Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གོ་བདུན་པ།

1 occurrence of མགོན་པོ་བྱང་
[Clear Hits]


  
  
 
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།


1 occurrence of མགོན་པོ་བྱང་
[Clear Hits]

 
previousཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།no next

ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།

གླེགས་བམ་གསུམ་པ།
ས རྦ དྷ རྨ མ ཧཱ ས ནྟི བོ དྷི ཙི ཏྟ ཀུ ལ ཡ རཱ ཛ ཊཱི ཀ ས མ ནྟ ར ཤ ཡཱ ལཾ ཀཱ ར ན མ བི ཧ ར ཏི སྨ། །
ཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
སྤྱི་དོན་གཉིས་པ་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལ་གསུམ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཉིད་དུ་རོ་གཅིག་པས་ཆོས་ལ་བྱ་རྒྱུ་མེད་པའི་དོན་མདོར་བསྟན་པ། དེའི་དོན་རང་བཞིན་བཅུ་ལ་བསྒོམ་དུ་མེད་པའི་དབྱེ་བ་རྒྱས་པར་བཤད་པ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀུན་བྱེད་བྱ་རྩོལ་མེད་པའི་ངང་ལ་འདུས་ཤིང་གཉིས་མེད་དོན་གྱི་རང་བཞིན་ཆེན་པོར་བསྒྲངས་ཤིང་བསྟོད་པས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྟོག་པ་གླེང་གཞི་གཞི་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་ཆོས་ཉིད་དེ་བཞིན་ཉིད་ཀྱི་དགོངས་པ་ལ་བཞུགས་ཚུལ་དང་། རྟོགས་པའི་རང་བཞིན་གླེང་བསླང་བ་དངོས་ཕུན་སུམ་ཚོགས་པའི་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྟན་པའོ། །དང་པོ་ནི། དེ་ལྟར་རྒྱུད་སྔ་མ་རྫོགས་པའི་རྗེས་དེ་ནས་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་གྱུར་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་གདོད་ནས་སྐྱེ་བ་མེད་པ་ཡུལ་མེད་ཟང་ཐལ་ཆེན་པོ་ཀ་དག་གཞི་རྩ་དང་བྲལ་བར་རྟོགས་པའམ་མཁྱེན་པའི་ངང་ནས་ཅང་མི་གསུང་བར་སྨྲ་བསམ་བརྗོད་པ་དང་བྲལ་བ་ཆོས་ཉིད་ཀྱི་དགོངས་པ་ལ་བཞུགས་སོ། །དེ་ལ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་ཤིང་དེའི་ངོ་བོར་གྱུར་པའི་ཚུལ་ཀྱང་། བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ནི་གནས་ཕུན་སུམ་ཚོགས་པ་དང་། དེའི་ངོ་བོ་གསལ་བའི་ཆ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོན་པ་ཕུན་སུམ་ཚོགས་པ་དང་། སེམས་ཉིད་འགག་པ་མེད་པའི་རྩལ་ལས་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་འཁོར་ཕུན་སུམ་ཚོགས་པ་དང་། ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཡེ་ནས་རྫོགས་ཤིང་བྱ་བྱེད་རྩོལ་བ་ལ་མི་ལྟོས་པར་སངས་རྒྱས་བ་ནི་རྒྱལ་བའི་བསྟན་པ་རྒྱ་མཚོའི་དགོངས་དོན་མཐར་ཐུག་པ་ཡིན་པས་དེ་ཉིད་བསྟན་པ་ཕུན་སུམ་ཚོགས་པ་དང་། དེ་ལྟ་བུའི་སེམས་ཉིད་རྒྱུ་ལས་འདས་པ་རང་བྱུང་འདུས་མ་བྱས་དེ་ལ་དུས་གསུམ་གྱི་དབྱེ་བ་མེད་པར་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོར་གནས་པ་ནི་དུས་ཕུན་སུམ་ཚོགས་པ་སྟེ། རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། ཡེ་ཤེས་ཁྱབ་བདག་རིག་པའི་སྐུ། །རང་བྱུང་རིག་པ་མ་འགགས་གསལ། །བརྗོད་མེད་སེམས་ཀྱི་ངོ་བོ་ན། །རང་བྱུང་སྟོན་པ་ཐུགས་རྗེའི་བདག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །རང་སེམས་སྟོན་པར་མ་ཤེས་ན། །རང་བྱུང་མཐོང་བར་ཡོངས་མི་འགྱུར། །དེས་ན་ཡེ་ཤེས་རྫོགས་པའི་དོན། །རང་རིག་བདེ་བར་ཤེས་པར་གྱིས། །རང་བྱུང་རྒྱལ་པོ་སྟོན་པའི་མཆོག །ཡེ་ཤེས་མ་འགགས་ཅིར་ཡང་གསལ། །རིག་པ་ཀློང་གི་འཁོར་དུ་རྫོགས། །རང་སེམས་བདེ་ལ་ཀུན་རྫོགས་པས། །བསྟན་པ་རྒྱ་མཚོ་རིག་པའི་ཀློང་། །རྣམ་དག་རང་སེམས་སྐྱེ་མེད་པས། །འགྱུར་མེད་འཁོར་ལོ་རིག་པའི་གནས། །ཡེ་ཤེས་རྩོལ་མེད་གནས་ཀྱི་མཆོག །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། ཇི་ལྟར་རྟོགས་ཚུལ་འཁོར་གྱིས་དྲིས་པ་དང་། དེའི་ལན་སྟོན་པས་རྒྱ་ཆེར་གསུངས་པའོ། །དང་པོ་ནི། དེ་ལྟར་སྟོན་པས་དགོངས་དོན་ཕུན་སུམ་ཚོགས་པའི་རང་བཞིན་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་བཞག་པ་དེ་ནས་སེམས་དཔའ་རྡོ་རྗེ་འཁོར་ཐམས་ཅད་ཀྱི་ནང་ནས་དམ་པའམ་མཆོག་ཏུ་གྱུར་པ་དེས། སྟོན་པ་ཀུན་བྱེད་ཉིད་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྐུ་གསུམ་གྱི་སྟོན་པ་མ་ལུས་པའི་སྟོན་པར་གྱུར་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ལགས། ཉིད་ཀྱིས་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པས་རྩོལ་བསྒྲུབ་གང་ཡང་མི་དགོས་པའི་དགོངས་དོན་ཟབ་མོ་མ་ནོར་བ་ལེགས་པར་གསུངས་པའི་མདོ་ལུང་ལྔ་བཅུ་རྩ་བདུན་པོ་དག་མཐར་ཕྱིན་ནས། ད་ལྟ་ཅིར་ཡང་མི་གསུང་བར་དགོངས་དོན་རྟོགས་པའི་ངང་ལ་མཉམ་པར་བཞག་སྟེ་བཞུགས་པ་འདི་ལྟར་ལགས་ན། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་གསུམ་པོ་གཅིག་དང་ཐ་དད་སྣང་བ་དང་སྟོང་པ་ལ་སོགས་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཚུལ་ཇི་ལྟར་རྟོགས་པ་དང་། དེ་བཞིན་དུ་དེ་རྣམས་ཀྱིས་ལེགས་པར་གསུངས་པའི་བསྟན་པ་གསུམ་པོ་ཡི་རང་བཞིན་ཉིད་ཀྱིས་ཚུལ་ཇི་ལྟར་རྟོགས་པའི་ཚུལ་དང་། སྐུ་གསུམ་གྱི་སྟོན་པའི་འཁོར་རྣམས་དང་བཞུགས་པའི་གནས་དང་ཕུན་སུམ་ཚོགས་པའི་དུས་རྣམས་ཀྱི་རང་བཞིན་ཡང་ཚུལ་ཇི་ལྟར་རྟོགས་པ་ལགས། དེ་ལྟ་བུའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་རྣམས་ཀྱི་རང་བཞིན་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོགས་པའི་དོན་ནམ་དགོངས་ཤིང་གཟིགས་པའི་དོན་དེ། བདག་ཅག་འདུས་པའི་འཁོར་ཚོགས་རྣམས་ལ་མ་ནོར་ཞིང་ལེགས་པར་བསྟན་དུ་གསོལ། ཞེས་ཞུས་སོ། །གཉིས་པ་ལ་གཉིས་ཏེ། གང་གསུངས་པ་བཤད་བྱའི་ཆོས་སྤྱིར་བསྟན་པ་དང་། ཇི་ལྟར་གསུངས་པ་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་ཇི་ལྟར་རྟོགས་པའི་དགོངས་དོན་ཟབ་མོ་གསུང་བར་ཞུས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་གང་ཞིག་བཤད་པར་བྱ་བའི་ཆོས། སྟོན་པ་ཀུན་བྱེད་ཉིད་ཀྱིས་ཆོས་རྣམས་ཇི་ལྟར་རྟོགས་པ་ཡི་དོན་བཤད་པ་ཞེས་བྱ་བའི་རྩ་རྒྱུད་ཕྱི་མ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཕུན་སུམ་ཚོགས་པའི་རང་བཞིན་སྐྱེ་མེད་གཅིག་གི་ངོ་བོར་སྟོན་པ་ཉིད་ཀྱིས་རྟོགས་པའི་ཚུལ། དེ་གཞན་ལ་གདམས་པའི་ཚུལ། ཀུན་དོན་སྐྱེ་བ་མེད་པའི་དབྱིངས་སུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པས་མཚོན་པའི་ཆོས་རྣམས་སོ། །སོར་རྟོགས་ལས་ཀུན་བྱེད་སྐྱེ་བ་མེད་པའི་རང་བཞིན་མ་རྟོགས་པར་མཁྱེན་ཚུལ་དང་། གཟུགས་བརྙན་སྣ་ཚོགས་མེ་ལོང་གི་ངོས་རོ་གཅིག་པ་ལྟར་ཕུན་སུམ་ཚོགས་པས་མཚོན་པའི་ཆོས་རྣམས་སྐྱེ་བ་མེད་པའི་ཆོས་ཉིད་གཅིག་ཏུ་རྟོགས་ཚུལ་དངོས་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་འཆད་འགྱུར་གྱི་དོན་འདི་ལེགས་པར་ཉོན་ཅིག །དེ་ཡང་ཚུལ་ཇི་ལྟར་ན་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི་ཞེས་སྐུ་གསུམ་གྱི་སྟོན་པ་རྣམས་གང་ལས་འབྱུང་བའི་ཁུངས་བསྟན་ནས་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་རྣམས་སོ་སོར་འདུལ་བའི་དོན་དུ་གང་ཞིག་གསུངས་པ་ཡི་དྲང་དོན་གྱི་ཆོས་རྣམས་ཀྱི་དོན་ནི། ཐེག་པའི་རྣམ་གྲངས་གང་དང་གང་དག་གསུངས་བར་མཛད་པའི་སྟོན་པ་རེ་དང་། དེ་རྣམས་གང་དུ་བཞུགས་པའི་གནས་དང་། དེ་དག་ལ་འདུས་པའི་འཁོར་གྱི་ཚོགས་དག་དང་། རྒྱལ་བ་དེ་དག་གིས་གསུངས་པའི་བསྟན་པ་རྣམས་དང་། དེ་དག་སོ་སོའི་བཀའ་ཡི་སྡུད་པ་པོ་རྣམས་སོ་སོར་ཐ་དད་དུ་གནས་པར་རྟོགས་པ་ནི། ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་གཅིག་ཏུ་རྟོགས་པ་མིན་པར་ཀུན་བྱེད་རྒྱལ་པོ་ང་ཡིས་མཁྱེན་པར་གྱུར་ཏོ་ཞེས་སོ། །གཉིས་པ་ལ་གཉིས་ཏེ། ཆོས་ཉིད་གཅིག་གི་རང་བཞིན་སྐྱེ་བ་མེད་པར་བསྟན་པ་དང་། ཆོས་ཅན་སྣ་ཚོགས་སྐྱེ་བ་མེད་པའི་རང་བཞིན་དུ་བསྟན་པའོ། །དང་པོ་ནི། ཀྱེ་ཞེས་རང་སྣང་གི་འཁོར་ཚོགས་རྣམས་ལ་བོས་ཏེ། སྟོན་པ་ཀུན་བྱེད་ང་ཡིས་ཆོས་རྣམས་ཇི་ལྟར་རྟོགས་པའི་ཚུལ་བསྟན་པ་ནི། ང་ཉིད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་བློ་ལས་འདས་པའི་རང་བཞིན་ཡིན་ཏེ། དེས་ན་གཞི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་དེ་ཡི་རྩལ་ལས་ཤར་ཞིང་བྱུང་བའི་འཁོར་འདས་ཀྱི་ཆོས་རྣམས་ནི་ཇི་ལྟར་སྣང་བ་ཐམས་ཅད་ཀུན་ཀྱང་རྒྱུ་མེད་རྐྱེན་བྲལ་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་ཐ་དད་མེད་པར་ཆོས་ཉིད་ཉག་གཅིག་གི་རང་བཞིན་དུ་རྟོགས་སོ་ཞེས་པ་སྟེ། ཀློང་ཆེན་ལས། ཐ་དད་སྣང་ཡང་མ་སྐྱེས་པས། །སྐྱེ་མེད་ཀློང་དུ་དབྱེ་བསལ་མེད། །ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་གཞིར་ཤར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ལེགས་པར་སྟེ་གུས་པའི་ཚུལ་གྱིས་ད་དུང་ཕུན་སུམ་ཚོགས་པའི་རང་བཞིན་གྱི་ཆོས་རྣམས་སྟོན་པ་ང་ཡིས་ཇི་ལྟར་རྟོགས་པའི་ཚུལ་འདི་ཉོན་ཅིག་དང་རྒྱས་པར་བཤད་པར་བྱའོ། །དེ་ལ་ང་ཉིད་རྒྱུ་རྐྱེན་གང་ལས་ཀྱང་སྐྱེ་བ་མེད་པ་ཡེ་སྟོང་སྤྲོས་བྲལ་ཆེན་པོ་སྨྲ་བསམ་བརྗོད་དུ་མེད་པར་ཀུན་བྱེད་ངས་རྟོགས་པས་ན། སྐྱེ་མེད་གཅིག་གི་རང་རྩལ་ཡིན་པའི་ཕྱིར་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ཡང་སྐྱེ་བ་མེད་པར་རྟོགས་ལ། སྐུ་གསུམ་གྱི་སྟོན་པ་གསུམ་པོ་དེ་ཡིས་གསུངས་པའི་བསྟན་པ་རྣམ་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས་པ་དང་། དེ་དག་གང་ལ་བསྟན་པའི་འཁོར་དང་སྟོན་འཁོར་དེ་རྣམས་བཞུགས་པའི་གནས་དང་འདུ་བའི་དུས་རྣམས་ཀྱང་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་ཀ་དག་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལས་ཐ་དད་མེད་པར་གཉིས་མེད་ཆོས་སྐུའི་ངོ་བོར་རྟོགས་པ་ཡིན་ཞིང་། དེ་བཞིན་དུ་སྔར་འདས་པའི་སངས་རྒྱས་རྣམས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པས་ཆོས་ཉིད་དེ་དང་མཚུངས་པར་གདོད་ནས་སྐྱེ་བ་མེད་པར་རྟོགས་ལ། ད་ལྟར་བྱུང་བའི་སངས་རྒྱས་དངོས་སུ་འཚོ་ཞིང་བཞུགས་པ་མ་ལུས་པ་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པ་ཉིད་ཀྱི་རང་བཞིན་དུ་རབ་ཏུ་རྟོགས་པ་དང་། ད་སྔོན་མ་བྱོན་ཞིང་སླད་ཀྱིས་འབྱུང་བའི་སངས་རྒྱས་མ་ལུས་པ་ཡང་ཆོས་ཉིད་སྐྱེ་བ་མེད་པ་སེམས་ཉིད་ཀུན་བྱེད་རྒྱལ་པོའི་རང་བཞིན་དེ་ཁོ་ན་ཉིད་དུ་རབ་ཏུ་རྟོགས་པ་ཡིན་ནོ་ཞེས་ད་ལྟའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སྐྱེ་བ་མེད་པ་འདི་ཉིད་རྟོགས་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྐྱེ་མེད་ཀ་དག་ཆེན་པོ་གཅིག་གི་རང་བཞིན་དུ་རྒྱ་གྲོལ་ལ་འགྲོ་བར་བསྟན་པའོ། །དེས་ན་ཀ་དག་ཡེ་སྟོང་ཆེན་པོ་ཆོས་ཉིད་དོན་གྱི་ནམ་མཁའ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཀློང་ཡངས་པ་ན། རིག་པའི་རྩལ་སྣང་འགགས་པ་མེད་པ་གསེར་གྱི་བྱ་ཁྱུང་ལྡིང་བ་ལྟ་བུའི་ངོ་མཚར་བའི་སྟོང་གཟུགས་སྒྱུ་མའི་རོལ་པར་ཤར་བ་ཐམས་ཅད་ལ། མཚན་མ་རང་རྒྱུད་པའི་ཆོས་སུ་གྲུབ་པ་ཅི་ཡང་མེད་པས། བློ་དང་དངོས་པོ་གཉིས་མེད་དུ་རྟོགས་པར་གདམས་པ་དང་། དེ་བཞིན་དུ་ཆོས་ཉིད་སྤྲོས་པ་དང་བྲལ་བ་རྒྱ་མཚོ་ལྟ་བུའི་ཀློང་ན་རིག་རྩལ་འགགས་མེད་གསེར་གྱི་ཉ་མོ་ལྟ་བུ་འགྱུ་ཡང་བློ་དང་དངོས་པོའི་ཆོས་སུ་གྲུབ་པ་མེད་པས་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་དུ་རྟོགས་པར་གདམས་ཏེ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཆོས་ཉིད་མི་འགྱུར་སྤྲོས་བྲལ་རྒྱ་མཚོ་ལ། །ཀ་དག་སེམས་བྲལ་གསེར་གྱི་ཉ་མོ་འགྱུ། །ཀློང་ངོས་གཉིས་མེད་རང་བྱུང་ཡེ་རྒྱས་ཐོབ། །ཆོས་ཉིད་མིང་དང་བྲལ་བའི་ནམ་མཁའ་ལ། །མཚན་མའི་ཡུལ་མེད་རང་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །བཅོས་མ་མ་ཡིན་རང་གི་བདེ་བ་འབྱུང་། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །གཉིས་པ་དེ་གཞན་ལ་གདམས་པའི་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ཀྱིས་ཕུན་སུམ་ཚོགས་པ་ལྔས་མཚོན་པའི་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པ་དེ་ལྟར། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་ཡེ་སྟོང་ཆེན་པོའི་རང་བཞིན་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྣ་ཚོགས་སུ་སྣང་བ་ཉིད་སྐྱེ་མེད་གཅིག་ཏུ་མ་རྟོགས་ན་ཆོས་ཉིད་ཀྱི་དོན་ལ་རྨོངས་པར་གདམས་པ། རྨི་ལམ་སྣ་ཚོགས་གཉིད་ཀྱི་ངང་དུ་གཅིག་པ་ལྟར་ཕུན་སུམ་ཚོགས་པས་མཚོན་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་རོ་གཅིག་པར་གདམས་པའོ། །དང་པོ་ནི། གོང་དུ་ཇི་སྐད་བསྟན་པ་དེ་བཞིན་དུ་གལ་ཏེ་སེམས་དཔའ་རྡོ་རྗེས་ཆོས་འདི་དག་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་གཅིག་གི་རང་བཞིན་དུ་དེ་ལྟར་མ་རྟོགས་ན། ཀུན་བྱེད་ང་ཡི་རང་བཞིན་རིག་སྟོང་སྐྱེ་བ་མེད་པ་གཉིས་མེད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཏེ་རྟོགས་པར་མི་འགྱུར་ལ། དེ་ལྟར་ཀུན་བྱེད་ང་ཡི་རང་བཞིན་སྐྱེ་མེད་བསམ་ཡུལ་ལས་འདས་པ་དེ་ཁྱོད་ཀྱིས་མ་རྟོགས་ན། ལྟ་སྤྱོད་དང་དཀྱིལ་འཁོར་དམ་ཚིག་ལ་སོགས་པའི་རང་བཞིན་བཅུ་པོ་དེ་ཉིད་ཆོས་རྣམས་ཐམས་ཅད་ཀྱི་སྙིང་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པས། སྙིང་པོའི་རང་བཞིན་བཅུ་ཞེས་གསུངས་པ་དེ་དག་ཀྱང་ཡེ་གྲོལ་སྐྱེ་བ་མེད་པར་རྟོགས་པར་མི་འགྱུར་ཞིང་རྨོངས་པར་འགྱུར་རོ་ཞེས ། རྫོགས་ཆེན་གྱི་རིག་པ་ངོ་མ་འཕྲོད་པར་ཆོས་རྣམས་ཀྱི་ཆོས་ཉིད་ཇི་བཞིན་དུ་རྟོགས་པ་མེད་པར་གསུངས་ལ། དེ་ལྟར་རང་བཞིན་བཅུ་ཡི་དོན་སྐྱེ་མེད་བྱ་བཙལ་དང་བྲལ་བའི་རང་བཞིན་ཡིན་པ་ལ་རྨོངས་ཞིང་རྟོགས་པ་མེད་པའི་གང་ཟག་དེ་ཡིས། རང་བཞིན་བཅུ་པོ་དེ་ཡེ་ནས་མ་བཙལ་ལྷུན་གྱིས་རྫོགས་པས་ད་གཟོད་རྩོལ་སྒྲུབ་ཀྱིས་བསྒོམ་དུ་མེད་པའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལུང་འཆད་འགྱུར་བཅུ་པོ་འདི་ཉིད་ཇི་ལྟར་རྟོགས་ཏེ་རྟོགས་པར་མི་འགྱུར་བས་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་སྐྱེ་མེད་སྤྲོས་བྲལ་བརྗོད་ལས་འདས་པ་འདི་ཉིད་རྟོགས་པར་མཛོད་ཅིག་ཅེས་གདམས་སོ། །གཉིས་པ་ནི། ཀྱེ་སྟོན་པ་ཀུན་བྱེད་ང་ཡིས་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཇི་ལྟར་བསྟན་པ་ལྟར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་དེ་བཞིན་དུ་རྟོགས་པར་བྱོས་ཤིག །དེ་ཡང་ཀུན་བྱེད་ང་ཡི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་མེད་མ་བཅོས་གཉུག་མའི་རང་བཞིན་དུ་རྟོགས་པ་ལྟར་དུ་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རང་བཞིན། དཔེར་ན་རྨི་ལམ་གྱི་རོལ་པ་ཅི་ཤར་ཐམས་ཅད་གཉིད་ཀྱི་ངང་དུ་ཐམས་ཅད་དབྱེར་མེད་པར་གཅིག་པ་ལྟར་ཆོས་ཉིད་སྐྱེ་བ་མེད་པ་གཅིག་གི་རང་བཞིན་དུ་རྟོགས་པར་གྱིས་ཤིག །དེ་ལ་འཁོར་འདས་ཀྱི་ཆོས་གང་དང་གང་ཞེ་ན། འདི་ལྟར་ཀུན་བྱེད་ཉིད་ཀྱི་རང་བཞིན་རྣམ་པ་གསུམ་ལས་རང་ཤར་བའི་སྐུ་གསུམ་གྱི་སྟོན་པ་རྣམ་པ་གསུམ་ཡང་ཀུན་བྱེད་ང་ཡིས་སྐྱེ་བ་མེད་པར་རྟོགས་པ་ལྟར་དུ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་དེ་བཞིན་དུ་རྟོགས་པར་གྱིས་ཤིག །དེ་བཞིན་དུ་སྐུ་གསུམ་གྱི་བསྟན་པ་གསུམ་ཡང་སྐྱེ་བ་མེད་པར་རྟོགས་པ་དང་། དེ་དག་གི་འཁོར་དང་གནས་དང་དུས་རྣམས་ཀྱང་སྐྱེ་བ་མེད་པར་རྟོགས་པར་གྱིས་ཤིག །དུས་གསུམ་དུ་གཤེགས་བྱོན་འབྱོན་འགྱུར་གྱི་སངས་རྒྱས་རྣམས་ཀྱང་སྐྱེ་བ་མེད་པར་རྟོགས་པ་དང་། ཁམས་གསུམ་རྒྱུད་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ཀྱང་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོར་སྐྱེ་བ་མེད་པར་རྟོགས་པ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་སྣོད་འབྱུང་བ་ལྔ་པོ་ཡང་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་རབ་ཏུ་རྟོགས་པར་གྱིས་ཤིག །འདོད་ཁམས་གཟུགས་ཁམས་གཟུགས་མེད་དེ་ཁམས་གསུམ་དང་ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་པོ་རྣམས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་གདངས་ལས་འགགས་པ་མེད་པའི་རོལ་པར་ཤར་ཞིང་། ཤར་བའི་དུས་ཉིད་ནས་གཞི་མེད་རྩ་བྲལ་ཆེན་པོ་ཆོས་དབྱིངས་སྐྱེ་བ་མེད་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་དང་། འདོད་པའི་ཡོན་ཏན་ལྔ་ཡི་ངོ་བོ་གཟུགས་སྒྲ་དྲི་རོ་ལ་སོགས་པ་དབང་པོ་ལྔའི་ཡུལ་སྣང་རྣམ་པ་ལྔ་ཡང་གདོད་ནས་སྐྱེ་བ་མེད་པར་སྟོན་པ་ང་ཉིད་ཀྱི་ཇི་ལྟར་རྟོགས་པ་ལྟར་དུ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་རྟོགས་པར་གྱིས་ཤིག་ཅེས་གདམས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། ཇི་ལྟར་ནམ་མཁའ་ཡང་བའི་དབྱིངས་རུམ་དུ། །སྣོད་བཅུད་འབྱུང་བཞི་འཕོ་འགྱུར་ཅིར་སྣང་ཡང་། །སྟོང་པའི་གཟུགས་ཏེ་རང་བཞིན་མེད་པ་ལྟར། །བྱང་ཆུབ་སེམས་སྣང་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྒྱུ་མའི་གཟུགས་བརྙན་ཅིར་སྣང་ཡང་། །སྟོང་པའི་རང་བཞིན་དངོས་པོ་མེད་པ་ལྟར། །སྣང་སྲིད་ཆོས་ཀུན་སྣང་བའི་དུས་ཉིད་ནས། །བྱང་ཆུབ་སེམས་ལས་མ་གཡོས་དངོས་པོ་མེད། །ཇི་ལྟར་རྨི་ལམ་གཉིད་ལས་མ་གཡོས་ཤིང་། །སྣང་བའི་དུས་ན་རང་བཞིན་མེད་པ་ལྟར། །སྣང་སྲིད་འཁོར་འདས་བྱང་ཆུབ་སེམས་ཀྱི་ངང་། །ཇི་བཞིན་མ་གཡོས་དངོས་པོ་མཚན་མ་མེད། །ཅེས་གསུངས་པ་ལྟར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་མེད་པས་ཡེ་སྟོང་སྤྲོས་བྲལ་ཆེན་པོའི་རང་བཞིན་དུ་རྟོགས་པར་གདམས་སོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཆོས་ཀུན་སྐྱེ་མེད་དུ་བསྟན་པ་དང་། དེ་ཉིད་རྟོགས་པས་དབྱིངས་སྐྱེ་མེད་དུ་ཕྱིན་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཆོས་ཉིད་གཅིག་གི་རང་བཞིན་ཡིན་པའི་རྒྱུ་མཚན་དེའི་ཕྱིར་ན་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་ཡིན་དེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཡིན་པས་ན། ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་འདི་ཉིད་ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་རྟོགས་པར་གྱིས་དང་ཆོས་ཀུན་གྱི་རང་བཞིན་སྐྱེ་མེད་དུ་རྟོགས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བའམ། གཞི་མ་ནི་ཀུན་བྱེད་ང་ཉིད་ཡིན་པ་དེ་ཡི་ཕྱིར་ན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ང་ཉིད་རྒྱུ་ལས་མ་སྐྱེས་པས་སྐྱེ་མེད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་རྟོགས་པས། ཐམས་ཅད་དེ་ཡི་རང་བཞིན་ལས་མེད་པའི་ཕྱིར་ན་སྲིད་དང་ཞི་བའི་ཆོས་ཀུན་ཀྱང་སྐྱེ་བ་མེད་པའི་དབྱིངས་སུ་རྟོགས་པར་གྱུར་ཏེ་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་པའི་ཀློང་ཆེན་པོར་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་གླེང་གཞིའི་ལེའུ་སྟེ་ང་བརྒྱད་པའི་འགྲེལ་བའོ།། ༈ །།གཉིས་པ་དེའི་རང་བཞིན་བཅུ་ལ་བསྒོམ་དུ་མེད་པའི་དབྱེ་བས་རྒྱས་པར་བཤད་པ་ལ། ལེའུ་བཅུ་གཉིས་དོན་གསུམ་གྱིས་བཅིང་ནས་འཆད་དེ་ཡེ་ནས་དག་པའི་སེམས་ཉིད་སྦྱངས་གཞིར་མ་གྲུབ་པས་ལྟ་བ་དཀྱིལ་འཁོར་དབང་ལ་སོགས་པས་མ་སྨིན་པ་སྨིན་པར་བྱེད་པའི་གཞི་ལོག་པར་བསྟན་པ། སྒྲུབ་བསལ་ལས་འདས་པའི་སེམས་ཉིད་བཟང་ངན་བླང་དོར་དུ་མ་གྲུབ་པས་སྦྱང་བགྲོད་བསྐྱེད་རྫོགས་ལ་སོགས་པའི་བསྒོམ་པས་སྨིན་པ་གྲོལ་བར་བྱེད་པའི་ལམ་འཁྲུལ་བར་བསྟན་པ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་སེམས་ཉིད་ཐོབ་བྱ་ཐོབ་བྱེད་དུ་མ་གྲུབ་པས་སངས་རྒྱས་ཕྱི་ནས་འདོད་པའི་འབྲས་བུ་མེད་པར་བསྟན་པའོ། །དང་པོ་ལ་ལེའུ་ལྔ་ལས། དང་པོ་རང་བྱུང་གི་སེམས་ཉིད་བློ་འདས་དམིགས་སུ་མེད་པ་བལྟ་བྱ་ལྟ་བྱེད་ལས་འདས་པས་བལྟར་མེད་བརྗོད་བྲལ་ཆེན་པོ་རྟོགས་པར་འདོད་པའི་སྐལ་ཆད་སྙིང་པོའི་དོན་དང་འགལ་བར་སྟོན་པའི་ལེའུ་ང་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་དབྱེར་མེད་པར་བཞུགས་ཚུལ་དང་། དེ་དག་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་རྟོགས་ཚུལ་གྱིས་གླེང་བསླང་བའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པ་དང་བྱང་ཆུབ་ཀྱི་སེམས་ལ་བལྟ་བྱ་ལྟ་བྱེད་གཉིས་སུ་མ་གྲུབ་པས། ལྟ་བ་བསྒོམ་དུ་མེད་པར་རྟོགས་པར་གྱིས་ཤིག་པར་གདམས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཉིད་བལྟར་མེད་པའི་ངོ་བོ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། ལྟ་བ་ཡུལ་མེད་ཀུན་གསལ་ཆེན་པོར་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། ཆོས་ཐམས་ཅད་ཀྱི་རང་བཞིན་གང་དུའང་མ་གྲུབ་པས་བྱ་བྱེད་རྩོལ་སྒྱུབ་ལས་འདས་པའི་དོན་འདི་ལེགས་པར་སྟེ་མ་ནོར་ཇི་བཞིན་ཉིད་དུ་ད་ལྟ་རུ་རྟོགས་པར་གྱིས་ཤིག །དེ་ལ་དོན་མ་ནོར་པ་ནི་གང་ཡིན་ཞེ་ན། འདི་ལྟར་ཤེས་བྱའི་ཆོས་རྣམས་ཀུན་གྱི་རྩ་བའམ་འབྱུང་གནས་སུ་གྱུར་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ལ་བལྟ་བར་བྱ་བའི་ཡུལ་དང་། ཡུལ་དེ་ལ་ལྟ་བར་བྱེད་པ་པོའི་ཡུལ་ཅན་གཉིས་ཡོད་པ་མ་ཡིན་པར་ཆོས་ཉིད་དམིགས་བསམ་དང་བྲལ་བ་སྤྲོས་མེད་ཐིག་ལེ་ཉག་གཅིག་ཏུ་གནས་པ་ཡིན་ལ། དེ་ལྟ་བུས་གང་ལ་བལྟར་མེད་པའི་རང་བཞིན་ཆོས་ཀུན་གྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཡེ་གྲོལ་བསལ་བཞག་མེད་པར་གང་ཟག་གང་གིས་རྟོགས་པ་དེ་ཡིས་དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་མཐར་ཐུག་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ལེགས་པར་རྟོགས་པ་ཡིན་ནོ། །ཚུལ་དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ནམ་མཁའ་ལྟ་བུར་བསམ་དུ་མེད། །ནམ་མཁའ་བསམ་དུ་མེད་པ་བཞིན། །ཡེ་ཤེས་བསམ་དུ་མེད་པའང་ཡིན། །ཅིར་ཡང་མི་དགོངས་རང་བཞག་པ། །དུས་གསུམ་རྒྱལ་བའི་ལྟ་བ་ཡིན། །བལྟ་མེད་རང་བཞག་ལྟ་བ་ནི། །དུས་གསུམ་གང་ཡང་མ་ཡིན་ཏེ། །འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཉིད་ཀུན་བྱེད་རྟོགས་པར་འདོད་པས་ཆོས་ཀུན་མ་སྐྱེས་པ་བལྟར་མེད་དུ་སྤྱིར་གདམས་པ། ཀུན་བྱེད་ཡུལ་མེད་ལྟ་བ་ལས་འདས་པ་ལས་གཞན་པའི་ལུང་ལ་མ་བརྟེན་ཞིག་པར་གདམས་པ། ཨ་ཏི་གཉིས་མེད་ལྟ་ཡུལ་ལས་འདས་པ་མཐོང་བ་མེད་པའི་དོན་ལ་གདམས་པའོ། །དང་པོ་ནི། ཀྱེ་ཇི་ལྟར་ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཆོས་རྣམས་མ་ལུས་པ་འདི་ཀུན་ཡེ་ནས་གཞི་དབྱིངས་ནམ་མཁའ་ལྟ་བུའི་ཀློང་ནས་གཞི་མེད་སྟོང་གཟུགས་ཀྱི་རོལ་པ་ཙམ་དུ་ཤར་ཞིང་། དེ་ལྟར་ཤར་བ་ལྟར་སྣང་བའི་དུས་ན་ཡང་དོན་ལ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པའི་ངོ་བོར་དབྱེར་མེད་པར་དུས་རྣམས་ཀུན་ནས་གནས་པ་ཡིན་པས་ན། གང་སུ་ཞིག་ཆོས་ཉིད་སྙིང་་པོའི་དོན་ལ་བློ་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས། ཀུན་བྱེད་ང་ཡི་རང་བཞིན་མ་སྐྱེས་སྤྲོས་པ་དང་། བྲལ་བའི་ཚུལ་འདི་རྟོགས་པར་གྱིས་ཤིག་དང་ཆོས་རྣམས་ཀུན་གྱི་རང་བཞིན་ཡང་དེ་ལྟར་དུ་རྟོགས་པར་འགྱུར་རོ་ཞེས་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་ཆོས་ཐམས་ཅད་དེ་དང་ངོ་བོ་དབྱེར་མེད་པས་སེམས་ཉིད་གཅིག་པུ་སྐྱེ་མེད་དུ་རྟོགས་པས་དེ་དང་ངོ་བོ་དབྱེར་མེད་པའི་ཆོས་ཀུན་ཀྱང་སྐྱེ་མེད་དུ་རྟོགས་ནུས་པ་གོང་དུ་བསྟན་པ་ལྟར་དང་། གཞན་ཡང་སེམས་ཞིག་ཡོད་ན་དེ་ཡི་ཡུལ་དུ་གྱུར་པའི་ཆོས་ཞིག་ཡོད་རིགས་ནའང་། སེམས་མེད་ན་ཆོས་ཀྱང་ཡོད་པར་སུ་ཡིས་རྟོགས་ཏེ་རྟོགས་པ་མེད་པས་ཀུན་བྱེད་སེམས་ཀྱི་རང་བཞིན་སྐྱེ་མེད་དུ་རྟོགས་པས་ཆོས་ཐམས་ཅད་ཀྱང་རང་བཞིན་མེད་པར་རྟོགས་པར་གསུངས་ཏེ། གྲུབ་དབང་སཱ་ར་ཧ་པས། གལ་ཏེ་བདག་པོ་ཡོད་ན་ནོར་ཡོད་དེ། །ཡེ་ནས་བདག་མེད་དེ་ལ་ཅི་ཞིག་ཡོད། །སེམས་ཡོད་གྱུར་ན་ཆོས་ཀུན་ཡོད་རིགས་ཏེ། །སེམས་མེད་པ་ལས་ཆོས་ཤིག་སུ་ཡིས་རྟོགས། །སེམས་དང་ཆོས་སུ་སྣང་བ་ཐམས་ཅད་ནི། །བཙལ་ན་མི་རྙེད་ཚོལ་མཁན་གཞན་ནའང་མེད། །མེད་པ་དུས་གསུམ་མ་སྐྱེས་མི་འགག་པ། །དེ་ཉིད་གཞན་དུ་འགྱུར་བ་མེད་པ་ནི། །རང་བཞིན་བདེ་བ་ཆེན་པོའི་གནས་ལུགས་ཡིན། །ཞེས་སོ། །གཉིས་པ་ལུང་གཞན་ལ་མི་བརྟེན་པར་གདམས་པ་ལ་དྲུག་སྟེ། སྐུ་གསུམ་སྟོན་པའི་དྲང་ལུང་ཀུན་བྱེད་དང་འགལ་བ། ཀུན་བྱེད་མ་རྟོགས་ན་གློ་བུར་དྲི་བྲལ་གྱི་སངས་རྒྱས་མི་འབྱུང་བས་དུས་གསུམ་སངས་རྒྱས་ཀྱིས་རྟོགས་སུ་མེད་པ། ཀུན་བྱེད་དམིགས་བསམ་ཡུལ་འདས་ཆེན་པོར་རྟོགས་ནས་དྲི་བྲལ་གློ་བུར་གྱི་སངས་རྒྱས་ཀྱིས་ཀྱང་དོན་དེ་གཞན་ལ་སྟོན་པར་ནུས་པ། ཀུན་བྱེད་བྱར་མེད་ཡེ་ནས་དག་པའི་གནས་ལུགས་མེད་ན་ཇི་ལྟར་འབད་ཀྱང་འཁོར་བ་ལས་མི་གྲོལ་བས་འབད་པ་དོན་མེད་པ། དེ་ཉིད་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། མ་བསྟན་ན་འཁོར་བར་འཁྱམས་པའི་ཉེས་པ་བཤད་པའོ། །དང་པོ་ནི། ཀྱེ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་སྐྱེ་མེད་ནམ་མཁའ་ལྟ་བུའི་འོད་གསལ་འདུས་མ་བྱས་པའི་གནས་ཚུལ་འདི་མ་རྟོགས་པར། གནས་སྐབས་དབང་པོ་རྣོ་བརྟུལ་སྣ་ཚོགས་ཡོད་པ་དེ་དག་གི་བློ་དང་འཚམས་པར་སོ་སོར་བསྟན་པའི་ཐེག་པ་འོག་མ་དྲང་དོན་དགོངས་པ་ཅན་གྱི་ལུང་གང་དང་རྩོལ་སྒྲུབ་ཅན་གྱི་རིགས་ཅན་གྱི་གང་ཟག་དེ་དག་གི་ཡིད་འཐད་པར་གྱུར་ཅིང་དེ་ལ་འཇུག་ན་ཡང་། ཐེག་པ་དེ་དག་གིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་པར་ལ་མ་ཟློས་ཤིང་རྒྱུས་སྤང་བླང་གི་ལམ་ལ་གནས་པའི་ཕྱིར་ན་ལྟ་བ་བསྒོམ་དུ་མེད་པའི་དོན་མ་རྟོགས་པར་ཞེ་འདོད་ཅན་གྱི་ལྟ་བ་ལ་གནས་པར་གསུངས་ཏེ། ཐིག་ལེ་ཀུན་གསལ་ལས། ལྡེམ་པོའི་ལྟ་བ་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །ཀྲི་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། །བདེན་པ་ཕྱོགས་རེ་ངོས་བཟུང་ནས། །གཟའ་གཏད་བཅའ་བའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལ་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཞེས་པ་ལྟར་རོ། །དེས་ན་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་དོན་རྩོལ་བཅས་ཀྱི་ལམ་ལ་གང་ཟག་གང་ཞིག་འཇུག་པ་དེ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་གང་ཞིག་གདོད་ནས་བྱ་རྩོལ་དང་བྲལ་བ་ང་ཡི་དོན་དང་ཤིན་ཏུ་འགལ་བ་ཡིན་ཏེ་རྒྱུ་འབྲས་རྩོལ་སྒྲུབ་ཅན་དུ་བསྟན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཀྱེ་སྟོན་པ་ཀུན་བྱེད་ང་ཉིད་ཀྱིས་སྤང་བླང་འབད་རྩོལ་ལ་མ་ལྟོས་པར་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་དམིགས་མཚན་བློ་ཡི་སྤྱོད་ཡུལ་ཀུན་ལས་འདས་པའི་གཤིས་ལུགས་ཇི་བཞིན་སྟོན་པའི་ལུང་འདི་མ་གཏོགས་པར་བལྟ་བྱ་ལྟ་བྱེད་གཉིས་དང་བྲལ་བའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་མཁྱེན་ཆོས་སྐུའི་སྟོན་པ་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་དུ་བཞུགས་པ་འདི་ཉིད་སྔར་འདས་པ་དང་ད་ལྟར་བཞུགས་པ་དང་མ་འོངས་པ་ན་འབྱོན་པར་འགྱུར་བའི་སངས་རྒྱས་རྣམས་ཀྱིས་སེམས་ཉིད་སྐྱེ་བ་མེད་པའི་དོན་འདི་སྔར་མ་རྟོགས་ཤིང་ད་ལྟ་མི་རྟོགས་ལ་མ་འོངས་པ་ན་རྟོགས་པར་ཡང་ཀུན་བྱེད་བདག་གིས་ལུང་མི་སྟོན་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ནི། དེས་ན་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་སྔར་མ་སྐྱེས་ཤིང་ཕྱི་ནས་ཀྱང་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པའི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སྟོན་པ་ཀུན་བྱེད་ང་ཡི་ངེས་པ་དོན་གྱི་ལུང་ཟབ་མོ་འདི་དང་འཕྲད་ནས་ནི་སངས་རྒྱས་ངེས་ཀྱང་སྟེ་སངས་རྒྱས་གྲངས་མེད་པ་བྱོན་པ་དེ་དང་དེ་རྣམས་ཀྱིས་ཀྱང་། ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བ་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རང་བཞིན་འདི་རབ་ཏུ་རྟོགས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། སངས་རྒྱས་དེ་དག་རྣམས་ཀྱིས་གདུལ་བྱའི་འགྲོ་བ་གཞན་ལའང་རང་ཉིད་ཀྱིས་ཇི་ལྟར་རྟོགས་པའི་དོན་དེ་ལུང་བསྟན་ནས་ཁམས་གསུམ་རྒྱུད་དྲུག་གི་འགྲོ་བ་རྣམས་ཀྱིས་ཀྱང་རང་གནས་སྙིང་པོའི་ཡེ་ཤེས་མངོན་དུ་གྱུར་ཏེ། སྤངས་རྟོགས་མངོན་གྱུར་གྱི་སངས་རྒྱས་ཀུན་གྱི་ངོ་བོར་གཉིས་སུ་མེད་པར་བྱིན་གྱིས་བརླབ་ནུས་པ་ཡིན་ནོ་ཞེས་པ་སྟེ། འདིར་སངས་རྒྱས་ཀུན་གྱི་ངོ་བོར་ཞེས་པ་ཡང་ནམ་མངོན་པར་རྫོགས་པ་སངས་རྒྱས་པ་ན་སངས་རྒྱས་ཀུན་དང་དགོངས་ཀློང་དབྱེར་མེད་གཅིག་ཏུ་འགྱུར་བས་ན་སངས་རྒྱས་ཀུན་གྱི་ངོ་བོར་བྱིན་གྱིས་བརླབས་པ་ཡིན་ཏེ། དཔེར་ན་མར་མེ་སྟོང་བཏང་ཡང་། །འོད་ཀྱི་དངོས་པོ་གཅིག་ལས་མེད། །དེ་བཞིན་སངས་རྒྱས་རྣམས་མང་ཡང་། །ཡེ་ཤེས་ངོ་བོ་གཅིག་ལས་མེད། །ཅེས་གསུངས་སོ། །བཞི་པ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སམ་འོད་གསལ་བདེ་གཤེགས་སྙིང་པོ་སྐུ་གསུམ་དབྱེར་མེད་ཀྱི་བདག་ཉིད་ཅན་དེ་གབ་སྦས་མེད་པར་མངོན་སུམ་ཅར་ཕོག་ཏུ་སྟོན་ཞིང་ངོ་སྤྲོད་པར་བྱེད་པའི་ལུང་ཟབ་མོ་འདི་ཉིད་མེད་ན་ཞེས། དོན་དུ་བརྗོད་བྱ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་སྟོན་བྱེད་ཀྱི་ལུང་དང་བཅས་པ་མེད་ན། དུས་གསུམ་གྱི་སངས་རྒྱས་རྣམས་དང་ཁམས་གསུམ་སེམས་ཅན་རྣམས་དང་། སེམས་ཉིད་མ་སྐྱེས་གདོད་ནས་དག་པའི་དོན་ཇི་བཞིན་པ་བསྒོམ་པའི་ལམ་ལ་གནས་ཤིང་ལྟ་བར་འདོད་པའི་རྣམ་འབྱོར་བ་དང་བཅས་པ་རྣམས་ཀྱིས། ས་ལམ་གྱི་རིམ་པ་གོང་ནས་གོང་དུ་ལ་དགུ་ལུང་དགུ་ལྟ་བུ་བསྒལ་བར་བྱེད་ཀྱང་རྩོལ་སྒྲུབ་ཀྱིས་ཇི་ཙམ་འབད་ན་ཡང་། གནས་སྐབས་ཀྱི་བསྟི་གནས་ཙམ་ལས། མཐར་འབྲས་ཇི་བཞིན་པ་ཐོབ་ཏུ་མེད་དོ། །འདི་ལྟར་ས་བཅུ་ལམ་ལྔ་ལྟ་བུ་བསྒྲོད་པའི་གང་ཟག་དེ་ཡིས་ཆོས་ཅན་གྱི་སྣང་བ་སྣ་ཚོགས་སུ་སྣང་བ་འདི་དག་རང་རང་གི་དངོས་པོའི་དོན་ལ་རྟོགས་ཅིང་དཔྱོད་པར་བྱས་པས་ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཙམ་དུ་རྟོགས་ཅིང་དེ་ནི་གནས་ལུགས་ཡང་དག་པའི་དོན་མིན་ཏེ། ཀློང་ཆེན་ལས། རྣམ་པར་མི་རྟོགས་དོན་ཚོལ་ནས། །སྣང་བ་རས་སུ་བོར་བས་ནི། །སྟོང་པའི་ཕྱོགས་སུ་ཁ་ལྟ་བ། །རྒྱུས་མེད་ལམ་དུ་ཞུགས་པ་བཞིན། །གཡས་སུ་ཕྱིན་པས་གཡོན་དུ་འཁྱོག །མི་རྟོགས་འདོད་པ་རྟོགས་པའི་ནད། །འཁོར་བའི་བཙོན་ར་དམ་པར་འཁྱམས། །བཅོས་པར་དཀའ་ལ་ལྷུང་ཚབས་ཆེ། །དེས་ན་ཅིར་ཡང་བསྒོམ་མི་བྱ། །ཞེས་པ་ལྟར་རོ། །འོན་ཀྱང་འདི་ལྟར་འོད་གསལ་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་རྟོག་དཔྱོད་ཀྱི་ལམ་ནས་ཆོས་རྣམས་སྐྱེ་མེད་དུ་རྟོགས་པ་ཙམ་གྱིས་ས་བཅུ་བགྲོད་པར་འདོད་པ་རྣམས་ལ་དེ་འདྲའི་ཉེས་ཚབས་ཆེ་བར་བསྟན་གྱི། ས་བཅུ་ཇི་བཞིན་དུ་བགྲོད་པའི་སེམས་དཔའ་རྣམས་ལ་འདི་འདྲ་སྐྱོན་ཡོད་པར་གསུངས་པ་མིན་མོད། འོན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཙམ་ལས་མཐར་འབྲས་སངས་རྒྱས་ཉིད་ནི་ཐོབ་པ་མེད་པར་གསུངས་སོ། །འོ་ན་གོང་དུ་སྐྱེ་མེད་ཀྱི་དོན་ཁོ་ན་རྟོགས་དགོས་པར་གསུངས་པ་མིན་ནམ། འདིར་སྐྱེ་མེད་སྟོང་པ་ཉིད་དུ་ལྟ་བ་སྐྱོན་ལྡན་དུ་འགྱུར་བའི་ལུང་དྲང་བ་གཉིས་མི་འགལ་ལམ་སྙམ་ན་མི་འགལ་ཏེ། གོང་དུ་རྟོགས་བྱར་གདམས་པ་ནི་སྐྱེ་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ལྡན་དུ་རྫོགས་པའི་འོད་གསལ་བདེ་བར་གཤེགས་པའི་སྙིང་པོ་སྟེ། རྒྱལ་ཚབ་ཆེན་པོས། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །ཞེས་དང་། མགོན་པོ་ཀླུའི་དབང་པོས། ཇི་ལྟར་བུམ་ནང་མར་མེ་ཉིད། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་དང་། ཀུན་མཁྱེན་བླ་མས། ཇི་ལྟར་པད་ནང་བདེ་གཤེགས་སྐུ་ཡོད་ཀྱང་། །པད་མས་གཏུམས་ཕྱིར་ཕྱི་རོལ་སྣང་བ་མེད། །དེ་བཞིན་གཟུང་འཛིན་འདབ་སྟོང་གིས་བསྒྲིབས་པས། །རང་གསལ་རྒྱལ་བའི་དབང་པོ་མཐོང་མི་ནུས། །ནམ་ཞིག་འདབ་མ་ཁ་བྱེ་གསལ་བ་ལྟར། །གཟུང་འཛིན་འཁྲུལ་སྣང་འདབ་མ་ལས་གྲོལ་ཚེ། །བྱང་ཆུབ་སྐུ་གསུམ་རང་ལ་སྣང་བར་འགྱུར། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཀུན་གཟིགས་རོང་པའི་ཞལ་ནས། གསང་སྔགས་ཀྱི་གཞུང་ལས། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་དངོས་པོ་རྣམས་ཀྱི་མཚན་ཉིད་དུ་གྲུབ་པ་ཡིན་གྱི་གཉེན་པོའི་དོན་ཙམ་དུ་བསྟན་པ་དག །གྲུབ་པ་ཅན་ལ་ལྟར་སྣང་བ་རྣམས་ཀྱང་། མི་སྡུག་པ་ལ་སོགས་པ་བཞིན་དུ་ཀུན་བརྟགས་པའམ་དབང་འབྱོར་བ་བཞིན་འདོད་པ་ནི་མ་ཡིན་ནོ། །རང་བྱུང་གི་ཡེ་ཤེས་ཀྱང་སེམས་རང་རིག་པ་ཙམ་ཡིན་པ་དང་། གཞན་རིག་པ་རྣམས་ཀྱང་འཁྲུལ་པ་ཡིན་པའི་ཕྱིར། དེ་བཞིན་ཡོད་པ་མ་ཡིན་པས། སེམས་ཡེ་ནས་དག་པའི་ཕྱིར་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཚེ་ཡང་། རང་རིག་པ་ཙམ་ལས་བོག་དབྱུང་དུ་མེད་པའི་ཕྱིར་དང་། རང་རིག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རང་བྱུང་གི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་ངོ་བོ་གསལ་བའི་ཆ་ནས་སྐུ་དང་ཡེ་ཤེས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་ཀྱང་རང་བཞིན་སྟོང་པའི་ངོས་ནས་སྤྲོས་པའི་མཐའ་གང་དུའང་མ་ལྷུང་བའི་ཡེ་སྟོང་འདུས་མ་བྱས་པར་ལྷུན་གྲུབ་གཞི་ཡི་སངས་རྒྱས་སུ་བཞུགས་པ་འདི་ཉིད་ཡིན་ཏེ། ཀློང་ཆེན་ལས། འདི་ཞེས་དམིགས་སུ་མེད་པ་དང་། །མཚན་མའི་ཡུལ་ལས་འདས་པ་ཡི། །ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། །ཀུན་ལ་གསལ་སྙོམས་ཉི་ཟླའི་འོད། །གཏི་མུག་མུན་པ་སེལ་བ་ཡི། །སྒྲོན་མ་ལྟ་བུའི་བྱང་ཆུབ་སེམས། །ཐ་རམ་སྒོ་ལྕགས་དམ་པོ་དེ། །འབྱེད་པར་བྱེད་པའི་ལྡེའུ་མིག་སྟེ། །འཕྲུལ་ཆེན་གསང་བའི་སྒོ་ཕྱེ་ནས། །སྐུ་གསུམ་ནོར་བུའི་གཏེར་མཛོད་བསྟན། །དེ་མཐོང་རྒྱལ་བ་རྣམས་དང་མཉམ། །ཞེས་གསུངས་པ་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལ་སོགས་པས་བསྟན་པ་སྟེ། ཚུལ་འདི་ནི། མཛོད་འགྲེལ་པདྨ་དཀར་པོ་ལས། དོན་འདི་ནི་མདོ་སྡེའི་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་སུ་གཙོ་བོར་གསུངས་པ་ལ། རྒྱུད་ཀྱི་དངོས་གཞི་ཡིན་པས། འདིར་དེའི་རང་བཞིན་རྟོགས་པར་བྱེད་པ་ནི། རྒྱུད་བླ་མ་དང་། མྱ་ངན་ལས་འདས་པ་དང་། སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་བཤད་པ་ལས། ཞེས་སོགས་གསུངས་པ་ལྟར་ངེས་དོན་གྱི་མདོ་སྡེ་རྣམས་དང་། སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་བསྟན་བྱ་བླ་ན་མེད་པ་ཡིན་ལ། དེ་ཉིད་ཇི་བཞིན་མཐར་ཐུག་པ་ནི་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ཀྱི་བརྗོད་བྱའི་སྙིང་པོ་ཡིན་པས་འདིར་རྟོགས་བྱར་གདམས་པ་ནི་དེ་ཡིན་ལ། ཀློང་ཆེན་གྱི་ལུང་ལས་སྟོང་ཉིད་དུ་ལྟ་བ་སྐྱོན་ཅན་དུ་བསྟན་པ་ནི། ཡིད་དཔྱོད་ཀྱིས་བློས་རྒྱལ་བའི་སྐུ་དང་ཡེ་ཤེས་ལ་སོགས་པ་ཅི་ཡང་མེད་པར་འཛིན་པའི་ཆད་ལྟ་རྣམས་ཡིན་པས། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བའི་ཚུལ་ཀྱང་། མཛོད་འགྲེལ་དེ་ཉིད་ལས། ད་ལྟ་ཡིད་དཔྱོད་ཀྱི་རྣམ་པས་གང་ཡང་མེད་པར་འཛིན་པ་དེ་ཉིད་ཆད་པར་ལྟ་བ་ཡིན་པས། ཐར་བ་འདོད་པས་བརྟེན་པར་མི་བྱའོ། །གཤིས་ལ་སྒྲོ་བཏགས་པའི་གྲུབ་མ་གྲུབ་མེད་ཀྱང་། དོན་ལ་གནས་པར་གྲུབ་པ་ཉིད་ཡོད་པར་རྒྱུད་སྡེ་ཟབ་མོ་ནས་གསུངས་པ་ཡིན་ནོ། །རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བས་དགོངས་པ་ཟབ་མོ་སུན་འབྱིན་པར་མི་བྱ་སྟེ། རྣམ་བཞག་གཞན་ལས་འཕགས་པ་ཚུལ་རོལ་མཐོང་བའི་བློས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རོ། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །རྒྱུ་མཚན་དེས་ན་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་འདི་ཉིད་མེད་ན་ལམ་ལ་འབད་རྩོལ་ཇི་ཙམ་བྱས་ཀྱང་འཁོར་བ་ལས་གྲོལ་བར་མི་ནུས་པས་འབད་པ་དོན་མེད་པར་གསུངས་ཏེ། འཕགས་པ་ཀླུའི་དབང་པོས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་སོ། །དེ་བཞིན་དུ་བརྗོད་བྱེད་ཨ་ཏི་ཡོ་གའི་ཐེག་པ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་མངོན་སུམ་ཐད་ཀ་རུ་སྟོན་པར་བྱེད་པའི་མན་ངག་ཟབ་མོ་འདི་མེད་ན། གོང་དུ་བསྟན་པའི་ཡིད་དཔྱོད་མཚན་མའི་རྟོག་པ་དེ་ལྟ་བུ་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་སྐྱེས་སྙིང་པོའི་དོན་ལ་སྒྲིབ་པར་བྱེད་པའི་ཕྱིར་ན། རྒྱུ་འབྲས་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་ཀྱི་སྙིང་པོ་འདི་ལྟ་བུ་ཡི་ཆོས་རྣམས་ཀུན་གྱི་གནས་ལུགས་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བའི་དོན་མཐར་ཐུག་པ་སྐྱེ་མེད་བསམ་བརྗོད་ལས་འདས་པ་འདི་རྟོགས་པ་མེད་པར་བསྟན་པའོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ། ཇི་སྐད་བསྟན་པའི་རྒྱུ་མཚན་དེ་ལྟ་བས་ན་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཀྱང་། འཁོར་གྱི་དང་པོ་རྒྱལ་སྲས་སེམས་དཔའ་རྡོ་རྗེ་ཁྱོད་ལ། སྐུ་གསུམ་གྱི་སྟོན་པ་གསུམ་གྱིས་བཤད་པའི་ལུང་དྲང་དོན་དགོངས་པ་ཅན་དེ་ལ་མ་གནས་ཤིག་པར་ང་ཡིས་ཇི་ལྟར་ལུང་སྟོན་པ་འདི་བཞིན་དུ། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་ཕྱི་རབས་རྗེས་འཇུག་རྣམས་ལ་དེ་བཞིན་དུ་ལུང་སྟོན་ཅིག་ཅེས་སོ། །དྲུག་པ་ནི། གལ་ཏེ་དེ་ལྟར་ཀུན་བྱེད་བྱ་རྩོལ་བྲལ་བ་ངེས་པའི་ལུང་འདི་མ་བསྟན་ན་ཅིར་འགྱུར་སྙམ་ན། དེ་ཉིད་མ་བསྟན་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་མ་རྟོགས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་ལམ་གཞན་མེད་པས་ན། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཡང་མེས་སུ་གྱུར་པ་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་གདུང་རྒྱུད་ཆད་ནས་སྙིང་པོ་མངོན་དུ་གྱུར་པའི་སངས་རྒྱས་གཅིག་ཀྱང་མེད་པ་དང་། འགྲོ་བ་ཀུན་ཀྱང་འཁོར་བའི་ལམ་ཁོ་ན་ལ་གཞོལ་བར་འགྱུར་རོ་ཞེས་དེ་ལྟ་བུའི་ཉེས་པ་ཡོད་པར་བསྟན་པའོ། །གསུམ་པ་ཨ་ཏིའི་དོན་ལ་གདམས་ཚུལ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་ཐེག་པས་བལྟས་ཤིང་ལྟ་བའི་རྣམ་རྟོག་མཆེད་པས་བལྟར་མེད་རྣལ་བཞག་ཆེན་པོའི་དོན་མི་མཐོང་བ་ལ་མ་བརྟེན་ཅིག་པར་གདམས་པ་དང་། བལྟས་ཤིང་མི་མཐོང་བས་མ་བལྟས་ཀྱང་མི་མཐོང་བར་གནས་པའི་ཕྱིར་རྣལ་དོན་མཐོང་མེད་གཅིག་ཏུ་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། སྟོན་པ་སྐུ་གསུམ་གྱི་རྒྱུ་འབྲས་དྲང་བའི་ལུང་ལ་བརྟེན་ཅིང་གནས་པར་བྱས་པས་ཀུན་བྱེད་ངེས་པའི་དོན་ཉིད་མི་རྟོགས་པ་དེ་ཡི་ཕྱིར་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གཟུང་འཛིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལྟ་བ་དང་མི་ལྟ་བ་ལ་སོགས་པའི་དམིགས་པའི་སྤྱོད་ཡུལ་ཀུན་ལས་འདས་པ་དེ་ལ། མཚན་འཛིན་རྟོག་པའི་བློ་ཡིས་གང་ལྟར་བལྟས་ཀྱང་ཆོས་ཉིད་སྙིང་པོའི་དོན་ལ་རེག་པ་མེད་པར་མ་ཟད། སླར་ཡང་རྣམ་རྟོག་ཕྱིར་ཕྱིར་མཆེད་ཅིང་རྒྱུ་འབྲས་མཚན་མའི་ཡུལ་ལས་བརྒལ་བར་མི་ནུས་པའི་ཕྱིར་ན། དེ་འདྲའི་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལྟ་བ་དེ་ལ་ཁྱོད་ཀྱིས་མ་རྟོག་ཅིག་ཅེས་གདམས་པའོ། །གཉིས་པ་ནི། འོ་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཚུལ་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལྟར་ཤིན་ཏུ་རྣལ་འབྱོར་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་ཨ་ཏི་རྫོགས་པ་ཆེན་པོའི་ཐེག་པ་འདི་ལ་ནི། ཇི་ལྟ་ཇི་ལྟར་བལྟས་ཤིང་བརྟགས་པར་བྱས་པས་དེ་ལྟ་དེ་ལྟར་ཡོད་མེད་བཟང་ངན་བླང་དོར་རྩོལ་སྒྲུབ་ལ་སོགས་པ་ཇི་ལྟར་མཐོང་བའི་དོན་ཐམས་ཅད་ཡུལ་མེད་ཟང་ཐལ་གྱི་ཀློང་དུ་རྗེས་མེད་རང་ཡལ་དུ་འགག་པ་ཡིན་པས། དེས་ན་མ་བཅོས་གདོད་མའི་གནས་ལུགས་སྙིང་པོ་ཀུན་བྱེད་ཉིད་ཀྱི་རང་བཞིན་འདི་ལ་བལྟས་པས་མཐོང་བར་བྱ་བ་ཅི་ཡང་མེད་པའི་དོན་དུ་རྟོགས་པར་གྱིས་ཤིག་ཅེས་པའོ། །རུས་སྦལ་རྩ་རྒྱུད་ལས། བལྟ་བ་མེད་པའི་ལྟ་བ་ནི། །ལྟ་བ་མཐའ་རུ་ཕྱིན་པའི་ཚད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ལྟ་བ་ཡུལ་མེད་ཀུན་གསལ་ཆེན་པོར་དོན་བསྡུ་བ་ལ་གཉིས་ཏེ། རང་སེམས་ཇི་བཞིན་པའི་ངོ་བོ་ལ་སྣང་སེམས་སྐྱེ་བ་མེད་པའི་གཟུགས་བརྙན་སྣ་ཚོགས་སུ་འཆར་བས་གསལ་བའི་མེ་ལོང་དུ་བསྟན་པ་དང་། སྣང་དུས་དེ་ཉིད་ནས་འཛིན་མེད་གསལ་སྟོང་དུ་ཤར་བ་ཀུན་ཁྱབ་ཕྱོགས་བྲལ་གྱི་ལྟ་བར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་སྐྱེ་མེད་དབྱིངས་ཀྱི་ངོ་བོ། སྤྲོས་བྲལ་ཐིག་ལེ་ཆེན་པོ། མ་བྱས་གདོད་མའི་གནས་ལུགས། མ་འགག་གསལ་བའི་ཡེ་ཤེས། དངས་གསལ་ཤེལ་གྱིས་མེ་ལོང་ལྟ་བུ་རྟོག་མེད་མཉམ་པའི་རང་བཞིན། ཆོས་ཀྱི་དབྱིངས་ཀློང་ཆེན་གདལ་བ་ཆེན་པོ་འདི་ཉིད་ཀྱི་ངང་ནས། གདངས་འགགས་པ་མེད་པའི་འཆར་ཆ། སྣང་སེམས་ཆོས་ཉིད་ཀྱི་ཆོ་རོལ། གཞི་མེད་རྩ་བྲལ་གྱི་སྣང་བརྙན། ཕྱི་ནང་ཡུལ་མེད་ཀྱི་སྟོང་གཟུགས། ཕྱོགས་མེད་ཁྱབ་གདལ་གྱི་བཀོད་པ། ཆོས་རྣམས་སྣ་ཚོགས་ཀྱི་རྣམ་པ་མང་པོ། ཡུལ་མེད་དུ་འཆར། མཐོང་མེད་དུ་གསལ། འཛིན་མེད་དུ་རྟོག །རྟོག་མེད་དུ་དམིགས། དམིགས་མེད་དུ་སངས། རྗེས་མེད་དུ་རང་ཡལ་ལ་འགྲོ་བ་འདི་ཀུན་གྱི་འཆར་གཞིའམ་བལྟ་བའི་གཞི་མེ་ལོང་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་འདི་ཉིད་ཁོ་ནར་བསྟན་པ་སྟེ་འདི་ཉིད་ཀྱི་ཀློང་ནས་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་གཞི་མེད་སྟོང་གཟུགས་ཀྱི་རོལ་པར་ཤར་བ་ཙམ་ལས་ཅི་ཡང་མེད་པའི་ཕྱིར་རོ། །ཀློང་ཆེན་ལས། མ་བཅོས་སེམས་ཀྱི་ཀློང་དཀྱིལ་ནས། །མ་བཙལ་རང་བྱུང་ཡེ་ཤེས་ཤར། །སྟེང་འོག་ཕྱོགས་མཚམས་ཡོངས་ལ་གདལ། །ཉག་གཅིག་དབྱིངས་ན་ཀུན་གསལ་བས། །མཐོང་དང་ཐོས་དང་དྲན་པ་དང་། །དབང་པོའི་ངོ་ལ་གང་སྣང་བ། །ཡུལ་མེད་གཅིག་ལས་རང་སྣང་བས། །དོན་གྱི་ངོ་བོ་བྱ་བྲལ་ལ། །སྣང་བ་མེད་ཅིང་འགྲིབ་པ་མེད། །གསལ་བ་སེམས་ཀྱི་མེ་ལོང་ལ། །སྣང་བའི་གཟུང་དང་འཛིན་པའི་སེམས། །གཟུགས་བརྙན་དག་དང་སྒྱུ་མ་བཞིན། །མེད་ལས་ཡོད་མཐོང་ཐ་དད་ཤར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་བྱང་ཆུབ་སེམས་ཀྱི་ངོ་བོ་གསལ་ལ་རང་བཞིན་མེད་པར་གནས་པའི་རྩལ་ལས་རྟོག་མེད་མཉམ་པའི་རང་བཞིན་ཡུལ་མེད་སྟོང་གཟུགས་ཀྱི་སྣང་བ་ཚད་བཟུང་དང་བྲལ་བ་འདི་ཐམས་ཅད་ཀུན་འགགས་མེད་གསལ་སྟོང་གི་རོལ་པ་འཆར་བས། གཟུང་འཛིན་རྣམ་རྟོག་གིས་མ་བལྟས་ཤིང་མ་བཟུང་བཞིན་དུ་ལྷུན་གྲུབ་འགག་མེད་ཀྱི་རང་བཞིན་ངང་གིས་གསལ་ཞིང་འཆར་བར་ལུང་བསྟན་ཏོ། །དེ་ལྟར་འཁོར་འདས་ཀྱི་སྣང་བ་རབ་འབྱམས་སུ་གསལ་བའི་དུས་ཉིད་ནས་རྒྱུ་རྐྱེན་གང་ལས་ཀྱང་མ་སྐྱེས་ཤིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ཕྱིར། ཆོས་ཉིད་སྐྱེ་བ་མེད་པ་དབྱིངས་དེ་བཞིན་ཉིད་ཀྱི་ངང་ལས་སྐད་ཅིག་ཀྱང་གཡོ་བ་མེད་ལ། དེས་ན་དེ་འདྲའི་མ་འགག་རང་གསལ་གྱི་ཡུལ་དེ་ཉིད་ལ་བལྟ་པའི་ཡུལ་དུ་གྲུབ་པ་གང་ཡང་མེད་པར་རྟོགས་པ་འདི་ནི་མ་མཐོང་བའི་མཐོང་བ་ཆེན་པོར་རྟོགས་པ་ཡིན་ཞིང་། ཆོས་དབྱིངས་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ལ་ཕྱོགས་འཛིན་གྱི་དམིགས་པ་དང་བྲལ་བས་ཀུན་ཁྱབ་ཕྱོགས་བྲལ་གྱི་ལྟ་བ་ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཆོས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་བསྟན་པའི་ལེའུ་སྟེ་ང་དགུ་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་སེམས་ཉིད་གདོད་ནས་མ་སྐྱེས་པ་ནམ་མཁའི་རང་བཞིན་ལ་བསྲུང་སྡོམ་སྤང་གཉེན་མེད་པའི་ཆོས་ཉིད་བསྟན་པའི་ལེའུ་དྲུག་ཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལ་རྟོགས་དང་མི་རྟོགས་ལ་སོགས་པའི་དབྱེ་བ་མེད་པར་ཨ་ཏི་རྫོགས་པ་ཆེན་པོའི་ལྟ་བ་ཡུལ་མེད་དུ་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་སྤང་བླང་ལས་འདས་པའི་ངོ་བོ་ལ་དམ་ཚིག་བསྲུང་དང་མི་བསྲུང་ལ་སོགས་པའི་དབྱེར་བ་མེད་པས་རྫོགས་པ་ཆེན་པོའི་དམ་ཚིག་ལ་བསྲུང་དུ་མེད་པར་རྟོགས་པར་གདམས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དམ་ཚིག་བསྲུང་མཚམས་ལས་འདས་པའི་དོན་སྤྱིར་བསྟན། དེའི་རང་བཞིན་རྒྱས་པར་བཤད། བསྲུང་མེད་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་ཞེས་འཁོར་གྱི་ཚོགས་ལ་བོས་ཏེ། འདི་ལྟར་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་མ་སྐྱེས་སྤྲོས་པ་དང་བྲལ་བ་འདི་ལ་ནི་ཡེ་ནས་བྱ་རྩོལ་ཐམས་ཅད་ལས་འདས་པས་དམ་ཚིག་བསྲུང་དུ་མེད་པ་ཡིན་ཀྱང་། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་པོ་ཀུན་གྱིས། གདུལ་བྱའི་སེམས་ཅན་རྣམས་ཀྱི་དབང་པོའི་ཁྱད་པར་དང་བསྟུན་ཏེ་ལམ་ལ་རིམ་གྱིས་སློབ་པར་བྱེད་པའི་རྩོལ་བཅས་ཀྱི་ཐེག་པ་ལུང་བསྟན་པ་ལྟར། སྟོན་པ་དེ་དག་རང་རང་གི་འཁོར་རྣམས་ཀྱིས་ཀུན་བྱེད་རྒྱལ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་སྡོམ་པ་དང་དམ་ཚིག་བསྲུང་དུ་ཡོད་པའི་དོན་དུ་རྟོགས་ཏེ། དེ་ཡང་གདུལ་བྱ་ལ་ལས་མཚན་ཉིད་ཐེག་པ་ལྟར་སྡོམ་པ་དང་འདུལ་ཁྲིམས་རྣམས་མི་ཉམས་པར་དག་པར་བསྲུང་བའི་དོན་དུ་རྟོགས་པ་དང་། ལ་ལས་ཕྱི་རྒྱུད་སྡེ་གསུམ་ལྟར་རིག་འཛིན་སྔགས་ཀྱི་སྡོམ་པ་མི་ཉམས་དག་པར་བྱེད་པའི་ཆེད་དུ་བསྲུང་དགོས་པར་རྟོགས་པ་དང་། ལ་ལས་ནང་རྒྱུད་འོག་མ་གཉིས་ལྟར་དུ་ས་མ་ཡ་འབུམ་སྡེ་ཞེས་པ་ལྟ་བུའི་དམ་ཚིག་གི་གྲངས་དང་། དེ་ལའང་རྩ་བ་དང་ཡན་ལག་གི་དབྱེ་བ་སྣ་ཚོགས་སུ་ཡོད་པར་རྟོགས་པར་བྱེད་མོད། དོན་ལ་ཇི་ལྟར་བརྟགས་ཀྱང་དེ་ལྟ་བུའི་རེ་དོགས་རྩོལ་སྒྲུབ་ཅན་གྱི་ལམ་དེ་དག་གིས་ཀུན་བྱེད་རྒྱལ་པོ་བསྲུང་དུ་མེད་པའི་དོན་ནི་རྟོགས་པར་ལུང་མ་བསྟན་ཏོ་ཞེས་སོ། །གཉིས་པ་ལ་དགུ་སྟེ། བསྲུང་དང་མི་བསྲུང་ཕྱོགས་བྲལ་དུ་རྟོགས་པས་ཀུན་བྱེད་ཀྱི་དམ་ཚིག་གི་རྟོགས་ཚུལ་བསྟན་པ། དམ་ཚིག་སེམས་ལས་གཞན་དུ་མེད་པས་དེ་ཉིད་ཕྱོགས་བྲལ་བསྲུང་མཚམས་ལས་འདས་པར་བསྟན་པ། སེམས་ཉིད་ནམ་མཁའ་ལྟར་རྟོགས་པས་ཀུན་བྱེད་སྐྱེ་བ་མེད་པའི་དམ་ཚིག་རྟོགས་པར་བསྟན་པ། དམ་ཚིག་བསྲུང་དུ་མེད་པའི་སེམས་ཉིད་ཡེ་ནས་དག་པའི་དོན་ལ་མོས་པས་ཀུན་བྱེད་ཀྱི་དམ་ཚིག་རྟོགས་པའི་ཚུལ་བསྟན་པ། སེམས་ཉིད་འཕོ་འགྱུར་མེད་པས་དུས་གསུམ་བསྲུང་མཚམས་མེད་པར་བསྟན་པ། དམ་ཚིག་གི་ངོ་བོ་བསྲུང་མེད་གཅིག་གི་རང་བཞིན་དུ་འདུ་བའི་དཔེ་བསྟན་པ། དམ་ཚིག་གི་རྣམ་གྲངས་བསྟན་པ། སེམས་ཉིད་སྐྱེ་མེད་བསྲུང་མཚམས་ལས་འདས་པའི་དོན་རྟོགས་མ་རྟོགས་ཀྱིས་དམ་ཚིག་བསྲུང་དུ་ཡོད་མེད་ཀྱིས་མཚམས་བསྟན་པ། བསྲུང་མེད་རྟོགས་མ་རྟོགས་སྙིང་པོའི་དོན་མཐོང་བ་དང་འགལ་བར་བསྟན་པའོ། །དང་པོ་ནི། དེ་ལ་ཀུན་བྱེད་རྒྱལ་པོའི་དམ་ཚིག་ཡེ་ནས་འདའ་ཉམས་དང་བྲལ་བ་འདི་ནི་མི་ཉམས་པར་བསྲུང་བར་བྱ་བ་དང་། མི་བསྲུང་བས་འདའ་བར་འགྱུར་བའི་ཕྱོགས་དང་རིས་སུ་ཆད་པ་མེད་པར་ཡེ་ནས་བསྲུང་བྱ་སྲུང་བྱེད་དང་བྲལ་བར་བསྟན་པ་ཡིན་པས་ན། རྣལ་འབྱོར་པ་གང་གིས་དེ་ལྟར་བསྲུང་བས་དག་པ་དང་མི་བསྲུང་བས་ཉམས་པར་འགྱུར་བ་གང་ཡང་མེད་པར་རྟོགས་པར་གྱུར་ན་དེ་ལས་གཞན་པའི་དམ་ཚིག་ཞིག་བསྲུང་དུ་མེད་པ་ཡིན་ཏེ། ཀློང་ཆེན་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་ལྟ་བ་དམ་ཚིག་ཡིན། །ཇི་ལྟར་སྣང་གྲགས་ཆོས་རྣམས་ཀུན། །རང་གི་སེམས་སུ་འདུས་པའི་ཕྱིར། །དེ་ལས་མི་འདའ་རང་དབང་ཐོབ། །འདའ་ཉམས་མེད་པར་ཤེས་པའི་ཚེ། །ཇི་ལྟར་དམིགས་པ་བཞིན་དུ་སྣང་། །ཞེས་པ་ལྟར་ཏེ། དེས་ན་ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་ནི་བསྲུང་མེད་ཉམས་པ་མེད་པའི་སེམས་ཉིད་ཡེ་གྲོལ་ཆེན་པོར་རྟོགས་པ་འདི་ཉིད་གཅིག་པུ་ལ་འདུས་ཤིང་དེ་ལས་གཞན་དུ་མེད་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་དམ་ཚིག་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྟོགས་པ་གཅིག་པུ་ལ་འདུས་པའི་རྒྱུ་མཚན་ནི། འཁོར་འདས་ཀུན་གྱི་རྩ་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཀུན་ལ་བཟང་ངན་བླང་དོར་མེད་པར་དབྱེར་མེད་རོ་གཅིག་ཏུ་ཡེ་ནས་གནས་པར་གྱུར་པ་ཡིན་པས། སྣང་སྤྱོད་ཐམས་ཅད་པོ་ཀུན་ཀྱང་ཆོས་ཉིད་སྙིང་པོའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེས་ན་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སེམས་ཉིད་རང་རིག་པའི་ཡེ་ཤེས་ལ་དམ་ཚིག་འདའ་ཉམས་མེད་པ་ཡིན་པས་ན། བསྲུང་བ་དང་མི་བསྲུང་བ་ཞེས་པའི་དོན་ལ་སོ་སོར་ཞེན་པའི་ཕྱོགས་དང་བྲལ་ཞིང་བསྲུང་མཚམས་ལས་འདས་པར་རྟོགས་པ་ལ་འདུས་པ་ཡིན་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། ཐིག་ལེ་ཆེན་པོའི་དམ་ཚིག་འདི། །རིན་ཆེན་ཀུན་བཟང་སེམས་ལ་གནས། །བསྲུང་དུ་མེད་པའི་དམ་ཚིག་ལ། །མི་བསྲུང་ཕྱོགས་དང་བྲལ་བར་གནས། །ཞེས་གསུངས་སོ། །གསུམ་པ་ནི། ཀྱེ་ཞེས་རང་སྣང་གི་འཁོར་ལ་བོས་ཏེ། འདི་ལྟར་ཀུན་བྱེད་རྒྱལ་པོའི་སྐྱེ་མེད་བློས་ལས་འདས་པའི་ལྟ་བའི་དམ་ཚིག་ནི། ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་སྟོང་ཆེན་ནམ་མཁའ་ལྟ་བུར་གནས་ཤིང་བསྲུང་དང་མི་བསྲུང་དང་དགག་པ་དང་སྒྲུབ་པ་ལ་སོགས་པའི་ཕྱོགས་ཀུན་ལ་འདས་པ་ཡིན་པས། སྐལ་པ་དང་ལྡན་པའི་གང་ཟག་གང་གིས་ཚུལ་དེ་དག་ལེགས་པར་རྟོགས་པ་དེ་ཡིས་ཀུན་བྱེད་རྒྱལ་པོའི་ལྟ་བའི་དམ་ཚིག་མ་ནོར་ཇི་བཞིན་ཉིད་དུ་རྟོགས་པ་ཡིན་ནོ། །དེ་ལྟར་ཡང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རྣམ་དག་རིག་པ་ཀ་དག་ལ། །ཉེས་པའི་དྲི་མ་དང་བྲལ་བའི། །ཡེ་ཤེས་དམ་ཚིག་རྣམ་པར་དག །བརྗོད་མེད་རིག་པའི་དོན་མཐོང་ན། །རང་བྱུང་གསལ་བའི་དམ་ཚིག་ཐོབ། །རང་བཞག་སེམས་ལས་མི་འདའ་ན། །མི་རྟོག་དམ་ཚིག་ཉིད་ཡིན་པས། །རང་བྱུང་དམ་ཚིག་རྣམ་པར་དག །ཅེས་པ་ལྟར་རོ། །བཞི་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ། དེ་ལྟ་བུའི་བསྲུང་དུ་མེད་པའི་དམ་ཚིག་དེ་ཚུལ་ཇི་ལྟ་བུས་རྟོགས་པར་འགྱུར་བ་ཡིན་ན། འདི་ལྟར་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་དམ་ཚིག་བསྲུང་དུ་མེད་པར་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་དག་པའི་རང་བཞིན་དུ་ལུང་བསྟན་པ་འདི་ལ་ནི་སོ་བྱང་ལ་སོགས་པའི་སྡོམ་པ་དང་དམ་ཚིག་ཐམས་ཅད་འདུས་ཤིང་རྣམ་པར་དག་པ་ཡིན་པས་དམ་ཚིག་ཐམས་ཅད་ཀྱི་རྩ་བའི་རྒྱུད་ཅེས་གསུངས་ཏེ། སྒྱུ་འཕྲུལ་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྦྱང་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་གསུངས་པ་ལྟར་ལ། དེས་ན་དེ་ལྟ་བུའི་རྩ་བའི་དམ་ཚིག་ཡེ་བསྲུང་ཆེན་པོ་འདི་ཉིད་ལས་བསྲུང་བྱ་གཞན་མེད་པར་བསྟན་པ་འདི་གང་ཟག་གང་ཞིག་གིས་ཐོས་པར་གྱུར་པ་ན། དེ་ལ་ཐེ་ཚོམ་མེད་པར་དད་ཅིང་མོས་པར་འགྱུར་བའི་གང་ཟག་འདིས་ནི་ཡེ་བསྲུང་འདའ་བ་མེད་པའི་དོན་དེ་ཇི་ལྟ་བ་བཞིན་དུ་ལེགས་པར་རྟོགས་པ་ཡིན་ནོ་ཞེས་མན་ངག་ཟབ་མོའི་དོན་ལ་ཐེ་ཚོམ་མེད་པའི་ཡིད་ཆེས་ཀྱི་དད་པ་བརྟན་པ་ཤིན་ཏུ་གལ་ཆེ་བར་བསྟན་པ་སྟེ། རྒྱལ་ཚབ་ཆེན་པོས། རང་བྱུང་ཉིད་ཀྱི་ཡེ་ཤེས་ནི། །དད་པ་ཉིད་ཀྱིས་རྟོགས་བྱའོ། །ཞེས་པ་བཞིན་ནོ། །ལྔ་པ་ནི་ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོས་སྔ་བར་རམ་སྔོན་ཆད་དམ་ཚིག་བསྲུང་དུ་མེད་པར་ལུང་ཇི་ལྟར་བསྟན་པ་ལྟར་དུ། མ་འོང་ཕྱི་མའི་དུས་ན་ཡང་དམ་ཚིག་བསྲུང་དུ་མེད་པར་གནས་པ་ཡིན་ཏེ། ཅིའི་ཕྱིར་ན་དུས་གསུམ་དུ་ཡང་སྙིང་པོ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ་འཕོ་ཞིང་འགྱུར་བ་མེད་པའི་ཕྱིར་ན། སྔར་ཀུན་བྱེད་ཉིད་ཀྱིས་རྒྱུད་འདི་གསུངས་པའི་དུས་སུ་དམ་ཚིག་བསྲུང་དུ་མེད་པ་ཡིན་ཀྱང་ཕྱིས་མ་འོངས་པའི་དུས་སུ་དེ་ལྟར་མིན་པར་འགྱུར་འགྲོ་བ་ལྟ་བུ་མིན་པའི་ཕྱིར་རོ། །དེས་ན་ཀུན་བྱེད་རྒྱལ་པོ་ང་ཡི་བསྲུང་མཚམས་ལས་འདས་པའི་དམ་ཚིག་འདི་ནི་དུས་གསུམ་པོ་ཐམས་ཅད་དུ་ནི་བསྲུང་དུ་མེད་པར་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་སེམས་དཔའ་རྡོ་རྗེ་ལ་སོགས་པ་ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །དྲུག་པ་ནི། ཀྱེ་སེམས་དཔའ་ཆེན་པོ་དཔེར་ན་འཁོར་འདས་སུ་སྣང་བའི་ཆོས་རྣམས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་དེ་ལས་གཞན་དུ་མེད་པར་ཆོས་ཉིད་གཅིག་གི་རང་བཞིན་དུ་གནས་པ་ལྟར་དུ། དོན་དེ་བཞིན་དུ་དམ་ཚིག་ཐམས་ཅད་ཀྱི་རྩ་བ་འདི་ཡང་ཡེ་ནས་བསྲུང་དུ་མེད་པར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་གནས་པ་སྟེ། དེ་ལ་བསྲུང་དུ་མེད་པའི་རྒྱུ་མཚན་ཡང་དམ་ཚིག་གི་བླང་དོར་ཐམས་ཅད་རང་སེམས་སྐྱེ་བ་མེད་པའི་རང་བཞིན་དུ་རྟོགས་པས་བསྲུང་དང་མི་བསྲུངས་ལ་སོགས་པའི་ཆོས་སུ་དམིགས་པ་མེད་པ་ཡིན་པའི་ཕྱིར་རོ། །བདུན་པ་ནི། དེ་ལྟ་བུའི་བསྲུང་དུ་མེད་པའི་དམ་ཚིག་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་ངོ་བོར་རྫོགས་པ་དེ་ལ་དོན་གྱི་དབྱེ་བ་ཐ་དད་པ་མེད་ཀྱང་། ཡོན་ཏན་གྱི་ལྡོག་ཆ་ལ་བཏགས་པའི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་དབྱེ་བ་རྣམ་པ་བཞིར་གསུངས་ཏེ། འདི་ལྟར་སེམས་ཉིད་སྐྱེ་བ་མེད་པའི་ཀློང་དུ་དགེ་སྡིག་དང་བླང་དོར་སྐྱོན་ཡོན་ལ་སོགས་པའི་ཆོས་ཐམས་ཅད་ཆོས་ཉིད་གཅིག་པོ་དེའི་ཀློང་དུ་མཉམ་གདལ་ལ་སོགས་པས་ཕྱལ་བ་ཡི་དམ་ཚིག་དང་ནི། ཆོས་ཐམས་ཅད་གཞི་མེད་རྩ་བྲལ་དུ་རྟོགས་པས་བསྲུང་དང་མི་བསྲུང་གི་ཞེན་འཛིན་དང་བྲལ་ཏེ་ཅི་ཡང་བསྲུང་དུ་མེད་པ་ནི་མེད་པའི་དམ་ཚིག་དང་། བསྲུང་བྱའི་དམ་ཚིག་དང་སྲུང་བ་པོ་བདག་དང་། མ་བསྲུང་བའི་སྐྱོན་དང་བསྲུང་བའི་ཡོན་ཏན་ལ་སོགས་པ་ཐམས་ཅད་སེམས་ཉིད་གཅིག་གི་རང་བཞིན་དུ་རྟོགས་ཤིང་དེ་ལས་མི་འདའ་བས་གཅིག་པུ་ཡི་དམ་ཚིག་དང་། དེ་ཡང་བྱ་བྱེད་རྩོལ་བ་ལ་ལྟོས་པ་མེད་པར་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལ་མ་བཙལ་ལྷུན་གྱིས་གྲུབ་པས་བསྲུང་བ་དང་མི་བསྲུང་བ་ཉམས་པ་དང་མ་ཉམས་པ་ལ་སོགས་པའི་ཐ་སྙད་ཀུན་ལས་འདས་པས་ལྷུན་གྱིས་གྲུབ་པའི་དམ་ཚིག་སྟེ། ཀློང་ཆེན་ལས། མེད་པའི་དམ་ཚིག་ཅེས་བྱ་བ། །ཡུལ་དང་ཡུལ་ཅན་མེད་པ་ལ། །བསྲུང་དང་བསྲུང་མཚམས་མེད་པ་ཡིན། །ཕྱལ་བ་དག་གི་དམ་ཚིག་ནི། །བསྲུང་མཚམས་མེད་པའི་རང་བཞིན་གྱིས། །དགེ་དང་མི་དགེའི་རྟོག་མེད་དེ། །ཉམས་པ་དག་གི་སྐྱོན་དང་ནི། །མ་ཉམས་པ་ཡི་ཡོན་ཏན་མེད། །སྐྱོན་ཡོན་མེད་པས་ཕྱལ་བ་ཡིན། །གཅིག་པུ་དག་གི་དམ་ཚིག་ནི། །ཉམས་དང་མ་ཉམས་མེད་པའི་ཕྱིར། །སྐྱོན་དང་ཡོན་ཏན་གཉིས་སུ་མེད། །ཐམས་ཅད་ངང་དུ་གཅིག་པས་ན། །བསྲུང་བྱ་ཡུལ་ཀྱང་གཅིག་པུ་རང་། །བསྲུང་བའི་བདག་ཀྱང་གཅིག་པུ་རང་། །ཉམས་པའི་སྐྱོན་ཀྱང་གཅིག་པུ་རང་། །མ་ཉམས་ཡོན་ཏན་གཅིག་པུ་རང་། །ཐམས་ཅད་རང་ལས་མི་འདའ་བས། །གཅིག་པུའི་དམ་ཚིག་ཅེས་སུ་བཏགས། །ལྷུན་གྱིས་གྲུབ་པའི་དམ་ཚིག་ནི། །ཐམས་ཅད་ངང་དུ་འདུག་ཙམ་ན། །ཡུལ་གཞན་མེད་པས་མཐའ་མི་དམིགས། །མཐའ་བྲལ་ཆོས་ཉིད་ཕྱོགས་མེད་དེར། །བསྲུང་དུ་ཡོད་ཀྱང་དེ་རུ་འདུས། །བསྲུང་དུ་མེད་ཀྱང་དེ་རུ་འདུས། །ཉམས་དང་མ་ཉམས་སྐྱོན་ཡོན་ཀྱང་། །དེ་རུ་འདུས་པས་ལྷུན་གྱིས་གྲུབ། །དེ་ལས་མི་འདའ་དམ་ཚིག་མཆོག །ཅེས་སོ། །དེས་ན་དེ་ལྟ་བུའི་དམ་ཚིག་གི་རྣམ་གྲངས་བཞི་པོ་དེ་ལས་ནམ་ཡང་འདའ་བ་མེད་པར་རྟོགས་པ་ནི། ཀུན་བྱེད་རྒྱལ་པོའི་བསྲུང་དུ་མེད་པའི་དམ་ཚིག་གི་རྣམ་གྲངས་ཏེ། དོན་ལ་བཞི་པོ་ཐ་དད་ཀྱི་ཆོས་སུ་མེད་པར་སེམས་ཉིད་སྐྱེ་བ་མེད་པར་རྟོགས་པའི་ལྡོག་ཆ་ལ་རྣམ་གྲངས་བཞིར་དབྱེ་བ་ཙམ་ཡིན་ནོ། །བརྒྱད་པ་ནི། རྫོགས་པ་ཆེན་པོའི་དམ་ཚིག་དེ་རྣམ་པ་ཀུན་ཏུ་བསྲུང་དུ་མེད་པ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ན་རྫོགས་ཆེན་གྱི་རྒྱུད་གཞུང་རྣམས་ནས་བསྲུང་དུ་ཡོད་མེད་གཉིས་སུ་གསུངས་པ་དེ་ཇི་ལྟར་ཡིན་སྙམ་ན། རྫོགས་པ་ཆེན་པོའི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་དུ་རྟོགས་པར་གྱུར་ན་རྣམ་པ་ཀུན་ཏུ་བསྲུང་དུ་མེད་པ་ཡིན་མོད། འོན་ཀྱང་བསྲུང་དུ་ཡོད་མེད་ཀྱི་དམ་ཚིག་གཉིས་སུ་བཞག་པ་ནི་སྙིང་པོ་རང་བྱུང་གི་ཡེ་ཤེས་ལ་བསྲུང་དུ་མེད་པར་དོན་གཅིག་གི་རང་བཞིན་ཡིན་པ་ལ། གང་དག་ལམ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་གནས་ལུགས་དེ་ཇི་བཞིན་དུ་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་ལ་དགོངས་ནས། སེམས་ཉིད་ཇི་བཞིན་མ་རྟོགས་པ་རྣམས་ལ་དྲང་དོན་དང་། ཇི་བཞིན་རྟོགས་པ་རྣམས་ལ་ངེས་པ་དོན་གྱི་རྣམ་གྲངས་གཉིས་སུ་རྣམ་པར་ཕྱེ་ནས། དྲང་ངེས་གཉིས་པོའི་གོང་གི་གོ་རིམ་བཞིན་དུ་བསྲུང་དུ་ཡོད་པ་དང་མེད་པར་ལུང་སོ་སོར་བསྟན་པར་གྱུར་ཏོ། །དེས་ན་ཆོས་ཉིད་ཀྱི་དོན་ལ་བསྲུང་དུ་ཡོད་པ་མིན་ཀྱང་གང་ཟག་གི་བློའི་ཞེན་འཛིན་གྱི་གཉེན་པོར་གསུངས་པ་ཡིན་ཏེ། དེ་ཉིད་ལས། ཆོས་ལ་སྐྱོན་ཡོན་རིས་མེད་ཀྱང་། །གང་ཟག་བློ་ལ་འཛིན་པ་བྱུང་། །དེ་ཕྱིར་བསླབ་པ་སྣ་ཚོགས་ཀྱང་། །གཟུང་འཛིན་གཉེན་པོར་གསུངས་པ་ཡིན། །ཞེས་གསུངས་པ་དེས་ན་ལྟ་བ་ཇི་བཞིན་མ་རྟོགས་ཀྱི་བར་དུ་རྫོགས་པ་ཆེན་པོ་ལ་ཁ་གཡར་ནས་དགེ་མེད་སྡིག་མེད་ཀྱི་ཆད་ལྟ་སྨྲ་ཞིང་དམ་ཚིག་དང་སྡོམ་པ་ཐམས་ཅད་རལ་དུ་འཇུག་པ་ནི་ཤིན་ཏུ་ཉེས་ཚབ་ཆེ་བར་གསུངས་ཏེ། གཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར། །དམ་ཚིག་ལུང་ལས་ཆོས་ཀྱི་ཁུང་བྱུང་ནས། །བྱར་མེད་ཆོས་ཀྱི་ང་རྒྱལ་བློ་སྐྱེས་ནས། །ལུས་ངག་རྩིང་ཆོས་ཕད་ཧྲལ་སྤྱོད་བྱེད་ལ། །སངས་རྒྱས་བཀས་ཀྱང་འཁོར་བར་མི་སྐྱོབ་སྟེ། །སྡུག་བསྔལ་ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །ལྟ་བ་ཉམས་པའི་ཉེས་སྐྱོན་ཆེན་པོ་ནི། །ཐར་མེད་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་། །ཞེས་གསུངས་སོ། །དགུ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་གོང་དུ་བསྟན་པ་དེ་ལྟར་ཨ་ཏི་གསང་ཆེན་སྙིང་པོའི་དགོངས་པ་དམ་ཚིག་བསྲུང་དུ་མེད་པའི་དོན་ཇི་བཞིན་པ་རྟོགས་པ་དང་མ་རྟོགས་པ་གཉིས་སུ་ཡོད་པ་ལས། དང་པོ་ཆོས་ཉིད་སྙིང་པོའི་དོན་ལ་བསྲུང་དུ་མེད་པར་རྟོགས་པས་སྐལ་པ་མཆོག་དང་ལྡན་པའི་གང་ཟག་འདིས་ནི། ངེས་པ་དོན་གྱི་དགོངས་པ་དམ་ཚིག་བསྲུང་དུ་མེད་པར་ཇི་བཞིན་དུ་རྟོགས་པའི་ཕྱིར་ན་དུས་གསུམ་རྒྱལ་བའི་དགོངས་པ་རིག་པ་བྱང་ཆུབ་སེམས་ཀྱི་གནས་ལུགས་མ་ནོར་བར་རྟོགས་པ་ཡིན་ལ། གང་གིས་བསྲུང་དུ་མེད་པའི་དོན་འདི་མ་རྟོགས་པར་དྲང་དོན་བསྲུང་དུ་ཡོད་པའི་ལམ་ལ་གནས་པའི་རྣལ་འབྱོར་བ་དེ་ནི་ཡེ་བསྲུང་ཉམས་པ་མེད་པ་རང་སེམས་སྙིང་པོའི་དོན་དང་ཤིན་ཏུ་འགལ་བ་ཡིན་པས་ན་དམ་ཚིག་བསྲུང་དུ་མེད་པའི་དོན་ལ་གནས་པར་གདམས་ཏེ། ལ་ཟློ་ལས། དམ་ཚིག་རང་ཡིན་གཞན་དུ་མ་བསྲུང་ཤིག །བསྲུང་བས་རང་བྱུང་ཆོས་ལ་ཕྲག་དོག་བྱས། །རང་བྱུང་ཆོས་རྣམས་ཅི་བྱུང་ཅི་ཤར་ཡང་། །ཕྲག་དོག་མེད་པར་རང་སར་རང་བཞག་ནས། །བསྲུང་དུ་མེད་པའི་དམ་ཚིག་ཀུན་བསྲུང་ན། །བདག་མེད་དམ་ཚིག་མེད་པར་ལ་ཡང་བཟླས། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། བསྲུང་མཚམས་ཅན་གྱི་དམ་ཚིག་ལ་གནས་པས་བསྐལ་བར་སྙིང་པོའི་དོན་མི་མཐོང་བར་བསྟན་པ། བསྲུང་དུ་མེད་པའི་དམ་ཚིག་ལ་གནས་པར་གྱིས་ཤིག་པར་གདམས་པའོ། །དང་པོ་ནི། ཀྱེ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་ལ་བསྲུང་དུ་མེད་པའི་དམ་ཚིག་འདི་ལས་ནི་གང་ཟག་གང་ཞིག་འདས་ཤིང་མ་རྟོགས་ནས། སྐུ་གསུམ་གྱི་སྟོན་པའི་ལུང་དྲང་དོན་དགོངས་པ་ཅན་ལ་བརྟེན་ནས་བསྲུང་མཚམས་ཅན་གྱི་དམ་ཚིག་ལ་རེ་དོགས་སྤང་བླང་གི་སྒོ་ནས་གནས་པ་དེ་དག་རྣམས་ནི། བསྐལ་པ་ཆེན་པོ་བརྒྱ་ཕྲག་དུ་མ་མང་པོ་རྣམས་སུ་འབད་ན་ཡང་ཆོས་ཉིད་སྙིང་པོའི་དོན་སྤང་བླང་རྩོལ་སྒྲུབ་ལས་འདས་པའི་རང་བཞིན་དང་འཕྲད་པར་ཤིན་ཏུ་དཀའ་བ་ཡིན་ཏེ་དེ་དག་རེ་དོགས་སྤང་བླང་གི་ཡུལ་ལས་མ་འདས་པའི་ཕྱིར་རོ། །དེ་ལས། རྩ་བ་ཡན་ལག་དམ་ཚིག་གཞུང་བསྲུང་ཀྱང་། །རེ་དོགས་འཇིགས་པའི་སེམས་དང་མ་བྲལ་ན། །དམ་ཚིག་ལ་གནས་དམ་ཚིག་ལ་མི་ཟློས། །ཞེས་སོ། །གཉིས་པ་ནི། རྒྱུ་མཚན་དེ་ཡི་ཕྱིར་ན་སྟོན་པ་ཀུན་བྱེད་ང་ཡི་ངེས་དོན་རྫོགས་པ་ཆེན་པོའི་ལུང་འདི་ཐོབ་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས། རེ་དོགས་སྤང་བླང་གི་རྟོག་པས་རང་རྒྱུད་མི་འཆིང་བར་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་སྟོང་འདུས་མ་བྱས་པ་མཚན་རྟོག་བློ་ཡི་ཡུལ་ལས་འདས་པ་འདི་བསྲུང་དང་མི་བསྲུང་གི་དབྱེ་བ་མེད་པས་དམ་ཚིག་བསྲུང་དུ་མེད་པར་རྟོགས་པར་བྱོས་ཤིག་ཞེས་གསུངས་སོ། །ཚུལ་དེ་ལྟར་རྟོགས་ན་རྣལ་འབྱོར་བ་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པར་ལ་ཟློས་པ་ཡིན་པར་ཡང་། དེ་ཉིད་ལས། བསྲུང་དང་མ་བསྲུང་དམ་ཚིག་ཡུལ་ལས་འདས། །ཉམས་དང་མ་ཉམས་བློ་ཡིས་བླང་བ་མེད། །མཚམས་མེད་བསྲུང་མཚམས་རྩིས་གདབ་ཀུན་ལས་འདས། །དེ་ལྟར་དགོངས་ཤིང་དགོངས་པའི་ཡུལ་མེད་ན། །དམ་ཚིག་ཀུན་གྱི་ལ་ཡང་ཟློས་པ་ཡིན། །ཞེས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྲུང་མེད་དམ་ཚིག་གི་ལེའུ་སྟེ་དྲུག་ཅུ་པའི་འགྲེལ་བའོ།། ༈ །།དོན་གསུམ་པ་རང་བྱུང་གི་ཡེ་ཤེས་ལ་དོན་གཉིས་ཡེ་ནས་ལྷུན་གྱིས་གྲུབ་པས་ད་གཟོད་འབད་རྩོལ་གྱིས་བསྒྲུབ་པའི་ཕྲིན་ལས་བཙལ་དུ་མེད་པར་བསྟན་པའི་ལེའུ་རེ་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་དེས། སྙིང་པོ་བྱང་ཆུབ་སེམས་ལ་དོན་གཉིས་བསྒྲུབ་པའི་ཕྲིན་ལས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པས་བྱ་བྱེད་རྩོལ་བ་ལ་ལྟོས་ནས་བཙལ་དུ་མེད་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཕྲིན་ལས་རྩོལ་སྒྲུབ་ཅན་གྱིས་རྒྱལ་བའི་ཕྲིན་ལས་མི་འགྲུབ་པར་བསྟན་པ། རྩོལ་མེད་ཡེ་ནས་རྫོགས་པའི་ཕྲིན་ལས་ཉིད་བཤད་པ། དེ་ཉིད་རྟོགས་པས་ཀུན་བྱེད་ཀྱི་དགོངས་པ་མཆོག་ཏུ་གྲུབ་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། རྫོགས་པ་ཆེན་པོའི་ཕྲིན་ལས་བཙལ་དུ་མེད་པའི་ཚུལ་འདི་སྟོན་པར་བྱེད་ན་ལེགས་པའམ་ནོར་བ་མེད་པར་རྟོགས་པར་གྱིས་ཤིག །དེ་ཡང་སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་རྣམ་པ་གསུམ་ལས་འཁོར་གྱི་ཚུལ་དུ་བྱུང་བའི་སྟོན་པ་སྐུ་གསུམ་པོ་དེ་ཀུན་གྱིས། རང་རང་སོ་སོ་ཡི་འཁོར་རྣམས་སྐུ་ཡི་རྣམ་འགྱུར་ལ་སོགས་པ་ཇི་ལྟར་བསྟན་ནས་འདུལ་བར་འགྱུར་བ་དེ་འདྲ་བའི་སྐུར་མངོན་དུ་བྱུང་ནས། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཇི་ལྟར་བསྒྲུབ་པའི་ཐབས་རྒྱུ་འབྲས་ཀྱི་ཐེག་པ་རང་རང་གི་སྐབས་ནས་བསྟན་པ་དེ་ལྟར་རྩོལ་སྒྲུབ་ཀྱིས་བཙལ་ཞིང་བསྒྲུབ་པས། གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་གང་ཡིན་པ་དང་འཕྲད་པར་རྟོགས་སོ་ཞེས་ལུང་སྟོན་ཏོ། །དེས་ན་ལུས་ཀྱི་ལས་སུ་ཕྱག་རྒྱ་བཅའ་བ་ལ་སོགས་པའི་བྱ་བ་བྱེད་དུ་ཡོད་པར་རྟོགས་པ་དང་། ངག་གིས་ལས་བཞི་སོ་སོའི་སྐབས་དང་མཐུན་པའི་ལས་སྔགས་དང་ལྷའི་སྙིང་པོ་བསྒྲང་ཞིང་བཟླས་པ་བྱེད་དུ་ཡོད་པར་རྟོགས་པ་དང་། སེམས་ཀྱིས་ལྷ་བསྒོམ་པ་དང་འོད་ཟེར་འཕྲོས་འདུ་བྱེད་པ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་དུ་ཡོད་པར་རྟོགས་སོ་ཞེས་སྟོན་པ་ལས། བྱ་བྱེད་རྩོལ་སྒྲུབ་ལ་ལྟོས་པ་མེད་པར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཡར་བར་གནས་པས་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་མི་སྟོན་པས་འཁོར་རྣམས་ཀྱིས་ཀྱང་དེ་ལྟར་མི་རྟོགས་པར་རེ་དོགས་རྩོལ་སྒྲུབ་ལ་གནས་པས་རྫོགས་ཆེན་བྱར་མེད་ལྷུན་གྲུབ་ཆེན་པོའི་དོན་ལས་ཉམས་པར་གསུངས་པའོ། །གཉིས་པ་ལ་བརྒྱད་དེ། ཡེ་ནས་བྱ་བཙལ་མེད་པ། དོན་གཉིས་ལྷུན་གྱིས་གྲུབ་པ། བྱས་དང་མ་བྱས་མེད་པ། སྒོ་གསུམ་རྩོལ་སྒྲུབ་མེད་པ། བྱར་མེད་རྟོགས་པར་གདམས་པ། ལས་བཞི་དྲང་དོན་བསྟན་པ། བཙལ་མེད་ཡེ་ཤེས་འཆར་བ། བྱར་མེད་དོན་ལ་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། སྟོན་པ་ཀུན་བྱེད་ང་ཡི་རྩོལ་མེད་རང་ཤར་གྱི་ཕྲིན་ལས་ནི། འདི་ལྟར་སྒོ་གསུམ་འབད་རྩོལ་གྱི་ལས་ལ་བརྟེན་ནས་བཙལ་བར་བྱ་བ་མེད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་དོན་གཉིས་བསྒྲུབ་པའི་ཕྲིན་ལས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པར་ལུང་བསྟན་པས། བྱ་བྱེད་རྩོལ་སྒྲུབ་ཀྱི་ཡུལ་ལས་འདས་པའི་ཆོས་ཉིད་སྙིང་པོའི་དོན་དང་མི་འགལ་ཞིང་དོན་གཉིས་བསྒྲུབས་པའི་བསམ་པ་ཐམས་ཅད་བླང་དོར་འབད་རྩོལ་ལ་ལྟོས་པ་མེད་པར་བྱར་མེད་ངང་གིས་གྲུབ་པའི་ཚུལ་གྱི་མཐར་ཕྱུང་བ་ཡིན་པས་རྒྱུ་མཚན་དེས་ན་ཕྲིན་ལས་བཙལ་དུ་མེད་པར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྟོགས་པར་གྱིས་ཤིག་ཅེས་པའོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་ཕྲིན་ལས་ནི་འབད་རྩོལ་གྱིས་མ་བསྒྲུབ་བཞིན་དུ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ་ནི་ཇི་ལྟར་ཞེ་ན། ཇི་སྐད་དུ་ཀློང་ཆེན་ལས། གཤིས་ལ་འཁྲུལ་པ་མ་གྲུབ་སྟོང་། །སྤང་བ་ཕུན་སུམ་ཚོགས་པ་ཡིན། །ངོ་བོ་གཉིས་སུ་མེད་པས་ན། །རྟོགས་པ་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པ་ལྟར་བདག་དོན་དུ་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་སུ་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པས་ན་ད་གསར་དུ་བདག་དོན་བསྒྲུབ་པའི་བྱ་བ་མེད་པར་རྟོགས་ལ། གཞན་དོན་ཀྱང་སེམས་ཉིད་སྙིང་པོའི་ཀློང་ན་བདག་གཞན་གྱི་དབྱེ་བ་ཐ་དད་དུ་མེད་པར་རང་སེམས་སྐྱེ་བ་མེད་པའི་དབྱིངས་སུ་འཁོར་འདས་དབྱེར་མེད་ཆེན་པོ་གཅིག་ཏུ་རྫོགས་ཤིང་མཉམ་ཉིད་ཆོས་སྐུའི་ཀློང་དུ་ཐམས་ཅད་ཕྱམ་གཅིག་ཏུ་གྲོལ་ཟིན་པ་ཡིན་པས། དེ་ལས་གཞན་དུ་གཞན་དོན་ཞིག་བཙལ་དུ་མེད་པར་རྟོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀུན་འདུས་ལས། འགྲོ་དྲུག་ཡེ་ནས་སངས་རྒྱས་ཏེ། །ཐམས་ཅད་ལྷག་མ་མེད་པས་བསྒྲལ། །ཇི་ལྟར་སྣང་བ་ཀུན་ཏུ་ཁྱབ། །ཡེ་ནས་གཅིག་གི་ངང་དུ་འདུས། །ཞེས་སོ། །དེས་ན་རྫོགས་པ་ཆེན་པོའི་དོན་གཉིས་བསྒྲུབ་པའི་ཕྲིན་ལས་ཐམས་ཅད་མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་དེ་ལྟར་དུ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་གོལ་འཕྱུག་མེད་པར་ངེས་པར་རྟོགས་པར་གྱིས་ཤིག་ཞེས་པའོ། །གསུམ་པ་ནི་ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པའི་དབྱིངས་སུ་ཆོས་ཐམས་ཅད་ཀུན་ཡེ་ནས་གྲོལ་བའི་བྱ་བ་བྱས་ཟིན་པས། དེ་ལས་གཞན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཕྲིན་ལས་བསྒྲུབ་པའི་བྱ་རྩོལ་གང་ཡང་མི་དགོས་པར་རྟོགས་པ་ཡིན་པས་ན། ནམ་མཁའ་ལྟར་རྒྱུ་རྐྱེན་གང་གིས་ཀྱང་མ་བྱས་ཤིང་བླང་དོར་དགག་སྒྲུབ་ཀྱི་བྱ་བ་ཐམས་ཅད་དང་བྲལ་བ་ཆོས་རྣམས་ཀུན་གྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་དེ་ལ་རང་གཞན་གྱི་དོན་གཉིས་བསྒྲུབ་པར་བྱ་བ་དང་མི་བྱ་བའི་ཐ་སྙད་གང་གིས་གདགས་ཏེ། ཆོས་ཉིད་འདུས་མ་བྱས་པའི་རང་བཞིན་ལ་བྱ་བ་དང་མི་བྱ་བའི་སྤྲོས་པ་ཡེ་ནས་མེད་པའི་ཕྱིར་རོ། །བཞི་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འདི་ལ་ནི། ལུས་ཀྱི་ལས་སུ་རྐང་པའི་སྟང་སྟབས་དང་ལག་པས་ཕྱག་རྒྱ་བཅའ་བར་བྱེད་པ་ལ་སོགས་པ་ཅི་ཡང་མེད་པར་བསྒུལ་བསྐྱོད་དང་འགྲོ་འདུག་ཐམས་ཅད་གར་དང་ཕྱག་རྒྱའི་རང་བཞིན་དུ་རྟོགས་ལ། དེ་བཞིན་དུ་སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་བཞིན་ཡིན་པ་ལས་གཞན་པའི་ངག་གིས་དབྱངས་དང་བསྟོད་པ་བཟླས་བརྗོད་ལ་སོགས་པ་འབད་རྩོལ་གྱི་བྱར་མེད་པར་སྨྲ་བརྗོད་ཐམས་ཅད་གྲགས་སྟོང་སྐྱེ་བ་མེད་པའི་རང་བཞིན་ཆོས་ཉིད་བྱང་ཆུབ་ཀྱི་སྙིང་པོར་ལྷུན་གྱིས་གྲུབ་པར་རྟོགས་པ་དང་། དྲན་རྟོག་གང་ཤར་ཐམས་ཅད་རང་ཤར་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་ཤར་བ་ཡིན་པ་དེ་ལས་གཞན་དུ་སེམས་ཀྱིས་ནད་གདོན་ཞི་བ་དང་ཚེ་བསོད་རྒྱས་པ་ལ་སོགས་པའི་ཆེད་དུ་ལྷ་བསྒོམ་པ་དང་། འོད་ཟེར་འཕྲོ་འདུ་བྱེད་པའི་ཏིང་ངེ་འཛིན་གྱི་རོལ་པ་སྣ་ཚོགས་བསྒོམ་པ་དང་བྲལ་བར་སྣང་གྲགས་དྲན་རིག་ཐམས་ཅད་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མི་འགག་སྒྱུ་འཕྲུལ་དྲྭ་བའི་རང་བཞིན་དུ་རྟོགས་པར་བྱའོ་ཞེས་པ་སྟེ། རིན་ཆེན་འཁོར་ལོའི་རྒྱུད་ལས། ལུས་ཅན་རྣམས་ཀྱིས་སྒྲ་རྣམས་ནི། །སྔགས་ཀྱི་གསུང་དུ་གྲགས་པ་ཡིན། །སྣང་སྟོང་གཉིས་མེད་རིག་པའི་གསུངས། །ཁ་དོག་དབྱིངས་སུ་གང་སྣང་བ། །སྐུ་མཆོག་རྒྱན་གྱི་འཁོར་ལོའི་ཟབ། །རྡོ་རྗེ་ལྟ་བུར་དབྱེར་མེད་པ། །སེམས་ཀྱི་རང་བཞིན་ཀུན་ཏུ་བཟང་། །སྐུ་གསུམ་རྫོགས་པའི་བདེ་བ་ཆེ། །བསམ་མེད་རང་བཞག་ཉིད་ཀྱིས་གོ། །ཞེས་པ་ལྟར་རོ། །ལྔ་པ་ནི། དེ་ལྟར་ཨ་ཏི་རྫོགས་པ་ཆེན་པོའི་ཕྲིན་ལས་སྒོ་གསུམ་གྱི་རྩོལ་བསྒྲུབ་ལ་མི་ལྟོས་པ་དེས་ན། སྔར་འདས་པའི་སངས་རྒྱས་རྣམས་དང་མ་བྱོན་པའམ་མ་འོངས་པའི་སངས་རྒྱས་དང་། ད་ལྟར་དངོས་སུ་བཞུགས་པ་ཡི་རྒྱལ་བ་མ་ལུས་པ་ཡང་ཆོས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཕྲིན་ལས་བྱ་རྩོལ་མེད་པའི་དོན་འདི་རྟོགས་ནས་མངོན་པར་རྫོགས་པ་སངས་རྒྱས་པ་ཡིན་པའི་ཕྱིར་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཕྲིན་ལས་བཙལ་དུ་མེད་པའི་དོན་ཇི་བཞིན་རྟོགས་པ་ལ་རག་ལུས་པ་ཡིན་པས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་ཕྲིན་ལས་བཙལ་དུ་མེད་པའི་དོན་འདི་ཐོས་ནས་རྟོགས་པར་གྱིས་ཤིག་ཅེས་གདམས་སོ། །དྲུག་པ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་རྣམས་ལ་མེ་ཆུ་དུག་མཚོན་དམག་དང་མུ་གེ་དགྲ་དང་དུས་མིན་གྱི་འཆི་བ་སྟེ་འཇིགས་བརྒྱད་ཞི་བར་བྱེད་པ་དང་། ཚེ་རིང་བ་དང་དབང་ཆེ་བ་བཀྲ་ཤིས་པ་གཟི་མདངས་ཆེ་བ་འཁོར་མང་བ་ལོངས་སྤྱོད་ཆེ་བ་སྟེ་འབྱོར་དྲུག་རྒྱས་པར་བྱེད་པ་དང་། གདུལ་བྱའི་འགྲོ་བ་རྣམས་ཀྱིས་རང་ལ་ཕ་མ་ལྟར་མོས་པ། རྗེ་བོ་ལྟར་མོས་པ། གཙོ་བོ་ལྟར་མོས་པ། སློབ་དཔོན་ལྟར་མོས་པ་སྟེ་མོས་པ་རྣམ་བཞིས་དབང་དུ་བྱེད་པ་དང་། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མངོན་སྤྱོད་ཀྱི་ལས་ཀྱིས་ཚར་གཅོད་པ་དྲག་པོའི་ཕྲིན་ལས་བཞི་རྩོལ་ཞིང་བསྒྲུབ་པར་ལུང་བསྟན་པ་ནི། རྫས་སྔགས་ཏིང་ངེ་འཛིན་ལྷ་དང་ཕྱག་རྒྱ་ལ་སོགས་པ་རྣམ་རྟོག་མཚན་མ་ཡི་ཡུལ་ལ་ཞེན་ནས་དེ་འདྲའི་རྣམ་གྲངས་ལ་དགའ་བ་རྣམས་ལ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་དང་པོ་ནས་བསྟན་ན་རྟོགས་པར་མི་ནུས་པར་དགོངས་ནས། གདུལ་བྱར་གྱུར་བའི་གང་ཟག་དེ་རྣམས་འདུལ་བའི་ཆེད་དུ་རང་རང་གི་རྟོགས་པ་དང་མཐུན་པའི་ཕྲིན་ལས་བསྒྲུབ་པའི་རྣམ་གྲངས་སུ་བསྟན་པའི་དྲང་དོན་ཙམ་ཡིན་གྱི་སྐལ་ལྡན་དབང་རབ་རྣམས་ཀྱི་དོན་དུ་བསྟན་པའི་ངེས་དོན་ཨ་ཏིའི་དགོངས་པ་ཅི་བཞིན་པ་མ་ཡིན་པར་གསུངས་སོ། །བདུན་པ་ནི། ཀྱེ་རྒྱལ་བ་སྐུ་གསུམ་གྱིས་བསྟན་པའི་ཕྲིན་ལས་རྩོལ་སྒྲུབ་ཀྱི་སྒོ་ནས་སྒྲུབ་པར་བསྟན་པའི་ལུང་དྲང་དོན་ཡིན་པ་དེ་ཡི་ཕྱིར་ན། སྟོན་པ་ཀུན་བྱེད་ང་ཡིས་ངེས་པའི་དོན་ལུང་བསྟན་པ་འདི་ཇི་ལྟར་ཐོས་པའི་དོན་ལ་མ་ནོར་བར་བརྟགས་པར་བྱོས་ཤིག་དང་། འདི་ལྟ་བུའི་བྱ་རྩོལ་ཀུན་དང་བྲལ་བའི་ཕྲིན་ལས་དེ་ཉིད་ཀྱིས་སྒོ་གསུམ་གྱི་བྱ་བ་གང་ཡང་མ་བྱས་བཞིན་དུ་རང་གཞན་གྱི་དོན་ཀུན་ལྷུན་གྱིས་རྫོགས་པ་ཡིན་པས། ད་གསར་དུ་བསྒྲུབ་མི་དགོས་པའི་དོན་མངོན་སུམ་དུ་གཟིགས་པའི་རྟོགས་པའི་ཡེ་ཤེས་ཇི་བཞིན་པ་ངང་གིས་འཆར་བར་འགྱུར་རོ། །དེ་ལྟ་བུའི་རྟོགས་པའི་ཡེ་ཤེས་དེ་ལ་ཕྲིན་ལས་རྣམ་པ་བཞི་ཡང་དོན་གྱིས་ཚང་བ་ཡིན་པར། བང་མཛོད་འཕྲུལ་ལྡེ་ལས། སེམས་ཀྱི་རང་བྱུང་ཡེ་ཤེས་དེ། །གཟུང་འཛིན་མེད་པས་ཞི་བ་ཡིན། །ཀུན་ལ་ཁྱབ་པས་རྒྱས་པ་ཡིན། །སེམས་ལ་དབང་ཐོབ་དབང་ཡིན་ཏེ། །རྣམ་རྟོག་འཇོམས་པས་དྲག་པོའོ། །ཞེས་གསུངས་སོ། །བརྒྱད་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་རྫོགས་པ་ཆེན་པོའི་སྒོ་གསུམ་བྱ་རྩོལ་མེད་པའི་ཕྲིན་ལས་གང་ཞིག །སེམས་ཉིད་ཇི་བཞིན་རྟོགས་པའི་ཡེ་ཤེས་ལ་མ་བཙལ་ལྷུན་གྱིས་གྲུབ་པའི་དོན་འདི་ལེགས་པར་རྟོགས་པར་གྱུར་ན། ཆོས་ཐམས་ཅད་ཀྱི་སྙིང་པོ་ཀུན་བྱེད་བྱ་རྩོལ་མེད་པའི་དོན་འདི་རྟོགས་པས་རེ་དོགས་རྩོལ་སྒྲུབ་ཀྱི་འཆིང་བ་ཀུན་དང་བྲལ་བའི་ཕྱིར་ན་ཕྲིན་ལས་བསྒྲུབ་པ་ལ་སོགས་པའི་སྒོ་གསུམ་འབད་རྩོལ་གྱི་ལས་གང་ཡང་བྱ་བ་དང་མི་བྱ་བའི་རྩིས་གདབ་མེད་པར་དོན་ཀུན་ལྷུན་གྱིས་རྫོགས་པར་འགྱུར་བ་ཡིན་པས། རྒྱུ་མཚན་དེ་བས་ན་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་ཀུན་བྱེད་རྒྱལ་པོའི་ཕྲིན་ལས་རྩོལ་མེད་ཡེ་ནས་རྫོགས་པའི་དོན་འདི་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །གསུམ་པ་དེ་ཉིད་ཀུན་བྱེད་ཀྱི་དགོངས་པར་གྲུབ་ཚུལ་ལ་གསུམ་སྟེ། བྱ་རྩོལ་མཚན་མའི་ལམ་དུ་བསྟན་པ། བྱར་མེད་རྟོགས་པ་ཀུན་བྱེད་དུ་གདམས་པ། སྒོ་གསུམ་རྩོལ་བྲལ་དུ་རྟོགས་པས་སངས་རྒྱས་ཀྱི་དགོངས་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། འདི་ལྟར་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ནི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་ཡང་སྟོན་པ་ཡིན་པས་ཕྱིར་ན་སྟོན་པའི་རྒྱལ་པོ་ཞེས་སྨོས་པ་སྟེ། དེ་ལྟ་བུས་སྐུ་གསུམ་རྒྱལ་བའི་སྟོན་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡིས་ནི་རེ་དོགས་རྩོལ་སྒྲུབ་ཀྱི་བྱ་བ་བྱས་པ་ཐམས་ཅད་རྣམ་རྟོག་མཚན་མའི་ལམ་དུ་བསྟན་པ་ཡིན་ནོ་ཞེས་གསུངས་པ་དེས་ན་རྩོལ་སྒྲུབ་གང་ཡང་མི་བྱེད་པར་མ་བཅོས་གཉུག་མའི་དོན་ལ་གནས་པར་གདམས་ཏེ། དེ་ཉིད་ལས། བྱས་ན་འཆིང་བའི་ལམ་ཡིན་ལ། །མ་བསྒྲུབ་འདུ་འབྲལ་མེད་པར་བསྟན། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལྟར་སྤང་བླང་འབད་རྩོལ་གྱིས་བྱས་པ་ཐམས་ཅད་ཆོས་ཉིད་སྙིང་པོའི་དོན་དང་མི་མཐུན་ཞིང་རྣམ་རྟོག་མཚན་མའི་ལམ་དུ་གོལ་བ་ཡིན་པའི་རྒྱུ་མཚན་དེས་ན་རེ་དོགས་དང་དགག་སྒྲུབ་ཀྱི་བློ་ཡིས་རང་རྒྱུད་འཆིང་བར་མི་བྱེད་པར་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་གཉུག་མའི་དོན་འདི་མ་ནོར་བར་རྟོགས་པར་གྱིས་དང་། དེ་ལྟ་བུའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་བྱ་བྱེད་ཀྱི་རྩོལ་བ་ཀུན་དང་བྲལ་བཞིན་དུ་འགྲོ་དོན་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མེད། །ཀུན་ལ་སྙོམ་མཛད་ཐུགས་རྗེའི་དཔལ། །བྱང་ཆུབ་སེམས་ཀྱིས་ཡོངས་ལ་ཁྱབ། །འགྲོ་དོན་མཐར་ཕྱིན་དམིགས་པ་མེད། །ཕྲིན་ལས་བྱང་ཆུབ་སེམས་ལ་རྫོགས། །ཞེས་པ་ལྟར་རོ། །དེས་ན་བྱ་རྩོལ་བྲལ་བའི་ཕྲིན་ལས་མ་བཙལ་ལྷུན་གྱིས་གྲུབ་པར་སྟོན་པའི་ལུང་འདི་ཉིད་ངེས་དོན་རྫོགས་པ་ཆེན་པོའི་དགོངས་པ་མཐར་ཐུག་པ་ཡིན་པའི་ཕྱིར་ན། དོན་འདི་ཇི་བཞིན་དུ་རྟོགས་པས་ཁམས་གསུམ་གྱི་འགྲོ་བ་མ་ལུས་པ་འདི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་ང་ཉིད་དང་གདོད་ནས་དབྱེར་མེད་གཅིག་གི་ངོ་བོ་ཉིད་དུ་རྟོགས་ནས་ཁམས་གསུམ་ཡོངས་གྲོལ་ཆེན་པོའི་དགོངས་པ་རྩོལ་མེད་ངང་གིས་འཆར་བར་འགྱུར་རོ་ཞེས་པའོ། །གསུམ་པ་ནི། དེས་ན་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡེ་ནས་རང་བྱུང་འདུས་མ་བྱས་པའི་རང་བཞིན་ཡིན་པས་རྩོལ་སྒྲུབ་ཀྱི་བྱ་བ་ཀུན་དང་བྲལ་བའི་ཕྱིར་སྒོ་གསུམ་མ་བཅོས་རྣལ་མར་གནས་པའི་ལམ་མ་ནོར་བ་ལ་ཞུགས་པས་བྱ་རྩོལ་ཀུན་ལས་འདས་པའི་དོན་ལ་རྟོགས་པ་མངོན་དུ་གྱུར་པ་ནི། དུས་གསུམ་རྒྱལ་བའི་དགོངས་པ་དང་དབྱེར་མེད་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་མ་ནོར་དེ་བཞིན་ཉིད་ཀྱི་དོན་བསྒྱུར་བཀོད་ཐམས་ཅད་དང་བྲལ་བའི་ལམ་ལ་རྟོགས་པ་མངོན་དུ་ཐོབ་པ་འདི་ཉིད་ནི་རྩོལ་སྒྲུབ་ཅན་གྱི་ལམ་ཀུན་ལས་ཁྱད་པར་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྒོ་གསུམ་བྱ་བ་མེད་པར་རྟོགས་པའི་ལེའུ་སྟེ་རེ་གཅིག་པའི་འགྲེལ་པའོ།། ༈ །།དོ ན་བཞི་པ་མ་བསྐྱེད་གཞི་ནས་རྫོགས་པའི་སེམས་ཉིད་དོན་གྱི་དཀྱིལ་འཁོར་ལྷུན་གྲུབ་ཆེན་པོའི་གནས་ལུགས་རྟེན་དང་བརྟེན་པ་གཉིས་སུ་མེད་པས་བསྐྱེད་མ་བསྐྱེད་གཞི་ནས་དག་པའི་ངོ་བོར་བསྟན་པའི་ལེའུ་རེ་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་ཕྲིན་ལས་བཙལ་དུ་མེད་པར་དོན་གཉིས་ལྷུན་གྲུབ་ཆེན་པོར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ཡིན་པས། དེ་ལས་གཞན་དུ་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཏིང་འཛིན་གསུམ་ལ་སོགས་པས་ད ཀྱིལ་འཁོར་བསྐྱེད་པ་ཉིད་མཚན་མ་གྲངས་ལ་འཆེལ་བས་ངལ་བ་འབྲས་བུ་མེད་པར་བསྟན་པ། མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་བཤད་པ། སེམས་ཀྱི་རྩལ་ཉོན་མོངས་པ་ལྔ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་མར་འཛིན་པའི་དཀྱིལ་འཁོར་དགོད་པ་དང་། དེ་ཉིད་ཀྱིས་ཡང་དག་པའི་དོན་མི་མཐོང་བར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གནས་པ་ལ། རྣམ་རྟོག་མཚན་མའི་བློ་ཡིས་བསྐྱེད་དུ་མེད་པའི་དོན་འདི་ཉིད་ད་ལྟ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཇི་སྐད་བསྟན་པ་བཞིན་དུ་རྟོགས་པར་གྱིས་ཤིག །དེ་ཡང་འོག་མའི་ཐེག་པ་རྣམས་སུ་དཀྱིལ་འཁོར་བཞེངས་བསྒྲུབ་ལ་སོགས་བརྩོལ་སྒྲུབ་ཅན་དུ་བསྟན་པ་ནི། རྩོལ་བྲལ་རྫོགས་པ་ཆེན་པོའི་དགོངས་པ་མིན་པར་དེ་དག་ནི་ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་གཟུགས་དབྱིབས་ཁ་དོག་ལ་སོགས་པའི་མཚན་མ་གྲངས་ལ་དགའ་བའི་གདུལ་བྱ་སྤྲོས་པ་ཅན་རྣམས་ལམ་ལ་རིམ་པར་དྲང་བའི་དོན་ཙམ་དུ་ཚོགས་གཉིས་བསགས་པ་དང་དཀྱིལ་འཁོར་བསྐྱེད་དུ་ཡོད་པར་བསྟན་པ་ཡིན་པས་གནས་སྐབས་གདུལ་བྱའི་བློ་ངོར་གསུངས་པ་ཙམ་ལས་གནས་ལུགས་ཇི་བཞིན་པ་ནི་མ་ཡིན་ནོ་ཞེས་སོ། །གཉིས་པ་ནི། དེས་ན་གང་ཟག་གང་ཞིག་དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ལམ་དྲང་དོན་དགོངས་པ་ཅན་ལ་བརྟེན་པར་བྱས་ནས། རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་བཅོས་ལྷུན་གྱིས་གྲུབ་པ་དེ་ཉིད་དཀྱིལ་འཁོར་བཞེངས་པ་དང་བསྐྱེད་པ་ལ་སོགས་པ་མཚན་མ་གྲངས་ཀྱི་སྒོ་ནས་རྟོགས་པར་བྱེད་འདོད་པ་དེ་ཡིས་ནི། བསྐལ་པ་བྱེ་བ་བརྒྱ་ཕྲག་ལ་སོགས་པ་ཡུན་རིངས་པོའི་བར་དུ་མཚན་འཛིན་རྟོགས་པའི་གནས་སུ་གོལ་ཏེ་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པ་ལས་སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྣམ་རྟོག་མཚན་མའི་བློ་ཡིས་བསྐྱེད་དུ་མེད་པའི་རང་བཞིན་ཅན་གྱི་སྟོན་པ་ཀུན་བྱེད་རྒྱལ་པོའི་ལུང་དོན་ཇི་བཞིན་པ་འདི་མི་རྟོགས་པར་འགྱུར་རོ་ཞེས་སོ། །གཉིས་པ་མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་བཤད་པ་ལ་གསུམ་སྟེ། མ་བྱས་ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་མདོར་བསྟན། དེའི་དོན་རྒྱས་པར་བཤད། བསྐྱེད་དུ་མེད་པའི་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། གོང་དུ་བཤད་པའི་དམིགས་མཚན་སྤྲོས་པ་ལ་ཞེན་པའི་ལམ་དེས་མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་རྟོགས་པར་མི་ནུས་པ་དེ་བས་ན། སྟོན་པ་ཀུན་བྱེད་རྒྱལ་པོ་ངས་ངེས་དོན་རྫོགས་པ་ཆེན་པོའི་ལུང་ལས་ཚོགས་གཉིས་བསགས་པ་དང་དཀྱིལ་འཁོར་བསྐྱེད་པ་ཐམས་ཅད་བྱ་བྱེད་རྩོལ་བའི་ལམ་ལ་ལྟོས་པ་མེད་པར་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ཡེ་ནས་ལྷུན་གྱིས་རྫོགས་པ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་འབད་རྩོལ་གྱིས་མ་བྱས་བཞིན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་ཆོས་ཉིད་འགྱུར་བ་མེད་པ་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་དཀྱིལ་འཁོར་བསྐྱེད་དུ་མེད་ཅིང་ཚོགས་གཉིས་ཡེ་ནས་རྫོགས་པ་ལ། ད་གསར་དུ་ཚོགས་ལ་བསགས་དུ་མེད་པར་བསྟན་པའི་དོན་འདི་ཡང་དག་པར་རྟོགས་ན་དེ་ལས་གཞན་དུ་ཚོགས་བསགས་པ་དང་དཀྱིལ་འཁོར་བཞེངས་བསྒྲུབ་ལ་སོགས་པའི་རྩོལ་བ་ཅི་ཡང་མི་དགོས་པར་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པར་གསུངས་ཏེ། དེ་ལྟར་ཡང་ཀློང་ཆེན་ལས། འབྲས་བུ་ཡེ་ཤེས་ཚོགས་ནི་སེམས་ཉིད་དེ། །བསོད་ནམས་ཡེ་ཤེས་བྱང་ཆུབ་སེམས་ལ་རྫོགས། །སྤྱད་པས་མི་འཛད་མ་བསགས་བྲི་བ་མེད། །ཀློང་ཡངས་ནམ་མཁའ་རྒྱ་མཚོ་ལྟ་བུ་ཡི། །ཚོགས་ཆེན་རྣམ་གཉིས་རང་ལ་རྫོགས། །ཞེས་དང་། ནམ་མཁའ་མཐའ་དང་མཉམ་པ་ལས། །བཅོས་མེད་རིག་པ་དོན་གྱི་གཏེར། །འཕོ་འགྱུར་མེད་པའི་དབྱིངས་ཉིད་ངང་། །རིག་པ་མཆོག་གི་དཀྱིལ་འཁོར་ལ། །བསྐྱེད་པ་མེད་པའི་རང་བཞིན་གསལ། །ཞེས་པ་ལ་སོགས་པས་བསྟན་པ་ལྟར་རོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ་བདུན་ཏེ། དཀྱིལ་འཁོར་གྱི་ངོ་བོ། ངེས་ཚིག་དགོས་པ། རང་བཞིན། མཐོང་ལུགས། འབྲས་བུ། གདམས་ཚུལ་ལོ། །དང་པོ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རམ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་ངོ་བོ་བསྟན་པ་ནི། བྱང་ཆུབ་སེམས་རང་གི་རྩལ་ལས་བྱུང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་ཡེ་ནས་ལྷུན་གྱིས་རྫོགས་པར་སྟོན་པའི་ལུང་སྟེ། དེ་ཡང་ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ་ཀུན་སེམས་ཉིད་སྙིང་པོར་ཡེ་ནས་རང་ཆས་སུ་རྫོགས་པས་གཞི་འབྲས་དབྱེར་མེད་ཆེན་པོའི་དཀྱིལ་འཁོར་དུ་གནས་པ་ལ་བསྐྱེད་པ་དང་འབྲི་བ་གཉིས་ཀ་མེད་པར། མ་བསྐྱེད་བཞིན་དུ་དུས་གཅིག་ལ་རྫོགས་པ་འདི་ཤེས་ན་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པ་ཡིན་ནོ་ཞེས་པ་སྟེ། དགའ་རབ་རྡོ་རྗེས། ཀུན་གྱི་ངོ་བོ་བྱང་ཆུབ་སེམས། །སྙིང་པོ་མ་བཅོས་རང་གསལ་བ། །དབྱེར་མེད་ཡེ་ནས་དོན་གྱིས་རྫོགས། །ཀུན་ནས་བཟླུམས་པར་གནས་པ་ཡིན། །ཞེས་ཆོས་ཐམས་ཅད་ཀྱི་ངོ་བོ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་རང་གསལ་ཉིད་དུ་གནས་པ་ལ་འཁོར་འདས་ཐམས་ཅད་དབྱེར་མེད་མཉམ་པ་ཉིད་དུ་རྫོགས་ཤིང་ཀུན་བཟླུམ་ཐིག་ལེ་གཅིག་གི་ངོ་བོར་གནས་པ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་པར་བསྟན་པའོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ། དེ་ལ་དཀྱིལ་འཁོར་གྱི་ངེས་ཚིག་ནི་གང་ཞེ་ན། འདི་ལྟར་དཀྱིལ་ཞེས་བརྗོད་པ་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་ནོར་དོན་གྱི་ངོ་བོ་ཉིད་དུ་བཞུགས་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དཀྱིལ་ལམ་སྙིང་པོ་ཡིན་པས་ན་དེ་སྐད་དུ་བརྗོད་ལ། འཁོར་ཞེས་པ་ནི་རིག་པའི་རྩལ་ལས་ཤར་བའི་འཁོར་འདས་ཀྱི་སྣང་ཆ་རབ་འབྱམས་མུ་མེད་པར་སྣང་བ་ཐམས་ཅད་འགྱུར་མེད་བདེ་བ་ཆེན་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལ་འདུ་འབྲལ་མེད་པར་འཁོར་གྱི་ཚུལ་དུ་ཡེ་ནས་རྫོགས་པར་ལྡན་པ་སྟེ། དེེ་ནི་མ་བསྐྱེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སྙིང་པོ་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅད་ཀུན་གྱི་རྩ་བ་ཡིན་པས། ཕྱོགས་དུས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ་ཀུན་འདི་ལ་འདུས་པར་རྟོགས་སོ་ཞེས་པའོ། །འདི་ལ་དགའ་རབ་རྡོ་རྗེས། འགྲོ་འདུལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་གཉིས་སུ་གསུངས་ཤིང་། དང་པོ་ལ་ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར། ནང་རྩ་གནས་བཞི་ཡི་དཀྱིལ་འཁོར། གསང་བ་བྷ་གའི་དཀྱིལ་འཁོར་གསུམ་དུ་གསུངས་པ་དེ་དག་ལ་བརྟེན་ནས་རྡོ་རྗེའི་ཐེག་པའི་མན་ངག་ཟབ་མོ་ཉམས་སུ་བླང་ན་སྙིང་པོའི་དོན་ལེན་ཅིང་འཛིན་པར་བྱེད་པས་དེ་སྐད་ཅེས་གསུངས་ལ། ཕྱི་མ་ནི་དེ་ཐམས་ཅད་ཀྱི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེ་ལ་ཡང་ཚོགས་དྲུག་དང་ཡུལ་དྲུག་གི་རོལ་པར་ཤར་བ་ཐམས་ཅད་ཡེ་ནས་རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་དྲུག་ཏུ་གནས་པར་གསུངས་ཏེ། དེ་ཉིད་ཀྱི་དཀྱིལ་འཁོར་གྱི་ཀློང་ལས། ཚོགས་དྲུག་ཡུལ་དྲུག་མ་བཅོས་རོལ་པར་ཤར། །བཀྲ་གསལ་གཟུགས་དང་བརྗོད་བྲལ་སྒྲ། །དངོས་བྲལ་རང་བཞིན་མེད་པའི་དྲི། །མུ་ཁའི་ཐིག་ལེ་དབྱིངས་ཀྱི་ངང་། ། སྣ་ཚོགས་དབྱིངས་ཉིད་བྷ་གའི་ཀློང་། །ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག །ཅེས་གསུངས་པ་དེ་དག་གི་དོན་རྟོགས་པས་སྙིང་པོའི་ཡོན་ཏན་ཐམས་ཅད་འཛིན་པར་བྱེད་པ་དང་། རྣམ་རྟོག་གི་དྲ་བ་གཅོད་ཅིང་དགོངས་པ་ལ་རྒྱུན་ཆད་མེད་པས་དཀྱིལ་འཁོར་ཞེས་བཤད་དེ། རྒྱན་ལས། སྙིང་པོ་ལེན་ཕྱིར་དཀྱིལ་འཁོར་ཏེ། །གཅོད་ཅིང་རྒྱུན་མི་འཆད་པའོ། །ཞེས་སོ། །གསུམ་པ་ནི། ཀྱེ་གོང་དུ་བསྟན་པ་དེ་ལྟ་བུའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་དཀྱིལ་འཁོར་འདི་ནི་ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ་ཐམས་ཅད་སེམས་ཉིད་སྙིང་པོར་གཅིག་ཏུ་འདུས་ཤིང་མ་བཙལ་ཡེ་ནས་རྫོགས་པའི་དཀྱིལ་འཁོར་ཏེ། འདི་ཉིད་བསྟན་ཅིང་རྟོགས་པ་ལ་དགོས་པ་ཅི་ཡོད་ན་སྐལ་ལྡན་གྱི་གང་ཟག་གང་གིས་གཞི་ལམ་འབྲས་བུའི་ཆོས་དེ་དག་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཅིག་ལ་རྫོགས་པར་གང་རྟོགས་པ་དེ་ཡིས་དཀྱིལ་འཁོར་བསྐྱེད་པ་མེད་པའི་དོན་ལ་མཁས་པའི་དགོས་པ་ཡོད་པར་གསུངས་སོ། །བཞི་པ་ནི་ཀྱེ་སེམས་དཔའ་ཆེན་པོ། སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ངས་དབང་རྣོན་ཨ་ཏིའི་གདུལ་བྱར་གྱུར་པ་རྣམས་ལ་བསྟན་པའི་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་གྱིས་འཁོར་འདས་ཐམས་ཅད་ལ་ཕར་འགྲོ་བ་དང་དེ་དག་ཚུར་འོང་ཞིང་འདུ་བ་མེད་པར་ནམ་མཁའ་བཞིན་དུ་ཀུན་ཏུ་ཁྱབ་པར་གདལ་ཞིང་གནས་པ་ཡིན་ཏེ། གཏིང་རྫོགས་ལས། ཡེ་ནས་གནས་པའི་ཆོས་ཉིད་སྙིང་པོ་འདི། །སྣང་བ་མེད་པར་ཀུན་ལ་ཁྱབ་པའི་ཕྱིར། །རྩོལ་མེད་ངང་དུ་རྩོལ་བ་འདུས་པས་ན། །ཆོས་སྐུ་བརྡལ་བ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་པ་ལྟར་ལ། དེས་ན་དེ་ལྟ་བུའི་སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་གང་ཟག་གང་གིས་ཚུལ་བཞིན་དུ་རྟོགས་པས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལ་འཇུག་པར་འགྱུར་བ་ཡིན་ནོ་ཞེས་སོ། །དལ་གྱི་ཀློང་ལས། ཇི་བཞིན་མངོན་སུམ་ཁོ་ན་བས། །བདེ་བ་ཆེན་པོ་གཅིག་གི་ངང་། །ཡེ་ཤེས་མུ་མཐའ་མེད་པར་འཇུག །འདི་ནི་རང་བཞིན་དཀྱིལ་འཁོར་ཡིན། །འདི་ལ་དེ་བཞིན་ནན་ཏན་བྱ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ནི། ཀྱེ་གོང་དུ་བསྟན་པ་དེ་ལྟ་བུའི་རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རྩལ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམ་པ་ལྔ་རུ་འཆར་བ་ཡི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་འདི་ནི། ཇི་བཞིན་རྟོགས་པ་དང་མ་རྟོགས་པའི་དོན་གྱི་ཁྱད་པར་ལ་རག་ལུས་པ་ཡིན་པས་ན། མ་བཅོས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་མངོན་སུམ་དུ་མ་རྟོགས་པ་རྣམས་ཀྱིས་རྒྱུ་རྐྱེན་རྩོལ་སྒྲུབ་ཀྱིས་བསྐྱེད་དུ་ཡོད་པར་མཐོང་བ་དང་། ཇི་བཞིན་མངོན་སུམ་དུ་རྟོགས་པ་རྣམས་ཀྱིས་མཚན་འཛིན་རྟོགས་པའི་བློ་ཡིས་མི་བསྐྱེད་པར་མ་བཅོས་ཡེ་གྲུབ་ཏུ་རྫོགས་པར་མཐོང་བ་སྟེ་རྣམ་པ་གཉིས་སུ་མཐོང་བ་ཡིན་ཀྱང་། སྔ་མ་ནི་དཔེར་ན་སྤྲིན་དང་མུན་པ་བསལ་བའི་འབད་རྩོལ་ལ་བརྟེན་ནས་ཉི་མ་གདོད་མཐོང་བར་འདོད་པ་དང་འདྲ་བས་མ་བཅོས་ལྷུན་གྱིས་གྲུབ་པའི་དོན་དང་འགལ་བ་ཡིན་ལ། ཕྱི་མ་ནི་ཆོས་ཐམས་ཅད་གཉིས་མེད་རང་བྱུང་གི་ཡེ་ཤེས་སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གྲུབ་ཟིན་པས་ད་གདོད་རྩོལ་བས་བསྒྲུབ་མི་དགོས་པ་ཉི་མ་དེ་ཉིད་དབྱིངས་ན་ངང་གིས་གསལ་བ་ལྟ་བུ་ཡིན་པས་ཤིན་ཏུ་ཁྱད་ཆེ་བར་གསུངས་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན། །རང་བཞག་འོད་གསལ་མི་གཡོ་གནས་པར་འདོད། །གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས། །ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན། །དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན། །ཞེས་གསུངས་པ་བཞིན་ཡིན་ལ། དེས་ན་ཆོས་ཉིད་དོན་དམ་པའི་རང་བཞིན་མ་བཅོས་ལྷུན་གྱིས་གྲུབ་པའི་གནས་ལུགས་ཇི་བཞིན་པ་དེ་རྟོགས་པར་གྱུར་ན། དཀྱིལ་འཁོར་བསྐྱེད་པས་བཟང་དུ་འགྲོ་བ་དང་མི་བསྐྱེད་པར་བཞག་པས་ངན་དུ་འགྲོ་བ་མེད་པས་ཅི་ལའང་རྩིས་གདབ་མེད་པར་རྟོགས་བྲལ་རང་བྱུང་གི་ཡེ་ཤེས་ཇི་བཞིན་པའི་ངང་ལ་གནས་པར་གསུངས་སོ། །དྲུག་པ་ནི། རྒྱུ་མཚན་དེ་ཡི་ཕྱིར་ན་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་སྒྲ་ཚིག་ཐོས་པ་ཙམ་ལ་མ་གནས་པར། གོང་དུ་བསྟན་པའི་དོན་རྣམ་དག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི་ཉིད་མ་ནོར་བར་རྟོགས་པར་གྱིས་ཤིག་དང་། གང་ཟག་གང་གིས་གནས་ལུགས་མ་བཅོས་པའི་དོན་དེ་ལ་རྟོགས་པ་སྐྱེས་མ་ཐག་ཏུ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཡི་དོན་དམ་ཀུན་བཟང་གདོད་མའི་མགོན་པོའི་རྒྱལ་ཐབས་ལ་མངའ་དབང་འབྱོར་བར་འགྱུར་རོ། །བདུན་པ་ནི། ཀྱེ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་མ་ལུས་པ་འདུས་པའི་སྙིང་པོ་སྟེ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཀུན་ཏུ་ཁྱབ་ཅིང་གཉིས་སུ་མེད་པར་གནས་པའི་དཀྱིལ་འཁོར་འདི་ནི། རྒྱུ་རྐྱེན་རྩོལ་སྒྲུབ་ལ་བརྟེན་ནས་ཡེ་ནས་མ་སྐྱེས་ཞིང་འགྲོ་བ་ཀུན་ལ་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཡིན་པའི་ཕྱིར་ན། དོན་འདི་ལ་སྤང་བླང་དང་རྩོལ་སྒྲུབ་ཅི་ཡང་མི་བྱེད་པར་ཆོས་ཉིད་ཇི་བཞིན་དུ་རྟོགས་པ་དེའི་ངང་ལ་མ་བཙལ་ཅི་བདེར་ཉིད་དུ་མནོས་པར་མཛོད་ལ། བྱ་བྱེད་རྩོལ་སྒྲུབ་གང་ཡང་མེད་པར་མ་རྩོལ་རང་བབས་ཉིད་དུ་ཞོག་ཅིག་ཅེས་གདམས་སོ། །གསུམ་པ་དོན་བསྡུ་བ་ནི། ཀྱེ་སེམས་དཔའ་ཆེན་པོ། དུས་གསུམ་རྒྱལ་བ་ཀུན་གྱི་རང་བཞིན་དུ་གྱུར་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་དཀྱིལ་འཁོར་བསྐྱེད་དུ་མེད་པར་ལྷུན་གྲུབ་ཏུ་གནས་པའི་དོན་འདི་ཉིད་རྟོགས་ཤིང་། དེ་ལྟར་རང་གིས་ཇི་ལྟར་རྟོགས་པ་ལྟར་དུ་གདུལ་བྱ་རྣམས་ལ་དོན་དེ་ཇི་ལྟ་བ་བཞིན་དུ་བསྟན་པ་ཡིན་པས་ན། མ་ནོར་ཇི་བཞིན་བསྟན་པ་དེ་ཡི་རང་བཞིན་སྒྲ་ཚིག་ཐོས་པ་ཙམ་ཞིག་མ་ཡིན་པར་རྒྱལ་སྲས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཡང་དག་པར་རྟོགས་པར་གྱིས་ཤིག་ཅེས་སོ། །རྩ་བའི་གསུམ་པ་སེམས་ཀྱི་རྩལ་ཉོན་མོངས་པ་ལྔ་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བསྟན་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམ་པ་ལྔ་པོ་ཡེ་ནས་རང་བྱུང་ཡེ་ཤེས་ཆེན་པོ་སྐྱེ་མེད་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་མ་བཙལ་ལྷུན་རྫོགས་སུ་བསྟན་པ་ཡིན་ཏེ། ཀློང་ཆེན་ལས། ལ་ལ་ཞེ་སྡང་བྱང་ཆུབ་སེམས། །ལ་ལ་གཏི་མུག་བྱང་ཆུབ་སེམས། །ལ་ལ་ང་རྒྱལ་བྱང་ཆུབ་སེམས། །ལ་ལ་འདོད་ཆགས་བྱང་ཆུབ་སེམས། །ལ་ལ་ཕྲག་དོག་བྱང་ཆུབ་སེམས། །རང་བྱུང་གཅིག་ལས་མ་གཡོས་པས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གི་སྟོབས། །ཞེས་དང་། འདི་ཉིད་ལས། རང་བྱུང་ཡེ་ཤེས་ལྔ་ཡི་ལམ་ལྔ་ནི། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དང་ནི་ཕྲག་དོག་རྣམ་ལྔ་སྟེ། །རང་བྱུང་ཡེ་ཤེས་རྣམ་ལྔ་ཀུན་གྱི་ལམ། །ཞེས་བསྟན་པ་དེ་ལྟར་བཀའ་ཡི་སྡུད་པོ་རྒྱལ་སྲས་ཆེན་པོ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་དེ་ལྟར་མ་ནོར་བར་རྟོགས་པར་བྱས་ནས་ཀྱང་། དེ་བཞིན་དུ་འཁོར་གཞན་རྣམས་ལ་ཡང་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་རྟོགས་པ་ལྟར་དུ་ལུང་སྟོན་ཅིག་ཅེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དཀྱིལ་འཁོར་བསྐྱེད་དུ་མེད་པར་རྟོགས་པར་བསྟན་པའི་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའི་འགྲེལ་པའོ།། ༈ །།དོན་ལྔ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མ་མེད་པས་རྣམ་རྟོག་གྲངས་ཀྱིས་བཏགས་པའི་དབང་བཞི་བསྐུར་དུ་མེད་པ་སྐྱེ་མེད་རིག་པའི་རྩལ་དབང་ཆེན་པོར་བསྟན་པའི་ལེའུ་རེ་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྣམ་རྟོག་གི་རྩོལ་བས་བསྐྱེད་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ། སྐྱེ་མེད་རིག་པའི་རྩལ་དབང་ཡེ་ནས་ཐོབ་ཟིན་པ་ཡིན་པས། ད་མཚན་མ་རྫས་ཀྱི་དལ་ལ་བརྟེན་ནས་དབང་བཞིན་བསྐུར་དུ་མེད་པར་ཇི་ལྟར་རྟོགས་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཞེན་ཆགས་མཚན་མའི་དབང་གིས་སེམས་ཉིད་རང་བཞིན་གྱིས་དག་པའི་དོན་མི་མཐོང་བར་བསྟན་པ། ལྷུན་གྲུབ་རིག་པའི་དབང་གིས་རྒྱས་པར་བཤད་པ། སྤྲོས་པ་གྲངས་ཀྱི་དབང་ལ་མ་བརྟེན་ཅིག་པར་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་གིས་བསྟན་པ་མཚན་མའི་དབང་། དེ་ལ་བརྟེན་པས་དངོས་གྲུབ་ཉམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་དབང་བཞི་བསྐུར་དུ་མེད་པའི་དོན་འདི་ངེས་པར་རྟོགས་པར་གྱིས་ཤིག །དེ་ལ་སྙིང་པོ་རང་བྱུང་གི་ཡེ་ཤེས་ང་ནི་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་སྟེ། ང་ཡི་ཐུགས་རྗེ་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས། རྫས་དང་དཀྱིལ་འཁོར་སོགས་ལ་བརྟེན་ནས་དབང་ལ་སྔར་མེད་གསར་དུ་བསྐུར་བའི་ཐབས་ཡོད་པར་སྟོན་པའི་ལུང་ཕོགས་པ་དེ་བསྐུར་ཐོབ་མེད་པའི་དོན་དང་བྲལ་བ་ཡིན་པས་ཚུལ་ནི་འདི་ལྟར་རོ་ཞེས་སོ། །གཉིས་པ་ནི། བསྟན་མ་ཐག་པ་དེ་ལྟ་བུའི་སྔོན་མེད་གསར་ཐོབ་ཀྱི་རང་བཞིན་ཅན་གྱི་དབང་དེ་ནི་ཆོས་ཉིད་ཇི་བཞིན་པའི་དོན་རྟོགས་པ་མིན་པར་མཚན་མའི་རྟོགས་པ་ངན་པའི་ལམ་ལ་ཞེན་ཅིང་ཆགས་པ་ཡིན་པས། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་བསྐུར་ཐོབ་དང་བྲལ་བའི་དོན་མི་མཐོང་བར་གཞན་དུ་བསྐལ་བར་འགྱུར་བ་ཡིན་པའི་ཕྱིར་ན་མཆོག་གི་དངོས་གྲུབ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་པ་མི་རྟོགས་པར་དེ་ལས་ཉམས་པར་འགྱུར་རོ་ཞེས་སོ། །གཉིས་པ་རིག་པའི་དབང་ཉིད་བཤད་པ་ལ་དྲུག་སྟེ། རིག་པའི་རང་བཞིན་གཉིས་སུ་མེད་པར་བསྟན་པ། དབང་གཉིས་ཀྱི་རིམ་པ་བསྟན་པ། དོན་གྱི་དབང་ལ་བསྐུར་ཐོབ་མེད་པར་བསྟན་པ། བསྐུར་ཐོབ་མེད་པའི་དོན་རྟོགས་ནས་མཚན་མའི་དབང་ལ་བརྟེན་མི་དགོས་པར་བསྟན་པ། མཚན་མའི་དབང་ནི་སྒྲུབ་པའི་རང་བཞིན་དུ་བསྟན་པ། སྐྱེ་མེད་རིག་པའི་རྩལ་དབང་ལུང་བསྟན་པའི་ཚུལ་གྱིས་ཕྱི་རླབས་མཚན་མའི་དབང་ལ་མ་བརྟེན་ཅིག་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བའི་རང་བཞིན་གདོད་ནས་ལྷུན་གྱིས་གྲུབ་པ་ང་ནི་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། དེ་ལྟ་བུའི་གནས་ལུགས་འཕོ་འགྱུར་དང་བྲལ་བ་ང་ཡི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་སྲིད་ཞི་ཀུན་ལ་ཡེ་ནས་གཉིས་མེད་མཉམ་པ་ཉིད་དུ་ཁྱབ་པར་རྟོགས་པ་ཡིན་པས་དཔེར་ན་ནམ་མཁའ་སྣོད་བཅུད་ཐམས་ཅད་ལ་ཡེ་ནས་ཁྱབ་ཅིང་འདུ་འབྲལ་མེད་པར་གནས་པའི་ཕྱིར། དེ་ལ་སྔར་མ་ཐོབ་པ་དང་ཕྱིས་ཐོབ་པར་བྱ་བ་ཅི་ཡང་མེད་པ་ལྟར་དུ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་ཡང་སྔར་མ་ཐོབ་པ་དང་ཕྱིས་ཐོབ་པའི་དུས་ལྟ་བུ་གཉིས་སུ་གྲུབ་པའི་དོན་ནི་ཅི་ཡང་མེད་པའི་ཕྱིར་ན། དབང་བསྐུར་བས་ཐོབ་པ་དང་མི་བསྐུར་བས་མ་ཐོབ་པའི་དོན་གཉིས་དང་བྲལ་བར་རྟོགས་སོ་ཞེས་པའོ། །གཉིས་པ་ནི། དེ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གཤིས་ལུགས་ཇི་བཞིན་རྟོགས་པའི་ངོས་ན་དབང་ལ་བསྐུར་བ་དང་མི་བསྐུར་བའི་ཁྱད་པར་གཉིས་དང་བྲལ་བ་དེ་ལྟ་ནའང་། གདུལ་བྱ་དབང་པོ་རྟུལ་པོའི་གང་ཟག་མཚན་མ་གྲངས་ཀྱི་དབང་ལ་དགའ་བ་རྣམས་ལ་བུམ་གསང་ལ་སོགས་པ་དབང་གི་གྲངས་དང་རྫས་དང་དཀྱིལ་འཁོར་སོགས་ལ་བརྟེན་ནས་ཇི་ལྟར་བསྐུར་བའི་ཐབས་ཀྱི་རིམ་པ་རྣམས་བསྟན་པ་ཡིན་མོད་དེ་ནི་ཐུན་མོང་བ་ཕྱིའི་དབང་ཙམ་ལས་མ་བཅོས་རིག་པ་རྩལ་གྱི་དབང་ནི་མ་ཡིན་པ། དེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་མ་བཅོས་པའི་དོན་ལ་ཇི་བཞིན་དུ་གནས་པར་ནུས་པའི་གང་ཟག་དབང་རབ་རྣམས་ལ་མཚན་མ་གྲངས་ཀྱི་དབང་གང་ཡང་མ་བསྐུར་བར། སྐྱེ་ཤིང་འཕོ་འགྱུར་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་རང་ཆས་ལྷུན་གྲུབ་ཏུ་གནས་པ་འདི་ཉིད་རྟོགས་པས་དབང་བཞི་བསྐུར་བའི་རྩོལ་བ་ལ་མི་ལྟོས་པར་ཡེ་ནས་རང་བཞིན་དུ་གནས་པའི་རིམ་པ་འདི་ཉིད་བསྟན་པ་ཡིན་ཏེ། ཀློང་ཆེན་ལས། དུས་གསུམ་འཕོ་འགྱུར་མེད་པ་དེ། །ཡེ་ནས་ཀུན་དུ་བཟང་པོའི་ཀློང་། །ཡེ་ནས་སྐྱེ་ཤི་མེད་པ་དེ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངང་། །རིག་པ་རང་དབང་བསྒྱུར་བ་ལ། །དོན་གྱི་དབང་ཞེས་བཏགས་པ་ཡིན། །རང་ཞལ་རང་གིས་མཐོང་བ་ལ། །སངས་རྒྱས་ཞེས་སུ་བཏགས་པར་བཤད། །ཅེས་དང་། ཐེག་པའི་སྤྱི་ཕུད་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དང་པོ་དབང་གི་ངོ་བོ་ནི། རང་བྱུང་རོལ་པ་ཆེན་པོ་དབྱིངས་རུམས་སུ། །འཁོར་འདས་ཆོས་རྣམས་ཐམས་ཅད་དབང་གི་དཀྱིལ། །རང་རིག་བདག་འཛིན་བྲལ་བའི་གནས་ཉིད་དུ། །དབང་བཞི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འབབ། །སྲིད་པའི་རྩ་བ་བདག་འཛིན་སངས་བའི་དབང་། །ཕྱི་ནང་ཀུན་བརྟགས་ཡེ་གྲོལ་ངོ་བོ་ཉིད། །ངེས་ཚིག་ལས་ལྡན་བུ་ལ་དབང་བས་དབང་། །སྣང་སྲིད་སེམས་སུ་ཤེས་པ་དོན་གྱི་དབང་། །སྲིད་བཅུད་ལྷ་རུ་གྲོལ་བ་སེམས་ཀྱི་དབང་། །ཐམས་ཅད་རང་འཛིན་སྤངས་པས་ཡང་དག་དབང་། །གཉིས་མེད་ཟང་ཐལ་རྟོགས་པས་ཡེ་ཤེས་དབང་། །དེ་ཉིད་ངང་དུ་མི་གཡོ་རང་གི་དབང་། །ཐམས་ཅད་ཀ་ནས་དག་པ་ངོ་བོའི་དབང་། །ཡུལ་སེམས་ངོ་བོ་རྒྱས་པ་རང་བཞིན་དབང་། །སྣོད་བཅུད་ཡོངས་སུ་གྲོལ་བ་ཐུགས་རྗེའི་དབང་། །གཞི་སྣང་རང་སར་དག་པ་སྐུ་གསུམ་དབང་། །ཅིར་སྣང་རིག་པར་ཤར་བས་དབང་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། ཀྱེ་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རང་བཞིན་འདི་ནི་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ཡིན་པས་ཁམས་གསུམ་གྱི་འགྲོ་བ་ཀུན་ལ་ཡེ་ནས་བསྐུར་ཐོབ་མེད་པར་རང་ཆས་ལྷུན་གྲུབ་ཉིད་དུ་གནས་པའི་ཕྱིར། དེ་ལྟར་གཞི་གནས་ལྷུན་གྲུབ་ཆེན་པོའི་དོན་ལ་འཇུག་ཅིང་རྟོགས་པའི་རྣལ་འབྱོར་པ་རྣམས་ལ། མ་བསྐུར་རང་བཞིན་གྱིས་གནས་པའི་དོན་རྟོགས་པ་ཡིན་པས་དབང་ལ་བསྐུར་ཐོབ་མེད་པར་ལུང་སྟོན་པར་མཛོད་ཅིག་ཅེས་པ་སྟེ། སྔ་མ་ལས། དབང་ཞེས་བྱ་བའི་དངོས་གཞི་ནི། །གཞན་ལ་ཡོད་པ་མ་ཡིན་ཏེ། །རིག་པའི་ཡེ་ཤེས་རང་ལ་གནས། །ཉོན་མོངས་དབང་དུ་མི་འགྱུར་ཏེ། །བདག་ལ་ཡོད་པས་དབང་ཞེས་བྱ། །གཞན་མི་དབང་བས་དབང་ཞེས་བྱ། །རང་ཉིད་དབང་བའི་ཕྱིར་ན་དབང་། །ཞེས་པ་ལྟར་རོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དབང་ལ་བསྐུར་བས་ཐོབ་ཏུ་མེད་པར་མ་བསྐུར་བཞིན་དུ་ཡེ་ནས་ལྷུན་གྱིས་རྫོགས་པའི་རང་བཞིན་དུ་རྟོགས་ནས་འདི་ལྟར་ལུང་བསྟན་པ་ཡིན་པས་ན། རྗེས་འཇུག་གདུལ་བྱ་རྣམས་ཀྱིས་དེ་ལྟར་ལུང་བསྟན་པ་བཞིན་དུ་གདོད་ནས་སྐྱེ་བ་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་མ་ནོར་བར་རྟོགས་ཏེ་རང་དབང་ཐོབ་པར་གྱུར་ནས། དེ་ལས་གཞན་པའི་དབང་ཞིག་ཐོབ་ཏུ་མེད་པའི་ཕྱིར་ན་འདིར་རང་བཞིན་བཅུ་ཡི་ནང་ཚན་དུ་བསྟན་པའི་དབང་ལ་རེ་དོགས་ཀྱིས་རྩོལ་བར་མི་འགྱུར་ཞིང་། སྔགས་དང་ཕྱག་རྒྱའི་ཐབས་ལ་བརྟེན་ནས་དབང་བསྐུར་བ་ལ་རེ་བ་མི་འཇོག་ལ། བུམ་པ་ལ་སོགས་པའི་རྫས་དང་ལྷ་སྐུ་ལ་སོགས་པའི་རྣམ་པར་ཞེན་པའི་རྣམ་རྟོག་མཚན་མའི་དབང་ལ་སེམས་མི་འཆགས་ཤིང་། རང་རྒྱུད་ཡེ་ནས་ཆོས་ཉིད་དོན་གྱི་ལྷ་རུ་དག་ཅིང་གནས་པ་ཡིན་པས། དེ་ལས་གཞན་པའི་རྣམ་རྟོག་མཚན་མའི་སྤྱོད་ཡུལ་དུ་གྱུར་པའི་ལྷ་མི་བསྒོམ་པས། གཟའ་དང་རྒྱུ་སྐར་དང་དུས་ཚིག་བཟང་པོའི་རིམ་པས་ལྷ་སྒྲུབ་པ་ལ་འཇུག་པ་སོགས་ཀྱང་མེད་དོ་ཞེས་སོ། །ལྔ་པ་ནི། ཀྱེ་འདི་ལྟར་མ་བཅོས་རིག་པ་རྩལ་གྱི་དབང་ལ་བསྐུར་ཐོབ་མེད་པར་འགྲོ་བ་ཀུན་ལ་ཡེ་ནས་བྱར་མེད་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་པ་འདི་ཉིད། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་སམ་ཐེག་པའི་ཡང་རྩེ་བྱར་མེད་ཨ་ཏིའི་དགོངས་པ་མ་ནོར་བ་སྟོན་པས་སྟོན་པའི་རྒྱལ་པོ་ང་ཡིས་ཇི་ལྟར་རྟོགས་པ་ལྟར་དུ། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་གསུམ་གྱིས་བསྟན་པའི་ལམ་ལ་གནས་པ་རྣམས་ཀྱིས་དེ་ལྟར་མ་རྟོགས་པར་རྣམ་རྟོག་མཚན་མའི་ཡུལ་ལ་ཞེན་ཅིང་ལྟ་སྒོམ་དམ་ཚིག་དབང་དང་དཀྱིལ་འཁོར་སོགས་ལ་རེ་དོགས་ཀྱིས་རྩོལ་བར་བྱེད་པས། ཀུན་བྱེད་རྒྱལ་པོའི་མ་བཙལ་ལྷུན་གྱིས་གྲུབ་པའི་རང་བཞིན་བཅུ་ཡི་དོན་ལ་བསྒྲིབ་ཅིང་རྟོགས་པར་མི་ནུས་པའི་ཕྱིར་ན། སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ཡེ་ནས་བྱ་རྩོལ་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་པ་ནི་རྟོགས་པ་མེད་པར་གསུངས་སོ། །དྲུག་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། འཁོར་གྱི་དང་པོ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་ལུང་ལས་ཁྱད་པར་དུ་འཕགས་པ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་བཅོས་བསྒྱུར་སྤང་བླང་ལ་སོགས་པའི་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བས་མ་བཅོས་ཇི་བཞིན་པའི་དོན་སྟོན་པར་བྱེད་པའི་ཨ་ཏི་རྫོགས་པ་ཆེན་པོའི་ངེས་པ་དོན་གྱི་ལུང་ཕོག་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་མཐར་ཐུག་པ་ཆོས་ཉིད་དོན་དམ་པའི་ལྷ་ཡིན་པའི་ཕྱིར་མཚན་མའི་རྟོག་པས་བཟུང་བ་ཐམས་ཅད་འཇིག་རྟེན་འཁྲུལ་པའི་བློ་ངོར་སྣང་བ་ཙམ་ལས་མེད་པས། དེ་ལྟ་བུའི་མཚན་རྟོག་གི་སྤྱོད་ཡུལ་དུ་གྱུར་པའི་ལྷ་གཞན་ལ་རྟེན་མི་འཆའ་ལ། རིག་པ་རང་ངོ་ཤེས་པ་དེ་ཉིད་ཟག་མེད་རང་བྱུང་གི་དགེ་བའམ་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་བདག་ཉིད་ཡིན་པས། དེ་ལས་གཞན་དུ་ཚོགས་གཉིས་བསགས་པ་ལ་མི་བརྟེན་པའམ་བརྟེན་མི་དགོས་པ་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སོགས་ལ་བརྟེན་ནས་དབང་བསྐུར་བ་ལ་རག་མ་ལུས་པར། སྐྱེ་མེད་བྱང་ཆུབ་སེམས་ལ་བསྐུར་ཐོབ་མེད་པའི་དོན་ངོ་སྤྲད་དེ་རིག་པའི་རྩལ་དབང་ཐོབ་པ་ལ་དབང་བཞིའི་ཡོན་ཏན་མ་ལུས་པ་ཀུན་ཡོངས་སུ་རྫོགས་པས། དེ་ལས་གཞན་དུ་རེ་དོགས་རྩོལ་སྒྲུབ་ཀྱིས་མ་བཙལ་བར་མ་བཅོས་མཉམ་པའི་ངང་དུ་བདེ་བར་བཞག་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་སེམས་ཉིད་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་ཅིག་ཆར་དུ་བསྒྱུར་བས་དོན་ཀུན་ལྷུན་གྱིས་རྫོགས་པ་ཡིན་པར་གསུངས་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། རྒྱལ་ཐབས་སྤྱི་བླུགས་དབང་གི་མཆོག །མ་བསྐུར་རང་རྫོགས་ཀུན་ལ་གསལ། །དུས་གཅིག་ཡེ་ཤེས་རིག་པ་འཆར། །དུས་ཚད་བླ་མའི་ངག་ལས་བརྟགས། །ཞེས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་སྐྱེ་མེད་རང་བྱུང་གི་དབང་དུ་ཡེ་ནས་བསྐུར་ཟིན་པས་ད་གཟོད་མཚན་མའི་དབང་ཞུ་མི་དགོས་པར་གདམས་པ། སེམས་ཉིད་བསྐུར་ཐོབ་མེད་པའི་དབང་ལ་བརྟེན་ལ་མཚན་འཛིན་ཞེན་པའི་དབང་མ་བླང་ཅིག་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། རྒྱལ་བ་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་ང་ཡིས་ཏེ་ང་ཡི་རང་བཞིན་གསུམ་ལས་སྣང་ཞིང་བཀོད་པ་ཡིན་ལ། དེས་གདུལ་བྱའི་བློ་རིམ་དང་འཚམས་པར་གསུངས་པའི་བསྟན་བཅོས་ཐེག་པའི་རིམ་པ་རྣམས་ཀྱང་ང་ཡི་བཀོད་པ་ཡིན་པ་ལས་གཞན་དུ་མེད་པའི་ཕྱིར་ན་སྐུ་གསུམ་གྱི་སྟོན་པ་དེ་རྣམས་ཀྱིས་བསྟན་པའི་ལམ་གྱིས་དབང་བསྐུར་བ་ལ་སོགས་པས་ཀུན་བྱེད་རང་ཉིད་ཀྱིས་རང་ལ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ་དགོད་པ་ཡི་བྱ་བ་གང་ཡང་བྱེད་མི་དགོས་པར་གདོད་ནས་སྐྱེ་མེད་རང་བྱུང་གི་དགོངས་པ་རྒྱལ་བ་ཀུན་ཏུ་བཟང་པོའི་རྒྱལ་ཐབས་ལ་མངའ་དབང་འབྱོར་ཟིན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཀྱེ་དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པས་ད་གཟོད་དབང་བསྐུར་བ་ལ་སོགས་པས་བཅོས་བསྒྱུར་གང་ཡང་བྱེད་མི་དགོས་པར་མ་བཅོས་དེ་བཞིན་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ཇི་ལྟ་བ་བཞིན་དུ་རྟོགས་པས་ཇི་ལྟར་སྣང་བའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་རྩལ་དུ་ཤར་ཞིང་ངོ་བོ་དབྱེར་མེད་པ་ཡིན་པའི་ཕྱིར། ཆོས་ཐམས་ཅད་ཀུན་གྱི་རང་བཞིན་ཡང་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་དང་མཚུངས་པར་གདོད་ནས་སྐྱེ་བ་མེད་པ་རང་བྱུང་བཅོས་བསྒྱུར་དང་བྲལ་བར་རྟོགས་ནུས་པ་ཡིན་པས། དེས་ན་ཀུན་བྱེད་ང་ཡི་རང་བཞིན་ཡེ་ནས་བསྐུར་ཐོབ་མེད་པའི་དོན་འདི་རྟོགས་པར་གྱིས་ལ་རྣམ་རྟོག་མཚན་འཛིན་ལ་ཞེན་པའི་དབང་ལ་མ་བརྟེན་ཅིག །ཅེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རང་བྱུང་རྟོགས་པའི་དབང་གི་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའི་འགྲེལ་པའོ།། ༈ །།དོན་གཉིས་པ་གྲུབ་བསལ་ལས་འདས་པའི་སེམས་ཉིད་བཟང་ངན་བླང་དོར་དུ་མ་གྲུབ་པས་སྦྱངས་བགྲོད་བསྐྱེད་རྫོགས་ལ་སོགས་པའི་སྒོམ་པ་སྨིན་པ་གྲོལ་བར་བྱེད་པའི་ལམ་འཁྲུལ་བར་བསྟན་པ་ལ་གསུམ་སྟེ། ལམ་གྱི་ངོ་བོ། རང་བཞིན། ཁྱད་པར་རོ། །དང་པོ་ལམ་གྱི་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་མཚན་མ་མེད་པའི་རང་བཞིན་སྐུ་གསུམ་ལྷུན་གྲུབ་ཆེན་པོ་ཉིད་དུ་ད་ལྟ་ནས་གནས་པས། དེ་ཉིད་ལས་གཞན་དུ་བགྲོད་དུ་མེད་པར་བསྟན་པའི་ལེའུ་རེ་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་བློའི་སྤྱོད་ཡུལ་ལས་འདས་ཤིང་འཁོར་འདས་ཀྱི་ཆོས་རྣམས་ཀྱི་དབང་ཕྱུག་དམ་པར་གྱུར་ཟིན་པ་ལ་རྣམ་རྟོག་མཚན་མའི་དབང་བསྐུར་དུ་མེད་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། མ་བགྲོད་ཡེ་ནས་ཕྱིན་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ལམ་ལ་གོང་འོག་གི་རིམ་པས་བགྲོད་དུ་མེད་པར་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ཇི་ལྟར་རྟོགས་པ་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ལམ་བགྲོད་དུ་ཡོད་པར་བསྟན་པ་སྐལ་ཆད་རྗེས་སུ་བཟུང་བའི་ཐབས་སུ་བཤད་པ། བགྲོད་དུ་མེད་པའི་རང་བཞིན་བསྟན་པ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་མེད་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བགྲོད་དུ་ཡོད་པར་བསྟན་པ་དྲང་དོན་དུ་གསུངས་པ་དང་། ལམ་ལ་བགྲོད་པས་ཇི་ཙམ་བགྲོད་པ་དེ་སྲིད་སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་སྐྱེས་ཡེ་གྲོལ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་ཉིད་ཀྱིས་འཁོར་འདས་ཀུན་ལ་གཉིས་མེད་མཉམ་པ་ཉིད་ཀྱི་ཚུལ་དུ་ཡེ་ནས་ཁྱབ་པ་ཡིན་པས། དེ་ལས་གཞན་དུ་ལམ་ལ་བགྲོད་དུ་མེད་པ་ཡིན་པ་ལ། འོན་ཀྱང་སྐྱེ་མེད་མཉམ་པ་ཆེན་པོའི་དོན་དེ་གདུལ་བྱ་རྣམས་ལ་བསྟན་ཀྱང་ཇི་བཞིན་དུ་རྟོགས་པ་ནི་དབང་པོ་ཡང་རབ་ཀྱི་གདུལ་བྱ་རྣམས་མ་གཏོགས། ཐམས་ཅད་ཀྱིས་དོན་དེ་ཉིད་མངོན་སུམ་དུ་རྟོགས་པར་དཀའ་བའི་ཕྱིར་ན། ཀུན་བྱེད་ཉིད་ཀྱི་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་རང་རང་ལ་ཐེག་པའི་རྣམ་གྲངས་གང་ལ་དགའ་བའི་ཁམས་དབང་མོས་པ་དང་འཚམས་པའི་ལམ་ལ་གཟུད་ཅིང་རིམ་གྱིས་འདྲེན་པའི་ཕྱིར་དུ་ལམ་གྱི་ཁྱད་པར་འོག་ནས་གོང་དུ་བགྲོད་དུ་ཡོད་པར་བསྟན་པ་དེ་ནི། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡེ་ནས་བགྲོད་དུ་མེད་པའི་རང་བཞིན་མངོན་དུ་རྟོགས་པའི་སྐལ་བ་དང་མི་ལྡན་པའི་བློ་ཆུང་དམན་པའི་རིགས་ཅན་རྣམས། བརྒྱུད་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་གྲོལ་བསལ་བཞག་དང་བྲལ་བའི་དོན་ཇི་བཞིན་དུ་རྟོགས་པའི་ས་ལ་འདྲེན་པའི་ཕྱིར་དུ་དྲང་བའི་ལུང་ཙམ་དུ་བསྟན་པ་ཡིན་པར་ཀུན་བྱེད་ང་ཡིས་རྟོགས་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། ཀྱེ་གོང་དུ་བསྟན་པ་དེ་ལྟ་བུའི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་ཐེག་པ་འོག་མ་བ་རྣམས་ཀྱིས་སྤང་བླང་རྩོལ་སྒྲུབ་ལ་བརྟེན་ནས་ལམ་ལྔའི་རིམ་པ་གང་ཞིག་གསུང་རབ་ལ་དང་པོར་ཐོས་བསམ་གྱི་སྒོ་ནས་འཇུག་པ་ཚོགས་ཀྱི་ལམ་དང་ཆོས་ཉིད་ཀྱི་བདེན་པ་ལ་མངོན་དུ་སྦྱོར་བའི་ལམ་གང་ཞིག་སྒོམ་བྱུང་གཙོ་བོར་གྱུར་པ་སྦྱོར་བའི་ལམ་དང་། བདེན་པ་མངོན་གསུམ་དུ་མཐོང་བའི་འཕགས་ལམ་དང་པོར་ཐོབ་པ་མཐོང་བའི་ལམ་དང་། མཐོང་ཟིན་གོམ་པར་བྱེད་པ་བསྒོམ་པའི་ལམ་དང་། གོམས་པ་མཐར་ཕྱིན་པ་མི་སློབ་པའི་ལམ་རྣམས་རིམ་པར་བགྲོད་པ་ལ། ཕར་ཕྱིར་ཐེག་པས་བསྐལ་བ་ཆེན་པོ་བརྒྱ་ཕྲག་དུ་མ་སྟེ་བསྐལ་པ་གྲངས་མེད་གསུམ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་བ་ལ་ལས་མི་ཚེ་གསུམ་དང་ལ་ལས་མི་ཚེ་བདུན་ན་འབྲས་བུ་ཐོབ་པར་གསུངས་པ་ལ་སོགས་པ། རྒྱུ་འབྲས་ཀྱི་ཐེག་པ་སོ་སོའི་སྐབས་ནས་བཤད་པའི་དུས་དེ་དང་དེར་རང་ལམ་གྱི་འབྲས་བུ་མངོན་དུ་འགྲུབ་པར་རྟོགས་ཀྱང་། དེ་འདྲའི་ལམ་དེ་ཡིས་རེ་དོགས་འབད་རྩོལ་གྱི་སྒོ་ནས་ཇི་ཙམ་བགྲོད་པར་བྱ་བ་དེ་ཙམ་དུ་ཀུན་བྱེད་ང་ཡི་ལམ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་ཤིང་བགྲོད་དུ་མེད་པའི་དོན་འདི་རྟོགས་པར་མི་འགྱུར་བར་མ་ཟད་སླར་ཡང་བསྒྲིབ་པར་འགྱུར་བ་ཡིན་ནོ་ཞེས་པ་སྟེ། དོན་གསལ་ལས། བགྲོད་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །རྩོལ་བས་འགྲོ་བས་ཡེ་ཤེས་མཐའ་ལ་རིང་། །འཇུག་ཏུ་མེད་དོ་རང་རིག་ཡེ་ཤེས་ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །ཞེས་པ་ལྟར་རོ། །གཉིས་པ་བགྲོད་དུ་མེད་པའི་རང་བཞིན་བསྟན་པ་ལ་བདུན་ཏེ། ངོ་བོ་སྤྲོས་པ་ལས་འདས་པས་ལམ་ལ་བགྲོད་དུ་མེད་པ། མཚན་མའི་ཡུལ་ལས་འདས་པས་ལམ་ལ་བགྲོད་དུ་མེད་པ། དབྱིངས་གཅིག་ཐིག་ལེ་ཆེན་པོའི་ལམ་ལ་བགྲོད་དུ་མེད་པ། མ་བགྲོད་བཞག་པས་ཕྱིན་པའི་རང་བཞིན ། ནམ་མཁའ་ལྟ་བུའི་དཔེས་ལམ་ལ་བགྲོད་པ་ངལ་བ་དོན་མེད་དུ་བསྟན་པ། དེ་ཉིད་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། ལུང་བསྟན་པ་བཞིན་རྟོགས་པའི་ཕན་ཡོན་ནོ། །དང་པོ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ཆོས་ཉིད་བགྲོད་དུ་མེད་པའི་ལམ་བཤད་པ་ནི་ཇི་ལྟར་ཡིན་ཞེ་ན། ང་ཉིད་ཀྱི་ངོ་བོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་ཡུལ་མེད་ཟང་ཐལ་ཆེན་པོ་སྤྲོས་པའི་མཚན་མ་ཀུན་དང་བྲལ་བ་ཡིན་པས། དེའི་ལམ་ལ་འཇུག་པ་དང་མི་འཇུག་པ་ཞེས་ཚིག་གི་ལམ་ལས་ཀྱང་ཤིན་ཏུ་འདས་པ་དེ་ཡི་ཕྱིར་ན་ལམ་ལ་བགྲོད་དུ་མེད་པར་གདོད་ནས་ཡེ་སངས་རྒྱས་པ་ལ་ད་ལྟ་ཉིད་དུ་གནས་པ་ཡིན་པར་རྟོགས་སོ་ཞེས་གསུངས་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། གང་ལྟར་སྣང་བ་དེ་བཞིན་ཉིད། །ཇི་ལྟར་བལྟས་པ་ཆོས་ཀྱི་དབྱིངས། །ཇི་ལྟར་རང་གསལ་རང་ལ་ཕྱིན། །བགྲོད་དུ་མེད་པའི་སངས་རྒྱས་པ། །བཙལ་མེད་རང་གསལ་ལམ་གྱི་ཕུགས། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་ལམ་གོང་འོག་གི་རིམ་པས་བགྲོད་དུ་མེད་པ་ཡིན་ཀྱང་། གདུལ་བྱ་ལམ་ལ་གནས་པ་རྣམས་ཀྱི་བློ་ངོར་ལམ་ལྔ་རིམ་པར་བགྲོད་པའི་སྣང་བ་སླུ་མེད་དུ་ཡོད་ཕྱིར་ལམ་ལ་ཅིས་ཕྱིར་མི་བགྲོད་སྙམས་ན། དེ་ལྟར་གདུལ་བྱ་རྣམས་ཀྱི་ངོར་ཚོགས་ལམ་ལ་སོགས་པ་ལམ་ལྔར་རིམ་གྱིས་བགྲོད་པར་སྣང་བ་ནི་རྣམ་རྟོག་མཚན་མའི་བློ་ཡིས་རྣམ་པ་གྲངས་སུ་བགྲངས་པ་ཙམ་ཡིན་ཏེ། དེ་ཉིད་ལས། ཕྱིན་མེད་ལམ་ལ་བགྲོད་དུ་མེད། །ས་བཅུ་ལམ་ལྔ་རྣམ་རྟོག་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ནི་དེ་ལྟ་བུའི་རྣམ་རྟོག་མཚན་མའི་ཡུལ་ལས་ཡེ་ནས་འདས་པའི་བློ་འདས་སྨྲ་བསམ་བརྗོད་བྲལ་གྱི་རང་བཞིན་ཡིན་པའི་ཕྱིར་ན་རྣམ་རྟོག་མཚན་མའི་ལམ་གྱིས་བགྲོད་ཅིང་ཕྱིན་དུ་མེད་པར་རྟོགས་པ་ཡིན་ལ། འོད་ཀྱང་གདུལ་བྱ་རྣམས་ཀྱི་ངོར་བྱང་ཆུབ་ཀྱི་སེམས་གཅིག་པོ་དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་རྣམས་ནས་གསུངས་པའི་ལམ་ལྔ་པོ་དེ་མ་བགྲོད་པར་ཡེ་ནས་རྫོགས་པའི་ཚུལ་དེ་སྒྲ་མཐུན་དོན་འཕགས་ཀྱི་ཚིག་གིས་མཚོན་ཏེ་མ་བསྟན་ན་རྟོགས་པར་མི་འགྱུར་བས། མཚོན་པའི་ཚིག་ཏུ་ལམ་ལྔའི་དབྱེ་བ་བསྟན་པར་ཡང་གསུངས་ཏེ། དོན་གསལ་ལས། འོན་ཀྱང་མ་བཤད་གོ་བར་མི་འགྱུར་བས། །བགྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྒྲ་མཐུན་དོན་འཕགས་ལམ་ལྔ་བཤད། །བླ་མར་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱིས་ལམ་ཞེས་དེ་ལ་བྱ། །བླ་མས་དམ་པའི་དོན་བཤད་དེ། །གདམས་ངག་གཉིས་ཀྱི་དོན་ལ་སྦྱོར ། །སྦྱོར་བའི་ལམ་དུ་ང་ཡིས་བཤད། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡི་བཤད། །སངས་རྒྱས་དགོངས་པ་གདེངས་ཆེན་བཞི། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་གསུངས་སོ། །འདིར་གདམས་ངག་གཉིས་ནི་གཞི་ལྷུན་གྲུབ་ཀྱི་དོན་ལ་གདམས་པ་དང་། རྟོགས་པ་མངོན་གྱུར་གྱི་དོན་ལ་གདམས་པའོ། །ངོ་སྤྲོད་བཞི་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། སྐུ་གསུམ་དབྱེར་མེད་ཀྱི་དོན་ངོ་སྤྲོད་པ་གསུམ་མོ། །གསུམ་པ་ནི། ཀྱེ་ཀུན་བྱེད་ང་ཡི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་ལམ་ལ་རིམ་གྱིས་བགྲོད་པར་བྱེད་པ་ཅི་ཡང་མེད་དེ། ཆོས་དབྱིངས་སྐྱེ་བ་མེད་པ་ཀུན་ཟླུམ་ཐིག་ལེ་ཆེན་པོར་འཁོར་འདས་ཐམས་ཅད་ཡེ་ནས་འུབ་ཆུབ་ཅིང་དབྱེར་མེད་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དེ་ཉིད་རྣམས་རྟོགས་པ་ན་ཆོས་ཐམས་ཅད་དེ་ཡི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པས། དེ་ལས་གཞན་དུ་སྒྲིབ་པ་བསལ་དུ་མེད་ཅིང་ཡེ་ཤེས་བསྐྱེད་དུ་མེད་པའི་ཕྱིར་ན། སྒྲིབ་གཉིས་རིམ་གྱིས་སྦྱང་ཞིང་ཡེ་ཤེས་རིམ་གྱིས་བསྐྱེད་པའི་སྒོ་ནས་ལམ་ལ་བགྲོད་དུ་མེད་པར་ཡེ་ནས་གཞི་འབྲས་དབྱེར་མེད་ཆེན་པོ་གཅིག་གི་རང་བཞིན་དུ་སངས་རྒྱས་པ་ཡིན་པར་རྟོགས་པ་ཡིན་ནོ། །འདིར་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་སྒྲིབ་པ་བསལ་བ་དང་ཡེ་ཤེས་བསྐྱེད་དུ་མེད་པར་ཡེ་ནས་སངས་རྒྱས་པའི་ཚུལ་ཀྱང་། ཐེག་ཆེན་ཚུལ་འཇུག་ལས། སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ་སྒྲིབ་པ་བསལ་དུ་མེད་ཅིང་ཡེ་ཤེས་བསྐྱེད་དུ་མེད་དེ། དཔེར་ན་ལྕེ་སྤྱང་གི་མིག་ལ་ཉིན་མཚན་བྱེ་བྲག་མེད་པར་ཤིན་ཏུ་གསལ་བར་མཐོང་བའི་ཚེ། མུན་པ་བསལ་མི་དགོས་པས་སྣང་བའི་མཐུ་ལ་བརྟེན་མི་དགོས་ཏེ། དེའི་ཚེ་ནམ་མཁའ་རང་བཞིན་གྱིས་འོད་གསལ་བར་ཤེས་སོ། །དེ་བཞིན་དུ་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་དུ་རྟོགས་པ་ན། སྒྲིབ་པ་བསལ་དུ་མེད་པས་ཡེ་ཤེས་བསྐྱེད་མི་དགོས་ཏེ། དེའི་ཚེ་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་ཤེས་སོ་ཞེས་གསུངས་པ་དང་། རྒྱལ་ཚབ་ཆེན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པས་བསལ་བཞག་ཐམས་ཅད་དང་བྲལ་བར་རྟོགས་པར་གསུངས་སོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི་ཆོས་ཐམས་ཅད་ལ་ཆོས་ཉིད་སྙིང་པོའི་ཚུལ་དུ་ཡེ་ནས་འདུ་འབྲལ་མེད་པར་གནས་པ་ཡིན་པས། ང་ཡི་ལམ་ལ་འབད་རྩོལ་གྱིས་འཇུག་པར་བྱེད་པའི་སྒོ་ནས་ཐེག་པ་འོག་མ་ལྟར་རིམ་གྱིས་བགྲོད་པར་བྱེད་པའི་ལམ་ནི་མེད་དེ། ཅིའི་ཕྱིར་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་གང་ལ་ཡང་ལྟོས་པ་མེད་པར་འགྲོ་བ་རྣམས་ཀྱི་རྒྱུད་ལ་དུས་གཅིག་ཏུ་མ་བཙལ་ལྷུན་གྱིས་རྫོགས་པ་དེ་ལས་གཞན་དུ་འབྲས་བུ་སངས་རྒྱས་ཀྱིས་ཞིང་ལ་བགྲོད་དུ་མེད་པའི་ཕྱིར། མ་བགྲོད་རང་བཞིན་དུ་བཞག་པས་ཡེ་ནས་ཕྱིན་ཟིན་པའི་དོན་ལ་རང་བཞིན་གྱིས་གནས་པར་འགྱུར་ལ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ཀྱིས་ཀྱང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལ་ལམ་རིམ་པར་བགྲོད་པར་མ་བྱེད་པར་མ་བགྲོད་ཡེ་ནས་ཕྱིན་པའི་དོན་འདི་རྟོགས་པར་མཛོད་ཅིག་ཅེས་སོ། །ལྔ་པ་ནི། ཀྱེ་སེམས་དཔའ་ཆེན་པོ་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་མཐའ་དབུས་ཐམས་ཅད་དང་བྲལ་བ་སྐྱེ་མེད་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཏེ། དེས་ན་ནམ་མཁའི་མཐའ་ལ་བགྲོད་པར་བྱས་ཀྱང་ཚི་ཆད་པ་ལས་མེད་པ་ལྟར་ཀུན་བྱེད་ང་ཡི་རང་བཞིན་ལ་ཡང་བགྲོད་པས་མཐར་ཐུག་པ་མེད་པའི་ཕྱིར་ན། དེ་ལྟར་ལམ་གྱིས་བགྲོད་པར་འདོད་པ་དེ་ངལ་བ་ཚི་ཆད་ཀྱི་ནང་དུ་དེ་ལས་ཆེ་བ་མེད་པའི་ཕྱིར། སེམས་ཉིད་བགྲོད་དུ་མེད་པ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ལ་བཟླ་བར་གསུངས་ཏེ། ལ་ཟློ་ལས། ཀྱེ་སེམས་དཔའ་ཆེན་པོ་ད་དགོངས་ཤིག །ནམ་མཁའ་མཐའ་དབུས་དམིགས་སུ་མ་མཆིས་པས། །དོན་ལ་དམིགས་སུ་མེད་པར་ལ་ཟློས་ཤིག །ནམ་མཁའ་ཀུན་ལ་གཙང་རྨེ་མ་མཆིས་པས། །གཙང་རྨེ་མེད་པར་སེམས་དཔའ་ལ་ཟློས་ཤིག །ནམ་མཁའི་ངང་ལ་ཉིན་མཚན་མ་མཆིས་པས། །ཉིན་མཚན་གསལ་འགྲིབ་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་སྐྱེ་འཆི་མ་མཆིས་པས། །སྐྱེ་ཤིའི་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་སངས་རྒྱས་མ་མཆིས་པས། །སངས་རྒྱས་འདུ་ཤེས་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལས་སེམས་ཅན་མ་མཆིས་པས། །སེམས་ཅན་འདུ་མེད་པར་ལ་ཟློས་ཤིག །ནམ་མཁའ་དག་ལ་རེ་དོགས་མ་མཆིས་པས། །རེ་དོགས་འདུ་ཤེས་མེད་པར་ལ་ཟློས་ཤིག །ཅེས་གསུངས་སོ། །དྲུག་པ་ནི། དེ་ལྟར་ནམ་མཁའ་ལྟ་བུའི་སེམས་ཉིད་ལ་བགྲོད་པས་ཕྱིན་དུ་མེད་པར་ངལ་བ་དོན་མེད་དུ་འགྱུར་བའི་རྒྱུ་མཚན་དེ་ཡི་ཕྱིར་ན་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངང་ན་ཆོས་ཐམས་ཅད་ཡེ་ནས་གནས་པ་དེ་ལས་གཞན་དུ་ལམ་ལ་བགྲོད་དུ་མེད་པའི་ཚུལ་འདི་ལྟར་རྟོགས་པར་བྱས་ནས་ཀྱང་། སླར་ཡང་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་འཁོར་རྣམས་ཀུན་གྱི་ནང་དུ་ཡང་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་བསྟན་པ་དེ་ལྟར་ལུང་སྟོན་ཅིག་ཅེས་སོ། །བདུན་པ་ནི། དེ་ལྟར་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ད་ལྟར་འཁོར་རྣམས་ཀྱི་ནང་དུ་ཀུན་བྱེད་ང་ཡི་རང་བཞིན་བགྲོད་རྩོལ་ལས་འདས་པའི་དོན་དེ་ལུང་བསྟན་པས། དེའི་ཡོན་ཏན་འགྲོ་བ་ཀུན་གྱིས་ཀྱང་ང་ཡི་རང་བཞིན་ལ་ལམ་ལྔ་ཅིག་ཆར་དུ་རྫོགས་པས་ད་གདོད་བགྲོད་མི་དགོས་པའི་དོན་ཉིད་རྟོགས་པར་འགྱུར་ཞིང་། དེ་ལྟར་རྟོགས་པས་འཇིག་རྟེན་མཚན་མའི་ལམ་གོང་འོག་རིམ་པ་ཅན་ལ་ཞེན་པར་མི་འགྱུར་ཞིང་། སྐུ་གསུམ་གྱི་སྟོན་པས་བསྟན་པའི་རྣམ་གྲངས་ཚིག་གི་ལམ་ལ་ཐེག་པ་དང་གྲུབ་མཐའ་གོང་འོག་གི་ཕྱོགས་ལ་ཞེན་ནས་རྩོད་པར་མི་འགྱུར་ལ། ཆོས་ཉིད་མ་བཅོས་པའི་ངང་དུ་སྤང་བླང་རེ་དོགས་མེད་པར་རང་བབས་སུ་ཅི་བདེར་བཞག་པས་ཡེ་ནས་སྙིང་པོ་བྱང་ཆུབ་ཀྱི་སར་ཕྱིན་ཟིན་པ་ཡིན་པའི་དོན་རྟོགས་པས་འཇིག་རྟེན་མཚན་མའི་ལམ་ཀུན་གྱི་ཕ་རོལ་དུ་ཕྱིན་ཏེ། ཆོས་རྣམས་ཀུན་གྱི་སྙིང་པོའི་རང་བཞིན་དུ་གྱུར་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་བྱ་རྩོལ་དང་བྲལ་བའི་ལམ་དང་འཕྲད་པར་འགྱུར་པ་ཡིན་པར་གསུངས་པའོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། ཐམས་ཅད་ཀུན་བྱེད་དུ་གདམས་པ་དང་། བགྲོད་པ་སྐྱོན་དང་བཅས་པས་མ་བགྲོད་ཅིག་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀུན་གྱི་སྟོན་པར་ཤར་བ་ང་ནི་ཇི་ལྟར་སྣང་ཞིང་སྲིད་པའི་ཆོས་རྣམས་མ་ལུས་པ་ཀུན་གྱི་བྱེད་པ་པོའམ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་གཞི་མ་སྟེ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བ་དང་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ལ། དེས་ན་ལམ་ལྔ་ས་བཅུར་རིམ་གྱིས་བགྲོད་དུ་ཡོད་པར་སྟོན་པའི་རྒྱལ་བ་སྐུ་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་སུ་སྣང་བ་ཡང་གཞན་ཏུ་མེད་པར་ཀུན་བྱེད་ང་ཡི་རང་བཞིན་མངོན་དུ་བསྟན་པ་ཡིན་པས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་ན་འབྲས་བུ་སྐུ་གསུམ་གྱི་སངས་རྒྱས་ཞིག་ཀྱང་མེད་པས། དེ་ཉིད་ཐོབ་བྱེད་ཀྱི་ལམ་ལ་བགྲོད་དུ་མེད་པར་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལས་མ་འདས་པ་དེ་ལྟར་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ལེགས་པར་རྟོགས་པར་གྱིས་ཤིག་ཅེས་གདམས་སོ། །གཉིས་པ་ནི། འདི་ལྟར་ཆོས་ཉིད་མ་བཅོས་པའི་རང་བཞིན་བགྲོད་མེད་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་པོ་ལས་འཁོར་འདས་ཐམས་ཅད་ཡེ་ནས་གཡོ་མ་མྱོང་བར་ཆོས་ཉིད་གཅིག་གི་ངོ་བོར་གནས་པར་རྟོགས་པ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་ཡིན་པའི་ཕྱིར་ན་དེ་ལས་གཞན་དུ་བགྲོད་མི་དགོས་ལ། གལ་ཏེ་དེ་ལས་གཞན་པའི་འབྲས་བུ་སངས་རྒྱས་ཀྱི་ས་ཞིག་ལ་ཕྱིན་དུ་ཡོད་པར་བལྟས་ནས་གང་ཟག་སུ་ཞིག་གིས་བགྲོད་པར་བྱས་པས། སྙིང་པོ་བྱང་ཆུབ་ཀྱི་ལམ་ལ་ཡེ་ནས་བགྲོད་དུ་མེད་པའི་དོན་མི་རྟོགས་ལ། དེ་མ་རྟོགས་ན་དེ་ལས་ཐ་དད་དུ་མ་གྱུར་པའི་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་ཀྱང་རྟོགས་པར་མི་འགྱུར་བར་དེ་ལས་གཞན་དུ་གོལ་ཞིང་རྩོལ་སྒྲུབ་ཀྱི་ལམ་གྱིས་གདུང་བར་འགྱུར་བ་དེ་བས་ན། སྙིང་པོ་བྱང་ཆུབ་ཀྱི་ལམ་ལ་བགྲོད་དུ་མེད་པའི་དོན་ལ་ཇི་བཞིན་དུ་རྟོགས་པར་བྱེད་པའི་ནན་ཏན་གྱིས་ཤིག་ཞེས་གསུངས་སོ། །ལེའུ་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལམ་ལ་བགྲོད་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའི་འགྲེལ་བའོ།། ༈ །།དོན་གཉིས་པ་ལམ་གྱི་རང་བཞིན་སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་ས་ལ་སྦྱང་དུ་མེད་པའི་ལེའུ་རེ་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་དུ་མེད་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སྙིང་པོ་བྱང་ཆུབ་སེམས་ཀྱི་ས་ལ་འགྲོ་བ་ཐམས་ཅད་ཡེ་ནས་གནས་པ་ཡིན་པ་དེ་ལས་གཞན་དུ་ཐེག་པ་འོག་མ་པ་ལྟར་དུ། ས་ལ་སྦྱང་དུ་མེད་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོགས་པ་ཡིན་ཚུལ་འདི། སེམས་དཔའ་རྡོ་རྗེ་ལ་སོགས་པ་འདུས་པའི་འཁོར་ཚོགས་རྣམས་ལ་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། སའི་རང་བཞིན་སྦྱང་དུ་མེད་པར་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དོན་བསྡུའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་གདོད་ནས་སྐྱེ་བ་མེད་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་སྒྲིབ་པ་སྦྱང་དུ་མེད་པའི་དོན་འདི་ལེགས་པར་རྟོགས་པར་གྱིས་ཤིག །དེ་ཡང་ཇི་ལྟར་ན་སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡིས་སྙིང་པོ་བྱང་ཆུབ་ཀྱི་ས་ལ་སྦྱང་ཞིང་བགྲོད་དུ་མེད་པར་ཡེ་ནས་ཀུན་བཟང་དབྱེ་བ་མེད་པའི་ས་ལ་འགྲོ་བ་ཐམས་ཅད་གནས་ཟིན་པ་ཡིན་པར་ལུང་བསྟན་པ་འདི་ནི། སྐལ་པ་དམན་པའི་རིགས་ཅན་གྱི་གང་ཟག་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་མིན་པས་བརྟགས་ཅིང་ཤེས་པར་རབ་ཏུ་དཀའ་བ་ཡིན་པས་འཆད་འགྱུར་འདི་ལྟར་དུ་མ་ནོར་བར་རྟོགས་པར་བྱོས་ཤིག་ཅེས་སོ། །གཉིས་པ་ལ་བདུན་ཏེ། བགྲོད་དུ་མེད་པའི་ས་མཚན་མ་གྲངས་ཀྱི་ངོ་བོར་བསྟན་པ། ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་རྣམ་དབྱེ་མེད་པར་བསྟན་པ། དབྱེ་བ་མེད་པའི་ས་མ་རྟོགས་ན་ཀུན་ཏུ་བཟང་པོའི་གོ་འཕངས་མི་ཐོབ་པར་བསྟན་པ། མ་བཅོས་རིག་པ་ལྷུན་རྫོགས་ཀྱི་ས་ལ་སྦྱང་བགྲོད་མེད་པས་དུས་གཅིག་རྫོགས་པར་བསྟན་པ། སྐྱེ་མེད་བྱང་ཆུབ་སེམས་ཀྱི་ས་ལ་བགྲོད་དུ་མེད་པའི་དགོངས་པས་གྲོལ་བར་བསྟན་པ། སེམས་ཉིད་ས་ཡི་རང་བཞིན་དག་པས་མཐོ་དམན་གོ་རིམ་ཀུན་ལས་འདས་པར་བསྟན་པ། སེམས་ཉིད་གདོད་ནས་དག་པའི་ཀུན་བྱེད་འཁོར་འདས་ལ་རང་ཆས་གནས་པ་ཉིད་མངོན་དུ་བྱུང་ཡང་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ཆོས་ལ་ཞེན་པའི་སྐལ་ཆད་རྣམས་ཀྱིས་མི་མཐོང་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཞེས་བོས་ཏེ། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་ཐེག་པ་དམན་པའི་རིགས་ཅན་རྣམས་ཀྱིས་ལམ་ལ་རིམ་པ་བཞིན་དུ་བགྲོད་ཅིང་སྦྱང་བའི་ཕྱིར་དུ། རྣམ་རྟོག་གི་སྤྱོད་ཡུལ་དུ་གྱུར་པའི་ས་ལམ་ལ་སོགས་པའི་རྣམ་གྲངས་ལ་དགའ་བའི་གང་ཟག་རྣམས་ལ་ས་ཡི་རྣམ་གྲངས་ཐུན་མོང་པ་རབ་ཏུ་དགའ་བ་ལ་སོགས་པ་བཅུ་དང་། ཐུན་མོང་མ་ཡིན་པ་ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པའི་ས་ལ་སོགས་པ་དྲུག་ཏུ་བསྟན་པ་ཡིན་ལ། ཇི་ལྟར་བསྟན་པ་དེ་བཞིན་དུ་འཁོར་རྣམས་ཀྱིས་ཀྱང་དེ་ལྟར་ས་རྣམས་རིམ་གྱིས་སྦྱང་ཞིང་བགྲོད་པར་རྟོགས་པ་ནི་རྣམ་རྟོག་བློ་ཡི་གྲངས་ལ་དེ་ལྟར་སྣང་བར་ཟད་དོ་ཞེས་སྤྱིར་བསྟན་ཏེ། གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ། དེ་ལ་ས་ཡི་རིམ་པ་དྲུག་གི་གྲངས་ཀྱི་རང་བཞིན་བསྟན་པ་ནི། འདི་ལྟར་ཕར་ཕྱིན་ཐེག་པའི་ལམ་གྱི་མཐར་ཐུག་གི་ས་ཀུན་ཏུ་འོད་དང་། ཀྲི་ཡ་བའི་རིགས་གསུམ་རྡོ་རྗེ་འཛིན་པ་ཡི་ས་དང་། ཨུ་པ་ཡའི་རིགས་བཞི་རྡོ་རྗེ་འཆང་གི་ས་དང་། ཡོ་ག་བའི་རིགས་ལྔ་སྟུག་པོ་བཀོད་པ་དང་། མ་ཧཱ་ཡོ་ག་བའི་མ་ཆགས་པདྨ་སྤྱན་གྱི་ས་དང་། ཨ་ནུ་ཡོ་ག་བའི་རྡོ་རྗེ་སེམས་དཔའི་ས་དང་དྲུག་པོ་འདི་དག་ནི་ལམ་ལ་རིམ་གྱིས་བགྲོད་དེ་ཕྱིན་པར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱི་དོན་དུ་གསུངས་པ་སྟེ། ས་དེ་དག་གི་སྐབས་སུ་ཕར་ཕྱིན་ཐེག་པས་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་སུ་འདོད་པ་དང་། ཀྲི་ཡ་བས་རིགས་གསུམ་རྡོ་རྗེ་འཛིན་པའི་ལྷ་འཁོར་ལོས་བསྒྱུར་བའི་ཆ་བྱད་ཅན་དུ་འོག་མིན་ན་བཞུགས་པར་འདོད་པའམ་རིགས་གསུམ་མགོན་པོའི་གོ་འཕངས་ཐོབ་པར་འདོད་པ་སོགས་ལྷ་རེ་དང་། ལྷ་དེ་དག་གི་ཐུགས་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེ་ལ་ཡང་གནས་པར་གསུངས་པ་དེ་ཐམས་ཅད་ཀྱིས་ཀྱང་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ཡེ་ནས་སྦྱང་བགྲོད་མེད་པའི་དོན་ནི་མ་རྟོགས་པར་གསུངས་ཏེ། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། བདེན་གཉིས་སྒྱུ་མའི་ཚུལ་བཟུང་ནས། །སྐལ་པ་གྲངས་མེད་གསུམ་གྱི་ཆས། །ལམ་ལྔ་ས་བཅུ་མཐར་ཕྱིན་པ། །སྲིད་པ་ལོག་པའི་སྤང་ལེན་ཅན། །གཅིག་ལ་མཐོ་དམན་ཚུལ་བཟུང་ནས། །དག་པ་གསུམ་གྱི་ཚུལ་བལྟས་ནས། །བཅུ་གཅིག་རྟོགས་པས་རྡོ་རྗེ་འཛིན། །འདོད་པའི་སྨིག་རྒྱུ་བསྙེགས་དང་འདྲ། །གཉིས་ཞུགས་ངེས་མེད་ཚུལ་བཟུང་ནས། །རིགས་བཞི་ཆོ་འཕྲུལ་སྒོ་ནས་ནི། །རྡོ་རྗེ་འཆང་འདོད་ཕྲ་མེན་གྱིས། །ངེས་པའི་འབྲས་བུ་ཅི་སྟེ་མཐོང་། །ཏིང་འཛིན་རིག་པའི་ཚུལ་བཟུང་ནས། །ཆོ་གའི་ཡན་ལག་ལྔ་བཞིའི་སྒོས། །སྟུག་པོ་བཀོད་པའི་ས་བགྲོད་པ། །རང་རྟོག་ཞེན་པས་རྟག་ཏུ་བསྒྲིབས། །སྣང་སྟོང་ཐབས་དང་ཤེས་རབ་ཀྱིས། །ཏིང་འཛིན་གསུམ་གྱིས་དཀྱིལ་འཁོར་བསྒྱུར། །བསྐྱེད་རྫོགས་བཞི་ཡིས་ལམ་སྦྱངས་ཏེ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །མཐོང་བ་ཟག་མེད་ཉིད་ལ་སྦྱོར། །དེ་ནས་བརྒྱ་ཕྲག་བཅུ་དྲུག་གིས། །ཡི་གེ་འཁོར་ལོ་ཚོགས་ཆེན་པ། །རང་འདོད་ཐོབ་ཀྱང་འོད་གསལ་མེད། །དབྱིངས་དང་ཡེ་ཤེས་རྒྱུ་འབྲས་ཀྱིས། །ཡི་གེ་དག་པའི་ཚུལ་བལྟས་ནས། །འོད་ཀྱི་ཏིང་འཛིན་རིག་པའི་མཐུས། །གྲངས་མེད་ལྷ་ཡི་ངང་དུ་གསལ། །དེ་ཉིད་གཉིས་མེད་རིག་པ་ཡིས། །རྡོ་རྗེ་སེམས་དཔའ་མཆོག་གི་ས། །རང་ལ་ཐོབ་ཀྱང་མཐར་ཐུག་བྲལ། །རྐྱེན་བྲལ་རིག་པའི་དོན་དང་འགལ། །འདི་ཀུན་ཞེན་པས་རྟག་ཏུ་བཅིངས། །ཞེས་པ་ལྟར་རོ། །གཉིས་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་བགྲོད་དུ་མེད་པའི་ས་བསྟན་པ་ནི། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད། གདོད་ནས་སྐྱེ་བ་མེད་པ་རང་བྱུང་ཆོས་ཀྱི་དབྱིངས་སུ་བཟང་ངན་དང་ཐ་དད་མེད་པར་དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར་ན། ས་ཡི་ཁྱད་པར་ཀྱང་གོང་འོག་ཐ་དད་པ་མེད་དེ་ཀུན་བཟང་དབྱེ་བ་མེད་པའི་སའམ་རྫོགས་པ་སྤྱིར་ཆིབ་ཀྱིས་གཅིག་ཏུ་རྟོགས་སོ་ཞེས་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཀློང་ཡངས་འུབ་ཆུབ་བརྡལ་ཁྱབ་ཆེན་པོའི་ངང་། །སྤྱིར་ཆིབ་ཆེན་པོ་ས་བཅུ་འདས་པའི་ཀློང་། །གཅིག་ཏུ་འདུས་པས་མཐོ་དམན་ཡོངས་ཀྱིས་མེད། །མཐོ་དམན་མེད་པས་ཡངས་དོག་མེད་པ་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ནི། དེ་ལྟ་བུའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སའམ་མ་བཅོས་ཡེ་ཤེས་བླ་མའི་ས་ལ་འགྲོ་བ་ཐམས་ཅད་ཡེ་ནས་གནས་ཟིན་པས། ད་གཟོད་སྦྱང་བགྲོད་གང་ཡང་མི་དགོས་པའི་དོན་ལ་བློ་མ་སྦྱར་ཞིང་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ས་དེ་ལ་རྟོགས་ན། གོང་དུ་བཤད་པའི་རྣམ་པར་རྟོག་པས་བརྟགས་པའི་གོང་འོག་རིམ་ཅན་དུ་བགྲོད་པར་བྱེད་པའི་ས་ཡི་རྣམ་གྲངས་དེ་ཀུན་ཐོབ་པར་གྱུར་ཀྱང་། གདུལ་བྱ་སོ་སོ་རང་རང་གི་རྣམ་རྟོག་གི་གཟུགས་བརྙན་རེ་སྣང་བ་ཙམ་ལས་ཀུན་བྱེད་ང་ཡི་རང་བཞིན་རང་བྱུང་རིག་པའི་ཡེ་ཤེས་སྦྱང་བགྲོད་ལས་འདས་པའི་དོན་དང་ཕྲད་པར་ལུང་མི་སྟོན་ཏོ་ཞེས་རང་བྱུང་ཀུན་ཏུ་བཟང་པོའི་གོ་འཕང་མི་ཐོབ་པར་བསྟན་པའོ། །བཞི་པ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་གང་གིས་ཡི་རང་བཞིན་ནི་ཚོགས་གཉིས་བསགས་པ་སོགས་ཀྱིས་མ་བཅོས་ཤིང་སའི་ཡོངས་སྦྱོང་ལ་བརྩོན་པ་ལྟ་བུས་མ་སྦྱངས་བར་ཆོས་ཉིད་གདོད་མའི་རང་ཞལ་ཐད་ཀར་རིག་པས་ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐད་ཅིག་གིས་མངའ་དབང་འབྱོར་བ་ཡིན་ཏེ། དོན་གསལ་ལས། བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །ཞེས་གསུངས་པ་ལྟར་ཡིན་པ་དེས་ན་ཐེག་པ་འོག་མ་ལྟར་དུ་ས་ལ་སྦྱངས་ཤིང་བགྲོད་པར་བྱས་ཀྱང་སྙིང་པོའི་དོན་དང་མི་ཕྲད་ཀྱི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡེ་ནས་བསལ་བཞག་དང་བྲལ་བའི་ཚུལ་འདི་རྟོགས་པས་ས་ལམ་ཐམས་ཅད་མ་བགྲོད་བཞིན་དུ་དུས་གཅིག་ལ་རྫོགས་པར་བྱེད་པ་ཡིན་ནོ། །ལྔ་པ་ནི། ཀྱེ་མཐར་ཐུག་གི་ཐེག་པ་གཅིག་པུ་བ་ཀུན་བྱེད་བྱང་ཆུབ་སེམས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ཀྱི་སྲིད་ཞི་ཀུན་ལ་གཉིས་མེད་མཉམ་པ་ཉིད་དུ་ཁྱབ་ཅིང་རྟག་ཏུ་འཕོ་འགྱུར་དང་བྲལ་བ་ཡིན་པས་དེ་ལས་ལྷག་པར་བགྲོད་དེ་ཕྱིན་པའི་གནས་གང་ཡང་མེད་པ་ལ། ཚུལ་དེ་ལྟར་མ་ཤེས་པར་ས་ལ་སྦྱང་བ་དང་བགྲོད་པར་འདོད་ཅིང་རྟོག་པའི་རང་བཞིན་ཅན་དེས་ནི་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་གང་ལྟར་བགྲོད་ཀྱང་མཐར་འབྲས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པ་མེད་པས་ནམ་མཁའི་མཐའ་ཚོལ་བ་དང་འདྲ་ལ། རྫོགས་པ་ཆེན་པོའི་ས་ནི་རྩོལ་བས་མ་བགྲོད་པར་མ་བཅོས་བྱར་མེད་ཉིད་དུ་རེ་དོགས་སྤང་བླང་དང་བྲལ་བར་རང་བཞིན་དུ་བཞག་པས། ཡེ་གྲོལ་བསྐྱར་གཞི་དང་བྲལ་བའི་དོན་མངོན་དུ་མཐོང་ནས་ས་ལམ་ཐམས་ཅད་མ་བགྲོད་མ་སྦྱང་པར་དུས་གཅིག་ལ་བྱར་མེད་ལྷུན་གྲུབ་ཏུ་རྫོགས་པར་སྟོན་པ་སྟེ། ངེས་དོན་འདུས་པ་ལས། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ལམ་མེད་ལམ་ལྔར་མ་བགྲོད་ཅིག །ས་མེད་ས་བཅུར་མ་སྦྱོང་ཅིག །རྟེན་མེད་དམིགས་པ་མ་འཆའ་ཞིག །སྒྲིབ་མེད་སྒྲིབ་གཉིས་མ་སྦྱོང་ཞིག །ཡུལ་མེད་ཚོགས་གཉིས་མ་གསོག་ཅིག །ངེས་དོན་འདི་རྙེད་བསྒྲུབ་མི་དགོས། །ཞེས་གསུངས་སོ། །དྲུག་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ས་ཡི་ངོ་བོར་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཉིད་ཤར་བ་ཡིན་ནོ་ཞེས་དོན་དུ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་སུམ་དུ་རྟོགས་པ་དེ་ལས་ལམ་དུ་བཏགས་པ་ཙམ་ལས་གཞན་དུ་ས་ལམ་ཞེས་བྱ་བ་ཅི་ཡང་མེད་པའི་ཕྱིར་ན། ཀུན་བྱེད་ང་ཡི་ས་ལ་ཐོག་མར་ལམ་ལ་འཇུག་པའི་དུས་དང་མཐར་ཐུག་ལམ་མཐར་ཕྱིན་པའི་དུས་གཉིས་ལ་བཟང་ངན་དང་མཐོ་དམན་གྱི་རིམ་པ་མེད་པར་ཡེ་ཇི་བཞིན་ཉིད་དུ་གནས་པ་ཡིན་ཏེ། རིན་པོ་ཆེའི་རྒྱན་ལས། མ་བཅོས་ཡེ་ཤེས་བླ་མའི་ས། །རྟོགས་པས་མ་བཅོས་བླ་མའི་ས། །མ་བགྲོད་ཅིག་ཆར་འཇུག་པ་ཡིན། །སྦྱངས་བགྲོད་མེད་པ་ས་ལམ་རྟོག །འཇུག་དང་མཐར་ཐུག་དོན་གཅིག་པས། །ཡེ་ནས་ནོན་པས་ས་ལམ་གདེང་། །ཞེས་གསུངས་པ་ལྟར་ཏེ། དེས་ན་ཐེག་པ་འོག་མ་ལྟར་རེ་དོགས་རྩོལ་སྒྲུབ་ཀྱིས་རང་གི་རྒྱུད་མི་འཆིང་བར་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་བརྡལ་བ་ཆོས་ཉིད་ཀྱི་ས་འདི་ཚུལ་བཞིན་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་སོ། །བདུན་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་ཁམས་གསུམ་གྱི་འགྲོ་བ་ཀུན་གྱི་མདུན་དུ་ཉེ་རིང་མེད་པར་མངོན་དུ་ཕྱུང་ཞིང་དབང་པོ་དྲུག་གི་ཡུལ་དུ་བསྒྲིབ་མེད་མངོན་སུམ་དུ་བཞུགས་པ་ཡིན་ནོ་ཞེས་ཚོགས་དྲུག་གི་ཡུལ་དུ་གང་སྣང་གང་ཤར་ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རོལ་པར་བསྟན་པ་སྟེ། ཀུན་གཟིགས་རོང་པའི་ཞལ་ནས། དེ་ལ་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་ཤར་བར་ལྟའོ་ཞེས་བྱ་བ་ནི། སྤྱོད་ཡུལ་ནི་འགྲོ་བའི་དབང་པོ་དྲུག་གི་སྤྱོད་ཡུལ་ལོ། །རང་བྱུང་གི་ཡེ་ཤེས་ནི་འདུ་བྱེད་ཐམས་ཅད་རང་བཞིན་གྱིས་ཞི་བ་ཡིན་པས། ཡེ་ཤེས་རང་བྱུང་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །དེ་ལྟར་འགྲོ་བ་ཀུན་གྱི་མདུན་དུ་མངོན་དུ་ཕྱུང་ན་ཡང་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་འཁོར་གྱིས། ཀུན་བྱེད་བྱང་ཆུབ་ཀྱི་སེམས་དེ་ཉིད་ཇི་བཞིན་ཏུ་མ་རྟོགས་པར། ཚོགས་དྲུག་ཡུལ་དང་བཅས་པ་ཐམས་ཅད་གཟུང་འཛིན་རྣམ་རྟོག་གི་རང་བཞིན་མ་དག་མཚན་མའི་གྲངས་སུ་རྟོགས་པས། སྟོན་པ་ཀུན་བྱེད་རྒྱལ་པོའི་མ་བཅོས་ལྷུན་གྱིས་གྲུབ་པའི་དགོངས་པ་ཟབ་མོ་ཡང་མི་རྟོགས་ལ་ཐེག་པ་འོག་མ་པ་དེ་དག་གི་འདོད་པ་བཞིན་དུ་སྤངས་བླང་དང་སྦྱང་བགྲོད་ལ་སོགས་པ་གང་ལྟར་བལྟས་ཀྱང་བཅོས་བསྒྱུར་དང་སྦྱང་འགྲོད་མེད་པའི་དོན་དང་འགལ་བ་ཡིན་པས་ཀུན་བྱེད་རྒྱལ་པོའི་ཆོས་ཀུན་ཡེ་ནས་སངས་རྒྱས་པའི་དགོངས་པ་དང་མཐུན་པར་ལུང་ཀྱང་མི་སྟོན་ཏོ། །ཞེས་སོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། དྲང་དོན་གྱི་ས་ལམ་གྱི་འབྲས་བུའི་བསྟན་ཚུལ་དང་། དེའི་སྙིང་པོའི་དོན་མི་མཐོང་ཞིང་ཡང་དག་པའི་ལམ་དང་མི་འཕྲད་པར་བསྟན་པ་དང་། ཀུན་བྱེད་སྣང་མེད་བྱང་ཆུབ་སེམས་ཀྱི་ས་རྟོགས་པར་གྱིས་ཤིག་པར་གདམས་པའོ། །དང་པོ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་འཁོར་གྱི་དང་པོ་སྟོན་པ་སྐུ་གསུམ་གྱིས། རང་རང་ལ་དད་ཅིང་མོས་པའི་འཁོར་ཚོགས་རྣམས་ལ་དེ་དག་གི་སྐལ་བ་དང་འཚམས་པར་ཆོས་བསྟན་པ་ནི། ཆོས་སྐུའི་གསུང་ལ་མ་ཧཱ་སྐུའི་ཐེག་པའམ་བསྟན་པ་དང་། ཨ་ནུས་གསུང་གི་ཐེག་པ་དང་། ཨ་ཏི་ཐུགས་ཀྱི་ཐེག་པ་གསུམ་དུ་ཡོད་པ་དེ་བཞིན་དུ་ལོངས་སྐུའི་གསུང་ཀྲི་ཡོག་སྡེ་གསུམ་དང་། སྤྲུལ་སྐུའི་གསུང་མཚན་ཉིད་སྡེ་གསུམ་སྟེ་རྣམ་པ་གསུམ་དེའང་བྱས་པས། སྐུ་གསུང་ཐུགས་ཀྱི་ཐེག་པ་རེ་རེ་དང་། དེ་དག་གི་ལམ་གྱི་སྤང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པའི་ས་རེ་དང་། ས་དེ་དག་དུ་བགྲོད་པར་བྱེད་པའི་ལམ་རེ་དང་། མཐར་ཐུག་གི་ཐོབ་བྱའི་འབྲས་བུ་ཡང་རེ་རེ་ཡོད་པར་བསྟན་ཏོ། །གཉིས་པ་ནི། དེ་ལྟར་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་བསྟན་པའི་ཐེག་པའི་རིམ་པ་དེ་དག་གི་ནང་ནས་ཀུན་གྱི་ཡང་རྩེར་སོན་པ་ཨ་ཏི་རྫོགས་པ་ཆེན་པོ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ས་ལམ་ཐམས་ཅད་མ་བགྲོད་ཡེ་ནས་ནོན་པའི་དོན་འདི་ཉིད་ཚུལ་བཞིན་མ་རྟོགས་ན། རྩོལ་བཅས་ཀྱི་ཐེག་པ་བརྒྱད་ཀྱི་སྐབས་ནས་བསྟན་པའི་སྦྱང་བགྲོད་རྩོལ་བ་ཅན་གྱི་ས་ལམ་རྣམ་གྲངས་ས་དེས། ངེས་པའི་དོན་གྱི་ཐེག་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལམ་བགྲོད་རྩོལ་ལས་འདས་པའི་དོན་ཇི་བཞིན་པ་མི་རྙེད་ཅིང་གནས་སྐབས་ཀྱི་བསྟི་གནས་ཙམ་ལས་མེད་པར་གསུངས་པའོ། །གསུམ་པ་ནི། རྒྱུ་མཚན་དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་ནོར་མངོན་སུམ་དུ་རྟོགས་པར་བྱེད་པའི་ཀུན་བྱེད་ཨ་ཏི་ཡོ་གའི་ཐེག་པ་འདི་ནས་བསྟན་པའི་སྙིང་པོ་བྱང་ཆུབ་སེམས་ཀྱི་སའམ་ས་ལམ་ཐམས་ཅད་མ་བགྲོད་དུས་གཅིག་ལ་རྫོགས་པས་ཀུན་གྱི་རྩ་བར་གྱུར་པའི་རྫོགས་པ་སྤྱིར་ཆིབ་ཀྱི་ས་འདི་ལ་ཡིད་བརྟན་པར་མནོས་ལ་རྟོགས་པར་གྱིས་དང་། ས་ཡི་རང་བཞིན་སྤྲོས་པའི་སྣང་བ་མེད་པ་འདི་ཉིད་རྟོགས་པར་གྱུར་ན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ས་ལ་སྦྱང་བགྲོད་ཀྱི་རྩོལ་བ་ཅི་ཡང་མི་དགོས་པར་ད་ལྟ་ཉིད་ནས་གནས་པར་འགྱུར་རོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ས་ལ་སྦྱང་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་ལམ་གྱི་ཁྱད་པར་སེམས་ཉིད་དོན་གྱི་གནས་ལུགས་ལ་གཉིས་སུ་མེད་པས་སྤྱོད་པ་ལ་སྤྱད་དུ་མེད་པའི་ལེའུ་རེ་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ས་ལ་སྒྲིབ་པ་སྦྱང་དུ་མེད་པར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ཆོས་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཆོས་སྐུ་ཐིག་ལེ་ཉག་གཅིག་ལས་ཐ་དད་དུ་མེད་པས། ཨ་ཏི་རྫོགས་པ་ཆེན་པོའི་སྤྱོད་པ་ལ་བཟང་ངན་དང་བླང་དོར་མེད་པར་སྣང་སྤྱོད་ཐམས་ཅད་རང་བྱུང་ཡེ་ཤེས་ཉག་གཅིག་གི་རོལ་བར་རྟོགས་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། ཐེག་པ་འོག་མས་གཉིས་བཅས་སུ་བཤད་པའི་ཉེས་པ། གཉིས་མེད་ཀུན་བྱེད་རྒྱལ་པོའི་སྤྱོད་པ་སྤྱད་པ། ནམ་མཁའ་ལྟ་བུའི་སྤྱོད་པ་ལུང་བསྟན་པ་དགོས་ཆེད་དང་བཅས་པས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཐེག་པ་སོ་སོའི་སྤྱོད་པས་དོན་མ་རྟོགས་པའི་རང་བཞིན་བསྟན་པ་དང་། དེ་ཉིད་སྤང་གཉེན་གྱི་རྟོག་པ་སྦྱང་བ་ལས་བླང་དོར་མེད་པའི་དོན་མི་རྟོགས་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་མཉམ་པ་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ་བཟང་ངན་བླ་དོར་ཀུན་ལས་འདས་པ་ཡིན་པ་ལ། ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་བསྟན་པའི་ཐེག་པ་བ་རྣམས་ཀྱིས་ཆོས་ཉིད་བྱ་རྩོལ་ལས་འདས་པ་དེ་ལྟར་མ་རྟོགས་པར། ལ་ལས་སྟེ་མཚན་ཉིད་ཐེག་པ་བ་རྣམས་ཀྱིས་དགེ་བ་རྣམས་ལ་བདེ་བའི་རྒྱུར་བལྟས་ནས་སྤྱད་ཅིང་དང་དུ་ལེན་པ་དང་། སྡིག་པ་ཐམས་ཅད་འདི་ཕྱིའི་སྡུག་བསྔལ་གྱི་འབྱུང་གནས་སུ་མཐོང་ནས་སྤང་ཞིང་དོར་བར་བྱ་བའི་རང་བཞིན་དུ་རྟོགས་པ་དང་། ལ་ལས་སྟེ་ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་བ་རྣམས་ཀྱིས་དཀར་གསུམ་མངར་གསུམ་ལ་སོགས་པ་གཙང་བ་དང་། བདུད་རྩི་ལྔ་སོགས་མི་གཙང་བ་རྨེ་བའི་རང་བཞིན་དུ་མཐོང་ནས་དེ་གཉིས་ལ་བླང་དོར་བྱ་བའི་ཡུལ་གཉིས་སུ་མཐོང་ཞིང་རྟོགས་པ་དང་། ལ་ལས་སྟེ་སྔགས་ནང་བ་གཉིས་ཀྱིས་གཙང་རྨེ་གཉིས་ཀ་མི་འདོར་ཞིང་ཁྱད་པར་དུ་བདུད་རྩི་ཆེན་པོ་ལྔ་ལ་གྲུབ་པ་བཞི་དང་ཡིན་པ་གསུམ་གྱི་རང་བཞིན་དུ་བལྟས་ནས་དང་དུ་བླང་ཞིང་སྤྱད་པར་བྱ་བའི་ཡུལ་དུ་རྟོགས་པ་ལས། དེ་ཐམས་ཅད་ཀྱིས་སྤྱད་དང་མ་སྤྱད་མེད་པ་ཆོས་ཉིད་མཉམ་པའི་དོན་ནི་སུས་ཀྱང་མ་རྟོགས་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། དེས་ན་གང་ཟག་གང་དག་བཤད་མ་ཐག་པའི་བླང་དོར་རེ་དོགས་ཅན་གྱི་སྤྱོད་པ་འདི་ལྟ་བུ་ལ་གནས་པ་རྣམས་ནི་ལམ་རང་རང་གི་སྤང་བྱའི་གཉེན་པོའི་དོན་ཙམ་རྟོགས་པ་ལ་འཇུག་པར་བྱེད་པ་ཡིས། རྣམ་རྟོག་གི་སྤྱོད་ཡུལ་དུ་གྱུར་བའི་དམིགས་པ་ཡིད་ལ་སྦྱངས་ཤིང་གོམ་པར་བྱ་བ་དེ་རྟོགས་པར་བྱེད་པའི་རྐྱེན་ཙམ་དུ་འགྱུར་བ་ཡིན་གྱི་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་སེམས་ཉིད་གཅིག་གི་རོལ་བ་ལས་གཞན་དུ་མེད་པས་བཟང་པོ་དང་དུ་བླང་བ་དང་། ངན་པ་དོར་དུ་མེད་པར་གཉིས་མེད་མཉམ་པ་ཉིད་ཀྱི་རང་བཞིན་དུ་བསྟན་པའི་སྤྱོད་པ་ནི་དེ་དག་གིས་རྟོགས་པར་མི་འགྱུར་བས་ན་ང་ལས་གཞན་དུ་གོལ་བར་གསུངས་སོ། །གཉིས་པ་ལ་དྲུག་སྟེ། གཉིས་སུ་མེད་པའི་སྤྱོད་པ་ཉིད་བསྟན་པ། གང་སྤྱད་སྐྱེ་མེད་ཀྱི་རང་བཞིན་ལས་མི་འདའ་བ། ཕྱོགས་བྲལ་ནམ་མཁའི་རང་བཞིན་དུ་བསྟན་པ། སྣང་སྲིད་དུག་ལྔར་སྣང་བ་སྐྱེ་མེད་ཀྱི་སྤྱོད་པར་བསྟན་པ། དེ་ཉིད་འཁོར་ལ་ལུང་སྟོན་ཅིག་པར་གདམས་པ། ཀུན་བྱེད་བླང་དོར་མེད་པའི་སྤྱོད་པ་མ་རྟོགས་པའི་སྐྱོན་བསྟན་པའོ། །དང་པོ་ནི། ཀྱེ་རྩོལ་བཅས་ཀྱི་ཐེག་པ་རྣམས་ལས་ཁྱད་པར་དུ་འཕགས་པ་སྟོན་པ་ཀུན་བྱེད་རྒྱལ་པོའི་རང་བཞིན་སྤྱོད་པ་བླང་དོར་མེད་པར་བསྟན་པ་ནི། འདི་ལྟར་དགེ་སྡིག་དང་བླང་དོར་གཙང་རྨེ་དང་ཆེ་ཆུང་བདག་གཞན་དང་འཁོར་འདས་ལ་སོགས་གཉིས་ཆོས་སུ་སྣང་བ་འདི་ཐམས་ཅད་ཀུན། གཉིས་མེད་ཡེ་ཤེས་ཆེན་པོ་སྐྱེ་མེད་བྱང་ཆུབ་ཀྱི་སེམས་སུ་དེ་དག་ཐམས་ཅད་ཀུན། བཟང་ངན་བླང་དོར་མེད་པར་གཅིག་པ་ཡིན་པས་ན། དགེ་བ་ལ་བླང་བར་བྱ་བ་དང་སྡིག་པ་ལ་དོར་བར་བྱ་བ་གཉིས་སུ་མེད་པའི་དོན་དུ་རྟོགས་པ་དང་། དེ་བཞིན་དུ་ཆོས་ཉིད་གཅིག་གི་རང་བཞིན་ལ་གཙང་མ་དང་མི་གཙང་གི་དབྱེ་བ་མེད་པ་ཉིད་དུ་རྟོགས་པ་དང་། བདུད་རྩི་ལྔ་དང་སྦྱོར་སྒྲོལ་ལ་སོགས་པ་ལ་སྤྱད་པས་བཟང་དུ་འགྲོ་བ་དང་མ་སྤྱད་པས་ངན་དུ་འགྲོ་བ་གཉིས་སུ་མེད་པར་རྟོགས་པ་དང་། ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ལ་མཐའ་དང་དབུས་སུ་འབྱེད་པ་མེད་པར་རྟོགས་པ་སྟེ། མདོར་ན་ཆོས་ཐམས་ཅད་ལ་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པར་གདོད་ནས་ཡེ་སྟོང་ཆེན་པོ་སྐྱེ་མེད་བྱང་ཆུབ་ཀྱི་སེམས་སུ་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པ་ཡིན་པར་གསུངས་པའོ། །གཉིས་པ་ནི། ཀྱེ་ཆོས་ཐམས་ཅད་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། ཀུན་བྱེད་རྒྱལ་པོའི་སྤྱོད་པ་བླང་དོར་མེད་པའི་རང་བཞིན་དུ་བསྟན་པ་ནི་དགེ་སྡིག་བླང་དོར་ལ་སོགས་པའི་ཚུལ་གང་ལྟར་སྤྱད་པ་ཡིན་ཀྱང་དེ་ལྟར་དོན་ལ་གྲུབ་པ་མེད་པས་མི་འགལ་ཏེ། སྒྱུ་འཕྲུལ་ལས། སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་གསུངས་པ་ལྟར་དུ་དགེ་སྡིག་སྤང་བླང་ལ་སོགས་པའི་བྱ་བ་བྱས་པ་དང་མ་བྱས་པ་གཉིས་ཀ་གདོད་ནས་སྐྱེ་བ་མེད་པས་ན། དེ་ལྟར་ཤེས་པས་གང་ལྟར་སྤྱད་པ་ཐམས་ཅད་སྐྱེ་མེད་ཀྱི་དོན་ལས་འདའ་བ་མེད་པ་ཐམས་ཅད་ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་པར་གསུངས་ཏེ། ཀུན་ཏུ་བཟང་པོའི་ཆེ་བ་རང་ལ་གནས་པ་ལས། དགེ་དང་མི་དགེའི་ལས་རྣམས་ཀུན། །མ་ཆགས་གཉིས་མེད་ཐབས་ཀྱིས་སྤྱོད། །གང་ལ་རོལ་བས་ཡོན་ཏན་སྣང་། །རྒྱུ་རྐྱེན་རྟེན་འབྲེལ་ལྟོས་པ་ཡིན། །འདོད་སྤྱོད་ཡོན་ཏན་རྣམ་པ་ལྔ། །ཐབས་དང་ཤེས་རབ་ལ་སོགས་ཀྱང་། །སྤྱད་ན་སྐྱེ་མེད་རྟོགས་པ་གསལ། །མ་སྤྱད་ན་ཡང་ཉེས་མེད་རྫོགས། །ཡོད་མེད་རྟག་ཆད་ཐམས་ཅད་ནི། །མ་སྐྱེས་རང་བཞིན་ངང་ལ་མེད། །བདེ་དང་སྡུག་བསྔལ་གཉིས་འཛིན་པ། །ཐ་དད་མེད་དེ་བྱང་ཆུབ་སེམས། །མྱ་ངན་འདས་དང་འཁོར་བའི་ཆོས། །སྐྱོན་དང་ཡོན་ཏན་ཐམས་ཅད་ནི། །བཅིང་གྲོལ་མེད་པར་གང་སྤྱོད་པ། །སྤྱོད་པ་ཀུན་ཏུ་བཟང་པོའོ། །ཞེས་སོ། །གསུམ་པ་ནི། ཀྱེ་གཞན་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་ཡིན་མིན་ཕྱོགས་འཛིན་དང་བྲལ་བའི་སྤྱོད་པ་བསྟན་པ་ནི། སྐྱེ་མེད་བྱང་ཆུབ་ཀྱི་རང་བཞིན་ལ་བྱ་རྩོལ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟར་བློའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་བར་གནས་པས། དེ་ལ་གྲངས་ཀྱིས་བརྗོད་པ་དང་ཚད་གཟུང་དུ་མེད་ལ། དེ་ལྟར་སྐྱེ་མེད་བྱང་ཆུབ་ཀྱི་སེམས་ལ་གཉིས་ཆོས་སུ་གྲུབ་པ་གང་ཡང་མེད་པས་འདི་ཉིད་སྤྱོད་པ་ཡང་དག་པ་མིན་ནོ་ཞེས་དོར་བར་བྱ་བ་དང་། འདི་ནི་ཡང་དག་པ་ཡིན་ནོ་ཞེས་བླང་བར་བྱ་བའི་ཕྱོགས་ལས་ཀྱང་འདས་པ་སྟེ། འདི་ལྟ་བུའི་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བའི་རང་བཞིན་ཅན་འདི་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤང་བླང་དགག་སྒྲུབ་མེད་པའི་སྤྱོད་པ་ཡིན་པར་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ཀྱིས་རྟོགས་སོ་ཅེས་པའོ། །བཞི་པ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་སྤྱོད་པ་ལ་ཡིན་མིན་དང་བཟང་ངན་གྱི་དབྱེ་བ་མེད་པའི་རྒྱུ་མཚན་གཞན་ཡང་དབྱིངས་སྐྱེ་མེད་ཀྱི་གདངས་ལས་རྩལ་འགག་མེད་ཀྱི་རོལ་པར་ཤར་ཞིང་། དོན་གཉིས་མེད་ལ་གཉིས་སུ་སྣང་བའི་རང་བཞིན་ཅན་གྱི་འདོད་པ་ཡི་ཡུལ་ལྔ་པོ་འདི་ཡང་། སྙིང་པོ་བྱང་ཆུབ་སེམས་ཀྱི་རྩལ་ལས་གཞན་དུ་མེད་པར་སེམས་ཉིད་རང་སྣང་བ་ཡིན་པའི་ཕྱིར་ན་ཡིན་མིན་བླང་དོར་གྱི་དབྱེ་བ་མེད་པར་ཉི་མ་ཟེར་ལ་རོལ་པ་ལྟར་རང་རྩལ་ལ་རང་ཉིད་རོལ་པས་གཉིས་མེད་རང་ཤར་གྱི་སྤྱོད་པ་ཡིན་པར་རྟོགས་ལ། དེ་བཞིན་དུ་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་དུག་ལྔ་རུ་སྣང་བ་ཡང་ཡེ་ནས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་མ་འགགས་པར་ཤར་བའི་ཡེ་ཤེས་ཉག་ཅིག་གི་རོལ་པ་ཡིན་པས་བྱང་ཆུབ་སེམས་ཀྱི་སྤྱོད་པ་ཡིན་པར་རྟོགས་པ་དང་། རང་བྱུང་ཡེ་ཤེས་ཀྱི་རོལ་བར་སྣང་བའི་རྒྱན་གྱི་རྒྱུ་འབྱུང་བ་ཆེན་པོ་ལྔ་པོ་ཡང་སེམས་ལས་བྱུང་ཞིང་སེམས་ལ་སྣང་བ་སེམས་ལས་གཞན་དུ་མེད་པས་སེམས་ཀྱི་སྤྱོད་པ་ཡིན་པར་རྟོགས་པ་དང་། ཁམས་གསུམ་སྲིད་གསུམ་ཀུན་ཀྱང་སྔར་འདོད་པའི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། ཞེས་སོགས་ཀྱིས་བསྟན་པ་ལྟར་སྙིང་པོ་རང་བྱུང་ཡེ་ཤེས་ལ་གཞན་དུ་མེད་པའི་ཕྱིར་ན་སེམས་ཀྱི་སྤྱོད་པ་ཡིན་པར་རྟོགས་པ་སྟེ། དེས་ན་གང་སྣང་ཅི་ཤར་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མ་རྟོགས་པ་ཡི་མ་དག་འཁྲུལ་པའི་སྤྱོད་པ་ཞིག་ནི་རྡུལ་ཙམ་ཡོད་པར་རྒྱལ་བ་ཀུན་གྱི་མེས་པོ་ངས་མ་བཤད་དོ་ཞེས་པ་སྟེ། ནམ་མཁའི་མཐའ་དང་མཉམ་པ་ལས། སྤྱོད་བྲལ་ཀུན་བཟང་རོལ་པ་འདི། །རོལ་པ་མ་འགགས་རང་འཆར་རྫོགས། །མ་བཅོས་སྙིང་པོར་སྤྱོད་པས་ན། །མཐའ་དབུས་མེད་པའི་ཀློང་དུ་རོལ། །ཞེས་གསུངས་པ་ལྟར་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་མ་བཅོས་རང་ཤར་གྱི་སྤྱོད་པ་ཡིན་པར་གསུངས་སོ། །ལྔ་པ་ནི། ཀྱེ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པ་ཡིན་པའི་རྒྱུ་མཚན་དེ་ཡི་ཕྱིར་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་བླང་དོར་མེད་པའི་དོན་འདི་རྟོགས་པར་གྱིས་ལ། དེ་ལྟ་བུའི་ཆོས་ཉིད་མཉམ་པ་ཆེན་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་བཟང་ངན་བླང་དོར་གཉིས་སུ་མེད་པར་འགྲོ་བ་ཀུན་གྱིས་རྟོགས་པའི་ཕྱིར་དུ་ཀུན་བྱེད་ང་ཡི་འཁོར་གྱི་ནང་དུ་ཡང་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་དེ་ལྟར་ལུང་སྟོན་ཅིག་ཅེས་གདམས་སོ། །དྲུག་པ་ནི། གལ་ཏེ་དེ་ལྟ་བུའི་ཀུན་བྱེད་ང་ཡི་སྤྱོད་པ་བླང་དོར་མེད་པའི་རང་བཞིན་ཆོས་ཉིད་མཉམ་པ་ཆེན་པོའི་དོན་དེ་མ་རྟོགས་པར། སྐུ་གསུམ་གྱི་སྟོན་པའི་འཁོར་གྱི་སྤྱོད་པ་སྤང་བླང་དགག་སྒྲུབ་ཅན་ལ་གང་ཟག་གང་ཞིག་ཞེན་ཅིང་རྩོལ་བར་བྱས་པས་ནི། འཇིག་རྟེན་ན་རྒྱུ་འབྲས་སྤང་བླང་ལ་སོགས་པ་གཟུང་འཛིན་མཚན་མར་སྣང་བའི་ཆོས་ལ་ཞེན་པས་དམིགས་མཚན་སྤྲོས་པ་ཀུན་ལས་འདས་པའི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་མ་བཅོས་མཉམ་པ་ཆེན་པོའི་སྤྱོད་པ་ལས་ལོག་པའི་ལྟ་སྤྱོད་ངན་པ་ལ་འཆོལ་བར་གྱུར་ནས། གོང་དུ་བསྟན་པའི་ཀུན་བྱེད་རྒྱལ་པོའི་ཆོས་ཉིད་བླང་དོར་མེད་པའི་སྤྱོད་པ་རྟོགས་པར་མི་བྱེད་པ་དེས་ན། དེ་ལྟ་བུའི་སྤྱོད་པ་ངན་པ་ལས་ལྡོག་པའི་ཕྱིར་དུ་སྤྱོད་པ་བླང་དོར་མེད་པའི་ལུང་འདི་སྟོན་དགོས་པར་གསུངས་པའོ། །གསུམ་པ་དོན་བསྡུ་བ་ལ་བཞི་སྟེ། ལུང་སྟོན་ཅིག་པར་གདམ་ལ་དངོས། དེའི་དགོས་པ། དེས་ཕྱིར་ལུང་སྟོན་པར་གདམས་པ། དེའི་ཉིད་དགོས་པ་བསྟན་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ད་ལྟ་འཁོར་གྱི་ནང་དུ་སྤྱོད་པའི་ཁྱད་པར་དགག་སྒྲུབ་སྤང་བླང་དང་བྲལ་བ་ལུང་བསྟན་པ་གང་ཞིག །ཆོས་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་སུ་ཤེས་པས་སྤྱོད་པ་བཟང་ངན་གང་ལ་ཡང་མ་ཆགས་ཤིང་བླང་དོར་མེད་པའི་སྤྱོད་པ་འདི་ཡིས། ཆོས་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཀློང་དུ་མཉམ་ཉིད་བླང་དོར་མེད་པར་རྟོགས་པ་ཡིན་པར་ལུང་བསྟན་པ་བཞིན་དུ་སེམས་དཔའི་རྡོ་རྗེ་ཁྱོད་ཀྱིས་ཀྱང་འཁོར་རྣམས་ལ་དེ་ལྟར་དུ་ལུང་སྟོན་ཅིག་ཅེས་པའོ། །གཉིས་པ་ནི། དེ་ལྟར་ལུང་བསྟན་པ་ལ་དགོས་པའམ་ཡོན་ཏན་ཅི་ཡོད་སྙམ་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་འཁོར་རྣམས་ལ་ཀུན་བྱེད་རྒྱལ་པོའི་སྤྱོད་པ་གོང་དུ་ཇི་སྐད་བསྟན་པ་དེ་ལྟར་ལུང་བསྟན་པས། འཁོར་རྣམས་ཀྱང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པར་སྐྱེ་མེད་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་རྟོགས་པར་འགྱུར་བའི་དགོས་པ་ཡོད་དོ། །གསུམ་པ་ནི། དེ་ལྟ་བུའི་དགོས་པ་ཁྱད་པར་དུ་འཕགས་པ་ཡོད་པའི་རྒྱུ་མཚན་དེས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ཐམས་ཅད་ནི་གདོད་ནས་སྐྱེ་བ་མེད་པ་ནམ་མཁའི་རང་བཞིན་ལྟར། སྟོན་པ་ཀུན་བྱེད་ང་དང་ཐུགས་སྲས་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་རྟོགས་པ་དེ་ཇི་ལྟ་བར་ཁྱོད་ཀྱིས་འཁོར་རྣམས་ཀྱི་ནང་དུ་ཡང་དེ་ལྟར་ལུང་སྟོན་པར་མཛོད་ཅིག་ཅེས་གདམས་སོ། །བཞི་པ་ནི། དེ་ལྟར་བསྟན་པ་ལ་དགོས་པ་དང་ལྡན་པར་མ་ཟད་ཉིང་དགོས་ཀྱི། ཁྱད་པར་ཡང་འདི་ལྟར་ཡོད་དེ། གང་ཞེ་ན་དེ་ལྟ་བུའི་མ་བཅོས་གང་ཤར་གྱི་སྤྱོད་པ་སྤང་བླང་དགག་སྒྲུབ་དང་བྲལ་བའི་ཚུལ་དེ་སྔ་བར་ལུང་བསྟན་པ་ཐོས་པ་དང་། དེ་ལ་བརྟེན་ནས་དོན་ཇི་བཞིན་དུ་རྟོགས་པས་འགྲོ་བ་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་སྐྱེ་མེད་མཉམ་པ་ཉིད་ཀྱི་དོན་ལ་ཕྱམ་གཅིག་ཏུ་གནས་པར་འགྱུར་བའི་ཉིང་དགོས་དང་ལྡན་པ་ཡིན་ནོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྤྱོད་པ་བླང་དོར་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་སེམས་ཉིད་ཐོབ་བྱ་ཐོབ་བྱེད་དུ་མ་གྲུབ་པས་སངས་རྒྱས་ཕྱི་ནས་འདོད་པའི་འབྲས་བུས་སད་ཁྱེར་དུ་བསྟན་པ་ལ་གཉིས་ལས། རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པ་བསལ་ནས་དག་པའི་ཆོས་སྐུ་སྔར་མེད་གསར་བྱུང་མི་འཐད་པར་བསྟན་པ་དང་། ཡེ་ནས་རྫོགས་པའི་སེམས་ཉིད་ལ་ལམ་གྱིས་བསྒྲུབ་པའི་ཚོགས་གཉིས་དག་པས་བསྐྱེད་པའི་གཟུགས་སྐུ་སྔར་མེད་གསར་བྱུང་མི་འཐད་པར་བསྟན་པའོ། །དང་པོ་ནི། སེམས་ཉིད་ཡེ་ནས་དག་པས་དྲི་མས་བསྒྲིབ་ཏུ་མེད་པའི་ཡེ་ཤེས་རང་ཆས་སུ་བསྟན་པའི་ལེའུ་དྲུག་ཅུ་རྩ་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་འཁོར་འདས་བཟང་ངན་ལ་སོགས་པ་གཉིས་ཆོས་གང་ཡང་མ་གྲུབ་པས་སྤྱོད་པ་སྤྱོད་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སེམས་ཉིད་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པའི་རང་བཞིན་ལ་སྒྲིབ་པ་བསལ་དུ་མེད་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོག་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་དང་སྒྲིབ་པ་ཐ་དད་དབྱེ་བའི་དྲི་མ་བསལ་ནས་ཡེ་ཤེས་བསྒྲུབ་པས་ནམ་ཡང་མི་འགྲུབ་པར་བསྟན་པ། སྒྲིབ་པ་མེད་པའི་ཡེ་ཤེས་ཉིད་བཤད་པ། རང་བྱུང་གི་ཡེ་ཤེས་སྣང་བ་ཆེན་པོ་རང་གསལ་ཡེ་ཤེས་ཀྱི་རྒྱལ་པོར་བསྟན་པས་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྒྲིབ་པ་བསལ་ཞིང་ཡེ་ཤེས་བསྒྲུབ་པ་གང་གིས་བསྟན་པའི་ཚུལ། དེ་ཉིད་དྲང་དོན་དུ་བཀོད་པས་སྙིང་པོའི་ཡེ་ཤེས་མི་མཐོང་བར་བསྟན་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་གདུལ་བྱ་རྣམས་རང་རང་གི་སྐལ་བ་དང་འཚམས་པར་ཇི་ལྟར་འདུལ་བའི་ཐབས་སྣ་ཚོགས་སུ་བསྟན་པའི་ཕྱིར་དུ། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་ནི་ལམ་ཉམས་སུ་བླང་བ་ལ་བརྟེན་ནས་ད་གཟོད་སྒྲིབ་པ་བསལ་ཞིང་ཡེ་ཤེས་བསྒྲུབ་པར་བྱེད་པའི་རང་བཞིན་ཅན་དུ་རྟོགས་ལ། དེ་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་གྱིས་རང་རང་གིས་ཇི་ལྟར་རྟོགས་པ་ལྟར་དུ་འཁོར་རྣམས་ལ་ཡང་དེ་ལྟར་དུ་ལུང་སྟོན་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། དེས་ན་སྐུ་གསུམ་གྱི་སྟོན་པས་རང་རང་གི་འཁོར་རྣམས་ལ་གོང་དུ་བཤད་པ་དེ་ལྟར་བསྟན་པ་བཞིན་དུ། དེ་དག་གི་འཁོར་རྣམས་ཀུན་གྱིས་ཇི་ལྟར་གོ་ཞིང་རྟོགས་པར་བྱེད་པ་ཡང་དྲང་དོན་དགོངས་པ་ཅན་གྱི་ལུང་དེ་བཞིན་དུ་སྒྲིབ་པ་བསལ་ཞིང་ཡེ་ཤེས་གསར་དུ་བསྐྱེད་པའི་རང་བཞིན་དུ་རྟོགས་པ་ཡིན་ཏེ། དེས་ན་རྒྱལ་བ་སྐུ་གསུམ་གྱི་འཁོར་དེ་དག་རང་རང་གང་ལ་མོས་པའི་དོན་རྒྱུ་འབྲས་རྩོལ་སྒྲུབ་ཅན་གྱི་ལམ་དེ་ལ་ཞེན་པའི་ཕྱིར་ན། སྟོན་པ་ཀུན་བྱེད་ང་ཡི་རྩོལ་མེད་རང་བྱུང་གི་ཐེག་པ་འདི་ཉིད་ཉན་པའི་འཁོར་དུ་འདུ་ནུས་པ་མ་ཡིན་པས་འདུ་བར་མི་བྱེད་ཅིང་དེའི་དབང་གི་སྙིང་པོ་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་འདི་ཡང་མི་རྟོགས་པར་གསུངས་སོ། །གཉིས་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཉིད་བཤད་པ་ལ་དྲུག་སྟེ། ཆོས་ཀུན་མ་སྐྱེས་དེ་བཞིན་ཉིད་དུ་བསྟན་པས་སྒྲིབ་པ་གཞི་ལ་དག་ཚུལ། གྲངས་དང་སྤང་གཉེན་གཉིས་འཛིན་འདས་པས་བསམ་བརྗོད་དམིགས་པའི་ཡུལ་ལས་འདས་ཚུལ། ཆོས་དབྱིངས་ཀུན་གསལ་འགགས་པ་མེད་པས་དེ་ལས་སྣང་བ་གྲངས་ལས་འདས་ཚུལ། སེམས་ཉིད་རང་བཞིན་མཁའ་ལྟར་དག་པས་གཡོ་བྱེད་སྤྲོས་པའི་མཐའ་དང་བྲལ་ཚུལ། གཡོ་མེད་མཉམ་བཞག་ངང་ལ་གནས་དུས་སྒོ་ལྔའི་སྣང་ཡུལ་གསལ་ལ་འཛིན་མེད་རྟོག་བྲལ་གང་གིས་གོམས་ན་ཤིན་ཏུ་རྣལ་འབྱོར་པ་ཡི་གང་ཟག་ཏུ་བསྟན་ཚུལ། སྟོན་པས་ཇི་ལྟར་རྟོགས་པ་དེ་ཉིད་རྟོགས་པར་གྱིས་ཤིག་པའི་དོན་ལ་འདོམས་ཚུལ་ལོ། །དང་པོ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཨ་ཏི་རྫོགས་པ་ཆེན་པོའི་རིགས་ཅན་གྱི་ལས་དང་སྐལ་བར་ལྡན་པའི་འཁོར་རྣམས་ལ་རྩོལ་མེད་རང་བྱུང་གི་ཡེ་ཤེས་མ་བཅོས་ཇི་བཞིན་པའི་དོན་ལུང་ཕོག་པ་ནི། ཇི་ལྟར་ན་སྣང་གྲགས་ལ་སོགས་པའི་མཚན་ཉིད་ཅན་དུ་གནས་པའི་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན། གདོད་ནས་མ་སྐྱེས་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་བཟང་ངན་དང་ཐ་དད་མེད་པར་ཆོས་ཀུན་གཉིས་མེད་རོ་གཅིག་ཏུ་གནས་པའི་ཕྱིར་ན། སེམས་ཅན་རྣམས་ཀྱི་རྒྱུད་སྒྲིབ་པ་དང་བཅས་པ་དང་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་མི་སྒྲིབ་པ་ལྟ་བུའི་གཉིས་སུ་གནས་པར་མི་བྱེད་པར། ཆོས་ཐམས་ཅད་ཡེ་ནས་སྒྲིབ་པ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པར་བསྟན་ཏེ། ངེས་དོན་འདུས་པ་ལས། དཔེར་ན་ཉི་མའི་སྙིང་པོ་ལ། །གཞན་གྱིས་མ་བྱས་རང་གསལ་བཞིན། །ཐམས་ཅད་ཡེ་ཤེས་ཆོས་སྐུར་གསལ། །མ་རིག་མུན་པ་གདོད་ནས་སངས། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེ་ཡི་ཕྱིར་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དང་སྒྲིབ་པ་གཉིས་ཐ་དད་པ་ཞིག་ཡོད་པར་སྟོན་པ་ང་ཡིས་མ་འབྱེད་དེ་ཞེས། ཇི་སྐད་དུ་ཀུན་མཁྱེན་བླ་མས། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །ཞེས་གསུངས་པ་ལྟར་སྒྲིབ་པ་ཞིག་གཤིས་ལ་ཡོད་མ་མྱོང་བས་ཐ་དད་དུ་དབྱེ་བར་བྱ་བའི་ཆོས་མེད་པར་བསྟན་ལ། དེས་ན་སྒྲིབ་པ་དང་མི་སྒྲིབ་པའི་ཆོས་སུ་ཐ་དད་པ་རིས་ཆད་ཅན་དུ་མི་ལྟ་ཞིང་། མཐར་ཐུག་གི་དོན་ལ་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་པས་སྒྲིབ་པ་དང་མི་སྒྲིབ་པ་གང་དུའང་གྲུབ་པ་མེད་པའི་དོན་མཐའ་གྲོལ་ཕྱོགས་ཡན་ཆེན་པོ་ལ། གཟུང་འཛིན་རྣམ་རྟོག་གི་རང་བཞིན་དུ་བརྟགས་ཏེ་གཉིས་ཆོས་ཀྱི་གྲངས་སུ་མི་བགྲང་ལ། དེ་བཞིན་དུ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་རྒྱུ་ཚོགས་གཉིས་བསགས་པ་ལ་སོགས་པ་རྩོལ་བ་དང་བཅས་པའི་སྒོ་ནས་འབྲས་བུའི་ཏེ་འབྲས་བུ་བསྒྲུབ་པའི་ཚུལ་གྱིས་ཆོས་ཉིད་སྙིང་པོའི་དོན་གསར་དུ་མི་བསྐྱེད་པར་ཡེ་ནས་སྒྲིབ་མེད་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པའི་རང་བཞིན་དུ་ལུང་བསྟན་པར་གསུངས་སོ། །གཉིས་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་བསལ་བཞག་དང་བྲལ་བར་སྟོན་པའི་བཀའ་འདི་ནི། སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རང་རང་གི་གདུལ་བྱ་རྣམས་རིམ་གྱིས་དྲང་བའི་དོན་དུ་གསུངས་པའི་ལུང་རྣམས་དང་མི་མཐུན་བས་ན། ཀུན་བྱེད་ཀྱི་བཀའ་འདི་ལ་སེམས་ཉིད་སྐྱེ་བ་མེད་པ་གཅིག་གི་རང་བཞིན་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པ་ལ་རྣམ་རྟོག་མཚན་མའི་གྲངས་སུ་མི་བགྲང་ཞིང་། ཆོས་ཐམས་ཅད་སེམས་ཉིད་ཀྱི་རྩལ་ལས་རང་སྣང་ཙམ་མ་གཏོགས་གཟུང་འཛིན་གཉིས་སྣང་གི་ཆོས་སུ་གྲུབ་པ་མེད་པས་ན་ཡུལ་དང་ཤེས་པ་སོ་སོ་རྒྱང་ཆད་དུ་མི་བལྟ་ཞིང་། སྤང་བྱ་སྒྲིབ་གཉིས་ཀྱི་གཉེན་པོའི་ཆོས་ཚོགས་གཉིས་བསགས་པ་སོགས་ལ་མི་བརྟེན་ལ། རིག་པ་དང་མ་རིག་པ་གཉིས་ཀ་བློས་བཏགས་པ་ཙམ་ལས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་ན་རང་བཞིན་ཐ་དད་ཀྱི་ཆོས་སུ་གྲུབ་པ་མེད་པར་ཆོས་ཉིད་གཅིག་གི་རང་བཞིན་ཡིན་པས་ན། དེ་ལྟ་བུའི་ཆོས་ཉིད་གཅིག་གི་རང་བཞིན་དེ་ལ་སྤང་བླང་གཉིས་སུ་འཛིན་ཅིང་ཞེན་པས་མཚན་མའི་གྲངས་སུ་མི་འདེབས་ཞིང་། ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་དམིགས་བསམ་གྱི་ཡུལ་ལས་འདས་པས་འདུ་ཤེས་རྣམ་རྟོག་གི་མཚན་མ་རང་རྒྱུད་པ་དང་མཚུངས་པར་བལྟས་ནས་དེའི་ནང་དུ་མི་འཇོག་པའམ་གྲངས་སུ་མི་བགྲང་སྟེ། རང་བྱུང་རིག་པའི་ཡེ་ཤེས་ནི་གདོད་ནས་རྣམ་རྟོག་གི་སྤྲོས་པ་ཐམས་ཅད་དང་ངང་གིས་བྲལ་བ་ཡིན་པའི་ཕྱིར་རོ། །འོ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་བཟང་ངན་བླང་དོར་སོགས་སུ་འབྱེད་པའི་འདུ་ཤེས་གཏན་ནས་མེད་ན་ཆོས་ཐམས་ཅད་སོ་སོར་མི་མཁྱེན་པར་འགྱུར་རོ་སྙམ་ན། དེ་ལྟར་སོ་སོར་འབྱེད་ཅིང་འཛིན་པའི་བློས་དམིགས་པའི་ཡུལ་དུ་ཆོས་རྣམས་ངེས་ངེས་ཡིན་ཡིན་གྱི་ཚུལ་དུ་འཇོག་ཅིང་ཤེས་པར་བྱེད་པ་མ་ཡིན་ཀྱང་། དཔེར་ན་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་ཏུ་དམིགས་མེད་བསམ་བརྗོད་བྲལ་བའི་ཡེ་ཤེས་ཀྱི་ཀློང་དུ་དུས་གཅིག་ལ་ཆོས་ཐམས་ཅད་ཀུན་གསལ་ལ་མ་འདྲེས་པར་མཁྱེན་ཅིང་། དེ་ལྟར་མཁྱེན་པའི་དུས་ཉིད་ནས་གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་ཀུན་དང་བྲལ་བ་ཡིན་པས་ཕལ་པའི་བློའི་ཡུལ་ལས་འདས་པ་སྟེ། མངོན་རྟོགས་རྒྱན་ལས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང་། །ཞེས་གསུངས་པ་ལྟར་ཏེ་དེས་ན་སྟོན་པ་ཀུན་བྱེད་ཉིད་ཀྱི་བཀའ་ལས་ཇི་ལྟར་བྱུང་བ་དེ་ལྟར་དུ་སེམས་དཔའ་རྡོ་རྗེས་ཀྱང་ཡང་དག་པར་རྟོག་པར་གྱིས་ཤིག་ཅེས་སོ། །གསུམ་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་ནི་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ལས་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་གསལ་ལ་འགགས་པ་མེད་པར་འཆར་བའི་ཕྱིར་ན། དེ་ལྟ་བུའི་རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་ཤར་བའི་སྣང་བ་དེ་ཉིད་ཚད་ལས་འདས་པས་གྲངས་དང་ཚད་བཟུང་བའི་སྒོ་ནས་བགྲང་དུ་མེད་ལ་གལ་ཏེ་བགྲང་བར་བྱས་ན་མཐའ་ལས་འདས་ཤིང་ཆེ་བའི་ཡོན་ཏན་དང་ལྡན་པའི་ཚུལ། ཀུན་མཁྱེན་རོང་ཟོམ་ཆེན་པོས། བྱང་ཆུབ་སེམས་ཀྱི་ཆེ་བ་ཡིན། དཔེར་ན་རིན་པོ་ཆེ་གསེར་གླིང་ན། ས་རྡོ་མིང་ཡང་མེད་པར། ཐམས་ཅད་གསེར་གྱི་རང་བཞིན་དུ་གནས་པ་བཞིན་དུ་ཕྱི་ནང་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ། འཁོར་བ་དང་ངན་སོང་ལ་སོགས་ཏེ་ཉེས་སྐྱོན་གྱི་ཆོས་སུ་བཏགས་པ་ནི་མིང་ཙམ་ཡང་མེད་དེ། ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པའི་རྒྱན་མ་འགགས་ཙམ་དུ་སྣང་བ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་དོ། །ཞེས་གསུངས་པ་ལྟར་གང་སྣང་ཅི་ཤར་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་དུ་སྣང་བ་ཡེ་ཤེས་ཀྱི་རོལ་པ་ཡིན་ཏེ། ངེས་དོན་འདུས་པ་ལས། དཔེར་ན་དགུན་ཟླ་འབྲིང་པོ་ལ། །སྤང་ལ་མེ་མཆེད་ཇི་བཞིན་དུ། །ཅི་དྲན་ཆོས་སྐུ་འོད་གསལ་བས། །ཐམས་ཅད་ཡེ་ཤེས་ཉིད་དུ་གསལ། །ཞེས་གསུངས་པ་དེས་ན་དེ་ལྟ་བུའི་ཡོན་ཏན་གྱི་རོལ་པ་ཚད་མེད་པ་དེ་དག་རེ་རེ་བཞིན་དེ་ལ་ཡེ་ཤེས་ཀྱི་རྣམ་གྲངས་སོ་སོར་དབྱེ་ཞིང་བསྟན་པས་བསྐལ་པའི་བར་དུ་བརྗོད་པས་ཀྱང་དེ་དག་གི་ཚད་མི་རྫོགས་པར་ལུང་བསྟན་ཏོ། །བཞི་པ་ནི། ཀྱེ་གོང་དུ་བསྟན་པ་དེ་ལྟ་བུའི་ཆེ་བའི་ཡོན་ཏན་ཚད་མེད་པ་འཆར་བའི་གཞིར་གྱུར་པའི་ཀུན་བྱེད་རྒྱལ་པོ་ང་ཡི་རིག་པ་རང་བྱུང་གི་ཡེ་ཤེས་འདི་ནི་ཡོད་མེད་སྣང་སྟོང་ལ་སོགས་པ་གང་དུའང་རྣམ་པར་མི་རྟོག་ཅིང་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་དང་བྲལ་བས། མཚན་མའི་སྤྱོད་ཡུལ་ཐམས་ཅད་རབ་ཏུ་ཞི་ཞིང་རྡུལ་མེད་ནམ་མཁའ་ལྟར་གནས་པ་སྟེ། རྒྱུ་མཚན་དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གདོད་ནས་སྐྱེ་བ་མེད་པ་ཡེ་སྟོང་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས་རྒྱུ་འབྲས་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བའོ། །ཞེས་སུ་བསྟན་པ་ཡིན་ནོ། །ལྔ་པ་ནི། དེ་ལྟ་བུའི་རང་བྱུང་ཡེ་ཤེས་ཆེན་པོའི་གཤིས་ལུགས་རིག་པ་རང་གནས་ཀྱི་བསམ་གཏན་ནམ་གཡོ་མེད་མཉམ་བཞག་ཆེན་པོའི་ངང་ལ་རང་བབ་ཏུ་གནས་དུས། གནས་ལུགས་རང་བྱུང་གི་ཡེ་ཤེས་གཅིག་གི་ངང་ལས་སྐད་ཅིག་ཙམ་མ་གཡོས་ཀྱང་། རིག་གདངས་འགགས་པ་མེད་པའི་རང་རྩལ་སྒོ་ལྔའི་སྣང་ཡུལ་ཐམས་ཅད་མ་འགགས་པའི་སྣང་ཆར་ཡུལ་ལྔ་སོ་སོའི་རྣམ་པའི་ཁྱད་པར་སྣ་ཚོགས་སུ་སྣང་ཡང་སྣང་དུས་ཉིད་ནས་འཛིན་ཞེན་གྱིས་མ་བཅོས་པར་ཡེ་ཤེས་རྟོགས་བྲལ་གྱི་ངོ་བོར་སོ་སོར་གསལ་བ་དེ་ལྟར་རྣལ་འབྱོར་བ་གང་གིས་རིག་ཅིང་རྟོགས་པ་དེ་ཉིད་ནི། ཆོས་སྐུ་ཀུན་བྱེད་རྒྱལ་པོའི་གདུང་རྒྱུད་འཛིན་པའི་ཐུགས་ཀྱི་སྲས་སུ་ལུང་བསྟན་ཏོ། །ཞེས་སྟོན་པ་ཀུན་བྱེད་རྒྱལ་པོའི་ཐུགས་ཀྱི་གསང་བ་ཟབ་མོ་ཨ་ཏི་རྫོགས་པ་ཆེན་པོའི་དགོངས་དོན་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་པས་ཉིད་ཀྱི་ཐུགས་སྲས་དམ་པ་ཡིན་པར་གསུངས་པ་སྟེ། སྒྱུ་འཕྲུལ་ལས། དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དྲུག་པ་ནི། དེ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་སྒྲིབ་མེད་རང་གསལ་གྱི་ངོ་བོ་བྱ་རྩོལ་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པར་རྟོགས་པ་དེ་ཇི་ལྟ་བར་བཀའ་ཡི་སྡུད་པ་པོ་ཐུགས་སྲས་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་དེ་ལྟར་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །གསུམ་པ་དོན་བསྡུ་བ་ལ་གསུམ་སྟེ། རང་གསལ་གྱི་དེ་ཉིད་རྟོགས་པས་ཡོན་ཏན་གསུམ་ཚངས་སུ་བསྟན་པ། ཐམས་ཅད་རང་བྱུང་གི་ཤེས་སུ་བཀོད་པས་ཡེ་ཤེས་ཀྱི་རྒྱལ་པོར་བསྟན་པ། མ་སྤངས་རང་སར་གྲོལ་བ་ཀུན་བྱེད་རྟོགས་པ་ལ་གོམས་ཚུལ་ལོ། །དང་པོ་ནི། ཀྱེ་རྩོལ་བྲལ་རང་བྱུང་གི་སྟོན་པ་ང་ནི་ཆོས་ཉིད་སྙིང་པོའི་ཡེ་ཤེས་གང་ཞིག་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན་བྱེད་པའི་རྒྱལ་པོ་སྟེ། དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་བྱེད་པོའམ་འབྱུང་གནས་སུ་གྱུར་པའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་ངོ་འཕྲོད་དེ་རྟོགས་པ་ཙམ་གྱིས་འབད་རྩོལ་གཞན་ལ་ལྟོས་མི་དགོས་པར་ཡོན་ཏན་གསུམ་པོ་འདི་ཡང་ངང་ངམ་ཤུགས་ཀྱིས་ཚང་བ་ཡིན་ཏེ། དེ་གང་ཞེ་ན་དཔེར་ན་སྣང་བྱེད་ཐམས་ཅད་ཀྱི་རྒྱལ་པོ་ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ་ན་འཛམ་གླིང་གི་མུན་པ་ཐམས་ཅད་རང་དངས་ལ་སོང་སྟེ་རབ་རིབ་ཐམས་ཅད་བསལ་བར་བྱེད་པ་དང་ཕྱི་ནང་གི་དངོས་པོ་ཐམས་ཅད་སྣང་བར་བྱེད་པ་བཞིན་ཏུ། རང་བྱུང་རིག་པའི་ཡེ་ཤེས་ཀྱི་ཉི་མ་དེ་ཉིད་ཤར་བའི་མོད་ལ་རྨོངས་པ་མ་རིག་པ་ཡི་དབང་གིས་བྱུང་བའི་མཐར་འཛིན་གྱི་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ཇི་སྙེད་པ་རྣམས་སེལ་བར་བྱེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་ཅིང་། ཇི་ལྟར་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་འདྲེས་ཇི་བཞིན་དུ་མཁྱེན་པའི་ཡེ་ཤེས་འགགས་མེད་ཀྱི་སྣང་བ་རྒྱས་པར་འགྱུར་ཞིང་གོང་ནས་གོང་དུ་མཆེད་པར་བྱེད་པ་སྟེ་གསུམ་པོ་དེ་ཉིད་དུས་གཅིག་ལ་འབྱུང་བར་གསུངས་སོ། །གཉིས་པ་ནི། དེ་ལ་ཀུན་བྱེད་ང་ནི་རྒྱུ་རྐྱེན་གང་གིས་མ་བསྐྱེད་པའི་རང་བྱུང་གི་ཡེ་ཤེས་ཡིན་ཏེ། ང་ཡིས་རྩལ་ལས་མ་བྱུང་བའི་ཡེ་ཤེས་ནི་གཅིག་ཀྱང་མེད་པས་ན། དབྱིངས་ནང་གསལ་གྱི་ཡེ་ཤེས་གསུམ་དང་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་ཕྱི་གསལ་གྱི་ཡེ་ཤེས་གཉིས་ལ་སོགས་པ་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པར་སྣང་བ་མ་ལུས་པ་ཐམས་ཅད། ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་ང་ཡིས་བཀོད་པ་ཡིན་པས། དེས་ན་སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་རང་བྱུང་གི་ཡེ་ཤེས་ང་ནི་ཡེ་ཤེས་ཇི་སྙེད་པ་ཀུན་གྱི་རྒྱལ་པོ་ཞེས་སུ་བཤད་པ་ཡིན་ནོ་ཞེས་པའོ། །གསུམ་པ་ནི། དེ་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལ་གཟུང་འཛིན་ཉོན་མོངས་པའི་སྒྲིབ་པ་ཞིག་ཡོད་མ་མྱོང་བ་ལ། སེམས་ཅན་རྣམས་ཀྱིས་རང་ངོ་མ་ཤེས་པའི་དབང་གིས་གཟུང་འཛིན་ཉོན་མོངས་པ་ལྟར་སྣང་བ་ཙམ་ཡིན་པས་ཉོན་མོངས་པ་དེ་དག་གཞི་མེད་ཡེ་གྲོལ་ཆེན་པོ་མ་སྤང་ཡེ་ཤེས་ཀྱི་རང་བཞིན་དུ་གསལ་ཞིང་འཆར་བར་བྱེད་འདོད་ན། སྟོན་པ་ཀུན་བྱེད་ང་ཡི་ངེས་པ་དོན་གྱི་ལུང་ཆོས་ཐམས་ཅད་ལ་བཟང་ངན་བླང་དོར་མེད་པར་རིག་པ་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་འདི་ནི་རྟོགས་པར་གྱིས་ཤིག་དང་ཉོན་མོངས་པ་ལ་སོགས་པ་འཁྲུལ་སྣང་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་ཡེ་ནས་ཡོད་མ་མྱོང་བས་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་གསུངས་སོ། །ཚུལ་དེ་ལྟར་ནམ་མཁའ་དྲི་མེད་ལས། འཁྲུལ་སྣང་གཞི་མེད་རང་གྲོལ་ཆོས་ཀྱི་སྐུ། །མེད་བཞིན་སྣང་བས་མེ་ལོང་གཟུགས་བརྙན་འདྲ། །དག་པའི་སེམས་ཉིད་མེ་ལོང་ངོས་ཤར་བས། །སྣ་ཚོགས་རྐྱེན་གྱི་གཟུགས་བརྙན་ཅིར་སྣང་ཀུན། །སེམས་ལས་མ་བྱུང་སེམས་ལ་སྣང་བ་ཙམ། །སྣང་བས་སེམས་ལ་གོས་པ་ཅུང་ཟད་མེད། །མེ་ལོང་གཟུགས་བརྙན་རྐྱེན་སྣང་ཤར་བ་ཙམ། །མེ་ལོང་ནང་ནས་བྱུང་བ་ཡིན་ནམ་ཅི། །དེ་ལྟར་མ་ཡིན་དེ་ལ་སྣང་བ་ཙམ། །དེ་ཕྱིར་སེམས་ལ་འཁྲུལ་སྣང་ཡོད་མ་མྱོང་། །སེམས་ཉིད་མེ་ལོང་གཞི་ཡིས་སངས་རྒྱས་ཉིད། །ཀུན་གྱི་འཆར་གཞི་མི་འགག་གཟུགས་བརྙན་འཛིན། །དེ་ཉིད་རང་བཞིན་ཤེས་པས་གཟུང་འཛིན་གྲོལ། །དེ་ཕྱིར་སེམས་ལས་འཁྲུལ་པ་མ་བྱུང་ལ། །འཁྲུལ་བར་སྣང་དེ་སེམས་ལས་གཞན་ན་མེད། །དེ་ཕྱིར་འཁྲུལ་སྣང་རང་བཞིན་སེམས་ཉིད་དེ། །འཆིང་གྲོལ་མེད་བཞིན་འཆིང་གྲོལ་སྣང་བ་མཚར། །དེ་ལྟར་རྟོགས་ན་འཆིང་གྲོལ་ཀུན་ལས་འདས། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཡེ་ཤེས་བསྒྲིབ་པ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའི་འགྲེལ་པའོ།། ༈ །།དོན་གཉིས་པ་ཡེ་ནས་རྫོགས་པའི་སེམས་ཉིད་ལ་ལམ་ཚོགས་གཉིས་དག་པས་བསྒྲུབ་པའི་འབྲས་བུས་གཟུགས་སྐུ་སྔར་མེད་གསར་བྱུང་དུ་བྱུང་བ་མི་འཐད་པ་ནི། རང་བྱུང་གི་སེམས་ཉིད་ལ་ཡེ་ནས་ལྷུན་གྱིས་གྲུབ་པས་རྩོལ་བས་བྱས་པའི་ཡོན་ཏན་གསར་པ་མེད་པར་བསྟན་པའི་ལེའུ་རེ་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་ཡེ་ནས་སྒྲིབ་མེད་འོད་གསལ་བའི་ངོ་བོར་གནས་པ་ལ་ཐེག་པ་འོག་མ་ལྟར་དུ་སྒྲིབ་པ་བསལ་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་འདུས་མ་བྱས་པའི་བདག་ཉིད་ལ་ཆོས་གཟུགས་ཀྱི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་དུ་ལྷུན་གྲུབ་འདུ་འབྲལ་སྤངས་པའི་ཚུལ་དུ་གནས་པ་ཡིན་པས་རྒྱུ་ཚོགས་གཉིས་བསགས་པ་ལ་སོགས་པའི་འབད་རྩོལ་གྱིས་བཙལ་དུ་མེད་པར་རྟོགས་པ་འདི་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། མ་བཙལ་ལྷུན་གྱིས་གྲུབ་པའི་དོན་བསྟན་པ་དང་། དེའི་རང་བཞིན་གཞན་གྱིས་མི་རྟོགས་པར་བསྟན་པ། ལྷུན་གྲུབ་གྱི་ཡེ་ཤེས་དངོས་བསྟན་པའོ། །དང་པོ་ནི། ཀྱེ་འདི་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་སུ་བཞུགས་པ་ང་ནི་ལྷུན་གྲུབ་རྫོགས་པ་ཆེན་པོ་སྤང་བླང་དགག་སྒྲུབ་ལས་འདས་པའི་དོན་མ་ནོར་བར་གསལ་བར་མཛད་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། ང་ཡི་རང་བཞིན་ནི་རྒྱུ་རྐྱེན་རྩོལ་སྒྲུབ་ལ་མ་ལྟོས་པར་སྲིད་ཞི་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་རང་བྱུང་འདུས་མ་བྱས་པའི་ངོ་བོར་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པས་བཙལ་དུ་མེད་པ་ཡིན་ལ་དེ་ལྟ་བུའི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་མ་བཅོས་ཡེ་སངས་རྒྱས་པའི་དོན་འདི་སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟན་པར་བྱ་ན། ཁྱོད་ཀྱིས་ཀུན་བྱེད་ང་ཡི་རང་བཞིན་མ་བཙལ་ལྷུན་གྱིས་གྲུབ་པའི་དོན་འདི་ལ་ལེགས་པར་རྟོགས་པར་གྱིས་ཤིག་ཅེས་སོ། །གཉིས་པ་ལ་གཉིས་ཏེ། མ་རྟོགས་པའི་རང་བཞིན་དང་། དེའི་ཉེས་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བའོ། །དང་པོ་ནི། ཀྱེ་གདོད་ནས་ཡེ་སངས་རྒྱས་པའི་རྒྱལ་བ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྙིང་པོ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ལྟ་བུའི་སྟོན་པ་ཀུན་བྱེད་ང་ཡི་རྩལ་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་དབང་པོ་རྟུལ་པོ་རྣམས་ཀྱིས་ང་ཡི་རང་བཞིན་མ་བཅོས་ཇི་བཞིན་པའིི་གནས་ལུགས་འདི་ཤིན་ཏུ་རྟོགས་དཀའ་བས། དེ་དག་ལ་ཐེག་པ་སོ་སོའི་ལམ་ཉམས་སུ་ལེན་པའི་ཐབས་ཀྱིས་ཐོབ་བྱའི་འབྲས་བུ་ཞིག་གཞན་ནས་བཙལ་དུ་ཡོད་པར་ལུང་བསྟན་པ་དེས་ནི་རྒྱུ་རྐྱེན་བྲལ་བའི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཉིད་རྟོགས་པར་མི་ནུས་པས་དྲང་བའི་ལུང་ཙམ་ཡིན་པར་གསུངས་ཏེ། ངེས་དོན་འདུས་པ་ལས། ཐེག་པ་འོག་མའི་ཆོས་ཀུན་བཞིན། །ཤེས་རབ་ཐབས་ལ་བརྟེན་དགོས་ན། །བྱས་པ་ཡིན་ཕྱིར་གནས་ལུགས་མིན། །སྐུ་དང་ཡེ་ཤེས་འབྱུང་མི་སྲིད། །ཅེས་དང་། དྲང་དོན་སངས་རྒྱས་རྒྱུ་རྐྱེན་ནི། །ཐབས་དང་ཤེས་རབ་ཡིན་ཞེས་ཟེར། །ཇི་སྲིད་ཐབས་ལ་བརྟེན་གྱི་བར། །ཆང་དང་དུག་བསྲེས་འཆི་བ་འདྲ། །དེ་ཕྱིར་རང་བྱུང་ཐབས་མི་དགོས། །ཐབས་ནི་མ་རིག་དྲང་བ་ཙམ། །ཡེ་ཤེས་ཟང་ཐལ་རྒྱུས་མ་བསྐྱེད། །རྒྱུ་མེད་འབྲས་བུ་ཤེས་པས་ཆོག །ཅེས་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བརྒྱད་དེ། ཉན་ཐོས། རང་རྒྱལ། སེམས་དཔའ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུས་མ་རྟོགས་པའི་རང་བཞིན་བཤད་པའོ། །དང་པོ་ནི། དེ་ཡང་ཐེག་པ་འོག་མ་བརྒྱད་ཀྱིས་མཐར་ཐུག་གི་འབྲས་བུའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པས་རྩོལ་སྒྲུབ་ལས་འདས་པའི་དོན་དེ་མི་རྟོགས་པའི་གདུལ་བྱ་རྣམས་ལ་སོ་སོའི་བློ་དང་འཚམས་པར་ཇི་ལྟར་ངེས་པར་བསྟན་པ་ཡིན་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་རིགས་ཅན་དུ་གྱུར་པའི་གདུལ་བྱ་ལ་ལ་བདེན་པ་བཞི་ཡི་ལམ་དུ་ཞུགས་ནས་བདག་འཛིན་ཉོན་མོངས་པ་དང་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་ལ་སྤང་ལེན་གྱི་སྒོ་ནས་ལམ་ལ་རྩོལ་བར་བསྟན་པས་རྫོགས་པ་ཆེན་པོའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤང་བླང་མེད་པའི་དོན་མི་རྟོགས་པར་གསུངས་སོ། །གཉིས་པ་ནི། རང་སངས་རྒྱས་ཀྱི་རིགས་ཅན་གྱི་གདུལ་བྱ་ལ་ལ་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསྒོམ་པའི་ལམ་ལ་ཞེན་པ་ཡིས་ཀུན་ནས་ཉོན་མོངས་པ་དང་ཡེ་ཤེས་གཉིས་རིམ་པ་བཞིན་ཏུ་དགག་པ་དང་བསྒྲུབ་པའི་ཕྱིར་དུ་རྩོལ་བར་བསྟན་པ། དེས་ནི་རང་བྱུང་གི་ཡེ་ཤེས་སྐྱེ་འགགས་མེད་པའི་དོན་མ་རྟོགས་པས་རྫོགས་པ་ཆེན་པོའི་ལམ་ལས་གོལ་བར་གྱུར་པ་ཡིན་ནོ། །གསུམ་པ་གདུལ་བྱ་ལ་ལ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་ལ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་དོན་གཏན་ལ་ཕབས་ཏེ་བདེན་གཉིས་ཟུང་དུ་འཇུག་པ་སྤྲོས་བྲལ་དབུ་མའི་ལམ་ལ་འཇུག་པར་བྱས་ནས་ས་བཅུའི་གོ་རིམ་བཞིན་དུ་སྒྲིབ་པ་གཉིས་རིམ་པར་སྦྱངས་ཤིང་ས་ལམ་གྱི་ཡོན་ཏན་ཐམས་ཅད་རིམ་གྱིས་བསྐྱེད་པའི་རྩོལ་པས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཉིད་ཐོབ་པར་བསྟན་པ་དེས་ཀྱང་སེམས་ཉིད་སྦྱངས་བགྲོད་མེད་པའི་དོན་མ་རྟོགས་པར་གསུངས་སོ། །བཞི་པ་ཀྲི་ཡ་བའི་རིགས་ཅན་ལ་ལ་ཕྱི་ནང་གི་དངོས་པོ་རྣམས་ལ་གཟུང་འཛིན་གཉིས་སུ་རྟོགས་པས་ཁྲུས་དང་གཙང་སྦྲ་ལ་སོགས་པ་ཆེད་དུ་བྱ་བའི་རྩོལ་བ་ཡིས། མཐོ་འཇམ་རྩུབ་པའི་དངོས་པོ་ཐམས་ཅད་ཆོས་ཉིད་དག་པའི་ངོ་བོར་འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་སྟེ་རིགས་གསུམ་གྱི་རང་བཞིན་དུ་གྲུབ་པ་ཡིན་པར་གཏན་ལ་ཕབ་པ་བཞིན་དུ། ཏིང་ངེ་འཛིན་གྱིས་རིགས་གསུམ་གྱི་ལྷར་གསལ་བའི་ཚུལ་དུ་ལམ་ལ་གནས་པས་མཐར་ཐུག་གི་འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་ཐོབ་པར་འདོད་པ་དེ་ཡིས་ཀྱང་གཟུང་འཛིན་མེད་པའི་ཡེ་ཤེས་མ་རྟོགས་པར་གསུངས་སོ། །ལྔ་པ་ཨུ་པ་ཡའི་ཐེག་པ་བ་ལ་ལ་ཕྱིའི་ལས་སམ་བྱ་བ་ཁྲུས་དང་གཙང་སྦྲ་ལ་སོགས་པའི་སྤྱོད་པ་དང་། ནང་གི་ཏིང་ངེ་འཛིན་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པ་གཉིས་བཅས་ཀྱི་ལམ་ལ་རྩོལ་བ་ཡིས་གཙང་རྨེ་ལ་སོགས་པ་བླང་དོར་བྱེད་པའི་སྒོ་ནས་འབྲས་བུ་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པར་འདོད་པ་དེ་ཡང་གཉིས་བཅས་ཀྱི་ལམ་ལ་ཞེན་པས་རྫོགས་པ་ཆེན་པོའི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་མི་རྟོགས་པར་གསུངས་སོ། །དྲུག་པ་ཡོ་གའི་ཐེག་པ་བ་ལ་ལ་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་རང་ཉིད་དག་པ་ལྷའི་རང་བཞིན་དུ་བསྒོམ་པའི་རྩོལ་བ་ཡིས་ཆོས་རྣམས་བླང་དོར་དུ་བྱས་པས་འབྲས་བུ་སྟུག་པོ་བཀོད་པ་ཐོབ་པར་འདོད་པ་ཡིན་ཏེ། ཀློང་ཆེན་རབ་འབྱམས་ལས། ཡོ་ག་ཏིང་འཛིན་གསུམ་རྩོལ་ནས། །བླང་དོར་བྱས་ནས་འབྲས་བུ་རེ། །ཨ་ཏི་ཆེན་པོ་ཀློང་ཆེན་ང་། །ཐམས་ཅད་ཆོས་ཀྱི་བརྡལ་བ་ལ། །དམ་བཅའ་སྤོང་ལེན་ལ་སོགས་ཀྱི། །ཏིང་འཛིན་འཕྲོ་འདུ་ག་ལ་ཡོད། །ཅེས་གསུངས་པ་ལྟར་བླང་དོར་གཉིས་ཀྱི་ལམ་ལ་གནས་པས་བླང་དོར་གཉིས་སུ་མེད་པའི་ཡེ་ཤེས་མ་རྟོགས་པའོ། །བདུན་པ་ནི། གདུལ་བྱ་ལ་ལ་བླ་མེད་མ་ཧཱ་ཡོ་གའི་ཐེག་པ་བ་རྣམས་ཀྱིས་ཏིང་ངེ་འཛིན་གསུམ་གྱིས་སྣོད་བཅུད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་གསལ་བ་དང་། སྙིང་པོ་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་གྱི་འཕྲོ་འདུས་དོན་གཉིས་བསྒྲུབ་པ་ལ་སོགས་པའི་ལམ་ལ་རྩོལ་བ་དང་བཅས་པ་ཡིས་འཁོར་འདས་དག་མཉམ་དུ་རྟོགས་པས་བླང་དོར་གཉིས་སུ་མེད་པའི་འབྲས་བུ་ཀུན་ཏུ་འོད་དམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པར་འདོད་པ་དེ་ཡང་ད་དུང་སྒོ་གསུམ་རྩོལ་སྒྲུབ་ཀྱི་ལམ་ལ་གནས་པ་ཡིན་པས་ཀུན་བྱེད་རྒྱལ་པོའི་དགོངས་པ་སེམས་ཉིད་རྩོལ་སྒྲུབ་ལས་འདས་པའི་ཡེ་ཤེས་མ་རྟོགས་པར་གསུངས་པའོ། །བརྒྱད་པ་གདུལ་བྱ་ལ་ལ་ཨ་ནུ་ཡོ་གའི་ཐེག་པ་བ་རྣམས་ཀྱིས་དབྱིངས་དང་ཡེ་ཤེས་གཉིས་པོ་རྒྱུ་དང་འབྲས་བུའི་རང་བཞིན་དུ་བལྟས་ཏེ་དེ་གཉིས་ཟུང་དུ་འཇུག་པའི་རྩལ་སྣང་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་བསྒོམ་པ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་། རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་བར་བྱེད་པ་རྫོགས་རིམ་གྱི་ཏིང་ངེ་འཛིན་བསྒོམ་པའི་རྩོལ་བ་ཡིས་མཐར་ཐུག་སྐུ་གསུང་ཐུགས་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་སེམས་དཔའི་འབྲས་བུ་ཐོབ་པར་འདོད་པ་དེ་ཡང་ད་དུང་རྒྱུ་འབྲས་གཉིས་སུ་ལྟ་བ་ལས་མ་འདས་པའི་ཕྱིར་ན་རྒྱུ་འབྲས་གཉིས་ལས་འདས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་གསུངས་སོ། །གསུམ་པ་ནི། ཀྱེ་གོང་དུ་བཤད་པའི་ཐེག་པ་འདི་དག་ཐམས་ཅད་ནི་རང་རང་གི་ལམ་གྱིས་བཙལ་ཞིང་བསྒྲུབ་པའི་འབྲས་བུ་རེ་ཐོབ་པར་འདོད་པ་ཡིན་པས་ན། དེ་ལྟ་བུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་ལམ་ལ་ཞེན་པའི་ཐེག་པ་ལ་གནས་པ་དེ་ཡིས། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་མངོན་པར་སངས་རྒྱས་པའི་རང་བཞིན་དུ་བཞུགས་པས་སྤོང་འགོག་སྦྱོང་བསྒྱུར་གང་ཡང་མི་དགོས་པར་རྩོལ་བྲལ་བདེ་བ་ཆེན་པོའི་དོན་ཟབ་མོ་འདི་རྟོགས་པར་མི་འགྱུར་རོ་ཞེས་གསུངས་ཏེ། དོན་གསལ་ལས། ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །ཀྲི་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། །བདེན་པ་ཕྱོགས་རེ་ནས་བཟུང་ནས། །གཟའ་གཏད་བཅས་པའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱི་ཅི་ལོག་པ་ཡིན། །དོན་ལས་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དེའི་ཉེས་པ་ལ་གཉིས་ཏེ། ཀུན་བྱེད་ཡེ་ནས་ཁྱབ་ཀྱང་རང་བཞིན་གསང་བས་མ་རྟོགས་པའི་ཉེས་པ། རྩོལ་སྒྲུབ་སྒྲོ་སྐུར་ལ་ཞེན་པས་ཡང་ཡང་སྲིད་པར་བརྒྱུད་མར་འཁོར་བའི་མཐར་མཐོ་རིས་སུ་སྐྱེས་ཀྱང་དེ་ལ་ཡོན་ཏན་མེད་ཀྱང་སྙིང་པོའི་དོན་ལས་རིང་བའི་ཉེས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་ནམ་མཁའ་ལྟ་བུའི་བདག་ཉིད་ཅན་འདིས་ནི་རྒྱ་ཆད་ཕྱོགས་ལྷུང་མེད་པར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་ལ་རྟག་ཏུ་འདུ་འབྲལ་མེད་པར་ཁྱབ་ཅིང་ཆོས་ཐམས་ཅད་དེའི་རང་བཞིན་ལས་འདའ་བ་མེད་མོད་ཀྱང་། རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོའི་ལམ་ལ་གནས་པ་རྣམས་ཐེག་པ་རང་རང་གི་ཞེ་འདོད་བློ་ཡི་དམིགས་འཛིན་དང་བཅས་པ་ཡིན་པས། སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་གསང་ཐབས་ཀྱིས་ཆོད་དེ་མི་རྟོགས་པར་མཆོག་ཏུ་གསང་བར་འགྱུར་བའི་ཉེས་པ་ཡོད་པས་དེ་ལྟ་བུའི་ཐེག་པའི་ཕྱོགས་ཞེན་ཐམས་ཅད་དང་བྲལ་བར་བྱ་དགོས་སོ། །ཞེས་གདམས་པའོ། །གཉིས་པ་ནི། ཉེས་པ་གཞན་ཡང་དེ་ལྟར་རྩོལ་བཅས་ཀྱི་ཐེག་པ་ལ་ཞེན་པས་ཀུན་བྱེད་ང་ཡི་རང་བཞིན་རྩོལ་མེད་ལྷུན་གྱིས་གྲུབ་པའི་དོན་མ་རྟོགས་པའམ་མ་མཐོང་ཞིང་གསང་བའི་ཕྱིར། རྩོལ་བྲལ་རང་བྱུང་གི་ཡེ་ཤེས་དེ་ཉིད་གཞན་ནས་ཚོལ་བར་རེ་བའི་རྩོལ་སྒྲུབ་ཅན་གྱི་ཐེག་པའི་ལམ་ལ་གནས་པས། ཡེ་ནས་ལྷུན་གྲུབ་ཆེན་པོ་རྒྱུ་འབྲས་བྱ་རྩོལ་དང་བྲལ་བ་མ་རྟོགས་པའི་དབང་གིས་རྒྱུ་འབྲས་རྩོལ་སྒྲུབ་ལ་ལྟོས་དགོས་པར་སྐུར་པ་བཏབ་པས། བསྐལ་པ་བྱེ་བ་ཁྲག་ཁྲིག་ཡུན་རིངས་སུ་ངན་འགྲོ་ཐ་མའི་གནས་སུ་ཞེས། ངན་སོང་གསུམ་པོ་འགྲོ་བའི་གནས་རིས་ཀུན་གྱི་ནང་ནས་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་དང་ལྡན་པས་ཐ་མའི་གནས་སུ་བཞག་པ་དེ་རྒྱུ་གང་ཟག་དེ་ཉིད་སྐྱེས་ནས་བདེ་བ་དང་བྲལ་ཞིང་སྡུག་བསྔལ་འབའ་ཞིག་མྱོང་བ་དང་། གལ་ཏེ་མཐོ་རིས་ཀྱི་གནས་སུ་སྐྱེས་ན་ཡང་དབང་པོ་མ་ཚང་ཞིང་ཞ་ལོང་འོན་ལྐུགས་སོགས་ཀྱི་ལུས་ལེན་པ་དང་། རྩོལ་མེད་ཨ་ཏི་ཡོ་གའི་དགོངས་པ་ཟབ་མོ་སྟོན་པར་མཛད་པའི་ཆོས་དང་བླ་མ་ལ་མི་འཕྲད་པ་དང་། དེའི་དབང་གིས་ཆོས་ཉིད་སྙིང་པོའི་དོན་སེམས་ཉིད་རང་བྱུང་རིག་པའི་ཡེ་ཤེས་ཀྱི་རང་ཞལ་མཐོང་བ་དང་བྲལ་ཞིང་བསྐལ་བར་འགྱུར་བའི་ཉེས་པ་ཡོད་པར་གསུངས་སོ། །གསུམ་པ་ལྷུན་གྲུབ་ཀྱི་ཡེ་ཤེས་དངོས་བསྟན་པ་ལ་བཞི་སྟེ། ལྷུན་གྲུབ་ནམ་མཁའ་ལྟ་བུར་བསྟན་པ། དེ་ཉིད་རྩོལ་སྒྲུབ་ལས་འདས་པར་གཞན་ལ་ལུང་སྟོན་ཅིག་པར་གདམས་པ། ལུང་བསྟན་པས་ཀུན་བྱེད་རྟོགས་པའི་དགོས་པ་བརྗོད་པ། འབད་རྩོལ་བསྐལ་བར་སྦྱངས་བས་དུབ་པ་ལ་འབད་མེད་ལུང་བསྟན་པར་གདམས་པའོ། །དང་པོ་ནི། ཀྱེ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པས་ན། དེ་ལྟ་བུའི་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ཡིས་ནི་ནམ་མཁའི་མཐའ་ལྟར་སྲིད་ཞི་ཀུན་ལ་ཡོངས་སུ་ཁྱབ་པའི་ཕྱིར། ཡེ་གདོད་ནས་འཁོར་འདས་ཀུན་དང་གཉིས་མེད་མཉམ་པ་ཉིད་དུ་འབྲེལ་ཞིང་འགྲོ་བ་ཡོངས་ཀྱི་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཀྱི་ཚུལ་དུ་བྱེད་པ་སྟེ་སྲིད་གསུམ་ཀ་དག་ཆེན་པོའི་ཀློང་དུ་ཡེ་ནས་གྲོལ་བར་བྱས་ཟིན་པ་ཡིན་པས། དེ་ལས་གཞན་དུ་བཙལ་ཞིང་བསྒྲུབ་པ་ཞིག་ཡོད་པར་ལུང་མི་སྟོན་ཞེས་གསུངས་པ་སྟེ། དེས་ན་རྫོགས་པ་ཆེན་པོའི་འབྲས་བུ་ནི། སེམས་ལས་མ་བྱུང་བའི་སངས་རྒྱས། །རྒྱུ་ལས་མ་བྱུང་བའི་འབྲས་བུ། །ལུང་ལས་མ་བྱུང་བའི་མན་ངག་སྟེ། །དེ་གསུམ་ཐེག་པ་འོག་མ་པའི་བློ་ཡུལ་དུ་མི་ཤོང་བས་མ་རིག་པ་ལྟ་བུ་ཡིན་ཀྱང་། ཇི་སྐད་དུ། རྣ་ཕྲུག་བྲག་ལ་འཛེག་པའི་བདེ་བླག་དེ། །སྲོག་ཆགས་གཞན་ལ་མི་སྲིད་ཁོ་ལ་སྲིད། །ཅེས་པ་ལྟར་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རང་ལ་རིགས་ཤིང་འཐད་པ་ཡིན་པས་མི་རིགས་རིགས་པར་བཤད་པར་གསུངས་ཞེས་གསུངས་ཏེ། མདོ་བཅུ་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །ཆོས་ཉིད་མཁའ་ལ་དབྱིངས་ཉིད་ཀློང་། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །རྒྱུ་ལས་མ་བྱུང་འབྲས་བུ་དག །བྱང་ཆུབ་སེམས་ཀྱི་འབྲས་བུ་ནི། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ལུང་ལས་མ་བྱུང་མན་ངག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པའི་གང་ཟག་སྐལ་ལྡན་གྱིས། །ཇི་ལྟར་རྟོགས་ཤིང་རིག་པ་སྟེ། །ལུང་ལས་མ་བྱུང་མན་ངག་ཡིན། །མ་རིགས་རིགས་པ་འདི་གསུམ་ཡང་། །མན་ངག་དག་གི་རིགས་པས་བཤད། །ཅེས་སོ། །དེ་ལྟར་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་མ་བཙལ་ལྷུན་གྱིས་གྲུབ་པའི་དོན་འདི་ཁྱོད་ལ་བསྟན་པ་དེ་ཡིས། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཀྱང་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་སུ་ཡེ་ནས་འདུ་འབྲལ་མེད་པར་བཞུགས་ཡོད་པ་དེ་ལས་ལྷག་པའི་འབྲས་བུ་སངས་རྒྱས་ཞིག་བཙལ་ཞིང་བསྒྲུབ་ཏུ་མེད་པར་ངེས་པར་རྟོགས་པར་བྱོས་ཤིག་ཅེས་གདམས་སོ། །གཉིས་པ་ནི། དེ་ལྟར་སེམས་དཔའ་རྡོ་རྗེས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུ་འབྲས་རྩོལ་བསྒྲུབ་ལ་ལྟོས་པ་མེད་པར་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ཇི་ལྟར་རྟོགས་པ་དེ་བཞིན་དུ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་འཁོར་དུ་གནས་པ་རྣམས་ལ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ལུང་སྟོན་པར་མཛོད་ཅིག་ཅེས་གདམས་པའོ། །གསུམ་པ་ནི། ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ཡི་རང་བཞིན་ཆོས་ཉིད་ནམ་མཁའ་ལྟ་བུའི་ཡེ་ཤེས་འདི་ནི་བླང་དོར་འབད་རྩོལ་གྱི་སྒོ་ནས་མ་བཙལ་ཞིང་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་ན། དགག་སྒྲུབ་སྤང་བླང་ལ་སོགས་པའི་འབད་རྩོལ་ལ་མ་ལྟོས་པར་མ་བཅོས་མཉམ་པ་ཉིད་ཀྱི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་རྟོགས་པ་ཡི་ཚུལ་འདི་སེམས་དཔའ་རྡོ་རྗེ་ཁྱོད་ལ་ལུང་བསྟན་པས། ཁྱེད་ཀྱིས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་གཞན་དུ་མེད་པའི་ཕྱིར་ན་འཁོར་འདས་ཀྱི་ཆོས་ཇི་ལྟར་སྣང་བ་འདི་དག་ཐམས་ཅད་ཀུན་སྐུ་གསུམ་སྟོན་པའི་ཕ་མ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་གདོད་ནས་བྱ་རྩོལ་དང་བྲལ་བ་ལྷུན་གྲུབ་ཡེ་སངས་རྒྱས་པའི་རང་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་ཆོས་ཐམས་ཅད་ཡེ་ནས་རྒྱལ་བ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པ་ལ་དེ་བཞིན་དུ་རྟོགས་པར་ལུང་བསྟན་པ་སྟེ། ནམ་མཁའ་རབ་འབྱམས་ལས། སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ངང་ཡིན་ཡེ་ནས་གནས་པ་ཡིན། །དེ་ལྟར་ཀུན་བཟང་ཉིད་ལས་གཞན་པའི་ཆོས། །རྡུལ་ཙམ་མི་རྙེད་ཡེ་ནས་སངས་རྒྱས་ཡིན། །དེ་ལྟར་ཤེས་ཏེ་འཆིང་གྲོལ་ཀུན་ལས་འདས། །ཞེས་གསུངས་པ་ལྟར་ལ། དེ་ལྟར་སེམས་དཔའ་རྡོ་རྗེས་ཆོས་ཐམས་ཅད་གདོད་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་རྟོགས་པར་གྱུར་པ་དེ་ནས་རྩོལ་སྒྲུབ་ཀྱིས་གདུང་བ་མེད་པར་རྩོལ་མེད་བདེ་བ་ཆེན་པོའི་ངང་དུ་དབུགས་ཕྱིན་པ་ཡིན་པས་སེམས་དཔའ་རྡོ་རྗེ་ཁྱོད་ཉིད་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་དང་དབྱེར་མེད་དུ་ལུང་བསྟན་ཏོ་ཞེས་གསུངས་སོ། །བཞི་པ་ནི། དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་དོན་ཇི་བཞིན་དུ་རྟོགས་པས་སྟོན་པ་ཀུན་བྱེད་ཉིད་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ཡིན་པའི་རྒྱུ་མཚན་དེ་བས་ན་སེམས་དཔའ་རྡོ་རྗེ་དམ་པ་ཡིན་ཞེས་འཁོར་ཐམས་ཅད་ཀྱི་ནང་ནས་གཙོ་བོ་མཆོག་ཏུ་གྱུར་པ་ཁྱེད་ཀྱིས། མ་བཅོས་ལྷུན་གྲུབ་ཀྱི་དོན་ལ་རེ་དོགས་འབད་རྩོལ་གྱིས་བསྐལ་བར་སྦྱངས་བས་ངལ་ཞིང་དུབ་པའི་སྐྱེས་བུ་རྣམས་ལ། རེ་དོགས་འབད་རྩོལ་གྱི་གདུང་བ་མེད་པར་རྩོལ་མེད་ལྷུན་གྲུབ་ཆེན་པོའི་དགོངས་པས་ཀུན་བྱེད་ཆོས་སྐུའི་རྒྱལ་ས་ལ་བཞག་པའི་ཕྱིར་དུ། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་ན་འབྲས་བུ་སངས་རྒྱས་ཞིག་བཙལ་ཞིང་བསྒྲུབ་ཏུ་མེད་པར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་དུ་ནོར་འཁྲུལ་མེད་པར་ལུང་སྟོན་ཅིག་ཅེས་གསུངས་སོ། །དེ་དག་གི་ཐེག་པ་གཞན་གྱི་གཞི་ལོག་པ་ར་གན་གསེར་དུ་བཟུང་བ་ལྟ་བུ། ལམ་འཁྲུལ་པ་ཤར་དུ་བགྲོད་པ་ལ་ནུབ་ཏུ་འགྲོ་བ་ལྟ་བུ། འབྲས་བུ་མེད་པ་བྱེ་མ་བཙིར་བ་ལས་འབྲུ་མར་འདོད་པ་ལྟ་བུ་རང་གཞན་ངལ་བ་དོན་མེད་པའི་རྣམ་གྲངས་བཀག་ནས་བསྒོམ་དུ་མེད་པའི་གཞི་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ཡིན་ནོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་བཙལ་དུ་མེད་པར་རྟོགས་པའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་གཉིས་སུ་མེད་པའི་དོན་བསྒྲགས་ཤིང་བསྟོད་པའི་ལེའུ་རེ་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་འབྲས་བུ་ལྷུན་གྲུབ་ཆེན་པོ་འབད་རྩོལ་རྒྱུ་འབྲས་ལ་མི་ལྟོས་པར་བསྟན་པའི་རྗེས་དེ་ནས་སྙིང་པོ་བྱང་ཆུབ་ཀྱི་སེམས་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པར་ཤར་བ་ཀུན་བཟང་གདོད་མའི་མགོན་པོའམ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་དེ་ལ། དེ་ཉིད་ཀྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་རང་སྣང་བའི་འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལྟ་བུའི་ནང་ནས་གཙོ་བོ་དམ་པར་གྱུར་པ་བཀའ་ཡི་སྡུད་པ་པོ་སེམས་དཔའ་རྡོ་རྗེས་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པའི་ཚིག་འདི་སྐད་ཅེས་བསྒྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། འཁོར་གྱིས་བསྟོད་པ་དང་། སྟོན་པས་བསྒྲགས་པའོ། །དང་པོ་ལ་བརྒྱད་དེ། ཀུན་གྱི་བྱེད་པ་པོར་བསྟོད་པ། ཕུན་སུམ་ཚོགས་པ་ཐམས་ཅད་བཀོད་པའི་ཚུལ་ལ་བསྟོད་པ། མདོ་ལུང་བསྟན་པའི་སྒྲོན་མེར་བསྟོད་པ། རྒྱལ་བ་ཀུན་གྱི་ཕ་མར་བསྟོད་པ། ཐུགས་ཉིད་དྲི་མེད་ནམ་མཁའི་རང་བཞིན་དུ་བསྟོད་པ། སྐུ་ཉིད་ཡིད་འོང་པདྨ་ལྟ་བུར་བསྟོད་པ། གསུང་ཉིད་སྙིང་པོ་མཚན་མ་མེད་པར་བསྟོད་པ། རང་གིས་རྟོགས་པ་དྲི་ལན་གྱི་ཚུལ་གྱིས་བསྟོད་པའོ། །དང་པོ་ནི། ཀྱེ་སྟོན་པ་གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར་བ་ཁྱོད་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་བྱེད་པའི་རྒྱལ་པོ་ཡིན་པ་སྟེ། ཇི་ལྟར་ན་གང་ཞིག་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་རྩོལ་མེད་ལྷུན་གྲུབ་ཆེན་པོ་མ་བཅོས་རང་ཤར་གྱི་ཚུལ་དུ་བྱེད་པའི་རྒྱལ་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་ཁྱོད་ཀྱིས་མ་བྱས་པའི་ཆོས་ནི་གཅིག་ཀྱང་མེད་པར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཤེས་བྱའི་ཆོས་མ་ལུས་ཤིང་ལུས་པ་མེད་པ་ཀུན་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་བྱས་པ་སྟེ། དེ་ལྟར་ཁྱེད་ཀྱིས་ཤེས་བྱར་སྲིད་པའི་ཆོས་སོ་ཅོག་ཀུན་བྱས་ཀྱང་བྱེད་པའི་རྒྱལ་པོ་ཁྱོད་ཉིད་ཀྱི་ངོ་བོ་ནི་རང་བྱུང་འདུས་མ་བྱས་པ་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བའི་རང་བཞིན་ཡིན་པས། དེ་ལ་བཅོས་བསྒྱུར་བླང་དོར་ལ་སོགས་པའི་འབད་རྩོལ་གྱིས་བྱ་བ་གང་ཡང་བྱེད་མི་དགོས་ཏེ་རང་བྱུང་ཆེན་པོར་གདོད་ནས་ལྷུན་གྱིས་གྲུབ་པ་ཡིན་ལ། དེ་ཡང་ཀུན་བྱེད་ཉིད་ཀྱིས་ཆོས་གང་དང་གང་བྱས་པ་ཡིན་ཞེ་ན། འདི་ལྟར་དུས་གསུམ་དུ་གཤེགས་བཞུགས་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་ཁྱོན་ཀྱིས་བྱས་པ་དང་། དེ་བཞིན་དུ་འདོད་ཁམས་དང་གཟུགས་ཁམས་གཟུགས་མེད་པའི་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱང་ཁྱོད་ཀྱིས་བྱས་པ་ཡིན་ལ། ལྷ་ལ་སོགས་པའི་འགྲོ་བ་རྒྱུད་དྲུག་དང་རྨི་ལམ་གྱི་ལམ་དང་། བག་ཆགས་ཀྱི་ལམ་དང་། ལས་ཀྱི་མཐའི་ལམ་དང་། འཁྲུལ་འཁོར་མ་ངེས་པའི་ལམ་དང་། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་ལམ་རྒྱུད་ལྔ་ཡི་སེམས་ཅན་རྣམས་ཀྱང་ཁྱོད་ཀྱིས་བྱས་པ་ཡིན་ནོ། །ཡང་ན་ལམ་ལྔ་ལ་འགྲིམ་པ་ཞེ་སྡང་གི་རྒྱུད་ལ་འགྲིམ་པ་དམྱལ་བ། འདོད་ཆགས་ཀྱི་རྒྱུད་ལ་འགྲིམ་པ་ཡི་དྭགས། གཏི་མུག་གི་རྒྱུད་ལ་འགྲིམ་པ་དུད་འགྲོ། ཕྲག་དོག་གི་རྒྱུད་ལ་འགྲིམ་པ་ལྷ་མིན། ང་རྒྱལ་གྱི་རྒྱུད་ལ་འགྲིམ་པ་ལྷ་མི་གཉིས་ཞེས་བགྲངས་བའང་ཡོད་དོ། །བརྫུས་སྐྱེས་དང་དྲོད་གཤེར་སྐྱེས་ལ་སོགས་པའི་སྐྱེ་བ་རྣམ་པ་བཞི་དང་། ལྷ་མ་ཡིན་གྱི་སྟོད་རིས་ལྷ་དང་སྨད་རིས་དུད་འགྲོར་བསྡུས་པས་འགྲོ་བ་རིགས་ལྔ་ཞེས་གྲགས་པ་དེ་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་བྱས་པ་དེས་ན་ཁྱོད་ནི་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་བྱེད་པའི་རྒྱལ་པོ་གཞི་དབྱིངས་ཁྱབ་བརྡལ་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་སོ། །གཉིས་པ་ནི། དེ་བཞིན་དུ་རྒྱལ་བ་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་གསུམ་ཡང་སྟོན་པ་ཀུན་བྱེད་ཁྱོད་ཀྱིས་བྱས་པ་ཡིན་ཏེ། འདི་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་ཁྱོད་ཀྱིས་མངོན་དུ་ཕྱུང་ཞིང་བཀོད་པ་དང་། སྐུ་གསུམ་པོ་དེ་དག་གིས་རང་རང་གི་གདུལ་བྱའི་སྐལ་བ་དང་འཚམས་པར་གསུངས་པའི་བསྟན་པ་གསུམ་ཡང་ཀུན་བྱེད་ཁྱོད་ཀྱིས་བཀོད་པ་དང་། སྐུ་གསུམ་གྱི་སྟོན་པ་སོ་སོའི་བཀའ་ཡི་སྡུད་པ་པོ་གསང་བའི་བདག་པོ་ལ་སོགས་པ་གསུམ་ཡང་ཁྱོད་ཀྱིས་བཀོད་པ་དང་། ཆོས་སྐུའི་དུས་འོད་གསལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་དུས་གསུམ་དང་ཆོས་སྐུའི་འཁོར་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ་སོགས་པའི་འཁོར་གསུམ་ཡང་ཁྱོད་ཀྱིས་བཀོད་པ་དང་། ཆོས་ཀྱི་དབྱིངས་ཡེ་སྟོང་སྤྲོས་པ་དང་བྲལ་བའི་རྩལ་མ་འགགས་པར་ཤར་བའི་ཞེ་སྡང་རང་བྱུང་གི་ཡེ་ཤེས་ལ་སོགས་པ་རང་བྱུང་གི་ཡེ་ཤེས་ལྔ་ཡང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱི་རྩལ་མ་འགག་པ་ལས་ཡེ་ནས་ཤར་ཞིང་བྱུང་བ་དང་། ཆོས་ཉིད་བྱང་ཆུབ་སེམས་ལས་འགགས་མེད་དུ་སྣང་ཡང་ཆོས་ཉིད་གཅིག་གི་ཀློང་ལས་མ་གཡོས་ཤིང་ཆོས་ཉིད་ཀྱི་སྣང་བ་སོ་སོར་མ་འདྲེས་པར་འབྱེད་པར་བྱེད་པ་དང་འབྱུང་གྱུར་ཐམས་ཅད་ཀྱི་རྒྱུར་གྱུར་པས་རྒྱན་གྱི་རྒྱུ་ཞེས་བརྗོད་པའི་འབྱུང་བ་ཆེན་པོ་རྣམ་པ་ལྔ་ཡང་སྙིང་པོ་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱིས་བཀོད་ལ། དབང་དང་དཀྱིལ་འཁོར་དམ་ཚིག་ལ་སོགས་པའི་རང་བཞིན་བཅུ་ཡང་སྟོན་པ་ཀུན་བྱེད་ཁྱོད་ཀྱིས་བསྟན་པ་ཡིན་པས་དེ་ལྟ་བུའི་ཕུན་སུམ་ཚོགས་པའི་ཆོས་དེ་ཐམས་ཅད་ཀྱང་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་ཐུགས་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་ཤར་བའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཉག་གཅིག་ཏུ་རྟོགས་སོ་ཞེས་པའོ། །གསུམ་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་འདིར་བསྟན་པའི་མདོ་ལུང་མ་ལུས་པ་ཀུན་གྱི་བསྟན་བྱའི་ངོ་བོ་ཡང་ཁྱོད་ཉིད་གཅིག་པུ་ཡིན་ལ། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་ཐེག་རིམ་དགུ་ཡིས་བསྡུས་པ་ཐམས་ཅད་ཀྱང་མདོ་ལུང་ཆེན་པོ་འདི་ཉིད་ལས་གསལ་བར་སྟོན་པས་ན་ཁྱོད་ནི་བསྟན་པ་ཐམས་ཅད་སྣང་བའི་མེ་ལོང་དང་། སྙིང་པོ་རང་བྱུང་གི་ཡེ་ཤེས་མ་བསྒྲིབ་མངོན་སུམ་དུ་སྟོན་པས་གདུལ་བྱ་རྣམས་ཀྱི་བློ་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པས་སྣང་བྱེད་ཀྱི་སྒྲོན་མ་ཆེན་པོ་སྟོང་ཁམས་གསལ་བའི་ཉི་མ་ལྟ་བུ་ཁྱོད་ཀྱིས་འཁོར་གྱི་ཚོགས་རྣམས་ཀྱི་རྒྱུད་ལ་གནས་པའི་སྒྲིབ་པའི་མུན་པ་མ་ལུས་པ་ཡང་ཁྱོད་ཀྱིས་སེལ་བར་མཛད་པ་ཡིན་ནོ་ཞེས་པ་སྟེ། རྒྱལ་སྲས་ཤནྟ་དེ་བའི་ཞལ་ནས། འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཞེས་བྱང་ཆུབ་ཀྱི་སེམས་ལ་བསྔགས་པ་མཛད་པ་ལྟར་རོ། །བཞི་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་སྐུ་གསུམ་གྱི་རྒྱལ་བ་ཀུན་གྱི་བསྐྱེད་པའི་ཡབ་ཏུ་གྱུར་པ་ཡིན་པས་ན། སྐུ་གསུམ་གྱི་སྟོན་པ་དེ་དག་གིས་བསྐྱེད་ཅིང་སྨིན་པར་མཛད་པའི་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་མེས་པོ་ཡིན་པ་དང་། རང་བྱུང་རྒྱུ་རྐྱེན་མེད་པའི་ཡེ་ཤེས་ཐབས་མཆོག་སྣང་བའི་ཆ་འགགས་པ་མེད་པ་ཁྱོད་ནི་སྐུ་གསུམ་གྱིས་བསྡུས་པའི་རྒྱལ་བ་མ་ལུས་པ་ཀུན་གྱི་བསྐྱེད་པའི་ཡབ་ཏུ་གྱུར་པ་ཡང་ཀུན་བྱེད་རྒྱལ་པོ་ཁྱོད་ཉིད་ཡིན་ཏེ་ཞེས། དཔལ་ལྡན་ཟླ་བས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པ་ལྟར་ལ། དེ་བཞིན་དུ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་གང་ལས་འབྱུང་བའི་གནས་སུ་གྱུར་པས་དབྱིངས་ཤེས་རབ་སྐྱེ་བ་མེད་པ་སྟོང་ཆེན་ཀུན་ཏུ་བཟང་མོ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཡུམ་དུ་གྱུར་པ་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་ཁྱེད་ཉིད་ཡིན་ནོ་ཞེས་བསྟོད་པ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །ལྔ་པ་ནི། དེ་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱི་ཐུགས་ཟག་མེད་བདེ་བ་ཆེན་པོ་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ནི། གདོད་ནས་ཡེ་སྟོང་ཆེན་པོ་ཀ་དག་སྐྱེ་བ་མེད་པའི་ངོས་ནས་གཞལ་ན་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པ་མེད་ཅིང་གཟུང་འཛིན་མཚམ་མའི་སྤྲོས་པ་དེ་དག་ཞི་བའང་མེད་དོ་ཞེས། གཟུང་འཛིན་རྣམ་རྟོག་གི་སྤྲོས་པ་ཞིག་དང་པོ་ཡོད་ནས་གཟོད་ཞི་བར་གྱུར་པ་ལྟ་བུ་མ་ཡིན་པར་ཆོས་ཉིད་ཀྱི་གཤིས་ལ་སྤྲོས་པ་ཞིག་གདོད་ནས་ཡོད་མ་མྱོང་བས་དེ་ཉིད་ཞི་བའི་ཐ་སྙད་ཙམ་ཡང་མེད་པར་བསྟན་པ་སྟེ། མགོན་པོ་ཀླུ་ཡི་དབང་པོས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གསུངས་པ་བཞིན་ཡིན་པ་དེས་ན་ངག་གིས་འདི་ལྟ་བུའོ་ཞེས་བརྗོད་པའི་ཡུལ་ལས་འདས་ཤིང་། ཆོས་རྣམས་ཀུན་གྱི་སྙིང་པོ་ཞེས་བརྗོད་ན་ཡང་དོན་ལ་ཅི་ཡང་གྲུབ་པ་མེད་པ་ནམ་མཁའ་ལྟར་དག་ཀྱང་སྤྱོད་ཡུལ་ཀུན་ལས་འདས་པ་ཡང་ཡིན་མོད། འོན་ཀྱང་ལྷུན་གྲུབ་འགགས་པ་མེད་པའི་ངོས་ནས་གཞལ་ན་སྟོང་པ་ཕྱང་ཆད་པ་ལྟ་བུ་ཡང་མ་ཡིན་པར་ཀུན་གྱིས་རྟོགས་པར་བྱ་བའི་ཡུལ་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་རྟག་ཆད་སྐྱེ་འགག་ལ་སོགས་པའི་སྒྲོ་སྐུར་ཐམས་ཅད་ལས་འདས་པ། སྤྲོས་བྲལ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་དབུས་ལ་སོགས་པའི་མཚན་མ་ཐམས་ཅད་ལས་འདས་པའི་ངོ་བོར་རྟག་པ་རྒྱུན་གྱི་འཁོར་ལོ་རུ་གནས་པ་དེ་ཉིད་ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡང་ཡིན་པས་ཡོད་མེད་གང་གི་ཕྱོགས་སུ་མ་ལྷུང་བས་དམིགས་མཚན་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །དྲུག་པ་ནི། དེ་བཞིན་དུ་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་སྐུ་ཡི་དཀྱིལ་འཁོར་ནི་དཔེ་ཇི་ལྟར་ན་རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་པདྨའི་མཆོག་གམ་སྙིང་པོ་མཛེས་ཤིང་ལྟ་ན་སྡུག་པ་ལྟར་དུ་འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལྟ་བུའི་དབུས་ན་བརྗིད་ཅིང་ལྷུན་ཆགས་པ་དང་མཛེས་ཤིང་ཡིད་དུ་འོང་བས་མཐོང་ན་མི་མཐུན་པ་མེད་ཅིང་ཡིད་འཕྲོག་ཚིམ་པ་མེད་པའི་སྐུ་རུ་སྣང་བའོ་ཞེས་བསྟོད་པའོ། །བདུན་པ་ནི། གཞན་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱི་གསུང་ནི་སྐྱེ་མེད་དོན་གྱི་གསུང་གིས་ཨ་ཏི་རྫོགས་པ་ཆེན་པོའི་ཆོས་སྒོ་ཚད་མེད་པ་སྣང་བར་བྱེད་པའི་སྒོ་ནས། གཉིས་མེད་རང་བྱུང་གི་ཡེ་ཤེས་རྩོལ་མེད་ལྷུན་གྲུབ་ཆེན་པོ་གདོད་ནས་ཡེ་སངས་རྒྱས་པའི་དགོངས་པ་མ་ནོར་བ་སྟོན་པར་བྱེད་པས་ཐེག་པ་མ་ལུས་པའི་བརྗོད་བྱའི་སྙིང་པོ་གསལ་བར་མཛད་པ་སྟེ། དེས་ན་ཐེག་པ་དེ་དག་གི་དགོངས་པ་མཐར་ཐུག་པ་གསལ་བར་བྱེད་པའི་རྒྱན་དུ་གྱུར་པའོ། །དེ་ལྟ་བུའི་ཆེ་བའི་ཡོན་ཏན་དང་ལྡན་པའི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་སྐུ་གསུང་ཐུགས་ལ་མཚན་མར་གྲུབ་པ་ཅུང་ཟད་ཀྱང་མེད་དེ་རྟོག་པའི་སྤྱོད་ཡུལ་ཀུན་ལས་འདས་ཤིང་། རང་བྱུང་ཟག་པ་མེད་པའི་ཡོན་ཏན་མ་འགགས་པར་ཀུན་ཏུ་སྣང་བའི་རང་བཞིན་ཅན་ཁྱོད་ལ་འདུད་དོ་ཅེས་བསྟོད་པའོ། །བརྒྱད་པ་ནི། སྟོན་པ་ཁྱོད་ཀྱིས་ཇི་ལྟར་གསུངས་ཤིང་ལུང་བསྟན་པ་ལྟར་སེམས་དཔའ་རྡོ་རྗེ་བདག་གིས་ཤིན་ཏུ་རྟོགས་དཀའི་སྟེ་རྟོགས་པར་དཀའ་བའི་གནས། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་དབྱེ་བསལ་མེད་པར་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་གདོད་ནས་ཡེ་སངས་རྒྱས་ཟིན་པ་ཡིན་པས་ད་གདོད་སྤོང་འགོག་སྦྱོང་བ་ལ་སོགས་པའི་འབད་རྩོལ་གང་ཡང་མི་དགོས་པའི་དོན་དེ་ཇི་ལྟ་བ་བཞིན་དུ་མངོན་དུ་རྟོགས་པ་ཡིན་པས། དེ་ལྟ་བུའི་གནས་ལུགས་ཟབ་མོ་སྟོན་པར་མཛད་པ་རྒྱལ་བ་ཀུན་གྱི་ཡང་མེས་ཆེན་པོ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད་དོ། །ཞེས་བསྟོད་ཅིང་ཡོན་ཏན་གྱིས་བསྔགས་པ་བསྒྲགས་སོ། །གཉིས་པ་སྟོན་པས་བསྒྲགས་པ་ལ་གཉིས་ཏེ། གང་གིས་གང་ལ་བསྒྲགས་ཚུལ་མདོར་བསྟན་པ་དང་། ཇི་ལྟར་བསྒྲག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་གྱིས་སྟོན་པ་ལ་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོས། རྒྱལ་སྲས་སེམས་དཔའ་རྡོ་རྗེ་ལ་མངའ་བའི་ཡོན་ཏན་གྱི་རང་བཞིན་འཆད་འགྱུར་འདི་སྐད་ཅེས་བསྒྲགས་ཅིང་བསྔགས་པ་མཛད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཁོར་གྱི་ཡོན་ཏན་བསྒྲགས་པ། བསྟན་པ་གཏད་ཚུལ་གྱིས་རྒྱལ་ཚབ་ཏུ་བཀོད་པ། ཕྱི་རབ་ཀྱི་སྐལ་ལྡན་ལ་ལུང་སྟོན་ཅིག་པར་གདམས་པའོ། །དང་པོ་ནི། འཁོར་གྱི་ཡོན་ཏན་ལ་ཐུགས་དགྱེས་པའི་རྣམ་པས་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་སྣ་དྲངས་ནས། འདི་ལྟར་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམ་རྟོག་མཚན་མས་མི་བསྐྱོད་པའི་རྡོ་རྗེའི་སྐུ་ཅན་ཁྱོད་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པ་ཀུན་གྱིའང་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་མཛོད་ལ་མངའ་བརྙེས་ཤིང་། དེ་ཉིད་གཞན་ལ་སྟོན་པར་བྱེད་པ་ཀུན་གྱི་ནང་ནས་ཨ་ཏི་ཡེ་གྲོལ་ཆེན་པོ་དགག་སྒྲུབ་སྤང་བླང་ལས་འདས་པའི་དོན་སྟོན་པར་མཛད་པའི་ཕྱིར་ན་སྨྲ་བའི་སེང་གེ་བླ་ན་མེད་པ་ཡིན་ལ། སེམས་དཔའ་ཆེན་པོ་ཁྱོད་ཀྱིས་རྨད་བྱུང་ཨ་ཏི་ཡོ་གའི་དགོངས་པ་བྱ་རྩོལ་བྲལ་བའི་དོན་ཇི་བཞིན་དུ་མཁྱེན་པས་སྲིད་ཞི་ཀུན་གྱི་ནང་ནས་གཙོ་བོ་དམ་པར་གྱུར་པའི་བདག་ཉིད་སངས་རྒྱས་རྣམས་ཀྱི་གསང་བ་བླ་ན་མེད་པ་མ་ནོར་ཇི་བཞིན་དུ་རྟོགས་པའི་ཐུགས་དང་ལྡན་པ་དང་། དེ་ལྟ་བུའི་གསང་བ་མཆོག་གི་དོན་སྟོན་པར་བྱེད་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་གདུལ་བྱའི་འགྲོ་བ་རྣམས་ལ་སྒྲོགས་པར་མཛད་པའི་མི་འཇིག་དབྱངས་ཀྱི་ང་རོའི་གསུང་དང་ལྡན་ཞིང་། མཚན་དཔེ་ཡོན་ཏན་རྒྱ་མཚོའི་ལྷུན་གྲུབ་རང་ཆས་སུ་རྫོགས་པའི་སྐུ་ཅན་ཁྱོད་ནི། ཀུན་བྱེད་རྒྱལ་བའི་དབང་པོ་བདག་གི་སྲས་པོ་སྟེ་ཞེས་སྲས་ཀྱི་ཐུ་བོ་དམ་པ་ཡིན་ནོ་ཞེས་སེམས་དཔའ་རྡོ་རྗེའི་ཡོན་ཏན་བསྒྲགས་པའོ། །གཉིས་པ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་སེམས་དཔའ་ཆེན་པོ་ཁྱོད་ཀྱིས། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ལྟར་དུ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་མེས་པོ་གྱིས་ཤིག །དེ་བཞིན་དུ་ས་བཅུའི་སེམས་དཔའ་རྣམས་དང་ཁམས་གསུམ་གྱི་འགྲོ་བ་རྣམས་ཀྱི་སྒྲིབ་གཉིས་ཀྱི་མུན་པ་སེལ་བའི་སྒྲོན་མ་ཡང་ཁྱོད་ཀྱིས་གྱིས་ཤིག །ལམ་ལ་བསྒོམ་པའི་རྣལ་འབྱོར་བ་རྣམས་ཀྱི་ནང་ནས་མཆོག་གམ་བླ་མ་ཉིད་དུ་གྱིས་ཤིག །ཅེས་གདམས་ཤིང་སྟོན་པ་ཀུན་བྱེད་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བའོ། །གསུམ་པ་ནི། དེ་ལྟར་སྟོན་པ་ཀུན་བྱེད་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་བཞིན་དུ་རྒྱལ་སྲས་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་གསང་བ་བླ་ན་མེད་པའི་ཐེག་པ་ཀུན་གྱི་ནང་ནས་ཀྱང་རྩོལ་མེད་རང་བྱུང་གི་དགོངས་པ་སྟོན་པར་བྱེད་པའི་རྒྱལ་པོ་སྟེ་བླ་ན་མེད་པ། ཆོས་སྐུ་ཀུན་བྱེད་རྒྱལ་པོའི་བསྟན་པ་གོང་དུ་ཇི་སྐད་བཤད་པ་ཡི་རྩ་རྒྱུད་ཕྱི་མ་གསང་བ་དམ་པའི་དོན་འདི། ཕྱི་རབས་ཀྱི་རྣལ་འབྱོར་བ་རྣམས་ལ་ཡང་མ་ནོར་ཇི་བཞིན་ཉིད་དུ་ལུང་སྟོན་པར་མཛོད་ཅིག་ཅེས་གསུངས་སོ། །དེ་དག་གི་ཕྱི་མའི་རྒྱུད་དབང་པོ་འབྲིང་བསམ་པས་གནད་མཐོང་ཚུལ་གྱིས་གྲོལ་བའི་ཤེས་རབ་ལ་གདམས་པ་བསྟན་ཟིན་ཏོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྟོགས་པ་བསྒྲགས་ཤིང་བསྟོད་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའི་འགྲེལ་བའོ།། ༈ །།རྒྱུད་ཕྱི་མ་ཞེས་བྱ་བ་མདོ་ལུང་ལེའུ་བཅུ་གཉིས་པ་རྫོགས་སོ།། ༈ །།སྤྱི་དོན་གསུམ་པ་ཕྱི་མའི་ཕྱི་མ་བསྒོམ་བྱུང་གི་ཤེས་རབ་ལ་གདམས་པའི་རྒྱུད་ལ་གསུམ་སྟེ། རང་བཞིན་བཅུའི་བསྒོམ་དུ་མེད་པའི་དོན་ལ་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་བསྟན་པ་དང་། རྒྱུད་ཀྱི་ཚིག་དོན་འགྲེལ་པའི་རྣམ་གྲངས་བརྗོད་པ་དང་། རྗེས་གང་ལ་གདམས་པ་མཚན་གྱི་རྣམ་གྲངས་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། བསྒོམ་དོན་གླེང་གཞིའི་ཚུལ་གྱིས་མ་བཅོས་རྣལ་བཞག་ཆེན་པོའི་བསྒོམ་པ་མདོར་བསྟན་པ་དང་། དེའི་དོན་རང་བཞིན་བཅུའི་གཉིས་མེད་དོན་གྱི་བསྒོམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གླེང་བའི་གཞི་དང་། གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔའི་ཆོས་ཉིད་དུ་སྟོན་པས་དགོངས་པ་དོན་གྱི་གནས་ལུགས་ལ་མཉམ་པར་བཞག་པ་དང་། དགོངས་དོན་གཉིས་སུ་མེད་པའི་ངང་དུ་སེམས་དཔའ་རྡོ་རྗེས་མཉམ་པར་བཞག་ཚུལ་བསྟན་པའོ། །དང་པོ་ནི། དེ་ལྟར་རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པའི་དོན་ཡོངས་སུ་རྫོགས་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཕུན་སུམ་ཚོགས་པ་ལྔས་མཚོན་པའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་སྐྱེ་བ་མེད་པར་མཉམ་པ་ཆེན་པོ་གཅིག་ཏུ་གྱུར་པ་ལ་གཟིགས་ཤིང་དགོངས་ནས་སྤྲོས་པའི་སྒྲ་ཚིག་ཅི་ཡང་མི་གསུང་བར་སྤྲོས་པ་ཐམས་ཅད་དབྱིངས་སུ་ཞི་བའི་ངང་ལ་བཞུགས་སོ། །གཉིས་པ་ནི། དེའི་ཚེ་ན་སྟོན་པ་ཉིད་ལས་མི་གཞན་པའི་འཁོར་གྱི་གཙོ་བོ་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱང་། གཞི་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་དེ་ལྟར་སྤྲོས་པ་དབྱིངས་སུ་ཞི་བའི་ངང་ལ་བཞུགས་པར་གྱུར་པ་ཡང་རིག །གཉིས་སྣང་གི་ཆོས་ཐམས་ཅད་གཉིས་མེད་བློ་འདས་ཆེན་པོ་ཆོས་ཉིད་སྐྱེ་བ་མེད་པར་རྟོགས་པ་ལ་དགོངས་ནས་རྟོག་བཅས་ཡིད་ཀྱི་བསམ་དཔྱོད་དང་ལྡན་པའི་སྒྲ་ཚིག་ཅི་ཡང་མི་སྨྲ་བར་རྟོག་མེད་རང་གསལ་གྱི་ངང་ལ་མ་བཅོས་རང་བབ་ཉིད་དུ་འཁོད་དོ། །གཉིས་པ་གླེང་བསླང་བ་ལ་གསུམ་སྟེ། འདུས་པ་ཕལ་མོ་ཆེས་སེམས་དཔའ་རྡོ་རྗེ་ལ་ཇི་ལྟར་བསྐུལ་བ་དང་། སེམས་དཔའ་རྡོ་རྗེས་ཚིག་དོན་གཉིས་མ་དགོངས་ཏེ་ལན་གཉིས་སུ་སྟོན་པ་ལ་ཇི་ལྟར་ཞུས་པ་དང་། སྟོན་པས་དེའི་ལན་ཇི་ལྟར་གསུངས་པའོ། །དང་པོ་ནི། དེ་ནས་ཕྱོགས་བཅུ་ནས་ལྷགས་ཤིང་ལྷན་གཅིག་ཏུ་འཁོད་པའི་སྟོན་པ་ཀུན་བྱེད་རྒྱལ་པོའི་འཁོར་དུ་འདུས་པ་ཕལ་མོ་ཆེ་དག་གིས། སྟོན་པ་དང་སེམས་དཔའ་རྡོ་རྗེ་གཉིས་ཀ་ཆོས་ཐམས་ཅད་སྐྱེ་མེད་བསམ་བརྗོད་ལས་འདས་པར་རྟོགས་པའི་ངང་དུ་དགོངས་པ་རང་ཤར་དུ་བཞུགས་པའི་ཚུལ་དེ་ལྟར་རྟོགས་ནས། རྒྱ ལ་སྲས་སེམས་དཔའ་རྡོ་རྗེ་ལ་བསྐུལ་བའི་ཚིག་འདི་སྐད་ཅེས་ལུས་གུས་པའི་སྒོ་ནས་བསྐུལ་ལོ། །ངག་གུས་པའི་སྒོ་ནས་ཡང་དག་པར་བསྐུལ་ཏོ། །ཡིད་གུས་པའི་སྒོ་ནས་དེས་པ་དམ་པར་བསྐུལ་ཏོ། །དེ་ཡང་ཇི་ལྟར་ན་ཨེ་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ནས། མ་གདངས་འགག་པ་མེད་པའི་རྩལ་སྣང་། ཧོ་ཐུགས་རྗེའི་རོལ་རྩལ་འགགས་མེད་དུ་ཤར་བའི་རྒྱལ་སྲས་སེམས་དཔའ་རྡོ་རྗེའི་གསང་གསུམ་བསམ་མི་ཁྱབ་པའི་ཡོན་ཏན་ལ་ངམ་ཞིང་ངོ་མཚར་བའི་ཚིག་གི་མགོ་དྲངས་ཏེ། སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་ཀྱིས་བདག་ཅག་སྟོན་པ་ཀུན་བྱེད་རྒྱལ་པོའི་དྲུང་དུ་ལྷན་གཅིག་འདུས་པའི་འཁོར་རྣམས་ལ་ཕན་གདགས་པའི་སླད་དུ། སྔར་རྩ་རྒྱུད་ཕྱི་མའི་སྐབས་སུ་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཆོས་ཐམས་ཅད་ཇི་ལྟར་རྟོགས་པའི་ཚུལ་ཡང་དག་པར་གསུངས་པ་ལགས་ན། དེ་ལྟ་བུའི་རྟོགས་པའི་དོན་ལ་ཚུལ་ཇི་ལྟར་བསྒོམ་པར་བྱེད་པ་ཡི་ཚུལ་དེ་སྟོན་པ་ཀུན་བྱེད་ཉིད་ལ་ཞུ་བའི་དུས་ལ་བབ་བོ། །ངེས་པར་དུས་ལ་བབ་བོ་ཞེས་ཡང་ཡང་བརྣན་པའི་ཚུལ་གྱིས་བསྐུལ་བས་སེམས་དཔའ་རྡོ་རྗེས་སྟོན་པ་ཀུན་བྱེད་རྒྱལ་པོ་ལ་རྒྱུད་ཕྱི་མའི་ཕྱི་མ་འདི་ཉིད་ཞུ་བའི་གོ་ཕྱེས་སོ། །གཉིས་པ་སེམས་དཔའ་རྡོ་རྗེ་ཞུས་པ་ལ་གཉིས་ཏེ། དོན་མ་དགོངས་པ་ཞུས་པས་བརྗོད་དུ་མེད་པའི་ངང་ལ་བཞུགས་པ་དང་། ཕུན་སུམ་ཚོགས་པའི་ཚིག་དོན་དངོས་ཇི་ལྟར་སྒོམ་ཚུལ་ཞུས་པའོ། །དང་པོ་ནི། དེ་ལྟར་འཁོར་རྣམས་ཀྱིས་སེམས་དཔའ་རྡོ་རྗེ་ཉིད་ལ་བསྐུལ་བའི་དོན་དེ་ལ་ཐུགས་རབ་ཏུ་དགྱེས་པས་དགའ་བའི་མདངས་དང་བཅས་ཏེ། སྟོན་པ་ཀུན་བྱེད་རྒྱལ་པོ་ལ་ཤིན་ཏུ་དངས་ཞིང་མོས་པའི་རྣམ་འགྱུར་དུ་སྐུ་ཡི་གཟི་མདངས་མངོན་དུ་ཕྱུང་ནས་རང་གི་སྟན་ལས་ལངས་ཏེ་སྟོན་པའི་མདུན་དུ་ཟབ་མོ་དོན་གྱི་དགོངས་པ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ལགས། ཁྱོད་ཀྱི་མདུན་དུ་བདག་ཅག་འཁོར་གྱི་ཚོགས་རྣམས་ལྷན་དུ་འདུས་ཤིང་འཁོར་བ་དེ་ལ་བདག་ཅག་རྣམས་ཀྱིས་ཤེས་པར་འཚལ་བ་ཡི་ཟབ་མོའི་དོན་ནི་ཅི་ཞིག་མཆིས་པ་དེ་བདག་གིས་མ་རྟོགས་ན། སྟོན་པ་ཉིད་ཀྱིས་ཇི་ལྟར་དགོངས་པ་ལྟར་བདག་ཅག་རྣམས་ཀྱིས་ཤེས་པར་འཚལ་བའི་དོན་དེ་ནི་སྟོན་པ་ཁྱོད་ཀྱིས་བསྟན་པར་མཛད་དུ་གསོལ་ཞེས་ཞུས་པ་ལས། བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱིས་སེམས་དཔའ་རྡོ་རྗེས་ཞུས་པའི་དོན་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཉིད་དོན་གྱི་གནས་ལུགས་སྤྲོས་པའི་མཐའ་གང་ལའང་མི་གནས་པས་སྨྲ་བསམ་བརྗོད་དུ་མེད་པ་མཚོན་པའི་ཕྱིར་དུ་སྒྲ་ཚིག་གི་རྣམ་པ་ཅི་ཡང་མི་གསུངས་པར་བརྗོད་དུ་མེད་པའི་ངང་ལ་བཞུགས་ཏེ་གནས་པས་དོན་གྱིས་ལན་བཏབ་པའོ། །གཉིས་པ་ནི། སླར་ཡང་སེམས་དཔའ་རྡོ་རྗེས་ཕུན་སུམ་ཚོགས་པའི་དོན་རྣམས་ཇི་ལྟར་བསྒོམ་པའི་ཚིག་དོན་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་སྐུ་སྐྱེ་བ་མེད་པའི་གཤིས་ལུགས་དེ་ཉིད་སྤྲོས་བྲལ་ཐིག་ལེའི་རང་བཞིན་སྨྲ་བསམ་བརྗོད་པ་དང་བྲལ་བ་དེ་ལྟར་ཡིན་ན། དེ་ལ་བསྒོམ་བྱའི་ཆོས་དང་སྒོམ་བྱེད་ཀྱི་བློ་གང་ཡང་མི་འཐད་པས་སྐུ་གསུམ་གྱི་སྟོན་པ་གསུམ་པོ་ཡི་རང་བཞིན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་མངོན་དུ་རྟོགས་པའི་དོན་དེ་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཚུལ་ཇི་ལྟར་བསྒོམ་པ་ལགས། དེ་བཞིན་དུ་སྐུ་གསུམ་གྱི་སྟོན་པ་དེ་རྣམས་ཀྱིས་གསུངས་པའི་བསྟན་པ་གསུམ་པོ་སྐྱེ་མེད་བསམ་བརྗོད་དང་བྲལ་བའི་རང་བཞིན་དུ་རྟོགས་པའི་དོན་ཡང་བསྒོམ་པའི་ཚེ་ན་སྟོན་པ་ཉིད་ཀྱིས་ཇི་ལྟར་བསྒོམ་པ་ཡིན་པ་དང་། སྟོན་པ་གསུམ་པོ་དེ་དག་གི་བཀའ་ཡི་སྡུད་པ་པོ་གསུམ་ཡང་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པའི་དོན་ཉིད་ཀྱིས་ཇི་ལྟར་བསྒོམ་པ་དང་། རྒྱལ་བ་སྐུ་གསུམ་པོ་དེ་དག་གི་འཁོར་དང་གནས་དང་དུས་ཕུན་སུམ་ཚོགས་པ་རྣམས་ཀྱི་རང་བཞིན་ཡང་ཇི་ལྟར་བསྒོམ་པ་དང་། མདོར་ན་སྔར་རྩ་རྒྱུད་ཕྱི་མའི་སྐབས་སུ་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་རང་བཞིན་ཆོས་ཉིད་སྐྱེ་བ་མེད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་དུ་རྟོགས་པར་གསུངས་ན། དེ་ལྟར་རྟོགས་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་དེ་མ་ནོར་བར་སྟོན་པའི་ཕྱིར་དུ་བསྒོམ་པའི་མདོ་ལུང་བཅུ་པོ་དེ་རྣམས་བདག་ཅག་འདུས་པའི་ཚོགས་ལ་བསྟན་པར་མཛད་དུ་གསོལ་ཞེས་ཞུས་སོ། །གསུམ་པ་སྟོན་པས་དེའི་ལན་གསུངས་པ་ལ་གསུམ་སྟེ། མ་བསྒོམ་རྣལ་བཞག་ཆེན་པོའི་ངང་ནས་འཕྲོ་གནས་གཉིས་སུ་མེད་པའི་ཆོས་ཉིད་བཏང་བཞག་མེད་པའི་བསྒོམ་པ་དངོས་བསྟན་པ་དང་། མཚན་མ་གྲངས་ཀྱི་བསྒོམ་པ་སྐུ་གསུམ་སྟོན་པས་གསུངས་ཚུལ་དང་། ཕུན་སུམ་ཚོགས་པའི་རང་བཞིན་རིག་པ་ལྷུན་རྫོགས་ཀྱི་སར་འདུ་བས་མ་བསྒོམ་རང་བཞིན་དུ་བཞག་པའི་ཚུལ་བསྟན་པའོ། །དང་པོ་ལ། དེ་ལྟར་སེམས་དཔའ་རྡོ་རྗེ་ཇི་ལྟར་བསྒོམ་ཚུལ་ཞུས་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཇི་ལྟར་ཞུས་པའི་ལན་འདི་སྐད་ཅེས་གསུངས་སོ། །ཀྱེ་སེམས་དཔའ་རྡོ་རྗེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་བརྗོད་དུ་མེད་པའི་དོན་ལ་ད་བསྒོམ་པར་གྱིས་ཤིག་དང་ཇི་ལྟར་བསྒོམ་པའི་ཚུལ་དེ་སྟོན་པ་ཀུན་བྱེད་བདག་གིས་ལུང་སྟོན་པར་བྱའོ་ཞེས་པ་ལྟ་བུའི་མདུན་བསུས་ཏེ། དེ་ཡང་སྐྱེ་མེད་སྤྲོས་པ་དང་བྲལ་བས་བློའི་སྤྱོད་ཡུལ་ལས་འདས་ཤིང་རྣམ་རྟོག་གིས་བསྒོམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་འདི་ལ་སྒོམ་པའི་བློ་དང་བསྒོམ་པར་བྱ་བ་གཉིས་ཀ་མེད་པའི་རྒྱུ་མཚན་དེས་ན་དམིགས་གཏད་བློ་ཡི་ཆོས་ཅི་ཡང་མ་བསྒོམ་པར། སེམས་ཉིད་རང་གི་རང་བཞིན་བཅོས་བསླད་གང་ཡང་མི་བྱེད་པར་རང་བབ་ཐ་མལ་དུ་བཞག་ན་དེ་ཉིད་རྫོགས་པ་ཆེན་པོའི་མ་བཅོས་རང་བབ་གཉུག་མའི་སྒོམ་པ་ཡིན་པར་གསུངས་པ་སྟེ། ནམ་མཁའ་རབ་འབྱམས་ལས། ཀྱེ་ཧོ་གྲོགས་དག་དྲན་རིག་འགྱུ་བའི་སེམས། །བུ་ཆུང་བཞིན་ཏེ་རང་བབས་གང་དགར་ཐོངས། །དྲན་བསམ་འཛིན་བྲལ་སྨྱོན་པའི་བརྟུལ་ཞུགས་ཅན། །གང་བབས་གང་བྱུང་ཐོགས་བབས་ཆེན་པོར་ཐོངས། །རང་བབས་ལྷོད་ཆགས་རྒན་པོའི་ངང་ཚུལ་ཅན། །གཟེབ་བྲལ་ཁོང་ཡངས་གང་ཤར་རང་བབས་ཐོངས། །རྣལ་འབྱོར་ཆེན་པོའི་དགོངས་ཀློང་ཡངས་པ་ཡིན། །ཞེས་པ་ལྟར་རོ། །དེས་ན་འདི་ལྟར་ཆོས་ཉིད་དོན་གྱི་ཡེ་ཤེས་ནི་ཆོས་རྣམས་མ་ལུས་པ་ཀུན་གྱི་དོན་ནམ་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆོས་ཉིད་སྐྱེ་བ་མེད་པ་སྟོང་ཆེན་དེ་བཞིན་ཉིད་ཀྱི་རང་བཞིན་སྟེ། དེ་ལས་གཞན་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་རྡུལ་ཙམ་ཡང་གྲུབ་པ་མེད་པས་ན་རྣམ་རྟོག་གི་མཚན་མ་ཅི་སྐྱེས་ཐམས་ཅད་ཀྱང་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་བཞིན་དུ་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་ཐིག་ལེ་ཉག་ཅིག་ཏུ་རིག་པར་བྱས་ནས། དྲན་བསམ་གྱི་རྟོག་པ་ཡིད་ལ་ཇི་ལྟར་རྒྱུ་བ་མ་ལུས་པ་དེ་ཀུན་གདོད་ནས་གཞི་མེད་རྩ་བྲལ་ཆེན་པོ་ཀ་དག་སྐྱེ་བ་མེད་པའི་རང་བཞིན་གཡའ་བྲལ་ནམ་མཁའ་ལྟ་བུའི་ངང་ལས་མ་ཡེངས་པའམ་མ་གཡོས་པ་ཡིན་པས། ཆགས་སྡང་དུག་ལྔའི་རྟོག་པ་ལ་སོགས་པ་གང་ལྟར་བསམ་ཀྱང་མ་བཅོས་རང་བབས་གཉུག་མའི་སྒོམ་པ་ཡིན་པར་ཤེས་ན་ཏིང་ངེ་འཛིན་གང་ཡང་མ་བསྒོམ་པར་སེམས་ཉིད་ཀྱི་ངོ་བོ་གང་ལྟར་བཞག་ཀྱང་ཆོས་ཉིད་སྐྱེ་བ་མེད་པ་ཀུན་བཟང་ཆོས་སྐུའི་དགོངས་པ་ལས་སྐད་ཅིག་ཀྱང་ཡེངས་བ་མེད་དོ་ཞེས་པ་སྟེ། ཀུན་གཟིགས་རོང་པའི་ཞལ་ནས། འགྲོ་བའི་འཁྲུལ་སྣང་དུ་གྲགས་པ་ཐམས་ཅད་ལ། ཐམས་ཅད་ནས་ཐམས་ཅད་དུ་ངན་ཅིང་དོར་བར་བྱ་བ་མེད་པས་ཀུན་ཏུ་བཟང་པོའོ། །ཞེས་དང་། ཀུན་མཁྱེན་དགའ་རབ་གཉིས་པའི་ཞལ་ནས། སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་ངང་ཡིན་ཡེ་ནས་གནས་པ་ཡིན། །དེ་ལྟར་ཀུན་བཟང་ཉིད་ལས་གཞན་པའི་ཆོས། །རྡུལ་ཙམ་མི་རྙེད་ཡེ་ནས་སངས་རྒྱས་ཡིན། །དེ་ལྟར་ཤེས་ཏེ་འཆིང་གྲོལ་ཀུན་ལས་འདས། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །གཉིས་པ་ནི། འོ་ན་མ་སྒོམ་གང་ལྟར་བཞག་ཀྱང་མི་འགལ་བར་རྟོག་ཚོགས་ཅི་ཤར་ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རང་བཞིན་ཡིན་ན། མདོ་རྒྱུད་ཀུན་ནས་རྣམ་རྟོག་གི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པའི་ཐབས་སྣ་ཚོགས་སུ་བསྟན་པ་དེ་ཇི་ལྟར་ཡིན་སྙམ་ན། ཀྱེ་སེམས་དཔའ་ཆེན་པོ། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་གདུལ་བྱ་གང་ཞིག་བསྐྱེད་རྫོགས་ལ་སོགས་པ་རྣམ་རྟོག་གི་མཚན་མ་བསྒོམ་པ་ལ་དགའ་བའི་གང་ཟག་དབང་པོ་དམན་པ་རྣམས་ལ་རང་རང་གི་བློ་ལ་གང་ལྟར་འཐད་པའི་ལུང་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་སོ་སོའི་སྐབས་ནས་ཇི་ལྟར་བསྟན་པ་བཞིན་དུ་ཏིང་ངེ་འཛིན་གྱི་རིམ་པ་སྣང་ཚོགས་སུ་བསྒོམ་དུ་ཡོད་དོ་ཅེས་ཐེག་པ་འོག་མའི་རིགས་ཅན་གྱི་གདུལ་བྱ་ཀུན་ལ་ལུང་དུ་བསྟན་པ་དེ་ནི་ངེས་དོན་རྫོགས་པ་ཆེན་པོའི་དགོངས་པ་ཟབ་མོ་འདི་ལས་གཞན་དྲང་དོན་དགོངས་པ་ཅན་གྱི་ཚིག་ཙམ་ཡིན་ནོ་ཞེས་སོ། །དེ་ལྟར་ཡང་ལྷ་མིན་གཡུལ་བཟློག་གི་རྒྱུད་ལས། སྤྲུལ་སྐུས་འགྲོ་བ་འདུལ་བའི་ཕྱིར། །ལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས། །དྲང་བའི་དོན་དུ་གསུངས་པ་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ནི། ཀྱེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡེ་ནས་འཕོ་འགྱུར་དང་བྲལ་བར་བཞུགས་པ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིན་ལ། དེ་ལྟ་བུའི་སྟོན་པ་རང་བྱུང་རིག་པའི་ཡེ་ཤེས་དེ་ཉིད་ཀྱི་རང་བཞིན་ལས་རྒྱལ་བ་སྐུ་གསུམ་གྱི་ཕུན་སུམ་ཚོགས་པའི་ཆོས་ཐམས་ཅད་མ་འདས་པས་ན་བླང་དོར་འབད་རྩོལ་གྱིས་མ་བསྡུས་བཞིན་དུ་སྐུ་གསུམ་གྱི་སྟོན་པ་གསུམ་ཡང་རིག་པའི་ཡེ་ཤེས་ཆེན་པོ་དེ་ཡི་ངང་ལ་ཡེ་ནས་གཉིས་སུ་མེད་པར་འདུས་ཤིང་འུབ་ཆུབ་པ་ཡིན་ལ། དེ་ལྟར་སྟོན་པ་རང་བྱུང་གི་ཡེ་ཤེས་དེ་ཡི་ཀློང་ལ་མ་བསྡུས་བཞིན་དུ་གཟུགས་བརྙན་མེ་ལོང་གི་ནང་དུ་འདུ་བའམ། རྨི་ལམ་གཉིད་ཀྱི་ངང་དུ་འདུ་བ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་ངང་གིས་འདུས་ཤིང་འདུ་འབྲལ་མེད་པའི་རྒྱུ་མཚན་དེས་ན། ཀུན་བྱེད་ཆོས་སྐུའི་སྟོན་པས་རྒྱལ་བ་སྐུ་གསུམ་གྱི་རང་བཞིན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ལ་ད་གསར་དུ་བསྒོམ་ཞིང་བསྒྲུབ་པ་ལ་སོགས་པ་བྱེད་དུ་མེད་པར་བསྟན་པ་ཡིན་ཏེ། ལ་ཟློ་ལས། ཀྱེ་སེམས་དཔའ་ཆེན་པོ་ཇི་ལྟར་དགོས། སྟོན་པ་ལ་སོགས་ཆོས་ལྔ་སྣང་བ་ཡང་། །སེམས་ལ་བསྒོམ་པར་བྱ་བ་ཡོད་མ་ཡིན། །བསྒོམ་ན་གང་ལྟར་བསྒོམ་ཀྱང་ལ་མ་ཟློས། །རང་ལ་རང་གིས་དམིགས་པ་མེད་པས་ན། །མི་བསྒོམ་ཞེས་ཀྱང་བཞག་པའི་གནས་མ་ཡིན། །བསྒོམས་ན་གང་བསྒོམས་གང་གིས་ཇི་ལྟར་བསྒོམ། །མི་བསྒོམ་གང་གིས་གང་ལ་ཅི་མི་བསྒོམ། །དེ་བས་བསྒོམ་དང་མི་བསྒོམ་ཐ་སྙད་ནི། །རྩིས་གདབ་ཀུན་ལས་འདས་བས་གཞན་དུ་འོས་མ་ཡིན། །ཅེས་བསྒོམ་པ་དང་མི་བསྒོམ་པར་ལྟ་བའི་རྩིས་གདབ་ཀུན་ལས་འདས་པར་གསུངས་པ་ལྟར་ལ། དེ་བཞིན་དུ་ཀུན་བྱེད་ཆོས་སྐུའི་བསྟན་པ་སྨྲ་བསམ་བརྗོད་པ་དང་བྲལ་བའི་རིག་པ་དཔེ་དང་གཏན་ཚིགས་སོགས་ཀྱིས་མཚོན་བརྗོད་ལས་འདས་པ་ཀུན་ཁྱབ་ནམ་མཁའ་ལྟ་བུའི་རང་བཞིན་དེ་ལ་མ་འདུས་པའི་ཆོས་གང་ཡང་མེད་པས། སྐུ་གསུམ་གྱི་སྟོན་པའི་བསྟན་པ་གསུམ་ཡང་དེ་ལ་ངང་གིས་འདུས་ཏེ་གནས་པ་དང་། སྟོན་པ་ཀུན་བྱེད་རྒྱལ་པོའི་བཞུགས་གནས་མ་བཅོས་རིག་པའི་རང་སྣང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གཞལ་ཡས་ཁང་ཆེན་པོའི་རང་བཞིན་དུ་ལྷུན་གྱིས་གྲུབ་པའི་ཆོས་དབྱིངས་དོན་གྱི་འོག་མིན་སྤྲོས་བྲལ་བདེ་བ་ཆེན་པོའི་ཞིང་ཁམས་དེ་ན་སྐུ་གསུམ་གྱི་སྟོན་པ་གསུམ་གྱི་བཞུགས་གནས་སུ་གྱུར་པའི་གཞལ་ཡས་ཁང་གསུམ་ཡང་དེ་ལ་འདུས་ཤིང་རྫོགས་པར་བཤད་ལ། གཞན་ཡང་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་སྙིང་པོ་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་ནས་མཁའ་ལྟ་བུའི་ཀློང་ཆེན་པོ་འདི་ལ་ཀུན་ནས་འདུས་ཤིང་གཉིས་སུ་མེད་པར་གནས་པ་ཡིན་པས། སྟོན་པ་གསུམ་གྱི་འཁོར་གསུམ་དང་དུས་གསུམ་ཡང་ཀུན་ཏུ་འདུས་པར་བཤད་དེ། དེ་ཉིད་ལས། དུས་དང་གནས་དང་འཁོར་ལ་སོགས་པ་ཡང་། །གཞན་དུ་མ་རྟོགས་རང་དུ་བསྟན་པར་ཟད། །ཅེས་པ་ལྟར་རོ། །དེ་བཞིན་དུ་ཆོས་ཐམས་ཅད་གང་གི་ཀློང་དུ་མ་བསྡུས་རང་བཞིན་དུ་འདུས་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི། སྐུ་གསུམ་གྱི་བཀའ་ཡི་སྡུད་པ་པོ་གསུམ་ཡང་ཡིན་པ་སྟེ་དེ་ལས་གཞན་པ་ཞིག་ཡོད་པ་མ་ཡིན་པས་ཕུན་སུམ་ཚོགས་པའི་ཆོས་དེ་དག་ཐམས་ཅད་གདོད་ནས་བྱ་རྩོལ་བྲལ་བ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་སངས་རྒྱས་པའི་རང་བཞིན་འདི་ཉིད་ཁོ་ན་ཡིན་པས་ཅིར་ཡང་བསྒོམ་དུ་མེད་པར་གསུངས་པ་ཡིན་ལ། དེས་ན་མ་བསྒོམ་རང་བཞིན་དུ་བཞག་པས་ཆོག་པར་སྟོན་པའི་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་ངེས་པའི་ལུང་འདི་ལ་རྟོགས་པའི་སྤྱོད་ཡུལ་གང་ཡང་མ་གྲུབ་པས་བསྒོམ་དུ་ཡོད་པ་དང་མེད་པའི་མཐའ་གཉིས་ཀ་ལུང་མི་སྟོན་ཞིང་། རེ་དོགས་དང་སྒྲོ་སྐུར་དུ་འཛིན་པའི་སེམས་ཀྱང་ཅི་ཞིག་འཇོག་སྟེ་མི་འཇོག་པར་རྣམ་རྟོག་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་ཡོད་མེད་བསྟན་པའི་ལེའུ་སྟེ་བདུན་ཅུ་པའི་འགྲེལ་པའོ།། ༈ །།གཉིས་པ་བསྒོམ་དུ་མེད་པའི་དོན་ལ་མ་བཅོས་རྣལ་དུ་བཞག་པའི་རང་བཞིན་བསྟན་པ་ལ་གསུམ་སྟེ། ཕྱོགས་བྲལ་གདོད་ནས་དག་པའི་གཞི། །བསྒོམ་མེད་རྣལ་བཞག་ཆེན་པོའི་ལམ། །ལྷུན་གྲུབ་རང་གནས་ཆེན་པོའི་འབྲས་བུའི་དོན་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་ལ་ལྔ་སྟེ། ལྟ་བ་བསྒོམ་དུ་མེད་པ། དམ་ཚིག་བསྲུང་དུ་མེད་པ། ཕྲིན་ལས་བཙལ་དུ་མེད་པ། དཀྱིལ་འཁོར་བསྐྱེད་དུ་མེད་པ། དབང་ལ་བསྐུར་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་བསྟན་པའོ། །དང་པོ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དམིགས་བསམ་འཛིན་པའི་ཡུལ་ལས་འདས་པའི་དོན་ལ་བལྟ་བྱ་ལྟ་བྱེད་དུ་མ་གྲུབ་པའི་དགོངས་པ་རྣལ་བཞག་ཆེན་པོའི་ལེའུ་དོན་གཅིག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་གླེང་གཞི་དང་གླེང་བསླང་བའི་སྒོ་ནས་མ་བཅོས་རྣལ་དུ་བཞག་པའི་སྒོམ་པ་མདོར་བསྟན་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་མཚན་མ་གྲངས་ཀྱི་སྒོམ་པ་ཐམས་ཅད་ཀུན་བྱེད་ཀྱི་གོལ་སར་བསྟན་ནས། རྣལ་དོན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དམིགས་བསམ་སྤྲོས་པ་ཐམས་ཅད་ལས་འདས་པས་ལྟ་བ་བསྒོམ་དུ་མེད་པ་མ་བཅོས་རང་བབས་ཀྱི་དགོངས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། མཚན་མ་གྲངས་ཀྱི་བསྒོམ་ལ་ཀུན་བྱེད་ཀྱི་གོལ་སར་ངོས་བཟུང་། བསྒོམ་དང་མི་བསྒོམ་མེད་པའི་ཆོས་ཉིད་རྣལ་བཞག་ཆེན་པོའི་དགོངས་པ་བཤད། བསྒོམ་མེད་ནམ་མཁའ་ལྟ་བུའི་དོན་ལ་གོམས་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ཀྱེ་ཆོས་ཉིད་དོན་གྱི་ཡིན་ལུགས་སྙིང་པོ་བྱང་ཆུབ་ཀྱི་སེམས་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ་གདོད་ནས་སྐྱེ་བ་མེད་པ་རང་བྱུང་འདུས་མ་བྱས་པ་ཡིན་ལ། དེས་ན་སྟོན་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་མཚན་རྟོག་བློ་ཡི་སྤྱོད་ཡུལ་ཀུན་ལས་འདས་པས་བསྒོམ་དུ་མེད་པའི་རང་བཞིན་ཡིན་ན་ཡང་། ཀུན་བྱེད་ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་གྱིས་ལྟ་སྒོམ་དམ་ཚིག་ལ་སོགས་པ་དམིགས་བཅས་ཀྱི་མཚན་མ་ལ་རྟོག་ཅིང་བསྒོམ་དུ་ཡོད་པར་བསྟན་པས་འདུལ་བའི་གང་ཟག་དབང་པོ་དམན་པའི་རིགས་ཅན་རྣམས་ལ་དམིགས་པའི་མཚན་མ་ལ་རྟོག་ཅིང་དཔྱོད་པའི་བློ་དང་བཅས་པའི་སྒོ་ནས་ཏིང་ངེ་འཛིན་གྱི་རྣམ་གྲངས་སྣ་ཚོགས་སུ་བསྒོམ་པར་ལུང་བསྟན་པ་ཡིན་ནོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བརྒྱད་དེ། ཉན་ཐོས། རང་རྒྱལ། སེམས་དཔའ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུའི་བསྒོམ་པའོ། །དང་པོ་ནི། དེ་ལ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་མཚན་མའི་ཏིང་ངེ་འཛིན་སྣ་ཚོགས་བསྒོམ་པར་གསུངས་པ་དེ་དག་གང་ཞེ་ན། འདི་ལྟར་སྟོན་པ་སྤྲུལ་པའི་སྐུའི་གདུལ་བྱར་གྱུར་པའི་གང་ཟག་ལ་ལས་སྟེ་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་རྣམས་ཀྱིས་བདག་འཛིན་ཉོན་མོངས་པའི་རྟོག་པ་ཞི་བའི་ཕྱིར་དུ་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་ལ་སོགས་པའི་ཏིང་ངེ་འཛིན་དང་། གཞན་ཡང་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་ཞེ་སྡང་གི་གཉེན་པོ་བྱམས་པ་ལ་སོགས་པ་ཡང་བསྒོམ་པར་བྱེད་པ་ཡིན་ཏེ། ཀུན་གསལ་ལས། ཉན་ཐོས་པ་ནི་འདི་ལྟར་བསྒོམ། །རང་ལུས་རྡོས་བཅས་ཕུང་པོ་ལ། །མི་གཙང་རྫས་སུ་འདུས་ཤེས་བསྐྱེད། །རྣམ་པར་སྔོ་དང་བམ་པ་དང་། །རུལ་བ་མྱགས་པར་བསྒོམ་པ་སྟེ། །གཟུགས་ཕུང་ཞེན་པའི་མཐའ་ལས་ཟློག །ཞི་གནས་ཡན་ལག་བཅུ་གཉིས་ལྡན། །ཚོགས་དྲུག་ཡུལ་དང་རྟོག་པ་སྤང་། །ཞེས་གསུངས་སོ། །གཉིས་པ་ཐེག་དམན་གྱི་རིགས་ཅན་ལ་ལས་ཏེ་རང་རྒྱལ་གྱི་ཐེག་པ་བ་རྣམས་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་དབང་གིས་བྱུང་བར་ཤེས་ནས། དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་པོ་ལུགས་འབྱུང་དུ་བསྒོམ་པའི་སྒོ་ནས་སྡུག་ཀུན་གྱིས་བདེན་པ་གཉིས་ཁོང་དུ་ཆུད་པར་བྱེད་པ་དང་། ལུགས་ལྡོག་ཏུ་བསྒོམ་པའི་སྒོ་ནས་འགོགས་ལམ་གྱི་བདེན་པ་གཉིས་ཁོང་དུ་ཆུད་པར་བྱེད་པའི་རྟེན་འབྲེལ་ཟབ་མོའི་དོན་ལ་དམིགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པ་དང་། གཞན་ཡང་མི་སྡུག་པ་ལ་སོགས་པ་ཡང་བསྒོམ་པར་གསུངས་ཏེ། དེ་ཉིད་ལས། རང་རྒྱལ་འདོད་པ་འདི་ལྟར་བསྒོམ། །དང་པོ་མ་རིག་ལ་སོགས་ནས། །ཐ་མ་རྒ་ཤི་ལ་ཐུག་བསྒོམ། །རང་གི་དཔྲལ་བར་སེམས་གཏད་དེ། །ཀེང་རུས་དཀར་པོ་འཐེབ་བོང་ཙམ། །དེ་ལ་སེམས་འཛིན་བརྟན་པ་དང་། །དེ་ལས་མཆེད་ནས་ཀེང་རུས་བལྟ། །དེ་ནས་རིམ་པར་འགག་པར་བསྒོམ། །ཞེས་པ་ལྟར་རོ། །གསུམ་པ་སྤྲུལ་སྐུའི་གདུལ་བྱ་ལ་ལས་ཏེ་བྱང་ཆུབ་སེམས་དཔའ་ཐེག་པ་བ་རྣམས་ཀྱིས་ཉོན་ཤེས་གཉིས་ཀྱི་གཉེན་པོར་སྒྱུ་མ་ལྟ་བུ་དང་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པ་ཞི་གནས་དང་། ཆོས་དང་གང་ཟག་གི་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་ཆོས་ཉིད་རྟོགས་པའི་ལྷག་མཐོང་སྟེ། དེ་ལྟ་བུའི་ཞི་ལྷག་ཟུང་དུ་འབྲེལ་བ་ཡི་བདག་མེད་གཉིས་རྟོགས་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་ཡིན་ལ། དེ་ལ་ཡང་དབུ་སེམས་ཀྱི་བསྒོམ་ཚུལ་གཉིས་སུ་ཡང་གསུངས་ཏེ། དེ་ལས། སེམས་ཙམ་སེམས་ཉིད་རང་གསལ་བསྒོམ། །དབུ་མ་བདེན་གཉིས་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་བསྒོམ། །ཞེས་གསུངས་སོ། །བཞི་པ་སྟོན་པ་ལོངས་སྐུའི་གདུལ་བྱར་གྱུར་པ་ལ་ཀྲི་ཡ་བ་རྣམས་ཀྱིས་མཚན་མ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པ་དོན་དམ་སྟོང་པ་ཉིད་ཀྱི་ལྟ་བ་ལ་བརྟེན་ནས་ཀུན་རྫོབ་ལྷ་སྐུའི་རྣམ་པ་རིགས་གསུམ་སེམས་དཔའ་ལ་སོགས་པ་མཚན་མ་ཞལ་ཕྱག་གི་རང་བཞིན་ཅན་དེ་རྗེ་བོ་དང་བདག་ཉིད་འབངས་སུ་དམིགས་ཤིང་བསྒོམ་པར་བྱེད་པ་སྟེ། དེ་ལས། ཀྲི་ཡའི་འདོད་པ་འདི་ལྟར་བསྒོམ། །སྟོང་པ་ལ་སོགས་སྔོན་སོང་ནས། །རིགས་གསུམ་ཕྱག་རྒྱ་ལྡན་པར་བསྒོམ། །ཞེས་པ་ལྟར་རོ། །ལྔ་པ་ལ་ལ་སྟེ་ཨུ་པ་བ་རྣམས་ཀྱིས་ཡོ་གའི་ལྟ་བ་དང་ཀྲི་ཡའི་སྤྱོད་པ་གཉིས་འབྲེལ་བ་མེད་པ་ལ་བརྟེན་ནས་ལྟ་བ་ཡོ་ག་དང་བསྟུན་སྤྱོད་པ་ཀྲི་ཡ་དང་བསྟུན་ནས་དེ་གཉིས་འབྲེལ་བའི་ཚུལ་གྱིས་བདག་དང་ལྷ་སྤུན་གྲོགས་ཀྱི་ཚུལ་དུ་བསྒོམ་པའི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་སྟེ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཨུ་པ་ཡ་ལ་བཞི་ཡིན་ཏེ། །ལྟ་བ་ཏིང་འཛིན་སྤྱོད་པ་དང་། །འབྲས་བུ་དག་དང་བཞི་ཉིད་དོ། །ལྟ་བ་ཡོ་ག་དག་དང་མཐུན། །དོན་དམ་སྐྱེ་འགག་མེད་པར་འདོད། །ཏིང་འཛིན་ཡོ་ག་དག་དང་མཐུན། །མངོན་པར་བྱང་ཆུབ་ལྔ་ཉིད་དོ། །སྤྱོད་པ་ཀྲི་ཡ་དག་དང་མཐུན། །བཟའ་དུས་ཁྲུས་གཙང་གཙོ་བོར་བྱེད། །འབྲས་བུ་མི་ཚེ་ལྔ་བདུན་ནས། །རིགས་ལྔ་རྡོ་རྗེ་འཆང་བ་ཐོབ། །ཅེས་གསུངས་སོ། །དྲུག་པ་ལ་ལ་སྟེ་ཡོ་གའི་ཐེག་པ་ལ་ཞུགས་པ་རྣམས་ཀྱིས་དོན་དམ་དུ་ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་མེད་པར་རྟོགས་པའི་ལྟ་བའི་དོན་ལ་བརྟེན་པར་བྱས་ཤིང་། ཀུན་རྫོབ་མཚན་མའི་ཆོས་རྣམས་མངོན་བྱང་རྣམ་པ་ལྔས་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་སྟེ། སྔ་མ་ལས། ཡོ་གའི་ཞེ་འདོད་འདི་ལྟར་བསྒོམ། །བྱང་ཆུབ་རྣམ་ལྔ་སྔོན་སོང་ནས། །སུམ་ཅུ་རྩ་བདུན་ཕྱག་རྒྱ་བཞི་ལྡན་བསྒོམ། །ཞེས་པ་སྟེ་དེ་དག་ནི་ལོངས་སྐུའི་བསྟན་པ་ཕྱི་རྒྱུད་སྡེ་གསུམ་མོ། །བདུན་པ། ཆོས་སྐུའི་གདུལ་བྱར་གྱུར་པ་ལ་ལས་མ་ཧཱ་ཡོ་གའི་ཐེག་པ་བ་རྣམས་ཀྱིས་དོན་དམ་དུ་ཆོས་ཐམས་ཅད་དཀོར་བདུན་ངོ་བོ་ཉིད་མེད་པ་དང་། ཀུན་རྫོབ་ཏུ་རང་རྒྱུད་ཀྱི་ཕུང་པོ་ལྔའི་མཚོན་པའི་སྣོད་བཅུད་རྒྱུད་རྣམས་ཐམས་ཅད་དག་པ་ལྷའི་རང་བཞིན་དུ་རྟོགས་པའི་ལྟ་བ་ལ་བརྟེན་ནས་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གསལ་ཞིང་བསྙེན་བསྒྲུབ་རྣམ་པ་བཞི་ཡི་སྒོ་ནས་ཉམས་སུ་ལེན་ཞིང་སྔགས་ཀྱི་འོད་ཟེར་འཕྲོ་འདུའི་དོན་ལ་བསྒོམ་པ་ལ་སོགས་པའི་བསྐྱེད་རྫོགས་ཀྱི་ལམ་ལ་གནས་པར་བྱེད་པ་སྟེ། ཀུན་གསལ་ལས། མ་ཧཱ་ཡོ་གའི་སྒོམ་པ་ནི། །ཏིང་འཛིན་རྣམ་གསུམ་སྔོན་སོང་བའི། །ཞི་ཁྲོ་རབ་འབྱམས་བསྒོམ་པར་བྱེད། །ཕྱག་རྒྱ་བཞི་ལྡན་བསྒོམ་པའི་མཆོག །ཅེས་སོ། །བརྒྱད་པ་ལ་ལ་སྟེ་ཨ་ནུའི་ཐེག་པ་བ་རྣམས་ཀྱིས་རྒྱུ་དག་པ་ཆོས་ཀྱི་དབྱིངས་དང་འབྲས་བུ་དག་པ་རང་བྱུང་གི་ཡེ་ཤེས་གཉིས་ཡེ་ནས་དབྱེར་མེད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད་གཏན་ལ་དབབ་པ་བསྒྲུབ་བྱའི་གཙོ་བོར་བྱས་ནས། དེ་ཉིད་མངོན་དུ་བྱེད་པའི་ཐབས་སུ་རྩ་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་སྐད་ཅིག་གིས་ཕུང་ཁམས་ལྷའི་རང་བཞིན་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་པ་བསྐྱེད་པའི་རིམ་པ་སྟེ། དེ་ལས། ཨ་ནུའི་ཞེ་འདོད་སྒོམ་པ་ནི། །སྙིང་པོ་ཚིག་ཙམ་བརྗོད་པ་སྔོན་སོང་ནས། །ཕུང་པོ་ལྷ་ཡི་ཕྱག་རྒྱ་བཞི། །དཔེར་ན་ཆུ་ལས་ཆུ་བུར་དང་། །ཚ་ཚ་བསྐོས་ཕོར་ནས་བཏོན་བཞིན། །སྐད་ཅིག་མ་ལས་གསལ་བར་བསྒོམ་།ཞེས་པ་ལྟར་དང་། ཁྱད་པར་དུ་རྩ་རླུང་ཐིག་ལེའི་རྫོགས་རིམ་སྤྱི་དང་། དེ་ལས་ཀྱང་དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྙིང་གི་རྩ་འདབས་བརྒྱད་ཀྱི་དབུས་དྭངས་མ་ལྔ་འདུས་ལ་བརྟེན་ནས་གནས་པའི་ཐིག་ལེ་ཕྲ་མོ་ལ་རླུང་སེམས་འཛིན་པའི་སྒོ་ནས། སྣང་གསུམ་ལུགས་ལྡོག་ཏུ་ཤར་བའི་རིམ་པ་དང་མཐུན་པར་རང་བཞིན་བརྒྱད་ཅུའི་ཀུན་རྟོག་ཐམས་ཅད་དབྱིངས་སུ་འགག་ནས་འོད་གསལ་བྱང་ཆུབ་སེམས་ཀྱི་གནས་ལུགས་མངོན་དུ་ཤར་བའི་ངང་ལ་མཉམ་པར་འཇོག་པ་སོགས་ཀྱི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་བུའི་ཐེག་པ་འོག་མ་པ་འདི་རྣམས་ཀྱི་བླང་དོར་རྩོལ་སྒྲུབ་ལ་བརྟེན་ནས་ལམ་བསྒོམ་པ་འདི་དག་ནི་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་གདུལ་བྱའི་བློ་རིམ་དང་འཚམས་པར་བསྟན་པའི་མཚན་མ་དམིགས་པའི་ཡུལ་ལ་ཞེན་པ་ཡིན་པའི་ཕྱིར་ན་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ཏེ་མཚན་མེད་རྫོགས་པ་ཆེན་པོའི་དགོངས་དོན་བསལ་བཞག་བྲལ་བའི་གནས་ལུགས་རྟོགས་པ་མ་ཡིན་པས། དམིགས་བཅས་མཚན་མའི་ཏིང་ངེ་འཛིན་འདིར་དེ་འདྲ་བསྒོམ་དུ་ཡོད་པར་སྟོན་པ་ཀུན་བྱེད་རྒྱལ་པོས་ལུང་མ་བསྟན་ཞེས་མཚན་མའི་བསྒོམ་པ་དེ་དག་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་གོལ་སར་བསྟན་པ་སྟེ། ལ་ཟློ་ལས། སེམས་ཉིད་ངོ་བོ་མངོན་དུ་བྱུང་བ་ཡི། །སྣང་སྲིད་ལྟ་བའི་ཆོ་འཕྲུལ་ཤར་བ་ལ། །ཡིད་འཇོག་སེམས་ཀྱི་སྒོམ་པར་མ་བྱེད་ཅིག །རང་བྱུང་སྒོམ་པ་རྫོགས་པར་མ་བསྒོམ་ན། །བསྒོམས་པས་སྣང་སྲིད་བསྒོམ་གྱིས་མི་ལང་ཞིང་། །བསྒོམས་དང་མ་བསྒོམ་ཡོན་ཏན་མཉམ་པ་ལ། །འོག་མ་པ་བཞིན་དམིགས་པའི་བསྒོམ་པ་ཡིས། །གང་བསྒོམས་རྩོལ་བའི་ནད་ཀྱིས་ཟིན་པ་ལས། །ཆོས་ཉིད་དོན་དུ་འགྱུར་བ་གཅིག་ཀྱང་མེད། །མ་བསྒོམ་ངན་དུ་སོང་བའི་རྒྱུ་མེད་པས། །བསྒོམ་དང་མི་བསྒོམ་དགོངས་པ་མ་ལེན་ཅིག །ཅེས་གསུངས་པ་ལྟར་རོ། །གཉིས་པ་རྣལ་བཞག་ཆེན་པོའི་དགོངས་པ་བཤད་པ་ལ་བཞི་སྟེ། སྣ་བ་རང་སར་བཞག་པའི་བསྒོམ་པ། ཚིག་དོན་བློ་ལས་འདས་པའི་བསྒོམ་པ། ཡེངས་མེད་སྤྲོས་དང་བྲལ་བའི་བསྒོམ་པ། གཉིས་མེད་བསམ་ཡུལ་འདས་པའི་བསྒོམ་པའོ། །དང་པོ་ནི། འོ་ན་ཀུན་བྱེད་ཉིད་ཀྱི་ལྟ་བ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་རྣམ་རྟོག་བློ་ཡིས་དམིགས་སུ་མེད་པའི་བསྒོམ་པ་མ་བཅོས་རང་བབ་ཆེན་པོའི་དོན་ལུང་བསྟན་པ་ནི། འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་རྣམས་མ་ལུས་པ་ཀུན་གདོད་ནས་སྐྱེ་བ་མེད་པ་རང་བཞིན་གྱི་རྣམ་པར་དག་པའི་ངང་ནས་ཡེ་ནས་འདའ་བ་མེད་པའི་རང་བབ་གཉུག་མའི་ཏིང་ངེ་འཛིན་ཏེ། དེ་ལྟ་བུའི་རིག་པ་རང་གནས་ཀྱི་ཏིང་ངེ་འཛིན་དེ་ནི་བསྒོམ་པས་བཟང་དུ་འགྲོ་བ་དང་མི་བསྒོམ་པས་ངན་དུ་འགྲོ་བ་ལྟ་བུའི་རྐྱེན་ལ་རག་མ་ལུས་པ་ཡིན་པས་བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་དམིགས་པའི་ཡུལ་གང་དུ། རྣམ་པ་ཇི་ལྟར་བཞག་པའི་ཚུལ་དུ་ཞེན་འཛིན་གྱི་དམིགས་པ་གང་ཡང་མེད་པར་བྱ་བྱེད་རྩོལ་སྒྲུབ་ཀྱིས་མ་བཙལ་བར་ཕྱི་ནང་སྣང་སྲིད་ཀྱི་ཆོས་གང་སྣང་ཅི་ཤར་ཐམས་ཅད་ལ་ཞེན་འཛིན་དང་སྤང་བླང་ཅི་ཡང་མི་བྱ་བར་མ་བཅོས་རང་སར་དུ་བཞག་པས་ཕྱི་སྣོད་བཅུད་ཀྱི་སྣང་བ། ནང་ཚོགས་དྲུག་གི་རོལ་པ་གང་སྣང་ཐམས་ཅད་ཆོས་ཉིད་མཉམ་གདལ་ཆེན་པོ་གཅིག་ཏུ་གྲོལ་བ་ནི་ཀུན་བྱེད་བྱང་ཆུབ་སེམས་ཀྱི་བསྒོམ་པ་མ་བཅོས་རང་བབ་ཀྱི་ཏིང་ངེ་འཛིན་ཡིན་པར་གསུངས་པའོ། །གཉིས་པ་ནི། ཀྱེ་གོང་དུ་བཤད་པ་དེ་ལྟ་བུའི་རྫོགས་པ་ཆེན་པོ་ལྟ་བ་བསྒོམ་དུ་མེད་པར་སྟོན་པའི་མན་ངག་ཟབ་མོ་འདི་དག་ལ་བརྗོད་བྱ་ཕྱི་ནང་གི་ཆོས་གང་ཡང་གྲུབ་པ་མེད་ཅིང་བརྗོད་བྱེད་ཚིག་དང་སྒྲ་ལས་ཀྱང་འདས་པའི་དོན་ཡིན་པའི་ཕྱིར་ན་སྔ་རབས་ཏེ་འདས་པའི་དུས་སུ་ཀུན་བྱེད་རྒྱལ་པོས་བསྒོམ་པ་དང་མི་བསྒོམ་པ་གང་དུ་ཡང་ལུང་མ་བསྟན་ལ། ཕྱི་རབས་ཏེ་མ་འོངས་པ་ཡི་དུས་སུ་ཡང་སྟོན་པ་ཀུན་བྱེད་རྒྱལ་པོས་དེ་ལྟར་ལུང་མི་སྟོན་ཞིང་། ད་ལྟར་གྱི་སྐབས་སུ་ཡང་ཀུན་བྱེད་རྒྱལ་པོས་མ་བཅོས་མཉམ་པ་ཉིད་ཀྱི་རང་བཞིན་ལས་གཞན་པའི་བསྒོམ་དང་མི་བསྒོམ་ལ་སོགས་པའི་དམིགས་འཛིན་བློ་ཡི་སྤྱོད་ཡུལ་དུ་གྱུར་པ་གང་ཡང་ལུང་བསྟན་པར་མཛད་པ་མེད་དོ་ཞེས་པའོ། །གསུམ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་མ་ནོར་དགོངས་པའི་དོན་ཇི་བཞིན་པ་གདུལ་བྱ་རྣམས་ལ་ལུང་བསྟན་པ་ནི་ཇི་ལྟར་ན། ཡོད་མེད་ཀྱི་སྒྲོ་སྐུར་ཐམས་ཅད་ལས་འདས་པ་ཆོས་ཉིད་དོན་གྱི་སྙིང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ། ལ་ལས་བསྒོམ་དུ་ཡོད་པར་སྨྲ་བ་དང་ལ་ལས་མི་བསྒོམ་པར་འཇོག་པར་བྱའོ་ཞེས་བསྒོམ་དུ་ཡོད་མེད་སོ་སོའི་ཕྱོགས་བཟུང་ནས་རྩོད་པར་བྱེད་པ་ནི། བསྒོམ་པ་དང་མི་བསྒོམ་པ་གཉིས་ཀའི་སྤྱོད་ཡུལ་ལས་འདས་པའི་ནམ་མཁའ་འདི་ལ་བསྒོམ་མི་བསྒོམ་ཞེས་རྩོད་པ་དང་འདྲ་ལ། དེས་ན་སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་འདི་ཉིད་རྣམ་རྟོག་མཚན་མའི་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་ན་བསྒོམ་དང་མི་བསྒོམ་གྱི་ཐ་སྙད་གཉིས་ཀའི་ཡུལ་ལས་འདས་པར་རྟོགས་པའི་དོན་ལས་གཞན་དུ་མ་ཡེངས་པའམ་རེ་དོགས་རྩོལ་སྒྲུབ་ཀྱི་རྟོག་པས་མ་བསྐྱོད་པ་ནི་ཆོས་སྐུ་ཀུན་བྱེད་རྒྱལ་པོ་མ་བཅོས་མཉམ་པ་ཆེན་པོའི་དགོངས་པ་སྟེ། ནམ་མཁའ་ཀློང་ཡང་ལས། གང་གིས་མ་སྒྲིབ་གཉིས་མེད་རིག་པའི་སེམས། །རང་ཤར་ཡེ་ནས་དག་པའི་འོད་གསལ་ཏེ། །གང་བབས་རང་བཞག་སྒོམ་པའི་རྒྱལ་པོ་མཆོག །དྲན་བསམ་བློ་ལས་འདས་པར་མཁྱེན་པར་མཛོད། །ཅེས་གསུངས་པ་ལྟར་ལ། དེ་ལྟ་བུའི་དགོངས་པ་ཟབ་མོ་དེ་ནི་དམིགས་མཚན་སྤྲོས་པའི་མཐའ་གང་ལའང་མི་གནས་པས་དངོས་པོ་ཡི་ཆོས་སུ་གྲུབ་པ་མ་ཡིན་ཞིང་། དངོས་པོ་མེད་པའང་མ་ཡིན་ལ་བསྒོམ་དུ་ཡོད་མེད་ལ་སོགས་པའི་ཕྱོགས་སུ་གནས་པའང་མིན་ཞིང་གདོད་ནས་གཞི་རྩ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་ཕྱོགས་ལས་འདས་པའང་མ་ཡིན་པར་བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་རང་བཞིན་དུ་རྟོགས་པས་བསྒོམ་པ་དང་མི་སྒོམ་པའི་ཕྱོགས་གང་ལ་ཡང་གནས་པར་མི་བྱེད་པར་གསུངས་སོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་གདོད་ནས་གཉིས་མེད་བསམ་ཡུལ་ལས་འདས་པ་ཡིན་པའི་ཕྱིར། དོན་དེ་ལ་བསྒོམ་པར་བྱ་བ་དང་མི་སྒོམ་པར་འཇོག་པ་གང་དུའང་མཚོན་ཞིང་བསྟན་པར་མི་ནུས་པར་གསུངས་བ་དེ་ལྟར་དུ། སྙིང་པོ་རང་བྱུང་གི་ཡེ་ཤེས་མ་བཅོས་ཇི་བཞིན་པའི་དོན་ལ་གནས་པའི་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་དང་། རྒྱལ་སྲས་སེམས་དཔའ་རྡོ་རྗེ་ཁྱེད་རྣམས་ཀྱང་ཚུལ་དེ་ལྟ་བུའི་དམིགས་མེད་བསམ་བརྗོད་ལས་འདས་པའི་དོན་ལ་བསྒོམ་པ་དང་། བསྒོམ་མེད་གང་དུའང་མི་འཛིན་པ་རེ་དོགས་སྤང་བླང་ལས་འདས་པའི་དོན་ལ་གནས་པར་བྱའོ། །ཞེས་པ་སྟེ། སྔ་མ་ལས། སྒོམ་མེད་དོན་དེ་བསྒོམས་པས་མཐོང་མི་འགྱུར། །དཔྱད་པས་མི་ཤེས་རྟོག་པའི་གཟེབ་ལས་འདས། །སྒོམ་མེད་བསྒོམས་ན་སྒོམ་པའི་གཟེབ་ཏུ་འཆིང་། །གོམས་པས་ཕྱིན་ན་འགྲོ་འོང་མི་འཆད་བཞིན། །མ་བསྒོམས་ལྷུག་པ་ཐ་མལ་སེམས་ལ་འཆར། །རང་སར་བསྡད་ན་འགྲོ་འོང་མེད་པ་བཞིན། །དཔྱད་ཀྱང་མི་མཐོང་རྟོག་པའི་འཕྲོ་འདུ་ཉིད། །ཞེན་པའི་ཕྲེང་ཐག་ཡིན་པས་དགོས་པ་མེད། །གནས་ལུགས་དོན་ལ་སེམས་ཀྱི་དྲན་བསམ་ཞོག །ཅེས་གསུངས་པ་ལྟར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལྟ་བུར་མ་ཟད་སྒོམ་མེད་ཀྱི་དོན་ཡིན་ཡང་དེ་ལ་ཆེད་དུ་གནས་པར་བྱེད་པའི་བློ་ཡོད་ན་ད་དུང་རྣམ་རྟོག་མཚན་མའི་གཟེབ་ལས་མ་འདས་པ་ཡིན་པས་དྲན་བསམ་གྱི་དམིགས་གཏད་གང་ཡང་མི་བྱེད་པར་གདམས་པའོ། །གསུམ་པ་གོམས་པའི་ཡོན་ཏན་ལ་གཉིས་ཏེ། བསྒོམ་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དང་། རྣལ་བཞག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ལ་གནས་པའོ། །དང་པོ་ནི། ཀྱེ་དུས་གསུམ་གྱི་རྒྱལ་བ་མ་ལུས་པ་ཀུན་གྱི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཡིས། གདོད་ནས་སྐྱེ་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་གཤིས་ལུགས་མི་རྟོག་མཉམ་པ་ཆེན་པོའི་དགོངས་པ་ལ་མིང་གི་བརྡ་དང་ཐ་སྙད་ཀྱི་ཚིག་ཏུ་འདི་དང་འདི་ལྟ་བུའོ་ཞེས་སྔར་ཡང་མ་བསྟན་ལ་ད་ལྟ་མི་སྟོན་ཞིང་མ་འོངས་པ་ན་བསྟན་པར་མི་མཛད་ཏོ། །དེ་ཅིའི་ཕྱིར་ཞེ་ན་རྫོགས་ཆེན་ཨ་ཏི་ཡོ་ག་ཡེ་གྲོལ་བློ་འདས་ཆེན་པོའི་ལྟ་བ་སེམས་འཛིན་རྩེ་གཅིག་པས་བསྒོམ་དུ་མེད་པར་ངང་བཞག་ཆུ་བོ་རྒྱུན་གྱི་དགོངས་པ་མ་བཅོས་རྣལ་བཞག་ཆེན་པོའི་དོན་འདི་རྟོགས་པར་གྱུར་ན། ཆོས་ཉིད་གཤིས་ཀྱི་གནས་ལུགས་དེ་བསྒོམ་པ་དང་མི་བསྒོམ་པར་འཛིན་པ་སོགས་རེས་འཇོག་གི་བློ་དང་སྒྲ་ཚིག་གི་བརྗོད་པ་ཐམས་ཅད་དོན་ལ་མི་གནས་པས་ལོག་པའི་ལམ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྫོགས་པ་ཆེན་པོའི་ལམ་དུ་ཡང་ཕྱིན་ཅི་ལོག་པ་དང་མ་ལོག་པའི་དབྱེ་བ་བསྟན་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རྟོགས་པར་ཐེག་པ་འོག་མ་རྣམས་ཀྱི་འདོད་པ་ལྟར་དུ་བཟང་ངན་སྤང་བླང་གི་མཐའ་ལ་གནས་པ་མ་ཡིན་ནམ་ཞེ་ན། འདི་ལྟར་དུས་གསུམ་གྱི་རྒྱལ་བ་རྣམས་ནི་མཐའ་ཡས་པའི་འགྲོ་བ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པར་མཛད་པའི་དེད་དཔོན་དམ་པའི་རང་བཞིན་ཡིན་ལ། སངས་རྒྱས་དེ་དག་གི་དགོངས་པ་མཐར་ཐུག་པ་ནི་ཨ་ཏི་རྫོགས་པ་ཆེན་པོའི་གནས་ལུགས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པ་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བའི་རང་བཞིན་ཡིན་པས་དོན་དེ་ཇི་བཞིན་དུ་ཐུགས་སུ་ཆུད་པར་གྱུར་ན་དེ་ལྟར་རྟོགས་པའི་རྣལ་འབྱོར་དམ་པ་དེ་ཡི་ངོ་ཁ་ལ་ཕྱིན་ཅི་ལོག་པ་དང་མ་ལོག་པའི་བཟང་ངན་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པས་རྫོགས་པ་ཆེན་པོའི་དགོངས་དོན་ལ་བཟང་ངན་སྤང་བླང་གི་དབྱེ་བ་མེད་མོད་གནས་སྐབས་སུ་གང་ཟག་གི་བློ་ལ་ལྟོས་ནས་ཨ་ཏིའི་གོལ་ས་བཅད་ཕྱིར་དེ་ལྟར་བསྟན་པ་ཡིན་ནོ། །དེས་ན་རྫོགས་པ་ཆེན་པོའི་དགོངས་པ་ཇི་བཞིན་དུ་རྟོགས་ན་བསྒོམ་པ་དང་མི་བསྒོམ་པ་ལ་སོགས་གང་ལྟར་བྱས་ཀྱང་མི་འགལ་བར་གཉིས་འཛིན་མཚན་མའི་མདུད་པ་ཐམས་ཅད་ངང་གིས་གྲོལ་བ་ཡིན་པར་གསུངས་ཏེ། ཀློང་ཆེན་ལས། ཨ་ཏིའི་བསྒོམ་པ་དམིགས་གཏད་མེད། །བསྒོམས་ཀྱང་སྐྱོན་གྱིས་མ་གོས་ཏེ། །རང་བྱུང་རོལ་པ་རང་ལ་ཤར། །མ་བསྒོམ་མཚན་མ་རང་སར་གྲོལ། །རང་བྱུང་གཉིས་མེད་བསྒོམ་པ་ཡིས། །བསྒོམ་དུ་ཡོད་དང་མེད་པའི་ཕྱོགས། །གཉིས་སུ་འཛིན་པའི་མདུད་པ་བཀྲོལ། །ཞེས་གསུངས་པ་དང་། ཟབ་མོ་ཡང་ཏིག་ལས། གང་ལ་སྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བྱེད་ཡོད། །གཞི་བྲལ་ལམ་འགགས་འབྲས་བུའི་ཞེན་པ་ཟད། །ཐེག་པའི་ཞེ་འདོད་རྡུལ་ཙམ་མི་གནས་པ། །དེ་ལ་ལས་མེད་རྣམ་སྨིན་གོས་པ་མེད། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་གྲོལ། །ཞེས་པ་ལྟར་རོ། །གཉིས་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཐམས་ཅད་ཡེ་གྲོལ་བློ་ལས་འདས་པའི་རང་བཞིན་ཡིན་པས་གང་ཡང་བསྒོམ་དུ་མེད་པར་ལུང་ཕོག་པ་དེ་ལྟར། སྔར་གྱི་སངས་རྒྱས་རྣམས་ཀྱིས་མ་བསྒོམས་ཤིང་དེ་བཞིན་དུ་སླད་ཀྱིས་འབྱོན་པའི་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་བསྒོམ་དུ་མེད་པར་ཆོས་ཐམས་ཅད་བྱར་མེད་ཡེ་སངས་རྒྱས་པའི་རང་བཞིན་དུ་རྟོགས་ཤིང་གོམས་པ་པ་གདེང་དུ་གྱུར་ནས་རེ་དོགས་རྩོལ་སྒྲུབ་ཀྱི་བློ་དང་བྲལ་བའི་སྐལ་ལྡན་རྣལ་འབྱོར་གྱིས་གང་ཟག་སུ་ཞིག་ཡིན་ཡང་རུང་སྟེ་ཞེས་ལྟར་སྣང་ལ་བཟང་ངན་ཇི་ལྟར་དུ་སྣང་ཡང་དོན་ལ་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་དང་དབྱེར་མེད་དུ་སངས་རྒྱས་པ་ཡིན་པར་ལུང་བསྟན་ཏོ། །ཞེས་གསུངས་སོ། །ལེའུ་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྒོམ་དབྱེར་མེད་དུ་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའི་འགྲེལ་པའོ།། ༈ །།གཉིས་པ་དམ་ཚིག་བསྲུང་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་གཉིས་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རྫོགས་པ་ཆེན་པོའི་ལྟ་བ་བསྒོམ་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་དམ་ཚིག་བསྲུང་དང་མི་བསྲུང་གི་དབྱེ་བ་མེད་པས་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པ་མ་བཅོས་མཉམ་པ་ཆེན་པོ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་གནས་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྲུང་མཚམས་ཅན་གྱི་དམ་ཚིག་གོལ་སར་བསྟན་པ་དང་། བསྲུང་མེད་དོན་གྱི་དགོངས་པ་བཞག་ཐབས་བསྟན་པའོ། །དང་པོ་ནི། དེ་ལ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་ཇི་སྲིད་དུ་རིག་པ་བྱང་ཆུབ་སེམས་ཀྱི་རང་ཞལ་མངོན་དུ་མ་མཐོང་བར་གཟུང་འཛིན་རྣམ་རྟོག་གི་རྫས་སུ་བསྙེགས་ཏེ་འཁོར་འདས་སྤང་བླང་ལ་སོགས་པ་འདུས་བྱས་མཚན་མའི་ལམ་ལ་གནས་པའི་བར་དེ་སྲིད་དུ་དམ་ཚིག་བསྲུང་བ་དང་མི་བསྲུང་བའི་ཁྱད་པར་གཉིས་སུ་མཐོང་བ་ཡི་དབང་གིས་ཆོས་ཉིད་རྣལ་མའི་དོན་ཇི་བཞིན་པ་རྟོགས་པར་མི་ནུས་པ་དེས་ན། དེ་ལྟ་བུའི་གང་ཟག་རྣམས་ལ་དགོངས་ནས་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རྩ་བ་དང་ཡན་ལག་བཅས་པ་ཡི་དམ་ཚིག་ཐམས་ཅད་མི་ཉམས་པར་བསྲུང་བར་བསྟན་པ་དང་ཉམས་པའི་ཉེས་པ་དང་མ་ཉམས་པའི་ཡོན་ཏན་སོགས་གསུངས་པ་ལྟར་རེ་དོགས་བླང་དོར་གྱི་མཐའ་ལ་གནས་པ་དེ་ནི་ཨ་ཏི་རྫོགས་པ་ཆེན་པོའི་གོལ་སར་བསྟན་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་བསྲུང་མཚམས་ལས་འདས་པ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། བསྲུང་དང་མི་བསྲུང་ལས་འདས་པའི་ངོ་བོས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་སྣང་སྲིད་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ཆོས་ཉིད་དེ་བཞིན་ཉིད་སྤང་བླང་བྱ་རྩོལ་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཡིན་ཞིང་། དེ་བཞིན་ཉིད་དེ་ལ་གཟུང་འཛིན་གྱི་སྤྲོས་པ་གང་ཡང་མེད་པའི་ཕྱིར་ན། ཇི་ལྟར་སྣང་བའི་ཆོས་འདི་རྣམས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་ལས་འདས་པ་དེ་ལྟར་གང་ཟག་གང་གིས་རྟོགས་པ་དེ་ལ་དམ་ཚིག་བསྲུང་བ་དང་མི་བསྲུང་བའི་རྣམ་རྟོག་གི་འདུ་ཤེས་འཇུག་པ་མེད་པས་དམ་ཚིག་ལ་ལེགས་ཉེས་རེ་དོགས་སུ་ཞེན་པའི་བློ་ཡིས་ཅིར་ཡང་བསྲུང་དུ་མེད་པ་ཡིན་ཏེ། ཀུན་ཏུ་བཟང་པོའི་ཆེ་བ་རང་ལ་གནས་པ་ལས། དད་དང་བདག་དང་ཕྱོགས་དང་རིས། །མི་མཐུན་སྐྱོན་གྱི་བྱེ་བྲག་ཀྱང་། །ཀུན་ཏུ་བཟང་པོར་དབྱེར་མེད་ལ། །ལེགས་ཉེས་རྟོག་པས་བསྲུང་དུ་མེད། །ཅེས་པ་ལྟར་རོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། བསྲུང་མཚམས་མེད་པའི་དོན་ལ་གོམས་ཚུལ་དང་། དེ་ལྟར་གོམས་པའི་ཕན་ཡོན་བཤད་པའོ། །དང་པོ་ལ་གསུམ་སྟེ། ལྷུན་གྲུབ་འདའ་ཉམས་མེད་པས་བསྲུང་མཚམས་མེད་པའི་དོན་ལ་གནས་ཚུལ། གང་ཤར་རང་སར་གྲོལ་བས་བསྲུང་མཚམས་མེད་པའི་ངང་ལ་གནས་ཚུལ། ཡེངས་མེད་དབང་བསྒྱུར་ཐོབ་པས་བསྲུང་མཚམས་མེད་པའི་ངང་ལ་གནས་ཚུལ་བསྟན་པའོ། །དང་པོ་ནི། ཀྱེ་སྙིང་པོ་རང་བྱུང་གི་ཡེ་ཤེས་ང་ནི་བླང་དོར་འབད་རྩོལ་གང་གིས་ཀྱང་མ་བཅོས་པའི་གནས་ལུགས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་མཉམ་པ་ཉིད་བསྲུང་བྱ་སྲུང་བྱེད་ཀྱི་མཐའ་ལས་འདས་པ་ཡིན་པས། དེ་ལ་སྲུང་བྱེད་ཀྱི་གཉེན་པོ་མི་བསྟན་ལ་བསྲུང་བྱའི་ཡུལ་ལ་རྩོལ་བས་འཇུག་པར་ཡང་མི་བྱེད་དེ། དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་ལྷུན་གྱིས་གྲུབ་པའི་དོན་ལས་ནམ་ཡང་འདའ་བ་མེད་པར་ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ཆེན་པོ་གཅིག་གི་རང་བཞིན་དུ་གནས་པའི་དམ་ཚིག་འདི་ལ་འདའ་ཉམས་གང་ཡང་མེད་པས་ཆེད་དུ་བསྲུང་བ་མེད་པ་ཡིན་ཏེ། དོན་གསལ་ལས། དམ་ཚིག་དོན་ལ་མི་འདའ་བ། །ཐམས་ཅད་ནམ་མཁའི་ངང་ལས་མི་འདའ་ལྟར། །རང་རིག་ཡེ་ཤེས་དོན་ལས་འདའ་བ་མེད། །འདའ་མི་སྲིད་པའི་དམ་ཚིག་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་པ་དེས་ན་རང་བྱུང་རིག་པའི་ཡེ་ཤེས་ཀྱི་དོན་མ་ནོར་བར་རྟོགས་པར་བྱེད་པའི་བློ་མ་འཁྲུལ་པ་ཡི་ཚད་མ་ཡིས་དམ་ཚིག་བསྲུང་བ་ལ་སོགས་པའི་བྱ་བྱེད་ཀྱི་རྩོལ་བ་གང་གིས་ཀྱང་མ་བཅོས་པའི་སེམས་ཉིད་སྙིང་པོའི་དོན་ལ་འཇུག་པར་བྱེད་དོ། །དེ་ཡང་དོན་ལ་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་སྐྱེ་མེད་སྤྲོས་མཚན་དང་བྲལ་བའི་ཐུགས་ཀྱི་དབྱིངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་ཡེ་ནས་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ཡིན་པས། དེ་ལ་འཇུག་པ་དང་མི་འཇུག་ཅེས་པའི་མཐའ་ཙམ་ལའང་རང་བྱུང་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་མི་གནས་པས་ན་མ་བཅོས་སྙིང་པོའི་དོན་ལ་འཇུག་པར་གསུངས་པ་དེ་ཡང་བཅོས་བསྒྱུར་སྤང་བླང་གི་བྱ་བ་གཞན་འགོག་པའི་ཆེད་དུ་ཐ་སྙད་མཚོན་པ་ཙམ་ལས་དོན་ལ་འཇུག་བྱ་འཇུག་བྱེད་གཉིས་སུ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་མཚམས་ལས་འདས་པའི་དོན་ལ་གོམས་པར་གྱིས་ཤིག །དེ་ཡང་ཀུན་བྱེད་ཆོས་སྐུའི་དགོངས་དོན་གང་ཞིག་སེམས་ཅན་རྣམས་ལ་རང་ཆས་ལྷུན་གྲུབ་ཀྱི་ཚུལ་དུ་འབྲལ་བ་མེད་ཀྱང་རང་གསང་ཐབས་ཀྱིས་ཆོད་དེ་མ་རྟོགས་པར་བསྐལ་དོན་དུ་སོང་བའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་རང་ལ་མངོན་སུམ་དུ་མ་ཤར་ན་ཆོས་ཉིད་དོན་གྱི་གནས་ལུགས་ཟབ་མོ་དེ་ཚིག་དང་སྒྲ་ཡི་ཡུལ་ལ་འཛིན་ཅིང་ཞེན་པའི་རྟོག་པ་གོམས་པ་དག་ཀུན་བྱེད་ང་ཡི་དམ་ཚིག་འདའ་ཉམས་མེད་པར་སྟོན་པའི་ལུང་འདི་དང་ཕྲད་པར་མི་འགྱུར་ལ། འོན་ཀྱང་དམ་ཚིག་བསྲུང་དུ་མེད་པའི་རང་བཞིན་དམ་པའི་མཆོག་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་པ་ཚོགས་དྲུག་ཡུལ་སྣང་དང་བཅས་པ་ཐམས་ཅད་གང་ཤར་རང་སར་གྲོལ་བས་བསྲུང་བའི་མཚམས་ལས་འདས་པ་འདི་ནི། དུས་དང་རྣམ་པ་ཀུན་ཏུ་འགྲོ་བ་ཀུན་གྱི་རྒྱུད་ལ་ཡེ་ནས་མ་བསྲུང་བཞིན་དུ་ཉམས་པའི་སྐྱོན་རྡུལ་ཙམ་ཡང་མེད་པར་གནས་པ་ལ། དེ་ལྟ་བུའི་ཀུན་བྱེད་ང་ཡི་དགོངས་པ་ཟབ་མོ་འདི་ཉིད་མ་གོམས་ན་དེ་ལས་གཞན་དུ་ཐེག་པ་འོག་མའི་ལུགས་བཞིན་ཏུ་ཇི་ལྟར་བསྲུང་བར་བྱས་ན་ཡང་། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་བསྲུང་མཚམས་མེད་པའི་དོན་ལས་གཞན་དུ་གོལ་བ་ཡིན་པས་ཚི་ཆད་ཀྱི་ནང་དུ་འགྱུར་བ་ཙམ་ལས་དོན་འབྲས་ཐོབ་ཏུ་མེད་པར་གསུངས་པའོ། །གསུམ་པ་ནི། ཀྱེ་སྟོན་པ་ཀུན་བྱེད་ང་ཡི་དགོངས་པ་གོང་དུ་ཇི་ལྟར་བསྟན་པ་དེ་ལྟ་བུའི་བསྲུང་མཚམས་ལས་འདས་པའི་དམ་ཚིག་འདི་ལ་གོམས་དགོས་པའི་རྒྱུ་མཚན་ནི། ཐེག་པ་འོག་མ་བ་རྣམས་ཀྱི་འདོད་པ་ལྟར་མ་ཡེངས་རྩེ་གཅིག་ཏུ་གནས་པའི་དྲན་པས་མཉམ་རྗེས་རེས་འཇོག་ཅན་དུ་བསྒོམས་པས་དངོས་པོ་མཚན་མར་སྣང་བའི་ཆོས་ཐམས་ཅད་ད་གདོད་ཡེ་ཤེས་སུ་མ་བཅོས་ཤིང་གང་ཟག་སུས་ཀྱང་བྱ་བྱེད་སྤང་བླང་གི་སྒོ་ནས་དེ་ལྟར་ཡེ་ཤེས་ཀྱི་རང་བཞིན་དུ་མ་བྱས་བཞིན་ཏུ་གདོད་ནས་གཉིས་མེད་ཡེ་ཤེས་ཆེན་པོའི་ངོ་བོར་རང་བྱུང་བ་སྟེ་རང་བྱུང་གི་ཡེ་ཤེས་གཅིག་གི་བདག་ཉིད་ཡིན་པ་ལ། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་ཤེས་པས་འཁྲུལ་པར་གྱུར་པ་དང་། ཐེག་པ་འོག་མ་བ་རྣམས་ཀྱི་ཀྱང་ཚུལ་དེ་ཉིད་མ་རྟོགས་པའི་དབང་གིས་དགག་སྒྲུབ་སྤང་བླང་གི་མཐའ་ལ་གནས་པ་ཡིན་པས། སྐྱོན་དེ་དག་ལས་གྲོལ་བའི་ཆེད་དུ་དམ་ཚིག་འདའ་ཉམས་མེད་པའི་དོན་དེ་ལ་གོམས་ཤིང་རིག་པས་དབང་བསྒྱུར་བར་བྱས་ན་དམ་ཚིག་བསྲུང་བ་དང་མི་བསྲུང་བའི་དབྱེ་བ་མེད་པའི་དགོངས་པ་ཟབ་མོ་དེ་ཇི་བཞིན་དུ་རྟོགས་པར་འགྱུར་བ་དང་། དེ་བཞིན་དུ་ཇི་ལྟར་སྣང་བའི་ཕྱི་ནང་གི་ཆོས་འདི་རྣམས་ཐམས་ཅད་ཀུན་སེམས་ཉིད་རང་བྱུང་གི་སྙིང་པོར་ཡེ་ནས་ལྷུན་གྱིས་གྲུབ་ཅིང་མ་འགགས་པར་རང་གསལ་བས་སྤང་བླང་བཅོས་བསྒྱུར་ཅི་ཡང་མི་དགོས་པར་རྟོགས་ཤིང་རིག་པས་དབང་བསྒྱུར་བས། ཀུན་བྱེད་རྒྱལ་པོས་བྱས་པའི་འཁོར་འདས་ཀྱི་ཆོས་རྣམས་ལ་རིག་པ་མྱ་ངན་ལས་འདས་པ་དང་མ་རིག་པ་འཁོར་བའི་སེམས་ཅན་དུ་འཛིན་པ་གཉིས་ཀའི་རྣམ་པར་དབྱེ་བའི་ཡུལ་ལས་ཀྱང་འདས་ཏེ་འཁོར་འདས་མཉམ་རྫོགས་ཆེན་པོ་བཟང་ངན་བླང་དོར་ལས་འདས་པའི་དོན་ལ་མཐར་ཕྱིན་པའི་དགོས་པ་ཡོད་པར་གསུངས་སོ། །གཉིས་པ་དེ་ལྟར་གོམས་པའི་ཕན་ཡོན་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། རྫོགས་པ་ཆེན་པོའི་དམ་ཚིག་ཡེ་ནས་འདའ་ཉམས་མེད་པའི་རང་བཞིན་ཅན་དེ་རེ་དོགས་འབད་རྩོལ་གྱི་སྒོ་ནས་བསྲུང་བ་དང་མི་བསྲུང་བའི་ཡུལ་ལས་འདས་པ་ཡིན་པར་བསྟན་པ་དེ་ལྟར། སེམས་དཔའ་རྡོ་རྗེས་དོན་དེ་ལྟ་བུ་ལ་གོམས་པར་བྱས་ནས་སྟོན་པ་ཀུན་བྱེད་ང་ཡི་འཁོར་དུ་གནས་པ་ཐམས་ཅད་ལ་ཚུལ་དེ་ལྟར་ལུང་སྟོན་ཅིག་དང་། ཀུན་བྱེད་ང་ཡི་འཁོར་རྣམས་ལ་དེ་ལྟར་ལུང་བསྟན་པར་མཛད་ན། དམ་ཚིག་བསྲུང་བ་ལ་སོགས་པ་རྩོལ་སྒྲུབ་བྱ་བའི་ཡུལ་ལ་འདུ་ཤེས་ཤིང་བླང་དོར་གྱི་ཚུལ་ལ་འཇུག་པའི་རྩོལ་བཅས་ཀྱི་ཐེག་པ་བ་རྣམས་ཀྱི་ཞེན་འཛིན་འཆིང་བའི་ལམ་ལས་གྲོལ་བར་འགྱུར་བ་དང་། ཆོས་རྣམས་སྐྱེ་བ་མེད་པ་རྟོགས་པས་རྣམ་རྟོག་གི་མཚན་མ་ཀུན་ཀྱང་མ་སྤང་རང་བཞིན་དུ་ཞི་བར་འགྱུར་བ་དང་། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་ཐུགས་དང་གཉིས་སུ་མེད་པར་གྲོལ་བར་འགྱུར་ཞིང་། གདོད་མའི་གཏན་སྲིད་ལ་དབང་འབྱོར་བའི་ཡོན་ཏན་ཡོད་པ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། སྒོ་གསུམ་བྱ་བྲལ་ཆེན་པོར་ཀློད་པ་དང་། དེ་ཉིད་བསྲུང་མཚམས་ལས་འདས་པར་བསྟན་པའོ། །དང་པོ་ནི། ཀྱེ་གནས་ལུགས་རང་བྱུང་གི་ཡེ་ཤེས་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས་པ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་དེ། ང་ཡི་རང་བཞིན་ལ་ཡོད་པར་སྒྲོ་འདོགས་པ་དང་མེད་པར་སྐུར་བའི་ཡུལ་དུ་གྲུབ་པ་གང་ཡང་མེད་པས་དེ་ལྟ་བུའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཇི་བཞིན་དུ་རྟོགས་པར་འདོད་ན་ཡོད་མེད་ལ་སོགས་པ་སྤྲོས་པའི་མཐའ་གང་ལ་ཡང་སེམས་པར་མ་བྱེད་ལ། དམིགས་གཏད་མཚན་མར་ཞེན་པའི་ཏིང་ངེ་འཛིན་ཀྱང་བསྒོམ་པར་མ་བྱེད་པར། མདོར་ན་བྱ་བྱེད་རྩོལ་སྒྲུབ་གང་གིས་ཀྱང་རང་གི་སྒོ་གསུམ་བཅོས་པར་མི་བྱ་བར་མ་བཅོས་ལྷུག་པར་བཞག་པར་མཛོད་ཅིག་ཅེས་གདམས་པ་སྟེ། ཀློང་དྲུག་ལས། དེ་ལྟར་གནས་པའི་ངོ་བོ་ལ། །ལྟ་དང་སྒོམ་དང་སྤྱོད་པས་ཀྱང་། །དེ་ཡི་ཕྱོགས་ཆ་མཐོང་བ་མེད། །སྔགས་དང་ཏིང་འཛིན་བསམ་གཏན་གྱིས། །དེ་ཡི་གྲྭ་ལ་རེག་མི་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱིས། །འདི་ལ་ཕན་དང་གནོད་པ་བྲལ། །རྒྱུད་དང་ལུང་དང་མན་ངག་གིས། །འདི་ལ་དགོས་པ་རྡུལ་ཆ་མེད། །དབང་དང་དམ་ཚིག་སྡོམ་པས་ཀྱང་། །འདི་ལ་ཕན་དང་གནོད་མ་བསྐྱལ། །ཞེས་གསུངས་པ་ལྟར་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་བླང་དོར་འབད་རྩོལ་གྱིས་ཕན་གནོད་གང་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སྒོ་གསུམ་གྱི་བྱ་བ་གང་ཡང་མི་དགོས་པར་ཆོས་ཐམས་ཅད་ཡེ་ནས་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་དུ་གྲོལ་ཟིན་པའི་རྒྱུ་མཚན་དེས་ན་ད་གཟོད་ལྷ་དང་དངོས་གྲུབ་བསྒྲུབ་པའི་ཕྱིར་དུ་གཟའ་དང་རྒྱུ་སྐར་ཚེས་གྲངས་ལ་སོགས་བཟང་པོའི་འཕྲོད་སྦྱོར་དང་ལྡན་པའི་དུས་ཚོད་ལ་ལྟོས་པ་མེད་ལ། དེ་བཞིན་དུ་གང་ཤར་ཐམས་ཅད་ཡེ་ཤེས་ཀྱི་རོལ་བ་ཡིན་པ་ལས་གཞན་པའི་ཡིད་ལ་བསྐྱེད་རྫོགས་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་མི་བྱེད་ཅིང་། སྒྲ་རུ་གྲགས་ཚད་ཐམས་ཅད་གཞོམ་མེད་རྡོ་རྗེ་སྔགས་ཀྱི་རང་སྒྲ་ཡིན་པས་དེ་ལས་གཞན་དུ་ངག་གིས་སྔགས་དང་བཟླས་པ་བྱེད་མི་དགོས་ལ། གཟུགས་སུ་སྣང་བ་ཐམས་ཅད་ཡེ་ཤེས་ཕྱག་རྒྱའི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ཡིན་པས་ལུས་ཀྱི་གར་དང་ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་ཀུན་དང་བྲལ་བ་ཡིན་ཏེ། རྫོགས་པ་རང་བྱུང་གི་རྒྱུད་ལས། ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །སྲིད་གསུམ་སེམས་ཅན་མ་ལུས་ཀུན། །གཟུགས་སུ་སྣང་བ་ཇི་སྙེད་པ། །སྣ་ཚོགས་ཕྱག་རྒྱའི་དཀྱིལ་འཁོར་ཏེ། །སྒྲ་རུ་གྲགས་པ་ཇི་སྙེད་པ། །ཐམས་ཅད་མ་ལུས་སྔགས་ཀྱི་ཚིག །སེམས་ཀྱི་རྟོག་པ་ཇི་སྙེད་པ། །ཏིང་འཛིན་འབུམ་ཕྲག་བསམ་ཡས་ཏེ། །དགེ་དང་མི་དགེའི་ལས་གང་རྣམས། །ཐམས་ཅད་སངས་རྒྱས་མཛད་སྤྱོད་དེ། །ཀུན་ནས་ཀུན་ཏུ་ཐམས་ཅད་ཀུན། །དངོས་པོ་ལ་སོགས་བརྟན་གཡོ་ཀུན། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཏེ། །ཞེས་གསུངས་པ་ལྟར་སྒོ་གསུམ་གྱི་བྱེད་སྤྱོད་ཐམས་ཅད་ཡེ་ནས་རྣམ་པར་དག་པ་རྒྱལ་བ་ཀུན་ཏུ་བཟང་པོའི་གསང་གསུམ་ཡེ་ཤེས་རྡོ་རྗེའི་རོལ་པ་ཉག་གཅིག་གི་རང་བཞིན་ཡིན་པ་ལས་བཟང་ངན་དང་སྤང་བླང་གི་དབྱེ་བ་གང་ཡང་མེད་པའི་རྒྱུ་མཚན་དེ་བས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལ་བླང་དོར་འབད་རྩོལ་གྱི་སྒོ་ནས་དམ་ཚིག་བསྲུང་བ་དང་མི་བསྲུང་བའི་ས་མཚམས་མེད་པར་ཡེ་བསྲུང་ཉམས་པ་མེད་པའི་རང་བཞིན་དུ་བཤད་དོ། །ཞེས་གསུངས་སོ། །ལེའུ་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྟ་སྒོམ་དང་དམ་ཚིག་ལ་འདར་མེད་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའི་འགྲེལ་པའོ།། ༈ །།གསུམ་པ་ཕྲིན་ལས་བཙལ་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་གསུམ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དམ་ཚིག་བསྲུང་དུ་མེད་པའི་དོན་ལ་བསྒོམ་ཚུལ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། དུས་གསུམ་གྱི་རྒྱལ་བ་ཀུན་གྱིས་ཕྲིན་ལས་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་མཛད་པར་སྣང་ཡང་ངོ་བོ་རང་བྱུང་གི་ཡེ་ཤེས་ལ་ཕྲིན་ལས་དེ་དག་བྱར་མེད་ཡེ་རྫོགས་ཆེན་པོར་གནས་པ་ལས། སྒོ་གསུམ་གྱི་བྱ་བ་མེད་ཅིང་འབད་པའི་རྩོལ་བ་ཀུན་དང་བྲལ་བར་རྟོགས་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བྱ་བཙལ་མེད་པའི་ཕྲིན་ལས་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། ཡེ་ནས་ལྷུན་གྲུབ་ཆེན་པོར་དོན་བསྡུ་བའོ། །དང་པོ་ནི། ཀྱེ་བྱ་བྱེད་ཀྱི་ལས་ལ་ལྟོས་པ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ། ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ཕྲིན་ལས་བཙལ་དུ་མེད་པའི་དོན་ལ་བསྒོམ་པའི་ཚུལ་ནི་ཇི་ལྟར་ན། ཆོས་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་གཅིག་གི་ངོ་བོར་དབྱེར་མེད་ཅིང་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་དང་བྱ་རྩོལ་ཐམས་ཅད་དང་བྲལ་བ་ཡིན་པས་ན་ཅི་ཡང་བསྒོམ་དུ་མེད་པར་རྟོགས་པ་ཡིན་ནོ་ཞེས། དེ་ཡང་ཇི་སྐད་དུ་ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱིས་ཕྲིན་ལས་མཛད་ལུགས་བསམ་མི་ཁྱབ། །རེ་ཞིག་ཕྲིན་ལས་མཛད་ལུགས་བསྟན་པ་ནི། །མ་རིག་མུན་པ་སེལ་བའི་ཕྲིན་ལས་བྱེད། །གཏི་མུག་བག་ཆགས་སེལ་བའི་ཕྲིན་ལས་བྱེད། །སྒྲིབ་གཡོགས་མུན་པ་འཇོམས་པའི་ཕྲིན་ལས་བྱེད། །དུག་ལྔ་རང་སར་གྲོལ་བའི་ཕྲིན་ལས་མཛད། །སེམས་ཅན་སངས་རྒྱས་བསྒྱུར་བའི་ཕྲིན་ལས་མཛད། །འཁྲུལ་གཞི་རྩད་ནས་གཅོད་པའི་ཕྲིན་ལས་མཛད། །འཁྲུལ་སྣང་རང་སར་གྲོལ་བའི་ཕྲིན་ལས་མཛད། །སྣང་བའི་དངོས་གཞི་གྲོལ་བའི་ཕྲིན་ལས་མཛད། །འཁོར་བའི་གནས་ནས་འདྲེན་པའི་ཕྲིན་ལས་མཛད། །སྡུག་བསྔལ་བ དེ་བར་བྱེད་པའི་ཕྲིན་ལས་མཛད། །ཐམས་ཅད་སངས་རྒྱས་ཡིན་ཤེས་ཕྲིན་ལས་ཆེན་པོ་མཛད། །ཞི་རྒྱས་དབང་དྲག་ལྟ་བུ་འདི་ཡིན་ནོ། །ཞེས་གསུངས་པ་ལྟར་སེམས་ཉིད་བསྒོམ་དུ་མེད་པ་མ་བཅོས་རང་བབས་ཀྱི་ངང་ལ་བཞག་ཏེ་གོམས་པར་བྱས་པས་ཕྲིན་ལས་དེ་དག་ཐམས་ཅད་རྩོལ་མེད་ཤུགས་ལས་འབྱུང་བ་ཡིན་པས་དེ་ལས་གཞན་དུ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན་ནོ། །གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ་ལ་བདུན་ཏེ། སེམས་ཉིད་རྒྱུ་རྐྱེན་དང་བྲལ་བས་རྩོལ་མེད་ལྷུག་པར་བཞག་པ། དམིགས་མེད་ཤར་གྲོལ་དུ་སྣང་བས་སྒོ་གསུམ་རྩོལ་མེད་དུ་བཞག་པ། བྱུང་ཚོར་སྐྱེ་མེད་དུ་གྲོལ་བས་མ་བཅོས་རྣལ་དུ་བཞག་པ། རང་གྲོལ་ཡེངས་པ་མེད་པས་ཚོགས་དྲུག་ལྷུག་པར་བཞག་པ། ཆོས་ཀུན་ཡེ་ནས་མཉམ་པས་སྒོ་གསུམ་ཇི་བཞིན་ཏུ་བཞག་པ། ཡུལ་སེམས་སྤྲོ་བསྡུ་མེད་པས་རང་བྱུང་འོད་གསལ་གྱི་ངང་ལ་བཞག་པ། ཇི་བཞིན་སྒོམ་དུ་མེད་པས་རང་བཞིན་ལྷུག་པར་བཞག་པའོ། །དང་པོ་ནི། ཀྱེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ནི་བྱ་བྱེད་རྩོལ་བ་གང་གིས་ཀྱང་བཅོས་སུ་མེད་པ་ཡེ་ཇི་བཞིན་པ་ཡི་ངོ་བོ་སྟེ། དེ་ལྟ་བུའི་གནས་ལུགས་ཇི་བཞིན་པ་ཡི་དོན་དེ་ལ་སངས་རྒྱས་དང་སེམས་ཅན་སུས་ཀྱང་འཆོས་པར་བྱེད་མ་མྱོང་ཞིང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ལས་བསྐྱེད་བྱེད་ཀྱི་རྒྱུ་དང་སྨིན་བྱེད་ཀྱི་རྐྱེན་ཀུན་དང་བྲལ་བའི་རང་བྱུང་འདུས་མ་བྱས་པའི་བདག་ཉིད་ཡིན་པའི་ཕྱིར་ན། སྒོ་གསུམ་གྱི་བྱ་རྩོལ་ལ་བརྟེན་ནས་བཙལ་ཞིང་བསྒྲུབ་པའི་བྱ་བ་ཅི་ཡང་མེད་པས་མ་བཅོས་རང་བབས་ཀྱི་ངང་དུ་སྒོ་གསུམ་རྩོལ་མེད་ལྷུག་པ་ཉིད་དུ་ཞོག་ཅིག །དེ་ཅིའི་ཕྱིར་ན་དེ་ལྟར་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པའི་དོན་མ་རྟོགས་པར་གང་ཟག་གང་ཞིག་སྒོ་གསུམ་བྱ་རྩོལ་ཀྱི་མཚན་མའི་རྗེས་སུ་འབྲང་བ་དེ་ནི་རྩོལ་མེད་ལྷུན་གྲུབ་ཆེན་པོའི་རང་བཞིན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་དང་འཕྲད་པར་མི་འགྱུར་རོ་ཞེས་ཡེ་གྲོལ་བྱ་རྩོལ་ལས་འདས་པ་རིག་པ་བྱང་ཆུབ་སེམས་ཀྱི་དོན་དེ་རེ་དོགས་འབད་རྩོལ་གྱི་ལམ་ནས་རྟོགས་མི་ནུས་པར་བསྟན་པའོ། །གཉིས་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་ང་ཡི་ཕྲིན་ལས་བཙལ་དུ་མེད་པའི་རང་བཞིན་ནི་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་ཡེ་ནས་རྒྱལ་བ་ཀུན་ཏུ་བཟང་པོའི་ཕྲིན་ལས་རང་བྱུང་རང་ཤར་གྱི་བདག་ཉིད་ཡིན་པ་ལས་གཞན་པའི་བྱ་བ་གང་ཡང་མེད་པས་རྩོལ་བའི་ལས་ཅི་ཡང་མི་བྱེད་པའམ་བྱེད་དུ་མེད་པར་གསུངས་ཏེ། ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། སྐུ་ཡི་ཕྲིན་ལས་སྐྱེ་བ་མེད། །གསུང་གི་ཕྲིན་ལས་བསྒྲག་ཏུ་མེད། །ཐུགས་ཀྱི་ཕྲིན་ལས་དགོངས་སུ་མེད། །ཡོན་ཏན་ཕྲིན་ལས་བསྒྲུབ་ཏུ་མེད། །ཕྲིན་ལས་ཕྲིན་ལས་བཙལ་དུ་མེད། །འདི་ཡང་ང་ཡི་ཕྲིན་ལས་ཡིན། །ཞེས་གསུངས་པ་ལྟར་ལ། དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་གཟུང་འཛིན་གྱི་དམིགས་པ་མེད་པས་བསྒོམ་པའི་འདུ་ཤེས་དང་བྲལ་ཞིང་སྒོམས་སྒྲུབ་ཀྱི་རྩོལ་བ་ཅི་ཡང་མ་བྱས་བཞིན་དུ་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ཉིད་འགྲོ་བ་ཀུན་ལ་གདོད་ནས་འདུ་འབྲལ་མེད་པས་འབད་རྩོལ་ཅི་ཡང་མི་དགོས་པའི་ཚུལ་འདི་ཁོ་ན་མ་བརྗེད་པར་ཡིད་ལ་ཞོག་ཅིག་ཅེས་གདམས་པའོ། །གསུམ་པ་ནི། འདི་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་ལས་རང་ཤར་བའི་བྱུང་ཚོར་གྱི་རྣམ་རྟོག་ཅི་སྐྱེས་ཐམས་ཅད་སྐྱེ་བ་ལྟར་སྣང་བའི་དུས་ཉིད་ནས་སྐྱེ་བ་མེད་པའི་རང་བཞིན་སྨིག་རྒྱུ་ལ་ཆུར་སྣང་བ་ལྟ་བུ་ཡིན་པས་དེ་ཉིད་ཀྱིས་སྒྲིབ་མི་ནུས་པར་རང་བྱུང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཀྱི་ཚུལ་དུ་ངང་གིས་གསལ་ཞིང་འགྱུར་བ་ཞིག་ཡེ་ནས་མི་མངའ་བ་དེས་ན། དེ་ལས་གཞན་པའི་ཕྲིན་ལས་ཀྱི་མཛད་པ་གང་ཡང་བྱས་པ་མེད་པར་ལས་བཞིའི་ཕྲིན་ལས་ཐམས་ཅད་ཀུན་སེམས་ཉིད་རང་བྱུང་གི་ངོ་བོར་སྔར་ནས་གྲུབ་ཟིན་པ་ཡིན་པས། ད་གདོད་རྩོལ་སྒྲུབ་བྱེད་དགོས་པ་མ་ཡིན་པར་སེམས་ཉིད་ཆོས་སྐུའི་ངོ་བོ་ལ་དོན་གཉིས་བསྒྲུབ་པའི་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་ཏེ། ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ལས། ཆོས་ཀྱི་སྐུ་ལ་མངའ་བརྙེས་པས། །ཡོན་ཏན་ཐམས་ཅད་རང་ལས་སྤྲུལ། །གཞན་དོན་བྱ་བ་སྨོས་ཅི་དགོས། །ཡེ་ནས་ལྷུན་གྲུབ་དེ་ལ་རྫོགས། །ཞེས་པ་བཞིན་ནོ། །རྒྱུ་མཚན་དེ་ལྟ་བུའི་ཕྱིར་ན། ཀྱེ་ཕྲིན་ལས་ཐམས་ཅད་རྩོལ་མེད་ཡེ་གྲུབ་ཆེན་པོའི་བདག་ཉིད་དུ་གནས་པ་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་སྟེ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན། དུས་གསུམ་གྱི་རྒྱལ་བ་ཀུན་གྱིས་མཛད་པའི་ཕྲིན་ལས་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ང་ཡི་ཕྲིན་ལས་ཡིན་ཏེ། ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། ཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང་། །ང་ཡི་ཕྲིན་ལས་བདག་ཉིད་ཡིན། །ཞེས་གསུངས་པ་ལྟར་རྣམ་བཞིའི་ཕྲིན་ལས་ཇི་སྙེད་པ་ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ངས་བྱས་པ་ཡིན་ཀྱང་རང་བྱུང་གི་ཡེ་ཤེས་ང་ལ་བྱ་བ་གང་ཡང་མེད་པར་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་རྫོགས་པའི་ཕྱིར་ན། སེམས་ཉིད་ཇི་བཞིན་པ་ཡི་རང་བཞིན་བྱ་རྩོལ་ཀུན་དང་བྲལ་བའི་ཕྲིན་ལས་ལ་འབད་རྩོལ་གྱི་བྱ་བྱེད་ཞིག་གདོད་ནས་ཡོད་མ་མྱོང་བས། མ་བཙལ་ཇི་བཞིན་ཉིད་དུ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ཞོག་ཅིག་ཅེས་དེ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོའི་བཀའ་ལུང་གི་དོན་བཞིན་བྱ་བྱེད་རྩོལ་སྒྲུབ་བྲལ་བའི་དོན་ཐོས་ཤིང་རྟོགས་པའི་ངང་ལ་མ་བཅོས་པར་འཇོག་པ་ཕྲིན་ལས་ཀྱི་ངོ་བོ་ཡིན་ཚུལ་དང་། དེ་ལ་ལྡོག་པས་དབྱེ་ན་ཕྲིན་ལས་རྣམ་པ་བཞི་ཀ་ཚངས་ཚུལ་ནི། འཕགས་ལམ་བཀོད་པའི་རྒྱུད་ལས། བདེ་གཤེགས་གོང་མས་གསུངས་པས་ཕྲིན་ཞེས་བྱ། །དེ་ལ་ཐོས་བསམ་བྱས་པས་ལས་ཞེས་བྱ། །སེམས་ཀྱི་ཟུང་རྔུ་ཞི་བས་ཞི་བ་ཉིད། །དེ་ཉིད་ལམ་དུ་ཁྱེར་བས་རྒྱས་པ་ཡིན། །རང་སེམས་བཀོལ་དུ་བཏུབ་པས་དབང་ཞེས་བྱ། །འཁོར་བའི་རྩ་བ་ཆོད་པས་དྲག་པོའོ། །ཞེས་གསུངས་སོ། །བཞི་པ་ནི། དེ་ལྟར་སེམས་ཉིད་ཇི་བཞིན་པའི་ངང་ལས་གཞན་དུ་མ་བཅོས་པར་རྩོལ་མེད་རང་བབས་སུ་གནས་པས་རྟོག་ཚོགས་གང་ཤར་ཐམས་ཅད་རང་གྲོལ་རྗེས་མེད་དུ་སོང་ནས་ཡེངས་བརྗེད་ཀྱི་དབང་དུ་འགྲོ་བ་མེད་པ་ནི། ཀུན་བྱེད་རྒྱལ་པོའི་དགོངས་པ་མཐར་ཐུག་པ་ཡིན་ལ། དེས་ན་དེ་ལྟ་བུའི་རྒྱལ་བའི་དགོངས་པ་ཟབ་མོ་ཡེ་གྲོལ་གཞི་རྩ་དང་བྲལ་བའི་ངང་ལ་ཚོགས་དྲུག་གི་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཅི་དང་གང་ལྟ་བུ་སྐྱེས་ཀྱང། དེ་ཉིད་དོན་ལ་སྐྱེ་བ་མེད་པའི་རང་བཞིན་ཉིད་དུ་གནས་པའི་དོན་འདི་ཤེས་ན་བྱ་རྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ་བར་འགྱུར་བས་ན་ཚུལ་དེ་ལྟར་ཤེས་པར་བྱོས་ལ་ཚོགས་དྲུག་མ་བཅོས་རང་བབ་ཉིད་དུ་འཇོག་པར་མཛོད་ཅིག་ཅེས་གདམས་སོ། །རྒྱུ་མཚན་དེས་ན་ཀྱེ་སེམས་དཔའ་རྡོ་རྗེ་གོང་དུ་ཇི་སྐད་བསྟན་པ་དེ་ལྟ་བུའི་སེམས་ཉིད་ཇི་བཞིན་པ་བྱ་རྩོལ་ཀུན་དང་ངང་གིས་བྲལ་བའི་དོན་དེ་ཉིད་སྒོམ་པར་གྱིས་ཤིག་དང་། གནས་ལུགས་མ་བཅོས་པའི་དོན་འདི་ཉིད་རྟོགས་པ་ཡི་ངང་དུ་ཚོགས་དྲུག་ཡུལ་དང་བཅས་པའི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་ཀུན་ཡུལ་མེད་ཟང་ཐལ་དུ་རང་སར་གྲོལ་བའི་ལྟ་བ་ཡེ་འབྱམས་ཆེན་པོའི་ངང་ལ་བཅོས་བསྒྱུར་སྤུ་ཙམ་མེད་པར། མ་ཡེངས་རང་བཞིན་དུ་བཞག་པས་སྒོ་གསུམ་གྱི་བྱ་བཙལ་གང་ཡང་མེད་པར་ཡུལ་ཡུལ་ཅན་དུ་སྣང་བའི་ཆོས་ཀུན་ཀྱང་གཉེན་པོ་གཞན་ལ་ལྟོས་མི་དགོས་པར་སེམས་ཉིད་རང་བྱུང་གི་རྩལ་ལས་རང་ཤར་ཞིང་ཤར་དུས་ཉིད་ནས་ཆུ་ལ་རི་མོ་བྲིས་པ་ལྟར་རྗེས་མེད་རང་སར་གྲོལ་བ་ཡིན་པས་དེ་ལས་གཞན་དུ་ཕྲིན་ལས་བསྒྲུབ་པའི་བསྒོམ་སྒྲུབ་ཅི་ཡང་མི་དགོས་པར་བསྟན་པའོ། །ལྔ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆོས་ཐམས་ཅད་ལ་བཟང་ངན་སྤང་བླང་མེད་པར་སེམས་ཉིད་བདེ་བ་ཆེན་པོའི་ཀློང་ན་མ་བཅོས་མཉམ་པ་ཉིད་དུ་གནས་པའི་དོན་མ་ནོར་ཇི་བཞིན་པ་འདི་ཉིད་བསྒོམ་པར་གྱིས་ཤིག །དེ་ཡང་ཇི་ལྟར་བསྒོམ་ན་འབད་རྩོལ་བཅོས་བསྒྱུར་གྱིས་བསྒོམ་པར་བྱ་བ་ཅི་ཡང་མེད་པའི་ཕྱིར་ན། རང་གི་ལུས་ལྷའི་རྣམ་པར་བསྒོམ་པ་ལ་སོགས་པ་ལྟ་བུའི་སྒོ་ནས་མི་བཅོས་ཤིང་དབང་པོ་མི་རྟུལ་པའམ་ནང་དུ་མི་བསྡུ་བར་རང་བབས་སུ་བཞག་པར་བྱས་ཏེ་སྒོ་ལྔའི་སྣང་ཡུལ་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་རང་གསལ་འཛིན་མེད་དུ་བཞག །དེ་བཞིན་དུ་ངག་གིས་ཀྱང་ཚིག་དོན་ཅི་ཡང་མི་གདམས་པའམ་སྨྲ་བརྗོད་ཀྱི་བྱ་རྩོལ་ཐམས་ཅད་བྱར་ཡང་སྟེ་བྱར་མེད་བརྗོད་བྲལ་གྱི་ངང་དུ་འཇོག་པ་དང་། སེམས་ཀྱང་དམིགས་པའི་ཡུལ་གང་དང་གང་ཡིན་པ་དེ་གར་ཆེད་དུ་གཏད་པའི་འཛིན་རྩོལ་གྱིས་མི་གཡོའི་སྟེ་མི་གཡོ་བའི་ངང་ལ་བཞག་ནས་ཞེས་སམ། ཡང་ན་དམིགས་པ་གང་ལ་གཏད་པ་དེ་ལས་གཞན་དུ་རྣམ་རྟོག་ལས་རླུང་གིས་མི་གཡོ་བའི་ངང་ལ་བཞག་ན་ཞེས་འགྲེལ་ཀྱང་འདྲ་སྟེ། གང་ལྟར་ཡང་དེ་ལྟར་སྒོ་གསུམ་འབད་རྩོལ་གྱི་བྱ་བ་ཅི་ཡང་བསྒྲུབ་ཏུ་མེད་པའི་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འདི་ཉིད་བསྒོམ་པར་བྱས་པས་དོན་གཉིས་བསྒྲུབ་པའི་བྱ་བ་ཅི་ཡང་བྱས་པ་མེད་པར་དོན་ཀུན་ཡོངས་སུ་རྫོགས་པའི་དགོངས་པ་རྟོགས་པར་འགྱུར་བ་ནི་ཀུན་ཏུ་བཟང་པོའི་བྱ་བཙལ་མེད་པའི་ཕྲིན་ལས་ལྷུན་གྲུབ་ཆེན་པོའི་རང་བཞིན་ཏེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། གང་ཡང་སྤང་ལེན་མེད་པ་ནི། །བླང་དོར་མེད་པས་ཕྲིན་ལས་བཟང་། །ཕྲིན་ལས་ཀུན་ཏུ་བཟང་པོ་ཡིན། །ཞེས་གསུངས་པ་ལྟར་རོ། །དྲུག་པ་ནི། ཀྱེ་སེམས་དཔའ་ཆེན་པོ་དེ་ལྟར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དགུ་ཕྲུག་ཏུ་བཏང་སྟེ་ཆོས་ཉིད་ཇི་བཞིན་པ་བྱ་རྩོལ་ཐམས་ཅད་དང་བྲལ་བའི་སེམས་ཉིད་བདེ་བ་ཆེན་པོ་ཡི་ངང་ལ་སྒོ་གསུམ་གྱིས་མི་རྩོལ་ཞིང་ངོ་བོ་བཅོས་ཤིང་བསྒྱུར་བར་མི་བྱེད་ལ། གཉིས་འཛིན་རྣམ་རྟོག་གི་ཡུལ་དུ་ཁྲིད་ནས་གཟུང་འཛིན་མཚན་མའི་དངོས་པོར་དམིགས་པར་མི་བྱེད་ཅིང་། དངོས་དང་དངོས་མེད་དག་དང་མ་དག་འཁོར་བ་དང་མྱང་འདས་ལ་སོགས་པའི་རྣམ་པར་ཡིད་ལ་མི་བྱེད་ཅིང་། འཇིག་རྟེན་མཚན་མའི་རྗེས་སུ་མི་འབྲང་བར་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་འགྱུར་བའི་ཟུང་རྔུ་ཞིག་ཡོད་མ་མྱོང་བས་བདེ་ཆེན་འཕོ་འགྱུར་དང་བྲལ་བའི་དོན་ལ་མ་བཅོས་རང་བབས་ཉིད་དུ་བཞག་པ་འདི་ནི་རང་བྱུང་འོད་གསལ་གྱི་དགོངས་པ་སེམས་ཀྱི་ངོ་བོ་རང་བཞིན་གྱིས་འོད་གསལ་བའི་ངང་ལ་མ་བཅོས་པར་བཞག་པ་སྟེ། དེ་ནི་སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་རྩོལ་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །བདུན་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སེམས་ཉིད་བཅོས་སུ་མེད་པའི་ཡེ་ཇི་བཞིན་པའི་དོན་འདི་ཉིད་སྒོམས་ཤིག །དེ་ཡང་ཇི་ལྟར་ཞེ་ན་སེམས་ཉིད་མ་བཅོས་ཇི་བཞིན་ཉིད་ཀྱི་དོན་རྣལ་མ་ལ་འཇུག་ཅིང་བསྒོམ་པར་བྱེད་པ་ལ་བློ་རྣམ་པར་རྟོག་པའི་ཡུལ་ལས་འདས་ཤིང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡུལ་མེད་རང་གསལ་གྱི་ངོ་བོ་ཡིན་པའི་ཕྱིར་ན། གཞལ་བྱ་དང་འཇལ་བྱེད་ཀྱི་སྒོ་ནས་རྟགས་དང་གཏན་ཚིགས་སོགས་ཀྱིས་གཞལ་བའི་ཡུལ་ལས་འདས་པས་འཇམ་བྱེད་ཀྱི་ཚད་མ་མི་དགོས་ཤིང་། རང་བྱུང་འདུས་མ་བྱས་པ་མ་བཅོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་གཉེན་པོས་བཅོས་བསྒྱུར་མི་དགོས་པར་ཇི་བཞིན་རྟོགས་པའི་དོན་ལ་མ་བཅོས་དེ་བཞིན་ཉིད་དུ་ཞོག་ཅིག་དང་ལས་བཞིའི་ཕྲིན་ལས་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་པ་སྟེ། དེ་ལྟར་སེམས་ཉིད་ཇི་བཞིན་དུ་རྟོགས་པ་ལ་ཕྲིན་ལས་རྣམ་པ་བཞི་པོ་ལྷུན་རྫོགས་སུ་གྲུབ་པའི་ཚུལ། དོན་གསལ་ལས། རྩོལ་བྲལ་ཕྲིན་ལས་རྣམ་པ་བཞི། །ཆོས་སྐུ་དངོས་མེད་སྤྲོས་དང་བྲལ། །རྟོགས་པས་སྤྲོས་པ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་ཞེས་སུ་བྱ། །ཡོན་ཏན་ནོར་བུ་བཞིན་དུ་འབྱུང་། །རྒྱས་པའི་ཕྲིན་ལས་ཞེས་སུ་བྱ། །ཐམས་ཅད་འབྱུང་ཡང་དེ་ལས་འབྱུང་། །ཐམས་ཅད་གནས་ཀྱང་དེ་ལ་གནས། །ཐམས་ཅད་ཐིམ་ཡང་དེ་ལ་ཐིམ། །ཐམས་ཅད་ལ་ཡང་དབང་བསྐུར་བས། །དབང་གིས་ཕྲིན་ལས་ཞེས་སུ་བྱ། །རིག་པ་དངོས་མེད་རྡོས་པའི་ཆོས་མེད་པས། །ཕྱོགས་མེད་གང་ལའང་ཐོགས་པ་མེད་པར་འཆར། །ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་ན། །དྲག་པོའི་ཕྲིན་ལས་ཞེས་སུ་གསུངས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཡེ་ནས་ལྷུན་གྲུབ་ཆེན་པོར་དོན་བསྡུ་བ་ནི། ཀྱེ་སྒོ་གསུམ་གྱི་བྱ་བ་མེད་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་འདི་ལ་སྒོ་གསུམ་གྱིས་རྩོལ་བ་བྱས་པས་བྱ་བ་གང་ཡང་ཟིན་པར་མི་འགྱུར་ཏེ། དེ་ཉིད་ལས། བྱ་རྩོལ་མེད་པར་ཉི་མའི་འོད་ཟེར་གྱིས། །ཁམས་གསུམ་མཚན་མོའི་མུན་པ་སེལ་བ་ལྟར། །ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཡིས། །བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོ་ཡིན། །ཞེས་གསུངས་པ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ནི་བྱ་རྩོལ་མེད་པར་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བཅོས་ལྷུན་གྲུབ་ཆེན་པོའི་དོན་ལ་གནས་ཤིང་གོམས་པར་བྱས་པས་ཀུན་བྱེད་ང་ཡི་དགོངས་པ་བྱ་རྩོལ་མེད་པའི་ཕྲིན་ལས་རྣམ་པ་བཞི་པོ་མ་བཙལ་ལྷུན་གྱིས་གྲུབ་པར་འགྱུར་བ་ཡིན་པས་རེ་དོགས་ཀྱིས་རྩོལ་བར་མི་བྱེད་པར་མ་བཅོས་རང་བབ་ཉིད་དུ་ཞོག་ཅིག །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཇི་བཞིན་པ་ལ་བྱ་རྩོལ་དང་བྲལ་བར་གནས་པའི་ལེའུ་སྟེ་བདུན་ཅུ་རྩ་གསུམ་པའི་འགྲེལ་པའོ།། ༈ །།བཞི་པ་དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་དོན་ལེའུ་དོན་བཞི་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ཕྲིན་ལས་རྩོལ་མེད་ལྷུན་གྱིས་གྲུབ་པའི་དོན་ལ་ཇི་ལྟར་གནས་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་འདུ་འབྲལ་མེད་པར་གནས་པ་འདི་ལས་གཞན་དུ་དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་འདི་གསུངས་སོ། །གཉིས་པ་ལ་གསུམ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་བསྐྱེད་དུ་མེད་པའི་དོན་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། རྣལ་བཞག་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་མ་བཅོས་ལྷུན་འགྲུབ་ཆེན་པོའི་དཀྱིལ་འཁོར་ལ་བསྐྱེད་དུ་མེད་པའི་སེམས་ཉིད་ཇི་བཞིན་པ་ཡི་དོན་ལ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་བསྒོམ་པར་གྱིས་ཤིག །དེ་ཡང་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་རྫས་དང་ཡོ་བྱད་དགོད་དུ་མེད་པར་བསྟན་པ་ནི། སེམས་ཉིད་ཇི་བཞིན་པ་ལ་གཙོ་བོ་དང་འཁོར་གྱི་དབྱེ་བ་མེད་པར་ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་ན་རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཅིག་གི་དོན་ནམ་རང་བཞིན་དུ་གནས་པར་བསྟན་པ་ཡིན་པས་དེ་ལས་གཞན་པའི་དཀྱིལ་འཁོར་དགོད་དུ་མེད་པར་གསུངས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྩོལ་བྲལ་རང་སར་གྲོལ་བའི་དཀྱིལ་འཁོར་སྤྱིར་བསྟན། སྣང་སྟོང་སྐུའི་དཀྱིལ་འཁོར། གྲགས་སྟོང་གསུང་གི་དཀྱིལ་འཁོར། རིག་སྟོང་ཐུགས་ཀྱི་དཀྱིལ་འཁོར་གསུམ་བྱེ་བྲག་ཏུ་བཤད་པ། རྣལ་བཞག་གསུམ་གྱི་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་མཇུག་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཞེས་པོས་ཏེ། དེ་ལ་དཀྱིལ་འཁོར་ཞེས་པའི་དོན་ནི་མཎྜལ་ཞེས་པས་མཎ་ཌ་ནི་སྙིང་པོ་དང་ལ་ནི་ལེན་ཅིང་འཛིན་པ་ལ་འཇུག་པས། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པའི་རྒྱལ་པོ་རང་བྱུང་ཡེ་ཤེས་ཆེན་པོའི་ངོ་བོ་གསལ་བར་རྟོགས་པའི་སྒོ་ནས་དབང་བསྒྱུར་བས། ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པའི་བདག་ཉིད་ཅན་དེ་མ་ནོར་ཇི་བཞིན་དུ་རྟོགས་པ་ཡི་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་མཆོག་གིས་ལེན་ཅིང་མི་གཏོང་བར་གཉིས་མེད་འདུ་འབྲལ་སྤངས་པའི་ཚུལ་དུ་འཛིན་པར་བྱེད་པ་འདི་ནི་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་མ་བཅོས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྩོལ་སྒྲུབ་བྲལ་བའི་རང་བཞིན་ཡིན་ནོ། །དེ་ལྟ་བུའི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་ལ་སྐུ་གསུམ་གྱི་སྒོ་ནས་རྣམ་པ་གསུམ་དུ་ཡང་གསུངས་ཏེ། དོན་གསལ་ལས། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནི། སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །རིག་པ་དཀྱིལ་ལ་ཡེ་ཤེས་འཁོར། །ཆོས་སྐུའི་ངོ་བོ་ངེས་ཚིག་ཡིན། །གཙོ་བོ་དཀྱིལ་ལ་སེམས་དཔའ་ཡབ་ཡུམ་འཁོར། །ལོངས་སྐུའི་ངོ་བོ་ངེས་ཚིག་ཡིན། །ཀུན་གཞི་དཀྱིལ་ལ་ཚོགས་བརྒྱད་འཁོར། །སྤྲུལ་སྐུའི་ངོ་བོ་ངེས་ཚིག་ཡིན། །ཞེས་གསུངས་སོ། །གཉིས་པ་ལ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ལས། དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ང་ཡིས་སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། འདིར་སྙིང་པོ་ཞེས་པ་ནི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟེ། ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། ང་ཉིད་སྙིང་པོ་བྱང་ཆུབ་སེམས། །སྙིང་པོ་འདི་ཡང་གཞན་མ་ཡིན། །སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས། །ཐམས་ཅད་དག་པས་སྐྱེ་བ་ཡིན། །རང་ལས་བྱུང་བས་སྙིང་པོ་ཡིན། །ཡོངས་ལ་ཁྱབ་པས་སྙིང་པོ་ཡིན། །ཅིར་ཡང་བལྟ་བ་སྙིང་པོ་ཡིན། །གང་ཡང་ཤར་བས་སྙིང་པོ་ཡིན། །ཁྱབ་པར་གདལ་བས་སྙིང་པོ་ཡིན། །གཉིས་སུ་མེད་པས་སྙིང་པོ་ཡིན། །བཙལ་དུ་མེད་པས་སྙིང་པོ་ཡིན། །མི་འགྱུར་མི་ཤིག་སྙིང་པོ་ཡིན། །གཅིག་ལས་མེད་པས་སྙིང་པོ་ཡིན། །ང་ཉིད་སྙིང་པོ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཅིར་ཡང་སྣང་། །ཅིར་ཡང་སྣང་སྟེ་གང་དུ་ཡང་མེད། །ཅེས་གསུངས་པ་ལྟར་ལ། དེས་ན་སྣང་གྲགས་དྲན་རིག་གི་ཆོས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་སོ་ཅོག་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཡི་རྩལ་ལས་རང་སྣང་བ་རྨི་ལམ་སྒྱུ་མའི་རོལ་པ་ལྟ་བུ་ལས་མེད་པའི་ཕྱིར་ན། ཀུན་བྱེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་སྟེ། དེ་ཉིད་ལས། གཟུགས་སུ་སྣང་བ་ཐམས་ཅད་ཀུན། །ང་ཡི་སྐུ་ཡི་བདག་ཉིད་ཡིན། །སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །ང་ཡི་གསུང་གི་བདག་ཉིད་ཡིན། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ང་ཡི་ཐུགས་ཀྱི་བདག་ཉིད་ཡིན། །ཐམས་ཅད་ང་ལས་བྱུང་བས་ན། །ང་ནི་རང་བྱུང་ཡེ་ཤེས་ཡིན། །ཞེས་གསུངས་སོ། །དེས་ན་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་པོ་ན་མེད་སྣང་ཆུ་ཟླའི་རོལ་གར་ལྟར་ཤར་བའི་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་ལྔའི་རྣམ་པར་སྣང་བ་དང་། ནང་བཅུད་ཀྱི་སེམས་ཅན་འགྲོ་བ་རིགས་དྲུག་གི་རྣམ་པར་སྣང་བས་མཚོན་ཇི་ལྟར་སྣང་ཞིང་གནས་པའི་སྣང་སྲིད་འཁོར་འདས་ཀྱི་ཆོས་འདི་རྣམས་ཐམས་ཅད་ཀུན་གདོད་ནས་སྐྱེ་བ་མེད་པའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོང་ཆེན་ཆོས་ཀྱི་དབྱིངས་གཞི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་ལྷུན་གྲུབ་བྱ་རྩོལ་མེད་པར་བཀོད་ཅིང་། དེ་ལྟ་བུའི་ཆོས་ཐམས་ཅད་ཆོས་ཉིད་སྙིང་པོའི་རང་བཞིན་གཅིག་ཏུ་གནས་པའི་དོན་ལ་སངས་རྒྱས་དང་སེམས་ཅན་ལ་སོགས་པ་བཟང་ངན་དང་བླང་དོར་གཉིས་སུ་གྲུབ་པ་མེད་པའི་ཕྱིར་ན་འཁྲུལ་སྣང་འཁོར་བའི་ཆོས་སུ་སྣང་བ་དང་བཅས་པ་དེ་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་སྐུ་ཡི་དཀྱིལ་འཁོར་དུ་བཀོད་པ་ཡིན་ནོ་ཞེས་པའོ། །གཉིས་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆེན་པོའི་གསུང་གི་དཀྱིལ་འཁོར་བཀོད་པ་ནི་ཇི་ལྟར་ན་འགྲོ་བ་རིགས་དྲུག་གི་སྒྲ་སྐད་སོགས་ཟིན་དང་མ་ཟིན་པའི་སྒྲ་སྐད་གྲགས་ཤིང་གནས་པའི་ཆོས་རྣམས་ཐམས་ཅད་ནི། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་དབྱིངས་ལས་འགགས་པ་མེད་པའི་གསུང་དུ་གྲགས་སྟོང་བྲག་ཆ་ལྟ་བུའི་རོལ་པར་བཀོད་པ་ཡིན་པས་ན། སྒྲ་རུ་གྲགས་ཚད་ཐམས་ཅད་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས་ཤིང་དབྱེར་མེད་པའི་ཕྱིར་ན་སྣང་ཚུལ་ལ་རྒྱལ་བ་རྣམས་ཀྱིས་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་རྣམ་པ་ལྟར་སྣང་ཡང་རུང་། དམྱལ་བའི་སེམས་ཅན་རྣམས་ཀྱིས་ངུ་ཅོ་སྣ་ཚོགས་འདོན་པ་སོགས་མ་དག་སེམས་ཅན་གྱི་སྒྲ་སྐད་ལྟར་སྣང་ཡང་རུང་དོན་ལ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་གདངས་ལས་འགགས་མེད་དུ་ཤར་ཞིང་ཤར་བའི་དུས་ཉིད་ནས་གྲགས་སྟོང་བརྗོད་བྲལ་གྱི་རང་བཞིན་དུ་མཉམ་ཞིང་དབྱེར་མེད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། ཡེ་ཤེས་སྐུ་ལ་རྒྱལ་བ་རྒྱ་མཚོ་དང་། །ལོག་རྟོག་སྒྱུ་མ་རྒྱུད་ལྔའི་སེམས་ཅན་རྣམས། །ཀུན་རྫོབ་སྒྱུ་མར་ཁྱད་པར་བསམ་ཡས་ཀྱང་། །དོན་དམ་དབྱིངས་སུ་རང་བཞིན་ཡོངས་ཀྱི་མཉམ། །ཞེས་གསུངས་པ་དེ་ལྟ་བུའི་ཕྱིར་ན་ཇི་ལྟར་གྲགས་པའི་སྒྲ་སྐད་མ་ལུས་པ་ཡང་ཀུན་བྱེད་རྒྱལ་པོས་གསུང་གི་དཀྱིལ་འཁོར་དུ་བཀོད་པ་ཡིན་ནོ། །གསུམ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་སྙིང་པོ་རིག་པའི་ཡེ་ཤེས་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་བཀོད་པ་ནི། འདི་ལྟར་སེམས་ཅན་ཀུན་གྱི་རྒྱུད་ལ་ཇི་ལྟར་ཤར་བའི་དྲན་རིག་གི་རྟོག་པ་ཐམས་ཅད་ཀུན་དང་རྒྱལ་བ་རྣམས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐམས་ཅད་ལ་བཟང་ངན་གྱི་དབྱེ་བསལ་མེད་པར་ཡེ་ནས་མ་སྐྱེས་ཤིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་དོན་དུ་རིག་ཅིང་དེ་ལས་གཞན་དུ་མེད་པས་སྙིང་པོ་རང་བྱུང་ཡེ་ཤེས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་དུ་བཀོད་པ་ཡིན་པས་ད་ལྟ་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་བདག་འཛིན་ཉོན་མོངས་པའི་རྣམ་པར་སྣང་བ་འདི་ཡང་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་ཐུགས་ཀྱི་དཀྱིལ་འཁོར་ཡིན་པར་གསུངས་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལས། དབང་པོ་དྲུག་ཡུལ་དང་བཅས་པ་བདག་ཏུ་འཛིན་པས་ཉོན་མོངས་པའི་ཚོགས་སུ་སྣང་བའང་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་གི་ངང་ལས་མ་གཡོས་པ་ནི། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་བ་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་སྣང་གྲགས་རིག་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཉིད་དུ་ཡེ་ནས་གནས་པ་ནི་བསྒོམ་སྒྲུབ་རྩོལ་བ་ལ་ལྟོས་པ་མེད་པའི་མ་བཅོས་རྣལ་དུ་བཞག་པའི་དཀྱིལ་འཁོར་གསུམ་སྟེ། འདི་ལྟར་འབད་རྩོལ་གྱིས་མ་བཀོད་པར་ཡེ་ཐོག་མའི་དུས་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་དོན་འདི་རྟོགས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མ་བསྒོམ་ལྷུན་གྱིས་གྲུབ་པའི་རང་བཞིན་ཅན་སེམས་ཉིད་སྙིང་པོའི་དོན་ལ་འཇུག་པར་བྱེད་དོ། །གལ་ཏེ་དེ་ལྟར་མ་རྟོགས་པར་མཚན་མ་རང་རྒྱུད་པར་བཟུང་ན་འཁོར་བའི་རང་བཞིན་ལས་མི་འདའ་བའི་ཕྱིར་ན་ཡེ་ནས་ཡིན་པའི་དོན་བཞིན་དུ་རྟོགས་པར་གདམས་པ་སྟེ། སྤྲོས་བྲལ་དོན་གསལ་ཆེན་པོ་ལས། །འཁོར་བ་རང་རྒྱུད་རོལ་བ་ནི། །ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས། །གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་ལྟ་བུར་བཟུང་དུ་མེད། །སྒྲ་སྐད་ཐམས་ཅད་གསུང་ཡིན་ཏེ། །བྲག་ཆ་བཞིན་དུ་རང་བཞིན་མེད། །དྲན་དང་རྟོག་པ་ཐུགས་ཡིན་ཏེ། །ཆུ་ལ་རི་མོ་བྲིས་པ་བཞིན། །འཛིན་པ་རང་རྒྱུད་ཡོད་མ་ཡིན། །དེ་ལྟར་གཟུགས་སྣང་ཐམས་ཅད་སྐུ་ཡི་རོལ་པ་ཡིན། །སྒྲ་སྐད་ཐམས་ཅད་གསུང་གི་རོལ་བ་ཡིན། །དྲན་རྟོག་ཐམས་ཅད་ཐུགས་ཀྱི་རོལ་པ་ཡིན། །དེ་ལྟར་མ་ཤེས་མཚན་མ་རང་རྒྱུད་འཛིན། །དེ་ནི་འཁོར་བའི་རོལ་བ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྣལ་བཞག་གཅིག་ཏུ་དོན་བསྡུ་བ་ལ་གཉིས་ཏེ། སྒོ་གསུམ་ལྷུག་པའི་ཆོས་ཉིད་རྒྱལ་བའི་དགོངས་པར་བསྟན་པས་རྣལ་དུ་བཞག་པ། རྣལ་བཞག་དོན་གྱི་ཡེ་ཤེས་སོ་སོ་རང་གི་ཡེ་ཤེས་སུ་བསྟན་པས་རྣལ་བཞག་གཅིག་ཏུ་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་གོང་དུ་ཇི་སྐད་བསྟན་པའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་གནས་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་ཇི་བཞིན་ཉིད་དུ་ཡེ་ནས་གནས་པའི་དོན་འདི་བསྒོམ་པར་གྱིས་ཤིག །དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་སྙིང་པོའི་འོད་གསལ་མི་འགྱུར་བ་མཆོག་གི་དཀྱིལ་འཁོར་འདི་ལ་བཅོས་བསྒྱུར་ཅི་ཡང་མེད་པར་སྒོ་གསུམ་མ་བཅོས་ལྷུག་པར་གནས་པས་ཆོས་ཉིད་ཇི་བཞིན་པའི་ངང་ལ་བཞག་ན། སྟོན་པ་ཀུན་བྱེད་ང་ཡི་དགོངས་པ་ཇི་བཞིན་པར་གནས་པ་ཡིན་པའི་ཕྱིར་ན། སྔ་རབས་འདས་པའི་ཀུན་བྱེད་རྒྱལ་པོས་ཀྱང་ཞེས་སྔར་འདས་པའི་སངས་རྒྱས་ཐམས་ཅད་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་ཡིན་ཞིང་དེ་ལས་གཞན་དུ་མ་གྱུར་བ་སྟེ། དེ་ལྟ་བུའི་འདས་པའི་སངས་རྒྱས་རྣམས་ཀྱིས་སྙིང་པོ་རང་བྱུང་གི་དགོངས་པ་མ་བཅོས་རྣལ་དུ་བཞག་པས་དོན་གཉིས་ལྷུན་གྱིས་རྫོགས་པའི་ས་ལ་མངོན་པར་སངས་རྒྱས་པ་ཡིན་ལ། མ་བྱོན་པའི་དུས་ཀྱི་ཀུན་བྱེད་རྒྱལ་པོས་ཞེས་མ་འོངས་པའི་སངས་རྒྱས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དང་གཉིས་སུ་མེད་པ་སྟེ་དེ་རྣམས་ཀྱིས་ཀྱང་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་རྣལ་དུ་བཞག་པས་རང་གཞན་གྱི་དོན་ཀུན་ལྷུན་གྱིས་རྫོགས་པར་འགྱུར་ཞིང་། ད་ལྟར་བཞུགས་པའི་ཀུན་བྱེད་རྒྱལ་པོས་སྟེ་ད་ལྟའི་སངས་རྒྱས་རྣམས་ཀྱིས་ཀྱང་རང་བྱུང་ཟག་མེད་ཀྱི་དགོངས་པ་འདི་ལ་བཅོས་བསྒྱུར་སྤུ་ཙམ་བྱེད་པ་མེད་པར་མ་བཅོས་རྣལ་དུ་བཞག་སྟེ་ཁམས་གསུམ་སེམས་ཅན་རྣམས་ཀྱི་དཔལ་མགོན་དམ་པར་བཞུགས་ཤིང་གནས་པ་ཡིན་པས་ན་སེམས་དཔའ་རྡོ་རྗེ་ལ་སོགས་པའི་འཁོར་རྣམས་ལ་དེ་བཞིན་དུ་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ཡེ་ནས་གནས་པ་ལ་བསྒྱུར་བཀོད་གང་ཡང་མི་བྱེད་པར་མ་བཅོས་རྣལ་དུ་འཇོག་པར་མཛོད་ཅིག་ཅེས་གདམས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་ཁྱོད་ཀྱིས་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་དཀྱིལ་འཁོར་དགོད་དུ་མེད་པས་མ་བཅོས་རྣལ་མར་བཞག་པའི་དོན་འདི་བསྒོམས་པར་གྱིས་ཤིག །དེ་བཞིན་དུ་ཀུན་བྱེད་ང་ཡི་འཁོར་དུ་གཏོགས་པའི་རྣལ་འབྱོར་བ་རྣམས་ལ་ཡང་ཀུན་བྱེད་རྒྱལ་པོའི་དགོངས་པ་བླང་དོར་རྩོལ་སྒྲུབ་དང་བྲལ་བ་འདི་ཉིད་ལ་མ་བཙལ་རྣལ་དུ་བཞག་པར་ལུང་སྟོན་ཅིག་ཅེས་པ་སྟེ། དེ་ཡང་ལ་ཟློ་ལས། རྟོགས་དང་མི་རྟོགས་བློ་ཡི་ཡུལ་ལས་འདས། །བསྒོམ་དང་མི་བསྒོམ་དམིགས་པའི་ཆ་དང་བྲལ། །སྣ་ཚོགས་སྣང་ཞིང་བདག་པོ་མ་ངེས་པས། །ནོར་དང་མ་ནོར་སེམས་དཔའ་མ་དགོངས་ཤིག །གང་ལ་དགོངས་པར་བྱ་བའི་སེམས་འདི་ཞེས། །སེམས་དཔའ་རྡོ་རྗེས་གཞན་ལ་ལུང་མ་བསྟན། །དགོངས་པ་འདི་ཞེས་གཞན་ལ་ལུང་བསྟན་ན། །འཁོར་རྣམས་དགོངས་པའི་ཡུལ་ལ་དམིགས་པ་ཡིས། །བློ་ཆོས་འཛིན་པའི་མཐའ་ལས་མི་གྲོལ་བས། །དེ་བས་དགོངས་སུ་མེད་པའི་དགོངས་པ་སྟོན། །ཅེས་གསུངས་པ་ལྟར་སྤྲོས་པའི་མཐའ་གང་དུའང་དགོངས་སུ་མེད་པའམ་དམིགས་སུ་མེད་པར་དམིགས་མཚན་བློ་ཡི་ཞེན་པ་ཐམས་ཅད་དང་བྲལ་བར་མ་བཅོས་མཉམ་པ་ཉིད་ཀྱི་ངང་དུ་རྣལ་མར་གནས་པའི་ཚུལ་འདི་ལུང་བསྟན་པར་གསུངས་ལ། འོན་ཀྱང་དེ་ལྟ་བུའི་དགོངས་པ་རྣལ་དུ་བཞག་པའི་དོན་ཨ་ཏི་གསང་ཆེན་སྙིང་པོའི་དགོངས་པ་འདི་ནི། འགྲོ་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་མིན་པས་ཇི་བཞིན་དུ་འཇོག་མི་ཤེས་ཤིང་ཡིད་ཀྱང་མི་ཆེས་མོད། སྐལ་ལྡན་དབང་རབ་རྣམས་ཀྱིས་དེ་ལྟར་མཉམ་པར་བཞག་པས་རྟོགས་བྱ་རྟོགས་བྱེད་ཐ་དད་དུ་མ་གྲུབ་པའི་ཕྱིར་ན་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་སྤྲོས་བྲལ་སོ་སོ་རང་རིག་པའི་ཚུལ་དུ་རྟོགས་པས་ཆོས་སྐུ་རང་གནས་ཀྱི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་དེ་ཡི་དགོངས་པ་ཡེ་རྫོགས་ལྷུན་གྱིས་གྲུབ་པའི་དོན་ལ་གནས་པར་བྱེད་པའི་དགོས་པ་ཡོད་དོ། །ཅེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་དོན་གྱི་དཀྱིལ་འཁོར་ལ་གནས་པའི་ལེའུ་སྟེ་བདུན་ཅུ་རྩ་བཞི་བའི་འགྲེལ་པའོ།། ༈ །།ལྔ་པ་དབང་ལ་བསྐུར་ཐོབ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ལེའུ་དོན་ལྔ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་དཀྱིལ་འཁོར་བསྐྱེད་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་ཀློང་དུ་འུབ་ཆུབ་ཅིང་དེའི་ངང་ལས་འདའ་བ་མེད་པས། རིག་པ་རང་བྱུང་གི་ཡེ་ཤེས་ཀྱིས་ཡེ་ནས་དབང་བསྒྱུར་ཟིན་པ་ལ་གནས་པ་ཡིན་པས་རྣམ་རྟོག་མཚན་མའི་དབང་ལ་རང་ལུས་པ་མེད་པའི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རིག་པ་ལྷུན་རྫོགས་ཀྱི་དབང་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། དབང་བསྒྱུར་རིག་པའི་ཡེ་ཤེས་ཀུན་བྱེད་ཉིད་དུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཀུན་བྱེད་རྒྱལ་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དབང་ལ་བསྐུར་ཐོབ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་སྤང་བླང་དང་བྲལ་བའི་དོན་ཉིད་སྒོམ་པར་གྱིས་ཤིག་ཅེས་དེ་ལྟར་བསྒོམ་པར་བྱས་ན་ཆོས་ཉིད་དོན་གྱི་དབང་ལ་རང་དབང་འབྱོར་བར་བསྟན་པ་སྟེ། དེ་ལ་དབང་ཞེས་པའི་དོན་ནི། དོན་གསལ་ལས། དབང་གི་ངོ་བོ་རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་གྱུར་བའོ། །དབང་གི་ངེས་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མངའ་མཛད་པས་ནའོ། །ཞེས་གསུངས་པ་ལྟར། འདི་ལྟར་སྣང་བའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་བྱུང་རིག་པའི་རྒྱལ་པོས་ཡེ་གྲོལ་བློ་ལས་འདས་པ་མ་བཅོས་ལྷུན་རྫོགས་ཆེན་པོར་མངོན་སུམ་གསལ་བར་རྟོགས་པས་དབང་བསྒྱུར་ཞིང་ཡེ་ནས་དེའི་ངང་ཚུལ་ལས་འདའ་བ་མེད་པས་ན་རྣམ་རྟོག་མཚན་མའི་སྤྱོད་ཡུལ་གྱུར་པ་དངོས་རིག་ལས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པའི་འགྱུར་བཅས་ཀྱི་བདེ་བའི་ཡེ་ཤེས་ལ་ངོ་སྤྲད་པ་སོགས་སྤྲོས་བཅས་མཚན་མའི་དབང་ལ་རག་མི་ལུས་པའི་ཕྱིར་ཀུན་བྱེད་བྱ་རྩོལ་བྲལ་བའི་དོན་འདི་རྟོགས་པར་བྱས་ནས། མི་རྟོག་མཉམ་པ་ཆེན་པོའི་དོན་ལ་མ་བཅོས་ཇི་བཞིན་ཉིད་དུ་ཞོག་ཅིག་ཅེས་སོ། །གཉིས་པ་ལ་གསུམ་སྟེ། གཞི་རིག་པའི་རྩལ་དབང་འཕྲོག་ནས་སྐྱོན་ཡོན་ལས་འདས་པའི་རང་བཞིན་བསྟན་པ། ལམ་རྣལ་བཞག་ཆེན་པོ་དམིགས་བསམ་མཚན་མ་ལས་འདས་པ། འབྲས་བུ་རེ་དོགས་གཉིས་མེད་ཤིན་ཏུ་རྣལ་འབྱོར་ལ་གདམས་པའོ། །དང་པོ་གཞི་རིག་པའི་རྩལ་དབང་ལ་གཉིས་ཏེ། ལྷུན་གྲུབ་རིག་པའི་རྩལ་དབང་དང་། དབང་བསྒྱུར་རིག་པའི་རྩལ་དབང་ངོ་། །དང་པོ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་དབང་བསྐུར་ཐོབ་མེད་པར་ཡེ་ནས་ལྷུན་གྲུབ་བྱ་རྩོལ་དང་བྲལ་བར་ཐོབ་ཟིན་པའི་དོན་འདི་ཉིད་རིགས་ཤིང་རྟོགས་པར་གྱུར་པ་ན། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཇི་ལྟར་སྣང་བ་ཡི་ཆོས་འདི་ཐམས་ཅད་མ་བཅོས་ཇི་བཞིན་པའི་ངོ་བོར་རིག་རྩལ་འགག་པ་མེད་པའི་རང་མདངས་སུ་རྟག་ཏུ་ཤར་བ་དེ་དག་ཐམས་ཅད་ལ། རིག་པའི་ཡེ་ཤེས་ཆེན་པོས་མངའ་དབང་ཅིག་ཆར་དུ་བསྒྱུར་བ་ཡིན་པས། ད་གསར་དུ་སྨིན་བྱེད་ཀྱི་རྒྱུ་དང་གྲོལ་བྱེད་ཀྱི་རྐྱེན་གང་ལའང་ལྟོས་པ་མེད་པར་འབད་རྩོལ་ཐམས་ཅད་ཉེ་བར་ཞི་བ་དེ་ནི་ཨ་ཏི་གསང་བ་མཆོག་གི་ལམ་ཡིན་ལ། དེ་ལྟར་སེམས་ཉིད་མ་བཅོས་གཞི་བཞག་ཆེན་པོའི་དོན་དེ་མ་ནོར་བར་ཤེས་པར་གྱུར་ན། ད་ལྟའི་ཐ་མལ་གྱི་ཤེས་པ་འདི་ལ་དགག་སྒྲུབ་དང་རྩིས་གདབ་ཅི་ཡང་བྱེད་མི་དགོས་པར་མ་བཅོས་གང་ལྟར་བཞག་ཀྱང་མི་འགལ་བར་ཆོས་ཉིད་བྱ་རྩོལ་བྲལ་བའི་དོན་དེ་ཁོ་ན་ཉིད་ཀྱི་ངང་དུ་འདུ་འབྲལ་མེད་པ་དང་། ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་རང་བཞིན་ཐབས་ཆེན་བླ་ན་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་གཤིས་ལུགས་ཡེ་གྲོལ་བསལ་བཞག་དང་བྲལ་བའི་དོན་མ་ནོར་བར་རྟོགས་པའི་མ་བཅོས་རིག་པའི་རྩལ་དབང་ཡང་ཐོབ་པ་ཡིན་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་མ་བཅོས་རིག་པ་རྩལ་གྱི་དབང་དེའི་ངོ་བོ་ངེས་ཚིག་དབྱེ་བ་བསྐུར་ཐབས་དང་དབང་བཞི་ལྷུན་གྲུབ་ཏུ་ཚངས་ཚུལ་དང་བཅས་བསྟན་པ་ནི། རིན་ཆེན་སྒྲོན་མ་རྩ་བའི་རྒྱུད་ལས། ཁྱད་པར་ཆོས་དབང་སེམས་ལ་བསྐུར་བ་ནི། །དབང་གི་ངོ་བོ་ངེས་ཚིག་དབྱེ་བ་དང་། །བསྐུར་ཐབས་དགོས་པ་འབྲས་བུར་བཅས་ཏེ་བསྟན། །ངོ་བོ་སེམས་ཉིད་ཡེ་ནས་སྐྱེ་བ་མེད། །མཚན་མའི་དྲི་བྲལ་མིང་མེད་མཐའ་སྟོངས་སོ། །ངེས་ཚིག་སྙིང་པོ་ཡེ་ནས་རང་དབང་རང་གིས་ཐོབ། །དབྱེ་ན་ཕྱི་ནང་གསང་བ་ཁོ་ན་ཉིད། །བསྐུར་བའི་ཐབས་ནི་རིག་པའི་རྩལ་དབང་སྟེ། །ཤེས་མེད་རང་སར་རྟོགས་པ་བུམ་པའི་དབང་། །མཚོན་བརྗོད་བསྟན་དུ་མེད་པ་གསང་བའི་དབང་། །ཀུན་འབྱུང་རང་སར་གྲོལ་བ་མིང་མེད་གཏིང་ཡངས་ཏེ། །རྒྱུད་ལ་འདྲེས་པ་ཤེས་རབ་ཡེ་ཤེས་དབང་། །ཞེ་འདོད་བློས་བཏང་མེད་པ་བརྡ་ཡི་དབང་། །དབང་བཞི་བསྐུར་བས་དྲི་མ་བཞི་རང་དག །ཤེས་པར་འདོད་དང་མཐོང་བར་འདོད་པ་དང་། །བཟང་ངན་བླང་དོར་གཉིས་སུ་འདོད་པ་དང་། །ཞེ་འདོད་འབྲས་བུ་འདོད་པའི་དྲི་བ་དང་། །སྟོང་ལས་ཅིར་ཡང་གསལ་བ་བུམ་པའི་དབང་། །གསལ་ཡང་མཐོང་ཡུལ་འདས་པ་གསང་བའི་དབང་། །གསལ་དག་ཉམས་སུ་མྱོང་བ་ཐབས་ཤེས་དབང་། །ཉམས་ལ་ཞེན་མེད་མཐའ་སྟོང་བརྡ་ཡི་དབང་། །དབང་བཞི་བསྐུར་བས་དྲི་མ་རྣམ་བཞི་དག །ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས་པ་དང་། །བསམ་བརྗོད་རྟོག་ཚོགས་ཞེན་པའི་མཐའ་ལས་གྲོལ། ། འབྲལ་བུ་བློ་དངོས་མུ་མཐའ་རང་གྲོལ་ནས། །གྲོལ་དང་མ་གྲོལ་ཉིད་ཀྱང་མཐའ་སྟོང་སྟེ། །བསྐུར་ཐོབ་རང་སར་དག་པ་ངོ་མཚར་ཆེ། །ཞེས་གསུངས་སོ། །དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཞི་བཞག་བཅོས་བསླད་དང་བྲལ་བར་རྟོགས་པ་དེས་ན་ཚོགས་དྲུག་གི་ཤེས་པ་ཀུན་ཀྱང་འགག་མེད་རང་ཤར་རང་གྲོལ་གྱི་ངོ་བོར་གནས་པ་དེ་ཇི་ལྟ་བ་བཞིན་དུ་རང་སྣང་མ་འགག་པའི་ཡུལ་ལ་འཇུག་ཅིང་འཕྲོ་བར་གྱུར་པ་ན་ཡུལ་ལ་གཡེངས་པའི་སྐྱོན་དུ་འགྱུར་བ་དང་། ནང་དུ་རྩེ་གཅིག་གནས་པས་ཡོན་ཏན་དུ་གྱུར་པ་གཉིས་ཀ་མེད་པར་མཉམ་པ་ཉིད་དུ་ཤེས་ནས། བྱུང་ཚོར་གྱི་རྟོག་པ་ཡུལ་ལ་འཇུག་པ་དང་མི་འཇུག་པའི་དོན་ལ་དགག་སྒྲུབ་བླང་དོར་ལས་ཤིན་ཏུ་འདས་པས་ཡེངས་སྒོམ་གཉིས་དང་བྲལ་བའི་རྣལ་འབྱོར་གྱི་སར་སླེབ་པ་ཡིན་པར་གསུངས་སོ། །གཉིས་པ་ནི། ཀྱེ་གོང་དུ་བཤད་པ་དེ་ལྟ་བུའི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རིག་པའི་ཡེ་ཤེས་ཆེན་པོ་ཀུན་ཁྱབ་འཕོ་འགྱུར་མེད་པས་འཁོར་འདས་ཀྱི་ཆོས་ཀུན་ལ་ཡེ་ནས་མངའ་དབང་བསྒྱུར་བའི་དགོངས་པ་ལྷུན་གྲུབ་མཉམ་པ་ཆེན་པོའི་དོན་འདི་ཉིད་ནི། ཡེ་ནས་སྨྲ་བརྗོད་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ན། ངག་གིས་འདིའོ་ཞེས་སྨྲར་མེད་ཅིང་བློས་དམིགས་ཤིང་བསམ་པའི་ཡུལ་ལས་འདས་པ་དང་། རིག་པ་རང་གི་ངོ་བོ་དྲན་བསམ་གྱི་རྟོག་པ་ཐམས་ཅད་ཉེ་བར་ཞི་ཞིང་སྤྲོས་པ་ཡི་སྤྱོད་ཡུལ་གང་ཡང་མེད་པ་སྟེ། དེ་ལྟ་བུའི་སེམས་ཉིད་འདུས་མ་བྱས་པ་མཐའ་གྲོལ་ཕྱོགས་ཡན་ཆེན་པོ་དེ་ཉིད་ཀྱིས་ནམ་མཁའ་ལྟར་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ཅན་ཡིན་པར་གསུངས་པ་ལ་ཕྱོགས་ཆ་ཡི་དབྱེ་བའང་ཡོངས་ཀྱི་མེད་པ་ཡིན་པས་འབད་རྩོལ་དགག་སྒྲུབ་ཀྱི་མཐའ་ལ་རྟོག་པར་མི་བྱེད་པར་རང་བབས་རྣལ་བཞག་གཅིག་ཏུ་གནས་པར་གྱིས་ཤིག་ཅེས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་ལ་སྙིང་པོ་རིག་པའི་རྩལ་དབང་བསྐུར་ཐོབ་མེད་པར་ཡེ་ནས་གནས་པའི་དོན་དེ་བཞིན་ཉིད་དུ་བསྒོམས་པར་བྱོས་ཤིག །དེ་ཡང་ཚུལ་ཇི་ལྟར་ན་ཆོས་ཉིད་སྙིང་པོའི་ཡེ་ཤེས་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་བསྒོམ་པ་དང་མི་སྒོམ་པ་གཉིས་ཀའི་ཡུལ་ལས་འདས་པ་ཡིན་ལ། དེས་ན་བསྒོམ་མི་སྒོམ་གཉིས་ཀ་ལ་རྟོག་པ་འབྱུང་འཇུག་གི་ཚུལ་ལ་རེ་དོགས་མེད་པ་ཡི་བློ་ཡིས། དེ་གཉིས་མཉམ་པར་ལྟ་བའི་ཚུལ་གྱིས་ཀྱང་མི་འཇུག་ཅིང་། བསྒོམ་དང་བསྒོམ་མེད་མཉམ་པའི་དོན་ལ་བསྒོམ་པར་མི་བྱེད་པར་དབང་པོ་ཡུལ་ལ་ཞེན་པས་དབང་དང་དངོས་གྲུབ་གཞན་ནས་མི་ལེན་པའམ་ཚོལ་དུ་མེད་པར་ཤེས་པས་ཡེ་ནས་བཅོས་སུ་མེད་པ་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་ཉིད་ལ་ཐེ་ཚོམ་དང་རྟོག་དཔྱོད་ཀྱིས་ལོག་པར་མི་བལྟ་བར་ཡིད་ཆེས་སོམ་ཉི་དང་བྲལ་བས་གུས་པར་གནས་པར་བྱའོ། །ཞེས་སོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྩོལ་སྒྲུབ་ལས་འདས་པས་བསྒོམ་དུ་མེད་པའི་སྙིང་པོ་སྟེ། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམ་དང་མི་བསྒོམ་མཐའ་ལས་གྲོལ། །ཞེས་གསུངས་པ་ལྟར་ལ། དེ་ལྟ་བུའི་སྒོམ་སྒྲུབ་རྩོལ་བ་ལ་ལྟོས་པ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་མ་བསྒྲིབ་ཡེ་ནས་གསལ་བའི་རང་བཞིན་ལ་རྩོལ་ཞིང་བསྒྲུབ་པ་མེད་པར་རང་དབང་ཡེ་ནས་ཐོབ་ཟིན་པ་ནི་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་ཡིན་ལ། དེ་ལྟར་རིག་པ་སྤྱི་བླུགས་ཀྱི་དབང་ནི་མ་བསྐུར་ཡེ་ནས་ཐོབ་པའི་དོན་འདི་རྟོགས་པས་རེ་དོགས་ཐམས་ཅད་དེ་ཉིད་དུ་ངང་གིས་བཅད་པ་ཡིན་པས་གོང་དུ་ཇི་སྐད་བསྟན་པ་ལྟར་རྣམ་རྟོག་མཚན་མའི་དབང་ལ་རེ་མི་འཆའ་སྟེ། སྙིང་པོ་དོན་གྱི་རྒྱུད་ལས། བསྐུར་ཐོབ་རག་མ་ལུས་པ་དབང་གི་ཀློང་། །རང་སེམས་རྫོགས་པ་ཡོངས་རྫོགས་གསལ་འགྱུར་བས། །ཕྱག་རྒྱའི་དཀྱིལ་འཁོར་དབང་ལ་རག་མ་ལུས། །མ་བརྗོད་སྙིང་པོའི་ངང་ལ་ཀུན་རྫོགས་པས། །སྔགས་ཚིག་བདེ་བའི་དབང་ལ་ལྟོས་པ་མེད། །མཚན་མ་ཀུན་བྲལ་རང་སེམས་རྫོགས་པ་ལ། །རྫས་དང་ཏིང་འཛིན་དོན་ལ་རྩོལ་བ་མེད། །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་ཆེན་གྱིས། །མ་བསྐུར་རང་བཞིན་རྫོགས་པ་འདི་རྟོགས་པས། །དབང་མཆོག་ལྷུན་གྲུབ་བདེ་ལ་གནས་པར་འགྱུར། །རིག་པའི་རྒྱལ་པོ་ཀུན་ལ་དབང་བསྐུར་བས། །རྣམ་རྟོག་མཚན་མའི་དབང་ལ་རྟེན་མི་འཆའ། །དབང་གི་དབང་མཆོག་ཟབ་མོ་རྫོགས་པའི་དབང་། །རྟོག་པས་མ་བསྐུར་ལྷུན་རྫོགས་ཡེ་སངས་རྒྱས། །འདུས་བྱས་མ་ཡིན་སྐྱེ་འཇིག་མེད་པའི་དབང་། །རིམ་བགྲོད་མ་ཡིན་དུས་གཅིག་རྫོགས་པའི་དབང་། །རྟོགས་པས་བསྒྲུབ་མི་དགོས་ཏེ་རང་བཞིན་རྫོགས། །ཞེས་གསུངས་སོ། །དེས་ན་དེ་འདྲའི་སེམས་ཉིད་སྙིང་པོའི་དོན་འདི་ལ་ངེས་པར་འཇུག་པའི་གང་ཟག་རྣལ་འབྱོར་གྱི་དབང་པོ་དམ་པར་གྱུར་བས་ཤིན་ཏུ་རྣལ་འབྱོར་ཨ་ཏི་རྫོགས་པ་ཆེན་པོ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ངེས་དོན་ཟབ་མོའི་ལུང་གི་བསྟན་དོན་མ་བཅོས་ལྷུན་གྲུབ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་སེམས་ཉིད་ཀུན་བྱེད་རྒྱལ་པོ་ལ་གང་ཞིག་རྩོལ་བཅས་ཀྱི་ཐེག་པ་བ་ལྟར་དུ་སྒོམ་སྒྲུབ་རྩོལ་བའི་སྒོ་ནས་འདི་ལྟར་དུ་འཇོག་པར་གྱིས་ཤིག་ཅེས་རྣམ་རྟོག་མཚན་མའི་ལམ་གང་ཡང་ལུང་མི་སྟོན་པས་ན། དེ་ལྟར་སྒོམ་སྒྲུབ་འབད་རྩོལ་གྱིས་འཇོག་པར་སྔ་བར་འདས་པའི་སངས་རྒྱས་རྣམས་ཀྱི་ངེས་པའི་དོན་དུ་མ་གསུངས་ལ་ཕྱིས་ཀྱང་སྟེ་མ་འོངས་པའི་དུས་སུ་མི་གསུངས་ཞིང་། ད་ལྟར་བྱུང་ཞིང་མངོན་སུམ་དུ་བཞུགས་ནས་ཆོས་གསུང་བར་མཛད་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་མི་མཛད་དོ་ཞེས་བྱ་རྩོལ་ཐམས་ཅད་བྱར་མེད་ཡེ་གྲོལ་གྱི་རང་བཞིན་དུ་བསྟན་པའོ། །གསུམ་པ་དོན་བསྡུ་བ་ལ་ལྔ་སྟེ། ཐ་མ་ལ་རང་གའི་ཤེས་པ་དང་། རྩོལ་སྒྲུབ་རེ་དོགས་ཀྱི་རིག་པས་ཀུན་བྱེད་ཀྱི་དོན་ལ་གོལ་བར་བསྟན། རྣལ་བཞག་རང་བབས་ཀྱི་སེམས་ཉིད་གོལ་ས་བཅད་ནས་ཀུན་བྱེད་ཀྱི་དགོངས་པར་གྲུབ་ཚུལ། དགོངས་པ་དེ་ལ་གནས་པས་འཁོར་འདས་ཀྱི་མཐལ་ལས་འདས་ཚུལ། འཕྲོ་གནས་རང་གྲོལ་ཅོག་བཞག་ཀུན་བྱེད་རྒྱལ་པོའི་དགོངས་པར་བསྟན་པའོ། །དང་པོ་ནི། ཀྱེ་སྟོན་པའི་ངོ་བོ་ཀུན་བྱེད་རྒྱལ་པོ་ཡིས་བསྒོམ་ཞིང་བསམ་དུ་མེད་པའི་ཆོས་ཉིད་བྱ་རྩོལ་བྲལ་བའི་དོན་བསྟན་པ་ཇི་བཞིན་དུ་མ་རྟོགས་བཞིན་དུ་རྫོགས་པ་ཆེན་པོ་བྱ་རྩོལ་བྲལ་བའི་དོན་ལ་ཁུངས་ཕྱུང་ནས་བསྒོམ་མེད་དང་བྱར་མེད་ཡིན་ནོ་ཞེས་གནས་ལུགས་རང་བྱུང་གི་ཡེ་ཤེས་མ་བཅོས་པའི་དོན་ལ་ཅི་ཡང་མ་བསམ་པར་ཡལ་བར་བོར་ཏེ་ཐ་མལ་རང་གར་གནས་པས་འཁོར་བ་རང་མཚན་པ་ཉིད་དུ་གོལ་བ་ཡིན་པར་གསུངས་ཏེ། གཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར། །ཚིག་ཙམ་ལུང་ནས་ཆོས་ཀྱི་ཁུངས་ཕྱུང་ནས། །བྱར་མེད་ཆོས་ལ་ང་རྒྱལ་བློ་བརྟན་ནས། །ལུས་ངག་རྩིང་ཆོས་ཕད་ཧྲལ་སྤྱོད་བྱེད་པ། །རང་སེམས་བཀག་ཀྱང་འཁོར་བར་མི་སྐྱོབས་ཏེ། །སྡུག་བསྔལ་ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །བལྟ་བ་ཉམས་པའི་སྐྱོན་དུ་བཤད་པའི་ཕྱིར། །ཤིན་ཏུ་རྣལ་འབྱོར་དོན་ཉིད་རྟོགས་པ་ཞེས། །ཞེས་གསུངས་པ་ལྟར་སོ་སྐྱེས་ཐ་མལ་དུ་གོལ་བའི་འཕྲང་བསལ་བའི་ཕྱིར་དུ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་དུ་རྟོགས་པར་གདམས་པའོ། །གཉིས་པ་ནི། འོན་ཀྱང་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་འགྲོ་བ་ཀུན་ལ་རང་ཆས་ལྷུན་གྲུབ་ཉིད་དུ་ཡོད་པ་དང་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་དེའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་པས་དེ་ལས་གཞན་དུ་འབྲས་བུ་ཞིག་བཙལ་དུ་མེད་པ་ཡིན་པར། རྫོགས་པ་རང་བྱུང་ལས། ཇི་ལྟར་སྣང་བ་ཀུན་དུ་བཟང་། །ཀུན་གཞི་ཡེ་ནས་རྟོག་མེད་མཉམ། །ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུ། །འདི་ལས་གཞན་པའི་སངས་རྒྱས་ནི། །བུ་གཅིག་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་པ་ལྟ་བུ་ཡིན་པ་ལ་དེ་ལྟར་མ་རྟོགས་པར་བཙལ་ཞིང་བསྒོམས་པས་ཀུན་བྱེད་རང་བྱུང་གི་ཡེ་ཤེས་དེ་གཞན་དུ་བཙལ་བར་བྱས་པ་ནི་རྣམ་པར་རྟོག་པའི་རང་བཞིན་མཚན་མའི་ལམ་དུ་གོལ་བ་ཡིན་པ་དེ་བས་ན། རེ་དོགས་རྩོལ་སྒྲུབ་དང་བཅས་པའི་སེམས་འཛིན་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ནི་ཅི་ཙམ་གནས་པས་ཀྱང་གྲོལ་བར་འགྱུར་བ་ཀུན་བྱེད་ཉིད་ཀྱི་ལུང་མི་སྟོན་པར་མ་ཟད་རྫོགས་པ་ཆེན་པོའི་གོལ་ས་ཁམས་གོང་མའི་རྒྱུ་ཙམ་ལས་མེད་པར་གསུངས་སོ། །གསུམ་པ་ནི། ཀྱེ་སྟོན་པའིི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་ཉིད་ཀྱི་རང་བཞིན་མ་བཅོས་རྣལ་བཞག་ཆེན་པོའི་དོན་ཇི་ལྟ་བར་རྟོགས་པས་བཤད་མ་ཐག་པའི་གོལ་ས་གཉིས་ཀའི་འཆིང་བ་དེ་ཉིད་རབ་ཏུ་བཅད་ནས་བསྒོམ་དང་མི་བསྒོམ་ལ་སོགས་པ་གང་ལྟར་བཞག་ཀྱང་མི་འགལ་བར། ཆོས་ཉིད་མཉམ་པའི་དོན་ལ་གནས་པར་བྱས་པས་ཀུན་བྱེད་ང་ཡི་དགོངས་པ་མ་བཅོས་ཡེ་སངས་རྒྱས་པས་སྤང་བླང་རྩོལ་སྒྲུབ་ལས་འདས་པའི་དོན་ལྷུན་གྱིས་གྲུབ་པ་ཡིན་པས་ན་དེ་ལྟ་བུའི་ཀུན་བྱེད་རྒྱལ་པོའི་རང་བཞིན་རིག་པ་བྱང་ཆུབ་སེམས་ཀྱི་གཤིས་ལུགས་མ་ནོར་བ་དེ་རྟོགས་པར་གྱིས་ཤིག་ཅེས་གདམས་སོ། །བཞི་པ་ནི། ཀྱེ་ཨ་ཏི་ཡེ་གྲོལ་ཆེན་པོའི་དགོངས་པ་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་བ་གང་གིས་གོང་དུ་བསྟན་པ་དེ་ལྟ་བུའི་ཐ་མལ་རང་གར་གོལ་བའི་འཆིང་བ་དང་། རེ་དོགས་རྩོལ་སྒྲུབ་ཀྱི་འཆིང་བ་གཉིས་པོ་དེ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཇི་བཞིན་དུ་རྟོགས་པའི་རིག་པའི་རྩལ་གྱིས་བཅད་པར་བྱས་ཤིང་། ཡེ་གྲོལ་བསྒོམ་དུ་མེད་པའི་དགོངས་པ་ལ་གནས་པ་དེ་ནི། རེ་དོགས་རྩོལ་སྒྲུབ་ཀྱི་བློ་ཐམས་ཅད་དང་བྲལ་བ་ཡིན་པས་འཁོར་བ་ལས་གྲོལ་བར་བྱེད་པའི་ལམ་ལ་མི་འཇུག་ཅིང་། མྱ་ངན་ལས་འདས་པ་དང་དུ་མི་ལེན་ལ། སེམས་ཉིད་སྙིང་པོའི་དོན་ལ་འཁོར་འདས་བླང་དོར་ལ་སོགས་པའི་ཕྱོགས་རིས་སུ་དམིགས་ནས་མི་འཛིན་ཞིང་། བློ་འདས་རང་བྱུང་གི་ཡེ་ཤེས་མ་བཅོས་རྣལ་མའི་དོན་ལ་མཚན་འཛིན་རྟོག་པའི་བློ་ཡིས་མི་སྒོམ་ལ། དཔང་ཀློང་ལས། སྒྲ་སྐད་མ་ལུས་རྣམ་པ་ཡང་། །མི་ཟད་རྒྱན་གྱི་འཁོར་ལོའི་གསུང་། །གཟུགས་མཆོག་སྐུ་ཡི་དཀྱིལ་འཁོར་རྫོགས། །དྲན་རྟོག་སེམས་ཀྱི་རྒྱུ་བ་ཀུན། །མི་ཟད་རྒྱན་གྱི་འཁོར་ལོའི་ཐུགས། །སྣོད་བཅུད་ཡེ་ཤེས་དཀྱིལ་འཁོར་ཡིན། །རབ་འབྱམས་རྨད་བྱུང་དཀྱིལ་འཁོར་མཆོག །ཅེས་གསུངས་པ་ལྟར་སྣང་གྲགས་དྲན་རྟོག་གིས་བསྡུས་པའི་སྣོད་བཅུད་ཀྱི་སྣང་བ་འདི་ཐམས་ཅད་རང་བྱུང་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྟོགས་པ་དེ་ལས་གཞན་དུ། སྙིང་རྗེ་བསྐྱེད་པའི་ཡུལ་སེམས་ཅན་རང་རྒྱུད་པ་ཞིག་དམིགས་སུ་མེད་པས་དེའི་དོན་ལ་མི་འཇུག་པར་དམིགས་གཏད་རེ་དོགས་ཀྱི་རྩོལ་སྒྲུབ་ཀུན་དང་བྲལ་བ་ཡིན་པར་གསུངས་སོ། །ལྔ་པ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་མ་བཅོས་རིག་པ་རྩལ་གྱི་དབང་མ་བསྐུར་ཡེ་ནས་ཐོབ་པའི་སེམས་ཉིད་སྙིང་པོའི་དོན་ལ་གོམ་པར་བྱེད་པའི་ཐབས་གང་བསྟན་པ་བཞིན་དུ། སེམས་དཔའ་རྡོ་རྗེས་དོན་དེ་ལ་གོམས་པར་གྱིས་དང་དེ་ལྟ་བུའི་མ་བཅོས་རྣལ་དུ་བཞག་པའི་ཡེ་ཤེས་ཀྱི་དྲན་པའམ་གཉུག་མའི་དྲན་པས་ལྷུན་རྫོགས་བདེ་བ་ཆེན་པའི་དོན་ལ་དབང་བསྒྱུར་བར་བྱས་པས་ཆོས་རྣམས་ཐམས་ཅད་རིག་པའི་ངང་དུ་འུབ་ཆུབ་ཅིང་ཕྱི་ནང་གསང་བའི་དབང་རྣམས་ཐམས་ཅད་མ་བསྐུར་དུས་གཅིག་རྫོགས་པ་འདི་ནི། སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་ཀྱི་དགོངས་པ་མ་ནོར་བ་ཡིན་པར་ཀུན་བྱེད་ངས་ལུང་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ལས་ཅན་རྣལ་འབྱོར་དོན་ལྡན་གྱིས། །ཡེ་དབང་སྙིང་པོ་སེམས་ཉིད་དོན། །ཆོས་ཉིད་རིག་པའི་དབང་ཐོབ་པས། །ཕྱི་ནང་དབང་རྣམས་དེ་ལ་རྫོགས། །ཞེས་གསུངས་པ་ལྟར་རོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རིག་པ་དབང་བསྒྱུར་ལ་གནས་པའི་ལེའུ་སྟེ་བདུན་ཅུ་རྩ་ལྔ་བའི་འགྲེལ་པའོ།། ༈ །།དོན་གཉིས་པ་བསྒོམ་མེད་རྣལ་བཞག་ཆེན་པོའི་ལམ་ཇི་ལྟར་བསྒོམ་ཚུལ་ལ་གསུམ་སྟེ། ལམ་ལ་བགྲོད་དུ་མེད་པ། ས་ལ་སྦྱང་དུ་མེད་པ། སྤྱོད་པ་བླང་དོར་མེད་པའི་དགོངས་པ་ལ་ཇི་ལྟར་གནས་པའོ། །དང་པོ་ལམ་ལ་བགྲོད་དུ་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་དྲུག་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་དབང་ལ་བསྐུར་ཐོབ་མེད་པའི་དོན་ལ་ཇི་ལྟར་བསྒོམ་ཚུལ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ཆོས་ཐམས་ཅད་ཀྱི་འབྱུང་གནས་སྙིང་པོ་བྱང་ཆུབ་སེམས་ཀྱི་དོན་ལ་གོང་འོག་རིམ་ཅན་གྱི་ཚུལ་དུ་བགྲོད་དུ་མེད་པར་མ་བགྲོད་ཡེ་ནས་ཕྱིན་པའི་ལམ་ལ་ཇི་ལྟར་གནས་པའི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བགྲོད་མེད་དོན་གྱི་ངོ་བོ་སྤྱིར་བསྟན། དེའི་རང་བཞིན་བྱེ་བྲག་ཏུ་བཤད། གདམས་ཚུལ་ཡོན་ཏན་གྱི་རིམ་པས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་གནས་ལུགས་ཡེ་ནས་བགྲོད་དུ་མེད་པའི་དོན་རྣལ་མ་ལ་ད་སྒོམས་ཤིང་གནས་པར་གྱིས་ཤིག །དེ་ཡང་ཆོས་ཉིད་སྙིང་པོ་རང་བྱུང་གི་ཡེ་ཤེས་མི་རྟོག་མཉམ་པའི་དོན་ལ་བླང་དོར་གྱི་བྱ་བྱེད་གང་ཡང་མེད་པའི་ལམ་འདི་ནི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ལ་ནམ་མཁའི་མཐའ་ལྟར་ཁྱབ་ཅིང་འདུ་འབྲལ་མེད་པར་གནས་པས་མ་ཁྱབ་པའི་ཕྱོགས་མེད་དེ། རྫོགས་པ་ཆེན་པོའི་མཉམ་ཉིད་རང་གྲོལ་ལས། རང་སེམས་སྙིང་པོ་འགྱུར་མེད་སངས་རྒྱས་ཏེ། །ཡོད་ནི་འཁོར་འདས་ཀུན་ལ་ཡེ་ནས་ཡོད། །ཁྱབ་ནི་དུས་གསུམ་སྔ་ཕྱི་མེད་པར་ཁྱབ། །ཡིན་ནི་ཆོས་དབྱིངས་རྒྱུ་འབྲས་འདས་པ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་པའི་རྒྱུ་མཚན་དེས་ན་མ་བཅོས་གཉུག་མའི་ངང་དུ་རང་བབས་ལ་འཇོག་པ་ལས་ཀུན་ཁྱབ་འཕོ་འགྱུར་མེད་པ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་དེ་ལ་རྣམ་རྟོག་མཚན་མའི་ཡུལ་དུ་གྲུབ་པའི་བསྒོམ་བྱ་ཅི་ཡང་མེད་ཀྱང་ཆོས་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མིན་པ་གཅིག་ཀྱང་མེད་པས་མི་བསྒོམ་པར་དོར་བར་བྱ་བའང་གང་ཡང་མེད་དེ། དེས་ན་ཅིར་སྣང་ཇི་ཤར་ཐམས་ཅད་ངང་བཞག་ཆུ་བོ་རྒྱུན་གྱི་སྒོམ་པ་ལས་མ་འདས་ལ། དེ་བཞིན་དུ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པས་གཟུང་འཛིན་རྣམ་རྟོག་གི་བློ་གང་གིས་དམིགས་སུ་མེད་ལ། སྙིང་པོ་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཚན་མ་ཀུན་ལས་འདས་པའི་ཡུལ་འདི་ལས་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཡེ་ནས་གནས་པ་ཡིན་པས་དེ་ལས་གཞན་དུ་བགྲོད་ཅིང་ཕྱིན་པའི་ཡུལ་ལས་འདས་པ་ཡིན་པས་ལམ་རིམ་ཅན་གྱི་ཚུལ་དུ་བགྲོད་པ་མེད་དེ། དོན་གསལ་ལས། ལམ་གྱི་ངེས་ཚིག་བསྟན་པ་ནི། །གཞན་དུ་བགྲོད་ཅིང་འཇུག་ཏུ་མེད། །མི་འབྲལ་གནས་པས་ལམ་ཞེས་བྱ། །ཞེས་གསུངས་པ་ལྟར་ལ། དེས་ན་རིག་པ་བྱང་ཆུབ་སེམས་ཀྱི་ངང་ན་གནས་པ་དེ་ལས་གཞན་དུ་ལམ་ལ་མི་བགྲོད་ཅིང་ས་ལ་མི་སྦྱོང་ཞིང་གང་དུའང་རྣམ་པར་མི་རྟོག་པར་རྩོལ་བྲལ་བདེ་བ་ཆེན་པོའི་ངང་ལ་རང་བབས་སུ་གནས་པས་ས་ལམ་ཐམས་ཅད་རིག་པའི་ངང་དུ་ལྷུན་གྱིས་གྲུབ་པ་ཡིན་གྱིས་གལ་ཏེ་བགྲོད་པས་ཕྱིན་པར་འདོད་ན་སྡུག་བསྔལ་གྱི་མཐའ་རུ་གོལ་བར་གསུངས་ཏེ། ནམ་མཁའི་མཐའ་དང་མཉམ་པ་ལས། བགྲོད་བྲལ་ལམ་གྱི་རང་བཞིན་ལ། །བགྲོད་པས་ཕྱིན་པར་མི་འགྱུར་ཏེ། །རང་གསལ་རིག་པ་མངོན་གསལ་བས། །ཕྱིན་པ་མེད་པར་དུས་གཅིག་མནན། །ཕྱིན་པ་ལམ་གྱི་ཡུལ་བྲལ་ལ། །བགྲོད་པས་ཕྱིན་མེད་ལམ་མཐའ་རིང་། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། སྙིང་པོ་དོན་གྱི་སེམས་ཡེངས་པ་མེད་པའི་ངོ་བོར་བསྟན་པ་དང་། ཡེངས་མེད་སྤྲོས་པ་དང་བྲལ་བའི་དོན་ལ་མ་སྦྱངས་ན་མཚན་མའི་ལམ་གྱིས་བསླུ་བར་བཤད་པ། མ་ཡེངས་རྣལ་དུ་བཞག་པ་དུས་གསུམ་རྒྱལ་བའི་དགོངས་པར་བརྗོད་པ་དགོངས་པ་དེ་ཉིད་སྤྱོད་པ་དོན་གྱི་ས་ལ་གནས་པའོ། །དང་པོ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡི་མ་བགྲོད་ཡེ་ནས་ཕྱིན་པའི་ལམ་གྱི་རང་བཞིན་ཉིད་ནི་འཁོར་འདས་ཐམས་ཅད་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་དབྱེ་བསལ་མེད་པར་ཡེ་ནས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་གནས་པ་ཡིན་པས་དེ་ལས་གཞན་དུ་བགྲོད་དུ་མེད་པའི་ལམ་ཡིན་ལ། སེམས་ཉིད་སྙིང་པོ་དོན་གྱི་ཡེ་ཤེས་དང་མེ་དང་ཚ་བའམ་ཆུ་དང་རླན་ལྟར་ཡེ་ནས་འབྲལ་མེད་དུ་འགྲོགས་པས་དེ་ལས་ཡེངས་བ་མེད་པ་དང་། ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་འདུས་པས་དེ་ལས་བགྲོད་དེ་གར་ཡང་མི་འགྲོ་བ་ཡིན་ཏེ། སྙིང་པོ་དོན་གྱི་རྒྱུད་ལས། ཀུན་ཀྱང་རང་བྱུང་སྙིང་པོའི་ལམ། །མ་བགྲོད་དུས་གཅིག་རྫོགས་པའི་གནས། །མཁའ་ལ་བགྲོད་མེད་ཀུན་ཁྱབ་ལྟར། །ཐེག་ཆེན་སེམས་ཉིད་རྫོགས་པའི་ལམ། །མ་ཁྱབ་མ་ལུས་ཆོས་མེད་པས། །མ་བགྲོད་འབྲས་བུ་རང་བཞིན་རྫོགས། །ཞེས་པ་ལྟར་རོ། །གཉིས་པ་ནི། ཀྱེ་དེ་ལྟར་བགྲོད་མེད་བགྲོད་པ་ཀུན་གྱི་མཆོག་ཏུ་བསྟན་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཡི་དོན་ལ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་བསྒོམ་པར་བྱ་དགོས་ཀྱི། གལ་ཏེ་བསྒོམ་དུ་མེད་པའི་དོན་དེ་ལྟ་བུ་ལ་མ་བསྒོམས་ན་དེ་ལས་གཞན་དུ་རྣམ་རྟོག་མཚན་མའི་བློ་གྲངས་སུ་འདེབས་པའི་ལམ་ལ་བསྐལ་བ་བརྒྱར་བསྒོམས་པར་བྱས་ཀྱང་ཀུན་བྱེད་ང་ཡི་དགོངས་པ་ཡེ་གྲོལ་བསལ་བཞག་བྲལ་བའི་དོན་ཉིད་རྟོགས་པར་མི་འགྱུར་ཞིང་། དེ་ལྟ་བུའི་རྣམ་རྟོག་གི་ཡུལ་ལ་ཞེན་ནས་ཇི་ལྟར་བསྒོམས་ཀྱང་མཚན་མའི་རྣམ་པ་གྲངས་ལས་འདས་པས་ཟད་དུ་མེད་ཅིང་། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་མཉམ་པ་ཆེན་པོའི་དོན་ལ་རྣམ་རྟོག་མཚན་མའི་བློ་ཡིས་བསྒོམ་པར་བྱ་མི་དགོས་ལ། གལ་ཏེ་རེ་དོགས་འབད་རྩོལ་གྱིས་བསྒོམས་པར་བྱས་ཀྱང་སྔར་བས་ལྷག་པར་བྱར་ཡང་མེད་དེ་དམིགས་བསམ་སྤྲོས་པ་ཀུན་ལས་འདས་པའི་ཕྱིར་རོ། །དེས་ན་བྱ་བྱེད་རྩོལ་བ་ལ་སོགས་པ་མཚན་མའི་ལམ་ལ་ཞེན་པའི་རྣལ་འབྱོར་གྱི་རྗེས་སུ་ཞུགས་ཤིང་མཚན་མའི་ལམ་ལ་བསྒོམས་པར་བྱས་ན་ཡང་། དེ་འདྲའི་བྱ་བྱེད་ཀྱི་རྩོལ་བས་བྱར་མེད་ཀྱི་དོན་མི་ཟིན་པར་རྟོགས་པ་འཇིལ་བར་བྱེད་པ་ཙམ་ཡིན་པས། དེ་ལྟར་རྟོག་པ་འཇིལ་བར་བྱེད་ཀྱང་དོན་ལ་རྣམ་རྟོག་ཟད་དུ་མེད་པ་དཔེར་ན་ཆུ་མ་བསྒུལ་བར་བཞག་ན་རྙོག་མ་རང་དངས་སུ་འགྲོ་བ་ལས། གལ་ཏེ་རྙོག་མ་དངས་བར་འདོད་ནས་བསྒུལ་བར་བྱས་ན་སླར་ཡང་རྙོག་པར་འགྱུར་བ་ལས་དངས་སུ་མེད་པ་བཞིན་ཏེ་སེམས་གནས་རྩེ་གཅིག་ཏུ་བསྒོམ་པ་དང་རྣམ་རྟོག་གི་མཚན་མ་གྲངས་སུ་འདྲེན་པ་སོགས་གང་ལྟར་བསྒོམས་ཀྱང་བྱིས་པས་བསླུས་པར་འགྱུར་བ་ལས་མེད་པ་ཡིན་ཏེ། མཉམ་ཉིད་རང་གྲོལ་ལས། དོན་འདི་མི་ཤེས་རྨོངས་པའི་བསམ་གཏན་པ། །ཁ་ཅིག་དབྱིངས་ཉིད་ངང་བཞག་འབའ་ཞིག་བཙལ། །འདུ་ཤེས་ཚོར་བ་འགོག་པའི་སེམས་འཛིན་གྱིས། །གཟུགས་དང་གཟུགས་མེད་བག་ཆགས་འཁོར་བ་བསྒྲུབ། །ཁ་ཅིག་ཡུལ་གྱི་ཡེ་ཤེས་ཕྱིར་བལྟས་ལ། །རང་གྲོལ་ཟེར་ནས་འཕྲོ་འདུའི་རྟོག་པ་འདྲེན། །ཀུན་རྟོག་སྤྲོས་པས་འདོད་པའི་སྲིད་པར་འཆིང་། །དབྱིངས་དང་ཡེ་ཤེས་གཉིས་མེད་རྟོགས་པ་མེད། །ལ་ལ་བསྐྱེད་རྫོགས་རྒྱུ་འབྲས་སྣ་ཚོགས་ཀྱིས། །སྙིང་པོའི་སེམས་ཉིད་རྣལ་མའི་དོན་ལ་སྒྲིབ། །འཁོར་བའི་གྲོང་ལས་ཐར་བའི་སྐབས་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སེམས་ཉིད་མ་བཅོས་རྣལ་དུ་བཞག་པའི་དོན་ལ་ལེགས་པར་རམ་མ་ནོར་བར་སྒོམས་ཤིག །དེ་ཡང་ཇི་ལྟར་ན་བསྒོམ་བྱའི་ཆོས་ཉིད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ང་ནི་སྟོན་པ་ཀུན་བྱེད་རྒྱལ་པོ་གདོད་ནས་སྐྱེ་བ་མེད་པ་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། དེ་ལྟ་བུའི་གནས་ལུགས་རང་བྱུང་གི་ཡེ་ཤེས་འདི་ནི་དུས་གསུམ་གྱི་རྒྱལ་བ་ཀུན་གྱིས་ལམ་གྱི་འདྲེན་པ་རྣམ་པར་དག་པ་ཡིན་པས། སེམས་དཔའ་རྡོ་རྗེ་ཁྱོད་ཀྱང་ཀུན་བྱེད་ང་ཡི་ལམ་འདི་ལ་ལེགས་པར་ཞུགས་ཤིག་དང་། སྔར་འདས་པའི་སངས་རྒྱས་ཐམས་ཅད་ཀུན་བྱེད་སྐྱེ་བ་མེད་པའི་ལམ་འདི་ཉིད་དུ་ཞུགས་ནས་སངས་རྒྱས་པ་ཡིན་ལ། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་སེམས་ཉིད་སྐྱེ་བ་མེད་པའི་ལམ་འདི་ལ་འཇུག་པར་འགྱུར་བ་དང་། ད་ལྟར་གྱི་སངས་རྒྱས་རྣམས་ཀྱང་ཆོས་ཉིད་སྐྱེ་བ་མེད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉིད་མ་བཅོས་རྣལ་མར་བཞག་པའི་ལམ་འདི་ཉིད་ལ་གནས་ནས་སངས་རྒྱས་པ་ཡིན་པ་དེས་ན་ཀུན་བྱེད་རྒྱལ་པོ་ང་ཉིད་ནི་དུས་གསུམ་རྒྱལ་བ་ཀུན་གྱི་ལམ་བགྲོད་པ་གཅིག་བུ་པ་ཡིན་ནོ་ཞེས་སོ། །བཞི་པ་ནི། ཀྱེ་བཤད་མ་ཐག་པ་དེ་ལྟ་བུའི་སེམས་ཉིད་སྐྱེ་བ་མེད་པ་མ་བཅོས་རྣལ་མར་གནས་པའི་ལམ་འདིར་འཇུག་ཅིང་བསྒོམ་པར་བྱེད་པའི་རྣལ་འབྱོར་བ་དེ་ནི་ད་ལྟ་ཉིད་ནས་འབྲས་བུ་རྒྱལ་བའི་ས་ལ་གནས་པ་ཡིན་ཏེ་གདོད་ནས་ཡེ་སངས་རྒྱས་པའི་སེམས་ཉིད་ཇི་བཞིན་པའི་དོན་ལ་གནས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཡང་བློ་འདས་རྫོགས་པ་ཆེན་པོའི་དོན་ལ་གནས་པའི་རྣལ་འབྱོར་བ་དེ་ལ་གཉིས་འཛིན་མཚན་མའི་རྟོག་པ་གང་ཡང་མེད་པས་འདི་ནི་དུས་གསུམ་རྒྱལ་བའི་དགོངས་པའོ་སྙམ་དུ་མཆོག་ཏུ་མི་འཛིན་ཞིང་མི་རྟོག་ལ། སེམས་ཉིད་སྙིང་པོའི་དོན་ལ་འཁོར་འདས་ལ་སོགས་པའི་ཕྱོགས་དང་རིས་སུ་བཟུང་དུ་ཡང་མེད་པས་སྙིང་པོའི་ལམ་དེ་ལ་འཇུག་པ་དང་མི་འཇུག་པའི་མཐའ་ལས་ཀྱང་འདས་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། རྟོགས་དོན་གོམས་པར་བྱེད་པ་ལས་གཞན་པའི་ལམ་མེད་པར་ལུང་བསྟན་པ་དང་། ཐམས་ཅད་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པར་བྱས་པས་བགྲོད་མེད་རྩོལ་སྒྲུབ་ལས་འདས་ཏེ་ཀུན་བྱེད་རྒྱལ་པོར་རང་གྲོལ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་རྣལ་འབྱོར་པ་གང་ཞིག་ཀུན་བྱེད་སྐྱེ་བ་མེད་པ་མ་བགྲོད་ཡེ་ནས་ཕྱིན་པའི་ལམ་འདི་ལ་དུས་གཅིག་ཏུ་འཇུག་པར་ནུས་པའི་སྐལ་ལྡན་རྣམས་ལ། སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བཅོས་རྣལ་མའི་ལམ་ཇི་བཞིན་པ་འདི་བསྟན་པར་བྱས་ནས། དོན་དེ་ཉིད་མ་ནོར་བར་རྟོགས་པའི་ཡེ་ཤེས་ཀྱི་རྩལ་གྱིས་ཆོས་ཉིད་སྙིང་པོའི་དོན་ལ་སྐད་ཅིག་གཅིག་གིས་བསྐྱོད་ཅིང་ཕྱིན་པར་བྱེད་པ་རླུང་གི་རང་བཞིན་དུ་གནས་པ་དེ་ལ་མ་གཡེངས་གཉུག་མའི་དྲན་པས་གོམས་ཤིང་འདྲེས་པར་བྱེད་པ་ལས་གཞན་དུ་ཏིང་ངེ་འཛིན་བསྒོམ་ཞིང་ལམ་ལ་འཇུག་ཏུ་མེད་པར་ལུང་སྟོན་ཅིག་ཅེས་པ་སྟེ། སྙིང་པོ་དོན་གྱི་རྒྱུད་ལས། རང་བྱུང་རྫོགས་པའི་དོན་སྤྲད་པ། །རིག་པའི་དོན་ལ་དེ་མ་ཐག །མ་བཅོས་རང་བཞིན་བཞག་པས་གནས། །རང་བཞག་རིག་པ་ཡེངས་མེད་ཀློང་། །གོམས་པ་དྲན་པ་ཉིད་ཀྱིས་གསལ། །རང་རིག་མཉམ་པའི་སྙིང་པོ་ལ། །བཅོས་པ་མེད་ཀྱིས་ཅི་དགར་ཞོག །ཅེས་གདམས་པ་བཞིན་ནོ། །གཉིས་པ་ནི། ཀྱེ་ང་ནི་སྟོན་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཡིན་པས་ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་མ་ལུས་པ་ཀུན་སྟོན་པ་ཀུན་བྱེད་ངས་བྱས་ཤིང་། དེ་ཡང་བྱང་ཆུབ་སེམས་ཀྱི་རང་བཞིན་དང་གཉིས་སུ་མེད་པ་སེམས་ཉིད་བདེ་བ་ཆེན་པོའི་ངོ་བོར་བྱས་ལ། བྱང་ཆུབ་ཀྱི་སེམས་ཉིད་ནི་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ་དུ་བྱས་པ་ཡིན་པས། དེ་ལྟ་བུའི་སྐྱེ་མེད་སྤྲོས་མཐའ་ལས་འདས་ཤིང་རྩོལ་མེད་བདེ་བའི་ལམ་ལ་བྱ་རྩོལ་གྱིས་འཇུག་ཏུ་མེད་པའི་ཕྱིར་ན། ཨ་ཏི་ཡེ་གྲོལ་ཆེན་པོའི་དགོངས་དོན་རྟོགས་པར་ནུས་པའི་སྐལ་པ་དང་ལྡན་པའི་རྒྱལ་སྲས་རིག་པ་འཛིན་པ་གང་ཞིག །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་དགོངས་པ་དམ་པ་ནོར་བ་མེད་པར་རྟོགས་པར་ངེས་པ་རྣམས་ལ་སེམས་དཔའ་རྡོ་རྗེ་ཁྱེད་ཀྱིས་གོང་དུ་བཤད་པ་བཞིན་དུ་ཀུན་བྱེད་རྒྱལ་པོའི་དགོངས་པ་འདི་ཉིད་བསྟན་པར་མཛད་ན། སྐལ་བཟང་རྒྱལ་སྲས་དམ་པའི་ཚོགས་དེ་དག་གིས་ཀུན་བྱེད་ང་ཡི་ལམ་སེམས་ཉིད་སྐྱེ་བ་མེད་པ་འདི་ལ་གོམས་པར་བྱས་ནས། ཡེ་ནས་ལྷུན་གྱིས་གྲུབ་པས་ད་གཟོད་བསྒོམ་སྒྲུབ་འབད་རྩོལ་ལ་བརྟེན་ནས་གོང་འོག་རིམ་ཅན་དུ་བགྲོད་དུ་མེད་ཅིང་བཙལ་བ་མེད་པ་སེམས་ཉིད་སྙིང་པོའི་དོན་མངོན་སུམ་དུ་རྟོགས་ནས་སྟོན་པ་ཀུན་བྱེད་རྒྱལ་པོ་ཉིད་དང་དབྱེར་མེད་དུ་འགྱུར་པ་ལ་ཐེ་ཚོམ་མེད་དོ་ཅེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་སྙིང་པོ་ལམ་ལ་གནས་པའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་པའི་འགྲེལ་པའོ།། ༈ །།གཉིས་པ་ས་ལ་སྦྱང་དུ་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་བདུན་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་ལམ་ལ་བགྲོད་དུ་མེད་པའི་དོན་ལ་ཇི་ལྟར་བསྒོམ་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ཆོས་ཉིད་དོན་གྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལ་དམིགས་མཚན་སྤྲོས་པ་གང་ཡང་མེད་པས་ཐེག་པ་འོག་མ་ལྟར་དུ་ས་ལ་སྦྱང་དུ་མེད་པར་བསྟན་པ་འདི་གསུངས་སོ། །གཉིས་པ་རྒྱས་པ་བཤད་པ་ལ་གསུམ་སྟེ། སའི་རྣམ་གྲངས་སྤྱིར་བསྟན་པ། རྩོལ་སྒྲུབ་ཅན་འཁོར་བའི་ས། བདེ་ཆེན་གོམས་པའི་ས། སྙིང་པོ་རྟོགས་པའི་ས་གསུམ་གྱི་དབྱེ་བ་རྒྱས་པར་བཤད། གཉིས་མེད་དོན་གྱི་ས་གཅིག་པར་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྙིང་པོ་བྱང་ཆུབ་ཀྱི་ས་ལ་སྦྱང་དུ་མེད་པར་རྟོགས་པའི་དོན་ལ་སྒོམས་ཤིག །དེ་ལ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ནས་སངས་རྒྱས་ཐམས་ཅད་ཀྱི་ཐོག་མར་སངས་རྒྱས་ཏེ་གདོད་མའི་གཏན་སྲིད་ལ་མངའ་དབང་བསྒྱུར་ནས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་ངེས་པའི་སྙིང་པོ་གསང་ཆེན་ཨ་ཏི་ཡོ་གའི་རྒྱུད་རྣམས་ཆོས་སྐུའི་བྱིན་གྱིས་བརླབས་ཀྱིས་གསུངས་པའི་དུས་སུ་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་ས་ལ་ཡེ་ནས་གནས་པས་དེ་ལས་གཞན་དུ་ས་ལ་སྦྱང་དུ་མེད་པར་བསྟན་པ་ལ་སྙིང་པོ་བགྲོད་དུ་མེད་པར་རྟོགས་པའི་ས་ཞེས་བཤད་པ་ཡིན་ལ། གཏན་གྱི་བདེ་བ་ཆེན་པོ་རྣམ་གྲོལ་རྒྱལ་བའི་གོ་འཕང་ངེས་པར་ཐོབ་བྱེད་ཀྱི་ལམ་ཉམས་སུ་ལེན་པའི་ཐབས་སུ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་རྩོལ་བཅས་ཀྱི་ཐེག་པའི་ཆོས་འཁོར་བསྐོར་བའི་དུས་སུ་གང་ཞིག་བསྟན་པ་ཡིན་པ་དང་ལམ་ལ་གོང་འོག་རིམ་ཅན་གྱིས་ཚུལ་གྱིས་བགྲོད་པར་གསུངས་པ་དེ་ནི་བླང་དོར་འབད་རྩོལ་གྱི་སྒོ་ནས་རིམ་གྱིས་གོམས་པར་བྱེད་པའི་ས་ཞེས་བཤད་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གོང་བསྟན་ལྟར་གསུམ་ལས། དང་པོ་རྩོལ་སྒྲུབ་ཅན་འཁོར་བའི་ས་ནི། འདི་ལྟར་ཐར་བ་བྱང་ཆུབ་ཀྱི་ལམ་ཇི་བཞིན་པ་ལ་མ་ཞུགས་པའི་འགྲོ་བ་གཞན་དག་འཇིག་རྟེན་འཁོར་བའི་ཆོས་ལ་ཞེན་ཅིང་ཆགས་པས་ཆོས་བརྒྱད་བླང་དོར་གྱི་བྱ་བ་ལ་རྩོལ་ཞིང་འདོད་པའི་ཡུལ་ལ་ངོམ་མེད་དུ་སྤྱོད་པ་དང་། ཚང་བའི་གནས་པ་བཞི་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཁམས་གོང་མ་གཉིས་ཀྱི་ནང་ཏིང་ངེ་འཛིན་གྱི་བདེ་བ་ལ་སྤྱོད་པའི་ཁྱད་པར་ལ་གནས་པ་ཙམ་ལས་ཐར་བའི་ལམ་དང་བྲལ་བར་གནས་པ་དག་ལ་ཁམས་གསུམ་འཁོར་བའི་རང་བཞིན་སེམས་ཉིད་སྙིང་པོ་ཡི་དོན་ལ་བསྒྲིབ་པའི་ས་ཞེས་བྱ་སྟེ། དེ་ལ་ས་ཞེས་བྱ་བ་ཡི་རྒྱུ་མཚན་ནི་ཁམས་གསུམ་པོ་རང་རང་གང་ལ་གནས་པའི་གནས་རིས་ཁྱད་པར་མི་འདྲ་བ་མཐོ་དམན་སྣ་ཚོགས་སུ་གནས་པ་ལ་བརྗོད་པ་ཡིན་ཏེ། གནས་རིས་གང་ལ་འགྲོ་བ་གང་ཞིག་གནས་པ་དེ་ལ་ས་ཞེས་བརྗོད་པ་ནི་ཁམས་གསུམ་ས་དགུ་ཞེས་བརྗོད་པ་བཞིན་ཡིན་ནོ། །གཉིས་པ་ནི། དེ་ཡང་བདེ་ཆེན་གོམས་པའི་ས་ཞེས་བྱ་བ་ནི་ཇི་ལྟར་ན། འདི་ལྟར་བདེ་བ་ཆེན་པོའི་རང་བཞིན་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་ལ། དེ་ལ་ཐེག་པ་འོག་མ་ལྟར་རིམ་གྱིས་སྦྱང་ཞིང་བགྲོད་པའི་ས་ལ་གོམས་པའི་ས་ཞེས་གསུངས་པ་སྟེ། དེ་ཇི་ལྟར་ན་ཀྱེ་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་བསྟན་པའི་ས་དེ་དག་རིམ་གྱིས་བགྲོད་པའི་སྒོ་ནས་ས་བཅུ་ལ་སོགས་པ་གྲངས་སུ་བགྲངས་བར་བྱེད་ཀྱང་སེམས་ཉིད་བགྲོད་དུ་མེད་པའི་དོན་རྟོགས་པ་མིན་པར་གསུངས་ཏེ། སྙིང་པོ་དོན་གྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་འཇུག་པའི་རིམ་མེད་པས། །ལོག་པར་རྟོག་པས་བཏགས་དབང་གིས། །བགྲང་མེད་དོན་ལ་གྲངས་སུ་བགྲང་། །བགྲོད་མེད་གཅིག་ལ་རྩོལ་བར་བགྲོད། །རིམ་མེད་དོན་ལ་རིམ་པར་བལྟས། །སྙིང་པོ་གཅིག་ལ་མཐོང་ཚུལ་གྱིས། །བགྲོད་པའི་ལམ་ཚུལ་བསམ་མི་ཁྱབ། །སྙིང་པོ་གཅིག་ལ་ཅིར་བགྲོད་ཀྱང་། །བགྲོད་བྲལ་རྫོགས་པའི་དོན་མི་རྙེད། །ཅེས་གསུངས་སོ། །དེས་ན་ཀུན་བྱེད་རྒྱལ་པོའི་དགོངས་པ་སྙིང་པོ་རང་བྱུང་གི་ཡེ་ཤེས་ཇི་བཞིན་ཉིད་དུ་རྟོགས་པའི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ས་ལ་དེ་ལྟ་བུའི་གོང་འོག་གི་རིམ་པ་མེད་པར་ས་ཡི་དབྱེ་བ་ཐམས་ཅད་སེམས་ཉིད་མངོན་དུ་རྟོགས་པའི་ཡེ་ཤེས་ལ་མ་བཙལ་དུས་གཅིག་ཏུ་རྫོགས་པ་ཡིན་ཏེ། ལུང་གོང་གི་འཕྲོས་ལས། ཀུན་རྫོགས་གདལ་བ་ཆོས་ཀྱི་དབྱིངས། །མུ་མཐའ་མེད་པར་དུས་གཅིག་རྫོགས། །བགྲོད་མེད་རིག་པ་ལྷུན་རྫོགས་པ། །ལམ་ལྔ་ས་བཅུ་རྟོགས་པའི་གྲངས། །མ་བཙལ་རང་བཞིན་ལྷུན་གྲུབ་པས། །རྩོལ་བའི་ཐེག་པ་ལོག་པའི་ཆོས། །དུས་གཅིག་རྫོགས་པས་རིམ་པ་མེད། །ཅེས་དང་། ཀུན་མཁྱེན་བླ་མས། །དེ་ལྟར་གཞི་ལམ་དབྱིངས་རིག་མཐར་ཕྱིན་ཚེ། །གཞི་རྫོགས་འབྲས་བུ་གདོད་མར་ལྷུན་གྱིས་གྲུབ། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །དབྱིངས་དང་ཡེ་ཤེས་གཉིས་མེད་འདུ་འབྲལ་མེད། །འཁོར་འདས་གཉིས་པོ་རིག་པ་དབྱིངས་གཅིག་ཏུ། །ཞི་བར་བཞུགས་པ་སྤྲོས་དང་བྲལ་བའི་ཚེ། །ཀུན་བཟང་དབྱེ་བ་མེད་པའི་ས་ཞེས་བྱ། །འདི་ནི་མི་གནས་བསམ་རྫོགས་ཆོས་སྐུའི་ངང་། །རང་བཞིན་གདོད་ནས་དག་པའི་ཆོས་ཉིད་དོ། །དེ་ཉིད་ངང་ལས་ཕྲ་བའི་ཡེ་ཤེས་ནི། །ནང་གསལ་འཆར་གཞི་མ་འགག་ཐམས་ཅད་མཁྱེན། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ནི། །ཏིང་འཛིན་མི་གཡོ་མཉམ་རྫོགས་ཆེན་པོའི་ས། །དེ་ཉིད་ངང་ལས་རྣམ་པ་ཕྱིར་བཞེངས་ནས། །འོད་གསལ་སྣང་བས་ཀུན་བཟང་ཡབ་ཡུམ་གྱི། །འཕྲོ་འདུའི་རོལ་པ་འཁོར་ལོ་ཚོགས་ཆེན་ས། །དེ་ཉིད་ངང་ལས་ཞི་བ་རིགས་ལྔའི་ཞིང་། །འོད་གསལ་ལྷུན་རྫོགས་རང་སྣང་དག་པ་ཡིན། །ཞིང་དང་སྟོན་པ་ཆོས་འཁོར་དུས་རྣམས་ཏེ། །ཕུན་སུམ་ཚོགས་པ་ལྔ་ལྔར་སྣང་བ་ལས། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་ལྔ་ལྔའི་རང་བཞིན་ནི། །སྟུག་པོ་བཀོད་པའི་ས་ཞེས་བརྗོད་པ་ཡིན། །དེ་ཉིད་ངང་ལས་ཁྲོ་བོའི་ཞིང་ཁམས་ནི། །དཀྱིལ་འཁོར་ལྷུན་རྫོགས་རིགས་ལྔར་སྣང་བ་ཉིད། །སྐུ་དང་ཡེ་ཤེས་ནམ་མཁའ་མཉམ་སྦྱོར་བ། །རྡོ་རྗེ་འཛིན་པའི་ས་ཞེས་བརྗོད་པ་ཡིན། །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །རྣམ་དག་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་སྣང་བས་འཁོར་རྒྱུད་སྦྱངས་པའི་ཕྱིར། །མེ་ལོང་ལྟ་བུས་གདུལ་བྱའི་དོན་མཛད་པ། །མ་ཆགས་པདྨ་ཅན་གྱི་ས་ཞེས་བྱ། །དེ་ཉིད་ངང་ལས་མ་དག་གདུལ་བྱ་ལ། །འགྲོ་འདུལ་ཐུབ་པ་དྲུག་དང་སྐྱེ་བ་དང་། །བཟོ་དང་མཁོ་རྒུའི་ཡོ་བྱད་སྣ་ཚོགས་ཏེ། །མདོར་ན་མཐུན་པའི་སྣང་གཟུགས་སྟོན་པ་དང་། །སོ་སོར་སྣང་བས་འགྲོ་བའི་དོན་མཛད་པ། །ཀུན་ཏུ་འོད་ཀྱི་ས་ཞེས་བྱ་བ་ཡིན། །ཉི་མའི་འོད་ཀྱིས་གླིང་གཞི་སྣང་བྱེད་ཅིང་། །པདྨོ་འཛུམ་པས་དགའ་བ་བསྐྱེད་པ་བཞིན། །སྤྲུལ་པའི་འོད་ཟེར་སྣང་བས་ཁྱབ་པར་བྱེད། །ཀུན་བཟང་དབྱེ་བ་མེད་དང་ཏིང་ངེ་འཛིན། །གཉིས་མེད་ཆོས་སྐུའི་ས་ཡིན་སྤྲོས་ཀུན་ཞི། །ཚོགས་ཆེན་སྟུག་པོ་བཀོད་དང་རྡོ་རྗེ་འཛིན། །རང་སྣང་ལོངས་སྐུའི་ས་ཡིན་འོད་གསལ་དང་། །པདྨ་ཅན་དང་ཀུན་ཏུ་འོད་ཟེར་འགྱེད། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་ས། །ཞེས་གསུངས་པ་ལྟར་སའི་དབྱེ་བ་དེ་དག་ཐམས་ཅད་སྐུ་གསུམ་ལྷུན་རྫོགས་ཆེན་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པས་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་མངོན་སུམ་དུ་རྟོགས་པ་ཙམ་ལས་གཞན་དུ་བགྲོད་དུ་མེད་པ་ཡིན་ནོ། །དེས་ན་ས་ཡི་རྣམ་གྲངས་དང་ས་ཡི་མཐོ་དམན་གྱི་རིམ་པའི་ཁྱད་པར་ཡོད་དོ་ཅེས་བརྗོད་པ་ནི་སྐུ་གསུམ་གྱི་སྟོན་པས་རང་རང་གི་འཁོར་རྣམས་ལ་བསྟན་པ་བདེ་ཆེན་གོམས་པའི་སའམ་སྦྱང་བགྲོད་རྩོལ་བ་ཅན་གྱི་ས་ཡིན་ནོ། །གསུམ་པ་སྙིང་པོ་རྟོགས་པའི་ས་ལ་བདུན་ཏེ། མཉམ་ཉིད་སྐྱེ་བ་མེད་པའི་ས་དང་། སྒྲིབ་པ་གཉིས་སུ་མེད་པའི་སྙིང་པོར་བསྟན་པ། དུས་གསུམ་གཉིས་སུ་མེད་པས་དངོས་པོ་མཚན་མ་མེད་པའི་སྙིང་པོར་བསྟན་པ། ཡོད་མེད་སྤྲོས་བརྗོད་ཀྱི་ཡུལ་ལས་འདས་པས་ཚིག་དང་ཐ་སྙད་མེད་པའི་སྙིང་པོར་བསྟན་པ། སེམས་ཉིད་སྐྱེ་མེད་ཀྱི་རང་བཞིན་རྟོགས་པས་གང་ཤར་དེའི་ངང་དུ་གྲོལ་བའི་སྙིང་པོར་བསྟན་པ། དེ་ཉིད་ཆོས་ཀྱི་སྙིང་པོ་ཡིན་པས་གཞན་ཡང་དེ་ལ་གཟུད་པ་གདམས་པའི་སྙིང་པོར་བསྟན་པ། སྙིང་པོའི་རང་བཞིན་གཉིས་སུ་མེད་པས་དེ་ཉིད་མ་ཡེངས་སྙིང་པོར་བསྟན་པ། གནས་ལུགས་སྨྲ་བསམ་བརྗོད་དུ་མེད་པས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་སྙིང་པོར་བསྟན་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སེམས་ཉིད་གཅིག་གི་ངོ་བོར་མཉམ་ཉིད་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པ་ལ་དེ་བཞིན་དུ་ཐབས་སྣང་བའི་ཡེ་ཤེས་སེམས་ཉིད་འོད་གསལ་བ་དང་དེའི་རང་བཞིན་ཆོས་ཉིད་སྙིང་པོ་གདོད་ནས་སྐྱེ་བ་མེད་པ་གཉིས་ཆོས་དང་ཆོས་ཅན་ཐ་དད་དུ་མེད་པར་དབྱིངས་རིག་གཉིས་མེད་བསམ་བརྗོད་དང་བྲལ་བར་རྟོགས་པའི་གང་ཟག་གིས་ཆོས་ཐམས་ཅད་སྐྱེ་མེད་གཅིག་གི་རང་བཞིན་དུ་རྟོགས་པའི་ཕྱིར་ན། སྤང་བྱའི་སྒྲིབ་པ་དང་ཐོབ་བྱའི་ས་ཡི་ཁྱད་པར་གང་ཡང་མེད་པར་མཉམ་ཉིད་བླང་དོར་དང་བྲལ་བའི་རང་བཞིན་དུ་བསྟན་པ་ཡིན་ནོ། །གཉིས་པ་ནི། དེས་ན་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་སྙིང་པོ་བྱང་ཆུབ་ཀྱི་སེམས་ནི་དུས་གསུམ་དུ་འབྱུང་བ་མེད་པ་སྐྱེ་མེད་ནམ་མཁའ་ལྟ་བུའི་བདག་ཉིད་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཅིང་གང་དུ་ཕྱིན་ཡང་རིག་པའི་ཀློང་ལས་འདའ་བ་མེད་པས་དེ་ལས་གཞན་དུ་ལམ་ལ་འཇུག་ཅིང་ས་ལ་བགྲོད་པར་མི་བྱེད་ཏེ། རྫོགས་པ་རང་བྱུང་ལས། ནམ་མཁའི་གར་ཁྱབ་རིག་པས་ཁྱབ། །རིག་པའི་རང་བཞིན་ཆོས་ཀྱི་སྐུ། །ཞེས་དང་། ནམ་མཁའི་མཐའ་དང་མཉམས་པ་ལས། ཕྱིན་མེད་ལམ་ལ་བགྲོད་དུ་མེད། །ས་བཅུ་ལམ་ལྔ་རྣམ་རྟོག་ཡིན། །མཐའ་ཡས་ཆོས་དབྱིངས་རང་གསལ་ལ། །གང་ལྟར་ཕྱིན་པ་དེ་ཉིད་ངང་། །རང་གསལ་ནམ་མཁའི་གཞལ་ཡས་ལ། །ཕྱིན་པས་ཟད་པ་ག་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །དེ་བཞིན་དུ་རྣམ་རྟོག་མཚན་མའི་སྤྱོད་ཡུལ་དུ་གྲུབ་པ་གང་ཡང་མེད་པས་ལྟ་བསྒོམ་ལ་སོགས་པའི་ཆོས་སུ་ཡིད་ལ་བྱེད་ཅིང་བསྒོམ་པ་མེད་ལ། འཁོར་འདས་ལ་སོགས་པའི་ཕྱོགས་དང་རིས་སུ་མི་ལྟ་ཞིང་དངོས་དང་དངོས་མེད་དག་དང་མ་དག་ལ་སོགས་པ་རྣམ་རྟོག་མཚན་མའི་ཡུལ་གང་ཡང་མི་ཚོལ་བ་དེ་ནི་སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པའི་དོན་ཟབ་མོ་ཡིན་པར་ལུང་དུ་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀྱེ་དེ་ལྟ་བུའི་ཀུན་བྱེད་རྒྱལ་པོ་ང་ཡི་དགོངས་པ་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་ཡོད་མེད་སྣང་སྟོང་ལ་སོགས་པའི་སྤྲོས་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་པས་ཚིག་དང་ཡི་གེས་མཚོན་པ་དང་བྲལ་བས་བརྗོད་པར་བྱ་བ་མི་རྙེད་ཅིང་། ཚིག་དང་དོན་གྱི་ཆ་ལ་སྒྲ་དང་ཚད་མས་གཏན་ལ་དབབ་ཏུ་མེད་ལ། གདོད་ནས་སྐྱེ་བ་མེད་པས་དེའི་རྩལ་འགགས་པ་མེད་པ་སྣ་ཚོགས་སུ་འཆར་བའི་རང་བཞིན་ཡིན་པས་འཁོར་འདས་ཀྱི་སྣང་བ་ཚད་མེད་པ་དག་འདི་ལས་འབྱུང་ཞིང་འཆར་བ་ཡིན་ཡང་། ཆོས་ཉིད་རང་གི་ངོ་བོ་ལ་འཕེལ་ཞིང་རྒྱས་ནས་གང་པའང་མེད་ཅིང་ཟད་ཅིང་ཡོངས་སུ་འགྲིབ་པར་ཡང་མི་བྱེད་དེ། ཡོན་ཏན་རིན་པོ་ཆེ་སྡུད་པའི་མདོ་ལས། ཤིང་དང་འབྲས་བུ་མེ་ཏོག་ནགས་ཚལ་ཇི་སྙེད་པ། །དེ་དག་ཐམས་ཅད་ས་ལས་ཡང་དག་འབྱུང་ཞིང་འཐོན། །འོན་ཀྱང་ས་ལ་ཟད་པ་མེད་ཅིང་འཕེལ་བ་མེད། །ཡོངས་སུ་མི་ཉམས་རྣམ་པར་མི་རྟོག་སྐྱོ་བ་མེད། །སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་རྣམས་ཀྱང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་གསུངས་བ་བཞིན་ནོ། །དེ་བཞིན་དུ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་འཇིག་རྟེན་མཚན་མ་ཡི་ཆོས་སུ་གྲུབ་པ་མིན་ཞིང་དེ་ཉིད་མིན་པ་སྟེ་མཚན་མ་མེད་པའི་རང་བཞིན་དུའང་གྲུབ་པ་མིན་ཏེ་སྨྲ་བསམ་བརྗོད་པའི་སྤྲོས་པ་གང་གི་ཡང་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ངས་ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀུན་གདོད་ནས་སྐྱེ་བ་མེད་པའི་ངོ་བོར་བྱིན་གྱིས་བརླབས་ཟིན་པས་ཞེས། དོན་དུ་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། དེས་ན་ཚུལ་དེ་བཞིན་དུ་ཆོས་ཐམས་ཅད་ཀུན་བྱེད་སྐྱེ་བ་མེད་པའི་རང་བཞིན་དུ་རྟོགས་པ་རྣམས་ནི་ཆོས་དབྱིངས་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱི་ངང་དུ་སླར་ལྡོག་པའམ་གྲོལ་བར་འགྱུར་རོ་ཞེས་དང་པོ་གདོད་མའི་གཞི་དབྱིངས་ཆེན་པོའི་ངང་ལས་གཞི་སྣང་ཕྱི་གསལ་དུ་ཤར་བ་རང་ངོ་མ་ཤེས་པའི་དབང་གིས་འཁྲུལ་བར་གྱུར་ཀྱང་སླར་རང་ངོ་ཤེས་པས་གདོད་མའི་གཞི་ཀློང་ཆེན་པོ་དེར་གྲོལ་བར་བསྟན་པའོ། །ལྔ་པ་ནི། དེ་ལྟར་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པར་བྱིན་གྱིས་བརླབས་ཟིན་པའི་སྟོབས་སམ་ང་ཡི་བྱིན་རླབས་ཀྱིས་སེམས་དཔའ་རྡོ་རྗེ་ཆོས་ཀུན་སྐྱེ་བ་མེད་པར་ཇི་ལྟར་རྟོགས་པ་ལྟར་དུ། ཕྱི་རབས་ཀྱི་རྣལ་འབྱོར་པ་གང་ཞིག་ཀུན་བྱེད་རྒྱལ་པོའི་སེམས་ཉིད་མ་བཅོས་ཇི་བཞིན་པའི་དོན་སྟོན་པར་བྱེད་པའི་ངེས་པའི་ལུང་འདི་ལ་ཡིད་ཆེས་ཀྱིས་དད་ཅིང་འདུན་པ་རྣམས་ལ། དངོས་པོ་ཡི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པར་ལུང་སྟོན་ལ་དེའི་ངོ་བོར་བྱིན་གྱིས་རློབས་པའམ་དེ་ཉིད་མ་ནོར་བར་རྟོགས་པའི་དོན་ལ་གཟུད་པར་གྱིས་ཤིག་དང་གདམས་ངག་ཀུན་གྱི་སྙིང་པོ་དེ་ཉིད་ཡིན་ནོ་ཞེས་སོ། །དྲུག་པ་ནི། གོང་དུ་བསྟན་པ་དེ་ལྟར་ཆོས་ཉིད་བྱ་རྩོལ་དང་བྲལ་བས་བསྒོམ་དུ་མེད་པའི་སྙིང་པོ་ལ་དེ་བཞིན་དུ་མ་ཡེངས་པར་མ་བཅོས་གཉུག་མའི་དྲན་པས་བཟུང་བ་ནི་སྙིང་པོ་ཇི་ལྟར་བསྒོམ་པའི་མན་ངག་དམ་པ་ཡིན་ནོ་ཞེས་པ་སྟེ། དེ་ཡང་འདིའི་གོང་འོག་གི་སྐབས་འགའ་ཞིག་ཏུ་སེམས་ཉིད་མ་ཡེངས་པར་དྲན་པས་བཟུང་སྟེ་བསྒོམ་པ་སྐད་དུ་བསྟན་པ་ཡང་ཐེག་པ་ཐུན་མོང་པའི་ལམ་དུ་དྲན་ཤེས་ཀྱིས་སེམས་ཡུལ་ལ་གཡེང་དུ་མི་འཇུག་པར་དམིགས་པ་རྩེ་གཅིག་ཏུ་གཏོད་པར་བྱེད་པ་དང་མི་འདྲ་བར། འདིར་གསུངས་པ་ནི་གཉུག་མའི་དྲན་པའམ་རང་བཞིན་བབས་ཀྱི་བསམ་གཏན་ངང་བཞག་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་གོམས་པར་གསུངས་པ་སྟེ་རྫོགས་པ་ཆེན་པོའི་བཞག་ཐབས་དངོས་སོ། །འདི་ལ་ཀུན་མཁྱེན་རོང་ཟོམ་ཆེན་པོས། ཆོས་ཐམས་ཅད་སྒྱུ་མ་དང་སྨིགས་རྒྱུ་ལ་སོགས་པ་དེང་མགོ་མཉམ་པར་ཤེས་ཏེ། ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས། བཏང་སྙོམས་ཆེན་པོའི་ངང་ལ་གནས་པ་ཙམ་ལ་བྱང་ཆུབ་སེམས་ཀྱི་བཞག་ཐབས་ཞེས་བྱའོ། །ཞེས་དང་། དེ་ལ་ཤེས་བཞིན་དང་ཤེས་བཞིན་ཆེན་པོ་བཏང་སྙོམས་དང་བཏང་སྙོམས་ཆེན་པོའི་ཁྱད་པར་ཡང་དེ་ཉིད་ཀྱིས། དེ་ལ་ཤེས་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་གིས། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་ཤེས་བཞིན་དུ་འཇུག་པ་སྟེ། གང་དེ་ཡོད་ན་སེམས་ནང་དུ་ཡང་དག་འཇོག་ལ་མཉམ་པར་འཇོག་པའི་ཚེ་ནའང་། འདི་ལྟར་བྱིང་ནའང་བྱིང་ངོ་ཞེས་བྱ་བར་རབ་ཏུ་ཤེས། རྒོད་ནའང་རྒོད་དོ་ཞེས་བྱ་བར་རབ་ཏུ་ཤེས། བྱིང་བའི་གཉེན་པོ་སེམས་པས་གཟེང་བསྟོད་པ་ཡིན་པར་ཡང་རབ་ཏུ་ཤེས། རྒོད་པའི་གཉེན་པོ་བཏང་སྙོམས་ཀྱིས་མགོ་གནོན་པ་ཡིན་པར་ཡང་རབ་ཏུ་ཤེས། བྱིང་རྒོད་གཉིས་ཀྱི་ཟུག་རྔུ་དང་བྲལ་ཏེ་བློ་མཉམ་པར་གནས་ན་ཡང་དེ་བཞིན་དུ་རབ་ཏུ་ཤེས་ཏེ། ལྷག་པར་གཉེན་པོ་བརྟེན་པའི་རྩོལ་བ་བསྐྱེད་པའི་གནས་མ་ཡིན་པར་ཡང་རབ་དུ་ཤེས་པའི་བློ་བྱ་ར་བ་དང་འདྲ་བ་སྟེ། དཔེར་ན་སྣོད་ཆུས་གང་བ་ཕྱིར་མ་བོ་བར་སྲུང་བ་ལྟ་བུའོ། །དེ་ནི་སྒྱུ་མ་དང་མགོ་མི་མཉམ་པར་ལྟ་བ་ལས་བྱུང་བ་ཡིན་ཏེ། དཔེར་ན་གླང་པོ་ཆེ་རང་བཞིན་གྱིས་དྲེགས་ཤིང་མྱོས་པ་དག་རྒུད་ཆང་འཐུངས་བར་གྱུར་ན་ཤིན་ཏུ་མྱོས་པར་འགྱུར་ཏེ། དེ་ལྕགས་ཀྱུ་དང་ལྕགས་ཐག་གིས་མ་ཟིན་ན། རྩ་ཁྱམ་གཞོམ་པ་དང་སྲོག་ཆགས་བསད་པ་ལ་སོགས་པ་ཉེས་པ་སྣ་ཚོགས་ལ་སྦྱོར་བར་དོགས་པ་དེས་འཇིགས་སྟེ་གཟུངས་གཉིས་ཀྱིས་རྟག་ཏུ་འཛིན་ཏོ། །དེས་ཟིན་ཅིང་དུལ་ན་དགྲའི་དཔུང་འཇོམས་ཤིང་གཡུལ་བརྟན་པར་བྱེད་པའི་ཡོན་ཏན་ཆེན་པོ་ཡོད་པས། དེ་ལྟར་སྐྱོན་དང་ཡོན་ཏན་གཉིས་ཀྱི་དབང་གིས་རེ་དོགས་ཀྱི་བློ་དང་ལྡན་པས། དེའི་ཕྱིར་རྟག་ཏུ་གཟུངས་གཉིས་ཀྱིས་སྲུང་ངོ་། །དེ་བཞིན་དུ་སེམས་ཀྱི་གླང་པོ་ཆེ་རང་བཞིན་གྱིས་གདུལ་དཀའ་བར་གྱུར་པ་ལ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་དང་། བྱིང་རྒོད་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་རྒུན་ཆང་འཐུངས་ཏེ། ཤིན་ཏུ་འཁྲུགས་ཤིང་ཉོན་མོངས་པར་གྱུར་པ་ལ་ཤེས་བཞིན་གྱི་ལྕགས་ཐག་དང་ལྕགས་ཀྱུས་མ་ཟིན་ན། རྟག་ཏུ་འཁོར་བ་དང་ངན་སོང་གི་རྒྱུ་གནས་ངན་ལེན་གྱི་ལས་ཁོ་ན་སོགས་པར་བྱེད་པས། དེའི་ཉེས་སྐྱོན་ཆེན་པོས་འཇིགས་པའི་དོགས་པ་ཡོད་པ་དང་། ཤེས་བཞིན་གྱི་གཟུངས་ཀྱིས་ཟིན་ན་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྱུར་ཏེ། མཐོ་རིས་དང་ཐར་པའི་འབྲས་བུ་ཆེན་པོ་ལ་སྦྱོར་བའི་ཡོན་ཏན་ཆེན་པོ་ཡོད་པས་རེ་བ་དང་ལྡན་ཏེ། དེ་ལྟར་རེ་དོགས་ཆེན་པོ་གཉིས་ཡོད་པས་དེའི་ཕྱིར་ཤེས་བཞིན་གྱི་གཟུངས་ཀྱིས་སྲུང་བར་བྱེད་དོ། །དེ་ལ་ཤེས་བཞིན་ཆེན་པོ་གང་ཞེ་ན། དཔེར་ན་ཁོར་ཡུག་ཆེན་པོའི་སྣོད་ཀྱིས་བཟུང་བའི་རྒྱ་མཚོ་ཆེན་པོ་ནི། ཆུ་བོ་ཆེན་པོ་མཐའ་ཡས་པ་འབབ་ཀྱང་ལྟུང་བའི་དོགས་པ་མེད་དོ། །དུས་ཀྱི་རླུང་གིས་བསྐྱོད་དམ་ནམ་མཁའ་ལྡིང་གི་འདབ་མས་གཏོར་ཡང་ཁོར་ཡུག་ཆེན་པོ་ལས་ཕྱིར་འདའ་བའི་དོགས་པ་མེད་པ་བཞིན་དུ། ཆོས་ཐམས་ཅད་སྒྱུ་མ་དང་མགོ་མཉམ་པར་རྟོགས་པ་ན། རེ་དོགས་ཀྱི་བློ་དང་བྲལ་བས་བསྲུང་བ་དང་མི་བསྲུང་བ་མེད་པར་རྟོགས་པའི་བློ་དང་ལྡན་པ་སྟེ། དཔེར་ན་སྒྱུ་མའི་གླང་པོ་ཆེ་སྣང་ཞིང་མཐོང་ན། དེ་སྒྱུ་མར་ཤེས་པས། ཤོར་བས་ཡུལ་ཕུང་བའི་དོགས་པའི་བློ་ཡང་མི་སྐྱེ་གཟུངས་ཀྱིས་ཟིན་ཅིང་དུལ་དུས་ཡུལ་སྲུང་བར་རེ་བའི་བློའང་མི་སྐྱེ། དེས་དབང་གིས་ལྕགས་ཀྱུ་དང་ལྕགས་ཐག་གི་གཟུངས་ཀྱང་མི་རྟེན་པ་བཞིན་ནོ། །ཤེས་བཞིན་རྣམ་པ་གཉིས་ལ་བརྟེན་ནས་བཏང་སྙོམས་དང་བཏང་སྙོམས་ཆེན་པོ་གཉིས་སུ་འགྱུར་ཏེ། དེ་ལ་བཏང་སྙོམས་ནི་ཉོན་མོངས་པ་མེད་པར་གནས་པའི་བློ་གང་ཞིག །བྱིང་རྒོད་ཀྱི་ཟུག་རྔུ་གཉིས་ཀྱི་མི་མཉམ་པ་མེད་པས་ན། སེམས་མཉམ་པ་ཉིད་ཐོབ་པ་ཞེས་བྱ་སྟེ་བཏང་སྙོམས་ཐོག་མའོ། །དེ་ནས་དེ་བས་ཆེས་སེམས་དབང་དུ་གྱུར་པ་ན། ཟུག་རྔུ་གཉིས་གཉེན་པོས་བཅོས་མི་དགོས་པར་སེམས་རྣལ་དུ་འདུག་པ་ཐོབ་སྟེ། བཏང་སྙོམས་བར་མ་ཞེས་བྱའོ། །དེ་ནས་སེམས་དེ་ཤིན་ཏུ་ཡང་དབང་དུ་གྱུར་པ་ན། ཟུག་རྔུ་གཉིས་འབྱུང་བའི་དོགས་པའང་མེད་ལ། གཉེན་པོ་བརྟེན་པའི་རྩོལ་བའང་མེད་པར་སེམས་ལྷུན་གྱིས་གྲུབ་པ་ཐོབ་སྟེ་བཏང་སྙོམས་ཐ་མའོ། །དེ་ལ་བཏང་སྙོམས་ཆེན་པོ་གང་ཞེ་ན། སྒྱུ་མ་དང་མགོ་མཉམ་པར་རྟོགས་པ་ན། མི་མཐུན་པ་དང་། གཉེན་པོ་དབྱེར་མེད་པའི་ཤེས་བཞིན་ཆེན་པོ་དང་ལྡན་པས་ན། མི་མཐུན་པ་སྤང་བར་མི་རྩོལ། །གཉེན་པོ་བརྟེན་པར་མི་རྩོལ། །དོན་མངོན་དུ་བྱ་བར་མི་རྩོལ་ཏེ། མ་བཅོས་པའི་ངང་ལ་ལྷུན་གྱིས་གནས་པ་ཙམ་མོ། །ཞེས་གསུངས་པ་དེ་ལྟ་བུ་ལ་དགོངས་ཏེ་དྲན་པས་བཟུང་བ་དང་མ་བཅོས་རྣལ་དུ་བཞག་པ་ལ་སོགས་པ་གསུངས་པ་ཙམ་ལས་རྣམ་རྟོག་མཚན་མའི་རྩོལ་བ་རྡུལ་ཙམ་ཡང་བསྟན་པ་མེད་དེ། གལ་ཏེ་བསྟན་ན་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་དོན་དང་འགལ་བའི་ཕྱིར་རོ། །དེས་ན་དཔལ་ས་ར་ཧས་ཀྱང་། ཏིལ་གྱི་ཤུན་པ་ཙམ་གྱིས་ཟུག་རྔུས་ཀྱང་། ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད། ཅེས་གསུངས་པ་ཡང་དོན་དེ་ལྟ་བུའི་གནད་ལ་གཏུག་པར་བྱའོ། །བདུན་པ་ནི། དེ་ལྟར་བས་ན་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་བྱ་རྩོལ་མཚན་མའི་ཡུལ་དུ་གྱུར་པ་རྡུལ་ཙམ་ཡང་མེད་པས་རྣ་བའི་ཡུལ་དུ་ཚིག་དོན་རྣམ་པར་དབྱེ་ཞིང་རྒྱས་པར་བཤད་པས་གཏན་ལ་ཕེབས་ཤིང་རྟོགས་པར་ནུས་པ་མ་ཡིན་ལ། བརྗོད་བྱེད་ཚིགས་སུ་བཅད་པ་ལ་སོགས་པའི་གསུང་རབ་སྡེ་སྣོད་ལ་བརྟེན་པས་ཀྱང་རྟོགས་པ་མིན་ཞིང་། དེ་བཞིན་དུ་སེམས་གཞན་དུ་མ་ཡེངས་བར་རྩེ་གཅིག་ཏུ་བསྒོམས་པས་མ་ཡིན་ཞིང་མ་བསྒོམས་པས་ཀྱང་མིན་ནོ་ཞེས་མི་བསྒོམས་པར་རང་བབས་སུ་འཇོག་གོ་སྙམ་ན་དེ་ཡང་ཆེད་འཛིན་གྱི་བློ་ཡིན་པས་བློ་འདས་ཀྱི་དོན་དང་འགལ་བར་གསུངས་ལ། དེ་བཞིན་དུ་ངག་གིས་སྙིང་པོ་གསང་སྔགས་བཟླ་བ་དང་ལག་པས་ཕྱག་རྒྱ་བཅའ་བ་ལ་སོགས་པའི་རྩོལ་སྒྲུབ་རྒྱུ་འབྲས་ཀྱི་ཡུལ་ཀུན་ལས་འདས་པ་ཡིན་ཏེ། ཡེ་ཤེས་འདུན་འབྱུང་གི་རྒྱུད་ལས། བསམ་མེད་རིག་པའི་གདེང་གིས་ཞི། །སྦྱངས་བ་མ་ཡིན་གདོད་ནས་དག །མ་བགྲོད་བླ་མའི་ས་མཆོག་ནི། །དུས་གཅིག་གནས་པས་བགྲོད་དུ་མེད། །ཕྱག་རྒྱ་མི་འཆིང་སྔགས་མི་ཟློས། །ཚོགས་དང་མཆོད་པ་མི་བྱེད་དོ། །ཁ་ཏོན་དྲི་དང་མཆོད་པ་ཡང་། །མ་བྱས་དངོས་གྲུབ་མཆོག་ཏུ་གྱུར། །ཇི་སྲིད་རྩོལ་བའི་རྣམ་གྲངས་དགའ། །དེ་སྲིད་ལོག་པའི་གྲོང་ཁྱེར་ཏེ། །མ་བཙལ་མ་སྦྱངས་གདོད་ནས་དག །ཅེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། གཉིས་སུ་མེད་པ་སྤྲོས་བརྗོད་འདས་པ་དང་། དེ་ཉིད་གཞན་ལ་གདམས་པར་བསྟན་པའོ། །དང་པོ་ནི། ཀྱེ་ཀུན་བྱེད་རྒྱལ་པོ་ང་ཡིས་བསྟན་པའི་སྙིང་པོ་བྱང་ཆུབ་སེམས་ཀྱིས་འདི་ནི་སྲིད་ཞི་ཀུན་ཁྱབ་ཆེན་པོ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་པས། འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན་འདི་ཡི་ངང་ལ་གཉིས་མེད་མཉམ་པ་ཉིད་དུ་བརྟེན་པ་ཡིན་པས་འཁོར་འདས་སྤོང་ལེན་གྱི་ཆོས་གཉིས་སུ་གྲུབ་པ་མེད་ལ་ཕྱོགས་ཆ་ཡི་དབྱེ་བ་མེད་པར་འཁོར་འདས་ཀུན་ལ་ཁྱབ་ཀྱང་ངོ་བོ་ངོས་བཟུང་དང་བྲལ་བ་ཡིན་པས་ཆེ་ཆུང་གི་དབྱེ་བ་མེད་ཅིང་། ཡེ་ནས་རྟོག་བྲལ་ཆོས་ཀྱི་དབྱིངས་སུ་གནས་པ་ལས་གཡོ་བ་མེད་པས་རྣམ་པར་རྟོག་པ་དང་མི་རྟོག་པ་ལ་སོགས་པའི་གཉིས་ཆོས་སུ་གྲུབ་པ་མེད་པར་སྤྲོས་བརྗོད་ཐམས་ཅད་ལས་འདས་པར་བསྟན་པའོ། །གཉིས་པ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེ་མེད་སྤྲོས་བརྗོད་ལས་འདས་པ་དེ་ལས་འཁོར་འདས་ཐམས་ཅད་འདའ་བ་མེད་པའི་རྒྱུ་མཚན་དེ་ཡི་ཕྱིར་ན། འགྲོ་བ་སེམས་ཅན་དང་དུས་གསུམ་སངས་རྒྱས་ཐམས་ཅད་ལ་སྔ་ཕྱི་དང་བཟང་ངན་མེད་པར་དུས་གཅིག་ལ་རྩོལ་མེད་ལྷུན་གྱིས་གྲུབ་པ་གནས་པའི་ཀུན་བཟང་དབྱེ་བ་མེད་པའི་ས་འདི་ལ། སེམས་དཔའ་རྡོ་རྗེ་ཁྱོད་ཉིད་ལེགས་པར་གནས་ནས་འགྲོ་བ་གཞན་རྣམས་ལ་ཡང་དེ་བཞིན་དུ་གདམས་པར་གྱིས་ཤིག་དང་མཐའ་ཡས་པའི་འགྲོ་བ་ཐམས་ཅད་སྟོན་པ་ཀུན་བྱེད་ཉིད་དང་དབྱེར་མེད་པར་འགྱུར་རོ་ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་ལ་སྦྱང་མེད་ཀྱི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའི་འགྲེལ་པའོ།། ༈ །།གསུམ་པ་སྤྱོད་པ་བླང་དོར་མེད་པའི་དགོངས་པ་ལ་གནས་པའི་ལེའུ་དོན་བརྒྱད་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྙིང་པོ་དོན་གྱི་ས་ལ་སྒྲིབ་པ་སྦྱང་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གཉིས་སུ་མེད་པ་མཉམ་ཉིད་སྤྲོས་པ་དང་བྲལ་བ་ལ། ཐེག་པ་ཐུན་མོང་པ་ལྟར་དུ་སྤྱོད་པ་དགག་སྒྲུབ་དང་བླང་དོར་བྱེད་དུ་མེད་པའི་དགོངས་པ་མ་བཅོས་རྣལ་དུ་བཞག་པ་ཡི་ཚུལ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྣལ་བཞག་བླང་དོར་མེད་པའི་སྤྱོད་པ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། མ་བཙལ་ལྷུག་པ་གཉིས་མེད་དུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་ཇི་བཞིན་རྣལ་དུ་བཞག་སྟེ་མ་བཅོས་པར་གནས་པའི་དགོངས་པ་ལ་བཟང་པོ་དགེ་བའི་ཕྱོགས་བླང་བར་བྱ་བ་དང་། ངན་པ་མི་དགེ་བའི་ཕྱོགས་དོར་བར་བྱ་བ་ཡི་གཉིས་ཆོས་གང་ཡང་ཡོད་པར་ལུང་མ་བསྟན་ཏེ། ཅིའི་ཕྱིར་ན་ཆོས་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་ལ། སེམས་ཉིད་སྐྱེ་བ་མེད་པའི་རང་བཞིན་ནི་བཟང་པོར་སྒྲོས་འདོགས་པ་དང་ངན་པར་སྐུར་པ་གདབ་པ་ཀུན་དང་བྲལ་བ་བློའི་ཡུལ་ལས་འདས་པ་སྟེ་དེས་ན་དགེ་སྡིག་བླང་དོར་གང་ཡང་མེད་པའོ། །འོ་ན་གསུང་རབ་མདོ་རྒྱུད་རྣམས་ནས་བླངས་བྱ་དང་དོར་བར་བྱ་བ་གཉིས་ལ་འཇུག་ལྡོག་ཚུལ་བཞིན་བྱེད་པའི་སྒོ་ནས་སྡོམ་པ་དང་དམ་ཚིག་མི་ཉམས་པར་བསྲུང་བར་གསུངས་པ་དེ་ཇི་ལྟར་ཡིན་ཞེ་ན། དེ་ནི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུ་འབྲས་སྒྲོ་སྐུར་ལས་འདས་པ་ཁོར་དུ་ཆུད་པར་མི་ནུས་པ་ཆོས་ཉིད་ཀྱི་དོན་ལ་འཁོར་འདས་སྤང་བླང་ལ་སོགས་པ་ཡོད་པར་ལྟ་ཞིང་སྒྲོ་སྐུར་དང་རྒྱུ་འབྲས་ཀྱི་མཐའ་ལ་ཞེན་པ་ཅན་རྣམས་ཀྱི་ངོར་ལམ་ལ་རིམ་གྱིས་གཟུད་པའི་ཆེད་དུ་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱིས་དྲང་བའི་དོན་ཙམ་དུ་བསྟན་པ་ཡིན་ནོ། །དེས་ན་གང་ཟག་སྐལ་བ་དང་ལྡན་པ་སུ་ཞིག་ཆོས་ཉིད་སྙིང་པའི་དོན་ལ་ཞུགས་ནས་ཇི་བཞིན་རྟོགས་པར་ནུས་པ་ཡིས། ཆོས་ཉིད་སྒྲོ་སྐུར་ལས་འདས་པ་སྙིང་པོའི་དོན་དེ་ཐད་ཀར་མ་ནོར་བར་རྟོགས་པའི་ཆེད་དུ་རྫོགས་པ་ཆེན་པོ་རྒྱུ་འབྲས་སྒྲོ་སྐུར་ལས་འདས་པའི་མ་བཅོས་རྣལ་མའི་ལམ་འདི་བསྟན་པ་ཡིན་པས། བླང་དོར་གྱི་ལམ་གང་ལ་ཡང་རེ་དོགས་དང་བཟང་ངན་བླང་དོར་ལ་སོགས་པའི་རྟོག་དཔྱོད་ཀྱི་བསམ་པ་ཀུན་ལས་འདས་པའི་དོན་ལ་གནས་པར་བྱེད་པ་དེ་ནི། སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་ཆོས་ཐམས་ཅད་མཉམ་ཉིད་བླང་དོར་མེད་པར་རྟོགས་པ་ཡིན་པར་ལུང་བསྟན་ཏོ། །དེ་ལྟར་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་རྒྱུ་འབྲས་སྤང་བླང་གི་མཐའ་ལས་འདས་པའི་དོན་དེ་མ་ནོར་བར་རྟོགས་པའི་རྣལ་འབྱོར་པ་དེ་ལ་ལས་དང་ཉོན་མོངས་པའི་སྒྲིབ་པས་གོས་པ་མེད་པར་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལས། བསྐལ་པར་བསགས་པའི་མུན་ནག་ཐིབ་པོ་ཡང་། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །སྐད་ཅིག་ཡུད་ཙམ་ཉིད་ལ་གསལ་བར་འགྱུར། །ཞེས་དང་། རྒྱུད་རྒྱལ་གསེར་གྱི་རུས་སྦལ་ལས། ལམ་ཆེན་འདི་ལ་དགེ་སྡིག་གཉིས་མི་མངའ། །བདག་གཞན་མི་འཛིན་མི་མཐོང་ན། །ཉོན་མོངས་ཀུན་ལ་འཇོལ་ཉོག་ཀྱང་། །རྣམ་གྲོལ་ལམ་ལ་བསྒྲིབ་མི་འགྱུར། །ཐེག་ཆེན་འདི་དང་ལྡན་གྱུར་ན། །དགེ་དང་སྡིག་པ་གཉིས་མེད་དེ། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཞེས་གསུངས་སོ། །དེ་ལྟ་ན་ཡང་རྫོགས་པ་ཆེན་པོའི་གནས་ལུགས་ཇི་ཙམ་རྟོགས་པ་དེ་ཙམ་དུ་རང་འདོད་ཀྱི་བློ་དང་བྲལ་ཞིང་སྙིང་པོའི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་དུ་འབྲལ་མེད་དུ་ཡོད་པས་གཞན་ལ་འཚེ་བ་སོགས་སྡིག་པ་ཀུན་ལས་ངང་གིས་ལྡོག་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་སེམས་ཅན་ལ་སྙིང་རྗེ་སོགས་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ། སྔ་མ་ལས། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད། །སྙིང་རྗེ་སྐྱེས་ནས་རྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ལ་སྤྱོད་པ་སྣ་ཚོགས་སྟོན། །ཞེས་དང་། ཨོ་རྒྱན་པདྨས། ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞི་བ། །ཞེས་གསུངས་པ་ལྟ་བུ་ཡིན་གྱིས། གལ་ཏེ་རྒྱུ་འབྲས་ཁྱད་དུ་གསོད་པ་སོགས་རང་རྒྱུད་སྔར་བས་ཀྱང་ཇེ་གྱོང་ལ་འགྲོ་བ་ལྟ་བུ་ཡིན་ན་དེ་ནི་རྫོགས་པ་ཆེན་པོའི་ལམ་ལས་གཞན་དུ་ནག་པོ་ཁ་འབྱམ་བདུད་ཀྱི་ལྟ་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། བླང་དོར་གཉིས་སུ་མེད་པའི་ངོ་བོ་སྤྱིར་བསྟན། དེའི་རང་བཞིན་བྱེ་བྲག་ཏུ་བཤད། སྤང་གཉེན་གཉིས་སུ་མེད་པས་སྒོ་གསུམ་རྣལ་བཞག་ཆེན་པོའི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་གོང་དུ་བསྟན་པ་དེ་ལྟར་ཆོས་ཉིད་སྙིང་པོའི་རང་བཞིན་བླང་དོར་མེད་པའི་དོན་ལ་སྒོམས་པར་གྱིས་ཤིག །དེ་ཡང་འདི་ལྟར་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཆོས་རྣམས་ཐམས་ཅད་ཀྱི་གནས་ལུགས་མ་ནོར་བ་དོན་གྱི་སྙིང་པོ་ཡིན་ལ། དེ་ལྟ་བུའི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་སྨྲ་བརྗོད་སྤྲོས་པ་ཀུན་ལས་འདས་པས་བླང་དོར་གྱི་སྤྱོད་པ་དང་རྣམ་རྟོག་དགག་སྒྲུབ་སོགས་ཀྱིས་བཅོས་པའི་ཡུལ་དུ་གྲུབ་པ་མེད་དེ་རང་བྱུང་འདུས་མ་བྱས་པ་ཡིན་ནོ། །དེས་ན་རང་བཞིན་རྣལ་མར་གནས་པའི་ལམ་བྱ་རྩོལ་གྱི་གདུང་བ་མེད་པས་ཡེ་བདེ་འགྱུར་བ་མེད་པ་ལམ་གཞན་ལས་ཁྱད་པར་དུ་འཕགས་པས་མཆོག་གི་དགོངས་པ་དེ་ལ་ངང་གིས་གནས་པའི་ཚུལ་གྱིས་གོམས་པར་བྱེད་པ་ཙམ་ལས་སྤང་བླང་འབད་རྩོལ་གྱི་བྱ་བ་གང་ཡང་མེད་ལ། དེ་ལྟར་གོམས་པར་བྱས་པས་ཀུན་བྱེད་རྒྱལ་པོའི་དགོངས་དོན་མ་ནོར་བར་རྟོགས་པ་ན། སེམས་ཉིད་སྙིང་པོར་ཆོས་ཀུན་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ཡིན་པས། གཉིས་སུ་མེད་པའི་ཆོས་ཉིད་སྙིང་པོའི་དོན་གཅིག་ལ་བླང་དོར་གཉིས་སུ་ཡོད་པར་སྟོན་པ་ཀུན་བྱེད་ཉིད་ཀྱིས་ལུང་མ་བསྟན་ཞིང་། སེམས་ཉིད་སྐྱེ་བ་མེད་པ་རང་བྱུང་འདུས་མ་བྱས་པ་དེ་ལ་སྐྱེ་ཞིང་འཇིག་པའི་ཆོས་སུ་གྲུབ་པའང་ལུང་མ་བསྟན་ལ། དེ་བཞིན་དུ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་ལ་བཟང་ངན་དང་གཙང་རྨེའི་ཆོས་སུའང་གྲུབ་པར་ལུང་མ་བསྟན་ཏེ། རྟོག་དཔྱོད་གཉིས་འཛིན་གྱི་བསམ་པའི་ཡུལ་ཀུན་ལས་འདས་པར་ལུང་བསྟན་པར་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། བློའི་ཡུལ་ལས་འདས་པས་བླང་དོར་མེད་པ་དང་། ཐམས་ཅད་སེམས་ཉིད་བཏང་བཞག་མེད་པར་གཅིག་པས་བླང་དོར་མེད་པ་དང་། སེམས་དང་ཆོས་ཉིད་མཁའ་ལྟར་གཅིག་པས་བླང་དོར་མེད་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྙིང་པོ་བྱང་ཆུབ་ཀྱི་སེམས་བླང་དོར་གཉིས་སུ་མེད་པའི་དོན་འདི་ཉིད་ངེས་པར་རམ་མ་ནོར་བར་ད་བསྒོམས་པར་གྱིས་ཤིག །དེ་ལ་བསྒོམ་པའི་བློ་དང་བསྒོམ་པར་བྱ་བའི་ཡུལ་ཉིད་ནི་ཐ་དད་གཉིས་ཆོས་ཀྱི་རང་བཞིན་དུ་མ་གྲུབ་པར་གཉིས་མེད་མཉམ་པ་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་བདག་ཉིད་ཅན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གཅིག་པ་ཡིན་ལ། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་རང་བཞིན་བསྒོམ་པ་དང་མི་བསྒོམ་པ་ལ་སོགས་པའི་རྣམ་པར་རྟོག་པའི་བློ་ཡི་སྤྱོད་ཡུལ་ཀུན་ལས་འདས་པ་ཡིན་པས་བསྒོམ་འདོད་ཀྱི་རེ་དོགས་མ་བྱེད་པར་མ་བཅོས་རྣལ་མའི་ངང་ལ་ཇི་བཞིན་བླང་དོར་མེད་པར་གོམས་པར་གྱིས་ཤིག་ཅེས་པ་སྟེ། སྙིང་པོ་དོན་གྱི་རྒྱུད་ལས། མ་བཙལ་རང་བཞིན་བཞག་ན་བསམ་པ་ཟད། །ཡེངས་མེད་ཐབས་ཀྱིས་གནས་ན་བཅིངས་བ་གྲོལ། །མཐའ་དབུས་ཕྱི་ནང་མེད་པ་ཆོས་ཀྱི་དབྱིངས། །རང་བཞིན་དག་པའི་དོན་ལ་བསྒོམ་དུ་མེད། །མ་ཡེངས་ཡལ་བར་བཞག་པས་རང་བཞིན་གོམས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ། སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་ང་ཡི་རང་བཞིན་ནི་ཡེ་ནས་སྤང་བླང་བཅོས་བསྒྱུར་དང་བྲལ་བའི་རང་བཞིན་ཡིན་པའི་ཕྱིར་ན། སྟོན་པ་ང་ཡི་འཁོར་དུ་འདུས་པའི་ཚོགས་རྣམས་ལ་དགེ་སྡིག་དང་བཟང་ངན་གཙང་རྨེ་ལ་སོགས་པ་བླང་བ་དང་དོར་བར་བྱ་བའི་རྩོལ་སྒྲུབ་ཀྱི་ཡུལ་དུ་གྱུར་བའི་ཆོས་ཞིག་ཡོད་པ་ཉིད་དུ་ཀུན་བྱེད་ང་ཡིས་མི་སྟོན་ཞིང་། ཆོས་ཉིད་གཅིག་གི་རང་བཞིན་ལ་འཁོར་འདས་སོགས་གཉིས་ཆོས་སུ་དབྱེ་བའི་ཆོས་ཀྱང་མི་སྟོན་པར་གསུངས་ཏེ། ལ་ཟློ་ལས། ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག །འདི་ལས་ལྷག་པའི་ཆོས་ལ་མ་རྟོགས་ཤིག །བརྟགས་ན་སྙིང་པོའི་དོན་ལ་བསྒྲིབ་པ་ཡིན། །ལུས་ངག་རྩོལ་བ་དང་དུ་མ་ལེན་ཅིག །བླང་ན་རྩོལ་བའི་ནད་ཀྱིས་གོལ་བ་ཡིན། །གོལ་ས་སྒྲིབ་པར་རང་ས་མ་འཛིན་ཅིག །རང་གིས་རང་ས་བཟུང་བ་དེ་ཡིས་ནི། །ལྷུན་གྲུབ་སྙིང་པོའི་དོན་ལ་ལ་མི་ཟློས། །ལ་ཟློས་ཆོས་སུ་གསུངས་པ་དེ་ལ་ནི། །བདག་དང་གཞན་དུ་གྲུབ་པ་གཉིས་མེད་པས། །རྩིས་མེད་རྩིས་ལས་འདས་པར་ང་ཡིས་བསྟན། །རང་ལ་ལྷུན་གྱིས་གྲུབ་པས་བསྒྲུབ་མི་དགོས། །དམིགས་པའི་ཡུལ་ལས་འདས་པས་བསྒོམ་མི་དགོས། །མཚོན་པའི་ཚིག་ལས་འདས་པས་ཤེས་མི་དགོས། །ཡིད་ཀྱི་བྱས་པ་ཀུན་དང་བྲལ་བས་ན། །གཞུངས་པའི་ཡིད་ཀྱིས་དེ་ལ་བསམ་དུ་མེད། །རྒྱུ་མེད་རྐྱེན་ལས་བྱུང་བ་མ་ཡིན་པས། །བསོད་ནམས་ཚོགས་ཀྱང་ངེས་པར་བསག་ཏུ་མེད། །ཅེས་གསུངས་པ་ལྟར་བྱ་བྱེད་བླང་དོར་སོགས་ཅི་ཡང་ཡོད་པར་མི་སྟོན་ལ། འོ་ན་ཇི་ལྟར་སྟོན་ཞེ་ན་སྙིང་པོ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་དེ་བློས་རྟོག་པ་དང་དཔྱོད་པའི་ཡུལ་ལས་འདས་པ་ཡིན་པས་རྟོག་དཔྱོད་ཀྱིས་བསམ་པར་མི་བྱེད་ཅིང་། སེམས་ཉིད་མ་བཅོས་ཇི་བཞིན་པ་ཡི་དོན་ལ་སྒོམ་སྒྲུབ་ཀྱི་རྩོལ་བས་འཆོས་པར་མ་བྱེད་པར་བླང་དོར་གྱི་བྱ་བ་གང་ཡང་མེད་པར་བྱར་མེད་རང་བབས་སུ་བཏང་སྟེ། ཅི་སྣང་ཅི་ཤར་གྱི་ཆོས་ཐམས་ཅད་ཆོས་ཉིད་གཅིག་གི་རང་བཞིན་དུ་ཤེས་པར་གྱིས་ལ། གཉིས་འཛིན་མཚན་མའི་བློ་ཡིས་ཅི་ཡང་མ་བསམ་པར་བློོ་འདས་སྤྲོས་པ་དང་བྲལ་བའི་ངང་ལ་རང་བཞིན་དུ་ཞོག་ཅིག་དང་། དེ་ལྟར་བཞག་པས་ཡེ་གྲོལ་གཞི་རྩ་དང་བྲལ་བའི་དོན་དེ་མངོན་དུ་འགྱུར་བར་སྟོན་ཏོ་ཞེས་སོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆེན་པོ་སྤྱོད་པ་སྤང་བླང་ལས་འདས་པའི་དོན་འདི་ད་སྒོམས་ཤིག་དེ་ཡང་ཇི་ལྟར་ཞེ་ན་བླང་དོར་གཉིས་སུ་མེད་པའི་ཆོས་ཉིད་ཡེ་སྟོང་ཆེན་པོ་དང་དབྱེར་མེད་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ལ་ནམ་མཁའ་ལྟར་རང་བྱུང་འདུས་མ་བྱས་པའི་རང་བཞིན་དུ་གནས་པས་ལུས་སེམས་རྩོལ་སྒྲུབ་ཀྱི་བྱ་བས་བཅོས་སུ་མེད་ལ། འདུ་ཤེས་ཞེན་འཛིན་གྱི་ཡུལ་དུ་གྲུབ་པ་མེད་པས་ཆེད་འཛིན་གྱིས་བློས་བསྒོམ་དུ་མེད་པ་དང་། ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་རབ་ཏུ་ཞི་ཞིང་ཀུན་རྟོག་གི་རྙོག་པ་ཀུན་དང་བྲལ་བ་ལ་བྱ་བྱེད་ཀྱི་བླང་དོར་ཅི་ཡང་མེད་པ་དང་། འགྱུ་འཕྲོའི་རྟོག་པ་ཀུན་གྱིས་ངང་གིས་དབེན་པས་ཕྱི་ཚོགས་དྲུག་གི་ཡུལ་ལ་མི་འཇུག་ཅིང་། མཉམ་ཉིད་བླང་དོར་དང་བྲལ་བའི་དགོངས་པའི་དོན་ལ་ཡང་དམིགས་ཤིང་འཇུག་པ་དང་བྲལ་བ་ཡིན་པས་སྒོམ་སྒྲུབ་དང་བླང་དོར་ཅི་ཡང་མེད་པས་དོན་ལ་གོམས་པར་གྱིས་ཤིག་ཅེས་གདམས་པའོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་གོང་དུ་བསྟན་པ་དེ་ལྟ་བུའི་སེམས་ཉིད་མཁའ་ལྟར་དག་པས་བཅོས་བསྒྱུར་བླང་དོར་མེད་པའི་དོན་དེ་ལེགས་པར་སྟེ་རེ་དོགས་སྤང་བླང་དུ་འཛིན་པའི་བློ་ཡིས་མ་སྦག་པར་ད་ལྟ་སྟོན་པ་ཀུན་བྱེད་ཉིད་ཀྱིས་ཇི་ལྟར་ལུང་བསྟན་པ་ལྟར་དུ་སྒོམ་པར་གྱིས་ཤིག །དེ་ཡང་ཇི་ལྟར་བསྒོམ་ན་ཡུལ་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་གདོད་ནས་ཡེ་སྟོང་ཆེན་པོ་མཐའ་གྲོལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པར་བྱས་ནས། དབང་པོ་ཡི་ཤེས་པ་ཕྱི་ཚོགས་དྲུག་གི་ཡུལ་ལ་མི་རྟོག་ཅིང་སེམས་བྱུང་ཚོར་གྱི་རྟོག་པ་རྩེ་གཅིག་ནང་དུའང་མི་སྡུད་ལ། སྤང་བྱའི་ཆོས་སུ་གྲུབ་པ་གང་ཡང་མེད་པས་གཉེན་པོ་ཡི་བློ་ཡང་མ་བརྟེན་པ་དང་། ལུས་སེམས་ཀྱི་རྒྱུད་ཀྱང་མ་སྦྱོངས་བར་ཡེ་ནས་སྒྲིབ་བྲལ་ཀ་དག་གི་རང་བཞིན་དུ་རྟོགས་པས་ལུས་ངག་སེམས་ཀྱི་སྤྱོད་པ་ཐམས་ཅད་མ་བཅོས་ཇི་བཞིན་པ་རུ་བཞག་པ་འདི་ཉིད། ཆོས་ཉིད་སྙིང་པོའི་དོན་དུ་རྟོགས་པར་གྱིས་ཤིག་ཅེས་སེམས་ཉིད་སྙིང་པོའི་དོན་ལ་སྒོམ་སྒྲུབ་བླང་དོར་གང་ཡང་མེད་པར་བསྟན་པའོ། །རྩ་བའི་གསུམ་པ་གཉིས་མེད་དུ་དོན་བསྡུ་བ་ནི། ཀྱེ་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་སྤྱོད་པ་ནི་བླང་དོར་རྩོལ་སྒྲུབ་ཀྱིས་མ་བཙལ་བར་སྒོ་གསུམ་མ་བཅོས་ལྷུག་པར་གནས་པས་དོན་ཀུན་ཡོངས་སུ་རྫོགས་པ་ཡིན་ཏེ། སྙིང་པོ་དོན་གྱི་རྒྱུད་ལས། མ་བསམ་རང་བཞིན་བཞག་པས་སྒྲིབ་པ་འབྱང་། །མུན་པ་ཡེ་ནས་དག་པས་བསལ་མི་དགོས། །ལྷུན་གྱིས་གྲུབ་པས་གཞན་ལ་གསོལ་མི་འདེབས། །རང་ལ་རྫོགས་པས་མི་བརྙེག་མི་བགྲོད་དེ། །མ་བྱས་རང་བཞིན་གནས་པས་འདི་ཉིད་རྫོགས། །བྱ་བ་མི་དགོས་མི་བཙལ་མི་བསྒྲུབ་ཅིང་། །དགེ་སྡིག་མི་འབྱེད་ཡེ་ནས་གོས་པ་མེད། །ཅེས་གསུངས་པ་ལྟར་རོ། །དེས་ན་ཆོས་ཐམས་ཅད་ཆོས་ཉིད་སྙིང་པོའི་དོན་དུ་འདུས་ཤིང་དབྱེར་མེད་པས་བླང་དོར་མེད་ལ། འཁོར་འདས་མཉམ་ཉིད་དུ་རྟོགས་ཏེ་རེ་དོགས་ཀྱི་འཁྲི་བ་ཐམས་ཅད་རྣམ་པར་ཆད་པས་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་ཡང་མེད་པའི་ཕྱིར་ན་ལམ་ལ་མི་བསྒོམ་པ་སྟེ་རྩོལ་སྒྲུབ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེ་ལྟ་བུའི་ཀུན་བྱེད་ང་ཡི་སྤྱོད་པ་བྱར་མེད་ལྷུན་གྲུབ་ཀྱི་དོན་གང་ཞིག་རྟོགས་པས་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ངང་ན་དོན་ཐ་དད་དུ་གྲུབ་པ་མེད་པར་མཉམ་ཉིད་གཅིག་གི་རང་བཞིན་དུ་གནས་པ་ལ། སྤྱོད་པ་བླང་དོར་གྱི་སྒོ་ནས་འཇུག་པ་དང་མི་འཇུག་པ་ཞེས་པའི་ཚིག་ཙམ་ལས་ཀྱང་ཤིན་ཏུ་འདས་པ་ཡིན་པས། ཀུན་བྱེད་རྒྱལ་པོའི་སྤྱོད་པ་འདི་ནི་བླང་དོར་མེད་པར་གཉིས་མེད་མཉམ་པ་ཉིད་ཀྱི་རང་བཞིན་དུ་ལུང་བསྟན་ཏོ། །ཞེས་གསུངས་སོ། །ལེའུའི་མཚན། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཉམ་པ་ལ་བླང་དོར་མེད་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་བརྒྱད་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་ལྷུན་གྲུབ་རང་གནས་ཆེན་པོའི་འབྲས་བུ་རང་ལ་གནས་པའི་དོན་ལ་ཇི་ལྟར་བསྒོམ་པའི་ཚུལ་ལ་གཉིས་ཏེ། ཡེ་ཤེས་སྒྲིབ་པ་མེད་པ་དང་། ལྷུན་གྲུབ་རེ་དོགས་ལས་འདས་པའི་དོན་ཇི་ལྟར་བསྒོམ་པའོ། །དང་པོ་རང་བྱུང་གི་ཡེ་ཤེས་གདོད་ནས་འོད་གསལ་བས་སྒྲིབ་པ་བསལ་དུ་མེད་པའི་ལེའུ་དོན་དགུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་སྤྱོད་པ་བླང་དོར་མེད་པ་མ་བཅོས་རྣལ་མའི་དོན་ལ་ཇི་ལྟར་བསྒོམ་ཚུལ་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་སྙིང་པོའི་ངང་ལ་ཉོན་ཤེས་ཀྱི་སྒྲིབ་པ་ཞིག་ཡེ་ནས་ཡོད་མ་མྱོང་བས། ད་ལམ་གྱི་འབད་རྩོལ་ལ་བརྟེན་ནས་བསལ་དུ་མེད་པའི་སྒྲིབ་མེད་འོད་གསལ་ཆེན་པོའི་དགོངས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སེམས་ཉིད་སྒྲིབ་པ་མེད་པའི་ངོ་བོར་མདོར་བསྟན། རང་བཞིན་རྒྱས་པར་བཤད། ཐུགས་རྗེ་སྒྲིབ་མེད་གཅིག་ཏུ་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཆོས་ཐམས་ཅད་ཀྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡེ་ནས་སྒྲིབ་པ་མེད་པར་གདོད་ནས་སྒྲིབ་མེད་ཡེ་སངས་རྒྱས་པའི་རང་བཞིན་དུ་དགོངས་ཤིང་རྟོགས་པར་ལུང་བསྟན་པ་ནི། ཇི་ལྟར་ན་འཁོར་འདས་གཉིས་སུ་སྣང་བའི་ཆོས་རྣམས་མ་ལུས་པ་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཐ་དད་མེད་པར་ཆོས་ཀུན་དབྱེར་མེད་རོ་གཅིག་ཉིད་དུ་གནས་པ་ཡིན་པས། དེ་ལྟ་བུའི་སྐྱེ་མེད་བྱང་ཆུབ་ཀྱི་སེམས་སྙིང་པོ་རང་བྱུང་གི་ཡེ་ཤེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བའི་ངོ་བོ་དེ་ལ་ནམ་མཁའ་ལྟར་ཆ་ཤས་ཀྱི་དབྱེ་བ་ཕྱེ་རུ་མེད་པས་ལ་ལ་སྒྲིབ་པ་དང་ལ་ལ་མི་སྒྲིབ་པའི་ཁྱད་པར་བསྟན་པ་མེད་པར་སྒྲིབ་མེད་ཆོས་སྐུ་ཆེན་པོ་གཅིག་ཏུ་གནས་པ་ཡིན་ནོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ལ་བདུན་ཏེ། སེམས་ཉིད་གཅིག་ལ་སྒྲིབ་མི་སྒྲིབ་སེམས་དེ་ཉིད་ཀྱིས་བྱེད་པར་འདོད་པ་མི་འཐད་པར་བསྟན་པ། རྣལ་བཞག་རང་བཞིན་འོད་གསལ་གཅིག་ཏུ་བསྟན་པ། ཡེ་ཤེས་རང་བྱུང་གི་ངེས་ཚིག་བསྟན་པ། ཡེ་ཤེས་ནང་གསལ་ཡིན་པས་ཡུལ་ལ་མི་སྤྱོད་པར་བསྟན་པ། ཆོས་ཀུན་རང་བཞིན་ཀུན་བྱེད་དུ་འདུ་བར་བསྟན་པ། དེ་ཉིད་ཀྱི་དོན་ལ་གོམས་པས་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་གནས་པར་བསྟན་པ། ཆོས་ཀུན་ཡེ་ནས་གཉིས་སུ་མེད་པས་དེའི་ངང་ལས་མ་ཡེངས་རེ་དོགས་ཆད་པའི་ཚུལ་དུ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ། འདི་ལྟར་སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་སྒྲིབ་པ་ཞིག་ངང་གིས་མ་གྲུབ་པས་སྒྲིབ་མེད་འོད་གསལ་ཆེན་པོ་མ་བཅོས་ལྷུན་གྱིས་གྲུབ་པའི་དོན་འདི་ཉིད་གོལ་འཆུག་མེད་པར་ལེགས་པར་ད་སྒོམས་ཤིག །དེ་ཡང་སངས་རྒྱས་དང་སེམས་ཅན་དུ་སྣང་བ་འདི་ཐམས་ཅད་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐ་དད་མེད་པར་གཅིག་གི་རང་བཞིན་ཡིན་པ་ལ། སེམས་ཅན་གྱི་རྒྱུད་སྒྲིབ་པ་དང་བཅས་པ་དང་སངས་རྒྱས་རྣམས་ཀྱི་ཐུགས་མི་སྒྲིབ་པའི་རང་བཞིན་ཅུ་དུ་བལྟས་ཏེ། དེ་ལྟར་བཟང་ངན་གྱི་ཆ་གཉིས་སུ་དབྱེ་ཞིང་དེ་ལ་སྤོང་ལེན་བྱེད་པར་གང་ཟག་སུ་ཞིག་གིས་འདོད་པ་དེ་ནི་ཆོས་རྣམས་ཀུན་གྱི་གནས་ལུགས་དོན་དམ་འདུས་མ་བྱས་པའི་རང་བཞིན་སེམས་ཉིད་སྙིང་པོའི་དོན་དང་འགལ་བར་འགྱུར་བ་ཡིན་ཏེ་གཉིས་སུ་མེད་པའི་དོན་ལ་སྤོང་ལེན་གཉིས་བཅས་སུ་ལྟ་བ་ཡིན་པའི་ཕྱིར་རོ། །ཀློང་ཆེན་ལས། མ་རིག་ཆོས་སྐུ་རང་བཞིན་གཅིག །སངས་རྒྱས་སེམས་ཅན་དོན་དུ་གཅིག །ཅེས་དང་། ངེས་དོན་འདུས་པ་ལས། །འཁྲུལ་མ་མྱོང་བས་མ་རིག་མེད། །རྟོགས་མ་མྱོང་བས་ཡེ་ཤེས་མེད། །དེ་ཕྱིར་དོན་ལ་ཡེངས་བ་དང་། །མ་ཡེངས་ངང་དུ་ཤན་མ་ཕྱེ། །ཞེས་སེམས་ཉིད་ཆོས་སྐུ་ཆེན་པོ་ཐིག་ལེ་ཉག་གཅིག་གི་རང་བཞིན་ལ་སྒྲིབ་པ་ཡོད་མེད་དང་འཁྲུལ་དང་མ་འཁྲུལ་སངས་རྒྱས་དང་སེམས་ཅན་ལ་སོགས་པའི་དབྱེ་བ་མེད་པར་བསྟན་པ་ལྟར་རོ། །གཉིས་པ་ནི། འོ་ན་མ་དག་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་བ་འདི་སྤང་བྱ་སྒྲིབ་པའི་རང་བཞིན་མིན་ན་ཇི་ལྟར་ཡིན་སྙམ་ན། ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་འོད་གསལ་སྒྲིབ་གཡོག་དང་བྲལ་བའི་དགོངས་པ་ལུང་བསྟན་པ་ནི། འདི་ལྟར་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དོན་ལ་བསྒོམས་པར་བྱས་པས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བ་སྣང་སྲིད་སྣོད་བཅུད་དུ་སྣང་བའི་ཆོས་འདི་ཐམས་ཅད་སྐྱེ་མེད་གདོད་ནས་དག་པའི་སྙིང་པོར་ཐ་དད་མེད་པར་སེམས་ཉིད་འོད་གསལ་བའི་རོལ་རྩལ་དུ་རྟོགས་པར་འགྱུར་བས་མ་དག་སྤང་བྱའི་ཆོས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། གྲུབ་དབང་ས་ར་ཧ་པས། སྣང་གྲགས་ཐམས་ཅད་སྒྱུ་མ་སྨིག་རྒྱུ་དང་། །གཟུགས་བརྙན་དང་མཚུངས་དངོས་པོའི་མཚན་མ་མེད། །སྒྱུ་མར་སྣང་མཁན་སེམས་ཉིད་ནམ་མཁའ་སྟེ། །མཐའ་བྲལ་དབུས་མེད་སུས་ཀྱང་ཤེས་མི་འགྱུར། །གང་གཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བརྟགས་པའི་སེམས་དང་སེམས་བྱུང་ཐམས་ཅད་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་སྣང་གྲགས་དྲན་རྟོག་གི་ཆོས་ཐམས་ཅད་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རྩལ་ལས་ཤར་བའི་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་ལས་སྤང་བྱའི་ཆོས་སུ་མ་གྲུབ་པར་བསྟན་ལ། དེས་ན་ཕྱི་ནང་སྣང་སྲིད་ཀྱི་ཆོས་འདི་དག་ཇི་ལྟར་སྣང་ཞིང་གསལ་བའི་དུས་ཉིད་ནས་སེམས་ཉིད་སྙིང་པོའི་ཀློང་ནས་སྐད་ཅིག་ཀྱང་གཡོ་མ་མྱོང་བར་རྟོགས་ཏེ། ནམ་མཁའ་ལྟར་རྟོག་དཔྱོད་ལས་འདས་པའི་དོན་ལ་གང་ཞིག་གནས་པར་བྱས་པས་སྒྲིབ་པ་དང་མི་སྒྲིབ་པ་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་འབྱེད་པ་མེད་པར་གནས་པའི་དོན་རྟོགས་པར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོས་རང་སྣང་མ་བཅོས་པའི་འཁོར་ལ་ཆོས་ཐམས་ཅད་ཀྱི་སྙིང་པོ་རང་བྱུང་ཡེ་ཤེས་ཀྱི་ངེས་ཚིག་ཇི་ལྟར་ཡིན་པ་ལུང་བསྟན་པ་ནི། འདི་ལྟར་ཡེ་ཤེས་ཞེས་བརྗོད་པའི་དོན་ནི་སྒྲིབ་པ་ཞིག་གཤིས་ལ་ཞུགས་པ་མེད་པས་ཡེ་ནས་རང་བཞིན་གྱིས་འོད་གསལ་བའི་དོན་དུ་བསྟན་ལ། རང་བྱུང་ཞེས་པ་ནི་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་པ་མེད་པའི་རང་བཞིན་མཁའ་ལྟར་ཀུན་ལ་ཁྱབ་ཅིང་ཆོས་རྣམས་ཀུན་གྱི་སྙིང་པོར་གནས་པའི་དོན་ཏེ། དེ་ཉིད་ཚུལ་བཞིན་རྟོགས་པས་དག་པ་མྱང་འདས་ཀྱི་ཆོས་སུ་སྒྲོ་འདོགས་པ་དང་། མ་དག་འཁོར་བའི་ཆོས་སུ་སྐུར་པ་གདབ་པ་སོགས་སྒྲོ་སྐུར་གྱི་མཐའ་ཀུན་ལས་འདས་པའི་སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་མཐའ་གྲོལ་བློ་འདས་ཆེན་པོར་མངོན་དུ་འགྱུར་བ་ཡིན་ནོ་ཞེས་སོ། །བཞི་པ་ནི། ཀྱེ་རང་བྱུང་གི་ཡེ་ཤེས་ཡེ་ནས་རང་ལ་ཆོས་ཉིད་སྙིང་པོའི་ཚུལ་དུ་འདུ་འབྲལ་མེད་པར་གནས་ཤིང་སྒྲིབ་པ་མེད་པ་དེ་ཡི་ཕྱིར་ན། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་དེ་ལྟ་བུའི་སེམས་ཉིད་རྣལ་མའི་དོན་ལ་ད་སྒོམས་ཤིག །དེ་ཡང་རང་བྱུང་གི་ཡེ་ཤེས་དེ་ཉིད་འཛིན་བྱེད་རྣམ་རྟོག་གི་དམིགས་པ་ཀུན་ལས་འདས་པ་ཡིན་པས་བློ་རྣམ་པར་རྟོག་པས་ཇི་བཞིན་དུ་རྟོགས་ཤིང་བསྒོམ་པར་བྱེད་པའི་སྒོ་ནས་དམིགས་པའི་དོན་ནམ་ཡུལ་དུ་གྲུབ་པ་ཞིག་ཏུ་གཞོག་ཅིང་འཛིན་པར་མི་བྱེད་དེ་རྣམ་པར་རྟོག་པ་ཀུན་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བཟུང་བའི་ཡུལ་ལས་འདས་པ་ཡུལ་མེད་ཟང་ཐལ་གྱི་རང་བཞིན་ཡིན་པས་ཕྱི་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་གཡེངས་སུ་མི་འཇུག་པར་ནང་དུ་རྩེ་གཅིག་ཏུ་བཞག་སྟེ་བསྲུང་བར་ཡང་མི་བྱེད་པའམ་བྱེད་མི་དགོས་ཏེ། གལ་ཏེ་སྒོམ་པ་ལ་རག་ལུས་པ་ཞིག་ཡིན་ན་ཡེ་ནས་རང་བྱུང་རིག་པའི་བདག་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་ཏེ། རང་ཤར་ལས། བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །བསྒོམས་པའི་དབང་དུ་གྱུར་པ་ན། །ཡེ་ནས་དམ་བཅའ་འགལ་བར་འགྱུར། །ཞེས་པ་ལྟར་རོ། །དེ་བཞིན་དུ་ཕྱི་ནང་གི་དངོས་པོ་ཡི་ཆོས་སུ་སྣང་བ་འདི་ཐམས་ཅད་གདོད་ནས་སྐྱེ་མེད་རང་བྱུང་གི་སྙིང་པོར་དབྱེར་མེད་པ་འོད་གསལ་ལྷུན་གྲུབ་ཀྱི་གདངས་མ་འགགས་པར་ཤར་བ་ཡིན་པའི་རྒྱུ་མཚན་དེ་བས་ན་དེ་ལས་གཞན་དུ་རང་བྱུང་གི་ཡེ་ཤེས་ཞིག་མེད་པས་སྒོམ་པར་མི་བྱེད་ཅིང་། འཁོར་འདས་ཀྱི་རྣམ་པ་བཟང་ངན་ཇི་ལྟར་སྣང་ཡང་དོན་ལ་དབྱེ་བས ལ་མེད་པར་ཆོས་ཉིད་སྐྱེ་བ་མེད་པའི་སྙིང་པོར་གསལ་བས་སམ་སྙིང་པོ་རང་བྱུང་གི་ཡེ་ཤེས་རང་ལ་གསལ་བ་ཙམ་ལས་འཁོར་འདས་ཞེས་གཞན་དུ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་ཐོབ་ཏུ་རེ་བ་དང་ཁམས་གསུམ་འཁོར་བ་ལྷུང་དུ་དོགས་པ་མེད་པར་མཉམ་ཉིད་ཕྱོགས་ལྷུང་དང་བྲལ་བ་ཆོས་དབྱིངས་བདེ་བ་ཆེན་པོ་གཅིག་གི་རང་བཞིན་དུ་ཤེས་པས་མ་བཅོས་རྣལ་མ་ཉིད་དུ་ཞོག་ཅིག་ཅེས་སོ། །ལྔ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས། སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་རྣལ་མར་གནས་པའི་རིག་རྩལ་ལས་ཤར་བའི་འཁོར་གྱི་ནང་དུ་གཅིག་ཤེས་ཀུན་གྲོལ་ཆེན་པོའི་དགོངས་པ་ལུང་བསྟན་པ་ནི། མ་བཅོས་པའི་གནས་ལུགས་སྙིང་པོར་རང་བྱུང་གི་ཡེ་ཤེས་ཆོས་ཀུན་གྱི་རྩ་བ་ཉག་གཅིག་སྤྲོས་པ་དང་བྲལ་བ་དེ་ལ། འཁོར་འདས་ཀྱི་རོལ་པ་ཇི་ལྟར་སྣང་བ་ཡི་ཆོས་ཐམས་ཅད་འདུ་ཞིང་དེ་ལས་གཞན་དུ་མེད་པར་གཏན་ལ་འབེབས་པར་བྱེད་དོ། །དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་སྙིང་པོ་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་སེམས་ཉིད་ཉག་གཅིག་གི་དོན་དེ་རྟོགས་པར་གྱུར་ན་འཁོར་འདས་ཀུན་གྱི་རང་བཞིན་ཀུན་བྱེད་རྒྱལ་པོ་ཉིད་དུ་འདུས་པ་ཡིན་པས་ཆོས་དེ་དག་ཐམས་ཅད་ཀྱང་སྐྱེ་བ་མེད་པ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་རྟོགས་པར་གསུངས་སོ། །དྲུག་པ་ནི། གོང་དུ་བཤད་པ་དེ་ལྟར་ཆོས་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་གཅིག་ཏུ་འདུས་པའི་རྒྱུ་མཚན་དེས་ན་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ཡི་དོན་ལ་མཁས་ཤིང་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་བས་བསམ་གྱིས་མི་ཁྱབ་པའི་དོན་ཀྱང་དེ་ལས་གཞན་དུ་མེད་པས། དེ་ལྟ་བུའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་མཁས་པར་འགྱུར་ཞིང་། དེ་བཞིན་དུ་ཀུན་བྱེད་ང་ཡིི་དོན་མ་བཅོས་རྣལ་བཞག་ཆེན་པོའི་དོན་ལ་གོམས་པར་གྱུར་ན་ཆོས་རྣམས་ཀུན་གྱི་དོན་ལ་གནས་ཤིང་གོམས་པ་ཡང་ཡིན་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་འདི་ལས་གཞན་དུ་མེད་པའི་ཕྱིར་རོ། །བདུན་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སེམས་ཉིད་སྙིང་པོའི་དོན་ལ་ལེགས་པ་རང་སྒོམས་ཤིག་དང་། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་རྣམས་ཐམས་ཅད་ལ་ཆོས་ཉིད་སྙིང་པོའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྟོགས་ཤིང་གོམས་པར་བྱེད་པའི་དོན་འདི་ཉིད་གཅིག་པུ་ལས་གཞན་དུ་མེད་པའི་ཕྱིར་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལ་གོམས་ཤིང་སྐྱེ་མེད་རྟོགས་ན་སྙིང་པོ་མངོན་དུ་ཕྱུང་ནས་གང་བསྟན་པ་ཡི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པའི་དོན་དུ་རྟོགས་པར་འགྱུར་ལ། དེ་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་མེད་དུ་རྟོགས་པའི་ངང་ལས་མ་ཡེངས་པར་གོམས་པས་ཆོས་རྣམས་ལ་བདེན་པར་ཞེན་པའི་དབང་གིས་རེ་དོགས་འཆིང་ཐག་གི་མདུན་རྒྱ་དམ་པོས་རང་རྒྱུད་བཅིང་བར་གྱུར་པ་དེ་ཉིད་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཆད་པས་ཀུན་བྱེད་རྒྱལ་པོའི་དགོངས་པ་མངོན་དུ་འགྱུར་བ་ཡིན་ནོ་ཞེས་པ་སྟེ། ལ་ཟློ་ལས། ཆོས་ཉིད་དོན་གྱི་གནས་ལུགས་སྐྱེ་མེད་བདེ་ཆེན་དེ། །ཡོངས་ལ་རྫོགས་པར་ཤེས་ནས་སྨོན་པ་སུ་ལ་འབུལ། །རྒྱ་མཚོ་ཆུ་ཡིས་ཆུ་ལ་སྨོན་པ་མེད་པ་བཞིན། །བྱང་ཆུབ་སེམས་ཀྱིས་སེམས་ལ་སྨོན་དུ་མེད་པ་ཡིན། །སྨོན་པ་གཞན་དུ་འབུལ་ན་རང་གིས་རང་གིས་དོན་རྟོགས་མིན། །དེ་བཞིན་དོགས་པ་བྱེད་པའང་དེ་དང་མཚུངས་པ་ཡིན། །ཡུལ་ལ་དམིགས་པ་བཅུག་ན་རེ་དོགས་ནམ་ཡང་འབྱུང་། །སེམས་ཀྱི་རང་བཞིན་སྐྱེ་མེད་ཡིན་པར་དགོངས་ནས་ནི། །རེ་དོགས་དམིགས་པ་རྡུལ་ཙམ་མེད་པར་ཤེས་པས་ཆོག །ཀུན་ཏུ་བཟང་པོའི་རང་བཞིན་ཉིད་དུ་དེ་འགྱུར་རོ། །ཞེས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། སྣང་གྲགས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན་བྱེད་མཚོན་པའི་ཐབས་སུ་ཡེ་ནས་ཤར་བས་དེའི་དོན་དང་མི་འགལ་བར་གདམས་པ་དང་། འཁོར་འདས་སྤང་བླང་མེད་པར་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དབྱིངས་ཡེ་གཉིས་སུ་མེད་པའི་རང་བཞིན་དེ་ཉིད་ལེགས་པར་ད་སྒོམས་ཤིག །དེ་ཡང་ཇི་ལྟར་ན་གང་ཞིག་སྣང་བའི་ཆོས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྣང་བ་སྣ་ཚོགས་སུ་གང་བསྟན་པ་ཡི་ཆོས་ཅན་གྱི་སྣང་བ་ཇི་སྙེད་པ་འདི་ཐམས་ཅད། ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་མཚོན་ཞིང་གསལ་བར་བྱེད་པའི་ཐབས་སུ་བསྟན་པ་ཡིན་ཏེ། ཅིའི་ཕྱིར་ན་གང་སྣང་བ་ཡིན་ན་སྟོང་པ་ཡིན་པས་ཁྱབ་ཅིང་། སྟོང་པ་ཡིན་པའི་གནད་ཀྱིས་རྟེན་འབྱུང་གི་རོལ་པ་འགགས་མེད་དུ་འཆར་བ་ཡིན་པས། སྣང་སྟོང་གཉིས་པོ་དེ་དག་གཅིག་གིས་གཅིག་གསལ་བར་བྱེད་པའི་ཕྱིར་ཏེ། དགའ་རབ་རྡོ་རྗེས། སྣང་དེ་ཅིའི་ཕྱིར་སྟོང་པའི་ཕྱིར། །སྟོང་དེ་ཅིའི་ཕྱིར་སྣང་བའི་ཕྱིར། །ཞེས་དང་། ཀློང་ཆེན་རབ་འབྱམས་ལས། སྟོང་པ་བས་ཀྱང་སྣང་བ་གཙོ། །སྣང་བ་རང་ཤར་ངེས་མེད་ཀྱིས། །སྟོང་པ་འཛིན་མེད་གཏན་ལ་འབེབས། །ཞེས་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཡེ་ནས་སྣང་སྟོང་གཉིས་སུ་མེད། །གཉིས་མཐར་མི་གཟིགས་རྟོགས་ལས་འདས། །དམིགས་པའི་མཐའ་ལས་གྲོལ་བའི་ཕྱིར། །གཉིས་མེད་མ་ཞེན་བྱང་ཆུབ་སེམས། །ཐུགས་རྗེ་བསམ་ཡས་ཆོ་འཕྲུལ་འབྱུང་། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཡིན་པའི་ཕྱིར་ན། གདངས་འགགས་མེད་ཀྱི་རོལ་པ་འཁོར་འདས་ཀྱི་སྣང་བ་མུ་མེད་པ་འདི་དག་འཆར་བ་ཡིན་གྱིས། གལ་ཏེ་བྱང་ཆུབ་སེམས་ཀྱི་རང་བཞིན་སྟོང་པ་ཉིད་སྤྲོས་པའི་མཐའ་དང་བྲལ་བ་ཞིག་མིན་ན་ཤེས་བྱའི་སྣང་བ་ཐམས་ཅད་སྣང་དུ་མི་རུང་བར་རྒྱུན་འཆད་པར་འགྱུར་བའི་ཚུལ། འཇམ་མགོན་མི་ཕམ་རྒྱ་མཚོས། ཤེས་བྱའི་ཁུངས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཤེས་བྱ་གཅིག་ཀྱང་བདེན་པར་མ་གྲུབ་པས། །མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །ཞེས་གསུངས་པ་ལྟ་བུ་ཡིན་པའི་རྒྱུ་མཚན་དེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་སྐྱེ་བ་མེད་པ་མཚོན་ཞིག་གསལ་བར་བྱེད་པའི་ཐབས་སྣང་སྲིད་འཁོར་འདས་ཀྱི་རྣམ་པ་སྣ་ཚོགས་སུ་སྣང་བ་དེའི་སྒོ་ནས་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་རྩལ་གདོད་ནས་སྐྱེ་བ་མེད་པ་སྤྲོས་བྲལ་བློ་ལས་འདས་པས་བཅོས་བསྒྱུར་སྤང་བླང་དང་བྲལ་བར་ཤེས་པར་གྱིས་ལ་སྟོན་པ་ཀུན་བྱེད་རྒྱལ་པོའི་ལུང་གི་དོན་དང་འགལ་བ་ཆོས་རྣམས་ལ་བདེན་པར་ཞེན་ཅིང་སྤང་བླང་རྩོལ་སྒྲུབ་ཀྱིས་རང་རྒྱུད་འཆིང་བར་མ་བྱེད་ཅིག་ཅེས་གསུངས་སོ། །གཉིས་པ་ནི། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་དམིགས་བསམ་བརྗོད་པ་དང་བྲལ་བ་ཡིན་པའི་རྒྱུ་མཚན་དེས་ན། སྟོན་པ་ཀུན་བྱེད་ང་ཡི་ཐུགས་ཀྱི་སྲས་སུ་གྱུར་པ་བྱར་མེད་རྫོགས་པ་ཆེན་པོ་མ་བཅོས་མཉམ་པའི་དགོངས་པ་ལ་ཞུགས་པ་རྣམས་ཀྱིས་བཟང་ངན་བླང་དོར་གྱི་དབྱེ་བ་མེད་པར་ཇི་ལྟར་སྣང་བའི་ཆོས་ཀུན་ཀྱང་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དོན་དུ་རྟོགས་པར་གྱུར་ན། འཁོར་བའི་ཆོས་ལ་སྤང་བྱར་ལྟ་བ་དང་། མྱ་ངན་ལས་འདས་པ་བླང་བྱའི་ཆོས་སུ་ཡོད་པར་མི་སེམས་ཏེ་སྙིང་པོ་སེམས་ཉིད་ཀྱི་རང་བཞིན་རྟོག་དཔྱོད་ཀྱི་ཡུལ་ཀུན་དང་བྲལ་བར་བསྟན་པ་བཞིན་དུ་སྣང་བའི་རྫུན་རིས་ཐམས་ཅད་དབྱིངས་སུ་ཡལ་བར་འགྱུར་རོ་ཞེས་གསུངས་སོ། །ལེའུའི་མཚན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ཡེ་ཤེས་སྒྲིབ་པ་མེད་པའམ་མི་སྒྲིབ་པར་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་དགུ་པའི་འགྲེལ་པའོ།། ༈ །།གཉིས་པ་ལྷུན་གྲུབ་རེ་དོགས་ལས་འདས་པའི་ལེའུ་བརྒྱད་ཅུ་པ་ལ་གཉིས་ཏེ། བསྟན་པ་དང་། བཤད་པའོ། །དང་པོ་ནི། དེ་ལྟར་རང་བྱུང་གི་ཡེ་ཤེས་འོད་གསལ་འཕོ་འགྱུར་དང་བྲལ་བའི་རང་བཞིན་ལ་སྒྲིབ་པ་བསལ་དུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་ཡེ་གྲོལ་བྱར་མེད་ཆེན་པོའི་ངོ་བོར་ལྷུན་གྱིས་གྲུབ་པ་དེ་ལས་གཞན་དུ་འཁོར་འདས་སྤང་བླང་གི་ཆོས་གང་ཡང་གྲུབ་པ་མེད་པས་རེ་དོགས་རྩོལ་སྒྲུབ་ལས་འདས་པའི་དགོངས་པ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་སྟེ། ཆོས་རྣམས་སེམས་ཀྱི་རང་བཞིན་དུ་བསྟན་པ། སེམས་ཀྱི་རང་བཞིན་ལྷུན་གྲུབ་གཞི་རྩ་ལས་འདས་པར་བསྟན་པ། ལྷུན་གྲུབ་རྟོག་དཔྱོད་འཛིན་པ་ལས་འདས་པར་བསྟན་པ། རྟོག་དཔྱོད་འཛིན་པ་ལས་འདས་པ་བློའི་ཡུལ་ན་མེད་པས་ཕྱོགས་འཛིན་ཞེན་པར་འཛིན་པས་ལྷུན་གྲུབ་མི་མཐོང་བར་བསྟན་པ། སྣང་བ་དེར་འཛིན་མ་ཞུགས་པས་གྲོལ་བར་བསྟན་པ། ཆོས་ཀུན་མ་སྐྱེས་རོ་གཅིག་རྟོགས་པས་སྐྱེ་བ་འཛིན་པ་འཁྲུལ་པར་བསྟན་པ། སྐུ་གསུམ་སྟོན་པའི་ལུང་གིས་སྐྱེ་མེད་མི་རྟོགས་པར་བསྟན་ན། གང་སྣང་ཆོས་ཉིད་དུ་གྲོལ་བ་ཀུན་བྱེད་ཀྱི་དགོངས་པར་བསྟན་པ། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་རྣལ་འབྱོར་པས་རང་བཞིན་བཅུ་ལ་བཙལ་དུ་མེད་པར་བསྟན་པ། གང་ལའང་གཉིས་འཛིན་མ་ཞུགས་པའི་རིག་པ་ཀུན་བྱེད་ཉིད་དུ་ལྷུན་གྱིས་གྲུབ་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལྷུན་གྱིས་གྲུབ་པས་རེ་དོགས་སྤང་བླང་དང་བྲལ་བའི་དོན་འདི་ལེགས་པར་གོལ་འཆུག་མེད་པར་ད་སྒོམས་ཤིག །དེ་ལ་བསྒོམ་བྱའི་དོན་གྱི་སྙིང་པོ་གང་ཞེ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པ་རང་བྱུང་གི་ཡེ་ཤེས་ང་ཉིད་ཡིན་ལ་དེ་ནི་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་སྟེ། དེས་ན་ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་དུ་བསྟན་པ་ཡིན་པས། དེ་ལས་གཞན་པའི་བསྒོམ་བྱ་ཅི་ཡང་ཡོད་པ་མ་ཡིན་ཏེ། ལ་ཟློ་ལས། ཆོས་ཉིད་བྱང་ཆུབ་སེམས་ནི་ནམ་མཁའ་འདྲ། །ནམ་མཁའ་ཀུན་ཁྱབ་བདག་ཏུ་འཛིན་པ་མེད། །ཆོས་ཉིད་བྱང་ཆུབ་སེམས་ཀྱང་ཀུན་གྱི་རང་བཞིན་ཏེ། །བདག་དང་བདག་ཏུ་གྲུབ་པ་རྡུལ་ཙམ་མིན། །ནམ་མཁའི་ངང་ན་སྣ་ཚོགས་ཀུན་ཁྱབ་གནས། །འཁོར་བ་མྱང་འདས་ཆོས་ཉིད་དབྱེར་མི་བྱེད། །སྣ་ཚོགས་ཇི་ལྟར་ཤར་ཡང་ནམ་མཁའི་ངང་དུ་རྫོགས། །དྲན་རྟོག་བདེ་དང་སྡུག་བསྔལ་ཆོས་རྣམས་ཀྱང་། །སེམས་ཉིད་སྐྱེ་མེད་དབྱིངས་སུ་མ་རྫོགས་མེད། །སངས་རྒྱས་རང་ལ་རྫོགས་པས་སངས་རྒྱས་ས། །སངས་རྒྱས་གདོད་སྒྲུབ་མེད་པས་ལ་བཟླ་རང་དུ་བཟླ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པ་དེ་ལྟར་ན། འོ་ན་སེམས་ཉིད་རང་གི་རང་བཞིན་ཇི་ལྟར་ཡིན་སྙམ་ན། ཀྱེ་ཆོས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི་རྒྱུ་དང་རྐྱེན་ལ་མ་ལྟོས་པར་ཡེ་ནས་མཐའ་གྲོལ་བློ་ལས་འདས་པའི་ངོ་བོར་མ་བཙལ་ལྷུན་གྱིས་གྲུབ་པའི་ཕྱིར་ན། དེ་ལ་ཡོད་པ་དངོས་པོའི་ཆོས་སུ་གྲུབ་པ་དང་། དངོས་པོར་མ་གྲུབ་པ་དངོས་མེད་སྟོང་པའི་ཕྱོགས་སུ་ཆད་པ་ལྟ་བུའི་གཉིས་ཆོས་སུ་ལུང་མི་སྟོན་ལ། དེ་བཞིན་དུ་རྟོག་བྲལ་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་པས་བདེ་དང་སྡུག་བསྔལ་གཉིས་སུ་རྟོག་པར་མི་བྱེད་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་སུ་ལྷུང་བ་མེད་པར་སྲིད་ཞི་མཉམ་བརྡལ་ཆེན་པོའི་རང་བཞིན་ཡིན་པས་མྱ་ངན་ལས་འདས་པར་ཐོབ་ཏུ་རེ་བ་དང་། འཁོར་བ་དང་ངན་སོང་གི་གནས་སུ་ལྷུང་བའི་དོགས་པ་དང་བྲལ་བ་དང་། ལྷུན་གྲུབ་སེམས་ཀྱི་རང་བཞིན་སྐྱེ་མེད་སྤྲོས་པ་དང་བྲལ་བའི་རྩལ་སྣང་འགགས་མེད་ཅིར་ཡང་སྣང་ཞིང་འཆར་དུ་ཡོད་པས། ནམ་མཁའ་པདྨོ་ལྟར་སྣང་བའི་ཆ་ཅི་ཡང་མ་བྱུང་བ་སྟོང་བའི་ཕྱོགས་ཁོ་ནའི་དོན་དུ་སྨྲ་བར་མི་བྱེད་ཅིང་། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་དང་བྲལ་བའི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་ཡེ་སྟོང་སྤྲོས་པ་དང་བྲལ་བ་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པ་ཡིན་པས་ངོ་བོ་བདེན་པར་གྲུབ་པས་རྟག་ཅིང་བརྟན་པའི་ཕྱོགས་སུའང་ཞེན་པར་མི་བྱེད་དེ་གཞི་མེད་རྩ་བ་དང་བྲལ་བའི་རང་བཞིན་ལ་དམིགས་མཚན་གྱི་སྤྲོས་པ་དེ་དག་ཡེ་ནས་དག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་དེ་ལྟར་ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཉིད་ཡེ་ནས་མ་སྐྱེས་ལྷུན་གྱིས་གྲུབ་པའི་དོན་དེ་ལེགས་པར་ད་སྒོམས་ཤིག །དེ་ཡང་ཇི་ལྟར་བསྒོམ་ན་རེ་དོགས་འབད་རྩོལ་གྱི་བློ་གང་ཡང་མེད་པར་མ་བཅོས་རང་བབས་སུ་བཞག་པ་ཙམ་ལས། སེམས་ཉིད་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ལ་བློ་རྣམ་རྟོག་གིས་བསྒོམ་པར་བྱ་བ་ཅི་ཡང་མེད་དེ། ཅིའི་ཕྱིར་ན་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ལ། བློ་རྣམ་རྟོག་གིས་གཞལ་ཏེ་འཁོར་འདས་དང་རྟག་ཆད་ལ་སོགས་པའི་ཕྱོགས་སུ་གྲུབ་པ་དང་མ་གྲུབ་པའི་ཆོས་གང་ཡང་གྲུབ་པ་མེད་པས། དེ་ལྟ་བུའི་བློའི་སྤྱོད་ཡུལ་ལས་འདས་པའི་དོན་ལ་རྟོག་པར་མི་བྱེད་པར་རྟོག་མེད་མཉམ་པ་ཉིད་དུ་གནས་པས་ཀུན་བྱེད་རྒྱལ་པོའི་དགོངས་པ་མ་བཙལ་ལྷུན་གྱིས་གྲུབ་པ་ཡིན་པས་སོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་རྒྱལ་སྲས་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་སེམས་ཉིད་སྙིང་པོའི་དོན་ལ་རྟོག་ཅིང་དཔྱོད་པར་མ་བྱེད་པར་མི་རྟོག་མཉམས་པ་ཉིད་ཀྱི་དགོངས་པ་ལ་གནས་པར་མཛོད་ཅིག་ཅེས་གསུངས་སོ། །བཞི་པ་ནི། ཀྱེ་གོང་དུ་ཇི་སྐད་བསྟན་པ་དེ་ལྟ་བུའི་ལྷུན་གྲུབ་བྱ་རྩོལ་གྱི་ཡུལ་ལས་འདས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་རྟོག་དཔྱོད་ཀྱི་འཛིན་པ་དང་བྲལ་བ་ཡིན་པར་མ་རྟོགས་ཏེ། གལ་ཏེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ལ་གང་ཟག་གང་ཞིག་ཡོད་མེད་རྟག་ཆད་ལ་སོགས་པར་འཛིན་པའི་ཕྱོགས་ལས་ལྡོག་པ་མེད་པར་རྟོག་ཅིང་དཔྱོད་པའི་བློ་ཡིས་སྣང་སྟོང་ངང་འཁོར་འདས་ལ་སོགས་པའི་མཐར་འཛིན་གྱི་ཕྱོགས་སུ་ཞེན་ཅིང་། དེའི་དབང་གིས་ཕན་ཚུན་རྩོད་ཅིང་དགག་སྒྲུབ་ཀྱི་ཡུལ་ལ་གནས་པ་དེ་ནི། དཔེ་ཇི་ལྟར་ན་བུས་པ་བླུན་པོ་དག་ནམ་མཁའ་འདི་ལ་ཡོད་མེད་ཀྱི་ཕྱོགས་བཟུང་ནས་རྩོད་པ་ལྟར། ཆོས་ཉིད་ཇི་བཞིན་པའི་དོན་དང་མཐུན་པ་མིན་པས་ཀུན་བྱེད་རྒྱལ་པོ་ང་ཡི་རང་བཞིན་སྨྲ་བསམ་བརྗོད་པ་ལས་འདས་པའི་དོན་མཐོང་བར་མི་འགྱུར་ཞིང་། གཉེན་པོ་བདག་མེད་རྟོག་པའི་ཡེ་ཤེས་ལྟ་བུ་གང་གིས་ཉོན་ཤེས་ཀྱི་སྒྲིབ་པ་ལྟ་བུ་གང་ཞིག་སྤངས་ནས། ཁམས་གསུམ་འཁོར་བ་ལས་ལྡོག་ན་ཐར་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དེ་ནི་འཁོར་འདས་ལ་རེ་དོགས་དང་འཇིགས་པའི་སེམས་དང་མ་བྲལ་བས་མཐའ་བྲལ་གྱི་དོན་ལས་གོལ་ཞིང་སྤྲོས་པའི་མཐའ་ལ་ཞེན་པ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་གང་ཟག་དེ་དག་གིས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ལྷུན་གྲུབ་སྙིང་པོའི་དོན་ལ་ཇི་ལྟར་ན་རེག་ཅིང་རྟོགས་པར་འགྱུར་ཏེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི་དམིགས་བསམ་སྤྲོས་པའི་མཐའ་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ལྔ་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ་དེ་ལྟར་སེམས་ཉིད་སྙིང་པོའི་དོན་ལ་ཕྱོགས་འཛིན་རེ་དོགས་ཀྱི་བློ་ཡིས་མ་བསླད་པར་ལེགས་པར་ད་སྒོམས་ཤིག །དེ་ཡང་ཇི་ལྟར་སྣང་བའི་ཆོས་འཁོར་འདས་སུ་སྣང་བ་འདི་དག་ཐམས་ཅད་གཞན་དུ་གྲུབ་པ་ཅི་ཡང་མེད་པར། གདོད་ནས་རྒྱུ་རྐྱེན་ལས་མ་སྐྱེས་ཤིང་དྲི་མས་གོས་པ་མེད་པས་ཡེ་ནས་རྣམ་པར་དག་པའི་དོན་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་རྩལ་མ་འགགས་པར་སྣང་བ་ལས་ངན་དུ་སོང་བ་རྡུལ་ཙམ་ཡང་མེད་པ་དེ་བས་ན་སྤང་བླང་དགག་སྒྲུབ་མེད་པར་དེ་གར་འཇོག་པ་ལས། ཇི་ལྟར་སྣང་བ་ཡི་ཆོས་འདི་རྣམས་ལ་ཡོད་པ་དངོས་པོར་མི་ལྟ་ལ། རྟགས་དང་གཏན་ཚིགས་ཀྱིས་སྟོང་པ་ཉིད་དུ་བརྟགས་ཤིང་འཇིག་པར་ཡང་མི་བྱེད་དེ། འདི་ལྟར་སྣང་བ་ཐམས་ཅད་རྩོལ་སྒྲུབ་ལ་མི་ལྟོས་པར་སྐྱེ་བ་མེད་པར་རང་གི་ངང་གིས་གྲོལ་བ་ཡིན་པའི་རྒྱུ་མཚན་དེ་བས་ན། ཆོས་ཉིད་སྟོང་པ་ཉིད་དུ་ཡང་མི་སྒོམ་པར་མ་བཅོས་ཇི་བཞིན་པ་ཆོས་སྐུ་ལྷུན་གྲུབ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་རྟོགས་པས་གྲོལ་བ་ཡིན་ཏེ། ཀློང་ཆེན་རབ་འབྱམས་རྒྱལ་པོ་ལས། གཅིག་ཤེས་པ་ནི་ཀུན་གྲོལ་ཆེན་པོའི་ཕྱིར། །གྲོལ་བ་དེ་དང་དེ་ཉིད་སྟེང་དུ་གྲོལ། །གྲོལ་བ་རང་བྱུང་མ་རྟོགས་གཞན་ན་མིན། །དབང་པོའི་སྒོ་རྣམས་ཐམས་ཅད་མ་བཅོས་པར། །ཅོག་གིས་བཞག་པས་རང་བཞིན་གྲོལ་བའི་གནད། །དེ་ལས་མ་བསྒྱུར་འགྱུར་མེད་བཅོས་སུ་མེད། །རྣལ་མ་སོ་མ་ལྷུག་པ་རང་ཡན་ཏེ། །གྱི་འདའ་ཁ་ཡན་ཀློང་དུ་གནས་པ་ཉིད། །མ་ཡེངས་མ་འཛིན་ངང་དུ་རང་སར་ཞོག །ཅེས་གསུངས་པ་ལྟར་རོ། །དྲུག་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ནི་དབྱེ་བསལ་མེད་པར་ཐམས་ཅད་ཀུན་ཡེ་ནས་མ་སྐྱེས་ཤིང་གདོད་མ་ནས་མངོན་པར་སངས་རྒྱས་པའི་རང་བཞིན་དུ་རྣམ་པར་དག་པར་ལུང་བསྟན་པ་ཡིན་པས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཆོས་འདི་དག་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་གྱིས་ཤིག་དང་། དེ་ལྟར་སྐྱེ་མེད་ཀྱི་རང་བཞིན་རྟོགས་པར་གྱུར་པ་ན་སྐྱེ་འགག་ལ་སོགས་པར་སྣང་ཞིང་བཟུང་བའི་ཆོས་ཐམས་ཅད་སྣང་བའི་དུས་ཉིད་ནས་དོན་ལ་གྲུབ་པ་མེད་པ་འཁྲུལ་སྣང་སྒྱུ་མའི་རོལ་པ་ཁོ་ནར་མཐོང་བར་འགྱུར་རོ་ཞེས་པ་སྟེ། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། ཐམས་ཅད་རང་བཞིན་དག་པས་ན། །བལྟར་མེད་བལྟས་ན་འཁྲུལ་པ་ཡིན། །བསྒོམ་མེད་བསྒོམ་ན་འཁྲུལ་པ་ཡིན། །སྤྱོད་མེད་སྤྱོད་ན་འཁྲུལ་པ་ཡིན། །ཐོབ་མེད་ཐོབ་ན་འཁྲུལ་པ་ཡིན། །ཡང་དག་ཉིད་ན་བཙལ་དུ་མེད། །འཁོར་བ་ཀ་དག་རིན་ཆེན་གླིང་། །རང་བྱུང་ཀུན་ཏུ་བཟང་པོར་གནས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་ཀ་དག་གཞི་རྩ་དང་བྲལ་བ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་གནས་པ་ལས་གཞན་དུ་འཛིན་པ་ཐམས་ཅད་འཁྲུལ་པ་ཁོ་ནར་བསྟན་པའོ། །བདུན་པ་ནི། ཀྱེ་དེ་ལྟར་ཀུན་བྱེད་རྒྱལ་པོའི་ངེས་པའི་དོན་གྱི་ལུང་ལས་ཇི་སྐད་བསྟན་པ་བཞིན་དུ་སྙིང་པོའི་དོན་ཉིད་མ་རྟོགས་ན། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ལས་བྱུང་བ་སྟོན་པ་སྐུ་གསུམ་གྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་སེམས་ཉིད་སྐྱེ་བ་མེད་པ་ཡིན་པར་ཀུན་གྱིས་སྨྲ་ཞིང་། དེ་བཞིན་དུ་མེད་པའི་དོན་ལ་ཐེག་པ་གོང་འོག་ཀུན་གྱིས་བློ་རྩལ་ཆེ་ཆུང་ལ་ལྟོས་ནས་རྩོད་པར་བྱེད་ཀྱང་། དོན་ལ་བློ་འདས་རང་བྱུང་གི་ཡེ་ཤེས་ཇི་བཞིན་དུ་རྟོགས་པ་མེད་པར་བློ་རྣམ་རྟོག་གི་ཡུལ་ལ་གནས་པའི་ཕྱིར་ན་སྐྱེ་མེད་ཀྱི་དོན་ད་ལྟ་མངོན་སུམ་པའི་དུས་ཀྱིས་རྟོགས་པ་མེད་དོ། །ཚུལ་དེ་ལྟར་གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། མེད་པས་བསླུས་པའི་བྱིས་པ་རི་དྭགས་བཞིན། །སྨིག་རྒྱུའི་ཆུ་ལ་སྐོམ་ནས་སྙེགས་པར་བྱེད། །ཐ་སྙད་འཁྲུལ་པའི་ཚིག་ལ་དོན་རེ་བས། །སོ་སོའི་གྲུབ་མཐའ་ཆོས་ཀྱི་བདག་ཏུ་བཅིངས། །རིམ་བརྒྱད་བློ་ཡི་གོལ་ས་མ་ཆོད་པས། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །ཅེས་གསུངས་སོ། །བརྒྱད་པ་ནི། གོང་དུ་བསྟན་པའི་རྒྱུ་མཚན་དེ་ཡི་ཕྱིར་ན་སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་གསང་ཆེན་ཨ་ཏི་ཡོ་གའི་ལུང་འདི་ལ། སེམས་ཉིད་རྣལ་མའི་དོན་མ་ནོར་བར་ཤེས་ནས་དེ་ལས་མ་ཡེངས་པའི་དོན་ལ་གནས་པ་ལས། འབད་པ་དང་རྩོལ་བས་ལམ་ལ་མི་འཇུག་ཅིང་། རྒྱུ་ཚོགས་གཉིས་བསགས་པ་ལ་སོགས་པ་གཉེན་པོས་སེམས་ཀྱི་སྒྲིབ་པ་མི་སྦྱོང་ལ། མཚན་བཅས་དང་མཚན་མ་མེད་པ་གང་གི་ཡང་དམིགས་པའི་ཡུལ་ལ་སེམས་རྩེ་གཅིག་གཏད་དེ་མི་འཇོག་ཞིང་། དྲན་པའི་ཐག་པས་སེམས་ཡུལ་ལ་ཡེངས་སུ་མི་འཇུག་པར་ནང་དུ་རྩེ་གཅིག་ཏུ་ཡང་མི་སྡུད་སྟེ། ཀུན་མཁྱེན་བླ་མས། རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ལྟ་སྒོམ་རིས་མེད་ཆེད་འཛིན་འདོད་བློ་ཞིག །ཞེ་འདོད་འཁྲིས་མེད་འདི་ཞེས་རྩོལ་སྒྲུབ་མེད། །གང་བྱུང་བྱུང་ལ་གང་སྣང་སྣང་དུ་ཆུག །གང་ཤར་ཤར་ལ་གང་ཡིན་ཡིན་དུ་ཆུག །གང་ཡང་ཡིན་ལ་གང་ཡང་མིན་དུ་ཆུག །ཀུན་སྤྱོད་ངེས་མེད་རིག་པ་ཐོད་རྒལ་ངང་། །ཆོས་དང་ཆོས་མིན་རྩིས་གཞི་འགའ་མེད་པས། །གཏན་མེད་ཟང་ཀ་གྲུབ་མཐའི་གཟེབ་ལས་འདས། །ཞེས་གསུངས་པ་ལྟར་ཕྱི་ཡུལ་གྱི་སྣང་བ་དག་པ་དང་མ་དག་པ་ལ་སོགས་པ་དང་ནང་སེམས་ཀྱི་རྟོག་པ་བཟང་ངན་གང་ལྟར་བྱུང་བ་དེ་ཉིད་རྣལ་མའི་དོན་ལས་གཞན་དུ་མ་ཡིན་པར་ཤེས་པས་བྱ་རྩོལ་བླང་དོར་དང་བྲལ་བའི་སྲིད་གསུམ་ཡེ་གྲོལ་ཆེན་པོའི་དགོངས་པ་ཀུན་བྱེད་ང་ཡི་དོན་ལ་འཇུག་པར་གྱིས་ཤིག་ཅེས་གསུངས་སོ། །དགུ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་ཆོས་ཉིད་མ་བཅོས་པའི་ངོ་བོ་རིག་པ་བྱང་ཆུབ་སེམས་ཀྱི་རྩལ་སྣང་ལས་རང་ཤར་བའི་འཁོར་གྱི་ཚོགས་ལ་བྱར་མེད་ངེས་པའི་ལུང་ཕོག་པ་ནི། ཇི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་རིག་པའི་རང་བཞིན་གང་དུའང་མ་གྲུབ་ཞིང་བྱ་རྩོལ་གྱི་ཡུལ་ལས་འདས་པས་ལྟ་བ་བསྒོམ་པར་བྱ་བ་དང་། དེ་བཞིན་དུ་དབང་ལ་བསྐུར་བར་བྱ་བ་དང་། དམ་ཚིག་བསྲུང་བར་བྱ་བ་དང་། ཕྲིན་ལས་བསྒྲུབ་པར་བྱ་བ་དང་། ལམ་ལ་བགྲོད་པར་བྱ་བ་དང་། ས་ལ་སྦྱང་བར་བྱ་བ་ལ་སོགས་པ་རང་བཞིན་བཅུ་པོ་ཐམས་ཅད་མ་བཅོས་རྣལ་དུ་བཞག་པ་ཙམ་ལས་དེ་དག་ལ་འབད་ཅིང་རྩོལ་བས་དགོས་པ་ཅི་ཡང་མེད་པས། དེ་འདྲའི་ངལ་བས་རང་རྒྱུད་འཆིང་བར་མ་བྱེད་ཅིག །ཅེས་གདམས་ཏེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། ནམ་མཁའ་ལྟ་བུའི་སེམས་ཉིད་བྱང་ཆུབ་ལ། །ཕྱོགས་དང་རིས་མེད་རང་བཞིན་གཉིས་མེད་པས། །བལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་རྩོལ་མེད་ཡེ་ཤེས་སྒྲུབ་པ་མེད། །ས་ལ་སྤྱད་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་བ་མེད། །སྒྲོ་སྐུར་འདས་པས་ཆོས་དང་ཆོས་མིན་མེད། །ཅེས་གསུངས་པ་ལྟར་རོ། །བཅུ་པ་ནི། འདི་ལྟར་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ལ་མ་དག་མཚན་མའི་སྒྲིབ་པ་ཞིག་གདོད་ནས་ཡོད་མ་མྱོང་བས། དོན་དེ་ཉིད་ཇི་བཞིན་དུ་ཤེས་ཤིང་རྟོགས་པས་གཟུང་འཛིན་མི་ཤེས་པའི་ཆོས་ཞིག་སྤང་དུ་མེད་པས། ཆོས་ཉིད་ཇི་བཞིན་པའི་རྟོགས་པ་ལ་དབང་བསྒྱུར་བའི་དོན་ལ་གནས་པའི་རྣལ་འབྱོར་པ་དེ་ཡིས། ས་ལམ་སྦྱང་བགྲོད་ལ་སོགས་པ་ལ་ལྟོས་པ་མེད་པར་སྟོན་པ་ཀུན་བྱེད་རྒྱལ་པོའི་དགོངས་པ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་རང་བཞིན་བཅུའི་ལེའུས་བསྒོམ་མེད་དོན་གྱི་དགོངས་པ་གོམས་སྟོབས་ཀྱིས་དབང་པོ་ཐ་མ་གྲོལ་བའི་ཚུལ་བཤད་ཟིན་ཏོ། །དེ་ཡང་འདིས་དབང་པོ་གསུམ་ནི་ཡང་རབ་པའི་གང་ཟག་གསུམ་ཡིན་ཏེ། ཁ་ཅིག་སེམས་ཉིད་ཀྱི་ངོ་བོ་མཐོང་གྲོལ་དུ་འབྱུང་བས་བསམ་བསྒོམ་ལ་མི་ལྟོས། ལ་ལ་མཉམ་པའི་དོན་ལ་བསམ་པའི་གནད་ཀྱིས་གཞིག་གྲོལ་གོམས་པ་ལ་མི་ལྟོས། འགའ་ཞིག་དོན་དེ་ཉིད་ཡང་དང་ཡང་དུ་གོམས་པའི་ཁྱད་པར་གྱིས་གྲོལ་བས་དེའི་བྱེ་བྲག་བསྟན་པ་ཡིན་ནོ་ཞེས་བཻ་རོ་ཙ་ནས་བཞེད་དོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་ལྷུན་གྲུབ་རེ་དོགས་བཅད་པའི་ལེའུ་སྟེ་བརྒྱད་ཅུ་པའི་འགྲེལ་པའོ།། ༈ །།དོན་གཉིས་པ་རྒྱུད་ཀྱི་ཚིག་དོན་འབྲེལ་བའི་རྣམ་གྲངས་བརྗོད་པ་ལ་གཉིས་ཏེ། རྒྱུད་གསུམ་སོ་སོའི་བསྟན་པའི་རིམ་པས་བརྗོད་བྱེད་ཚིག་གི་འགྲེལ་བ་དང་། ཀུན་དོན་སེམས་ཉིད་དུ་བཀོད་པས་བརྗོད་བྱ་དོན་གྱི་ངོ་བོ་འགྲེལ་བའོ། །དང་པོ་རྒྱུད་གསུམ་སོ་སོའི་ཆིངས་བསྟན་པ་ལེའུ་གྱ་གཅིག་པ་ལ་གཉིས་ཏེ། ཞུ་བའི་སྐབས་དབྱེ་བ་དང་། ཞུས་ཚུལ་རྒྱས་པར་དབྱེ་བ་གཉིས་ཀྱིས་ཀུན་བྱེད་ཀྱི་རང་བཞིན་འཁོར་གྱིས་ཞུས་པ་དང་། སྟོན་པས་དེའི་ལན་གསུངས་པའོ། །དང་པོ་ནི། དེ་ལྟར་སེམས་ཉིད་འོད་གསལ་བའི་ཡེ་ཤེས་གདོད་ནས་ལྷུན་གྱིས་གྲུབ་པ་ཡིན་པས་རྟོག་དཔྱོད་བསྒོམ་བསྒྲུབ་ཀྱིས་བཅོས་སུ་མེད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ལ། བཀའ་ཡི་སྡུད་པ་པོ་སེམས་དཔའ་རྡོ་རྗེས་འཆད་འགྱུར་གྱི་དོན་འདིི་སྐད་ཅེས་ཞུས་སོ། །དེ་ཡང་ཇི་ལྟར་ན་ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་བྱས་ཤིང་། སྟོན་པ་སྐུ་གསུམ་གྱི་བསྟན་པའི་རང་བཞིན་དམ་པའི་ཆོས་མ་ལུས་པ་ཡང་ཁྱོད་ཀྱིས་བཀོད་པ་དང་། དམ་པའི་དོན་གྱི་བདེན་པ་ཆོས་ཉིད་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡང་ཁྱོད་ཀྱིས་བསྟན་པ་ཡིན་པས་ན། གང་ཞིག་ཁྱོད་ཀྱི་རང་བཞིན་མ་ནོར་བར་སྟོན་པར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་དོན་ཡང་དག་པར་རྟོགས་ན་ཆོས་ཀུན་ཀྱང་རྟོགས་པར་འགྱུར་བ་ཡིན་ལ། རྒྱུ་མཚན་དེ་བས་ན་ཀུན་བྱེད་ཉིད་ཀྱི་རང་བཞིན་འདི་ཉིད་རྟོགས་པར་བྱེད་དགོས་པ་ཡིན་མོད། འོན་ཀྱང་འདུས་པའི་འཁོར་ཚོགས་རྣམས་ཀྱིས་ཀུན་བྱེད་རྒྱལ་པོའི་དགོངས་དོན་དེ་ཉིད་ཐེ་ཚོམ་གྱི་རབ་རིབ་དང་བྲལ་བའི་ཚུལ་གྱིས་ཇི་བཞིན་ཉིད་དུ་གསལ་བར་མ་རིག་པའམ་མ་ཤེས་པས་ན། མདོ་ལུང་ཐམས་ཅད་ཀྱི་དོན་གནད་ལྷན་གཅིག་ཉིད་དུ་སྡོམ་སྟེ་བསྟན་ན་ཇི་ལྟར་གནས་པ་ཡི་ཚུལ་དེ་སྟོན་པ་ཉིད་ཀྱིས་བཤད་དུ་གསོལ་ཞེས་ཞུས་སོ། །གཉིས་པ་སྟོན་པས་ལན་གསུངས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། དེ་ལྟར་འཁོར་གྱིས་ཞུ་བ་ཕུལ་བའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོས་གོང་དུ་བསྟན་པའི་མདོ་ལུང་ཐམས་ཅད་རྩ་བའི་རྒྱུད་དང་ཕྱི་མ་དང་ཕྱི་མའི་ཕྱི་མ་ཡི་རྒྱུད་གསུམ་ལ་བསྡུ་བ་ཡི་སྒོ་ནས་བརྗོད་བྱེད་ཚིག་གི་འགྲེལ་བ་འདི་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཁོར་ལ་གདམས་པ། གདམས་ཚུལ་མདོར་བསྟན་པ། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་རྒྱུད་ཀྱི་དོན་ཇི་བཞིན་པ་སྟོན་པ་ང་ཡིས་ལེགས་པར་བསྟན་པར་བྱ་ཡིས། ཇི་ལྟར་བསྟན་པའི་དོན་བཞིན་དུ་ཐོས་བསམ་བསྒོམ་གསུམ་གྱིས་ནན་ཏན་གྱིས་ཤིག་ཅེས་ནན་ཏན་གྱིས་སྒོ་ནས་བརྩོན་པར་གདམས་པ་དང་། དེ་བཞིན་དུ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོའི་ཡིས་འཁོར་རྣམས་ལ་མདོ་ལུང་ཐམས་ཅད་གཅིག་ཏུ་བསྡུས་པ་ཡི་དོན་འདི་ལྟར་ཕོག་པ་བཞིན་དུ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཕྱི་རབས་རྗེས་འཇུག་རྣམས་ལ་སྒྲོ་སྐུར་དང་བྲལ་བ་ལེགས་པར་བསྟན་པའི་དོན་ལ་ནན་ཏན་གྱིས་ཤིག་ཅེས་གཞན་ལ་ཇི་བཞིན་ཉིད་དུ་བསྟན་པར་ཡང་གདམས་སོ། །གཉིས་པ་ནི། ཀྱེ་སེམས་དཔའ་རྡོ་རྗེ། འདི་ལྟར་རྒྱུད་གསུམ་གྱིས་བསྟན་བྱའི་ངོ་བོ་ནི་སྟོན་པ་ཀུན་བྱེད་ང་ཡི་རང་བཞིན་སྙིང་པོ་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་བ་མེད་པའི་དོན་གཅིག་ཡིན་པ་ལ། དེ་ཉིད་སྟོན་པར་བྱེད་པའི་རྒྱུད་ཀྱི་རང་བཞིན་ནི་རྣམ་པ་གསུམ་དུ་བསྟན་པ་ཡིན་ཏེ། དེ་ཡང་ཇི་ལྟར་ན་ཨ་ཏི་རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པའི་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ཡོད་པ་ལས། དབང་པོ་རབ་རྣམས་ལ་རྒྱུད་དོན་ཐོས་པས་གྲོལ་བའི་དོན་ལ་གདམས་པ་དང་། དབང་པོ་འབྲིང་རྣམས་ལ་བསམ་པས་གྲོལ་བར་གདམས་པ། དབང་པོ་ཐ་མ་རྣམས་བསྒོམས་པས་གྲོལ་བར་གདམས་པ་ཡི་ཚུལ་རྣམ་པ་གསུམ་གྱི་རིམ་པ་ཡིས། རྒྱུད་ནི་རྩ་བའི་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་པ་དང་། རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ་དང་། ཕྱི་མིའི་ཕྱི་མ་ལེའུ་བཅོ་ལྔ་པ་དང་གསུམ་གྱིས་ཀུན་བྱེད་རྒྱལ་པོའི་དོན་རྣམས་རྫོགས་པར་བསྟན་པ་དེ་དག་ཐམས་ཅད་ཀྱིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་ཏུ་བསྟན་པ་ཡིན་ཏེ། ལ་ཟློ་ལས། ཀྱེ་སེམས་དཔའ་ཆེན་པོ་དགོངས་ཤིག །རྩ་རྒྱུད་ལེའུ་ལྔ་བཅུ་རྩ་བདུན་གསུངས་པ་ཡང་། །རང་བྱུང་ཡེ་ཤེས་ཚིག་ཏུ་བསྟན་པའི་མདོ་ལུང་ཡིན། །སེམས་དཔའ་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག །ཕྱི་མ་ལེའུ་བཅུ་དང་གཉིས་སུ་གསུངས་པ་ཡང་། རང་བྱུང་ཡེ་ཤེས་བསམ་པས་བརྟགས་པ་ཡིན། དེ་ཡང་རང་བྱུང་གཅིག་ཏུ་ལ་ཟློས་ཤིག །ཕྱི་མའི་ཕྱི་མ་ལེའུ་བཅུ་དང་ལྔ་རུ་གསུངས་པ་ཡང་། རང་བྱུང་ཡེ་ཤེས་རྣལ་དུ་འཇོག་པར་དགོངས་པ་ཡིན། སེམས་དཔའ་རང་བྱུང་ཡེ་ཤེས་གཅིག་ཏུ་ལ་ཟློས་ཤིག །ཐོས་པས་སྟོན་པའི་ལྡེ་མིག་དང་། བསམ་པས་གྲོལ་བའི་ལྡེ་མིག་དང་། བསྒོམས་པས་འབྱིན་པའི་ལྡེ་མིག་གིས། ངེས་པར་གཏན་ལ་ཕབ་པས་ན། །སེམས་དཔས་ལེགས་པར་ཐག་ཆོད་ཅིག །ཅེས་གསུངས་སོ། །གསུམ་པ་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད་རྒྱས་པར་བཤད་པའོ། །དང་པོ་རྩ་རྒྱུད་ལ་གསུམ་སྟེ། གྲངས་ངེས་པའི་དོན། གོ་རིམ་ངེས་པའི་དོན། དབྱེ་བ་ངེས་པའི་དོན་ནོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་རྒྱུད་ཀྱི་རྩ་བ་དབང་པོ་ཡང་རབ་རྟོགས་གྲོལ་ཅིག་ཆར་བའི་རིགས་ཅན་རྣམས་ལ་ཐོས་པའི་དོན་ལ་གདམས་པའི་རང་བཞིན་བསྟན་པ་ནི། ཀུན་བྱེད་ང་ཡི་རང་བཞིན་མདོ་ལུང་ལྔ་བཅུ་རྩ་བདུན་གྱིས་ཇི་ལྟར་སྣང་བའི་དངོས་པོའི་ཆོས་སྣང་སྲིད་འཁོར་འདས་ཐམས་ཅད་དོན་རང་བཞིན་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མེད་པར་ཆོས་ཐམས་ཅད་ཀུན། ཀུན་བྱེད་རྒྱལ་པོ་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་དུ་གཏན་ལ་ཕབ་པ་སྟེ། དེ་ལ་སེམས་དཔའ་རྡོ་རྗེ་གོལ་འཆུག་མེད་པར་ལེགས་པར་ཐོས་པའི་སྒོ་ནས་ནན་ཏན་གྱིས་ཤིག་ཅེས་སོ། །གཉིས་པ་ནི། ཀྱེ་ཀུན་བྱེད་ང་ཡི་རང་བཞིན་ལེའུ་ལྔ་བཅུ་རྩ་བདུན་པོ་ཡི་གོ་རིམ་ངེས་པ་ནི་ཇི་ལྟར་ཞེ་ན། ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་མངོན་སུམ་དུ་སྣང་བ་ཡིན་པར་སྟོན་པའི་ཕྱིར་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དང་། དེ་ཉིད་ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོའི་གཤིས་ལུགས་མ་ནོར་བ་ཡིན་པར་སྟོན་པས་དེ་ནས་ངེས་པར་བསྟན་པའི་མདོ་ལུང་བཅུ་པོོ་བསྟན་པ་དང་། དེའི་རྗེས་སུ་དེ་ལྟ་བུའི་ཆོས་ཉིད་སྙིང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྟན་པའི་ཕྱིར་དུ་རྒྱུ་འབྲས་འདས་པའི་མདོ་ལུང་བཅུ་པོ་བསྟན་པ་དང། དེའི་རྗེས་སུ་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་ནས་བྱ་རྩོལ་མེད་པར་ཆོས་ཉིད་སྙིང་པོའི་ཡེ་ཤེས་དེའི་ཀློང་དུ་ཡེ་ནས་མངོན་པར་རྫོགས་པ་སངས་རྒྱས་པར་སྟོན་པའི་ཕྱིར་དུ་བྱ་མེད་རྫོགས་པའི་མདོ་ལུང་བཅུ་པོ་བསྟན་པ་དང་། དེའི་རྗེས་སུ་སྙིང་པོ་བྱང་ཆུབ་ཀྱི་སེམས་དེ་ལ་བསྟན་པ་ཐམས་ཅད་རྫོགས་ཤིང་དེ་ཉིད་མ་བསྒྲིབས་རང་ལ་གསལ་བས་ཆོས་རྣམས་ཐམས་ཅད་ངེས་པར་གཏན་ལ་འབེབས་པར་སྟོན་པའི་ཕྱིན་དུ་གཏན་ལ་འབེབས་པའི་མདོ་ལུང་བཅུ་པོ་བསྟན་པ་དག་དང་ལྔ་བཅུ་དང་། མདོ་རྩ་ལྔ་པོ་དེ་ཡི་དགོས་ཆེད་སོ་སོར་བསྟན་པ་ལྔ་བསྣན་པས་ལྔ་བཅུ་རྩ་ལྔ་དང་། དེ་ལས་གཞན་པའི་ལྷག་མ་གཉིས་ཀྱི་གཅིག་གིས་མདོ་ལུང་ཐམས་ཅད་ཇི་ལྟར་དབྱེ་བའི་གཞིའམ་རྩ་བ་བསྟན་ཞིང་། གཅིག་གིས་འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་རྣམས་བསྟན་པ་ལེའུ་ལྔ་བཅུ་རྩ་བདུན་དུ་ངེས་པ་ཡིན་ནོ། །གསུམ་པ་ལ་དྲུག་སྟེ། མངོན་དུ་ཕྱུང་བའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། ངེས་པར་བསྟན་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། རྒྱུ་འབྲས་ལས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། བྱ་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། གཏན་ལ་འབེབས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་དང་། ལེའུ་ཐ་མ་གཉིས་ཀྱི་དོན་བཤད་པ་དང་བཅས་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་ཆོས་ཉིད་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་བསྟན་པ་དེ་གང་ཞེ་ན་ལེའུ་དང་པོ་གླེང་གཞི་དང་གླེང་བསླང་གི་ལེའུ་དང་ནི། ལེའུ་བཅུ་པ་ཕུན་སུམ་ཚོགས་པའི་རང་བཞིན་བསྟན་པ་དང་། ལེའུ་གཉིས་པ་ཀུན་བྱེད་མངོན་དུ་ཕྱུང་བར་བསྟན་པ་དང་། ལེའུ་བཅུ་གཅིག་པ་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་སེམས་སུ་བསྟན་པ་དང་། ལེའུ་གསུམ་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀུན་བྱེད་བྱང་ཆུབ་སེམས་ལས་བྱུང་ཚུལ་བསྟན་པ་དང་། ལེའུ་ཉི་ཤུ་པ་སེམས་ཉིད་ཀུན་བྱེད་རྒྱལ་པོ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་བསྟན་པ་དང་། ལེའུ་བཅོ་ལྔ་པ་རང་བཞིན་གསུམ་མངོན་དུ་ཕྱུང་བར་བསྟན་པ་དང་། ལེའུ་ཉི་ཤུ་རྩ་ལྔ་པ་རང་སེམས་སྟོན་པར་བསྟན་པ་དང་། ལེའུ་ཉི་ཤུ་རྩ་གཅིག་པ་གཏན་ཚིགས་ལྔའི་སྒོ་ནས་བཤད་ལུགས་བསྟན་པ་དང་། ལེའུ་དྲུག་པས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཆོས་ཐམས་ཅད་ཀྱི་ངོ་བོར་བསྟན་པ་རྣམས་ཀྱིས་རྫོགས་པར་བསྟན་པ་ཡིན་ལ། གདམས་ངག་ཕོག་པས་དེ་ལྟར་ཆོས་ཉིད་མངོན་དུ་ཕྱུང་བའི་དོན་དེ་ཇི་བཞིན་དུ་མཐོང་བའི་དགོས་ཆེད་ཡོད་པའི་ཕྱིར་ན། ལེའུ་བཅུ་དྲུག་པ་ཀུན་བྱེད་རྒྱལ་པོ་ཆོས་རྣམས་ཀུན་གྱི་སྙིང་པོར་འཇོག་པའི་གདམས་ངག་ཕོག་པ་ཡིས་མངོན་དུ་ཕྱུང་བའི་མདོ་ལུང་བཅུ་པོ་དེའི་དགོས་པ་བསྟན་པ་ཡིན་ནོ། །གཉིས་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་མ་ནོར་ངེས་པར་བསྟན་པའི་མདོ་ལུང་བཅུ་དགོངས་པ་དང་བཅས་པ་བསྟན་པ་ནི་གང་ཞེ་ན། ལེའུ་བཞི་པ་མཚན་གྱི་དོན་བཤད་པ་དང་། ལེའུ་སུམ་ཅུ་རྩ་གསུམ་པ་དྲང་ངེས་ཀྱི་ཁྱད་པར་བསྟན་པ་དང་། ལེའུ་བཅུ་གསུམ་པ་བྱང་ཆུབ་སེམས་ཀྱི་བཤད་ལུགས་བསྟན་པ་དང་། ལེའུ་བཅུ་གཉིས་པ་ཀུན་བྱེད་རྒྱལ་པོ་རྒྱུད་ལུང་ཀུན་གྱི་རྩ་བར་བསྟན་པ་དང་། ལེའུ་ལྔ་པ་ཆོས་ཐམས་ཅད་སེམས་ཉིད་རྫོགས་པ་ཆེན་པོར་འདུས་པར་བསྟན་པ་དང་། ལེའུ་སུམ་ཅུ་རྩ་གཉིས་པ་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་གཅིག་པས་སྤང་བླང་རྒྱུ་འབྲས་ཀྱིས་བྱ་མི་དགོས་པར་བསྟན་པ་དང་། ལེའུ་སུམ་ཅུ་རྩ་དྲུག་པ་ཆོས་ཐམས་ཅད་ཀུན་བྱེད་ཉིད་ཀྱི་སྐུ་གསུང་ཐུགས་སུ་འདུས་པར་བསྟན་པ་དང་། ལེའུ་སུམ་ཅུ་རྩ་བཞི་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཀུན་བྱེད་ཉིད་ལ་འདུས་པར་བསྟན་པ་དང་། ལེའུ་ཉི་ཤུ་རྩ་དགུ་པ་སེམས་ཉིད་མ་བཅོས་རྣལ་དུ་བཞག་པར་བསྟན་པ་དང་། ལེའུ་བཅུ་བདུན་པ་རྒྱལ་བའི་སྐུ་གདུང་སེམས་ཉིད་རྟོགས་པའི་དོན་ལས་མི་འདའ་བར་ཟུངས་ཤིག་པར་གདམས་ཡིས་རྫོགས་པར་བསྟན་ཞིང་། དེ་ལྟར་ངེས་པར་བསྟན་པའི་དགོས་པ་ཡིད་ཆེས་དག་གི་རང་བཞིན་ནི་ལེའུ་ལྔ་བཅུ་རྩ་ལྔ་པ་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་སེམས་ལས་གཞན་མ་ཡིན་པར་བཤད་ཡིས་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པ་བསྟན་པ་ནི་གང་ཞེ་ན། ལེའུ་བཞི་བཅུ་རྩ་གཅིག་པ་ཆོས་ཐམས་ཅད་སེམས་ཉིད་ཀུན་བྱེད་ཉིད་དུ་འདུས་ཤིང་ངོ་བོ་གཅིག་པར་བསྟན་པ་དང་། ལེའུ་བཅུ་བཞི་པ་སེམས་ཉིད་བྱ་བཙལ་ལས་འདས་པའི་དོན་སྐལ་མེད་ལ་གསང་བར་གདམས་པ་དང་། ལེའུ་སུམ་ཅུ་རྩ་བརྒྱད་པ་ཐེག་པ་འོག་མའི་ལྟ་སྒོམ་སྤྱོད་པ་ཐམས་ཅད་གོལ་སྒྲིབ་ཏུ་བསྟན་པ་དང་། ལེའུ་དགུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གོལ་སྒྲིབ་ལས་འདས་པར་བསྟན་པ་དང་ནི། ལེའུ་སོ་ལྔ་པ་ཀུན་བྱེད་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མིན་པར་བསྟན་པ་དང་། ལེའུ་བཅུ་དགུ་པ་སེམས་ཉིད་སྐུ་གསུམ་གྱི་ངོ་བོ་ཡོན་ཏན་ལྷུན་གྱིས་གྲུབ་པར་བསྟན་པ་དང་། ལེའུ་བཅོ་བརྒྱད་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་བྱེད་ཉིད་ཡིན་པར་བསྟན་པ་དང་། ལེའུ་བརྒྱད་པ་ཆོས་ཉིད་དེ་བཞིན་ཉིད་གཅིག་ལས་སྟོན་འཁོར་བསྟན་པ་གསུམ་དུ་སྣང་བར་བསྟན་པ་དང་། ལེའུ་བཞི་བཅུ་པ་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པས་བྱ་བཙལ་ལས་འདས་པར་བསྟན་པ་དང་། ལེའུ་ལྔ་བཅུ་རྩ་གཉིས་པ་སེམས་ཉིད་ཡེ་སངས་རྒྱས་པས་བྱ་མེད་འདོད་པ་མེད་པར་བསྟན་པ་དང་བཅུ་ཡིས་རྫོགས་པར་བསྟན་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་རྒྱུ་འབྲས་ལས་འདས་པའི་རང་བཞིན་ཡིན་པས་རྩོལ་སྒྲུབ་ཀྱིས་བྱ་མི་དགོས་པའི་དགོས་པ་ནི་ལེའུ་བདུན་པ་སེམས་ཉིད་ཀུན་བྱེད་རྒྱལ་པོ་སྟོན་པར་མངོན་དུ་ཕྱུང་བར་བཤད་པ་ཉིད་དུ་ངེས་པར་བསྟན་པ་ཡིན་ནོ། །བཞི་པ་ནི། ཀྱེ་སྟོན་པའི་བསྟན་པ་ཀུན་བྱེད་རྒྱལ་པོ་ཡིས་བྱ་མེད་རྫོགས་པའི་མདོ་ལུང་བཅུ་དགོས་པ་དང་བཅས་པར་བསྟན་པ་ནི་གང་ཞེ་ན་ལེའུ་ཉི་ཤུ་རྩ་གཉིས་པ་སེམས་ཉིད་རྒྱུ་འབྲས་རྩོལ་སྒྱུབ་ལས་འདས་པས་མ་བཅོས་རྣལ་དུ་བཞག་པར་བསྟན་པ་དང་། དེ་བཞིན་དུ་ལེའུ་སུམ་ཅུ་པ་སེམས་ཀྱི་རང་བཞིན་ཆོས་ཉིད་མི་ནུབ་པའི་རྒྱལ་མཚན་དུ་གནས་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པར་བསྟན་པ་དག་དང་། ལེའུ་ཉི་ཤུ་རྩ་བཞི་པ་ཕྱག་རྒྱ་བཞུགས་ཚུལ་བསྟན་པ་དང་། ལེའུ་ཉེར་བརྒྱད་པ་སེམས་ཉིད་འགྱུར་བ་མེད་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་དང་། ལེའུ་ཉི་ཤུ་རྩ་བདུན་པ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པར་བསྟན་པ་དང་། ལེའུ་སུམ་ཅུ་རྩ་གཅིག་པ་ཀུན་བྱེད་སེམས་ཀྱི་རང་བཞིན་མ་བྱས་ལྷུན་གྱིས་གྲུབ་པར་བསྟན་པ་དང་། ལེའུ་ཉེར་གསུམ་པ་སེམས་ཉིད་བྱ་བཙལ་མེད་པས་ལྟ་བའི་ཡུལ་ལས་འདས་པར་བསྟན་པ་དང་། ལེའུ་ཉི་ཤུ་རྩ་དྲུག་པ་སེམས་ཉིད་སྒོམ་དུ་མེད་པས་རྒྱུ་འབྲས་བྱ་བཙལ་ལས་འདས་པར་བསྟན་པ་དང་། ལེའུ་ཞེ་བཞི་པ་སེམས་ཉིད་ཀུན་བྱེད་རྒྱལ་པོ་ལ་རྒྱུ་འབྲས་བྱ་བཙལ་མི་དགོས་པར་བསྟན་པ་དང་། ལེའུ་ལྔ་བཅུ་རྩ་དྲུག་པ་སེམས་དཔའ་རྡོ་རྗེས་ཆོས་ཐམས་ཅད་ཀུན་བྱེད་རྒྱལ་པོ་ཉིད་ཡིན་པར་རྟོགས་པ་ཕུལ་ཞིང་བསྒྲགས་པས་བསྟན་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་སུ་མ་བྱས་རང་བཞིན་གྱིས་རྫོགས་པར་བསྟན་པའི་ཕྱིར་དུ་ལེའུ་བཞི་བཅུ་རྩ་གསུམ་པ་ཀུན་བྱེད་ཉིད་ཆོས་ཐམས་ཅད་ཀྱི་སྟོན་པར་ཞལ་གྱིས་བཞེས་པར་བསྟན་པས་བྱ་མེད་རྫོགས་པ་དེ་ཡི་དགོས་པ་སེམས་ཉིད་མ་བཅོས་རྣལ་དུ་བཞག་པ་ཙམ་ལས་བཅོས་བསྒྱུར་གང་ཡང་མི་དགོས་པར་བསྟན་པ་ཡིན་ནོ། །ལྔ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོོ་ཡིས་ཆོས་རྣམས་ཐམས་ཅད་རིག་པ་བྱང་ཆུབ་སེམས་སུ་གཏན་ལ་འབེབས་པར་བྱེད་པའི་མདོ་ལུང་བཅུ་དགོས་པ་དང་བཅས་ཏེ་བསྟན་པ་ནི་གང་ཞེ་ན། ལེའུ་ཞེ་བརྒྱད་པ་ཀུན་བྱེད་ཉིད་ཆོས་ཐམས་ཅད་ཀྱི་གཞི་མ་ཡིན་པར་བསྟན་པ་དང་། ལེའུ་སུམ་ཅུ་རྩ་དགུ་པ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་རྒྱལ་བའི་སྙིང་པོར་བསྟན་པ་དང་། ལེའུ་བཞི་བཅུ་རྩ་ལྔ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ལ་ལྟ་བ་བསྒོམ་དུ་མེད་པར་གཏན་ལ་ཕབ་པ་དང་། ལེའུ་སོ་བདུན་པ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་སྒོམ་མེད་ལྷུན་གྱིས་གྲུབ་པར་བསྟན་པ་དང་། ལེའུ་ཞེ་དྲུག་པ་རྫོགས་པ་ཆེན་པོའི་དམ་ཚིག་བསྲུང་དུ་མེད་པར་བསྟན་པ་དང་། ལེའུ་ཞེ་བདུན་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་དང་། ལེའུ་ཞེ་དགུ་པ་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ལ་འཁོར་འདས་ཐམས་ཅད་ཡེ་ནས་གནས་ཞིང་སྒྲིབ་པ་གདོད་ནས་དག་པས་ས་ལ་སྦྱང་དུ་མེད་པར་བསྟན་པ་དང་། ལེའུ་ང་གཅིག་པ་མ་བགྲོད་ཡེ་ནས་ཕྱིན་པས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་ལམ་ལ་བགྲོད་དུ་མེད་པར་བསྟན་པ་དང་། ལེའུ་ལྔ་བཅུ་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྒྲིབ་མེད་ཡེ་ནས་གསལ་བར་བསྟན་པ་དང་། ལེའུ་ལྔ་བཅུ་རྩ་གསུམ་པ་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་པར་བསྟན་པས་རྫོགས་པར་བསྟན་ནས། དེ་ལྟར་ཆོས་ཐམས་ཅད་སེམས་ཉིད་ཡེ་སངས་རྒྱས་པའི་ངོ་བོར་གཏན་ལ་ཕེབས་ན། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྔར་ཡང་མ་བཅོས་ཤིང་ཕྱིས་ཀྱང་བཅོས་པའི་རྩོལ་བ་མེད་པའི་དགོས་པ་ཡོད་པས་སེམས་ཉིད་གཞི་ནས་དག་པའི་སངས་རྒྱས་བཅོས་བསྒྱུར་སྤང་བླང་ལས་འདས་པར་བསྟན་པའི་ལེའུ་བཞི་བཅུ་རྩ་གཉིས་པས་གཏན་ལ་འབེབས་པའི་མདོ་ལུང་བཅུ་པོ་དེ་ཡི་དགོས་པ་བསྟན་པ་ཡིན་ནོ། །དྲུག་པ་ནི། དེ་ལྟར་མདོ་ལུང་ལྔ་བཅུ་རྩ་དྲུག་པོའི་ལྷག་མ་ལེའུ་གཞན་གཉིས་ནི་གང་ཡིན་ཞེ་ན། ལེའུ་ལྔ་བཅུ་རྩ་བཞི་པ་བརྗོད་བྱེད་ཚིག་གི་རིམ་པ་རྣམ་པར་ཕྱེ་བས་མདོ་ལུང་ཐམས་ཅད་ཀྱི་རྩ་བའི་གཞི་བསྟན་ནས། ལེའུ་ལྔ་བཅུ་རྩ་བདུན་པ་སྟོན་པས་ལེགས་སོ་བརྗོད་ཅིང་བསྟན་པ་གཏད་པས་འཁོར་ལ་གཏད་ཅིང་གདམས་པ་བསྟན་པ་སྟེ། དེ་ལྟ་བུའི་རྩ་བའི་རྒྱུད་མདོ་ལུང་ལྔ་བཅུ་རྩ་བདུན་པོ་དེ་ཐོས་གྲོལ་ཅིག་ཅར་དུ་བྱེད་པ་ཡིན་པས་ཐོས་པའི་དོན་ལ་ནན་ཏན་གྱིས་བརྩོན་པར་བྱེད་པ་གཅེས་པ་ཡིན་ནོ། །གཉིས་པ་ཕྱི་མའི་རྒྱུད་ནི་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐོས་དོན་བསམ་པས་གཏན་ལ་ཕབ་སྟེ་རྟོགས་བྱར་བསྟན་པ་ཡི་རྩ་རྒྱུད་ཕྱི་མ་ནི་གང་ཞེ་ན་འོག་ཏུ་འཆད་འགྱུར་འདིའོ་ཞེས་མདོར་བསྟན་པའོ། །གཉིས་པ་ནི། དེ་ཡང་གོང་དུ་བསྟན་པ་རྩ་བའི་རྒྱུད་མདོ་ལུང་ལྔ་བཅུ་རྩ་བདུན་དུ་གསུངས་པའི་དོན་རྣམས་ཀྱང་། མདོར་བསྡུ་ན་ཐམས་ཅད་ཡོངས་སུ་རྫོགས་པའི་སྙིང་པོ་ནི་ལྟ་བ་བསྒོམ་དུ་མེད་པ་དང་དམ་ཚིག་བསྲུང་དུ་མེད་པ་ལ་སོགས་པ་རང་བཞིན་བཅུ་རུ་བསྡུས་ཏེ་བསྟན་པའི་ཕྱིར། བསམ་པས་རྟོགས་པར་བསྟན་པའི་མདོ་ལུང་བཅུ་རུ་བསྟན་པ་ཡིན་ནོ་ཞེས། སྤྱིར་ལེའུ་བཅུ་གཉིས་ཡོད་ཀྱང་དང་པོ་ལེའུ་ལྔ་བཅུ་རྩ་བརྒྱད་པས་གླེང་གཞི་དང་གླེང་བསླང་གི་ཚུལ་གྱིས་མདོར་བསྟན་པ་དང་། ཐ་མ་དྲུག་ཅུ་རྩ་དགུ་པས་བསྟོད་ཅིང་བསྟན་པ་གཏད་པ་ཡིན་པས། གཞུང་དོན་དངོས་མདོ་ལུང་བཅུ་པོ་དེ་རུ་བསྟན་པ་ཡིན་ནོ། །གསུམ་པ་ཕྱི་མའི་ཕྱི་མ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། རང་བཞིན་བཅུར་ངེས་པའི་དོན་དང་དེ་ཉིད་སྐྱེ་མེད་དུ་བསྡུས་ཏེ་བསྟན་པ་གཉིས་ཀྱིས་རྒྱས་པར་བཤད། ཐམས་ཅད་ཀུན་བྱེད་ཉིད་དུ་འདུ་བས་གདམས་ཚུལ་བསྟན་པས་དོན་བསྡུ་བའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས་གང་ཟག་དབང་པོ་ཐ་མ་རྣམས་ཀྱིས་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་ཇི་ལྟར་རྟོགས་པའི་དོན་ལ་ཡང་ཡང་བསྒོམས་ཤིང་གོམས་པར་བྱས་པས་རང་སྣང་ལ་བདེན་འཛིན་ཨ་འཐས་སུ་ཞེན་པའི་ལོག་རྟོག་འཁྲུལ་པའི་ཡུལ་ལས་ངེས་པར་འབྱིན་པར་བཤད་པ་ནི་ཞེས་སྤྱིར་བསྟན་ཏེ། བྱེ་བྲག་ཏུ་ཇི་ལྟར་བཤད་ན་ལྟ་བ་བསྒོམ་དུ་མེད་པ་ལ་སོགས་པའི་ཚུལ་གྱིས་རང་བཞིན་བཅུ་ལ་ཐེག་པ་འོག་མ་པ་རྣམས་ཀྱིས་འདོད་པ་ལྟར་བྱ་རྩོལ་གང་ཡང་བྱེད་མི་དགོས་པར། མ་བཅོས་རྣལ་དུ་བཞག་པ་རུ་ཀུན་བྱེད་རྒྱལ་པོའི་དོན་ཐམས་ཅད་འདུས་པས་དེ་ཉིད་དུ་ངེས་པར་དགོངས་པས་བཤད་པ་ཡང་དོན་ལ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དོན་དུ་བསྡུས་ཏེ་བསྟན་པ་སྟེ། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་དོན་ལས་མ་ཡེངས་པ་ནི་ཀུན་བྱེད་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་པས། དེས་ན་དང་པོ་ལེའུ་བདུན་ཅུ་པས་གླེང་གཞི་དང་གླེང་བསླང་བའི་ཚུལ་གྱིས་མདོར་བསྟན་ནས། དེའི་རྗེས་སུ་གཞུང་དོན་དངོས་བསྒོམ་པའི་མདོ་ལུང་བཅུ་པོ་དེ་རུ་བསྡུས་ཏེ་བསྟན་པ་ཡིན་ནོ། །གཉིས་པ་ནི། འདི་ལྟར་ཐེག་པའི་རྣམ་གྲངས་ཇི་སྙེད་ཡོད་པ་ཀུན་ཐེག་མཆོག་བླ་ན་མེད་པ་ཀུན་བྱེད་རྒྱལ་པོ་འདི་ལས་ཕར་འཕྲོས་ཤིང་བསྟན་པ་ཡིན་ལ། དེ་ཐམས་ཅད་ཀུན་བྱེད་འདིར་ཚུར་འདུས་པའང་ཡིན་པས་འདི་ནི་ཆོས་རྣམས་ཀུན་གྱི་རྩ་བ་དང་། དོན་གྱི་འགྲེལ་བར་གྱུར་པའི་སྤྱི་ལུང་ཆེན་པོ་ཡིན་པས། སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་ཐུགས་ཀྱི་སྲས་སུ་གྱུར་པ་རྣམས་ལ། ཀུན་བྱེད་རྒྱལ་པོ་ཞེས་པའི་མིང་གིས་དོན་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་བྱེད་པ་པོ་རིག་པ་བྱང་ཆུབ་ཀྱི་སེམས་མཚོན་པར་བྱས་ཏེ་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ཉིད་སྐྱེ་མེད་དུ་རྟོགས་པའི་ཕྱིར་དུ་བསྟན་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ལ་གཉིས་ཏེ། མདོ་ལུང་རྟོགས་པ་ཀུན་བྱེད་དུ་བསྟན་པ་དང་། དེའི་དོན་གཞན་ལ་སྟོན་ཅིག་པར་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་ཁྱེད་ཀྱིས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཤེས་རབ་ཟབ་མོས་སྒྲོ་སྐུར་མེད་པར་དོན་ཇི་བཞིན་ཉིད་དུ་སྒྲོ་འདོགས་ལེགས་པར་ཆོད་ལ་བརྩོན་འགྲུས་དྲག་པོས་གཡེལ་བ་མེད་པར་ནན་ཏན་གྱིས་རྟོགས་པར་མཛོད་ཅིག་དང་། ཐེག་པ་མ་ལུས་པའི་རྩ་བ་བྱང་ཆུབ་སེམས་ཀྱི་ལུང་གང་ཞིག་སྟོན་པ་ཀུན་བྱེད་རྒྱལ་པོས་རྒྱུད་དོན་གཅིག་ཏུ་བསྡུས་པའི་རྩ་བ་འདི་ཉིད་སེམས་དཔའ་རྡོ་རྗེས་ལེགས་པར་རྟོགས་པར་འགྱུར་ན་ཁྱོད་ཉིད་དུས་གསུམ་རྒྱལ་བ་མ་ལུས་པའི་སྤྱི་སེམས་སུ་གྱུར་པས་རྒྱལ་བའི་རྒྱལ་བ་སྟོན་པ་ཀུན་བྱེད་རྒྱལ་པོར་འགྱུར་རོ་ཞེས་གསུངས་ཏེ། ཅིའི་ཕྱིར་ན་རྒྱུད་འདི་ཉིད་ཀྱི་བསྟན་བྱ་རིག་པ་བྱང་ཆུབ་ཀྱི་སེམས་ལས་གཞན་ན་ཀུན་བྱེད་རྒྱལ་པོ་ཞིག་མེད་པའི་ཕྱིར་ན་དེ་ཉིད་རྟོགས་པའི་གང་ཟག་དེ་སྟོན་པ་ཀུན་བྱེད་ཉིད་ཡིན་པར་གསུངས་པ་སྟེ། མདོ་བཅུ་ལས། བསྟན་པའི་ཐེག་པ་ཐམས་ཅད་ཀུན། །སེམས་ཉིད་རྫོགས་ཆེན་འདི་ལ་འདུས། །འདི་ལ་གནས་ཤིང་འདི་དོན་སྟོན། །འདི་ནི་ཀུན་བཟང་ང་ཡིན་ཏེ། །སངས་རྒྱས་ཀུན་གྱི་སྟོན་པ་ཡིན། །ཞེས་དང་། སྙིང་པོ་དོན་གྱི་རྒྱུད་ལས། དུས་གསུམ་རྒྱལ་བ་ཀུན་གྱི་ཡང་མེས་པོ། །རིག་པའི་རྒྱལ་པོ་རང་བྱུང་བྱང་ཆུབ་སེམས། །ལྷུན་རྫོགས་བདེ་ཆེན་སེམས་ཉིད་རྫོགས་པ་ཉིད། །དུས་གསུམ་རྒྱལ་བ་ང་ཉིད་རྫོགས་སངས་རྒྱས། །ཞེས་པ་ལྟར་རོ། །གཉིས་པ་ནི། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡི་འཁོར་དུ་འདུས་པ་རྣམས་ལ་ཡང་སེམས་དཔའ་རྡོ་རྗེས་རྒྱུད་དོན་ཟབ་མོ་འདི་ཉིད་ལུང་སྟོན་ཅིག །དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་གཞན་དུ་གྲུབ་པ་མེད་པ་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རོལ་རྩལ་དུ་ཤར་བ་ཡིན་པས་ཇི་ལྟར་སྣང་བ་ཐམས་ཅད་སེམས་ཉིད་འོད་གསལ་བའི་ཡེ་ཤེས་སུ་ལུང་སྟོན་ཅིག །དེ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ལྟར་སྣང་བ་ཐམས་ཅད་སྣང་ལུགས་ལ་ཇི་ལྟར་སྣང་ཡང་། ཡིན་ལུགས་ཆོས་ཀྱི་དབྱིངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་མཉམ་བརྡལ་ཆེན་པོ་རོ་གཅིག་སྤྲོས་པ་དང་བྲལ་བར་ལུང་སྟོན་ཅིག །རྒྱུ་སེམས་ཅན་དང་འབྲས་བུ་སངས་རྒྱས་ཞེས་པ་སྔ་ཕྱི་བཟང་ངན་དང་དག་པ་དང་མ་དག་པ་ལ་སོགས་པའི་དབྱེ་བ་མེད་པར་ཀ་དག་སྟོང་ཆེན་ཁྱབ་གདལ་གྱི་ཀློང་དུ་དུས་གཅིག་ལ་རྫོགས་ཤིང་མངོན་པར་སངས་རྒྱས་པ་ཡིན་པར་ལུང་སྟོན་ཅིག །ཅེས་གསུངས་སོ། །ཚུལ་དེ་ལྟར་རིན་པོ་ཆེ་རྒྱས་པ་ཆེན་པོ་ལས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐམས་ཅད་རང་བཞིན་རྣམ་པར་དག་པས་ན། །སྣོད་ཅེས་བྱ་བ་སངས་རྒྱས་སྣོད། །བཅུད་ཅེས་བྱ་བ་སངས་རྒྱས་བཅུད། །སྣ་ཚོགས་སྣང་བ་ཡེ་ཤེས་ཉིད། །རིགས་དྲུག་སེམས་ཅན་སངས་རྒྱས་ཉིད། །སངས་རྒྱས་ཉིད་ལས་མ་གཏོགས་པ། །རྡུལ་ཙམ་དག་ཀྱང་ཡོད་མ་ཡིན། །ཞེས་ཕྱི་ནང་སྣང་སྲིད་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་བཞིན་ནོ། །ལེའིུ་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་དགོངས་དོན་ལྡེ་མིག་གི་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའི་འགྲེལ་པའོ།། ༈ །།གཉིས་པ་ཀུན་དོན་སེམས་ཉིད་ཀྱི་བཀོད་པ་བརྗོད་བྱ་དོན་གྱི་ལེའུ་གྱ་གཉིས་པ་ལ་གཉིས་ཏེ། སྟོན་པ་ཉིད་ལ་འཁོར་གྱི་སེམས་དཔའ་རྡོ་རྗེ་ཉིད་གུས་པས་ཀུན་དོན་གཉིས་སུ་མེད་པར་བསྟོད་པ་དང་། དེའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་ལ་གང་གིས་ཚུལ་ཇི་ལྟར་བསྟོད་པའི་ཚུལ་མདོར་བསྟན་པ། བསྟོད་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་རྒྱུད་ཀྱི་ཚིག་དོན་རྣམ་པར་འགྲེལ་བའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ། སེམས་དཔའ་རྡོ་རྗེས་སྒོ་གསུམ་གུས་པའི་ཚུལ་གྱིས་ངེས་པ་དོན་གྱི་ཡོད་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་བདག་ཉིད་ལ་བསྟོད་པ་ནི་འདི་ལྟར་རོ་ཞེས་སོ། །གཉིས་པ་རྒྱས་བཤད་ལ་དགུ་སྟེ། །རྒྱལ་བའི་རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད་པར་བསྟོད་པ། དུས་གསུམ་སངས་རྒྱས་ཀྱི་བྱེད་པ་པོར་བསྟོད་པ། སྣང་སྲིད་སྣོད་བཅུད་ཀྱི་བྱེད་པ་པོར་བསྟོད་པ། སྐུ་གསུམ་སྟོན་པའི་བྱེད་པ་པོར་བསྟོད་པ། ཕུན་སུམ་ཚོགས་པའི་བྱེད་པ་པོར་བསྟོད་པ། འཁོར་དང་བསྟན་པའི་བྱེད་པ་པོར་བསྟོད་པ། ཤེས་རབ་གསུམ་གྱི་སྣང་བ་བྱེད་པ་པོར་བསྟོད་པ། ཀུན་འདུས་རིན་པོ་ཆེར་བསྟོད་པ། གཟི་ལྡན་ཉི་མའི་སྙིང་པོར་བསྟོད་པའོ། །དང་པོ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི། དུས་གསུམ་དུ་བྱོན་པའི་རྒྱལ་བ་སྟོབས་བཅུའི་དབང་ཕྱུག་ཏུ་གྱུར་པའི་བདག་ཉིད་འགྲོ་བའི་སྒྲོན་མེ་ཆེན་པོ་ཇི་སྙེད་མཆིས་པ་མ་ལུས་མི་ལུས་པ་མེད་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ། དེ་ཡང་ངོ་བོ་སྟོང་པའི་ཆ་ནས་གཞལ་ན། མཐའ་བརྒྱད་སྤྲོས་པ་དང་བྲལ་བ། གཞི་མེད་རྩ་བ་དང་བྲལ་བ། རྒྱ་མཚོ་ཕྱོགས་ལྷུང་དང་བྲལ་བ། ཡེ་གྲོལ་བསལ་བཞག་དང་བྲལ་བ། དམིགས་མེད་གཟའ་གཏད་དང་བྲལ་བ། སྒོམ་མེད་བཏང་བཞག་དང་བྲལ་བ། སྲིད་གསུམ་ཀ་དག །འཁོར་འདས་མིང་མེད། ཡུལ་མེད་ཟང་ཐལ། བརྗོད་མེད་བློ་འདས། རྗེས་མེད་རང་དག །སྒྲུབ་མེད་རྩལ་སྤྲུགས་ཆེན་པོའི་བདག་ཉིད་ཡིན་ལ། རང་བཞིན་གསལ་བའི་ཆ་ནས་གཞལ་ན། རང་བྱུང་ཡེ་ཤེས་ཆེན་པོ། འོད་གསལ་འཕོ་འགྱུར་དང་བྲལ་བ། འགགས་མེད་རང་གསལ་གྱི་ངོ་བོ། འཁོར་འདས་ཀུན་བྱེད་ཀྱི་རྒྱལ་པོ། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ། སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད། འགྱུར་མེད་བདེ་ཆེན་གྱི་རང་བཞིན། ཡོན་ཏན་ཡེ་རྫོགས་ཀྱི་བདག་ཉིད་ཅན་ཡིན་ལ། གཉིས་མེད་ཟུང་འཇུག་གི་ངོས་ནས་གཞལ་ན། གར་ཡང་གྲུབ་པ་མེད་པ། ཅིར་ཡང་འགག་པ་མེད་པ། འདི་ཞེས་ངོས་བཟུང་མེད་པ། བློ་ཡིས་བསམ་དུ་མེད་པ། ངག་གིས་བརྗོད་དུ་མེད་པ། རྟགས་ཀྱིས་གཞལ་དུ་མེད་པ། དཔེ་ཡིས་མཚོན་དུ་མེད་པ་སོགས་རྣམ་རྟོག་གི་སྤྱོད་ཡུལ་ཀུན་ལས་འདས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དེ་ལྟ་བུའི་ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ནི་འཁོར་བ་ཡི་སེམས་ཅན་རྣམས་ལ་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་གཉིས་མེད་ལྷུན་རྫོགས་ཀྱི་ཚུལ་དུ་ཁྱབ་ཅིང་གནས་པས་སྐད་ཅིག་ཀྱང་འབྲལ་ཞིང་མི་སྤོང་བས་ཐུགས་རྗེ་ཕྱོགས་རིས་མེད་པ་སྟེ། དེ་ལྟ་བུའི་ཡོན་ཏན་གྱི་ཆེ་བ་དང་ལྡན་པ་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་སྒ་ོགསུམ་གུས་པར་བྱེད་པས་འདུད་དོ། །ཞེས་པའོ། །གཉིས་པ་ནི། གཞན་ཡང་ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་གོང་དུ་བཤད་པ་དེ་ལྟ་བུའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་རང་བྱུང་བྱང་ཆུབ་སེམས་ཀྱི་བདག་ཉིད་ཡིན་པས་འདས་པའི་སངས་རྒྱས་རྣམས་ཀྱང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཁྱོད་ཀྱིས་བྱར་མེད་ཡེ་གྲོལ་ཆེན་པོའི་ལམ་འདི་བསྟན་པའི་སྒོ་ནས་སངས་རྒྱས་ཀྱི་སར་བཀོད་པ་ཡིན་པས་ཁྱོད་ཀྱིས་བྱས་པ་ཡིན་ལ་དེ་བཞིན་དུ་མ་བྱོན་པ་དང་ད་ལྟར་གྱིས་སངས་རྒྱས་རྣམས་ཀྱང་བྱུང་ཡང་སྟོན་པ་ཀུན་བྱེད་རྒྱལ་པོ་སྙིང་པོ་རང་བྱུང་གི་ཡེ་ཤེས་ཁྱོད་ལས་བྱུང་བ་དང་། ལམ་སྟོན་པ་པོ་ཡང་ཁྱོད་ཉིད་ཡིན་པ་དང་། རྟོགས་ཀྱང་ཁྱེད་ཀྱི་རང་བཞིན་རྟོགས་ནས་མངོན་པར་རྫོགས་པ་སངས་རྒྱས་པའི་ཕྱིར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྔར་ཡང་བྱས་ཤིང་མ་འོངས་པ་ན་བྱེད་ཅིང་ད་ལྟར་ཡང་བྱེད་པར་མཛད་པ་པོ་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད་དོ་ཞེས་སོ། །གསུམ་པ་ནི། ཀྱེ་སྟོན་པའིི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་འཁོར་འདས་ཐམས་ཅད་ཀྱི་འབྱུ ང་གནས་གདོད་མའི་གཞི་དབྱིངས་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར་ན། ཁམས་གསུམ་སྲིད་པ་གསུམ་གྱིས་བསྡུས་པའི་སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་བྱེད་མཁན་རང་བྱུང་གི་ཡེ་ཤེས་ཁྱོད་ཀྱིས་བྱས་པ་ཡིན་ཏེ། ཀློང་ཆེན་ལས། སྣང་ཞིང་སྲིད་པ་མ་ལུས་དང་། །ཁམས་གསུམ་འདི་དག་ཐམས་ཅད་ཀུན། །བདེ་ཆེན་བྱང་ཆུབ་སེམས་ལས་སྤྲོས། །ཞེས་གསུངས་པ་ལྟར་ཡིན་པ་དེས་ན། གདོད་ནས་འདུས་མ་བྱས་པ་སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གནས་པས་རང་བྱུང་ཕུང་པོ་ལྔ་དང་། དེ་བཞིན་ས་ཆུ་མེ་རླུང་ནམ་མཁའ་སྟེ་རྒྱན་གྱི་རྒྱུ་ལྔ་དང་། འདོད་ཆགས་ཞེ་སྡང་ལ་སོགས་པ་རང་བྱུང་གི་ཡེ་ཤེས་ལྔ་པོ་ཐམས་ཅད་སྟོན་པ་ཁྱེད་ཀྱིས་བྱས་པ་ཡིན་པའི་ཕྱིར་ན་ཀུན་བྱེད་རྒྱལ་པོ་ཞེས་དོན་དང་ལྡན་པའི་མཚན་ཡོངས་སུ་གྲགས་པའི་སྟོན་པ་ཁྱོད་ལ་འདུད་དོ་ཞེས་པའོ། །བཞི་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་སྔར། སྐུ་གསུམ་སྟོན་པའི་ཕ་མ་ང་ཡིན་ལ། །དུས་གསུམ་སངས་རྒྱས་ཀུན་གྱི་མེས་པོ་ཡིན། །ཞེས་གསུངས་པ་ལྟར་སྐུ་གསུམ་གྱི་སྟོན་པ་གསུམ་པོ་དེ་ཡང་ཁྱོད་ཀྱིས་བྱས་པ་ཡིན་ནོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་སྟོན་པ་སྐུ་གསུམ་པོ་དེ་ཡི་སྐུ་གསུམ་དང་གསུང་གསུམ་དང་ཐུགས་གསུམ་པོ་མ་ལུས་པ་ཀུན་ཀྱང་ཁྱོད་ཀྱིས་བྱས་པ་ཡིན་པས། ཡོན་ཏན་དེ་ལྡན་གྱི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད་དོ། །ལྔ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེན་པོ་ཡིན་པས་རྒྱལ་བ་སྐུ་གསུམ་གྱི་སྟོན་པ་རྣམས་བཞུགས་པའི་གནས་ཀྱང་ཁྱོད་ཀྱིས་བྱས་པ་དང་། སྟོན་པ་དེ་དག་གི་འཁོར་གྱི་དང་པོ་བཀའ་ཡི་སྡུད་པ་པོའང་ཀུན་བྱེད་ཉིད་ལས་བྱུང་བ་སྟེ། དེས་ན་སྐུ་གསུམ་གྱི་སྟོན་པ་རྣམས་ཀྱི་གནས་དང་སྡུད་པོ་ཀུན་གྱི་འབྱུང་གནས་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་འདུད་དོ་ཞེས་པའོ། །དྲུག་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱི་རང་རྩལ་འགགས་པ་མེད་པར་རང་ཤར་བ་ལས་མི་གཞན་པའི་ཕྱིར་ན་སྐུ་གསུམ་གྱི་འདུས་པའི་འཁོར་ཚོགས་མ་ལུས་པ་ཡང་ངེས་པར་ཁྱོད་ཀྱིས་བྱས་ཤིང་། སྐུ་གསུམ་གྱི་བསྟན་པ་གསུམ་ཡང་ངེས་པར་ཁྱོད་ཀྱིས་བྱས་པ་སྟེ། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་ཀློང་དཀྱིལ་ནས། །སྟོན་པ་བསྟན་པ་འཁོར་དུས་གནས། །ཕུན་སུམ་ཚོགས་པར་བཏགས་པ་ཀུན། །སྣ་ཚོགས་ཆོས་ལ་དབང་བསྒྱུར་བ། །རང་གི་མཐུ་ལས་ཡེ་ནས་ཤར། །ཞེས་གསུངས་སོ། །དེས་ན་ཕུན་སུམ་ཚོགས་པས་བསྡུས་པའི་ཆོས་མ་ལུས་པ་ཀུན་བྱེད་རྒྱལ་པོ་ཉིད་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་འདུད་དོ་ཞེས་སོ། །བདུན་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཀྱིས་འཁོར་ཚོགས་རྣམས་ལ་རང་བྱུང་ཟག་པ་མེད་པའི་ཤེས་རབ་ཀྱིས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་མ་ནོར་ཇི་བཞིན་པར་རྟོགས་པར་བྱེད་པ་ཐོས་བསམ་སྒོམ་པ་གསུམ་གྱི་ཚུལ་ལ་འཇུག་པའི་རྒྱུད་གསུམ་བསྟན་པས། འཁོར་རྣམས་ཀུན་གྱི་བློ་མ་རིག་གཉིས་འཛིན་གྱི་མུན་པའི་དཀྱིལ་འཁོར་ཐམས་ཅད་བསལ་ཞིང་། ཤེས་རབ་ཆེན་པོའི་སྣང་པ་གསལ་བར་མཛད་པ་པོ་ཀུན་བྱེད་རྒྱལ་པོ་ཉིད་ལ་ཕྱག་འཚལ་ཞིང་སྒོ་གསུམ་གྱིས་འདུད་པར་བྱས་པའོ། །དེ་ལྟར་ཡང་ཐིག་ལེ་ཀུན་གསལ་ལས། འདུས་པའི་འཁོར་དང་རྗེས་འཇུག་གི། མ་རིག་མུན་པ་འདིས་བསལ་ལོ། །འཁོར་བའི་རྒྱ་མཚོ་འདིས་བསྒྲལ་ལོ། །ཉོན་མོངས་མདུད་པ་འདིས་བཀྲོལ་ལོ། །བློ་ཡི་ཐེ་ཚོམ་འདིས་བསལ་ལོ། །ཞེས་པ་ལྟར་རོ། །བརྒྱད་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཁྱོད་ཉིད་ཀྱི་ཐུགས་མཉམ་གདལ་ཕྱོགས་ལྷུང་དང་བྲལ་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་ལས་ཆོས་རྣམས་ཐམས་ཅད་འབྱུང་ཞིང་གསལ་བ་དང་། དེ་ལྟར་གསལ་ཞིང་སྣང་བའི་དུས་ཉིད་ནས་ཡེ་གྲོལ་གཞི་རྩ་དང་བྲལ་བ་སྐྱེ་མེད་ཀ་དག་གི་དབྱིངས་སུ་སྡུད་པའི་རྩ་བའང་ཁྱོད་ཉིད་ཡིན་པས། འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདུས་པ་ཁྱོད་ལ་ཕྱག་འཚལ་ཞིང་འདུད་དོ་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་སྒོམ་པའི་རྒྱུད་ལས། འཇིག་རྟེན་འདས་དང་འཇིག་རྟེན་མ་འདས་ཐམས་ཅད་ཀུན། །ཡང་དག་ཤེས་པས་རབ་ཏུ་བརྟགས་པས་རྟོགས་གྱུར་ན། །རང་བཞིན་མཉམ་པ་མེད་ལས་ཅིར་ཡང་སྣང་ཞིང་འབྱུང་། །ཇི་ལྟར་སྣང་བ་ཉིད་ནའང་དབྱིངས་ཀྱི་རང་བཞིན་དེ་བཞིན་ཉིད་ཡིན་ཏེ། །ཞེས་པ་ལྟར་རོ། །དགུ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ནི་གཟི་ལྡན་འོད་ཟེར་སྟོང་གི་དྲྭ་བས་ཡོངས་སུ་འཁྱུད་པས་སྲིད་གསུམ་ཅིག་ཆར་དུ་གསལ་བའི་ཉི་མའི་སྙིང་པོ་ལྟ་བུས། རྒྱུ་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པའི་རྨོངས་པའི་མུན་པ་མཐུག་པོས་ཁྱབ་ཅིང་ནོན་པ་ཡི་ས་གསུམ་ན་གནས་པའི་འགྲོ་བ་མ་ལུས་པའི་རྒྱུད་ཀྱི་ཕྱིན་ཅི་ལོག་པའི་ལམ་ནི་ཇི་སྙེད་མཆིས་པ་ཐམས་ཅད་བསལ་ནས་ཀྱང་། གདོད་ནས་འཕོ་འགྱུར་མེད་པའི་རིག་པ་ཡེ་ཤེས་ཀྱི་སྣང་བ་གང་ཞིག །ཆོས་ཀྱི་དབྱིངས་ཡེ་སྟོང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཁྱབ་གདལ་ཡངས་པ་ཆེན་པོའི་ནམ་མཁའ་ལ་དུས་རྣམ་ཀུན་དུ་མཆེད་ཅིང་རྒྱས་པར་བྱེད་པ་པོ་ཡིན་ཏེ། འདི་ཉིད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་སེམས་ཀྱིས་བྱས་པའི་ཕྱིར། །ཀུན་བྱེད་བྱང་ཆུབ་སེམས་སུ་རིག་བྱས་ནས། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སོ་སོར་རྟོག་པའི་མུན་པ་བསལ་ནས་ཀྱང་། །རང་བྱུང་ཡེ་ཤེས་ཆེན་པོའི་སྣང་བ་མཆེད། །དེས་ན་མ་རིག་མུན་སེལ་སྣང་བ་མཆེད་ཅེས་བྱ། །ཅེས་གསུངས་པ་ལྟ་བུ་ཡིན་པས་དུས་གསུམ་རྒྱལ་བ་ཡོངས་ཀྱི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་ཁྱོད་ལ་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་གཉིས་སུ་མེད་པར་འདུད་དོ་ཞེས་བསྟོད་པའོ། །གཉིས་པ་དོན་བསྡུ་བ་ལ་བཞི་སྟེ། སེམས་ཉིད་ཀུན་བྱེད་རང་བྱུང་གི་ཡེ་ཤེས་ཇི་བཞིན་མཐའ་དབུས་མེད་པར་དོན་བསྡུ་བ་དང་། ངོ་བོ་སྐྱེ་འགགས་དམིགས་སུ་མེད་པར་དོན་བསྡུ་བ་དང་། བཟང་ངན་བླང་དོར་ལས་འདས་པར་དོན་བསྡུ་བ་དང་། ཀུན་བྱེད་རྟོགས་པ་རྩོལ་སྒྲུབ་ལས་འདས་པར་དོན་བསྡུ་བའོ། །དང་པོ་ནི། ཀྱེ་ཇི་ལྟར་སྣང་བའི་ཆོས་ནི་ཇི་སྙེད་ཡོད་པ་ཐམས་ཅད་ཀུན་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ལས་གཞན་དུ་མེད་པས་ན། འབྱུང་བའི་རྒྱུ་དང་བསྐྱེད་པའི་རྐྱེན་ཀུན་དང་བྲལ་ཞིང་། གནས་ལུགས་མ་བཅོས་པའི་རང་བཞིན་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ་བོར་ཡེ་ནས་སྒྲིབ་པ་མེད་པར་སེམས་ཉིད་ཇི་བཞིན་ཉིད་དུ་གསལ་བ་ཡིན་པའི་རྒྱུ་མཚན་དེ་བས་ན། དེ་ལྟར་སྣང་སྟོང་དབྱེར་མེད་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཀུན་སྣང་ཞིང་གསལ་བར་བྱེད་པའི་རྒྱལ་པོ་དེ་ཉིད་ལ། ཚུར་མཐོང་གི་བློ་ཡིས་ཇི་ལྟར་བརྟགས་པར་བྱས་ཀྱང་གཏིང་མཐའ་དང་དབུས་ཡོད་མེད་དང་བཟང་ངན་ལ་སོགས་པ་གང་དུའང་གྲུབ་པ་མེད་དེ། ཀློང་ཆེན་ལས། ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་གཞིར་ཤར། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །ཟང་ཐལ་ཡིན་པས་ཀུན་ཏུ་ཤར། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་རྒྱ་ཆད་མེད། །རང་བཞིན་གཅིག་ལ་མཐའ་མེད་པས། །བྱང་ཆུབ་སེམས་ལ་རྒྱ་ཆད་མེད། །ཅེས་གསུངས་སོ། །གཉིས་པ་ནི། གོང་དུ་བསྟན་པ་དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འདི་ལྟར་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་འབྱུང་གནས་སྐྱེ་མེད་གདོད་ནས་དག་པའི་ཡེ་ཤེས་དེ་ནི་བློ་རྣམ་པར་རྟོག་པས་བསམ་པའི་ཡུལ་ལས་འདས་ཤིང་། སྐྱེ་འགགས་ཀྱི་མཚན་མ་དང་སེམས་ཀྱིས་དམིགས་པ་ལུས་ངག་གིས་འཇུག་པར་བྱ་བའི་ཡུལ་ཀུན་ལས་འདས་པས་སྤྲོས་པ་ཐམས་ཅད་རྣམ་པར་ཞི་བའི་རང་བཞིན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་བུའི་ཀུན་བྱེད་ཆོས་སྐུའི་དགོངས་པ་བྱར་མེད་བློ་ལས་འདས་པའི་དོན་འདི་ལ། གང་ཟག་སུ་ཞིག་འཇུག་ཅིང་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་དམིགས་པར་བྱེད་པ་དང་། ཐེ་ཚོམ་མེད་པར་དད་ཅིང་འདུན་པ་དང་ལྡན་པ་ཡི་སྐལ་ལྡན་དེ་དག་ནི། བྱར་མེད་རྫོགས་པ་ཆེན་པོའི་དགོངས་པ་འདི་ལ་འཁོར་བའི་ཆོས་ལྟ་བུ་དམན་པར་ལྟ་ཞིང་དོར་བར་བྱེད་པ་དང་། མྱ་ངན་ལས་འདས་པ་ལྟ་བུ་དམ་པར་བལྟ་ཞིང་དང་དུ་ལེན་པ་སོགས་བཟང་ངན་བླང་དོར་གང་ཡང་དམིགས་པ་མེད་པས། གུ་ཡངས་རང་བབས་ཀྱི་ངང་དུ་མི་རྩོལ་བདེེ་བ་མཆོག་ལ་གནས་ཤིང་མེད་སྣང་འཁོར་བའི་འཁྲུལ་སྣང་ལས་དབུགས་ཕྱིན་པར་འགྱུར་རོ། །བཞི་པ་ནི། དེས་ན་ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོ་ལས་གཞན་དུ་གྱུར་པའི་ཆོས་གཅིག་ཀྱང་བླང་བ་དང་དོར་བ་མེད་པས། ཀུན་བྱེད་རྒྱལ་པོ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡེ་ནས་བཅོས་བསྒྱུར་སྤང་བླང་དང་བྲལ་བར་ཇི་ལྟར་གནས་པ་ཡི་དོན་མ་ནོར་མ་བཅོས་པར་རྟོགས་པའི་གང་ཟག་རྣལ་འབྱོར་བ་དེ་ནི་སྒོ་གསུམ་གྱི་རྩོལ་སྒྲུབ་ཀུན་དང་བྲལ་བ་ཡིན་ནོ་ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྗེས་སུ་བསྟོད་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའི་འགྲེལ་པའོ།། ༈ །།དོན་གསུམ་པ་རྗེས་གང་ལ་གདམས་པ་མཚན་གྱི་རྣམ་གྲངས་དང་བཅས་པ་ལ་གཉིས་ཏེ། ཀུན་བྱེད་གདམས་པའི་སྣོད་བསྟན་པ་དང་། ཀུན་བྱེད་ཉིད་ཀྱི་མཚན་གྱི་རྣམ་གྲངས་བསྟན་པའོ། །དང་པོ་སེམས་ཉིད་རྒྱུ་འབྲས་བྱ་བཙལ་ལས་འདས་པའི་ངོ་བོ་གསང་བའི་སྙིང་པོ་རྨད་དུ་བྱུང་བ་འདི་གང་ལ་བསྟན་པའི་ལེའུ་གྱ་གསུམ་པ་ལ་གསུམ་སྟེ། གང་གི་རྗེས་ལ་ཞུ་བའི་དམིགས་དབྱེ་བ་དང་། ཞུ་བ་དངོས་ཀྱི་འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་རྒྱ་ཆེར་གསུངས་པའོ། །དང་པོ་ནི། དེ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཡོན་ཏན་མ་འགགས་པར་རང་ཤར་བ་ལ། རང་སྣང་མ་འགགས་པའི་འཁོར་གྱི་དམ་པ་རྒྱལ་སྲས་སེམས་དཔའ་རྡོ་རྗེས་དད་ཅིང་གུས་པའི་སྒོ་ནས་བསྟོད་པའི་རྗེས་དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལ། སེམས་དཔའ་རྡོ་རྗེ་འདུན་པ་རྩེ་གཅིག་དང་ལྡན་པའི་སྒོ་ནས་ཞུས་པ་ཡི་དོན་ནི་འདི་ལྟར་རོ་ཞེས་སོ། །གཉིས་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཇི་ལྟར་མངོན་སུམ་དུ་སྣང་ཞིང་གསལ་བ་དང་། ལུང་དང་བསྟན་བཅོས་སོགས་ལས་གྲགས་ཤིང་གྲུབ་པའི་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་ཤིང་ལུང་པ་མེད་པ་ཀུན་གཞན་དུ་གྲུབ་པ་ཅིར་ཡང་མེད་པར། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆོས་ཉིད་སྐྱེ་བ་མེད་པ་གཅིག་གི་རང་བཞིན་ཡིན་པས་བླང་དོར་དང་རྩོལ་སྒྲུབ་གང་ལ་ཡང་མ་ལྟོས་པར། རྩོལ་མེད་ཡེ་སངས་རྒྱས་པའི་རང་བཞིན་གཅིག་ཏུ་བསྟན་པའི་མདོ་ལུང་ཆེན་པོ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་རྩ་བ་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད། ཕྱི་རབས་རྗེས་འཇུག་གི་རྣལ་འབྱོར་པ་གང་དང་གང་དག་ལས། བསྟན་ཅིང་གདམས་པར་བྱ་བའི་ཡུལ་དང་། མི་བསྟན་ཅིང་གསང་བར་བྱ་བའི་ཡུལ་གང་ཡིན་པ་དེ་དག་གི་མཚན་ཉིད་ལེགས་པར་ཤན་ཕྱེ་བའི་སྒོ་ནས་སྟོན་པ་ཉིད་ཀྱིས་བཤད་ཅིང་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །གསུམ་པ་ལ་གཉིས་ཏེ། གང་གསུངས་པ་དང་ཇི་ལྟར་གསུངས་པའོ། །དང་པོ་ནི། དེ་ལྟར་འཁོར་གྱིས་གང་ལ་གདམས་པའི་སྣོད་ཀྱི་མཚན་ཉིད་ཞུས་པའི་རྗེས་དེ་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས། ལས་དང་སྐལ་བར་ལྡན་པའི་གང་ཟག་རྫོགས་ཆེན་གྱི་མན་ངག་སྦྱིན་པའི་སྣོད་དུ་རུང་བ་རྣམས་ལ་ཇི་ལྟར་གདམས་པའི་དོན་འདི་ལྟར་དུ་གསུངས་སོ། །གཉིས་པ་ལ་གསུམ་སྟེ། མདོ་ལུང་ངོས་བཟུང་བ། དེ་ཉིད་སྦྱིན་མི་སྦྱིན་གྱི་སྣོད་བསྟན་པ། སྣོད་བརྟགས་པའོ། །དང་པོ་ནི། དེ་ཡང་ཇི་ལྟར་བསྟན་ན་སྟོན་པ་ཀུན་བྱེད་རྒྱལ་པོས། ཀྱེ་སེམས་དཔའ་རྡོ་རྗེ་ཞེས་བོས་ཏེ་འདི་ལྟར་ལུས་སེམས་རྣམ་པར་གཡེང་བ་ལ་སོགས་པའི་སྐྱོན་རྣམས་སྤོངས་ལ་ལེགས་པར་ད་ཉོན་ཅིག །དེ་ལ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་ཇི་ལྟར་སྣང་ཞིང་གྲགས་པའི་ཆོས་འདི་རྣམས་མ་ལུས་པ་ཀུན། སྙིང་པོ་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་སྔར་འདས་པའི་ཆོས་ཐམས་ཅད་བྱས་ཤིང་། ད་ལྟ་བ་ཐམས་ཅད་བྱེད་པ་དང་མ་འོངས་པའི་ཆོས་ཐམས་ཅད་བྱེད་པར་འགྱུར་བས་འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་སྙིང་པོའི་རང་བཞིན་དུ་གྱུར་པའི་དོན་གང་ཞིག །གདོད་ནས་སྐྱེ་བ་མེད་པ་བློ་འདས་རང་བྱུང་གི་ཡེ་ཤེས་ཡིན་པས་རག་པའི་གཞི་དང་ཕྲ་བའི་རྩ་བ་ཀུན་ལས་འདས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད། ཐེག་པ་འོག་མའི་རྟོག་དཔྱོད་དང་ཞེན་འཛིན་ཀུན་དང་བྲལ་བའི་གནས་ལུགས་ཇི་བཞིན་པ་རྟོགས་པར་བྱེད་པའི་རྒྱུ་ཡེ་གྲོལ་བྱ་རྩོལ་དང་བྲལ་བའི་དགོངས་པ་མངོན་དུ་ཕྱུང་བའི་མདོ་ལུང་ཟབ་མོ་འདི་ནི་ཡང་རབ་ཨ་ཏིའི་སྐལ་བ་དང་ལྡན་པའི་རྗེས་འཇུག་རྣམས་ལ་གང་ཞིག་གདམས་པར་བྱ་བའི་ཆོས་ཡིན་ནོ་ཞེས་གདམས་བྱའི་ཆོས་ངོས་བཟུང་བའོ། །གཉིས་པ་ལ་གཉིས་ཏེ། སྐལ་ལྡན་བྱང་ཆུབ་སྙིང་པོའི་སྣོད། །སྐལ་མེད་བློ་ངན་དམ་ཉམས་ཀྱི་སྣོད་བསྟན་པའོ། །དང་པོ་ལ་བཞི་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་དང་ལྡན་པ་ལ་སྦྱིན་པར་བསྟན་པ། དེས་ཀྱང་བླ་མའི་བཀའ་བཞིན་དམ་བཅའ་ལ་གནས་ན་སྦྱིན་པ། ཁྱད་པར་འཚོ་ཡི་བར་དུ་བཀའ་བཞིན་སྒྲུབ་པའི་མནའ་བསྐྱལ་དུས་མདོ་ལུང་ཡོངས་སུ་རྫོགས་པར་སྦྱིན་པ། གཏོང་ཕོད་ཆེ་བ་སྣོད་ལྡན་གྱི་ཡོ་བྱད་སློབ་མའི་ཚོགས་གཉིས་རྫོགས་པའི་དོན་དུ་བླང་བར་བསྟན་པའོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟ་བུའི་མན་ངག་ཁྱད་པར་ཅན་འདི་གང་ལ་བསྟན་པའི་ཡུལ་ནི་གང་ཞེ་ན། འདི་ལྟར་ཆོས་དང་བླ་མ་ལ་ཟོལ་ཟོག་མེད་པར་ཡིད་ཆེས་མི་འགྱུར་བའི་དད་པ་དང་ལྡན་ཞིང་། དམ་ཚིག་སྲོག་དང་བསྡོ་ཞིང་མི་ཉམས་པར་བསྲུང་བས་ཉེས་ལྟུང་གི་སྐྱོན་གྱིས་མ་གོས་པ་དང་། གུས་རྟག་གི་བརྩོན་འགྲུས་ཆེ་བས་ཟབ་མོའི་ཉམས་ལེན་ལ་གཅིག་ཏུ་གཞོལ་བའི་སྒོམ་སྲན་ཆེ་བ་དང་། འགྲོ་ཀུན་ཕ་མར་ཤེས་པས་བརྩེ་བའི་སྙིང་རྗེ་དང་ལྡན་ཞིང་ཕྲག་དོག་དང་འགྲན་སེམས་མེད་པས་གཞན་གྱི་ཡོན་ཏན་ལ་དགའ་བའི་ཡི་རང་དང་ལྡན་པ་དང་། དཀའ་སྤྱད་དྲག་པོ་ཇི་ལྟ་བུའི་ཀྱང་ལུས་སེམས་སྐྱོ་བ་མེད་པ་དང་། ཆོས་དང་བླ་མ་ལས་ཡིད་ཕྱིར་ལྡོག་པ་མེད་པ་དང་། འཛིན་ཆགས་ཆུང་ཞིང་གཏོང་སེམས་དང་ལྡན་པས་རང་གི་ལུས་དང་གཅེས་པའི་བུ་དང་མཛའ་བའི་ཆུང་མ་དང་ཉན་པའི་བྲན་དང་བསགས་པའི་ནོར་སོགས་གང་ལའང་མ་ཆགས་པར་བླ་མ་ལ་དད་པ་དང་དགའ་བས་འབུལ་བར་ནུས་པ་སོགས་ཐེག་པ་ཐུན་མོང་གི་ཡོན་ཏན་འདི་དག་མངའ་བ་ནི་དད་པ་དང་དམ་ཚིག་ལྡན་པའི་རྟགས་ཡིན་པས། དེ་ལ་སྙིང་པོའི་དོན་དང་ལྡན་པའི་མཚུངས་མེད་དཔལ་མགོན་བླ་མ་དམ་པས་ཟབ་མོའི་མན་ངག་འདི་ཉིད་ཚུལ་བཞིན་དུ་སྦྱིན་པར་བྱའོ། །དེ་བཞིན་དུ་སྙན་དང་གྲགས་པ་ལ་སོགས་པ་ཆོས་བརྒྱད་ཀྱི་བསམ་པ་སྤང་ཞིང་། བླ་མ་དང་མཆེད་ལྕམ་སོགས་ལ་ང་རྒྱལ་གྱི་བློ་དང་བྲལ་བ་དང་། དམ་པ་བླ་མ་དགེ་བའི་བཤེས་གཉེན་དང་མན་ངག་སྙིང་པོའི་དོན་གྱི་ཕྱིར་དུ་རང་གི་ལུས་སྲོག་ཕོངས་པ་མེད་པར་གཏོང་ནུས་པ་དང་། བླ་མས་ཅི་གསུང་གི་བཀའ་ལས་མི་འདའ་བ་སྟེ་ཟབ་དོན་སྙིང་པོ་ཇི་བཞིན་ཉམས་སུ་ལེན་པར་ནུས་པའི་ཡོན་ཏན་གྱི་རྟགས་འདི་དག་དང་ལྡན་པ་ལ་ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དོན་གབ་སྦས་མེད་པར་རྗེན་ཅེར་དུ་སྟོན་ཞིང་ངོ་སྤྲད་པ་དང་། ཆོས་ཐམས་ཅད་ཀུན་སྐྱེ་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་རྩོལ་མེད་ཡེ་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་ཡི་རྒྱུད་དོན་ཟབ་མོ་འདི་ཉིད་སྦྱིན་པར་བྱའོ་ཞེས་པ་སྟེ། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོགས་མེད་སེམས་ལ་གཡེངས་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་པ་ཇི་བཞིན་སྤྱོད། །དམ་ཚིག་འཆལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱི་སེམས་དངས་ཤིང་། །ཚིག་གཅིག་བསྟན་པས་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བརྟེན། །རང་གི་དོན་ལས་འདའ་བ་མེད། །དྲེག་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དོ། །དེ་ལྟར་ལྡན་པའི་སློབ་མ་ནི། རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་པ་ལ་སོགས་པ་མདོ་རྒྱུད་རྣམས་ནས་ཇི་ལྟར་བསྟན་པའི་མཚན་ཉིད་དང་ལྡན་པ་ལས་གཞན་དུ་བསྟན་ན་ཆོས་དང་བླ་མའི་སྐུ་དགྲར་འགྱུར་ཞིང་གདུལ་བྱའི་རྒྱུད་ཀྱང་ཆུད་ཟོས་སུ་འགྱུར་བའོ། །གཉིས་པ་ནི། དེ་ལྟ་བུའི་སྐལ་ལྡན་གྱི་གང་ཟག་ཁྱད་པར་ཅན་གང་གིས་ཐེག་པའི་རྩེ་རྒྱལ་སྙིང་པོའི་བསྟན་པ་འདི་ཉིད་བདག་གིས་ཐོས་པར་གྱུར་ན། འཇིག་རྟེན་འཁོར་བའི་ཆོས་ལ་མཚན་མས་ཏེ་མཚན་མར་ཞེན་ཅིང་དོན་མེད་པའི་དགག་སྒྲུབ་སྣ་ཚོགས་པའི་ངལ་བ་བྱེད་པས་བདག་ལ་ཅིག་བགྱི་སྟེ་དགོས་པ་མེད་པས། དེས་ན་ཤིན་ཏུ་ཐོབ་པར་དཀའ་བ་མཆོག་ཏུ་གསང་བའི་མན་ངག་འདི་ཉིད་ཐོབ་ན། བདག་གིས་ལུས་དང་སྲོག་ལ་མི་ལྟ་བར་དཀའ་བ་རྒྱ་ཆེན་པོའི་སྒོ་ནས་ཚུལ་བཞིན་དུ་སྒྲུབ་བོ་ཞེས་དམ་བཅའ་འདོར་བ་མེད་པ་ལ་ལེགས་པར་གནས་ན་དེ་ལ་བསྟན་པའི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ་འདི་ཉིད་སྦྱིན་པར་གསུངས་པ་སྟེ། དཔེར་ན་ལོ་ཆེན་བཻ་རོ་ཙ་ནས། རྒྱལ་བུ་གཡུ་སྒྲ་སྙིང་པོ་ལ། །རྩོལ་མེད་བདེ་ཆེན་སངས་རྒྱས་ཐོབ་འདོད་ན། །ཁྱོད་ཀྱིས་ང་ལ་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་གྱིས་ཤིག་གསུངས་པས། གཡུ་སྒྲ་ན་རེ། མ་ཧཱ་གུ་རུ་ཅི་ལྟར་གསུངས་པ་བཞིན་ཉན་པར་བགྱི། ཞལ་ནས་བདུད་རྩི་ཐིག་པ་གནང་བར་ཞུ། །ཞེས་དམ་བཅའ་ཕུལ་བ་བཞིན་ནོ། །དེ་ལ་སྦྱངས་བ་དགུ་ནི། ཇི་སྐད་དུ། སྦྱང་བ་དགུ་ནི་འདི་ལྟར་གྱིས། །བླ་མའི་ཡུལ་ཞིང་བཞུགས་གནས་ལ། །སོ་ནམ་ལས་ཁུར་ལུས་སེམས་འཁོར་དུ་གྱིས། །དེ་ཡིས་བསྐལ་པར་བསགས་པའི་སྒྲིབ་པ་སྦྱང་། །བླ་མ་འཇོམས་ཤིང་གནོད་པའི་སྐུ་དགྲ་ལ། །ལུས་དང་སྲོག་ལ་མི་ལྟ་བར། །དགྲ་ཆོམས་དམག་དང་བསད་བཅད་ཀྱིས། །དེ་ཡིས་བསྐལ་པར་བསགས་པའི་སྒྲིབ་པ་སྦྱང་། །བླ་མའི་ཞབས་ཏོག་དོན་འགྱུར་ན། །ཤ་རུས་ཁྲག་ལ་འབགས་ལ་མཉེས་པར་བྱ། །དེ་ཡིས་བསྐལ་པར༴ བླ་མའི་སྐུ་དགྲར་གྱུར་པ་ལ། །སད་དང་སེར་བ་ལ་སོགས་པའི། །དྲག་སྔགས་བཟླས་བརྗོད་ཐ་དག་བྱ། །དེ་ཡིས་བསྐལ་པར༴ བླ་མའི་སྐུ་དགྲར་གྱུར་པ་ལ། །རྫུན་དང་ཚིག་བརླང་ཤེས་ཅོག་སྨྲ། །དྲག་པོའི་ཤང་ཆེན་སྣ་ཚོགས་གདབ། །དེ་ཡི་བསྐལ་པ༴ བླ་མའི་སྐྱོན་ནས་མི་བརྗོད་པར། །ཡོན་ཏན་སྣ་ཚོགས་བརྗོད་པར་བྱ། །རྟག་ཏུ་འགྲོ་འཆག་ཉལ་བ་དང་། །རྟག་ཏུ་སྤྱི་བོའི་གཙུག་ཏུ་བླ་མ་བཀུར། །དེ་ཡིས་བསྐལ་པར༴ རྟག་ཏུ་རྟོག་ཚོགས་ཡི་དམ་ལྟ། །བསྒོམ་ཡང་ལྷ་ཡི་སྤྱི་གཙུག་བླ་མ་བསྒོམ། །དེ་ཡིས་བསྐལ་པ༴ རྟག་ཏུ་མི་བརྗེད་གདུང་བའི་སེམས་ཀྱིས་བླ་མ་བཀུར། །བླ་མ་ཁོག་པའི་སྙིང་བཞིན་བཀུར། །བླ་མའི་དོན་དུ་གྱུར་པ་ན། །བུ་དང་ཆུང་མ་ཡུལ་འཁོར་དང་། །རྒྱལ་སྲིད་དང་ནི་རང་གི་ལུས། །རབ་ཏུ་གཅེས་པའི་ནོར་རྣམས་དང་། །བླ་མའི་ཡིད་འཐད་གང་ཡང་འབུལ། །དེ་ཡིས་བསྐལ་པར༴ འདོན་ཀློག་སྔགས་བརྗོད་ཇི་སྙེད་པ། །བླ་མའི་སྐུ་དགྲར་གྱུར་པ་ལ། །ཤེས་བཅད་རླང་པོའི་ཚིག་གཅིག་དགེ། །བརྒྱ་ཕྲག་དུ་མའི་ཆར་ཡང་ཉེར་མི་ཕོད། །སྟོང་གསུམ་འཇིག་རྟེན་མཐའ་དག་ཏུ། །རིན་ཆེན་གསེར་གཡུ་ལ་སོགས་པ། །རྒྱལ་བའི་སྐུ་གཟུགས་སྣ་ཚོགས་བགྱིས། །དེ་ལ་ཇི་སྙེད་བསྐོར་བ་ཕྱག་འཚལ་བས། །བླ་མ་མཉེས་པས་འགྲོ་དོན་ཕྲིན་ལས་ཀྱི། །བརྒྱ་ཕྲག་དུ་མའི་ཆར་ཡང་ཉེར་མི་ཕོད། །ཕྱོགས་བཅུའི་འཇིག་རྟེན་མཐའ་དག་གིས། །ཉན་ཐོས་རང་རྒྱལ་དགེ་ཚོགས་བྱས། །བྱང་ཆུབ་སེམས་དཔའ་མཐའ་དག་ལ། །ཅི་སྙེད་མཉེས་པར་བྱས་པ་བས། །བླ་མ་དར་ཅིག་མཉེས་པ་དགེ། །བརྒྱ་ཕྲག་དུ་མ་ཅི་ཡི་ཕྱིར་ཞེ་ན། །བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །དེས་ན་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །རྗེ་བླ་མ་རྣམས་ལ་སྐྱབས་སུ་གསོལ། །དེ་ལྟར་སྦྱངས་པ་དགུ་ཡིས་སྦྱོངས་ཤིག །ཅེས་དང་། ཕོད་པ་བཅུ་གསུམ་ནི། ལྷོ་ནུབ་ཨོ་རྒྱན་ཡུལ་དུ་སོང་། །ཀུན་བཟང་གདུང་ཚོབ་རྒྱལ་བ་ཉིད་དང་མཉམ། །དགའ་རབ་རྡོ་རྗེ་ཉིད་ལ་གསེར་ཕྱེ་བྲེ་གང་ཕུལ། །དགའ་རབ་རྡོ་རྗེའི་གནང་བ་ང་ཡིས་ཁྱེད་ལ་སྦྱིན། །འཇམ་དཔལ་ལ་སོགས་མཁས་པ་ཉི་ཤུ་རྩ་གསུམ་ལ། །རིན་ཆེན་གསེར་ཕྱེ་ཕུལ་ནས་རྐྱང་ཕྱག་སྟོང་དུ་འཚལ། །རྒྱ་གར་མཁས་པའི་འདྲ་འབག་ང་ཡིས་ཁྱེད་ལ་སྦྱིན། །རྡོ་རྗེ་གདན་གྱི་ཤྲཱི་སིང་ཧ་ལ། །གསེར་ཕྱེ་བྲེ་ཕྱེད་ཕུལ་ལ་རྐྱང་ཕྱག་སྟོང་དུ་འཚོལ། །རྒྱུད་སྡེ་དྲུག་ཅུ་རྩ་བཞི་ང་ཡིས༴ དེང་སང་བོད་ཡུལ་དབུས་ཀྱི་བསམ་ཡས་ན། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། །མཁས་པ་བི་མ་མི་ཏྲ་སྤྱན་དྲངས་ནས། །ཆོས་གྲའི་དཔོན་སློབ་དེ་ཡིས་མཛད། །མཁས་པ་མང་པོ་གྲྭལ་རིང་བཅུག །སྐུར་པ་ཆེན་པོ་ང་ལ་འདེབས། །ཐེག་དམན་ཆོས་ཀྱི་འཁོར་ལོ་བསྐོར། །གཡུ་སྒྲ་སྙིང་པོ་དེར་བཞུད་ལ། །རྒྱལ་བ་དགོངས་པའི་དགེ་བསྡུར་གྱིས། །མཁས་པའི་སྒྲ་བསྒྱུར་དེ་རུ་འགྱུར། །རིག་པས་སུན་ཕྱུང་མཐུ་དང་རྫུ་འཕྲུལ་སྟོན། །བཻ་རོ་ཙ་ན་ང་ཡི་རྣམ་ཐར་སྒྲོགས། །དབང་དང་གཏིང་རྫོགས་ཁྱོད་ལ་སྦྱིན། །བུ་དང་ཆུང་མ་ཁབ་ཏུ་ཞོག །ལོ་དགུ་ང་ཡི་གཡོག་པོ་གྱིས། །མན་ངག་རྫོགས་པར་ཁྱོད་ལ་སྦྱིན། །དབུ་སྐྲ་གསེར་གཡུའི་ལྕང་ལོ་རྩད་ནས་ཆོད། །གསེར་དངུལ་སོར་གདུབ་རྒྱན་ཆ་ཕོག །ཆུར་རྩར་བཅོས་པའི་སེར་གོས་གོན། །ལོ་ཐུག་ཆན་ཐུག་ཕྱེ་ཐུག་འཐུང་། །རྟག་ཏུ་ཆེ་དྲེག་ང་རྒྱལ་ཞོག །རྒྱལ་སྲིད་ཡུལ་འཁོར་རྒྱབ་ཏུ་བསྐུར། །དེ་ཚོ་ཕོད་ན་མན་ངག་བདེ་ཆེན་རྩོལ་མེད་ཁྱོད་ལ་སྦྱིན། །ཞེས་གསུངས་སོ། །གསུམ་པ་ནི། ཁྱད་པར་ཇི་སྲིད་དུ་སློབ་མ་བདག་རང་དང་བླ་མ་རྡོ་རྗེ་སློབ་དཔོན་འཚོ་ཞིང་བཞུགས་པའི་བར་དུ་དེ་ལུས་དང་སྲོག་གི་འབྲེལ་བ་མ་མཆིས་པར་མ་གྱུར་གྱི་བར་དུ། དཔལ་མགོན་བླ་མ་དམ་པ་ཁྱོད་ཀྱི་དཀའ་སྤྱད་དྲག་པོ་ཅི་ལྟ་བུ་གྱིས་ཞེས་གསུངས་ཀྱང་། སེམས་ལ་སྐྱོ་བ་དང་ལུས་ལ་ངལ་བ་མེད་པར་བཀའ་བཞིན་དང་དུ་བླང་ཞིང་སྒྲུབ་པར་བྱེད་དོ་ཅེས་བཀའ་དམ་ལ་གནས་ཤིང་མནའ་བོར་བ་ལ། བསྟན་པའི་སྙིང་པོ་ཀུན་བྱེད་རྒྱལ་པོ་ཡི་རྒྱུད་འདི་ཡོངས་སུ་རྫོགས་པར་སྦྱིན་པར་བྱའོ་ཞེས་སོ། །བཞི་པ་ནི། དེ་ལྟར་མདོར་ན་ཆོས་ཀྱི་ཡོན་དུ་རང་གི་ལུས་དང་སྲོག་ཀྱང་འཕང་བ་མེད་པར་དབུལ་བར་བྱ་ཞིང་གཏོང་ནུས་པ་ཡིན་ན། དེ་ལས་གཞན་པའི་རྫས་དང་ཁང་ཞིང་ཡུལ་འཁོར་རྐང་འགྲོས་ལ་སོགས་པ་གཏོང་བར་བྱེད་ནུས་པ་སྨོས་ཅི་དགོས་ཏེ་དེ་དག་འབུལ་བར་བྱ་ཞིང་། དེ་ཡི་ཚེ་ན་བླ་མས་ཀྱང་གལ་ཏེ་བདག་ཉིད་ལ་ལོངས་སྤྱོད་དེ་དག་གིས་དགོས་པ་གང་ཡང་ཡོད་པར་མ་གྱུར་ཀྱང་། སློབ་མའི་ཚོགས་རྫོགས་པ་དང་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དུ་བླ་མ་དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ་བར་བྱ་དགོས་སོ། །གཉིས་པ་སྣོད་མིན་ལ་མི་བསྟན་པ་ལ་གཉིས་ཏེ། སྣོད་ཀྱི་སྐྱོན་དང་། དེ་ལ་གསང་བར་གདམས་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས། ངེས་གསང་སྙིང་པོའི་བསྟན་པ་སྦྱིན་པའི་སྣོད་མིན་པ་ལོག་པའི་ལམ་ལ་ཞུགས་པའི་གང་ཟག་བསྟན་པ་ནི། འདི་ལྟར་གྲགས་པ་དང་རྙེད་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་ལ་དགའ་ཞིང་ཆགས་ནས་དེའི་དབང་དུ་སོང་བ་དང་། རང་རྒྱུད་ང་རྒྱལ་གྱིས་ཁེངས་པས་ཆོས་དང་བླ་མ་ལ་དམ་པར་མི་བཀུར་བར་བླ་མ་དང་ཆོས་ལ་སྨོད་ཅིང་མཆེད་ལ་ཁྲོ་བར་བྱེད་པ་དང་། ཡིད་དང་རྒྱུད་ཐུང་པས་བཀའ་བཀྱོན་ཕྲ་མོ་ཙམ་གྱིས་ཆོས་དང་བླ་མ་ལས་བློ་སེམས་ཕྱིར་ལྡོག་སླ་བ་དང་། འཕྱར་ཞིང་གཡེངས་བས་བརྩོན་འགྲུས་ལྷོད་པ་དང་རྫས་དང་ཡོ་བྱད་ལ་ཆགས་ཤིང་སེར་སྣ་ཆེ་བ་དང་། བླ་མ་དང་མཆེད་ལ་དད་པར་མི་ལྡན་ཏེ། ལོག་པར་ལྟ་བ་དང་། རང་གི་རྒྱུད་ཚོད་ལ་མི་བརྟགས་ཤིང་དཀའ་སྤྱད་བརྩོན་འགྲུས་མེད་པར་ཉམས་ལེན་བཙན་ཐབས་སུ་སྐྱེ་བར་འདོད་པ་ཡི་ལོ་འདོད་ཆེ་བ་དང་། རྒྱལ་བའི་བསྟན་པ་ཡོངས་ལ་འཚེ་ཞིང་གནོད་པ་འཕེལ་ཞིང་། ཆོས་དང་བླ་མ་མཆེད་གྲོགས་སོགས་ལ་མི་མཐུན་པའི་བསམ་སྦྱོར་ལ་ཞུགས་ནས་སྨོད་པར་བྱ་ཞིང་སྒྲོ་སྐུར་འདེབས་པ་དང་། རྟག་ཏུ་བདག་དང་གཞན་གྱི་ཕྱོགས་ཐམས་ཅད་ལ་གནོད་སེམས་ཀྱིས་རྒྱུད་འཁྲུགས་ཤིང་སྙིང་པོའི་དོན་ལ་བསྒོམ་པ་མིན་པ་དེ་ནི་སྣོད་མིན་དོར་བར་བྱ་བའི་མཚན་ཉིད་ཡིན་ནོ། །གཉིས་པ་ནི། བཤད་མ་ཐག་པ་དེ་ལྟ་བུའི་གང་ཟག་བློ་ངན་ལོག་པའི་ལམ་དུ་ཞུགས་པ་འདི་ཉིད་ལ་ཐེག་པ་ཀུན་གྱི་ཡང་རྩེ་གསང་ཆེན་ཨ་ཏི་ཡོ་ག་རྩོལ་མེད་རང་བྱུང་གི་ཐེག་པ་འདི་ཉིད་མི་བསྟན་པར་མ་ཟད་རླུང་ཕྱོགས་ཙམ་ཡང་མི་བསྒྲགས་པར་མཆོག་ཏུ་གསང་བར་བྱའོ་ཞེས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། །བླ་མ་སྨོད་ཅིང་མཆེད་ལ་ཁྲོ་བ་དང་། །གསང་སྒོ་འཆོལ་ཞིང་ཡོངས་ལ་སྒྲོགས་པ་དང་། །དད་མེད་སེར་སྣ་ཆེ་ཞིང་ངང་རྒྱུད་ངན། །ཚེ་འདིའི་ཞེན་པ་ཅན་ལ་གསང་བར་བྱ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སྣོད་བརྟགས་པ་ལ་བཞི་སྟེ། སྔོན་དུ་བརྟགས་པ། སྣོད་ངན་ལ་མི་སྦྱིན་པ། མ་བརྟགས་པར་བྱིན་པའི་ཉེས་པ་མང་བས་སྐལ་ཆད་ལ་གསང་བ། ལེགས་པར་བརྟགས་ནས་ཡོ་བྱད་བླང་སྟེ་སྐལ་ལྡན་ལ་ཀུན་བྱེད་བྱང་ཆུབ་སྙིང་པོའི་རྒྱུད་བསྟན་ཅིང་སྦྱིན་པའོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟ་བུའི་སྣོད་དང་ལྡན་མི་ལྡན་སྣ་ཚོགས་ཡོད་པའི་ཕྱིར་ན། དང་པོ་གདམས་པ་མ་བྱིན་པའི་སྔོན་དུ་ཇི་སྐད་བཤད་པའི་རྟགས་དང་དད་པ་ལ་སོགས་པ་སྣོད་ཀྱི་མཚན་ཉིད་རྣམས་ཡོད་དམ་མེད་ལེགས་པར་བརྟགས་པར་བྱ་བའི་ཕྱིར་དུ། མན་ངག་ཀུན་གྱི་སྙིང་པོ་འདི་ཉིད་ཞུ་བའི་ཡོན་དུ་རིན་ཆེན་དབྱིག་དང་རྐང་འགྲོས་བཞོན་པ་ཆས་གོས་ལོངས་སྤྱོད་སྣ་ཚོགས་པའི་འབུལ་བ་དང་བཅས་པས་ཞུ་བ་དང་། སྒོ་གསུམ་ཤིན་ཏུ་བསྡམ་ཞིང་གུས་པ་དང་ལྡན་པས་མན་ངག་ཚུལ་བཞིན་ཏུ་མ་ནོར་བར་བྱེད་པའི་གང་ཟག་དེ་ཉིད་ཀྱི་ཐོབ་པར་བྱ་བ་ལས་གཞན་གང་རུང་རུང་ལ་སྦྱིན་པར་མི་བྱ་བར་གསུངས་ཏེ། དེ་ཉིད་ལས། ཐོས་མང་ཡོན་ཏན་རྫོགས་པའི་བླ་མས་ཀྱང་། །སྣོད་བཅུད་བརྟགས་ཏེ་རིམ་གྱིས་གནད་རྣམས་བྱིན། །ཞེས་པ་ལྟར་རོ། །གཉིས་པ་ནི། དེ་ལ་སྙིང་པོའི་མན་ངག་མི་སྦྱིན་པའི་སྣོད་ནི་གང་ཞེ་ན། འདི་ལྟར་རྫས་དང་ཡོ་བྱད་ལ་ཆགས་སེམས་དང་ལྡན་པས་གཏོང་མི་བྲ་བ་དང་། ང་རྒྱལ་གྱིས་རང་རྒྱུད་ཁེངས་ཤིང་ཆོས་ཟབ་མོ་ལས་གཞན་འཇིག་རྟེན་ཚེ་འདིས་དོན་ལ་སེམས་པ་དང་། བློ་གཅིག་ཏུ་མ་ངེས་པས་འགྱུར་ལྡོག་ཅན་གྱི་གང་ཟག་དེ་ནི་སྣོད་ངན་གྱི་རིགས་ཡིན་ལ། དེས་ན་དེ་འདྲའི་གང་ཟག་དེ་ལ་སྙིང་པོ་བྱང་ཆུབ་སེམས་ཀྱི་ཐེག་པ་ཀུན་བྱེད་རྒྱལ་པོ་འདི་ཉིད་བསྟན་པར་མི་བྱའོ། །ཚུལ་དེ་ལྟར་རྩལ་རྫོགས་ལས། གསང་བ་འཚོལ་བར་བྱེད་བ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་སྣོད་ཀྱི་དབྱེ་བ་དང་དེ་དག་ལ་སྙིང་པོའི་གདམས་པ་བསྟན་པ་དང་མི་བསྟན་པའི་ཁྱད་པར་གསུངས་པ་དེ་ཡང་སྤྱིར་ཆོས་ཉིད་སྙིང་པོའི་དོན་ལ་སྣོད་དུ་རུང་མི་རུང་སོགས་བཟང་ངན་བླང་དོར་གང་ཡང་མི་གནས་མོད། འོན་ཀྱང་གདུལ་བྱའི་སྣང་ཚུལ་ལ་དེ་འདྲའི་ཁྱད་པར་ཡོད་པས། གལ་ཏེ་དེ་ལྟ་བུའི་སྣོད་མིན་ལ་བསྟན་ན་བདུད་དང་གནོད་སྦྱིན་ལ་སོགས་པ་མི་མ་ཡིན་དང་འབྱུང་པོས་བླ་སློབ་གཉིས་ཀའི་ཚེ་སྲོག་ལ་བར་དུ་གཅོད་ཅིང་། མ་མོ་དང་མཁའ་འགྲོ་ལ་སོགས་པ་དམ་ཚིག་གི་སོ་མཚམས་བསྲུང་ཞིང་སྔགས་ཀྱི་དངོས་གྲུབ་གྲུབ་པ་ཅན་ཀུན་གྱིས་བླ་སློབ་གཉིས་ཀ་ལ་དུས་མིན་གྱི་འཆི་བ་གཏོང་བ་དང་། ནད་གདོན་དགྲ་བགེགས་ལ་སོགས་པ་འཇིགས་པའི་དབང་དུ་གྱུར་ནས་ཚེ་ཐུང་ཞིང་། ཕྱི་མར་ཡང་ངན་སོང་དུ་ལྟུང་བ་དང་། མན་ངག་གི་ཆོས་ལ་སྒྲོ་སྐུར་བཏབ་པའི་དབང་གིས་སྙིང་པོའི་ཐེག་པ་འདི་ཉིད་ནུབ་པར་འགྱུར་བ་ལ་སོགས་པའི་ཉེས་པ་ཤིན་ཏུ་མང་བ་དེ་བས་ན། རིགས་ངན་མཚན་ཉིད་དང་མི་ལྡན་པའི་གང་ཟག་རྣམས་སྤང་བར་བྱའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། འདི་ནི་མཆོག་གསང་ཐེག་པའི་ཡང་རྩེ་སྟེ། །བློ་དམན་རྣམས་ལ་མི་སྨྲ་ཤིན་ཏུ་གསང་། །སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་འཆལ། །སྒྲོ་འདོགས་ཉིད་དང་དགོངས་པ་ལོག་པར་ཞུགས། །གསང་སྒོ་འཆོལ་རྣམས་མཐའ་མེད་ངན་འགྲོར་ལྟུང་། །ཞེས་པ་ལྟར་རོ། །བཞི་པ་ནི། དེ་ལྟར་སློབ་མའི་རྒྱུད་བརྟགས་ནས་མན་ངག་སྟོན་པའི་དུས་སུ་སྐལ་ལྡན་གྱི་སློབ་མ་དེ་ཉིད་འཇིག་རྟེན་གྱི་ཆོས་ལ་ཞེན་པ་བྲལ་ཞིང་། ཤེས་རྒྱུད་བརྟགས་པའི་ཕྱིར་དུ་ལུས་དང་ལོངས་སྤྱོད་ཐམས་ཅད་བླ་མས་ཀུན་ཀྱང་བླངས་ལ། དེ་ལྟར་གཏོང་ནུས་པ་དང་མི་ནུས་པའི་ཁྱད་པར་གྱི་རྟགས་དང་ལྡན་མི་ལྡན་རིག་པར་བྱས་ནས་ཞེས། དེ་ལྟར་བརྟགས་པའི་ཚུལ་ཀྱང་། ཀུན་མཁྱེན་གྱིས་ཆོས་ཞུ་བའི་སྔོན་དུ་སྣོད་དང་ལྡན་ནམ་མི་ལྡན་བརྟགས་པར་བྱ་སྟེ། བྱ་དཀའ་བའི་ལས་བཅོལ་བའམ། སྙིང་ལ་ཕོག་པའི་ཚིག་གིས་གཤེ་བའམ། སྤྱོད་ལམ་འགལ་འདུས་མི་དད་པ་བརྟགས་པའམ། ནོར་འདི་དང་འདི་འདོད་ཅེས་གཏོང་ཕོད་བརྟགས་པས། སྣོད་མེད་ཡིན་ན་དད་པ་ལོག་པའམ་ཡོ་བྱད་ལ་ཕོངས་པས་ཕྱིར་བཟློས་སྟེ། དེ་ལྟ་བུ་ལ་ནི་ཕན་ཐོགས་པ་དང་དམ་ཚིག་ཐུབ་པ་མི་སྲིད་པས་མ་འབྲེལ་བ་ལེགས་པར་ཤེས་པར་བྱའོ། །ཞེས་གསུངས་པ་དེ་ལྟ་བུའི་ཚུལ་གྱིས་བརྟགས་ནས་མཚན་ཉིད་དང་ལྡན་པར་རིག་ན་གཟོད་མན་ངག་སྙིང་པོ་ཡི་དོན་བསྟན་ཞིང་ཐེག་པའི་ཡང་རྩེ་ཀུན་བྱེད་རྒྱལ་པོ་མཆོག་གི་རྒྱུད་འདི་སྦྱིན་པར་བྱའོ། །ཞེས་གསུངས་སོ། །ལེའུ་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྟན་པ་གང་ལ་བཞག་པའི་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའི་འགྲེལ་པའོ།། ༈ །།གཉིས་པ་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་བརྒྱད་ཅུ་རྩ་བཞི་པ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་གསུངས་པའོ། །དང་པོ་ནི། དེ་ལྟར་མན་ངག་ཟབ་མོའི་རྒྱུད་འདི་གང་ལ་གདམས་པའི་སྣོད་ཀྱི་ཁྱད་པར་བསྟན་པ་དེ་ནས་བྱང་ཆུབ་ཀྱི་སེམས་སྟོན་པ་ཀུན་བྱེད་རྒྱལ་པོ་ལ། རྒྱལ་སྲས་སེམས་དཔའ་རྡོ་རྗེས་སྤྱོད་ལམ་ཤིན་ཏུ་ལེགས་པར་གུས་ཤིང་འདུད་པའི་ཚུལ་གྱིས་ཞལ་གྱི་གཟི་མདངས་ཕྱུང་སྟེ་སྟོན་པ་ཀུན་བྱེད་ཉིད་ཀྱི་མདུན་དུ་འཁོད་ནས་གང་ཞིག་ཞུས་པ་ཡི་དོན་ནི། ཀྱེ་རྒྱལ་བ་སྐུ་གསུམ་གྱི་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ལགས། ཉིད་ཀྱི་ཐུགས་མཚན་མའི་སྤྲོས་པ་དང་བྲལ་བའི་ཆོས་སྐུ་ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་ཆེན་པོའི་དགོངས་པའི་ཀློང་ལས་ཤར་བའི་རྩོལ་མེད་རང་བྱུང་གི་རྒྱུད་ཆེན་པོ། སྐལ་ལྡན་གྱི་གང་ཟག་རྣམས་དུས་གཅིག་ལ་གྲོལ་བར་མཛད་པའི་མདོ་ལུང་ཆེན་པོ་འདི་ཡི་ཡོན་ཏན་གྱི་ཆེ་བ་སོ་སོའི་ཆ་ནས་བརྗོད་པའི་མཚན་གྱི་ཁྱད་པར་དུ་ཞིག་ཡོད་པ་རྣམས་བདག་ཅག་འདུས་པའི་འཁོར་ཚོགས་རྣམས་ལ་བཤད་པར་མཛད་དུ་གསོལ་ཞེས་ཞུས་སོ། །གཉིས་པ་ལ་གཉིས་ཏེ། གང་གསུངས་པའི་ཚུལ་མདོར་བསྟན་པ་དང་། ཇི་ལྟར་གསུངས་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་གྱིས་ཞུས་པ་དེ་ནས་སྟོན་པ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་སོ་སོར་རྣམ་པར་ཕྱེ་བ་ཡི་སྒོ་ནས་ཆེ་བའི་ཡོན་ཏན་བསྟན་པ་འདི་ཉིད་གསུངས་སོ། །གཉིས་པ་ལ་བཞི་སྟེ། མཚན་དོན་བསྟན་པ་དང་། ཆེ་བའི་ཡོན་ཏན་བརྗོད་པ། དེའི་དོན་འཛིན་པའི་གང་ཟག་གིས་འགྲུབ་པར་བསྟན་པ། ཀུན་ལས་འཕགས་པའི་ཀུན་བྱེད་ཀུན་གྱི་སྙིང་པོའི་རྒྱུད་སྐལ་མེད་ལ་མི་སྤེལ་ཞིང་སྐལ་ལྡན་ལ་སྣང་བའི་དོན་དུ་སེམས་དཔའི་རྡོ་རྗེ་ལ་གཏད་པའི་ཚུལ་ལོ། །དང་པོ་ལ་བཅུ་སྟེ། ལྷུན་གྱིས་གྲུབ་པས་ཀུན་བྱེད་རྒྱལ་པོར་བསྟན་པ། སྙིང་པོ་རང་བཞིན་དྲི་མ་མེད་པས་བྱང་ཆུབ་ཀྱི་སེམས་སུ་བསྟན་པ། རྒྱུ་རྐྱེན་མེད་པར་ཡེ་ནས་བྱུང་བས་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཆོས་རྣམས་ཇི་བཞིན་པའི་ངང་དུ་སྟོན་པ་ཆོས་ཀྱི་མེ་ལོང་དུ་བསྟན་པ། ཆོས་རྣམས་གཉིས་སུ་མེད་པས་སྙིང་པོའི་དོན་གྱི་ཐེག་པར་བསྟན་པ། དུས་གསུམ་རྒྱལ་བའི་དགོངས་པ་གཟུང་འཛིན་ལས་འདས་པ་བལྟ་བའི་མེ་ལོང་དུ་བསྟན་པ། སྨྲ་བསམ་བརྗོད་དུ་མེད་པས་རྒྱལ་བའི་ཡུམ་དུ་བསྟན་པ། མ་བཙལ་ལྷུན་གྱིས་གྲུབ་པར་རྒྱུད་ཀྱི་རྒྱལ་པོར་བསྟན་པ། རྣལ་བཞག་སྒྲོ་སྐུར་དང་བྲལ་བས་མ་བཅོས་དོན་གྱི་ལུང་དུ་བསྟན་པ། ཐམས་ཅད་བྱང་ཆུབ་སྙིང་པོར་རོ་གཅིག་པས་མདོ་དོན་བསྡུས་པར་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ང་ཡིས་ཡང་རབ་ཨ་ཏིའི་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཇི་བཞིན་པ་སྟོན་པར་བྱེད་པའི་མདོ་ལུང་ཆེན་པོ་འདི་ཡི་མཚན་གྱི་ཁྱད་པར་སོ་སོར་ཕྱེ་སྟེ་བཤད་པ་ནི་གང་ཞེ་ན། ཇི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་འདི་རྣམས་ཐམས་ཅད་ཀུན་གཅིག་ཀྱང་མ་ལུས་པར་བྱེད་པོ་གཞན་མེད་པར། སྙིང་པོ་རང་བྱུང་གི་ཡེ་ཤེས་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་སྔ་མ་ཀུན་བྱས་ཤིང་ད་ལྟ་བ་བྱེད་ཅིང་མ་འོངས་པ་རྣམས་བྱེད་པར་འགྱུར་བ་ཡིན་ཏེ་སྔར། བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་སྟེ། དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་བྱང་ཆུབ་སེམས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བྱང་ཆུབ་སེམས་ཀྱིས་བྱས། །ཞེས་གསུངས་པ་ལྟར་ཡིན་ཀྱང་། དེ་ལྟ་བུའི་ཆོས་རྣམས་ཀྱི་ཀུན་གྱི་བྱེད་པ་པོ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀུན་བྱེད་རྒྱལ་པོ་རང་ཉིད་ལ་རྒྱུ་རྐྱེན་གང་གིས་ཀྱང་བསྐྱེད་པའི་བྱ་བ་བྱེད་མི་དགོས་ཏེ་གདོད་ནས་སྐྱེ་བ་མེད་པ་ཡེ་སྟོང་འདུས་མ་བྱས་པའི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཡིན་པས་ན། དེ་ཉིད་བརྗོད་པར་བྱེད་པའི་རྒྱུད་འདིའི་མཚན་ལ་ཀུན་བྱེད་རྒྱལ་པོ་ཞེས་སུ་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་བཞིན་དུ་ཀྱེ་སེམས་ཉིད་རང་བྱུང་གི་ཡེ་ཤེས་གང་ཞིག་ཆོས་ཐམས་ཅད་གང་ལས་འབྱུང་བའི་སྙིང་པོ་ང་ལ་སྒྲིབ་བྱེད་ཉོན་ཤེས་ཀྱི་དྲི་མ་གདོད་ནས་མེད་པར་དག་པ་ཉག་གཅིག་ཏུ་གནས་པས་བྱང་བ་དང་། སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་མ་བཙལ་བཞིན་དུ་ཉི་མ་དང་ཟེར་བཞིན་དུ་རང་ཆས་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་ཤིང་ཆུབ་པའི་དོན་དང་ལྡན་པས། ཀུན་བྱེད་བྱང་ཆུབ་ཀྱི་སེམས་འདི་ལ་ད་གཟོད་དྲི་མ་སེལ་བ་དང་ཡོན་ཏན་རྫོགས་པའི་ཕྱིར་དུ་བཙལ་ཞིང་སྒྲུབ་པ་ཡི་བྱ་བ་ཅི་ཡང་མི་མངའ་བ་སྟེ་བསལ་བཞག་ཐམས་ཅད་དང་བྲལ་བ་ཡིན་པའི་རྒྱུ་མཚན་དེས་ན་དེ་ལྟར་སྟོན་པའི་ཐེག་པ་འདི་ལ་སྙིང་པོ་བྱང་ཆུབ་སེམས་ཀྱི་ཐེག་པ་ཞེས་སུ་ངེས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། ཀྱེ་མ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་གདོད་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ་སྐྱེ་འགག་གི་ཆོས་སུ་གྲུབ་པ་མེད་པས་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་ཅིང་། ཏིལ་ལ་མར་གྱིས་ཁྱབ་པ་ལྟར་སེམས་ཅན་ནས་སངས་རྒྱས་ཀྱི་བར་ཀུན་གྱི་སེམས་ཀྱི་ཆོས་ཉིད་རིག་པ་རང་གསལ་གྱི་ངོ་བོ་གནས་པ་ཡིན་པ་དང་། དེ་ལས་གཞན་དུ་འབད་རྩོལ་གྱིས་བཙལ་དུ་མེད་པའི་རང་བཞིན་མཐའ་བྲལ་ནམ་མཁའ་ལྟ་བུའི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་གང་གིས་ཀྱང་མ་སྒྲིབ་པར་འཁོར་འདས་ཀུན་ལ་ཕྱོགས་དང་རིས་སུ་ཆད་པ་མེད་པར་གསལ་ཞིང་ཁྱབ་པ་ཡིན་པའི་རྒྱུ་མཚན་དེ་བས་ན། རྒྱུ་རྐྱེན་གྱིས་འདུས་མ་བྱས་པར་རང་བྱུང་གི་ཡེ་ཤེས་ཞེས་སུ་བསྟན་པ་ཡིན་ཏེ། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་འཆར་ནུབ་མེད། །མཐའ་ཡི་མུན་པ་མི་མངའ་བས། །ཕྱི་ནང་མེད་པར་ཀུན་ལ་གསལ། །ཞེས་པ་ལྟར་རོ། །བཞི་པ་ནི། ཀྱེ་དཔེར་ན་མེ་ལོང་གི་ངོས་ལ་གཟུགས་བརྙན་ཇི་སྙེད་སྣང་བ་ཐམས་ཅད་མེ་ལོང་གི་ནང་དུ་འུབ་ཆུབ་ཅིང་རྫོགས་པ་དང་། མེ་ལོང་དེ་ཉིད་གཟུགས་བརྙན་ཐམས་ཅད་ཕྱོགས་དང་རིས་སུ་ཆད་པ་མེད་པར་ཀུན་གྱི་འཆར་གཞིར་གནས་པ་ལྟ་བུ། ཇི་ལྟར་སྣང་བའི་ཆོས་ཕྱི་ནང་འཁོར་འདས་ཀྱིས་བསྡུས་པ་འདི་རྣམས་ཐམས་ཅད་ཀུན་སེམས་ཉིད་མ་བཅོས་ཇི་བཞིན་པའི་ངང་ལ་མེད་སྣང་སྟོང་གཟུགས་ཀྱི་རོལ་པ་ཙམ་དུ་ཆོས་ཀུན་སྣང་བ་ཡིན་པའི་རྒྱུ་མཚན་དེ་བས་ན། དེ་ལྟར་སྣང་བའི་དུས་ཉིད་ནས་རྟག་ཆད་སྐྱེ་འགག་ཡོད་མེད་འགྲོ་འོང་ལ་སོགས་པ་གང་གི་ཡང་ཕྱོགས་དང་རིས་གཉིས་སུ་ཆད་པའི་དོན་ཞིག་གྲུབ་པ་མེད་དེ་ཟུང་འཇུག་མཉམ་གདལ་ཆེན་པོ་སྤྲོས་བྲལ་བློ་ལས་འདས་པ་ཡིན་ཞིང་། དེ་ལྟ་བུའི་ཟུང་འཇུག་སྤྲོས་པ་དང་བྲལ་བ་ཆོས་ཉིད་མཉམ་པ་ཆེན་པོ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ནི་དུས་གསུམ་རྒྱལ་བ་ཀུན་གྱིས་ཇི་སྙེད་གསུངས་པའི་ཆོས་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་ཡིན་པ་དང་། རྒྱུད་འདི་ཉིད་ཀྱིས་གནས་ལུགས་དེ་གབ་སྦས་མེད་པར་གསལ་བར་སྟོན་པ་ཡིན་པས། རྒྱུད་འདིའི་མཚན་ལ་རྒྱལ་ཀུན་བཀའ་ཡི་དགོངས་པ་མཐར་ཐུག་པ་འགྲེལ་བ་ཡི་ཚུལ་གྱིས་སྟོན་པར་བྱེད་ཅིང་ཐེག་པ་ཐམས་ཅད་ཀྱི་དགོངས་དོན་གསལ་བར་འབྱེད་པས་ཆོས་ཀྱི་མེ་ལོང་ཞེས་བསྟན་པ་ཡིན་ཏེ། ཐེག་པའི་སྤྱི་ཕུད་ཀློང་ཆེན་རབ་འབྱམས་རྒྱལ་པོ་ལས། ཐེག་པ་མ་ལུས་ཀུན་འབྱེད་པས། །གསལ་བར་བྱེད་པའི་མེ་ལོང་ཡིན། །ཞེས་གསུངས་སོ། །ལྔ་པ་ནི། ཀྱེ། ཇི་བཞིན་མ་བཅོས་པ་ཡི་གཤིས་ལུགས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྙིང་པོ་རྣལ་མ་འདི་ལ་མ་འདུས་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཡི་ཆོས་ཐམས་ཅད་ཚུར་བྱུང་ཡང་དེ་ལས་འབྱུང་བ་དང་། ཕར་སྡུད་པའམ་གྲོལ་ཀྱང་དེ་ཉིད་ཀྱི་ངང་དུ་གྲོལ་བ་ཡིན་པས་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པ་དང་། དེ་ལྟར་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཀློང་ནས་འཁོར་འདས་སྟོང་གཟུགས་ཀྱི་རོལ་པ་སྣ་ཚོགས་སུ་སྣང་ན་ཡང་། དོན་ལ་ཀ་དག་གཞི་རྩ་དང་བྲལ་བའི་རང་བཞིན་ལས་འཁོར་འདས་གང་ཡང་གྲུབ་པ་མེད་པས་ཐེག་པ་འོག་མ་པ་ལྟར་སྤོང་འགོག་སྦྱོང་བསྒྱུར་གྱི་རྩོལ་བ་གང་ཡང་མི་དགོས་པར། འཁོར་འདས་བླང་དོར་དུ་འཛིན་ཅིང་ཆགས་པའི་རྒྱ་ལས་རྣམ་པར་གྲོལ་བ་ཡིན་ཏེ། ཡེ་ཤེས་བདུན་འབྱུང་གི་རྒྱུད་ལས། །འདི་ལ་སྦྱང་བགྲོད་ཡུལ་དང་བྲལ། །འདི་ལ་བསམ་དཔྱོད་མཐའ་དང་བྲལ། །འདི་ལ་རྩོལ་བསྒྲུབ་མཐའ་དང་བྲལ། །འདི་ལ་དགག་བསྒྲུབ་ཀུན་ལས་འདས། །ཞེས་གསུངས་པ་ལྟ་བུའི་སྤང་བླང་རྩོལ་སྒྲུབ་ཐམས་ཅད་ལས་འདས་པའི་དོན་མཐར་ཐུག་པ་སྟོན་པར་བྱེད་པས་ན་སྙིང་པོ་དོན་གྱི་ཐེག་པ་ཞེས་སུ་བསྟན་པ་ཡིན་ནོ། །དྲུག་པ་ནི། ཀྱེ་འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་རྒྱལ་བ་སངས་རྒྱས་རྣམས་ལ་ཆོས་ཉིད་སྐྱེ་བ་མེད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་པའི་ཆོས་ཞིག་གཟིགས་ཤིང་རྟོགས་པར་བྱ་བ་གང་ཡང་མེད་པས་མ་གཟིགས་ཤིང་མི་དགོངས་པ་ཡིན་ཏེ། ཅིའི་ཕྱིར་ན་དཔེར་ན་མེ་ལོང་གི་ནང་དུ་གཟུགས་བརྙན་ཅི་ཤར་ཐམས་ཅད་མེ་ལོང་ལས་གཞན་དུ་མེད་པ་ལྟར་དུ། རིག་པ་བྱང་སེམས་ཀྱི་རྩལ་ལས་ཤར་བའི་ཕྱི་ནང་འཁོར་འདས་ཀྱི་ཆོས་ཇི་སྙེད་སྣང་བ་ཐམས་ཅད་སྙིང་པོ་རང་བྱུང་གི་ཡེ་ཤེས་དེ་ལས་གཞན་དུ་གཟིགས་པར་བྱ་བ་ཅི་ཡང་མ་གྲུབ་པའི་ཕྱིར་དང་། སྣང་གཞིའི་རིག་པ་དེ་ཉིད་རང་ངོ་ཤེས་པ་ཙམ་ལས་གཟིགས་ཤིང་དགོངས་པར་བྱ་བ་གཞན་ཅི་ལ་ཡང་ལྟོས་པ་མེད་པར་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་མངོན་དུ་འགྱུར་བའི་ཕྱིར་ཏེ། རྫོགས་པ་རང་བྱུང་གི་རྒྱུད་ལས། ཀུན་བཟང་རིག་པའི་རང་བཞིན་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་དང་ལྷ་མིན་འདྲེ་ཡང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རིག་པ་ཡེ་ཤེས་གཅིག་པུ་ཉིད། །ཅེས་དང་། ནམ་མཁའ་དྲི་མེད་ལས། སེམས་ཉིད་མེ་ལོང་གཞི་ཡི་སངས་རྒྱས་ཉིད། །ཀུན་གྱི་འཆར་གཞི་མི་འགག་གཟུགས་བརྙན་འཛིན། །དེ་ཉིད་རང་བཞིན་ཤེས་པས་གཟུང་འཛིན་གྲོལ། །ཞེས་གསུངས་པ་ལྟར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་རྟོགས་བྱ་མཐར་ཐུག་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་འདི་ལས་གཞན་མེད་པས་སོ། །དེ་ལྟ་བུའི་མ་བཅོས་སེམས་ཀྱི་གཤིས་ལུགས་སྙིང་པོ་རང་བྱུང་གི་ཡེ་ཤེས་སྤྲོས་པའི་གྲྭ་ཟུར་ཐམས་ཅད་དང་བྲལ་བས་ཀུན་ཟླུམ་ཐིག་ལེ་ཆེན་པོའི་རང་བཞིན་དེ་ནི་གཡའ་བྲལ་མེ་ལོང་དག་པའི་ངོས་ལྟར་གཟུང་འཛིན་གྱི་རྣམ་པར་རྟོག་པའི་དྲི་མ་ལས་འདས་ཤིང་ཆོས་ཐམས་ཅད་འཆར་ཞིང་སྣང་བའི་གཞིར་གྱུར་པ་ཡིན་པས་ན་ལྟ་བའི་མེ་ལོང་ཞེས་སུ་བསྟན་པ་ཡིན་ནོ། །ཀློང་ཆེན་རབ་འབྱམས་རྒྱལ་པོ་ལས། རབ་ཟབ་རྒྱ་ཆེ་ཀློང་ཡངས་མཚན། །བལྟ་བའི་མེ་ལོང་དགོངས་པ་ཡིན། །ཞེས་སེམས་ཉིད་མཐའ་དབུས་དང་བྲལ་བ་དེ་བལྟ་བའི་མེ་ལོང་དུ་གསུངས་པ་བཞིན་ནོ། །བདུན་པ་ནི། ཀྱེ་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ང་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་བཅོས་ཇི་བཞིན་པའི་རང་བཞིན་སྙིང་པོ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ཉིད་ཡེ་ནས་སྨྲ་བསམ་བརྗོད་དུ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཡིན་པས་དེ་བཞིན་དུ་ཡོད་པར་སྒྲོ་འདོགས་པ་དང་མེད་པར་སྐུར་པ་འདེབས་པའི་དོན་ལས་རྣམ་པ་ཀུན་ཏུ་འདས་ཏེ་ངོ་བོ་མ་བཅོས་བློོ་ལས་འདས་པའི་རང་བཞིན་ཇི་བཞིན་པ་རྟོགས་པའི་སྒོ་ནས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀུན་བྱེད་ང་ལས་འབྱུང་བ་ཡིན་པའི་རྒྱུ་མཚན་དེ་བས་ན་དུས་གསུམ་རྒྱལ་བའི་བསྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞེས་སུ་ངེས་པར་བསྟན་པ་ཡིན་ཏེ། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། དུས་གསུམ་བདེ་གཤེགས་བསྐྱེད་པའི་ཡུམ། །ཡུམ་ནི་ཤེས་རབ་ཕ་རོལ་ཕྱིན། །མི་སྐྱེ་མི་འགག་བརྡལ་བ་ལ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །དག་གོ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་དང་བྲལ་ལོ་ཤེས་པ་མེད། །རྟོག་པ་མེད་པས་སྨྲ་བསམ་འདས། །བརྗོད་པ་མེད་པས་ནམ་མཁའི་ཚུལ། །རང་བཞིན་མེད་པས་ཆོས་ཀྱི་དབྱིངས། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའོ། །ཞེས་པ་ལྟར་རོ། །བརྒྱད་པ་ནི། ཀྱེ་གཤིས་ལུགས་འགྱུར་བ་མེད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡེ་ནས་མ་བཅོས་ཤིང་ངོ་བོ་སྐྱེ་བ་མེད་པའི་རང་བཞིན་ཀུན་བྱེད་རྒྱལ་པོ་རིག་པ་བྱང་ཆུབ་ཀྱི་སེམས་འདི་ཉིད་ལ། ཐེག་པ་འོག་མ་པ་རྣམས་ཀྱིས་རྩོལ་སྒྲུབ་སྣ་ཚོགས་པ་ལ་བརྟེན་ནས་ས་ལམ་རིམ་པར་བགྲོད་པའི་སྒོ་ནས་ཐོབ་པར་བྱེད་དགོས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་ཡིན་ཏེ། བང་མཛོད་འཕྲུལ་ལྡེ་ལས། མ་བཅོས་རྣལ་དུ་བཞག་པ་དེ། །ཐེག་དམན་རྩོལ་བསྒྲུབ་ཀུན་འདུས་ཏེ། །འོག་མིན་བྱང་ཆུབ་དེ་ལ་རྫོགས། །ཞེས་དང་། སངས་རྒྱས་ས་དང་ཕ་རོལ་ཕྱིན་དྲུག་རྫོགས། །ཚོགས་བསགས་སྒྲིབ་སྦྱངས་རྩོལ་བསྒྲུབ་འབྲས་བུ་རྫོགས། །འགྲོ་དོན་མཐར་ཕྱིན་ཕྲིན་ལས་རྣམ་བཞི་རྫོགས། །སེམས་ཅན་དོན་བྱེད་ཚད་མེད་རྣམ་བཞི་རྫོགས། །ཞེས་གསུངས་པ་ལྟར་དགོས་པའི་ཡོན་ཏན་ཐམས་ཅད་ཚང་ཞིང་རྫོགས་པ་ཡིན་པས། ད་གདོད་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་བཙལ་ཞིང་བསྒྲུབ་པ་ཀུན་ལས་འདས་པ་ཡིན་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཞེས་སུ་བསྟན་པ་ཡིན་ནོ། །སྙིང་པོ་དོན་གྱི་རྒྱུད་ལས། རང་བྱུང་གཅིག་ལ་ཡོན་ཏན་ཀུན་ཚང་བས། །མ་བཙལ་བཞག་པས་ཡོན་ཏན་རང་བཞིན་རྫོགས། །མ་བསགས་ལྷུན་གྲུབ་རང་བྱུང་འབྲས་བུ་ལ། །རག་ལས་མ་ཡིན་གདོད་ནས་ལྷུན་རྫོགས་ཡིན། །ཅེས་པ་ལྟར་རོ། །དགུ་པ་ནི། ཀྱེ་ཀུན་བྱེད་རྒྱལ་པོའི་ལུང་འདི་ནི་གནས་ལུགས་མ་བཅོས་པའི་དོན་ལ་སྤང་བླང་དགག་བསྒྲུབ་གང་ཡང་མི་བྱེད་པར་ཇི་བཞིན་མ་ནོར་བའི་བློ་འཇོག་པར་སྟོན་པ་ཡིན་པས། ཆོས་ཐམས་ཅད་ཀྱི་སྙིང་པོ་སེམས་ཉིད་དོན་གྱི་ཡེ་ཤེས་ལ་སངས་རྒྱས་སུ་སྒྲོ་འདོགས་པ་དང་སེམས་ཅན་གྱི་རང་བཞིན་དུ་སྐུར་པ་འདེབས་པ་ཀུན་དང་བྲལ་ཞིང་། དེ་ལྟ་བུའི་སྒྲོ་སྐུར་གྱི་ཡུལ་འཁོར་འདས་དང་བཟང་ངན་རྟག་ཆད་ལ་སོགས་པའི་མཐར་གཉིས་ཀ་མཉམ་ཉིད་བླང་དོར་དང་བྲལ་བས་མི་འགལ་བའི་དོན་དུ་གང་ཞིག་སྟོན་པ་ཡི་ཐེག་པ་ཀུན་གྱི་ཡང་རྩེ་འདི་མ་བཅོས་དོན་གྱི་ལུང་དུ་བསྟན་པ་ཡིན་ནོ། །བཅུ་པ་ནི། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོས་ངེས་གསང་བླ་ན་མེད་པའི་ཐེག་པ་འདི་ཉིད་དུ་ལུང་བསྟན་པ་ནི་ཇི་ལྟར་ན་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་སྟོན་པ་ཡིན་པས་རྒྱུད་སྡེ་འདི་ཉིད་ལ་བརྗོད་བྱ་དེ་དང་ལྡན་པའི་དོན་ཞེས་གསུངས་པའམ། ཡང་ན་བྱང་ཆུབ་ཀྱི་སེམས་དེ་དང་དབྱེར་མེད་དུ་ལྡན་པའི་དོན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཞེས་ཀྱང་འདྲ་སྟེ། གང་ལྟར་ཡང་དེ་ལྟ་བུའི་སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཀློང་ན་གཉིས་ཆོས་སུ་གྲུབ་པ་གང་ཡང་མེད་པར། འཁོར་འདས་ཀྱི་ཆོས་ཐམས་ཅད་སྙིང་པོར་སྟེ་སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་གཉིས་མེད་རོ་གཅིག་ཏུ་གནས་པར་སྟོན་པ་ཡིན་པས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ལ་ཆོས་རྣམས་ཀུན་གྱི་མདོ་ནི་སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་གི་རང་བཞིན་དུ་མདོ་རུ་བསྡུས་ཏེ་བསྟན་པ་ཞེས་སུ་བརྗོད་པ་ཡིན་ནོ། །གཉིས་པ་ཆེ་བའི་ཡོན་ཏན་བརྗོད་པ་ལ་གཉིས་ཏེ། མུན་པ་སེལ་ཞིང་སྣང་བ་མཆེད་པའི་ཡོན་ཏན། སྡུག་བསྔལ་གཅོད་ཅིང་དེ་ཉིད་གོམས་པའི་ཡོན་ཏན་ནོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་གོང་དུ་བསྟན་པ་དེ་ལྟ་བུའི་རྒྱུད་ཀྱི་རྒྱལ་པོ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་མ་བཅོས་རྣལ་མའི་དོན་ཇི་བཞིན་དུ་སྟོན་པར་བྱེད་པའི་མདོ་ལུང་ཟབ་མོ་འདི་ནི། ཁམས་གསུམ་གྱི་འགྲོ་བ་ཀུན་གྱི་རྒྱུད་ལ་འདི་ཙམ་མོ་ཞེས་ཐོག་མ་འཇོག་མི་ཤེས་པའི་དུས་ཡུན་རིང་པོའི་བར་དུ་ཞུགས་ཤིང་ཁྱབ་པའི་མ་རིག་པ་ཡི་མུན་པ་འཐུག་པོ་ཤིན་ཏུ་སྤང་དཀའ་བའི་རང་བཞིན་དུ་གནས་པ་འདི་ཉིད་དྲུང་ནས་འབྱིན་ཅིང་སྐད་ཅིག་གིས་སེལ་བའམ་འཇོམ་པར་བྱེད་པའི་གཉེན་པོ་ཡིན་ཞིང་། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཉག་གཅིག་གི་རོལ་པ་ཡིན་ཀྱང་། རྨིག་རྒྱུ་ལ་ཆུ་རུ་འཁྲུལ་པ་ལྟར་མ་དག་མཚན་མར་ཞེན་ཅིང་གཟུང་འཛིན་གཉིས་སུ་སྣང་བའི་འགྲོ་བ་ཐམས་ཅད་ངེས་དོན་སྙིང་པོའི་ལམ་མཆོག་འདི་དང་འཕྲད་ན། དཔེར་ན་རིན་པོ་ཆེ་གསེར་གླིང་ནས་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟར་ཇི་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་ལ་མ་དག་མཚན་མའི་ཆོས་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མ་གྲུབ་པར། གང་སྣང་ཇི་ཤར་ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རོལ་པར་འཆར་བར་བྱེད་པས་ན་ཡེ་ཤེས་ཆེན་པོའི་སྣང་བ་མཆེད་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། འདི་ལྟར་ཁམས་གསུམ་རིགས་དྲུག་ན་རྒྱུ་བའི་སེམས་ཅན་རྣམས་ལ་མེད་སྣང་འཁྲུལ་པའི་རང་གཟུགས་སུ་ཤར་བའི་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ནི། གཏིང་ཟབ་ཅིང་ཐར་བར་དཀའ་བ། རྒྱ་ཆེ་ཞིང་ཕ་མཐའ་མི་མངོན་པས་རྒྱ་མཚོ་ཆེན་པོ་ལྟར་བུ་ཡིན་མོད། དེ་ལྟ་བུའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའི་སེམས་ཅན་རྣམས་ཀྱང་མན་ངག་ཟབ་མོ་འདི་དང་འཕྲད་ན་དབང་པོ་ཡང་རབ་རྣམས་ཐོས་པ་ཙམ་གྱིས་སྐད་གཅིག་གཅིག་གིས་བྱེ་བྲག་བྱེད་ལ། དེ་ཙམ་མིན་ཀྱང་དབང་པོ་འབྲིང་དང་ཐ་མ་རྣམས་ཀྱང་རྒྱུད་དོན་ཟབ་མོ་རྟོགས་ཤིང་གོམས་པ་ལ་བརྟེན་ནས་རིང་པོར་མི་ཐོག་པར། སྡུག་བསྔལ་དེ་ཐམས་ཅད་རྒྱུན་གཅོད་ཅིང་ཟག་མེད་བདེ་བ་མཆོག་གི་གོ་འཕང་ལ་དབང་བསྒྱུར་ཅིང་ཐོབ་པར་བྱེད་པ་ཡིན་པ་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱིས་སེམས་ཉིད་རང་བྱུང་གི་ཡེ་ཤེས་མ་བཅོས་རྣལ་མའི་དོན་མ་ནོར་རྗེན་ཅེར་དུ་བསྟན་པར་མཛད་པ་ན། རང་བཞིན་བབས་ཀྱི་བསམ་གཏན་ངང་བཞག་ཆུ་བོ་ལྟ་བུའི་དགོངས་པ་ལས་སྐད་ཅིག་ཀྱང་གཡེངས་པ་མེད་པས་སྙིང་པོ་ཡི་དོན་ལ་གོམས་པར་བྱེད་པའི་ཡོན་ཏན་གྱི་ཆེ་བ་དང་ལྡན་པ་ཡིན་ནོ། །གསུམ་པ་དེའི་དོན་འཛིན་པས་གྲུབ་པར་བསྟན་པ་ལ་གཉིས་ཏེ། སྐྱེ་མེད་རྟོགས་པའི་རང་བཞིན་བྱ་བཙལ་མེད་པར་གྲོལ་བ་དང་། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཡིད་ཆེས་པར་བཞག་པས་བཅོས་བསྒྱུར་མེད་པའི་ངོ་བོ་ཀུན་བྱེད་ཉིད་མཐོང་བར་བསྟན་པའོ། །དང་པོ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆོས་ཐམས་ཅད་ལ་ཆོས་ཉིད་སྙིང་པོའི་ཚུལ་དུ་འདུ་འབྲལ་མེད་པར་ཁྱབ་ཀྱང་སེམས་ཅན་ཐམས་ཅད་དེའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པ་ཡིན་ན་རྒྱུད་འདི་ཉིད་ལ་ལྟོས་ཅི་དགོས་སྙམ་ན། ཀྱེ་སེམས་དཔའ་རྡོ་རྗེ་སྟོན་པ་ཀུན་བྱེད་རྒྱལ་པོ་ངས་ནི། གདུལ་བྱ་རྣམས་ཀྱི་རྒྱུད་ན་རང་གནས་སྙིང་པོ་ཡེ་ཤེས་དེ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་གདོད་ནས་ལྷན་གཅིག་སྐྱེས་པའི་ངོ་བོར་བཞུགས་ནས་ཡོད་ཀྱང་། དེ་ཉིད་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པ་ཡི་ལིང་ཏོག་གིས་ཤེས་རབ་ཀྱི་དམིགས་བུ་བསྒྲིབས་ནས་མ་མཐོང་བར་མེད་སྣང་འཁོར་བའི་དུཿཁ་ལ་སྤྱོད་པ་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དེ་དག་བསལ་ནས། ཆོས་དབྱིངས་སྐྱེ་བ་མེད་པ་རིག་པ་བྱང་ཆུབ་སེམས་ཀྱི་རང་ཞལ་ནི་མ་ནོར་བ་མངོན་སུམ་དུ་བསྟན་པར་བྱས་ན། སྐལ་ལྡན་གྱི་རྣལ་འབྱོར་བ་སེམས་ཉིད་མ་བཅོས་རྣལ་མའི་དོན་ཇི་བཞིན་མཐོང་བའི་ཡེ་ཤེས་མིག་དང་ལྡན་པ་དེ་དག་གིས། ཐེག་པ་འོག་མའི་སྐབས་ནས་བསྟན་པའི་སྤང་བླང་རྩོལ་བསྒྲུབ་ཀྱི་བྱ་བ་གང་ཡང་བྱས་པ་མེད་པར་གདོད་ནས་ཡེ་སངས་རྒྱས་པ་རང་བྱུང་འདུས་མ་བྱས་པའི་རང་བཞིན་འདི་ཉིད་སྐད་ཅིག་ལ་རྟོགས་ནས་གདོད་མའི་ཀ་དག་ཆེན་པོའི་ཀློང་དུ་གྲོལ་བར་འགྱུར་རོ། །ཞེས་པའོ། །གཉིས་པ་ནི། དེ་ལྟ་བུའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཐེག་པ་མ་ལུས་པའི་སྙིང་པོ་གསང་སྔགས་ཀྱི་ཆོས་ཡིན་ལ་དེའི་ཀྱང་སྙིང་པོ་ཐེག་པ་འདི་ཉིད་ཡིན་པས་ཐེག་པའི་ཡང་སྙིང་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་དོན་ཇི་བཞིན་པ་བཀའ་རྩལ་ཞིང་བསྟན་པ་ཡི་མན་ངག་ཟབ་མོ་ཨ་ཏི་རྫོགས་པ་ཆེན་པོ་འདི་ལྟ་བུའི་མན་ངག་སྙིང་པོ་ཡི་ལུང་དང་ལྡན་པའི་སྐལ་ལྡན་གྱི་གང་ཟག་རྣམས་ཀྱིས་ཆོས་སྐུ་ཀུན་བྱེད་རྒྱལ་པོའི་དགོངས་དོན་ཟབ་མོ་དེ་ལ་ཡིད་ཆེས་ཀྱི་བློ་ཐག་གཏིང་ནས་ཆོད་པའི་སྒོ་ནས། རེ་དོགས་འབད་རྩོལ་གྱི་བྱ་བ་ཅི་ཡང་མི་བྱེད་པར་སེམས་ཀྱི་རང་བཞིན་མ་བཅོས་གཉུག་མའི་ངང་ལ་རང་བབ་བཅོས་བསྒྱུར་དང་བྲལ་བར་བཞག་སྟེ་འབད་རྩོལ་གྱིས་གདུང་བ་མེད་པར་བདེ་བར་གནས་པར་བྱས་ན་ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གདོད་ནས་བསལ་བཞག་བྲལ་བའི་དགོངས་པ་དེ་ཉིད་བསྒྲིབ་མེད་མངོན་སུམ་ཉིད་དུ་གསལ་བར་འགྲུབ་པ་ཡིན་པས། དེས་ན་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་བླང་དོར་འབད་རྩོལ་གྱིས་མ་བཅོས་ཤིང་རང་བཞིན་མི་འགྱུར་བའི་དོན་ཇི་བཞིན་པ་ལ་འཇུག་ཅིང་རྩོལ་བ་མེད་པར་ལྷུན་རྫོགས་བདེ་བ་ཆེན་པོའི་ངང་ལ་གནས་པར་གྱིས་ཤིག་ཅེས་གདམས་པ་སྟེ། ཁྲེག་ཆོད་རྒྱབ་ཆོས་ནམ་མཁའ་རབ་འབྱམས་ལས། ཀྱེ་ཧོ་གྲོགས་དག་དྲན་རིག་འགྱུ་བའི་སེམས། །བུ་ཆུང་བཞིན་ཏེ་རང་བབས་གང་དགར་ཐོངས། །དྲན་བསམ་འཛིན་བྲལ་སྨྱོན་པའི་བརྟུལ་ཞུགས་ཅན། །གང་བབས་གང་བྱུང་ཐོག་བབས་ཆེན་པོར་ཐོངས། །རང་བབས་ལྷོད་ཆགས་རྒན་པོའི་ངང་ཚུལ་ཅན། །གཟེབ་བྲལ་ཁོད་ཡངས་གང་ཤར་རང་བབས་ཐོངས། །རྣལ་འབྱོར་ཆེན་པོའི་དགོངས་ཀློང་ཡངས་པ་ཡིན། །སྣ་ཚོགས་དྲན་རིག་ཐམས་ཅད་ཡེ་ཤེས་དངོས། །རང་ཤར་རང་གྲོལ་ཀུན་བཟང་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་དགག་བསྒྲུབ་དང་བཅོས་བསྒྱུར་ཅི་ཡང་མི་བྱེད་པར་བཞག་པས་གང་ཤར་ཅི་སྣང་ཐམས་ཅད་ཀུན་བྱེད་ཀུན་ཏུ་བཟང་པོའི་རང་བཞིན་ལས་མི་འདའ་བར་གསུངས་པའོ། །བཞི་པ་ཀུན་བྱེད་སྙིང་པོའི་རྒྱུད་སྐལ་མེད་ལ་གསང་ཞིང་སྐལ་ལྡན་ལ་སྣང་བའི་དོན་དུ་སེམས་དཔའ་རྡོ་རྗེ་ལ་གཏད་པ་ལ་གསུམ་སྟེ། སྐུ་གསུམ་སྟོན་པས་དུས་གསུམ་དུ་མ་གསུངས་པའི་དོན་ཀུན་བྱེད་སྟོན་པས་གསུངས་པའི་ཚུལ། སྐལ་མེད་ལ་མི་སྤེལ་ཞིང་སྐལ་ལྡན་ལ་སྣང་བས་མི་ནུབ་པའི་རྒྱལ་མཚན་ཀུན་བྱེད་སྙིང་པོའི་རྒྱུད་ངེས་པར་གཏད་པའི་ཚུལ་ལོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྩོལ་མེད་ཡེ་སངས་རྒྱས་པའི་རང་བཞིན་དུ་སྟོན་པར་མཛད་པ་པོ་ང་ནི་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་ཆོས་སྐུ་ཀུན་བྱེད་རྒྱལ་པོ་སྟེ། སྟོན་པ་ངས་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཐེག་པ་མ་ལུས་པའི་རྩ་བ། ཆོས་ཐམས་ཅད་ཀྱི་སྙིང་པོའི་རང་བཞིན་མ་ནོར་བར་སྟོན་པའི་མདོ་ལུང་གང་ཞིག་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་མ་གསུངས་པའི་བཀའ་ཟབ་ཅིང་རྒྱ་ཆེ་བ། ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པར་རང་བྱུང་ཡེ་ཤེས་གཅིག་གི་རང་བཞིན་དུ་གཉིས་མེད་མཉམ་པ་ཉིད་དུ་སྟོན་པར་བྱེད་པའི་སེམས་ཉིད་རྫོགས་པ་ཆེན་པོའི་རྒྱུད་འདི་ནི། དུས་གསུམ་གྱི་རྒྱལ་བས་ཏེ་རྒྱལ་བ་མ་ལུས་པས་སྔོན་ཆད་བྱོན་ཟིན་པ་རྣམས་ཀྱིས་མ་གསུངས་ཏེ་འདི་ནི་ཆོས་སྐུའི་བསྟན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་མ་སྟེ་མ་འོངས་པ་ན་འབྱོན་པར་འགྱུར་བ་རྣམས་ཀྱིས་མི་གསུང་ལ། ད་ལྟར་སྐུ་དངོས་སུ་འཚོ་ཞིང་བཞུགས་པ་རྣམས་ཀྱིས་ཀྱང་སྟོན་པར་མི་མཛད་པས་ཨ་ཏི་རྫོགས་པ་ཆེན་པོའི་ཐེག་པ་འདི་དང་ཤིན་ཏུ་འཕྲད་དཀའ་བ་ཡིན་ཕྱིར་མན་ངག་སྙིང་པོའི་དོན་དང་ད་རིས་འཕྲད་པའི་དུས་འདིར་གཅེས་སྤྲས་ཀྱིས་ནན་ཏན་བྱེད་པར་གདམས་པ་ཡང་ཤུགས་ཀྱི་བསྟན་པའོ། །གཉིས་པ་ནི། དེ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མ་གསུངས་ན། འོ་ན་སྟོན་པ་གང་གིས་གསུངས་པ་ཡིན་ཞེ་ན། འདི་ཉིད་གསུངས་པ་པོ་ནི་སྐུ་གསུམ་གྱི་རྒྱལ་བ་མ་ལུས་པའི་སྟོན་པ་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མེས་ཆེན་པོ་དང་པོའི་སངས་རྒྱས་གདོད་མའི་མགོན་པོའམ། རང་བྱུང་ཀུན་ཏུ་བཟང་པོ་ཆོས་སྐུ་ཀུན་བྱེད་རྒྱལ་པོས་གསུངས་པ་ཡིན་ལ། དེ་ལྟ་བུའི་སྟོན་པ་རང་བྱུང་གི་ཡེ་ཤེས་དེ་ནི་དམིགས་མཚན་སྤྲོས་པ་ཐམས་ཅད་ལས་འདས་ཤིང་རྟག་ཏུ་འཕོ་འགྱུར་མི་མངའ་བ་ཡིན་པས། སྟོན་པ་ཀུན་བྱེད་ཉིད་ཀྱིས་ནི་གསང་ཆེན་ཨ་ཏིའི་ཐེག་པ་འདི་ཉིད་སྔ་བར་ཏེ་སྔར་ཡང་གསུངས་ཤིང་ཕྱིས་ཀྱང་གསུངས་བར་འགྱུར་ལ། ད་ལྟར་མངོན་སུམ་དུ་བྱུང་བར་གྱུར་པ་འདི་ཉིད་ནའང་གསུངས་པ་ཡིན་པས་ཞེས་དོན་ལ་སངས་རྒྱས་ཆོས་ཀྱི་སྐུ་ལ་དུས་གསུམ་གྱི་དབྱེ་བ་མེད་ཀྱང་དུས་བཞི་མཉམས་པ་ཉིད་ཀྱི་ངང་ན་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པ་ཡིན་པར་བསྟན་པའོ། །གསུམ་པ་ནི། དེ་ལྟར་སྟོན་པ་ཀུན་བྱེད་རྒྱལ་པོས་སྐལ་ལྡན་གྱི་གདུལ་བྱ་དབང་པོ་ཡང་རབ་རྣམས་ལ་ཆོས་སྒོ་ཐམས་ཅད་ཀྱི་ནང་ནས་ངེས་པའི་སྙིང་པོ་དམ་པར་གྱུར་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མ་གསུངས་མི་གསུང་གསུང་བར་མི་འགྱུར་བའི་ཐེག་མཆོག་རྫོགས་པ་ཆེན་པོའི་དགོངས་དོན་སྙིང་པོ་བྱང་ཆུབ་སེམས་ཀྱི་དོན་མ་ནོར་བར་བསྟན་པས་དཀའ་སྤྱོད་དང་རྩོལ་སྒྲུབ་ལ་ལྟོས་པ་མེད་པར་འབད་མེད་དུ་གྲོལ་བའི་ལུང་ཟབ་མོ། །ཀུན་བྱེད་བྱང་ཆུབ་སེམས་ཀྱི་མདོ་ལུང་ལྟར་སེམས་དཔའ་རྡོ་རྗེ་ཉིད་ལ་མངོན་སུམ་དུ་བསྟན་པའི་བཀའ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་པ་འདི་ཉིད། སྐལ་མེད་སྒྲོ་སྐུར་འདེབས་པའི་རིགས་ཅན་རྣམས་ལ་སྦ་ཞིང་གསང་བའི་སྒོ་ནས་ཀུན་ལ་མི་འཕེལ་བའམ་མི་སྤེལ་བ་དང་། སྐལ་ལྡན་རྣམས་ལ་ངེས་གསང་བསྟན་པའི་སྣང་བ་མི་ནུབ་པར་བྱེད་པའི་དགོས་པ་ཡོད་པས་ཐེག་མཆོག་རྡོ་རྗེ་སྙིང་པོ་འདི་ཡི་བསྟན་པ་འཛིན་པར་བྱེད་པ་རྣམས་ལ་སྟོན་ཞིང་སྤེལ་བར་བྱེད་པའི་ཆེད་དུ། བསྟན་པའི་སྙིང་པོ་ཆོས་ཉིད་མི་ནུབ་པའི་རྒྱལ་མཚན་ཀུན་བྱེད་རྒྱལ་པོ་མཆོག་གི་རྒྱུད་འདི་ཉིད་སྒྲོ་སྐུར་དང་བྲལ་བར་ངེས་པར་ཟུང་ཞིག་ཅེས། ཐུགས་སྲས་དམ་པ་སེམས་དཔའ་རྡོ་རྗེ་ཁྱོད་ལ་གཏད་དོ། །ཞེས་གསུངས་སོ། །ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་མཚན་གྱི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའི་འགྲེལ་པའོ།། ༈ །།སྤྱི་དོན་གསུམ་པ་ཡོངས་སུ་རྫོགས་པའི་དོན་ལ་གཉིས་ཏེ། གང་ཡོངས་སུ་རྫོགས་པའི་རྒྱུད་དང་། གང་གིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ། །དང་པོ་ལ་བཞི་སྟེ། མཚན་གྱི་ཁྱད་པར། དོན་གྱི་ངོ་བོ། དབྱིངས་ཀྱི་རང་བཞིན། གྲངས་ཀྱི་དབྱེ་བའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ཞེས་པ་ཐེག་པ་འོག་མ་རྣམས་ལས་བརྗོད་བྱ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་ཕུལ་དུ་ཕྱིན་པ་མཚོན་པར་བྱེད་པའི་མཚན་གྱི་ཁྱད་པར་བསྟན་པའོ། །གཉིས་པ་ནི། དེ་ལྟ་བུའི་མཚན་གྱི་ཁྱད་པར་དང་ལྡན་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་བརྗོད་བྱ་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བའམ་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་ནམ་མཁའ་ལྟར་འཁོར་འདས་ཐམས་ཅད་ལ་ཁྱབ་པས་རྒྱ་ཆེ་ཞིང་མཐའ་དང་དབུས་མེད་པས་སྨྲ་བརྗོད་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཡིན་ལ་དེ་ཉིད་ཇི་ལྟ་བ་བཞིན་བསྟན་པར་མཛད་པའི་རྒྱུད་འདི་ཡང་བཅོས་བསྒྱུར་སྤང་བླང་ལས་འདས་པའི་རང་བཞིན་ཅན་ཏེ། སྙིང་པོ་དོན་གྱི་རྒྱུད་ལས་བསྐྱེད་པ་མེད་པའི་བྱང་ཆུབ་སེམས། །འཇིག་པ་མེད་པ་ནམ་མཁའ་འདྲ། །གང་ལའང་མི་བརྟན་རྟོག་དཔྱོད་འདས། །མ་བཅོས་རྫོགས་པའི་ཐེག་པར་གསུངས། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟ་བུའི་སྨྲ་བསམ་བརྗོད་དུ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུ་དེ་ཡང་སྟོང་པ་ཕྱང་ཆད་པ་ལྟ་བུ་མ་ཡིན་པར་ལྷུན་གྲུབ་འོད་གསལ་བའི་ཡེ་ཤེས་དང་འདུ་འབྲལ་མེད་པས་འཁོར་འདས་ཀྱི་སྣང་ཆ་མུ་མེད་པར་འཆར་དུ་ཡོད་པས་ནམ་མཁའི་སྙིང་པོ་མཆོག་གི་དོན་ཞེས་གསུངས་ཏེ། དེ་ཉིད་ལས། མ་སྐྱེས་སྙིང་པོ་སྒྲོ་སྐུར་མེད་པའི་དབྱིངས། །སངས་རྒྱས་སེམས་ཅན་མ་སྐྱེས་སྙིང་པོར་མཐོང་། །ཞེས་སོ། །བཞི་པ་ནི། དེ་ལྟ་བུའི་གསང་བ་མཆོག་གི་དོན་མ་ནོར་བ་སྟོན་པར་མཛད་པའི་མདོ་ལུང་ཆེན་པོ་ལེའུ་བརྒྱད་ཅུ་རྩ་བཞི་པ་རྫོགས་སོ། །ཞེས་ཡོངས་སུ་རྫོགས་པ་མཐར་ཕྱིན་པར་བསྟན་པའོ། །གཉིས་པ་གང་གིས་བསྒྱུར་ཞིང་ཞུས་དེ་གཏན་ལ་ཕབ་པ་ལ་གསུམ་སྟེ། པཎྜི་ཏ་གང་གིས་བསྒྱུར་བ། ལོ་ཙཱ་བ་གང་གིས་ཞུས་པ། ཆོས་གང་གཏན་ལ་ཕབ་པའོ། །དང་པོ་ནི། རྒྱ་གར་གྱི་མཁན་པོ་དཔའ་གྱི་སེང་གེ་མགོན་པོ་དང་ཞེས་པ་ནི་པཎྜི་ཏའི་མཚན་ཏེ། དེ་ལ་བདག་ཉིད་ཆེན་པོ་འདི་ནི་མ་ཧཱ་ཙི་ནའི་ཡུལ་གྱི་གྲོང་ཁྱེར་ཤོ་འཁྱམས་ནག་པོ་ཞེས་བྱ་བར་ཡབ་ཁྱིམ་བདག་དགེ་ལྡན་བཟང་པོ་དང་ཡུམ་སྣང་གསལ་ལྡན་མའི་སྲས་ཤྲཱི་སེང་ཧ་ཞེས་བྱ་བར་སྐུ་འཁྲུངས་ཏེ་སྒྲ་ཚད་ལ་སོགས་པའི་རིག་པའི་གནས་ལྔ་ལ་མཁས་ཤིང་། གསང་སྔགས་ཕྱི་ནང་གི་རྒྱུད་ལུང་མན་ངག་ཐམས་ཅད་ཐུགས་སུ་ཆུད་པའི་མཁས་པ་ཆེན་པོ་ཞིག་ཏུ་གྱུར་པ་ལས། རེ་ཞིག་གི་ཚེ་ན་འཕགས་མཆོག་མིག་གི་འཛུམ་པ་མདུན་གྱི་ནམ་མཁར་བྱོན་ནས་ལུང་བསྟན་པ། ཀྱེ་སྐལ་ལྡན་ཚེ་གཅིག་གིས་འབྲས་བུ་ངེས་པར་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག་ཅེས་གསུངས་པས། རྐང་མགྱོགས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་ཉིན་མཚན་དགུ་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན་པས། དེར་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ་ནས་ཕྱག་འཚལ་ཏེ་ཞབས་སྤྱི་བོར་བླངས་ཤིང་བདག་རྗེས་སུ་འཛིན་པར་ཞུས་པས་གནང་སྟེ། ལོ་ཉི་ཤུ་རྩ་ལྔར་ཐིག་ལེ་མཆོག་གི་རྒྱུད་ལུང་མན་ངག་དང་བཅས་པའི་དབང་ཁྲིད་ཐམས་ཅད་ཞུས་ཤིང་ཉམས་སུ་བླང་བས་འོད་གསལ་ཆུ་ཡི་ཟླ་བ་ལྟ་བུའི་ལུས་ཐོབ་ནས་མཆོག་གི་དངོས་གྲུབ་བརྙེས་པར་གྱུར་པས་མཚོན། མདོར་ན་པཎྜི་ཏ་ལྔ་བརྒྱའི་ཐུགས་སྲས་སུ་གྱུར་ཞིང་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཆེན་པོར་གྱུར་པ་དེ་ཉིད་དོ། །གཉིས་པ་ནི། པཎ་ཆེན་བི་མས། བཻ་རོ་ཙ་ན་འདྲ་བའི་ལོ་ཙྭ་བ། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །ལོ་ཙྭ་ཞེས་ཀྱང་དོན་ལ་པཎྜི་ཏ། །ཞེས་དང་། རྔོག་ལོ་ཆེན་པོས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །རྐ་ཅོག་ཞང་གསུམ་ཉི་ཟླ་ཟུང་འབྲེལ་འདྲ། །རིན་ཆེན་བཟང་པོ་ཐོ་རང་སྐར་རྗེན་ཙམ། །ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་འདྲ། །ཞེས་གསུངས་པ་སོགས་དོན་གཟིགས་ཀྱི་སྐྱེས་བུ་རྣམས་ཀྱིས་བསྔགས་པའི་མེ་ཏོག་ཡང་ཡང་འཐོར་བ་དང་། རྗེ་བཻ་རོ་ཉིད་ཀྱི་ཞལ་ནས་ཀྱང་། གསོན་དང་བོད་ཀྱི་རྗེ་འབངས་རྗེས་འཇུག་ཚོ། །བཻ་རོ་ང་ཡི་གཏམ་གཅིག་བཤད། །ལོ་བརྒྱད་ལོན་ནས་བཅུ་གསུམ་བར། །སྐད་རིགས་མི་གཅིག་གསུམ་བརྒྱ་དྲུག་ཅུ་སླབས། །བཅུ་བཞི་ལོན་ནས་རྒྱ་གར་ཡུལ་དུ་བྱོན། །དགའ་རབ་འཇམ་དཔལ་ཤྲཱི་རི་སེང་ཧ་སོགས། །འཇའ་ལུས་གྲུབ་པ་ཉི་ཤུ་རྩ་ལྔ་བརྟེན། །མཁས་གྲུབ་བརྙེས་པ་བདུན་ཅུ་རྩ་གཉིས་བརྟེན། །དོ་ཤི་དོ་ཆད་དཀའ་བ་སྣ་ཚོགས་སྤྱད། །རྒྱ་ཆོས་ལྷག་མེད་མ་ལུས་བོད་དུ་བསྒྱུར། །ཞེས་སོགས་གསུངས་པས་མཚན་ཡོན་ཏན་གྱི་ཆེ་བ་བློས་གཞན་དུ་མི་ནུས་པ་དང་ལྡན་པའི་སྐད་གཉིས་སྨྲ་བའི་ཁྱུ་མཆོག་ཆེན་པོ་དགེ་སློང་བཻ་རོ་ཙ་ནས་ཞེས་པ་ནི་བསྒྱུར་བྱེད་ལོ་ཙྭ་བའི་མཚན་ནོ། །གསུམ་པ་ནང་གསེས་སུ་གསུམ་ལས། དང་པོ་ནི། རྒྱ་དཔེ་ལས་བོད་དཔེར་བསྒྱུར་ཅིང་། གཉིས་པ་བོད་དཔེ་ལས་རྒྱ་དཔེར་ཞུས་ཏེ་དག་པར་བྱས་པ་དང་། གསུམ་པ་ནི་སླར་ཚིག་འཆད་ཉན་གྱི་སྒོ་ནས་རྒྱ་དཔེ་ལས་ཇི་ལྟར་བསྟན་པ་ལྟར་བོད་དཔེར་ཏེ་བོད་དཔེའི་སྟེང་ནས་གཏན་ལ་ཕབ་ནས་ཤིན་ཏུ་དག་པར་བྱས་པའོ། །དེ་ལྟ་བུའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་དང་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པའི་ངེས་གསང་རྫོགས་ཆེན་པོའི་བསྟན་པ་འདི་ཉིད་ལྔ་བརྒྱའི་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་ལྗོངས་སུ་དར་ནས་འགྲོ་བའི་སྒྲོན་མེ་ཆེན་པོ་བྱེད་པར་ལུང་བསྟན་ཏེ། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། དུས་ཀྱི་ཐ་མ་ལྔ་བརྒྱ་ན། །མནའ་ཟ་ཁྲིམ་འཆལ་དམ་ཉམས་འབྱུང་། །མཚོན་དང་མུ་གེ་ཚེ་ཐུང་དུས། །རྫོགས་ཆེན་སྙིང་པོར་དུས་དེར་བཤད། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་དང་དུས་ཀྱི་དེང་སང་ན། །སངས་རྒྱས་བསྟན་པ་འཇིག་པའི་ཚེ། །འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ། །ལུང་དང་ཏན་ཏྲ་མང་པོ་འབྱུང་། །ལུང་དང་སེམས་ཀྱི་ཆོས་དར་སྟེ། །སྡེ་སྣོད་ཆོས་ཀུན་ནུབ་འགྱུར་ཞིང་། །དེ་ཚེ་སྐལ་ལྡན་འགའ་འགའ་ལ། །རང་སེམས་རྟོགས་པ་ཙམ་གྱིས་ནི། །འབྲས་བུ་སངས་རྒྱས་དུས་འདིར་འབྱུང་། །ཞེས་དང་། ཡེ་ཤེས་གསང་བའི་རྒྱུད་ལས། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣར་བརྒྱུད་རིམ་པ་སྔགས་ཀྱི་དོན། །འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། །གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་དོན་གོ་ནས། །རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེར་ཡང་གསང་བ་དམ་པ་འདི། །སྐལ་ལྡན་གདུལ་བྱའི་ངོ་དག་ཏུ། །རིག་པའི་སྒྲོན་མེ་བྱེད་པར་འགྱུར། །ཞེས་དང་། ནམ་མཁའི་མཐའ་དང་མཉམ་པ་ལས། དེ་ནས་ཐུགས་རྗེའི་བྱིན་རླབས་དང་། །དད་པས་ལས་འཕྲོ་ལྡན་པ་ཡི། །གཉིས་སུ་མེད་པར་མཐུན་པ་ཡིས། །མཐའ་འཁོབ་ཡུལ་དུ་སྣང་གྱུར་ནས། །སྐལ་ལྡན་རིགས་རྒྱུད་འཛིན་པ་རྣམས། །རང་གསལ་རིག་པའི་དོན་གོ་ནས། །སངས་རྒྱས་ས་ལ་བགྲོད་པར་འགྱུར། །འདི་རྣམས་དད་ལྡན་རྒྱལ་སྲས་ཏེ། །རིགས་སུ་ངེས་པ་ཉིད་དུ་འགྱུར། །ཞེས་གསུངས་པ་དེ་ལྟར་རྒྱལ་བ་ཀུན་ཏུ་བཟང་པོས་བསླུ་མེད་རྡོ་རྗེའི་གསུང་གིས་ཇི་ལྟར་ལུང་བསྟན་པ་བཞིན་དུ་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱི་ཐུགས་བསྐྱེད་དུས་སུ་སད་པའི་མཐུ་ལ་བརྟེན་ནས། སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བའི་ཆོས་ཟབ་པ་ལས་ཀྱང་ཆེས་ཟབ་པ་ངེས་གསང་རྫོགས་པ་ཆེན་པོ་སེམས་ལུང་མན་ངག་གི་རྒྱུད་ཐམས་ཅད་གངས་ལྗོངས་གདུལ་བྱའི་དཔལ་དུ་སྤྱན་དྲངས་ཤིང་། ཀུན་གཟིགས་རོང་ཀློང་རྣམ་གཉིས་སོགས་དགོངས་པའི་རྩལ་ཆེན་རྫོགས་པའི་གྲུབ་པའི་རིག་འཛིན་ཆེན་པོ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མང་དུ་མཛད་པའི་བཀའ་དྲིན་ལ་བརྟེན་ནས། དེང་སང་དུས་ཀྱི་སྙིགས་མ་ལ་བབ་པའི་སྐབས་འདིར་ཡང་ལྔ་བདོའི་རྒུད་པས་མནར་བའི་སེམས་ཅན་བདག་དང་བདག་ལྟ་བུ་རྣམས་ཡིན་ཡང་ཐེག་མཆོག་འོད་གསལ་རྫོགས་ཆེན་པོའི་ཆོས་ལ་སྤྱོད་དུ་ཡོད་པའི་སྐལ་བཟང་ཐོབ་པ་འདི་ལ་དགའ་སྤྲོ་དང་བཅས་པས་འཆད་ཉན་བསྒོམ་པ་སོགས་ལ་བརྩོན་པར་བྱས་ན་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་གསུངས་ཏེ། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་པས། །ཀུན་བཟང་དགོངས་པ་ཆེ་བ་ཡིན། །ཐེག་གཞན་ཆོས་ཀུན་སྤྱད་པ་བས། །རྫོགས་ཆེན་མོས་པ་ཁྱད་པར་འཕགས། །ཞེས་དང་། བདུད་རྩི་བཅུད་ཐིག་ལས། འདི་ཡི་ཕན་ཡོན་བསམ་ཡས་ཏེ། །རེ་ཞིག་མཚོན་པ་ཙམ་བསྟན་པ། །གནས་སུ་བཅིང་བས་བར་ཆད་བསྲུང་། །ལུས་ལ་བཅིང་བས་སྒྲིབ་གཉིས་སེལ། །བཀླག་པ་ཙམ་གྱིས་ཚོགས་གཉིས་རྫོགས། །མཐོང་བ་ཙམ་གྱིས་དོན་དང་འཕྲད། །ཐོས་པ་ཙམ་གྱིས་སྤྲོས་ཐག་ཆོད། །བཟུང་བས་ཆོས་ཀུན་བཟུང་དང་མཚུངས། །སྐལ་པར་བསགས་པའི་སྒྲིབ་པ་ཡང་། །འདི་ནི་རྣ་བར་ཐོས་པས་སེལ། །མོས་པ་བྱས་པ་ཙམ་ལ་ཡང་། །ས་བཅུའི་སྲས་དང་ཡོན་ཏན་མཉམ། །དོན་རྟོགས་གདེང་དུ་འདི་འཆིང་ན། །ཡོན་ཏན་བསམ་དང་བརྗོད་ལས་འདས། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །ཞེས་དང་། རིན་པོ་ཆེ་སྤུངས་པ་ལས། འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱིས་དབང་ཐོབ་སྟེ། །རྒྱུད་འདི་བཅིང་བ་ཙམ་གྱིས་ཀྱང་། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡི་བྲིས་པ་སྟེ། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་བྱོས། །ཞེས་དང་། ནམ་མཁའ་ཀློང་ཡང་ལས། ངེས་དོན་འདི་ལ་གང་མོས་རྣམས། །བཀའ་དང་མཐུན་པར་དོན་གོ་ནས། །རྡུལ་ཙམ་དུ་ཡང་མ་བསྒོམ་ཀྱང་། །སངས་རྒྱས་ས་ལ་སྨོས་ཅི་དགོས། །ཞེས་དང་། ངེས་དོན་འདུས་པ་ལས། འདི་ལ་མོས་ཤིང་འཛིན་པ་ལ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རླབས། །བསོད་ནམས་མི་ཟད་གཏེར་དང་མཇལ། །ཕྱི་མའི་འབྲས་བུ་དུས་འདིར་སྨིན། །ཀུན་ཏུ་བཟང་པོས་དེ་སྐད་བཤད། །ཅེས་དང་། རིན་པོ་ཆེ་རྒྱས་པ་ཆེན་པོའི་རྒྱུད་ལས། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །སྡུད་པའི་གསང་དབང་རྡོ་རྗེ་སེམས་དཔའ་ལ། །ཐེག་པ་འདི་ལ་མོས་པ་ཀུན། །མ་ནོར་དམ་པའི་ལམ་ཞུགས་ནས། །སེམས་བསྐྱེད་པ་ཡི་འབྲས་བུ་རྫོགས། །སྲིད་པ་གར་འབྱུང་གར་སྐྱེས་ཡང་། །བར་དོ་རྣམ་པ་གསུམ་ཉིད་དུ། །ཐེག་པ་འདི་དང་མི་འབྲལ་ཞིང་། །བླ་མ་ལྟ་བུར་ལུང་ཡང་སྟོན། །འདི་ཉིད་བྲིས་པ་ཙམ་གྱིས་སུ། །ངན་སོང་རྣམས་ལས་རབ་རྒྱལ་ཞིང་། །བདེ་གཤེགས་ཀུན་གྱིས་བྱིན་གྱིས་བརླབ། །སྲས་ཀྱི་དམ་པ་སངས་རྒྱས་སྲས། །མཁའ་འགྲོ་རྣམས་ཀྱི་ལུང་ཡང་འཐོབ། །འདི་ཉིད་བཀླགས་པ་ཙམ་གྱིས་སུ། །ཁམས་གསུམ་རྣམས་ལས་རབ་འདས་ཤིང་། །འཆི་ཀའི་རྣ་བུག་བརྗོད་པ་ན། །ངན་སོང་ལས་ནི་ཐར་བར་བྱེད། །མི་མིན་གདོན་ལ་སོགས་པ་ཡིས། །གདུག་པ་ཞི་ནས་ཡང་དག་འཐོབ། །ལྷ་དང་མཁའ་འགྲོ་ཐམས་ཅད་ཀྱིས། །རྗེ་བོར་མཐོང་ནས་ངེས་པར་བཀུར། །ཡང་དག་ངེས་པའི་ལུང་ཡང་སྟོན། །འདི་ཉིད་བཅང་བ་ཙམ་གྱིས་སུ། །ངན་སོང་གསུམ་ལས་རབ་ཐར་ཞིང་། །འཇིག་རྟེན་འདི་ནས་ཕ་རོལ་གྱི། །དོན་རྣམས་ཐམས་ཅད་འགྲུབ་པར་བྱེད། །འདི་ཉིད་ཡིད་ལ་བྱེད་པ་ཡིས། །བདེ་གཤེགས་ཐམས་ཅད་བཀུར་བས་ན། །ཡང་དག་ལམ་ན་གནས་པ་ན། །བྱང་ཆུབ་སེམས་དཔས་བྱིན་གྱིས་རློབས། །འདི་ཉིད་ཉན་པ་ཙམ་གྱིས་སུ། །ཐེག་པ་ཐམས་ཅད་ཉན་པས་ན། །སངས་རྒྱས་དགོངས་པ་ཀུན་འགྲུབ་པས། །མཐུན་པའི་ཡེ་ཤེས་རང་སྣང་བས། །སངས་རྒྱས་རྣམས་ཀྱིས་སྲས་སུ་མཐོང་། །བྱང་སེམས་ཀུན་གྱིས་སྤུན་དུ་གཟིགས། །མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབ། །གར་འབྱུང་དེ་ནི་གར་སྐྱེས་ཡང་། །ཐེག་པ་འདི་ལ་རྟག་ཏུ་སྤྱོད། །འདི་ཉིད་བཤད་པ་ཙམ་གྱིས་སུ། །དུས་གསུམ་རྒྱུན་མི་འཆད་པ་རུ། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །བར་དོ་རྣམ་པ་གསུམ་དུ་ཡང་། །བདེ་གཤེགས་ཐུགས་ཀྱིས་དམ་པར་གཟིགས། །རྡོ་རྗེ་སེམས་དཔའ་དངོས་སུ་སྣང་། །འདི་ཡི་ལུང་ཉིད་བསྟན་ནས་ནི། །ཡང་དག་ངེས་པའི་འབྲས་བུ་ཐོབ། །དེ་ཉིད་བསྒོམས་པ་ཙམ་གྱིས་སུ། །ཚེ་གཅིག་ཡང་དག་འབྲས་བུ་སྟེར། །སྐུ་གསུམ་སྣང་བར་ལྷུན་གྱིས་གྲུབ། །དེ་ཡི་ཡོན་ཏན་བསམ་མི་ཁྱབ། །འདི་ཉིད་མཆོད་བསྟོད་བྱས་པ་ཡིན། །དཀོན་མཆོག་གསུམ་པོ་ཀུན་མཆོད་དང་། །ཉེ་བའི་སྲས་ཀྱི་དམ་པར་འཛིན། །སྡུག་བསྔལ་རྣམས་ནི་མི་འབྱུང་ཞིང་། །དབུལ་བ་ཐམས་ཅད་སེལ་བའོ། །སྟོང་གསུམ་རྡུལ་ནི་བསམ་ནུས་ཏེ། །འདི་ཡི་བསོད་ནམས་བསམ་མི་ནུས། །ཞེས་པ་ལ་སོགས་པ་རྫོགས་ཆེན་གྱི་རྒྱུད་སྡེ་རྣམས་ནས་ཆོས་ཟབ་མོ་འདི་ལ་འཆད་ཉན་བསྒོམས་པ་བྱས་པ་ལྟ་ཅི་སྨོས་ཀྱི་ཐ་ན་མོས་པ་ཙམ་བྱས་པའི་བསོད་ནམས་བསམ་གྱིས་མི་ཁྱབ་པར་གསུངས་པའི་ཚུལ་ལ་བསམ་ཏེ་རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པའི་གསང་མཛོད་འདི་ལ་ཅི་ནུས་སུ་བརྩོན་པ་ནི་དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་དོན་འབྲས་ཡང་དག་པ་ཡིན་ནོ་ཞེས་དང་པོའི་ལས་ཅན་རང་དང་སྐལ་བ་མཉམ་པ་རྣམས་ལ་ཞར་བྱུང་དུ་ཐལ་ལོ། །དེ་ལྟར་ཀུན་བྱེད་བྱང་ཆུབ་སྙིང་པོའི་རྒྱུད། །མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་དོན། །དེང་སང་བདག་གིས་ཕྱེས་པའི་བསོད་ནམས་དེས། །འགྲོ་ཀུན་ཀུན་བྱེད་རྒྱལ་པོའི་གནས་ཐོབ་ཤོག །ད་ནི་རྒྱལ་བའི་བསྟན་པའང་ནུབ་ཏུ་ཉེ། །ཟབ་མོའི་ཆོས་ཚུལ་རྒྱ་མཚོ་འགྲིབ་ལ་ལྟོས། །སྙིགས་དུས་སྐྱེ་བོ་ཤིན་ཏུ་གདུལ་དཀའ་བས། །ངེས་དོན་སྙིང་པོའི་དོན་ལ་མོས་པ་ཉུང་། །སྔོན་གྱི་སྐྱེས་བུ་དམ་པའི་བཀའ་དྲིན་གྱིས། །རྒྱུད་རྒྱལ་ཉི་མ་དྲི་མེད་ཤར་ན་ཡང་། །དངངས་ཤིང་སྐྲག་ལ་ལོག་ལྟས་དོར་བ་མང་། །དངོས་པོས་མཚན་མར་ཞེན་པ་སྙིང་རེ་རྗེ། །བག་ཆགས་གཉིས་སུ་འཛིན་པའི་ཆོས་རྣམས་ཀྱིས། །ནམ་ཡང་སྲིད་ལས་མི་ཐར་སྐྱོ་བ་འཕེལ། །སྙིང་པོའི་སེམས་ཉིད་མངོན་སུམ་བལྟར་ཡོད་ཀྱང་། །སྐལ་མང་དུས་ལ་ལྟོས་པ་སྙིང་རེ་རྗེ། །དེ་འདྲའི་འགྲོ་ལ་ཟབ་མོའི་ཆོས་རྣམས་ཀྱིས། །དེ་ཉིད་རྟོགས་པའི་རང་བཞིན་སྐལ་པ་ཆད། །དེ་དག་མཐོང་ནས་སྙིང་རྗེའི་རླབས་གཡོས་པས། །དེ་དོན་བདག་གིས་ནམ་ཞིག་བྱེད་པར་ཤོག །སྐྱེ་བ་སྔོན་ནས་སྦྱངས་པའི་ལས་འཕྲོ་ཅན། །སྐལ་བཟང་སློབ་མ་དམ་པས་བསྐུལ་བའི་ངོར། །ཀུན་བྱེད་རྒྱུད་དོན་གསལ་བའི་རྣམ་བཤད་འདི། །གངས་རི་ཐོད་དཀར་མགུར་དུ་ལེགས་པར་བཀོད། །ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་བསྡུས་དོན་ཉི་ཟླའི་དྲྭ་བ་ཞེས་བྱ་བ། །རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །ཀློང་ཆེན་རབ་འབྱམས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །ཞེས་པ་ནི་བསྡུས་དོན་གྱི་མཛད་བྱང་ངོ་། །འདིར་སྨྲས་པ། དེ་ལྟར་སྐུ་གསུམ་རྒྱལ་བ་མ་ལུས་པའི། །སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཞེས། །ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་དེས། །རང་སྣང་རིག་པའི་འཁོར་ཚོགས་རྒྱ་མཚོ་ལ། །ཆོས་སྐུའི་དགོངས་པས་བྱིན་གྱིས་བརླབས་པའི་ཚེ། །གཞོམ་མེད་རྡོ་རྗེའི་རང་སྒྲས་བསྟན་པ་ཡི། །ཐེག་པའི་ཡང་རྩེ་འོད་གསལ་རྫོགས་པ་ཆེ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོ་མཆོག །འདི་ནི་དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡིན། །འདི་ནི་རིག་འཛིན་བརྒྱུད་པའི་ཐུགས་བཅུད་ཡིན། །འདི་ནི་མན་ངག་ཀུན་གྱི་ཉིང་ཁུ་ཡིན། །འདི་དང་འཕྲད་རྣམས་སྲིད་པ་ཐ་མར་གསུངས། །དུས་གསུམ་རྒྱལ་བ་ཐམས་ཅད་ཞལ་བསྡུར་ཀྱང་། །དགོངས་པའི་ཞེ་ཕུག་འདི་ལས་གཞན་ན་མེད། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་གོ་བསྡུར་ཀྱང་། །ངེས་དོན་ཟབ་མོ་འདི་ལས་ལོག་ན་མེད། །ཐེག་པའི་རྣམ་གྲངས་ཇི་སྙེད་བསམ་ཡས་ཀྱང་། །འདི་ལས་གཞན་དུ་ཐེག་པའི་ཡང་རྩེ་མེད། །ལམ་གྱི་འཇུག་སྒོ་ཇི་སྙེད་མཆིས་ན་ཡང་། །མྱུར་ལམ་ཟབ་མོ་འདི་ལས་ལྷག་པ་གང་། །ཡུན་རིང་དུས་ནས་འབད་པ་དྲག་པོ་ཡིས། །རྩོལ་བཅས་ཐེག་པའི་ལམ་ལ་སྦྱང་བ་ཡི། །གྲུབ་པའི་འབྲས་བུ་འདི་རུ་མཐར་ཕྱིན་པས། །འདི་ནི་ཐེག་པ་ཡིན་ལ་འབྲས་བུའང་ཡིན། །བློ་འདས་བྱ་རྩོལ་བྲལ་བའི་དགོངས་པ་ཡིས། །ཡིད་དཔྱོད་མཚན་མའི་སྤྲོས་པ་མ་ལུས་ཀུན། །སྤྲོས་མེད་མཉམ་པ་ཆེན་པོར་གཅོད་བྱེད་པའི། །ཐེག་པའི་མཆོག་འདི་རྣོ་ངར་རལ་གྲི་འདྲ། །རང་གནས་ཆོས་སྐུའི་རང་ཞལ་རྗེན་པ་རུ། །མངོན་སུམ་ཐད་ཀར་སྟོན་པའི་མན་ངག་གིས། །གཉིས་སྣང་འཁྲུལ་པའི་མུན་པ་དྲུང་འབྱིན་པས། །ཐེག་པའི་མཆོག་འདི་སྣང་བྱེད་ཉི་མ་འདྲ། །སྲིད་གསུམ་ཀ་དག་ཆེན་པོའི་དགོངས་པ་ཡིས། །འཁོར་འདས་མིང་མེད་ཆེན་པོ་ལ་བཟླ་ཞིང་། །སྡུག་བསྔལ་ཟུག་རྔུའི་ཚ་གདུང་སེལ་བྱེད་པའི། །ཐེག་པའི་མཆོག་འདི་འོད་དཀར་ཟླ་བ་འདྲ། །རྩོལ་བྲལ་ཀེ་ལ་ཤ་རིའི་རྩེ་མོ་ནས། །བྱར་མེད་གདོང་ལྔའི་རང་སྐད་གཅིག་བཏོན་པས། །ཐེག་དམན་ཝ་སྐྱེས་ཁྱུ་ཚོགས་ཟིལ་གནོན་པའི། །ཐེག་པའི་མཆོག་འདི་གངས་དཀར་སེང་གེ་འདྲ། །ཡེ་གྲོལ་འདབ་གཤོགས་རྫོགས་པའི་རྩལ་ཤུགས་ཀྱིས། །རིགས་དྲུག་འཁོར་བའི་གཡང་ས་གཅོད་བྱེད་ཅིང་། །སེམས་འཛིན་རྨོངས་པའི་ཀླུ་རྣམས་ཟིལ་གནོན་པའི། །ཐེག་པའི་མཆོག་འདི་མཁའ་ལྡིང་ཁྱུང་ཆེན་འདྲ། །རྒྱལ་ཀུན་དགོངས་པའི་ཆུ་བོ་མ་ལུས་པ། །གཉིས་མེད་རོ་གཅིག་འཁྱིལ་བའི་ཆུ་གཏེར་ཆེ། །རིག་འཛིན་ཀླུ་དབང་མ་ལུས་རོལ་བའི་གནས། །ཐེག་པའི་མཆོག་འདི་རྒྱ་མཆོ་ཆེན་པོ་འདྲ། །མ་བཅོས་རང་བབ་ཆེན་པོའི་ཤུགས་འགྲོས་ཀྱིས། །ས་ལམ་མ་ལུས་མིག་འཕྲུལ་བཞིན་བགྲོད་པའི། །རྫུ་འཕྲུལ་རྐང་པའི་མཆོག་དང་ལྡན་པ་ཡི། །ཐེག་པའི་མཆོག་འདི་ཅང་ཤེས་རྟ་མཆོག་འདྲ། །ཟག་མེད་རང་ངོ་ཤེས་པའི་རིག་པ་ལ། །ཚོགས་གཉིས་ཡོན་ཏན་མ་ལུས་ལྷུན་རྫོགས་ཤིང་། །དོན་གཉིས་འདོད་དགུའི་གྲུ་ཆར་འབེབ་བྱེད་པའི། །ཐེག་པའི་མཆོག་འདི་ཡིད་བཞིན་ནོར་བུ་འདྲ། །དེ་ཕྱིར་ད་རེས་དལ་འབྱོར་མི་ལུས་ཉིད། །ཐོབ་ནས་ཡང་ཟབ་སྙིང་པོ་འདི་འཕྲད་ཚེ། །རྩོལ་བཅས་ཐེག་པའི་འཆིང་བ་རབ་བཀྲོལ་ནས། །རྩོལ་མེད་ལམ་འདིར་འཇུག་པའི་དུས་མིན་ནམ། །ཀྱེ་མ་སྡུག་བསྔལ་རྒྱ་མཚོ་གཏིང་རེ་ཟབ། །ལས་ཉོན་དྲག་པོའི་རྦ་རླབས་ཤུགས་རེ་དྲག །རིགས་དྲུག་འཁོར་བའི་གཡང་ས་ཡ་རེ་ང་། །དེར་གནས་མ་རྒན་འགྲོ་རྣམས་སྙིང་རེ་རྗེ། །མི་བཟོད་སྙིང་རྗེའི་བློ་འདིས་རབ་བསྐུལ་ནས། །ད་རེས་རང་གཞན་འཁོར་བའི་སེམས་ཅན་ཀུན། །ཕྱམ་གཅིག་ཀུན་བྱེད་ཆོས་སྐུའི་དགོངས་ཀློང་དུ། །དགྲོལ་ཕྱིར་སྙིང་པོའི་བསྟན་འདིར་འཇུག་འདོད་པའི། །མི་ལྡོག་དད་དང་སྤྲོ་བ་ཡོད་ན་ཡང་། །རང་ཉམས་བསྟུན་པའི་ཉམས་ལེན་ཅུང་རེ་ལ། །བརྩོན་པའི་ནུས་པ་བྱུང་ན་དེ་ཀ་རང་། །དེ་ལས་གཞན་དུ་འགྲེལ་བཤད་རྩོམ་པ་སོགས། །བློ་ཆེན་འཕགས་པའི་སྤྱོད་ཡུལ་མ་གཏོགས་པར། །རྣམ་དཔྱོད་ཤེས་རབ་ཤིན་ཏུ་ཉག་ཕྲ་བའི། །བྱིས་པའི་བློ་ཅན་བདག་འདྲའི་ཡུལ་མིན་བཞིན། །མི་ཐེག་ཁུར་དུ་ལེན་འདི་མི་མཛེས་ཀྱང་། །རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་དབང་ངོས། །རྩ་བའི་བླ་མ་ཐེག་མཆོག་བསྟན་འཛིན་དང་། །མཁས་བཙུན་ཡོན་ཏན་རྒྱ་མཚོའི་མངའ་བདག་མཆོག །མཁན་ཆེན་ཨོ་ཊཱིའི་མཚན་ཅན་རྣམ་གཉིས་ཀྱིས། །བཀའ་ལུང་གསེར་གྱིས་ཅོ་པན་རབ་ལྕི་བ། །དམན་པ་བདག་གི་གཙུག་ཏུ་བཅིང་བའི་མོད། །དམ་པའི་གསུང་ངག་ལྡོག་ཏུ་མི་སྤོབས་པས། །ཀུན་བཟང་ཐུགས་ཀྱི་དགོངས་རྒྱན་འདི་བརྩམ་ཀྱང་། །སྔོན་ནས་སྦྱངས་པའི་ལས་འཕྲོ་བདག་ལ་མེད། །ད་ལྟའི་སྐྱེས་སྟོབས་ཤེས་རབ་བདག་ལ་མེད། །ཟབ་མོའི་དོན་ལ་ཉམས་མྱོང་བདག་ལ་མེད། །དེ་ཕྱིར་ཚུལ་འདི་བདག་འདྲས་རྟོགས་དཀའ་བས། །མ་རྟོགས་འཁྲུལ་པའི་ནོངས་པ་གང་མཆིས་པ། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་དང་། །སྡེ་གསུམ་བསྲུང་མའི་ཚོགས་ལ་མཐོལ་བཤགས་ན། །དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་ཞུ། །འདི་ལ་མོས་པ་ཙམ་གྱིས་བསོད་ནམས་ཡང་། །ཚད་མེད་བསམ་མི་ཁྱབ་པར་བསྔགས་པ་བཞིན། །འདིར་འབད་བསོད་ནམས་དགེ་ཚོགས་རྒྱ་མཚོའི་མཐུས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་གྱུར་ཅིག །སྐུ་དྲིན་ཆེ་བའི་བཤེས་གཉེན་དམ་པ་ཟུང་། །དག་པའི་ཞིང་མཆོག་གང་ན་བཞུགས་གྱུར་ཀྱང་། །ལེགས་བཤད་མཆོད་པའི་སྤྲིན་འདིས་དགྱེས་བསྐངས་ནས། །ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་གྱུར་ཅིག །མཐའ་མེད་སྲིད་པའི་རྒྱ་མཚོར་འཁྱམས་པ་ཡིས། །མཐའ་ཡས་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །མཐར་འཛིན་འཆིང་བ་ཀུན་ལས་རབ་གྲོལ་ནས། །མཐའ་གྲོལ་རྫོགས་པ་ཆེན་པོའི་དོན་རྟོགས་ཤོག །བདག་ལ་བཟང་ངན་ལས་ཀྱིས་འབྲེལ་བ་ཀུན། །མྱུར་ལམ་ཟབ་མོ་འདི་ལ་རབ་བརྟེན་ཏེ། །མི་རིགས་ཁྱད་ཆོས་དྲུག་གི་གསང་ལམ་ནས། །ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བར་ཤོག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དགའ་རབ་དཔའ་བོའི་རྣམ་ཐར་ཇི་བཞིན་དུ། །ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་འདི། །འཛིན་སྐྱོང་སྤེལ་བའི་བྱེད་པོ་ཉིད་གྱུར་ཅིག །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པ་འདི། །མི་ནུབ་ཕྱོགས་དུས་ཀུན་ཏུ་རབ་རྒྱས་ནས། །ས་གསུམ་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །རིས་མེད་བསྟན་འཛིན་དམ་པའི་ཚོགས་རྣམས་ཀྱང་། །སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲིར་བཞུགས་ནས། །བསྟན་འགྲོར་སྨན་པའི་རླབས་ཆེན་མཛད་པ་ཡི། །ཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག །མཆོག་གསུམ་བསླུ་མེད་གསུམ་གྱི་བདེན་སྟོབས་དང་། །རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །རྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་རྗེའི་མཐུས། །སྨོན་པའི་གནས་འདི་གེགས་མེད་འགྲུབ་གྱུར་ཅིག །འོད་དཀར་སྣང་བས་ཚ་གདུང་སེལ་བ་ལྟར། །ལྔ་བདོའི་རྒུད་པའི་ཚ་གདུང་མ་ལུས་པ། །ཅིག་ཆར་སེལ་བའི་རྫོགས་ལྡན་དཔལ་ཡོན་གྱི། །བཀྲ་ཤིས་སྣང་བས་སྲིད་འདིར་ཁྱབ་གྱུར་ཅིག །རྟ་བདུན་ཟེར་གྱིས་མུན་པ་སེལ་བ་ལྟར། །རང་བྱུང་རིག་པའི་ཉིན་བྱེད་འོད་སྟོང་གིས། །གཉིས་སྣང་འཁྲུལ་བའི་མུན་པ་དྲུང་ཕྱུང་ནས། །འཇའ་ལུས་འོད་སྐུར་གྲོལ་བའི་བཀྲ་ཤིས་ཤོག །ཅེས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་འགྲེལ་བ་འདི་ཉིད་སྔ་སོར་མཁན་རིན་པོ་ཆེ་ཐུབ་བསྟན་པདྨ་རབ་རྒྱས་ནས་འདྲེན་མཆོག་འཁོར་ལོའི་མགོན་པོ་མཚུངས་མེད་ཐུགས་རྗེའི་མངའ་བདག་དྲིན་ཆེན་ཐེག་མཆོག་བསྟན་འཛིན་དང་ཁོ་བོ་ལྷན་དུ་བཀྲ་ཤིས་པའི་ལྷ་རེག་དང་བཅས་ཀུན་བྱེད་རྒྱལ་པོའི་རྒྱུད་སྡེ་འདི་ལ་འགྲེལ་པ་ཞིག་རྩོམ་པར་གྱིས་ཞེས་ནན་ཏན་ཆེན་པོའི་བསྐུལ་བ་ལ་བརྟེན། ཁོ་བོ་ལྷན་དུ་རྩོམ་གཞི་ཙམ་ཞིག་བྱས་ནས་ཡུན་རིང་ལུས་པར་གྱུར་པས། ཕྱིས་སྐྱབས་རྗེ་འགྲོ་བའི་མགོན་པོ་ཉིད་ནས་ཀྱང་རང་རེས་ལྷན་དུ་བྲི་བ་ཐོག་ཁེལ་ཤིན་ཏུ་དཀའ་བས་ཁྱོད་ཀྱིས་ཀུན་བྱེད་འགྲེལ་པ་དེ་མཐར་ཕྱིན་པར་གྱིས་ཞེས་གསུང་གནང་བྱུང་བ་ཞལ་ཆེམ་ལྟ་བུར་གྱུར་ནས་དགོངས་པ་དབྱིངས་སུ་གཤེགས་པ་དང་། མཁན་ཆེན་བླ་མ་ཉིད་ནས་ཀྱང་ད་དུང་ཁོ་བོ་ལ་ནན་བསྐུལ་ཡང་བསྐྱར་ལན་གྲངས་དུ་མར་མཛད་པས། བདག་ལྟ་བུའི་སྐྱེས་སྦྱང་གི་ཤེས་རབ་དམན་པར་གྱུར་ཅིང་ཟབ་མོའི་དོན་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་བས་རྒྱུད་སྡེ་ཟབ་མོའི་དགོངས་དོན་འགྲེལ་བའི་ནུས་པ་མེད་ན་ཡང་། བཤེས་གཉེན་དམ་པ་ཟུང་གིས་བཀའ་དང་འགལ་བར་གྱུར་ན་འདི་ཕྱི་གཉིས་མེད་དུ་འགྱུར་བའི་ཚུལ་ལ་སྐྲག་ནས་ཅུང་ཟད་བྲི་འདུན་ཤར་ཚེ། མཁྱེན་མཆོག་ཟུར་ཕུད་ལྔ་པའི་སྤྲུལ་པའི་ཟློས་གར་ཆེན་པོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚན་བརྗོད་པར་དཀའ་བ་འཇམ་མགོན་ཆོས་ཀྱི་བློ་གྲོས་ཀྱི་མདུན་ནས་དེ་ལྟར་བརྩམ་པར་བྱས་ན་བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་བཀའ་ཆད་སོགས་འབྱུང་མིན་གྱི་བཀའ་འདྲི་དང་རྒྱུད་འདིའི་བཀའ་གཏད་བཅས་ཞུས་པས། བཀྲ་ཤིས་ལྷ་རེག་དང་རིན་ཆེན་གཉིས་པའི་གནང་སྦྱིན་དང་བཅས་གསུང་གི་དབུག་དབྱུང་དང་རྒྱུད་ཀྱི་བཀའ་གཏད་མཛད་པ་ལ་བརྟེན་ནས་ཅུང་ཟད་བྲི་བའི་སྤོབས་པ་སྐྱེས་ན་ཡང་། རང་ཉིད་འཁོས་སྟབ་ཞན་པས་བྲི་གཞིའི་ཤོག་བུ་ཡང་འབྱོར་དཀའ་བ་དང་། རང་དགོན་གྱི་ལས་ཁུར་ཅུང་ཞིག་ཀྱང་ཐོག་ཏུ་བབ་པས་ལོ་ཤས་སུ་ཐོགས་པར་གྱུར་ཀྱང་། ཕྱིས་གྲོགས་མཆོག་དམ་པ་འགས་ཀྱང་དེ་ལྟར་གྲུབ་ན་ལེགས་པའི་གསུང་གནང་བརྩལ་བ་དང་། རང་ཡང་དབེན་པའི་གནས་སུ་ཅུང་ཟད་སོས་དལ་ཐོབ་པ་སོགས་ཀྱི་མཐུན་རྐྱེན་འཛོམ་པ་ལ་བརྟེན་ནས་མཉམ་མེད་ཐུབ་པའི་དབང་པོའི་རྗེས་འཇུག་གི་མིང་ཙམ་འཛིན་པའི་རྨོངས་བརྟུལ་སྙོམས་ལས་པ་གཞན་ཕན་འོད་ཟེར་དུ་འབོད་པས་དབེན་གནས་འཆི་མེད་གྲུབ་པའི་དགའ་ཚལ་དུ། ཆུ་ཤེལ་དབང་པོ་རྒྱུ་སྐར་རྒྱལ་གྱིས་ཉ་བའི་ཟླ་བ་རྒྱལ་སྲས་ཨིན་ཌ་བྷོ་དྷིས་འཕུར་འགྲོའི་སློབ་དཔོན་ཆེན་པོ་འཛམ་གླིང་གདུལ་བྱའི་དཔལ་དུ་སྤྱན་དྲངས་ཞིང་། རྒྱལ་བུར་མངའ་གསོལ་བས་རྒྱལ་སྲས་པདྨ་རྒྱལ་པོ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཅིག་ཆར་དུ་ཁྱབ་པར་མཛད་པའི་དུས་ཚེས་བཟང་པོའི་ཕྱོགས་ལ་དཔལ་གྱི་ཉི་མ་ཤར་བའི་འགྲུབ་སྦྱོར་དང་བཅས་པའི་སྐབས་སུ་གྲུབ་པར་བགྱིས་པ་འདིའང་ངེས་གསང་སྙིང་པོའི་བསྟན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།མདྒ་ལཾ།། ༈ །།ༀ་སྭ་སྟི། ཀ་དག་སྤྲོས་བྲལ་གདོད་མའི་གཞི་དབྱིངས་ནས། །རང་གདངས་ལྷུན་གྲུབ་སྣ་ཚོགས་སྣང་བ་ཀུན། །རང་སྣང་ཉིད་དུ་མཐོང་སྟེ་ བྱང་ཆུབ་པའི། །ཐོག་མའི་མགོནཔོ ་ཀུན་ཏུ་བཟང་པོ་ཉིད། ༡ །ཁྱད་ཆོས་དྲུག་གི་མངོན་པར་སངས་རྒྱས་ཤིང་། །འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། །ལོངས་སྤྱོད་རྫོགས་སྐུའི་སྟོན་པར་ལེགས་བཞེངས་ཏེ། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་ལ། ༢ །སྲིད་ཞི་གཉིས་མེད་གདོད་ནས་སངས་རྒྱས་པའི། །རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་ཚུལ། །མི་འགྱུར་དགོངས་པ་རང་བྱུང་ཡེ་ཤེས་མཆོག །ཇི་བཞིན་ཉིད་ཀྱི་གནས་ཚུལ་རྗེན་པའི་ཀློང་། ༣ །ཡེ་ཤེས་གཅིག་གི་རྩལ་ལས་མ་གཡོས་པར། །དུས་གསུམ་དུས་མེད་དབྱིངས་ན་རྟག་ཏུ་འདོམས། །རང་སྣང་རྣམ་དག་འོག་མིན་ཆེན་པོ་རུ། །དགོངས་རྒྱུད་ཟབ་མོས་བསྙད་པའི་རྡོ་རྗེའི་ཆོས། ༤ །རྫོགས་པ་ཆེན་པོའི་རྒྱུད་སྡེ་དཔག་མེད་དག །མེ་རི་འབར་བའི་དུར་ཁྲོད་ཆེན་པོ་རུ། །རིག་ཀུན་འདུས་པའི་ཁྱབ་བདག་རྡོ་རྗེ་སེམས། །རྫུ་འཕྲུལ་རོལ་པ་ཆེན་པོའི་གར་བསྒྱུར་བ། ༥ །སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །སྡེབ་སྦྱོར་ཚིག་ལ་བརྟེན་ཏེ་རྒྱུད་རྣམས་གསུངས། །དེ་ཡིས་ཨ་ཏིའི་རྒྱུད་སྡེ་མཐའ་དག་ཀུན། ༦ །འབུམ་ཕྲག་དྲུག་ཅུའི་བཀའ་རུ་ལེགས་བསྡུས་ཏེ། །གནས་མཆོག་ཆེན་པོ་སོ་ས་གླིང་ཉིད་དུ། །འཇམ་དཔལ་སྤྲུལ་པ་མཉྫུ་མི་དྲཱ་ལ། །རང་གནས་ངེས་པའི་སྒོ་ནས་གདམས་པར་མཛད། ༧ །དེ་ཡི་སྡེ་གསུམ་མན་ངག་སོ་སོར་བཀྲལ། །རྒྱ་ནག་རི་བོ་དོ་ཤར་གནས་མཆོག་ཏུ། །རིག་འཛིན་ཆེན་པོ་ཤྲཱི་སེང་ཧ་ལ། །ཡིད་འཛིན་བློ་བྲལ་གཉུག་མའི་ངང་ནས་བཤད། ༨ །གང་དེས་ཕྱི་ནང་གསང་བ་ཡང་གསང་སྐོར། །མན་ངག་དགོངས་དོན་ལེགས་བཀྲལ་ཕྱི་རབས་ཀྱི། །བསྐལ་བཟང་ཚོགས་ལ་རྒྱ་གར་བྷ་སེང་རུ། །མཆོག་ཐུན་བརྙེས་པ་ཛྙཱ་ན་སཱུ་ཏྲ་ལ། ༩ །རྟོགས་པ་མངོན་དུ་གྱུར་པའི་སྒོ་ནས་གསུངས། །དེ་ཡིས་དབུས་འགྱུར་འོད་མའི་ཚལ་གྱི་གནས། །འཕོ་ཆེན་དངས་མའི་སྐུ་བརྙེས་བི་མ་ལར། །མངོན་སུམ་རང་གནས་གཏན་ལ་ཕབས་ཏེ་བཤད། ༡༠ །དེ་ཚེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །པདྨ་འབྱུང་གནས་བི་མ་མི་ཏྲ་སོགས། །བྷོ་ཊའི་གླིང་འདིར་སྣང་བའི་རྒྱན་དུ་དྲངས། །དེའི་ཚེ་ཚངས་པ་ལྷ་ཡིའི་མེ་ཏོག་དང་། ༡༡ །ཉང་བན་ཤ་ཡི་སྤྱན་ཅན་ལ་སོགས་པ། །བསྐལ་བཟང་སྣོད་ལྡན་སློབ་མའི་ཚོགས་རྣམས་ལ། །སྡེ་གསུམ་ཀློང་དགུ་མན་ངག་བརྒྱ་ཕྲག་སོགས། །འཕོ་ཆེན་སྐུར་བཞེངས་སློབ་དཔོན་རྣམ་གཉིས་ཀྱི། ༡༢ །བརྩེ་བས་རྗེས་བཟུང་སྣོད་ལྡན་ཚོགས་ལ་གདམས། །འོད་གསལ་རྡོ་རྗེ་སྙིང་པོའི་ཉིད་བྱེད་དབང་། །གངས་ཅན་སྐྱེ་འགྲོ་ཀུན་གྱི་དཔལ་དུ་ཤར། །དེས་ན་མཆོག་གསང་རྫོགས་པ་ཆེན་པོའི་དོན། ༡༣ །ཀུན་བཟང་རྡོ་རྗེ་འཆང་ཆེན་ནས་བཟུང་སྟེ། །ད་ལྟའི་རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀུན། །གྲུབ་པའི་ས་བརྙེས་ཟག་ཕུང་འོད་སྐུར་གྲུབ། །ཆོས་རྣམས་ཀུན་གྱི་ཡང་ཟབ་འདི་རྨད་བྱུང་། ༡༤ །ཟབ་གསང་མན་ངག་སྙིང་པོའི་མཐར་ཐུག་དོན། །འཁོར་འདས་ཆོས་རྣམས་ཀུན་གྱི་བྱེད་པོ་མཆོག །འབུམ་ཕྲག་དྲུག་ཅུའི་རྒྱུད་ཀྱི་རྒྱལ་པོ་ཆེའི། །ལེགས་བཤད་འོད་སྟོང་སྣང་བའི་དཀྱིལ་འཁོར་མཛེས། ༡༥ །འཇམ་དཔལ་བཤེས་གཉེན་ཡེ་ཤེས་སྒྱུ་མའི་འཕྲུལ། །སྐྱེ་དགུའི་བསོད་ནམས་དཔྱིད་དུ་ཡོངས་ཤར་བ། །གཞན་ཕན་བྱང་ཆུབ་སེམས་ཀྱི་རྒྱུད་བརླན་ཞིང་། །མཁྱེན་བརྩེ་ནུས་པའི་འོད་ཟེར་སྟོང་འབར་བ། ༡༦ །རྨད་བྱུང་ལས་ཀྱང་རྨད་བྱུང་གསང་བའི་མཛོད། །རྒྱུད་ཀྱི་རྒྱལ་པོ་དེ་ཉིད་ངེས་པའི་དོན། །ལེགས་བཤད་ཉི་ཟླའི་དཀྱིལ་འཁོར་འོད་སྟོང་འབར། །ཕུན་ཚོགས་རྨད་བྱུང་བྱེ་བའི་འབྱུང་གནས་མཆོག ༡༧ །གྲུབ་དབང་ཆོས་ཀྱི་ཉི་མ་མགོ་ཚྭ་ཞེས། །ཐུབ་བསྟན་རབ་རྒྱས་གླིང་གི་ཆོས་གྲྭ་ཆེ། །གླེགས་བམ་ཟད་མེད་གཏེར་གྱི་མཛོད་ཆེན་པོ། །དགེ་ལེགས་འདོད་པ་འཇོ་པའི་སྤར་གྱི་འཕྲུལ། ༡༨ །དོན་གཉེར་སྐྱེ་བོའི་ཚོགས་ཀུན་གསོས་སུ་བཞེངས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་ཐུགས་བསྐྱེད་བཞེད་དོན་ཡིད་བཞིན་འགྲུབ། ༡༩ །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །བསླབ་གསུམ་བདུད་རྩིའི་ཟས་ཀྱི་བཅུད་འཐུང་ནས། །མང་ཐོས་སྡེ་སྣོད་མགྲིན་པའི་རྒྱན་འཆང་བའི། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་གྱུར་ཅིག ༢༠ །མཐའ་ཡས་མཁའ་ཁྱབ་སྲིད་པའི་འགྲོ་བ་ཀུན། །མ་འབད་བཞིན་དུ་གདོད་མའི་ཀློང་ཆེན་པོར། །ཕྱམ་གཅིག་གྲོལ་ཏེ་ནང་དབྱིངས་བུམ་པའི་སྐུར། །གདོད་མའི་ཀློང་དུ་གཏན་སྲིད་ཟིན་པར་ཤོག ༢༡ །དེ་ལྟར་རང་བཞིན་འོད་གསལ་རྫོགས་པ་ཆེ། །ཐུན་མིན་ཐེག་རྩེ་གསང་བའི་མཛོད་ཆེན་པོའི། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་། །སྲིད་མཐའི་བར་དུ་དར་སྨིན་རྒྱས་གྱུར་ཅིག ༈ །ཅེས་པ་འདིའང་གསང་ཆེན་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀུན་བྱེད་རྒྱལ་པོའི་ལེགས་བཤད་ཀུན་བཟང་དགོངས་རྒྱན་འདི་ཉིད་སྤར་དུ་བསྐྲུན་སྐབས་སུ། ལུགས་གཉིས་དྲིན་གྱིས་བསྐྱང་བའི་མཁན་རིན་པོ་ཆེ་ཨོ་རྒྱན་མགོན་དང་དབོན་དམ་ཆོས་བསོད་ནམས་གཉིས་ཀྱི་བཀའ་ཡིས་བསྐུལ་ངོར་མ་ལྡོག་ཙམ་དུ་མགོ་ཚྭ་སྤྲུལ་མིང་འཛིན་པ་པདྨ་མདོ་སྔགས་བསྟན་འཛིན་འམ་ཆོས་ཉིད་རྡོ་རྗེའི་བྲིས་པ་དགེ་ལེགས་འཕེལ།། །།


previousཆོས་ཐམས་ཅད་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་འགྲེལ་པ་ཀུན་བཟང་དགོངས་རྒྱན། གཞན་ཕན་འོད་ཟེར།no next