོ། །རྒྱས་པའི་ཚེ་ལྷོ་རུའོ། །དབང་ནུབ་ཏུའོ། །དྲག་པོ་བྱང་དུའོ། །ཁ་དོག་ནི་ཞི་བ་ལ་རིལ་དཀར་པོའོ། །རྒྱས་པ་ལ་སེར་པོའོ། །དབང་ལ་དམར་པོའོ། །དྲག་པོ་ལ་མཐིང་ག་སོགས་གསུམ་པོ་ཉིད་དོ། །དབྱིབས་ཀྱང་ཞི་བའི་མེ་ཐབ་ཟླུམ་པོ་དང་། པདྨ་དང་ལིང་ཚེར་བྱ་བ་སྟེ། ཚད་ནི་ཟབ་དང་གྱེན་དུ་ཁྲུ་ཕྱེད་ཕྱེད་དེ་གང་ངོ་། །ཆུ་དང་ཞེང་དུའང་རྗེེས་སུ་མཐུན་ཏེ་གཞན་ཡང་དེ་བཞིན། རྒྱས་པ་ལ་འཁོར་ལོ་དང་། གྲུ་བཞི་བཞི་དང་། རིན་ཆེན་ཟུར་བརྒྱད་དུ་བྱའོ། །དབང་ལ་ཟླ་གམ་དང་གྲུ་ཆད་དང་། གཞུའི་དབྱིབས་སུ་བྱའོ། །དྲག་པོ་གྲུ་གསུམ་དང་། བྷ་གའི་དབྱིབས་དང་། ཁྲོ་ཞལ་ལོ། །དེ་དག་ཀྱང་དབུས་བང་རིམ་སུམ་རྩེག །རྒྱ་དཔངས་རེ་རེ་སོར་གསུམ་གསུམ་ཡོད་པ་དེ་ཁ་གི་མདངས་སོ་སོའི་ཕྱག་རྒྱ་ལེགས་པར་རི་མོ་མཛེས་དགོད་པར་བྱ་སྟེ། བང་རིམ་གྱི་ཕྱེད་ལ་གཏང་ངོ་། །དེར་ལས་བཞིའི་ཤིང་བརྩིག་པའང་བསྲེག་ཤིང་ཐབ་དབྱིབས་སུ་བརྩིག་ལ། ཡམ་ཤིང་ཡང་གཏང་སྟེ། ཞགས་པ་ལ་སོགས་པ་ཡིས་རྫས་ཀྱིས་བརྒྱན་ནོ། །དེ་དག་གི་ལས་བྱ་ཐབས་གང་སྙམ་པ་ལ། ཡེ་ཤེས་རྡོ་རྗེ་ལས་རྒྱུད་ལྡན། །བླ་མ་གསུམ་གྱི་ཐབས་མཆོག་སྦྱར། །དག་པའི་མཐའ་འཛིན་མཉེས་མཆོག་འཛིན། །རྡོ་རྗེ་གསང་བའི་གླུ་བྲོ་གར། །མཆོད་པ་ངེས་པའི་འབྱོར་ཚོགས་སྦྱར། །ཞེས་པ་ལ་སོགས་པ་འདི་དག་བྱ་བ་ཡང་ཡེ་ཤེས་རྡོ་རྗེ་ལས་ཀྱིས་རྒྱུད་ལ་ཤིན་ཏུ་མཁས་པས་བྱ་བ་སྟེ། དེ་ཡང་ལས་སོ་སོར་བསྐོ་བའི་ཆེད་དུ་འཆད་པའི་བླ་མ་གསུམ་གྱི་བྱ་བའོ། །དེའི་ཚུལ་ནི་སྡིག་སྒྲིབ་ཅི་བྱས་པ་ཐམས་ཅད་དགོངས་པའི་འཕྲོ་འདུ་དག་པར་མཛད་པའི་ལས་མཐའ་འཛིན་མི་གཏོང་བས་ཚོགས་གཉིས་རྫོགས་པར་མཛད་པ་རྡོ་རྗེ་རྒྱལ་པོ་བླ་མའི་མཉེས་མཆོད་འཛིན་ཐབས་སོ། །ལས་སྦྱོར་རྡོ་རྗེ་གསང་བའི་བླ་མས་བྲོ་གླུ་གར་ཐབས་དང་བཅས་པས་ལས་གཞུང་ཕྱི་མོ་བྱས་ཏེ་འཛབ་བྱ། བསྟོད་ཅིང་མཆོད་པ་རྣམས་ཀྱང་དབུལ་བ་དག་གོ། །རྡོ་རྗེ་སྔགས་ཀྱི་ལས་སྦྱོར་གྱིས་ལས་རྣམ་པ་བཞི་དེ་ལྟར་ཚུལ་བཞིན་རྫོགས་པར་བྱིན་བརླབས་བྱ་བའང་སྦྱིན་སྲེག་བྱེད་པའི་ལས་མཁན་སྐབས་སྦྱོར་བླ་མས་གསང་རྒྱུད་འདིའི་གཞུང་དང་ལྡན་པ་ལས་ཀྱི་ཕྲེང་བ་གཤར་བཏབ་ལ། ཞི་བ་ན་ཞི་བའི་ལྷ་རྒྱུད་དང་། རྒྱས་པ་ན་རྒྱས་པའི་ལྷ་རྒྱུད་དང་། དེ་བཞིན་དུ་དབང་དྲག་གི་ལྷ་རྒྱུད་དག་བསྒོམ་ཞིང་ལས་གཞུང་བསྲང་བ་གཤར་གསལ་བཏབ་ནས་ལྷར་བསྒོམས་ཤིང་། སྔགས་དང་ཕྱག་རྒྱ་བཟླ་ཞིང་བཅའ་བ་དང་། མེ་མཆོད་ནས་སོ་སོའི་བསྟོད་ཚིག་གི་གླུས་མཆོད་པའང་རྒྱུད་དང་མཐུན་སྦྱོར་བྱ་བ་སྟེ། རིགས་ཀྱི་རིགས་རྒྱུད་ལྔ་རྣམས་ནི། །སོ་སོའི་རིགས་སུ་གཤར་བཏབ་སྟེ། །ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། །ཞེས་པ་ལ་སོགས་པ་རིགས་ལྔའི་རྒྱུད་ལྔར་སྣང་བའི་ལྷ་རྣམས། ལས་ཀྱི་སོ་སོའི་སྐབས་ཀྱིས་གཙོ་བོ་གང་བྱེད་པའི་རིགས་དེར་ཀུན་གཤར་བཏབ་སྟེ་མཆོད་པའང་། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་ཆེན་པོར། །དམ་རྫས་ཉིད་ཡེ་ཤེས་ཀྱི་བདུད་རྩིའི་འོད་འབར་བས་མཆོད་ཅིང་སྡིག་སྦྱང་བ་དང་། དངོས་གྲུབ་ཐོབ་པར་བྱ་བའི་ཆེད་དུ་མཆོད་པར་བསྲེགས་པ་འོས་རིགས་སོ། །དེ་ཡང་གང་གི་མཆོད་ཅིང་བསྟོད་ཞེ་ན། དཔག་མེད་རྒྱལ་བ་རྒྱ་མཚོའི་ཚོགས། །ཆེ་བ་བསྔགས་པའི་ཡོན་ཏན་དག །ཅེས་པ་ལ་སོགས་པ་ཡོན་ཏན་མུ་མཐའ་དཔག་མེད་པ་མངའ་བའི་རྒྱལ་བ་རྒྱ་མཚོ་ལྟར་ཟབ་ཅིང་མང་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཆེ་བའི་ཡོན་ཏན་དག་ཉིད་ཀྱི་བསྔགས་པ་དག །བསྟོད་པའི་ཚིག་གླུ་རུ་བླངས་ཤིང་བརྗོད་ནས་ཀྱང་ཚན་རེ་རྫོགས་པ་དང་། རྩ་བའི་སྔགས་ལ་ཁཱ་ཧི་དང་། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཥྚིཾ་ཀུ་རུ་སྭཱ་ཧཱ། པཱ་ཤཾ་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཕཊ་ཅེས་ལས་སྐབས་དང་སྦྱར་ལ་མཆོད་ཅིང་མཉེས་པའི་ལས་བྱ་བའོ། །དེ་དག་ཟིན་པ་དང་མེ་བརྟག་པའི་ཕྱིར། མཉེས་པའི་ལས་རྣམས་རྫོགས་པ་དང་། །གང་བྱང་མ་བྱང་དོན་ཆེན་རྣམས། །ཞེས་པ་ལ་སོགས་པ་བསྟོད་པ་ཟིན་ནས་སྒྲིབ་པ་དག་མ་དག་དང་། དངོས་གྲུབ་འགྲུབ་མི་འགྲུབ་རྣམས། རྣལ་འབྱོར་པ་མེའི་མཚན་ཉིད་ལ་མཁས་གོམས་པས་བརྟགས་དཔྱད་པར་བྱ་བའང་། མེ་སྒྲ་སྙན་པར་འབར་བ་དང་། མི་སྙན་པ་དང་། ཁ་དོག་གསལ་བ་དང་། མི་གསལ་བ་དང་། འབར་བའི་ཚུལ་དྲག་པ་དང་། ཞན་པར་འབར་བ་དང་། མེའི་དབྱིབས་ཀྱང་ལས་བཞིའི་དབྱིབས་སུ་འབར་བ་རྣམ་བཞི་དང་། འོག་གི་ཡིད་དུ་འོང་མི་འོངས་གཉིས་ཏེ་རྩ་བ་དྲུག་གོ། །དེ་ཡང་སྐུ་གདུང་གི་རྒྱུད་ཆེན་པོ་ལས། དེ་དག་དག་པ་པདྨ་འདྲ། །མེ་འོད་དེ་འདྲ་འདོད་པ་ལེགས། །དཀར་ལ་མེ་ལྕེ་ར་བཞིན་འབྱུང་། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་ཐོབ། །མེ་འོད་འཁོར་ལྡང་འབར་བ་དེ། །འཁོར་ལོ་སྣང་མཛད་ཆོས་སྐུའི་གཟུགས། །མེ་ལྕེ་གཅིག་ལ་རྩེ་རྣོ་ལ། །ཁ་དོག་ལྔ་ཀ་ཚང་བ་དེ། །དོན་གྲུབ་མཆོད་རྟེན་དངོས་གྲུབ་ཐོབ། །མེ་ལྕེ་མང་ལ་མ་གྱེས་པར། །མེ་ལ་དྲི་བསུར་ལྡན་གྱུར་ན། །རིན་ཆེན་མཆོད་རྟེན་འགྲུབ་པའི་རྟགས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །མེའི་མདོག་ཀྱང་དེ་འདྲར་བརྟགས། །མེ་ལྕེ་མེད་ལ་མདོག་འགྱུར་ན། །སྒྲིབ་པ་ལས་ཚན་ཆེ་བ་ཡིན། །མེ་འོད་ཆུང་ལ་ངམས་ནག་ན། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཡིས། །སྡིག་ཅན་དེ་ནི་མ་ཟིན་རྟགས། །མེ་འོད་དཀར་ཞིང་འཆི་འདོད་ན། །བསོད་ནམས་ཞན་ཏེ་སྡིག་སྒྲིབ་ཆུང་། །མེ་འོད་ཆད་ཅིང་འབར་བ་དེ། །ལྷ་དང་མི་ཡི་སྒྱུ་སོགས་འདྲ། །ཞི་ལ་དཀར་ལ་མདོག་དང་ལྡན། །སྤྱི་རུ་མེ་ལྕེ་ལེགས་པར་འདོད། །མེ་ལྕེ་ཆད་འདོད་རླུང་ཆེ་ལ། །དྲག་འབར་སྐད་འདོན་བྱེད་པ་སྟེ། །ད་ལྟ་དངོས་སུ་སྡིག་ཞན་ཡོད། །མེ་ལྕེ་ཞི་ལ་དཀར་འཁྱིལ་བ། །མཇུག་ལའང་ཇེ་ཞན་དཀར་ཞན་པ། །དེ་ནི་བྱང་ཆུབ་སེམས་དཔའི་མེ། །མེ་ཡི་མཚན་ཉིད་གཞན་ཡང་བརྟགས། །ཞེས་གསུངས་པའི་དོན་དང་སྦྱར་རོ། །དེ་ལྟ་བུ་ལ་ཤིན་ཏུ་མཁས་ཤིང་ཤེས་པར་བྱ་བ་གཅེས་སོ། །དེ་ལྟར་ཡོངས་སུ་ཤེས་ནས་ཚུལ་དང་ལྡན་པའི་ལས་བརྩམ་པའི་ཕྱིར། གལ་ཏེ་མཚན་མ་མི་སྡུག་ན། །ཡིད་དུ་མི་འོང་རྟགས་ཡིན་པས། །སྲེག་སྦྱོང་ཆེན་པོ་རྒྱས་པར་བྱ། །དེ་ནས་ཡིད་འོང་འདོང་བྱུང་ལ། །མེ་ལ་འདོད་པའི་མཚན་མ་རྣམས། །རྣམ་གསུམ་གང་ལྟར་གྲུབ་པ་བླང་། །ཞེས་པ་དེ་ལྟར་སྲེག་སྦྱོང་བྱས་པས་མཚན་མ་རྣམས་མི་ལེགས་ན། འབྲས་བུ་མི་འདོད་པར་ལྟུང་བའི་རྟགས་ཡིན་པས། སླར་བསྲེགས་བཤགས་པ་དང་སྦྱང་བའམ་ལས་ཤིན་ཏུ་གདུང་ཞིང་འགྱོད་པས་སྦྱིན་སྲེག་རྒྱས་པར་བྱ་བ་དང་། དེ་ནས་མེའི་མཚན་མ་ལེགས་ན་འབྲས་བུ་ཡིད་དུ་འོང་བར་གྲུབ་པའི་རྟགས་ཡིན་པས། མེ་ལ་དངོས་གྲུབ་གང་འདོད་པའི་མཚན་མ་རབ་འབྲིང་ཐ་མ་གསུམ་གང་གྲུབ་པ་བླང་བར་བྱ་སྟེ། གང་ཡོན་བདག་ཚེ་འདས་པ་ཞིག་ན། དེས་བྱས་པ་དང་། དེས་བླང་བར་བསམ་པར་བྱའོ། །དེ་ལྟར་བྱ་བ་འང་རོ་བསྲེག་པའི་ལས་དངོས་གང་སྙམ་པ་ལ། འདུས་པ་ཆེན་པོ་གཞན་ཡང་གང་། །རོ་ཡི་རྫས་རྣམས་བསྲེག་སྦྱངས་ནས། །རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཤིན་ཏུ་དྲི་ཞིམ་སྣ་ཚོགས་ཀྱིས། །རོ་ལ་བྱུག་ཅིང་བཀྲུ་བར་བྱ། །ཞེས་པ་ལ་སོགས་པ་སྐྱེས་བུ་བོས་ནས་གཞན་ཡང་གང་ལས་བཞིའི་སྦྱིན་སྲེག་ལས་དགར་བར་རོ་བསྲེག་བྱ་ན། ཐབས་འདི་ལྟར་བརྩམ་པ་སྟེ། ཐོག་མར་རོ་ལ་ཡི་གེ་བརྒྱ་པ་བཟླས་སྔགས་ཀྱིས་བཏབ་ཏེ་ཤིན་ཏུ་དྲི་ཞིམ་སྤོས་ཆུས་བཀྲུ་ཞིང་ཕྱི་ཁྲུས་དག་པར་བྱ་བ་དང་། དེ་ནས་རས་ལ་ཞུན་ཆེན་བསྐུས་པས་དཀྲིས་པ་དང་། དེ་ནས་རོའི་རྟོག་པའི་གནས་ཉི་ཤུ་རྩ་གཉིས་སྨིན་དཔེར། བཞི་བཅུའང་ལ་སོགས་པར། ལྷ་རྣམས་ཀྱི་སྔགས་བྱང་བུའམ་ཤོག་བུ་ལ་བྲིས་ཏེ། གསུང་གི་ཕྱག་རྒྱ་རོ་ལ་དགོད་པ་ནི། རྟོག་པ་ལས་ལྷར་བསྐྱེད་པའི་རྐྱེན་ནོ། །དེ་ནས་གསུང་བཀོད་པའི་ལྷ་རྣམས་ཀྱི་ཐུགས་ཡེ་ཤེས་ཀྱི་ཕྱག་རྒྱ་མཚོན་བྱེད་སྡོང་བུའི་སྙིང་པོ་གྲངས་དང་མཉམ་པར་ས་ལ་བྱས་པ་སྙིང་པོ་གར་བཀོད་པར་གདགས་ཏེ་རྟོག་པ་སྦྱོང་བའི་ཕྱིར་རོ། །སོ་སོའི་རྩ་བའི་ཡིག་འབྲུ་རེ་རེ་བ་ཨཱོཾ་ཧཱུྃ་ཏྲཱྃ་ལ་སོགས་པའམ། ཏ་ཐ་ལ་སོགས་པ་རས་སམ་ཤོག་བུ་ལ་བྲིས་པ་དགོད་དེ་ས་བོན་བསྐྱེད་གཞིའོ། །དེ་ལྟར་ཟིན་པ་དང་། རོ་ཡི་ཕྱི་ཁྱབ་ཐམས་ཅད་དུ། །ཉོན་མོངས་འཁོར་བ་ཀུན་བཀོད་དེ། །རས་སམ་ཤིང་ཤུན་གང་དག་ལ། །འཁོར་བའི་ས་བོན་ཐམས་ཅད་དགོད། །ཞེས་པ་ལ་སོགས་པ་དེ་ནས་རོའི་ཕྱི་རས་ཀྱི་སྟེང་ཁྱབ་པའི་ལུས་ཀྱི་མགོ་མཇུག་ཏུ། ཉོན་མོངས་པ་དང་འཁོར་བའི་རྒྱུ་འབྲས་ཀུན་དགོད་དེ། གང་ཞེ་ན། རྒྱུ་ནི་རས་དང་ཤིང་ཤུན་ལ་ཉོན་མོངས་ལྔའི་མིང་བྲིས་ལ་གདགས་པ་དང་། འཁོར་བའི་རྒྱུ་གཞན་དག་ཀུན་བྲིས་ལ་གདགས་སོ། །ཉོན་མོངས་པ་དུག་གསུམ་ཡང་བྲིས་ལ་གདགས་སོ། །མཇུག་ལ་དེ་དག་པར་གྱུར་ཅིག་ཅེས་བྱ་བའང་བྲིའོ། །སྐྱེ་གནས་བཞི་དང་ལམ་རྒྱུད་ལྔ་དང་འགྲོ་བ་རིས་དྲུག་གི་མིང་དུ་བྲི་བའམ། ཡང་ན་འདོད་ཆགས་བྱའི་གཟུགས་དང་། གཏི་མུག་ཕག་གི་གཟུགས་དང་། ཞེ་སྡང་སྦྲུལ་གྱི་གཟུགས་ལ་སོགས་པ་བྲིས་ལ་གདག་པའང་གནས་དྲུག་དང་ལྔ་ལ་སོགས་པར་དགོད་དོ། །གཞན་ཡང་ས་བོན་དྲུག་དང་། འདུ་མཆེད་བཅུ་གཉིས་དང་། ཕུང་པོ་ལྔ་དང་། གཟུང་བ་དང་འཛིན་པ་རྣམས་ཡི་གེ་མས་ཀློགས་སམ། རྒྱལ་ཁམས་ཀྱི་སྡེ་གཞན་གྱི་ཡི་གེ་བྲིས་ལ་རོའི་གནས་རྣམས་སུ་དགོད་དེ། དེ་དག་ནི་བསྲེག་པ་དང་སྦྱོང་བའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ནས་རོ་ཡི་ཕུང་པོ་དེ། །བརྟེན་ནས་གླེགས་བམ་སྟེགས་བུ་ཡི། །སྟེང་དུ་མཁས་པས་གཞག་པར་བྱ། །ཞེས་པ་ལ་སོགས་པ་ཕུང་པོ་བཅས་ཟིན་ནས་སྟེགས་བུ་ལ་བཞག་སྟེ། ཤེས་པ་དགུག་པ་དང་། གཤེད་དང་དབྲལ་བ་དང་། སྒྲིབ་པ་དྲལ་བ་དག་བརྩམ་པར་བྱའོ། །དེ་མེ་ཐབ་རྩིག་པར་བྱ་བའང་དཀྱིལ་འཁོར་འཁོར་ཡུག་ཆེ་ཆུང་རན་པར་བྱས་ལ། མར་ཟབས་སུ་བརྐོ་བྲུ་བ་དང་། ཡར་ཁ་ཁྱེར་རྩིག་པ་ཡང་ཕྱེད་མར་རྒྱུད་བཞིན་བརྩམས་ལ་ལེགས་པར་བྱའོ། །དེར་ལྷ་དགོད་པའི་དབུས་ཀྱི་ཕོ་བྲང་དག་ཀྱང་ཐིག་གིས་ཕྱེ་སྟེ། སྒོ་ཡན་ཆད་ལེགས་པར་བྱའོ། །གྲུ་ཆད་མན་ཆད་མཉམ་པར་བྲི་བའང་ཚུལ་བཞིན་བརྩམ་པར་བྱའོ། །དེའི་སྟེང་དུ་བསྲེག་ཤིང་བརྩིག །ཅེས་པ་བསྲེག་ཁང་གི་དབྱིབས་སྒྲ་བཞིན་ནོ། །རོ་ཡི་བཞིན་ཕྱོགས་རོ་བཞིན་བསྟན། །ཞེས་པ་རོ་གཞུག་པའི་ཁ་ལྟ་ཕྱོགས་ནི། རོ་བསྲེག་པའི་ལས་ཀྱི་གཞུང་བཞིན་ཏེ། ཞི་བ་ན་ཤར་དུ་བསྟན་པ་ལ་སོགས་པའོ། །ཡང་ན་རྩ་བའི་རྒྱུད་ལྟར་ཤར་ཉིད་དུ་བསྟན་ཏོ། །རོ་ཡི་སྟེང་ཁང་ཡངས་ཐོག་ཏུ། །ཞེས་པ་དག་རོ་ཁང་གི་སྟེང་དུ་རས་ཤོག་ལ་རྡོ་རྗེ་དབྱིངས་ཀྱི་དཔེའུ་ཆུང་བྲིས་པ་ལྡེང་དུ་གཞུག་པའོ། །རོ་ཁང་གློ་སྐར་བཞིར་ཕྱི་ལ། །ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་བར་བྱའོ། །དེ་ཡང་གཟུངས་ཐག་གི་གྲངས་ནི་གློ་སྐར་དང་མཉམ་པར་བྱ་སྟེ། ཞི་བ་ལ་བཞི། རྒྱས་པ་ལ་བརྒྱད། དབང་ལ་དྲུག །དྲག་པོ་ལ་གསུམ་མམ་ཡང་ན་བཞིའོ། །དེ་དག་ཤིང་བརྩིག་ལུགས་ཀྱི་དབྱིབས་ཀྱིས་ཕྱེ་བ་སྟེ། བླ་མའི་གྲངས་ཀྱང་རྗེས་སུ་མཐུན་ནོ། །ཤིང་གི་ཕྱི་མཐར་མཎྜལ་ལ་དཀྱིལ་འཁོར་བྲིས་ལ། དེར་ལས་བཞིའི་དགོད་པ་ཡང་དབུས་སུ་གཙོ་བོ། ཐ་མར་འཁོར་དགོད་པའོ། །དེ་ནས་ཙཀླི་དགོད་པར་བྱའོ། །སྟེགས་བུ་རྫོགས་པར་གྱུར་བ་དང་། །རྡོ་རྗེ་ལས་ཀྱི་སྐོས་གདབ་བྱ། །ཞེས་པ་ལ་སོགས་པ་ཤིང་དང་སྟེགས་བུའི་བྱ་བ་ཟིན་ནས། བླ་མ་རྣམས་རང་རང་གི་ལས་སྐོས་གདབ་པ་ནི། རྡོ་རྗེ་རྒྱལ་པོ་ཤར་དུ་འདུག་ནས་རོ་ལ་བཀོད་པའི་ལྷ་རྣམས་གསལ་བར་བྱས་ལ། སྔགས་ཀྱི་འཕྲོ་འདུ་བྱ་མེ་ཡི་འཕྲོ་འདུ་ཞིང་གཟུངས་ཐག་ནས་བཟུང་ལ་དགོངས་པ་བར་མི་གཅད་དོ། །བྱང་དུ་རྡོ་རྗེ་ལས་སྔགས་མཁན་གྱི་ལས་བཞི་སྦྱོར་བས་གང་བྱེད་པའི་ཕྲིན་ལས་ཞི་ཁྲོ་གཞུང་བསྲང་། འཛབ་དུས་སུ་དཀྱིལ་འཁོར་གཉིས་སུ་ཕྱེ་ལ་བསྟིམས་ཏེ་འཕྲོ་འདུ་བྱའོ། །རྡོ་རྗེ་དམ་པ་ཞིག་རྒྱལ་ཐེབས་ཀྱིས་རོའི་ཚེ་རབས་ཀྱི་སྡིག་སྒྲིབ་ཉེས་པའི་མཐའ་བཟུང་ནས་བསྔོ་ཞིང་ལས་ཀྱི་བསགས་པ་བགྲངས་ཤིང་། ནུབ་ཕྱོགས་ནས་བསགས་པ་དང་། མཆོད་སྐབས་སྦྱོར་བ་བླ་མ་ཡིས་ཞིག་ལྷོ་ནས་བླ་མེད་མེ་མཆོད་དང་སྦྱིན་སྲེག་རྒྱུན་དུ་བྱས་ཏེ། དང་པོ་ཐབ་གང་ཡིན་པ་ལས། ཨེ་ཝྃ་མ་ཡཱ། མེའི་ས་བོན་བརྟགས་པ་བརྗོད་ལ་ཐབ་དང་མཐུན་པར་འབྱམས་ཀླས་པར་བསྐྱེད། དེའི་འོག་རྡོ་རྗེའི་བྲག་ཐབ་དང་དབྱིབས་མཐུན་པའི་སྟེང་དུ་དེ་ལས་ར་སྐྱེས་བསྐྱེད། དེའི་སྒ་གོང་དུ་རིགས་བཞིའི་ས་བོན་གང་རུང་ལས། ལས་བཞིའི་མེ་ལྷ་ལས་དང་མཐུན་པའི་ཁ་དོག་ལ་ཏྲི་ཤུལ་ཞགས་པ་དང་། སྒྲོམ་དང་གུནྡྷེ། གཡོན་བགྲང་ཕྲེང་ཅན་བསམས་ལ། དབང་བསྐུར་བྱིན་གྱིས་བརླབ། ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས། དེ་ཡང་ད་རུ་ན་ཞེས་བྱ་བའི་མེ་ལྷ་དང་། སྟོབས་སྦྱིན་ཞེས་བྱ་བའི་མེ་ལྷ་དང་། འདོད་པ་སྐྱེས་ཞེས་བྱ་བའི་མེ་ལྷ་དང་། ཁྲོ་བོ་ཞེས་བྱ་བའི་མེ་ལྷ་དང་བཞིའམ། དེ་དང་ཆ་མཐུན་པའི་ཡེ་ཤེས་ཀྱི་མེ་ལྷའོ། །དེ་དམ་ཚིག་གི་མེ་ལྷ་ལ་བསྟིམ། བརྟན་པར་བྱས་ལ་མཆོད་པ་རྣམས་ཕུལ་ཏེ་བསྟོད་ལ། ལས་བཅོལ་བ་དང་། དེའི་ལྟོ་སྙིང་ཚེ་འདས་ཀྱི་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གསལ་བར་བསྐྱེད་ལ། སྤྱན་དྲང་བ་དང་བསྟིམ་བརྟན་བྱས་ལ། གླུ་བྲོ་སྙན་པས་རོལ་མོ་སྦྱར་ཞིང་མཆོད་ལ། སྐབས་སུ་སྨོན་ལམ་གདབ། དུག་གསུམ་མཆོད་པའང་བྱའོ། །རྡོ་རྗེ་སྟོང་འཛིན་གྱིས་ཚེ་འདས་ཀྱི་ཚེ་སྔ་ཕྱིའི་དགེ་བ་ཅི་བསགས་པ་ཤོག་བུའམ་རས་ལ་བྲིས་ཏེ་བླ་མའི་ཕྱག་ཏུ་དབུལ་ལོ། །རོའི་ཉེས་མཐའ་འཛིན་པས་ཚེ་རབས་སུ་སྡིག་ཅི་བྱས་པ་རས་ཤོག་ལ་བྲིས་པའི་ནག་བྱང་བཀླགས་ལ་བསྲེག་ཏེ་ཚིག་ཏུའང། མེ་སྦྱོར་མེ་ལ་གནས་པའི་ལྷ། །ཞེས་པ་ལ་སོགས་པ་བརྗོད་ལ། དང་པོར་སྡིག་སྒྲིབ་བསྲེགས་པར་ཐུགས་དམ་དུ་བཅས་པ་ལགས་པས། སྲེགས་ཤིག་པར་བསྐུལ་ལོ། །རོ་ཡི་རྣམ་ཤེས་བྱང་མ་བྱང་། །ཞེས་པ་ལ་སོགས་སྡིག་སྒྲིབ་དག་མ་དག་མེ་ལ་མཁས་པས་བཤད་པ་བཞིན་མེ་ལྕེ་ལ་བརྟག་གོ། །གལ་ཏེ་མ་ལེགས་ན་སྲེག་སྦྱོང་རྒྱས་པར་བྱ། བཤགས་པ་མང་དུ་བྱའོ། །གལ་ཏེ་ལེགས་ན་མེ་དབང་བསྐུར། །ཞེས་པ་མེ་ལྕེ་སྟུག་ན་དེ་ཉིད་ལ་སྒྲིབ་པ་སྲེགས་ཤིག་པར་བརྗོད་ལ་ཡེ་ཤེས་ཀྱི་མེས་སྦྱངས་པར་བསམ་མོ། །ཐལ་བ་སྐུ་གདུང་རིང་བསྲེལ་དང་། །ཞེས་པ་ལ་སོགས་པ་ཐལ་བ་ལ་ཕྱི་ནས་སྐུ་གདུང་མཆོད་རྟེན་དང་རིང་བསྲེལ་གྱི་སྐུ་གདུང་ལ་སོགས་པ་བཞེངས་རབ་གནས་ཚུལ་བཞིན་བྱའོ། །དམ་པ་ཞིག་ན་གདུང་བརྟག་སྟེ། །ཞེས་པ་ཚེ་འདས་དེ་གལ་ཏེ་རྣལ་འབྱོར་མཆོག་ཏུ་གྱུར་བ་ཞིག་ཡིན་ན། དེ་ལ་སྐུ་གདུང་བྱུང་མ་བྱུང་བཤགས་པའི་སྔགས་ཀྱི་ཐེན་ཚར་ལ་རྟགས་ལ་བྱུང་ན་མཆོད་གནས་དམ་པའི་རྟེན་དུ་བླ་མ་དབུལ་བར་བྱ་བའམ། རྣལ་འབྱོར་ཚུལ་བཞིན་བྱེད་པ་གང་ཡང་རུང་བ་ལ་དབུལ་བར་བྱའོ། །དེ་ནི་སྒོ་གསུམ་གྱི་ལས་རྣམས་ཀྱི་མཆོག་ཡིན་པར་གསང་བ་པས་གསུངས་སོ། །གྲོགས་པོ་དག་དེ་དག་ནི་མེའི་བྱ་བས་ཡོངས་སུ་བྱང་བར་ཤེས་པར་བྱའོ། །ཞེས་པ་སྤྱོད་པའི་ངོ་བོ་བསྟན་པའོ། །གདུང་གི་ལོ་རྒྱུས་བསྟན་པའི་ཕྱིར། །རྡོ་རྗེ་གསང་བ་ཆོས་ཀྱི་སྤུན། །མེ་ཡི་བྱ་བ་ལས་བྱུང་བ། །ཞེས་པ་དག་རྡོ་རྗེ་ཐེག་པ་ཆེན་པོ་བསྒྲུབ་པའི་སྤུན་དྲུང་དུ་གྱུར་པ་དག་ལ་བོས་ནས། གང་ཞིག་འདས་པ་དེ་བཤད་པ་བཞིན་ལྔ་ཕུང་སྦྱངས་པའི་རྐྱེན་ལ་གདུང་ཤ་རི་རམ་འབྱུང་བ་ཡང་། དཔག་མེད་ཇི་སྲིད་དུས་དག་ནས། །ཞེས་པ་ལ་སོགས་པ་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་སྤྲུལ་པའི་སྐུ་མང་པོ་མྱ་ངན་ལས་འདས་པའི་སྤུར་སྦྱངས་པའི་ཕྱི་ནས། སྐུ་གདུང་དང་རིང་བསྲེལ་མཐའ་བྲལ་བའི་དགོངས་པའི་བྱིན་བརླབས་ལས། གདུལ་བྱ་ལ་སྣང་ནས་བསོད་ནམས་ཀྱི་རྟེན་དུ་ཀུན་ལ་གྲགས་ཤིང་སྣང་བའོ། །འོ་ན་རྒྱལ་བ་དང་དངོས་པོ་ཞིག་ཡོད་དོ་ཞིག །རྒྱལ་བ་རྣམས་ནི་དངོས་མེད་པས། །ཞེས་པ་ལ་སོགས་པ་ལ་རྒྱལ་བའི་ངོ་བོ་ཡོད་སྟོང་བྲལ་བ་ལ་གདུང་མི་དམིགས་ཀྱང་། གདུལ་བྱ་དྲང་བའི་དགོས་ཆེད་དུ་ལྷུན་གྱིས་གྲུབ་པའི་ཆོ་འཕྲུལ་སྣང་བའོ། །དེ་བཞིན་འཇིག་རྟེན་གྱི་ཁམས་གང་དུ་རྒྱལ་བའི་སྐུ་གང་སྣང་བ་དེ་ལྟར། ཞིང་ཁམས་འདིར་ཐུབ་པའི་དབང་པོ་མྱ་ངན་ལས་འདས་པའི་སྐུ་གདུང་ཡང་ཤ་རི་རམ་སྟེ། དེའི་འགྲོ་དོན་མཛད་པ་ཡང་བཤད་པ་བཞིན་ནོ། །དེ་ལ་སོགས་པའི་རྒྱལ་བ་རྣམས། །ཞེས་པས་སོགས་པའང་སྙེགས་སྡུད་ནི། ཐུབ་པའི་དབང་པོ་ཡན་ཆད་དང་མ་འོངས་པ་ཏེ། སྔ་མར་རང་བྱུང་བ་དང་། དེའི་རྗེས་ཐོག་ཏུ་འབྱུང་བ་དང་བཅས་པའི་བྱམས་པ་དང་། སེང་གེ་ལ་སོགས་པ་ཀུན་སྐུ་གདུང་ནི་ཚུལ་མཐུན་པས་ཐ་དད་མེད་པའོ། །དེ་མི་ཡུལ་དུ་འཕེལ་བ་ནི། སྐུ་གདུང་ས་བོན་བྱིན་རླབས་ཀྱིས། །ཞེས་པ་ལ་སོགས་པ་བྱིན་བརླབས་ཡོན་ཏན་བདུད་རྩིར་འཕེལ་བ་ཐ་སྐར་རྡོ་རྗེ་སྟེ། དེའི་རྒྱུ་དང་། དབྱིབས་དང་། སྨིན་ལུགས་དང་། ཆེ་ཆུང་གི་ཚད་དང་། ཁ་དོག་དང་། དེ་བསྒྲུབས་ནས་ཟོས་པའི་ཕན་ཡོན་དུ་འགྲེལ་ཏེ་སྒྲ་བཞིན་ནོ། །རྒྱལ་བའི་རྗེས་འཚོབ་ལའང་སྣང་བའི་ཕྱིར། དེ་བཞིན་རིག་འཛིན་སེམས་དཔའ་རྣམས། །ཞེས་པ་ལ་སོགས་པ་རིག་འཛིན་དང་བྱང་ཆུབ་སེམས་དཔའ་དང་། གང་ཟག་ཤེས་རབ་སྤྱན་ཅན་དང་། བསོད་ནམས་དག་པ་དག་འདས་པའི་ལྔ་ཕུང་སྦྱངས་ལའང་འབྱུང་ངོ་། །དེ་དག་རྙེད་དཀའ་བའི་ཕྱིར་སྐལ་བ་ངན་པ་དག་གིས་མཐོང་བར་མི་འགྱུར་རོ། །གལ་ཏེ་ལ་ལ་ལས་དག་ན་ཡང་འཕྲལ་གྱི་སྒོ་གསུམ་གྱི་སྦྱོར་བ་དག་ན་སྣོད་དུའང་ཇི་ཙམ་བཞག་པར་བརྟག་ལ། མ་དག་ན་འབྲོས་ཤིང་མི་སྣང་བར་འགྱུར་རོ། །དེ་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པ་དེ་ལ་ཡིད་དུ་འོང་བ་དང་། མི་འོང་བའི་སྐྱོན་ཡོན་འབྱུང་བ་སོ་སོར་སྟོན་པའི་སྔ་ལྟས་སོ། །འོན་ཀྱང་གདུང་ཉིད་ནི་ཆོས་ཉིད་རྟོགས་པའི་རྟགས་ཀྱི་ཕྱིར། ཡོད་པ་རྟག་པ་མ་ཡིན་ལ། །ཞེས་པ་དག་སྣོད་ན་འདུག་པས་ཐེར་ཟུག་པ་མ་ཡིན་ལ། མེད་ཀྱང་ངོ་བོ་ཆད་པའང་མ་ཡིན་ཏེ། རྣལ་འབྱོར་པ་ལས་དག་མ་དག་ཤེས་པའི་རྟགས་ཡིན་པས་མ་དག་ན་སྦྱང་ངོ་། །དེས་ན་དག་པ་ལས་འགྱུར་བའི་ཕྱིར། དེ་ཡང་བསོད་ནམས་དག་པ་ཡི། །ཞེས་པ་ལ་སོགས་པའང་། གདུང་དེའང་སྔ་མར་བསོད་ནམས་དྲི་མ་མེད་པར་བསགས་པས། ཐེག་པ་ཆེན་པོའི་ལམ་ཟབ་མོ་རྒྱ་ཆེ་བ་ལ་དད་མོས་པ་དང་། རྣལ་འབྱོར་རྩེ་གཅིག་ཏུ་ཏིང་ངེ་འཛིན་མི་འགྱུར་བར་བསྒོམ་པ་ནི། རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་དང་འབྲེལ་ཅིང་ལས་དང་འབྲས་བུ་མཐུན་པ་མི་འགལ་བས། ཞེན་པ་གཉིས་ཀྱི་རྒྱུད་དག་པ་ལའང་གདུང་འབྱུང་ངོ་། །གྲངས་དང་ཚད་བསྟན་པའི་ཕྱིར། དེ་ཡང་ཁྱད་པར་རིམ་པས་ནི། །ཞེས་པ་སོགས་པ་རྒྱལ་བ་རིག་འཛིན་ཁྱད་པར་རིམ་པ་ནི་གང་ཟག་གི་ཆ་དབྱེ་བ་སྟེ་སྒྲ་བཞིན་ནོ། །ཕན་ཡོན་ནི། འདི་དག་ཕེབས་པའི་ཡོན་ཏན་ཡང་། །ཞེས་པ་ལ་སོགས་པ་སྒྲ་བཞིན་དུ་སྦྱར་རོ། །དེ་བསྒྲུབ་པ་གང་སྙམ་པ་ལ། བསྒྲུབས་ན་ཡོན་ཏན་བསམ་མི་ཁྱབ། །ཞེས་ལ་སོགས་པ་སྤྱིར་གདུང་བསྒྲུབ་པའི་ཡོན་ཏན་ཚད་མེད་པས་བསྒྲུབ་པའང་། འགྲོ་དྲུག་སེམས་ཅན་རྣམ་པ་ཐམས་ཅད་པའང་བྱང་ཆུབ་སྙིང་པོ་འབྲས་བུའི་ངོ་བོར་ཡོད་པས་གནས་པ་དེ་རྩོལ་བ་ཙམ་གྱི་རྒྱུ་ཡིན་ཏེ། དེའི་ཕྱིར་མེའི་ལས་ཕུང་པོ་ལྔ་ཕུང་གང་སྦྱངས་ཀྱང་གདུང་རེ་མེད་མི་འབྱུང་མི་སྲིད་པས། གང་འབྱུང་བ་དེ་ལ་འདི་དག་བརྟེན་ཏེ་བསྒྲུབ་པ་བྱ་བ་འང་། ཤེལ་གྱི་སྣོད་ཟ་མ་ཏོག་དུ་གདུང་བཅུགས་ཏེ། རྡོ་རྗེ་རྒྱ་གྲམ་གྱི་ཕྱག་རྒྱ་དངོས་སུ་བཏབ་ལ་ཁ་བཅད་དོ། །གདུང་གཅིག་པོ་དེ་དེ་ལྟར་ཤེལ་གྱི་གྭ་འུར་བཙལ་ལ་སྟེགས་བུ་ལ་བཞག་སྟེ། སྒྲུབ་པ་པོས་འདོད་པའི་སྨོན་ལམ་གདབ། སྒྲིབ་པ་སྦྱངས་བཤགས་པ་བྱ། འདོད་པའི་དོན་ལ་གསོལ་བ་གདབ། དེས་བཟླས་པ་འཕྲོ་འདུ་བྱ་སྟེ། བདག་རིགས་ཀྱི་སྐུར་གསལ་བས་འཕྲོ་འདུ་བྱ་བའི་ཆོ་ག་ཡང་སྔགས་བཟླས་ཙམ་ན། གདུང་གི་ནམ་མཁའ་གང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་ཕྱོོགས་བཅུའི་རྒྱལ་བ་ཇི་སྙེད་པའི་གདུང་བསྡུས་ལ་གྭ་འུར་ཆར་བཞིན་དེ་ལ་དབབ་པར་བྱའོ། །རྩེ་གཅིག་བཟླས་པའི་སྔགས་ནི། དང་པོ་ལྔའི་ཐ་མ་གཞག །དེ་འོག་བདུན་པའི་གཉིས་པའོ། །དེ་འོག་བདུན་པའི་དང་པོ་སྟེ། །དེ་འོག་དབྱངས་ཀྱི་དགུ་པ་བཞག །དེ་འོག་ཀཱ་ལི་དྲུག་གསུམ་ལ། །ལྔ་པའི་ཐ་མ་སྦྱར་བའོ། །དེ་འོག་ཀཱ་ལི་གསུམ་པ་ལ། །དབྱངས་ཀྱི་གསུམ་པས་སྟེང་ནས་བརྒྱན། །དེ་འོག་དབྱངས་ཀྱི་བཅུ་གཅིག་བཞག །ཐ་མ་ཐུགས་དང་ལྡན་པའོ། །གྲངས་མེད་བར་ཆད་མེད་པར་བཟླས། །ཞེས་པ་བཟླས་པའི་གྲངས་ཚད་དེ་རྟགས་ཐོན་ཐོན་དུའོ། །འཕྲོ་འདུ་བར་མ་ཆད་པར་བཟླའོ། །རྟགས་ཇི་ལྟར་འབྱུང་སྙམ་པ་ལ། མཆོག་ཏུ་གསལ་ཞིང་འཚེར་བ་དང་། །ཞེས་པ་ལ་སོགས་པ་རྟགས་གདུང་ཕྱི་རོལ་ནས་གསལ་འཚེར་མཐོང་བ་དང་། འོད་ཟེར་ཉི་མ་བཞིན་འཆར་བ་ཕྱི་རོལ་ནས་མངོན་པའོ། །གདུང་འགུལ་བ་དང་། དང་པོ་གཅིག་ལས་མང་པོ་གྲངས་འཕེལ་བ་དང་། རྒྱལ་བ་སངས་རྒྱས་དང་རིག་འཛིན་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་སྐུའི་གཟུགས་བརྙན་ཤེལ་སྣོད་བཅུད་དེ་ལ་སྣང་བའི་ཞལ་བདག་ལ་སྟོན་པའོ། །རྟགས་དང་པོར་རབ་གྭའུ་ཁེངས་པ་དང་། འབྲིང་སྣོད་ཕྱེད་ཁེངས་པ་དང་། བརྒྱ་རྩ་བརྒྱད་དུ་འཕེལ་བའོ། །ཐ་མའང་གྲངས་འགའ་འཕེལ་བའོ། །དེའི་ཚེ་འོད་དེ་བདག་གི་ཐུགས་ལ་བསྡུས་ལ་དངོས་གྲུབ་བླངས་པའོ། །དངོས་གྲུབ་ཐོབ་པའི་ཡོན་ཏན་གང་སྙམ་པ། ཐོབ་པའི་ཡོན་ཏན་བསམ་མི་ཁྱབ། །ཞེས་པ་དག་སྒྲ་བཞིན་སྦྱར་རོ། །དེ་ལྟ་བུ་གྲུབ་པའི་གདུང་ལ་མཆོད་པ་ནི། རྒྱུན་དུ་དེ་ལ་མཆོད་དགོས་ཏེ། །ཞེས་པ་ལ་སོགས་པ་རྒྱུན་དུ་ཚེས་བཅུ་དྲུག་གི་ཚེ་རྒྱལ་མཚན་རྩེ་མོ་ལ་བཏགས་ལ། མཆོད་པ་སྒྲ་བཞིན་དུ་འགྲེལ་ཏེ། དེ་ནི་རྣལ་འབྱོར་སྐལ་ལྡན་གྱི། །ཞེས་པ་དག་དཔེ་ཡིད་བཞིན་ནོར་བུ་ལྟ་བུར་རྣལ་འབྱོར་སྤྱོད་པའི་འདོད་པ་འབྱུང་བའི་ཕྱིར་མིང་གི་དགོས་པའོ། །སྤྱོད་པའི་གྲངས་ནི། ཇི་ལྟར་རོ་དག་གསེར་འགྱུར་དང་། །ཞེས་པ་ལ་སོགས་པ་སྤྱོད་པ་བཤད་པ་ལྟར། རོ་ལངས་གསེར་དུ་བསྒྲུབ་པ་དང་། རྐང་མགྱོགས་དང་། གོ་མཚོན་དུ་བསྒྲུབ་པ་དང་། དེ་བཞིན་མེ་ཡིས་བསྲེགས་སྦྱངས་ལྔ་ཕུང་སྦྱངས་བ་ལ་སོགས་པའི་དངོས་པོ་ཇི་སྙེད་སྤྱོད་པ་སྤྱད་ཀྱང་། དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཡིན་པས་ཇི་ལྟར་སྤྱད་ཀྱང་སྐྱོན་མེད་པས། དེ་དག་ལ་སོགས་པའི་སྤྱོད་པ་མང་པོ་དྲིས་ཤིག་པའོ། །བཤད་པའི་འཁོར་བའི་དངོས་པོ་བཞི་ལ་གནས་ཤིང་སྤྱོད་པ་མི་འཛིན་ན། རྡོ་རྗེ་སེམས་དཔའི་དེ་ཉིད་རྒྱལ་བའི་ཐུགས་ཀྱི་ཆོས་ཉིད་དམ་པ་ཡིན་པའི་ཕྱིར་སྤྱོད་པའི་ཕུལ་ལོ། །ལ་སྤྱོད་པས་དོར་བའི་དཔེ་གང་ཞེ་ན། ཇི་ལྟར་གླང་པོ་ཆུར་འ ཇུག་པ། །ཞེས་པ་དག་སྒྲ་བཞིན་དུ་འགྲེལ་ཏོ། །དོན་ནི། རྣལ་འབྱོར་ངེས་པར་སྤྱོད་པ་ཡང་། །ཞེས་པ་དག་བརྡ་མཇལ་ཏོ། །རྣལ་འབྱོར་སྤྱོད་འཇུག་གི་ལེའུ་སྟེ་བདུན་ཅུ་གཅིག་པའི་འགྲེལ་པའོ།། །།ཐག་ལྟ་བས་བཅད་པ་གང་སྙམ་པ་ལ། དེ་ནས་གསང་བའི་བདག་པོས་དམན་པ་དམ་པ་རྣམས་ལ་སྨྲས་པ། ཞེས་པ་དག་ནི་སྤྱོད་པ་མི་འཆིང་བའི་ལྟ་བའི་རྗེས་ཐོགས་སུ་བསྟན་པའི་ཕྱིར། གྲོགས་ཀྱི་སེམས་དཔའ་ལུས་དམན་པ་ཅན་ལ་བོས་ནས་ལྟ་བས་ཐག་གཅད་པ་ཉེ་བར་སྟོན་པའོ། །ལྟ་བའི་ངོ་བོ་གང་སྙམ་པ་ལ། དགོངས་པ་དམ་པ་དེ་ཁོ་ན་ཉིད་དོ། །ཞེས་པ་དགོངས་པ་སེམས་ཀྱི་ཇི་བཞིན་པ་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱི་སྤྱན་ནོ། །དེའི་ཡོན་ཏན་གྱི་གཏན་ཚིགས་ཀྱིས་མཆོག་ཏུ་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། དགོངས་པ་དམ་པ་དེ་ཁོ་ན་ཉིད་བསླབ་པས་བསམ་གྱིས་མི་ཁྱབ་པའི་ཆོས་ལ་བསླབ་པའོ། །ཞེས་པ་ལ་སོགས་པའང་བསླབ་པ་དེ་ཁོ་ན་ཉིད་ཅིག་འདི་ནི་ཐམས་ཅད་ཀྱི་རྩ་བར་གྱུར་པས་བསླབ་ན། འདི་ཆུབ་ན་གཞན་བྱ་བ་མེད་པའི་ཕྱིར་དང་། འདིའི་ཇི་ལྟ་བ་རིག་མཁས་ན། སྤྱི་དང་རང་གི་མཚན་ཉིད་རིལ་མ་འདྲེས་བསམ་གྱིས་མི་ཁྱབ་གསལ་ཏེ། དེ་བས་ཕུལ་དུ་དབྱུང་དུ་མེད་པའི་ཕྱིར། བསྒོམ་པ་ཐམས་ཅད་འདིའི་སྒོམས་ཡན་ལག་པས་འདི་གོམས་ན་གཞན་ཞིག་ལ་བསྒོམ་པར་བྱར་མེད་པ་དང་། དེ་ཁོ་ན་ཉིད་དུ་རིག་པ་ཀློང་བདལ་བ་ལ་མ་འདས་ན་ཉམས་པ་ཀ་ནས་དག་པ་བསྲུངས་པའོ་དང་། འདི་ལ་བློ་འཇུག་པ་མེད་པར་ཞུགས་ན། ཐམས་ཅད་དང་རིག་པ་ཐ་མི་ཐ་དད་ཅིང་འཇུག་སྒོ་ཀུན་གྱི་ཞུགས་པའོ་རྩ་བར་གྱུར་བ་དང་། དེ་ཁོ་ན་ཉིད་ལ་རིག་པ་གཉིས་མེད་དུ་རོལ་པས་སྤྱོད་ན། སྤྱད་དོ་ཅོག་ཆོས་ཉིད་ཀྱི་མཛད་པ་བཅིང་གྲོལ་མེད་པའི་སྤྱོད་པ་དོན་དང་། དེ་བཞིན་དུ་རིག་པ་སོན་པར་གྱུར་པ་མངོན་དུ་བྱས་ན་ནི། བསྒྲུབ་བྱ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་ལས་རྒྱ་མཚོ་གཞན་བཙལ་རྒྱུ་མེད་པ་དང་། ཇི་བཞིན་པའི་དོན་མ་ནོར་བར་གཞན་ལ་བསྟན། ཆོས་ཀྱི་སྒོ་མོ་ཀུན་གྱི་གྲུབ་མཐའི་དོན་ཡིན་པས་ཀུན་བསྟན་པ་སྟེ། དེ་ལས་བསྟན་བྱ་གཞན་མེད་པ་དང་། དོན་དེ་མ་ནོར་མ་བསླད་པར་ཐོས་ན། དེ་ལས་ཐོས་པར་བྱ་བའི་དོན་ལྷག་མ་མེད་པ་དང་། དེ་ཉིད་ཤེས་རབ་ཀྱི་སྤྱན་གྱིས་ཅིར་ཡང་མ་མཐོང་བར་མཐོང་ན། རྒྱལ་བ་རིལ་གྱི་དངོས་གཞི་ཡིན་པས་ཞལ་མཐོང་བའི་མཆོག་གོ། །དེ་དག་གི་དོན་ཡིད་ཆེས་པར་གང་གིས་བྱ་ཞེ་ན། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཀྱི་བཅུད་དུ་བྱ་བའམ། སྙིང་པོར་བྱ་བ་ནི་དེ་ཁོ་ན་ཉིད་དེ་ལས་མེད་པའི་ཕྱིར་རོ། །ཞེས་པའང་དེ་ལྟར་ཡོན་ཏན་ལྔ་ཉིད་ཀྱི་རྩ་བ་དང་། འབྲས་བུ་དེ་ཁོ་ན་ཉིད་ལྷུན་གྱི་གྲུབ་པ་ཉིད་དེ། གཞན་ཡན་ལག་དང་རྒྱུ་ཙམ་པས་འདི་ལས་ལྷག་པའི་དོན་རྒྱལ་བས་ཀྱང་མི་རྙེད་པའི་དོན་གྱིས་གསལ་ལོ། །གྲོགས་པོ་དག་དེ་བས་ན་འདི་ལྟར། དེ་བཞིན་ཉིད་ཀྱི་དོན་མཐོང་ན། །མཐོང་བ་ཐམས་ཅད་སྒྱུ་མ་ཡིན། །ཞེས་པ་ལ་སོགས་པ་གསང་བ་པས་བོས་ནས་བཤད་པའི་ཡོན་ཏན་གྱི་ཚུལ་དེ་བཞིན་ཡོད་པས་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་རྟོགས་མཐོང་ན། ལྟ་བ་གཞན་མཐོང་བ་ཐམས་ཅད་བདེ་བ་ཆེན་པོ་མ་ཡིན་ཏེ། བྲི་ཏ་སྒྱུ་མ་ཡིན་ཙམ་པར་བསྟན་པ་དང་། དེ་ལ་རིག་པ་བཞིན་ཉིད་དུ་དེ་བརྟེན་པ་མེད་པར་གནས་ན། སའི་རིམ་པ་རྣམས་གནས་ཡུལ་ཐ མས་ཅད་དེ་བཞིན་སྒྱུ་མ་ཡིན་པ་དང་། དེ་ཉིད་མ་བསླད་པའི་དོན་དུ་གོ་འཕང་རིག་པའི་རྩལ་འཕང་མཆོག་འཕགས་རྙེད་ན། རྒྱུའི་ཐེག་པའི་གྲུབ་པ་བླ་མེད་མཐོ་བཙུན་ཆོས་ཀྱི་སྐུ་མན་ཆད་དང་། འཇིག་རྟེན་པའི་མཆོག་རིལ་ཐམས་ཅད་བརྫུན་སྒྱུ་མ་མི་བདེན་པ་ཡིན་པ་དང་། རང་གི་རིག་པ་ཇི་བཞིན་པ་ལས་དེ་བཞིན་ཉིད་དུ་གདེང་ཆུད་དེ་མི་འགྱུར་ཕྱིན་ཆད། གང་ཟག་དམན་པའི་ལུས་ཅན་ཡིན་ཡང་ཆེ་ཆུང་མ་དམིགས་པས་དཔའ་ཞུམ་མེད་པ་དང་། དེ་རྣམས་ཀྱང་བདེན་པ་མཐོང་བའི་ཡོན་ཏན་ནོ། །དེ་བཞིན་ཉིད་དུ་ཐག་ཆོད་ན། །འཇིག་རྟེན་གནས་ཀྱང་ཆོས་ཀྱི་སྐུ། །ཞེས་པ་ལ་སོགས་པའང་དེ་ཁོ་ན་ཉིད་རྫོགས་པར་རྟོགས་པས་སྐྱེད་དུ་བྱ་བ་མེད་པར་གྱུར་པ་ལ་ཐག་ཆོད། འཁོར་བ་མ་སྤངས་བྲལ་བས་འཇིག་རྟེན་གནས་ཀྱང་མཐའ་གྲོལ་བས་ཆོས་ཀྱི་སྐུ་ཆེན་པོ་ཉིད་དུ་རང་གསལ་ལོ། །བདག་གི་བློ་ཇི་བཞིན་པར་གནད་ཆུད་པས་དམ་པར་ངེས་ཀྱང་ཆེད་དུ་བྱ་བ་མེད་པར་ཤེས་ན་འགྲོ་དོན་མི་འདོར་ཏེ་འཇིག་རྟེན་འཇུག །བྱས་པ་ལ་བྱ་བ་དང་ངལ་དུབ་མེད་པས་འཁོར་བ་མཐའ་མེད་ལ་མི་སྐྱོ་ཞིང་ཡིད་མི་འབྱུང་བ་དང་། ཇི་སྙེད་པའི་ལས་མུ་མཐའ་ཡས་པ་ཐམས་ཅད་དོན་དེ་བཞིན་ཉིད་དུ་གཅིག་ཏུ་རྫོགས་པར་རྟོགས་པའོ། །ལྟ་བའི་ཉམས་རྟགས་ནི། བདུད་ཀྱི་ཁམས་ལ་ཉམ་མི་ང་། །ཞེས་པ་ལ་སོགས་པ་རིལ་ཡང་རང་གི་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངང་དུ་རྟོགས་པའི་སྐྱེས་བུ་ལ་ནི། མ་བསྒོམས་ཀྱང་བདུད་དང་སྲིན་པོས་ཉམ་མི་ང་མི་འཇིགས། དམྱལ་བའི་མི་བཟད་ཁམས་ལ་བག་མི་ཚ་འཇིག་རྟེན་ལ་ཉམ་མི་ང་བའོ། །དེས་འདོད་ཡོན་འདོད་པའི་དངོས་པོ་གང་ལ་སྤྱད་ཀྱང་། སྤྱད་པ་དབྱིངས་སུ་སྦྱོར་ལ་ཟིན་ཆགས་ཀྱི་ནད་མེད་དོ། །གཅིག་ཆར་ངེས་པའི་དོན་མཐོང་ན། །ཞེས་པ་ལ་སོགས་པ་བརྒྱུད་ནས་མི་ཤེས་པ་གཅིག་ཤེས་པར་བྱ་བ་ངེས་པའི་དང་དབྲལ་བའི་དོན་བཤད་པ་བཞིན་མཐོང་རྟོགས་ན། ཐ་སྙད་ཀྱི་བྱ་བས་གྲུབ་པའི་མཐའ་རྟོགས་པ་དག །བྲི་ཏ་བས་བསླུ་བྲིད་མཁན་ལྟ་བུའི་ཕྱིར་ཆེ་བར་བསྙད་དོ། །མ་རྟོགས་ཀྱང་མོས་པའི་ཡོན་ཏན་ནི། དེ་ལ་མོས་པ་ཙམ་གྱིས་ཀྱང་། །ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་གཅིག་ཆར་བའི་དོན་ལ་གདེང་མ་རྙེད་ཀྱང་། མོས་པའི་རྒྱུན་གྱིས་དེ་མ་ཐག་པར་འཕྲད་པ་དང་། ཁམས་གསུམ་ས་བོན་རྣམས་ལྔར་མི་ནུས་ཟིལ་གྱིས་ནོན་པར་བྱེད་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་དུ་ཀློང་དག་པའི་དོན་མ་བྲལ་སྨོས་སུ་མེད་པའོ། །དེ་དཔེ་ཡིས་མཚོན་པའི་ཕྱིར། དཔེར་ན་སེང་ཕྲུག་ཁྱུང་སྒོང་དག །ཞེས་པ་སེང་གེ་ཕྲུ་གུ་མིག་མ་ཕྱེ་བ་དང་། ཁྱུང་ཕྲུག་སྒོ་ང་ནམ་མཁའ་ལ་མ་ལྡིང་ཡང་། མངལ་དང་སྒོང་ཤུན་བྲལ་མ་ཐག །གཅན་གཟན་ཀུན་སྐྲག་པ་དང་། བར་སྣང་ལ་ཐོགས་པ་མེད་པར་འགྲོ་བ་བཞིན། །རྣལ་འབྱོར་དེ་ཉིད་ངེས་པར་གང་རྟོགས་པ་དང་ལྡན་པ་དག་དམན་པའི་ལུས་དང་མ་བྲལ་བས་འཇིག་རྟེན་ན་གནས་ཀྱང་གོ་འཕང་དམ་པ་མཆོག་གི་རིགས་ངེས་པ་ལས་མི་འགྱུར་བས་འཁོར་བའི་གཡང་ས་ལ་ཅི་ལའང་བག་ཚ་བ་མེད་དོ། །རིམ་གྱིས་པའི་ལྟ་བ་དག་གོལ་བའི་ཕྱིར། རིམ་གྱིས་མཚན་མར་སྤྱོད་པ་དང་། །མེད་ངང་དམིགས་དང་མི་དམིགས་དང་། །ཞེས་པ་ལ་སོགས་པ་དག་དམན་པ་མིའི་མཚན་ཉིད་གང་དག་མདོངས་པ་གཅིག་ཆར་མཐོང་བའི་མིག་དང་མི་ལྡན་པའི་རིམ་གྱིས་ཉན་ཐོས་ཡུལ་སེམས་སོ་སོར་སྣང་བ་ཀུན་རྫོབ་རྡུལ་ཙམ་དང་། དོན་དམ་ཤེས་པ་སྐད་ཅིག་མ་རེ་རེར་ཡོད་པར་འདོད་པའི་མཚན་མའི་ལྟ་བ་ཅན་དང་། རང་རྒྱལ་བ་ཡུལ་རྫུན་པ་སྒྱུ་མ་ཙམ་པས་མེད་པར་འདོད་པ་དང་། རྣམ་རིག་ཡུལ་ཉིད་མི་དམིགས་པའི་ཤེས་པ་རང་སྣང་བར་འདོད་པ་དང་། དབུ་མས་ཀུན་རྫོབ་སྒྱུ་མ་ཙམ་ཡང་སེམས་སོ་སོར་སྣང་མཚན་མར་སྤྱོད་པ་ཡང་དམ་པར་མི་དམིགས་པར་ལྟ་བ་དང་། བྱང་ཆུབ་དོན་དུ་གཉེར་བ་དང་། སའི་རིམ་པ་བགྲོད་པར་བསྒྲུབ་དང་བྱེད་པའི་ཀྲྀ་ཡོག་དང་། སྟོང་པའི་ལྟ་བ་དང་། རྟོགས་པའི་ལྟ་བ་གཉིས་ལ་བརྟེན་ནས་དོན་ཆེན་པོའི་གདེང་མེད་པར་སྟོང་རྟོགས་དེས་དོན་ལ་མི་དམིགས་ནས་འཇུག་པས་དོན་ཆེན་མ་མཐོང་བའི་བླུན་པོ་དག །འབྲས་བུ་ཆེན་པོ་མེད་པ་དེ་རྒྱལ་བའི་གོ་འཕང་དངོས་སུ་མི་འཐོབ་པས་ཝ་དང་འདྲའོ། །མཐའ་ཡས་ཇི་སྙེད་ཆོས་ཀུན་གྱི། །ཞེས་པ་དག་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མ་བསླད་པར་རྟོགས་པའི་ཐབས་ཆེན་པོ་དང་ལྡན་པ་ནི། དཔེར་རི་བོ་ཆེན་པོའི་ཁ་ནས་ལྷུང་ན་ལྷུང་བར་མི་བྱ་སྙམ་ཡང་ལྷུང་བ་ལྟར། ཐབས་ཆེན་པོས་གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར་ཏེ། གྲོལ་དུ་མེད་པར་ཤེས་པ་ཉིད་འཆིང་བ་དང་བྲལ་བས་ཐག་ཆོད་པའོ། །ཇི་ལྟར་ཁྱུང་ཆེན་མཁའ་ལྡིང་བ། །ཞེས་པ་དག་ཐག་ལྟ་བས་གཅད་པའི་ཉེ་བར་མཚོན་པ་དང་། དོན་ཏེ་སྒྲ་བཞིན་དུ་སྦྱར་རོ། །ལྟ་བའི་གདེང་མ་ངེས་པའི་ཐེ་ཚོམ་ཡོངས་སུ་གཅོད་པའི་ལེའུ་སྟེ་བདུན་ཅུ་གཉིས་པ་བཀྲོལ་བའོ།། །།ལྟ་བའི་དོན་ལས་སུ་རུང་བས་ཡང་དག་པའི་ས་ལ་སྦྱར་བའི་ཕྱིར། དེ་ནས་ཡང་གསང་བའི་བདག་པོས་དམན་པ་དམ་པ་རྣམས་ལ་སྨྲས་པ། ཞེས་པ་དག་རྗེས་ཐོགས་སུ་གསང་བ་པས་གྲོགས་ཀྱི་འཁོར་ལ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ཉེ་བར་བསྟན་པའོ། །དགོངས་པ་དམ་པ་ཀུན་འདུས་ལ། །ཞེས་པ་དག་བསྒོམ་པའི་དགོས་ཆེད་འཆད་པ་སྟེ། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་ལྷུན་གྱིས་གྲུབ་པའི་ཀུན་འདུས་དོན་འདི་ལ། མི་གཉིས་པར་འཇུག་པའི་ལས་དང་ཐབས་ཀྱི་མཆོག་ཏུ་གཙོར་གྱུར་པ་ནི་ཏིང་ངེ་འཛིན་ཏོ། །དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་བཞིའི་ཚོགས་རིལ་འཁོར་ལོས་དབང་སྒྱུར་བར་འགྲོ་བ་ཇི་བཞིན། རྒྱུ་དང་འབྲས་བུའི་ཆོས་སོ་ཅོག་རིལ་ཀུན་ཇི་ལྟ་བར་ཐག་ཆོད་པའི་དོན་ལ་མ་ཡེངས་པར་གནས་པའི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས་འཐོབ་པ་ལས་ཐབས་གཞན་ཉེ་བའི་རྒྱུ་མ་ཡིན་པའི་ཕྱིར་ཏིང་ངེ་བསམ་གཏན་ཡིན་འཛིན་བསྒོམ་དགོས་སོ། །དེ་བས་ན་བསྒོམས་པའི་ཡོན་ཏན་ནི་འདི་ལྟ་སྟེ། རྣལ་འབྱོར་བསམ་གཏན་ཆེན་པོ་འདི། །ཞེས་པ་ལ་སོགས་པ་རིལ་ཡེ་ཇི་བཞིན་པ་རྣལ་ངང་དུ་མི་གཉིས་པའི་དོན་ཤར་བའི་འབྱོར་སྐྱེས་བུ་ནི་གནས་པ་དང་བྱེད་པ་གཉིས་ཀ་བསམ་གཏན་སྟེ། ཇི་བཞིན་པའི་ངོ་བོ་ཉིད་ཡུལ་བྲལ་ངང་གིས་མི་གཡོ་བས། མ་བཅོས་པའི་རྗེས་སུ་མཐུན་པའི་བསམ་པ་ཡང་རྟོག་རྒྱུན་མ་འགག་པར་མི་གཡོ་བ་ནི་ལྷག་པ་ཆེན་པོའི་མིང་ཐོབ་པའི་དོན་ཉེ་བར་འདི་བཟུང་བའོ། །དེ་ལྟ་བུས་སྒྲིབ་པ་མ་སྤངས་བྲལ་བ་ནི། དཔེར་ན་དུག་དང་མུན་པ་དང་། ཟངས་ལྕགས་མ་བསལ་བར་སྨན་དང་མར་མེ་དང་གསེར་འགྱུར་རྩིས་དེ་ཉིད་དུ་བྱེད་པ་ལྟར། སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་ཕྲ་རགས་ཉིད་ཡེ་ཤེས་ཆེན་པོའི་འབྲས་བུར་རང་འཆར་བར་དབང་སྒྱུར་བྱེད་པའི་ལས་བསམ་གཏན་གྱིས་བྱེད་པས། ཟང་ཟིང་ཕྱི་ནང་སྤང་དུ་མེད་པའི་སེམས་ཀྱིས་བོར་ལ་དགོན་པར་དོན་ཆེན་པོ་དེས་ན་དམ་པའི་བསམ་གཏན་བྱ་ལ་འབད་པར་རིགས་སོ། །འོ་ན་མ་བསྒོམས་པའི་སྐྱོན་གང་སྙམ་པ་ལ། གལ་ཏེ་བསམ་གཏན་འདི་མེད་ན། །ཞེས་པ་ལ་སོགས་པ་སྙོམས་ལས་ཅན་དག་གི་ཚིག་ལ་ཁུངས་ཕྱུངས་ཏེ་མ་བསྒོམས་ན་དོན་མེད་པ་ནི་དཔེ་རྒྱ་མཚོ་གཏིང་གི་ཕ་ཝོང་རླན་མ་བྲལ་བ་ཡང་སྙིང་པོ་སྐམ་པ་བཞིན། རྩོལ་བས་རྣམ་པར་དཀར་བའི་ལས་རྒྱ་མཚོ་འབད་ཀྱང་འཇིག་རྟེན་པའི་བདེ་བ་ལས་གོ་འཕང་མཆོག་མེད་དོན་མེད་སྙིང་པོ་སྒོམས་པ་ཡིན་པ་དེ་དང་མཚུངས་སོ། །འོན་ཀྱང་རྒྱུ་ཙམ་མི་འདོད་པ་མ་ཡིན་ནོ། །དེ་ལྟ་བུའི་དོན་ཆེན་པོ་ལ་སྦྱོར་བའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་གང་སྙམ་པ་ལ། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི། །ཞེས་པ་ལ་སོགས་པ་ཇི་བཞིན་པའི་ངང་ལ་རྣལ་འབྱོར་འདུ་ཤེས་གང་དུའང་མ་ཞུགས་པ་ནི་ཁྱད་པར་ཆེན་པོའི་གྱི་མིང་འཐོབ་བོ། །བསམ་གཏན་ནི་དེའི་ངོ་བོ་ཇི་བཞིན་པའི་ཉིད་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མ་བསླད་མ་བསྒྱུར་བའི་དོན་མཐའ་དང་ཡེ་བྲལ་བས་དེ་ཉིད་དུའང་བརྗོད་དུ་མེད་པའི་དོན་ལ་རང་རིག་པས་དེ་ཉིད་ཐག་ཆོད་པའི་རྒྱུས། དོན་དེ་ཁོ་ན་བར་རང་རིག་པ་སྣང་བ་ལ་འདུ་ཤེས་ཅིར་ཡང་མ་བཅོས་པའི་མ་སྐྱེས་པས། རང་གི་བསམ་པས་གང་ཡང་གཞག་པ་མེད་པར་བློ་བཞག་སྟེ་རང་གསལ་བ་ལ། སྐྱེ་མངོན་དུ་བྱེད་པ་དང་། གསལ་དུ་རེ་བའི་སེམས་པ་མེད་པ་ནི་མ་བསླད་པའི་ཤེས་རབ་བོ། །དེ་བས་ན་འགྲེ་ལྡོག་སྤྱི་ཚུགས་གར་འགྲེས་ཀྱང་སྙིང་པོ་བྱང་ཆུབ་པས་སོ་ལ་ཉམས་སུ་དོག་པ་དང་། རྟོགས་རྒྱུན་བྱུང་དུ་དོགས་པའང་མེད་པས་དུས་ཕྱེད་པར་རང་གི་གཡེང་རྨུགས་མེད་ཅིང་རིག་པའི་དོན་ལ་དམིགས་པ་དང་མི་མཐུན་པ་འགོག་པའང་མེད་དེ། དོན་མཐའ་གཉིས་བྲལ་བར་རང་གསལ་བ་ཉིད་དོ། །དེ་བས་ན་ཇི་ཙམ་དུ་རྩོལ་དཔྱོད་དམིགས་པ་ནི་དོན་ལ་མ་རེག་པས་ཡེངས་པ་ཞེས་བྱ་བར་ང་སྨྲའོ། །ཏིང་ངེ་འཛིན་གྱི་རྩ་བ་ཉེ་བར་བསྟན་པའི་ཕྱིར། རྣལ་འབྱོར་དམ་པ་ཇི་བཞིན་པས། །སེམས་ཀྱི་ཆོས་ཉིད་དེ་ཉིད་དེ། །ཞེས་པ་བསྒོམ་པའི་མཆོག་རྣལ་འབྱོར་དམ་པ་ཇི་བཞིན་པ་དེ་ནི་ཁོ་ན་ཉིད་དམ་པ་མ་བཅོས་པ་སེམས་ཀྱི་དཀྱིལ་འཁོར་ཆོས་ཉིད་འོད་གསལ་བ་ཉིད་དེ་ཁོ་ན་བས། ཏིང་ངེ་འཛིན་སྒོ་འབུམ་ཕྲག་ཀྱང་འདི་ལས་ཤར་བའོ། །བསྐྱེད་པའི་རྣལ་འབྱོར་པ་རྣམས་ལ་བསྒོམ་པ་རྣམ་གསུམ་བརྗོད་པའི་དོན་གང་སྙམ་པ་ལ། དེ་བཞིན་ཉིད་ཅེས་མི་དམིགས་པ་དང་། །ཞེས་པ་ལ་སོགས་པ་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅིར་ཡང་མི་རྟོག་པ་བསྒོམ་པའང་གཞན་མ་ཡིན་ཏེ། དངོས་པོ་གཉིས་ཀྱི་གཞི་རྩ་བ་རྣམ་ཤེས་ཀུན་གཞི་ཉིད་བྱང་ཆུབ་ཀྱི་སེམས་ཉིད་དོ། །དེའི་གཏན་ཚིགས་ཅིའི་ཕྱིར་གང་གིས་ཡིད་ཆེས་པར་བྱ་ཞེ་ན། རྩ་བ་སེམས་ཀྱི་ཆོས་ཉིད་རྒྱུ་རྐྱེན་མ་བྱས་མེད་པ་དང་། མ་བཅོས་མཁན་པོ་བྲལ་བ་དང་། རང་བྱུང་ཤར་བ་གསུམ་གྱིས་དེ་བཞིན་ཉིད་ཅེས་མིང་འགྲུབ་པས། བསམ་པ་པོ་དང་རྗེས་སུ་བཤད་མཐུན་པར་བཀའ་སྩལ་ཏོ། །དེ་བས་ན་ངོ་བོ་ཉིད་བསྟན་པ་དང་། ཚོལ་བའི་ཞེན་པ་དགག་པ་དང་། དངོས་པོ་ལ་གནས་པའི་དོན་འགྲེལ་ཏེ་འཆད་པའང་རྗེས་སུ་སྦྱར་རོ། །ཐམས་ཅད་ཀུན་ཏུ་སྣང་བ་ནི། །འཇུག་པའི་རྣམ་ཤེས་ཡུད་ཙམ་ཉིད། །ཅེས་པ་དག་ཐམས་ཅད་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ནི། འཇུག་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་མ་ཡིད་ཙམ་ཉིད་དོ། །དེའི་ཅི་ཕྱིར་གཏན་ཚིགས་གང་ཞེ་ན། ཡིད་ཐུན་མོང་ཀུན་ཏུ་ཁྱད་པར་དང་། སྤྱི་ཕྱི་ནང་ཡུལ་ཀུན་ལ་སྣང་བའི་གསལ་བར་འཇུག་པས་ཕྱི་ནང་ཀུན་ཏུ་སྣང་བའི་ཡིད་ཉིད་ཡེ་ཤེས་ཆེན་པོའི་ངོ་བོར་གསལ་བའི་ཕྱིར་ཐུགས་རྗེ་ཆེན་པོའོ། །རྒྱུ་ཡི་རྣམ་པ་བཀོད་པ་ནི། །ཞེས་པ་ལ་སོགས་པ་རྒྱུའི་ཏིང་ངེ་འཛིན་གྱི་རྣམ་པར་བཞག་པ་འདོད་པ་ཉིད་ནི་འཇུག་པའི་རྣམ་ཤེས་སྒོ་ལྔའི་ཤེས་པ་ལྔའོ། །དེ་ཅིའི་ཕྱིར་ཞེ་ན། སྒོ་ལྔས་ཡུལ་གང་བཅད་པའི་བག་ཆགས་ནི། གང་གི་ཀུན་གཞིའི་མིང་དུ་ཐོགས་པར་བྱེད་པའི་ཡང་རྒྱུ་ཡིན་ལ། མཐོ་དམན་ཀུན་གྱིའང་རྒྱུ་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་ཡི་གེའི་རྣམ་པར་བསྒོམ་པ་པོ་ལ་གསལ་བ་ནི། བསྒོམ་པ་པོའི་རིག་པ་ཉིད་ཡི་གེར་བྱུང་བ་ཡང་ཤེས་པ་པོའི་ཡུལ་བག་ཆགས་ཉིད་སྣང་བའོ། །ཤེས་པ་གསུམ་ཁོ་ནར་ངེས་པར་གཞག་པ་ནི། བཤད་པའི་དོན་གསུམ་དང་ཆོས་མཐུན་པས་བསྙད་ཀྱི་རྒྱ་ཆད་པར་འདོད་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་རང་བཞིན་གང་སྙམ་པ་ལ། གང་གི་དགོངས་པ་དམ་པ་ནི། །སྟོང་པ་མ་ཡིན་ཐེར་ཟུག་མིན། །ཞེས་པ་ལ་སོགས་པ་གང་ཐེག་པ་མཆོག་གི་དགོངས་པ་ཏིང་ངེ་འཛིན་དམ་པ་ཁྱད་པ་ཅན་གྱི་རང་བཞིན་ནི། རིག་པ་ཇི་བཞིན་པར་ནམ་མཁའི་འོད་བཞིན་སྟོང་པ་མ་ཡིན་རིལ་གསལ་བ་ཉིད་ཐམས་ཅད་དུ་གསལ་ལ། ངོ་བོ་ཐེར་ཟུག་མིན་མེད་པས་རྟག་ཆད་ལས་འདས་པས་དེ་གཉིས་ཀྱི་མཐའ་མེད་པས་དབུས་སུའང་མི་དམིགས་བསམ་དུ་མེད་པ་དེ་ཉིད་ཀྱང་མ་ཡིན། གཞན་པའང་མ་ཡིན་པའི་སེམས་ཉིད་མི་རྟོག་པར་རིལ་མ་འདྲེས་རྫོགས་པར་ཀུན་རིག་གསལ་བའི་ཕྱིར་རྫོགས་པ་ཆེན་པོ་ཉིད་དེ། རྟག་ཆད་བྲལ་ཕྱིར་ཡོད་མེད་ལས་ཀྱང་གྲོལ་བས་ཅི་ཡང་གཟུང་དུ་མེད་པའི་རང་བཞིན་ཏེ། མེད་པ་ཉིད་ལས་ཀྱང་འདས་པའོ། །དེ་ལྟར་ཇི་བཞིན་བསྒོམ་པ་ལ་གནོད་པའི་སྐྱོན་སྒྲིབ་གང་སྙམ་པ་ལ། གང་འདིར་ཚོར་འགྲོ་མ་རབས་དང་། །ཞེས་པ་ལ་སོགས་པ་འདིའང་ལྷན་ཅིག་སྐྱེས་པའི་སྐྱོན་དང་། རྐྱེན་གྱིས་བསླད་པའི་སྐྱོན་དང་། ཆེད་དུ་བྱས་པའི་སྐྱོན་དུ་འགྲེལ་ཏོ། །དེ་ལ་བསྒོམ་པའི་སྐབས་སུ་གང་འདིར་རྣལ་འབྱོར་པ་སུ་ཡང་རུང་བ་ཞིག་ལ། བྱུང་ཚོར་གྱི་རྟོག་པ་ཕྲ་རགས་དང་། གསལ་མི་གསལ་དང་། ཆེ་ཆུང་དང་། རིང་ཐུང་དང་། མྱུར་བུལ་བྱུང་ན་སྐྱེ་བོ་མ་རབས་འཇིག་རྟེན་པར་གོལ་བའོ། །གང་དེ་དག་སྐྱོན་དུ་འགོག་ན་བྱིས་པ་ཉན་ཐོས་སུ་གོལ་བས་སྤྱོད་ཡུལ་དོན་ཤེད་མ་བྱེ་བའོ། །དྲན་པ་ཉམས་ནས་བྱིང་རྨུགས་ལྟ་བུར་གྱུར་པ་ལོག་སྲེད་ཅན་རྒྱང་འ ཕེན་དུ་གོལ་བའོ། །ཡལ་བར་འཇོག་པ་དང་། ཕྱལ་བ་དོན་མེད་པ་ནི་འཇིག་རྟེན་རང་ཀ་མའོ། །དམིགས་པ་རྩེ་གཅིག་ཏུ་འཛིན་པ་ནི། མཚན་མ་རྩེ་གཅིག་ཏུ་གོལ་བའོ། །གང་འདིར་ལྟ་བས་མདོངས་པ་དག །ཅེས་པ་ལ་སོགས་པ་གང་འདིར་རྣལ་འབྱོར་ཆེན་པོའི་སྒོར་དོན་ཆེན་པོ་ལས་གོལ་བས་ལོག་ལྟས་བསྒྲིབ་པའི་ལོང་བ་མདོངས་པ་རྣམས། བདག་འཛིན་ལ་བརྟེན་ནས་དང་བྲལ་བའི་གཞི་ལས་གྲུབ་མཐའ་རྟག་པར་བསྒྲུབས་ཏེ་འདོད་པ་དང་། ཡང་ཚེ་སྔ་ཕྱི་ལ་སོགས་པ་ཡང་མེད་པར་འདོད་པའི་ལྟ་ངན་གྱིས་ཤེས་པ་ཉམས་བཞིན་དེས་འབྲས་བུ་ཐོབ་བོ་བར་སྙམ་ནས་རྟོགས་པ་ནི། མུ་སྟེགས་སུ་གོལ་བ་སྟེ་ངན་འགྲོར་འགྲོ་སོང་གི་རྒྱུའོ། །ཡང་ན་འདིར་དག་ནི་གཟུགས་མེད་པར་གོལ་བའང་ཡིན་ཏེ། བདག་འཛིན་ལ་བརྟེན་ནས་འཇིག་རྟེན་གྱིི་གྲུབ་མཐའ་བསྒྲུབ་སྟེ་ཡེ་འདི་ལ་རྟོགས་པ་ནི། ཆོས་སོ་ཅོག་མཁན་པོ་ལ་རག་ལུས་པར་ལྟ་ཞིང་འདུ་ཤེས་དེ་ཉིད་ཀྱིས་སྐྲག་ཅིང་སྐྱོ་ནས་ཅི་ཡང་མེད་པ་ལ་དགའ་སྟེ། མེད་དོ་སྙམ་མོས་བའི་དོན་དེ་བསམ་གཏན་དུ་བྱས་པས་དེར་འགྲོ་གཟུགས་མེད་པའི་ལྷར་སྐྱེ་སྟེ། དེ་ནས་བསྐལ་པའི་གྲངས་ཚང་བ་དང་། མྱ་ངན་ལས་འདས་པ་བྱ་བའང་མེད་དོ་སྙམ་པའི་འདུ་ཤེས་གཡོས་ནས་དེ་མ་ཐག་ཏུ་ཐལ་བྱུང་ཏིང་ངེ་འཛིན་གྱི་ལུས་ཞིག་ནས། སྐད་ཅིག་ལ་ངན་འགྲོར་དམྱལ་བར་འགྲོ་བ་ཡོད་པའི་ཕྱིར་རོ། །གཟུགས་ཁམས་སུ་གོལ་བ་གང་སྙམ་པ་ལ། མོས་པ་ཆུང་ངུ་ཐམས་ཅད་ནི། །གང་ལ་བདག་མེད་རྟེན་བཞིན་མཐོང་། །ཞེས་པ་ལ་སོགས་པ་མོས་པ་ཆུང་ཉན་ཐོས་ཀྱི་གང་ཟག་རྣམས་ནི། བསྒོམ་པ་ཐམས་ཅད་ནི་གྲངས་མང་མོད་ཀྱི་གཞི་གང་ཟག་ལ་བདག་མེད་པའི་ལྟ་བ་ལ་བརྟེན་ནས། འདུས་བྱས་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་མཐོང་ནས་ཡུལ་དྲུག་འགོག་པ་ལ་ཞུགས་ནས་རྟོག་པ་ནི་ཡོད་ལ་དཔྱོད་པ་མེད་པ་ནི་བསམ་གཏན་དང་པོ་བའོ། །ཀུན་སྟོང་ཕྲ་བའི་སྟོང་པ་ལ། །ཞེས་པ་དག་ཕྱི་ནང་རིལ་སྟོང་པར་བྱས་ནས་འདུ་ཤེས་སྦོམ་པོ་ལ་མི་ལྡང་བའི་སྟོང་པ་ལ་གནས་པ་ནི། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་བསམ་གཏན་གཉིས་པའོ། །སྟོང་པ་ཉིད་ལ་ངེས་གཞག་སྟེ། །ཞེས་པ་དག་སྟོང་པ་ལ་བསྒོམ་པ་ཀློང་དུ་གྱུར་ནས། བདག་གི་གཟེངས་བདག་གིས་བསྟོད་ནས། ད་ནི་སྐྱེ་བ་ཟད་དོ། །བྱ་བ་བྱས་སོ། །ཁུར་བོར་བའོ་སྙམ་དུ་ཡིད་ལ་བྱེད་པ་ནི། དཔྱོད་པ་མེད་ལ་དགའ་བ་ཡོད་པ་ནི་བསམ་གཏན་གསུམ་པའོ། །བདག་གམ་གཞན་གྱི་མཐུས་བསྟན་ཏེ། །ཞེས་པ་དག་དེ་ནས་བདག་ཉིད་ཀྱིས་ཚོར་རམ་རྒྱལ་བའི་བྱིན་གྱིས་རླབས་སམ། དགེ་བའི་བཤེས་གཉེན་གྱི་མཐུས་ཆོས་སྟོན་ཏེ། རྟོག་དཔྱོད་དང་དགའ་བ་གསུམ་ཆར་བོར་ཏེ་སྟོང་པ་མི་གཡོ་བ་ལ་གནས་པ་ནི་བཏང་སྙོམས་ཅན་ཏེ་བསམ་གཏན་བཞི་པའོ། །དེས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ལྟ་བའོ། །འདི་ནི་ཉན་ཐོས་དང་འཇིག་རྟེན་པ་ཐུན་མོང་དུ་འགྲེལ་ཏེ། དེ་དག་ཏུ་ལྟ་ན་གོལ་བའོ། །གང་ཡོད་མཐར་ཡང་འགྱུར་སྲིད་ཀྱི། །གང་མེད་གནས་མེད་མཐར་མི་འགྱུར། །ཞེས་པའང་སུ་ཞིག་ཡང་དག་པའི་ཤེས་རབ་ཡོད་ན། མཐར་གསང་སྔགས་རྟོགས་པ་འགྱུར་བ་སྲིད་ཀྱི། ཤེས་རབ་མེད་ན་རྟོགས་པའི་གནས་གཞི་མེད་པས་མཐར་གསང་སྔགས་རྟོགས་པར་མི་འགྱུར་བའོ། །གཞན་དུ་ན་གང་ཡོད་པར་འཛིན་པའི་གང་ཟག་ལ་ནི། དེ་ཉིད་ཀྱི་རྒྱུས་མེད་པའི་མཐར་ཡང་འགྱུར་བ་འོང་གི། གང་དམ་པ་དག་ཡོད་པར་འཛིན་པའི་འདུ་ཤེས་དང་བྲལ་བ་གནས་མེད་ལ་ནི། དེ་ལ་ལྟོས་པའི་མཐའ་མེད་པ་ཞེས་པར་འགྱུར་བ་མེད་དེ། དེ་མཐའ་ལ་མི་གནས་སོ། །དེ་ཁོ་ན་ཉིད་ཅེས་བྱ་བ་ཉིད་ཡེ་མེད་པ་ཞིག་གོ་བར་དོགས་པ་ལ། གང་དེས་མི་ཤེས་མི་མཐོང་ཞིང་། །བཙལ་བས་རྙེད་པར་མི་འགྱུར་ཡང་། །ཞེས་པ་ལ་སོགས་པ་བཤད་པ་ལྟར་གང་ཞིག་མཐའ་ལ་ཞེན་པ་དེས་དེ་ཁོ་ན་ཉིད་མི་ཤེས་མ་རིག་མ་རྟོགས་པས། དེའི་དོན་ཤ་ཐང་བས་འབད་དེ་བཙལ་བས་ཀྱང་ངོ་བོ་འདི་འདྲར་མ་རྙེད་མ་མཐོང་ཡང་། སེམས་ཀྱི་དེ་ཁོ་ན་ཉིད་ནི་མེད་ཅིང་རླག་པར་འགྱུར་བ་ཡང་མེད་པའི་ཕྱིར། དེ་ལ་ནི་རྒྱུ་འབྲས་ཀྱི་ངོ་བོ་དབྱེར་མེད་པས། རྒྱུ་འབྲས་ལ་ཞེན་པས་མ་མཐོང་མ་རྙེད་ཀྱང་། ཇི་བཞིན་པའི་དོན་ཆེན་པོ་མེད་པའང་མ་ཡིན་ཏེ། ངོ་བོ་ལ་འགྱུར་བ་མེད་པ་ཉིད་དོ། །དེའི་མཐུན་པའི་ཆོས་ཉེ་བར་བཟུང་བའི་དཔེ་ནི། ལྕགས་བསྲེགས་པ་དབལ་མེད་ཀྱང་ལྕགས་ཡོད་ལ། འབྱུང་བ་བཞི་སྟོངས་ཀྱང་མེད་མིན་བཞིན་ནམ་མཁའ་ཡོད་པ་ལྟར། དམིགས་ལྟ་ཅན་གྱིས་མ་རྙེད་ཀྱང་། ༷དེ་ཁོ་ན་ཉིད་ཀྱི་ཀློང་ནི་ཅིས་ཀྱང་མི་ཤིགས་པའི་ངོ་བོ་བས་མེད་པར་མི་འགྱུར་རོ། །རྟོག་པའི་སྐྱོན་རྣམས་ཤེས་ན་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། དྲུག་གི་སྤྱོད་ཡུལ་མཚན་མ་སྟེ། །མཚན་མ་དངོས་པོར་སྣང་བ་ན། །ཞེས་པ་ལ་སོགས་པ་བསྒོམ་པའི་ཚེ་གཟུགས་མཐོང་སྒྲ་ཐོས་ལ་སོགས་པ་ཤེས་པ་དྲུག་གི་རྟོགས་པའི་སྤྱོད་ཡུལ་མཚན་མ་ཅི་བྱུང་ཅིར་སྣང་ཡང་། རང་བཞིན་ལ་རྟོག་པའི་མཚན་མ་ཉིད་ཆུའི་རླབས་ལྟར་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་དུ་རང་སྣང་བ་ལས་མི་མཐུན་པའི་སྐྱོན་དུ་བསྙད་དུ་མེད་པའི་ཕྱིར། རྟོག་པ་ཉིད་མ་བཀག་པར་རང་དགར་ཅི་བཞག་སྟེ་དེ་བཟློག་མིན་མི་སྤང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པ་ཀ་ནས་མ་གྲུབ་པས་སྟོང་པ་ཆེན་པོའི་ཆོས་ཉིད་པས་བཟློག་སྤང་དུ་མེད་པར་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་ཚིག་མིན་ཤེས་ཤིང་ལྟ་བས་ཐག་ཆོད་གནད་ཆུད་པ་ལ་རྟོག་པ་སྐྱེས་ཀྱང་རྟོག་པར་མཐོང་བ་མེད་པས། རྟོག་པ་མི་འཆོས། ཀློང་ཆེན་པོའི་ངང་ལས་ཡེངས་པའི་ཡུལ་ཉིད་བྲལ་བས་ཡེངས་པའང་མེད། སེམས་བསྒྲིབ་པའང་མེད་ངང་གིར་རང་གསལ་བ་ནི་སྙོམས་པར་འཇུག་པ་ཆེན་པོ་ཞེས་བྱའོ། །དེ་བས་ན་རྟོག་རྒྱུན་མ་བཀག་མཐོང་ཐོས་མེད་པར་ཤེས་པའི་སྐྱེས་བུ་ལ། ཆུའི་རླན་མི་ཚོལ་བ་ལྟར་རྩོལ་སྒྲུབ་ཆོས་ཉིད་ལ་འབད་པ་དང་གསལ་ཞིང་ཐོབ་ཏུ་རེ་བ་དང་། ལྟུང་དོགས་གོལ་གྱི་དོགས་པ་བྲལ་བས་ག་ལ་ཡོད། ནམ་དུའང་མི་མཐུན་གཉེན་པོ་བསྟེན་པར་མི་བྱེད་བསྒོམ་མི་དགོས་དོ། །གནད་མ་འཆུག་པར་ཆོས་ཚུལ་འཆོས་པ་དག་ནི་སྦལ་བུས་ནམ་མཁའ་ལ་ལྡིངས་པ་ལྟར་ཚི་ཆད་པར་འགྱུར་རོ། །དེ་བས་ན་སྤང་བྱ་མི་སྤོང་སྟེ་རྟོག་པས་འཆིངས་པའི་ཕྱིར་རོ། །སྐྱོན་ཡོན་སྤོང་ལེན་བྱིང་རྒོད་རྣམས། །ཞེས་པ་ལ་སོགས་བསམ་གཏན་གྱི་སྐྱོན་དང་ཡོན་ཏན་ལ་སྤོང་བ་དང་ལེན་པ་བྱེད་པ་དང་། བྱིང་བ་རྒོད་པ་ལ་སོགས་རིལ་སྐབས་འདིར་མ་འགགས་ལ། ངོ་བོ་མེད་པས་རིས་སུ་ཆད་པའང་མེད་དེ། ཇི་བཞིན་པའི་ངོ་བོར་གསལ་ལ་ཟུང་འབྲེལ་ན་བྱུང་ཚོར་མ་བཀག་མི་གཡོ་བས་ཞི་གནས་ལྷག་མཐོང་འབྲེལ་བར་གྱུར་ན། དེ་ཉིད་ཀྱང་རང་རིག་སེམས་ལས་བྱུང་བའི་ཆོས་ཉིད་རང་ཤར་བའོ། །དེ་བས་ན་རང་བྱུང་རང་ནི་མ་རྟོགས་ན། དཔེར་དངོས་པོ་ཞིག་ཀྱང་ནམ་མཁའ་མི་རླག་པ་དང་། བསྐལ་པར་འཁྱམས་ཀྱང་སེམས་མི་སྟོར་བ་ལྟར། རྟོག་པ་སྤོངས་པས་མི་སྤོངས་ཏེ། འདུ་ཤེས་ཉིད་ཀྱིས་འཆིང་ངོ་། །མདོ་ལས་ཀྱང་། འདུ་ཤེས་འདི་ནི་སྤངས་སྙམ་དུ། །གོང་གི་འདུ་ཤེས་འབྱུང་འགྱུར་བ། །འདུ་ཤེས་ལས་ནི་དེ་མི་ཐར། །ཞེས་གསུངས་སོ། །སྒྲིབ་པ་སེམས་ཀྱི་ཆོས་ཉིད་དུ་མ་ཤེས་ན་སྦྱང་བཀྲུས་པས་མི་འདག་སྟེ། རྩོལ་སྦྱོང་ཉིད་ལྟ་བའི་སྒྲིབ་པ་ཆེན་པོའོ། །འོ་ན་ཐབས་དམ་པ་ཉིད་གང་ཞེ་ན། གང་སྟོང་ཡོད་པ་ཆད་རྟག་པའང་། །ཐམས་ཅད་རིག་པས་སྟོང་མ་ཡིན། །ཞེས་པ་ལ་སོགས་པ་གང་སྟོང་པའི་དངོས་པོ་ཞིག་པ་དང་། ཡོད་པ་དང་། ཆད་པ་དང་། རྟག་པ་ལ་སོགས་པའི་མཐའ་རྣམས་ངག་གིས་དག་པའི་ཚུལ་ནི་ཅི་ལྟ་བུ་ཞེ་ན། ཐམས་ཅད་རིལ་ཆོས་ཉིད་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་རིག་པ་གསལ་བས་ཉི་ཚེ་བའི་སྟོང་པ་མ་ཡིན་ཞིང་། དེ་ཉིད་ལ་ངོ་བོ་དངོས་པོ་འདི་འདྲར་མེད་པས་ཡོད་པ་རྟག་པ་མ་ཡིན་ལས་ཀྱང་འདས་སོ། །ཐེར་ཟུག་གི་དངོས་པོ་མེད་པ་བས་རྟག་པ་མ་ཡིན། འབྲས་བུའི་བདག་ཉིད་པས་ཆད་པའང་མ་ཡིན་ཏེ། ངོ་བོ་ཉིད་གང་ཡང་མ་བཀོལ་བ་ཉིད་འདི་འདྲར་མེད་པས་མཐའི་སྒྲིབ་པ་སྦྱང་དུའང་མེད་པ་ཉིད་དོ། །དེ་བས་ན། བྱ་བ་ཐམས་ཅད་ཡོངས་བཏང་ནས། །ཞེས་པ་ལ་སོགས་པ་ལས་སུ་བྱ་ཐམས་ཅད་ཡོངས་བཏང་ནས་བ་གང་ཡང་མེད་པས་མི་ལེན་མི་སྤྱོད་པར་ཡེ་གདོད་ནས་མ་བཅོས་བསླད་པའི་ཆོས་ཉིད་དུ། རང་རིག་པ་ཅིར་ཡང་བཞག་ཏུ་མེད་པར་དེར་ཤེས་པ་ཉིད་གཞག་པ་ཉིད་དེ། དེ་ལྟར་གནད་ཆུད་ན་དེ་ལ་ཆོས་ཀྱི་དབྱིངས་སུ་འདུ་ཤེས་པའང་མེད་པས་སྒྲིབ་པ་བཙལ་གྱིས་དེའང་མེད་མི་རྙེད་དོ། །དེ་ལྟར་ནི་དམ་པའི་དམ་པའི་གདེང་ཆུད་པ་ནི་བདེན་པ་ཆེན་པོ་ཉམས་རྙེད་པ་མཐོང་བའོ། །དེ་ལྟ་བུ་དམན་པའི་ཡུལ་མ་ཡིན་པར་བསྟན་པའི་ཕྱིར། འདིར་ནི་ཐེག་ཆེན་དམ་པ་ཡི། །ནད་ནི་རིམས་ཀྱི་འཐོབ་མ་ཡིན། །ཞེས་པ་དག་འདིར་ནི་གསང་སྔགས་ཐེག་པ་ཆེན་མཆོག་གི་དོན་དམ་པའི་གཅིག་ཆར་བའི་དོན་ཟབ་མོ་ནི། རྒྱུའི་ཐེག་པ་རིམ་གྱིས་འཇུག་པ་བ་རང་གི་རྩོལ་མཐའི་ནད་ཆེན་རིམ་གྱིས་པོས་བསྒྲིབས་ནས་རྟོགས་པ་འཐོབ་མ་ཡིན་མི་ནུས་སོ། །དེ་བས་ན་རིམ་གྱིས་པའི་སྐབས་སུ་ཚོགས་དྲུག་གཡེང་བའི་རྒྱུར་བཞག་པ་ཉིད་ནི། གཅིག་ཆར་བའི་སྐབས་དེ་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་ལྷུན་གྱིས་རྫོགས་པའི་ཆོས་ཉིད་པས་མ་བཀག་ལ་མི་གཡོ་བ་ཉིད་དོ། །དེས་ན་གང་དང་གང་དག་གིས། །ཇི་ལྟར་གོ་དང་མོས་བཞིན་དུ། །ཞེས་པ་དག་དེས་ན་སྙེགས་པ་ནི་འཇུག་སྒོ་གཉིས་གཅིག་གི་ནང་དུ་གཅིག་གྱུར་པས། གང་དང་བློ་ཆེ་བ་དང་ཆུང་བ་གང་དག་གི་བའི་དངོས་པོ་རྣམས་ཀྱིས་བབ་ཅོལ་དུ་མི་འཇུག་པར་བློས་གོ་རྟོགས་ཚད་དང་མོས་པ་ཇི་ལྟ་བར་བཞིན་དུ། བསྟན་པ་ཆོས་ཀྱི་སྒོ་མོ་རིམ་པ་གང་དང་གཅིག་ཆར་ལ་སོ་སོར་འབད་ན་སོ་སོར་ཡིད་བརྟན་ཡུལ་དུ་ཆུད་མི་ཟ་བའི་དོན་ཏོ། །དེ་བས་སྒྲོན་མ་དཔག་མེད་ཀྱིས། །དམ་པ་ཇི་སྙེད་གསུངས་པ་རྣམས། །ཞེས་པ་ལ་སོགས་པ་དེ་བས་སྒོ་སོ་སོ་བར་སྤྱད་དགོས་པའི་དོན་གྱིས་སྒྲོན་མ་བཀོད་པའི་རྒྱལ་བ་དཔག་མེད་ཀྱིས་མང་པོས། ཞིང་སོ་སོར་བཀའ་སྩལ་པའི་དམ་ཆོས་ཀྱི་སྒོ་དང་། ཐབས་ཇི་སྙེད་པ་གསུངས་པ་རྣམས་གཅིག་ཏུ་ས་ཟིན་པ་མེད་མ་ཆད་ངེས་གང་ལྟར་མོས་པར་ཅི་ལྟར་འབྱུང་བ་གསུངས་པ་དེ་ཁོ་ན་ལྟར་བདེན་པའོ། ། བསྒོམ་པའི་ཚེ་བར་དུ་གཅོད་པའི་སྐྱོན་བསྟན་པའི་ཕྱིར། འདི་ལ་གང་འཇུག་པར་གཅོད་པ། །ལེ་ལོ་བྱ་མང་རྒོད་པ་དང་། །ཞེས་པ་ལ་སོགས་པ་མ་ནོར་བའི་དོན་འདི་ལ་བསྒོམ་པའི་གང་འཇུག་བསམ་པ་ལས་སུ་མི་རུང་བའི་བར་གཅོད་པ་བགེགས་ནི། ལེ་ལོ་གཉིས་བྱེད་པ་དང་། སྒོ་གསུམ་བྱ་བ་མང་བ་དང་། ཤེས་པ་རྒོད་པ་དང་། བློ་གཡེང་བ་དྲུག་གི་དབང་དུ་གྱུར་པ་དང་། སེམས་རྨུགས་པས་བྱིང་དབང་དུ་སོང་བ་དང་། དོན་གཅིག་གསལ་བར་འདོད་པ་དང་། གཉིད་དབང་དང་། རྟགས་དང་མཚན་མ་ལ་རེ་བ་དང་། གོལ་ཞིང་ལྟུང་བ་དང་། རྟོགས་པ་སྐྱེས་སུ་དོགས་པ་དང་། །ངེས་པའི་དོན་ལ་ཐེ་ཚོམ་ཟ་བ་དང་། དམིགས་པས་ནང་དུ་སྡུད་པ་དང་། སེམས་ཕྱི་རོལ་དུ་འཕྲོ་བ་དང་། ཆོས་སྤྱོད་ཀྱི་གཡེང་བ་ལ་མོས་པ་དང་། བསྒོམ་པའི་དོན་ལ་ཡིད་འབྱུང་སྐྱེད་པ་དང་། ཏིང་ངེ་འཛིན་གྱི་རོ་དགའ་བདེ་ལ་ཆགས་པ་དང་། ཅ་ཅོ་ལ་དགའ་བ་དང་བཅོ་ལྔའོ། །འོ་ན་དེ་དགག་གམ་ཇི་ལྟར་བྱ་ཞེ་ན། དེ་ཡང་རང་བཞིན་དེ་བཞིན་ཉིད། །ཞེས་པ་དེ་ཡང་བར་དུ་གཅོད་པའི་བདུད་རྣམས་ཀྱི་རང་བཞིན་སྐྱེས་བདོ་ཙམ་ཉིད་ན། མཐའ་རིལ་ལས་འདས་པའི་དེ་ཁོ་ན་ཉིད་མ་བཅོས་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་རང་བཞིན་ལས་སྐྱོན་རྡུལ་ཕྲན་ཙམ་ཡང་མེད་པའི་ཕྱིར། སྐྱེས་མ་ཐག་པར་ཚོར་བ་ཙམ་གྱིས་རྐུན་པོ་ཚོར་བ་ལྟར་དེ་ཁོ་ན་ཉིད་དུ་རང་གསལ་བ་ལ་གག་སྤང་མེད་པའོ། །འོ་ན་ཚོར་བ་ཞེན་པའི་དངོས་པོ་ཞིག་བསྟེན་ནོ་ཞེ་ན། དེ་ནི་བསྟེན་པ་མེད་དེ། ཅིར་ཡང་མ་ཚོར་བ་ཉིད་ཚོར་བ་ཆེན་པོ་བས་ཚོར་བ་གཅིག་ཅེས་ཀྱང་བྱའོ། །ཚོར་བ་ཉིད་ཡིད་ལ་བྱ་བ་མེད་པ་ཉིད་ཀྱིས་དག་གོ། །བསྒོམ་པའི་ཚེ་ཉོན་མོངས་སྐྱེས་ན་ཇི་ལྟར་བྱ་ཞེ་ན། དུག་ལྔ་ལ་སོགས་ཀུན་འབྱུང་བ། །ཞེས་པ་དག་པར་འགའ་ཆགས་སྡང་སྐྱེས་པ་དང་། དངོས་པོ་གཞན་བསྡུ་བ་ནི། དགོན་པར་སྐྱོ་བ་དང་། སྒྲིབ་པ་བཅུ་དང་ལྔ་དག་གོ། །དེ་ཇི་ལྟར་ཤེས་པར་བྱ་བ་ནི། དེ་ཉིད་ཉི་མ་དང་འོད་ལྟ་བུ་བས་མ་སྤངས་ཞི་བ་རྗེས་སུ་མཐུན་པའོ། །དམ་པའི་དོན་ལ་གང་བསྒྲིབ་པ། །མི་གཡོ་གསལ་བ་སྡུག་བསྔལ་དང་། །ཞེས་པ་ལ་སོགས་པ་དམ་པ་དེ་ཁོ་ན་ཉིད་དོན་བསྒོམ་པ་ལ་བསྒྲིབ་པ་ནི་བཅུ་སྟེ། སེམས་མི་གཡོ་བ་ལ་དགའ་བ་དང་། དོན་གསལ་བར་འདོད་པ་དང་། བདེ་བ་ཐོབ་པར་འདོད་པ་དང་། །སྡུག་བསྔལ་བྲལ་བར་འདོད་པ་དང་། ཡང་བདེ་བའི་རོ་ལ་ཆགས་པ་དང་། ལས་སུ་མ་རུང་དུ་དོགས་པས་རྩོལ་བའི་སྡུག་བསྔལ་དང་། རྟོག་པའི་རྐུན་བུ་མང་པོ་སྐྱེ་བའམ་དྲོད་རྟགས་སྐྱེ་བར་འདོད་པ་དང་། མངོན་ཤེས་གསལ་བར་འདོད་པ་དང་། རྫུ་འཕྲུལ་འབྱིན་པར་འདོད་པ་དང་། དོན་ལ་ཞེན་པས་ངེས་པར་འཛིན་པ་དང་། གཞན་གྱི་ལྟ་བ་ཁྱད་དུ་གསོད་པ་དང་། རང་གི་ལྟ་བ་སྙེམས་པའོ། །དེ་ཇི་ལྟར་བཅོས་ན། བྱུང་ཞི་ཉིད། ཅེས་པར་རང་བྱུང་རང་ཞི་ཆེན་པོར་གཞག་གོ། །དེ་ལྟ་བུ་རང་བྱུང་རང་ཞི་ཆེད་དུ་བསྟེན་པའང་མེད་པ་ཉིད་གཞག་པར་སྨྲའོ། །དེ་ལྟར་འབད་དེ་བསྒོམ་པའི་ཡོན་ཏན་ཉམས་བརྟན་པའི་ཚད་བསྟན་པ་ནི། བསམ་གཏན་ཆེན་པོར་ངེས་སྣང་བ། །ཀུན་ཏུ་མི་ཉམས་རེ་དོགས་མེད། །ཞེས་པ་ལ་སོགས་པ་བསམ་གཏན་ཆེན་པོར་ཇི་བཞིན་པར་གདིང་དུ་ཆུད་པས་གོམས་ངེས་པའི་ཡོན་ཏན་གྱི་རྟགས་སྣང་བ་ནི་འདི་ལྟར་སྣང་སྟེ། སྤྱོད་ལམ་ལེགས་ཉེས་ཅི་སྤྱད་ཀྱང་ཀུན་ཏུ་དོན་ལས་མི་ཉམས་པ་དང་། རྟགས་དང་འབྲས་བུ་ལ་རེ་བ་མེད་པ་དང་། ཁམས་གསུམ་འཁོར་བའི་གཡང་དུ་ལྟུང་བར་མི་དོགས་པ་དང་། གནས་ལས་གཅིག་མ་གཡོས་པར་ཞིང་ཁམས་རིལ་མཐོང་ཡང་དགའ་བ་མི་སྐྱེ་བ་དང་། སྲིན་པོ་འབར་བ་མཐོང་ཡང་འཇིག་སེམས་མི་གཡོ་བ་དང་། ལྷའི་བུ་མོ་མཐོང་ཡང་མི་ཆགས་པ་དང་། ཅི་སྤྱད་ཅི་བྱེད་གནས་ཆོས་དབྱིངས་གནས་ཀྱང་འདུས་བྱས་རྒྱུན་མི་ཆད་རིལ་བདག་གི་མཛད་སྤྱོད་དམ་པ་བས་དགེ་བ་རྒྱུན་མི་གཅད་པ་དང་། འདོད་པ་ལྔ་ལ་སྤྱད་ཀྱང་ལེགས་ཉེས་འབྲས་བུ་མི་འབྱིན་གང་ལའང་དང་དུ་ལེན་པ་མེད་པ་དང་། ཕུང་པོ་ལ་གཞན་གྱིས་གཙེས་པ་དང་ངག་མི་སྙན་པ་ཅི་བརྗོད་ཀྱང་སེམས་འཁྲུག་པ་མེད་པ་དང་། ཇི་རང་བཞིན་ཉིད་བཞིན་པ་ཉིད་དུ་གསལ་བའི་ཡོན་ཏན་ནོ། །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བརྗོད་པ་གང་ཞེ་ན། རྣལ་འབྱོར་བདུད་ཀྱི་སྤྱོད་ཡུལ་ནི། །དམ་པར་འདུན་མཐོང་དམ་པར་སྨྲ། །ཞེས་པ་ལ་སོགས་པ་དོན་ལས་སུ་རུང་བའི་རྣལ་འབྱོར་པ་ལ་སྐྱེ་བའི་རྟགས་ནི་བཅོ་བརྒྱད་དེ། དེ་ལ་འཛིན་ན་གཉིས་མེད་ཀྱི་བདུད་དུ་འཆད་དེ། དངོས་སྤྱོད་ཡུལ་ནི་སངས་རྒྱས་དང་དམ་པ་བྱང་ཆུབ་སེམས་དཔའ་མང་པོ་བདག་གི་སྔོན་འདུན་ན་འཁོད་པ་མཐོང་བ་དང་། དེ་དག་གི་སྟོན་པར་བདག་གྱུར་ནས་དེ་ལ་ཆོས་དམ་པར་སྨྲ་སྟོན་པར་མཐོང་བ་དང་། སྐད་ཅིག་ལ་བདག་ཉིད་ལ་བུདྡྷིའི་སྤྲུལ་པ་གྲངས་མེད་པར་འགྱེད་པར་མཐོང་བ་དང་། རྒྱལ་དམ་པས་གསུངས་པའི་སྨྲ་བསྟན་པ་ཀུན་གསལ་བར་རྟོགས་པ་དང་། དུས་སྔ་ཕྱི་ཀུན་གསལ་ཞིང་ཤེས་པ་དང་། འགྲོ་བ་དྲུག་གི་ལམ་ལ་གནས་པ་ཀུན་གང་དུ་སྐྱེ་བ་དྲུང་ན་འཁོད་པ་བཞིན་མཐོང་བ་དང་། དེ་དག་ཉམ་ཐག་པ་ལ་སྙིང་རྗེས་གདུང་བའི་ཆེན་པོ་རང་དབང་མེད་པར་ཤུགས་འབྱུང་བ་དང་བྱིན་རླབས་ཀྱིས་སྐྱེ་བ་དང་། ཀུན་སྣང་ཉིན་མོ་དང་མཚན་མོ་མེད་པར་གསལ་བར་མཐོང་བ་དང་། བདག་གི་ལུས་བྲག་དང་རི་ལ་མི་རྡུགས་པར་ཐོགས་མེད་འགྲོ་བ་དང་། ནམ་མཁའ་ལ་ས་ལ་བྱ་བ་བཞིན་འགྲོ་ཞིང་འདུག་པ་དང་། དམ་པའི་ཕྱོགས་བཅུའི་རྒྱལ་བས་ཕྱག་བརྐྱངས་ནས་བདག་གི་སྤྱི་བོར་བཞག་ནས་ལུང་བསྟན་པ་མཐོང་བ་དང་། འགྲོ་བ་ཀུན་གྱི་སྐད་དང་མཐུན་པར་ཆོས་སྟོན་སྨྲ་ཤེས་པ་དང་། སྣོད་བཅུད་དངོས་པོ་བརྟན་གཡོ་རིལ་བདག་ལ་བཀུར་སྟི་དང་ཕྱག་བྱེད་པ་མཐོང་བ་དང་། འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟར་མཉམ་པར་བཀོད་པ་མཐོང་བ་དང་། དེ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་བདག་གི་སེམས་ཉིད་གསལ་བར་སྣང་བར་རྟོགས་པ་དང་། ཏིང་ངེ་འཛིན་ལས་སུ་རུང་བས་ཅི་ལའང་ཐོགས་པ་མེད་པར་སྙམ་བྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པས་མང་པོས་འགྲོ་བ་དོན་ལ་ཆོས་སྟོན་ཅིག་པར་བདག་ལ་ལས་བསྒོ་བར་མཐོང་བ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་གཙོ་བོ་རྣམས་བདག་ལ་མཆོད་པ་འབུལ་བར་མཐོང་བའོ། །འདི་དག་ཅིར་སྣང་ཡང་སེམས་ཉིད་རང་བཞིན་གྱི་འོད་གསལ་བར་རྟོགས་ནས། མི་འཛིན་དགའ་བར་མ ི་བྱེད་ན་དམ་པའི་རྟགས་བཅོ་བརྒྱད་དོ། །གང་དེ་ལྟར་མ་ཤེས་ཏེ་དངོས་པོར་ཞེན་པས་དགའ་བར་བྱེད་ན་དེ་ཁོ་ན་ཉིད་མཐོང་དུ་མི་སྟེར་ལོག་པའི་བདུད་ཆེན་པོ་བས། བདུད་ཀྱི་སྤྱོད་ཡུལ་ཁས་བླངས་པའི་དོན་བཤད་པའོ། །དེ་བས་ན་རྟགས་དང་བདུད་ནི་ཐུན་མོང་བར་བསྟན་པའོ། །སེམས་བཅོས་པའི་རྗེས་སུ་བསྟན་པའི་ཕྱིར། སྒོ་དྲུག་མཚན་མ་ཅི་བྱས་ཀྱང་། །ཞེས་པ་ལ་སོགས་པ་སྒོ་དབང་པོ་དྲུག་གི་ཤེས་པས་རང་བཞིན་ལ་རྟོགས་པའི་མཚན་མ་སྣ་ཚོགས་ཅི་ཀྱང་དེ་ཁོ་ན་ཉིད་རང་བྱུང་བས་དགག་ཏུའང་མེད་རང་ཞི་ལ། མཐོང་ཞིང་ཐོས་པ་ལ་སོགས་པ་ཅི་དགར་གཞག་སྤང་རྒྱུའང་བཟློག་ཏུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་རྟོགས་པ་དེ་དག་གི་ངོ་བོ་ཉིད་ལ་འདི་འདྲར་མི་ཟིན་པས་དགག་བྱ་ངང་གིས་བྲལ་བ་ནི་མ་བཅོས་མ་བསླད་པའི་ཆོས་ཉིད་དོ། །འདས་དང་མ་འོངས་ད་ལྟར་གྱི། །ཞེས་པ་ལ་སོགས་པ་དུས་གསུམ་གྱི་ལས་དང་འབྲས་བུ་ཉེས་དང་ལེགས་པ་བཟང་ངན་གྱི་དངོས་པོ་ཅི་ལའང་། བཟང་བ་ལ་དགའ་ཞིང་ངན་པ་ལ་མི་བཟང་བ་ལ་མི་དགའ་ཞིང་འགྱོད་པའི་གཉིས་རྟོགས་བྱེད་པ་མེད་པར་གྱུར་པ་ཚད་དུ་ཕྱིན་པའོ། །དེ་ཅི་སྟེ་ཞེ་ན། དེའང་བཤད་པ་ལྟར་རང་བྱུང་རང་ཞི་སྟེ། དེ་ཉིད་དེ་བཞིན་ཉིད་དུ་རློམ་སེམས་པའང་བྲལ་བའི་ཐབས་ཆེན་པོར་གྱུར་བའོ། །འོན་ཀྱང་སྐྱོན་ནི་སྒོ་གཉིས་དང་ཐུན་མོང་ཡང་བཅོས་ཐབས་འདི་དག་ནི། གཅིག་ཆར་བའི་དབང་དུ་བཀའ་སྩལ་བ་སྟེ། རིམ་གྱིས་པའི་སྐྱོན་དང་དགག་ཐབས་ནི་ཅི་རིགས་སུ་བསྙད་དུ་ཡོད་ན་རྒྱུད་ཉིད་ཀྱི་བཀའ་ལུང་ལས་མ་གསུངས་པ་དང་། སྒྲ་ཡིས་འཇིགས་པས་མ་བསྙད་དོ། །དེ་ལྟ་བསྒོམས་ཏེ་ཉམས་སུ་བླངས་པའི་འབྲས་བུ་ལ་སྦྱོར་བའི་སྔ་ལྟས་ཀྱི་དཔེ་གང་སྙམ་པ་ལ། འདིར་ནི་དམ་པར་གང་ངེས་པ། །རྣལ་འབྱོར་མཚན་མའི་སྔ་ལྟས་ནི། །ཞེས་པ་ལ་སོགས་པ་དེ་ཡང་འདིར་ནི་རྒྱུའི་དུས་ན་དམ་པར་དོན་ལ་ངེས་པ་རྙེད་པས་རྣལ་འབྱོར་མཚན་མའི་སྔ་ལྟས་ལྔ་འབྱུང་བ་ནི། དཔེར་ཆུ་ལྟས་རླབས་དང་སྤབས་དང་། སྲོག་ཆགས་སྦྱར་ན་འབྱུང་བ་དང་། རླུང་འབྱུང་བའི་སྔ་ལྟས་སྤྲིན་རྒྱུག་ཅིང་དུམ་བུར་འཆད་ཅིང་འཕྲོ་བ་དང་། མེའི་ལྟས་དུ་བ་འབྱུང་བ་དང་། རྩི་མཚལ་ལོ་མ་གར་ཡོད་པ་ན་གསེར་ཡོད་པ་ལྟར། བློ་དམ་པར་མ་ནོར་བའི་དོན་ལ་ཕེབས་ངེས་ཤིང་གོམས་ན། བློ་དང་ལུས་དང་རྫས་དང་རྨི་ལམ་དང་འདུན་པའི་ལྟས་དམ་པར་འབྱུང་ངོ་། །རིག་པ་དམ་པར་གདེང་དུ་ངེས་མ་ཆུད་པས་ན་དངོས་པོར་ཐམས་ཅད་ཞེན་པ་ནི་བདུད་དོ། །དམ་པར་གདེང་ཆུད་ན་ཆུང་ངུ་ཙམ་ཡན་ཆད་འབྲས་གང་བྱུང་དམ་པའི་བུའི་སྔ་ལྟས་སུ་ཤེས་པར་བྱའོ། །བདེན་པ་མཐོང་བའི་རྟགས་བློ་རྩལ་གྱི་ཁྱད་པར་གང་སྙམ་པ་ལ། གང་གིས་དམ་པ་ཉིད་ཐོས་ན། །མི་སྐྲག་མི་སྔངས་དགའ་བ་སྐྱེ། །ཞེས་པ་ལ་སོགས་པ་དོན་ཟབ་མོ་ཐོས་པས་ན་མི་སྐྲག་པ་མི་སྔངས་དགའ་བ་སྐྱེ་དང་། གང་ཞིག་དངོས་ཡུལ་རིལ་ཐམས་ཅད་དེ་ཁོ་ན་ཉིད་དམ་པ་དུ་མཐོང་བ་དང་། དམ་པའི་ཡུལ་ཚིག་མང་པོ་རྣམ་གྲངས་མ་ནོར་བའི་དོན་དུ་སྡུད་ཤེས་པ་དང་། ཚིག་ལ་མི་དགའ་བ་དང་། རིལ་ཆོས་ཉིད་དུ་དེ་མཐོང་གསལ་བའོ། །དེ་བས་ན་ཆོས་ཅི་ཡང་མ་མཐོང་བ་ནི་སྣང་བ་མེད་པའི་མཐོང་བའི་མཆོག་ཏུ་བསྟན་ཏེ། ཉམས་དྲོད་ཀྱང་ཡིན་ནོ། །འཆད་པའི་ཆོ་འཕྲུལ་རྣམས་རྒྱུ་གང་ལས་འབྱུང་སྙམ་པ་ལ། དེ་ཉིད་ཀུན་གྱི་རྒྱུ་ཡིན་ཏེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །ཞེས་པ་ཇི་ལྟ་བ་དེ་ཁོ་ན་ཉིད་གཏིང་ཕྱིན་པར་རྟོགས་པ་ནི། གང་ཡང་མ་བཀོལ་ཅིང་ཀུན་རིལ་གྱི་དངོས་གཞི་ཡིན་པས་རྒྱུ་ཡིན་ཏེ་འཆད་པའི་ཆོ་འཕྲུལ་རྣམས་ཀྱི་རྒྱུའོ། །དྲོད་རྟགས་ཀྱི་རྣམ་གྲངས་དང་དཔེ་གང་སྙམ་པ་ལ། གཡོ་དང་དྲོད་ཐོབ་བརྟན་པ་དང་། །གསལ་དང་རྟགས་ཐོབ་བརྟན་པ་ནི། །ཞེས་པ་དྲོད་རྟགས་ཀྱི་རྣམ་གྲངས་དྲུག་གོ། །ཉི་ཟེར་རྡུལ་ཕྲན་སྨིག་རྒྱུ་དང་། །ཞེས་པ་ལ་སོགས་པ་དཔེ་འཆད་པ་སྟེ། ཉི་ཟེར་གྱི་རྡུལ་ཕྲན་ལྟ་བུ་མཐོང་བའི་དོན་ནི་གཡོ་བའི་རྟགས་སོ། །སྨིག་རྒྱུ་ལྟ་བུའི་དོན་ནི་དང་པོའི་དྲོད་དོ། །མཚོ་རླབས་ལྟ་བུ་ནི་དྲོད་བར་པའོ། །ལུས་སེམས་རླུང་ལྟ་བུར་ཡང་བ་ནི་ཐ་མའི་དྲོད་དོ། །དེ་ནས་ཡིག་འབྲུའི་འཕྲོ་འདུ་ཆར་འབབ་པ་ལྟ་བུར་འབྱུང་བ་ནི་དྲོད་ཐོབ་པའོ། །ལུས་ནམ་མཁའ་ལ་སྤྲིན་བཞིན་ལྡིང་བ་ནི་དྲོད་བརྟན་པའོ། །ལུས་ཏ་ལ་གང་ཙམ་དུ་ནམ་མཁའ་ལ་འཕགས་པ་ནི་ཏིང་ངེ་འཛིན་གསལ་བའི་དྲོད་དམ་གཡོ་རྟགས་སོ། །སྤྱོད་ཡུལ་ས་གཡོ་བ་ལྟར་ཡོམ་ཡོམ་མེར་མེར་དུ་གྱུར་ན་རྟགས་དང་པོ་ཐོབ་པའོ། །མེ་རླུང་ཆུའི་སྐྱེ་མཆེད་གང་ལྟར་བསྒོམ་པར་སྣང་དུ་བཏུབ་པ་ནི་རྟགས་བརྟན་པའོ། །འདི་དག་མི་འགྱུར་བར་ཡོད་པ་ནི་བརྟན་པའོ། །འདི་དག་རྩ་བའི་རྒྱུད་ལེའུ་གསུམ་པ་ལས་གསལ་བར་འབྱུང་སྟེ་འཆད་པའང་འབྱུང་བས་ཡིད་ཆེས་པར་བྱའོ། །བློའི་རྩལ་རྫོགས་ནས་ངག་གི་ལས་གང་སྙམ་པ་ལ། འབྱུང་རྒྱུན་ཟུག་རྔུ་ལ་སོགས་པ། །ཞེས་པ་དག་མེ་ཕུང་དང་ཆུ་ཀླུང་འབྱུང་རྒྱུན་གནོན་པ་དང་། རླུང་ཆེན་འབྱུང་བ་རྣམས་ཟུག་རྔུ་ལ་སོགས་པ་ཞི་བར་གྱུར་ཅིག་བརྗོད་པས་ཞི་བ་དང་། ནད་པའི་ཟུག་རྔུའི་ཚོགས་ལ་གང་ན་བར་སེ་གོལ་གཏོགས་ཤིང་། སོས་ཤིག་པར་བརྗོད་པས་གང་གི་ཡོངས་སུ་ནད་ཞི་བ་སོས་པར་འགྱུར་བའོ། །ལུས་ཀྱི་རྩལ་གང་ཞེ་ན། མུན་པའི་སྐྱེ་མཆེད་ཆོམ་པ་དང་། །ཞེས་པ་རྣམས་ནི་གཉིད་ཆོམ་པ་དང་། ལུས་ཚ་གྲང་ཅི་ཡང་བཟོད་པ་ནི་དང་པོའི་དྲོད་དོ། །ཁམས་ཀྱི་ཟས་བྲལ་ཡང་མདངས་གསལ་བ་དྲོད་གཉིས་པའོ། །ཤིང་བལ་ལྟ་བུར་ཡང་བ་དང་ཁམས་བདེ་མི་བདེ་མེད་པས་ནད་དང་བྲལ་ཞིང་བདེ་བ་ནི་དྲོད་བརྟན་པའོ། །ལུས་ཀྱི་རྟགས་ནི་ལུས་ཀྱི་དྲོད་གཉིས་པ་ནི་ཏིང་ངེ་འཛིན་གྱི་རོ་ཚོར་བའི་རྟགས་སོ། །སྐྱིལ་ཀྲུང་གི་ཁྲུ་གང་ཙམ་དུ་འཕར་བ་དང་། ཏ་ལ་གང་ཙམ་འགྲོ་བ་རྟགས་ཐོབ་པའོ། །ནམ་མཁའ་ལ་གོམ་པས་འགྲོ་བ་དང་། ཆུ་ལ་མི་བྱིང་ས་ལ་འཛུལ་བ་དང་། མེ་ཡིས་མི་འཚིག་རླུང་འཆིང་ནུས་པ་ནི་རྟགས་བརྟན་པའོ། །མཐུའི་རྩལ་གང་ཞེ་ན། གང་མིན་གང་དུ་བསྒྱུར་བ་དང་། །ཞེས་པ་ལ་སོགས་པ་ས་རྡོ་བྱེ་མ་གང་མིན་གསེར་དངུལ་དུ་གང་དུ་བསྒྱུར་བ་དང་། སྐམ་ས་ལས་ཆུ་དང་། གང་མེད་སོལ་བས་ལྗོན་ཤིང་གང་འབྱིན་པའོ། །ངོ་མཚར་རྫས་རྙེད་ཚུལ་རྟགས་ནི་གང་སྙམ་པ་ལ། ཡིད་འོང་འདོད་གྲུབ་རྫས་མཆོག་རྙེད། །ཞེས་པ་ཡིད་དུ་འོང་བའི་ནོར་དང་། ཡིད་ལ་འདོད་པ་གྲུབ་པ་དང་། རྫས་མཆོག་ངོ་མཚར་ཅན་རྙེད་པའོ། །འགྲོ་གང་འདུན་པའི་སྔ་ལྟས་བསྟན་པའི་ཕྱིར། ཀུན་དགའ་འདུས་ཀུན་ཡིད་དང་། །ཞེས་པ་དག་འགྲོ་བ་ཀུན་བདག་ལ་དགའ་བར་སེམས་པས་བདག་ཁུར་བ་དང་། བདག་ཀུན་གྱི་ཡིད་དུ་འོང་བ་དང་། ཀུན་ལ་ཇི་ལྟར་འདུལ་བར་དབང་བསྒྱུར་བའི་གཙོ་བོར་གྱུར་པའོ། །མཆོག་ཟུང་ལྟས་དེ་དག་ཀྱང་རྟགས་ནི། ལྷ་མ་དམིགས་པ་ལས་དང་པོ་པ་ལས་འབྱུང་ཞིང་། མི་རྟོག་པ་ལ་ནི་ས་བཞི་པར་འབྱུང་ཞིང་། ངག་གི་རྩལ་དང་མཐུ་དང་ནི། ལམ་རིམ་ལས་འདུན་པ་ནས་སར་ཉེ་བར་འབྱུང་ཞིང་། སྐབས་སུ་མཚན་མ་སོ་སོར་བསྒྲུབས་པ་གྲུབ་པ་ནི། བཞི་པ་ནས་ཡར་འབྱུང་ངོ་། །འདུན་པ་ལ་ནི་རྒྱ་ཆེ་ཆུང་སྦྱར་ཏེ་ངོ་མཚར་རྫས་ནི་དྲོད་རྟགས་ཐོབ་ནས་འབྱུང་བའོ། །མཚན་མ་པྲའི་རྨི་ལྟས་གང་ཞེ་ན། ཡུལ་ལས་སྔོན་དུ་འབྱུང་བའི་ལྟས་ཞེས་པ་ལ་སོགས་པ་བག་ཆགས་འབྱང་བའི་ལྟས་ཐོག་མར་འཆད་དེ། དངོས་པོ་ཡུལ་ཀུན་ལ་བརྟགས་པའི་བག་ཆགས་ཀྱི་ཡུལ་རྣམས་འབྱང་བའི་ལྟས་སྔོན་དུ་འབྱུང་བ་ལྟས་ནི། རྟག་པར་སྒྲེན་མར་འབྱུང་བ་རྨི་བ་དང་། ཁྲུས་བྱེད་པར་རྨི་བ་དང་། དྲི་མ་རྣམས་དག་པར་རྨི་བ་དང་། ཆུ་བོ་ཆེན་པོ་བརྒལ་བ་དང་། མཚོ་ཆུ་ལ་རྐྱལ་བ་དང་། ཆར་རྒྱུན་གྱིས་འཁྲུ་བ་དང་། བུམ་པའི་ཆུས་འཁྲུ་བ་དང་། མེ་དཔུང་གིས་བསྲེག་པ་དང་། རླུང་ཆེན་པོས་གཡེངས་བ་དང་། འཐོར་བར་བྱ་བ་རྨི་བ་དང་བཅུ་ནི་འདི་གང་སོ་སོའི་བག་ཆགས་རྣམས་འབྱང་དག་ལྟས་པའི་རིམ་པར་སྐྱེའོ། །གང་འདིར་འཇིགས་དང་བྲལ་བ་ཡང་། །ཞེས་པ་དག་འཇིགས་པ་དང་བྲལ་བའི་ལྟས་ནི། གཡུལ་འགྱེད་པ་ལས་སླར་ལོག་པ་ཞི་བ་རྨི་བ་དང་། ནད་ཀྱི་ཟུག་རྔུ་སོས་པ་དང་། བཙོན་ལས་ཐར་བ་དང་། གཤེད་མའི་ལག་ནས་ཤོར་བ་དང་། གཅན་གཟན་གདུག་པའི་ནང་ནས་འབྲོས་པ་དང་། དུག་ནད་སོས་པ་རྨི་བ་དང་། བཅིངས་པ་ལས་གྲོལ་བར་རྨི་བ་ལྟས་བཟང་པོ་ཡིན་དང་། ཐག་པ་བཅད་པར་རྨི་བ་དང་བརྒྱད་རིམ་པར་སྦྱར་རོ། །ཁྱད་པར་དམ་པའི་སྔོན་འབྱུང་བ། །ཞེས་པ་ལ་སོགས་པ་ཁྱད་པར་དམ་པ་ས་ཐོབ་པའི་སྔ་ལྟས་ཏེ་ཁྲི་རྐང་ལ་འཛེགས་པ་དང་། ཤིང་ཕལ་པའི་སྐས་ལ་འཛེགས་པ་དང་། ལྗོན་ཤིང་ལ་འཛེགས་པ་དང་། རིན་ཆེན་སྐས་ལ་འཛེགས་པ་དང་། གྱེན་དུ་འགྲོ་བ་དང་། རི་བོ་རྩེ་ལ་འཛེགས་པ་དང་། མཆོད་རྟེན་ལ་འཛེགས་པ་དང་། ནམ་མཁའི་སྐས་ལ་འཛེགས་པ་དང་བརྒྱད་དོ། །གང་ལ་གནས་དང་ནོན་པ་ནི། ཞེས་པ་ལ་སོགས་པ་ས་ནོན་པའི་ལྟས་ནི། ས་གང་ལ་གནས་པ་དང་གང་ནོན་པའི་ལྟས་ནི། ཁྲི་མཐོན་པོའི་སྟེང་ན་འདུག་པ་དང་། གླང་པོ་ཆེ་དང་། སེང་གེ་དང་། ཁྱུང་ལ་ཞོན་པ་དང་། མཆོད་རྟེན་རྩེ་ལ་ཕྱིན་པ་དང་། རི་བོའི་རྩེ་ལ་འདུག་པ་དང་། ནམ་མཁའི་དབྱིངས་ན་འདུག་པ་དང་། ལུས་ལས་སྤྲིན་དཔུང་འབྱུང་བ་དང་། ཉི་ཟླའི་སྟེང་ན་འདུག་པ་དང་དགུའོ། །འདི་དག་འགྱུར་དབང་མ་ངེས་པའི་ས་མ་གཏོགས་པ་དགུ་གང་འཐོབ་པར་ཡས་གོ་རིམས་སུ་སྦྱར་ཏེ་བཤད་པ་དང་འཆད་པ་ལའང་སྦྱར་རོ། །ཁ་ཅིག་ནི་འདི་དག་སྤྱིར་ས་ནོན་པའི་ལྟས་ཏེ་གོ་རིམས་མི་སྦྱར་ཞེས་ཀྱང་འཆད་པ་ཡོད་དེ་མི་རིགས་སོ། །དམ་པའི་རིགས་ཀྱི་སྔོན་འབྱུང་བ། །ཞེས་པ་ལ་སོགས་པ་སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། རྒྱལ་པོས་བཀའ་ལ་བཏགས་པ་དང་། རྒྱལ་པོའི་བློན་པོ་དབང་ཅན་བསྐོས་པ་དང་། གཞན་ལ་དབང་སྒྱུར་བར་བྱེད་པ་དང་། འཇིག་རྟེན་བསྐོས་ལ་འདེབས་པ་དང་། གཞན་གྱི་སྡེ་པ་དབང་དུ་སྡུད་པ་དང་། འཐབ་པ་ལས་རྒྱལ་བ་དང་། བདག་ཉིད་རྒྱལ་པོར་གྱུར་བ་དང་། མགོ་ལ་མེ་ཏོག་གི་ཐོད་སྐྱེས་པ་རྣམས་ཏེ་བརྒྱད་གོང་ལྟར་རོ། །ཆོས་གང་དབང་བསྒྱུར་སྔོན་འབྱུང་བ། །ཞེས་པ་ལ་སོགས་པ་ཆོས་ཀྱི་དངོས་པོ་དབང་ཐོབ་པའི་ལྟས་ནི། གླེགས་བམ་ཟབ་མོ་རྙེད་པ་དང་། དེ་འདྲི་ཞིང་དེ་ལ་ལྟ་བར་བྱེད་པ་དང་། དེ་ལ་བསམ་དཔྱོད་བྱེད་པ་དང་། གཞན་ལ་འཆད་པ་དང་། དོན་གཏན་ལ་འབེབས་པ་དང་། མེ་ལོང་ལ་ལྟ་བ་དང་། བུམ་པ་གང་བ་ལ་ལྟ་ཞིང་བརྟགས་ཏེ་འཐུང་བ་དང་། རིན་པོ་ཆེ་ནོར་བུ་འཐུ་བ་དང་། འཁོར་ལོ་ལག་ཏུ་བབ་པ་དང་། ཉི་ཟླ་ཟིན་པ་དང་། རི་རབ་ཀླད་ལ་བསྐོར་བ་དང་། །རོལ་མོའི་སྒྲས་ནམ་མཁའ་སྟོང་གསུམ་གང་བ་ཐོས་པ་དང་། དངོས་པོ་མཐའ་དག་ཡི་གེར་མཐོང་བ་དང་། དེ་ཀླག་པས་ཀུན་ངོ་མཚར་སྐྱེད་པ་དང་། ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་པ་དང་བཅོ་ལྔའང་རིམ་པར་རོ། །དམ་པ་མཐོང་བའི་སྔོན་འབྱུང་བ། །ཞེས་པ་ལ་སོགས་པ་བདེན་པ་མཐོང་བའི་སྔ་ལྟས་འབྱུང་བ་ནི། སྔོན་མ་མཐོང་བའི་ཡུལ་མཐོང་བ་དང་། སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། གླིང་གཞན་དུ་ཕྱིན་པ་དང་། རི་རབ་ཁར་ཕྱིན་ནས་ཀུན་མཐོང་བ་དང་། ནམ་མཁའ་རྒྱ་ཆེར་མཐོང་བ་དང་། རྒྱ་མཚོའི་སྟེང་དུ་ཕྱིན་པ་དང་། ལག་ན་སྒྲོན་མ་ཐོགས་པ་དང་། །སྣང་སྲིད་ལ་སྤྱོད་པ་དང་། ཉི་མའི་སྙིང་པོ་ལ་ལྟ་བ་དང་དགུའོ། །ལུང་ཆེན་ཐོབ་པའི་སྔོན་བྱུང་བ། །ཞེས་པ་ལ་སོགས་པ་ལུང་བསྟན་པ་ཐོབ་པའི་སྔ་ལྟས་ནི། རོལ་མོའི་སྒྲ་ཐོས་པ་དང་། འབྲུག་གི་སྒྲ་གྲགས་པ་དང་། སེང་གེའི་ང་རོ་གྲགས་པ་དང་། ཆོས་ཀྱི་བགྲོ་བའི་གཏམ་ཐོས་པ་དང་། གཟུག་བརྙན་གྱི་སྐུ་ཞལ་འཛུམ་ཞིང་འོད་འབྱུང་བ་དང་། སངས་རྒྱས་ཀྱི་སྐུ་མ་མཐོང་བར་གསུང་ཐོས་པ་དང་། ལྷ་མོ་རྣམས་གླུ་དབྱངས་སྒྲོགས་པ་དང་། གཞན་ཡས་ཁང་ལས་ཆོས་སྒྲ་འབྱུང་བ་དང་། གཅིག་ལ་གཅིག་གྲོགས་པོ་ཞེས་འབོད་ཅིང་ཆོས་ཀྱི་བགྲོ་བ་བྱེད་པ་དང་དགུ་སྟེ། རྩ་བ་བརྒྱད་དང་ཡན་ལག་བཅུ་དྲུག་གོ། །ལས་དང་པོ་པའི་སྐབས་ལམ་དུ་ཞུགས་ཏེ་རྣལ་འབྱོར་སྤྱོད་པའི་ཚེ་ན་རྨི་ལྟས་ལ་སོགས་པ་དེ་དག་བྱུང་ན་ཇི་ལྟར་ཤེས་པར་བྱ་བ་ནི། རྩ་བའི་རྒྱུད་ལས། དེ་ལ་སོགས་པ་མཚན་མ་རྣམས། །ལྟས་ཆེན་ཀུན་ཏུ་སྣང་བ་དང་། །གང་ཟག་ལས་ཀྱི་དང་པོ་རྣམས། །རིག་འཛིན་སོ་སོའི་ས་པ་ནི། །འགྱུར་པའི་སྔ་ལྟས་བཤད་པ་ཡིན། །རྣལ་འབྱོར་ལས་ཀྱི་དང་པོ་ལ། །ལྟས་ཆེན་འདི་རྣམས་འབྱུང་གང་ཡང་། །འཁོར་བའི་འདུ་འཛི་ཀུན་བསལ་ནས། །དོན་ལ་རྟོགས་ཤིང་ས་རྣམས་སྦྱོང་། །དེས་ནི་དོན་ལ་རེག་པར་འགྱུར། །ཞེས་པའི་དོན་གྱིས་ལྟས་སྐྱེ་བའི་དུས་ནི། འདུན་པའི་རྣལ་འབྱོར་ལས་དང་པོ་པ་ལ་གནས་པའི་ཚེ་སྐྱེ་བར་གསུངས་ཏེ། དེ་ཡང་སྐབས་ཀྱིས་གཉིས་སུ་འགྱུར་ཏེ། གཞིའི་ལས་དང་པོ་བ་དང་། སྐབས་ཀྱི་ལས་དང་པོ་པའོ། །དེ་ལ་འདུན་པའི་རྣལ་འབྱོར་གཞིའི་ལས་དང་པོའི་དབང་དུ་ནི་སྔ་མར་སྦྱངས་པའི་རྒྱུས་ད་ལྟར་སྐད་ཅིག་ལ་བཞི་པར་སྣང་བའི་ཡང་ལྟས་དང་སྦྱར་ནས། ལྟས་དང་མཐུན་པའི་ས་གོང་མ་གང་ལའང་བགྲོད་པར་མི་འགལ་ཏེ། གཞི་ནས་བརྩམ་མི་དགོས་སོ། །ལྟས་ཀུན་ཀྱང་ད་ལྟར་ས་གར་འབྱུང་བ་དེ་སྐབས་འདིར་སྐྱེ་བ་མི་འགལ་ལོ། །དེ་བས་ན་རྩ་བའི་རྒྱུད་ལས། རྒྱུ་ཡི་དུས་ན་འབྱུང་བ་ནི། ཞེས་པ་དང་། སོ་སོའི་ས་བར་ཞེས་སྔར་དྲངས་པའི་སྒྲས་ལྟས་རྣམས་ཀྱང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། རྨི་ལམ་བརྒྱ་རྩ་བརྒྱད་གསུངས་པའི་རྩ་བ་ལས། ཡན་ལག་བྱེ་བ་རྣམས་ས་མཐོ་དམན་དང་སྦྱར་བའི་ལྟས་སུ་གསུངས་པ་མཚུངས་པར་འདིར་ཡང་མི་རིགས་པ་མ་ཡིན་ཏེ། རྩ་བ་བརྒྱད་ཀྱི་དབང་དུ་ནི་བག་ཆགས་འབྱང་བའི་ལྟས་བྱུང་ན། འདུན་པའི་རྣལ་འབྱོར་པར་འགྱུར་རོ། །ས་ཐོབ་པ་དང་ཆོས་ལ་དབང་ཐོབ་པའི་ལྟས་བྱུང་ན། རིགས་ཆེན་འབྱེད་པའི་རྣལ་འབྱོར་ཐོབ་བོ། །ས་ནོན་པ་དང་། འཇིགས་པ་དང་བྲལ་བ་དང་། བདེན་པ་མཐོང་བའི་སྔ་ལྟས་བྱུང་ན། དབུགས་ཆེན་འབྱིན་པར་འགྱུར་རོ། །ལུང་བསྟན་ཐོབ་པའི་སྔ་ལྟས་བྱུང་ན། ལུང་ཆེན་ཐོབ་པའི་རྣལ་འབྱོར་དུ་འགྱུར་རོ། །སངས་རྒྱས་སྲས་ཀྱི་སྔ་ལྟས་བྱུང་ན། རྩལ་ཆེན་རྫོགས་པའི་རྣལ་འབྱོར་དུ་འགྱུར་རོ། །དེས་ན་རྟགས་དང་པོའི་ས་གཅིག་ནས་དེ་དག་རེ་རེའང་སོ་སོ་བར་འགྱུར་བའི་ལྟས་ཡིན་པས། མཐུན་པར་འདུ་འཛི་བསལ་ལ་འབད་པར་བྱ་བའི་དོན་ནི། ཡན་ལག་གི་བཤད་པའི་དབང་དུ་སྔར་བསྟན་པ་ལྟར་གོ་རིམས་སུ་ས་བཅུ་དང་སྦྱར་ལ་འབད་དོ། །དེ་ནི་རྨི་ལམ་ལ་ཁྱད་པར་ཡོད་པའི་ཕྱིར་རེ་རེའི་ཡན་ལག་ཀྱང་ས་རྣམས་དང་སྦྱར་བར་བྱ་སྟེ། དེ་ཕྱིར་ཆོ་འཕྲུལ་སྒྲུབ་པའི་ཏིང་ངེ་འཛིན་བརྒྱད་དང་། ཚོགས་ལ་སོགས་པ་གང་འདོད་པའི་རྒྱུ་དེ་ལ། ལས་དང་པོ་ལྷའི་རྣལ་འབྱོར་བསྟན་མ་ཐག་སྦྱར་བས་གཅིག་ཆར་ཚུལ་དུའང་འགྱུར་རོ། །སྐབས་ཀྱི་ལས་དང་པོ་པའི་དབང་དུ་ནི། ས་འོག་མ་ནས་གོང་མར་འཐོབ་མ་ཐག་པ་ནི་རང་གི་ལས་དང་པོ་པ་སྟེ། དེས་ན་རྨི་ལྟས་ཀྱང་གཅིག་ཏུ་མི་སྐྱེ་སྟེ། འོག་མ་ལ་གནས་ཙམ་ན་གོང་མར་འཐོབ་པའི་ལྟས་འབྱུང་བས་སྐབས་ལྔ་དང་བཅུ་གར་སྐྱེ་ཞེས་འཆད་དོ། །དེ་ལ་ལྟས་རྣམས་གཅིག་ཏུ་སྐྱེའོ་ཞེ་ན། ལས་དང་པོར་ཤིན་ཏུ་མཐོ་བའི་ལྟས་འཆར་བའི་རྒྱུར་མི་རུང་བ་དང་། གལ་ཏེ་འཆར་དུ་རུང་ཡང་འོག་ནས་མ་བགྲོད་པར་ལྟས་དང་སྦྱར་ལ། གོང་མའི་ཡང་གོང་མར་བགྲོད་དུ་བཏུབ་ན། ལམ་རིམ་པར་བཞག་པ་ལའང་དགོས་པ་མེད་ལ། དེ་སྟེ་མིན་ན་རིམ་གྱིས་པ་དང་གཅིག་ཆར་པའང་བྱེ་བྲག་མེད་པར་འ གྱུར་རོ་ཞེ་ན། དེ་ལྟར་བདེན་ན་ལྟས་རིམ་པ་སྐྱེ་བར་རྩ་བའི་རྒྱུད་ལས། ལས་དང་པོ་པ་ཁོ་ནར་སྐྱེ་བར་གསུངས་པའང་འགལ་ཏེ། གོང་དུ་བཤད་པའི་དོན་གྱི་ཁོང་ཉིད་ཀྱི་འགྲེལ་ཏེ། ལམ་གཉིས་ནི་ཤེས་རབ་ལ་ཁྱད་པར་ཡོད་པས་ལྟས་ཀྱི་མཚན་མས་བསྒྲུབ་པས་འཕར་བས་མཉམ་པ་མ་ཡིན་ནོ། །དེ་ལྟར་ས་བསྒྲོད་པས་རིག་འཛིན་ནས་མཐུའི་རྩལ་ཇི་ལྟ་བུ་འབྱུང་སྙམ་པ་ལ། རིག་འཛིན་དམ་པའི་ལྟས་ཤར་ན། །བྱིན་རླབས་མཐུ་ཡི་ཆོ་འཕྲུལ་ཡང་། །ཞེས་པ་ལ་སོགས་པ་དེ་ལྟར་རིག་པ་འཛིན་པའི་ས་བཅུ་ལ་རྩལ་དང་སྦྱར་ཏེ་བགྲོད་ནས། རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་སྐབས་སུ་མཐུའི་བྱིན་རླབས་འབྱུང་བ་ནི། ཆོ་འཕྲུལ་བཞི་ལས་དང་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཏེ། མཐུ་ཉི་ཤུ་ཐོབ་པ་ནི་སྒྲ་ཇི་བཞིན་དུ་སྦྱར་ཏེ་འཆད་པའང་སྦྱར་རོ། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །ཞེས་པ་དག་རྗེས་སུ་བསྟན་པའི་ཆོ་འཕྲུལ་དུ་འགྲེལ་ཏོ། །རྣལ་འབྱོར་རྩལ་གྱི་ཁྱད་པར་གྱིས། །ཞེས་པ་དག་ཆོས་སྣང་བའི་ཆོ་འཕྲུལ་དུ་འགྲེལ་ཏོ། །གསང་བའི་ཡི་གེ་ཕྲེང་བ་ལས། །ཞེས་པ་དག་ཀུན་བརྗོད་པའི་ཆོ་འཕྲུལ་དུ་འགྲེལ་ཏོ། །རྣལ་འབྱོར་ཆེ་ཆུང་རིམ་པ་དག །རྩལ་གྱི་ཁྱད་པར་དག་ལས་འབྱུང་། །ཞེས་པ་ཀུན་བརྗོད་པ་ལ་སོགས་པའི་བཞིའི་རྒྱུ་བཟླས་པའི་འཕྲོ་འདུ་ལ་སོགས་པ་རྣམས། ལམ་པའི་ཤེས་རབ་ཆེ་ཆུང་གི་ཁྱད་པར་ལས་བྱུང་བ་ནི། མི་རྟོག་པའི་ཤེས་རབ་སྦྱངས་པས་ལས་དང་པོ་སོ་སོས་མཚན་མ་འགྲུབ་པས། སྣང་བ་རིམ་འཇུག་གིས་རིམ་དང་། གཅིག་ཆར་འཇུག་པའི་ཁྱད་པར་རོ། །དེ་ལ་རིམ་གྱི་བ་དང་གཅིག་ཆར་བའི་ས་བཅུ་ཉིད་ཀྱི་ཁྱད་པར་ཉིད་ཀྱི་ཚུལ་བསྟན་པ་གང་སྙམ་པ་ལ། དབུགས་ཀྱི་ཡུལ་དང་ཚོར་བ་དང་། །ཞེས་པ་ལ་སོགས་པ་དབུགས་ཀྱི་ཡུལ་ཡན་ཆད་ནས་ཆོས་ཀྱི་དབྱིངས་སུ་གསལ་བ་མན་ཆད་ཀྱི་གོ་རིམ་མདོར་བསྟན་པའོ། །དེ་བསྒོམ་པའི་ཚུལ་གང་ཞེ་ན། རང་བཞིན་ཡི་གེར་བསྒྱུར་ཡི་གེ། ཞེས་པ་ལ་སོགས་པ་བདག་གི་སྒོ་གསུམ་ལ་ཡི་གེ་ལྷུན་གྱི་གྲུབ་པའི་རང་བཞིན་དུ་ཡོད་པ་ཨ་མ་སྐྱེས་པ་དེ་ལས། ཏིང་ངེ་འ ཛིན་གྱིས་དབང་བསྒྱུར་ནས། སེམས་ཉིད་ཡན་ལག་གི་ཡི་གེ་ཀ་ཁ་ལ་སོགས་པ་ལྷ་སོ་སོའི་རྩ་བའི་སྙིང་པོ་དང་། དངོས་པོ་གཞན་བསྡུ་བའི་དོན་གྱིས་བསྐྱེད་པའི་སྙིང་པོ་དང་། བཟླས་པའི་བསྙེན་སྔགས་ལས་དང་བཅས་པ་དང་། རྒྱུ་ཡི་ཡི་གེའམ་རྩ་བའི་སྙིང་པོ་འབྲུ་གཅིག་པ་ཐུགས་ཀར་གདན་དཀྱིལ་དུ་གཞིར་བཞག་པ་ལ་བཟླས་བཅས་པས་བསྐོར་བའོ། །དེ་དག་བསྒོམ་པའི་ཚུལ་ས་གོང་འོག་གི་ཁྱད་པར་ནི། འཕྲོ་འདུ་རིང་ཐུང་ཚུལ་དང་། སྐུ་ཕྱག་རྒྱའི་ཆེ་ཆུང་དང་། ལྷ་མང་པོར་བློས་མི་འཕྱོགས་པ་དང་། འཕྱོགས་པས་ཚོམ་བུ་ལ་གྲངས་མང་ཉུང་ཡང་དེ་བཞིན་རིམ་པར་ཡོད་དོ། །དེ་བས་ན་སྔར་ཚོགས་ཀྱི་དཀྱིལ་འཁོར་སའི་སྐབས་ཤིག་ཏུ་བཤད་པའང་གཙོར་སྤྱོད་པའི་དབང་ཙམ་སྟེ་ཐུན་མོང་དུ་འགྱུར་རོ། །དེ་ལྟར་འདི་བཤད་པ་ནི་ལས་དང་པོ་པ་རིམ་པར་འཇུག་པའི་དབང་དུ་རིམ་སྟེ་གོམས་ཤིང་མཐར་འདྲིས་པར་བྱེད་པར་གོམས་པ་བསྟན་པའོ། །ལྟས་ཤར་ནས་མཐུའི་རྩལ་ཆོ་འཕྲུལ་བཤད་པ་རྣམས་ཀྱི་ཁྱད་པར་རྒྱུ་མདོར་བསྟན་པའི་ཕྱིར། ཡི་གེའི་ཡེ་ཤེས་ལས་བསྐྲུན་ཏེ། །དོན་མེད་པ་ཡང་ཕྱག་རྒྱར་འགྱུར། །ཞེས་པ་ཡི་གེ་ཀུན་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ལས་བསྐྲུན་ཏེ་གསལ་བ་ཉིད། ཡི་གེའི་གཟུགས་སུ་རང་ཤར་བར་བསྒོམ་པའོ། །ཚིག་ལྷག་མ་ནི། དེས་བདག་གཞན་གྱི་དོན་བྱེད་པའང་ཕྱིར་དེ་ལས་འཕྲོ་འདུས་སྐུ་ཕྱག་རྒྱ་བསྐྱེད་དེ་བསྒོམ་པའོ། །དེའང་ཐ་དད་ལ་ཏིང་ངེ་འཛིན་དུ་བསྒོམ་པས་རྩལ་སྦྱོང་བ་འགྲུབ་པའི་ཕྱིར། རྒྱ་མཚོ་གནོན་དང་ནམ་མཁའི་སྐས། །རླུང་བཅིང་བ་དང་རྒྱུན་བཟློག་དང་། །ཞེས་པ་ལ་སོགས་པ་རྒྱ་མཚོ་རྐང་པས་གནོན་པའི་ཏིང་ངེ་འཛིན་ནི། བཤད་པ་ལྟར་རྣམ་གསུམ་རིམ་པར་བསྐྱེད་པའི་རྒྱུ་ལས་ལྷར་གསལ་བས། རྒྱ་མཚོ་རྡོ་རྗེ་གཏམས་པར་བསྒོམས་ཏེ། དེ་གསལ་བ་སྟོབས་ཅན་དུ་གྱུར་བ་དང་། རྒྱ་མཚོ་རྐང་པས་བགྲོད་དེ། དེ་ལ་གནས་པའི་འགྲོ་བ་རྣམས་འོད་ཟེར་དུ་སྤྲུལ་པས་སྒོ་གསུམ་སྦྱངས་ཏེ། ཐར་པ་ལ་བསྐུལ་བར་བྱའོ། །ནམ་མཁའི་སྐས་ལ་འཛེགས་པ་ནི། ལྷར་གསལ་བ་ལས་ནམ་མཁའ་ལ་ཧཱུྃ་ལས་རྡོ་རྗེའི་སྐས་དང་ས་གཞི་བསྒོམས་པས་སྟོབས་ཅན་དུ་གྱུར་པ་དང་། ཕན་ཚུན་འགྲོ་བའི་ཚུལ་གྱིས་བགྲོད་ནས་སྣང་སྲིད་ལྟ་ཞིང་བཤད་པ་ལྟར་དེ་ན་གནས་པའི་འགྲོ་དོན་བྱ་བ་དང་། རླུང་བཅིངས་པའི་ཏིང་ངེ་འཛིན་ནི། །ནམ་མཁའི་གཞི་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་པའི་དབུས་སུ་བདག་གནས་ཏེ། བསྒོམ་པ་ཤིན་ཏུ་བརྟན་པ་དང་། ཟླ་བའི་འོག་ནས་ཡེ་ཤེས་ཀྱི་རླུང་གིས་བཏེགས་ཏེ་ཤིན་ཏུ་རླུང་མགྱོགས་པའི་ཤུགས་ཀྱིས་རྒྱལ་བའི་ཞིང་ཀུན་ཏུ་བགྲོད་པ་དང་། ནམ་མཁའི་གཏོས་རྡོ་རྗེ་གཏམས་པར་བསྒོམས་ཏེ་རླུང་གིས་བསྒུལ་མི་ནུས་པར་བྱའོ། །ཆུ་བོ་ཆེན་པོའི་རྒྱུན་བཟློག་པའི་ཏིང་ངེ་འཛིན་ནི་རྗེས་སུ་མཐུན་པར་སྦྱར་ཏོ། །སྲེག་པའི་བསྐལ་པ་གཞིལ་བ་ནི། བསྐལ་པའི་མེ་གཞིལ་བ་དང་དམྱལ་བའི་མེ་གཞིལ་བའོ། །བསྐལ་པའི་མེ་གཞིལ་བ་ནི། ལྷར་གསལ་བའི་སྡིགས་མཛུབ་ཀྱི་རྩེ་མོ་ལ། མ་ལས་ཟླ་བ་བསམ་པ་ཤིན་ཏུ་བརྟན་པ་ལས་ཆུ་རྒྱུན་ཕབ་ལ་གཞིལ་བའོ། །དམྱལ་བའི་མེ་གཞིལ་བ་ནི། རྣལ་འབྱོར་པའི་ལག་མཐིལ་དུ་འཁོར་ལོ་བསམ་པའི་ལྟེ་བ་ལ། ཨ་ལས་ཟླ་བའི་སྟེང་དུ་ཁཾ་སྔོན་པོ་བསམ་པ་ལས་བདུད་རྩིའི་ཆུ་རྒྱུན་ཕབ་ལ་དམྱལ་བའི་མེ་གསད་པའོ། །ཉི་ཟླ་ཞོན་པ་ནི། ནམ་མཁའི་གཞི་ཉི་མའི་དཀྱིལ་འཁོར་མའི་ས་བོན་ལས་བསྐྱེད་པའི་དབུས་སུ་བདག་གནས་པར་བསྒོམ་པ་བརྟས་པ་དང་། དེ་ལས་ཉི་མ་འབུམ་གྱི་འོད་བཀྱེ་ནས་མུན་པ་བསལ་བ་དང་། འཇིག་རྟེན་རྒྱང་མར་འཕང་བ་ནི། རྣལ་འབྱོར་པའི་ལག་མཐིལ་དུ་སྟོང་གི་འཇིག་རྟེན་བསྒོམས་པ་དེ་ཤིན་ཏུ་བརྟན་པ་དང་། ནམ་མཁའི་ཁམས་སུ་འཕངས་ཏེ་ས་ནས་སར་འཕར་བར་བྱ་སྟེ། འོག་ནས་འཆད་པར་འགྱུར་རོ། །གཞན་ཡང་ས་དང་ལུས་མི་དམིགས་པའི་སྟོབས་ཀྱིས། ས་ལ་བྱི་བ་ལྟར་འཛུལ་བ་དང་། རི་རབ་འདེགས་པ་དང་། སྟོང་གསུམ་ཡུངས་འབྲུ་ཙམ་དུ་ཆུད་པར་བྱ་བ་དང་། ཕ་རོལ་གྱི་དཔུང་གཞིལ་བ་དང་། གནས་རྣམས་སྤར་བ་དང་། དངོས་པོ་གཞན་བསྡུ་བ་ནི། གསོ་གསད་ཕམ་རྒྱལ་དང་། དགུག་བཅིང་དགྲོལ་བ་ལ་སོགས་པའི་ལས་མཐའ་ཡས་པ་རྣམས་ཏིང་ངེ་འཛིན་གོམས་པ་ལས་སུ་རུང་ན་འགྲུབ་པས་རྣལ་འབྱོར་པ་རིག་པ་འཛིན་པའི་ས་ལ་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཕྱིར། བསམ་བྱ་དེ་དག་བསྒོམ་པའོ། །དེ་དག་གི་རྒྱུ་དང་ཁྱད་པར་ཐུན་མོང་དུ་བསྟན་པའི་ཕྱིར། བཟླས་པ་མཐར་ཕྱིན་གྲུབ་པ་དང་། །ཞེས་པ་ལ་སོགས་པ་བཟླས་པ་ཚད་དུ་ཕྱིན་པ་དང་། ཕྱག་རྒྱ་བཅིང་བསྒོམ་རྫོགས་པ་དང་། ཏིང་ངེ་འཛིན་ལས་སུ་རུང་དང་། ལྟ་བས་དོན་རྟོགས་པ་དང་། བདེན་པའི་ཚིག་གྲུབ་པ་དང་། འགྲོ་དོན་བྱ་བའི་སྤྱོད་པ་ཡོངས་སུ་དག་པ་རྣམས་ཀྱི་བཤད་པའི་རྩལ་རྣམས་བྱུང་བའང་གཞི་དོན་བསམ་བྱ་གཅིག་ལ་གོམས་མ་གོམས་ཀྱི་སྟོབས་ཀྱིས་སའི་ཁྱད་པར་གོང་འོག་ཏུ་བྱུང་བའོ། །དེའི་ཚུལ་གང་ཞེ་ན། དེས་ན་ཏིང་འཛིན་ཁྱད་པར་ཡང་། །དེ་ཉིད་ཅིག་ལ་བསྒོམ་མོད་ཀྱི། །ཞེས་པ་ལ་སོགས་པ་ཚུལ་སྔ་མ་ལ་སྙེགས་པ་ནི་གཏན་ཚིགས་སུ་བཞག་པ་སྟེ། དོན་གཙོ་བོ་ཏིང་ངེ་འཛིན་གྱི་ཁྱད་པར་ཡང་། དེ་ཁོ་ན་ཉིད་དོན་གྱི་ངོ་བོ་གཅིག་ལ་བསྒོམ་པའང་མི་མཐུན་པའི་དོན་གྱིས། ཏིང་ངེ་འཛིན་གྱི་རྩལ་འཕང་ཁྱད་པར་ཅན་བསམ་པའི་ཡུལ་སྣ་ཚོགས་ཏེ་མི་གཅིག་པར་བསྒོམས་པའི་དོན་ཏོ། །དེ་གསལ་བར་བསྟན་པ་གང་སྙམ་པ་ལ། དང་པོ་ས་གནས་པ་ཡི། བཙལ་བའི་ལས་ཀྱི་རྣལ་འབྱོར་པ། །ཞེས་པ་ལ་སོགས་པ་ཁས་བླངས་པའི་ཐུན་མོང་མ་ཡིན་པའི་གསང་བའི་ལམ་འབའ་ཞིག་ཏུ་འཆད་པའི་དོན་ཏེ། དང་པོ་འགྱུར་དབང་མ་ངེས་པའི་ས་ལ་གནས་པ་བཙལ་བ་འབད་རྩོལ་གྱི་ལས་ལྷུར་ལེན་པའི་རྣལ་འབྱོར་འདུན་པ་སེམས་པ་དང་། བཅོས་མའི་རྣལ་འབྱོར་དང་། ཕྲ་མེན་སྤྱོད་པའི་རྣལ་འབྱོར་པ་དང་། ཚུལ་རྟགས་འཛིན་པའི་རྣལ་འབྱོར་དང་། མོས་པའི་རྣལ་འབྱོར་དང་། དགེ་བ་འདུན་པའི་རྣལ་འབྱོར་འབྱོར་དང་དྲུག་ནི། དངོས་པོ་ལྷའི་དཀྱིལ་འཁོར་དུ་སྣང་བ་དང་། དེ་ཉིད་རང་སེམས་སྣང་བའི་དོན་ཡིད་ལ་བྱེད་པ་ཙམ་པས་ཤེས་རབ་ཀྱི་ལྟ་བའི་རྩལ་འཕང་དམའ་བས་ཏིང་ངེ་འཛིན་གྱི་རྩལ་ཡང་ཆུང་བས། དེ་ཁོ་ན་ཉིད་ཀྱི་དོན་རང་གི་མཚན་ཉིད་དུ་མི་མཐོང་བའོ། །རང་གི་བསམ་པས་མོས་ཤིང་དད་པའི་ལྷ། རྩ་བའི་དེའི་ས་བོན་ཡི་གེ་ལས་རིགས་ཀྱི་ཁ་དོག་དང་དབྱིབས་ཀྱིས་ཕྱེ་སྟེ། འཕྲོ་འདུ་བྱེད་པའི་ཐབས་ཀྱང་སྣའི་དབུགས་ལ་ཡིག་འབྲུ་མཐུན་པར་འཕྲོ་བ་ཡང་ཕྱི་རོལ་དུ་དབུགས་ཀྱིས་ཕྱིན་པའི་ཡུལ་ཚུན་ཆད་དུ། འོད་ཟེར་འབར་འཕྲོ་གསལ་བ་ལས་ཡབ་ཡུམ་ཡི་གེ་ཟུང་སྒྲིལ་དུ་གསལ་བར་བྱས་ནས་འཕྲོ་འདུ་གནས་སུ་སླར་འདུ་ནས་ནང་དུ་ཙིཏྟའི་དཀྱིལ་དུ་རྩ་བའི་ཡི་གེ་ལ་བསྟིམས་ནས་བྱིན་གསལ་བར་བསྐྱེད་པའོ། །སྐུ་ཡང་རང་གི་རྣམ་པར་སྨིན་པའི་ལུས་ཆགས་ཚད་དང་སྦྱར་བ་འདི་ཙམ་ཞིག་ཁྱོན་ཡང་འཕྱོགས་སོ། །གཉིས་པའི་ས་ལ་གནས་པ་ཡི། །བཀའ་སྡོད་ལས་ཀྱི་རྣལ་འབྱོར་ལས། །ཞེས་པ་དག་རྟེན་པ་གཞིའི་ས་ལ་གནས་པའི་རྣལ་འབྱོར་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང་། དང་པོ་ལས་ཀྱི་རྣལ་འབྱོར་དང་། བསླབ་པར་སྦྱོར་བའི་རྣལ་འབྱོར་དང་། ངེས་པའི་རྣལ་འབྱོར་བཞི་ནི། འཕྲོ་འདུ་དྲི་མནམ་སྣའི་ཡུལ་ཚུན་ཆད་དུ་གསལ་ཏེ། བྱ་བའི་ཐབས་ཀུན་རྗེས་སུ་མཐུ ན་པར་འགྲེལ་ཏོ། །སྐུ་ནི་རང་གི་ཆག་ཚད་ཉིས་འགྱུར་ཙམ་དུ་གསལ་ལོ། །གསུམ་པའི་ས་ལ་གནས་པ་ཡི། །ཞེས་པ་ལ་སོགས་པ་འདིར་ས་གསུམ་པ་བཞི་པའི་ངོ་བོར་བསྟན་པ་ནི། ལོ་ཙཱ་བས་རྩ་བ་དང་བཤད་རྒྱུད་གཉིས་ཀ་ལས་བཀའ་ཆགས་པའི་དོན་ཏེ། གསུམ་པ་གལ་ཆེན་སྦྱོང་བའི་ས་ལ་རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། ལྷའི་ས་བོན་རྩ་བའི་ཡི་གེ་ཡང་ཆུ་དང་ཆབ་རོམ་ལྟར་རང་རིག་པ་ཉིད་ཡི་གེར་གསལ་བས་སྐུའི་ཁྱོན་ཆག་ཚད་བཞི་འགྱུར་ཙམ་དུ་བསྐྱེད་ནས། འོད་ཟེར་དང་བཅས་པའི་འཕྲོ་འདུ་སྒྲ་ཐོས་པའི་ཡུལ་ཚུན་ཆད་དུ་གསལ་བའོ། །ས་བཞི་པ་བསླབ་པ་རྒྱུན་གྱིས་ནི། གསང་སྒོ་ལུང་གི་རྣལ་འབྱོར་དྲོད་རྟགས་གཡོ་བ་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དྲོད་རྟགས་ཐོབ་པ་དང་། མཚན་མ་རྟགས་ཀྱི་རྣལ་འབྱོར་དྲོད་རྟགས་ཤིན་ཏུ་བརྟན་པ་དང་གསུམ་ནི། འཕྲོ་འདུ་ཡང་མཐོང་བའི་ཡུལ་ཚུན་ཆད་དོ། །སྐུ་ཡང་ཆག་ཚད་བརྒྱད་འགྱུར་དུ་གསལ་བའོ། །འོན་ཀྱང་རྣལ་འབྱོར་གསུམ་ཉིད་ལ འང་དེ་གསལ་མི་གསལ་གྱི་ཆ་ཡོད་དེ་བཤད་པ་དང་འཆད་པར་སྦྱར་རོ། །དེ་བཞིན་རྣལ་འབྱོར་རིམ་པ་བཞིན། །ལྷ་ཡི་ཁྱད་པར་གང་ཡིན་པ། །ཡི་གེའི་རིམ་པ་བཞིན་བྱས་ནས། །འཕྲོ་འདུའི་ཚད་ཀྱང་དེ་བཞིན་ཏེ། །རིམ་པ་བཞིན་དུ་སྦྱར་ནས་ཀྱང་། །འཕྲོ་འདུ་གསལ་བར་གྱུར་བ་དང་། །ཞེས་པ་དག །ས་ལྔ་པ་བསོད་ནམས་གཏེར་གྱི་ས་ལ། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་པས་ལྷའི་སྐུ་ཆག་ཚད་བཅུ་དྲུག་འགྱུར་དུ་བསྒོམས་ནས། འཕྲོ་འདུ་རྒྱང་གྲགས་གཅིག་ཚུན་ཆད་དོ། །འོ་ན་དེ་བས་འོག་གི་མཐོང་ཐོས་རིང་ངོ་ཞེ་ན། དེ་ནི་མཐོ་ས་དང་སྒྲ་ཆེན་པོའི་དབང་མ་ཡིན་ཏེ་རྣལ་མའི་དབང་དུ་བརྗོད་པའོ། །ས་དྲུག་པ་རྟེན་པས་ཁྱད་པར་འགྲོ་བའི་ས་ལ། དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་པ་དང་། མཉམ་རྫོགས་ཆེན་པོའི་རྣལ་འབྱོར་དང་། ངེས་པར་སྤྱོད་པའི་རྣལ་འབྱོར་དང་། རྩལ་ཆེན་སྦྱོང་བའི་རྣལ་འབྱོར་དང་། ཡུལ་ལ་འཇུག་པའི་རྣལ་འབྱོར་དང་། རིག་པར་སྦྱོར་བའི་རྣལ་འབྱོར་པ་དང་བདུན་ནི། སྐུའི་ཆག་ཚད་སུམ་ཅུ་རྩ་གཉིས་འགྱུར་དུ་གསལ་ལ། འཕྲོ་འདུ་དཔག་ཚད་གཅིག་ཚུན་ཆད་དུ་གསལ་བའོ། །ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་ལ་གྲུབ་པའི་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། ངེས་པར་འབྱུང་བའི་རྣལ་འབྱོར་དང་གསུམ་གྱིས་འཕྲོ་འདུ་གླིང་གཅིག་ཚུན་ཆད་དུའོ། །ཁྱོན་ཆག་ཚད་དྲུག་ཅུ་རྩ་བཞི་འགྱུར་དུ་གསལ་བའོ། །བརྒྱད་པ་གནས་པ་མི་འགྱུར་བའི་ས་ལ། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་གྱིས་འཕྲོ་འདུ་སེམས་ཀྱིས་ལྕོགས་ཚད་ཚུན་ཆད་དུ་སྨིན་དཔེར། འཁོར་ཡུག་གཅིག་ཚུན་ཆད་ཡང་གསལ་ལོ། །ཁྱོན་ནི་ཆག་ཚད་ཀྱང་སེམས་ཀྱི་ཡུལ་སྨིན་དཔེར་བརྒྱ་ཉི་ཤུ་རྩ་བརྒྱད་འགྱུར་དུའང་ཚུན་ཆད་དུ་གསལ་ལོ། །ས་དགུ་པ་བདལ་བ་ཆོས་ཉིད་ཀྱི་ས་ལ། རོལ་པ་རྒྱན་གྱི་རྣལ་འབྱོར་དང་། བདེ་བ་ཆེན་པོའི་རྣལ་འབྱོར་དང་། ཐིག་ལེ་རྫོགས་པའི་རྣལ་འབྱོར་དང་གསུམ་གྱིས་འཕྲོ་འདུ་བྱེད་པའི་རིང་ཐུང་ཡང་། ནམ་མཁའི་ཁམས་གང་བ་ཚུན་ཆད་དེ། མཐའ་ཚད་མེད་པ་སྟོང་གསུམ་གཅིག་དང་སྟོང་གསུམ་བརྒྱ་ནས་སྟོང་དང་བྱེ་བ་ལ་སོགས་པ་ཞེས་སྣང་། མ་ཆད་པར་གསལ་ལོ། །སྐུའི་ཁྱོན་ཡང་ནམ་མཁའི་ཁམས་སྐུ་ཡིས་གང་བའི་ངོ་བོ་ཉིད་རང་གི་ཆགས་ཚད་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་ཞེས་པའང་བསྒོམས་ཏེ། ས་འདིར་སྤྱོད་ཡུལ་ཡེ་ཤེས་སྒྱུ་མའི་ངོ་བོར་གསལ་བའི་ཕྱིར། རྩ་བའི་རྒྱུད་ལས། སྒྱུ་མའང་སྒྱུ་མ་ཡིན་སྤྱོད་པའོ། །ཞེས་པས་སོ། །ས་བཅུ་པ་རྫོགས་པ་སྤྱི་ཆིབས་ཀྱི་ས་ལ་བདག་ཉིད་ཆེན་པའི་རྣལ་འབྱོར་དང་། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཀློང་ཡངས་ཆུབ་པའི་རྣལ་འབྱོར་དང་གསུམ་གྱིས་ནི། སེམས་ཀྱི་དབྱིངས་ཁྱོན་ཚད་མེད་པ་ནི། སྐུ་ཡི་ཁྱོན་གྱི་ཁྱད་པར་ཡང་། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར། །སྐུ་ཡི་ཁྱོན་གྱིས་གང་བར་བསྒོམ། །ཞེས་པ་འཕྲོ་འདུ་དང་ཁྱོན་གཉིས་ཀ་ས་དགུ་པར་སྦྱངས་པའི་སྟོབས་ལས་བྱུང་བའི་ཚད་དང་བྲལ་བའོ། །དེས་ན་ནམ་མཁའི་ཁོངས་སུ་ཆོས་ཉིད་མ་འདུས་པས་ཁྱད་པར་ཡོད་པའོ། །འོ་ན་འདིར་ས་བཅུ་བསྐྱེད་པའི་རིམ་པ་ལ་འདི་ཁོ་ན་ལྟར་བརྒྱུད་པ་ནི་ཤིན་ཏུའང་ལམ་རིང་བས། རྒྱུའི་ཐེག་པ་དང་བྱེ་བྲག་མེད་པར་འགྱུར་རོ་ཞེ་ན། འདིར་ལན་གསོལ་པ། གཅིག་ཆར་བ་ལྟ་ཅི་སྨོས། འདི་ལྟར་རིམ་གྱིས་སློབ་པ་ཡང་རྒྱ་གར་གྱི་འཕོང་སློབ་པ་དང་མཚུངས་ཏེ། འདིར་ས་དང་པོར་བསྟན་པར་བྱ་བའི་སྟོབས་ཀྱིས་ས་གཉིས་པ་ཡན་ཆད་དུ་སྦྱངས་དགོས་ཀྱང་། བྱིང་རྒོད་བྲལ་བས་དཀའ་བ་མེད་པར་འགྱུར་བ་དང་། རྒྱུ་ལ་གནས་པ་ལྟར་བསོད་ནམས་ལ་རེ་བ་མེད་པས་བསྒོམས་པའི་ཏིང་ངེ་འཛིན་འབྲས་བུ་ལ་ལམ་དུ་བྱས་པ་ཉིད་ཀྱིས། ཚེ་འདི་ཉིད་ལ་ངེས་པར་འབྱུང་བས་ཐེ་ཚོམ་མེད་པར་དག་གོ། །རིམ་གྱིས་པས་འགྲུབ་ཏུ་བཏུབ་པའི་ཚུལ་གང་སྙམ་པ་ལ། ཇི་ལྟར་གསེར་སྦྱངས་འཚེར་བ་བཞིན། །ཞེས་པ་ལ་སོགས་པ་དཔེ་ཉེ་བར་བཟུང་བ་གསེར་སྦྱངས་ཤིང་དྲི་མ་དག་པ་ན་ཁ་དོག་གསལ་བ་ལྟར། དེ་ལྟར་རིམ་པར་རིག་པའི་སེམས་ཉིད་རྩལ་སྦྱངས་པས་སྒྲིབ་པའི་དྲི་མ་རགས་པ་ནས་རིམ་པར་དག་པས་དེ་ཉིད་ཏིང་ངེ་འཛིན་གསལ་ཞིང་གོམས་པ་འཕྲོ་འདུ་ལས། མཇུག་གཅིག་ཆར་དུ་དྲོད་གསལ་བར་གྱུར་པ་ལ་ཐེ་ཚོམ་མེད་དོ། །གཅིག་ཆར་འཇུག་པའི་རྒྱུན་གྱི་ཏིང་ངེ་འཛིན་གང་སྙམ་པ་ལ། ལང་ཀའི་བདག་པོ་འདི་ལྟ་སྟེ། ཆོས་རྒྱུན་ཆེན་པོའི་ཏིང་འཛིན་འདི། །ཞེས་པ་ལ་སོགས་པ་སྟོན་པ་གསང་བདག་སྐྱེས་བུས་སྡུད་པ་ལང་ཀ་ལ་བོས་ཏེ། རྒྱུན་གྱི་ཏིང་ངེ་འཛིན་ཉེ་བར་བསྟན་པའི་ངོ་བོ་འདི། ཐོག་མར་གསང་བདག་ཉིད་ལ་སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་ཏེ། དོན་འདི་རྒྱུན་དུ་བྲལ་བ་མེད་པ་ནི་རྒྱུན་གྱི་ཏིང་ངེ་འཛིན་ཆེན་པོའོ། །འདི་ནི་ཀུན་གཅིག་ཆར་བ་ལ་རེ་མོས་བསྟན་དུ་མེད་དེ། ལྷུན་གྱིས་གྲུབ་པའི་ཀློང་དུ་རིག་པ་འཕྲོ་འདུའི་ཐག་ཆོད་པས་དུས་རྒྱུན་གཅིག་ཏུ་གསལ་ལོ། །དེ་ལ་བསྟན་པ་རྒྱུན་གྱི་ཏིང་ངེ་འཛིན་གང་ཞེ་ན། ནམ་མཁའ་དོན་གྱི་གླེགས་བམ་ལ། །ཞེས་པ་ལ་སོགས་པ་རིལ་སེམས་ཉིད་འོད་གསལ་བའི་ངོ་བོ་བས་སྒྲ་རིལ་གསང་བའི་སྒྲ་སྟེ་སྒྲ་བཞིན་ནོ། །ཆོས་སོ་ཅོག་གི་རང་བཞིན་ནི། །ཞེས་པ་ལ་སོགས་པ་བདུད་རྩི་རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཆོས་སོ་རིལ་བྱང་ཆུབ་ཀྱི་སེམས་ཉིད་སྐྱེ་ཤིའི་མཐའ་ལས་འདས་པར་འགྲེལ་ཏོ། །མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། འཁོར་བ་རྒྱ་མཚོའི་ཡོ་བྱད་འདི། །ཞེས་པ་དག་རིལ་མཆོད་པ་སྟེ་ཇི་བཞིན་པའི་གནས་སུ་སྟོབ་པ་ལས་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་བསྒོམ་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། ཀུན་གྱི་དེ་བཞིན་ཉིད་དབྱིངས་ལས། །ཞེས་པ་དག་སྟེ་ཆོས་སོ་ཅོག་དེ་ཁོ་ན་ཉིད་ཀྱི་ཕྱིར་འགྲོ་དྲུག་རིལ་མཐའ་གཉིས་ངང་གིས་བྲལ་བའི་སངས་རྒྱས་སྙིང་པོར་ཆོས་སྐུ་ཆེན་པོར་སུས་ཀྱང་མ་བྱས་བྱས་པ་མེད་པར་རང་ཤར་བ་ལ། དུས་གསུམ་རྒྱུན་མེད་མི་འཆད་པར་མཇལ་བ་ཉིད་དོ། །བཟླས་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། དངོས་པོ་བརྟན་གཡོ་ལ་སོགས་པ། །ཞེས་པ་ལ་སོགས་པ་སྣོད་བཅུད་དང་དེ་ལས་གྱུར་པ་རིལ་རང་བྱུང་རྒྱལ་བའི་ཕྱིར་སྒྲ་རིལ་གསང་བའི་ཚིག་ཏུ་རྟོགས་པ་ཉིད་དོ། །སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་ནི། དེ་དང་དེ་ཡི་དབྱིངས་ཉིད་ལས། །ཞེས་པ་དག་སྟེ་སྣོད་དང་བཅུད་ཀྱི་ངོ་བོ་རིལ་དབྱིངས་ཉིད་ལས་མུ་མཐའ་མེད་པ་ལ། རང་གི་རིག་པ་ལའང་དེ་ཁོ་ན་ཉིད་ཡིན་པའི་དངོས་པོ་དང་། དེ་རྟོགས་པར་བྱེད་པའི་ཐབས་གཞན་སྦྱོར་བ་མེད་དེ། དེ་ཉིད་ཡེ་ནས་ཡིན་པར་ཐག་ཆོད་པས་གཞན་དུ་མི་ཚོལ་བས་ཤེས་རབ་རང་རིག་མུ་མཐའ་བྲལ་བ་ལས། ཐབས་དེ་ཉིད་ཡེ་ཤེས་སུ་མ་འགགས་པར་རང་གསལ་བ་དུས་གསུམ་དུ་གཉིས་སུ་མེད་པར་སྦྱོར་བས་མཇལ་བ་ཉིད་དོ། །སྒྲོལ་བའི་རྒྱུན་གྱི་ཏིང་ངེ་འཛིན་ནི། སྲིད་གསུམ་བསྒྲལ་བའི་ཞིང་འདི་དག །ཞེས་པ་ལ་སོགས་པ་ཇི་ལྟར་རྟོགས་པའི་ཤེས་རབ་ཀྱི་མཚོན་ཆ་རྣོན་པོས། འཇིག་རྟེན་གསུམ་མཐའ་ལས་འདས་པའི་ཡེ་ཤེས་སུ་བྱུང་ཐེབས་པའོ། །དཀྱིལ་འཁོར་རྒྱུན་གྱི་ཏིང་ངེ་འཛིན་ནི། སྣང་སྲིད་དག་པའི་གཞལ་ཡས་སུ། །ཞེས་པ་ལ་སོགས་པ་གཞི་དོན་གྱི་ཀུན་གཞི་ལ་ཚོགས་བརྒྱད་དུ་གསལ་བ་ཉིད། ཡེ་ཤེས་ཀྱི་ཚོགས་བརྒྱད་དུ་མ་སྤངས་རང་ཤར་བར་ཐག་ཆོད་པའོ། །སྐུ་གདུང་རྒྱུན་གྱི་ཏིང་ངེ་འཛིན་ནི། འདོད་ཁམས་རྨང་གི་རི་རབ་ལ། །ཞེས་པ་ལ་སོགས་པ་ཁམས་གསུམ་གྱི་རིམ་པ་མ་སྤངས་བྲལ་བས་ཡེ་ཤེས་ཀྱི་ཁམས་གསུམ་གསལ་བ་ཉིད་དོ། །ཡང་། ནམ་མཁའ་མེ་ཆུ་ས་རླུང་རྣམས། །ཞེས་པ་ལ་སོགས་པ་འབྱུང་བ་ལྔ་ཉིད་ཡེ་དག་པའི་ཡེ་ཤེས་ཀྱི་སྐུར་གསལ་བའི་དོན་ཇི་ལྟ་བར་མཇལ་བ་ཉིད་སྐུ་གདུང་ངོ་། །ཡང་། འཇུག་པའི་ཡན་ལག་བཞི་རྨང་རྟེན། །ཞེས་པ་ལ་སོགས་པ་དངོས་པོའི་ལུས་ཡེ་མ་སྤངས་དག་པ་ཡེ་ཤེས་ཀྱི་ལུས་སུ་བྱུང་བ་ཉིད་དུ་སྐུ་གདུང་ཆེན་པོར་རྟོགས་པའོ། །གཞལ་ཡས་རྒྱུན་གྱི་ཏིང་ངེ་འཛིན་ནི། དེ་བཞིན་ཉིད་ཀྱི་ས་གཞི་ལ། །ཇི་བཞིན་པ་ཡི་གཞལ་ཡས་ཁང་། །ཞེས་པ་ལ་སོགས་པ་བཞུགས་གནས་ཀྱི་རྨང་གཞིའི་ངོ་བོ་དེ་ཁོ་ན་ཉིད་ཡེ་ནས་གནས་པ་ལ། ཀུན་གཞི་མ་བཅོས་པའི་བཞུགས་གནས་ཚད་དང་བྲལ་བའི་ངོ་བོ་ཉིད་དུ་རང་སྣང་བའི་རྨང་ནི་ཡང་དག་པའི་དོན་མ་བཅོས་པའི་ཆོས་ཉིད་མི་འགྱུར་བའི་ཆོས་ཉིད་སྣང་བའོ། །རྩིག་པ་ནི་བྱང་ཆུབ་སེམས་བཅུའི་རིམ་པ་བཤད་པ་བཞིན་ནི། སྐར་མཐོང་ནི་ཡེ་ཤེས་ཆེན་པོ་ལ་ཡེ་ཤེས་ལྔའི་ངོ་བོ་ཐ་དད་མེད་པར་ཤར་བ་ཉིད་ཀྱི་དོན་ཏེ་ཕྱོགས་དབུས་ལྔར་སྣང་བའོ། །སྒོ་ནི་བསྡུ་བའི་དངོས་པོ་བཞི་དང་ཚད་མེད་པ་བཞི་དང་རྣམ་པར་ཐར་བ་བཞིའི་སྒོ་བཞི་བསྣོལ་མ་རིམ་གསུམ་དུ་ཤར་བའོ། །དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞིན་ལྷུན་གྱིས་རྫོགས་པའི་ཕྱིར་ཕྱི་ནང་གི་ཐེམ་སྐས་བརྒྱད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཕྱིར་རྟ་བབས་བཞིས་བརྒྱན་པའོ། །མི་འཇིགས་པ་བཞི་ལྷུན་གྱིས་རྫོགས་པའི་ཕྱིར་སྟེང་གདུང་བཞི་བསྣོལ་མའི་དོན་ཏོ། །ཡང་དག་པའི་རྟོགས་པ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་འབྲས་བུར་འདེགས་པས་ཀ་བ་བརྒྱད་གདུང་སྣ་ནས་བཏེགས་པའི་དོན་ཏོ། །རྒྱུ་རྐྱེན་ལས་མ་བྱས་པའི་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་རིལ་འདུས་པའི་རྩེ་མོ་ཉིད་དེ་བླར་གྱུར་པའོ། །དོན་དམ་ཀུན་རྫོབ་གཉིས་ལྷུན་གྱིས་རྫོགས་པ་བར་ཁྱམས་གཉིས་ཀྱི་དོན་ཏོ། །རང་བྱུང་གི་ཡེ་ཤེས་འབྱུང་འཇུག་མེད་པའི་ངོ་བོ་ཐུགས་རྗེ་ཀུན་ལ་སྙོམས་པས་ཅིར་ཡང་སྣང་བའི་ཡོན་ཏན་གཡོ་བ་མེད་པས་བྱིན་བརླབས་སྣང་བ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྒྱན་གྱི་མཛེས་དོན་ཏོ། །ཆོས་ཉིད་ངོ་བོ་མུ་མཐའ་མེད་པར་བདལ་བ་རྒྱན་བླ་རེའི་དོན་ཏོ། །གསུང་ལྔ་ལྷུན་གྱིས་རྫོགས་པའི་བྱིན་རླབས་ཀྱིས་གསང་བའི་ཐེག་པ་བསྟན་པའི་སྒྲ་རང་འཆར་བ་གཡེར་ཁ་ལ་སོགས་པའི་སིལ་སྙན་གྱི་དོན་ཏོ། །གདུལ་བྱའི་བསམ་པ་ལ་སྣང་བའི་དོན་མ་བྲལ་བར་དུས་ཀུན་ཏུ་གསལ་བའང་རྒྱུན་གྱིས་བསམ་པ་སྟེ། དངོས་དོན་རྒྱུ་འབྲས་ཀྱི་ཆོས་དེ་དག་ལྷུན་གྱིས་རྫོགས་པའི་ངོ་བོར་གསལ་བའི་རིག་པ་ཉིད་རྒྱལ་བའི་ཕོ་བྲང་འདིར་བཞུགས་གནས་པས་རྒྱུན་གྱི་བསམ་པ་ཆེན་པོར་འཆར་ཏེ། ཇི་བཞིན་ཆོས་ཀྱི་ཕོ་བྲང་འདིར། །རྒྱལ་བ་བཞུགས་པ་འདི་ལྟར་རིགས། །ཀུན་བཟང་སེམས་ཀྱི་ཆོས་ཉིད་ལས། །ཞེས་པ་ལ་སོགས་པ་ཇི་བཞིན་ཡེ་མ་བསླད་པར་ལྷུན་གྱིས་རྫོགས་པའི་དེ་ཁོ་ན་ཉིད་ནི་རྒྱལ་བའི་བཞུགས་གནས་སུ་ཕོ་བྲང་འདིར་ཉེ་བར་འདི་ལྟར་རིགས་བཟུང་བས་བཞུགས་གནས་ཀྱི་རིམ་པའི་དོན་དེ་ལྟར་བཞུགས་ཏེ། ངོ་བོ་ཉིད་མཐའི་དྲི་མ་བྲལ་བའི་ཀུན་བཟང་བྱང་ཆུབ་སེམས་ཀྱི་ངོ་བོ་ཆོས་ཉིད་ལས་མ་བཅོས་མ་བསླད་པ་ཉིད་རིལ་གྱི་བཞུགས་གནས་སུ་གྱུར་པའི་ངང་ལ་ཀུན་གཞི་བྱང་ཆུབ་སེམས་ཡོན་ཏན་རྒྱུ་དང་འབྲས་བུའི་ཆོས་མ་འདྲེས་སོ་སོར་གསལ་ལ། ཡོངས་རྫོགས་ངོ་བོ་འདི་འདྲར་མི་ཟིན་པས་ཐིག་ལེ་གཅིག་ཏུ་གྱུར་པ་ནི། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཆོས་ཆེན་པོ་ནི་གསང་སྔགས་ཐེག་པ་ཆེན་པོ་ཉིད་དོ། །དོན་དེ་འདུ་བྱེད་སེམས་པ་ལ་སོགས་པ་ལྔ་བཅུ་རྩ་གཉིས་ཀྱི་འཁོར་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་ཤེས་ཀྱིས། རྣ་བ་ལ་བརྟེན་ནས་སྒྲ་ངེས་པར་ཆོད་པ་ཐོས་དང་། ཡིད་ཡང་དག་པའི་ཡེ་ཤེས་ཀྱིས་ཡུད་ལ་དོན་ལ་མཐོང་བ་ཉིད་བསྟན་པ་རྒྱ་མཚོ་ཆོས་ཀྱི་མཆོག་ཡིན་པས་དོན་ཇི་ལྟ་བ་མཇལ་བ་ཉིད་རྒྱུན་མི་ཆད་ལ་བྲལ་བ་མེད་པ་ནི་བཤད་པ་ལྟར་རྒྱུན་གྱི་ཏིང་ངེ་འཛིན་ཏོ། །ལྟས་དང་སྦྱོར་བས་ཆོ་འཕྲུལ་དང་། ས་གོང་མ་བསྒྲུབ་པས་རྒྱལ་བར་བསྟན་པའི་ཕྱིར། རྡོ་རྗེ་ནམ་མཁའ་སྐས་བགྲོད་ནས། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་པ་ལ་སོགས་པ་མི་དམིགས་པའི་ངང་ལས་ནམ་མཁའ་ལ་རྡོ་རྗེའི་ཐེམ་པ་དང་སྐས་བསྒོམས་ནས་བརྟན་པ་དང་། དེར་བགྲོད་དེ་བདག་འདུག་ནས་སྣང་སྲིད་མཐའ་ཡས་པ་ལ་བལྟས་ནས་སེམས་ཀྱི་ཡུལ་ཡངས་པར་འགྱུར་རོ། །བཤད་པ་བཞིན་ནམ་མཁར་བགྲོད་པའི་ཏིང་ངེ་འཛིན་ཏེ། རྒྱ་མཚོ་རྡོ་རྗེས་གཏམས་བྱས་ཏེ། །ཞེས་པ་ལ་སོགས་པ་རྒྱ་མཚོ་རྐང་པས་མནན་པའི་ཏིང་ངེ་འཛིན་དང་། ནམ་མཁའ་དབྱིངས། ཞེས་པ་ཞིང་ཁམས་གཞན་དག་ཏུ་བགྲོད་པའི་ཏིང་ངེ་འཛིན་དང་། ནམ་མཁའི་དབྱིངས་ཀྱི། ཞེས་པ་ཕྱི་ནང་མུན་པ་བསལ་བའི་ཏིང་ངེ་འཛིན་ལ་སོགས་པ་སྟེ། སྒྲ་བཞིན་དུ་འགྲེལ་ཏེ་བཤད་པ་བཞིན་ནོ། །བསྲེག་པའི་བསྐལ་པ་གཞིལ་བ་དང་། སྟོང་གསུམ་རྒྱང་མར་འཕང་བ་དང་། ཉི་མ་འབུམ་དགྱེ་བ་དང་། དམྱལ་བའི་མེ་གཞོམ་པ་དག་སྒྲ་བཞིན་ཏེ། བཤད་པ་དང་མདོ་རྒྱས་ཀྱིས་དབང་དུ་བཀའ་སྩལ་ཀྱང་བསམ་པ་ལ་མི་འདྲ་བ་མེད་པའོ། །གཞན་ཡང་ལང་ཀའི་བདག་པོ། ཏིང་ངེ་འཛིན་གྱི་མདོ་ནི་འདི་ཁོ་ནར་འདུས་པར་གསུངས་པས། ཞེས་པ་ལ་སོགས་པ་ཏིང་ངེ་འཛིན་མི་མཐུན་པའི་དོན་བོས་ནས་མདོ་གང་དུ་འདུས་པ་ངེས་པར་གཟུང་ནས་ཉེ་བར་བསྟན་པ་ནི། སེམས་ནི་སྒྱུ་མའི་རང་བཞིན་ཏེ། །ཞེས་པ་ལ་སོགས་པ་སྟེ་ཏིང་ངེ་འཛིན་གྱི་སྒོ་ཇི་སྙེད་ཅིག་ཏུ་བསྟན་པའི་རྩ་བ་ནི། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངོ་བོ་ཉིད་མཚན་ཉིད་ཅིར་ཡང་སྣང་བ་ལ་མ་ངེས་པ་སྒྱུ་མ་དང་ཆོས་མཐུན་པ་མདོ་ཁོ་ན་བས། རིག་པས་ཇི་ལྟར་བསྒོམ་པའི་དེ་ལྟ་ཆོས་རྣམས་སུ་སྣང་བའི་ཕྱིར་རྩ་བར་ངེས་པའོ། །དེ་མ་ཐག་པར་མ་གྱུར་ཀྱང་། །དེ་ཉིད་གང་བརྟགས་དེ་ལྟར་སྣང་། །ཞེས་པ་ལ་སོགས་པ་བསྒོམ་པའི་དོན་སྣ་ཚོགས་ཇི་ལྟ་བུར་འབྱུང་ཞིང་ཤར་བའི་ཆོས་རྣམས། བསམ་པ་ཙམ་གྱིས་སྐད་ཅིག་དེ་མ་ཐག་ཏུ་ལ་མངོན་ཏུ་མ་གྱུར་ཀྱང་། བསྒོམ་བྱེད་ཁོ་ན་ཉིད་ལ་དངོས་པོ་ཇི་ལྟར་བསམ་པ་གང་བརྟགས་ལྟར་མཐུ་བརྟས་ཤིང་གོམས་པའི་དབང་གིས་དེ་ལྟར་ཅི་ལ་སྣང་བར་གྱུར་ཏོ། །དེ་ལྟར་གསལ་བ་ཡང་འགྲོ་བ་བརྟགས་པས་གདོས་བཅས་ཞེན་པའི་སྤྱོད་ཡུལ་ལ་བེམས་པོ་ཐེར་ཟུག་པས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་མེད་པས་མི་སྣང་ཡང་མཐོང་བའོ། །མི་མཐུན་པ་སྟོན་པའི་དོན་ནི་ཡིད་ཀྱི་གཟུགས་ཅན་མངོན་ཤེས་ཡོད་པའི་སྡེ་བརྒྱད་ཀྱིས་མཐོང་ཞིང་མཁྱེན་པས་ཀྱང་གསལ་བར་བསྒོམ་དགོས་ཏེ། དེ་ལྟར་གསལ་པོར་གང་བརྟགས་ཡུན་བསྲིངས་ཏེ། བསྒོམ་བྱའི་དངོས་པོ་གང་ལ་ཡང་ནས་ཡང་དུ་བརྟགས་ཤིང་བསྒོམ་པ ས་དེ་ལྟར་ཏིང་ངེ་འཛིན་གྱི་མཐུ་བརྟས་ནས་མཇུག་རིག་པའི་མངོན་སུ མ་དུ་བྱས་པ་དེ་དབང་པོའི་མངོན་སུམ་དུ་གསལ་བར་འབྱུང་བས་ཐེ་ཚོམ་མི་ཟ་བར་བསྒོམ་པའོ། །ཡང་ན། མི་མཐུན་པ་སྟོན་པའི་དོན་ནི་མ་ནོར་བའི་ལམ་པ་ལ་སྣང་བཏུབ་པ་སྟེ། འགྲོ་བའི་བརྟགས་པའི་རྟོགས་ཡུལ་རིལ་རང་རྒྱུད་པ་གཞི་ནས་མེད་དེ་རང་རིག་པ་ཉིད་སྣང་བས་སྣང་བ་རིལ་རང་རིག་པའི་སྐུའི་ངོ་བོར་གསལ་བས་ཐ་དད་མེད་ཅིང་འབྲེལ་པ་ཅན་པས་མངོན་སུམ་བཞི་ཀར་གསལ་ཞིང་རིག་པའང་རིག་པ་ཉིད་སྣང་བ་སྟེ། རིག་པའི་རིལ་གྱི་དངོས་གཞི་བས་གང་ལྟར་བསམ་པ་སྣང་ཞིང་དེ་འདྲེས་ཤིང་གོམ་པ་བརྟན་པ་དང་འཇུག་མངོན་ཤེས་དང་རྣམ་པ་ཐམས་ཅད་མཁྱེན་པ་འབྱུང་བར་འགྱུར་རོ་ཞེས་པ་སྨིན་དཔེར་སྣང་། ཡོད་མེད་ལེགས་ཉེས་རང་བཞིན་རྣམས། །ཆུ་ཁམས་བརྟས་པ་ལྟ་བུར་ཟད། །ཞེས་པ་ལ་སོགས་པ་ཡོད་མེད་ལེགས་ཉེས་མཐའ་གཉིས་པའི་ཆོས་སོ་ཅོག་ཀུན་རང་རྒྱུད་མེད་པར་རང་བཞིན་བརྟགས་པ་བ་ཙམ་བརྡ་ཡིས་སྣང་བ་ལས་ངོ་བོ་མ་ངེས་པ་ནི། དཔེར་ཆུ་ཁམས་བརྟས་པ་ལྟ་བུའོ། །ཐམས་ཅད་འདི་ཡིས་བྱེད་པར་འགྱུར། །ཞེས་པ་ལ་སོགས་པ་འཁོར་འདས་ཅིར་ཡང་སྣང་བ་ཐམས་ཅད་རིལ་སེམས་ཀྱིས་འདི་ཡིས་དབང་བྱེད་བསྒྱུར་ནས་སྣང་བའི་ཕྱིར། དེས་ན་རྩ་བ་ཏིང་ངེ་འཛིན་སེམས་ཉིད་ལ་རག་ལས་པས་འབྲས་བུའི་གཙོ་བོའི་རྒྱུ་ཁོ་ནར་གཞག་གོ། །དཔེར་ན་རྒྱ་མཚོ་ནོར་ལེན་མི། །ཞེས་པ་ལ་སོགས་པ་ཤྭ་ལོ་ཀ་གཅིག་ནི་ཏིང་ངེ་འཛིན་གྱི་ཆོས་མཐུན་པ་སྟེ་དཀའ་བས་འབད་པའོ། །དེ་བཞིན་རྣལ་འབྱོར་བདེ་ཚོལ་བ། །ཞེས་པ་མཚོན་པའི་དོན་ཏེ་སྒྲ་ཇི་བཞིན་དུ་སྦྱར་ཏོ། །གྲོགས་པོ་དག །ཅེས་པ་བོས་ནས་བཤད་པའི་དོན་བསྟན་པ་ནི་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བའི་དོན་བསྟན་པས། རིག་འཛིན་འགྲོ་བའི་ལུས་ཅན་ཀུན་དེ་ཁོ་ན་ཉིད་ཀྱི་ཉམས་དྲོད་དྲུག་རྙེད་པར་གྱུར་པའོ། །སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ནས་འགྲུབ་པའི་ལེའུ་སྟེ་བདུན་ཅུ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བགྲོས་སོ། །ཞེས་པ་ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བའང་དོན་ཆེ་ལ་ཚེགས་ཆུང་བར་བྱ་བའི་ཕྱིར། གསང་བདག་སྐྱེས་བུས་རྗེས་སུ་བསྟན་པའོ། །གྲོགས་པོ་དག་གང་འདི་ལ་ཚེགས་ཆུང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། གང་ཅི་ལའང་བྱ་བ་མེད་པ་ཉིད་དོ། །ཞེས་པ་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིའི་དབང་དུ་གྲོགས་པོ་བོས་ནས། དོན་མན་ངག་གིས་བསྒྲུབ་པ་ཉེ་བར་བསྟན་པ་ནི། བསྒོམ་བྱའི་དངོས་པོ་ཀུན་ལ་བསྒོམ་པའི་ཚེ་སེམས་ཀྱིས་ཆེད་དུ་འབད་ཅིང་དམིགས་སུ་མེད་པའི་ཐབས་ཁྱད་པར་ཅན་ལས་གཞན་པ་མ་ཡིན་པའོ། །གང་ལ་བྱ་བ་མེད་པ་དེ་དག་གང་ཞེ་ན། ཞེས་པ་དག་ངོ་བོ་ཉིད་བསྟན་པ་ནི་དེ་ཁོ་ན་ཉིད་ཇི་ལྟ་བར་ཐག་ཆོད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག །ཅེས་པ་དག་གཏན་ཚིགས་ཀྱིས་ཡིད་ཆེས་པར་བྱ་བ་ནི། དཔེར་དུག་ཧ་ལ་སྔགས་ཀྱིས་ཟིན་ན་དུག་ནད་ཀྱིས་མི་གནོད་པ་ལྟར། དེ་ཁོ་ན་ཉིད་ཇི་བཞིན་པ་གདེང་ཆུད་པའི་ལྟ་བ་ཅན་ལ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་གིས་མི་ཚུགས་ཏེ་དེ་ཉིད་ཡེ་ཤེས་ཆེན་པོའི་ཀློང་དུ་གསལ་ལོ། །དེ་བས་ན་ཐག་ཆོད་པས་གང་ལའང་སྤང་བླང་མེད་པ་དེ་ཉིད་ཀྱང་མི་ལེན་མི་འདོར་བས་རྟོག་རྒྱུན་རིལ་དེ་བཞིན་ཉིད་ཀྱི་ངང་ལ་རྟོག་པ་སྐྱེས་ཀྱང་མི་འགེགས་ཤིང་ཞེ་སྡང་བར་ཡང་མི་བྱེད་ལ། མཐོང་ཐོས་ཀྱི་རྗེས་སུ་འབྲང་བར་བྱ་བའང་མེད་པར་རྟོགས་པའི་ཐབས་ཁྱད་པར་ཅན་ནི་ཤིན་ཏུ་གཅེས་པའི་ཕྱིར་འཆད་པ་ལྟར་དང་དུ་བླང་ངོ་། །མན་ངག་གི་ཐབས་མེད་ན་མི་གྲོལ་བའི་ཕྱིར། དེ་བཞིན་ཉིད་ཀྱིས་མ་ཟིན་ན། །ལས་ཀྱི་ཕྱོགས་རྣམས་ཀུན་སྤྱད་ཀྱང་། །ཞེས་པ་ལ་སོགས་པ་དོན་གྱི་མན་ངག་དང་ལྡན་པའི་དམིགས་མེད་ན། རྣམ་པར་དཀར་བ་རིལ་ལ་འབད་ཀྱང་ལྷ་མི་ཙམ་ཐོབ་ཀྱང་རྒྱལ་བའི་གོ་འཕང་ཐོབ་པར་འགྲུབ་པར་མི་འགྱུར་རོ། །དེ་བས་ན། དེ་བཞིན་ཉིད་ཀྱིས་ཀུན་གནས་པར། །ཞེས་པ་ཇི་བཞིན་པའི་ངོ་བོས་ཆོས་སོ་ཅོག་ལ་ཁྱབ་པས་རིལ་དེ་ཉིད་ཡིན་པའི་དོན་སུ་ཞིག་གིས་རྟོགས་པ་ནི། འཆིང་བ་ལྔ་གསུམ་ལ་སོགས་པ་ཉིད་གྲོལ་བའི་ཡེ་ཤེས་སུ་ཤར་བས་རྟོགས་པའི་ཡོན་ཏན་ནོ། །གང་དེ་ཟིན་པར་མ་ཤེས་ན། །ཞེས་པ་སུ་ཞིག་གིས་དེ་ཁོ་ན་ཉིད་མཐོང་ནས་བྱ་བ་མེད་པའི་ཐབས་དང་མ་ལྡན་ན། ཡང་དག་པའི་སྤྱོད་པ་རྣམས་ལ་འབད་ཀྱང་། སྲིན་བུ་བཞིན་དུ་རང་གི་ཆེད་དུ་བྱས་པའི་རྟོག་པ་དེས་བཅིངས་པས་ཐར་བར་མི་འགྱུར་རོ། །རྣལ་འབྱོར་དེ་ཉིད་བློ་ལྡན་པས། །ཞེས་པ་ལ་སོགས་མན་ངག་དང་ལྡན་པའི་ཡོན་ཏན་ནི། མན་ངག་དམ་པ་དང་ལྡན་པའི་སྐྱེས་བུ་གང་ཞིག་གིས་འཆིང་བའི་ཆོས་རྣམས་ལ་སྤྱད་ཀྱང་སྤྱོད་ལ་མ་འགགས་སྤྱོད་རྒྱུས་མི་འཆིང་བར་མ་ཟད་དེ། དེ་ལ་ནི་ལས་གྲོན་དུ་མ་གྱུར་པས་ཅི་སྤྱད་ཚོགས་སུ་གྱུར་པ་དང་། གཞན་ནས་ཚོལ་བའི་སེམས་བྲལ་བས་སྤྱོད་ཡུལ་རྒྱལ་བའི་ཞིང་ཁམས་ཡང་དག་པའི་ས་མ་བགྲོད་པར་ནོན་པས་དོན་ཆེན་པོའོ། །འོ་ན་མན་ངག་ནི་ལྟ་བ་ཡིན་པས་བསླབ་པའང་དགུར་འགྱུར་རོ་ཞེ་ན། འདིར་རྟོགས་ན་འབད་པའང་བྱར་མེད་པའི་ཐབས་ཁྱད་པར་ཅན་ལ་ངོ་བོ་ངེས་པར་བཟུང་བས་ཐག་ལྟ་བས་བཅད་པ་འདྲེ་བར་མི་འགྱུར་ཏེ་བཅུ་ཉིད་དོ། །བློ་དམན་པའི་ཡུལ་མ་ཡིན་པའི་ཕྱིར། གང་འདིར་བློ་དང་མི་ལྡན་པས། །བློ་ལྡན་ཚུལ་དུ་གང་བྱེད་པ། །ཞེས་པ་དག་སུ་ཞིག་གིས་ཟབ་མོ་གསང་སྒོར་དེ་བཞིན་ཉིད་མཐོང་བའི་མིག་མེད་པར་སྤྱོད་པ་སྤྱན་དང་ལྡན་པའི་ཚུལ་དུ་བྱ་བ་མེད་པར་འཇོག་པ་དང་། འཆིང་བ་ལས་སྤྱོད་པ་དག་ནི་སླར་འཁོར་བའི་གནས་ཐ་མ་ངན་སོང་གསུམ་དུ་ལྟུང་གིས་ཐར་བར་མི་འགྱུར་རོ། །དེ་བས་ན་རིམ་སློབ་ཚད་དུ་ཕྱིན་པ་དང་ཅིག་ཅར་བའི་ཡུལ་བས་གང་ཟག་གཉིས་ཀའི་བསླབ་པར་བརྒྱུད་པ་དང་མངོན་སུམ་པའི་སྒོ་ནས་འགྱུར་རོ། །ཐམས་ཅད་སྟོང་པར་ཤེས་པའི་བློས། །བློ་ཅན་མྱ་ངན་འདས་པ་སྟེ། །བྱ་བའི་ལས་ལ་ཤ་ཐང་བའི། །ཞེས་པ་དག་སྟོང་པ་ཆེན་པོར་གདེང་ཆུད་པའི་སྐྱེས་བུ་ནི་སྤྱོད་ཡུལ་དག་པས་རིལ་ད་ལྟ་ཉིད་དུ་མྱ་ངན་འདས་པ་ཉིད་དུ་གསལ་བ་ལ། དོན་དུ་གཉེར་བས་ཆོས་སེམས་ཀྱིས་འབད་པ་དྲག་པོའི་ལས་བྱ་མི་དགོས་པས་མན་ངག་ཅན་གྱི་བླ་མ་ལ་ལུས་སྲོག་གིས་བླུ་བར་རིགས་སོ། །ཐབས་དང་ལྡན་ཀྱང་འཆིང་བ་ལ་སྤྱད་ན་གྲོ ལ་བར་མི་འགྱུར་རོ་དོགས་པ་ལ། དམ་པའི་བློ་གྲོས་ཐབས་མེད་ན། །སྐྱེས་བུ་དམ་པ་རྣམས་ཀྱང་ནི། །ཞེས་པ་ལ་སོགས་པའང་བཤད་པ་ལྟར་བློ་དང་ལྡན་པར་བྱ་བ་དང་། གྲོས་ཀྱིས་ཆོད་པར་བྱ་བ་དང་། ཐབས་ཀྱིས་ཟིན་པར་བྱ་བའི་མན་ངག་དམ་པ་གསུམ་དང་མི་ལྡན་ན། བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་རྣམས་སྙིང་རྗེ་ཆེན་པོས་འདུལ་དོན་མཛད་པའི་དབང་གིས་སྐྱེ་བ་རང་དབང་ཅན་དུ་བཞེས་ནས། སེམས་ཅན་དམན་པའི་ལུས་ཤན་པ་དང་། སྨད་འཚོང་ལ་སོགས་པ་སྟོན་པར་བྱེད་པའང་ལྟ་བུར་སྟོན་པའང་ལྟུང་བར་རིགས་ན་མི་ལྷུང་བས་གསལ་ལོ། །དེ་བས་ན་ཐབས་དེ་དང་མི་ལྡན་ན་དེ་ཉིད་ཀྱང་ལྟུང་ངོ་། །དམ་པ་བློ་གྲོས་ཐབས་ཡོད་ན། །འཁོར་བ་དམན་པའི་དངོས་པོ་ཡང་། །ཞེས་པ་དག་ཐབས་དམ་པའི་བློ་གྲོས་འདི་གསུམ་འཆང་ན་འཇིག་རྟེན་འཁོར་བ་དམན་གནས་ཉིད་རང་བཞིན་མེད་པའི་ངང་དུ་གྲོལ་བའི་སྐྱེས་བུ་དམ་པར་འབྲས་བུ་ཆེན་པོར་མ་བྱས་པར་ཤར་གྲོལ་བ་དེ་རང་བྱུང་། རྒྱུ་རྐྱེན་དང་ངོ་བོ་གཞན་གྱིས་བྱས་ཤིང་བྱུང་བ་ལས་མིན་མ་ཡིན་ནོ། །འོ་ན་གྲོལ་བ་ཁོ་ནའོ་ཞེ་ན། གྲོལ་དང་མ་གྲོལ་ལ་སོགས་པ། །གཉིས་སུ་རྟོག་པ་ཐམས་ཅད་མཐའ། །ཞེས་པ་གྲོལ་བར་འཛིན་པ་དང་མ་གྲོལ་བར་འཛིན་ཞིང་རྟོག་པ་དང་། དངོས་པོ་གཞན་བསྡུ་བ་ནི། གཉིས་སུ་རྟོག་པ་བཅིངས་པ་དང་ཐར་པ་དང་། མཐོང་བ་དང་མ་མཐོང་བ་ལ་སོགས་པ་བསྙད་པ་རིལ་ཏེ། གང་ཕྱོགས་གཅིག་ཏུ་བསམ་པ་ངེས་པ་ཀུན་ཐམས་ཅད་མཐའ་ཐུག་པ་ཞེས་བྱ་བའོ། །དེ་བས་ན་རྣམ་པ་ཀུན་ཐམས་ཅད་མཁྱེན་པ་མངའ་བ་རྣམས་ལ་ནི། གྲོལ་བ་ལ་གྲོལ་བར་འཛིན་པའང་བྲལ་བས་བཅིངས་པ་སྨོས་སུ་མེད་པའི་ཕྱིར་དབུ་མ་ཞིག་ཏུ་འཛིན་པའི་འདུ་ཤེས་པའང་མི་མངའ་བས་གྲོལ་བར་འདོད་པ་མེད་པ་ཉིད་ཐུག་པ་མེད་པའི་གྲོལ་བ་ཆེན་པོའོ། །དེས་ན་གྲོལ་བར་འདོད་པ་ཉིད་འཆིང་བའོ། །དོན་འདི་བཙལ་བའི་ཕྱིར། འདི་ནི་གསང་བ་དམ་པ་སྟེ། །མ་རྟོགས་བློ་ཆུང་ཀུན་ལ་གསང་། །ཞེས་པ་དག་མཐའ་རིལ་མ་སྤངས་ཀར་དག་པ་འདི་ནི་གསང་སྔགས་ཀྱི་དོན་དམ་པ་མཆོག་ཡིན་པས་སྐྱེ་བོ་མ་རྟོགས་དང་། མུ་སྟེགས་ཀྱི་རིས་དང་། ཉན་ཐོས་ནས་ཡོ་ག་ཕྱི་པ་དག་ལ་གསང་མི་བསྟན་ནོ། །འོ་ན་བསྟན་མི་བཟོད་པའི་ངན་པ་ཞིག་གོ་ཞེ་ན། གསང་དོན་ནི་བསྙད་ཅན་མ་ཡིན་ཡང་། དོན་དུ་མི་འགྱུར་བ་བཞིའི་ཕྱིར་མི་བསྟན་ཏེ། བློ་ཆུང་རྣམས་མཆོག་ཏུ་གཞན་དོན་དུ་མི་འགྱུར་བས་མི་བསྟན་པའོ། །དེ་ཕྱིར་བློ་གྲོས་ཐབས་ལྡན་ན། །རྩོལ་བསྒྲུབ་ཡོ་བྱད་གཙོར་མ་གསུང་། །ཞེས་པ་ལ་སོགས་པ་དེ་ཕྱིར་སྙེགས་པས་སྔ་མ་གཏན་ཚིགས་སུ་གྱུར་པ་ནི། མཐའ་གང་ལའང་མི་གནས་པས་བྱ་བ་མེད་པའི་དོན་བསྟན་པ་ལ་སྙེགས་པའོ། །འོན་ཀྱང་མན་ངག་བློ་གྲོས་ཐབས་གསུམ་འཆང་ལྡན་འབད་པའི་རྩོལ་བསྒྲུབ་བརྩོན་འགྲུས་ཀྱིས་གཉེར་བ་དང་། ཕྱི་ནང་གི་ཡོ་བྱད་ལ་གཙོར་མ་གསུངས་བརྟེན་མི་དགོས་སོ། །འོ་ན་སྐྱོན་དུ་དགག་གོ་ཞེ་ན། གལ་ཏེ་བྱས་ནའང་དགག་པ་མེད། །ཞེས་པ་དག་བྱས་ནའང་དགག་བྱའང་མེད་པའི་ཕྱིར་རོ། །མ་བརྟེན་ཡང་དེ་ཁོ་ན་ཉིད་པས་ཐག་རིང་བ་མེད་པའོ། །དེ་ལྟར་བློ་གྲོས་ཐབས་ལྡན་ན། །ཞེས་པ་ལ་སོགས་པ་དེ་ཕྱིར་མན་ངག་གི་དོན་དང་ལྡན་པས་བསྒྲལ་མཚམས་མེད་པའི་ཞིང་བཅུ་དག་བྱང་ཆུབ་སེམས་རྡོ་རྗེ་རྣམ་གཉིས་ཀྱི་མཚོན་གྱིས་དངོས་པོར་སྤྱོད་པ་ཡན་ཆད་དུ་མ་བསད་བསྒྲལ་ན། ཐུགས་རྗེ་དཔག་མེད་དགེ་འགྱུར་དང་བྲལ་བས་གཉིས་ཀ་ལྟུང་བའི་སྐྱོན་ནོ། །ཇི་བཞིན་པའི་དོན་རྟོགས་དཀའ་བར་བསྟན་པའི་ཕྱིར། ཀུན་གྱིས་དོན་དུ་གཉེར་བ་ནི། །ཞེས་པ་ལ་སོགས་པ་ལམ་རིལ་ཀུན་གྱི་ཆེད་དུ་བྱ་བའི་དོན་ནི། རང་གི་ཀུན་གཞི་བྱང་ཆུབ་སེམས་ཀྱི་ངོ་བོ་མུ་མཐའ་ལས་འདས་པ་དབྱིངས་ཡང་། རིལ་གྱི་འབྱུང་གནས་མཚན་གཞི་ལས་འདས་པ་ནི། རྣལ་འབྱོར་དམིགས་ལྟ་ཅན་གང་ཞིག་གིས་བསྐལ་པ་གྲངས་མེད་པར་སྲིད་གསུམ་གཡེངས་བཤིགས་རྨལ་བ་བྱས་ཏེ་བཙལ་ཡང་། ངོ་བོ་ལྷན་པ་མེད་པའི་དོན་ཏེ་རིག་ཅིང་རྟོགས་པར་མི་འགྱུར་བའོ། །འོ་ན་གཏན་ནས་རྟོགས་པར་བྱ་བའི་ཐབས་མེད་དོ་བར་དོགས་པ་ལ། འདིར་ནི་བློ་གྲོས་ཐབས་ལྡན་པས། །ཞེས་པ་ལ་སོགས་པ་ཟབ་མོ་གསང་བའི་སྒོ་ངེས་པ་འདིར། རྣལ་འབྱོར་པ་མན་གང་བློ་གྲོས་ཐབས་གསུམ་དང་ལྡན་པ་ཞིག་ན། དེ་ལ་ནི་དཔེར་ཆུ་ཡིས་རླན་མི་ཚོལ་བ་ལྟར། བདག་ཉིད་དེ་ཁོ་ན་ཉིད་ཀྱི་བདག་ཉིད་པས་ཇི་བཞིན་པས་ཇི་བཞིན་པ་ཉིད་གསང་བའི་དོན་བཙལ་བའི་བྱ་བྱེད་དང་བྲལ་བ་ལ་ཡལ་བར་འདུག་པའང་གྱིན་འདའ་བཏང་སྙོམས་ཆེན་པོ་སྟེ། དེ་ལྟར་རང་རིག་པས་གཏིང་མཇལ་བས་དོན་ཆེན་མ་བསྒྲུབ་པར་གྲུབ་མ་བཙལ་བར་མ་ཡེངས་རྣལ་འབྱོར་མ་འབད་པར་ཉལ་ཐོབ་པའི་ཐབས་ཆེན་པོ་ནི་ཐབས་བཙུན་དམ་པར་གྱུར་པའོ། །ཇི་ལྟར་མུན་པ་དུག་དང་རྫས། །དམན་སྣང་གསེར་དུ་གྱུར་པ་ན། །ཞེས་པ་ལ་སོགས་པ་ཐབས་མེད་ན་འགྲུབ་ཏུ་མི་བཏུབ་པའི་དཔེ་སྟེ། གསེར་འགྱུར་རྩིས་འཆང་བ་དང་མི་འཆང་བའི་ཚུལ་ཇི་ལྟ་བའོ། །དོན་ཉིད་ནི། སུ་ཞིག་མན་ངག་ལྡན་པའི་མིས། །ཞེས་པ་དག་སུ་ཞིག་ཐབས་ཀྱི་མན་ངག་དང་ལྡན་ན་འགྲུབ་ཏུ་བཏུབ་པ་སྟེ་སྒྲ་བཞིན་ནོ། །གང་དང་མི་ལྡན་པ་དག་གིས། །ཞེས་པ་མན་ངག་མེད་ན་འབད་དཀའ་བ་སྤྱད་ཀྱང་མི་འགྲུབ་པའི་ཚུལ་བསྟན་པའོ། །སེམས་ཀྱི་གསང་འདི་སུས་མཐོང་བ། །ཞེས་པ་ལ་སོགས་པ་སེམས་ཀྱི་རང་བཞིན་ཤིན་ཏུ་རིགས་དཀའ་གསང་བའི་དོན་སུ་ཡིས་རྟོགས་མཐོང་བ་ནི་བློ་མན་ངག་གསུམ་དང་ལྡན་པ་སྟེ། དེས་གང་འདོད་པའི་དོན་མཆོག་འབྲས་བུ་དཀའ་བ་ཚེགས་མེད་པར་འགྲུབ་པའོ། །དོན་རྣམས་འགྲུབ་པར་གང་བྱེད་པ། །ཞེས་པ་ལ་སོགས་པ་ཁས་བླངས་པའི་གཅེས་པར་བསྟན་པའི་དོན་ཏེ། བསྒྲུབ་པའི་འབྲས་བུ་དོན་རྣམས་རིལ་མན་ངག་གསུམ་གྱིས་འགྲུབ་པའི་གཏན་ཚིགས་འ བྱུང་བའི་ཕྱིར་དང་། དགོས་པ་ཕྱིར་དེ་བས་ན་དོན་མན་ངག་གི་བསྒྲུབ་པའི་བསླབ་པ་གཅེས་པར་བསྟན་ཏོ། །གྲོགས་པོ་དག །དེ་དག་ནི་ཚེགས་ཆུང་ལ། ཞེས་པ་འཁོར་ལ་མན་ངག་ངོ་བསྟན་པའོ། །དེ་སྐད་ཅེས་སྨྲས་པས། ཞེས་པ་དག་བསྟན་ཅིང་བཀའ་སྩལ་པས་གོ་ཞིང་རྟོགས་པའི་ཡོན་ཏན་ནོ། །དོན་ངེས་པར་བསྒྲུབ་པའི་ལེའུ་ཞེས་པ་མཚན་བསྟན་པའོ། །བདུན་ཅུ་བཞི་པའི་བཤད་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་དེས་ལང་ཀའི་བདག་པོ་ལ་སོགས་པ་དམན་པའི་ལུས་ཀྱི་སེམས་དཔའ་རྣམས་ལ། ཤིན་ཏུ་རྔམ་བརྗིད་ཚུལ་དུ་བོས་ཏེ་སྨྲས་པ། ཞེས་པ་དག་སྐྱེས་བུས་འཁོར་ལ་སྐུ་བརྗིད་རྔམ་གྱི་ཚུལ་དུ་བོས་པ་ནི། མདོ་དོན་གཅིག་ཏུ་བསྡུ་བའི་དོན་བསྟན་པའི་ཕྱིར། ཀྱེ་གྲོགས་པོ་དག་མདོ་གཅིག་ཏུ་འདུས་པ་ནི། ཞེས་པ་བསླབ་པ་བཅུ་པའི་ངོ་བོ་ཉེ་བར་སྟོན་པའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་ལུང་བསྟན་བརྒྱུད་པའི་གླེང་གཞིའི་དབང་དུ་ཉིད་ཀྱིས་ཐོས་པ་འཆད་པའོ། །དེ་དག་བཤད་པ་བཞིན་འགྲེལ་ཏོ། །རྒྱལ་བ་རེ་རེའི་དགོངས་པའི་མདོ་དོན་བསྡུས་པས་མཚན་ངེས་པར་འགྲུབ་པ་ནི། དེ་ཁོ་ན་ཉིད་ལྷུན་གྱིས་གྲུབ་པའི་ལམ་དང་འབྲས་བུ་རིལ་གྱི་དངོས་གཞི་བས་དེར་འདུས་པ་ཐུན་མོང་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། ཞེས་པ་ལ་སོགས་པ་གསང་སྔགས་ཇི་བཞིན་པ་ནི་རྒྱལ་བའི་སྤྱི་མེས། དེ་བཞིན་བདེར་གཤེགས་ཀུན་གྱི་དངོས་གཞི་འདུས་པར་ངོ་བོ་མཐའ་རིལ་ངང་གིས་དག་པའི་ངོ་བོར། རྒྱུད་དག་པའི་རྒྱལ་བ་རིལ་སོན་ནས། དེ་བཞིན་རྒྱལ་བ་དེ་ཐམས་ཅད་རིལ་གྱིས་རྒྱལ་བ་ཀུན་གྱི་དགོངས་པ་དེ་བཞིན་ཆོས་ཐམས་ཅད་རྣམས་ཀྱི་དེ་ཁོ་ན་ཉིད་དུ་དགོངས་པ་གཅིག་འདུས་པའི་དོན་བཀའ་སྩལ་པ་ནི། ཆོས་ཉིད་རྣམ་པར་དག་པས་ན། །ཞེས་པ་དག་དངོས་པོ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རང་རིག་པ་ཉིད་མཐའ་ལས་གྲོལ་བས་རྣམ་པར་དག་པ་ཡིན་ཆོས་ཀུན་རང་བཞིན་དེ་བཞིན་ཏེ། ཆུ་གཤེར་བས་ཆབ་རོམ་གཤེར་བ་ལྟ་བུའོ། །དེ་ནི་དེ་བཞིན་རྒྱལ་བའི་དགོངས་པའི་ཞེ་ཕུག་ཐུགས་དམ་ཉིད་དེ། ངོ་བོ་ཉིད་ཀྱི་སྐུའི་དགོངས་པའོ། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །ཞེས་པ་དག་དབྱིངས་དང་ཡེ་ཤེས་དུས་གསུམ་དུ་ངོ་བོས་མི་ཕྱེད་པས་འདུ་འབྲལ་མེད་པ་དམ་ཚིག་ནི། གཉིས་སུ་མེད་པ་དེ་ཉིད་རང་ཤར་བ་སྟེ། རྡོ་རྗེ་དེ་བཞིན་ཉིད་ལས་བྱུང་རྒྱུ་འབྲས་མེད་པའོ། །དེ་ཡང་རང་གི་སེམས་ཉིད་པས་དེ་ཇི་ལྟར་མངོན་དུ་གྱུར་པ་ལ་གྲུབ་ན་འཕོ་འགྱུར་འཇིག་མེད་པ་ནི། ཆོས་ཀྱི་སྐུའི་དགོངས་པའོ། །རྒྱལ་བ་ཀུན་གྱི་ཐུགས་དམ་ནི། །ཞེས་པ་ལ་སོགས་པ་དུས་གསུམ་གྱི་རྒྱལ་བའི་དགོངས་པ་ཐུགས་དམ་ནི། སེམས་ཀྱི་ཆོས་ཉིད་ཀྱི་དངོས་པོ་གཉིས་ཀྱི་ལོངས་སྤྱོད་ཐམས་ཅད་དམ་པ་དེ་ཉིད་ལས་རིལ་རྫོགས་པས་སེམས་ཉིད་ལས་མི་གཞན་པའི་ཆོས་བཙལ་གྱིས་མི་རྙེད་དེ་གཞན་མེད་ཡོང་མ་ཡིན། གཉིས་མེད་ཡུལ་དང་བྲལ་བས་རོལ་པ་དེ་ལས་གང་ཡང་མི་འགྱུར་བ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་དགོངས་པའོ། །གསང་བའི་སྐུའི་དགོངས་པ་ནི། དམ་པ་རྣམས་ཀྱིས་གསུངས་པའི་ཚིག །ཅེས་པ་དག་རྒྱལ་བས་བཀའ་སྩལ་པའི་ཚིག་ནི་གང་ཞེ་ན། སྐུ་གསུང་ཐུགས་མི་ཕྱེད་མི་འཇིགས་པའི་རྡོ་རྗེ་ངོ་བོ་ལས། མི་གཡོ་བར་གོ་ཆ་དོན་མཛད་པའི་ཐུགས་དམ་བཅས་པའི་ཤིན་ཏུ་དམ་ཐ་ཚིག་ལྟར་ལམ་པས་ཀྱང་མ་སྤྱད་ན་ལྟུང་ཞིང་སྲེག་པར་འགྱུར་པའོ། །སྤྲུལ་པའི་སྐུའི་དགོངས་པ་ནི། རྒྱལ་བ་རྣམས་ཀྱི་དམ་པ་འདི། །ཞེས་པ་དག་ཐེག་པ་ཆེན་པོ་མཉམ་པའི་དམ་ཚིག་ནི་རྒྱལ་བ་ཀུན་གྱི་ཐུགས་དམ་སྟེ། འདི་ལས་མ་བསྲུང་བས་ཉམས་ན་ཐེག་པ་ཆེན་པོའི་སྒོ་སོ་སོ་ཀུན་གྱི་འདུལ་སྡོམ་དང་དམ་ཚིག་དམ་པ་མཐའ་ཡས་རིལ་ཐམས་ཅད་བསྲུངས་པ་སྟེ། འདིའི་དོན་འཕྲད་ཅིང་རྟོགས་པར་རྙེད་དཀའ་བར་གསུངས་པའོ། །དེ་དག་སྐུ་ལྔས་མཉམ་པ་ཆེན་པོའི་དམ་ཚིག་བསྟན་པའོ། །མི་སྤང་བའི་དམ་ཚིག་འདུས་པ་གང་ཞེ་ན། ཞེ་སྡང་ངོ་བོ་ཐ་དད་པ། །ཞེས་པ་དག་ཞེ་སྡང་རིལ་ངོ་བོ་ཐ་དད་པ་མཐའ་ལས་གྲོལ་བའི་རང་རིག་པས་རང་རྒྱུད་པ་མ་ཡིན་ཏེ། དེ་ལྟ་བུ་ལ་མ་སྤངས་བྲལ་བའི་དངོས་པོ་བཅོམ་པ་ནི་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་སེམས་དཔའི་དགོངས་པའོ། །འོད་མཐའ་ཡས་ཀྱི་དགོས་པ་ནི། འདོད་དང་ཆགས་པའི་ཡུལ་ཉིད་ནི། །ཞེས་པ་དག་འ དོད་ཆགས་ཀྱི་ཤེས་པ་དང་། ཡུལ་གྱི་ངོ་བོ་ཉིད་ཡེ་ནས་མ་བཅོས་པའི་ཆོས་ཉིད་དུ་ཀ་དག་པ་ལ། འདོད་པའི་རྣམ་པ་རོ་མྱོང་གི་ངོ་བོ་བྲལ་བས་ཟིན་ཆགས་ཀྱི་སྐྱོན་མེད་པ་ནི། དེ་ཁོ་ན་ཉིད་ཀྱི་དམ་ཚིག་གོ། །རྣམ་པར་སྣང་མཛད་ཀྱི་དགོངས་པ་ནི། ཐམས་ཅད་དེ་བཞིན་དེར་མཚུངས་པས། །ཞེས་པ་དག་ཐ་སྙད་རིལ་དེ་ཁོ་ན་ཉིད་དུ་གཅིག་པ་ལ་སོ་སོའི་རིས་སུ་འབྱེད་པ་དང་བྲལ་བས་མཚན་ཉིད་སོ་སོར་མི་ཕྱེད་པར་རང་གསལ་བའི་ཡེ་ཤེས་ནི་གཏི་མུག་ཆེན་པོའོ། །མ་རིག་པ་མ་སྤངས་བྲལ་བ་ཉིད་དུ་བསྟན་པའོ། །དོན་ཡོད་གྲུབ་པའི་དགོངས་པ་ནི། རྣམ་དག་ཐུག་མཐའ་མུ་མེད་པས། །ཞེས་པ་དག་སེམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་མེད་ཅིང་རྒྱ་ཁྱོན་དང་བྲལ་བའི་ཕྱིར། ཕྲག་དོག་དང་སྤངས་བར་བརྗོད་པ་ཙམ་ཡང་མེད་པས། སྤྱོད་ཡུལ་དག་པ་ལ་གང་ཡང་མ་བཀོལ་བར་དེ་བཞིན་ཉིད་དུ་གཅིག་པ་ལ་ཕྲག་དོག་མ་སྤངས་བྲལ་བས་སྤང་པ་ཆེན་པོ་སྟེ། ཐེག་པ་ཆེན་པོའི་དམ་ཚིག་གོ། །རིན་ཆེན་འབྱུང་ལྡན་གྱི་དགོངས་པ་ནི། དེ་བཞིན་ཉིད་ལས་མེད་པས་ན། །ཞེས་པ་དག་དངོས་པོ་གཉིས་པ་རིལ་དེ་བཞིན་དུ་བྱུང་ཐེབས་པ་ལ། བདེན་རྫུན་གྱི་ང་རྒྱལ་ངང་གིས་བྲལ་བ་ལས་ང་རྒྱལ་ངོ་བོ་མ་ཟིན་པ་ནི། མི་ཕྱེད་པའི་ངོ་བོ་མ་བཅོས་མ་བསླད་པ་ཉིད་པས། དེ་ལ་ཁེངས་དྲེགས་མེད་ཅིང་ངོ་བོ་མི་འགྱུར་བ་ནི། ང་རྒྱལ་ཆེན་པོའི་དམ་ཚིག་གོ། །འདི་དག་གཞི་དམ་ཚིག་གིས་གཟུང་བར་བསླབ་པར་འདུས་པར་ཡང་འགྲེལ་ཏོ། །དྲི་མེད་སྒྲའི་དགོངས་པ་གང་ཞེ་ན། ཡོད་མཐོང་སྣང་གྲགས་ཆོས་སོ་ཅོག །ཞེས་པ་དག་དབང་པོ་དྲུག་དང་ཡུལ་དྲུག་ལ་སོགས་པའི་ཆོས་འཁྲུལ་བ་ལས་སྣང་ཞིང་གྲགས་པའི་ཆོས་རྣམས་བརྟགས་པས། ངོ་བོ་སྣ་ཚོགས་ཐ་དད་མི་མཐུན་པ་མང་པོ་མཐའ་ཡས་རིལ་གྱི་རང་བཞིན་འཕྲལ་དུ་མ་བཅོས་མ་བྱས་པར་དེ་བཞིན་ཁོ་ན་ཉིད་དུ་ཡེ་དག་པས་མ་བསྒྲིབས་འོད་གསལ། རྒྱལ་བའི་ཁམས་རྣམ་པར་དག་པའང་དེ་བཞིན་ཉིད་ཞིང་ཡིན་པའོ། །རྒྱལ་བ་དཀོན་མཆོག་སྤྲིན་གྱི་དགོངས་པ་ནི། ཀུན་ཏུ་སྣང་བའི་ཡེ་ཤེས་འདི། །ཞེས་པ་དག་དངོས་པོ་ཀུན་ཏུ་རིལ་མ་འགགས་པར་རང་ཤར་བ་སྣང་བའི་ཡེ་ཤེས་འདི་ནི་སུས་ཀྱང་མ་བྱས་རང་བྱུང་གི་ཡེ་ཤེས་ཏེ་རིལ་དེ་འདི་ཉིད་དོ། །ཡེ་ཤེས་ཆེན་པོ་ནི་རིལ་ཐམས་ཅད་ཀྱི་འབྱུང་གནས་པའི་རྩ་བ་བས། ཆོས་སོ་ཅོག་རང་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་རང་འཆར་བ་ནི། སྙིང་པོ་དང་རིལ་འདུས་པས་དཀྱིལ་འཁོར་ཆེན་པོའོ། །བཀོད་པའི་འབྱུང་གནས་ཀྱི་དགོངས་པ་ནི། ཡེ་ནས་མ་བཅོས་ཇི་བཞིན་པ། །ཞེས་པ་དག་དེ་བཞིན་ཉིད་ནི་ཡེ་ནས་བྱེད་པ་པོ་མེད་ལ་མ་བཅོས་མ་བསླད་ཇི་བཞིན་པས་སྣང་གྲགས་ཀྱི་ཆོས་སོ་ཅོག་ཀུན་གྱི་རྩ་བ་སྙིང་པོའོ། །དེའི་མཚན་ཉིད་ནི། ངོ་བོ་བསྟན་དུ་མེད་པ་ལས་བྱུང་སྣ་ཚོགས་ཅིར་ཡང་སྣང་ལ། དེ་ཉིད་ལའང་སྣང་ངོ་བོ་མེད་པས་ཐམས་ཅད་མ་བསྒོས་པ་ནི་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །སེང་གེའི་སྒྲའི་དགོངས་པ་ནི། རང་བྱུང་རིག་པའི་སེམས་ཉིད་ཀྱིས། །ཞེས་པ་དག་དུས་གསུམ་དུ་རང་བྱུང་རང་གི་ངོ་བོ་རིག་པར་གསལ་བའི་ངོ་བོས་སེམས་ཉིད་ཀྱིས་མ་བཅོས་བསླད་པ་ཆོས་ཉིད་ཀྱི་དོན་ཐ་དད་པ་མེད་པར་དབྱིངས་ཀྱི་དོན་གཉིས་མེད་དུ་ལྷུན་གྱིས་གྲུབ་པའི་དབྱིངས་ཡེ་ཤེས་ནི་ཐབས་ཤེས་རབ་དབྱེར་མེད་པ་ཁོ་ན་སྟེ། གཉིས་སུ་མེད་པ་ནི་ཡང་དག་མ་ནོར་བ་རང་བཞིན་གྱི་དཀྱིལ་འཁོར་སྟེ་རྩ་བའི་དཀྱིལ་འཁོར་རྣམ་གསུམ་ཡང་དེ་ཁོ་ན་ཉིད་དོ། །མཛེས་པའི་ཏོག་གི་དགོངས་པ་ནི། འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཞེས་པ་དག་འཇིག་རྟེན་སྐྱེ་རྒ་ན་འཆི་དང་། འཇིག་ཆགས་སྟོང་གནས་དང་བཅས་པ་དག་བྲལ་བ་འཇིག་རྟེན་འདས་སྐྱིད་པའི་བདེ་ལྷུན་དང་། མི་བདེ་ཉམ་ཐག་པ་རིལ་རྣམ་པ་ཀུན་གྱི་ངོ་བོ་སེམས་ཀྱི་དེ་བཞིན་ཁོ་ན་ཉིད་དུ་དབྱེར་མེད་རོ་གཅིག་པ་ལ། ཚོར་བ་བདེ་སྡུག་མ་འགགས་དམིགས་སུ་གང་ཡང་མེད་པས་གཅིག་གི་ངོ་བོར་བསྟན་པའོ། །མཛེས་པའི་རྒྱན་གྱི་དགོངས་པ་ནི། །དེ་བཞིན་ཉིད་ཀྱི་དོན་བསྟན་དུ། །ཞེས་པ་དག་གསང་སྔགས་ཇི་བཞིན་པའི་དོན་ནི་བསྟན་དུ་མི་བཏུབ་སྟེ། ཇི་སྟེ་ཞེ་ན། སྟོན་པ་དང་འཁོར་རིལ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཀུན་གཅིག་པ་ལ། སྟོན་པས་གང་གིས་འཁོར་གང་ལ་ཆོས་ཅི་ཞིག་བསྟན་ཏེ་བཤད་པ་དང་བྲལ་བའོ། །འོ་ན་གཏན་བཤད་པ་འགོག་གོ་ཞེ་ན། སྟོན་འཁོར་སོ་སོར་སྣང་བ་ཉིད་ངོ་བོ་ཐ་དད་མེད་པས་ཉིད་ལ་ཉིད་འཆད་པ་སྟེ་གླེང་གཞིར་ཡང་འདུས་སོ། །དྲིའི་རྒྱལ་པོའི་དགོངས་པ་ནི། དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །ཞེས་པ་དག་དེ་བཞིན་ཉིད་མུ་མཐའ་དང་བྲལ་བའི་དབྱིངས་ཉིད་ངང་དུ་རིལ་གསལ་བ་ལ་སྔ་ཕྱིའི་རྒྱུད་གསུམ་དང་བཞི་མ་འགགས་ལ་མ་དམིགས་མ་གྲུབ་པའི་དོན་ཡེ་ཤེས་ཇི་ལྟ་བར་རིག་པའི་ངོ་བོར་རང་གསལ་ཁྱད་པར་བ་ལས། དུས་སྐད་ཅིག་དང་བསྐལ་པའི་ཡུན་དང་། དེའི་ཡུན་དང་སྐད་ཅིག་མ་ཀུན་སེམས་ཉིད་དུ་དབྱེར་མེད་པས་སྡུད་པ་པོས་ཀྱང་བསྡུར་བཏུབ་པའོ། །སྙིང་རྗེའི་རྒྱལ་པོའི་དགོངས་པ་ནི། འཁོར་དང་མྱ་ངན་འདས་རྟག་པ། །ཞེས་པ་དག་དངོས་འཁོར་འདས་གཉིས་ཀྱི་ཆོས་ཉིད་ངོ་བོ་རྟག་པ་མི་འགྱུར་བ་ནི། དེ་ཁོ་ན་ཉིད་རིལ་གྱི་དབྱིངས་འབྱུང་གནས་ཆེན་པོའི་ངང་དུ་ཤར་བས་ཡེ་ནས་མྱ་ངན་འདས་འདས་པས་ན་འཁོར་བ་མིང་མེད་པས། འབྲས་བུ་རང་བཞིན་ལྷུན་གྲུབ་ཚོགས་གཉིས་མ་བཙལ་ཡེ་རྫོགས་པ་ཉིད་དོ། །དགའ་བའི་སྤྱན་གྱི་དགོངས་པ་ནི། ཆོས་སོ་ཅོག་གི་རང་བཞིན་ནི། །ཞེས་པ་དག་འདུས་བྱས་པ་དང་མ་བྱས་རིལ་ངོ་བོ་དུས་གསུམ་དུ་རང་བཞིན་དུ་མ་རྙེད་པ་ལས། འབྱུང་འཇུག་མེད་པར་མ་སྐྱེས་པ་ལས་ཅིར་ཡང་ཐམས་ཅད་སྐྱེས་སྣང་བ་སྐྱེ་བ་ཉིད་ལས་སྐྱེ་བ་ངོ་བོ་མེད་པ་ནི་བདེ་བ་ཆེན་པོའི་གནས་ཏེ། དེ་ཇི་ལྟ་བར་རིག་ན་རྡོ་རྗེ་ཐེག་པའི་སྐྱེ་གནས་དམ་པར་གྱུར་པའོ། །ཡོངས་སུ་དགོངས་པའི་རྒྱལ་པོའི་དགོངས་པ་ནི། དེ་བཞིན་ཉིད་དུ་ཀུན་རིག་ན། །ཞེས་པ་དག་ཆོས་སོ་ཅོག་དེ་ཁོ་ན་ཉིད་དུ་ཐག་ཆོད་རིག་ན། དེས་དེ་བཞིན་ཉིད་མུ་མཐའ་མེད་པ་གང་གནས་ཉིད་རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ཡོན་ཏན་ལྷུན་གྱིས་གྲུབ་པ་ཉིད་རིན་ཆེན་སྤྲིན་ཡིན་པས་དེ་ཉིད་མ་བགྲོད་པར་ཕྱིན་པ་ཁོ་ནའོ། །གསེར་གྱི་འོད་ཟེར་གྱི་དགོངས་པ་ནི། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཞེས་པ་དག་རྒྱལ་བ་རིལ་དེ་བཞིན་ཉ ིད་ཀྱི་ངང་ལ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་པས། ངོ་བོ་དེ་བཞིན་གཅིག་དུ་མ་ལས་གྲོལ་བའི་ཚུལ་དུ་བཞུགས་པས་དེ་བཞིན་ཉིད་དང་ཐ་དད་མེད་པས་གཞལ་ཡས་ཁང་དམ་ཉིད་དོ། །པའོ། །འོད་ཀྱི་དཔལ་གྱི་དགོངས་པ་ནི། འཁོར་བ་དང་ནི་མྱ་ངན་འདས། །ཞེས་པ་དག་དངོས་པོ་གཉིས་པ་རིལ་དེ་ཉིད་པས་སོ་སོར་ཐ་དད་དང་སྣང་བ་རང་རྒྱུད་མེད་པའི་དོན་ཇི་བཞིན་རྟོགས་པའི་རིག་པ་ལ། འཁོར་བ་ཉིད་རང་བཞིན་མེད་ཆོས་ཉིད་དུ་གསལ་བས་མྱ་ངན་ལས་འདས་པ་འདི་ཉིད་ཡིན་པའོ། །ཞི་བའི་དབང་པོའི་དགོངས་པ་ནི། དེ་བཞིན་ཉིད་ཀྱི་དེ་ཉིད་ནི། །ཞེས་པ་དག་སེམས་ཀྱི་དེ་བཞིན་ཉིད་དུ་དཔག་ཅིང་མཐའི་ཚད་བྲལ་བས་གནས་ཀྱི་མིང་གྲུབ་པས་བཞུགས་གནས་དམ་པ་སྟེ། རྒྱལ་བ་དཔག་མེད་རིལ་ཆེད་དུ་མ་བཀོད་པར་ལྷུན་གྱིས་བཞུགས་པའི་གནས་སོ། །སྤྲིན་གྱི་དཔལ་གྱི་དགོངས་པ་ནི། ཐམས་ཅད་འབྱུང་བའི་ཆོས་འཕྲུལ་ཡང་། །ཞེས་པ་དག་ཅི་ཡང་མེད་པ་ལས་ཐམས་ཅད་ཅིར་ཡང་འབྱུང་འཆར་བའི་ཆོ་འཕྲུལ་ནི། ཡེ་ཤེས་ཆེན་པོ་ཐམས་ཅད་ཀྱི་དངོས་གཞི་ངོ་བོ་མ་ངེས་པ་ཅིར་ཡང་འགྱུར་ཉིད་ཡེ་ཤེས་སྣང་བ་སྟེ། དེ་ལ་གདོས་པ་གྱུར་པའི་ཆོས་མེད་ཐེར་ཟུག་བྲལ་བས་གང་ཇི་ལྟར་བསམ་པ་དམིགས་པ་བཞིན་དུ་སྣང་ལྟར་སྣང་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །ཡིད་འོང་དབྱངས་ཀྱི་དགོངས་པ་ནི། འཇིག་རྟེན་འཁོར་བའི་ཁ་བརྒྱུད་པས། །ཞེས་པ་དག་འཁོར་བའི་སྐྱེ་གནས་ཁ་བརྒྱུད་ཅིང་སྐྱེ་བའི་རྩ་བ་ནི་མ་རིག་པའོ། །མ་རིག་པའི་ངོ་བོ་ཉིད་གདོད་ནས་དེ་བཞིན་ཉིད་ཀྱི་ཡེ་ཤེས་པས་བསྐྱེད་པ་རྩ་དང་རྟེན་པ་གཞི་མེད་པར་ཅི་ཡང་གོ་མི་འགོག་སྐད་ཅིག་མ་པའི་དོན་དེ་ཉིད་རིགས་རྟོགས་ན་འཁོར་བ་ཉིད་བདེ་བ་ཆེན་པོའི་གནས་ཏེ། གཞན་དུ་བགྲོད་དུ་མེད་པའོ། །མེ་ལོང་འོད་སྣང་གི་དགོངས་པ་ནི། ཉོན་མོངས་ཡེ་ཤེས་ལྔ་རྟོགས་པ། །ཞེས་པ་དག་སེམས་ཀྱི་དེ་ཁོ་ན་ཉིད་ལ་ཉོན་མོངས་པ་ལྔ་དང་ཡེ་ཤེས་ལྔར་རྟོགས་པ་ནི། སྤྲིན་དཀར་ནག་གཉིས་ཀས་ཉི་མ་ལ་སྒྲིབ་པ་ལྟར། རྟོག་པ་བཟང་ངན་གཉིས་ཀས་དེ་ཁོ་ན་ཉིད་མི་མཐོང་བའོ། །དེ་བས་ན་རྟོག་མི་རྟོག་གཉིས་ཀའི་ཐ་སྙད་གྲོལ་བ་ནི་མ་རྟོག་པ་ཆེན་པོ་སྟེ། རྟོག་པའི་ངོ་བོ་དེ་ཉིད་པས་ཡང་ལ་ཡང་དག་ལམ་བཙལ་དུ་མེད་པ་ཉིད་དོ། །ཟླ་འོད་དཔལ་གྱི་དགོངས་པ་ནི། ཐེག་པ་དཔག་མེད་བསྟན་པ་ཡང་། །ཞེས་པ་ཐེག་པའི་སྒོ་ཇི་སྙེད་པ་ནི་གདུལ་བྱ་ཇི་ལྟར་མོས་པ་དྲང་བ་ཙམ་སྟེ། རྩ་བ་མཐར་ཐུག་པའི་ཐེག་པའི་ངེས་དོན་ནི་རྡོ་རྗེ་ཐེག་པ་ཉིད་ཁོ་ནར་ཟད་དོ། །ཉི་མའི་སྙིང་པོ་དཔལ་གྱི་དགོངས་པ་ནི། གང་གིས་དེ་མཐོང་མཐོང་མ་ཐག །ཅེས་པ་དག་སུ་ཞིག་གིས་གསང་སྔགས་ཀྱི་ངོ་བོ་དེ་མཐོང་ཇི་ལྟ་བར་མཇལ་བའི་སྐད་ཅིག་དེ་མ་ཐག་ལ། དྲྭ་བ་ཤེས་བྱ་དང་ལྟ་བའི་སྒྲིབ་པ་མ་ཤེས་མ་རིག་པའི་ཆར་གཏོགས་པ་དེ་གཅོད་འཇོམས་པར་བྱེད་དོ། །དེ་ལྟ་བུ་ནི་ད་ལྟར་ཁྱུང་དང་སེང་གེའི་དཔེ་བཞིན་ལུས་ཀྱི་རྒྱ་མདུད་མངལ་གྱིས་བསྒྲིབས་ཀྱང་། ཡང་དག་པའི་ས་ལ་ངེས་པར་འབྱུང་ལ་མ་རག་པའོ། །སྤོས་ཀྱི་རྒྱལ་པོས་གསུངས་པ། དབང་བསྒྱུར་ཐབས་ཀྱི་ཡེ་ཤེས་ལ། །ཞེས་པ་དག་སེམས་ལ་དབང་བསྒྱུར་ཐོབ་པའི་ཐབས་ཀྱི་ཡེ་ཤེས་རིག་པས་རིལ་སྣང་ལ་མ་གྲུབ་པའི་སྒྱུ་མ་ཆོས་ལ་དབང་ཐོབ་པས་མུན་པ་དང་སྣང་བ་ལྟར་འཁོར་བའི་མུན་པ་རིལ་ཐམས་ཅད་ཡེ་ཤེས་ཆེན་པོའི་ཀློང་དུ་དབང་བསྒྱུར་གསལ་བར་བྱེད་པ་རང་རིག་པ་སྟེ། མིན་པ་ལས་ཡིན་པར་བསྒྱུར་བ་མེད་པའོ། །མངོན་པར་སྤྲོ་བའི་རྒྱལ་པོས་གསུངས་པ། རྣམ་དག་ཡེ་ཤེས་སྒྱུ་མ་དང་། །ཞེས་པ་དག་སྒྱུ་མ་ཙམ་དུ་སྣང་ལ་མི་དམིགས་པའི་དངོས་པོ་བཟང་ངན་གཉིས་ཀའི་ངོ་བོ་དེ་ཁོ་ན་ཉིད་དུ་གཅིག་པས། དེ་གཉིས་མ་འགགས་ལ་དབྱེར་མེད་པར་རྟོགས་ཤེས་པ་ཉིད་ཚོགས་གཉིས་རྫོགས་པའོ། །རིན་ཆེན་རྒྱལ་པོས་གསུངས་པ། བསམ་གྱིས་མི་ཁྱབ་ཆོས་འདི་རྣམས། །ཞེས་པ་དག་ཐ་སྙད་བསམ་གྱིས་མཐའ་ཡས་པ་རིལ་དེ་ཇི་བཞིན་ཉིད་པའི་ངང་དུ་ཡེ་ནས་གཅིག་པས་ན་ཐ་མི་དད་པའི་དོན་དུ་སུ་གང་གི་དེ་བཞིན་དེ་ཤེས་ཡིས་རྟོགས་པ་ནི། ཆོས་ཀུན་ལ་དབང་བསྒྱུར་ཐོབ་ཅེས་པའོ། །འོད་ཟེར་དཔལ་གྱི་གསུངས་པ། སངས་རྒྱས་རྣམས་ཀྱི་དགོངས་པ་འདི། །ཞེས་པ་དག་སྒྲ་བཞིནཏེ། དོན་རྟོགས་པ་རིག་འཛིན་དམ་པའོ། །དཀའ་ཐུབ་རྒྱལ་པོས་གསུངས་པ། དེ་བཞིན་ཇི་བཞིན་མངོན་གྱུར་པ། །ཞེས་པ་དག་སེམས་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་འབྲས་བུ་མེད་ལ་མི་ཟད་པ་མེད་པའི་ཚོགས་ལ་ཆེ་བའི་ཡོན་ཏན་རག་ལུས་པ་མེད་པའོ། །གཙུག་ཏོར་སྙིང་པོས་གསུངས་པ། ཇི་བཞིན་མ་བཅོས་དེ་ཉིད་ལ། །ཞེས་པ་དག་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པའང་རང་རིག་པ་ཇི་བཞིན་པ་ཉིད་དེ་བཞིན་པའི་བློ་བཞག་པས། བསྒོམ་བྱ་སྒོམ་བྱེད་མེད་པར་དེ་བཞིན་དེ་ཉིད་རང་གསལ་བ་ཅིར་ཡང་མི་རྟོག་པ་ཉིད་འབྲས་བུ་ཡིན་པས་དེ་ལས་བསྒྲུབ་བྱའི་འབྲས་བུ་དང་དོན་དུ་གཉེར་བ་བསྒྲུབ་པ་ག་ལ་ཡོད་གཞན་མེད་དོ། །ངེས་པར་གཤེགས་པས་གསུངས་པ། མཁའ་ལ་གློ་བུར་སྤྲིན་འཐིབས་ནས། །ཞེས་པ་དག་འཁོར་བའི་ཚུལ་དཔེ་དོན་དང་། རྟོགས་པས་སྒྲིབ་པ་དག་པའི་དཔེ་དོན་སྒྲ་བཞིན་ནོ། །ངེས་པར་གསུངས་པས་བཀའ་སྩལ་པ། ཇི་སྙེད་དག་པའི་གསུངས་བརྗོད་ཀྱང་། །ཞེས་པ་དག་རྒྱུ་འབྲས་ཀྱི་ཐེག་པ་ཇི་སྙེད་དག་པའི་གསུང་བརྗོད་བཀའ་སྩལ་པ་ལྟར་སྣང་ཡང་། དོན་གྱི་རྡོ་རྗེ་གསུང་ལྔ་མི་ཕྱེད་པའི་ངོ་བོ་ལ་སྤྲོས་པ་མེད་ལས་འབྱུང་འཇུག་འགྲོ་འོང་སྤྲོས་པ་མེད་དོ། །དེ་ལྟ་འགྲོ་འོང་མེད་སྤྲོས་པ་ཉིད་ལྷུན་གྲུབ་ཀྱི་གསུང་ཡིན་པས་བྲག་ཅ་ལྟར་འགྲོ་འོང་མེད་པར་སྤྲོས་མེད་ཀུན་ལ་དོན་སོ་སོར་གསལ་ཞིང་ཁྱབ་ལ། ངོ་བོ་ཉིད་བརྗོད་པ་དང་བྲལ་བས་གསུང་མེད་པར་གདུལ་བྱའི་དོན་ཀུན་གྲུབ་པས་རྒྱ་ཆེན་པོའི་གསུང་བཤད། ངོ་། །བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱིས་གསུངས་པ། ཐམས་ཅད་ཡུལ་ལ་འཇུག་པ་ཡི། །ཐོགས་མེད་མ་ཆགས་དེ་བཞིན་བློ། །ཞེས་པ་དག་སྤྱད་བྱའི་ཐམས་ཅད་ཡུལ་རིལ་ལ་འཇུག་པའི་ཤེས་པ་ཡང་དག་པ་ཐོག་མེད་མ་ཟིན་ཆགས་མེད་པའི་དེ་བཞིན་བློ་ཤེས་རབ་ཀྱིས། དངོས་པོ་ཇི་སྙེད་ཀུན་དེ་ཇི་བཞིན་ཉིད་ཡིན་པའི་དོན་བསྒྱུར་གསལ་བར་བྱེད་དོ། །དེ་ལ་ནི་རྒྱལ་བའི་ཡོན་ཏན་ཟད་པ་མེད་པ་གཏེར་ལྡན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །མེ་ཏོག་དབང་པོའི་དབྱངས་ཀྱིས་གསུངས་པ། ཇི་བཞིན་ཉིད་ལ་བཞུགས་པས་ན། །ཞེས་པ་དག་རྒྱལ་བ་རིལ་ཇི་བཞིན་པའི་ངང་དུ་བཞུགས་པས། དོན་གྱི་ངོ་བོ་ཉིད་འདི་ཁོ་ན་ཞེས་དངོས་སུ་མ་བརྗོད་ཀྱང་། ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པ་གཅིག་པའི་བསྣུམས་པས་རང་བཞིན་གཅིག་པའི་འབྲེལ་བས་ཇི་ལྟར་འདོད་པ་སོ་སོར་མཇལ་ལྷུན་གྲུབ་སྣང་དུ་བཏུབ་པའི་དོན་གྱིས་ཇི་ལྟར་མོས་པ་འཚམས་པར་བློ་ལ་སོ་སོར་མཇལ་བའོ། །གྲགས་པའི་དཔལ་གྱིས་གསུངས་པ། སངས་རྒྱས་སེམས་ཅན་ལ་སོགས་པ། །ཞེས་པ་དག་མཐོ་དམན་ཐམས་ཅད་ཀྱང་མཐོན་པོ་མ་ལུས་དམའ་བ་མ་ལུས་པར་རང་སྣང་བའང་མ་རིག་པ་དང་རིག་པས་སོ་སོར་སྣང་བ་རྟོག་པ་ཉིད་ཡིན་ལ། དེ་ཉིད་ཀུན་ཀྱང་ངོ་བོ་རང་བྱུང་ཆེན་པའི་ཡེ་ཤེས་ཉིད་ཀློང་དུ་སངས་རྒྱས་པར་བསྟན་ཏོ། །སྤྲུལ་པའི་རྒྱལ་པོས་གསུངས་པ། ཡི་གེ་ཕྱག་རྒྱ་ཡེ་ཤེས་ཀྱང་། །ཞེས་པ་དག་གསུང་གི་ཕྱག་རྒྱ་ཡི་གེ་རྣམས་འདུས་པ་ལས་ཚིག་ལམ་བསྟན་པ་རྒྱ་མཚོ་འབྱུང་བའི་གཞི་ཡིན་པས། དེ་ཉིད་དག་པས་ཡི་གེ་རང་རིག་ཏུ་ཡེ་དག་པས་བསྟན་པ་ཚིག་ལམ་ཐམས་ཅད་ཇི་སྙེད་པའང་མཐའ་དག་པའི་ཕྱིར། གསུང་གི་ངོ་བོ་ཉིད་ལ་གསུང་མཐའ་གང་ལའང་མི་རྟེན་གནས་པའོ། །སྒྲ་དབྱངས་མི་ཟད་པ ས་གསུངས་པ། དེ་བཞིན་ཉིད་ཀྱི་རང་བཞིན་དུ། །ཞེས་པ་དག་དེ་ཁོ་ན་ཉིད་ཀྱི་རང་བཞིན་ངང་དུ་ཕུང་པོ་ལྔ་དང་ཉོན་མོངས་རིལ་བྱུང་ཡེ་ཐེབས་པས་རྣམ་པར་དག་རྣམ་པར་རྟོག་པའི་ཕུང་པོ་ཉོན་མོངས་ཀྱི་དྲི་མ་དང་རྡུལ་གདོད་ནས་མ་བྱུང་བས་འགོག་པ་མེད་པ་ཉིད་དུ་དབྱེར་མེད་པ་ནི་རྟོག་པ་ཉིད་དུ་ཆོམས་པའོ། །སྨན་གྱི་རྒྱལ་པོས་གསུངས་པ། དཔག་མེད་འཇིག་རྟེན་རྡུལ་སྙེད་ལ། །ཞེས་པ་དག་དཔེར་ཏིལ་འབྲུ་མར་གྱིས་ཁྱབ་པ་ལྟར། མུ་མཐའ་མེད་པའི་དཔག་མེད་འགྲོ་བ་རིལ་སེམས་ཀྱི་དེ་ཁོ་ན་ཉིད་མཐའ་རྣམ་པར་དག་པའི་ངོ་བོ་ཉིད་དུ་ཡེ་སངས་རྒྱས་པའོ། །གསེར་འོད་འཕྲོ་བས་གསུངས་པ། རྡུ ལ་ཕྲན་གཅིག་ཙམ་གང་ཟག་ལ། །ཞེས་པ་དག་དཔེར་རྡུལ་ཕྲན་ཆ་གཅིག་གི་གང་ཟག་གཅིག་དྲང་བར་དགོངས་ནས་ཚིག་གཅིག་བཀའ་སྩལ་ཏེ་མདུན་དུ་གསུང་བརྗོད་པ་ལས་ཀྱང་། ལྷུན་གྱིས་གྲུབ་པའི་བྱིན་རླབས་དཔག་མེད་མཐའ་ཡས་རྡུལ་སྙེད་ཀྱི་གདུལ་བྱས་ཇི་ལྟར་འཚམས་པ་ལྟར་དེ་སྙེད་ཀུན་ཐོས་ཤིང་གོ་ནས་འཆིང་བ་ལས་རྣམ་པར་གྲོལ་ཐར་དུ་བཏུབ་པའོ། །བཀོད་པའི་རྒྱལ་པོས་གསུངས་པ། གསུང་གཅིག་མི་ཟད་བསམ་ཡས་གསུངས། །ཞེས་པ་དག་རྒྱལ་བའི་གསུང་གཅིག་ཀྱང་ལྔའི་བདག་ཉིད་པས་སྤྲོས་པས་མི་ཟད་འགྲིབ་པ་མེད་པར་འདུལ་བཞིན་བསམ་ཡས་སྣང་ལ། དེ་ཉིད་མཐའ་གསུམ་དང་དབུས་མ་སྤངས་བྲལ་བཞིན་བདལ་བ་ཀུན་ཏུ་ཁྱབ་ལ་ཆེད་དུ་བྱས་པ་ཁྱབ་དང་ཁྱབ་མེད་དེ་སྤྲོས་དང་བྲལ་བ་རྡོ་རྗེའི་གསུང་ངོ་། །དེ་ལ་གསུང་ཐ་དད་གྲགས་ཀྱང་ངོ་བོ་མེད་པ་ནི་དོན་གྱི་གསུང་ངོ་། །གསེར་གྱི་གཟུ་བས་གསུངས་པ། གང་ཡང་མ་བཅོས་དེ་ཉིད་ལ། །ཞེས་པ་དག་མ་བཅོས་པ་ཇི་བཞིན་པའི་ངང་ལ་ཕྱོགས་བཅུ་དང་དུས་བཞིའི་རིས་དང་། སྔ་ཕྱི་མ་འགགས་པས་དུས་མེད་དེ་དེ་ཉིད་ཐམས་ཅད་ཀྱི་ངོ་བོར་དབྱིངས་ཤར་བ་ནི། དེ་ཉིད་གཞན་མིན་ཏེ་རང་རིག་པ་ཉིད་དོ། །དཔལ་གྱི་རྒྱལ་པོས་གསུངས་པ། དེ་ཉིད་དེ་སྙེད་རང་བཞིན་ཏེ། །ཞེས་པ་དག་དེ་ཁོ་ན་ཉིད་དེ་སྙེད་རང་རྟོགས་པའི་རིག་པའི་ངོ་བོ་ཉིད་པས་དབྱེར་མེད་ཡིན་པ་ལ། བྱིས་པ་དོན་ཤེད་མ་བྱེ་བ་དག་གིས་ཡེ་ཤེས་དང་ཡུལ་དུ་གཉིས་སུ་བཟུང་། དེ་ལ་ངན་རྟོག་ཅན་གྱིས་གཟུང་འཛིན་དུ་བརྟགས་ཀྱང་ངོ་བོ་ལ་གཉིས་སུ་དབྱེར་པ་རྡུལ་ཙམ་ཡང་མེད་དོ། །སྣང་བ་བརྩེགས་པའི་དཔལ་གྱིས་གསུངས་པ། སྟོང་ཉིད་ནམ་མཁའི་རང་བཞིན་དུ། །ཞེས་པ་དག་སྟོང་པ་ཆེན་པོ་ཆོས་ཉིད་ཀྱི་ནམ་མཁར་རང་བཞིན་དུ་རྟོག་ཚོགས་དང་ལམ་གྱི་གཉེན་པོ་ངོ་བོས་ཐ་མི་དད་པས་མི་མཐུན་པ་དང་གཉེན་པོས་སྤངས་པར་བྱ་བ་གཉིས་ཡེ་ནས་དང་། གནོད་པས་འཇིག་པ་གཞོམ་པར་བྱ་བ་མེད་པར་བཀའ་སྩལ་པའོ། །མྱ་ངན་མེད་པའི་དཔལ་གྱིས་གསུངས་པ། མི་འགྱུར་ནམ་མཁའི་རང་བཞིན་ཏེ། །ཞེས་པ་དག་ངང་ཆེན་པོའི་ངོ་བོ་ཉིད་རྟགས་པ་མི་འགྱུར་ལས་དག་པ་རྟོགས་མ་རྟོགས་ཀྱིས་རྟོག་པ་དག་མཐུན་པར་སྣ་ཚོགས་རང་སྣང་བས་དོན་བྱེད་ཀྱང་། ངོ་བོ་ཉིད་ཅིས་འདུལ་སྣ ང་ཞིང་འབྱུང་བའི་རྒྱུ་སྣང་བདོ་ཙམ་ཉིད་ན་བཙལ་གྱིས་ཀྱང་མི་རྙེད་པའོ། །དགའ་མཆོག་དཔལ་གྱིས་གསུངས་པ། རང་བཞིན་ངང་གིས་མ་བཅོས་པ། །ཞེས་པ་དག་རང་བཞིན་གཉིས་ཀྱི་ཆོས་རྣམས་ཡེ་ནས་ངང་དུ་ཐེབས་པའི་གཏན་ཚིགས་ཀྱིས་མ་བྱས་ཤིང་རང་ཡོང་གིས་འོད་གསལ་བ་ནི་ལྷུན་གྲུབ་དེ་བཞིན་ཉིད་དེ། རིལ་ཀུན་གྱི་སྙིང་པོ་གྱི་རྩ་བཅུད་དེ་ཉིད་པས་ཡིན་པས་ཅིས་ཀྱང་སྒྲིབ་བྱེད་ངང་གིས་བྲལ་བ་ནམ་མཁའ་ལྟ་བུའོ། །གཟི་བརྗིད་དཔལ་གྱིས་གསུངས་པ། ཇི་བཞིན་པ་ཉིད་ས་མཆོག་སྟེ། །ཞེས་པ་ལ་སོགས་པ་ཇི་བཞིན་པ་མ་བསླད་པའི་ཆོས་ཉིད་ནི་རྫོགས་པ་སྤྱི་ཆིབས་ཀྱི་ས་མཆོག་ཉིད་དེ་ཅི་ལྟ་བར་དེ་རིག་གདེང་ཆུད་ན། ཡེ་ཤེས་བླ་མའི་ས་ཡེ་ནས་དེ་བཞིན་མ་བགྲོད་པར་ནོན་པ་ཡིན་པས་ད་གདོད་གཞན་དུ་འཕྲལ་དུ་བགྲོད་དུ་ག་ལ་ཡོད་མི་དགོས་པའོ། །དེ་ཁོ་ན་ཉིད་དུ་སངས་རྒྱས་ཀྱིས་འདུས་པར་བཀའ་སྩལ་པ་སྟེ། བཤད་པ་དང་འཆད་པ་ལའང་དེ་ཁོ་ན་ཉིད་དུ་དངོས་པོ་གང་འདུས་པར་སྦྱར་བར་བྱའོ། །སངས་རྒྱས་ཀུན་གྱི་དགེ་བའི་བཤེས་གཉེན་གྱིས་གསུངས་པ། སྟོང་པ་ཉིད་ཀྱི་སྙིང་པོ་ལ། །ཞེས་པ་དག་ཡེ་སྣང་སྟོང་བྲལ་བའི་སྟོང་ཆེན་སྙིང་པོ་ལ། གང་ཡང་སྣ་ཚོགས་སྣང་བའི་མི་ལྡན་མ་བྲལ་བར་རང་ཤར་བའི་ཕྱིར་ཇི་བཞིན་པའི་དཀྱིལ་འཁོར་གྱི་ངེས་ཚིག་འགྲུབ་པའོ། །ངན་སོང་ཐམས་ཅད་སྦྱོང་བས་གསུངས་པ། ཟག་མེད་ཡེ་ཤེས་དངོས་གྲུབ་ནི། །ཞེས་པ་དག་ཉོན་མོངས་པ་དང་ཡུལ་ལ་སོགས་པའི་ཟག་པ་བྲལ་བའི་འབྲས་བུ་ཡེ་ཤེས་དངོས་གྲུབ་ནི། དེ་བཞིན་ཁོ་ན་ཉིད་མངོན་དུ་གྱུར་པའི་དངོས་གྲུབ་འབྲས་བུ་ཉིད་ཡིན་པས་དེའི་ངོ་བོ་ལ་ཡེ་གྲུབ་པས་ཟད་པ་མེད་ཅིང་ལྟུང་བ་དང་། ཐོབ་པ་ལ་འཕེལ་འགྲིབ་ཀྱི་རྒྱུ་མེད་དེ། ཡེ་ནས་རང་ལ་རྫོགས་ད་གདོད་པས་གཞན་ལ་མི་ཚོལ་བའོ། །འཇིག་རྟེན་ཀུན་གྱི་སློབ་དཔོན་གྱིས་གསུངས་པ། ཆོས་ཀུན་རང་བཞིན་མེད་པ་ཉིད། །ཅེས་པ་དག་འཇིག་རྟེན་ཆོས་ཀུན་སྣ་ཚོགས་ཉིད་སེམས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་སྟེ་མཐའ་དང་བྲལ་བས་མྱ་ངན་ལས་འདས་པ་ཞེས་དེ་ལ་བྱ་ཉིད་དེ། སྟོང་པ་ཆེན་པོ་ཉིད་རང་བཞིན་རྣམ་དག་པ་མཐའ་གཉིས་གང་གིས་ཀྱང་མ་བསྒོས་པའི་ངོ་བོ་མི་ཟིན་བྱང་ཆུབ་སེམས་བདེ་བ་ཆེན་པོ་ཉིད་རང་བཞིན་རྣམ་དག་པའོ། །རྣམ་པར་རྒྱལ་བས་གསུངས་པ། རྣམ་རྟོག་ཆུ་བོ་རྐ་མགོ་དེ། །ཞེས་པ་དག་རྣམ་རྟོག་ཆུ་བོ་རྒྱུན་མེད་པར་འབྱུང་བའི་གཞི་རྐ་མགོ་མ་རིག་པ་དང་བཅས་པ་དེ། ལྟ་བས་ཇི་བཞིན་པ་སྟོང་ཉིད་ཞིང་དུ་ཡིན་པའི་དོན་རིག་པར་མ་བྱས་ན། འཁོར་བའི་རྒྱ་མཚོར་རྦ་ཀློང་དུ་གཡེང་བར་བྱེད་པ་འགྱུར་བས་དེ་ནི་མ་རྟོགས་པའི་མི་ཤེས་ལ་དེ་ལྟར་སྣང་བ་སྟེ། དེ་བས་ན་རྟོགས་པས་གཅེས་སོ། །མེ་ཏོག་བཀོད་པའི་རྒྱལ་པོས་གསུངས་པ། ཇི་བཞིན་པ་ཡི་དེ་བཞིན་ཉིད། །ཅེས་པ་དག་ཇི་བཞིན་ཡེ་ནས་གནས་པའི་ཆོས་དེ་བཞིན་ཉིད་ཐམས་ཅད་རིལ་གྱི་སྐྱེད་པར་བྱེད་པའི་འབྱུང་ཡུམ་ཆེན་མོ་ཀུན་བཟང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ། སངས་རྒྱས་དང་སེམས་ཅན་རིལ་ཀུན་གྱི་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ངོ་བོར་བཞུགས་གནས་སོ། །དེ་བས་ན། ཐམས་ཅད་སྣང་བས་གསུངས་པ། སྟུག་པོ་བཀོད་པའི་སངས་རྒྱས་དང་། །ཞེས་པ་སྟུག་པོས་རྒྱན་བཀོད་པའི་ལ་བཞུགས་པའི་རྒྱལ་བ་སངས་རྒྱས་དང་། སེམས་ཅན་འགྲོ་བ་ཇི་སྙེད་པ་དང་། བརྟན་སྣོད་གཡོ་བཅུད་ཀྱིས་བསྡུས་པའི་དངོས་གཞི་ཇི་བཞིན་པ་ཉིད་པས་དེ་ཉིད་ལས་བྱུང་མཚན་ཉིད་ཐམས་ཅད་པ་ཉིད་ཅིར་ཡང་སྣང་བ་ལ། དངོས་ངོ་བོ་བསྟན་དུ་མེད་པ་ནི་རིལ་གྱི་སྐུ་གཞིའི་ཕྱིར་རོ། །འོ་ན་ཐབས་འགོག་གམ་ཞེ་ན། ཡིད་འོང་གིས་གསུངས་པ། རང་བྱུང་ཡེ་ཤེས་རྩ་བ་ནི། ཞེས་པ་དག་ཡེ་ཤེས་དྲུག་པ་རང་བྱུང་རིལ་གྱི་རྩ་བ་གཞིར་གྱུར་པ་ནི། རང་གི་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ལས་གཞན་མ་ཡིན་པས་དེའི་རྩ་བ་གཞི་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོའོ། །སྟེ་ལྷག་མ་ནི་དེས་རིལ་ས་ལ་ཕ་རོལ་ཕྱིན་པས་མ་བཀོད་པར་རྫོགས་པར་བྱེད་པས་ཐབས་ཀྱིས་སོ་ལྷག་པའི་དོན་ཏོ། །སེང་གེ་འབུམ་གཟུགས་ཀྱིས་གསུངས་པ། ཇི་སྙེད་དེ་བཞིན་ཉིད་ཀྱི་དོན། །ཞེས་པ་དག་ཚིག་དང་ཡི་གེ་སྒྲ་ཇི་སྙེད་དང་ཐ་སྙད་ཀྱིས་བསྡུས་པ་ཀུན་ངོ་བོ་ཉིད་ཀྱི་དོན་མ་བཅོས་པའི་ཆོས་ཉིད་རྟོགས་པར་བྱ་བ་དེ་ཡི་གེ་མིང་ཚིག་གིས་མཚོན་ནས་མཇལ་བར་བྱེད་པ་མིང་ཚིག་ལ་མ་བརྟེན་པར་ཡང་སྒྲ་ཡིད་ལ་བྱེད་པ་ཡིན་ཏེ། མཛུབ་མོས་ཟླ་བ་ལྟར་རིག་ཉམས་དྲོད་བློ་ཡིས་རིག་ལས་མེད་པས་མཇལ་བ་ཁོ་ནར་གཞག་པའོ། །ཐུབ་པའི་དབང་པོས་བཀའ་སྩལ་པ། ཆོས་ཀུན་ཆོས་ཀྱི་རང་བཞིན་ཏེ། །ཞེས་པ་དག་ཆོས་སུ་ཀུན་གྲགས་སོ་ཅོག་གི་ངོ་བོ་ཉིད་ནི་རང་རིག་པའི་ཕྱིར། དེ་བཞིན་ཁོ་ན་ཉིད་པས་ཐར་པའི་བྱང་ཆུབ་ལམ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ལས་གཞན་མེད་པའོ། །ལྷག་དེ་མ་ནི་གྲུབ་པའི་འབྲས་བུ་དེ་ལས་གཞན་དུ་མི་འཚོལ་བས་དུས་གསུམ་སྟུག་པོ་བཀོད་པའི་འཕོ་འགྱུར་མེད་པར་བརྗོད་པས་གནས་ཁྱད་པར་ཆེ་སྟེ། ཤིན་ཏུ་བློས་རེག་དཀའ་བའོ། །ཀྱེ་གྲོགས་པོ་དག་གཞན་ཡང་དེ་དག་ལ་སོགས་པ། ཞེས་པ་དག་གསང་བ་པས་སྒྲོན་མ་དཔག་ཏུ་མེད་པའི་དགོངས་པ་བསྟན་པའི་ཕྱིར་བོས་པའོ། །ཕྱོགས་གཞན་ཡང་མི་མཐུན་པའི་དགོངས་པ་སྔར་བཞད་པ་དེ་དག་རྣམས་དང་། དེ་མ་ཡིན་པ་འབུམ་ཕྲག་བཅུ་བྱེ་བ་དང་། བྱེ་བ་བཅུ་ས་ཡ་སྙེད་ཆོས་ཀྱི་རྒྱལ་པོ་ངོ་བོ་ཉིད་དག་པ་སོ་སོའི་གནས་ན། ཆོས་ཀྱི་ཕོ་བྲང་ན་སྟོན་པའི་མཚན་བརྗོད་པར་དཀའ་བ་དག་གི་དགོངས་པ་ངོ་བོ་ཉིད་དག་པ་གསང་དོན་ཐོས་པ་བགྲོ་བའོ། །དེ་གང་ཞེ་ན། ལ་ལ་ནི་འདི་ལྟར། རྟོག་མེད་རང་རིག་སྐད་ཅིག་མ། །ཞེས་པ་དག་རྒྱལ་བ་ཇི་སྙེད་ལས་དགར་བ་ནི་ལ་ལ་རེ་རེའི་དགོངས་པ་འཆད་པ་སྟེ། ཐེར་ཟུག་རྟོག་པ་མེད་པའི་བྱང་ཆུབ་སེམས་རང་རིག་གང་དུའང་གོ་མི་འགག་པར་སྐད་ཅིག་མ་སྣང་བ་ནི་སེམས་ཅན་སངས་རྒྱས་ཀྱི་འབྱུང་གནས་དབྱིངས་སུ་གྱུར་པས་སྣང་ལ། དེའང་ཇི་བཞིན་པ་རྟོགས་མ་རྟོགས་ཀྱི་རིག་པ་དག་མ་དག་སྣང་བ་ལས་རང་རྒྱུད་པ་ནི་མེད་པའོ། །དེ་ཉིད་སྨྲ་བརྗོད་མེད་པ་ལས། ཞེས་པ་དག་དེ་ཁོ་ན་ཉིད་ནི་སྨྲ་བརྗོད་མེད་པ་ལས་ཚིག་གིས་ལྷན་པར་མི་ཕེབས་ཀྱང་བརྒྱུད་པས་དེ་མཚོན་པའི་ཕྱིར་ན་ཆེད་དུ་ཚིག་ཐ་དད་ཇི་སྙེད་བརྗོད་བཀའ་སྩལ་ཏོ། །འོ་ན་སྒྲ་དོན་དུ་མ་གསུངས་སམ་ཞེ་ན། སྒྲ་གང་བརྗོད་པ་ཉིད་རང་རིག་དེ་བཞིན་ཉིད་པས་མཐའ་བྲལ་བའི་ཕྱིར་བརྗོད་པ་དེ་ཉིད་ལ་སྤྲོས་བརྗོད་པ་མེད་དེ་གཉིས་སུ་མེད་པ་རྡོ་རྗེ་དོན་ནི་ཐེག་པ་ཆེན་པོའོ། །ལ་ལས་གསུངས་པ། དེ་ཉིད་ཅིར་ཡང་མི་སྣང་བ། །ཞེས་པ་དག་དེ་བཞིན་ཉིད་གང་དུའང་ཅིར་ཡང་མི་སྣང་སྣང་མ་མྱོང་བའོ། །འགྱུར་བའི་དོན་ནི་རྟོག་པ་གློ་བུར་རྣམས་སྨིན་པས་ཐ་དད་པ་ཅིར་ཡང་སྣང་བའོ། །འོ་ན་དེ་རྟག་པ་ཞིག་གོ་ཞེ་ན། རྣམ་རྟོག་དེ་ཁོ་ན་ཉིད་ཀྱི་རྒྱས་བཏབས་པས་སྣང་བར་ཟད་སྣང་བདོ་བ་ཉིད་ལ་སྣང་བ་མེད་པ་སྟེ། གཉིས་པ་ལས་གྲོལ་བའི་དོན་ཏོ། །ལ་ལ་ནི་འདི་སྐད་དུ། ཇི་བཞིན་པ་ཡི་དེ་ཁོ་ན། །ཞེས་པ་དག་རྒྱལ་བ་ལ་ལས་ནི། ཇི་བཞིན་པའི་སེམས་ཀྱི་ཆོས་ཉིད་སངས་རྒྱས་ཀྱིས་མ་བཅོས་བྱེད་པ་པོ་གང་གིས་བཅོས་ཏེ་སུས་ཀྱང་མ་བྱས་པས་བྱེད་པ་པོ་ཞིག་ག་ལ་ཡོད་མེད་པའི་ཕྱིར་མ་བསླད་པ་ཁོ་ནར་གསུངས་སོ། །དེ་ཡང་བྱ་བྱེད་མ་དམིགས་པ་དང་། ངོ་བོ་མི་ཕྱེད་མི་ཟིན་པས་བྱར་མི་བཏུབ་པའི་ཕྱིར་རོ། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་ནི། །ཞེས་པ་དག་གང་ཡེ་ཤེས་ཆེན་པོ་ཅན་དང་ལྡན་པའི་རྒྱལ་བ་ཉིད་དེ། དེའི་སྤྱོད་ཡུལ་ནི་དེ་བཞིན་ཁོ་ན་ཉིད་ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱིས་བསྣུམས་ཁྱབ་པའི་ཆོས་གང་གིས་ཆོས་རྣམས་ཀུན་རིལ་མཐས་མ་གོས་པར་རང་བཞིན་སྒྲིབ་པ་མེད་དག་པས་རིལ་གསང་དོན་འབའ་ཞིག་པའོ། །དེ་ཉིད་མཚན་ཉིད་མེད་པ་ལ། །ཞེས་པ་དག་དེ་ཉིད་ཇི་བཞིན་པའི་མཚན་ཉིད་ཐམས་ཅད་པའི། རྣམ་པའི་མཚན་ཉིད་མེད་པར་རྣམ་པ་མ་འགགས་སྣ་ཚོགས་པར་སྣང་བས་ཀུན་གྱི་འབྱུང་རྒྱུ་དབྱིངས་ཀྱི་རང་བཞིན་ཁོ་ན་སྟེ། མེད་ལ་ཟད་འཕེལ་བྲལ་བའི་དོན་ཏོ། །སྣ་ཚོགས་ཐེག་པའི་ལྟ་བ་དང་། །ཞེས་པ་དག་ཐེག་པའི་སྒོ་སྣ་ཚོགས་མང་པོའི་ཤེས་རབ་ལྟ་བ་དང་། དམ་ཚིག་འདུལ་སྡོམ་སྤྱོད་པ་བྱ་བ་ཀུན་རིལ་གསང་སྒོ་ཆེན་པོ་འདིར་དང་དུ་བླང་བར་བྱ་བ་མེད་སྤྱོད་པ་སྤྱད་པ་མ་ཡིན་ཀྱང་། རིལ་འདི་ལས་ཀུན་ཀྱང་ཤར་བས་མ་འདྲེས་ཡོངས་སུ་གསལ་བར་རྫོགས་ཏེ། དེ་དག་ལས་གུད་ན་མེད་པའི་ཕྱིར་རོ། །དེ་ལ་ཕྱོགས་དང་དུས་མེད་པས། །ཞེས་པ་དག་མཉམ་པའི་དེ་ཉིད་ངང་ལ་ཕྱོགས་བཅུ་དུས་བཞི་ཐ་སྙད་མེད་པས་མ་སྤངས་བྲལ་བ་ལ། གང་གིས་ཕྱོགས་དང་དུས་བཅུ་བཞིར་རྟོག་པ་ལ་མཐུན་པར་དེ་ཉིད་དེ་ལ་རྣམ་པར་སྣང་བ་དེ་ལྟར་རྒྱལ་བས་ངན་རྟོགས་འཛིན་པ་སངས་རྒྱས་ནི་དེ་མི་མཁྱེན་པའི་ཕྱིར་རོ། ། བསམ་གྱིས་མི་ཁྱབ་ཀུན་ཤེས་ནས་ཞེས་པ་དག་ལྟ་བས་ཐག་ཆོད་ནས་བསམ་གྱིས་བསམ་དུ་མེད་པར་བསྒོམ་ན། དཔག་ཏུ་མེད་པའི་ཐོབ་བྱ་རིལ་རང་ལས་མ་བཙལ་བར་ཡོན་ཏན་འབྱུང་འཆར་ཏེ། རྒྱལ་བའི་རྣམ་པ་ཐམས་ཅད་ཡེ་ཤེས་དེ་ཉིད་ཡིན་པར་བཀའ་སྩལ་ཏོ། །འོ་ན་མ་རྟོག་པར་བསྒོམ་ན་མི་འཐོབ་བམ་ཞེ་ན། བསམ་གྱིས་མི་ཁྱབ་མི་ཤེས་པར། །ཞེས་པ་དག་གང་དག་མ་རྟོགས་མི་ཤེས་པར་གང་འཛེག་པ་བསྒོམ་པ་ནི་བྱིས་པ་དོན་མེད་པ་སྟེ། འདུ་ཤེས་མེད་པ་མུན་པ་དང་སྐྱེ་མཆེད་བཞིར་ལྷུང་བར་ངེས་པས་གདམས་ངག་ཏུ་བརྩི་བ་གཡང་ས་བསྟན་པའོ། །དེ་བས་ན་རྟོགས་པ་དང་པོར་གཅེས་སོ། །བསམ་མེད་བསམ་གྱིས་མི་ཁྱབ་ཆོས། །ཞེས་པ་དག་ལམ་ཐབས་མཐའ་ཡས་པ་བསམ་མེད་བསམ་གྱིས་མི་ཁྱབ་ཞི་གནས་དང་ལྷག་མཐོང་དུ་འདུས་ལ། དེ་གནས་པའི་ཚེ་རྣམ་རྟོག་སྐྱོན་སྤོངས་ལ་རྟོག་མེད་ལེན་པར་འདོད་ན། དེ་ཉིད་མུན་པ་སྒྲིབ་པའི་རྩ་བ་ཡིན་པའི་ཕྱིར། ཤིན་ཏུ་བསལ་དཀའ་བའི་དོན་ཏེ་མུ་མཐའ་ལས་འཐུག་པའོ། །དེ་བས་ན་སྤོང་ལེན་མེད་པར་ཐག་གཅད་དོ། །སྣ་ཚོགས་སོ་སོར་ཀུན་རིག་ཀྱང་། །ཞེས་པ་དག་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དངོས་པོ་སྣ་ཚོགས་རྣམས་ཀྱི་རང་གི་མཚན་ཉིད་སོ་སོ་བ་ཙམ་ཀུན་རིག་ཤེས་ཀྱང་རྣམ་གྲོལ་རྣམ་དག་ཇི་བཞིན་པ་མ་མཐོང་ན། ལམ་མ་ནོར་བ་ལས་གོལ་བས་དུས་ནམ་དུ་ཡང་ངེས་དོན་དམ་པ་ཉིད་མི་རྙེད་པས་ཇི་བཞིན་པ་རྟོགས་ཤིག་པའོ། །སྣ་ཚོགས་རིམ་གྱིས་འཇུག་པ་ལ། །ཞེས་པ་དག་རིམ་གྱིས་པ་དང་གཅིག་ཆར་བའི་སྒོ་གཉིས་ནི། རང་རང་ལྟར་མ་སྤྱད་པས་བསྣོལ་ན་གཉིས་ཀ་ཉམས་པར་འགྱུར་རོ། །དེ་བས་ན་རིམ་གྱིས་པས་བསམ་མེད་མི་མཐོང་བས་གསང་བའི་ལམ་གྱི་ཁྱད་པར་བཤད་པ་སྟེ། མཇུག་གི་སྒྲ་དོན་ཁྱད་པར་ནི་ངོ་ཏི་བསྟན་པ་སྟེ་བཤད་པ་དང་འཆད་པ་རིལ་སྒྲ་བཞིན་དུ་སྦྱར་རོ། །འོ་ན་བཤད་པ་རང་གི་མཚན་ཉིད་ཤེས་པ་ཡང་དོན་མེད་པ་མ་ཡིན་པའི་ཕྱིར། སྣ་ཚོགས་སོ་སོར་མ་རིག་པར། །ཞེས་པ་དངོས་པོ་སྣ་ཚོགས་ཇི་སྙེད་པའི་མཚན་ཉིད་སོ་སོར་མ་ཤེས་མ་རིག་ན། དེ་བཞིན་ཉིད་མཐོང་དཀའ་བས་དེས་མི་རྙེད་དེ་ཡང་གཅེས་སོ། །སྣ་ཚོགས་ཤེས་པ་ཁོ་ནས་ཆོག་གོ་ཞེ་ན ། བདེན་པ་དེ་ཉིད་ངེས་པ་མ་མཐོང་ན་ཐ་སྙད་སྨྲ་བ་ལ་ཅི་བྱར་ཡང་དོན་མེད་པས་དོན་ཚིག་ནན་ཏན་ལྡན་པར་བྱོས་ཤིག་པའོ། །མཁའ་ལ་འཇའ་སྣང་ཇི་བཞིན་དུ། །ཞེས་པ་དག་མཁའ་ལ་འཇའ་དཔེ་ཡིས་མ་འདྲེས་པ་ཡོངས་སུ་རྫོགས་པར་བསམ་ཡས་སྟོན་པའོ། །དེ་བས་རྒྱལ་བའི་གསུང་གཅིག་ཏུ་ཅིར་ཡང་མ་ངེས་པ་མེད་པའི་གསུང་གང་ལྟར་ཇི་འཚམས་འབྱུང་བར་འདུལ་བ་དེ་ཉིད་ངོ་བོ་ངེས་པའོ། །ཀུན་གྱི་རྩ་བ་འདིར་བཅད་པས། །ཞེས་པ་དག་སྒོ་ཀུན་རིལ་གྱི་གྲུབ་མཐའ་རྩ་བ་ཇི་བཞིན་པ་གསང་དོན་ཡིན་པའི་ཕྱིར། འདིར་དོན་གང་རིག་ཁོ་ན་བསྟན་པ་རྒྱ་མཚོ་ཐོས་པའི་མཆོག་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་འདི་ལས་ཤར་ཞིང་འབྱུང་བས་ན་འདི་རྟོགས་ཤེས་པ་ཤེས་རབ་ནི་རྟོགས་པའི་མཆོག་སྟེ། དེ་ལས་ལྷག་པའི་དོན་ཤེས་རབ་མཆོག་མེད་པའི་ཕྱིར་རོ། །གསང་བའི་ནང་ན་གསང་ཆེན་འདི། །ཞེས་པ་དག་གསང་བའི་ཐེག་པའི་ནང་ན་ཡང་བླར་གྱུར་པ་གསང་ཆེན་ནི། མཐོང་བར་བྱ་བ་དང་བྲལ་བ་ཉིད་ཀྱིས་ཀྱང་གཞན་གྱིས་ངོ་བོ་འདི་འདྲར་མི་རྙེད་ན། ཐ་དད་པས་ཚོལ་བས་ག་ལ་རྙེད་དེ། དེ་ཉིད་རེག་དཀའ་གསང་བ་ནི་དོན་གྱི་མཆོག་ཏུ་བསྟན་པའོ། །ཆོས་རྣམས་ཀུན་གྱི་སྙིང་པོ་འདི། །ཞེས་པ་དག་ཆོས་རྣམས་རིལ་གྱི་བཅུད་ལྷུན་གྱིས་གྲུབ་པའི་སྙིང་པོ་ངོ་བོ་འདི་ནི། དཔེ་གསེར་ས་ལེ་སྦྲམ་དང་ནམ་མཁའ་ལྟར་འཕོ་འབྱུར་བྲལ་བས་མི་ནུབ་པའི་རྒྱལ་མཚན་ངོ་བོ་སྟོར་རླག་མེད་པའི་གཏན་ཚིགས་དེ་བས་ན། ཆོས་ཀྱི་ཤེས་བྱ་མཐོང་བྱ་དམ་པ་རིལ་གྱི་ཕུལ་དོན་པོ་མཆོག་ཏུ་གྱུར་པའོ། །ཐོག་མ་མེད་ནས་བསགས་པ་ཡི། །ཞེས་པ་དག་ཀུན་ཐོག་མ་ཇི་སྙེད་བརྩེགས་པའི་སྒྲིབ་པའི་རྣམ་རྟོག་སྤྲིན་ཕུང་པོ་ནི། སྟོང་པ་ཆེན་པོའི་གདེང་དུ་གྱུར་པའི་རིག་པ་སྐད་ཅིག་ལ། དེ་ཉིད་ཇི་བཞིན་པར་རང་གསལ་བས་རྣམ་པར་བསྒྲལ་དག་གོ། །ཇི་སྙེད་བསམ་གྱིས་མི་ཁྱབ་པའི། །ཞེས་པ་དག་ཆོས་རྣམས་ཀྱི་ཆོས་ཉིད་ཀྱི་གནད་ཆུད་པའི་མི་ནི། ལུས་མི་ཡང་སེམས་སངས་རྒྱས་པས་དགོངས་པ་མཉམ་སྦྱོར་བས་མི་གཡོ་བ་རྣལ་འབྱོར་ཆེན་པོའི་ངང་ལ་བཞུགས་པས་ལྷག་པའི་མིང་བསམ་གཏན་ཡིན་འཐོབ་བོ། །འཁོར་བ་ཇི་སྲིད་ཡོད་བར་དུ། །ཞེས་པ་དག་འཁོར་བའི་ངོ་བོ་ཉིད་གསང་བ་དམ་པར་གར་བས་ངོ་བོས་བསྟན་པའི་སྙིང་པོ་ཉི་མར་ཐ་མི་དད་པས་རང་བཞིན་ཉིད་ཆོས་ཀྱི་འཁོར་ལོ་དང་ནུབ་མེད་པར་རྒྱུན་མི་ཆད་པར་བསྐོར་བས་དེ་ནི་མཛད་པར་བསྟན་པའོ། །དེ་ཁོ་ན་ཉིད་ནི་རིགས་ལྔའི་ཡང་དངོས་གཞིའི་ཕྱིར། མི་འགྱུར་མི་འཇིག་རྡོ་རྗེའི་དོན། །ཞེས་པ་དག་ཇི་བཞིན་པའི་ངང་མི་འགྱུར་བ་དང་། མི་ཤིགས་པས་རྡོ་རྗེའི་རིགས་སོ། །ཡོན་ཏན་སྣ་ཚོགས་གང་ཡང་འབྱུང་བའི་ཆོས་རིན་པོ་ཆེའི་རིགས་སོ། །མཐས་མ་གོས་ཆགས་རྣམ་དག་པའི་ཆོས་པདྨའི་རིགས་སོ། །ལས་རྣམ་བཞི་ཐམས་ཅད་དང་འབྲས་བུ་ལྷུན་གྱིས་གྲུབ་པས་དོན་མི་འགོག་པའི་ཆོས་མཛད་པ་ལས་ཀྱི་རིགས་སོ། །མ་ནོར་ལོག་པ་དང་བྲལ་བའི་དོན་ཡེ་མ་བཅོས་མ་བསླད་པར་རིལ་འདུས་པའི་ཕྱིར་དེ་བཞིན་ཉིད་རིགས་སོ། །དེ་བས་ན་འབྲས་བུ་ལྔའི་ཡང་ངེས་པ་དམ་པར་བདག་ཉིད་དུ་བསྟན་པའི་ཕྱིར། སྟོང་ཉིད་གཟུགས་མེད་ཆོས་ཀྱི་སྐུ། །ཞེས་པ་ལ་སོགས་པ་མཐའ་སྟོང་ཉིད་གཟུགས་མེད་པ་ནི་དངོས་པོ་བྲལ་བས་ཆོས་སྐུའོ། །གསུང་ལྔ་རྫོགས་པས་གཞན་དུ་སྨོན་པའི་ཡིད་ལས་གྲོ ལ་བས་གསུང་ངོ་། །དེ་ཁོ་ན་ཉིད་ནི་དེ་ཉིད་ཀྱི་མཚན་མ་རྟོག་ལས་ཀྱང་འདས་གྲོལ་བའི་ཕྱིར་ཐུགས་སོ། ། རྣམ་རྟོག་མི་མངའ་བར་ཀུན་གྱི་འདོད་པ་འབྱུང་ཞིང་སྐོང་བས་ཡོན་ཏན་ནོ། །ཐབས་ཀྱིས་མཛད་པ་གར་ཐབས་མ་ངེས་ཅིར་ཡང་སྣང་བས་ཕྲིན་ལས་ཀྱང་འདུས་སོ། །ཆོ་འཕྲུལ་སྣང་ན་ཡེ་ཤེས་ལྔའི་ངོ་བོར་ཡང་ཡིན་ཏེ། མི་རྟོག་ཆོས་ཀྱི་མེ་ལོང་གསལ། །ཞེས་པ་དག་དེ་ཁོ་ན་ཉིད་རྟོག་པ་མེད་པར་རང་གསལ་བས་ཆོས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆེ་ཆུང་བཟང་ངན་གཉིས་སུ་མེད་པས་ཐམས་ཅད་རིལ་བྲལ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྤྱི་དང་རང་གི་མཚན་ཉིད་སྣ་ཚོགས་མ་འདྲེས་གསལ་མཁྱེན་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བདག་གཞན་བྱ་བ་ནན་ཆེན་པོས་ཁྱབ་འཇུག་མ་བཙལ་རྫོགས་པས་བྱ་གྲུབ་ཡེ་ཤེས་སོ། །ཡེ་ནས་མཐའ་གཉིས་ཀུན་གྱིས་རང་བཞིན་མཁྱེན་སྟོང་པར་གསལ་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྒྱུན་དུ་ཡིན་པའི་དོན་ཏོ། །སྣང་སྟོང་གོ་འབྱེད་ཀུན་ཁྱབ་མཁའ། །ཞེས་པ་དག་སེམས་ཀྱི་ངོ་བོ་ཇི་བཞིན་པའི་ངང་ལས་སྣང་སྟོང་གི་ཆོས་རྣམས་གོ་འབྱེད་སྣང་ལ་ཀུན་ལ་བསྣུམས་ཀྱང་ཀུན་ཁྱབ་གསལ་བས་ནམ་མཁའ་ཡང་ཡིན་ནོ། །རིལ་ཐིག་ལེ་དེར་རྫོགས་པའི་དབྱིངས་ལ་རྟེན་གཞི་ཀུན་གནས་པས་སའོ། །གང་དུ་ཡང་ཞི་གནས་མི་གཡོ་རྡུལ་དང་བྲལ་བས་རྣམ་དག་ཆུ་ཆེན་པོའོ། །ཡེ་ཤེས་ཆེན་པོས་ལྷག་མ ཐོང་ཡེ་ཤེས་མ་བསྒྲིབས་གསལ་བས་འོད་འབར་མེའོ། །ཤེས་བྱ་རིལ་ལ་ཐོགས་པ་མེད་པས་རང་རིག་མངོན་སུམ་དུ་གསལ་བ་ལ་ཟིན་ཆགས་མེད་པས་འཐོར་བའི་རླུང་སྟེ། ཐམས་ཅད་འབྱུང་བ་ལྔ་ཡང་ཡིན་ནོ། །མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས། །ཞེས་པ་དག་ཆོས་སོ་ཅོག་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་ནི་སྟོང་པ་ཆེན་པོའི་གཟུགས་སོ། །རིལ་ལ་ཁྱབ་པར་གསལ་བས་རང་བཞིན་རིག་པ་ལ་མཇལ་དུ་གོ་བའི་བཏུབ་པས་སྒྲའོ། །ངོ་བོ་ཉིད་རྡུལ་དང་བྲལ་བས་དང་བས་ཤེས་རབ་སིམ་པར་བྱེད་པས་ཆོས་ཉིད་དྲིའོ། །དོན་བཅུད་མཉམ་པ་ཉམས་སུ་མྱོང་བས་རོའོ། །ཟུག་རྔུ་ཐམས་ཅད་བྲལ་བའི་དོན་བདེ་བློས་རེག་པ་མེད་པའི་རེག་པའོ། །དེ་བས་ན་འདོད་ཡོན་ལྔ་ཡང་འདུས་སོ། །ཅི་ཡང་མི་སེམས་གཏི་མུག་ལ། །ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་ངང་གིས་ཅིའང་མི་སེམས་མི་འབྱེད་པ་དང་། སྣང་སྟོང་དངོས་པོ་དེ་ཁོ་ན་ཉིད་དུ་ཚར་ཀུན་བཅོམ་གཅད་པ་དང་། ཡེ་འབྱམས་ཐམས་ཅད་བདག་ཉིད་དུ་གསལ་བས་ཟླ་མེད་ང་རྒྱལ་བདག་ཉིད་ཆེ་བ་དང་། དངོས་པོ་རིལ་བདེ་ཆེན་རང་བཞིན་དང་མི་ཕྱེད་པ་དང་། ལོག་རྟོག་དང་གང་དུ་མཐའི་སྐྱོན་དུ་མི་འགྱུར་ཞིང་མ་སྤང་མི་ཆུད་པའི་ཕྱིར་ཕྲག་དོག་ཉོན་མོངས་ལྔ་ཡང་བླང་དོར་མེད་འདུས་སོ། ། ཀུན་གྱི་རང་བཞིན་གཅིག་ཤེས་པས། །ཞེས་པ་དག་རིལ་ཀུན་ལ་བདག་ཉིད་ཆེན་པོར་གཅིག་ཤེས་རྟོགས་པས་ཐམས་ཅད་ལ་དབང་བསྒྱུར་འདུས་བ་ནི། ཀུན་ལ་རིམ་པ་དབང་གིས་བགྲོད་པ་མེད་པར་འདུས་པས་སོ། །ཐམས་ཅད་ཀུན་འདུས་རིག་པའི་མདོ། །ཞེས་པ་དག་དངོས་པོ་གཉིས་པ་ཐམས་ཅད་རིལ་གྱིས་བསྡུས་པའི་ཀུན་འདུས་རང་བཞིན་རྒྱུད་འདི་ཡིན་ཏེ། རྒྱུད་འདིའི་ངོ་བོ་གསང་བ་དམ་པས་རིལ་ཀུན་ལ་ཁྱབ་ལ་བསྣུམས་ཤིང་ངོ་བོ་རྟོགས་པར་དཀའ་བས་གཏིང་དཔག་དཀའ་བ་ཟབ་མོ་ནི། རྒྱལ་བའི་སངས་རྒྱས་སྤྱོད་ཡུལ་ཡིན་གྱི། གཞན་གྱིས་ཤིན་ཏུ་དཔག་དཀའ་བའི་རྡོ་རྗེའི་རྒྱུད་ཀྱང་དེ་ཁོ་ན་ཉིད་རང་བཞིན་གྱི་རྣལ་འབྱོར་སྒྲོ་སྐུར་མེད་པ་ལུང་འདིའོ། །དེ་ཉིད་དེར་ནི་ཀུན་གཅིག་པས། །ཞེས་པ་དག་དེ་ཉིད་ཐིག་ལེ་ཆེན་པོའི་ངང་དེར་ནི་ཀུན་གཅིག་བས་ལ་བདག་གཞན་རིས་སུ་སྣང་མ་མྱོང་བས་མཐའ་རྣམས་སྟོང་ཉིད་ངང་གིས་ནམ་མཁའ་དག་པ་ལ་གཙང་མི་གཙང་སྨེར་གི་དྲི་མ་རྡུལ་ཙམ་ཡང་མེད་པས་བདུད་རྩི་ཆེན་པོའོ། །བྱང་ཆུབ་སྙིང་པོ་དང་བ་ལ། །ཞེས་པ་དག་བྱང་ཆུབ་ངོ་བོ་ཉིད་ཀྱི་སྐུ་ལྷུན་གྱིས་གྲུབ་པ་དང་བ་རྡུལ་དང་བྲལ་བ་ལ། བཟང་ངན་རྟོག་པ་དེ་ཉིད་གཉིས་མེད་པའི་ངག་དུ་འུབ་གཅིག་པ་ལ་ཞེས་ཀྱང་འགྱུར་འཕོ་གཡོ་བ་མེད་པའི་དོན་ཏོ། །རྣམ་རྟོག་མཚན་མའི་རི་བོ་འདི། །ཞེས་པ་ལ་སོགས་པ་ཐེག་པ་མཆོག་གི་དོན་རྟོགས་པས་ནི་རྣམ་རྟོག་སྒྲིབ་པ་སྤང་དུ་མེད་དེ། སེང་གེ་ཁོག་པ་རང་འཇིག་ལྟར་ཇི་བཞིན་པའི་ངང་དུ་སྒྲིབ་པ་སྟོང་ཉིད་རང་འཇིག་པས་གཉེན་པོས་གཞན་སེལ་བར་མི་བཞེད་དོ། །བདེ་ཆེན་རྣམ་པར་རྟོག་མེད་པས། །ཞེས་པ་དག་བདེ་བ་ཆེན་པོ་འཛིན་རྟོག་དང་བྲལ་བས་ལེགས་ཉེས་སུ་འཛིན་པ་ནི་རྟོག་པར་མངོན་ལ། དེ་བས་རང་རིག་པ་བདེ་བ་ཆེན་པོ་ལས་མ་ཉམས་ན་རྟོག་པ་མ་སྤངས་བྲལ་བ་ཁོ་ནའོ། །དེ་ཉིད་ཕྱིན་ཅི་མ་ལོག་པར། །ཞེས་པ་དག་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས་གང་བསྲུང་བར་བྱ་བ་ལ་བློས་མི་རྟོག་མི་གནས་པར་བསྒོམ་པའི་ཚེ། ལེ་ལོ་དང་གཡེང་བ་དྲུག་ནི་རྣལ་འབྱོར་གྱི་ནོར་འཕྲོག་པའི་དགྲ་སྟེ། སྐྱོན་དུ་མི་འཛིན་པས་དབང་དུ་ཡང་མི་གཏང་སྟེ་ཟབ་མོའི་དོན་ལས་དམ་ཚིག་མི་ཉམས་པར་བྱའོ། །དཔག་ཏུ་མེད་པའི་འཇིག་རྟེན་དུ། །ཞེས་པ་དག་གདུལ་བྱའི་གནས་དཔག་ཏུ་མེད་པའི་མང་པོར་སྟོན་པ་སྒྲོན་མ་དཔག་མེད་མང་པོས་ཐེག་པ་ཇི་སྙེད་པའི་མང་པོར་གསུངས་པའི་དོན་རིལ་དེ་ཁོ་ན་ཉིད་མཐའ་ཡས་པའི་དོན་ཇི་བཞིན་པ་ལས་དགོངས་པ་གཅིག་ཏུ་ལྷག་པ་མེད་པའོ། །དེ་ཉིད་དེ་ལས་མ་ཉམས་ན། །ཞེས་པ་དག་རྟོགས་པའི་གདེང་དེ་ཉིད་དེ་ལས་མ་གྱུར་ན། ཚུལ་ཁྲིམས་དང་ལྟ་བ་ཤེས་རབ་ཏིང་ངེ་འཛིན་གསུམ་ཀ་དུས་གཅིག་ཏུ་རྫོགས་པའོ། །དེ་ཉིད་ལས་མཐའ་ཞི་གནས་དང་། །ཞེས་པ་དག་དེ་ཁོ་ན་ཉིད་ཀྱི་ཉམས་སུ་བླང་བའི་ལས་ཀྱི་མཐའ་མ། རྣམ་རྟོག་མ་བཀག་མི་གཡོ་བའི་ཞི་གནས་དང་། མཉམ་པའི་དོན་ཅིར་ཡང་མ་མཐོང་བར་མཐོང་བའི་ལྷག་མཐོང་དང་། མི་གཡོ་བཞིན་དུ་གསལ་བས་འདྲེས་པའི་ཟུང་དུ་འབྲེལ་བ་དང་། སྡེ་གསུམ་པོ་དེར་རིལ་འདུས་པས་དམ་པའི་ཡོན་ཏན་འབུམ་ཕྲག་གྲངས་ལས་འདས་ཏེ་བཀྲི་དྲང་དོན་དུ་བསྟན་པའོ། །ཚིག་ལ་དབང་བས་ཚིག་བསྒྱུར་ན། །ཞེས་པ་དག་ཚིག་ལ་དབང་ཐོབ་པས་ཚིག་སྣ་ཚོགས་སུ་བསྒྱུར་ཅིང་སྤྲོས་ན། ཚིག་མུ་མཐའ་ཡས་པས་དོན་གཅིག་ཏུ་སྡུད་མི་ཤེས་པས་འདུས་དོན་མེད་ལ། དོན་ཇི་ལྟ་བར་མཇལ་བས་ཚིག་གཅིག་རྣམ་པར་ཇི་སྙེད་དུ་སྤྲོས་ཀྱང་། དེའི་མཐའ་བརྗོད་པས་དེ་ནི་ཟད་པའང་མེད་ལ་དོན་དང་ཡང་འགལ་བ་མེད་གསུང་མི་ཟད་དམ་པར་པའོ། །སྨྲ་བརྗོད་ཚིག་ལ་གང་དགའ་བས། །ཞེས་པ་དག་ཚིག་དང་ཡི་གེའི་བརྗོད་སྒྲ་ལ་ཞེན་དགའ་པས་རྒྱལ་བའི་གང་དགོངས་པ་གསང་དོན་དཔོག་པས་དེ་ཐོས་པ་ཆེ་བ་མིན་ཏེ་དོན་མེད་དོ། །འོ་ན་གང་ཞེ་ན། མ་ནོར་བའི་ཚིག་གཅིག་གོ་བས་ཐོས་པ་རྒྱ་མཚོ་བསགས་པའི་འབྲས་བུ་བས་མཆོག་ཕུལ་དུ་གྱུར་པའོ། །ཁྱབ་དང་མི་གནས་རྣམ་མི་རྟོག །ཞེས་པ་དག་ཤེས་རབ་ཆེན་པོས་གང་ལའང་ཟིན་ཆགས་མེད་པར་ཁྱབ་པ་ནི་སྦྱིན་པའོ། །རང་རིག་པ་མཐའ་གང་ལའང་མི་གནས་རྟེན་པ་མེད་པ་ཚུལ་ཁྲིམས་སོ། །བདག་གཞན་གང་དུའང་རྣམ་པར་མི་རྟོག་པ་བཟོད་པ། མཉམ་པའི་ངང་ནས་རང་རིག་པས་འདུ་འབྲལ་མེད་པ་བརྩོན་འགྲུས། ངང་གིས་གཡོ་བ་མེད་པས་བསམ་གཏན། ཅི་ལའང་ཆགས་ཞེན་མེད་པ་ཤེས་རབ་སྟེ། དེ་ལས་ལྷག་པའི་དོན་མེད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡང་ངོ་བོ་ཉིད་དོ། །འདོན་བརྗོད་འདྲི་ཀློག་དོན་བྱེད་པ། །ཞེས་པ་དག་ཆོས་སྤྱོད་རྣམ་བཅུ་ལ་ཞེན་པས་དོན་མ་གོ་བ་ནི། ལོང་བ་རྟ་རྒོད་རྒྱུག་པ་ལྟར་ཚི་ཆད་ཅིང་ཆུད་འཛའོ། །འོ་ན་མ་ནོར་བ་གང་ཞེ་ན། དབྱིངས་ཀྱིས་དབྱིངས་རང་རིག་པ་ཉིད་ཡི་གེར་བྲིས་རང་ཤར་བས་སེམས་ཉིད་དབྱིངས་ལ་གསལ་བའི་དོན་གོ་ན། དེ་ནི་འདོན་བརྗོད་རྒྱ་མཚོའི་མཆོག་བླ་མའོ། །དེ་བས་ན་སྤྱོད་པ་དེར་འདུས་པའོ། །མཚན་མར་བྱས་དང་སྣང་བའི་ཆོས། །ཞེས་པ་དག་སེམས་ཀྱིས་གཟུང་བས་མཚན་མར་བྱས་སྣང་བའི་ཆོས་སོ་ཅོག །རང་གི་མཚན་ཉིད་མ་འདྲེས་ལ་ངོ་བོ་དེ་ཁོ་ན་ཉིད་དུ་ཡོངས་སུ་དབྱེར་མེད་རྫོགས་པ་ནི། དཔེར་ནམ་མཁའི་ངང་ལ་འཇའ་ཚོན་ལྟར་རིག་པ་མཇལ་བའི་བྱང་ཆུབ་ཆེན་པོར་དགེ་རྩ་བསྡོས་པའི་བླ་མེད་ཕུལ་ལོ། །ཆོས་གང་སེམས་ཀྱི་དེ་ཉིད་ལ། །ཞེས་པ་དག་གོལ་བའི་རྒྱུ་ནི་ཆོས་གང་རིལ་རང་རིག་པའི་སེམས་ཀྱི་ཆོས་དེ་ཉིད་ཡིན་བཞིན་གཟུང་འཛིན་གཉིས་དང་མཐའ་གཉིས་སུ་ཞེན་པ་གང་ལྟ་བ་ནི་ཕྱིན་ཅི་ལོག་མདོངས་པས་མ་རིག་འཁྲུལ་ནོར་ཏེ། དོན་ལ་གོལ་བའི་ནང་ན་ཡང་ཐེག་ཆེན་གསང་བ་དམ་པ་ལས་ལམ་གོལ་བའོ། །རྒྱུ་རྐྱེན་རྟེན་འབྲེལ་རིམ་གྱིས་པ། །ཞེས་པ་དག་གང་དག་རྫས་དང་ཡོ་བྱད་དང་། ཤེས་རབ་ཏིང་ངེ་འཛིན་ཚོགས་པ་ལ་བརྟེན་པས་རིམ་པས་འགྲུབ་པར་བསྟན་པ་ནི། བྱིས་པ་བློ་ཆུང་དམན་པ་དག་དྲང་ཕྱིར་ཁྲིད་པའི་ཐབས་ཏེ། དོན་ཆེན་པོ་མ་བཅོས་འདི་གོ་ན་རྟེན་འབྲེལ་དང་རྒྱུ་འབྲས་རིམ་པའི་ལམ་སྔ་ཕྱི་མེད་པས་ངེས་དོན་མ་ནོར་བའོ། །མ་བཅོས་དེ་བཞིན་ཉིད་འདི་ལ། །ཞེས་པ་དག་ལྷུན་གྲུབ་མ་བཅོས་པའི་ངང་ལས་ཡིད་བཞིན་མཐུན་པར་ཅིར་ཡང་འབྱུང་བའི་རང་སྣང་བས་འབྲེལ་པ་གཉིས་ཀྱི་སྒོ་ནས་གདུལ་བྱ་སེམས་ཅན་འགྲོ་བ་ལ་སྣང་བའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པ་དག་གསང་སྔགས་ཀྱི་དོན་ཟབ་མོ་རྒྱལ་བའི་སངས་རྒྱས་དགོངས་པ་མཐར་ཐུག་སྤྱོད་ཡུལ་པ་འདིར་འགྲོ་བ་རིལ་གསང་བའི་དབྱིངས་ན་མ་བཀོལ་བར་རྫོགས་པའི་དོན་མཐོང་ན། ཐམས་ཅད་རིལ་བྱང་ཆུབ་སྙིང་པོར་སངས་རྒྱས་པར་གྱུར་བ་མཐོང་བ་ལ་འཁོར་བ་མིང་མེད་པས་འགྲོ་དོན་རྒྱ་མཚོ་བྱས་ཟིན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད། །ཅེས་པ་དག་བདེན་པ་གཉིས་གང་དུའང་ངོ་བོ་མི་ཟིན་པའི་གསང་དོན་དེ་མཐོང་རིག་ན། རིག་པའི་ངོ་བོའང་མི་ཟིན་པ་དེ་ལ་ཡུལ་བྱ་དང་ཡུལ་ཅན་བྱེད་མེད་པ་གྲོལ་བས་བཀུར་བར་བྱ་བའི་དཀོན་མཆོག་གསུམ་མཆོད་པའི་གནས་ཀྱང་རང་རིག་པར་དབྱེར་མེད་པར་མཉམ་ཉིད་གསལ་བ་ལ་ཡེངས་པ་དང་བྲལ་དྲན་པ་ནི་དགོངས་པ་ཏིང་ངེ་དམ་པའོ། །གནས་གསུམ་དམིགས་པའི་འདུ་ཤེས་མེད། །ཅེས་པ་དག་མཆོད་པའི་གནས་དམ་པ་དཀོན་མཆོག་གསུམ་གྱི་ཐ་སྙད་དུ་འདུ་ཤེས་པ་བྲལ་བས། ཡེ་མེད་པ་ལ་འཕྲལ་དུ་གདགས་པའི་མིང་ཚིག་ལས་འདས་པས་བླ་མེད་དཀོན་མཆོག་གསུམ་དང་རང་རིག་པ་གཉིས་མེད་དུ་མཆོད་མཇལ་བ་ནི། ཟག་པ་མེད་པའི་མཆོད་པ་ཆེན་པོར་བསྟན་པའོ། །བསྐལ་པ་བྱེ་བ་དཔག་མེད་དུ། །ཞེས་པ་དག་བསྐལ་པ་གྲངས་མེད་པར་ལྟ་བ་ལོག་ཅིང་མངོན་པར་ཞེན་པའི་སྒྲིབ་པ་དུག་གསུམ་ཕྲ་རགས་དང་། ལས་དང་ཉོན་མོངས་པ་དང་ཤེས་བྱ་དང་། བརྟགས་པའི་རྟོག་པ་འབྲས་བུ་གསུམ་ཡང་མ་ནོར་བར་ཚུལ་བཞིན་རྟོགས་པའི་སྐད་ཅིག་གིས་སྒྲིབ་པ་རིལ་ཀུན་གསལ་དེ་བཞིན་ཉིད་དུ་དྭངས་སངས་པར་གྱུར་བས་གཉེན་པོ་མི་དགོས་སོ། །མུན་པ་འཐིབས་པ་དེ་གང་གིས། །ཞེས་པ་དག་གང་དག་སྔར་མ་རྟོགས་པ་འཐིབས་དག་གིས་མ་ནོར་བའི་ལམ་ཐག་ཆོད་པ་བྱས་ཏེ་དེ་ཁོ་ན་ཉིད་མི་གཡོ་མི་རྟོག་བསྒོམས་ན། དེ་ཉིད་ཅི་ཡང་མ་མཐོང་བར་མཐོང་བའི་བྱིན་གྱིས་སྒྲིབ་པའི་ཚོགས་མུན་པ་སངས་དག་པ་ནི་བཤགས་པའི་ཡང་འགྱོད་ཚངས་མཆོག་གོ། །མི་མཐུན་གཉེན་པོ་མི་དམིགས་པ། །ཞེས་པ་དག་ཇི་བཞིན་པའི་ངང་ལ་སྒྲིབ་པ་མི་མཐུན་དང་ཡེ་ཤེས་གཉེན་པོ་རིས་སུ་མ་དམིགས་ཕྱེ་བས་རིལ་ཇི་བཞིན་པ་སྟོང་བ་ཉིད་ཀྱི་ངོ་བོ་བས་དེ་རྗེས་སུ་འཇུག་པ་གནས་པ་གང་ཡིན་པོས་ཀྱང་སྒྲིབ་པ་གཉེན་པོས་སྦྱང་དུ་མེད་དོ། །ཐམས་ཅད་རང་བཞིན་མ་བཅོས་པ། །ཞེས་པ་དག་དངོས་པོ་ཐམས་ཅད་རྣམས་ཀྱི་ཆོས་ཉིད་རང་བཞིན་ཇི་བཞིན་པ་ཉིད་ཇི་བཞིན་རྟོགས་ཤིང་རྟོགས་རང་རིག་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཆེན་པོའང་དེ་ཡིན་པས་སེམས་བསྐྱེད་པའང་འདུས་སོ། །ཅི་ལའང་མི་སེམས་མི་གཡོ་ཞིང་། །ཞེས་པ་དག་རང་གི་རིག་པ་ཉིད་བསྒོམ་བྱ་ཡིན་པས་ཡིད་ལ་བྱ་བ་དང་བྲལ་བས་མི་རྟོག་མི་གཡེང་རྩོལ་བའི་བསམ་པ་མི་ལྡང་ཞིང་། འདུ་ཤེས་གང་དུའང་མ་རྟོག་མ་སྐྱེས་ངང་གིས་མི་གཡོ་རྣམ་པར་མི་གཡེང་བར་ཐམས་ཅད་ཀུན་གྱི་ངོ་བོར་རང་གསལ་བས་གང་ཡང་མ་བཀོལ་ལ་ཀུན་ཤོང་བཙལ་དུ་མེད་པ་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོ་ཉིད་དོ། །ཐེག་ཆེན་གསང་བའི་སྙིང་པོ་འདི། །ཞེས་པ་དག་ཐེག་པ་མཆོག་གི་ལུགས་ཀྱིས་ནི། མཐའ་བསལ་བའི་དབུ་མ་ལ་རྟེན་མི་འཆའ་མི་དམིགས་སྟེ། ངོ་བོ་ཉིད་མཐའ་དབུས་རིལ་ལས་གྲོལ་བའོ། །རྨོངས་པ་དག་སྔགས་པར་ཁས་འཆེས་ནས་མ་སྐྱེས་དབུ་མར་ལྟ་བ་ནི། ལྟ་བ་དེ་ཉིད་ཀྱིས་བཅིངས་ནས་དོན་ཆེན་པོ་མཐའ་ལས་འདས་པར་མི་མཐོང་བའོ། །ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །ཞེས་པ་དག་ཆོས་སོ་ཅོག་དང་ཆོས་ཉིད་དང་སེམས་ཅན་དང་སངས་རྒྱས་རིལ་གདོད་ནས་མི་དམིགས་པའི་ཕྱིར་མི་མཐོང་བའོ། །དེ་ལྟར་གང་གིས་མཐོང་བ་ནི་རང་རིག་པ་ཡུལ་མེད་པར་རང་གསལ་ལ་དོན་མཐོང་བའོ། །ཡེ་ནས་མ་བཅོས་ཇི་བཞིན་པ། །ཞེས་པ་དག་ཡེ་ནས་ཕྱི་མོའི་ཆོས་ཉིད་ནི་ངོ་བོ་མ་བཅོས་མི་ཟིན་པས་མི་སྐྱེ་མི་འགག་སྐྱེ་ཤི་མེད་པར་རྣམ་ཀུན་མཁྱེན་རང་གསལ་བ་སྟེ། སུས་ཀྱང་གདོད་ནས་རྒྱུ་རྐྱེན་བྲལ་བ་ཁོ་ནའོ། །འོ་ན་དངོས་པོ་བཟང་ངན་དུ་སྣང་བ་འདི་ཅི་ཉེས་ཞེ་ན། འཁྲུལ་པ་དག་གིས་རྣམ་པར་རྟོགས་པ་བརྟས་པས་ལྟོས་པའི་གློ་བུར་བར་སྣང་བ་ཉིད་དོ། །དེ་ཉིད་དེ་དང་གང་ལྡན་པ། །ཞེས་པ་དག་གསང་སྔགས་ཀྱི་དེ་ཉིད་ངོ་བོ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་གང་ལྡན་པ་རྟོགས་པ་ནི། དམན་འགྲོ་བའི་ལུས་ལ་རྒྱལ་བའི་དགོངས་པ་ཅན་སངས་རྒྱས་ཡིན་པས། དེ་མ་ཡིན་པའི་འབྲས་བུ་ཡུལ་གཞན་ཞིག་ནས་རྒྱལ་བ་ཉིད་ཀྱིས་ཀྱང་སངས་རྒྱས་བྱ་བ་མི་བརྙེས་པས་རྟོགས་ན་ཡེ་ནས་འདི་ཉིད་དུ་འགྲེལ་ཏོ། །བརྟན་གཡོའི་དཀྱིལ་འཁོར་ཕྱག་རྒྱར་རྫོགས། །ཞེས་པ་དག་སྣོད་བཅུད་ལེན་སེམས་ཀྱི་ཆོས་ཉིད་མཐའ་དང་བྲལ་བས་དེ་ཉིད་ལྷའི་དཀྱིལ་འཁོར་ཡེ་ཤེས་ཀྱི་ཕྱག་རྒྱར་ཤར་བའི་ཕྱིར། འགྲོ་བའི་རྟོག་པ་རིལ་ཏིང་ངེ་འཛིན་ལ། སྒྲ་རྣམས་སྙིང་པོའི་རྒྱུན་དུ་སངས་རྒྱས་པའོ། །དེ་བས་ན་ངོ་བོ་ཉིད་མེད་པ་ལས་ཅིར་ཡང་བཏགས་པ་ལྟར་ཆགས་པ་རྣམས་ནི་རྒྱལ་བའི་བསྟན་པ་ཉིད་དོ། །གང་ལྟར་བསམས་ཤིང་དོན་དུ་གཉེར་བར་སྣང་ཞིང་གྲུབ་པར་རིལ་འབྲས་བུའོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཡིན་པ་དང་། གཞན་དུ་མི་རྙེད་པའི་ཕྱིར་རོ། །དེ་ནི་གསང་སྔགས་ཀྱི་ངོ་བོ་ཉིད་བསྟན་པས་མཚོན་པའོ། །ཀྱེ་གྲོགས་པོ་དག་དེ་ལྟར་ན་ཞེས་པ་ལ་སོགས་པ། སྐྱེས་བུས་བོས་ནས་བཤད་པ་ལ་སྙེགས་པའི་ཚུལ་ལྟར། རྒྱལ་བ་རིལ་གྱི་དགོངས་པ་གསང་བ་དམ་པའི་སྤྱི་དོན་དུ་ཐོས་པ་ནི་འདི་སྐད་དེ་འཁོར་བ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བསམ་ཡས་པ་ཇི་སྙེད་པ་བརྗོད་པ་ལས་འདས་པ་རིལ་ནི་བཏགས་པའི་ཚིག་གིས་ཡོད་པ་ཙམ་ལས་ངོ་བོ་འདི་འདྲར་བཟུང་དུ་མེད་དེ་མཐའ་ཐམས་ཅད་བྲལ་བའི་རང་བཞིན་དེ་ཉིད་ཆོས་སྐུ་ཆེན་པོར་སངས་རྒྱས་པ་ལ། འཕྲལ་དུ་རྩོལ་བས་ཐོབ་པར་བྱར་ཅི་མེད་དེ། ཆོས་སོ་ཅོག་གི་རང་བཞིན་གདོད་ནས་དེ་ལྟ་བུའི་ངོ་བོ་ཉིད་དུ་འཕོ་འགྱུར་མེད་པའོ། །ཨ་ཧོ་ཞེས་པ་ཡི་གེ་གཉིས་ནི་ངོ་བོ་མེད་པ་ཉིད་ཅིར་ཡང་སྣང་བས་གཉིས་མེད་དུ་བསྟན་པའོ། །ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་དག་དེ་སྐད་སྟོན་པའི་རྒྱལ་བ་རིལ་གྱི་ངོ་བོའང་གཅིག་དང་དུ་མའི་ཚིག་ལས་ཀྱང་གྲོལ་ཏེ། ངང་གིས་བདེ་སྡུག་གི་ཐ་སྙད་མེད་ཅིང་རྒྱུ་འབྲས་དང་ཆོས་སོ་ཅོག་མ་འདྲེས་རྫོགས་པའི་ངོ་བོ། གང་དང་ཡང་མ་བྲལ་ལ་ལྷན་མི་གཅིག་པས་མ་གོས་དྲི་རྡུལ་བྲལ་བའི་ངོ་བོར་བཞུགས་པའོ། །བསླབ་པ་ཐ་མའི་དཔེ་དོན་གསལ་བར་བསྟན་པའི་ཕྱིར། དེ་ནས་གསང་བའི་བདག་པོ་ཉིད་ཀྱིས། ཞེས་པ་དག་རྒྱལ་བ་རིལ་གྱི་དགོངས་པ་ཐོས་པ་བགྲོད་པའི་རྗེས་སུ་དེ་ནས། དོན་བསྡུ་བ་སྐྱེས་བུ་ཉིད་ཀྱིས་གསུངས་པ་ནི། དཔེར་ན་ཀུན་ཏུ་རྒྱུ་བའི་མི། །ཞེས་པ་དག་ཆོས་མཐུན་པའི་ཚོང་པ་ཀུན་ཏུ་རྒྱུ་བའི་མ ི་དག་གིས་འདོད་པའི་ཡུལ་དུ་གང་འགྲོ་བ་མང་པོ་བགྲོད་ཀྱང་ཐ་མར་རང་གི་གནས་ཁང་དུ་འདུ་བ་ལྟར། ལམ་པས་བསླབ་པ་བཅུའི་གཅིག་མ་གཏོགས་པའི་ཆོས་བསམ་གྱིས་མི་ཁྱབ་དང་། ཐེག་པའི་སྒོ་དང་ལམ་ཇི་སྙེད་བསམ་ཡས་ཀྱང་། དེ་དག་ངེས་པའི་ལམ་མ་ཡིན་ཏེ། མི་ཤེས་པ་དྲང་བ་ཙམ་མོ། །ལྷག་མ་ནི་དེ་རིལ་གྱི་བསམ་ཡུལ་རྩ་བ་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་རྣམས་གསང་བ་དམ་པའི་དོན་དུ་འདུས་ཏེ། དེ་ནི་ཐམས་ཅད་ཀྱི་དངོས་གཞི་བས་དེ་རྟོགས་ནས་བསླབ་བྱ་རིལ་ཆུབ་པའི་དོན་ཏོ། །དོན་རྣམས་གཅིག་ཏུ་སྡུད་པ་ཡི། །ཞེས་པ་དག་སྒྲ་ཇི་བཞིན་ནོ། །འདི་ཁོ་ན་གཅེས་པ་ཅི་ཕྱིར་སྙམ་པ་ལ། དམ་པ་འདིར་འདུས་ཀུན་ཤེས་ན། །ཞེས་པ་དག་འདིར་བཤད་པ་ལྟར་རིག་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དངོས་མཐའ་ཡས་ཡིན་པས་མདོ་འདིར་གཅིག་པ་སྟེ། གྲལ་ཐ་མར་ངེས་པའང་དེའི་ཕྱིར་རོ། །གྲོགས་པོ་དག །དེ་དག་ནི་ཞེས་པ་ལ་སོགས་པ། བསླབ་པ་བཅུ་པོ་ཇི་ལྟར་བཤད་པའི་ངོ་ཏི་བསྟན་པའོ། །དེ་སྐད་ཅེས་སྨྲས་པས། ཞེས་པ་དག་བསླབ་པ་བཅུ་སྐྱེས་བུས་བགྲོས་པས་རིག་འཛིན་མིའི་ཐོད་པ་ཅན་ལ་སོགས་པས་ཆོས་རྣམས་མ་འདྲེས་རྫོགས་པའི་དོན་གཅིག་ཏུ་གདེང་རྙེད་པ་སྟེ་ཡོན་ཏན་ནོ། །དེ་ནས་གསང་བའི་བདག་པོ་ཉིད་ལ། །ཞེས་པ་དག་སྐྱེས་བུ་ལ་འཁོར་རྣམས་གསང་དོན་བཀའ་སྩལ་པས། དགའ་བའི་སེམས་ཀྱིས་དྲིན་ལན་གྱི་ཚུལ་དུ་བསྟོད་པ་ནི། ཨེ་མའོ་སྐྱེས་ཆེན་གསང་བའི་བདག །ཅེས་པ་དག་དུས་གསུམ་དུ་གསང་སྔགས་ཀྱི་མངའ་དག་ཏུ་གྱུར་བ་མཐུ་རྩལ་ཁྱད་པར་གྱུར་པས་ངོ་མཚར་བའི་འཆད་སྨྲ་པའི་སྐྱེས་བུ་ཆེན་པོའི་སྐུ་གསང་སྔགས་ཀྱི་བདག་པོ་ཆེན་པོ་ཁྱོད་ཡིན་ནོ། །ཞེས་སྐུའི་སྒོ་ནས་བསྟོད་པའོ། །ཤེས་རབ་ཀྱི་རྩལ་འཕང་ཁྱད་པར་ཅན་གྱིས་གསང་སྔགས་སྟོན་པའང་སེང་གེའི་ང་རོ་ལྟར་ཟིལ་གྱིས་གནོན་པའི་གསུང་མངའ་བའོ་ཞེས་གསུང་གི་སྒོ་ནས་བསྟོད་པའོ། །ཁྱོད་ནི་གསང་སྔགས་ཟབ་མོ་དེ་ཁོ་ན་ཉིད་ངོ་བོ་བས་རྒྱལ་བ་རིལ་གྱི་ཐུགས་ཀྱང་ཡིན་ནོ་ཞེས་ཐུགས་ཀྱི་སྒོ་ནས་བསྟོད་པའོ། །ཁྱོད་ནི་གསང་བ་ཡེ་ཇི་བཞིན་པའི་ངོ་བོ་རྒྱལ་བ་ཀུན་བས་སྔར་བྱུང་བས་རྒྱལ་བ་རིལ་གྱི་མེས་ཆེན་པོའོ་ཞེས་ཡོ ན་ཏན་གྱི་སྒོ་ནས་བསྟོད་པའོ། །ཟླ་དང་བྲལ་བས་གཉེན་པོ་མེད་པའི་བདག་ཉིད་ཅན་པས་མཐུ་སྟོབས་ཁྱད་པར་གྱུར་པའང་ཁྱོད་དོ་ཞེས་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ། །དུས་གསུམ་གྱི་རྒྱལ་བ་ཀུན་ལ་གསང་སྔགས་དམ་པ་སྟོན་པའི་དགེ་བའི་བཤེས་གཉེན་སྟོན་པ་པོ་ཡང་ཁྱོད་དོ་ཞེས་མཁྱེན་པའི་སྒོོ་ནས་བསྟོད་པའོ། །སེམས་དཔའ་ཆེན་པོ་ཁྱོད་ནི་དུས་གསུམ་རྒྱལ་བ་ཐམས་ཅད་གཅིག་དུ་མ་དང་བྲལ་བའི་ཚུལ་གྱིས་རྫོགས་པས་སངས་རྒྱས་ཀུན་དངོས་གཞི་ཡང་ཁྱོད་དོ་ཞེས་ངོ་བོའི་སྒོ་ནས་བསྟོད་པའོ། །རྟོགས་པའི་རྒྱུད་འདི་ལ་འཁོར་གྱི་བསྟོད་པ་ནི་གང་ཞེ་ན། ཀུན་གྱི་འབྱུང་གནས་མེ་ལོང་གསལ། །ཞེས་པ་དག་བཀའ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་རྒྱུད་འདི་ནི། བསྟན་པ་ཀུན་གྱི་འབྱུང་གནས། ཆོས་ཐམས་ཅད་ཀྱི་མེ་ལོང་། བཀའ་རིལ་གྱི་འགྲེལ་པ། དོན་གྱི་མདོ་ཡིན་ནོ་བར་བསྟོད་པ་སྟེ་བཤད་པ་བཞིན་ནོ། །དེ་ལྟ་བུ་རྨད་དུ་བྱུང་བའི་ཐེག་པ་བདག་ཅག་དང་ལྷ་མིའི་ཡུལ་དུ་གྲགས་པ་ངོ་མཚར་བའོ། །གསང་བ་ཆེན་པོ་འདི་འབྱུང་ཚུལ་བཅུ་གཉིས་ཀྱི་དུས་སུ་དུས་ཐམས་ཅད་དུ་བྱུང་བའི་ངོ་མཚར་ཅེས་པའི་དོན་ཏོ། །ཨ་ཧོཿ ཞེས་པ་གཉིས་མེད་ཀྱི་དོན་མཆོག་སྟོན་པའི་རྒྱུད་ཐོས་པས་དགའ་བ་སྟེ། ངེས་དོན་རྒྱུད་ཀྱི་ནང་ན་ཡང་མཆོག་ཡིན་ནོ་བར་བསྟོད་པའོ། །དེ་ནས་ཅང་མི་དམིགས་པར་གྱུར་ཏེ། ཞེས་པ་འཁོར་རྣམས་ཀྱིས་ཆོས་ཀྱི་སྐུ་ཆེན་པོ་མངོན་དུ་བྱས་པའི་ཕྱིར་རོ། །གང་དུ་ངེས་པར་བགྲོས་པའི་གསང་བ་དམ་པ་དག་ཅེས་པ་ལུང་བསྟན་པ་རྒྱུད་པའི་གླེང་གཞིའི་དབང་སྟེ། གནས་ཀྱི་དངོས་པོ་རི་མ་ལ་ཡའི་རྩེར། གསང་བདག་སྐྱེས་བུས་གསང་བ་དམ་བ་ལང་ཀའི་མངའ་བདག་ལ་སོགས་པ་ལ་བཀའ་སྩལ་པ་ལས། ལྷ་མིའི་འཇིག་རྟེན་རྣམས་སུ་ཁྱབ་པར་གྲགས་ཤིང་། ཤིན་ཏུའང་དེ་ལ་མོས་སྤྱོད་དགའ་བས་དམ་པར་བྱེད་པའི་ཕྱིར་ཡོངས་སུ་གྲགས་པ་སྟེ། དེ་ལྟར་གྲགས་པས་དམ་པའི་རིགས་ཅན་ལྔ་དང་། དམན་པའི་ལུས་ཅན་སོ་སོས་བཟུང་ན ས་མི་ནུབ་པར་བྱེད་པའི་ཕྱིར། ཆེད་དུ་གཏད་པ་མ་སྨོས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སངས་རྒྱས་ཀུན་གྱི་དགོངས་པའི་ལེའུ་ཞེས་བྱ་སྟེ་བདུན་ཅུ་ལྔ་པ་བཤད་པའོ།། །།དེ་ནས་ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་ཚུལ་ལས། ཞེས་པ་དག་བྱུང་ཚུལ་བཅུ་གཉིས་པ་བགྲོས་པ་སྟེ་སྒྲ་བཞིན་ནོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། ཞེས་པ་ལེའུ་ཐ་མའི་དོན་ཉིད་ཀྱིས་འགྲེལ་ཏོ། །ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཞེས་པ་ཐེག་པ་མཆོག་སྒྲོ་སྐུར་མེད་པ་མཚོན་པར་བྱེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་མེ་ལོང་། ཞེས་པ་ལོག་པའི་ལམ་དང་ཡང་དག་པའི་ལམ་ཀུན་གསལ་བར་སྟོན་པའི་ཕྱིར་རོ། །བཀའ་ཐམས་ཅད་ཀྱི་འགྲེལ་པ། ཞེས་པ་རིལ་དོན་འདིས་གཏན་ལ་ཕེབས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཀུན་གྱི་དགོངས་པ་དམ་པ་གསང་བ། ཞེས་པ་གསང་སྔགས་མཐར་ཐུག་པ་ནི་བློས་རེག་ཅིང་བསྟན་པ་དང་བརྟག་པར་དཀའ་བའོ། །གསང་བའི་བདག་པོས་གནས་དྲག་ཤུལ་ཅན་གྱི་རི། གནོད་སྦྱིན་འདུ་བ་སྲིན་པོའི་འཁྲ་སར། སྡུད་པ་ལང་ཀའི་མངའ་བདག་དང་། འཁོར་དམན་པའི་ལུས་ཅན་ལ་བཀའ་སྩལ་ཅིང་བགྲོས་པའི་དོན་རྒྱུད་འདིའོ་ཞེས་པའི་དོན་ཏོ། །ཡིད་བཞིན་ནོར་ལྟར་ལྷུན་གྲུབ་སྐུ་མངའ་ཐབས་མཆོག་གར་ཐབས་སྤྲིན་དཔུང་གིས། །གདུལ་བྱ་ཇི་སྙེད་མ་ལུས་འདོན་ཅིང་སྒྲོལ་བྱེད་རྒྱལ་པོའི་སྐུ་མཆོག་ལ། །འགྲོ་དང་སངས་རྒྱས་གཉིས་མེད་མ་བསླད་མ་བཅོས་བདག་ཡིན་ཤེས་སེམས་ཀྱིས། །སྣང་སྲིད་དག་པའི་རང་བཞིན་ཀུན་བཟང་མཆོད་འབུལ་དབྱེར་མེད་བསྟོད་ཕྱག་འཚལ། །སྒྲོལ་བྱེད་ཀུན་བཟང་དགོངས་དོན་གསང་སྔགས་རྒྱ་མཚོ་དོན་མཆོག་དཔག་དཀའ་བའི། །དུས་གསུམ་དུས་མེད་མངོན་ཆུད་བདག་གྱུར་སེང་གེའི་སྒྲ་འཆང་སྐྱེས་བུ་ལ། །གསང་བདག་ཉིད་ཀྱང་གཞན་མིན་བདག་སེམས་མཐའ་བྲལ་ཉིད་ཡིན་རིག་སེམས་ཀྱིས། །སྒོ་གསུམ་གཉིས་མེད་ངང་དུ་མཇལ་བའི་མཆོད་འབུལ་བསྟོད་ཕྱག་འཚལ། །རྒྱུ་འབྲས་ཐེག་པའི་གཞི་རྩ་ཆོས་རྣམས་ཀུན་དོན་གསལ་བྱེད་མེ་ལོང་རྒྱུད། །བསྟན་པ་རྒྱ་མཚོ་དཔག་མེད་རྒྱལ་བ་ཀུན་ཡུམ་རྣལ་འབྱོར་ལམ་མཆོག་ཉིད། །འགྲོ་བའི་སྨན་དང་མགོན་གྱུར་ཉི་འདྲ་རྣལ་འབྱོར་གྲུབ་ལུང་དགོངས་མཛོད་ལ། །རྒྱུད་ཉིད་རང་སེམས་གསུང་ལྔ་ལྷུན་གྲུབ་ཡིན་ཤེས་སེམས་ཀྱིས་བསྟོད་ཕྱག་འཚལ། །གསང་བདག་སྐྱེས་བུའི་དགོངས་རིག་ཉི་ཞལ་རྒྱུ་འབྲས་ཆོས་ལ་དབང་ཐོབ་ཅིང་། །བྱང་ཆུབ་མཆོག་ལྡན་ཀུན་གྱི་སྐད་དུ་བསྒྱུར་མཁྱེན་དྷརྨ་བོ་དྷི་ལ། །གསེར་གྱི་རི་བོ་ལྟ་བུར་གདུང་ཞིང་སེམས་པས་ལུས་སེམས་གུས་སྤྱོད་ཅིང་། །སྤྱོད་ལམ་རྣམ་བཞིར་ཡོ་བྱད་བརྒྱད་ཀྱིས་མཉེས་མཆོད་གུས་འབུལ་བསྟོད་ཕྱག་འཚལ། །གང་དག་སྦྱར་མ་མི་ཤེས་སྐོམ་གདུངས་འཐུངས་རྣམས་བརྒྱལ་གཟེར་མྱོས་གཟེར་བསྔལ་གྱུར་ལ། །བདུད་རྩི་རིག་སྔགས་འཆང་བས་སྦྱར་མ་རྩི་སྔགས་ཟིན་པས་ནད་བསལ་བདེ་ཐོབ་ལྟར། །མ་རིག་ཤེས་མདོངས་རྣམས་ནི་དེས་གདུངས་ལོག་དུག་མྱོས་དབང་སྒོ་གསུམ་ཉམ་ཐག་ལ། །མ་སྤངས་དོན་སྦྱོར་སྐྱེས་བུས་དོན་བསྟན་ནང་གི་ནད་བསལ་བདེ་ཆེན་མངོན་ཐོབ་ཤོག །ལ་ལ་ཉི་ནུབ་གྱུར་པས་མུན་ཆུད་ལམ་སྟོར་གཡང་ས་ངམ་གྲོག་ཉིད་གྱུར་ལ། །དེ་མངོན་བརྩེ་བས་སྒྲོན་མེས་ལམ་བཙལ་ངམ་གྲོག་གཡང་ཐར་བདེ་ཐོབ་བཞིན། །ཤེས་རབ་མིག་ལྡོངས་ཡང་དག་ལམ་སྟོར་རྒྱུད་དོན་མ་རྙེད་ཤིན་ཏུ་ཉམ་ཐག་ལ། །དཀའ་འགྲེལ་སྒྲོན་མེས་ལོག་ལྟ་དཔྱིས་ཕྱུང་གོལ་བའི་ལམ་བཀག་ཐར་པའི་བདེ་ཐོབ་ཤོག །ཕལ་ཆེར་ཨབ་ར་ཚ་རིམས་ལ་སོགས་གནོད་རྐྱེན་མང་པོས་དབང་ཉམས་ལྡོངས་པ་ལ། །འཚོ་བྱེད་གཞོན་ནུས་ཐུར་མས་རབ་རིབ་ནད་བསལ་དངོས་པོ་སྣ་ཚོགས་མཐོང་འགྱུར་ལྟར། །རང་ཉམས་འཁྲུལ་དང་ལོག་བྱེད་རྐྱེན་གྱིས་དབང་པོ་མཆོག་ལྡོང་གྱུར་པ་ལ། །དཀའ་འགྲེལ་ཐུར་འདྲས་ཟག་མེད་དབང་པོའི་སྤྱན་ནད་བསལ་ནས་ལུང་གི་དོན་མཐོང་ཤོག །དེ་ལྟར་ཀུན་གྱི་རྒྱུད་རྟོགས་བདེན་མཐོང་འཇུག་པས་དོན་ལ་བསྒོམ་མེད་བསྒོམ་བྱས་ཤིང་། །གོམས་པས་འགྲོ་དོན་མཐུ་བརྟས་སྣང་བཞིན་གྲུབ་འབྲས་མཐའ་ཡས་གཏེར་རྣམས་མངོན་ཐོབ་ནས། །རྒྱ་མཚོའི་རླབས་བཞིན་ཐུགས་རྗེའི་བྱིན་ཤར་གཞན་དོན་བསམ་པ་སྣ་ཚོགས་མོས་པ་བཞིན། །རྟོག་མེད་མ་བཙལ་ཤུགས་ཀྱིས་མཛད་པས་འཁོར་བ་རྒྱ་མཚོ་སར་བཀོད་སྟོངས་པར་ཤོག །རྒྱུད་འགྲེལ་ཉི་མ་རྣལ་འབྱོར་བཞི་བཅུའི་བློ་ཡུལ་ཀུན་ཏུ་རྒྱས་ཤར་བས། །རྨོངས་པའི་མུན་ནག་གསལ་བྱས་ཉོན་མོངས་མཚོ་སྐམས་ཡང་དག་དྲོད་གཡོས་ཏེ། །སྒོ་གསུམ་འབྲས་བུའི་ས་བོན་སེལ་མེད་ཟག་མེད་ལོ་ཏོག་རྒྱས་པར་སྨིན་གྱུར་པས། །འབྲས་བུའི་ཆོས་ཀྱི་མུ་གེ་ཚར་གཅད་ཀུན་ཀྱང་འབྲས་བུའི་དབང་ཕྱུག་ཆེན་པོར་ཤོག །ལྡེ་མིག་ཐ་རམ་ཇི་བཞིན་འགྲེལ་བར་རྒྱུད་དོན་གསང་བ་ལུང་གི་སྒོ་ཕྱེ་བས། །གསང་མཛོད་དཀོར་བདུན་ལ་སོགས་གྲུབ་མཐའ་རྣལ་འབྱོར་ཀུན་ཐོབ་ཆོས་ཀྱི་དབུལ་བྲལ་ནས། །འགྲོ་བ་དེས་དབུལ་མ་ལུས་རྒྱུད་འཛིན་རྣམས་ཀྱི་བདེ་ལ་རིམ་པར་བཀོད་བྱས་ནས། །དུས་གསུམ་དུས་སུ་ཐེག་ཆེན་གསང་བའང་མི་ནུབ་རྒྱལ་མཚན་རྡོ་རྗེ་སྙིང་པོར་ཤོག །རིན་ཆེན་ཆུ་དྭངས་ལྟ་བུར་མུན་པའི་སྐྱོན་སེལ་དོན་མཆོག་གསལ་འབྱེད་གོ་ཆ་འདིས། །ལོག་ལྟའི་དཔུང་བཟློག་བསྐུར་བྲལ་ཉེ་ལམ་དམ་པ་འདི་ལ་ཀུན་ཀྱང་སེམས་སྐྱེས་ནས། །རྒྱུ་འབྲས་ལྟ་བའི་ཤན་ཕྱེད་ཀུན་ཀྱང་རྒྱུ་ལས་འབྲས་བུར་འཇུག་གྱུར་ཚེ་འདིས་མཐར་ཕྱིན་པའི། །རྒྱུད་འདི་ཀུན་གྱི་སྙིང་ལྟར་ཕོངས་ཤིང་མིག་ལྟར་འཚོ་བྱེད་ནན་ཏན་བསྒྲུབ་པར་ཤོག །རྒྱལ་བའི་དགོངས་པ་ཉི་སྟོང་འོད་ཕུང་ཟེར་གྱི་ཆ་ཙམ་བདག་བློ་མུན་ཤར་མཐུས། །ཀུན་བཀོད་རྒྱུད་དོན་ཕྱོགས་ཤར་དམན་དོན་བརྗེད་བྱང་ཙམ་དུ་བཀོད་བྱས་པའི། །མུན་པའི་གོ་ཆ་དཀའ་འགྲེལ་བརྩམ་བྱས་རས་ཆོད་གྱུར་ཅིང་འགལ་ནོངས་ཅི་མཆིས་པ། །དྭངས་པའི་སེམས་ཀྱིས་བླ་མ་ལྷ་དང་འཕགས་པ་རྣམས་ལ་བཤགས་པས་བཟོད་པར་གསོལ། །ཕོ་ཐེག་ཆེ་ལ་རང་ཕྱོགས་ཅན། །སྒྱུ་འཆང་གདུང་བྲལ་ཐབས་འདྲུལ་ཞིང་། །ཐོབ་ནས་དཔོན་བསྐུར་ང་མཁས་སྨྲ། །ཁ་འགྲོ་ངང་ཐུང་སྣང་ཚོངས་བྱེད། །ལྕི་བའི་སེམས་བྲལ་སེར་སྣ་ཅན། །འདོད་ལ་འཕྱལ་བའི་མེ་ལྟོ་ཅན། །བླ་མ་སྤོང་བྱེད་རྒྱུད་མི་འཛིན། །ཁེ་གྲགས་སེམས་ཀྱིས་གཞོགས་ངོམ་བྱེད། །ཡོན་གྱི་སྦྱིན་པ་ཚོལ་བའི་ཕྱིར། །གཏུགས་ནས་དྷརྨ་འདོད་པ་ལ། །རྒྱལ་ཁམས་བྱོ་བཟློག་སྲོག་འཕྲོག་ཀྱང་། །ནམ་ཞར་བསྟན་པར་མི་བྱའོ། །ངང་རིང་དད་ལྡན་གདུང་སེམས་ཅན། །སྒྱུ་མེད་སྲོག་འདོར་ཆོས་ལ་སེམས། །བརྒྱུད་འཛིན་རིགས་འཚོབ་ཚུལ་ཤེས་པ། །ཡོ་བྱད་བརྒྱད་ལྡན་བུ་མཆོག་ཉིད། །ཟླ་ལས་ལོག་པའི་མཚན་ཉིད་ཅན། །ཟང་ཟིང་དབང་པོར་བརྗེ་སེམས་ཀྱིས། །བདག་གཞན་དོན་ཕྱིར་རྫོགས་པར་སྦྱིན། །ནན་ཏན་གདམས་ངག་གཉེར་དུ་གཏད།། །།རྒྱ་གར་གྱི་མཁན་པོ་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དྷཱ་ན་རཀྵི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས། བྲུ་ཞའི་ཡི་གེ་ལས་བྲུ་ཞིའི་ཡུལ་གྱི་ཁྲོམ་དུ། བོད་ཀྱི་ཡི་གེར་བསྒྱུར་ཞིང་གཏན་ལ་ཕབ་པའོ།། །།རྩ་བ་བྱུང་ཚུལ་བཅུ་གཉིས། ལེའུ་བདུན་ཅུ་རྩ་ལྔ། བམ་པོ་བཅུ་དང་ཤྭ་ལོ་ཀ་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སོ། །ཅུ་རྩ་གཉིས་པའི་འགྲེལ་པ་བམ་པོ་བཅོ་ལྔ་པ་རྫོགས་སོ།། །།ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ་མུན་པའི་གོ་ཆ་ཞེས་བྱ་བ། དཔལ་གསང་བའི་བདག་པོའི་ཕྱག་གི་རྡོ་རྗེས་གསང་སྔགས་ཐམས་ཅད་ཀྱིས་མཛོད་འཛིན་པར་མངོན་སུམ་དུ་དབང་བསྐུར་བས། ས་གསུམ་པ་འོད་བྱེད་པའི་མངོན་རྟོགས་བརྙེས་པར་ཡོངས་སུ་གྲགས་པ་འཇམ་དཔལ་གྲུབ་པའི་རིག་སྔགས་འཆང་བ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་མཛད་པའོ།། །། ༈ ཤྲཱི་ཤྲཱི་ཤྲཱི་སྭཱ་སྟི་བི་ཛ་ཡནྟུ། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་བདག་ཉིད་མངའ་དབང་ཡོངས་རྫོགས་མགོན་པོ་དེས། །ཆོས་དབྱིངས་རབ་འབྱམས་ཞིང་རྣམས་ཀུན་ཏུ་སྒྲོན་མ་བཀོད་པའི་དཀྱིལ་ཁོར་ན། །རྒྱལ་ཚབ་སྐྱེས་བུའི་རྣམ་འཕྲུལ་དུ་མས་རྒྱུན་དང་གནས་སྐབས་བཅུ་གཉིས་སུ། །གསང་སྔགས་ཀུན་གྱི་དེ་ཉིད་བསྒྲོས་ནས་གཏན་ལ་ངེས་པར་དབབ་པའི་ཚུལ། ༡ །སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞིས་བསྟན་པ་གང་། །རྒྱུད་ཀྱི་རྒྱལ་པོ་ལུང་གི་སྤྱི་འགྲེལ་མན་ངག་ཀུན་གྱི་རྩ་བ་མཆོག །བསྟན་པའི་འབྱུང་གནས་ཆོས་ཀྱི་མེ་ལོང་དོན་གྱི་མཇུག་སྡུད་ཐེག་པའི་རྩེ། །ཆེ་བ་བདུན་ལྡན་སངས་རྒྱས་ཀུན་གྱི་དགོངས་པ་འདས་པའི་མདོ་ཆེན་པོ། ༢ །རིག་འཛིན་ཀླུ་དབང་འབུམ་གྱི་གཙུག་རྒྱན་སྙན་རྒྱུད་དམ་པའི་དེད་དཔོན་གྱིས། །ཉེར་བླང་སྐལ་ལྡན་དབུལ་བ་སེལ་སླད་གསང་བའི་མཛོད་དུ་རྒྱས་བཏབ་པ། །རྣམ་པར་འབྱེད་པའི་བློ་གྲོས་ལྡེའུ་མིག་རྡོ་རྗེ་རྣོན་པོས་བྱིན་པ་ལས། །སངས་རྒྱས་ཡེ་ཤེས་ཉིན་བྱེད་ཤར་བས་གངས་ཅན་མུན་པའི་གོ་སྐབས་འཕྲོག ༣ །འོན་ཏེ་དུས་མཐའི་རླུང་ཤུགས་བདོ་བས་ཆུ་ལྷའི་ཕངས་པར་སྤྱན་དྲངས་ཤིང་། །བཤད་སྒྲུབ་འོད་སྣང་ཡོངས་སུ་བསྡུས་ནས་རིང་ཞིག་ལོན་པ་དེ་ལྟ་ནའང་། །ཆོས་ཀྱི་རྒྱ་མཚོ་བསྲུབ་པའི་ཐུགས་བསྐྱེད་རི་ལྟར་བསྟན་པའི་ཕྲིན་ལས་ཀྱིས། །སླར་ཡང་དགོངས་འགྲེལ་པདྨོའི་གཉེན་འདི་ལས་འཕོའི་མཁའ་ལ་གསལ་བར་གྱུར། ༤ །དེ་ཚེ་དཔག་མེད་སྐུ་ཡི་ཕྲེང་བར་རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །འཛིན་པའི་སྨོན་ལམ་མཐུ་ལ་དབང་བསྒྱུར་ཀུན་མཁྱེན་བརྩེ་བའི་གཏེར་ཆེན་པོའི། །ཕྲིན་ལས་སྤྲུལ་པའི་རང་གཟུགས་དངོས་སྣང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས། །བསྟན་ལ་རབ་དགོངས་སྔོན་གྱི་ཐུགས་དམ་གོ་ཆ་ཆེན་པོ་ཡོངས་སུ་བགོས། ༥ །རྨད་བྱུང་གསང་རྒྱུད་རྒྱ་མཚོའི་ཡང་སྙིང་ཡིད་བཞིན་རིན་ཆེན་དབང་གི་རྒྱལ། །ཐབས་མཁས་ངོ་མཚར་སྤར་གྱི་འཕྲུལ་ཆེན་རྒྱལ་མཚན་རྩེ་མོས་ཡོངས་མཆོད་ནས། །མ་ཟད་ཆོས་སྦྱིན་འདོད་རྒུའི་གྲུ་ཆར་རྟག་པར་འཇོ་བའི་བཀའ་དྲིན་གྱིས། །བློ་མཆོག་རེ་བའི་ཤིང་རྟ་འགེངས་པའི་ངེས་གསང་ཆོས་ཀྱི་དགའ་སྟོན་ལ། ༦ །དོན་ཆེན་དམ་པའི་མཆོག་ཏུ་རྣམ་ངེས་ལེགས་མཛད་བཟང་པོའི་རྣམ་དཀར་རྒྱུན། །འགྲོ་རྒྱུད་དྲི་མའི་དག་བྱེད་མཆོག་དང་ཕན་བདེ་ཉེར་འཚོའི་གཞིར་འགྱུར་ཞིང་། །བྱང་ཆེན་གླིང་བཞིའི་རྒྱ་མཚོར་རོལ་དབུས་ཐེག་མཆོག་བསྟན་པའི་རི་དབང་སྟེང་། །གསང་མཆོག་རྣམ་རྒྱལ་ཁང་བཟང་རྩེ་མོས་བཤད་སྒྲུབ་བ་དན་བསྒྲེང་གྱུར་ཅིག ༧ །གདོད་ནས་རྣམ་དག་རྒྱལ་བ་ཡེ་ཤེས་འདུས་མ་བྱས་པའི་ཆོས་སྐུ་དང་། །འགྲོ་བའི་རང་བཞིན་སེམས་ཀྱི་དཀྱིལ་འཁོར་ངོ་བོ་ཉིད་ཀྱི་འོད་གསལ་བ། །གཉིས་སུ་མ་དམིགས་དབྱེ་བ་བྱར་མེད་སོ་སོ་མ་ཡིན་འདུས་མ་ཡིན། །བདེན་པ་དེས་ནི་སྣོད་བཅུད་སྣང་སྲིད་ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག །འདིའང་གདན་ས་དཔལ་གྱི་ཀཿཐོག་ཏུ། །མཆོག་སྤྲུལ་དམ་པའི་ཐུགས་བསྐྱེད་འབྲས་སྨིན་ཚེ། །ཀུན་བཟང་བསྟན་ལ་མོས་པའི་དཱ་རི་དྲས། །གུས་ཤིང་དྭངས་པ་ཆེན་པོས་བརྗོད་པ་དགེ། །སརྦ་དཱ་ཀ་ལྱཱ་ཎ་བྷ་ཝནྟུ།། །། ༈ ༀ་སྭ་སྟི། ཕྱོགས་བཅུ་ཀུན་ཏུ་སྙན་པར་གྲགས་པ་ཡི། །ངེས་གསང་མདོ་ཡི་གསལ་འབྱེད་པོ་འདི། །སྲིད་པའི་མཐར་ཡང་མི་ནུབ་དར་ཞིང་རྒྱས། །འཆད་རྩོམ་ཉི་ཟླའི་སྣང་བས་ཁྱབ་གྱུར་ཅིག །རྡོ་རྗེ་ནོར་བུའི་ལྷུན་པོ་ལུང་ཆེན་ལ། །བཤད་སྒྲུབ་ཐོས་བསམ་བསྒོམ་ལ་བརྩོན་པ་རྣམས། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་མཐར་ཕྱིན་ནས། །སྒྲོལ་བྱེད་ཐུགས་རྗེས་རྒྱལ་པོའི་གནས་ཐོབ་ཤོག །མངྒ་ལཾ།། །།


previousསངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོའི་དཀའ་འགྲེལ་མུན་པའི་གོ་ཆ་ལྡེ་མིག་གསལ་བྱེད་རྣལ་འབྱོར་ཉི་མ། གནུབས་ཆེན་སངས་རྒྱས་ཡེ་ཤེས།no next