Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་པ།

12 occurrences of གཡོན་དུ་
[Clear Hits]


  
  
  
 
གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ། བྱེ་མ་ལ་མུ་ཏྲ།
10   


12 occurrences of གཡོན་དུ་
[Clear Hits]

 
previousགསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ། བྱེ་མ་ལ་མུ་ཏྲ།next

གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ། བྱེ་མ་ལ་མུ་ཏྲ།

གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཤ་ས་ལི་མ་ལཱ་པཱ་ཏ་ན་མ། བོད་སྐད་དུ། མུ་ཏིག་ཕྲེང་བ་བརྒྱུས་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་སྣང་བ་རང་ཤར་བ་ཉིད་ལ་ཕྱག་འཚལ་ལོ། །གང་ལ་དུག་གསུམ་ནད་ཞུགས་སེལ་བའི་རང་གསལ་སྒྲོན་མ་ཉིད། །ལུང་རིགས་གཏན་ཚིགས་གསལ་བའི་སྒོ་འབྱེད་ཡིད་དཔྱོད་རྣམས་སྤངས་ཏེ། །དམ་པ་དྲིན་ཅན་གོང་མ་རྣམས་ལ་གསོལ་བཏབ་རྒྱུད་ཀྱི་ཐེ་ཚོམ་རྣམས། །བདག་པས་དམན་པའི་བློ་ཅན་སྐལ་ཡོད་པ། །རང་བཞིན་རྫོགས་ཆེན་དོན་ལ་མོས་པས་འཇུག་དོན་དུ། །རིན་ཆེན་ཕྲེང་རྒྱུད་མུ་ཏིག་ལྟ་བུ་ཉིད། །སྒྲོན་མའི་ཡང་སྒྲོན་འདི་ཉིད་རབ་ཏུ་སྤྲོ་ཞིང་ཡང་། །ཚིག་ཏུ་བསྡུས་ཏེ་དོན་དུ་གསལ་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་འཆང་ཆེན་པོ་དེས་འགྲོ་བ་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་དུ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ཤྭ་ལོ་ཀ་འབུམ་ཚོ་དྲུག་ཅུ་རྩ་ལྔ་གསུངས་པ་ལས། ཁྱད་པར་འབུམ་ཕྲག་ཉི་ཤུ་རྩ་གཅིག་པ། མན་ངག་གི་སྡེ། དེ་ཉིད་ལ་གསུམ་ལས་རྒྱུད་རང་གཞུང་ཉིད། དེ་ཉིད་ལ་གཞིར་ཕྱེ་བ་ལས་བཤད་པ་རང་གསལ་བ་ཉིད། དེ་ལ་གསུམ་ལས་ཐིག་ལེ་རང་གནད་ལ་ཕབ་པའི་མན་ངག་གོ། །དེ་ལ་བསྐོར་བཞི་བཞུགས་པ་ལས་གསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོའི་བསྐོར་རོ། །དེ་ཉིད་ལ་རྒྱུད་བཅུ་བདུན་བཞུགས་པ་ལས། སྒྲོན་མ་འབར་བ་ཞེས་པ་རང་རིག་མངོན་སུམ་དུ་གཏན་ལ་འབེབས་པར་བྱེད་པའོ། །རྒྱུད་འདི་ལ་གཉིས་ཀྱིས་བསྟན་ཏེ། མཚན་གྱིས་རྒྱུད་ཀྱི་གཞུང་དོན་གསལ་བར་བསྟན་པ་དང་། གཞུང་གིས་རྒྱུད་ཀྱི་མཚན་དོན་གསལ་བ་གཉིས་ལས། འདིར་མཚན་དོན་བསྟན་ཏེ། མཚན་ལ་ལྔ་སྟེ། མཚན་གྱི་བཞུགས་ཚུལ་བསྟན་པ་དང་། དབྱེ་བ་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། ངོས་བཟུང་བ་དང་། མཚན་གྱི་དགོས་པ་བསྟན་པའོ། །བཞུགས་ཚུལ་ནི་སྤྲོས་བཅས་རྟོག་པས་མ་སྤྲོས། སྤྲོས་མེད་ཉག་གཅིག་ཏུ་མ་བསྡུས། བྱས་བཅོས་རོལ་པར་མ་ཤར་བའི་དགོངས་པ། རྒྱུད་དང་ལུང་དང་མན་ངག་གི་ཚིག་ཙམ་དུ་ཡང་མ་གྲུབ། མིང་དུ་འཛིན་པའི་འདུ་ཤེས་དང་རང་བྲལ། གཡོས་མེད་ཟང་ཐལ་དུ་བཞུགས་པས། སྤྲོ་ཞིང་མིང་དུ་མེད་ལ། སྤྲོ་རྒྱུ་ཚིག་ཏུ་མ་གྲུབ་པས། ངོས་བཟུང་མཚན་མ་དང་བྲལ་བ་ཉིད་དོ། །དབྱེ་ན་བཞི་སྟེ། ཕྱི་སྤྲོས་པ་སྒྲ་འགྱུར་དུ་བཤད། ནང་མིང་བསྟན་བརྡ་འགྱུར་དུ་བཤད། གསང་བ་བསྡུས་པ་དོན་འགྱུར་དུ་བཤད། གསང་བ་བླ་ན་མེད་པ་ཚིག་བྲལ་མན་ངག་ཏུ་བཤད་པའོ། །གོང་མའི་བཞུགས་ཚུལ་ཚིག་ཏུ་གྲུབ་པ་དང་ག་ལ་སྲིད་དེ། མིང་གི་ཆ་ཡང་མ་ཡིན་འདི་ལྟར་ཡིན་པ་ཡང་། ལེན་པ་སྐྱོན་ལས་འདས་པ་སྟོང་པར་བཞུགས་པས། ས་ཞེས་སྟོང་པ་མཚོན་པའི་ཡི་གེ་བྱུང་ལ། དེ་ལས་འགགས་པ་མེད་པའི་ཐུགས་རྗེ་རང་ཤར་ནས་སྤྲོ་བྱེད་དུ་མའི་ཚིག་གི་རྒྱུ་སྟོན་པར་བྱེད་པའི་སྤྲུལ་པས་འགྲོ་བ་རྣམས་བཞུགས་ཚུལ་ལ་དགོད་པར་བྱེད་པས། དེ་ལ་ཞབས་ཀྱུད་དུ་བྱུང་བའོ། །དེ་ལྟར་སྟོང་པ་ཆོས་སྐུ་ལས། མཁྱེན་པ་སྤྲུལ་སྐུར་ཤར་བས། དེ་གཉིས་ཀྱི་མཚམས་སྦྱོར་བ་ལོངས་སྤྱོད་རྫོགས་པའི་སྐུ་གསལ་བར་བྱུང་བས་ན་ཙའོ། །དེ་ལྟར་མཚོན་པ་སྐུ་གསུམ་དུ་བྱུང་ལ། བཞུགས་ཚུལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མི་འགྱུར་བ་ནི་སའོ། །དེ་ལྟར་དངོས་པོའི་བཞུགས་ཚུལ་འགྱུར་བ་མེད་ཀྱང་། འགྲོ་བ་རྣམས་ལ་སྒྲོན་མ་བཞིན་རང་འོད་དང་བཅས་པར་མཚོན་དུ་ཡོད་པས། དེ་ལ་གུ་གུའོ། །འོད་དང་བཅས་པའི་སྒྲོན་མ་དེ་ཉིད་འགྲོ་བ་ཐམས་ཅད་ཀྱི་ལུས་ལ་གནས་པས་ནའོ། །དེ་གནས་པར་སུས་བསྟན་ན་སྔོན་འབྱུང་དུ་སྤྲུལ་པའི་ལོངས་སྐུའི་སྤྲུལ་པ་བསྟན་པས་ག་སྤྲུལ་སྐུ་དེ་ཇི་ལྟར་བྱོན་ན་འོད་ཟེར་དཔག་ཏུ་མེད་པ་དང་བཅས་ནས་བྱོན་པས་དེ་ལ་གུ་གུའོ། །དེ་ཡང་རྗེས་འཇུག་ཏུ་བླ་མ་བྷུ་ཏིའི་སྤྲུལ་པ་དང་འདྲ་བར་བསྟན་པས་ཡང་གའོ། །དེ་ལྟར་ན་བཞུགས་ཚུལ་རང་གི་ངོ་བོ་གསལ་བྱེད་དང་བཅས་པ་དེ་ལུས་གཅིག་མ་བླངས་ན་མ་བླངས་བླངས་ཕན་ཆད་རྟག་པར་ཁྱབ་པས་ན་ཏའོ། །དེ་ལྟར་གནས་པའི་བཞུགས་ཚུལ་དེ་སྒོ་གང་ནས་འཆར་ན་མིག་ནས་འཆར་བས་ར་འཆར་བྱེད་ཀྱི་ཡི་གེའོ། །དེ་ཉིད་རྫས་སུ་གྲུབ་པ་མེད་པས་ད་ཆད་པ་སྟོང་པའི་ཡི་གེར་བྱུང་། དེ་ཉིད་ཐོག་མ་ལུས་གྲུབ་པའམ་ཆགས་པ་དང་དུས་མཉམ་པས་ན་གོང་མ། ད་ལྟ་ལུས་གནས་ཀྱི་བར་ལ་ཡང་འབྲལ་བ་མེད་པར་གནས་པས་ཡང་ནའོ། །འོ་ན་ཡི་གེ་རང་གི་བཞུགས་ཚུལ་ལུས་ལ་སྐྱེ་འཆི་ཡོད་པ་ལྟར་དེ་ལ་ཡང་སྐྱེ་འཆི་ཡོད་དོ་ཞེ་ན་མེད་དེ་སྐྱེ་མེད་མཚོན་པའི་ཨ་བྱུང་བའོ། །བཞུགས་ཚུལ་རང་གི་ངོ་བོ་སྐྱེ་མེད་ལ་བལྟ་སྟེ་སྐྱེ་ཤི་མེད་པའི་དབྱིངས་གཅིག་ཏུ་དྲིལ་བའི་ཕྱིར། ལམ་ཞེས་བྱའོ། །འོ་ན་དབྱིངས་ནི་ཡུལ་ཏེ་ངོ་བོ་མ་ཡིན་ཞེ་ན་དེ་ལྟར་མ་ཡིན་ཏེ་སྐུ་གསུམ་འདུ་འབྲལ་མེད་པ་རང་འོད་ཡེ་གསལ་ཆེན་པོའི་དག་པ་ལ་བཞུགས་པས་ཀེ་ཞེས་འབྱུང་བའོ། །སྐུ་གསུམ་པོ་དེས་འཁོར་འདས་གཉིས་ཀ་འཛིན་པར་བྱེད་པས་ཛ་ཞེས་འཛིན་པ་མཚོན་པར་བྱེད་པའི་ཡི་གེའོ། །འོ་ན་འཛིན་པ་ཡོད་ཕན་ཆད་ཆོས་སྐུ་མ་ཡིན་ནོ་ཞེ་ན། མི་སྟོ་སྟེ་འགགས་པ་མེད་པའི་རོལ་པ་རང་ཤར་བས་ཉི་མ་ལས་འོད་རང་ཆས་པ་ལྟར་གཟུགས་སྐུ་གཉིས་སེམས་ཅན་གྱི་དོན་ལ་འགགས་མེད་དུ་རང་ཤར་བས་དེ་ལ་འབྱུང་བའོ། །དེ་ལྟར་ཐུགས་རྗེས་གཟུགས་གཉིས་ཀྱིས་སེམས་ཅན་རྣམས་རང་བཞིན་རྫོགས་པ་ཆེན་པོའི་ལྟ་བའི་དོན་གཉིས་མེད་དུ་ལ་བཟླ་བར་བྱེད་པས་ལ་ཞེས་ལྟ་བའམ་ལ་བཟླ་མཚོན་པའི་ཡི་གེ་བྱུང་བའོ། །དེ་རྣམས་ཀྱང་སོ་སོར་མ་ཡིན་པར་ངོ་བོ་རྟག་པར་བཞུགས་པའི་ཡི་གེ་ཡིན་པས་ཏ། དེ་ལྟར་ན་སྐུ་གསུམ་པོ་འདི་ཡང་དོན་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱི་ལམ་གྱི་སྣང་བ་ཡིན་པས། སྐུ་ཞེས་ལུས་ཀྱི་ཐ་སྙད་ལས་མ་འདས་པས་ནའོ། །དེ་ལྟར་དུས་གསུམ་རྟག་པར་བཞུགས་པའི་ཡེ་ཤེས་དེ་ཉིད་སྐལ་ལྡན་གྱིས་ཉམས་སུ་བླངས་པས། སྐུ་གསུམ་པོ་ཉིད་ལམ་དུ་འཆར་བས་ཏྲ། སྐུ་ཞེས་ཀྱི་ཐ་སྙད་ལས་མ་འདས་པར་ཅེས་ཤེས་ན་ན་སྟེ་ལུས་མཚོན་པར་བྱེད་པའི་ཡི་གེའོ། །དེ་ལྟར་སྒྲ་འགྱུར་མེད་འབྲེལ་བ་དེ་དག་རྣམས་གང་ལས་བྱུང་ན་ཐོག་མ་མཚན་གྱི་བཞུགས་ཚུལ་གཞི་མ་ཉིད་ལས་སུས་ཀྱང་བྱས་པ་མེད་པར་འགགས་མེད་དུ་རང་ཤར་ཏེ། བར་དུ་ཡང་རང་སྣང་། ཐ་མར་ཡང་རང་གྲོལ་བའི་ཕྱིར་ནམ་ཞེས་བསྟན་པའོ། ༈ །མཚན་མིང་བརྡ་འགྱུར་དུ་བཤད་པ་ནི། གསང་སྔགས་གསང་བའི་གནད་ནི་བརྡ་ལ་བརྟེན་ནས་རྟོགས་པར་བྱེད་པར་སྟེ། འདི་ལྟར་མིང་དང་ཡི་གེ་ལ་སོགས་པ་ཐམས་ཅད་བརྡར་བཏགས་པས། བརྡ་ལས་མ་འདས། སྣང་བ་ཐམས་ཅད་ཀྱང་བརྡར་ཤར་བས་ཐམས་ཅད་བརྡ་དོན་གྱི་མན་ངག་དུ་ཤར་བས་ན། འཁོར་འདས་ཀུན་བརྡ་ཙམ་དུ་རྟོགས་པའོ། །སྒྲོན་མ་ནི་དཔེར་ན་གསེར་ལ་བཙོ་བསྲེག་གི་ལས་ཅི་བྱས་ཀྱང་ངོ་བོ་ལ་འགྱུར་བ་མེད་པ་དང་འདྲ་བར། རིག་པ་རང་བྱུང་གི་སྒྲོན་མ་འཁོར་བའི་རྣམ་རྟོག་གིས་གོས་པ་མེད་ངོ་བོ་འགྱུར་བ་མེད་དོ། །འགྱུར་བ་མེད་པའི་སྒྲོན་མ་ལ་སྐལ་ལྡན་གྱིས་ཉམས་སུ་བླངས་པས། ལོ་འདབ་ལས་མེ་ཏོག་འབྱུང་བ་དང་འདྲ་བར་མངོན་སུམ་དུ་སྣང་བའོ། །དེ་ཡང་ཇི་ལྟར་སྣང་ན་མི་འགྱུར་མཐིང་ཁའི་རང་མདངས་དང་། དྲི་མེད་དཀར་པོའི་རང་མདངས། ཁྱབ་པ་སེར་པོའི་དང་། རང་བྱུང་དམར་པོའི་དང་། རྩོལ་བྲལ་ལྗང་གུའི་རང་གདངས་དང་ལྔར་སྣང་བས་མཛེས་པ་ཅེས་བྱ་སྟེ། ལྷའི་ཁང་བཟངས་ན་གསེར་གྱི་མེ་ཏོག་རབ་ཏུ་མཛེས་པ་ཡུ་བ་དང་ཟེའུ་འབྲུར་བཅས་པ་ཡོད་དེ། འགྲོ་བ་གཞན་གྱིས་མཐོང་ན་ངོ་མཚར་བ་དང་འདྲ་བར། རང་ལ་གནས་པའི་སྒྲོན་མ་དེ་གསལ་བྱེད་ཁ་དོག་ལྔར་མཐོང་བས། དེ་ལས་སྣང་བའི་འཕེལ་འབྱུང་བ་ནི། རིན་པོ་ཆེ་གུར་རྣམས་ཀྱི་རྣམ་པ་ལྟ་བུ་དང་། ཡེ་ཤེས་མཁར་ཐབས། དམིགས་མདངས་དང་། དམིགས་ཚགས་དང་། མེ་ཏོག་དང་། མཆོད་རྟེན་དང་། པདྨ་ད ང་། མདུང་རྩེའི་རྣམ་པ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པའི་རྣམ་པར་འཕེལ་བས་ན། རིན་པོ་ཆེ་དང་དྲྭ་བས་ནའོ། །མཚན་དངོས་ནི་སྒྲོན་མའི་ངོ་བོ་དང་། ངེས་ཚིག་དང་། དཔེ་དང་། དབྱེ་བ་དང་། འཆར་བ་དང་། གནས་པ་དང་། ལམ་དང་། འབྲེལ་བ་དང་། དེ་ཉིད་ཀྱི་རང་བཞིན་ཇི་ལྟར་ཡིན་པ་དང་དགུས་བསྟན་ཏེ། ངོ་བོ་རང་གསལ་སྒྲིབ་པའི་སྐྱོན་དང་བྲལ་ལོ། །ངེས་ཚིག་འཁོར་བའི་མུན་པ་བསལ་ནས་མྱ་ངན་ལས་འདས་པའི་སྣང་བ་སྟོན་པར་བྱེད་པས་ན་སྒྲོན་མའོ། །དེས་ནི་ཁང་སྟོང་མུན་ནག་གཅིག་ན་གསེར་གྱི་བུམ་པ་ཡོད་པ་དེ་སུས་ཀྱང་མཐོང་བའི་སྐལ་བ་མེད་པ་ལས། སྒྲོན་མའམ་མར་མེ་བཏེགས་པས་རང་བཞིན་གྱིས་གསལ་བ་དང་འདྲ་བ་སྒྲོན་མ་འདི་རྣམས་ཀྱང་རང་རིག་པའི་ཡེ་ཤེས་དངོས་འཁོར་བ་ལ་ཁྱབ་པ་ཉིད་གཏན་ལ་དབབ་མི་དགོས་པར་མངོན་སུམ་དུ་སྟོན་པར་བྱེད་པའོ། །དབྱེ་བ་ནི་བཞི་སྟེ་འོག་ནས་སོ་སོའི་ལེའུ་ནས་ཞིབ་པར་སྟོན་ནོ། །འཆར་ས་ནི་སྟོང་པ་བདག་ཏུ་མེད་པ། འཆར་སྒོ་མིག་གི་དབང་པོ་མ་འཁྲུལ་པ། གནས་པ་ནི་སེམས་ཅན་ཐམས་ཅན་ཀྱི་ཙིཏྟ་རིན་པོ་ཆེ་ན་རིག་པ་རང་གི་ངོ་བོར་བཞུགས་སོ། །ལམ་རྩ་བཞི་ནས་སྒྲོན་མ་རང་གི་ངོ་བོ་བཞི་འབྱུང་བར་བྱེད་པའོ། །འབྲེལ་བ་ནི་ཐོག་མར་ལུས་ཀྱི་ཆགས་པའི་དུས་ན་འབྱུང་བ་བཞི་ཡི་དྭངས་མ་ལས་ལྟེ་བ་རྩ་མདུད་ཀྱི་དཀྱིལ་དུ་མིག་ཆུའི་རྣམ་པ་ལ་བ རྟེན་ནས་རྩ་བཞིར་འབྲེལ། དེ་ནས་དྲན་པ་འདུས་པ་དང་འབྲེལ་ཏེ་འཇག་མའི་སྦུབ་མ་ཙམ། དེ་ལས་རོ་རྣམས་འདུས་པར་འབྲེལ་ཏེ་རྟ་རྔ་ཙམ། དེ་ནས་རྩེ་མོ་རྣམ་བཀེད་དུ་འབྲེལ་ཏེ་མོ་ཁབ་ཙམ་དེ་ནས་དམིགས་སུ་འབྲེལ་བ་ནི་དར་སྐུད་ཙམ་དུ་འབྲེལ་བའོ། །རང་བཞིན་ནི་འཁོར་འདས་གཉིས་སྣང་བར་བྱེད་ཅིང་རང་གསལ་སྙིང་པོའི་ངང་བཞིན་དུ་ཡོད་པའོ། །དེ་ཉིད་ལ་བརྟེན་ནས་ཉམས་སུ་བླངས་པས་ཉམས་སུ་མྱོང་བ་གཅིག་ནས་གཅིག་ཏུ་འབར་བས་འབར་བའི་ཞེས་བྱ་སྟེ་བསྐལ་པའི་མེ་འབར་བ་ལ་སྲོག་ཆགས་མི་གནས་པ་དང་འདྲ་བར། སྒྲོན་མ་ལ་བརྟེན་པའི་ཉམས་སུ་མྱོང་བ་འབར་བ་ལ་རྣམ་པར་རྟོག་པ་གནས་མི་སྲིད་དོ། ༈ །གསང་བ་བསྡུས་པ་དོན་འགྱུར་དུ་བཤད་པ་ནི། དེ་དག་ཀུན་ཀྱང་མཚན་གྱི་ཡོན་ཏན་ཡིན་ཏེ་རབ་ཏུ་རྒྱུད་ཅེས་བྱ་བར་འདུས་པ་ཡིན་ཏེ། རྒྱུད་ནི་གསུམ་སྟེ། སྤྲོ་བྱེད་ཚིག་གི་རྒྱུད་དང་། རང་བཞིན་དོན་གྱི་རྒྱུད་དང་། རང་རིག་རྒྱུན་ཆགས་ཀྱི་རྒྱུད་དོ། །སྤྲོས་བྱེད་ཚིག་གི་རྒྱུད་ནི་གཞན་ན་བསྟན་ནས་ཡོད་དོ། །རང་བཞིན་དོན་གྱི་རྒྱུད་ནི། གཞི་དངོས་པོའི་འདུག་ཚུལ། ངོ་བོ་སྐུ་ལས་འདས་པ་དང་། རང་བཞིན་རྩལ་ལས་འདས་པ། ཐུགས་རྗེ་རིས་ལས་འདས་པ་ཉིད་དེ། རྒྱ་མ་ཆད་པས་ཕྱོགས་ལྷུང་དང་བྲལ་བ། རིས་སུ་མེད་པས་བདག་ཏུ་གྲུབ་པ་མེད་པས། གཏད་མེད་པས་གཟུང་འཛིན་ལས་གྲོལ་བའོ། །དེ་ལྟར་ཆོས་ཉིད་ཀྱི་བཞུགས་ཚུལ་དེ། ཤར་རོལ་པར་རང་ཤར་བས་འབད་ཅིང་རྩོལ་དུ་མེད། དེ་ལྟར་ཤར་ཀྱང་ངོ་བོ་རང་དག་པས། དྲི་མའི་མཐའ་ལས་འདས། དེ་ལྟར་དག་པ་དེ་གྲོལ་བ་གནས་ལུགས་སུ་རང་གྲོལ་བས་བྱས་བཅོས་ཐམས་ཅད་རང་བཞག་ཏུ་སངས་རྒྱས་པའོ། །རང་རིག་རྒྱུན་ཆགས་ཀྱི་རྒྱུད་ནི་གཞན་རྒྱུད་ཤེས་པས་བསྡུས་པ་དང་རང་ཤེས་བྱས་བསྡུས་པའོ། །རང་རྒྱུད་ནི་རང་རིག་པའི་ཡེ་ཤེས་དྲན་པ་ལས་འདས་པས་འཛིན་རྟོག་དུ་མ་སོང་། བློ་ལས་འདས་པས་ཡིད་དཔྱོད་ཀྱིས་གཏན་ལ་མི་ཕེབས་ཤིང་དེ་ཉིད་དུ་མ་སོང་། དྲན་མེད་ལས་འདས་པས་བེམ་པོར་མ་སོང་། སྐྱེ་མེད་དུ་གྲུབ་པ་མེད་པས་ད་སྐྱེ་མི་སྲིད་དེ་འཁོར་བ་ལས་འདས་པས་ཏེ། མཚན་མ་དང་ཀ་མར་འཛིན་པའི་སངས་རྒྱས་སུ་མ་སོང་བའོ། །དེ་ལྟ་བུའི་དོན་དེ་རང་གིས་རང་ཤེས་པས་ཤེས་བྱེད་གཞན་ལས་རག་མ་ལུས་པའོ། །དེ་ལྟར་ན་ཤེས་པ་རང་ཤེས་སུ་ཡོ ད་པས་བཅོས་སུ་མེད། དེ་ལྟ་བུའི་རྒྱུད་དེ་ཡིད་མ་ཡིན་པས་འགྱུ་བ་རང་དག །སེམས་མ་ཡིན་པས་དྲན་བསམ་གྱི་འཁོར་ལོ་ལས་འདས། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ཐ་དད་པ་མ་ཡིན་པས། མངོན་པར་ཞེན་པའི་ཡུལ་ཐ་དད་པ་ལས་ལོག །དེ་ཚིག་གིས་གཏན་ལ་མི་ཕེབས་པས་གྲུབ་མཐའ་ལས་ལོག །ལ་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པས་ཡིད་དཔྱོད་ལས་འདས། དེ་ཉིད་ལྟ་སྒོམ་སྤྱོད་གསུམ་གྱིས་བསྟན་དུ་མེད་པ་སྙམ་བྱེད་དུ་མའི་ཕྱོགས་སུ་མ་ལྷུང་བའོ། །འོ་ན་དེ་གང་ཡིན་ན། དེ་ཉིད་རང་དངོས་པོའི་གཤིས་ཡིན་པས་དོགས་པའི་འཁྲིས་མེད་ལ། དེ་ཉིད་དབང་པོའི་མངོན་གསུམ་དང་འབྲེལ་བས་རེ་བའི་དྲིན་གཞན་དུ་མི་འཆའ་བའོ། །དེ་ལྟར་རང་གི་རྒྱུད་དེ་གོང་མ་རྣམས་སྤངས་བ་མ་ཡིན་ཏེ། སྤངས་ན་རྫོགས་པ་ཆེན་པོ་མ་ཡིན་པས། དེ་རྣམས་རང་དུ་ཡང་གཏན་ལ་དབབ་ཏུ་བཏུབ་པ་དེ། དེ་ཉིད་དྲན་པ་ལྟར་སྣང་བས་མ་འོངས་པའི་ཡུལ་སྣ་ཚོགས་ལ་འཇུག་པར་བྱེད་ལ། དྲན་པ་མེད་པ་ལྟར་སྣང་བས་བེམ་པོ་རྣམས་ལ་འཇུག་པ་ཡིན་ལ། བློ་ལྟར་སྣང་བས་ཡིད་དཔྱོད་དུ་མ་འཇུག་པའི་ས་ཡིན་ལ། སྐྱེ་མེད་ལྟར་སྣང་བས་བྱུང་བ་གནས་ས་འགྲོགས་མི་ཤེས་ལ། དེ་ཉིད་ཚིག་དུ་བྱུང་བས་སྒྲ་ཚད་སྣ་ཚོགས་པའི་གཏུགས་པར་སྣང་། དེ་ཉིད་ཤེས་རབ་དུ་བྱུང་བས་སྙམ་བྱེད་ཐ་དད་པའི་རྩ་བར་བྱུང་བའོ། །དེ་ཉིད་རེ་བ་ཡིན་པས་སངས་རྒྱས་གཞན་དུ་བཙལ་དུ་མེད་ལ། དགོས་པ་ཉིད་ལྟར་སྣང་སྟེ། ད་ལྟ་འཁོར་བ་ཉིད་ན་གནས་པས་སོ། །དེ་ལྟར་ན་རང་གི་རྒྱུད་ཤེས་པས་བསྡུས་ཏེ་གང་ལྟར་ཡང་གཏན་ལ་དབབ་ཏུ་བཏུབ་པའོ། །གཞན་རྒྱུད་ཤེས་བྱ་བསྡུད་པ་ནི། འཇིག་རྟེན་པའི་རྒྱུད་དང་། དག་པ་ཕྱོགས་མཐོང་དང་། ཡང་དག་པའི་རྒྱུད་དོ། །འཇིག་རྟེན་པ་ནི་རྒྱུད་རང་སོ་དྲི་མ་དང་བཅས་པས་སོ་སོའི་སྐྱེ་བོ་དང་རིགས་དྲུག་སོ་སོའི་རྒྱུད་དོ། །ཕྱིན་ཅི་ལོག་གི་རྒྱུད་མུ་སྟེགས་གྲུབ་མཐའ་བ སྒྱུར་བའོ། །དག་པ་ཕྱོགས་མཐོང་བ། ཉན་ཐོས་དང་། རང་བྷུ་ཏ་དང་། བྱང་ཆུབ་སེམས་དཔའི་རྒྱུད་དོ། །ཡང་དག་པ་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པའོ། །དེ་དག་རྣམས་རྣལ་འབྱོར་པས་ཤེས་པས་བྱ་དགོས་པའི་ཕྱིར་ན་ཤེས་བྱ་ཞེས་བྱའོ། །དེ་ལྟར་ན་ངོ་མཚར་བ་རང་རིག་ཡེ་ཤེས་སུ་བཞུགས། ངེས་ཚིག་གཅིག་ནས་གཅིག་ཏུ་བརྒྱུད་པས་ན་རྒྱུད་ལ། ཡང་བྲེང་ཆགས་པའམ་ཐང་ཆོད་པས་ན་རྒྱུད་ཡིན་ལ། དབྱེ་ན་སྤྲོ་བྱེད་ཚིག་གི་རྒྱུད་བཅུ་བདུན། རང་བཞིན་དོན་གྱི་རྒྱུད་གནས་ལུགས། རང་བཞིན་རྒྱུན་ཆགས་ཀྱི་རྒྱུན་རང་རྒྱུད་དང་གཞན་རྒྱུད་དོ། །ཞེས་བྱ་བ་ནི་གོང་མའི་དེ་དག་བསྟན་པར་བྱ་བཤད་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །གསང་བ་བླ་ན་མེད་པའི་ཚིག་བྲལ་མན་ངག་དང་སྦྱོར་སྟེ་བཤད་པ་ནི། རྟེན་གྱི་གང་ཟག་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་ཡིད་ཆེས་པས་སྒྲོན་མའི་དོན་ཉམས་སུ་བླངས་པས་ཆོས་ཉིད་དོན་གཏན་ལ་ཕེབས་པ་ནི། མཚན་ལ་བརྟེན་ནས་རྟོགས་པས་ཏེ། སྐལ་ལྡན་ཡིད་ཆེས་ཤིང་མོས་པ་མ་ལོག་པ་གསེར་གྱི་སྒྲམ་དང་འདྲ་བས་གསེར་གྱི་ཞེས་བྱ། དེ་ཉིད་དབང་པོ་རྣོན་པོ་ལ་དྲི་མ་དང་སྐྱོན་མེད་པས་ན་མེ་ཏོག་ཞེས་བྱ། དེ་ལྟར་ཤེས་རབ་ཀྱི་སྒྲོན་མ་བཞིའི་དོན་མངོན་སུམ་དུ་གཏན་ལ་ཕེབས་ན་མཛེས་པའོ། །དེ་ལྟར་གཏན་ལ་ཕེབས་པ་དེ་རྐྱེན་མ་ཡིན་པའི་ཡུལ་དགོན་པར་བྱ་བ་སྤངས་ནས་ཉམས་ལེན་དང་མ་བྲལ་བར་གནས་པ་ལས་ཉམས་གོང་འཕེལ་གྱི་སྣང་བ་ཤར་བ་ན་རིན་པོ་ཆེའོ། །ཉམས་གོང་འཕེལ་གྱི་སྣང་བ་ཡིད་དཔྱོད་དམ་ཚིག་མ་ཡིན་པར་དབང་པོ་དང་འབྲེལ་བར་མངོན་སུམ་དུ། དཔེར་ན་མུན་ཁང་དུ་སྒྲོན་མ་བཏེགས་པས་རྫས་ལག་པ་གསལ་བ་དང་འདྲ་བར་སྣང་བས་ན་སྒྲོན་མའོ། །དེ་ཉིད་ལ་ཡུན་རིང་དུ་ཉམས་སུ་བླངས་པས་འཁྲུལ་པའི་སྣང་བ་འདི་འགགས་ནས་རིག་པ་ཚད་ལ་ཕེབས་པའི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་ལ་སྤྱོད་པས་ན་འབར་བའི་ཞེས་བྱ་སྟེ་དཔེར་ན་མེ་ཆེན་པོ་འབར་བ་ལ་ཤིང་བསྣན་པ་དང་འདྲ་བར། ཉམས་གོང་འཕེལ་བས་ཀྱང་སྣང་བ་གཏན་ལ་དབབ་པའོ། །དེ་ལྟར་ཀྱང་ཚིག་གི་རྒྱུད་འདི་ལ་རྟེན་ནས་ཉམས་སུ་ལོངས་པས་ན་ཞེས་བྱའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་ཨཱ་ལོ་ཀེ་ཞེས་བྱ་སྟེ། སྣང་བ་ཞེས་བྱ། སྒྲོན་མ་ཞེས་བྱ། སྣང་བ་ཡང་མངོན་སུམ་དུ་སྣང་བས་ན་སྣང་བ། སྒྲོན་མ་ནི་གསལ་བ་ལ་རང་གསལ་བས་གཞན་གྱི་མུན་པ་སེལ་བར་བྱེད་པས་ན་སྒྲོན་མའོ། །དེ་ལྟར་ན་སྒྲོན་མ་བཞི་བོ་འདི་ནི་དཔེར་ན་སྐྱེས་བུ་གཅིག་གསེར་འདོད་པ་ལ། སྔོན་དུ་གསེར་མ་ཡིན་པའི་སྒྲོ་འདོགས་བཅད་ནས་གསེར་དུ་གཏན་ལ་འབེབས་པ་འདྲ་བར། ཐེག་པ་ཐུན་མོང་པ་རྣམས་ཀྱིས་གཞན་སྤྲོས་བཅད་པས། རང་དོན་སྒྲོན་མར་གཏན་ལ་མ་ཕེབས་སྟེ། བརྩོན་འགྲུས་ཚི་ཆད་པ་དང་འདྲ། འདི་རང་སྤྲོས་བཅད་དེ་སྔོན་དུ་ནས་གསེར་རང་དུ་གཏན་ལ་ཕབ་པ་དང་འདྲ་བ་སྒྲོན་མ་བཞི་རང་ཐོག་དུ་མངོན་སུམ་དུ་བསྟན་པས་གཞན་གྱི་སྤྲོས་པ་རང་ཆོད་དེ་བརྩོན་འགྲུས་བྱ་མི་དགོས་པར་ཡིད་དཔྱོད་སྙམ་བྱེད་མེད་པར་སངས་རྒྱ་བའོ། །དེའི་ཕྱིར་ན་ཐེག་པ་ཐུན་མོང་པ་རྣམས་སྒྲོན་མ་མེད་པའི་མུན་པའམ། མིག་མེད་པ་དང་འདྲ་བའོ། ༈ །མཚན་དཀྱུས་ལ་ངོས་བཟུང་བ་ནི། སྒྲོན་མ་བཞི་བོ་དེ་སྔོན་དུ་རྒྱང་ཞགས་ཆུའི་སྒྲོན་མ་བསྟན་ཏེ། དེ་ལ་དོན་དགུས་ལེའུ་དང་པོའི་ཁོག་དོན་རྫོགས་པར་བསྟན་པ་ལས། ངོ་བོ་ནི་སྒྲོན་མ་ཉིད་ཡིན་ལ། ངེས་ཚིག་ནི་རྒྱང་ནི་རིང་བའི་རྒྱུད་འཛིན་པས། གཟུགས་སུ་སྣང་བ་རྣམས་འཛིན་པས་ཏེ། འབར་བས་ནི་དཔེར་ན་མེ་འབར་བས་རྫས་འཛིན་ཅིང་སྲེག་པས་ནའོ། །དབྱེ་བ་ནི་འབྱུང་བ་ལྔའི་དྭངས་མ་འདུས་པ་དང་། ཡེ་ཤེས་ཀྱི་དྭངས་མ་འདུས་པ་དང་། དབང་པོའི་དྭངས་མ་འདུས་པ་དང་། གསུམ་གྱིས་ཤིན་ཏུ་ལེགས་པར་རྫོགས་པས་ན་མཛེས་པའི་སྟེ་རབ་ཏུ་གསལ་བར་གནས་པའོ། །མཚན་ཉིད་ནི་དབང་པོ་རྣམས་འདུས་པའི་དྭངས་མ་མིག་དུ་དོན་དམ་པའི་འབྱུང་བ་བཞི་ལས་གྲུབ་པས་ན་མེ་ཏོག་ཞེས་བྱའོ། །གནས་ནི་དབང་པོ་ལྔའི་ནང་ནས་དྭངས་མ་འདུས་པ་མིག་ཡིན་ལ། དེའི་ལམ་རྩ་བཞི། དེ་ལས་ཀྱང་ཁྱད་པར་དུ་ཀ་ཏི་གསེར་གྱི་རྩ་ཆེན་པོ་ནས་རྒྱུ་ཞིང་གནས་དང་། རིན་པོ་ཆེ་ལྔ་ལས་ཁྱད་པར་འཕགས་པ་གསེར་ཡིན་པས་ན་གསེར་གྱི་ཞེས་པའོ། །བསྐྱེད་པ་དང་འདྲེན་པ་ནི་མིག་དེ་ཡང་ཐོག་མ་ལྟེ་བར་ཆགས། དེ་ནས་དྲན་པར་བརྒྱུད་དེ་ནས་རོ་རྣམས་སུ་བརྒྱུད། དེ་ལས་རྩེ་མོ་རྣམས་བཀོད་དུ་བརྒྱུད། དེ་ལས་མིག་དུ་བརྒྱུད་པས་ན་བརྒྱུད་དོ། །དེ་ཡང་ཐོག་མ་མ་ལུས་ཀུན་རྫོབ་ཀྱི་འབྱུང་བ་བཞི་ལས་བསྐྱེད་པས་ན་དྭངས་མ་དོན་དམ་པའི་འབྱུང་བ་བཞིར་སྨིན་པའོ། །འཆར་སྒོ་ནི་མིག་རྒྱ་མཚོ་ལས་མེ་ཏོག་གི་རྣམ་པ་དང་མཚུངས་པས། མཐུན་དཔེ་ནི་འདི་ཉིད་ལ་གོམས་པས་ཡོན་ཏན་ཟད་པ་རྣ་བར་འཛིན་པར་བྱེད་པས་ན་རིན་པོ་ཆེ་ཞེས་བྱའོ། །དེ་ལྟར་ན་མེ་ཏོག་མཛེས་པ་སུས་མཐོང་བ་ཅེས་པས་སྟེ། རྒྱང་ཞགས་ཆུའི་སྒྲོན་མའི་མཚན་ཉིད་སུས་མཐོང་བ་སངས་རྒྱ་བ་ཡིན་ནོ། །དེ་ལྟར་ལེའུ་དང་པོའི་དོན་ཚིག་རྒྱུད་ཀྱི་མཚན་ལ་བསྡུས་ཏེ་བསྟན་པའོ། ༈ །ལེའུ་གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་ཚིག་རྣམས་རྒྱུད་ཀྱི་མཚན་ལ་བསྡུ་ན་ནི། དོན་བརྒྱད་ཀྱིས་བསྟན་པའི་ངོ་བོ་ནི་སྒྲོན་མ་ལྷག་མ་རྣམས་ཀྱི་ཤེས་བྱེད་དུ་ཡོད་པས་ན་ངོ་བོས་སྟེ། སྒྲོན་མ་ཞེས་བྱའོ། །ངེས་ཚིག་ནི་ཤེས་པ་ཐམས་ཅད་ཀྱི་རབ་གང་ཡིན་ན་འཁྲུལ་པ་རྣམ་རྟོག་འགགས་པའི་དོན་ཤེས་པ་ན། དེ་ཉིད་ཤེས་པའི་བྱེ་བྲག་རྣམས་ལས་རབ་ཏུ་གྱུར་པ་ནི་དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པའི་ཚེ་ས་རྡོའི་བག་མེད་པ་དང་འདྲ་བར། ཤེས་རབ་ཀྱིས་ཚིག་གི་སྤྲོས་པ་ཆོད་པའི་ངོ་བོ་ལ་ཚིག་དུ་གྲུབ་པ་མེད་པར་རྟོགས་པ་ནི་གསེར་གྱི་ཞེས་བྱའོ། །དེ་ཡང་གཞན་ལས་བྱུང་བ་མ་ཡིན་ཞིང་གཞན་གྱི་སྒྲོ་འདོགས་གཅོད་དེ་ཞེས་པ་སྟེ། ལུས་ཀྱི་གཞི་ལ་གནས་པའི་ཤེས་རབ་དང་། སྣང་བ་ཅེ་ཟིན་འཕྲལ་བྱུང་གི་ཤེས་རབ་དང་། དྲན་པ་འགགས་པ་མེད་པའི་ཚིག་གི་ཤེས་རབ་དང་། སོ་སོར་རྟོག་པ་སྙམ་བྱེད་བློ་ཡི་ཤེས་རབ་དང་། ཉོན་མོངས་པ་རྩད་ནས་གཅོད་པ་ཐོས་བསམ་བསྒོམ་བྱུང་གི་ཤེས་རབ་དང་ལྔ་ལས་སྣང་བ་མཆེད་པ་དང་། ཚིག་ལ་མཆེད་པ་དང་། བསྡུད་ཅིང་སྲེག་པར་བྱེད་པས་ན་འབར་བའི་ཞེས་པའོ། །ཤེས་རབ་ཀྱི་མཚན་ཉིད་ནི་སྣང་བ་དང་མི་སྣང་བའི་ཆོས་ཀྱི་རྣམ་པ་རྣམས་རང་བཞིན་མེད་པར་ཤེས་པས་ན་དཔའ་བ་ཞེས་བྱ་སྟེ། མཛེས་པ་ཞེས་བྱའོ། །འཆར་བར་བྱེད་པའི་སྒོ་ནི་དབང་པོའི་ལས་ཁྱད་པར་ནང་ནས་མེ་ཏོག་གི་རྣམ་པ་ལྟ་བུ་འཆར་བས་ན་མེ་ཏོག་གོ། །དེ་ཉིད་ལུས་ལ་གང་ན་གནས་ན་བསྐྱེད་པར་བྱེད་པའི་རྩ་ནས་འགྱུ་ཞིང་གནས་པས་ན་རྒྱུད་ཅེས་བྱ། ཚད་ནི་ཤེས་རབ་ལྔའི་སོ་སོ་ཉམས་གོང་ནས་གོང་དུ་འཕེལ་བ་སྟེ་རིན་པོ་ཆེ་ཞེས་པའོ། །མཐུན་དཔེ་ནི་སྤྲ་བ་རླན་དང་བྲལ་བའི་ནང་དུ་མེ་སྟག་ཕྲ་མོ་ཚུད་པས་འབར་ཞིང་ཆེར་མཆེད་པས་བྱེད་པས་ན་ཡང་འབར་བ་ཞེས་བྱའོ། །དེ་ལྟར་ལེའུ་གཉིས་པའི་ཚིག་དོན་མཚན་ལ་བསྡུས་པའོ། ༈ །ད་ནི་ལེའུ་གསུམ་པ་ཐིག་ལེ་སྟོང་པའི་སྒྲོན་མའི་དོན་བཅུ་གཉིས་སུ་གཏན་ལ་ཕབ་པའི་ལེའུ་གསུམ་པའི་ཚིག་རྣམས་མཚན་ལ་ངོས་གཟུང་བ་ནི། ངོ་བོ་ཉག་གཅིག་ལ་འཕྲ་བ་སྤྲོས་པ་དང་བྲལ་བས་ན་མཛེས་པའི་ཅེས་བྱ་ལ། ངེས་ཚིག་ནི་ཐིག་མི་འགྱུར་བ་དང་ལེ་བརྡལ་བ་དང་། སྟོང་པ་དངོས་པོའི་འཛིན་པ་དང་བྲལ་བས་ན་འབར་བའི་ཅེས་བྱ་ལ། དབྱེ་བ་རྣམ་པ་ལྔ་སྟེ། གཞི་གནས་རང་བཞིན་གྱི་ཐིག་ལེ་དང་། ལུས་གནས་རྩའི་དང་། ཀུན་རྫོབ་རྒྱུའི་དང་། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་དང་། རང་བྱུང་འབྲས་བུའི་ཐིག་ལེ་དང་ལྔ་གསེར་དང་སེར་པོ་ལྟར་གཉིས་མེད་དུ་གནས་པས་གསེར་གྱི་ཞེས་བྱའོ། །དེའི་རང་བཞིན་ནམ་དགོས་པ་ནི་རང་གནས་དགོངས་པ་གཅིག་ཏུ་གནས་པའི་ཚེ། ཐ་སྙད་དུ་འཛིན་པའི་གྲངས་ལ་སོགས་པ་ཟད་པས་ན་ཏོག་ཅེས་བྱ་སྟེ་རྩེ་མོའམ་གཅིག་ཏུ་གནས་པའི་དོན་ནོ། །དེའི་གནས་ནི་རྩ་སྟོང་ཕྲག་གྲངས་མང་པོར་གནས། མཚན་ཉིད་རྣམས་ཀྱང་རྩ་བཞི། དེ་ལས་ཀྱང་ཁྱད་པར་དུ་ཀ་ཏི་གསེར་གྱི་རྩ་ཆེན་པོ་ལས་རྒྱུ་བའོ། །སྒོ་ནི་མིག་ནས་འཆར་བས་ན་མིག་གིས་ཀྱང་གཟུགས་ལ་སོགས་པ་ལ་མཆེད་པར་བྱེད། མེད་ཀྱང་མཆེད་པར་བྱེད་པའོ། །དེའི་རང་བཞིན་ནི་གསལ་བ་དངོས་པོའི་ཕྱོགས་སུ་མ་ལྷུང་སྟོང་པས་མཚན་མའི་རིས་སུ་མ་སོང་བ་ཡིན་པས་རིན་པོ་ཞེས་བྱ་སྟེ་གཞན་ལས་རིན་ཐང་གི་ཁྱད་པར་འཕགས་པས་ཏེ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེ་ཉིད་སྣང་བ་གང་ལ་སྣང་ན་ནམ་མཁའ་རྒྱ་ཆེ་བ་ལ་སྣང་བས་ན་ཆེ་ཞེས་པའོ། །དེའི་ཚད་ནི་རྩོལ་བཅས་རྩའི་གནད་དང་རྩོལ་མེད་རིག་པའི་གནད་ཀྱིས་དེ་ཉིད་ཚད་ལ་འབེབས་པས་ན་རྒྱུད། ཞེས་པས་ཏེ་བླ་མ་བརྒྱུད་པ་ལ་བརྟེན་ནས་ཉམས་སུ་མྱོང་བའོ། །དེ་ཉིད་དངོས་ནི་འགྲོ་བ་རིགས་དྲུག་སོ་སོ་ལ་རང་འོད་དང་བཅས་པར་གནས་པ་སྒྲོན་མ་ཞེས་རིགས་དྲུག་གི་མུན་པ་སེལ་བར་བྱེད་པའོ། །མཐུན་དཔེ་ནི་དཔེར་ན་རྨ་བྱའི་མདོངས་དང་འདྲ་སྟེ། འོད་ལྔས་ཁྱབ་པས་ན་ཞེས་བྱ་བའི་ཞེས་པ་གཏན་ལ་འབེབས་པ་ཚིག་ཡིན་པས་ན་དཔེས་གཏན་ལ་ཕབ་པའོ། །དེ་ལྟར་ན་ངོ་བོ་དང་གཅིག །ངེས་ཚིག་དང་གཉིས། དབྱེ་བ་དང་གསུམ། མཚན་ཉིད་དམ་དགོངས་པ་དང་བཞི། གནས་པ་དང་ལྔ། སྒོ་གང་ལས་འཆར་བ་དང་དྲུག་དེའི་རང་བཞིན་དང་བདུན། ཡུལ་ལ་ཇི་ལྟར་སྣང་ལུགས་དང་བརྒྱད། དེའི་ཚད་དང་དགུ། དངོས་དང་བཅུ། དེ་རྟོགས་པར་བྱེད་པའི་མན་ངག་དང་བཅུ་གཅིག །མཐུན་དཔེ་དང་བཅུ་གཉིས་སུ་ལེའུ་གསུམ་པའི་ཚིག་མཚན་ལ་བསྡུས་ནས་བསྟན་པའོ། ༈ །ད་ནི་ལེའུ་བཞི་པའི་ཚིག་དབྱིངས་རྣམ་པར་དག་པའི་དོན་མཚན་ལ་བསྡུས་ན། བཅུ་གཅིག་ཏུ་བསྟན་པའི་ངོ་བོ་ནི་སྒྲོན་མའོ། །དོན་ལ་རིག་པའི་ངོ་བོ་བསྡུས་པར་བྱེད་པའོ། །ངེས་ཚིག་ནི་རྣམ་པར་དང་། དག་པ་དང་། དབྱིངས་དང་གསུམ་དུ་སྤེལ་ལེགས་པས་ན། མཛེས་པའོ། །དབྱེ་བ་ནི་གཞི་ལ་གནས་པའི་དབྱིངས་དང་། ལམ་དང་། ཡུལ་ལ་སྣང་བ་གསུམ་གྱིས་ངོ་བོ་ལ་འགྱུར་བ་མེད་པར་གསེར་རོ། །རང་བཞིན་ནི་རྣམ་རྟོག་ཟབ་ཅིང་རང་ཐལ་དུ་གནས་པས་གོང་ནས་འབྲེལ་བས་ན་ཀྱི་ཞེས་འདྲེན་པ་མཚོན་པའི་ཚིག་གོ། །དགོས་པའམ་མཚན་ཉིད་ནི། དྲི་མའི་རྣམ་རྟོག་ལས་འདས་སྒྲིབ་བྲལ་ཉག་གཅིག་ཏུ་ཡོད་པས་ན་ཏོག་ཅེས་སྒྲས་ཏེ་ཆོས་ཉིད་ཀྱི་རང་སྒྲ་ཉེས་སྐྱོན་ལས་འདས་པའོ། །དེ་ཉིད་གོམས་པར་བྱེད་པའི་མན་ངག་ནི་སྔོན་འགྲོ་དང་དངོས་གཞི་ལ་བརྟེན་ནས་རྟོགས་པ་ཉམས་སུ་མྱོང་བ་རང་གི་རྒྱུད་ལ་བརྟེན་ནས་འབྱུང་བའོ། །དེ་རང་གནས་པ་ནི་མིག་ལ་འབྱུང་བའི་ཉེས་སྐྱོན་མེད་པ་སྟེ་མཆོད་པས་ན་མེའོ། །དེའི་ཚད་ནི་མཐིང་ཀ་ལས་ཁ་དོག་ལྔར་གསལ་ཙམ་ན་བསྟན་པ་ཐོབ་པ་སྟེ། སྣང་བའི་འཕེལ་རྫོགས་པས་ན་རིན་པོ་ཆེ་ཞེས་པའོ། །སྒོ་ཡང་མིག་ནས་འཆར་བས་གོང་འདྲ། དེ་ཉིད་དངོས་ནི་རང་གི་སྨིན་མཚམས་ནས་སྣང་བས་ན་ཡང་སྒྲོན་ཞེས་པའོ། །མཐུན་དཔེ་ནི་ཡི་གེ་ན་རོ་ལྟ་བུར་གཉིས་སུ་གཅིག་གི་རང་བཞིན་དུ་བཞུགས་པས་ན་ཞེས་བྱའི་ཞེས་བསྟན་པའོ། །དེ་ལྟར་ན་ངོ་བོ་དང་གཅིག །ངེས་ཚིག་དང་གཉིས། དབྱེ་བ་དང་གསུམ། དེའི་རང་བཞིན་དང་བཞི། མཚན་ཉིད་དམ་དགོས་པ་དང་ལྔ། དེ་ཇི་ལྟར་གཡོས་པར་བྱ་བའི་ཐབས་དང་དྲུག །དེའི་ཚད་དང་བདུན། གནས་དང་བརྒྱད། སྒོ་གང་ནས་འཆར་བ་དང་དགུ། དེ་ཉིད་དངོས་གང་ཡིན་པ་དང་བཅུ། མཐུན་དཔེ་དང་བཅུ་གཅིག་གིས་ལེའུ་བཞི་པའི་དོན་མཚན་ལ་བསྡུས་ཏེ་བསྟན་པའོ། །མཚན་རྒྱུད་ལ་ངོས་བཟུང་བ་བསྟན་ནོ། །མཚན་གྱི་དགོས་པ་ནི། བཏགས་པ་མིང་གི་དགོས་པ་དང་། བརྗོད་པ་ཚིག་གི་དགོས་པ་དང་། བསྡུས་པ་དོན་གྱི་དགོས་པ་གསུམ་ལས་བཏགས་པ་མིང་ནི། ལ་ལ་ལེའུ་མཚན་དུ་སོང་བ་ཡོད། ལ་ལ་ཤྭ་ལོ་ཀ་ལས་སོང་བ་ཡོད། ལ་ལ་བསྡུས་དོན་ལས་སོང་བ་ཡོད། ལ་ལས་གཙོ་བོའི་ལྷ་ལས་སོང་བ་ཡོད། ལ་ལ་ཚིག་དང་མ་འབྲེལ་ལ་དོན་གོ་ལས་མིང་དུ་བཏགས་པ་ཡོད་དེ། ལ་ལ་ཚིག་འགའ་ཙམ་ལ་བརྟེན་ནས་མིང་བཏགས་པ་ཡོད་དེ། དེ་དག་རྣམས་ནི་དོན་ཡིན་ཀྱང་ཚིག་དང་མ་འབྲེལ་བ་དང་། གྲངས་ཡིན་ཀྱང་དོན་དུ་མ་འདུས་པ་དང་། ཚིག་ཡིན་ཀྱང་དོན་དུ་མ་འདུས་པས་ན་དགོས་པ་ཡོད་ཀྱང་འབྲེལ་བ་མེད་པའོ། །འདི་ནི་དེ་ལྟར་མ་ཡིན་ཏེ་ཚིག་དང་དོན་དུ་འབྲེལ་བ་སྟེ། གསེར་ལ་སོགས་པ་མཚན་གྱི་ཆེ་བར་བསྟན་ནས། སྒྲོན་མ་བཞིའི་ཚིག་གིས་ཀུན་ལ་འབྲེལ། ལེའུ་བཞིས་སྒྲོན་མ་བཞིའི་ཆོས་བསྟན་པས་གཞུང་ཚིག་དང་ཡི་གེར་བྱུང་བ་དང་། མ་འབྲེལ་བ་མེད་པས་མིང་སྨོས་པ་ཙམ་གྱིས་གཞུང་གོ་བའི་དགོས་པ་ཡོད་པས་ན་དབང་པོ་ལ་རྣོ་རྟུལ་མེད་པའི་གནད་བསྟན། དོན་སྒྲོན་མ་ཞེས་མ་རིག་པའི་མུན་པ་སེལ་བའི་དགོས་པ་ཡོད་པས་རང་རིག་མངོན་སུམ་དུ་རྟོགས་པའོ། །བརྗོད་པ་ཚིག་གི་དགོས་པ་ནི་ལ་ལ་ནས་མཚན་བསྡུས་པར་བཏགས་ནས་ཚིག་རྒྱས་པར་བསྟན་པ་ཡོད་ལ། ལ་ལ་མཚན་རྒྱས་པས་བསྟན་ལ་ཚིག་དོན་བསྡུས་པར་གསུངས་པ་ཡོད་དེ། འདི་ནི་དེ་ལྟར་མ་ཡིན་པར་མཚན་ཀྱང་སྒྲོན་མ་བཞིའི་ཚིག་ལས་མ་འདས་པས་ན་མངོན་གསུམ་རང་གནད་དུ་བསྟན་པའི་དགོས་པ་ཡོད་པས། ཚིག་གིས་སངས་མི་རྒྱ་བའི་གནད་བསྟན་པའོ། །བསྡུས་པ་དོན་གྱི་དགོས་པ་ནི་སྒྲོན་མ་བཞི་ལ་བརྟེན་ནས། གང་ཟག་གཅིག་སངས་རྒྱ་བའི་དགོས་པ་ཡོད་པས། རྒྱུད་གཞན་ལ་རག་མ་ལུས་པའི་གནད་དང་། གཞུང་ལེའུ་བཞི་ཡི་བདག་ཉིད་དུ་གནས་པ་དེ་དོན་སྒྲོན་མ་བཞིའི་མཚན་དུ་བསྟུས་པས་བརྗོད་བྱ་ལ་ཡིད་ཆེས་པའི་དགོས་པ་ཡོད་པས། མན་ངག་ཚིག་གསུམ་དུ་འདུས་པའི་གནད་བསྟན་པའོ། །དེ་ལྟར་དགོས་པ་གསུམ་གྱིས་དབང་པོ་རྣོ་རྟུལ་མེད་ཀྱང་བརྩོན་འགྲུས་ལ་ཆེ་ཆུང་ཡོད་པས། བརྩོན་འགྲུས་རབ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་འདི་ཉིད་དུ་སངས་རྒྱས་པའི་དགོས་པ་དང་། འབྲིང་བར་དོན་རང་གི་དེ་ཉིད་སྒྲོན་མ་བཞིའི་སྣང་བ་ལ་བརྟེན་ནས་སངས་རྒྱ་བའི་དགོས་པ་དང་། ཐ་མ་ཟབ་མོའི་ཆོས་ཀྱི་སྒོ་མཐོང་བའི་ཡོན་ཏན་གྱིས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱ་བའི་དགོས་པའོ། ༈ །དེ་ལྟར་མཚན་བསྟན་ནས་ད་ནི་རྒྱུད་ཀྱི་གཞུང་དོན་ངེས་པར་བསྟན་ལ་གཉིས་ལས། ཐོག་མར་རྒྱུད་འབྱུང་བའི་ཡན་ལག་དུ་ཕྱག་བཙལ་བ་བསྟན་པ་དང་། གཞུང་དངོས་ལས་ཕྱག་བཙལ་བ་བསྟན་པ་ནི། སྔོན་འབྱུང་དུ་རྒྱུད་ཀྱི་སྡུད་པ་པོས་རྒྱུད་ཀྱི་སྟོན་པ་ལ་རྗེས་སུ་ཡིད་རང་ཞིང་དྲིས་ལན་གྱི་སྒོ་ནས་ཕྱག་བཙལ་བ་དང་། རྗེས་འཇུག་ཏུ་མ་འོངས་པའི་དུས་ཀྱི་སྐལ་ལྡན་རྒྱུད་འདི་ཉིད་ལ་མོས་པ་རྣམས་ཀྱི་ཚོགས་རྫོགས་པའི་དོན་དུ་ཕྱག་བཙལ་བ་དང་། དེ་ལྟར་ཕྱག་བཙལ་བའི་དགོས་པ་བསྟན་པ་དང་གསུམ་མོ། །དེ་ལྟར་སྔོན་འབྱུང་དུ་རྒྱུའི་རྡོ་རྗེ་འཆང་ཞེས་བྱ་བ་འདུས་པ་གཉིས་པའི་སྡུད་པ་པོ་དེས་ཡོན་ཏན་གྱི་མཐོང་བ་དག་པས། འབྲས་བུ་ཡི་རྡོ་རྗེ་འཆང་ཆེན་པོ་འབྲས་བུ་རང་ཚོགས་ཆེན་པོར་བཞུགས་པ་དེ་ལ་འཁྲུལ་པ་ལྟར་སྣང་གི་གཟུང་འཛིན་མི་མངའ་བས་མ་རིག་པ་རྣམ་པ་གསུམ་ལས་ཀུན་ཏུ་བཏགས་པའི་མ་རིག་པ་བཅོམ་པས་བདག་འཛིན་མེད་པའི་ཡེ་ཤེས་མཉམ་པ་རེས་མེད་དང་ལྡན་ཏེ། རྐྱེན་དུ་མངོན་པར་སྣང་བའི་ཉོན་མོངས་པ་ལས་འདས་པའོ། །དེ་ལྟར་ཡུལ་ཅན་དུ་མའི་རྣམ་པར་རྟོག་པ་ཡོད་མི་སྲིད་པས། གཉིས་འཛིན་གྱི་ཤེས་པའི་མཐའ་ལས་གྲོལ་ཏེ་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ་པས་དུས་གསུམ་མཉམ་པ་ཉིད་དུ་གནས་ཏེ། སྐྱེ་བ་དང་འཇུག་པ་ལ་རང་དབང་ཐོབ་པས་སྐྱེ་མེད་རང་གྲོལ་ལ། དེ་ལྟར་སྐྱེ་བ་མེད་པ་འཆི་བདག་གི་བདུད་ལས་རྒྱལ་སྐྱེ་མེད་ཡེ་ནས་དག་པའི་ཡེ་ཤེས་དང་ལྡན་ཏེ། འཁོར་འདས་གཉིས་འཛིན་གྱི་མཐའ་ལས་འདས་པའོ། །ཡང་དེ་ཉིད་འཁྲུལ་བ་ཞེས་བྱ་བར་གྲུབ་པ་མེད་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་བཅོམ་པས། འབྱུང་བ་འདུས་པ་ཟག་བཅས་ཀྱི་ཕུང་པོ་མ་གྲུབ་སྟེ། ཕུང་པོའི་བདུད་ལས་རྒྱལ་བས། རང་འབྱུང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་ཏེ། མཚན་མ་བདག་འཛིན་གྱི་ཤེས་པ་ལས་འདས་པའོ། །དེ་ལྟར་མ་རིག་པ་གསུམ་མིང་མེད་པས་ད་འཁྲུལ་མི་སྲིད་པས་སྟོང་པ་ཉིད་རིག་པ་སྣང་བའི་དབང་དུ་མ་གྱུར་པས་ཕྲ་རགས་ཀྱི་དྲི་མ་རྣམས་བཅོམ་པས། སྣང་བ་འཁྲུལ་འཁོར་གྱི་ཆོ་འཕྲུལ་རྣམས་ཀྱིས་བྲིད་ཅིང་བསླུ་བར་མི་ཚུགས་པས། རང་བཞིན་རྣམ་དག་གི་ཡེ་ཤེས་དང་ལྡན་ཏེ། འབྱུང་རྐྱེན་དུ་མའི་གནོད་པ་ལས་འདས་པའོ། །དེ་ལྟ་བུའི་རྒྱུད་ཀྱི་སྟོན་པ་དེ་ལ་འཛིན་པ་ནང་གི་སྒྲོ་འདོགས་ཆོད་པས་བདག་ཉིད་ཀྱི་དོན་རང་འབྱུང་དུ་སུས་ཀྱང་བྱས་པ་མེད་པར་གྲུབ་པས་རང་དོན་རྫོགས་ལ། གཟུང་བ་ཕྱིའི་སྒྲོ་འདོགས་བཅད་དེ་གདུལ་བྱ་འགྲོ་བ་རིས་སོ་སོའི་བསམ་པ་དང་པོའི་བྱེ་བྲག་མཁྱེན་པས་གཞན་དོན་ལ་ཐོགས་པ་མེད་པར་མཛད་པས་ན་དཔལ་ལོ། །སྣང་བ་ནི་བཞི་སྟེ། གདུལ་བྱ་ཡུལ་དུ་ཐ་དད་པའི་སྣང་བ་དང་། བདེ་གཤེགས་འཁྲུལ་པ་དག་པའི་སྣང་བ་དང་། འགྲོ་དྲུག་འཁྲུལ་བ་དམིགས་པ་སོ་སོའི་སྣང་བ་དང་། རང་བཞིན་རྣམ་པར་དག་པའི་སྣང་བའོ། །དེ་ལྟར་སྣང་བ་བཞི་འབད་ཅིང་རྩོལ་མི་དགོས་པར། རྒྱུད་ཀྱི་སྟོན་པ་དེའི་ཐུགས་ལ་ཤར་བ་ཉིད་ལ། སྔོན་འབྱུང་དུ་སྡུད་པ་པོས་དྲིན་ལ་ལན་ལྡོན་པའི་ཚུལ་དུ་ཕྱག་འཚལ་ལོ། །རྗེས་འཇུག་དུ་མ་འོངས་པའི་སྐལ་ལྡན་རྫོགས་པའི་དོན་དུ་ཕྱག་བཙལ་བ་ནི། རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་དེ་ཉིད་ཀྱིས་སྔོན་བྱུང་དུ་བདུད་བཞི་ངང་གིས་བཅོམ་པས་རྗེས་འཇུག་མོས་པ་དང་ལྡན་པ་དེ་ཉིད་ཀྱི། ལུས་ངག་ཡིད་ཀྱི་མི་དགེ་བ་རྣམས་རང་བཞིན་ཤུགས་ཀྱིས་ཐུགས་རྗེས་བཅོམ་སྟེ། རྒྱུ་བསོད་ནམས་ཀྱི་ཚོགས་དང་ལྡན་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལས་འདས་པས་རང་བྱུང་གི་ཡེ་ཤེས་ལས་ཀྱི་དབང་དུ་མི་འགྱུར་ཏེ། དགེ་བས་བསྐྱབ་ཏུ་མེད་ལ། སྔོན་བྱུང་དུ་སྟོན་པ་ཉིད་ཡེ་ཤེས་བཞི་ལྡན་པས་རྗེས་འཇུག་མོས་པ་དང་ལྡན་པ་དེས་བསྐུལ་ཞིང་གསོལ་བཏབ་ཀྱི་ཐུགས་རྗེས་ལྟ་བ་ཕྱིན་ཅི་ལོག་དུ་འཛིན་པའི་རྣམ་པ་རྣམས་བཅོམ་པས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་དང་ལྡན་ཏེ། བག་ཆགས་སྔ་ཕྱིའི་ཞེན་པ་ལས་འདས་པས། རང་བྱུང་རིག་པའི་སྒྲོན་མ་བཞི་ལ་བརྩོན་འགྲུས་ཀྱི་མཐའ་དང་བྲལ་ནས། སྡིག་པས་གོས་པ་མེད་པ་ནམ་མཁའ་ལ་མདུང་བསྐོར་བའམ། ཆུ་ལ་རལ་གྲི་བཏབ་པ་ལྟ་བུའོ། །དེ་ལྟར་ན་སྐལ་ལྡན་དེ་སྟོན་པས་བྱིན་བརླབས་གཉིས་བཞུགས་པས་དྲི་མ་གཉིས་བཅོམ། ཚོགས་གཉིས་དང་ལྡན། ལས་དང་བག་ཆགས་ལས་འདའ། མཐའ་རྣམ་པ་གཉིས་ལ་མི་གནས་པའི་སྐལ་ལྡན་དེ་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ་མངོན་དུ་སྣང་བ་རང་དོན་ཁོང་དུ་ཆུད་ལ། འཕོ་བ་ཆེན་པོའི་རླུང་སྦྱང་བ་ལ་བརྟེན་ནས་གཞན་དོན་སྟོན་པས་དཔལ་ལོ། །དེ་ལྟར་རང་གཞན་གྱི་དོན་རྫོགས་པ་དེ་ཉིད་སྐལ་ལྡན་དེས། ཆོས་ཉིད་མངོན་སུམ་སྒྲོན་མ་བཞིའི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ལ་ཕེབས་པའི་སྣང་བ་དང་། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་མཐར་ཕྱིན་པ་ལས་བྱུང་བས་ཏེ། སྔོན་དུ་སྟོན་པས་སྣང་བ་བཞིའི་དོན་མཁྱེན་པ་ལས་བྱུང་བས་ན། རྗེས་འཇུག་ལ་སྣང་བ་བཞི་པོ་དེ་ཚིག་ཙམ་དུ་མ་ཡིན་པར། མངོན་སུམ་དུ་རང་ལ་རང་ཤར་བས་ན། དེ་སྟོན་པའི་ཐུགས་རྗེ་གཉིས་བྱིན་བརླབས་ནས་བྱུང་བས་ན་མོས་པའི་སྒོ་ནས་དང་། དེ་ལྟར་རང་གིས་རྟོགས་པ་རང་ལ་རང་ངོ་མཚར་བ་ཉིད་ཀྱིས་ཉིད་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །དེ་ལྟར་ན་སྔོན་དུ་སྡུད་པ་པོས་ཕྱག་བཙལ་བས་རང་གི་དྲིན་ལན་ཐོབ་པའི་དགོས་པ་དང་། རྒྱུད་ཟབ་མོའི་ཚིག་རས་ཆོད་དང་གཟུ་ལུམ་དུ་མི་འགྲོ་བའི་དགོས་པ་དང་། མ་འོངས་པའི་སེམས་ཅན་ཡི་རང་སྐྱེས་ཏེ་འཇུག་པར་འགྱུར་བའི་དགོས་ལ་ཡོད་དོ། །རྗེས་འཇུག་དུ་རྒྱུན་ཟབ་མོ་འདི་ལ་མོས་པ་སྤྱོད་པ་རྣམས་ཀྱི་ཚོགས་རྫོགས་པའི་དགོས་པ་དང་། དེ་ལྟར་ཚོགས་རྫོགས་པས་རྟོགས་པ་ཁྱད་པར་ཅན་སྐྱེ་རྒྱུད་ལ་སྐྱེ་བའི་དགོས་པ་དང་། ཆོས་ཉིད་མངོན་གསུམ་སྒྲོན་མ་བཞི་ཉིད་ཀྱི་སྣང་བ་རྟེན་ནས་མོས་འཇུག་གང་ཟག་བརྩོན་འགྲུས་རབ་དོན་འདི་ཉིད་ལ་སྟོབས་སུ་གྱུར་ནས་ཟག་བཅས་མི་སྣང་བར་སྣང་བ་བཞིའི་ཚད་རྫོགས་པས་འདི་ཉིད་ལ་ལྷག་མེད་དུ་སངས་རྒྱ་བའི་དགོས་པ་དང་། བརྩོན་འགྲུས་འབྲིང་པོ་གཅིག་སྣང་བ་བཞི་ཡི་ཡོན་ཏན་ལ་བརྟེན་ནས་བར་མ་དོ་ལ་སངས་རྒྱ་བའི་དགོས་པ་དང་། བརྩོན་འགྲུས་ཐ་མ་གཅིག་ཟབ་མོའི་ཆོས་ཀྱི་སྒོ་མཐོང་བའི་ཡོན་ཏན་རང་རྒྱུད་ཀྱི་སྟོན་པའི་གསུང་ཚིག་དང་ཡི་གེར་བཀོད་པ་རྣ་བའི་དབང་པོས་ཐོས་པའི་ཡོན་ཏན་དང་། དེ་ཉིད་ཕྱག་བཙལ་པ་ཙམ་གྱིས་རང་བཞིན་སྤྲུལ་པའི་སྐུ་ཡི་ཞིང་ཁམས་སུ་དབུགས་དབྱུང་ནས་མངོན་པར་སངས་རྒྱ་བའི་དགོས་པ་ཡོད་པས་ཕྱག་འཚལ་བའོ། ༈ །ད་ནི་རྒྱུད་ཀྱི་གཞུང་སྟོན་ཏེ། གོང་དུ་མཚན་གྱི་སྐབས་སུ་གཞུང་མདོར་བསྟན། འདི་དང་པོ་གླེང་གཞིའི་འོག་ནས་དེ་རྒྱས་པར་བཤད། གཞུང་རྫོགས་པ་ལེའུ་དང་པོའི་ཕྱེད་མན་ཆད་དང་། ལེའུ་གསུམ་པོ་ཤིན་ཏུ་རྒྱས་པར་བཤད་པའོ། །དེ་ལ་འདིར་ལེའུ་དང་པོའི་དོན་སྟོན་ཏེ། འདི་ལ་སྤྱི་དོན་གསུམ་སྟེ། རྒྱུད་ཟབ་མོ་འབྱུང་བར་བསྟན་པས་རྒྱུད་ཀྱི་གླེང་གཞི་བསྟན་པ་དང་། ལེའུ་བཞིའི་དོན་མདོར་བསྟན་པ་དང་། རྒྱང་ཞགས་ཆུའི་སྒྲོན་མའི་ཚིག་དོན་རྒྱས་པར་བཤད་པའོ། །དེ་ལ་དང་པོའི་གླེང་གཞི་ལ་གསུམ་སྟེ། ཟབ་མོ་མངོན་སུམ་གྱི་རྒྱུད་འདི་འབྱུང་དཀའ་བས་ཐུན་མོང་མ་ཡིན་པའི་གླེང་གཞི། སྟོན་པ་ཉིད་ཀྱི་རང་ལ་རང་སྟོན་གྱི་ཚུལ་དུ་གསུངས་པ་ལ་སྡུད་པ་པོས་ཚིག་གིས་མ་བཅོས་པར་བསྟན་པ་དང་། གླེང་གཞི་གཉིས་ཀྱི་མཚམས་སྦྱར་བ་སྒྲ་དོན་ཚིག་གིས་ཆོས་ཐམས་ཅད་ལ་བཟླ་བར་བསྟན་པ་དང་། ཐུན་མོང་གི་གླེང་གཞི་ཐེག་པ་ཐུན་མོང་པ་དང་སྒོ་བསྟུན་གྱི་ཚུལ་དུ་སྡུད་པ་པོས་ཚིག་ཏུ་བཀོད་པ་བསྟན་པ་གསུམ་ལས། ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་པ་ནི། རྒྱུད་འདི་སྟོན་པ་རྡོ་རྗེ་འཆང་ཆེན་པོས། ཐུགས་ཀྱི་དཀྱིལ་ནས་ཕྱུང་། མགུལ་གྱི་བུམ་པར་དྲིལ། ལྗགས་ཀྱི་དབང་པོར་བཀྲལ། ཚེམས་བཞི་བཅུ་རྩ་གཉིས་ཀྱི་བར་ནས་ཚངས་པའི་སྐད་ཀྱི་ཉེ་རིང་མེད་པར་གོ་བར་བྱ་བའི་ཕྱིར་བདག་གིས་ནི། གཞན་གྱིས་མ་ཡིན་པར་སྔོན་བྱུང་དུ་བདག་ཉིད་ལ་བདག་ཉིད་ཀྱིས་བསྟན་ལ། རྗེས་འཇུག་དུ་སྡུད་པ་པོ་རྒྱུའི་རྡོ་རྗེ་འཆང་ལ་གཞན་གྱི་མ་ཡིན་པར་བདག་ཉིད་རང་གི་བསྟན་པའོ། །དེ་ཡང་དུས་ཅི་ཙམ་པ་བསྟན་པ་ཡིན་ལ། སྔོན་བྱུང་དུ་བསྟན་པ་སྔ་མའི་ཞིང་ཁམས་སུ། སྡུད་པ་པོ་གཞན་ལ་བསྟན་པ་འདི་མ་ཡིན་པའི་དུས་ན་བསྟན་ལ། རྗེས་འཇུག་དུ་སྡུད་པ་པོ་ཁྱོད་ཉིད་ལ་ད་ལྟའི་དུས་འདི་ན་བསྟན་པ་ཡིན་ནོ། །དེ་ལྟར་སྟོན་པས་ཐུན་མོང་མ་ཡིན་པར་སྡུད་པ་པོ་རྒྱུ་དག་པའི་རྡོ་རྗེ་འཆང་ལ་གནང་བས། རྒྱུ་ཡི་རྡོ་རྗེ་འཆང་དེ་ལ་ཐེ་ཚོམ་སྐྱེས་ཏེ། འོ་ན་ཞིང་ཁམས་འདི་མིན་པ་ཇི་སྐད་བྱ་བར་སྟོན་པས་གནས་ཇི་སྐད་བྱ་བར་གསུངས་སྙམ་པ་དང་། འཁོར་རམ་སྡུད་པ་པོ་གང་ལ་གསུངས་སྙམ་དང་། འཁོར་རམ། དུས་རང་ནམ་གསུངས་སྙམ་པ་དང་། སངས་རྒྱས་གཞན་གྱིས་མ་གསུངས་པར། སྟོན་པ་གཅིག་པུས་གསུངས་པ་ལ ས་གཞན་གྱིས་མ་གསུངས་སམ་སྙམ་པའི་ཐེ་ཚོམ་ཡིད་ལ་སྐྱེས་པས། སྟོན་པའི་ཐུགས་ཀྱིས་མཁྱེན་ཏེ་སྡུད་པ་པོའི་ཐེ་ཚོམ་བཅད་པའི་ཕྱིར། སྡུད་པ་པོ་རྒྱུ་དག་པའི་རྡོ་རྗེ་འཆང་ཁྱོད་ཀྱི་རྣམ་པར་རྟོག་པ་ལ་སྔོན་བྱུང་ན་གནས་གར་ཆོས་འདི་བསྟན་སྙམ་པ་ན་གནས་ནི། སྟོང་པ་ཉིད་ཀྱི་གཞི་ཚད་མེད་པར་གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ཡིན་ནོ་ཞེས་ཐེ་ཚོམ་བསལ་ལོ། །དེ་སྡུད་པ་པོའི་གནས་ཀྱི་ཐེ་ཚོམ་ཆོད་དེ་འཁོར་ཇི་སྐད་བྱ་བ་ལ་བཤད་སྙམ་པ་ལ། གནས་དེ་ཉིད་ནས། འཁོར་ནི་མི་འབྱེད་པ་ཆེན་པོའི་འདུལ་སྟངས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་ཞེས་གསུངས་པས་འཁོར་གང་ལ་བཤད་སྙམ་པའི་ཐེ་ཚོམ་ཆོད་དོ། །སྡུད་པ་པོ་ཉིད་ལ་གནས་འཁོར་གྱི་ཐེ་ཚོམ་ཆོད་པས་སྔོན་བྱུང་དུ་ཞིང་ཁམས་ཇི་སྐད་བྱ་བ་གཅིག་ཏུ་གསུངས་སྙམ་པ་ལ། སྟོན་པས་གསུངས་པའི་ཞིང་ཁམས་ཀྱི་མིང་ནི་ཡེ་ནས་རང་གསལ་ཆེན་པོའི་གཞི་ཞེས་གསུངས་སོ། །དུས་ནམ་གསུངས་སྙམ་པ་ནི། རང་སྣང་བ་ཆེན་པོ་འགགས་མེད་དུ་ཤར་བའི་ཀློང་ནས་ཅེས་གསུངས་སོ། །སྟོན་པ་གཅིག་པུ་ལས་སངས་རྒྱས་གཞན་གྱིས་མ་གསུངས་སམ་སྙམ་པ་ལ་སྔོན་བྱུང་འགགས་པ་མེད་པའི་རིག་པ་རང་ལ་རང་ཤར་ནས་བརྗོད་དུ་མེད་པའི་དོན་འདི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ། །དེ་ནས་ང་ལ་སོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་ངོ་། །ཕྱིས་ཀྱང་མ་འོངས་པའི་དུས་ན། སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ཅེས་ཐུན་མོང་མ་ཡིན་པའི་གླེང་གཞི་རང་གཞུང་དུ་བཀའ་སྩལ་པས། རྒྱུད་དག་པའི་རྡོ་རྗེ་འཆང་གི་རྒྱུད་ཀྱི་ཐེ་ཚོམ་ཆོད་དེ་ཡིད་ཆེས་སོ། །དེ་དག་གི་འབྲས་བུ་བཤད་ན་སྟོང་པ་ནི་དངོས་པོ་རང་རྒྱུད་དུ་འཛིན་པའི་གནས་ས་རྡོ་དང་རི་བྲག་གི་གནས་མ་ཡིན་པ། རང་བཞིན་གྱིས་གསལ་ལ། ངོ་བོས་སྟོང་ལ། ཐུགས་རྗེ་ཤར་བ་ཉིད་ཀྱི་གཞི། ཀ་ནས་དག་པས་དྲི་མའི་མཐའ་ལས་འདས། མཐའ་དང་དབུས་མེད་པས་ཚད་འདི་ཡིན་བྱ་བར་གཟུང་དུ་མེད་པར་ཁྱབ་ལ། རང་བཞིན་གསལ་བའི་འོད་ལྔར་སུས་ཀྱང་བྱས་པ་མེད་པར་རང་ཤར་བའི་དཀྱིལ་ནས་སྟོན་པ་རྡོ་རྗེ་འཆང་ཆེན་པོས་འཁོར་ནི་འདི་དང་འདིའི་རྣམ་རྟོག་མེད་དེ་རིས་སུ་མེད་པས་མི་འབྱེད་པ་ཆེན་པོའི་ཐུགས་རྗེ་འགྲོ་བ་ཐམས་ཅད་ལ་གཟིགས་ཀྱང་། འགྲོ་བ་རྣམས་ཀྱི་མོས་པའི་བྱེ་བྲག་གིས་ཐེག་པའི་འདུལ་སྟངས་སོ་སོར་བསྟན་པ་ལས། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་སྒྲོན་མ་འབར་བ་འདི་ཟབ་པར་ཀུན་གྱི་ཐུན་མོང་མ་ཡིན་པར། སྔོན་འབྱུང་རིས་སུ་མེད་པའི་འཁོར་ལ་བསྟན་ལ། རྗེས་འཇུག་ད་ལྟ་རྒྱུ་ཡི་རྡོ་རྗེ་འཆང་ལ་སོགས་པ་མོས་པ་ཐ་དད་པ་རྣམས་ཀྱི་དོན་དུ་ཐུན་མོང་མ་ཡིན་པའི་གླེང་གཞི་འདི་བསྟན་པས། སྒྲོན་མ་རྣམ་པ་བཞིའི་སྣང་བ་མངོན་སུམ་ལམ་རྫོགས་པ་ཆེན་པོ། རང་སྣང་གཞི་རྫོགས་སུ་རྫོགས་པས་འཁྲུལ་པའི་དྲི་མ་རྣམ་པར་དག་པས། ཆོས་ཉིད་རྣམ་པར་དག་སྣང་བ་ཆེན་པོར་རང་བཞིན་སུས་ཀྱང་བྱས་པ་མེད་པའི་འཁོར་དུ་ཡེ་ནས་བཀོད་ཅིང་གནས་པ་ཡིན་ནོ། །དེ་དག་རྣམས་ཀྱང་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ་བྱེད་པའི་མཁན་པོ་མེད་པས་ཡེ་ནས་ངོ་བོ་སྟོང་པར་གནས་པས་རྟག་པ་མཐར་འཛིན་པའི་ཞེན་པ་ལས་རང་ལོག །རང་བཞིན་གསལ་བ་ཆེན་པོའི་གཞི་ལ་ཆད་པ་མཐར་འཛིན་པ་ལས་རང་ལོག་ཐུགས་རྗེ་འགགས་པ་མེད་པའི་སྟོན་པ་གདུལ་བྱ་ཡི་ཡུལ་མིང་འདྲ་བ་ཐ་དད་པ་ལ། འདུལ་བྱེད་ཀྱི་སྐུ་མི་འདྲ་བར་སྤྲུལ་ནས་དོན་བྱེད་པའི་རིག་པ་རང་ཤར་ནས། དེ་ལྟ་བུའི་གཞི་དེ་ལ་ཚིག་དང་ཡི་གེ་བརྗོད་པ་གང་གིས་ཀྱང་གཏན་ལ་མི་ཕེབས་པས། དངོས་པོ་གཤིས་ཀྱི་གནས་ལུགས་ལ་བརྗོད་དུ་མེད་དོ་ཞེས་བླ་དྭགས་སུ་གདུལ་བྱའི་སེམས་རྣམས་ལ་དོན་སྒྲོན་མ་བཞི་པོ་འདི་ཡིན་ནོ་ཞེས་སྔར་ལྟར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །དེ་ལྟར་སྒྲོན་མ་འབར་བའི་རྒྱུད་འདི་ད་ལྟ་སངས་རྒྱས་རྣམས་ཀྱང་འདི་ཉིད། དོན་ལ་བཞུགས་ཤིང་རང་རང་གི་འཁོར་ལ་གསུངས་སོ། །ཕྱིས་ཀྱང་རྒྱུད་འདི་མ་འོངས་པའི་དུས་ན་སངས་རྒྱས་རྣམས་རང་རང་གི་འཁོར་གྱི་ནང་དུ་གསུངས་པར་འགྱུར་རོ། །འོ་ན་དེ་ལྟར་སྟོན་པ་དང་འཁོར་དང་། གནས་ལ་སོགས་པ་རྣམས་ཐ་དད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྟོན་པ་ལོགས་གཅིག་གནས་དང་འཁོར་ལ་སོགས་པ་ཐམས་ཅད་ལོག་གཅིག་མ་ཡིན་ཏེ། ཐམས་ཅད་ངོ་བོ་གཅིག་ཏུ་བཞུགས་པས་ན། རང་སྣང་སྟེང་རང་འབྱུང་གི་ཡེ་ཤེས་ལ་མ་རིག་པ་ལ་སོགས་པ་གཅིག་ཀྱང་མེད་པས་གཞི་ཀ་དག་ཆེན་པོའི་མཛད་སྤྱོད་འགགས་པ་མེད་པར་ཟང་ཐལ་དུ་རང་གི་རང་བཞིན་དུ་ཤར་བ་ཡིན་པས། ཐམས་ཅད་དེ་ཉིད་ཀྱི་ཀློང་ནས་བྱུང་ཞིང་དེ་ཉིད་དུ་བཞུགས་ཤིང་། དེ་ཉིད་དུ་གཅིག་པའིི་ཕྱིར་ན། སྟོན་པ་ཡང་ང་། གནས་ཀྱང་ང་། འཁོར་ཡང་ང་། བསྟན་པ་དང་འཁོར་ཡང་ང་ཞེས་པས་སོ། །དེ་ལྟར་སྡུད་པ་པོའི་ཐེ་ཚོམ་ཐུན་མོང་མ་ཡིན་པའི་གླེང་གཞི་རང་གཞུང་དུ་བཅད་པ་བསྟན་ནས། ད་ནི་གླེང་གཞི་གཉིས་ཀྱི་མཚམས་སྦྱར་བ་སྒྲ་དོན་ཚིག་གིས་ཆོས་ཐམས་ཅད་ལ་ཟླ་བར་བསྟན་པ་ནི། སརྦ་ཨ་བ་མ་འ་བརྡ་ཐིམ་ཞེས་དུས་དེའི་དུས་ན་སུས་ཀྱང་བྱས་པ་མེད་པར་རང་བྱུང་དུ་ནམ་མཁའ་ལ་སྒྲ་བྱུང་བ་སྟེ། སྒྲ་དེ་འགྱུར་བྱེད་སྲས་བསྒྱུར་ན། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་གཉིས་མེད་དུ་ཐིམ་པ་ཞེས་བྱ་སྟེ། ཚིག་གིས་སངས་མི་རྒྱ་བའི་གནད་དུ་བྱུང་བའོ། །སྒྲ་དེ་ཡི་གེ་འབྲུ་སྦྱོར་གྱིས་བསལ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་དེ་ལ་བྱས་སྤྱོད་དང་བརྩོན་འགྲུས་ཀྱི་རྣམ་པ་ཇི་ལྟར་བྱས་ཀྱང་དེ་ཉིད་ལ་རང་བཞིན་གྱིས་འགྱུར་བའམ། བྱས་བཅོས་ཀྱིས་འགྱུར་བའམ། དུས་ཀྱིས་འགྱུར་བ། སྦྱངས་པའི་ཡོན་ཏན་གྱིས་འགྱུར་བ་ཡོད་མི་སྲིད་པས་ས་ཞེས་བྱུང་བའོ། །མི་རྟགས་སོ་སོའི་སྒྲ་དེ་སྦྱར་ནས་ས་ཞེས་པ་སྟེ། འདི་ནི་སྦྱངས་བྱ་བློ་རིགས་ཀྱིས་ཞེས་མིང་དུ་བཏགས་པ་དེས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་བགྲང་བྱ་མ་ཡིན། འགྲོ་འཛིན་རང་སྣང་གི་ས་ཞེས་བྱ་བ་འགྲོ་བ་རྣམས་ཀྱིས་མིང་དུ་བཏགས་པའི་ས་དེ་ཡང་མ་ཡིན། ལུས་བསྐྱེད་སྨིན་པའི་ས་ཞེས་བྱ་བ་འབྱུང་བའི་ནང་ནས་འགྲོ་བའི་ས་དེ་ཡང་མ་ཡིན། ཡི་གེ་བརྡ་སྦྱོར་གྱི་ས་ཞེས་བྱ་བ་ཡི་གེ་རིས་སུ་བྲིས་པའི་ས་དེ་ཡང་མ་ཡིན། རང་བཞིན་གྲུབ་ཚུལ་གྱི་ས་ཞེས་བྱ་སྟེ་འགྲོ་བ་རྣམས་ཀྱི་རྩའི་ནང་ན་རང་བཞིན་གནས་ཀྱི་ཡི་གེ་ས་ཞེས་བྱ་བ་སུས་ཀྱང་བྱས་པ་མེད་པ་ཡོད་དེ་ཡང་མ་ཡིན། འོ་ན་ས་ལྔ་པོ་ལ་གང་ཡང་མ་ཡིན་ནས་འདི་གང་ཡིན་ན། ཆོས་ཉིད་འགྱུར་བ་མེད་པའི་ས་ཡིན་ནོ། །དེ་ཡིན་པས་ན་འགྱུར་བ་མེད་པའོ། །ས་ལྔ་པོ་ནི་བགྲང་བྱ་བློ་རིགས་ཀྱིས་ཡང་གཅིག་ནས་གཅིག་ཏུ་འཕོ་བར་འགྱུར་བ་ཡིན། འཇིག་རྟེན་རག་པའི་ས་ཡང་བསྐལ་པའི་ཆགས་འཇིག་གིས་འཇིག་པར་འགྱུར་རོ། །ལུས་བསྐྱེད་སྨིན་པའི་ས་ཡང་ལུས་བསྐྱེད་པས་ལུས་འཇིག་པའི་དུས་ན་རྩ་ལུས་དེ་ལ་མི་གནས་པ་འཇིག་པ་ཡིན་ལ། རང་བཞིན་གྲུབ་ཚུལ་ཀྱང་བརྟེན་པའི་རྩ་མི་རྟག་པས་འགྱུར་བ་ཡིན་ནོ། །ཆོས་ཉིད་ལ་འགྱུར་བ་མེད་པ་ཡིན་པས་སྒྲས་གྲུབ་ན་བརྡས་བཏགས་པའི་ཡི་གེར་མཚོན་དུ་བྱུང་བའོ། །དེ་ལྟར་འགྱུར་བ་མེད་པའི་ཆོས་ཉིད་སྒྲིབ་བྱེད་ཡོད་དམ་མེད་ཞེ་ན། འཁྲུལ་གཞི་གནས་ལུགས་ཀྱི་སྒོ་ནས་མ་རིག་པ་གསུམ་གྱི་སྒྲིབ་བྱེད་དུ་བྱུང་བས་བ་ཡིན་ཏེ། རྒྱུ་མེད་ཟང་ཐལ་དུ་གཏན་ལ་མ་ཕེབས་པ་ལས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་བྱུང་ལ། གཉིས་མེད་རང་སྣང་དུ་གཏན་ལ་མ་ཕེབས་པ་ལས་ལྷན་ཅིག་སྐྱེས་པའི་མ་རིག་པ་བྱུང་ལ། ཡུལ་རྐྱེན་རང་དག་དུ་གཏན་ལ་མ་ཕེབས་པ་ལས་ཀུན་ཏུ་བཏགས་པའི་མ་རིག་པར་བྱུང་བས་ན་བ་ཞེས་བྱུང་ཏེ། དེ་ཡང་མི་རྟགས་སོ་སོའི་སྒྲ་དང་སྦྱར་ན། འཇིག་རྟེན་བཏགས་པའི་བ་ནི་བྱོལ་སོང་གི་བ་ལ་སོགས་པ་ཡིན་ཏེ། སྒྲིབ་པ་མ་ཡིན་ཡིག་བརྡའ་གོང་དང་འདྲ། རང་བཞིན་གྲུབ་པ་ཡང་འདྲའོ། །དེ་ལྟར་ན་མ་རིག་པ་གསུམ་གྱིས་གོང་གི་ཆོས་ཉིད་འགྱུར་བ་མེད་པའི་ས་དེ་འགྲོ་བ་ཐམས་ཅད་ལ་ཡོད་ཀྱང་སྒྲིབ་པས་ན་བ་ཞེས་སུ་བྱུང་བའོ། །འོ་ན་དེ་ལྟར་མ་རིག་པ་གསུམ་གྱིས་སྒྲིབ་ན་འཁོར་བ་ལས་ཐར་པའི་ཐབས་མེད་དོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ཞེས་བྱ་སྟེ་གོང་གི་ར་དེ་རྒྱན་གྱི་ཡི་གེར་བྱུང་བས། །འཆར་བྱེད་དུ་བྱུང་བས་སྟེ། དེ་ལྟར་མ་རིག་པ་གསུམ་པོ་དེ་ཤར་འཁྲུལ་གཞི་གནས་ཚུལ་གྱི་གོ་ནས་ཤར། འཁོར་བ་རང་དག་གི་ངོས་ནས་དག་སྟེ། ཤར་བ་རང་ཤར་དག་པ་རང་དག་དེ་དག་པ་རང་དག་པས། གྲོལ་བ་རང་གྲོལ། དཔེར་ན་སྤྲིན་པ་དང་ཉི་མ་བཞིན་དུ། སྤྲིན་པ་རང་བྱུང་བས་ཉི་མ་འགྲིབ་པ་ལྟར་སྣང་སྟེ། ཉི་མ་ལ་སྤྲིན་པས་གོས་པ་མེད་ལ་སྤྲིན་པ་ལ་ཡང་ཉི་མས་མ་གོས་པ་བཞིན་ནོ། །དེ་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན། མཚོན་བྱ་མིང་གི་ར་ནི་དངོས་པོ། བརྡ་སྦྱོར་ཡི་གེའི་ར་དང་། རང་བཞིན་གྲུབ་ཚུལ་དང་། བཏགས་པའི་མིང་གི་ར་ལ་སོགས་པ་རྣམས་ནི་ར་ཡིན་ལ་འཆར་བྱེད་མ་ཡིན་ནོ། །འདི་ནི་རོལ་པ་འཆར་ཚུལ་གྱི་ར་ས་སྟེ་འཆར་བྱེད་དུ་བྱུང་བའོ། །དེ་ལྟར་མ་རིག་པ་གསུམ་གྱིས་གོས་པ་མེད་པའི་ཆོས་ཉིད་མི་འགྱུར་བ་དེ་ཉིད་ལ། ཐོག་མ་སྐྱེ་མ་མྱོང་། ད་ལྟ་སྐྱེ་བ་ལ་མི་གནས། ཐ་མ་སྐྱེ་མི་སྲིད་པས་ཨ་ཞེས་པ་སྟེ། དེ་ལྟར་སྐྱེ་བ་མེད་པར་ཅེས་ཤེས་ན་རྒྱུ་མ་རིག་པ་གསུམ་རང་དག་པས་ཐོག་མ་སྐྱེ་མ་མྱོང་སྟེ། འཁྲུལ་ན་ཞེན་པའི་བློ་ལས་འདས། རྐྱེན་སྣང་བ་སྐུ་གསུམ་དུ་ཤར་བས་ལུས་བདག་ཏུ་འཛིན་པའི་བློ་ལས་གྲོལ་བས། ད་ལྟ་འདི་ནི་སྐྱེ་བ་ཡིན། ཞེས་པའམ། འདི་ནི་མི་སྐྱེ་བ་ཡིན་ནོ་ཞེས་ཐ་སྙད། མིང་དུ་མེད་པས་སྐྱེ་བ་ལ་མི་གནས། རྒྱུ་རྐྱེན་གཉིས་སུ་འདོགས་པའི་མཁན་པོ་ཙམ་དུ་ཡང་སྒྲུབ་པ་མེད་པས་ལས་དང་རྣམ་སྨིན་མཚམས་སྦྱོར་བའི་བློ་ལས་གྲོལ་བས། མཐའ་གྲོལ་ཅི་ཡང་ངོ་བོར་ཀྱང་གདགས་སུ་མེད་པས་ད་སྐྱེ་མི་སྲིད་དོ། །དེ་ཡང་བརྗོད་པའི་ཚིག་གི་སྐྱེ་མེད་དང་། བཏགས་པ་མིང་གི་སྐྱེ་མེད་དང་། སྙམ་བྱེད་ཡིན་ཚུལ་གྱི་སྐྱེ་མེད་དང་། གྲུབ་མཐའ་རང་བྱུང་གི་སྐྱེ་མེད་མ་ཡིན་ཏེ། ལྟ་བསྒོམ་གདར་ཤ་གཅོད་པའི་སྐྱེ་མེད་དུ་ལ་བཟླ་བའོ། །དེ་ཡང་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན། མཚོན་བྱ་རྟགས་ཀྱི་ཨ་ནི་རྟགས་སུ་བཀོད་པ་རྟགས་སྟེ་འདི་ལ་མཚོན་ཚུལ་སྣ་ཚོགས་སུ་སྟོན་པས་སྐྱེ་མེད་གཅིག་པུར་འགྲོ་བའི་ངེས་པ་མེད། བརྡ་སྦྱོར་ཡི་གེའི་ཨ་བྲིས་པ་དེ་ཡང་ལ་ལས་སྐྱེ་མེད་མཚོན་སྟེ་ལ་ལས་འགགས་མེད་མཚོན་པ་ལ་སོགས་པར་ངེས་མེད་རང་བཞིན་གྲུབ་ཚུལ་དང་། བཏགས་པ་མིང་འདྲ། རྟག་པ་སྒྲ་ཡི་ཨ་ནི་ཨ་ཞེས་རྟག་པ་སྟེ། དེ་ཡང་སྐྱེ་མེད་དུ་འགྲོ་བའི་པོ་དེ་མེད་དོ། །འོ་ན་འདི་དག་གང་ཡང་མ་ཡིན་པས། ཆོས་ཉིད་སྤྲོས་བྲལ་གྱི་ཨ་སྐྱེ་མེད་ངོས་གཟུང་དང་བྲལ་བའོ། །དེ་ལྟར་སྐྱེ་མེད་པ་དེ་ཉིད་རང་བེམ་པོ་ལྟ་བུ་ཡིན་པས་སྙམ་པ་ལ་མཁྱེན་ཏེ་དངོས་པོའི་རིགས་སྣང་ལས་ལོག་པས་པ་ཞེས་བྱ་སྟེ། སྟོང་པ་དེ་ཡང་ཉི་ཚེ་བའི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷའི། སྟོང་པ་ལྟ་བུ་མ་ཡིན་ཏེ། བདེ་བ་ཉམས་མྱོང་དུ་ཡོད་ལ། རིག་མེད་སྟོང་པ་ནམ་མཁའ་ལྟ་བུ་མ་ཡིན་ཏེ། ཤེས་ཤིང་མཁྱེན་པ་མ་འགགས་པར་གསལ་ལ། སྒྲོ་བཏགས་སྟོང་པ་གྲུབ་པའི་མཐའི་སྟོང་པ་ཞེ་འདོད་དང་མ་བྲལ་བ་མ་ཡིན་ཏེ། འདོད་པ་ཚིག་ཙམ་དུ་གྲུབ་པ་མེད་ཅིང་། རང་གསལ་སྙིང་པོའི་བདག་ཉིད་དུ་ཡོད་ལ། རྒྱུན་ཆད་སྟོང་པ་སྣང་ངོ་གང་དུ་མེད་པ་མ་ཡིན་ཏེ། ཐུགས་རྗེ་འཆར་བྱེད་འགགས་པ་མེད་པའོ། །དེ་ཡང་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན། མཚོན་པ་རྟགས་བཀོད་པའི་པ་ནི་མིང་དུ་མ་རྣམས་ཏེ་སྟོང་པ་མ་ཡིན་ནོ། །བརྡ་སྦྱོར་ཡི་གེ་བྲིས་པ་རྣམས་ཏེ་སྟོང་པ་འབའ་ཞིག་ཏུ་འགྲོ་བའི་ངེས་བྱེད། གྲུབ་ཚུལ་གྱི་པ་གོང་དང་འདྲ། གདགས་པ་རྒྱན་གྱི་པ་རྒྱན་གྱི་བྱེ་བྲག་པ་རྣམས་དང་། མིང་པ་ལ་སོགས་ཏེ། སྟོང་པ་མ་ཡིན། འདི་ནི་ཆོས་ཉིད་རང་སྣང་གི་པའོ། །དེ་ལྟར་སྟོང་པ་དེ་ཡང་གཞི་དངོས་པོའི་འདུག་ཚུལ་གང་གིས་ཀྱང་། མ་བཅོས་མ་བསླད་པར་གནས་པས་ན་མ་ཞེས་པས་སྟེ། བཏགས་པ་ལྟར་སྣང་གི་གཞི་མ་བཅོས་པ་གནས་པའི་ཡུལ་དེ་དེ་མ་ཡིན་ཏེ། མ་བསླད་གཉུག་མའི་དོན་དུ་གནས་པ་ལ། གནས་སྐབས་བྱེ་བྲག་གི་གཞི་གང་ན་གནས་པའི་འདུག་ས་སྟེ། དེ་མ་ཡིན་པར་མ་བཅོས་རང་བཞག་ཏུ་གནས་པའོ། །དངོས་པོ་གཤིས་ཀྱི་གཞི་མ་བཅོས་པ་ཉིད་ལ་དྲི་མའི་སྐྱོན་གྱིས་མ་གོས་པ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཡན་ལག་ཏུ་ལུས་ངག་མ་བཅོས་རང་སོར་བཞག་པས། འཁྲུལ་པ་མ་སྙོག་པ་རང་དྭངས་ཏེ། བཞུགས་ཚུལ་མ་བསླད་པར་གཞི་ལ་གནས་པའོ། །དེ་ཡང་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན། ལྷག་མ་རྣམས་གོང་དང་འདྲ་ལ། ལུས་བསྐྱེད་མངལ་ཞུགས་ཀྱི་མ་ཡང་གནས་སྐབས་ཀྱི་གཞི་ཡིན་ཏེ་དངོས་པོའི་བཞུགས་ཚུལ་མེ་ཡིན་པས་ན་འདི་ནི་གཞི་མ་ཆོས་པའི་མའོ། །དེ་ལྟར་གཞི་མ་བཅོས་པ་དེ་ཡང་མཐའ་གྲོལ་ཚིག་ལས་འདས་པར་རང་ལ་ལྟ་བས་ན་ལ་ཞེས་པས་སྟེ། མཐའ་ཞེས་ནི་བགྲོད་པ་ལམ་གྱི་མཐའ་གྲོང་ཁྱེར་ལྟ་བུ་ཡང་མ་ཡིན་སྣང་བ་ཡུལ་གྱི་མཐའ་ཕྱིའི་རྒྱ་མཚོ་ལ་ཐུག་པ་ལྟ་བུ་ཡང་མ་ཡིན། ལས་དང་བག་ཆགས་ཀྱི་མཐའ་རྣམ་པར་སྨིན་པ་དང་། ཡུལ་སེམས་གཉིས་ཀྱི་མཐའ་གཅིག་ཏུ་མི་གནས་པ་དང་། ཡོད་མེད་གཉིས་ཀྱི་མཐའ་འདྲེར་མི་བཏུབ་པ་དང་། རྟག་ཆད་གཉིས་ཀྱི་མཐའ་འབྲས་བུ་མེད་པ་རྣམས་ལས་གྲོལ་བས་སྟེ། གྲོལ་བ་དེ་ཡང་འདུས་བྱས་པའི་རྣམ་པ་མདུད་པ་གྲོལ་བ་ལྟ་བུ་དང་། བཙོན་ལྕགས་ལས་གྲོལ་བ་དང་རྒྱལ་པོའི་གཉན་ལས་གྲོལ་བ་ལྟ་བུ་མ་ཡིན་ཏེ། ཡེ་ནས་གྲོལ་བའི་དོན་ཉིད་རང་གྲོལ་རང་གིས་གྲོལ་བ་ངོ་ཤེས་པ་ལ་བྱའོ། །དེ་ཡང་དམིགས་པ་རྫས་ཀྱི་མཐའ་གྲོལ་དང་། མ་འབྱམས་ཚིག་གི་མཐའ་གྲོལ་དང་། མུ་བཞི་ཡིན་ཚུལ་གྱི་མཐའ་གྲོལ་གསུམ་མ་ཡིན་པར། འདི་ནི་བློ་ཡི་མཐའ་ལས་གྲོལ་བས་ཚིག་གི་རྗེས་མི་གཅོད། ཉོན་མོངས་པའི་མཐའ་ལས་གྲོལ་བས་གཉེན་པོ་གཞན་ལ་རག་མ་ལུས། ལས་དང་བག་ཆག་ལས་གྲོལ་བས་རྒྱུད་རྣམ་སྨིན་ལ་ལྟོས་མི་འཆའ། གཅོད་པའི་ཤེས་པ་ལས་གྲོལ་བས་ཡིད་དཔྱོད་དང་མཉམ་བྱེད་ཀྱི་ཕྱོགས་སུ་མ་ལྷུང་། སྐུ་དང་ཡེ་ཤེས་ལས་གྲོལ་བས་བཟང་ངན་རེ་དོགས་ཀྱི་ཁོང་ཐག་ཆོད། ལྟ་བསྒོམ་སྤྱོད་པའི་མཐའ་ལས་གྲོལ་བས་བརྩོན་འགྲུས་དང་བྱ་བྱེད་ལས་འདས་པའོ། །མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན་གཞན་གོང་དང་འདྲ་བསྒྲོད་བྱ་ཡུལ་གྱི་ལ་ལ་ཞེས་རྒལ་བྱེད་ལྟ་བུ་མ་ཡིན་ནོ། །དེ་ལྟར་མཐའ་གྲོལ་ཆེན་པོའི་ལྟ་བ་དེ་ཉིད་ཡེ་ནས་འདི་འདྲ་ཞེས་བསྟན་དུ་ཡོད་མ་མྱོང་བས་དྷ་ཞེས་པས་སྟེ། ད་ནི་མེད་པ་ཆད་པ་མཚོན་པའི་སྟེ། མཐའ་གྲོལ་དེ་ལ་དངོས་པོ་མེད་པས་རགས་པ་མཐར་འཛིན་པ་ལས་རང་ལོག་ཏེ། དེ་ཡང་རྒྱུ་རྐྱེན་བར་ཆད་ཀྱིས་ཆད་པ་ཤེས་པ་གློ་བུར་བ་འགགས་ཕྱི་ནས་སྐྱེ་མི་སྲིད་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་ཆད་པས་སྐྱེ་བྱ་སྐྱེ་བྱེད་ལས་འདས། མེད་པ་གཉིས་འགྱུར་གྱི་ཆད་པ་སྔར་མེད་ཕྱིས་མེད་ད་ལྟ་གློ་བུར་འདོད་པ་ལྟ་བུ་མ་ཡིན་བྱས་པ་འབད་རྩོལ་གྱིས་དག་པའི་ཆད་པ་དངོས་པོ་འབད་པས་དག་ནས་མེད་པར་འདོད་པ་ཡང་མ་ཡིན་ཏེ། འདི་ནི་ཡེ་ནས་ཡོང་མ་མྱོང་པས་གློ་བུར་གྱི་ཤེས་པ་འབྱུང་མི་སྲིད་ལ། ད་ལྟ་ཡོད་པ་ལ་མི་གནས་པས། འཁྲུལ་པའི་རང་རྐྱེན་གྱིས་གནོད་མི་སྲིད། ཕྱིས་ཀྱང་ཡོད་པར་མི་འགྱུར་མི་སྲིད་པས་རྣམ་སྨིན་བསགས་པའི་ལུས་ལེན་མི་སྲིད་དོ། །འོ་ན་ད་ལྟར་གྱི་ལུས་དང་དབང་པོའི་སྣང་བ་འདི་ཅི་ཡིན་ཞེ་ན། ཡོད་པས་དངོས་པོ་མཐར་འཛིན་དུ་མ་གྲུབ་པས་ཡོད་པར་གནས་པ་མིན་པའི་གནད་ཀྱིས། ཞེས་པས་བདག་ཏུ་བདག་ཏུ་འཆིང་མི་སྲིད། མེད་པ་རང་བཞིན་མེད་པས་མཐར་སྣང་རགས་པ་ལ་ལྟོས་མི་སྲིད་པས་དངོས་མེད་རང་སྣང་དུ་ཟང་ཐལ་བའི་གནད་ཀྱི། འདི་ལ་གྲུབ་པ་ཅི་ཡང་མེད། ལུས་ལ་ལུས་སུ་གྲུབ་པ་མེད་པ་མིང་ཐ་དད་པ་མེད་པས་རྩལ་བས་གྲུབ་པ་ཅི་ཡང་མེད། སེམས་ལ་སེམས་སུ་གྲུབ་པ་མེད་པས་སྔར་བྱུང་ཁུངས་མེད་ལ། ད་ལྟ་རྟེན་ས་མེད་ལ་ཕྱིས་འགྲོ་ས་མེད་པས་བཙལ་བས་མེད་ཅིང་ཡོད་པ་ལ་མི་གནས་པས་གཏན་ལ་ཕེབས་སོ། །མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན་གོང་མ་དང་འདྲ། དེ་ལྟར་མེད་པའི་མཐའ་གྲོལ་ལ་ཕྱང་ཆད་པའམ། ཆད་པ་མཐར་འཛིན་པའི་དྲི་མའི་སྐྱོན་མེད་དམ་ཞེ་ན། དེ་མེད་པས་དེ་ལ་དག་བྱེད་ཀྱི་ཡི་གེ་ཧ་བཏགས་པ་ནང་འབྲེལ་གྱི་ཡི་གེ་འགྱུར་ཞེས་བྱ་སྟེ། འབད་རྩོལ་གྱིས་དག་པ་དང་། རང་བཞིན་གྱིས་དག་པ་དང་། བཏགས་པའི་དག་པ་རྣམས་མ་ཡིན་པར་ཡེ་ནས་དག་པས་ད་དེ་ཉིད་ལ་དག་བྱ་བ་མ་དག་བྱ་བའི་ཐ་སྙད་ལས་འདས་པས། མ་དག་པའི་ཕྱོགས་ཡེ་ནས་མ་དག་པ་མ་རིག་པ་དང་། གློ་བུར་དུ་མ་དག་པ་སེམས་དང་། བྱས་པས་མ་དག་པ་རྣམ་པར་སྨིན་པ་དང་། རང་བཞིན་གྱིས་མ་དག་པ་ཕྱི་ནང་སྣོད་བཅུད་ལ་སོགས་པ་རྣམས་ལས་ལོག་པའི་རང་དག་མཐའ་གྲོལ་ཕྱོགས་སུ་མ་ལྷུང་བའི་ལྟ་བ་ཞེས་བྱ་བར་བཞུགས་པའོ། །མིང་བཏགས་གོང་མ་ལྟར་སྤྱད་དོ། །འོ་ན་མཐའ་གྲོལ་ཆེན་པོའི་ལྟ་བ་དེ་ཡི་གེ་རྣམ་པ་ཐ་དད་པར་བྱུང་བས་དེ་ཡང་ཐ་དད་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཤེས་བྱ་དང་ཤེས་པའི་རྣམ་པ་ཐམས་ཅད་ཡེ་ཤེས་མཐའ་གྲོལ་ཆེན་པོ་གཅིག་ཏུ་འདུས་པའི་ན་ནི་ཞེས་པས་ཏེ། རང་བཞིན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་དང་། བཏགས་པ་མིང་གི་དཀྱིལ་འཁོར་དང་། བརྗོད་པ་ཚིག་གི་དཀྱིལ་འཁོར་རྣམས་མ་ཡིན་པར། དངོས་པོ་རང་གི་འདུག་ཚུལ་ཤེས་བྱ་ཕྱིན་ཅི་མ་ལོག་པའི་ཡོངས་རྫོགས་མཐའ་གྲོལ་གྱི་དཀྱིལ་འཁོར་དུ་མ་འདུས་པ་མེད་པར་འདུས་པའོ། །མིང་བཏགས་གོང་དང་འདྲའོ། །འོ་ན་དཀྱིལ་འཁོར་དེའི་མཚན་ཉིད་ཅི་ཡིན་ཞེ་ན། འདྲེན་པའི་ཡི་གེ་ཞེས་བྱ་སྟེ་གུ་གུ་དེ་རང་གསལ་གོས་པ་མེད་པའི་འོད་ལྔས་ཁྱབ་ཅིང་རང་གྲོལ་བས་ན་མཐའ་གྲོལ་ཞེས་བྱའོ། །འོ་ན་མཐའ་གྲོལ་ཞེས་བྱ་བ་དེ་ཉིད་རང་གང་ཡིན་ན་གོང་མའི་གཞི་མ་བཅོས་པ་དེ་ཉིད་རང་ཡིན་པས་ལཱ་ཞེས་གོང་དུ་བསྟན་པ་དང་མཚུངས་སོ། །འོ་ན་དེ་དག་ཀྱང་སྒྲ་དོན་འབྲེལ་སྦྱར་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་གཉིས་མེད་དུ་ཐིམ་པ་ཞེས་བྱ་བ་གང་ཟག་གཅིག་ཚིག་གཅིག་པོ་དེ་ལ་བརྟེན་ནས་སངས་རྒྱ་བའི་མན་ངག་ཏུ་བསྟན་པའོ། །ད་འོ་ན་དེ་ཀ་ཡེ་ནས་སངས་རྒྱ་བའི་ལྟ་བར་འདུག་ན་ད་ལྟར་གྱི་འཁྲུལ་པའི་སེམས་ཅན་འདི་དག་ལ་སངས་རྒྱ་བའི་སྐལ་པ་ཡོད་དམ་མེད་སྙམ་ན། ཅི་སྟེ་མེད་དེ། བཻ་ཏ་ཨ་ལོ་ཀ །ཞེས་བསྟན་པས་ན། དེ་ཡང་སྒྲ་བརྡ་དོན་བསྒྱུར་ན། འཇིགས་པ་མེད་པའི་སྣང་བ་རྣམ་པར་དག་པ་ཞེས་ཡིན་པས། དེའི་སྣང་བ་འདི་ལ་བྱས་བཅོས་ཅི་ཡང་། བྱར་མེད་པས་སངས་རྒྱ་བའི་གནད་དུ་བྱུང་བའོ། །སྒྲ་ཡི་གེ་འབྲུ་སྦྱོར་གྱིས་བསིལ་ན། འཁྲུལ་བ་སོར་བཞག་གི་མ་རིག་པས་སྟེ། ཡོད་ཐོས་སྣང་གྲགས་ཐམས་ཅད་ལ་ཁྱབ་པས་ན་བཏགས་པ་མིང་གི་མ་རིག་པ་བྷེ་ཞེས། ཡོད་པར་འདོགས་མཁན་ཀྱང་མ་རིག་པ། དེ་བཞིན་དུ་མེད་པ་དང་། ཡིན་པ་དང་། མིན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། སངས་རྒྱས་སེམས་ཅན་ཐམས་ཅད་དུ་འདོགས་པ་མ་རིག་པ་ཡིན་པས་ན། བཏགས་པ་མིང་ལ་ཡང་དག་པར་བརྟགས་པས་གྲུབ་པ་མེད་པ་དང་། ཡིན་པ་མེད་པ་དང་། མཚན་ཉིད་མེད་པ་དང་སྙིང་པོ་མེད་པར་ཤེས་པས། དེ་ལྟར་འདོགས་མཁན་གྱི་མ་རིག་པ་མ་གྲུབ་པ་ཡོད་མི་སྲིད་པས་འཁྲུལ་པ་རང་དག་པས་དེ་ལ་ཧ་བྱུང་བའོ། །དེ་གཉིས་ཀ་གོང་དང་འདྲའོ། །ཧ་དེ་ཡང་བཏགས་པ་མིང་རྣམ་པར་དག་པ་བྱུང་བའོ། །དེ་ལྟར་མ་རིག་པ་རང་དག་པས་ལམ་གཉིས་སུ་ཤར་ཏེ་མ་རིག་པ་གཞི་ལ་ཁྱབ་བྱེད་དུ་གནས་པས་ལམ་མ་དག་པར་བྱུང་། དེ་ཉིད་མ་འཁྲུལ་པ་ཡེ་ནས་དག་པའི་ཆ་ན་ལམ་དག་པར་བྱུང་བས་ན་འགྲེང་བུ་གཉིས་བྱུང་བའོ། །ལམ་མ་དག་པ་ནི་ལམ་མེད་པས་མ་དག་སོ་སོའི་སྐྱེ་བོ། ལམ་ལོག་ནས་མ་དག་པ་མུ་སྟེགས་ཆད། ལམ་གོལ་ནས་མ་དག་པ་ཉན་ཐོས་དང་། རང་རྒྱལ། བྱང་སེམས་སོ། །དག་པའི་ལམ་ལ་གཉིས་སྟེ། ལམ་རྒྱལ་ཐོབ་དང་། ལམ་མངོན་གསུམ་པའོ། །དེ་ལ་འདི་དེ་དག་ཀུན་མ་ཡིན་ཏེ། སྒྲོན་མ་བཞི་ལ་བརྟེན་ཏེ་ཁྱད་པར་དུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་བརྟེན་ནས་མངོན་གསུམ་ལམ་དུ་བྱེད་པའོ། །འོ་ན་ལམ་མངོན་སུམ་པ་དེ་དུས་ཐམས་ཅད་མེད་དམ་སྙམ་སྟེ། གནས་སྐབས་ཙམ་མམ། ཡུད་ཙམ་མམ་སྐད་ཅིག་དུམ་བུ་ལས་རྒྱུན་ཡོད་མི་སྲིད་སྙམ་ན། དེ་ལྟར་མ་ཡིན་ཏེ་དུས་ཐམས་ཅད་དུ་བརྟན་པར་བཞུགས་པས་ན། ཏ་ཞེས་བྱུང་བས་དེ་ཡང་གདོད་མ་ནས་མི་རྟག་པ་སྤྲིན་དང་ན་བུན་དང་། གློ་བུར་དུ་མི་རྟག་གློག་དང་འཇའ་ཚོན་དང་། སྐྱེས་པས་མི་རྟག་པ་འགྲོ་བ་རྣམས་དང་། བྱས་པས་མི་རྟག་པ་འདུས་བྱས་ཀྱི་ལམ་རྣམས་དང་། མ་སྐྱེས་ཀྱང་མི་རྟག་པ་ཆུའི་སྦུ་བ་དང་། མ་བྱས་ཀྱང་མི་རྟག་པ་དབྱར་གྱི་རྩི་ཐོག་དང་། སྐད་ཅིག་ཏུ་མི་རྟག་པ་བྲག་ཆ་དང་། ཡུད་ཙམ་དུ་མི་རྟག་པ་དྲི་ཟའི་གྲོང་ཁྱེར་དང་། ཐང་གཅིག་ལ་མི་རྟག་པ་སྒྱུ་མ་དང་མིག་འཕྲུལ་དང་། ཐུན་གཅིག་ཏུ་མི་རྟག་པ་རྨི་ལམ་དང་། ངེས་པའི་དུས་མེད་པར་མི་རྟག་པ་རང་གི་ཚེ་ལ་སོགས་པའི་མི་རྟག་པ་དེ་དག་ལས་ལོག་ནས་རྟག་པར་བཞུགས་པའི་ཆོས་ཉིད་དོ། །དེ་རྟག་པ་ཙམ་མ་ཡིན་ཏེ། ཐེར་ཟུག་ཏུ་རྟག་པར་འདོད་པ་མུ་སྟེགས་དང་། གནས་སྐབས་ཀྱིས་རྟག་པ་ནམ་མཁའ་དང་། འདུས་པས་དུམ་བུར་རྟག་པ་གླིང་བཞི་དང་རི་རབ་དང་། མིང་དུ་བཏགས་པའི་རྟག་པ་རྣམས་མ་ཡིན་ཏེ་དངོས་པོ་གཤིས་ཀྱི་འདུག་ཚུལ། སུས་ཀྱང་བྱས་པ་མེད་པས་མི་འཛིན་ཏེ། དུས་གསུམ་མཉམ་པ་ཉིད་དུ་རྟག་པར་བཞུགས། འགུལ་ལྡེག་དང་འགྱུར་དུ་མི་བཏུབ་པས་འཕོ་འགྱུར་མེད་པའི་རྟག་པ་ཆེན་པོར་བཞུགས། ཞེ་འདོད་དང་ཚིག་ཙམ་ལས་འདས་པས་མ་བཅོས་པའི་རྟག་པ་ཆེན་པོར་བཞུགས། ཡེ་ནས་གནས་པས་བསྒྱུར་དུ་མི་བཏུབ་པའི་རྟག་པ་ཆེན་པོར་བཞུགས་པའོ། ༈ །དེ་ཡང་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན། མཚོན་པ་རྟགས་བཀོད་ཀྱི་ཏ་དང་། ཡི་གེ་བརྡ་སྦྱོར་གྱི་ཏ་དང་། རང་བཞིན་གྲུབ་ཚུལ་གྱི་ཏ་དང་། མིང་བཏགས་ལ་སོགས་པའི་ཏ་ལས། འདི་མཚོན་པ་རྟགས་བཀོད་ཀྱི་ཏ་སྟེ། འདི་ལ་བརྟེན་ནས་ཆོས་ཉིད་རྟག་པ་ཆེན་པོ་མཚོན་པའོ། །དེ་ལྟར་རྟག་པར་བཞུགས་པའི་ཆོས་ཉིད་དེ་ལ་དུས་གསུམ་དུ་སྐྱེ་བ་ཡོད་མ་མྱོང་བས་ཨ་ཞེས་བྱ་སྟེ། བྱས་པས་སྐྱེ་བ་དང་། རང་བཞིན་གྱིས་སྐྱེ་བ་དང་། བསྐྱེད་པས་སྐྱེ་བ་དང་། རྒྱུ་རྐྱེན་གྱིས་སྐྱེ་བ་ལ་སོགས་པ་ལས་ལོག་ནས་སྐྱེ་བར་བཞུགས་པ་གོང་དུ་བསྟན་པ་དང་མཚུངས་སོ། །དེ་ཡང་སྐྱེ་མེད་དེ་ཡང་མཐའ་གྲོལ་ཕྱོགས་ལྷུང་མེད་པར་སོང་བས་ལོ་ཞེས་བྱ་སྟེ་གོང་དུ་བསྟན་པ་དང་མཚུངས་སོ། །དེ་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་བརྟེན་ནས་མཐའ་ཐམས་ཅད་ལས་གྲོལ་བས་ན་ན་རོར་བྱུང་བའོ། །མཐའ་གྲོལ་ཆེན་པོའི་ལྟ་བ་དེ་ཉིད་དབྱིངས་ཀྱི་སྒྲོན་མ་ལ་བརྟེན་ནས་སྐུ་གསུམ་ལམ་དུ་བྱས་པས་རྟོགས་པས་ན་ཀ་ཞེས་བྱུང་བ་སྟེ། མཚོན་བྱེད་རྟགས་བཀོད་ཀྱི་ཀ་ལ་བརྟེན་ནས་རྟོགས་པས་དེ་སྐུ་ཞེས་ལུས་ལ་ཞེས་བཅུག་པས་ཏེ། སྐུ་གང་ནས་ཡོད་ཕན་ཆད་ལུས་ཡིན་པས། ལམ་ནི་ལུས་ལ་རྟེན་ནས་སྦྱངས་དགོས་ཀྱི། འབྲས་བུ་ལ་ནི་ལུས་སུ་གྲུབ་པ་མེད་དོ། །དེ་ལྟར་ཡིན་ཀྱང་གལ་ཏེ་ལམ་མི་འདོད་པར་འབྲས་བུ་གཅིག་ཆར་དུ་འདོད་པ་ཡང་ཡོད་དེ། འདི་ནི་ཆུང་མ་མེད་པའི་བུ་འདོད་པ་དང་མཚུངས་པས་འོང་མི་སྲིད། དེ་ལྟར་མ་ཡིན་པར་གསང་སྔགས་པ་རྣམས་ནི་འབྲས་བུ་ལ་ལམ་དུ་བྱེད་ཞེས་པ་ནི་སྐུ་གསུམ་པོ་ལམ་དུ་བྱེད་པ་རྣམས་ལ་དགོངས་པ་ཡིན་ནོ། །གལ་ཏེ་སྐུ་གསུམ་མ་ཡིན་པའི་ལམ་དུ་བྱ་རྒྱུད་གཅིག་བྱུང་ན་འདི་ཡང་འགལ་ཏེ། དངོས་བཞག་དང་དངོས་མ་ཡིན་འཚོལ་བའི་གོལ་སར་འགྱུར་རོ། །དེའི་ཕྱིར་ན་མན་ཏྲའི་རྒྱུད་དང་མན་ངག་ཐམས་ཅད་ནས་སྐུ་གསུམ་དང་ཡེ་ཤེས་ལྔ་འབྲས་བུ་ཡིན་པར་ཀུན་ནས་གསུངས་པ་ནི། འདི་ནི་ལམ་དུ་བྱེད་པ་སྟེ། དེ་ཡང་ལུས་ཡིན་ཀྱང་སྐུར་མི་འགྲོ་བའི་རིགས་དྲུག་ཐ་དད་ཀྱི་ལུས་ལས་ལས་ལོག་པས་སྐུ་ཞེས་བྱ་སྟེ། དེ་ལྟར་ན་ལུས་ཀྱི་བྱེ་བྲག་ནི་རང་ག་མ་ཤ་ཁྲག་འབྱུང་བ་སྨིན་པའི་ལུས་དང་། རིགས་བྱེད་འོད་ཀྱི་ལུས་དང་། དྲན་གཅོད་ཡིད་ཀྱི་ལུས་དང་། འདུ་ཤེས་སྙམ་བྱེད་ཀྱི་ལུས་དང་། འཁྲུལ་འཁོར་བསགས་པའི་ལུས་ལས་ལོག་སྟེ། སྤྲུལ་སྐུ་ངེས་པ་མེད་པའི་སྐུ་དང་། རྣམ་སྨིན་བག་ཆགས་ཀྱི་སྐུ་དང་། འཇུག་པ་གཅིག་ཆར་བའི་སྐུ་ལྟ་བུ་མ་ཡིན་ཏེ། སྤྲུལ་སྐུ་ལ་འགྲོ་བ་རིགས་དྲུག་དང་མཐུན་པའི་ཕྱིར་རྣམ་རྟོག་བག་ཆགས་ཀྱི་ལུས་ཡོད། ལོངས་སྐུ་ལ་ཡེ་ཤེས་སྒྱུ་མའི་ལུས་སྣང་ངོ་ལ་གྲུབ་པ་ཡོད། ཆོས་སྐུ་ལས་གཟུགས་སྐུ་གཉིས་ཀྱིས་དོན་བྱེད་པའི་ཕྱིར་རིན་པོ་ཆེ་གསང་བའི་ལུས་ཡོད་དོ། །དེ་ལྟར་ན་སྐུ་གསུམ་གྱི་མིང་དང་། སྐུ་གསུམ་གྱི་ངོ་བོ་དང་། ངེས་ཚིག་དང་། སྐུ་གསུམ་གྱི་དབྱེ་བ་དང་། སྐུ་གསུམ་རང་གི་མཚན་ཉིད་དང་། སྐུ་གསུམ་དུ་འཇོགས་པའི་མཐར་པ་དང་། སྐུ་གསུམ་པོ་དེ་གང་ཟག་གི་རྒྱུད་ལ་ཇི་ལྟར་གནས་པ་དང་། རྣལ་འབྱོར་ལམ་པ་རྣམས་ལ་ཇི་ལྟར་སྣང་བ་དང་། མཐར་ཐུག་འབྲས་བུའི་དུས་ན་སྐུ་གསུམ་པོ་དེ་ཇི་ལྟར་འགྱུར་བ་དགུས་བསྟན་ཏོ། །སྐུ་གསུམ་གྱི་མིང་ནི། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུའོ། །ངོ་བོ་ནི་ཆོས་སྐུའི་ངོ་བོ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བཞུགས་ལ། ལོངས་སྐུ་ཡེ་ཤེས་ཐམས་ཅད་ཀྱི་རྒྱན་དུ་བཞུགས། སྤྲུལ་པའི་སྐུ་འགྲོ་བ་ཐམས་ཅད་ཀྱི་གཙོ་བོར་བཞུགས་སོ། །ངེས་ཚིག་ནི་ཆོས་སྤྱི་དང་རང་གི་མཚན་དུ་བྱེད་པ། ཀྱི་འབྲེལ་པས་སྟེ་དེ་དང་འབྲེལ་བའི་ཡོ་གིས་སྐུ་རིན་པོ་ཆེ་གསང་བའི་སྦུབས་ཞེས་བྱ་བ། ལུས་ཞེས་བྱ་སྐུ་ཞེས་བྱའོ། །དེ་ལ་བདག་གིས་ལ་ལ་ན་མཐར་ཐུག་ཏུ་བཤད་པ་ཡང་ཡོད་དེ། དེ་ལྟར་ནི་མ་ཡིན་ནོ། །ལོངས་སྐུ་ཡི་ངེས་ཚིག་ནི་ལོངས་ཡེ་ཤེས་ལྔ་ལ་སྤྱོད་ལ། རྫོགས་པ་མཚན་དང་དཔེ་བྱད་དུ་རྫོགས། སྐུ་ཡེ་ཤེས་རྒྱུ་ལས་སྟེ་གོང་དང་མཚུངས་སོ། །སྤྲུལ་པ་ནི་གཟུགས་མི་འདྲ་བ་ཐ་དད་པས་ཏེ། བརྫུས་སྐྱེས་དང་། སྒོང་སྐྱེས་དང་། དྲོད་རླན་ལས་སྐྱེས་པ་དང་། མངལ་སྐྱེས་སུ་སྤྲུལ་ནས་ལྷའི་གཟུགས་ལ་སོགས་ཏེ་རིགས་དྲུག་གང་འདུལ་དུ་སྤྲུལ་ལ། སྐུ་རྣམ་རྟོག་བག་ཆགས་སོ། །དབྱེ་བ་ནི་ཆོས་སྐུའི་ཆོས་སྐུ་དཔལ་ཀུན་ཏུ་བཟང་པོ། ཆོས་སྐུའི་ལོངས་སྐུ་མགོན་པོ་དཔག་ཏུ་མེད་པ། དེའི་སྤྲུལ་སྐུ་དྲུག་པ་རྡོ་རྗེ་འཆང་། ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོའོ། །ལོངས་སྐུའི་ལོངས་སྐུ་རིགས་ལྔའི་སངས་རྒྱས། ལོངས་སྐུའི་སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་སེམས་དཔའ། དེའི་ལོངས་སྐུ་རིགས་གསུམ་མགོན་པོ། སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་དྲུག་གོ། །སྐུ་གསུམ་རང་གི་མཚན་ཉིད་ནི། ཆོས་སྐུའི་མཚན་ཉིད་རང་གི་གྲུབ་པའི་མཐའ་བཞི་པ། ལོངས་སྐུའི་མཚན་ཉིད་ཆོས་ཐམས་ཅད་ལ་བཟོད་པ་ཐོབ་པ། སྤྲུལ་པའི་སྐུའི་མཚན་ཉིད་ཚིག་གི་སྒྲོ་འདོགས་ཆོད་པའོ། །དེ་ནི་ཡོ་གི་ལམ་དང་སྦྱར་བའི་མཚན་ཉིད་ནི་ཆོས་སྐུའི་མཚན་ཉིད་ལ་འཁྲུལ་རྟོག་མི་མངའ་བ། ལོངས་སྐུ་གསལ་སྟོང་དབྱེར་མེད་པ། སྤྲུལ་སྐུ་ཤེས་བྱ་དང་ཤེས་བྱ་ཕྱིན་ཅི་མ་ལོག་ཅིང་དེ་ཉིད་མཁྱེན་པ་མ་འགགས་པར་སྤྲུལ་པའོ། །སྐུ་གསུམ་དུ་འཇོག་པའི་མཐར་པ་ནི། ཆོས་ཀྱི་སྐུ་མེད་ན་ཆོས་དང་ཆོས་མ་ཡིན་པའི་མཐའ་མི་ཕྱེད། ལོངས་སྐུ་མེད་ན་ཡེ་ཤེས་ལྔ་རང་གི་མཚན་ཉིད་མི་ཤེས། སྤྲུལ་སྐུ་མེད་ན་གཞན་དོན་མཐར་མི་ཕྱིན། དེ་ནི་ཆོས་ལས་གྲུབ་པས་ཆོས་སྐུར་མཐར་དེ། དཔེར་ན་རྒྱལ་རིགས་བཞི་ལ་སོགས་པའི་མི་རིགས་སོ་སོའི་ལུས་རིགས་སོ་སོ་ལ་གྲུབ་པ་དང་འདྲའོ། །དེ་ལྟར་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་པའི་སྐུར་མཐར་ལ། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླིང་བཞི་ལ་ལོངས་སྤྱོད་པ་དང་འདྲའོ། །དེ་ལྟར་ན་ཆོས་ལས། སྤྲུལ་པས་ཆོས་སྐུ། དེའི་མཁྱེན་པའི་ཡེ་ཤེས་ཀྱི་ཆ་མ་འགགས་པ་ལ་ལོངས་སྐུར་སྤྲུལ། དེའི་མཛད་པ་འཕྲིན་ལས་ཀྱི་སྤྱོད་པ་མ་འགགས་པ་ལས་སྤྲུལ་པའི་སྤྲུལ་སྐུར་སྤྲུལ་ནས་གཞན་དོན་རྫོགས་པར་བྱེད་པས་ན། སྐུ་གསུམ་གྱི་ཐ་མ་སྤྲུལ་པའི་སྐུར་སྤྲུལ་ནས་དོན་བྱེད་པས་སྤྲུལ་སྐུར་འཐད་དོ། །སྐུ་གསུམ་པོ་དེ་གང་ཟག་གི་རྒྱུད་ལ་ཇི་ལྟར་གནས་པ་ནི། སྐྱེ་བའི་རིམ་པ་དང་གནས་པའི་རིམ་པས་སྟེ། གནས་པ་ནི་ཡོ་གིས་མཉམ་པར་བཞག་པའི་དུས་ན་དྲན་བསམ་གྱི་རྣམ་པར་རྟོག་པ་རྒྱུན་འགགས་ནས་གནས་པ་དེ་ཆོས་སྐུ། དེ་ལ་འཛིན་པའི་རྣམ་རྟོག་མ་ཞུགས་པར་གསལ་བ་འཛིན་མེད་དུ་གནས་པ་ལོངས་སྐུ། དེ་ནས་མཉམ་བཞག་ལས་ལངས་ནས་རྗེས་ལ་ཐམས་ཅད་གོང་ལྟར་རོལ་བ་སྣ་ཚོགས་པར་མཁྱེན་ཏེ། དེའི་ངང་ལ་གནས་པ་སྤྲུལ་སྐུའོ། །སྐྱེ་བའི་གོ་རིམ་ལྟར་ན་ཡོ་གིས་ཐོག་མ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་ཕྱི་ནང་གསང་བ་གསུམ་གྱི་སྒྲོ་འདོགས་བཅད་ནས་སྤྲོས་པ་གཅོད་པའི་ཚེ་སྤྲུལ་སྐུ། དེ་ནས་གང་ཟག་ཆོས་ལ་གནས་པའི་ཚེ་ཚིག་དོན་གཉིས་མེད་ལ་ལོངས་སྤྱོད་པས་ལོངས་སྐུ། དེ་ནས་ཆོས་པོར་ཏེ་རང་སྣང་ཆོས་ཉིད་ལས་མ་འདས་པས་ཆོས་སྐུའོ། །ཡོ་གི་ལམ་པའི་དུས་ན་ཇི་ལྟར་སྣང་བའི་ནི་ཕྱི་སྤྲུལ་པ་འཛིན་མེད་ཀྱི་ཤེས་པ་རྟོག་མེད་དུ་ཤར་བ་ནི་སྤྲུལ་སྐུའི་སྣང་བ། ནང་ལུས་ངག་ལ་བདེ་ཆེན་རང་ལུགས་སུ་ཤར་བ་ལོངས་སྐུའི་སྣང་བ། གསང་བ་སེམས་དང་ཆོས་སུ་འདྲེས་ནས་རྣམ་རྟོག་རྒྱུན་ཆད་པས་ནི་ཆོས་སྐུའི་སྣང་བ། མཐར་ཐུག་འབྲས་བུའི་དུས་ན་སྐུ་གསུམ་པོ་དེ་ཇི་ལྟར་འགྱུར་བ་ནི། སྣང་བ་རང་སར་དག་ཏེ། ཆོས་ཉིད་ཟད་པའི་སྣང་བ་རང་ཤར་བས་ཆོས་སྐུ་ཞེས་ཐ་སྙད་དུ་གྲུབ་པ་མེད། ཉམས་སུ་མྱོང་བའི་མཐར་ཐུག་པས་རིག་པ་ཚད་ལ་ཕེབས་པས་ཉམས་གོང་འཕེལ་དུ་མེད་པས་ལོངས་སྐུ་ཞེས་ཐ་སྙད་མིང་དུ་གྲུབ་པ་མེད། ལུས་ངག་གི་བྱས་བཅོས་མི་དགོས་པར་རིག་པ་མངོན་སུམ་ལ་གནས་པས་མན་ངག་གི་ཞེན་པ་ལས་འདས་པས་སྤྲུལ་པའི་སྐུ་ཞེས་ངོ་བོ་ལ་གྲུབ་པ་མེད་དོ། །དེ་ལྟར་ན་སྐུ་གསུམ་པོ་དེ་ནི་ལམ་གྱི་སྣང་བ་ཡིན་པས་སྐུ་གསུམ་ཞེས་མཐར་ཐུག་འབྲས་བུའི་སྐབས་ན་མི་སྲིད་དོ། །འོ་ན་དེ་ལྟར་སྐུ་གསུམ་མེད་ན་ཡེ་ཤེས་རྒྱུན་ཆད་ལྟ་བུ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ། མཛད་བྱ་ཡུལ་དང་ཡུལ་ཅན་དུ་གྲུབ་པ་མེད་ཀྱང་། རང་ཤུགས་འགགས་མེད་ཀྱི་ཐུགས་རྗེ་ཉི་མ་ལས་འོད་འབྱུང་བ་ལྟར་སེམས་ཅན་རྣམས་ཐམས་ཅད་མཁྱེན་པའི་སྤྱན་འགགས་པ་མེད་པར། རང་ཤར་བས་སེམས་ཅན་གྱི་དོན་བྱེད་མ་འགགས་པར་རང་བྱུང་བས། འབྱུང་བ་ནམ་སླའི་དྲོད་ཕེབས་པས་ཆབ་རོམ་ལ་སོགས་པ་རང་བཞིན་ལྷན་གྱིས་ཞུ་བ་ལྟར། སེམས་ཅན་རྣམས་ལ་རང་བཞིན་གྱི་བྱིན་རླབས་རང་ཤར་བའོ། །མིང་བཏགས་ཀྱི་སྒྲ་དང་སྦྱར་བ་གོང་མ་རྣམས་དང་འདྲའོ། །དེ་ལྟར་ཡང་གང་ཟག་གཅིག་སངས་རྒྱ་བར་བྱེད་པའི་ཚིག་གཅིག་གིས་བསྟན་པ་ནི། འཇིགས་པ་མེད་པའི་སྣང་བ་རྣམ་པར་དག་པ་ཞེས་བྱ་བའི་ཤད་པར་བྱུང་བའོ། །དེ་ལྟར་ན་སྐུ་གསུམ་རང་གི་རང་ས་ལ་ཇི་ལྟར་ཞུགས་ཤིང་འཆར་ཞེ་ན། ཨ་ནམ་པ་ལམ་ཀེ་གསུངས་པ་ན། གོང་མའི་སྐུ་གསུམ་པོ་དེ་ལ་ལུས་ཡོད་པས་སྐྱེ་བ་ཡང་ཡོད་དམ་སྙམ་ན། དེ་ལྟར་མ་ཡིན་ཏེ། བྲིས་པ་གཟུགས་ཀྱི་སྐུ་དང་། བཀོད་པ་ཡི་གེའི་སྐུ་དང་། བྱས་པ་རྫས་ཀྱི་སྐུ་དང་། བཏགས་པ་མིང་གི་སྐུ་དང་། རྟག་པ་སྒྲའི་སྐུ་དང་། སྣང་བ་གཟུགས་བརྙན་གྱི་སྐུ་ལ་སོགས་པ་མ་ཡིན་པར། སྐུ་གསུམ་རང་གི་ངོ་བོ་ལ་སྐྱེ་བ་ཡོད་མ་མྱོང་སྟེ། ཨ་ཞེས་བསྟན། གནས་སྐབས་དུམ་བུར་གྱི་སྐྱེ་བ་མེད་དོ། །མཐར་ཐུག་གི་དོན་ལ་སྐྱེ་བ་མེད་པས་ད་རྟོག་པ་མེད་པའོ། །དེའི་ཕྱིར་ནས་ཨ་ཞེས་སོ་དང་མཆུ་དང་། དེ་ཉིད་སྦུབས་ཀྱི་འགྱུ་བྱེད་མེད། ལྕེའི་འགྱུར་ལ་མ་བརྟེན་པར་ལུས་ཀྱི་དབུས་ལྟེ་བའི་དཀྱིལ་ནས་རྩའི་རྒྱལ་པོ་ཨ་བ་དྷུ་ཏིའི་ནང་ནས་ཟང་ཐལ་དུ་རྒྱུ་བས་ན། ལུས་ལ་གནས་པའི་སྐུ་གསུམ་པོ་དེ་ཡི་གེའི་བདག་ཉིད་དུ་བཞུགས་པས། རང་བཞིན་གྲུབ་ཚུལ་གྱི་ཨ་ཞེས་བྱ་བ་ཡིན་ཏེ། ཁོང་ནས་བྱུང་བ་སྐྱེ་བ་མེད་ཅེས་བྱའོ། །དེ་ལུས་ལ་གནས་པར་ཅིས་ཤེས་ན། ལུས་མཚོན་པར་བྱེད་པ་ཡི་གེ་ནམ་ཞེས་བསྟན་པས་ཏེ། དེ་ཡང་གོང་དུ་བསྟན་པའི་རིགས་བྱེད་འོད་ཀྱི་ལུས། འོད་གསལ་གྱི་ལྷ་རྣམས་ལ་ཡོད། འདུ་ཤེེས་རང་གསལ་གྱི་ལུས་སྐྱེ་མཆེད་ཀྱི་ལྷ་ལ་ཡོད། བསགས་པ་རྣམ་སྨིན་གྱི་ལུས་དམྱལ་བ་ལ་ཡོད། འགྱུ་བའམ་དྲན་པ་ཡིད་ཀྱི་ལུས་སྲིད་པའི་བར་དོ་དང་མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ལ་ཡོད། རང་ག་མ་འབྱུང་བ་སྨིན་པོའི་ལུས་ནི། འདོད་པ་ཁམས་ཀྱི་སེམས་ཅན་རྣམས་ལ་ཡོད་པས། ལུས་དེ་དག་གི་ནང་ནས་དབྱེར་མེད་པར་མཉམ་པར་གནས་པ། ཀླད་ཀོར་མཉམ་པའི་ཡི་གེ་སྟེ་ཀུན་ལ་གནས་པའོ། །དེ་ཡང་མཉམ་ལུགས་ཇི་ལྟར་མཉམ་ན། དངོས་པོ་གཤིས་ཀྱི་འདུག་ཚུལ་མཉམ་ལུགས་ནི་མ་བཅོས་རང་ལུགས་སུ་མཉམ་ལ། འགྲོ་བ་རིགས་དྲུག་སྤྱི་ལ་མཉམ་ལུགས་ནི་ཆ་མེད་ནང་རྫོགས་སུ་མཉམ། རྣལ་འབྱོར་བ་ཡིས་ལམ་མངོན་སུམ་དུ་མཐོང་། པ་རྣམས་རིས་མེད་རྒྱ་མ་ཆད་པར་མཉམ་མོ། །དེ་ཡང་མི་མཉམ་པ་རྣམས་ལས་ལོག་པ་སྟེ། མི་མཉམ་པ་ནི་བཟང་ངན་མི་མཉམ་པ་དང་། མཐོང་སྣང་དང་། ལེགས་ཉེས་དང་། བྱས་པ་དང་མ་བྱས་པ་མི་མཉམ་པ་དང་། ཆེ་ཆུང་མི་མཉམ་པ་དང་། ཡོད་མེད་མི་མཉམ་པ་དང་། རིང་ཐུང་དང་། སྦོམ་ཕྲ་དང་། ཡིན་མིན་དང་། ཡངས་དོག་དང་། གསལ་བ་དང་མི་གསལ་བ་ལ་སོགས་པ་ལས་ལོག་སྟེ་མཉམ་པ་ཉིད་དུ་གནས་པའོ། །མཉམ་པ་དེ་ཡང་ཁྱབ་པས་མཉམ་པ་བཟང་ངན་མེད་པར་སངས་རྒྱས་སེམས་ཅན་ཐམས་ཅད་ལ་བཟང་ངན་མེད་པར་མཉམ། དེ་ལྟ་བུ་དེ་རིས་མེད་ཆེ་ཆུང་མེད་པས་རིས་མེད་དེ་རིས་མེད་ཆེ་ཆུང་མེད་པར་མཉམ་པས་མཉམ་པ་རིས་མེད། སྣང་སྲིད་འཁོར་འདས་ཀུན་ལ་ཕྱོགས་མེད་པར་གནས་པས། ཆེ་བ་དབུས་ཀྱི་རི་རབ་དང་། ཆུང་བ་འཇག་མའི་སྲིན་བུ་ཡན་ཆད་ལ་གནས་པ་ཆེ་ཆུང་མཉམ་པས་མཉམ་པ་ཕྱོགས་མེད། དེ་ཡང་འདི་ལ་ཡོད་འདི་ལ་མེད་ཞེས་གུད་བཅད་མེད་པས་ཡོད་མེད་ངོ་མཉམ། རིང་བ་བསྐལ་བ་དང་ཐུང་བ་སྣང་བ་འདི་ཀ་ལ་ཁྱད་མེད་དུ་མཉམ་པར་གནས་པ་ཉིད་རིང་ཐུང་ངོ་མཉམ། སྦོམ་པ་གླང་པོ་དང་། འཕྲ་བ་འབུ་སྲིན་གཉིས་དབྱེར་མེད་མཉམ་པ་ཉིད་སྦོམ་ཕྲ་ངོ་མཉམ། ཡིན་པ་སྣང་བའི་ཆོས་དང་མིན་པ་སྟོང་པའི་ཆོས་གཉིས་རང་ངོར་མཉམ་པས་སྣང་སྟོང་ངོ་མཉམ། ཡངས་པ་ནམ་མཁའ་དང་གཅོང་རོང་མ་བཅོས་རང་སོའམ་མཉམ་པ་ཉིད་ཡིན་པས་ཡངས་དོག་མཉམ། མཐོ་བ་སངས་རྒྱས་དང་དམའ་བ་དམྱལ་བ་རང་རིག་ངོ་ལ་ཁྱད་མེད་མཉམ་པ་ཉིད་ཡིན་པས་སངས་རྒྱས་དང་དམྱལ་བ་ངོ་མཉམ། ལེགས་པ་སྟེར་བ་གཉེན་དང་ཉེས་པ་བྱེད་པ་དགྲ་གཉིས་ངོ་མཉམ་སྣང་ངོ་ལ་མཉམ་པ་ཉིད་དུ་གནས་པས་དགྲ་གཉེན་ངོ་མཉམ། བྱས་པའི་ལས་དགེ་སྡིག་དང་མ་བྱས་པའི་རྣམ་སྨིན་དངོས་པོ་ལ་མཉམ་པ་ཉིད་ཡིན་པས་བྱས་མ་བྱས་ངོ་མཉམ། གསལ་བའི་རྣམ་པ་ལྟ་བསྒོམ་དང་མི་གསལ་བའི་རྣམ་པ་གཏི་མུག་གཉིས་ཆོས་ཀྱི་དབྱིངས་སུ་མཉམ་པས་གསལ་མི་གསལ་ངོ་མཉམ། ཉེ་བ་སྤུན་ཚན་དང་རིང་བ་འགྲོ་བ་གཞན་གཉིས་བདེ་གཤེགས་སྙིང་པོས་བསྡུས་པར་མཉམ་པས་ན་ཉེ་རིང་ངོ་མཉམ། དེ་བཞིན་དུ་བཟང་བ་ཟས་ནོར་བཟང་པོ་དང་ངན་པ་རྡོ་དང་ཁྱི་ལུད་དང་ངར་བསྣབ་རྣམས་ལ་སོགས་པ་ཡིན་ཚུལ་ཡོད་ངོས་ལ་མཉམ་པས་བཟང་ངན་ངོ་མཉམ་པ། དེ་ལྟར་ན་ཤེས་མ་ཤེས་དང་། བསྒོམ་མ་བསྒོམ་དང་། རྟོགས་མ་རྟོགས་ད ང་ཆོས་བྱས་མ་བྱས་དང་། འཁོར་བ་མྱ ང་འདས་ལ་སོགས་པ་ཀུན་ལ་སྦྱར་རོ། ༈ །དེ་ཡང་མཉམ་པ་ཉིད་དེ་ཡང་དངོས་པོ་རགས་པའམ། མཐར་འཛིན་དུ་མེད་པས་སྟོང་པར་ཡོད་པས་པ་ཞེས་བསྟན་པས་ན། འདི་ནི་མི་སྟོང་པ་ནས་སྟོང་པར་གནས་པ་སྟེ་གོང་དུ་བསྟན་པ་དང་མཐུན་ནོ། །དེ་ཡང་སྟོང་ངོ་ཙམ་ལ་མི་གནས་པར་ཡོངས་རྫོགས་མཐའ་གྲོལ་ཆེན་པོར་བཞུགས་པས་ལམ་ཞེས་པས་སྟེ་ལམ་གོང་དུ་བསྟན་པ་དང་མཚུངས། ཀླད་བསྐོར་མཉམ་ཉིད་དུ་བྱུང་སྟེ། འདི་ནི་མཐའ་གྲོལ་དུ་ཡོད་པས་དག་པ་རང་ངོ་ལ་མཉམ་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་མཐའ་ཐམས་ཅད་ལས་གྲོལ་བས་སྐུ་གསུམ་གྱི་མཐའ་ལས་གྲོལ། གསལ་འོད་ལྔ་ལས་གྲོལ་བས་ནི་ཀེ་ཞེས་བསྟན་པ་ནི་གོ་སླའོ། །དེ་ཡང་བརྡ་སྦྱོར་མིང་བསྒྱུར་ན། སྐྱེ་མེད་སྟོང་པའི་ས་སྐུ་གསུམ་འོད་དུ་ཤར་བ་ཞེས་བྱ་བའི་ཚིག་གཅིག་ཏུ་བསྡུས་ནས་བསྟན་པའོ། །དེ་ལྟར་ཀྱང་ཐམས་ཅད་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་འགྲོ་བ་རྣམས་ཀྱིས་ལུས་འཛིན་པར་བསྟན་པ་ནི། སརྦ་མ་ནི་ཤ་ཅེས་གསུངས་པས་ན། དེ་ཡང་ངོ་བོ་ལས་འགྱུར་བ་མེད་པས་ས། རང་བཞིན་ལ་མ་རིག་པ་གསུམ་འགགས་པ་མེད་པར་ཁྱུད་པས་ན་འཆར་བྱེད་ཀྱི་རྩལ་ཕྱིར་ཤར་བས་རྦ། དེ་ལྟར་འགྱུར་བ་མེད་པ་དེ་ལ་མ་རིག་པ་གསུམ་རྩལ་ཤར་ཀྱང་ཆོས་ཉིད་ངོ་བོའམ་གཞི་དེ་ལ་མཉམ་ཞིང་གཉིས་མེད་དུ་གནས་པས་མ། དེ་ཡང་འགྲོ་བ་ལུས་ཅན་རྣམས་ཀྱི་ལུས་ལ་གནས་པས་ན། དེའི་ངོ་བོའམ་བཞུགས་ལུགས་ཇི་ལྟར་གནས་ན་འོད་དུ་ཡོད་པས་གུ་གུ། དེ་འཁོར་བའི་ཆོས་ཅན་ཀུན་ལ་ཁྱབ་པས་ང་ཞེས་བྱ་སྟེ། འཁོར་བ་ནི་མི་འཁོར་བ་ལས་ལོག་ནས་འཁོར་བ་ཁོ་ནར་བྱེད་པས་འཁོར་བས་ཏེ། གཅིག་ནས་གཅིག་ཏུ་འཁོར་བ་ཟོ་ཆུའི་རྣམ་པ་ལྟ་བུ་དང་། རྒྱུན་ཆད་མེད་པར་འཁོར་བ་འཁྲུལ་འཁོར་གྱི་རྒྱུན་ལྟ་བུ་དང་། གནས་སྐབས་སུ་འཁོར་བ་སྤྲིན་དང་ཆར་ལྟ་བུ་དང་། ཐང་ཆོད་དུ་འཁོར་བ་གཞོན་མའི་སྡུག་གུ་ལྟར་འཁོར་བ་དང་། དེ་དག་གི་འཁོར་བ་ཞེས་བྱ། བརྗེ་བ་ཞེས་བྱ། སྤོ་བ་ཞེས་བྱ་གནས་གཅིག་ཏུ་མི་རྟག་པ་ཞེས་བྱ། མི་སྡོད་པ་ཞེས་བྱ་སྟེ་ངེས་པ་མེད་པའི་ཆོས་ཅན་ནོ། །སྡུག་བསྔལ་དང་། ཀུན་འབྱུང་གི་ལས་དང་རྒྱུ་འབྲས་ལས་མ་འདས་པས་ན་འཁོར་བའོ། །དེ་ལྟར་ང་ཞེས་བདག་ཉིད་དུ་འཛིན་པ་དང་། བདག་གིར་འཛིན་པ་དང་། རང་རྒྱུད་དུ་འཛིན་པ་ཉིད་དེ། ཡི་གེ་མེད་པའི་རྒྱུད་དུ་བདུན་དུ་ག ཏན་ལ་ཕབ་ནས་བསྟན་ཏོ། །མིང་བཏགས་སོ་སོ་གོང་མ་དང་འདྲ་བའོ། །འོ་ན་འཁོར་བ་དེ་ཉིད་རྒལ་དཀའ་བ་ཆུ་བོ་ལྟ་བུ་དང་། ཐར་བར་དཀའ་བ་བཙོན་དོང་དུ་བཙུད་པ་ལྟ་བུ་དང་། སྤོངས་བར་དཀའ་བ་ཟས་སྐོམ་ལྟ་བུ་ཡིན་པས་ན། གཏན་དེ་ལས་མི་ཐར་རམ་ཞེ་ན། གཏན་མི་ཐར་བ་མ་ཡིན་ཏེ། ཤེས་རབ་ཕྱིན་ཅི་མ་ལོག་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་བརྟེན་ནས་ཐར་བར་འགྱུར་བས་ན་ཤ །ཞེས་བསྟན་ཏེ། འདིས་ནི་ཤེས་རབ་མཚོན་པར་བྱེད་པས་སྟེ། ཤེས་རབ་ཀྱི་དབྱེ་བ་ལ་སོགས་པ་ནི་ཁོ་རང་གི་སྐབས་ནས་སྟོན་ལ། ཤེས་རབ་ཞེས་པ། མ་དག་པའི་ཤེས་རབ་དང་། ཕྱིན་ཅི་ལོག་གི་ཤེས་རབ་དང་། སྒྲོས་བཏགས་ཡིད་དཔྱོད་ཀྱི་ཤེས་རབ་དང་། མིང་བསྒྱུར་གྱི་ཤེས་རབ་དེ་ཡང་དག་པའི་ཤེས་རབ་མ་ཡིན་ནོ། །མ་དག་པའི་ཤེས་རབ་ནི། ཐོས་པ་རྒྱ་ཆུང་བ་ནས་མ་དག་པས་ཐེ་ཚོམ་དུ་གྱུར་ལ་བསྒོམ་པ་ཡུན་ཐུང་ནས་མ་དག་པས་ཡིད་གཉིས་སུ་གྱུར་ལ། མན་ངག་རྩད་མ་ཆོད་པས་ཆལ་ཆོལ་དུ་གྱུར་ལ། གྲུབ་མཐའ་ཕུགས་མ་རྟོགས་པས་མ་དག་ཏེ་ལྷ་བསྒོམ་ལ་ས་ཟིན་མེད་པར་འགྱུར་བའོ། །ཕྱིན་ཅི་ལོག་ནི་ཐེག་པ་སྤྱི་གཞུང་དང་འགལ་ན་སངས་རྒྱས་ཀྱི་བརྒྱུད་པ་ཕྱིན་ཅི་ལོག །ལས་དང་རྣམ་སྨིན་ལས་འགལ་ན་བྱ་བའི་སྤྱོད་པ་ཕྱིན་ཅི་ལོག །ལྷ་བསྒོམ་ཁྱད་དུ་གསོད་ན་འབྲས་བུ་ཕྱིན་ཅི་ལོག །གནས་ལུགས་ལ་རྗེས་འཇུག་དུ་མེད་ན་ཕུགས་ཀྱི་ལྟ་བ་ཕྱིན་ཅི་ལོག་ཏུ་རྟོགས་པའི་ཤེས་རབ་ཡིན་པས་མིང་ཙམ་ལས་མིན་ནོ། །སྒྲོས་བཏགས་ཡིད་དཔྱོད་ཀྱི་ཤེས་རབ་ནི་ཚིག་རྣམས་ལ་རྟོགས་དཔྱོད་ཀྱི་ཤེས་པ་བློ་དང་བཅས་པ་སྟེ། མིན་པ་ལ་ཡིན་པར་སྒྲོས་བཏགས། དེ་བཞིན་དུ་ཡོད་པ་ལ་མེད་པ། སྣང་བ་ལ་སྟོང་པར། སྟོང་པ་ལ་སྣང་བར་སྒྲོས་བཏགས་པས་ན། འདི་ནི་བླ་མའི་མན་ངག་ཚད་མ་མེད་པའི་སྐྱོན་ལས་བྱུང་བ་ཡང་ཡོད་དེ། དེ་ལས་བྱུང་བས་བཀའ་ལ་རས་ཆོད་དང་གཟུ་ལུམ་བྱེད་པར་འགྱུར་བ་ཡིན་ཏེ། སེམས་ཀྱི་སྣང་བ་རྡོ་རྗེ་དམྱལ་བ་ལས་འགྲོ་ས་མེད་དོ། །ཐོག་མ་ཐོས་པ་ཆུང་བས་ཚིག་གི་ལེགས་སྒྲིགས་པ་ཡང་ཡོད་དེ། འདི་ནི་ཐེ་ཚོམ་མ་ཆོད་པ་ཡིན་སྙམ་བྱེད་ཀྱི་བློ་ཡིན་པས། མིང་ཤེས་རབ་ཏུ་བསྒྱུར་ཀྱང་ཤེས་རབ་མ་ཡིན་ཏེ་འཁོར་བའི་ས་བོན་འདེབས་པར་བྱེད་པ་ལས་ཐར་པ་ལ་ཕན་པ་རྡུལ་གྱི་ཆ་མེད་པའི་སྟེང་དུ་ངན་སོང་དུ་འཕེན་པར་བྱེད་པའི་གྲོགས་ཡིན་ནོ། །འོ་ན་ཡང་དག་པའི་ཤེས་རབ་གང་ཡིན་ན། སྒྲོ་འདོགས་གཅོད་པ་དང་། འཁྲུལ་པ་རྟོགས་པར་བྱེད་པ་དང་། ཉོན་མོངས་པའི་རྩད་གཅོད་པར་བྱེད་པས་ན་ཤེས་རབ་ཀྱི་ལས་སོ། །སྒྲོ་འདོགས་ནི་ཚིག་ཡིན་ཏེ། ཚིག་གཅིག་མ་བྱུང་ན་མ་བྱུང་བྱུང་ཕན་ཆད་སྒྲོ་བཏགས་པ་གཅིག་རྙེད་ནས་འོང་བས་ཤེས་རབ་ཀྱིས་ཚིག་གི་ཞེན་པའི་སྤྲོས་པ་ཆོད་པའི་དུས་ན་སྒྲོ་འདོགས་ཆོད་པ་དེ་ཤེས་རབ་ཡང་དག་པའོ། །འཁྲུལ་པ་རྟོག་པའི་ལས་ཏེ། འདི་སྣང་བའི་འཁྲུལ་མངོན་ཞེན་ནམ་ཆོད་ཙམ་ན་ཡང་དག་པའི་ཤེས་རབ་བོ། །ཉོན་མོངས་པ་གཅོད་པར་བྱེད་པས་ཏེ། རང་གི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའམ་སྐྱེད་པར་བྱེད་པ་ཙམ་ཡང་མེད་ཙམ་ན་ཡང་དག་པའི་ཤེས་རབ་བོ། །དེ་ཡང་ཤེས་རབ་མ་ཡིན་པ་ལོག་པས་ཏེ། མ་ཡིན་པ་ནི། ཡིད་དཔྱོད་ཡིད་ཀྱིས་དཔྱད་པ་མ་ཡིན་ཏེ། དེ་ལྟར་མ་ཡིན་པ་ཅིས་ཤེས་ན་ཤེས་རབ་ལ་བརྟགས་ཤིང་དཔྱད་མི་དགོས་ཏེ། ཤེས་རབ་ཆེན་པོས་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པས་ཏེ། དེ་ལྟར་ཆུད་པས་མངོན་པར་རྟོག་པ་ཤར་བས་ཚིག་གི་མཐའ་ཆོད་པའོ། །ཐེ་ཚོམ་དང་། ཡིད་གཉིས་དང་། སྙམ་བྱེད་དང་སྒྲོ་འདོགས་པ་རྣམས་ལས་ལོག་པས་ན་ཤེས་རབ་བོ། །དེ་ཡང་མིང་བཏགས་སོ་སོའི་སྒྲ་དང་སྦྱར་ན་མཚོན་བྱེད་རྟགས་བཀོད་ཀྱི་ཤ་དང་། བཏགས་པ་མིང་གི་དང་། ཡི་གེ་བརྡ་སྦྱོར་གྱི་དང་། རང་བཞིན་འགྲུབ་ཚུལ་གྱི་དང་། ཐོགས་པ་མེད་པ་ཤེས་རབ་ཀྱིའོ། །དེ་ཡང་བསྒྱུར་ན་ཐམས་ཅད་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱིས་འགྲོ་བའི་ལུས་འཛིན་པ་ཞེས་བྱ་བ་ཚིག་དུ་བསྡུས་པའོ། ༈ །ད་ནི་རྒྱུད་ཀྱི་ཚིག་དོན་མཚོན་བྱེད་རྟགས་ཀྱི་ཡི་གེ་ལ་བརྟེན་ནས་སྒྲོན་མ་བཞིས་བསྟན་པ་འབེབས་པར་བྱེད་པའི་སྒྲ་འབྱུང་བའི་གནད་བསྟན་པ་ནི་སྐྱེ་བ་མེད་པའི་ཆོས་བཅུ་ལ་བརྟེན་ནས་སྣང་བ་འདི་དང་གཅིག །འཁོར་འདས་གཉིས་ཏེ་གསུམ། དབུགས་གསུམ་སྐུ་གསུམ་གྱི་སྣང་བ་དང་། བར་དོ་བཞི་སྟེ་བཅུས་གཏན་ལ་འབེབས་པར་བསྟན་པ་ནི། རགས་པ་སྐྱེ་མེད་མིག་གི་རྣམ་ཤེས་ལ་བརྟེན་ནས་ཤེས་པས་འདི་ལྟར་རགས་པའི་སྣང་བ་སྐྱེ་མེད་དུ་གྲོལ་བས་རྫོགས་པ་ཆེན་པོ་ཉིད་ཕྱོགས་གང་དུ་ཡང་མ་ལྷུང་བ་མེད་དེ། རྒྱང་ཞགས་ཆུའི་སྒྲོན་མར་ཟང་ཐལ་བ་ནི་ཨ་ཞེས་མ་སྤངས་རང་བཞག་པའི་སྐྱོན་མེད་དོ། །འཁོར་བ་གདར་ཤ་བཅད་པའི་སྐྱེ་མེད་མིག་གི་དབང་པོ་ལ་བརྟེན་ནས་འཁོར་བ་ཉིད་ཡེ་སངས་རྒྱས་པར་མཐོང་བས་རྫོགས་པ་ཆེན་པོ་ཉིད་རེ་ལྟོས་གང་ཡང་མི་འཆའ་བས་ཤེས་རབ་རང་བྱུང་གི་སྒྲོན་མར་རང་ཤར་བ་ནི་ཨ་ཐོག་མ་སྟེ། རོལ་པ་སྐྱེ་བ་མེད་པ་ཞེས་བྱའོ། །མྱོང་འདས་མངོན་སུམ་དུ་ཁྱེར་བའི་སྐྱེ་མེད་མིག་གི་འདུ་སྟེ་རེག་པ་ལ་བརྟེན་ནས་མྱ་ངན་ལས་འདས་པ་ཅེར་མཐོང་དུ་བསྟན་ལ་ཕབས་པས་རིག་པ་ཉིད་ཡེ་སངས་རྒྱས་པར་གྲོལ་བས་རྫོགས་ཆེན་སྨོན་ལམ་དང་བྲལ་བས་རང་བྱུང་གི་སྒྲོན་མས་ཆོས་ཉིད་ལས་འདའ་བས་སྟེ། ཨ་འོག་མས་སྟེ། མཚན་ཉིད་ལ་སྐྱེ་མེད་ཞེས་བྱའོ། །རྣམ་རྟོག་རང་ཆོད་ཀྱི་སྐྱེ་མེད་མིག་གི་འདུ་སྟེ་རེག་པ་རྐྱེན་གྱིས་ཚོར་བ་ལ་རྟེན་ནས་རྣམ་རྟོག་བག་ཆགས་སྦུབས་ཀྱི་ཞེན་པ་རང་ལོག་པས་ཆུ་བུར་གྱི་མིག་དུ་ལྟ་བའི་ཡུལ་འཁྲུལ་སྣང་རང་འགགས་པས། སྤྲུལ་སྐུ་ཚིག་གི་ཐེ་ཚོམ་རང་ཆོད་པས། ཐིག་ལེ་སྟོང་པའི་སྒྲོན་མ་ལྡོག་འགྱུར་མེད་ཟང་ཐལ་བས་ཨ་སྟེང་མས་སྟེང་། གཞན་ངོ་ཡུལ་དག་པའི་སྐྱེ་མེད་ཞེས་བྱའོ། །ཡེ་ཤེས་རང་གྲོལ་བའི་སྐྱེ་མེད་མིག་གི་དེ་བཞིན་ཉིད་ལ་བརྟེན་ནས་ཡེ་ཤེས་ལྔའི་བདག་ཉིད་དུ་འཛིན་པ་རང་ལོག་པས། ཤེས་རབ་ཀྱི་མིག་གི་ཡུལ་ཆོས་ཟད་པས་ཐིག་ལེ་སྟོང་པའི་སྒྲོན་མ་ལུས་ཟང་ཐལ་བས་ལོངས་སྐུ་ལམ་གྱི་ཕུག་རྡུགས་པ་ནི་ཨ་དབུས་ནས་སྟེ། རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་གྱུར་པའི་སྐྱེ་མེད་ཞེས་བྱའོ། །ཡོན་ཏན་ལྷུན་གྲུབ་ཀྱི་སྐྱེ་མེད་མིག་གི་རང་ངོ་ལ་བརྟེན་ནས། སྐྱོན་རང་གྲོལ་དུ་མཐོང་བས་རིན་པོ་ཆེ་གསང་བ་ཞེས་ལམ་གྱིས་མཚམས་ཕྱེ་བས་ཡེ་ཤེས་ཀྱི་མིག་གིས་ལྟ་བའི་ཡུལ་འདུག་ཚུལ་རང་དག་པས་ཐིག་ལེ་སྟོང་པའི་སྒྲོན་མས་འགགས་མེད་ཟང་ཐལ་བས། ཆོས་སྐུ་ལམ་གྱིས་མཚམས་ཕྱེད་པས་ཨ་འོག་མས་སྟེ། དངོས་པོ་རང་དག་པའི་སྐྱེ་མེད་ཞེས་བྱའོ། །ཤེས་བྱ་གྲས་གཅོད་ཀྱི་སྐྱེ་མེད་མིག་གི་རང་སྣང་ལ་བརྟེན་ནས་རིག་པ་མངོན་སུམ་དུ་མཐོང་བས། ཡིད་དཔྱོད་ཀྱི་ལྟ་བ་རང་འགགས་ཏེ་རང་བཞིན་གནས་པའི་བར་དོ་མི་སྣང་བར་དབྱིངས་རྣམ་པར་དག་པའི་སྒྲོན་མར་རང་འདུས་པས་ཨ་ཀུན་གྱི་ཐོག་མ་སྟེ། ཆོས་ཅན་རང་དག་པའི་སྐྱེ་མེད་ཞེས་བྱའོ། །སྐྱེ་འཆི་ལ་བཟླའི་སྐྱེ་མེད་མིག་གི་ཟད་ལུགས་ལ་བ རྟེན་ནས་སྐྱེ་མེད་རང་གྲོལ་དུ་མཐོང་བས། དབྱིངས་ཀྱི་སྒྲོན་མ་རྟེན་བྲལ་བ་ནི་ཨ་དང་འོག་སྟེ་རིག་པ་འཆི་མེད་དུ་རྟོགས་པའི་སྐྱེ་མེད་ཞེས་བྱའོ། །ཆོས་ཉིད་རང་དག་པའི་སྐྱེ་མེད་མིག་གི་དེ་ཁོ་ན་ཉིད་ལ་བརྟེན་ནས་འཁྲུལ་སྣང་འགགས་པར་མཐོང་བས། ཆོས་ཉིད་ཀྱི་བར་མ་དོ་ལ་ལྟོས་མི་འཆའ་བར་དབྱིངས་རྣམ་པར་དག་པའི་སྒྲོན་མ་འཕེལ་རྫོགས་པ་ནི་ཨ་གསུམ་པས་ཏེ། འཁྲུལ་པ་རང་ལོག་པས་ཆོས་ཉིད་མ་དང་ཕྲད་པའི་སྐྱེ་མེད་ཞེས་བྱའོ། །སྲིད་པ་རྒྱུན་གཅོད་ཀྱི་སྐྱེ་མེད་མིག་གི་མ་ནོར་བ་དེ་བཞིན་ཉིད་ལ་བརྟེན་ནས་གདོས་བཅས་རང་དག་པས་སྲིད་པ་བར་མ་དོ་ལ་འཇུག་མི་སྲིད་དེ། འཁོར་འདས་འབྲེལ་ཆད་པས་དབྱིངས་རྣམ་པར་དག་པའི་སྒྲོན་མ་མིང་དང་བྲལ་བ་ནི་ཨ་ཀུན་གྱི་འོག་མས་ཏེ། འཁོར་འདས་དཔྱིས་འབྱིན་པའི་སྐྱེ་མེད་ཞེས་བྱའོ། །དེ་ལྟར་སྐྱེ་བ་མེད་པ་བཅུ་ལ་བརྟེན་ནས་སྒྲོན་མ་བཞིའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བས། དྲན་བསམ་གྱི་བློ་ལས་འདས་སྟེ། མཐའ་གྲོལ་གང་གི་ངོ་བོར་ཀྱང་མ་གྲུབ་པས་རང་བཞིན་རྫོགས་པ་ཆེན་པོའི་དོན་མཐའ་ལ་སྐྱོལ་བའོ། །དེ་ཉིད་ལ་བརྟགས་ན་སྐྱེ་མེད་ལུགས་ཉི་ཤུར་འགྲོ་བ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་ཚིག་དོན་སྒྲ་ལ་བསྡུས་ནས་བསྟན་ཏེ། རང་གི་ངོ་བོ་ལ་གནས་པའི་དུས་ན་སྒྲོན་མ་བཞི་པོ་དེ་ཐ་དད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། མཉམ་པ་ཉིད་གཉིས་སུ་མེད་པ་སྐུ་གསུམ་འགྱུར་མེད་དུ་མ་མ་ཨེ་ཀ་པ་རཱ་ཞེས་བསྟན་པས་ན། དེ་བསྒྱུར་བས་གོང་དང་འདྲའོ། སྒྲ་དེ་བསིལ་ན། དེ་ལྟར་སྒྲོན་མ་བཞི་སྔར་བཞིན་གནས་ལུགས་ལ་མཉམ་པས་མ་གོང་མས་སྟེ་གོང་དུ་བསྟན་པ་དེ་རྣམས་དང་འདྲའོ། །དེ་ལྟར་མཉམ་པ་ལས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་པར་བསྟན་པས་མ་ཞེས་གདགས་པ་རང་འབྲེལ་གྱི་ཡི་གེར་བྱུང་བས་ན། འདི་ལྟར་གཉིས་སྣང་གི་མཐའ་ལས་ལོག་ནས་གཉིས་མེད་དུ་གནས་པ་ནི། སྣང་སྟོང་གཉིས་སུ་མེད་དེ། དེ་ཇི་ལྟར་མེད་ཞེ་ན། སྣང་བ་སྣང་བས་སྟོང་པར་མ་གྲུབ་ལ། སྟོང་པ་སྟོང་པས་སྣང་བར་མ་གྲུབ་པའི་ཕྱིར་གཉིས་སུ་མེད་དོ། །དེ་ལྟར་ཡང་ཅིས་ཤེས་ན་སྣང་བ་སོ་ཙམ་ན་ངོ་བོ་སྟོང་ངོ་། །དེ་ལྟར་སྟོང་སོ་ཙམ་ན་རོལ་པ་སྣང་བ་སོ་བའི་གནད་ཀྱིས་སོ། །དེ་ལྟར་ཡོད་མེད་གཉིས་སུ་མེད་པ་དང་། བསྒོམས་མ་བསྒོམས་རྟོགས་མ་རྟོགས། ཤེས་མ་ཤེས་གཉིས་སུ་མེད་པ་དང་། གྲོལ་མ་གྲོལ་དང་། སངས་རྒྱས་སེམས་ཅན་ལ་སོགས་པ་གཉིས་སྣང་ཐམས་ཅད་ལ་ཁྱབ་པ་ལྟོས་མེད་པའི་རིགས་པས་བསྒྲེས་པས། ཆོས་ཐམས་ཅད་གཉིས་མེད་ཀྱི་ར་བ་ལས་མ་འདས་པའོ། །དེ་ལྟར་གཉིས་སུ་མེད་པ་དེ་ལ་སྐྱེ་མེད་བཅུའི་རང་བཞིན་དུ་སྦྱོར་བའི་ལམ་ལ་སྣང་བས་ཨེ་ཞེས་བསྟན་པས། ཆོས་ཉིད་མཉམ་པ་དེ་སྒྲོན་མ་བཞི་ཅེར་མཐོང་དུ་གཏན་ལ་ཕབ་པས་ཉམས་སུ་མྱོང་བ་དྲག་པོ་སྐྱེས་པས་ན། ཨེས་ཆོས་འབྱུང་མཚོན་པའོ། །དེ་སྐུ་གསུམ་ལམ་དུ་སྣང་བས་ཀ་ཞེས་བྱ། སྐུ་གསུམ་གཅིག་པའི་ལམ་ལ་འགྱུར་བ་མེད་པས་པ། འགྱུར་བ་མེད་པའི་ལམ་ལས་ཉམས་སྣ་ཚོགས་སུ་ཤར་བས་རཱ། དེ་ལ་ཐབས་འགགས་པ་མེད་པའི་མན་ངག་ལ་བརྟེན་ནས་རྟོགས་པས་ད་ལ་འ་རིང་བོ་འགྱུར་བྱེད་ཀྱི་ཡི་གེ་བྱུང་བའོ། །དེ་བརྡ་སྦྱོར་ཚིག་དུ་བསྒྱུར་ན་མཉམ་པ་ཉིད་གཉིས་སུ་མེད་པ་སྐུ་གསུམ་འགྱུར་མེད་གཅིག་ཏུ་ཤར་བ་ཞེས་ཚིག་གཅིག་ཏུ་བསྡུས་ནས་གང་ཟག་གཅིག་སངས་རྒྱ་བར་བྱེད་པའི་དོན་དུ་བསྟན་པའོ། །འོ་ན་དེ་ལྟར་སྒྲོ་བཏགས་པ་ཆོས་ཐམས་ཅད་གཉིས་མེད་སྐྱེ་མེད་དང་། ཐམས་ཅད་གཅིག་པར་འདུག་པས། འདི་ལྟར་སྣང་བ་སྤྲོས་པའི་ཆོས་རྣམས་གར་སོང་ཞེ་ན་རྟག་པ་དང་བརྟགས་པ་འགྱུར་བ་མེད་པའི་ཀློང་དུ་གཉིས་མེད་དུ་འདས་པས་ན་འཁོར་འདས་སྤྱིའི་ཁྱབ་བྱེད་དུ་བྱུང་བ་ནི་ཏྱ་ཉ྄ཡ྅྅྅་ཏ་ཡྃ་ཞེས་བསྟན་པས། དེ་ཡང་ཐམས་ཅད་ཀྱི་མཐའ་ལས་གྲོལ་བ་ཆེན་པོར་ཁྱབ་ཅིང་རྟེན་པར་བཞུགས་པས་ཏྱ། དེ་ལ་ཡ་སྟ་ནི་ཁྱབ་བྱེད་དུ་བྱུང་བ་སྟེ། དེ་བོད་སྐད་དུ་ཀླགས་ན་ཏྻེ་ཞེས་བྱའོ། །མཐའ་གྲོལ་ཆེན་པོ་དེ་ལ་ཉོན་མོངས་པ་རྣམས་ཀྱི་མཐའ་ལས་གྲོལ་བ་ཉ྄ཡ་྅྅྅ཞེས་པས་ཏེ། མ་རིག་པ་གསུམ་ལས་ལོག་པས་ཤེས་ཤིང་རིག་པ་ཉིད་དུ་རང་གྲོལ། ཡིད་ཀྱི་དྲན་བསམ་གྱི་མཐའ་ལས་ལོག་པས་འབྱེད་པ་མེད་པའི་ཤེས་རབ་ཏུ་གྲོལ། སེམས་ཀྱི་བྱུང་ཚོར་གྱི་མཐའ་ལས་ལོག་པས་ཡེ་ཤེས་གཉིས་ཀྱི་བདག་ཉིད་དུ་གྲོལ། བློ་ཡི་འཕྲོ་འདུ་མཐའ་ལས་ལོག་པས་མཐའ་གྲོལ་ཆེན་པོའི་བདག་ཉིད་དུ་བཞུགས་ཏེ། དེ་ལ་འདོད་ཆགས་མ་བྱུང་མ་སྐྱེས་ཏེ་རང་གྲོལ། དེ་ལྟར་གཏི་མུག་དང་། ཞེ་སྡང་དང་། ང་རྒྱལ་དང་། ཕྲག་དོག་དང་། བག་ཆགས་དང་། ལས་ལ་སོགས་པ་མ་བྱུང་མ་སྐྱེས་ཏེ་རང་གྲོལ་བའོ། །དེ་ལྟར་མཐའ་གྲོལ་ཡོངས་རྫོགས་སུ་ཁྱབ་པས་དེ་ལ་ཡ་ས་སྟ་བྱུང་བའོ། །དེ་ཡང་འདུས་མ་བྱས་པས་རྟག་སྟེ་ཏའོ། །སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་པས་མ། མཉམ་པ་དེ་ཕྱོགས་དང་རིགས་སུ་མེད་དེ་གཉིས་སྣང་དང་ཀླད་བ སྐོར་རོ། །དེ་ཡང་བསྒྱུར་ན་རྟག་པར་འགྱུར་བ་མེད་པའི་ཀློང་གཉིས་མེད་དུ་འདས་པ་ཞེས་བྱའོ། །དེ་ལྟར་གླེང་གཞིའི་མཚན་སྦྱར་བ་སྒྲ་དོན་གྱི་མན་ངག་བསྟན་ནས། ༈ །ད་ནི་ཐུན་མོང་གི་གླེང་གཞི་བསྟན་པར་བྱའོ། །གོང་དུ་སྡུད་པ་པོ་རང་བཞིན་རྒྱུ་དག་པའི་རྡོ་རྗེ་འཆང་དེ་ལ་ཐུན་མོང་མ་ཡིན་པའི་གླེང་གཞིའི་སྐབས་སུ་ཡིད་ལ་ཐེ་ཚོམ་ལྔ་སྐྱེས་པ། དེ་ཆོད་ན་རྒྱུད་ཀྱི་གཞུང་དོན་ཐུགས་སུ་ཆུད་ནས། སྡུད་པ་པོ་རང་གི་འཁོར་གྱི་ནང་དུ་མཆོག་ཐུན་མོང་དུ་ཚིག་དོན་ངེས་པར་ཕྱེ་སྟེ་བསྟན་པའམ། རང་གི་འཁོར་གྱིས་ངེས་པར་ཐོབ་པར་བྱ་བའི་ཕྱིར་ན་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་ཐུན་མོང་དུ་གླེངས་པས་ཐུན་མོང་གི་གླེང་གཞི་ཞེས་བྱ་ལ། དེ་ཡང་ཁྱད་པར་དང་ཐུན་མོང་གཉིས་ཀྱི་གོ་བ་ནི། ཁྱད་པར་ནི་ཐེག་པ་སྤྱི་ཐུན་མོང་པ་རྣམས་དང་མ ི་འདྲ་བས་ཁྱད་པར་ཡིན། འདི་ནི་ཐེག་པ་ཐུན་མོང་པ་རྣམས་དང་སྒོ་བསྟུན་པས་ཐུན་མོང་ཞེས་ཡོངས་གྲགས་སུ་ཡོད་པ་ལ་བྱའོ། །ཡང་ཁྱད་པར་ཟབ་མོའི་དོན་ལ་འཇུག་པར་བྱེད་པ་ལ་དགོངས་པ། ཐུན་མོང་འགལ་བ་སྤང་པ་ལ་དགོངས་པའོ། །སྡུད་པ་པོས་དེ་སྐད་གསུངས་པས་རང་གི་འཁོར་ཁ་གཅིག་དེ་ལ་གོ་བ་སྐྱེས། ཁ་ཅིག་གིས་ཕྱིན་ཅི་ལོག་དུ་རྟོགས་ཁ་ཅིག་གིས་བྱེ་བྲག་ཏུ་འདི་ནི་གང་ཡིན་ལ་སོགས་པའི་རྣམ་རྟོག་སྐྱེ་བ། ཁ་ཅིག་གིས་གླེང་གཞི་རང་གཞུང་དུ་གོ་སྟེ། འདི་བསྟན་པ་རྒྱུད་ཟབ་མོ། དེ་སུ་ལ་ཐོས་ན་སྟོན་པ་དྲུག་པ་རྡོ་རྗེ་འཆང་ལ་ཐོས། ཚུལ་ལམ་ཐབས་ཇི་ལྟར་ཐོས་ན་ལྷ་ཚངས་པའི་སྐད་ཉེ་རིང་མེད་པར་ཐོས། དེ་སུས་ཐོས་ན་བདག་གིས་ཐོས་ཏེ། གཞན་གྱིས་བརྒྱུད་པ་མེད་པར་སྒྲོ་འདོགས་གཅད། གང་གིས་ཐོས་ན་སྡུད་པ་པོ་རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པར་ཐོས་ཏེ་འཁྲུལ་པ་མེད་པར་སྒྲོ་འདོགས་བཅད། ཐོས་པ་ལ་དགོས་པ་ཅི་ཡོད་ན། སྡུད་པ་པོས་སྔོན་འབྱུང་དུ་རང་གི་མངོན་སུམ་དུ་རྟོགས་ལ། དེ་ལྟར་རྟོགས་པས་རང་གི་འཁོར་གྱིས་ཀྱང་འདི་ཐོས་པས་རྟོགས་པར་འགྱུར་བའི་དགོས་པ་ཡོད་ལ། དེ་དུས་ཇི་ཙམ་ན་ཐོས་ན་དུས་གཅིག་ན་ཐོས་ཀྱི་ཡང་ནས་ཡང་དུ་མ་ཐོས་པས། སྡུད་པ་པོ་དེ་མཆོག་ཏུ་དབང་བོ་རྣོ་བར་ཀྱང་སྟོན་ལ། ཡང་ན་རྒྱུད་འདི་དང་རྒྱུད་གཞན་དུས་གཅིག་ཏུ་ཐོས་ཀྱི། དུས་ཐ་དད་པས་སྟོན་པ་ཐ་དད་པ་ལ་ཐོས་པ་མ་ཡིན་ཏེ་དུས་དང་གནས་གཅིག་ཏུ་ཀུན་ཐོས་པས་སྡུད་པ་པོ་ཐོས་པ་རྫོགས་པར་སྟོན་ཏོ། །དེ་སྐད་གསུངས་པ་ལ་ཁོ་རང་གི་འཁོར་ལྷའི་བུ་རང་སྣང་སྟོན་པ་ཞེས་བྱ་བ་ཐེ་ཚོམ་ལྔ་སྐྱེས་ཏེ། འདི་ལྟ་བུའི་ཆོས་འདི། གནས་ནི་ཇི་སྐད་བྱ་བར་ཐོས་ལ། གྲོགས་ནི་གང་དང་ལྷན་ཅིག་ཏུ་ཐོས་ལ། ཆོས་ནི་ཇི་སྐད་བྱ་བ་ཐོས་ལ། མཚན་ཇི་ལྟ་བུས་གསུངས་སྙམ་པ་སྐྱེས་པ་ལ། གནས་ནི་ཕྱོགས་བཅུ་གང་ནས་བལྟས་ཀྱང་ཀུན་ཏུ་ཟང་ཐལ་ཆེ་བའི་ཆོས་ཉིད་ཀྱི་ཕོ་བྲང་ན་བཞུགས་པའི་སྟོན་པ་ལ་བདག་གིས་ཐོས་པའོ། །འཁོར་གྱི་རྣམ་རྟོག་ལ་གནས་ཀྱི་མེད་དང་དེ་ཡིན་ན། སྟོན་པ་ཇི་ལྟར་བྱ་བ་ལ་ཐོས་སྙམ་པ་ལ། སྟོན་པའི་མིང་ནི་རྣམ་པར་དག་པའི་རྡོ་རྗེ་འཆང་ཆེན་པོས་བདག་ལ་གསུངས་པའོ། །འོ་ན་རྒྱུད་དམ་བསྟན་པའི་མིང་ཇི་སྐད་བྱ་བ་གསུངས་སྙམ་པ་ལ། ཆོས་ནི་སྒྲོན་མ་སྣང་བར་བྱེད་པ་འདི་གསུངས་སོ། །འོ་ན་སྟོན་པ་རང་གནས་དང་སྟོན་པའི་མིང་དེ་ཇི་ལྟར་ཡིན་ན་གྲོགས་ཇི་སྐད་བྱ་བ་དང་ལྷན་ཅིག་ཐོས་སྙམ་ན། གྲོགས་འཇིག་རྟེན་གྱི་གཟུགས་འཛིན་པའི་ལྷ་དང་ཀླུ་དང་། མི་དང་དྲི་ཟ་དང་། འཇིག་རྟེན་ལས་འདས་པའི་གཟུགས་འཛིན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་དཔག་ཏུ་མེད་པའི་སྣང་བའི་གཟུགས་འཛིན་པ་རྣམས་དང་ལྷན་ཅིག་ཏུ་ཐོས་སོ་ཞེས་པའོ། །འོ་ན་གནས་ཀྱི་མིང་དང་། སྟོན་པའི་མཚན་དང་། ཆོས་ཀྱི་མཚན་དང་། གྲོགས་རྣམས་དེ་ལྟར་ཡིན་ན། སྟོན་པ་དེས་ཚུལ་ལམ་ཐབས་ཇི་ལྟ་བུས་གསུངས་སྙམ་པ་ལ། སྣང་བ་ནི་འཁྲུལ་པའི་ཡུལ་དང་སེམས་ཀྱི་ནུས་པ་རྣམས་རང་བཞིན་མེད་པར་མཁྱེན་པས་རྣམ་པར་དག་པའི་སྟེ་རྡོ་རྗེ་འདུས་མ་བྱས་པ་འཆང་བ་རྒྱུན་དུ་ཡེ་ཤེས་མི་ག ཡོ་བའི་དགོངས་པ་དང་འདུ་བ་མེད་པ་ཆེན་པོ་དོན་ཆེ་བས་འབྲས་བུ་སངས་རྒྱས་ཚིག་ཆེ་བས་རང་བཞིན་རྫོགས་པ་ཆེན་པོའི་དོན་སྟོན་པའི་སྟོན་པ། རྒྱུ་མ་རིག་པ་གསུམ་དག་པའི་རྡོ་རྗེ་མི་བྱེད་པར་སེམས་ཅན་གྱི་དོན་ལ་སེམས་རྩེ་གཅིག་འཆང་བ་དུས་གསུམ་དུ་སེམས་ཅན་གྱི་དོན་ལ་སེམས་རྩེ་གཅིག་ཏུ་སེམས་དཔའ་བདག་ལ། རང་བཞིན་མ་བཅོས་པའི་དོན་དངོས་སུ་སྣང་བར་མཛད་ནས། རྫོགས་པ་ཆེན་པོའི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ཀྱི་དགོངས་པ་ལས་རྗེས་སུ་བཀྲམ་ནས་བདག་ལ་སོགས་པའི་འཁོར་རྣམས་ལ་གཟིགས་ནས། དེ་དག་ལས་ཁྱད་པར་དུ་ཕྱུང་བའི་སྒྲོན་མ་ནི་བཞིའི་དོན་སྣང་བར་བྱེད་པ། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོའི་དོན་བསྡུས་པ། གསང་བ་བླ་མ་འདི་ཡི་གོང་ན་གཞན་མེད་པས་ན་ཆེན་པོ། ཉན་ཐོས་དང་ཐེག་པ་དམན་པ་རྣམས་ལ་གསང་བ་ཡིན་ལ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པའི་སྐལ་ལྡན་རྣམས་ལ་ཐུན་མོང་དུ་བསྟན་པས། འདི་ཉིད་དོན་རྒྱུད་ལ་སྐྱེས་ཏེ་འཁོར་བ་ལས་གྲོལ་ཏེ། མྱ་ངན་ལས་འདས་པའི་འབྲས་བུ་བདེ་བླག་ཏུ་རྟོགས་པར་བྱེད་པ་ནི། སྣང་བ་རྣམ་པར་དག་པའི་རྡོ་རྗེ་འཆང་ཆེན་པོ་དེས་ཆོས་ཐམས་ཅད་གཉིས་སུ་མེད་པའི་གཞི་གནས་ཀྱི་ཡེ་ཤེས་ལས་མཁྱེན་རིག་གསལ་བའི་ཀློང་དུས་གཅིག་ཏུ་རོལ་བས་ཚིག་གི་རྒྱལ་པོ་འདི་དག་དོན་གྱི་ངོ་བོར་དྲིལ་བའི་དགོངས་པ་ཐུགས་ལ་ཤར་ནས། སྟོན་པ་ཉིད་ཀྱི་མགུར་ཡངས་པ་སེང་གེའི་མགྲིན་ལྟ་བུའི་མགུར་གྱི་བུམ་པར་ཚིག་རྣམས་དྲིལ་ཏེ། གསང་སྔགས་ཀྱི་ཐབས་ཐུན་མོང་དུ་བསྟན་པ་མ་ཡིན་པའི་དོན་འདི་ཐུགས་མཁྱེན་པའི་ཤེས་རབ་ཀྱིས་ལྗགས་ཀྱི་དབང་བོ་པདྨ་རྒྱས་པ་ལྟ་བུ་ལ་བཀྲམ་ནས། རྡོ་རྗེ་ནི་སྐྱེ་འཇིགས་མི་མངའ་བ་སྒྲོན་མ་བཞི་སྣང་བར་དབང་པོའི་སྤྱོད་ཡུལ་དུ་བྱེད་པའི་ཚིག་ཏུ་བདག་ལ་འདི་དག་བསྡུས་པའི་དོན་དུ་དགོངས་ཏེ་བཀའ་ཕྱིན་ཅི་མ་ལོག་པར་བསྩལ་ཏོ། །དེ་ལྟར་སྡུད་པ་པོས་བསྟན་པས་འོ་ན་གནས་ཀྱི་མིང་བསྟན་པ་ལ་གནས་དེའི་མཚན་ཉིད་རང་ཇི་ལྟ་བུ་གཅིག་ཡོད་སྙམ་པ་ལ། གནས་ཀྱི་མཚན་ཉིད་ནི། ཤར་དང་། ནུབ་དང་། ལྷོ་དང་། བྱང་དང་། མཚམས་བཞི་དང་། སྟེང་དང་། འོག་དང་། ཕྱོགས་བཅུའི་འཇིག་རྟེན་གང་ནས་སུ་ཡིས་བལྟས་ཀྱང་ཕྱི་ནང་མེད་པར་ཀུན་ཏུ་ཟང་ཐལ་བར་མཐོང་བས་དེའི་མིང་ནི་ཆོས་ཉིད་རྣམ་པར་དག་པའི་ཕོ་བྲང་ན་གནས་དེ་ལ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པས་ཕུན་སུམ་ཚོགས་པས་ཏེ། དེ་ཡི་ཕྱིར་ན་སྣ་ཚོགས་ནི་རིན་པོ་ཆེའི་རྒྱན་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་རྟ་བབས་དང་། རིན་པོ་ཆེའི་མཆུ་འཕྱང་བ་ལ་སོགས་པས་ས་གཞི་ལ་སྣང་བར་བྱས་པས་ན། ཡེ་ཤེས་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ཏེ། མེ་ལོང་ལྟ་བུ་དང་། ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། རྣམ་པ་ལྔའི་རིན་པོ་ཆེའི་མིག་ཚགས་དང་། མིག་མང་དང་། འཁར་ཐབས་དང་། བེར་ཁྱིམ་དང་། པདྨ་བརྩེགས་པ་དག་གིས་སྤྲས་པ་ནི་འཆར་བྱེད་དུ་བྱུང་བའོ། །ཁ་དོག་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ཁ་དང་ལྔ་གསལ་བ་ཆེན་པོའི་ས་གཞི། མཐའ་དང་དབུས་མི་དམིགས་པས་རྒྱ་ཆེ་ལ། དབྱིབས་ལ་ཚད་མེད་པས་དཀྱིལ་ཡངས་པའོ། །དེ་ལ་དྲི་མའི་ཉེས་པ་མེད་པས་མཐའ་སྐུ་དང་ཡེ་ཤེས་སུ་རྣམ་པར་གསལ་བ་ཞེས་བྱའོ། །དེ་ཡང་སྐུ་རྣམས་ཀྱི་རང་བཞིན་ལས་ཐམས་ཅད་ཀྱི་གཙོ་བོ་ནི་ཆོས་སྐུ་དེ་ལས་ལོངས་སྐུ། དེ་ལས་སྤྲུལ་པའི་སྐུས་སེམས་ཅན་ཀུན་གྱི་དོན་གང་དུ་ཡང་ཐོགས་པ་མེད་པར་མཛད་པས་ཟང་ཐལ་བ་ཞེས་བྱའོ། །དེ་ལྟ་བུའི་གནས་དེ་ནས་སྤྲུལ་པའི་སྐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གང་ལ་གང་འདུལ་བའོ། །དེ་དང་དེའི་གཟུགས་དང་མཐུན་པར་འཆར་བྱེད་མ་འགགས་པར་སྤྲུལ་པ་འབྱུང་བས་ན་སྤྲུལ་སྐུའི་གནས་སོ། །དེ་ལྟར་ཤར་བའི་སྤྲུལ་པའི་སྐུ་དེས་གང་འདུལ་ན་འགྲོ་བ་རྣམས་ལ་ཉེ་རིང་མེད་པར་སྤྱི་ཁྱབ་ཏུ་འདུལ་བས་ཕྱི་ནང་མེད་པའི་ཞེས་བྱ། དེ་ལྟ་བུའི་གནས་དེ་ཡང་གང་ལས་བྱུང་ན་ངོ་བོ་ཀ་དག་པའི་རྩལ་དུ་ཤར་བས། དེ་ཉིད་འགྱུར་བ་མེད་པས་པ་ལ། བཀོད་པ་ནི་འཁོར་གྱི་ཁྱད་པར་དུ་བྱུང་སྟེ་ཕུན་སུམ་ཚོགས་པའོ། །ཡོངས་རྫོགས་པ་ནི་སྟོན་པའི་ཁྱད་པར་གྱི་ཡོན་ཏན་ཏེ། སྟོན་པ་དེ་ལ་ཡེ་ཤེས་དང་འོད་དང་ཐིག་ལེ་ལ་སོགས་པ་རྣམས་ཀྱི་བརྒྱན་པས་སྟོན་པར་ཀྱང་བྱུང་། ཕུན་སུམ་ཚོགས་པའོ། །དེ་ལྟར་ཐམས་ཅད་ཀྱིས་མཛེས་པར་བྱས་པས། གནས་ཀྱང་ཡིན་ལ་ཕུན་སུམ་ཚོགས་པ་ཡང་ཡིན། དེ་བཞིན་འཁོར་ཀྱང་ཡིན་ལ་ཕུན་སུམ་ཚོགས་པ་ཡང་ཡིན། བསྟན་པ་དང་། སྟོན་པ་དང་། དུས་ལ་སོགས་པའོ། །སྡུད་པ་པོས། དེ་ལྟར་རང་གི་འཁོར་གྱི་ནང་དུ་བསྟན་པས་ལྷའི་བུ་ལ་སོགས་པ་ཡིད་ཆེས་པ་སྐྱེས་ནས་བསྟན་པ་ལ་རབ་ཏུ་དད་ཅིང་འདུན་ནོ། །དེ་ནི་རྒྱུད་འབྱུང་བར་བྱ་བའི་ཕྱིར་རྒྱུད་ཀྱི་གླེང་གཞི་བསྟན་ནས། ༈ །ད་ནི་རྒྱུད་ཀྱི་གཞུང་དོན་ལེའུ་བཞིའི་དོན་མདོར་བསྟན་པ་འཆད་དེ། འདི་ལ་གཉིས་ཀྱིས་བསྟན་པའི་དང་པོ་རྒྱུད་ཀྱི་གཞུང་དོན་ངེས་པར་འབྱུང་བར་བྱེད་པའམ་ཆེ་བ་བསྟན་པ་ནི། རང་བཞིན་རྒྱུད་དག་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནི་སྟོན་པས་སྡུད་པ་པོ་ལ་བོས་ནས་བཀའ་སྩལ་པའི་དོན་ནོ། །ངས་ནི་ཞེས་པ་སྟོན་པས། ཆོས་ཉིད་ཀ་ནས་དག་པ་ཉིད་ལས། ལྷུན་གྲུབ་འགགས་པ་མེད་པའི་ཡིད་རང་བྱུང་དུ་གཡོས་པས་དྲན་པའི་ལས། སྣ་ཚོགས་སུ་བྱུང་སྟེ་དེ་ཡང་དྲན་པའི་རྒྱུན་འགྱུ་བ། རྐྱེན་སྣང་བ། དྲན་པའི་ལས་ཀྱིས་རྟོག་པ་དུ་མ་སྡུད་པར་བྱེད་པས་སྟེ། དེ་ཡང་འགྱུ་བ་མེད་ན་རྐྱེན་སྣང་བ་ལ་རྟོག་དཔྱོད་མི་འཇུག །རྐྱེན་སྣང་བ་ལ་རྟོག་དཔྱོད་མ་བཙུད་ན་ལས་ཀྱི་རྣམ་པར་རྟོག་པ་དུ་མ་སྡུད་མི་སྲིད་དོ། །དེ་ལྟར་ལས་ཀྱིས་རྣམ་པར་རྟོག་པ་དུ་མ་བསྡུས་པས། ཡུལ་དྲུག་ལ་གཅོད་པའི་འགྱུ་བྱེད་འཛིན་པ་དང་། ཀུན་ཏུ་འཚོལ་བྱེད་དང་། གཏན་ལ་འབེབས་པ་དང་། ངེས་པར་འཇོག་པ་དང་། ཉོན་མོངས་པ་ཅན་གྱི་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་དྲུག་ནི་ཡུལ་ཐེ་ཚོམ་དང་། ཡིད་གཉིས་དང་། རྟོག་པ་དང་། དྲན་པ་དང་། སྙམ་བྱེད་དང་། ཕྱིན་ཅི་ལོག་དང་དྲུག་ལ་ཀུན་ཏུ་གཅེས་པ་ནི་འཁོར་བའི་ཆོས་ཀྱི་རྩ་བ་དང་ཡན་ལག་ཏུ་བཅས་པར་ཤར་རོ་ཞེས་བསྡུད་པ་ལ་གདམས་པའོ། །དེ་ཡང་ཐོག་མ་གང་ནས་བྱུང་ན་འགྱུ་བ་དྲན་པའི་རྒྱུ་ཙམ་དུ་བརྟེན་པའི། འདི་ཡི་དུས་ན་རགས་པའི་སྣང་བ་ཙམ་དུ་གྲུབ་པ་མེད་པས་སྣང་བ་མེད་པའི་སྟེ། གཟུགས་སུ་གྲུབ་པ་མེད་ལ། དེའི་ཕྱིར་ན་འགྱུ་བ་མེད་པའི་སྔོན་རོལ་ན་རྣམ་རྟོག་གི་མིང་མེད་ལ། ཡེ་ཤེས་རང་གི་ངོ་བོར་བཞུགས་པས། ཕྱོགས་ནས་ནི་དེ་ལྟ་བུ་ལ་གྲུབ་པ་མེད་པའི་ཆ་ནས། ད་ལྟར་གྱི་ཡིད་དྲུག་དང་། དེ་ལས་བྱུང་བའི་བསམ་པའི་འཛིན་པ་སྟེ་སེམས་ཞེས་བཟུང་བའི་ཡུལ་སླང་བར་བྱེད་པ་དང་། དྲན་པ་ཡུལ་དུ་མ་ལ་རྟོག་ཅིང་འཕྲོ་བར་བྱེད་པ། འདི་དག་རྣམས་ད་རེས་གཅད་པར་བྱ་བའི་ཕྱིར། ཐེག་པ་ཐུན་མོང་པ་རྣམས་ཀྱིས་ཡིད་དཔྱོད་ཀྱི་ལྟ་བ་ལས་མེད་པ་འདི་ལ་ཐེ་ཚོམ་སྐྱེ་བའི་ས་རིག་པའི་ཡེ་ཤེས་དེ་ཤེས་རབ་ཀྱིས་མ་ཡིན་པར་དབང་པོའི་ཡུལ་དུ་མངོན་སུམ་ལ་གཏན་ལ་འབེབས་པའི་སྒྲོན་མ་འབར་བའི་རྒྱུད་ཞེས་བྱ་བ་གཞུང་ཚིག་དང་ཡི་གེར་ང་ཡིས་སྤྲོ་ཡིས། རང་བཞིན་རྒྱུད་དག་པའི་རྡོ་རྗེ་འཆང་ཁྱོད་ཀྱིས། གཅོད་པའི་ཤེས་རབ་ཕྱིན་ཅི་མ་ལོག་དང་། ལུས་ངག་ཡིད་ཀྱི་སྤྱོད་ལམ་ཕྱིན་ཅི་མ་ལོག་པ་དང་། རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་ཅིང་སྒྲ་གཞན་ལ་མ་ཡེངས་པར་ཉོན་ཅིག་ཅེས་སྔོན་འབྱུང་དུ་སྡུད་པ་པོས་ཉན་པའི་སྐྱོན་སྤངས་ཤིག་པར་གདམས་ཤིང་བསྐུལ། རྗེས་འཇུག་ཏུ་ད་ལྟ་ཉན་པ་རྣམས་ལ་གདམས་པའོ། །གསང་བ་མཆོག་གི་རྒྱུད་ཟབ་མོ་འདི་ནི་སྒྲོན་མ་བཞི་མངོན་སུམ་དུ་སྟོན་པས་རབ་ཏུ་ཟབ་བོ། །དེ་ཡང་སྒྲོན་མ་རིག་པའི་སྣང་བས་འཇིག་པ་ཕྱི་སྣོད་ཀྱི་འབྱུང་བ་ས་ཆུ་མེ་དང་གསུམ་འབྱུང་བ་རླུང་གི་དལ་ལ་བརྟེན། དེ་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་བརྟེན་པས་ན། དེ་གཉིས་ཀ་རྟག་པ་མ་ཡིན་པས་འཇིག་རྟེན་ཞེས་བྱ་སྟེ། འབྱུང་བ་ནམ་མཁའ་ལ་བརྟེན་པའོ། །དེ་འཇིག་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ནི་སྒྲོན་མ་བཞི་ལ་བརྟེན་ནས། འགྲོ་བ་ཐམས་ཅད་ལ་བརྟེན་པ་སྒྲོན་མ་བ ཞི་ཡིན་པས་དེ་ལ་བརྟེན་ནས་སངས་རྒྱ་བར་བྱེད་པའི་ཕྱིར། སྐྱེ་འགྲོ་བརྟན་གཡོ་ཐམས་ཅད་ལ་རིག་པའི་ཡེ་ཤེས་འགགས་མེད་དུ་སོ་སོར་རང་ལ་སྣང་ཡང་། ཐེག་པ་ཐུན་མོང་པ་ཡིད་དཔྱོད་འཛིན་པ་འདི་དག་རྣམས་ཀྱིས་མི་མཐོང་བས། རིམ་པ་བརྒྱད་པོ་འདི་ཀུན་ཆོས་ཉིད་མངོན་གསུམ་ལས་གོལ་ཏེ་ངོ་བོ་སུས་ཀྱང་མཐོང་བ་མེད་པའི་ཕྱིར་རོ། །འོ་ན་དེ་རྣམས་ཀྱིས་མི་མཐོང་བ་བཞིན་ཀུན་གྱིས་མཐོང་བ་མེད་དམ་ཞེ་ན། ཡེ་ཤེས་རང་བྱུང་སྒྲོན་མ་ཆེན་པོ་བཞི་ནི། རྒྱུད་འདི་འཆང་བའི་སྐལ་ལྡན་གང་ཞིག་གིས་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་སྒྲོན་མའི་ངོ་བོ་ལྷག་མཐོང་དུ། དཔེར་ན་རྒྱ་མཚོའི་སྟེང་གི་མེ་ཏོག་ལྟར་རང་འོད་རང་རྫོགས་སུ་མཛེས་པའི་རྒྱན་གྱིས་བརྒྱན་པར་མཐོང་བས་ན་སྙིང་པོའི་དོན་ལ་འདྲིས་པ་ཞེས་བྱའོ། །དེ་ལྟར་སྔར་མ་མཐོང་བས་འཁོར་བའི་ཆོས་ལ། ད་མཐོང་བའི་ཕྱིར། གཞི་གནས་ཀྱི་ཡེ་ཤེས་ཆེན་པོ་གསུམ་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་མྱང་འདས་ཀྱི་ཆོས་སོ། །དེ་ལྟར་ཡང་གང་ལ་བརྟེན་ནས་མཐོང་ན་སྒྲོན་མ་བཞི་ཉིད་ཀྱི་སྣང་བ་ལ་བརྟེན་ནས་ལྷག་མཐོང་གི་ཡེ་ཤེས་དངོས་སུ་རྟོགས་ཤིང་མཐོང་བའོ། །འོ་ན་དེ་གློ་བུར་དུ་བྱུང་ངམ་ཞེ་ན། མ་ཡིན་ཏེ་ཐོག་མ་ཉིད་ནས་བར་མཚམས་མེད་པར་རྒྱུན་དུ་རང་སྣང་ཆེན་པོའི་ཡེ་གདངས་སུ་བརྡལ་བ་ཀུན་ཏུ་ཁྱབ་པར་ཤར་བའོ། །དེ་ཡང་ཤར་ལུགས་ཇི་ལྟར་ཤར་ན་རྡོ་རིག་པ་རྗེ་ཡེ་ཤེས། རིག་པ་དང་ཡེ་ཤེས་ཀྱི་རང་གདངས་གཉིས་སུ་མེད་པ་དེ་སྙིང་པོ་རིག་པའི་ཡེ་ཤེས་ཡེ་ནས་འཛིན་རྟོག་དང་བྲལ་བ་ཉིད་དུ་ཤར་བའོ། །དེ་ད་ལྟ་སྐལ་ལྡན་ལ་ཉན་པའི་དུས་བྱུང་ཙམ་ན་ཆོས་ཉིད་མངོན་སུམ་དང་པོ་འཕྲད་པས་ན་ནུབ་པ་མེད་དོ། །དེ་ལྟར་ནུབ་པ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མའི་ཉམས་གོང་དུ་འཕེལ་བས་ན་རིན་པོ་ཆེའི་གཏེར་གྱི་མཛོད་ཆེན་པོ་དང་འཕྲད་པ་ལྟར་ལོངས་སྤྱོད་པས་འདི་ནི་མྱ་ངན་ལས་འདས་པའི་ཡོན་ཏན་སྣ་ཚོགས་འཕེལ་བའོ། །དེའི་ཕྱིར་ན་སྒྲོན་མ་འབར་བའི་རྒྱུད་འདི་སུ་ཡིས་སྤྱོད་པ་བསྐལ་པ་བཟང་བོ་ཞེས་བྱའོ། །དེའི་མིང་ནི་རང་བཞིན་རྫོགས་པའི་སྐལ་པ་ཡོད་པས་དེ་དང་འཕྲད་པ་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཞེས་བྱའོ། །ཐོག་མ་དང་། བར་དང་། ཐ་མར་དགེ་བས། ཆོས་ཉིད་མ་བཅོས་པའི་ངང་དངོས་པོའི་འདུག་ཚུལ་རང་རིག་དོན་གྱི་སྙིང་པོ་ཅན་དུ་མངོན་པར་རྫོགས་པར་སངས་རྒྱའོ། །དེའི་ཕྱིར་ན་སྐལ་ལྡན་འདི་ལ་མི་དགེ་བ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་དོ། །དེ་ཅི་ཡི་ཕྱིར་ན་བརྩོན་འགྲུས་རབ་ལ་ཟག་པ་མི་སྣང་། ཐ་མ་ལ་སྒྲོན་མ་མངོན་གསུམ་དུ་མཐོང་བའི་ཡོན་ཏན་ལ་སྤྱོད་པས། འབྱུང་བ་རགས་པའི་དང་ཉོན་མོངས་པའི་རྡུལ་གཉིས་བཞི་དང་བྲལ་བའི་རང་རིག་པ་ཉིད་མངོན་སུམ་དུ་རྟོགས་ཤིང་མཐོང་བའི་ཕྱིར། དེ་ལ་ཚིག་གིས་གཏན་ལ་མི་ཕེབས་པས་ན་རིག་པ་མངོན་གསུམ་འདི་ལ་ཐ་སྙད་ཀྱི་ཚིག་གིས་སྒྲོ་གདགས་སུ་མེད་པས་དུ་མ་དང་བྲལ་བ་ཉིད་དོ། །དེ་ལྟར་རྒྱུད་འབྱུང་བའི་ཆེ་བའམ་དགོངས་པ་བསྟན་ནས། ད་ནི་རྒྱུད་ཀྱི་ཚིག་དོན་ལེའུ་བཞིའི་དོན་མདོར་བསྟན་པ་ནི། འདི་ཀུན་སྒྲོན་མ་རྣམ་བཞི་ཡིས། །ཞེས་པ་ལ་སོགས་པས་བསྟན་ཏེ། ཚིག་འདི་ཀུན་ཐམས་ཅད་སྒྲོན་མ་རྣམ་པ་བཞིའི་ཚིག་ལས་གཞན་གང་ཡང་མེད་དོ་ཅེས་པའོ། །ཚིག་དེ་བསྟན་པ་ལ་དགོས་པ་ཅི་ཡོད་ན། སེམས་ཅན་ཀུན་གྱི་ལུས་ལ་གནས་ཤིང་སྣང་བ་འཇིག་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ཡང་རྒྱང་ཞགས་ཆུའི་སྒྲོན་མ་བསྟན་པའི་དགོས་པ། གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ངོ་བོ་ཉིད་དུ་གྲོལ་བར་བྱེད་ལ། ཤེས་རབ་རང་བྱུང་སྒྲོན་མ་རང་རྒྱུད་ལ་ཤར་བས། ཐེག་པ་ཐུན་མོང་པ་རྣམས་ཀྱི་ཐེ་ཚོམ་གཅོད་པར་བྱེད་དོ། །ཐིག་ལེ་སྟོང་པའི་སྒྲོན་མ་ཡོད་རྟགས་ཀྱིས། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་བསྲེ་བའི་མཚམས་སྦྱོར་བར་བྱེད་པའོ། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས་ནི། རྣལ་འབྱོར་པ་རྣམས་ཀྱི་ཉམས་གོང་ནས་གོང་དུ་འཕེལ་བའི་ས་བོན་འདེབས་པའོ། །དེའི་ཕྱིར་ན་འདི་ཀུན་གྱིས་ཁྱད་པར་གྱིས་སྣང་བ་ཞེས་བྱའོ། །དེ་ལྟར་རྒྱུད་ཀྱི་ཚིག་དོན་མདོར་བསྟན་ནས། ད་ནི་རྒྱས་པར་འཆད། དེ་ལས་ཀྱང་རྒྱང་ཞགས་ཆུའི་སྒྲོན་མའི་དོན་རྒྱས་པར་སྟོན་ཏོ། །འདི་ལ་དོན་གསུམ་གྱི་བསྟན་པའི་དང་པོ་སྒྲོན་མ་དེ་ཉིད་ཀྱི་དྲིས་ལན་མདོར་བསྟན་དུ་བསྟན་པ་ལ་གཉིས་ལས་དྲིས་པ་ནི་དེ་ནས་རྒྱུད་དག་རྡོ་རྗེ་འཆང་། ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ནས་ནི་མདོར་བསྟན་པའི་དེ་ནས་སོ། །རྒྱུད་དག་རྡོ་རྗེ་འཆང་ནི་སྡུད་པ་པོའི་མིང་། སྒྲོན་མ་བཞིའི་དོན་བསྟན་པས་དགའ། དེ་ལྟར་མངོན་སུམ་དུ་མཐོང་བའི་དོན་ལ་ཡིད་ཆེས་པས་མགུ། དང་བའི་དང་། མོས་པའི་དང་། ཡིད་ཆེས་པའི་དད་པ་དང་གསུམ་རབ་ཏུ་སྐྱེས་ནས། སྟོན་པ་ལ་ཞུ་བའི་གསོལ་བ་ནི། སྣང་བ་དག་པའི་སྟོན་པ་རྡོ་རྗེ་འཆང་བ་ལ། སྔར་གྱི་དེ་མ་གོ་བས་ད་དེའི་དོན་ཞུ་བའི་ཚིག་ནི་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བདག་དོན་ཀྱེ་གཞན་དོན་དུ་སྟོན་པ་འདུན་པའི་སྒོ་ནས་བོད་པ་རྡོ་རྗེ་མི་ཕྱེད་པའི་སྒོ་ནས་གཅོད་པ། འཆང་ཞེས་ཏིང་ངེ་འཛིན་མངའ་བའི་སྒོ་ནས་བོས་ནས། འདས་ནི་རང་བཞིན་གྱིས་སངས་པ་མཁའ་ལ་སྤྲིན་དེངས་པ་ལྟར་སངས་པ་དང་། རྐྱེན་གྱིས་སངས་པ་ནི་ནོར་བུ་ཆབ་རྙོག་མ་ཅན་དུ་རྩལ་པ་ཙམ་གྱིས་སངས་པ་ལྟར་སངས་ལ། བྱས་པ་སངས་པ་དྲི་མ་བཀྲུས་པས་དག་པ་ལྟར་སངས་པ་དང་། གཉན་པོས་སངས་པ་ནད་ལ་སྨན་གྱིས་སངས་པ་ལྟར་སངས་པའོ། །དེ་ཡང་སངས་པར་བྱ་བའི་ཡུལ་ཡིད་དྲུག་སངས་པས་གཟུང་བའི་རྣམ་པར་རྟོག་པ་མེད་ལ། སངས་རྒྱུ་ཉོན་མོངས་པ་ལྔ་སངས་པས་སླར་འཁོར་བར་ལྡོག་མི་སྲིད། སངས་པར་བྱ་བའི་རྐྱེན་རགས་པ་རྫས་གྲུབ་ཀྱི་སྣང་བ་མི་སྣང་བས་འཁྲུལ་པ་ཐམས་ཅད་རང་སངས་པ་དང་། སངས་པའི་དགོས་པ་འཁོར་བའི་འཁོར་ལོ་ལ་འཇུག་མི་སྲིད་པའོ། །རྒྱས་པ་ནི་གར་རྒྱས་པ་དང་། གང་གིས་རྒྱས་པ་དང་། གང་ལྟར། གང་གི་ཕྱིར་རྒྱས་པའོ། །གང་རྒྱས་ན་སྐུར་རྒྱས་ཏེ་ཆོས་སྐུ་སྐྱེ་བ་མེད་པ་ལས། གཟུགས་སྐུ་གཉིས་འགགས་པ་མེད་པར་ཤར་ནས་སེམས་ཅན་རྣམས་ཀྱི་དོན་ཐོགས་པ་མེད་པར་མཛད་པའོ། །མཁྱེན་པ་ཡེ་ཤེས་སུ་རྒྱས་ཏེ། སྤྲུལ་པའི་སྐུའི་དུས་ན་ཡེ་ཤེས་དེ་ཤེས་རབ་ཀྱི་མིག་ལ་བརྟེན་ནས་གདུལ་བྱའི་ཡུལ་རྣམས་ལ་གཟིགས་ཤིང་དེ་ཕྱིན་ཅི་མ་ལོག་པར་མཁྱེན་པས་རྒྱས་ལ། ལོངས་སྐུའི་དུས་ན་ཡེ་ཤེས་ཀྱི་སྤྱན་ལ་བརྟེན་ནས་རང་གི་ངོ་བོ་ལ་གཟིགས་ཏེ་ཡེ་ཤེས་ལྔ་ཡི་མཚན་ཉིད་ཕྱིན་ཅི་མ་ལོག་པར་མཁྱེན་ལ། ཆོས་སྐུའི་དུས་ན་ཆོས་ཉིད་དྲི་མ་མེད་པའི་སྤྱན་ལ་བརྟེན་ནས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་གཟིགས་པས། ཆོས་ཐམས་ཅད་ལ་རྡུལ་དང་བྲལ་ཞིང་དྲི་མ་རྣམ་པར་དག་པར་མཁྱེན་པས་རྒྱས་ཏེ། དེ་ཡང་རང་ངོ་ལ་གཞི་གནས་ཀྱི་ཡེ་ཤེས་གསུམ་དུ་རྒྱས་པས་ཏེ། སྤྲུལ་པ་སྐུ་ཡི་མཁྱེན་པ་རྫོགས་པས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་རྒྱས། ལོངས་སྐུའི་མཁྱེན་པ་རྫོགས་པས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་རྒྱས། ཆོས་ཀྱི་སྐུའི་མཁྱེན་པ་རང་དག་དུ་རྫོགས་པས་ངོ་བོས་ཀ་དག་གི་ཡེ་ཤེས་རྒྱས་པའོ། །མཛད་པའི་ཕྲིན་ལས་སུ་རྒྱས་པ་ནི་སྤྲུལ་པའི་སྐུས་ཞི་ཁྲོ་རྣམ་འཕྲུལ་གྱི་ཆ་ནས་གང་ལ་གང་འདུལ་དུ་རྒྱས། ལོངས་སྐུས་ཡབ་ཡུམ་རྣམས་འཇུག་རང་བྱུང་གི་ཡི་གེ་དྲུག་ལྗགས་སམ་གསང་བའི་མཁའ་ལས་སྤྲོས་ནས་གསུང་ཆོས་ཀྱི་འཁོར་ལོར་རྒྱས། ཆོས་སྐུ་འགགས་མེད་རང་ཤུགས་ཀྱི་ཆ་ནས་ཆོས་ཉིད་རང་སྒྲ་ལས་འོད་འཕྲོས་ནས་ཞིང་ཁམས་རྣམ་པར་དག་པར་མཛད་དེ། མ་བཅོས་རང་བཞག་ཏུ་རྒྱས་པའོ། །གནས་པ་ཏིང་ངེ་འཛིན་དུ་རྒྱས་པ་ནི། ཆོས་སྐུ་ལ་མཚན་མ་སྤྲོས་པའི་ཚིག་མེད་པས་གཅོད་བྱེད་རང་དག་གི་དགོངས་པ་ལ་གནས། ལོངས་སྐུ་ལ་རགས་པ་རྫས་གྲུབ་ཀྱི་གཟུགས་མེད་པས་རང་གསལ་རྣམ་དག་གི་དགོངས་པ་ལ་གནས། སྤྲུལ་སྐུ་ལ་ཞེན་པ་རང་རྒྱུད་དུ་འཛིན་པ་མེད་པས་ཆགས་མེད་འོད་གསལ་གྱི་དགོངས་པར་རྒྱས་པའོ། །དེ་ལྟར་ན་ངོ་བོ་སྐུར་རྒྱས། མཁྱེན་པ་ཡེ་ཤེས་སུ་རྒྱས། མཛད་པ་ཕྲིན་ལས་སུ་རྒྱས། གནས་པ་ཏིང་ངེ་འཛིན་དུ་རྒྱས་པའོ། །གང་གིས་རྒྱས་ན་གོང་དུ་འབད་རྩོལ་མེད་པར་སངས་བས་རྒྱས་པའོ། །གང་ལྟར་རྒྱས་ན། སྐུ་མཚན་དང་དཔེ་བྱེད་དུ་རྒྱས་པ་སྒེག་མོ་ལ་རྒྱན་གྱིས་བརྒྱན་པ་ལྟར་རྒྱས་པ་དང་། སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བའམ་བར་སྣང་གི་འཇའ་ཚོན་ལྟར་རྒྱས་པ་དང་། སྐུ་རང་བཞིན་དམིགས་སུ་མེད་པ་ནམ་མཁའི་དཀྱིལ་ལྟར་རྒྱས་པའོ། །གང་གི་ཕྱིར་རྒྱས་ན། ཉོན་མོངས་པའི་དྲི་མ་སངས་པས་བདག་འཛིན་གྱི་ཤེས་པའི་རྒྱུན་ཟད་པས་རྒྱས། ལས་ཀྱི་སྒྲིབ་པ་སངས་པས་ལས་དང་ལས་ཀྱི་རྣམ་སྨིན་གྱི་མཐའ་སྟོང་པའི་ཕྱིར་རྒྱས། ཤེས་བྱའི་སྒྲིབ་པ་སངས་པས་དངོས་པོའི་གནས་ལུགས་ཀྱི་འཛིན་པར་དག་པ་དང་། ཇི་སྙེད་པ་གདུལ་བྱ་རང་ས་ནས་དག་པའི་ཕྱིར་རྒྱས་པའོ། །དེ་ཡང་རང་བཞིན་རྫོགས་ཆེན་གྱི་ཆ་ནས་འབད་མེད་རང་གྲོལ་དུ་སངས་ཞིང་རྒྱས་ལ། ཐེག་པ་ཐུན་མོང་པ་རྣམས་ཀྱི་གཉེན་པོ་རྐྱེན་གྱིས་སངས་ཞིང་རྒྱས་སོ། །དེ་དག་ཀུན་གྱིས་རང་གི་སྣང་བ་ཐམས་ཅད་བསྡུས་ནས། གོང་དུ་སྟོན་པས་སྒྲོན་མ་བཞི་འདུས་པར་གསུངས་པའི་ཚིག་རྣམས་ལས། ཁྱད་པར་དུ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་དང་པོར། སྟོན་པས་ཚིག་ཏུ་བསྡུས་པའི་སྐབས་སུ་སྔར་གསུངས་ལ། འདི་ཉིད་བདག་གིས་སྔར་ལ་འཚལ་བ་དང་བདག་ལ་གསུངས་དང་ཞེས་བསྡུད་པ་ལ་དྲིས་པའོ། །ད་ནི་སྟོན་པས་ལན་མདོར་བསྟན་པ་ནི། དེ་ནས་རྡོ་རྗེ་འཆང་ཆེན་གྱིས། །ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའི་དེ་ནས། རྡོ་རྗེ་འཆང་ཆེན་གྱིས་ནི་སྟོན་པས་ལན་བསྟན་པར་བྱའོ་ཞེས་པའོ། །ལན་དེ་ཡང་བྱེ་བྲག་བཀའ་སྒྲོ་བའི་ཚུལ་གྱིས་གསུངས་པ་དང་། འཆད་པའི་ཚུལ་གྱིས་གསུངས་པ་དང་། ཞལ་གདམས་ཀྱི་ཚུལ་གྱིས་གསུངས་པ་དང་། ཕྱི་ཅན་གྱི་ཚུལ་གྱིས་གསུངས་པ་དང་། རང་ཐད་ཀྱི་ཚུལ་གྱིས་གསུངས་པ་དང་། གླེང་བསླངས་ཀྱི་ཚུལ་གྱིས་གསུངས་པ་དང་དྲུག་ལས་འདི་ནི་གླེང་བསླངས་ཀྱི་ཚུལ་དུ་གསུངས་པའོ། །དེའི་ཕྱིར་ན་ཚིག་ནི་འདི་སྐད་རབ་ཏུ་གླེངས་ཞེས་པས་སོ། །ཨེ་མའོ་ངོ་མཚར་ཏེ་ཁྱོད་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་དུ་འདི་ལྟར་ནན་ཆགས་དང་བཅས་ནས་འདྲི་བ་ཁོ་རང་གིས་ནི་ཤེས་ཟིན་རྟོགས་ཟིན་པ་ལ་ངོ་མཚར་ནས་སྡུད་པ་ལ་སྟོན་པས་བོས་ནས། རྒྱུད་དག་རྡོ་རྗེ་འཆང་ཞེས་བོས་ནས། སྔོན་དུ་ངས་ནི་རྒྱང་ཞགས་ཆུའི་སྒྲོན་མ་ལ་སོགས་པ་རྣམ་པ་བཞིའི་སྣང་བ་ཡུལ་ལ་ཤར་བའི་རང་སྣང་ཉིད་ལ། རང་ངོ་རྣམ་པར་དག་པ་དེ་ལ་སྔོན་བྱུང་དུ་ཕར་ཡུལ་ལ་མིག་གི་དེ་ཁོ་ན་ཉིད་ཀྱིས་བལྟས་པས། ཡེ་ཤེས་དག་པའི་སྣང་བ་གཅིག་ཆར་མ་ཡིན་པར་མིག་གི་དབང་པོའི་དབང་དུ་འདི་ཀུན་རིམ་གྱིས་ངའི་བློའི་ཡུལ་དུ་སྣང་བ་ནི། དེ་ལས་ཀྱང་ཐོག་མ་རྒྱང་ཞགས་ཆུའི་སྒྲོན་མས་མིག་གི་དྭངས་མ་ལ་བརྟེན་ནས་ནི། འདི་ལྟར་འཁྲུལ་པའི་སྣང་བ་དང་། ལྟ་བ་དངོས་བྱུང་གི་ཡེ་ཤེས་དང་། ཆོས་ཉིད་ཀྱི་བར་མ་དོའི་དང་གསུམ་གྱི་སྣང་བ། རྒྱང་ཞགས་ཆུའི་སྒྲོན་མས་འཛིན་པར་བྱེད་དོ། །སྣང་བ་གསུམ་པོ་དེ་བཟུང་བ་ལ་དགོས་པ་ཅི་ཡོད་ན་སྒྲོན་མ་དེས་ནི་འཁྲུལ་པའི་སྣང་བ་དེ་མ་ཡིན་ལ་དེར་འཛིན་དང་ལྟ་བའི་སྣང་བ་རིག་པ་མངོན་གསུམ་རྡོ་རྗེ་ལུ་གུ་རྒྱུད་དང་། ཆོས་ཉིད་ཀྱི་བར་མ་དོའི་སྣང་བ་སྐུ་དང་ཡེ་ཤེས་འོད་དང་ཟེར་གྱི་རང་མདངས་དང་གསུམ་གྱིས་སྣང་བ་སྒྲོན་མ་དེས་བཟུང་བས། འཁྲུལ་པའི་སྣང་བ་རྣམས་ཉམས་གོང་འཕེལ་ལ་བརྟེན་ནས་འབད་མེད་རང་གྲོལ་དུ་འགྱུར་བའི་དགོས་པ་དང་། དེ་ནི་བརྩོན་འགྲུས་རབ་ཀྱིས་སོ། །གང་ཟག་བརྩོན་འགྲུས་འབྲིང་པོས་ཆོས་ཉིད་ཀྱི་བར་མ་དོ་ལ་རིག་པ་བུའི་སྣང་བ་དང་། ཆོས་ཉིད་མའི་སྣང་བ་གཉིས་མེད་དུ་རང་རིག་པས་དེ་ཉིད་རང་སར་གྲོལ་བའི་དགོས་པ་དང་། གང་ཟག་སྐལ་ལྡན་བརྩོན་འགྲུས་མཆོག་རབ་ཏུ་གྱུར་པས་ལྟ་བ་མངོན་སུམ་དུ་མཐོང་བ་ལས་ཡིད་དཔྱོད་ཀྱི་ཚིག་ལས་རང་གྲོལ་ནས། ལྟ་བ་ཀུན་གྱི་སྙིང་པོ་དབྱིངས་རིག་འདུ་འབྲལ་མེད་པས་འདི་ཉིད་ལ་ཟག་བཅས་མི་སྣང་བར་ཡང་དག་པར་རྫོགས་པར་སངས་རྒྱ་བའི་དགོས་པ་དང་། དེའི་ཁོངས་སུ་གང་ཟག་བརྩོན་འགྲུས་ཆུང་བ་གཅིག་ཟབ་མོ་མངོན་གསུམ་གྱི་སྒོ་མཐོང་བའི་སྒོར་ཞུགས་ན་ཉམས་སུ་བླང་བའི་ལོང་མེད་པས་བག་ཆགས་ཀྱིས་སྲིད་པའི་བར་དོ་ལ་མཚམས་སྦྱར་ནས། ཟབ་མོ་མཐོང་བའི་ཡོན་ཏན་གྱིས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱ་བའི་དགོས་པ་དེ་ཀུན་སྣང་བ་འདི་ཉིད་ལ་མིག་གི་དབང་པོ་མིས་ལྟས་པས་མཐོང་བ་ནི། གོ་རིམ་གྱི་དབང་དུ་བྱས་ན་རྒྱང་ཞགས་ཆུའི་སྒྲོན་མ་འདི་ནི་ལྟ་བ་ཐམས་ཅད་ཀྱི་གཞི་མ་འཛིན་པ་བསྟན་ཏེ། དཔེར་ན་འབྲས་བུ་བསྐྱེད་པར་བྱེད་པའི་ས་བོན་བཞིན་དུ། རིམ་གྱིས་རང་འཕེལ་དང་བཅས་ནས་གནས་པའོ། །དེ་ལྟར་དྲིས་པ་དང་ལན་བསྟན་ནས། ད་ནི་གཉིས་པ་དྲི་བ་རྒྱས་པར་སྟོན་ཏེ། རྒྱུའི་རྡོ་རྗེ་ཡང་འཆང་བས་ཅེས་པ་ལ་སོགས་པས་བསྟན་ཏེ། རྒྱུ་མ་དག་པ་དག་པའི་རྡོ་རྗེ་ཡང་འདྲིས་པ་སེམས་ཅན་སྙིང་ལ་བཅུག་ཅིང་སེམས་ཅན་ལ་བརྩེ་བས་འཚང་པས། རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྣང་བ་རྣམ་པར་དག་པ་དེ་ལ། ཚིག་ནི་འདི་སྐད་ཅེས་རྒྱུ་དག་པའི་རྡོ་རྗེ་འཆང་གིས་གསོལ་ཏོ། །རང་གཞན་གཉིས་ཀྱི་དོན་དུ་གསང་སྔགས་ཀྱི་ཞུ་བ་ཁྱད་པར་ཅན་གྱིས་ཀྱེ་ཀྱེ་རྒྱུད་ཀྱི་སྟོན་པ་འགྲོ་དྲུག་གི་སེམས་མཁྱེན་པའི་རྡོ་རྗེ་འཆང་ལགས། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་གསུངས་པ་དེ། འདི་ཡི་ངོ་བོ་ནི་ཇི་ལྟ་བུ་ལགས། འདི་བདག་གིས་མ་འཚལ་བདག་ལ་གསུངས། དེ་བཞིན་དུ་འདི་ངེས་ཚིག་ཇི་སྐད་དུ་གསུངས་པ་ལགས་བདག་གིས་མ་འཚལ་བདག་ལ་གསུང་ཞེས་ཀུན་ལ་སྦྱར། དབྱེ་ན་རྣམ་པ་དུ་ཞིག་ཡོད་པ་ལགས། འདི་ཡི་མཚན་ཉིད་དང་བཞུགས་ཚུལ་ཇི་ལྟ་བུ་ལགས། སྒྲོན་མ་དེ་གནས་ནི་གང་དུ་གནས་པ་ལགས། ཐོག་མ་ནི་རྒྱུ་གང་གིས་བསྐྱེད་པ་ལགས། དེའི་འཁོར་བའི་སྒོའམ་སྣང་བ་ཇི་ལྟ་བུ་ལགས། སྒྲོན་མ་འདིིའི་མཐུན་པའི་དཔེ་གང་ཞིག་ལགས། འདི་ཀུན་གྱི་སོ་སོའི་ཚད་རྣམས་གང་གིས་བཟུང་བར་བགྱི། འདི་དག་བདག་གིས་སྔར་མ་འཚལ་བས་ད་སྟོན་པས་འདི་ཀུན་ལེགས་པར་བདག་ལ་གསུངས་ཤིག་དྲི་བ་རྒྱས་པར་དྲིས་པ་བསྟན་ནས། ༈ །ད་ནི་སྤྱི་དོན་གསུམ་ལ་ལན་རྒྱས་པར་སྟོན་ཏེ། འདི་ལ་དགུ་ཡོད་པ་ལས་དང་པོ་རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོ་ལས་བསྟན་པ་ནི། དེ་ནས་སྟོན་པས་ཡང་གསུངས་པ། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་དྲིས་མ་ཐག་པའི་དེ་ནས་རྒྱུད་ཀྱི་སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས་རྒྱང་ཞགས་ཆུའི་སྒྲོན་མའི་དོན་ཡང་སྡུད་པ་པོ་རྒྱུ་དག་པའི་རྡོ་རྗེ་འཆང་ལ་གསུངས་པ། གསུངས་ལུགས་ཇི་ལྟར་གསུངས་ན་སྒྲོ་སྐུར་དང་བྲལ་བར་གསུངས་སོ། །སྡུད་པ་པོ་ལ་ངེས་པའི་དོན་གྱིས་ཀྱེ་མ་རྒྱུའི་རྡོ་རྗེ་འཆང་ཉན་པའི་སྐྱོན་རྣམས་སྤངས་ལ་ཉོན་ཅིག་ངས་ཀྱང་རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོ་བསྟན་གྱིས་ཁྱོད་ཀྱིས་ཤེས་རབ་དང་། རྣ་བའི་དབང་པོ་དང་། ལུས་ངག་ཡིད་ཀྱིས་མོས་གུས་རྣམས་མ་འཁྲུལ་བར། ཤེས་རབ་ལ་སྙམ་བྱེད་ཀྱི་སྐྱོན་མེད་པ་དང་། རྣ་བ་སྒྲ་ལ་ཡེངས་པའི་སྐྱོན་མེད་པ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བའི་སྐྱོན་རྣམས་སྤང་ལ་ཚིག་འདི་ཀུན་གོང་འོག་དང་ཟུར་དང་སྒྲོས་མ་ཆགས་པར་ཟུངས་ཤིག་རྒྱུ་དག་པའི་རྡོ་རྗེ་འཆང་ཞེས་ཉན་པ་པོའི་སྐྱོན་སྤངས་ལ་ཉོན་ཅིག་བར་བསྐུལ་ལོ། །ཆོ་ག་ལ་བརྟེན་པའི་དོན་གྱི་ངོ་བོ་གང་བཟུང་ཞེ་ན། རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོ་གང་ཡིན་ཞེས་ཁྱོད་ཀྱིས་ང་ལ་གང་དྲིས་པ་དེའི་ལན། དེ་ཁྱོད་ཀྱིས་ཤེས་བཞིན་དུ་མ་འོངས་པའི་དུས་ཀྱི་སེམས་ཅན་གྱི་དོན་ལ་དམིགས་ནས་དྲི་བ་ནི་འོས་ཆེ་བས། དེའི་ངོ་བོའི་ལས་ཀྱིས་ནི་མ་དག་འཁྲུལ་པའི་སྣང་པ་རང་དག་པ་དག་པ་ཡེ་ཤེས་ཀྱི་སྣང་བ་གཉིས་ཀ་བསྡུད་པར་བྱེད་པའོ། །དེའི་ངོ་བོ་རང་ནི་མཐོང་བར་བྱེད་པ་ཡིན་ཏེ། དེས་མཐོང་ལུགས་ཇི་ལྟར་མཐོང་ན། མིག་གི་རྣམ་ཤེས་ཀྱི་འཛིན་པའི་ཆ་ལས་རགས་སྣང་གི་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་མཐོང་བས། དེ་ལས་མཐོང་བའི་ལས་འཁོར་བའི་ཆོས་དུ་མ་རྣམས་ལ་ཆགས་ཤིང་འཛིན་པས། འཁྲུལ་པའི་ལྟ་བ་སྟེ། འདི་ཡི་དོན་ནི་འགགས་པར་བྱེད་པ་ཡིན་པས། རྣམ་ཤེས་དོན་ནི་འགགས་པར་བྱེད་ཞེས་པའོ། །ཡང་ཆ་ཞེས་བྱ་ཟུང་ཞེས་ཟླ་ཞེས་བྱ་སྟེ། མིག་གི་དེ་ཁོ་ན་ཉིད་མ་འཁྲུལ་པ་ལས་ཡུལ་སྟོང་པ་ལ་རིག་པ་སྟོང་པ་འདུས་མ་བྱས་པ་དེ་འཛིན་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཞེས་བྱ། གཞན་མ་ཡིན་པའི་ཆོས་ཉིད་ཅེས་བྱ། མ་ནོར་བའི་ཆོས་ཉིད་ཅེས་བྱ། མ་བཅོས་པ་ཞེས་བྱ། འདི་ལ་སྐྱེ་འཇིག་མེད་པས། སྐྱེ་མེད་ནམ་མཁའི་རང་བཞིན་ལ་ཞེས་པ་དང་། ནམ་མཁའི་མཐའ་ལས་ལོངས་སྤྱོད་པ་ཞེས་པས་སོ། །དེ་ལྟར་མྱང་འདས་འཁྲུལ་པ་མེད་ཅིང་དོན་ལ་ལྟ་བས་ན་ལྟ་བས་ཏེ། འདི་ལ་མིང་དུ་བརྟགས་ན་བསྒོམ་པའི་ངོས་ནས་མིང་བརྟགས་ན། ནམ་མཁའ་རྣམ་དག་གི་ཏིང་ངེ་འཛིན་ཞེས་བྱ། སྤྱོད་པའི་སྒོ་ནས་མིང་བཏགས་ན་བྱ་བྲལ་ནམ་མཁའི་ངང་ལ་གནས་པའི་སྤྱོད་པ་ཞེས་བྱ། ལྟ་བའི་སྒོ་ནས་མིང་དུ་བཏགས་ན་ནམ་མཁའ་མཐའ་མཉམ་གྱི་ལྟ་བ་ཞེས་བྱ། འབྲས་བུའི་སྒོ་ནས་མིང་དུ་བཏགས་ན་རིས་མེད་ནམ་མཁའ་ཡོངས་རྫོགས་ཀྱི་འབྲས་བུ་ཞེས་བྱ། གཞིའི་སྒོ་ནས་མིང་དུ་བཏགས་ན་མཐར་ཐུག་ནམ་མཁའི་གནས་ལུགས་ཞེས་བྱ། ལམ་གྱི་སྒོ་ནས་མིང་དུ་བཏགས་ན་ནམ་མཁའ་ལམ་ཁྱེར་གྱི་ལམ་ཞེས་བྱ། མན་ངག་གི་སྒོ་ནས་མིང་དུ་བཏགས་ན་ཡོངས་ཀྱི་མན་ངག་ཞེས་བྱའོ། །དེ་ཡང་གཞན་གྱི་ལུང་གི་ཡིད་ཆེས་བསྐྱེད་པ་ནི། རྣམ་དག་ནམ་མཁའི་རང་བཞིན་གནས་པ་དང་། བྱ་བྲལ་ནམ་མཁའི་ངང་ལ་གནས་ཞེས་པ་དང་། ནམ་མཁའ་ཕྱོགས་མེད་རིགས་དང་བྲལ་ཅེས་པ་དང་། མཐར་ཐུག་ནམ་མཁའི་དགོངས་པའོ་ཞེས་པ་དང་། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས་ཞེས་པ་དང་། རྣམ་གྲོལ་ནམ་མཁའི་རང་བཞིན་ལས་ཞེས་པས་སོ། །དེ་ལྟར་ཆ་གཉིས་ལས་གནས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་ཆ་འཛིན་པས་ན་ལྟ་བས་ཏེ། འཁོར་བའི་ལྟ་བ་ནོར་དང་ལྡན་པར་བྱ་བ་དང་། འདས་པའི་ལྟ་བ་ཆོས་བྱེད་པ་རྣམས་ཕྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱའོ་བར་འཁོར་འདས་གཉིས་ཀ་མཐུན་པའི་ལྟ་བའོ། །དེ་ལྟར་མཐུན་པའི་འདོད་པ་ཡོད་ཀྱང་། འཇིག་རྟེན་སོ་སོའི་ནོར་སོག་པ་ལ་སོ་ནམ་རིགས་མི་འདྲ་བ་དང་། ཐར་བ་འདོད་པ་ལ་ཆོས་ཀྱི་སྒོ་མི་འདྲ་བ་སྣ་ཚོགས་པ་ནས་བྱེད་པའོ། །དེ་དང་འདྲ་བར་འདི་ཡི་ངོ་བོ་མིག་ལ་བརྟེན་ནས་འཁོར་འདས་གཉིས་ཀ་རྟོགས་པར་མཐུན་པའོ། །དེ་ལྟར་ངོ་བོ་བསྟན་ནས། ད་ནི་ངེས་ཚིག་སྟེ་འདི་ལ་ནང་གསེས་ཀྱི་དོན་ལྔ་ཡོད་པ་ལས། འཁོར་འདས་རྒྱང་དུ་འཕེན་པའི་ངེས་ཚིག་བསྟན་པ་ནི། ངེས་པའི་ཚིག་ནི་འདི་ལྟ་བུ་ཅེས་པ་ལ་སོགས་པས་བསྟན་ཏེ། འདི་ནི་དྲང་པའི་ཚིག་མ་ཡིན་པར་ངེས་པའི་དོན་གྱི་ཚིག་འདི་ལྟ་བུ་ངོ་མཚར་བར་བསྟན་པའོ། །རྒྱང་ནི་འཁོར་བ་ལས་མངོན་པར་ཞེན་པའི་མིག་གི་རྣམ་ཤེས་ཀྱིས་མྱ་ངན་ལས་འདས་པ་རྒྱང་རིང་པོར་འཕེན་པར་བྱེད་ལ། ཆོས་ཉིད་ཀྱི་དོན་ལ་མངོན་སུམ་དུ་ལྟ་བར་བྱེད་ལ་མིག་དེ་ཁོ་ན་ཉིད་ཀྱིས། འཁོར་བའི་ཆོས་ཀྱི་རྒྱུད་འཆིངས་པ་རྣམས་རྒྱང་རིང་བོར་འཕེན་པར་བྱེད་ཅིང་དབྱིངས་དང་རིག་པ་ཕྱི་རོལ་གྱི་ནམ་མཁར་འཛིན་པས་ན་རྒྱང་ཞེས་བྱ་བ་དང་། དེ་ཡང་ཀུན་རྫོབ་ཀྱི་འབྱུང་བ་བཞི་ལས་བསྐྱེད་ནས་དོན་དམ་རྟོགས་པར་བསྐྱེད་པས། མིག་འབྱུང་བས་ཡིན་ཏེ་ས་ནི་གཟུགས་སུ་སྣང་བས་དེ། འབྱུང་བས་དེས་འགྲོ་བ་རྣམས་འཛིན་པར་བྱེད་ན། མིག་གི་ཡུལ་འཁོར་བ་རགས་པའི་གཟུགས་འཛིན་པ་དང་། མིག་གི་དེ་ཁོ་ན་ཉིད་ཀྱི་ཆ་ནས་སྟོང་པའི་གཟུགས་སྟེ་དབྱིངས་རིག་འཛིན་པ་འབྱུང་བ་སས་བསྐྱེད་པའི་ཕྱིར་རོ། །དེ་ཡང་འཁོར་བའི་གཟུགས་ནི་དབྱིབས་ཐ་དད་པ་དང་། ཆོས་ཉིད་ཀྱི་གཟུགས་དེ་ཡང་དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་སོགས་པ་ཐ་དད་པ་དང་། དེ་གཉིས་ཀྱི་ཁ་དོག་དཀར་བ་དང་། དམར་བ་དང་། སེར་བ་དང་། ལྗང་གུ་དང་། མཐིང་ཀ་དང་། དེ་བཞིན་དུ་ཤེལ་དང་། རྡུལ་གྱི་ཁ་དོག་ལ་སོགས་པ་དང་། འཁོར་བའིི་ཕྱོགས་ཀྱི་ཁ་དོག་ཐ་དད་པ་དང་། ཆོས་ཉིད་ཀྱི་རྩལ་ལམ་ཡོན་ཏན་གྱི་ཁ་དོག་ཐ་དད་པ་དང་ལ་སོགས་ནི་འཁོར་བ་མིག་གི་རྣམ་ཤེས་ཀྱི་ཆས་ཡོད་པའི་རྣམ་པ་དང་རགས་པ་རྣམས་སྡུད་ལ་མིག་གི་དེ་ཁོ་ན་ཉིད་ཀྱི་ཆ་ནས་སྟོང་པ་ཉིད་དང་། རང་བཞིན་མེད་པ་དང་། དབྱིངས་དང་། རིག་པ་དང་། ཡེ་ཤེས་རྣམས་སྡུད་པ་ནི། འབྱུང་བ་ཆུས་བསྐྱེད་པས་དེའི་ལས་ཡིན་ལ། ཀུན་རྫོབ་ཀྱི་ཆུས་གཟུགས་བསྡུད་པར་བྱེད་ལ། དོན་དམ་པའི་ཆུས་ཆོས་ཉིད་སྡུད་པར་བྱེད་པས་ན་མིག་སྟེ་ཆུའི་རང་བཞིན་དུ་གནས་པའོ། །རྟེན་གྱི་གང་ཟག་རིག་པ་མངོན་སུམ་གྱི་མན་ངག་ཡོད་པས་ཉམས་སུ་བླངས་པས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འདབས་འབྱོར་དུ་སྐྱེ་བའི་སྐུ་ཡང་ནམ་མཁར་རྒྱང་རིང་ནས། བསྐྱེད་པ་འཛིན་པས་འབྱུང་བ་རླུང་ཡིན་ཏེ། ཀུན་རྫོབ་ཀྱི་འབྱུང་བ་ལས་བསྐྱེད་དོན་དམ་དུ་གྲུབ་པའོ། །དེ་ལྟར་མིག་གི་དེ་ཁོ་ན་ཉིད་འཁྲུལ་པ་མེད་པས་མཐོང་བར་བྱེད་པ་ནི་ཀུན་རྫོབ་ཏུ་འབྱུང་བ་སེམས་བསྐྱེད་ལ་དོན་དམ་གྱི་ཚེ་ཚ་བ་མེད་པའི་སྲེག་པས་སྒྲོན་མ་ཉིད་འཛིན་པར་བྱེད་པ་དང་། དེ་ལྟར་ཀུན་རྫོབ་ཀྱིས་བསྐྱེད་པར་བྱེད་པ་དེ་དོན་དམ་གྱི་འབྱུང་བ་བཞི་རྟོགས་པའི་ཕྱོགས་ནས་ནི། ཀུན་རྫོབ་ཀྱི་འབྱུང་བ་བཞི་འཁོར་བའི་ཆོས་མ་རིག་པ་ཡིན་པས་དེ་དག །ཆོས་ཉིད་ཉམས་སུ་ལེན་པའི་སྐལ་ལྡན་དེ་རྒྱང་དུ་འཕེན་པ་རྒྱང་ཞེས་དེ་ལ་བྱའོ། །དེ་བཞིན་དུ་དོན་དམ་གྱི་འབྱུང་བ་བཞི་ལ་རྟོགས་པའི་ཕྱོགས་ནས་ཀུན་རྫོབ་ཀྱིི་འབྱུང་བ་བཞི་ལ་དོན་དམ་དུ་བཟུང་བས་ཡང་། མྱ་ངན་ལས་འདས་པ་ཡང་འཕེན་པར་བྱེད་པས་རྒྱང་ཞེས་བྱ་བ་ཡིན་ནོ། །དེ་འཁོར་འདས་རྒྱང་དུ་འཕེན་པའི་ངེས་ཚིག་བསྟན་ནས། ད་ནི་འཁོར་འདས་ཀྱི་སྣང་བ་འཛིན་ལུགས་བསྟན་པ་ནི། དེ་བཞིན་འཁོར་བའི་སྣང་ཆ་ནས། །ཞེས་པ་ལ་སོགས་པས་བསྟན་ཏེ། གཉིས་ལས་འདི་ནི་མིག་རྣམ་ཤེས་ཀྱི་ཆ་དེ་བཞིན་ཉིད་མ་རྟོགས་པའི་འཁོར་བའི་སྣང་བའི་ཆ་མ་རིག་པས་བསྡུས་པའི་ཉོན་མོངས་པ་རྣམས་དང་། ཡིད་ཀྱིས་བསྡུས་པ་རྣམ་པར་རྟོག་པའི་ཚོགས་དང་། འགྱུ་བྱེད་ཀྱིས་བསྡུས་པ་དྲན་པ་དང་སེམས་ཀྱིས་བསྡུས་པ་བསམ་པ་དང་། ཀུན་གཞིའི་བསྡུས་པ་འཕྲ་རགས་ཏུ་མ་རྣམས་དང་ཉེར་ལེན་ཀུན་གཞི་བསགས་པའི་ཆ་ནས། གཟུགས་ཏེ། ཁ་དོག་དང་། དབྱིབས་དང་། དེ་ཡང་རགས་པའི་གཟུགས་རི་བོ་དང་། འཕྲ་བ་རྡུལ་ཕྲ་རབ་དང་། སྣང་བ་དང་། མི་སྣང་བ་ཡིད་ཀྱི་གཟུགས་དང་། སྒྲ་ནི་འབྱུང་བ། བེམ་པོའི་སྒྲ་དང་། རིགས་བཅས་རིགས་དྲུག་ཀྱི་སྒྲ་དང་། ཡི་གེ་འདི་འབྲེལ། བརྡ་སྦྱོར་གྱི་སྒྲ་དང་། རང་བཞིན་གྱི་མ་བྱས་པ། སྒྲ་དང་། དྲི་ནི་འབྱུང་བཞི་འབྱུང་བསླབ་བྱ་རིག་མེད་ཀྱི་དང་། རྣམ་ཤེས་རིག་རི་ཅ་བཅས་ཀྱི་དང་། རྟགས་འཛིན་རྣམ་པ་ལ། པ་ཡུལ་གྱི་དྲི་བོ། རོ་ནི་འབྱུང་བཞི་དམིགས་རྟེན་གྱི་དང་། བྱང་བྱ་ཡུལ་གྱི་དང་། ཁ་བ་རང་དང་ར་བ་མིང་བརྟགས་དངོས་པོའི་རོ་འོ། །རེག་ནི་རང་ལ་ཉམས་མྱོང་དང་བཅས་པ་དང་། གཉེན་རིག་ཚོར་བ་དང་བཅས་པ་ནི་རྒྱབ་པ་ལ་སོགས་པས། སྟེ་འདོད་པའི་ཡོན་ཏན་ལྔར་མིག་གི་དབང་པོའི་དྭངས་མ་ཡིན་པའི་གནད་ཀྱིས་ཀུན་གྱི་དོན་རྣམས་ནི་མིག་གིས་རིག་པས་ན་འཁོར་བའི་ཆོས་ཏེ། འདི་ཡིས་བདག་ཏུ་འཆིང་བས་དཔེར་ན་ཞགས་པ་དང་འདྲ་བ་ཡིན་ནོ། །དེ་ལྟར་མིག་དང་། སྣ་དང་། རྣ་བ་དང་། ལྕེ་དང་། ལུས་ཀྱི་དབང་པོའི་ཡུལ་ལྔ་ལ་ཕྱི་རོལ་སྣང་བའི་བྱེ་བྲག་ཏུ་ཤར་བ་ནི། མིག་གི་རྣམ་ཤེས་ཡུལ་དུ་མ་ལ་བཅད་པས་དྲན་པའི་རྟེན་དུ་སོང་སྟེ། དེ་ལ་དྲན་པ་དེས་བསམ་པས་རྣམ་པར་རྟོག་པ་དུ་མར་ཤར་བ་ནི་རྣམ་ཤེས་ཀྱི་གཟུགས་བཅད་པས་བྱུང་བས། དེ་དག་ཀུན་ལ་བདག་ཏུ་ཡིད་ཀྱི་རྣམ་ཤེས་དང་བཅས་པས་ཀུན་གཞི་ཞེས་བྱ་སྟེ། འཚོགས་པ་དུ་མ་ལས་གྲུབ་པ་ནི་མིག་གི་རྣམ་ཤེས་འདིས་དངོས་པོ་རགས་པ་ལ་བདག་ཏུ་འཛིན་པའི་བློ་སྐྱེས་པས་བདག་འཛིན་དུ་མས་རང་བཅིངས་པས། འཁོར་བའི་བཙོན་རར་བཅིངས་པ་ནི་ཞགས་པ་ཞེས་ཐོག་མ་ནས་འཁོར་ཞིང་གནས་པ་ནི། ཕྱིར་གསལ་ཆ་ལས་འཁྲུལ་པ་རྒྱང་ནས་འཛིན་ཞེས་བྱའོ། །འོ་ན་དེ་ལྟར་བཅིངས་པ་དེ་ལས་ཐར་བའམ་གྲོལ་བའི་ཐབས་མེད་དམ་ཞེ་ན་ཡོད་དེ། ལས་དང་སྐལ་བར་ལྡན་པའི་གང་ཟག་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་ཡིད་ཆེས་པ་གཅིག་གིས། སྔོན་དུ་བླ་མ་དག་པ་གཅིག་ལ་མན་ངག་ཕྱིན་ཅི་མ་ལོག་པ་གཅིག་ཞུས། དེས་འཁོར་བའི་ཞེན་པ་བཏང་ནས། རྐྱེན་མ་ཡིན་པའི་ཡུལ་དགོན་པ་གཅིག་ཏུ་ཕྱིན་ནས། སྒྲོན་མའི་དེ་ཁོ་ན་ཉིད་ཀྱི་གནད་གཅུན་ནས། ཡུལ་འཁྲུལ་པ་མེད་པ་ནི་ཕྱི་ཡི་དབྱིབས་ཀྱི་དེ་བཞིན་ཉིད་ནི་ནམ་མཁའ་སྤྲིན་དང་བྲལ་བ་ལ། རིག་པ་འཁྲུལ་པ་མེད་པ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་བདག་ཏུ་རྟོག་པའི་འཛིན་པ་སྐུར་སྣང་བ་ནི། མིག་གི་དེ་ཁོ་ན་ཉིད་ཀྱིས་དེའི་སྣང་བ་ཡུལ་ལ་ཡས་སུ་མི་འཇུག་པར་གཅིག་ཏུ་བསྡུད་པར་བྱེད་པ་ནི། སྒྲོན་མ་འདི་ཡིས་འཛིན་པས་ན་ཞགས་པ་ཞེས་བྱ་སྟེ་མྱ་ངན་ལས་འདས་པ་འཛིན་པར་བྱེད་པའོ། །དེས་ནི་འཁོར་འདས་ཀྱི་སྣང་བ་འཛིན་པའི་ངེས་ཚིག་བསྟན་ནས། ད་ནི་སྣང་བ་དེ་གཉིས་ལ་ཞེན་པའི་དངོས་པོ་གཅད་པའི་ངེས་ཚིག་བསྟན་པ་ནི། ཆུའི་སྣང་བ་དེ་དག་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། ཆུ་ནི་མིག་ཆུའི་རང་བཞིན་དུ་འདུག་པས་སོ། །སྣང་བ་ནི་འཆོར་བ་དང་འདས་པའོ། །དེ་དག་ལས་ནི་འཁོར་བའི་སྣང་བ་ཞེན་པ་སྤུ་ཙམ་ཡང་མི་བྱའོ། །དེ་བཞིན་དུ་རིག་པའི་ཉམས་གོང་འཕེལ་གྱི་སྣང་བ་ལ་ཡང་ཞེན་པ་མ་བྱས་པས་དངོས་པོ་འདུག་ཚུལ་གྱི་རང་ས་ལ་རང་སྣང་དུ་ལོག་ནས་ཟག་བཅས་མི་སྣང་བར་སངས་རྒྱ་བ་ནི། སྔོན་དུ་སྐལ་ལྡན་གྱི་བྱ་བ་གསུམ་བཏང་ནས་རྫས་དང་ལོག་སྤྱོད་དང་། འཁོར་དང་བདེ་སྡུག་གང་ལ་ཡང་མ་ཞེན། ཀུན་ལ་ཆགས་པའི་སེམས་མ་བསྐྱེད་པར་དོར་ནས་གྲོགས་མེད་པར་གཅིག་པུར་བསླབས་པ་ལས་བྱུང་བའོ། །དེ་ལྟར་འཁོར་བའི་ངང་དག་པའི་སྣང་བ་གཉིས་ཀ་བཅས་བཅོས་མ་བྱས་པར་རང་སར་བཞག་ནས་ནི། དེ་ལ་བདག་ཏུ་བཅད་དེ་ཤེས་པ་ཆེན་པོ་ལ་གཅོད་བྱེད་མེད་པར་བཞག་པ་ནི་དཔེར་ན་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟར་འཛིན་པ་དང་། ས་གང་ལ་ཡང་ཆགས་པ་མེད་པས་ཆུ་ཞེས་བྱའོ། །སྣང་བ་གཉིས་ལ་ཞེན་པའི་དངོས་པོ་གཅད་པ་བསྟན་ནས། ད་ནི་དེ་ཉིད་ཀྱི་གསལ་བར་བྱེད་པའི་ངེས་ཚིག་བསྟན་པ་ནི། སྒྲོན་ནི་རང་གི་སྣང་བ་ཀུན་ཞེས་ལ་སོགས་པ་བསྟན་ཏེ། སྒྲོན་ནི་དཔེར་ན་མེའི་རྒྱུ་སྒྲོན་ཤིང་དང་འདྲ་སྟེ་དཔེར་དེ་བཞིན་དུ་རིག་པའི་ཡེ་ཤེས་རྟོག་པའི་སྒྲོན། ཤིང་མེད་ན་མེའི་རྒྱུ་མེད་པས་མེ་མི་འབྱུང་ལ། སྒྲོན་མ་མེད་ན་སངས་རྒྱས་མི་འབྱུང་ངོ་། །དེ་ལྟར་སྒྲོན་མས་རང་རིག་པའི་སྣང་ཚད་འཁོར་བའི་སྣང་བ་གཉིས་ཀ་སྤེལ་བར་བྱེད་པས་ན་ཀུན་ཞེས་བྱའོ། །དེ་ཡང་རྟེན་གྱི་གང་ཟག་སྐལ་ལྡན་གཅིག་ལ། ཐོག་མ་རིག་པ་མངོན་གསུམ་གྱི་སྣང་བ་བསྟན་ཅིང་ངོ་སྤྲད་ནས། དེ་ནས་དེ་ཉིད་གོམས་ཤིང་གནས་ལུགས་དང་འདྲིས་པས་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་ནི། སྔོན་དུ་དབྱིངས་ཀྱི་སྣང་བ་འཁོར་བ་ལས་འབྲེལ་བ་དང་། དེ་ནས་ཐིག་ལེའི་སྣང་བ་རྩོལ་བ་མེད་པ་དང་། དེ་ནས་འོད་ཀྱི་སྣང་བ་གྱེན་འགྲེང་རྩིབས་ཤར་དང་། སྣམ་བུ་དང་། མུ་ཁྱུད་དང་། གྲུ་ཆད་ལ་སོགས་པར་སྣང་བ་དང་། དབྱིབས་ནི་མེ་ཏོག་དང་། པདྨ་བརྩེགས་དང་མདུང་རྩེ་དང་། མཆོད་རྟེན་རྩེགས་པའི་དབྱིབས་ལྟ་བུ་དང་། དེ་ནས་ཡེ་ཤེས་ལྔའི་སྣང་བ་ནི་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་སྣང་བ་མཁར་ཐབས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་གུར་ཁྱིམ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དྲྭ་བ་དང་དྲྭ་བ་ཕྱེད་པ་དང་། སོ་སོར་རྟོག་པའི་མིག་མང་རིས་དང་། བྱ་བ་གྲུབ་པའི་རིན་པོ་ཆེ་མིགས་ཚགས་ཀྱི་རྣམ་པ་ལྟ་བུ་སྣང་བ་ཡིན་ནོ། །དེ་ནས་ཐིག་ལེའི་སྣང་བ་ནི། འཕྲ་བ་དང་། ཤིན་ཏུ་འཕྲ་བ་དང་། རབ་ཏུ་འཕྲ་བ་དང་། ཟླུམ་པ་དང་། ཤིན་ཏུ་ཟླུམ་པ་དང་། རབ་ཏུ་ཟླུམ་པ་དང་། ལྔ་ལྔའི་ཆས་སྤྲས་པ་དང་། ཕྱེད་སྐུའི་རྣམ་པ་ཅན་དག་ཏུ་སྣང་བ་ཡིན་ནོ། །དེ་ནས་སྐུའི་སྣང་བ། ཡེ་ཤེས་སེམས་དཔའ་རང་ཅང་དང་། ཡབ་ཡུམ་གྱི་རྣམ་པ་ཅན་དང་། རིགས་ལྔའི་བདག་ཉིད་དུ་སྣང་བ་དང་། དཀྱིིལ་འཁོར་གྱི་རྣམ་པ་དག་ཏུ་སྣང་བ་རྣམས་ནི་ཉམས་གོང་འཕེལ་གྱི་སྣང་བས་དེ། འདི་དག་གི་དུས་ན་རིས་ཅན་གྱི་སྣང་བ་ཕྱོགས་སམ་གཡུད་ལ་གཏད་པ་ནི་མ་ཡིན་ཏེ། ཕྱོགས་མེད་རིས་དང་བྲལ་བས་ཟང་ཐལ་གཅིག་རྫོགས་ཀྱི་རྣམ་པར་གནས་ལ། མཚན་མ་རྫས་གྲུབ་ཏུ་ནི་མེད་དེ། དཔེར་ན་ཆུ་ནང་གི་ཟླ་བའམ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཡུལ་དུ་ཡོད་ལ་ཞེན་ཡུལ་དུ་གྲུབ་པ་མེད་དོ། །དེ་དག་ཀུན་ཀྱང་ཤེས་བྱ་རང་གི་མཚན་ཉིད་ཀྱི་སྣང་བ་ནི་མ་ཡིན་ཏེ། རྣལ་འབྱོར་པ་ལམ་པ་རྣམས་ལ་རིག་པའི་རྩལ་ཡོན་ཏན་དུ་སྣང་བ་ཡིན་ནོ། །འདི་དག་རྣམས་ནམ་མཁའི་ཆོ་འཕྲུལ་དང་འདྲ་སྟེ། བྱུང་ཡང་དེ་ཉིད་ལས་བྱུང་ལ་གྲོལ་ཀྱང་དེ་ཉིད་ལས་གྲོལ་བའོ། །དེ་ཡང་གཞི་འཛིན་པའི་རིག་པ་རྣམ་པར་རྟོག་པ་ཡེ་དག་ཏུ་བཞུགས་པ་དང་། མཚན་ཉིད་འཛིན་པའི་རིག་པ་ཤེས་ཤིང་རིག་པར་ཡོད་པ་དང་། ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་དུ་ཡོད་པ་དང་། རང་གྲོལ་གྱི་རིག་པ་ཕྱོགས་དང་རིས་ལས་འདས་པའི་ཡོན་ཏན་གྱི་སྣང་ཚུལ་དུ་གོང་གི་སྣང་བ་དེ་དག་བྱུང་ལ། དེ་ཡང་གཞི་གནས་ཀྱི་ཡེ་ཤེས་གསུམ་ལ་ངོ་བོ་ཀ་དག་གིས་ཡེ་ཤེས་སྒྲིབ་བྱེད་ལྷན་ཅིག་སྐྱེས་པ་རྣམས་ཡེ་ནས་རང་དག་པ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྤང་བྱ་དང་སྤོང་བྱེད་དུ་གྲུབ་པ་མེད་པ་སྐྱོན་ཡོན་ཏན་ལྷུན་རྫོགས་སུ་གནས་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་འགགས་པ་མེད་པས་འབྱེད་པ་མེད་པའི་ཤེས་རབ་གང་ལ་ཐོགས་མེད་དུ་ཤར་བས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔར་སྣང་སྟེ། གཞི་གཅིག་ལས་མ་གཡོས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཁྱབ་བརྡལ་བ་དང་། སྣང་ཕྱི་རོལ་གྱི་ཡུལ་ལ་སྣང་ཡང་ཞེས་པ་བློ་ཡི་ཡུལ་དུ་གྲུབ་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། བཟང་ངན་བདེན་རྫུན་གཉིས་མེད་དུ་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡུལ་དང་ཡུལ་ཅན་སོ་སོའི་རྣམ་རྟོག་གི་ཞེན་པ་ལ་མི་གནས་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་རྩལ་རྩོལ་སྒྲུབ་དང་བཅོས་མ་ལས་འདས་པ་བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ཀྱི་བྱུང་ཚུལ་གྱི་སྣང་བར་བྱུང་བའོ། །སྣང་བ་དེ་དག་གི་མཚན་ཉིད་རང་གང་ཡིན་ན། གསལ་བས་ཏེ། འདི་ལ་བྱེ་བྲག་ཏུ་ཕྱེ་ན་བྱས་པའི་གསལ་བ་སྣང་གསལ་དང་། མེ་ལོང་དང་། ཁེ་ཏ་པ་དང་། མཚོན་གྱི་རྣམ་པ་རྣམས་ལ་བྱ། རྒྱུ་རྐྱེན་གྱིིས་གསལ་བ་མན་ཤེལ་གྱི་འོད་དང་། ཡིད་བཞིན་ནོར་བུའི་འོད་ལ་སོགས་པ་རྣམས་སོ། །རང་བཞིན་གྱི་གསལ་བ་ཉི་མ་དང་ཟླ་བ་དང་། སྐར་མའི་འོད་ལ་སོགས་པ་རྣམས་སོ། །བཏགས་པའི་གསལ་བ་མིང་གི་བྱེ་བྲག་རྣམས་ལ་བྱ། ཉམས་སུ་མྱོང་བའི་གསལ་བ་ནི་ཤེས་པས་གསལ་བ་དང་། ཤེས་པ་གསལ་བའོ། །ཤེས་པས་གསལ་བ་ནི་ཚིག་གི་འབྲེལ་དང་དོན་ཤེས་པས་ཏེ། ཚིག་གཅོད་ཀྱི་ཤེས་རབ་ལ་བྱ། མཚན་ཉིད་ཤེས་པས་གསལ་བ་ནི་དངོས་པོའི་མཚན་ཉིད་ངོ་ཤེས་པས་སྒྲོ་འདོགས་ཆོད་པས་དེ་རྟོགས་པའི་ཤེས་རབ་ལ་བྱའོ། །ཤེས་པ་གསལ་བ་ནི་རང་བཞིན་གྱིས་གསལ་བ་ནི་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་ཤེས་པ་རང་བཞིན་གྱིས་གསལ་བ་ལ་བྱ། དེ་བསྒྱུར་བས་གསལ་བ་ནི་ཉམས་སུ་མྱོང་བས་གསལ་བ་རང་བཞིན་གྱིས་ཉམས་སུ་མྱོང་བ་འཇིག་རྟེན་པའི་དང་། ཆོས་ཉིད་ཉམས་སུ་མྱོང་བ་གཉིས་ལས་འདི་ཆོས་ཉིད་ཉམས་སུ་མྱོང་བའི་གསལ་བའོ། །དེ་ལ་ཆོས་ཀྱི་འདྲ་གཞི་ཉམས་སུ་མྱོང་བ་ནི་གསལ་བ་སྙམ་པ་ལས་སྒྲོ་འདོགས་གཏིང་ནས་མ་ཆོད་པས་ཏེ་འདི་གོལ་སར་གྱུར་པ་ཡིན་ཏེ། གསལ་ལོ་སྙམ་པས་བསམ་གཏན་དང་པོའི་ལྷར་གོལ། གསལ་བ་ཡིན་སྙམ་པས་གཉིས་པ། གསལ་བར་འདུག་སྙམ་པས་གསུམ་པ། གསལ་སྙམ་བྱེད་པ་བཞི་པ། ཡང་གསལ་བར་འདོད་པ་ཞེས་པའི་བློ་འགྱུར་བྱེད་དང་བཅས་པ་ནི་སྟོང་གསལ་དུ་འདོད་པའི་བློ་ཡོད་ན་འདི་ཡང་གོལ་ཏེ་འོད་གསལ་གྱི་ལྷར་གོལ། རང་རིག་ལ་ཞེན་པ་བློས་བཏགས་པའི་འཁོར་ཡོད་པར་འདོད་པ་རྣམས་ཀྱང་དེ་ཉིད་དུ་གོལ་ལ། གསལ་བ་རྟོག་པ་མེད་པར་འདོད་པ་རྣམས་ནི་རིས་ཅན་ལམ་དུ་བྱེད་པ་ཡིན་པས་སྐྱེ་མཆེད་དང་པོར་གོལ། གསལ་བ་ལ་འཛིན་པ་མེད་པར་འདོད་ན་ཡང་སྔ་མ་ལྟར་གོལ་ལ། གསལ་བ་བདེ་བར་འདོད་ན་ཡང་སྐྱེ་མཆེད་གཉིས་པར་གོལ་ལ། གསལ་བ་ལ་རང་བཞིན་མེད་པར་འདོད་ན་ཡང་སྐྱེ་མཆེད་གསུམ་པར་གོལ་ལ། དེ་དག་ནི་གོལ་སར་གྱུར་པའི་གསལ་བ། ཕྱིན་ཅི་ལོག་གི་གསལ་བ་ནི་གསལ་བ་ཡུལ་དུ་ཤོར་ན་ཕྱིན་ལོག་གོ། །གསལ་བ་སེམས་ལ་ཤོར་ན་ཡང་ལོག་གསལ་བ་བློ་དང་ཤེས་པ་ལ་ཤོར་ན་ཡང་ལོག །གསལ་བ་ཚིག་ལ་ཤོར་ན་ཡང་ལོག །གསལ་ཙམ་གཅིག་བློ་ཡི་ཡུལ་དུ་བསྒོམ་པ་དང་ལྟ་བ་ལ་སྤྱོད་པ་རྣམས་ཕྱིན་ཅི་ལོག་པའོ། །འདི་དག་རྟག་ཆད་དུ་གོལ་ལ། གོང་མ་རྣམས་ཁམས་གསུམ་དུ་གོལ་བའོ། །ཆོས་ཉིད་རང་གི་ཉམས་སུ་མྱོང་བའི་གསལ་བ་ནི། གསལ་ཕྱི་རོལ་གྱི་ཡུལ་ལ་གསལ་བ་དྲན་པ་བདག་ཏུ་བཟུང་ན་གསལ་བ་གཤའ་མ་ཡིན། གསལ་བ་བློ་ཡི་ཡུལ་དུ་གསལ་བ་ལ་འཛིན་མེད་རང་ས་ལ་གྲོལ་བ་ནི་ཁམས་གསུམ་ལས་འདའ། གསལ་བ་དབང་པོ་ལ་གསལ་བ་རང་ངོ་རང་བཞག་པ་ནི་ཁམས་གསུམ་ལས་འདས་པའི་གསལ་བའོ། །འོ་ན་གསལ་བ་དེ་རང་ལྟ་བའི་ངོ་བོ་མ་ཡིན་ཏེ་གསལ་བ་ཟང་ཐལ་བ་ཞེས་བྱ་སྟེ། གསལ་བ་གོམ་པ་དང་། ཕྱིན་ཅི་ལོག་དང་། འཇིག་རྟེན་པའི་གསལ་བ་མ་ཡིན་པ། ཁམས་གསུམ་ལས་འདས་པའི་གསལ་བ་དེ་དག་ཀྱང་རྣལ་འབྱོར་པའི་ལམ་ཡིན་པ་ལས་འབྲས་བུ་ལ་རིག་པ་མེད་དོ། །དེ་ལྟར་དེ་དག་ལས་འདས་པའི་ཚེ་རིག་པ་ཚད་ལ་ཕེབས་པའི་སྣང་བའི་དུས་ན་ཆོས་ཐམས་ཅད་རང་རིག་ཏུ་འོད་གསལ་བ་ཞེས་བྱ་བ་དང་། ཡུལ་སྣང་གཉིས་མེད་ཀྱི་གསལ་བ་བྱ་བའང་སྟེ་འདི་ཡང་འབྲས་བུ་ལ་རིག་པ་མེད་དོ། །དེ་ཕྱིར་ན་ཟང་ཐལ་ཞེས་པ་དེ་དག་ལས་འདས་ནས་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། ཆོས་དང་། ཡེ་ཤེས་དང་། སངས་རྒྱས་ཞེས་པ་ཙམ་དུ་ཡང་གྲུབ་པ་མེད་ལ། འདི་ལ་གསལ་བ་ཞེས་བྱ་སྲིད་པས་འབྲས་བུ་རེ་ཞིག་ཚིག་གིས་གཏན་ལ་དབབ་བོ། །དེ་ཡང་གྲུབ་མཐའ་ངེས་ཅན་གྱི་གོལ་ས་ནི། རིག་པ་གསལ་བ་དོན་དམ་དུ་འདོད་ན་སེམས་ཙམ་དུ་གོལ་བ་ཡིན། སྣང་བ་གསལ་བ་དང་ཤེས་པ་གསལ་བ་དོན་དམ་དུ་འདོད་ན་མདོ་སྡེར་གོལ། དབང་པོ་དང་ཀུན་བརྟགས་རྣམས་གསལ་བ་དོན་དམ་དུ་འདོད་པ་རྣམས་སྔགས་ཕྱི་ནང་དུ་གོལ་བས། རང་བཞིན་རྫོགས་པ་ཆེན་པོ་མ་ཡིན་ནོ། །དེ་ལྟར་གསལ་བའི་སྤྲོས་པའི་མཐའ་དེ་དག་གཅོད་པས་སྒྲོན་མའི་གསལ་བ་དངོས་ཉམས་སུ་མྱོང་བའོ། །སྒྲོན་མའི་གསལ་བ་དེ་ནི་ཁམས་གསུམ་པའི་གོལ་བའི་གསལ་བ་དང་། གྲུབ་པའི་མཐའི་གོལ་བའི་གསལ་བ་དང་། ཕྱི་ལོག་མུ་སྟེགས་རྟག་ཆད་དུ་ལོག་པ་དེ་དང་། འབྱུང་བ་ས་དང་ཆུ་དང་མེ་དང་རླུང་གི་སྣང་བ་རྟགས་པའི་རྫས་ལ་གསལ་བར་འཛིན་པའི་སྣང་བ་ཀུན་མ་ཡིན་ཏེ། ལམ་གྱི་གསལ་བའི་སྣང་བ་རང་གི་ཉེས་པས་གཅོད་པའི་གསལ་ཆ་འགགས་པ་མེད་པར་གསལ་ཞིང་། གོང་མ་རྣམས་ལས་ལོག་པ་ནི་ལམ་གྱི་སྣང་བ། གསལ་བའི་ཆ་ཡིན་ལ་འབྲས་བུ་ནི་མ་ཡིན་ནོ། །དེ་ཅི་ཡི་ཕྱིར་ཞེ་ན་མ་ཡིན་ཏེ། དབང་པོའི་དྭངས་མ་ཉིད་ཀྱི་རང་གི་སྒོ་ལ་གསལ་བས་ན་སྒྲོན་མའི་སྣང་ཆ་ཉིད་ལམ་སྟེ་ལོངས་སྐུའི་ཉམས་གོང་འཕེལ་དང་། ཆོས་སྐུའི་རིག་པ་ཚད་ལ་ཕེབ་པས་ཏེ། སྐུ་གསུམ་ལམ་སྣང་དུ་བསྟན་པའོ། །དེས་དེ་ཉིད་ཀྱི་གསལ་བར་བྱེད་པའི་ངེས་ཚིག་བསྟན་ནས། ད་ནི་ཁྱབ་པར་བྱེད་པའི་ངེས་ཚིག་བསྟན་པ་ནི། རིག་པ་ཕྱི་ཡི་དབྱིངས་བཞག་པ་ཞེས་པ་ལ་སོགས་པས་བསྟན་ཏེ། རིག་པ་ནི་ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་ཕྱིའི་དབྱིབས་ནི་ནམ་མཁའ་འཁྲུལ་བ་མེད་པ། བཞག་པས་ནི་འཁྲུལ་མེད་གསུམ་དུ་བཞག་སྟེ་བྱ་བྱེད་དང་བྲལ་བ་ཉིད། ནང་དབྱིབས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ། དེ་ལ་རིག་པ་བཞག་པ་ལ་དགོས་པ་ཅི་ཡོད་ན་ཉོན་མོངས་པའི་དྲི་མ་ཐམས་ཅད་རང་སར་དག་སྟེ། རྣམ་རྟོག་སྐྱེ་མི་སྲིད་པས་ཡེ་ཤེས་རང་གི་ངོ་བོའི་སྣང་བ་ལས་མ་རྟོག་པ་གང་ཡང་མེད་དོ། །དེ་ལྟར་བཞག་པ་ལ་རྣལ་འབྱོར་པ་ལ་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་འོད་དང་ཡེ་ཤེས་དང་ཐིག་ལེ་དང་སྐུའི་རྣམ་པ་འདི་དག་སྐྱེས་པས་འཁོར་བ་ལ་མི་གནས་ཏེ་མྱ་ངན་ལས་འདས་པའོ། །དེ་ལས་གང་བྱུང་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གཉིས་གཉིས་མེད་དུ་འདྲེས་པས་ཆོས་ཉིད་མའི་སྣང་བ་རང་རིག་པ་བུའི་སྣང་བ་གཉིས་ཡང་དག་པར་འདྲེས་པ་ཡིན་ནོ། །འདྲེས་པ་དེའི་རྒྱུ་གང་ཡིན་ན་དབང་པོ་ལྔའི་རྣམ་པ་ཀུན་གྱིས་འདུས་པའི་དྭངས་མ་ཡང་དག་པ། འཆར་བྱ་གང་བྱེད་དབྱིངས་རིག་གཉིས་ཀྱི་སྒོ་ནི་མིག་ཡིན་པས། འཁོར་འདས་ཀུན་གྱི་གཞི་མིག་གིས་འཛིན་པས་མ་ཞེས་བྱའོ། །དེ་རྣམས་ཀྱིས་ནི་དྲི་བ་གཉིས་པའི་ལན་ངེས་ཚིག་བསྟན་ནས། ༈ །ད་ནི་དྲི་བ་གསུམ་པ་དབྱེ་བ་བསྟན་པ་ནི། དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཞེས་པ་ལ་སོགས་པས་བསྟན་ཏེ། དབྱེ་བ་ནི་བྱེ་བྲག་ལ་དགོངས་པའོ། །རྣམ་པ་ནི་ཡུལ་གསུམ་ནི་གྲངས་ཡིན་ནོ། །འབྱུང་བ་ནི་ལྔས་ཏེ་ཀུན་རྫོབ་སའི་དྭངས་མ་ཤ །ཆུའི་ཁྲག །མེ་དྲོད། རླུང་གི་དྭངས་མ་དབུགས་དང་ལྔ་འདུས་པའི་རྩལ་ཤེས་པ་དུ་མ་མིག་གིས་འཛིན་ཏེ། དེ་ལས་དོན་དམ་པའི་འབྱུང་བ་ལྔ་ས་སྲ་བ་མེད་པའི་བརྟན་པས་སྒྲོན་མ་གཡོ་བ་རང་འགུལ་བའི་སྣང་བ་འཛིན་ཅིང་བརྟེན་པའི་ལས་བྱེད། ཆུ་གཤེར་བ་མེད་པའི་སྡུད་པས་སྣང་བ་གཅིག་ཏུ་བསྡུས་པས་དོན་འདྲིལ་བར་བྱེད། མེ་ཚ་བ་མེད་པའི་སྲེག་པས་རྣམ་པར་རྟོག་པ་སྐྱེ་མི་སྲིད་དེ་དག་པའི་ལས་བྱེད། རླུང་ཡང་བ་མེད་པའི་བསྐྱོད་པས་དབྱིངས་རིག་མཁའ་ལ་བསྐྱོད་དེ་མངོན་གསུམ་དུ་སྣང་བའི་ལས་བྱེད། ནམ་མཁའ་ཁྱབ་པ་མེད་པའི་ཡེ་དྭངས་ཀྱིས་རིག་པའི་སྣང་བ་སྟོན་པར་བྱས་པས་དོན་དམ་གྱི་འབྱུང་བ་ལྔ་རང་གི་སྣང་བ་ཀུན་འདུས་པའི་ཕྱིར་ན། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་འབྱུང་བ་ལྔའི་བདག་ཉིད་དུ་གནས་པའོ། །དེ་ལྟར་འབྱུང་བ་ལྔའི་རྩལ་ཕྱི་དང་ནང་དུ་གནས་པ་ལས་འཁོར་བ་འཛིན་པར་བྱེད་པ་མིག་གི་རྣམ་པར་ཤེས་པ་གཟུང་ཆ་མ་འགགས་པ་དང་། ཡེ་ཤེས་འཛིན་པར་བྱེད་པ་མིག་གི་དེ་བཞིན་ཉིད་སྣང་ཆ་མ་འགགས་པས་ན་ཡེ་ཤེས་རང་གི་ངོ་བོ་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་སྟེ་དོན་དམ་ཡེ་ཤེས་ལྔ་འདུས་ཤིང་དེ་ཉིད་ཀྱི་མཚན་ཉིད་འཛིན་པས་སོ། །དབང་པོ་ནི་ལྔ་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་། ལུས་ཀྱི་དབང་པོའོ། །དེ་དག་ལྔའི་དྭངས་མ་འདུས་པའི་ངོ་བོ་མིག་ཡིན་ཏེ། དེ་ཡང་དེ་དག་ཐམས་ཅད་ཀྱི་དྭངས་མ་འདུས་པས་ན་དབང་པོ་ཡུལ་འཆར་བར་བྱེད་པའི་རྩ་ཞེས་བྱ་བ་ཐོག་མ་ལུས་ཀྱི་གཞི་འཛིན་པའི་དུས་ན་ལྟེ་བར་ཀུན་རྫོབ་ཀྱི་འབྱུང་བ་བཞིའི་དྭངས་མ་འདུས་པ་ལས་གྲུབ་པ། དེ་ལས་དྲན་པར་བསྐྱེད། དེ་ལས་རོ་རྣམས་སུ་བསྐྱེད་དེ་ལས་རྩེ་མོ་རྣམས་བཀོད་དུ་གཡས་སུ་འཁྱིལ་པའི་རྩ་ཁུག་པ་གསུམ་ཡོད་ལ་ཁ་ཆེ་ལ་རྩ་བ་འཕྲ་བ་མེན་གྱི་རྭ་ལྟ་བུའི་ནང་དུ་མིག་གི་ཨ་འབྲས་དཀར་ནག་ཕྱེད་པར་ཡོད་པས་འཁོར་འདས་གཉིས་ཀའི་རྒྱུར་བྱུང་བས། དབང་པོའི་བདག་ཉིད་དུ་འགྲོ་བ་ཀུན་ལ་གནས་པས་དབང་པོ་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ་དང་དབྱེ་བ་གསུམ་དུ་བསྟན་པའོ། ༈ །ད་ནི་དྲིས་ལན་བཞི་པ་མཚན་ཉིད་བསྟན་པ་ནི། འདི་ཡི་མཚན་ཉིད་འདི་ལྟ་བུ་ཅེས་ལ་སོགས་པས་བསྟན་ཏེ། འདི་ལ་ནི་འོག་ནས་སྟོན་པའི་ཚིག །མཚན་ཉིད་འདི་ལྟ་བུ་ནི་གསལ་བྱེད་གསལ་ལ་མ་ལྟོས་པས་ན་མིག་ཡིན་ལ། ཕྱི་ཡུལ་ལ་འཆར་བར་བྱེད་པའི་གོ་འགགས་པ་མེད་པ་ཡིས། དབང་པོ་ཐམས་ཅད་ཀྱི་དྭངས་མ་འདུས་པ་མིག་གི་སྒོར་ཨ་འབྲས་སུ་སྨིན་པས་འཁོར་འདས་གཉིས་ཀ་འཛིན་པའོ། །དེ་གང་ལས་བསྐྱེད་ན་ཐོག་མ་ལྟེ་བ་ནས་སྐྱེས་པས་རྩ་བ་བ་མེན་གྱི་རྭ་ལྟ་བུའི་སྒོ་ལ་མིག་གི་རྣམ་པར་ཤེས་པ་ཆགས་པས་འཁོར་བ་བསྡུ་ལ། དེ་ཉིད་མ་འཁྲུལ་པ་ལས་དེ་ཁོ་ན་ཉིད་ཅེས་བྱ་སྟེ་རྣམ་ཤེས་ལ་བརྟེན་ཀྱང་། དེས་གོས་པ་མེད་པའི་པདྨའི་ནི་དེ་ཉིད་འདམ་ལ་བརྟེན་ཀྱང་འདམ་གྱི་ཉེས་པས་གོས་པ་མེད་པའོ། །སྤྱན་ནི་ཆགས་པ་མེད་པའོ། །གནས་ནི་རྒྱང་ཞགས་ཉིད་དོ། །འོ་ན་རྒྱང་ཞགས་དེ་ཉིད་རང་གི་མཚན་ཉིད་ནི་དབང་པོ་ལྔ་ཡི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་འཛིན་པར་བྱེད་པའོ། །དེ་ཡང་ཐོག་མ་ཀུན་རྫོབ་ཀྱི་འབྱུང་བ་ལྔ་ལས་བསྐྱེད་པས། ད་ལྟ་ཡང་འབྱུང་བའི་ལས་ནི་བཞི་སྟེ། དེ་ཡང་འབྱུང་བ་རླུང་གིས་བསྐྱེད་པས་དེའི་ལས་ནི། རླུང་གི་དྭངས་མ་ལས་གཟུགས་ལ་འཇུག་པའི་ཆ་ནི་རྣམ་ཤེས་གཟུགས་ལ་འཕེན་པར་བྱས་པས་གཟུགས་རྒྱང་རིང་པོ་ནས་མཐོང་བའོ། །ཆུའི་དྭངས་མའི་ལས་ཤེས་པས་མཚན་ཉིད་གཅིག་ཏུ་བསྡུད་པར་བྱས་པས། སྣང་བ་གང་ཡིན་ངོ་ཤེས་ཤིང་མཚན་ཉིད་གཟུགས་ལ་བརྟེན་ནས་ཁོང་དུ་ཆུད་པའོ། །དེ་ཡང་སའི་དྭངས་མས་གཟུགས་ལ་སོགས་པ་མཐོང་བྱེད་མ་འགགས་པར་ཅེར་གྱིས་མཐོང་བྱེད་དུ་འབྱུང་བ་འཛིན་པས་ཏེ། གང་ཡིན་གཏན་ལ་འབེབས་ཤིང་མིག་ཆུང་ཡང་རི་རབ་ལ་སོགས་པ་གཟུགས་ཆེན་པོ་དང་། ཏིལ་འབྲུ་ལ་སོགས་པ་ཆུང་བ་རྣམས་འཛིན་པར་བྱེད་པ་སའི་ལས་སོ། །མཆེད་པར་སྣང་ནི་མེའི་དྭངས་མས་སྣང་བ་གཅིག་ནས་གཅིག་ཏུ་མཆེད་པས་གཟུགས་སྣ་ཚོགས་པ་གཏན་ལ་འབེབས་པ་དང་། གཅིག་ལ་མི་གནས་པར་ཐ་དད་པར་ལྟ་ཞིང་གཅིག་ལ་གཅིག་མི་ཆགས་པ་མེའི་ལས་ཀྱིས་བྱུང་བའོ། །དོན་དམ་པའི་འབྱུང་བ་བཞི་ལས་ཡེ་ཤེས་ཀྱི་ལས་བྱེད་པར་བྱུང་བས་ནི། དོན་དམ་གྱི་འབྱུང་བ་སས་དབྱིངས་དང་རིག་པ་བཟུང་། ཆུས་གཅིག་ཏུ་གནས་པར་བསྡུས། མེས་སྣང་བ་གོང་ནས་གོང་དུ་སྤེལ། རླུང་གིས་འཁོར་བ་ལ་མི་གནས་པར་བསྐྱོད་ལས་བྱས་པ་ནི་མིག་གིས་ལྟ་བས་ན་ལྟ་བ་དང་ངོ་། །གནས་དང་ནི་རིག་པའི་གནས་ཙི་ཏ་ནས་མིག་ཏུ་བསྐྱོད་དེས་ནམ་མཁའ་ལ་བསྐྱོད་པས་རླུང་ངོ་། །གོང་མ་ནི་མིག་གིས་ནམ་མཁའ་ལ་རིག་པ་འཛིན་པས་སའི་ལས་གྲུབ་པའོ། །དབང་པོས་ནི་མིག་ཏེ་ཆུའི་རང་བཞིན་དུ་འདུས་པས་གཟུགས་སྡུག་པ་ནི་སེམས་ཀྱི་ཉམས་རྣམས་སུ་འབྱུང་བའོ། །ཡུལ་དང་ནི་མེའི་ཡེ་ཤེས་དབྱིངས་དང་རིག་པ་ནམ་མཁའ་ལ་མཆེད་པར་བྱས་པའོ། །ཡུལ་ཅན་དང་ནི་གཟུགས་དང་། དེ་ལས་བྱུང་བའི་གཟུགས་ཀྱི་མཚན་ཉིད་དང་། མིང་དང་དབྱེ་བ་དང་། དབྱིབས་དང་ཁ་དོག་ལ་སོགས་པ་དང་། བྱེ་བྲག་ཐ་དད་པ་དེ་འཛིན་པས་བཟུང་བས་ན་ཡུལ་ཅན་ཞེས་པའོ། །ཡུལ་མེད་ནི་ཆོས་སྟོང་པ་དང་། རང་བཞིན་མེད་པས་ཏེ། སྟོང་པ་ཕྱི་སྟོང་པ་ཉིད་དུ་བལྟས་པས་ཕྱིའི་སྣང་བ་རང་བཞིན་མེད་པར་རྟོགས་ཤིང་མཐོང་ལ། དེ་བཞིན་དུ་ནང་སྟོང་པ་ཉིད་མཐོང་བས་ནང་གི་དང་། ཕྱི་ནང་སྟོང་པ་ཉིད་ཀྱིས་ཕྱི་ནང་གཉིས་ཀ་རང་བཞིན་མེད་པར་མཐོང་ལ། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་ཙམ་ལ་ཡང་མི་གནས་པར་རང་བཞིན་མེད་པ་དང་། ཆེན་པོ་སྟོང་པ་ཉིད་ཀྱི་ཚུལ་ལ། དོན་དམ་པ་སྟོང་པ་ཉིད་བྱུང་། འདུས་བྱས་སྟོང་པ་ཉིད་བཏགས་པ་རྣམས་དང་། འདུས་མ་བྱས་སྟོང་པ་ནམ་མཁའ་དང་། རང་བཞིན་སྟོང་པ་ཉིད་མ་བཅོས་པའི་སེམས། ཆོས་ཐམས་ཅད་སྟོང་པ་ཉིད་ཟག་པ་མེད་པ། མི་དམིགས་པ་སྟོང་པ་ཉིད་ངོ་བོ་མེད་པ། རང་གི་མཚན་ཉིད་སྟོང་པ་ཉིད་གནས་ལུགས། དོར་བ་མེད་པ་སྟོང་པ་ཉིད་རྟོགས་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རིག་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལྟ་བ། དངོས་པོ་མེད་པའི་སྟོང་ཉིད་སྤྲུལ་སྐུ། ངོ་བོ་ཉིད་སྟོང་པ་ཉིད་ལོངས་སྐུ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཆོས་སྐུའོ། །དེ་ལྟར་དེ་དག་མཐོང་བས་རང་བཞིན་མེད་པར་མཐོང་བ་ནི་འདི་ལ་བརྟེན་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པས་མཐོང་བའོ། །རྣམས་ནི་ཆོས་ཀྱི་གནས་ལུགས་ཀྱི་མཚན་ཉིད་དང་། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་དང་། མ་ནོར་བ་དེ་བཞིན་ལྟ་བ་ཕྱིན་ཅི་མ་ལོག་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་འཛིན་མེད་དུ་ཤར་བའོ། །དེས་ནི་མཚན་ཉིད་བསྟན་ནས། ༈ །ད་ནི་དྲིས་ལན་ལྔ་པ་གནས་གང་ན་བསྟན་པ་ནི། འདིའི་གནས་ནི་མིག་ཡིན་ཏེ་ཅེས་པ་ལ་སོགས་པས་བསྟན་ཏེ། འདི་ནི་རྒྱང་ཞགས་ཆུའི་སྒྲོན་མ། གནས་ནི་རྟེན་པའི་འདུག་ས་ཡིན་ལ་མིག་ནི་བཞི་སྟེ། འཇིག་རྟེན་པས་མིང་ཙམ་དུ་བཏགས་པའི་མིག་དང་། འབྱུང་བའི་དྭངས་མ་འདུས་པའི་ཆུ་བུར་གྱི་མིག་དང་ཤེས་རབ་ཀྱི་དང་། ཡེ་ཤེས་ཀྱི་མིག་གོ། །འཇིག་རྟེན་པའི་མིང་ཙམ་དུ་བཏགས་པ་ཁབ་མིག་དང་ཁྱིམ་དམིགས་ལ་སོགས་པའོ། །དེ་ལ་འདིའི་གནས་ས་ཆུ་བུར་གྱི་མིག་འབྱུང་བ་བཞིའི་དྭངས་མ་འདུས་པ་དཀར་ནག་ཕྱེད་པ་འཁོར་འདས་ཕྱེད་མའི་གྲོང་ཁྱེར་ཞེས་བྱ་བ་ན་གནས་སོ། །ཤེས་རབ་ཀྱི་མིག་ནི་ལྔ་སྟེ། ཤའི་མིག་དང་། ལྷའི་དང་། ཏིང་ངེ་འཛིན་གྱི་དང་། ཐམས་ཅད་མཁྱེན་པའི་དང་། རྣམ་པ་ཐམས་ཅད་མཁྱེན་པའི་མིག་གོ། །ཤའི་མིག་གི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། རང་གི་ཐོས་བསམ་བསྒོམ་པ་རྣམས་མཐོང་ལ། ལྷ་མིག་གིས་སེམས་ཅན་གཞན་གྱི་ལུས་བོང་དང་ཚེ་ཚད་ལོངས་སྤྱོད་དང་། རྐྱེན་ཡོན་དང་ལས་དང་ཉོན་མོངས་པའི་དྲི་མ་རྣམས་མཐོང་། ཏིང་ངེ་འཛིན་གྱིས་ནི་སེམས་ཅན་རྣམས་ཀྱི་བསམ་པ་དང་། འཆི་འཕོ་བ་དང་། སྐྱེ་བ་དང་། ཡིད་ལ་བྱེད་པ་སྣ་ཚོགས་པ་དང་། དུས་དང་དབང་པོ་རྣམས་མཐོང་ལ། ཐམས་ཅད་མཁྱེན་པའི་མིག་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའི་རིམ་པ་དང་། ཡོན་ཏན་དང་། རྫུ་འཕྲུལ་གྱི་མཁྱེན་པ་དང་། ཆོས་ཀྱི་དབྱིངས་དང་ཞིང་ཁམས་ཀྱི་ཚད་རྣམས་མཐོང་། རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ནི་ཤེས་བྱ་ཇི་ལྟ་བ་དངོས་པོའི་གནས་ལུགས་མཐོང་བ་དང་། ཇི་སྙེད་པ་གདུལ་བྱའི་བསམ་པ་རྣམས་མཐོང་བ་དང་། ཡེ་ཤེས་ཀྱི་མིག་ལ་གཉིས་ལས་ནང་གསལ་དུ་མཐོང་བས་ནི་མིང་བྱེད་པའི་ཡེ་ཤེས་ཀྱི་ཡེ་ཇི་སྙེད་པའི་ཡེ་ཤེས་རང་གིས་རང་གཟིགས་པའི་ཡིན། ཕྱི་གསལ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དུས་གཅིག་མི་བྱེད་པར་མཐོང་། འབྱེད་པ་མེད་པའི་ཐུགས་རྗེ་རྒྱུན་ཆད་མེད་པར་ཕྱོགས་མེད་དུ་གཟིགས་པས་སོ། །འོ་ན་མིག་བཞི་པོ་དེ་ལས་ནི་ཆུ་བུར་གྱི་མིག་གིས་འཁོར་འདས་གཉིས་མཐོང་བར་བྱེད་པའི་ལས་བྱེད། ཤེས་རབ་ཀྱི་མིག་གིས་སྤྱི་དང་རང་གི་མཚན་ཉིད་ཤེས་ནས་འཁོར་འདས་ཐམས་ཅད་དུས་གཅིག་ལ་མཐོང་བའི་ལས་བྱེད་དེ། དམིགས་པ་རྣམ་པར་དག་པས་ཚིག་གི་སྤྲོས་པ་ཆོད་ལ། མ་དག་པས་ཚིག་ལ་འགྲོ་ལྡོག་རྟོག་པའོ། །ཡེ་ཤེས་ཀྱི་མིག་གིས་ཆོས་ཉིད་ཕྱིན་ཅི་མ་ལོག་པར་བྱེད་ཅིང་། སེམས་ཅན་སེམས་ལས་བྱུང་བའི་དྲི་མ་དེ་དག་གིས་ཡུལ་ནི་ཆུ་བུར་གྱི་ཡུལ་གཉིས་ལས། བླ་མའི་ལུང་གིས་ཟིན་པ་རྣམས་ཀྱིས་རིག་པའི་རང་ངོ་ལྟ་བར་བྱེད་ལ། ལུང་མེད་པ་ལ་ཕྱིན་ཅི་ལོག་གི་དང་། འཇིག་རྟེན་སོར་བཞག་པའི་ཡུལ་ལོ། །ཕྱིན་ཅི་ལོག་ནི་འབྱུང་བ་ཚ་གྲང་གི་ནད་ཀྱིས་གདུང་བ་རྣམས་ཀྱི་རྣམ་ཤེས་ཀྱི་ལྟ་བ་དང་། གྲུར་ཞུགས་པས་རི་འགྲོ་བར་སྣང་བ་དང་། མིག་རབ་རིབ་ཅན་གྱིས་དེ་མ་ཡིན་པ་ལ་དེར་འཛིན་པ་ལ་སོགས་པ་རྣམས་སོ། །སོར་བཞག་ནི་གཟུགས་སྡུག་པ་དང་མི་སྡུག་པར་མཐོང་བའི་ཡུལ་ལོ། །ཤེས་རབ་ཀྱི་མིག་ཡུལ་ནི་ཆོས་དང་ཆོས་མ་ཡིན་པ་རྣམ་པར་གཅོད་ཅིང་དེ་ཉིད་ལ་བཟླ་བའོ། །ཡེ་ཤེས་ཀྱི་ནི་ཆོས་ཀྱི་དབྱིངས་ལ་ལྟ་བས་ཡུལ་ལོ། །དེ་དག་གི་རྟེན་ནི་གཉིས་ལས་དབང་པོ་རང་གི་ངོ་བོ་དང་། དེའི་རྟེན་ནོ། །དབང་པོ་མིག་གི་རང་གི་ངོ་བོས་དམིགས་པ་ཐམས་ཅད་མཐོང་བར་བྱེད། རྟེན་ནི་གཉིས་ཏེ། དབང་པོ་རང་གི་རྟེན་པ་དང་། དབང་པོ་ལ་བརྟེན་པའི་ཆོས་སོ། །རང་གི་རྟེན་པ་ནི་འོག་ནས་བསྐྱེད་པའི་སྐབས་སུ་བསྟན། དེ་ཡང་ཨ་འབྲས་དྭངས་མ་ཆུ་བུར་གྱི་མིག་གི་རྟེན་པ། དེ་ལ་གང་བརྟེན་ན་རིག་པ་དང་མ་རིག་པ་གཉིས་ཀ་བརྟེན་པའོ། །ལུས་ཀྱི་དཀྱིལ་ནི་གནད་ཀྱི་འབྱུང་བ་ཙིཏྟ་ཡིན་ལ། དེའི་ནང་ན་ཤེས་པ་འདུས་པའི་དྭངས་མ་མེ་སྟག་ལྟ་བུ་གནས་པ་ནི་ཤེས་རབ་ཀྱི་མིག་རང་གི་རྟེན་པ་ཡིན། དེ་ལ་གང་བ རྟེན་ན་རྟོག་པ་དང་ཉམས་སུ་མྱོང་བ་དང་ཏིང་ངེ་འཛིན་རྣམས་བརྟེན་པའོ། །རང་གི་ཙི་ཏའི་དཀྱིལ་ན་ཡེ་ཤེས་ཐམས་ཅད་འདུས་པའི་དྭངས་མ་འོད་ལྔའི་ཐིག་ལེ་ཚོན་སྣ་ལྔའི་གྲུ་གུ་བསྔོགས་པ་ལྟ་བུ་གནས་པ་ནི་ཡེ་ཤེས་ཀྱི་རྟེན་པའི་ས་ཡིན་ལ། དེ་ཉིད་ལ་སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་གནས་པས་ན། ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཐམས་ཅད་དེ་ཉིད་ལ་བརྟེན་པ་ཡིན། དེ་དག་གི་ཡུལ་ལ་སྣང་ལུགས་ནི་ཆུ་བུར་ལ་གཟུགས་ཀྱི་རྣམ་པ་ཁ་དོག་དང་དབྱིབས་དང་དག་པ་དང་མ་དག་པའི་གཟུགས་རྣམས་སུ་སྣང་བ་དང་། རིག་པའི་ཡེ་ཤེས་མངོན་སུམ་དུ་སྣང་བའོ། །ཤེས་རབ་ལ་དབང་པོ་རབ་དང་འབྲིང་དང་ཐ་མ་རྣམས་སུ་སྣང་། ཡེ་ཤེས་ལ་རྣམ་རྟོག་གང་གིས་ཀྱང་མ་གོས་པའོ། །དེ་དག་ལས་འགྱུ་བྱེད་ཀྱི་ངོ་བོ་གང་རྒྱུ་བ་ནི། ཆུ་བུར་ལ་གཟུང་བའི་ཆ་སྟེ་ཤེས་བྱའི་སྒྲིབ་པ་རྒྱུ་བ་དང་། རིག་པ་ཡེ་ཤེས་ཀྱི་སྒོ་ཡིན་པས། རིག་པ་རང་གི་ངོ་བོ་རྒྱུ་བ་ཡིན། དེའི་ཕྱིར་རྟོག་པ་ཐམས་ཅད་དེ་ལ་བརྟེན་ནས་འཆར་བའོ། །དེ་ལྟར་ཆུ་བུར་གྱི་མིག་ཡིན་པའི་རྟགས་སུ་རང་བཞིན་གྱིས་ཆུ་འཛག་པའོ། །ཤེས་རབ་ལ་ཡེ་ཤེས་ཐ་དད་པ་རྣམས་རྒྱུ་བ་ཡིན་ཏེ། ཕྱིན་ཅི་ལོག་པ་དང་མ་ལོག་པ་རྣམས་རྒྱུ་བ་ཡིན་ལ། དེ་ཡང་སྐྱེས་བུས་གློ་དང་སྦྲིད་པ་དྲག་པོ་ལུས་པའི་ཚེ། རང་གི་ཁ་དང་སྣ་ནས་མེ་སྟག་གི་རྣམ་པ་ལྟ་བུ་ཕྲ་མོ་དག་འཕྲོ་བ་ཡིན་ནོ། །ཡེ་ཤེས་ལས་མི་རྟོག་པ་དང་དགོངས་པ་དང་། ཁྱད་པར་གྱི་སྣང་བ་རྣམས་རྒྱུ་བས། དེའི་རྟགས་སུ་སྐྱེས་བུའི་མཐེབ་འཛུབ་ཀྱིས་མིག་གི་ཐ་མ་བཙིར་ན་འོད་ཀྱི་ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་སྣང་བ་ཡིན་ནོ། །དེ་དག་རང་གི་ངོ་བོའི་ཆུ་བུར་གོང་དུ་བསྟན་ནོ། །ཤེས་རབ་ནི་ཕྱིན་ཅི་ལོག་དང་རང་ལ་ལོག་པ་མཁྱེན་པའི་ངོ་བོར་བཞུགས་སོ། །ཡེ་ཤེས་ནི་དང་རང་བཞིན་བདག་ཉིད་ཆེན་པོར་བཞུགས་སོ། །མིག་དེ་དག་ཕྱི་ནང་གི་འབྱུང་བ་དང་སྦྱར་ན་ཆུ་བུར་གྱི་མིག་མཆེད་པར་བྱེད་པས་མེ་ཡིན། ནང་ལྟར་ཡེ་ཤེས་རང་གི་ངོ་བོ་འཛིན་པས་དྲོད། རང་བཞིན་དུ་འབྱུང་བ་བཞིའི་ཆར་ཡོད་དོ། །ཤེས་རབ་ནི་ཡང་དག་པའི་ཤེས་པ་སྣ་ཚོགས་སུ་མཆེད་པས་མེ་ཡིན་ལ། རྣམ་པར་དག་པའི་ཤེས་པ་རྣམས་སྲེགས་པས་དྲོད་ཡིན། ཡེ་ཤེས་ནི་རྣམ་པར་རྟོག་པ་སྲེག་ཅིང་དགོངས་པ་རྣམས་སུ་མཆེད་པས་མེ་ཡིན། ཐ་མལ་པའི་གཟུང་འཛིན་བསྲེགས་ནས་ལམ་རྟགས་སུ་མཆེད་པས་དྲོད། རང་བཞིན་དུ་དོན་དམ་གྱི་འབྱུང་བ་བཞིར་ཡོད་ལ། འོ་ན་དེ་དག་འབྱུང་བས་མི་རྟོག་པས་མི་བསྐྱེད་པ་ཡིན་པས། དེ་བཅད་པའི་མན་ངག་ནི་ཆུ་བུར་དལ་བར་གཟིགས་སྟངས་གསུམ་ལ་གནས་པས། གཟུང་བའི་རྣམ་པར་རྟོག་པ་རྒྱུན་ཆད་པས་རིག་པ་རང་ས་ན་གསལ་བ་ཡིན། ཤེས་རབ་ཀྱིས་ཚིག་ཐམས་ཅད་ཀྱི་ཞེན་པ་རྒྱུན་བཅད་ནས། བརྗོད་དུ་མེད་པའི་ངང་ལ་གནས་པས། འཇིགས་པའི་རྣམ་པར་རྟོག་པ་རང་འགགས་ཏེ། སྨྲ་བསམ་གྱི་ཡུལ་ལས་འདས་ནས་སྐུ་གསུམ་དང་། འདུ་འབྲལ་མེད་པར་གསལ་བའོ། །ཡེ་ཤེས་ཀྱི་བྱུང་ཚོར་གྱི་རྣམ་པར་རྟོག་པ་ཐམས་ཅད་རྒྱུན་བཅད་ནས་ཡེ་ཤེས་རང་གི་ངོ་བོ་ལ་བཞུགས་པས་དྲན་པ་རྣམས་རང་འགགས་ཏེ། བསམ་པ་རྣམ་པར་དག་ནས་ཡིད་ལ་བྱེད་པའི་འགྱུ་བ་རྒྱུན་ཆད་པས། ལྟ་སྒོམ་སྤྱོད་པ་ལས་འདས་པའི་སྐུ་གསུམ་ཚད་ལྡན་དུ་གསལ་བའོ། །དེ་རྣམས་ཀྱི་འགྱུ་བྱེད་བཅད་པས་འབྲས་བུ་གང་ཡིན་ན། ཆུ་བུར་གྱི་མིག་ལ་བརྟེན་ནས་རིག་པ་མངོན་གསུམ་དུ་མཐོང་བས་སྣང་བ་འདི་ལ་སངས་རྒྱ་བ་དང་། བླ་མའི་ལུང་མེད་པ་ལས་འཁོར་བ་ཉིད་ཡིན། ཤེས་རབ་ཀྱིས་ནི་ཐོས་བསམ་སྒོམ་པ་ལ་བརྟེན་ནས་འབྲས་བུ་ཚེ་གཅིག་ལ་སངས་རྒྱ་བ་དང་། དེ་ཉིད་གོམས་རྟགས་མེད་ན་རིགས་དྲུག་ལས་མངོན་མཐོ་བ་རྣམ་པ་གཉིས་ཐོབ་པའོ། །ཡེ་ཤེས་ཀྱི་འབྲས་བུ་ནི་ཡེ་ཇི་བཞིན་པ་དང་མཚན་ཉིད་འཛིན་པའི་ཡེ་ཤེས་ཉིད་ལ་བ རྟེན་ནས་བར་མ་དོ་ལ་སངས་རྒྱ་བ་དང་། དེ་ཉིད་ལ་རང་སྣང་དུ་ཤེས་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བར་དོ་མེད་པར་སངས་རྒྱའོ། །དེ་ལྟར་ན་རྒྱང་ཞགས་ཆུའི་སྒྲོན་མ་ནི་མིག་གི་ཨ་འབྲས་ལ་གནས་པ་ཡིན་ཏེ་འདིའི་ཕྱིའི་ཡུལ་ལ་མཐོང་བྱེད་འགགས་པ་རྣ་བར་ཤར་བས་སྣང་བ་རྣམས་སྐྱེ་བས་ཏེ། གོང་དུ་བསྟན་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་འཛིན་པར་བྱེད་པ་ཡིན་ནོ། །དེ་ལྟར་གནས་པ་བསྟན་ནས། ༈ །ད་ནི་དྲིས་ལན་དྲུག་པ་དེ་རང་གང་གིས་གྲུབ་ཅིང་གང་དང་འབྲེལ་བ་བསྟན་པ་ནི། ཐོག་མ་རང་གི་ལུས་བསྐྱེད་པའི་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ཡང་སྔོན་དུ་ལུས་ཀྱི་མཚན་ཉིད་ཤེས་དགོས། དེ་ཤེས་པས་རྩ་ཡི་མཚན་ཉིད་ཤེས། དེ་ཤེས་པས་ཡེ་ཤེས་ཀྱི་གནས་ས་ཤེས། དེ་ཤེས་པས་ལྟ་བ་རྟོགས་པའི་དགོས་པ་ཡོད་པ་གལ་ཆེའོ། ། ལུས་ནི་ལུས་ཆགས་པའི་མཚན་ཉིད་དང་། བསྐྱེད་པའི་དང་། ལུས་གྲུབ་ཅིང་གནས་པའི་འོ། །ལུས་ཆགས་པའི་ནི། ཚེ་གོང་མའི་ལུས་སེམས་བྱེ་ནས། སྔར་གྱི་ཞེན་པའི་ཡུལ་དང་བྲལ་ནས། ཆོས་ཉིད་བར་མ་དོ་ལ་རང་གི་སྣང་བ་རང་སྣང་དུ་མ་ཤེས་ཏེ། སྲིད་པའི་བར་དོ་ཞེས་བྱ་བ་དབང་པོ་ཀུན་ཚང་ཐོགས་མེད་ལྡན་པའི་ལུས་བླངས་ནས། རིག་བྱེད་འོད་ཀྱི་ལུས་སུ་གྲུབ་ནས་ཤེས་པ་ནི་དཔེར་ན་བྱ་སྒྲོ་རླུང་གིས་མཁའ་ལ་བཏེག་པ་ལྟ་བུར་འགྱུར་ཏེ། ཕར་ཕྱ་ཚུར་ཕྱ་གནས། ལུས་ནི་མེད་ཀྱང་ཡོད་པ་སྙམ་པ་དཔེར་ན་རྨི་ལམ་གྱི་ལུས་ལྟ་བུ་ཡོད་པའི་དུས་ན། ལས་ཀྱི་ལེན་པོ་བག་ཆགས་ཉིང་མཚམས་སྦྱོར་བ་ནི་ཐོག་མ་བསོད་ནམས་བསགས་ཤིང་ལས་བཟང་བ་རྣམས་རིགས་དང་ལྡན། འཁོར་དང་ལོངས་སྤྱོད་དུ་ལྡན་པའི་མངལ་དུ་འཇུག་གོ། །ལས་ངན་པ་རྣམས་ནི་ནོར་མེད་པ་དང་མ་དག་པའི་མངལ་དུ་འཇུག་གོ། །དེ་ཡང་ཕ་མ་རྒྱུ་རྐྱེན་དག་པའི་སྦྱོར་བའི་གསང་ལམ་ནས་ཞུགས་ཏེ། མངལ་དུ་ཚུད་པའི་ཚེ་སྤྱིལ་པོའི་ནང་དུ་ཚུད་སྙམ་པ་སྐྱེས་ཏེ། འདིའི་དུས་ན་མངལ་གྱི་རྒྱས་འཐུམས་ཏེ། འགྲོར་མེད་པའོ། །དེ་ནས་ཕའི་རྒྱུ་བྱང་སེམས་དང་། མའི་རྐྱེན་ཁྲག་གཉིས་མངལ་གནས་སུ་ཁྲག་དང་འོ་མ་འདྲེས་པ་ལྟར་མེར་མེར་བོར་ཞག་བདུན་དུ་འགྱུར་ཏེ། འདི་དུས་ཕ་མའི་བྱང་སེམས་གཉིས། བདག་ལུས་ལེན་པ་པོ་དེའི་རླུང་སེམས་གཉིས་ཏེ་བཞི་འདྲེས་པ་ལས། བདག་མེའི་དུས་སུ་སྨིན་ནོ་ཐོག་མའི་དུས་ལ་མངལ་དུ་ཞུགས་ནས། དེའི་ཚེ་ཡང་མའི་ལུས་ལ་ཡང་དྲོད་ཤིན་ཏུ་ཆེ་བ་གཅིག་འོང་བ་ནུར་བོའི་དུས་ན་རླངས་པའམ་དུ་བ་ལྟ་བུ་གཅིག་འོང་ངོ་། །དེ་ཡང་མེའི་སར་སྨིན་ན་སེར་པོ། ཆུའི་བར་ནག་པོར། རླུང་ལ་སྔོ་ཞིང་དམར་བར། མེ་རང་ལ་སེར་ཞིང་གསལ་བ་འོང་། དེ་བཞིན་དུ་ས་ལས་ཐིག་ལེ། ཆུ་ལས་ཆུ་བུར། རླུང་ལས་འབྱུང་བ་རྩའི་ཆ་དེ་དག་ཀྱང་ཁ་དོག་གོང་མ་རྣམས་རང་འདྲའོ། །དེ་དག་རྣམས་གཅིག་ཏུ་འདུས་པ་ལས་ལུས་ཀྱི་དབུས་སུ་ལྟེ་བ་ཞེས་བྱ་སྟེ། རྩ་ཤིན་ཏུ་ཕྲ་བ་རྟ་རྔ་ལ་སྟོང་དུ་བསིལ་བ་ཙམ་རབ་ཏུ་ཕྲ་བ་མང་པོ་འདུས་པ་དབྱིབས་གྲུ་གསུམ་པ་གཅིག་ཏུ་གྱུར་པའི་ཚེ། ཀུན་རྗོབ་ཀྱི་རྒྱུའི་རྣམ་པ་དེ་དག་ཀྱང་ནུར་ནུར་བོར་ཞག་བདུན་དུ་གནས་སོ། །འདི་ཡི་དུས་ན་ལྟེ་བའི་དབུས་སུ་ཀུན་རྫོབ་ཀྱི་འབྱུང་བ་བཞི་འདུས་པ། མིག་ཤིན་ཏུ་ཆུང་བ་ཏིལ་འབྲུ་ལ་སྟོང་དུ་བསྒོས་པ་ཙམ། རབ་ཏུ་གསལ་བ། འབྱུང་བ་སྨིན་པའི་རྩ་ཕྲ་མོ་བཞིས་ཕྱོགས་བཞི་ནས་སྦྲའི་ཐག་པ་ལྟར་བརྐྱང་བ་གཅིག་གི་ནང་ན། ཡེ་ཤེས་ཀྱི་ངོ་བོ་ཤིན་ཏུ་ཕྲ་ཞིང་རྟགས་དཀའ་བ་གཅིག་གནས་སོ། །དེ་ནས་འབྱུང་བ་སོ་སོ་ལས་ཀྱི་རླུང་གིས་བསྐྱོད་པས། དྲོད་ཀྱི་དྭངས་མ་ཤིན་ཏུ་སྲབ་པ་སྦྲང་བུའི་གཤོག་པ་ལ་བརྒྱར་གཤགས་པ་ཙམ། ཁ་དོག་དམར་བ་ནུབ་ཕྱོགས་ཀྱི་རྩའི་ནང་དུ་བསྐྱོད་ཅིང་ཆགས་པ་ནི་ཤེས་པའི་རྟེན་ཏེ། ཤེས་པའི་དྭངས་མ་ཤིན་ཏུ་འཕྲ་ལ་གསལ་བར་ཆགས་སོ། །འདིའི་དུས་ན་ལས་ཀྱི་རླུང་གིས་ཀུན་རྫོབ་ཀྱི་རྒྱུ་རྣམས་དཀྲུགས་པས། ཡང་ལན་ཅིག་དཀྲུག་གིས་འདྲེས་པས་ལྟར་ལྟར་བོར་ཞག་བདུན་གནས་ཏེ། འདི་དུས་སུ་ཤར་གྱི་རྩ་ནང་དུ་ལུས་ཀྱི་དྭངས་མ་ཁ་དོག་ནག་པ་སྔར་དང་འདྲ་བ་འདུས་པའི་ནང་དུ་ཐིག་ལེ་རབ་ཏུ་ཕྲ་བ་གཅིག་གནས་པ་ལ། བརྟེན་ནས་རྟོག་མེད་ཀྱི་ཤེས་པ་གནས་པའོ། །དེ་ནས་ལས་ཀྱི་རླུང་གིས་ཡང་ལན་ཅིག་དཀྲུགས་པས་འདྲེས་ཏེ་དེའི་དུས་ན་ལྷོའི་རྩ་ནང་དུ་ཤའི་དྭངས་མ་ཁ་དོག་དཀར་བའི་ནང་དུ་ཡིད་དང་སེམས་ཀྱི་རྟེན་ཐིག་ལེར་གནས་སོ། །ཡང་ལས་ཀྱི་རླུང་གིས་བསྐྱོད་པས་འདྲེས་པ་ལས་བྱང་གི་རྩ་ནང་དུ་དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཁ་དོག་སྔོ་ཞིང་དམར་བ་ཆགས་པ་ལས། ཡེ་ཤེས་དང་རིག་པའི་རྩལ་གསལ་བ་རང་ཤེས་དང་བཅས་པ་བརྟེན་ནས་གནས་སོ། །དེ་ཡང་རྟེན་དེ་དག་རེ་རེའི་ནང་ན་ནུབ་ཙ་ན་ཤེས་པ་དང་བློ་དང་དྲན་པའི་རྟེན། ཤར་ན་མ་རིག་པ་དང་ཉོན་མོངས་པའི་རྟེན། ལྷོ་ན་འགྱུ་བ་རང་ཡིད་ཀྱི་རྟེན། བྱང་ན་སེམས་དང་རྣམ་པར་རྟོག་པའི་རྟེན་དུ་ཡོད་པ་ནི། ཀུན་རྫོབ་ཀྱི་འབྱུང་བ་བཞི་ལ་སྒྲོན་མ་བཞི་བརྟེན་པའི་དུས་ནའོ། །དོན་དམ་གྱི་དུས་ན་སྒྲོན་མ་རང་གི་ངོ་བོར་བཞུགས་སོ། །དེ་ནས་ཡང་ལས་ཀྱི་རླུང་གིས་བསྐྱོད་པ་ལས་ཐམས་ཅད་སོ་སོར་ལན་གཅིག་བྱེ། དེ་ནས་འབྱུང་བ་ཆུའི་ལས་ཀྱིས་རང་བཞིན་དུ་བསྡུས་པ་ལས་འབྱུང་བ་སའི་བྱེད་པའི་ལས་ཀྱི་བཟུང་བས་ཡང་གོར་གོར་བུར་གྱུར་ཏེ། མེའི་ལས་ཀྱི་ཞག་བདུན་དུ་སྨིན་པར་བྱས་པའི་དུས་ན་འཁོར་ལོ་བཞིའི་རྩ་འདབ་རྣམས་དང་། དབང་པོ་རྣམ་ལྔའི་རྟེན་གྱི་རྩ་དང་བཅས་པ། བསྐྱེད་བྱེད་དང་པོའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི། འབྱུང་བའི་སྤྱན་དང་སྒྲོན་མའི་སྤྱན་གཉིས་གསལ་བ། དྲན་པ་འདུས་པར་སུམ་ཅུ་རྩ་གཉིས་སྤྱན་དང་བཅས་པ། དེ་ལས་འབྱུང་བ་མེས་སྨིན་པའི་འཕེལ་རོ་རྣམས་འདུས་པར་རྩ་བཅུ་དྲུག་སྤྱན་གཉིས་དང་བཅས་པར་བསྐྱེད། དེ་ལས་རྩེ་མོ་རྣམ་པར་བཀོད་པ་རྩ་འདབས་སུམ་བརྒྱ་དང་དྲུག་ཅུར་བཅས་པ་སྤྱན་གཉིས་དུས་སུ་སྨིན་པར་བྱས་སོ། །དེ་ནས་ཡང་ལས་ཀྱི་རླུང་གིས་བསྐྱོད་པ་ལས་ཡང་ཀུན་རྫོབ་ཀྱི་རྒྱུད་དེ་དག་སོ་སོར་ཕྱེ། ཆུས་གཅིག་ཏུ་བསྡུས། སས་འདྲེས་ཤིང་བཟུང་བས་འཁྲང་འགྱུར་ཞེས་བྱ་སྟེ་རབ་ཏུ་སྲ་བ་གཅིག་ཏུ་འགྱུར། དེ་ལ་མེས་སྨིན་པའི་ལས་བྱས་པས་དེ་དག་གི་དབུས་དྲང་པོར་རྩ་གསུམ་ཀ་བའི་ཚུལ་དུ་བསྐྱེད་ཅིང་སྨིན་པར་བྱས་སོ། །དེ་ནས་ཡང་སྔར་ལྟར་འབྱུང་བ་སོ་སོའི་ལས་ཀྱིས་འཁྲང་འགྱུར་ཀྱང་བཤིག་ནས་ཉའི་རྣམ་པ་ལྟ་བུ་ཆགས་གང་བ་གཅིག་ཏུ་རྒྱས་ཏེ། དེ་ལྟར་བདུན་གྱི་བར་ལ་འབྱུང་བ་ཆུས་གཅིག་ཏུ་བསྡུས་པས་གཟུགས་སུ་གྲུབ་ལ། སས་བཟུང་པས་ཐ་དད་དུ་མ་སོང་། དེ་ནས་མེས་སྨིན་པར་བྱས་ཏེ་དབང་པོ་ལྔའི་སྒོ་དོད་ནས་དབང་པོའི་རྟེན་དུ་བྱུང་། རླུང་གིས་སོ་སོར་ཕྱེ་བས་མིག་ལ་སོགས་པ་སོ་སོ་ནས་གསལ་བར་བྱས་སོ། །དེ་ནས་འབྱུང་བ་བཞིའི་ལས་དངོས་སུ་མེད་ཤུགས་སུ་བྱས་ནས། ཆུས་རླན་པའི་ལས་བྱས་པས་བསྐྱེད་ཅིང་འཕེལ་ཏེ་ཆེར་བྱས། སས་སྲ་ཞིང་བརྟན་པ་གཟུགས་སུ་གྲུབ་པའི་ལས་བྱས་དབྱིབས་རུས་སྦལ་ལྟ་བུར་བྱས། སོ་སོའི་མའི་ཁྱིད་གང་དུ་བྱས་སོ། །མེས་ཚ་ཞིང་སྲེག་པའི་ལས་བྱས་པས་ཡན་ལག་རྣམས་བསྐྱེད། རླུང་གིས་ཡང་ཞིང་བསྐྱོད་པའི་ལས་བྱས་པས་ཨ་བ་དྷུ་ཏིར་བཙུད་དོ། །འདི་ཡི་དུས་ན་ལུས་ཀྱིས་འཚོགས་པའི་ཆོས་རྟེན་འབྲེལ་དང་། འབྱུང་བ་དང་། ཉོན་མོངས་པ་དང་། ཡེ་ཤེས་ལ་སོགས་པ་ཀུན་བསྐྱེད་ཅིང་སྨིན་པའོ། །དེ་ནས་ཡང་འབྱུང་བ་ཆུས་དྲང་བའི་ལས་སུ་བྱས་པས་ནང་དུ་སྨིན་པའི་རྒྱུ་བྱས། སས་ལྕི་ཞིང་ཐེན་པའི་ལས་བྱས་པས་ཤ་ཁྲག་དངོས་སུ་གྲུབ་ནས་སྦལ་བའི་རྣམ་པ་ལྟ་བུ་མཐོ་གང་དུ་བསྐྱེད། མེས་ཚ་བའི་ལས་བྱས་པས་ཤེས་པ་གསལ་བ་དང་མི་གསལ་བ་དང་། ཡན་ལག་རྣམས་སུ་བྱས། རླུང་གིས་ཕྱེ་བས་ཡན་ལག་ལྔ་དང་དབང་པོ་ལྔ་དང་། དོན་སྣོད་ལྔ་དང་། རྣམ་ཤེས་བརྒྱད་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་སོ་སོ་ནས་གསལ་བ་དང་། བྱེ་བྲག་ཏུ་བྱས་པ་ནི་འབྱུང་བ་སོ་སོའི་བྱེད་ལས་དག་པ་དང་མ་དག་པའི་ཁྱད་ཡིན་པས། འགྲོ་བ་རྣམས་ལ་ཤེས་པ་ཆེ་ཆུང་དང་། དབང་པོ་དང་གཟུགས་དང་། ཡན་ལག་དང་། ཁ་དོག་དང་། དབྱིབས་དང་། བཀྲག་དང་གཟི་མདངས་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ཆེ་ཆུང་དང་། ལེགས་ཉེས་རྣམས་འབྱུང་བ་དག་པ་དང་མ་དག་པའི་ཁྱད་ལས་བྱུང་བའོ། །དེ་ཡང་རྒྱུ་གང་ལས་བྱུང་ན་སྔོན་དུ་མས་འབྱུང་བ་ལ་གནོད་པའི་བྱེ་བྲག་བྱས་པ་ལས་བྱུང་བའོ། །དག་པ་ནི་མས་འབྱུང་བ་བསྐྱེད་པའི་གྲོགས་སུ་འགྲོ་བའི་ལས་བྱས་པ་ལས་བྱུང་བའོ། །དེ་ནི་ལུས་སུ་ཆགས་པའི་མཚན་ཉིད་དེ། དེ་ལྟར་ཞག་བདུན་ཚན་བརྒྱད་དུ་ལུས་དང་དབང་པོ་རྣམས་རྫོགས་པར་བསྐྱེད་པ་ནི་དེ་ལྟར་ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་དྲུག་གིས་ལུས་སུ་ཆགས་པའི་ལས་བྱས། དེ་ནས་མས་ཟས་ཟོས་སྐོམ་འཐུང་བས་བསྐྱེད་ནས་ཡང་དེ་ཙམ་ཞིག་ན་ལུས་ཀྱི་ལྤགས་པ་དང་། བ་སྤུ་རྣམས་བསྐྱེད་ལ། ཉོན་མོངས་པ་བག་ལ་ཉལ་ལངས་པས་འགུལ་བའི་ལས་རླུང་གིས་བྱས། འཕྲིག་པའི་ལས་སས་བྱས། འགྱུ་བའི་ལས་ཆུས་བྱས། ཤེས་པ་མཆེད་པའི་ལས་མེས་བྱས། ཟླ་བ་གསུམ་དང་ཞག་ཉེར་གཉིས་ན་མའི་རུམ་དུ་ཤེས་པ་འགུལ་ཞིང་འཕྲིག་པ་བྱུང་། དེ་ནས་དེ་ཙམ་ཞིག་ན་ཟས་ཀྱི་རྣམ་པ་མྱོང་བ་ལ་སོགས་པ་བྱས་པས་དེ་བས་བཟུང་། ཡེ་ཤེས་བཅུད་དུ་སྨིན་པའི་ལས་བྱས། རླུང་གིས་དྭངས་སྙིགས་བྱེ་བས། ལུས་རྫོགས་ཏེ་ཡན་ལག་བསྐྱོད་ལུས་འགུལ་པའི་ལས་བྱས་སོ། །དེ་ནས་ཟླ་བ་གཉིས་དང་ཞག་དྲུག་ན་མངལ་ནས་ཐོན་པ་ཕན་ཆད་ནི་ལུས་སུ་གྲུབ་པའོ། །དེ་ནས་ཇི་སྲིད་གནས་པའི་བར་དོ་ལ་ལུས་བླངས་པ་སྟེ། དེ་ལྟར་ལུས་རྫོགས་པའི་ལྟེ་བ་ལ་དྲན་པ་བསྐྱེད། དེ་ནས་རོ་རྣམས་བསྐྱེད། དེ་ནས་རྩེ་མོ་རྣམ་པར་བཀོད་པ་བསྐྱེད་པའི་འཁོར་ལོ་ལས་དབང་པོ་ཡུལ་ལ་འཆར་བའི་རྩ་བཞི་དབང་པོ་སོ་སོའི་སྒོ་ལ་ཟུག་ནས་ཡོད་ལ། དེ་ལས་ཀྱང་འདི་དག་ལས་གཡས་སུ་གལ་ཏེ་སྐྱོན་ཡོན་དབང་པོ་དྭངས་འབྱེད་ཞེས་པའི་རྩ་ཁུག་པ་གསུམ་ཡོད་པ་དབྱིབས་བ་མེན་གྱི་རྭ་དང་འདྲ་བ་རྩ་བ་འཕྲ་བ་ཁ་ཆེ་བའི་དཀྱིལ་དུ་མིག་གི་ཨ་འབྲས་ཞེས་བྱ་བ། དཀར་ནག་ཕྱེད་མ་ཆུའི་རང་བཞིན་དུ་བསྐྱེད་པ་ལས་སྨིན་པའོ། །དེ་ལ་བརྟེན་ནས་དོན་དམ་གྱི་འབྱུང་བ་བཞི་ལས་སྐྱེས་པའི་སྒྲོན་མ་བཞིར་སྣང་བའོ། །དེ་དག་ཀྱང་དཀྱུས་དང་སྦྱར་ན་ཐོག་མ་སྲིད་པའི་བར་དོ་ལས། རང་གི་ལུས་བསྐྱེད་པ་ནི། ལས་ཀྱི་མཚམས་སྦྱར་བ་གོང་དུ་བཤད་ལ། དེ་ནས་ལས་དག་པ་ཕ་མ་ལོངས་སྤྱོད་དང་ལྡན་པའི་མའི་མངལ་དུ་ཞུགས་པའི་ཚེ་སྤྱིལ་པོར་ཚུད་པ་དང་འདྲ། ལུས་སུ་ཆགས་པ་ནི་ལུས་ཀུན་གྱི་ཐོག་མ་རུ་གང་ཆགས་ན་ལྟེ་བའི་རྩ་མདུད་ཆེན་པོ་ལས་འབྱུང་བ་བཞི་པོ་སོ་སོའི་སྨིན་པའི་མཚན་ཉིད་རྩ་བཞི་འདུས་པའི་དབུས་ཀྱི་རྩ་མདུད་གྲུ་གསུམ་ཉིད་དུ་ཡང་། བདག་གི་རླུང་སེམས་དང་ཕ་མའི་རྒྱུ་རྐྱེན་དྭངས་མ་དང་བཞི་འདྲེས་པ་ལས། མེར་མེར་པོ་ལ་སོགས་པར་བསྐྱེད་པའི་དབུས་སུ་ལྟེ་བར་ཀྱང་མིག་གི་འབྲས་བུ་ཉིད་དུ་ཆགས་པས། དེ་ལྟར་ཞག་དང་ཟླ་བས་ལུས་རྫོགས་པར་གྱུར་པའི་ཀླད་པ་དུང་ཁང་དཀར་པོ་ནས། སྐྱོན་ཡོན་དབང་པོ་དྭངས་བྱེད་གཡས་སུ་འཁྱིལ་བ་གསུམ་ཡོད་པས། རྩ་ནི་བ་མེན་གྱི་རྭའི་དབྱིབས་དང་འདྲ་བ། དབང་པོའི་དྭངས་མ་ཀུན་འདུས་ནས། དོན་དམ་གྱི་འབྱུང་བའི་ལས་བྱེད་པ་ནི་དབང་པོའི་ཡུལ་ལ་འཆར་བར་བྱེད་པའི། རྩའི་ནང་ན་འདི་ཉིད་གནས་པ་ནི། དེ་ཡང་ཕའི་རྒྱུ་དང་མའི་རྐྱེན་གྱི་ཆ་གཉིས་ལས། བསྐྱེད་པས་མིག་དཀར་ནག་འདྲེས་པ་ཉིད་དུ་འཁོར་འདས་གཉིས་དོན་དམ་ཀུན་རྫོབ་ཀྱི་འབྱུང་བའི་ཆ་ནས་བྱུང་བའི། དེས་བསྐྱེད་པ་དང་འབྲེལ་བ་བསྟན་ནས། ༈ །ད་ནི་དྲིས་ལན་བདུན་པ་སྒོ་གང་ནས་འཆར་བ་བསྟན་པ་ནི། འཆར་བའི་སྒོ་ནི་མིག་ཉིད་རང་ཞེས་པ་གོང་དུ་བཤད་ཟིན་ཏོ། །དེ་ལྟར་གསུམ་གྱིས་འཆར་སྒོ་བཤད་ནས། ད་ནི་དྲིས་ལན་བརྒྱད་པ་མཐུན་པའི་དཔེ་བསྟན་པ་ནི། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡི་ཞེས་པའི་ཚིག་བཅད་དྲུག་གིས་བསྟན་ཏེ། དཔེར་ན་གླང་པོ་ཆེ་གཟུགས་ཆེ་ལ་སྟོབས་ཆེ་ཡང་འཛིན་པར་བྱེད་པ་ལ་ལྕགས་ཀྱུ། གང་འདུལ་བར་སྣང་བ་དེའི་སྣ་ནས་བཟུང་བས་སྟོབས་ཆེ་ཡང་འགྲོ་མི་ནུས་པར་འཛིན་པ་བཞིན་དུ། འཁོར་བ་སྤངས་དཀའ་བ་དང་མྱ་ངན་ལས་འདས་པ་སྒྲུབ་དཀའ་བའི་ཆོས་གཉིས་ཀ་རྒྱང་ཞགས་ཆུའི་སྒྲོན་མས་སྣང་བ་གཉིས་བཟུང་ནས། འཁོར་བ་རང་བཞིན་མེད་པར་ཤེས། མྱ་ངན་ལས་འདས་པ་ལ་རེ་བ་མེད་པར་ཤེས་པ་ནི་སྒྲོན་མ་འདི་ཡིས་འཛིན་པར་བྱེད་པ་ཡིན་ནོ། །དེ་ནི་མཐུན་པའི་དཔེ་བསྟན་ནས། ད་ནི་དྲིས་ལན་དགུ་པ་རྒྱང་ཞགས་ཆུའི་སྒྲོན་མའི་ཚད་ཚིག་གིས་བསྟན་པ་ནི། སྒྲོན་མས་སྣང་བར་བྱེད་དོན་བྱེད་ཀྱིས་ཞེས་པ་ལ་སོགས་པས་བསྟན་ཏེ། སྒྲོན་མས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀའི་སྣང་བ་སྟོན་པར་བྱེད་ལ། དེ་ཡང་འཁོར་བའི་ཆ་ནས་ཡུལ་གཟུགས་སུ་སྣང་བ་དང་། དེའི་དོན་རིག་པ་ནི་ལྷག་མཐོང་གི་རིག་པ་ཡང་དག་པ། རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བའི་ཚད་འཛིན་པ་ནི་རྒྱང་ཞགས་ཆུའི་སྒྲོན་མ་ཉིད་ཡིན་པར་བསྟན་པའོ། །དེ་དག་གིས་ལེའུའི་གཞུང་བསྟན་ནས། ད་ནི་ལེའུའི་མཚན་བསྟན་ཏེ། ཞེས་ཚིག་དང་ཡི་གེ་འོ། །སྒྲོན་མ་འབར་བའི་རྒྱུད་ནི་མཚན་གྱི་སྐབས་སུ་བསྟན། ལས་ནི་ཁྱད་པར་དུ་རྒྱང་ཞགས་ཆུའི་སྒྲོན་མ་བསྟན་པ་ནི་གོང་དུ་རྒྱས་པར་བཤད་ཟིན། ལེའུ་ནི་གཞུང་གི་སྡེའི་ཚིག་དུམ་བུར་གཅོད་པར་བྱེད་པའོ། །དང་པོ་ནི་སྔོན་མ་དང་། ཐོག་མ་དང་། དོན་གྱི་གྲངས་ཀྱི་གཞི་འཛིན་པ་ཞིག་ཞེས་པའོ། ༈ །ད་ནི་ལེའུ་གཉིས་པའི་ཚིག་དོན་མུ་ཏིག་གི་ཕྲེང་བ་བརྒྱུས་པ་ལྟར་སྟོན་ཏེ། ལེའུ་འདི་ལ་བསྡུས་པའི་དོན་དགུས་བསྟན་པའི་དང་པོ་ཞུ་བ་མདོར་བསྟན་པ་ནི། དེ་ནས་རྒྱུ་དག་རྡོ་རྗེ་འཆང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལེའུ་དང་པོ་བཤད་པའི་དེ་ནས་རྒྱུ་དག་རྡོ་རྗེ་འཆང་ནི་སྡུད་པ་པོའི་མིང་། སྔར་སྟོན་པ་ཉིད་ཀྱིས་གསུངས་པའི་དོན་སྡུད་པ་པོའི་བློར་ཚུད་ནས། ད་ཡང་ནི་ཚིག་གིས་འདི་སྐད་ཅེས་སྟོན་པས་གསོལ་ཏོ། །བདག་དང་གཞན་གྱི་དོན་དུ་ཀྱེ་ཀྱེ་ཞེས་བོས་ནས། བཅོས་པ་ནི་རྒྱུ་བདག་ཏུ་འཛིན་པ་མེད་པས་རྒྱུའི་མ་རིག་པ་བཅོམ། ཐིག་ལེ་ཉག་གཅིག་ཟླ་དང་བྲལ་བས་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ། ཚིག་ཏུ་འཛིན་པའི་ཞེན་པ་ལ་མི་གནས་པས་ཀུན་ཏུ་བཏགས་པའི་མ་རིག་པ་བཅོམ། ལ་དེ་ལྟར་བཅོམ་པ་རྒྱུ་མེད་ཀ་དག་པའི་ཡེ་ཤེས་དང་ལྡན་ཏེ་རང་མ་བཅོས་པར་གནས། སྐྱེ་མེད་གྲོགས་སུ་ཤེས་པས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་ལྡན་ཏེ། རང་བཞིན་འགག་མེད་དུ་གནས། གདག་བྱ་མིང་དུ་མ་གྲུབ་པས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དང་ལྡན་ཏེ་བདག་ཉིད་ཆེན་པོར་མིང་འགྱུར་བར་གནས་པས་ལྡན་ཞེས་བྱའོ། །རྡོ་རྗེ་རིག་པ་དང་ཡེ་ཤེས་འཆང་བ་དེ་གཉིས་དང་རྒྱུན་དུ་མི་འབྲལ་བར་གནས་པའོ། །དེ་སྐད་བོས་ནས་སྔར་སྟོན་པ་ཉིད་ཀྱིས་གསུངས་པ་ལས། བདག་ནི་དོན་དམ་པའི་ངེས་པ་རྙེད་ལགས་པས། ད་མ་འོངས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བདག་ཞུ་བ་བྱེད་པས། རྒྱང་ཞགས་ཆུའི་སྒྲོན་མ་དེ་ལྟར་ལགས་ན་སྟོན་པ་ཉིད་ཀྱིས་གོང་དུ་ལེའུ་དང་པོའི་མདོར་བསྟན་གྱི་སྐབས་སུ་གསུངས་པའི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བགྱི་བ་གཅིག་གསུངས་པའི་དོན་དེ། གོང་དུ་མདོར་བསྟན་པའི་སྐབས་སུ་གོ་དགོས་ཏེ། མ་འོངས་པའི་སེམས་ཅན་གྱི་དོན་དུ་བདག་ཉན་པར་འཚལ་བས། དེའི་ངོ་བོ་ཇི་ལྟ་བུ་ལགས། དེ་བཞིན་དུ་ངེས་པའི་ཚིག་གི་རྣམ་པ་གང་ལགས། དེ་ལ་དབྱེ་བ་དུ་ཡིས་བསྟན་པ་ལགས། སྒྲོན་མ་འདི་ཡི་མཚན་ཉིད་ཇི་ལྟ་བུ་ལགས། སྒོ་ནི་གང་ལས་འཆར་བར་བྱེད་ཅིང་སྣང་བ་ལགས། དེ་བཞིན་དུ་དེ་གནས་པ་གང་ཞིག་ན་གནས་པ་ལགས། དེ་དགོངས་པའི་ཚད་རྣམས་ཇི་ལྟ་བུ་ལགས། སྒྲོན་མ་འདི་ལ་མཐུན་པའི་དཔེ་གང་གིས་མཛད་པ་ལགས། སྟོན་པ་ནི་བོད་པ་ཐུགས་རྗེ་ནི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཕྱོགས་མེད་རང་ཤུགས་སུ་འཆར་བ་དང་། རྐྱེན་ཡུལ་དང་ཕྲད་པའི་ཐུགས་རྗེ་རྒྱུ་རྐྱེན་དག་པ་ལས་འཆར་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་མོས་གུས་དང་ལྡན་པ་འཆར་བ་ཆེན་པོ་ལ། འདི་ཀུན་སེམས་ཅན་གྱི་དོན་དུ་གཉན་པར་འཚལ་བས་དེ་དག་རྣམས་གསུང་བར་ཞུས་པའོ། །དེས་ནི་དྲི་བ་མདོར་བསྟན་ནས། ད་ནི་ལན་རྒྱས་པར་འཆད་དེ་དེ་དག་ལས་ཀྱང་དྲིས་པ་དང་པོའི་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོའི་ལན་རྒྱས་པར་བསྟན་པ་ནི། དེ་ནས་སྟོན་པས་ཡང་གསུངས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་པའི་དེ་ནས་སྟོན་པ་རྡོ་རྗེ་འཆང་གིས་རྒྱུ་དག་པའི་རྡོ་རྗེ་འཆང་ལ་ཡང་ཤེས་རབ་རང་བྱུང་གི་སྒྲོན་མ་གསུངས་པ། ཀྱེ་མ་རྒྱུ་དག་པའི་རྡོ་རྗེ་འཆང་ཞེས་སྡུད་པ་པོ་ལ་བོས་ནས། ང་ཡིས་སྤྱིར་ཤེས་རབ་རང་བྱུང་གི་སྒྲོན་མ་བསྟན་གྱིས། བྱེ་བྲག་དེའི་ངོ་བོ་བསྟན་གྱིས། ཁྱོད་ཀྱིས་ཡང་དག་པའི་ཤེས་རབ་ཀྱིས། ཚིག་འདི་ཀུན་འཁྲུལ་པ་མེད་པར་ཟུང་ཞིག་ཅེས་ཉན་པར་བསྐུལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་ནི་ཤེས་པའི་དྭངས་མས་ཏེ། འདི་ནི་སྒྲོན་མ་བཞི་པོ་ཐམས་ཅད་ཀྱི། ཤེས་བྱེད་ཉིད་དུ་གནས་པས་ན། འདི་མེད་ན་དོན་གྱི་རྟོགས་པ་མི་སྐྱེའོ། །དེའི་ཕྱིར་ན་འདི་སྒྲོན་མ་ཀུན་གྱི་ཆ་ལ་འདི་ཉིད་གནས་པས། རྩའི་ནང་ཤེས་རབ་བཞིར་གནས་པ་ནི་འབྱེད་པར་བྱེད་པའི་ཤེས་རབ་ལ་སོགས་པའོ། །དེ་ལྟར་བཞི་པོའི་ལས་ཀྱིས་ཅི་བྱེད་ན། ཚིག་གི་མཐའ་ཐམས་ཅད་འབྱེད་པ་མེད་པའི་ངང་དངོས་པོ་འདུག་ཚུལ་དུ་གནས་པར་བྱེད་པའོ། །ཆ་ཕྲ་ནི་ཤེས་རབ་ཀྱི་ཐོག་མ་ཚིག་གི་སྒྲོ་འདོགས་ཆ་ཕྲ་མོ་ཐམས་ཅད་བཅད་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་དེ། ཐ་མ་འཁྲུལ་པའི་རྣམ་རྟོག་ཆ་ཙམ་ཡང་མེད་པར་བྱས་ནས། ཚིག་གི་ཞེན་པ་དང་བྲལ་བ་ནི་ཤེས་རབ་ཀྱི་ངོ་བོར་ནི། ཡེ་ཐོག་མ་ནས་དེ་ལྟར་གནས་པ་ཡིན་པས། ད་བློས་སྒྲོ་གདགས་སུ་མེད་པར་ཤེས་ཙམ་ན་ཤེས་རབ་སྐྱེས་པའོ། །དེས་ནི་དྲི་བ་དང་པོའི་ལན་ཤེས་རབ་ཀྱི་ངོ་བོ་བསྟན་ནས། ད་ནི་དྲིས་ལན་གཉིས་པ་དེས་ཚིག་བསྟན་པ་ལ་ནང་གསེས་ཀྱི་དོན་ལྔ་ཡོད་པ་ལ་དང་པོ་ཤེས་པའི་ངེས་ཚིག་བསྟན་པ་ནི། ཤེས་པ་དངོས་དང་དངོས་མེད་པའི་ཞེས་པ་ལ་སོགས་པས་བསྟན་པ་ཡིན་ཏེ། ཞེས་པ་ནི། དག་པའི་ཤེས་པ་དང་། མ་དག་པའི་ཤེས་པའོ། །མ་དག་པའི་ཤེས་པ་ནི། འཁྲུལ་པའི་ཤེས་པ་དང་། ཐེ་ཚོམ་གྱི་ཤེས་པ་དང་། ཡིད་གཉིས་དང་། ཡིད་དཔྱོད་ཀྱི་ཤེས་པ་དང་། ལོག་པའི་ཤེས་པའོ། །འཁྲུལ་པ་ནི་དེ་མ་ཡིན་ལ་དེར་འཛིན་པ་རྣམས། ཐེ་ཚོམ་ནི་མཚན་ཉིད་གཏན་ལ་མ་ཕེབས་པའོ། །ཡིད་གཉིས་ནི་བློ་རྩེ་གཉིས་པ་རྣམས། ཡིད་དཔྱོད་ནི་ཚིག་གི་མཐའ་ལ་སྒྲོ་འདོགས་པ་སྟེ། མིན་པ་ལ་ཡིན་པར་སྒྲོ་འདོགས་དང་། ཡིན་པ་ལ་མིན་པར་སྒྲོ་འདོགས་པ་རྣམས་དང་། སྙམ་བྱེད་དུ་མ་རྣམས་ཡིན་ནོ། །ལོག་པ་ནི་ཤེས་བྱ་ཕྱིན་ཅི་ལོག་ཏུ་རྟོགས་པ་རྣམས་ཏེ། གྲུབ་པའི་མཐའ་དང་། དངོས་པོ་ལ་ཕྱིན་ཅི་ལོག་ཏུ་རྟོགས་པ་རྣམས་སོ། །དེ་དག་ནི་མ་དག་པའི་ཤེས་རབ་འཇིག་རྟེན་ལས་མི་འདའ་འོ། །ཡང་དག་པའི་ཤེས་པ་ནི་ཤེས་པར་བྱ་བའི་ཡུལ་མངོན་གསུམ་དུ་རྟོགས་པ་དང་། རྒྱབ་ཐོབ་ཏུ་རྟོགས་པ་གཉིས་ཡིན་ནོ། །དེས་ན་འཁོར་བ་ལ་བརྟེན་ནས་དངོས་དང་འདི་ཉིད་སྤང་དུ་མེད་པར་འདི་རང་མངོན་སུམ་དུ་རྟོགས་པའོ། །དངོས་མེད་ནི་མྱ་ངན་ལས་འདས་པའི་ལམ་རྣམས་ཀྱི་མཚན་ཉིད་ཤེས་པས་རྒྱབ་ཐོབ་བོ། །དེ་ཡང་མ་དག་པའི་ཤེས་པ་འདི་ལྟར་སྣང་བ་ཀུན་ལ་རབ་ཏུ་ཞུགས་ནས་རྣམ་པར་མ་དག་པའི་གཞི་དང་ལམ་དང་འབྲས་བུ་དག་ཏུ་འགྱུར་ལ། ཡང་དག་པའི་ཤེས་པ་ནི་སྣང་བ་ལ་ཞུགས་ནས་དེའི་དོན་ཡང་དག་པར་ཤེས་པས། ཆོས་སྤྱི་ཡི་དོན་རྣམས་མ་འཁྲུལ་བར་ཡང་དག་པར་ཤེས་པ་གྲུབ་པའི་མཐའ་གཞན་གྱི་ཚིག་སྤྲོས་པ་ཆོད་དེ། ཚིག་ལ་ཞེན་པའི་རྣམ་པར་རྟོག་པ་མེད་པ་དང་། དེ་བཞིན་དུ་ཆོས་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པས། རང་གི་ཞེ་འདོད་དང་གྲུབ་པའི་མཐའ་རྣམས་ཞི་གནས་འཁྲུལ་པ་དང་ག་ལ་སྲིད་དེ། ཆོས་ཙམ་དུ་འཛིན་པའི་ཞེན་པ་ལས་གྲོལ་ཏེ། ཆ་ཙམ་ཡེ་ནས་བཞག་པའི་རྡོ་རྗེ་བརྟེན་པ་ནི། ཡང་དག་པའི་ཤེས་པས་ཏེ། འདིས་རང་གི་གཞི་གནས། གསུམ་དང་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་སྟེ། དེ་ལྟར་ཡེ་ཤེས་དགུ་ལ་མངོན་གསུམ་དུ་སྤྱད་པས་དབྱིངས་དང་རིག་པ་ཚད་རྣམས་ཤེས་པ་ཡིན་ནོ། །དེས་ནི་ཤེས་པའི་ཚིག་བསྟན་ནས། ད་ནི་རབ་ཡིན་པར་བསྟན་པ་ནི། རང་བཞིན་དག་པའི་ཆོས་སྐུ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། རང་ནི་དངོས་ལ་བཞིན་ནི་དེའི་སྣང་ཆའམ་ཡོན་ཏན་ཏེ། དག་པའི་ནི་དྲི་མའི་མཐའ་ལས་འདས་པ། ཆོས་ནི་སྤྱི་དང་རང་གི་མཚན་ཉིད་སྐུ་ནི་དེ་གཉིས་ལས་གྲུབ་པའོ། །སུས་ནི་སྔར་ལམ་གསུམ་གྱི་སེམས་སུས་ཀྱང་མ་རྙེད་པ་དེ། ཤེས་པ་ཡང་དག་པ་དེས་རང་རིག་པས། མ་དག་པའི་ཤེས་པ་དང་། འཁོར་བའི་ཤེས་རྟེན་ཀུན་ལས་ཁྱད་པར་དུ་འཕགས་པས་ཤེས་རབ་རྣམས་ཀྱི་ནང་ནས་རབ་ཅེས་བྱ་སྟེ་འབྲས་བུ་སངས་རྒྱས་ཀྱི་དོན་ཤེས་པས་ཕུལ་ཞེས་བྱ། གོང་ན་མེད་པ་ཞེས་བྱ་སྟེ། ཚིག་གི་མཐའ་དང་སྣང་བའི་མཐའ་ལས་འདས་པའོ། །དེ་ནི་རབ་ཀྱི་ངེས་ཚིག་བསྟན་ནས། ད་ནི་དེ་ལྟར་ཤེས་པའི་རབ་དེ་གཞན་མ་ཡིན་པར་བསྟན་པ་ནི། གཞན་གྱིས་ནི་དེ་ལྟར་ཤེས་ན་རྟོགས་པའི་རབ་དེ་བདག་ཉིད་ཀྱིས་ཤེས་པ་ལས་གཞན་གྱིས་ཤེས་པ་མ་ཡིན་པས་དེ་ལྟ་བུའི་རབ་ལ་སེམས་ཅན་སྤྱིས་དཔྱད་པའི་གནས་མེད་པས་ན། དེ་གཞན་རྒྱུད་ལུང་གི་ཚིག་དང་བླ་མའི་མན་ངག་ལས་ཀྱང་མ་བྱུང་སྟེ་རང་ལས་ཤར་བས་དེ་ལྟར་ཤར་བ་དེ་དགོང་མའི་གཞན་རྐྱེན་ལ་ཡང་མི་བརྟེན་ཏེ། ཡང་དག་པའི་ཤེས་པས་ཆོས་རང་གི་མཚན་ཉིད་ཙམ་ཀྱང་མི་སྣང་བར་ཤེས་པའི་ཕྱིར་དང་། དེ་ཡང་བདག་རྒྱུད་རྩོལ་བཅས་མ་བརྟེན་ནས་གློ་བུར་དུ་སྐྱེས་པ་མ་ཡིན་ཏེ། ཡེ་ནས་ཡང་དག་པའི་ཤེས་རབ་ཀྱི་ཡུལ་ཡིན་པས། དེ་བློ་དང་མ་དག་པའི་ཤེས་པ་ལ་སོགས་པ་གཞན་གྱི་ཡུལ་མིན་པས་རང་ཞེས་བྱ་ཡིན་ཏེ། གཉེན་པོ་གཞན་ལ་རག་མ་ལུས་ཏེ་ཚིག་གི་མཐའ་ལས་གྲོལ་བའི་ཕྱིར་རོ། །དེ་ཡང་གཉེན་པོ་ཚིག་དང་མ་བྲལ་གྱི་བར་ཇི་སྲིད་དུ་བློ་ལས་ཤེས་རབ་མ་ཡིན་ནོ། །དེས་ནི་ཤེས་རབ་གཞན་མ་ཡིན་པར་བསྟན་ནས། ད་ནི་དེ་ལྟར་གཞན་ལ་ཡིན་པར་རྒྱུ་རྐྱེན་དང་རྩོལ་གྲུབ་དང་བྲལ་བར་བསྟན་པ་ནི། བྱས་པས་ནི་སྣང་བ་ལ་བརྟགས་དཔྱད་བྱས་པ་དང་། ལུས་ངག་གི་རྩོལ་བ་བྱས་པ་དང་། འདུས་བྱས་ཀྱི་དགེ་བའི་རྩ་བ་བྱས་པས་ཡང་དག་པའི་ཤེས་རབ་གཞན་མ་ཡིན་པ་འདི་ཡི་དོན་སུས་ཀྱང་རྙེད་པ་མེད་དོ། །དེ་ཅིའི་ཕྱིར་བྱས་པས་མི་རྙེད་ན་ཡེ་ནས་གནས་པའི་དོན་ཀྱང་དེ་ཉིད་ནས་སུ་ལ་ཡང་རེ་བ་མེད་པས་དེ་ལ་ལྟོས་པའི་དགོས་པ་ཡོད་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ན་ཤེས་རབ་སྟོང་པ་གཞན་མེད་འབྱེད་པར་མེད་པ་དེ། ཡེ་ནས་རང་སྣང་དུ་ཡོད་པས། ཤར་བ་ཐམས་ཅད་རང་ཤར་ཡིན། དེ་ལྟར་ཤར་བས་གྲོལ་བ་ཐམས་ཅད་རང་གྲོལ་ལ། དེ་ལྟར་གྲོལ་བ་དེ་སུས་ཀྱང་བྱས་པ་མེད་པས་ན་རང་བྱུང་བས་ཏེ། དེ་གང་ལས་བྱུང་ན་དངོས་པོ་གཤིས་ཀྱི་འདུག་ཚུལ་ལས་བྱུང་ཤེས་པ་ཐམས་ཅད་ཀྱི་ནང་ནས་རབ་ཅེས་བྱའོ། །དེས་ནི་རྒྱུ་རྐྱེན་དང་བརྩོན་འགྲུས་དང་བྲལ་བར་བསྟན་ནས། ད་ནི་དེ་ལྟར་བྱས་པ་ལས་མ་བྱུང་བའི་ཤེས་པ་དེ་གཉིས་སུ་མེད་ཅིང་ཀུན་ལ་ཁྱབ་པའི་ངེས་ཚིག་བསྟན་པ་སྒྲོན་མས་ནི་འཁོར་བའི་རྣམ་རྟོག་གི་མུན་པ་བསལ་ནས་ཆོས་ཉིད་རྣམ་པར་དག་པའི་སྣང་བ་ཐམས་ཅད་སྟོན་པར་བྱེད་ཅིང་། སྣང་བ་དང་། སྟོང་པ་དང་། ཡོད་པ་དང་། མེད་པ་དང་། ཡིན་པ་དང་། མིན་པ་དང་། རྟོགས་པ་དང་མ་རྟོགས་པ་ལ་སོགས་པ་ཀུན། གཉིས་སུ་མེད་པར་ཤེས་པ་རང་གི་ངོ་བོ་ལ་སྣང་ལ་གཞན་ལ་མ་ཁྱབ་བམ་ཞེ་ན། ཁྱབ་ཏེ་མཐོ་རིས་ངན་སོང་ཡོད་ཐོས་སྣང་གྲགས་ཐམས་ཅད་ལ་ཤེས་རབ་རང་བྱུང་རང་ཤར་དུ་ཁྱབ་པས་ལས་ནི་སོ་སོ་རང་རང་གི་ངོ་ལ་ཁྱབ་པས་སོ། །དེ་ཡང་ཤེས་རབ་ཀྱི་ཁྱབ་བྱེད་ནི་རིག་པའི་རང་ངོ་ལ་ཁྱབ་པ་ཡིན་ནོ། །དེ་དག་རྣམས་ཀྱིས་ནི་དྲིས་ལན་གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་ངེས་ཚིག་བསྟན་ནས། ༈ །ད་ནི་དྲིས་ལན་གསུམ་པ་དབྱེ་བ་བསྟན་པ་ནི། དབྱེ་བ་རྣམ་པ་ལྔ་ཡིན་ཏེ། །ཞེས་པ་ལ་སོགས་པས་བསྟན་ཏེ། དེས་མདོར་བསྟན། རྒྱས་པར་དབྱེ་ན་རང་གི་ལུས་ཀྱི་གཞི་ལ་གནས་པའི་ཤེས་རབ་ནི་སུས་ཀྱང་བྱས་པ་མེད་པར་ཡེ་ནས་རང་བྱུང་ཤེས་རབ་ལྔར་སེམས་ཅན་ཀུན་གྱི་ཙིཏྟ་ན་གནས་པ་ཡིན་ནོ། །འདི་ཡང་ལུས་ལ་གནས་པའི་དུས་ན། རྩ་བཞི་དབུ་མ་དང་ལྔ་ན་གནས་ཏེ། འབྱེད་པར་བྱེད་པའི་ཤེས་རབ་ཞེས་བྱ་བ་ཚིག་གི་མཐའ་ཕྱེད་པར་བྱེད་པ་གཅིག་ཏུ་གནས་པས་ཚིག་གི་ཚད་ཟིན་པའོ། །སྡུད་པར་བྱེད་པའི་ཤེས་རབ་གནས་པ་ནི་ཚིག་གི་སྤྲོས་པ་བཅད་ནས་དོན་གཅིག་ཏུ་སྡུད་པར་བྱེད་ལ། གནས་པར་བྱེད་པའི་ཤེས་རབ་ཀྱིས་དོན་ལ་གནས་པ་ལས་མི་འདའ་བ་བྱེད། བསྐྱོད་པར་བྱེད་པའི་ཤེས་རབ་ཀྱིས་ནམ་མཁའ་རྣམ་པར་དག་པ་ལ་རིག་པ་འཛིན། སྒྲོལ་བར་བྱེད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་སྲོག་གཅོད་པར་བྱེད་པས་ཏེ། ཐབས་དང་བསྟུན་ནས་གནད་གང་ལ་ཡང་ཞེན་པའི་རྒྱུན་ཆད་དེ། མི་གནས་པས་ཆོས་ཀྱི་སྲོག་ཆོད་པ་ཡིན་ནོ། །དེ་ལྟར་ལྔ་གང་ལ་བརྟེན་ཅིང་ལས་གང་བྱེད་ན་ཆུས་ནི་འབྱུང་བ་རྡོས་བཅས་ཀྱི་དང་། རིག་བྱེད་ཡིད་ཀྱི་དང་། སྣང་བ་འོད་ཀྱི་དང་། ཤེས་བྱ་སྟོང་པ་ལ་སོགས་པ་དང་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་རྟེན་རྣམས་བྱེད་པའོ། །དེའི་ཡུལ་ནི་ཚིག་གི་སྤྲོས་པ་གཅོད་དོ། །སྣང་བ་ནི་ཆོས་ཉིད་སྣང་བ་ཅེར་གྱིས་མངོན་སུམ་དུ་འཛིན་པ་ནི། མིག་གི་སྒོ་དབང་པོའི་ཆ་ལ་སྣང་བའི་ཤེས་རབ་ཀྱིས། ཡིད་དཔྱོད་ཀྱིས་བརྟག་ཏུ་མེད་པར། མངོན་སུམ་དུ་དབྱིངས་རྣམ་པར་དག་པ་རང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གཉིས་མེད་དུ་གནས་པར་བྱེད་པས། མདུན་པ་ནམ་མཁའ་འཛིན་པ་ཤེས་རབ་དེའི་ཡུལ་རིག་པ་མངོན་སུམ། དྲན་པ་ནི་ཡེ་ནས་ཡོད་པ་མ་ཡིན་ཏེ། ཤེས་པ་གློ་བུར་བ་ཡིན་ཏེ། གློ་བུར་དུ་དྲན་ཚད་རང་བཞིན་མེད་པར་ཤེས་ན་ཤེས་རབ། དེ་ཆོས་སུ་ཁྱེར་ན་དྲན་པ། དེ་འགགས་པ་མེད་པའི་ཤེས་པ་ཐ་དད་དུ་ཤར་བ་དེ་ལ་ཆོས་སུ་བྱས་ན་ཆོས་ལ་ཐུག་པ་མེད་པར་འགྲོ་ལ། དེ་ཤེས་རབ་ཏུ་འགྲོ་བ་ནི་བླ་མའི་མན་ངག་བརྗེད་པ་མེད་པར་རྒྱུད་ལ་བརྟེན་པས་ཤེས་རབ་ཏུ་འགྲོ་བ་ནི་དྲན་པ་གློ་བུར་བ་ཡིན་པར་ཤེས་པས། གློ་བུར་གྱི་ཤེས་པ་ཐ་དད་པ་ལ་སེམས་མི་འཇུག་པས། ཤེས་པ་གློ་བུར་བ་ལ་མི་གནས་རྩེ་གཅིག་ལས་ཡུལ་རྐྱེན་གློ་བུར་དུ་སྣང་བའི་ཕྱོགས་ཀྱི་ཡུལ་ལ་བརྟེན་ནས་བྱུང་བ་རྣམས་ལ་མི་གནས་པར་ངོ་བོ་ཉིད་མེད་ཐིག་ལེ་ཉག་གཅིག་ཏུ་བསྡུས་པས། ཤེས་རབ་སྟེ། འདི་ཡི་ཡུལ་དྲན་པ་གློ་བུར་བ་ལ་རྟོག་པར་བྱེད་པའོ། །སོ་སོར་ནི་ཚིག་གི་མཐའ་དང་། ཡང་དག་པ་དང་མ་དག་པ་ལ་སོགས་པ་རྣམས་མ་འདྲེས་པར་རྟོགས་པའི་ཤེས་རབ་ཀྱིས་རྟོགས་ནས་སྣང་བའི་དོན་ཇི་ལྟར་ཤར་བ་རྣམས་ཉམས་སུ་མྱོང་བས། ཆོས་སྤྱི་གྲུབ་མཐའ་འཛིན་པ་རྣམས་ཀྱི་ཚིག་གི་སྤྲོས་པའི་སྲོག་གཅད། རང་གི་མཚན་ཉིད་ཀྱི་ཆོས་ནི་རང་གི་ཞེ་འདོད་ཀྱི་གྲུབ་མཐའ་ཞིག་པ་ན་ཆོས་ཙམ་དུ་འབྱེད་པ་ཡང་སྣང་མི་སྲིད་པའོ། །ལས་དང་པོ་ནས་འཇུག་པར་བྱེད་པ་ལ། སྔོན་དུ་ཐོས་པའི་ཤེས་རབ་ཀྱིས་ཚིག་གི་མཐའ་གཅད་ནས་རྒྱུད་གྲོལ་བར་བྱེད་ལ། དེ་ནས་བསམ་པའི་ཤེས་རབ་ཀྱིས་ཉམས་སུ་བླངས་པས་རྣམ་རྟོག་གི་སྲོག་བཅད་ལ། དེ་ནས་བསྒོམས་པའི་ཤེས་རབ་ཀྱིས་ཐག་བཅད་ནས་བསྒོམ་མི་བསྒོམ་ལ་སོགས་པའི་བློ་ཙམ་ཡང་མི་གནས་པར་བྱེད་པ་དང་རྣམ་པ་གསུམ་གཏན་ལ་ཕེབས་པར་ཤེས་རབ་ཀྱིས་ནི། ད་ལྟར་གནས་པའི་བར་གྱི་རང་བཞིན་གནས་པའི་བར་དོན་གཏན་ལ་ཕེབས་པར་བྱས་ནས། ཡུལ་ཚིག་དང་ཞེས་པ་དང་། རྟོགས་པ་གསུམ་གྱི་སྲོག་གཅོད་པར་བྱེད་པའོ། །དེས་ནི་དབྱེ་བ་བསྟན་ནས། ད་ནི་དྲིས་ལན་བཞི་ལ་མཚན་ཉིད་བསྟན་པ་ནི། སྣང་དང་མི་སྣང་ཆོས་རྣམས་ཀུན་ཞེས་པ་ལ་སོགས་པས་བསྟན་ཏེ། སྣང་དང་ནི་འཁོར་བའི་ཆོས། མི་སྣང་དང་ནི་མྱ་ངན་ལས་འདས་པའི་ཆོས་རྣམས་ཀུན། འཁོར་བའི་ཆོས་ཀྱི་མཚན་ཉིད་སྒྱུ་མའི་རྨི་ལམ། སྤྲུལ་པའམ། དྲི་ཟའི་གྲོང་ཁྱེར་ལྟར་སྣང་ལ་རང་བཞིན་མེད་པར་སུས་ཤེས་པ། དེ་མྱ་ངན་ལས་འདས་པའི་ཆོས་ཉིད་ཀྱང་སྒྱུ་མ་ལྟ་བུར་ཤེས་པར་འགྱུར་བ་ཡིན་པས་འདི་དུས་ན་སྒོམ་དུ་མེད་པའི་ཆོས་ཉིད་རྟོགས་སུ་མེད་པའི་ལྟ་བ། ཆོས་ལས་འདས་པའི་ཤེས་རབ་ཞེས་བྱ་བ་ཡིན་པས་ན་འདི་ནི་ཤེས་རབ་དེའི་མཚན་ཉིད་དོ། །དེས་ནི་མཚན་ཉིད་བསྟན་ནས། ༈ །ད་ནི་དྲིས་ལན་ལྔ་པ་འཆར་སྒོ་བསྟན་པ་ནི། འཆར་ཕྱེད་སྒོའི་དབང་པོ་ཡོད་ཅེས་པ་ལ་སོགས་པས་བསྟན་ཏེ། འཆར་བྱེད་ནི་རྩོལ་བ་མེད་པར་རང་ཤར་དུའོ། །སྒོ་ནི་དབང་པོ་ལྔའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ལྔའོ། །དེ་ལས་ཀྱང་ཤེས་རབ་ནི་ཁྱད་པར་སྣའི་དབང་པོའི་སྒོ་ནས་འཆར་བར་བྱེད་ལ། དེ་འཆར་བར་ཅིས་ཤེས་ན། དེའི་རྟགས་སུ་མཚན་མོའི་དུས་ཉིད་སྐྱེས་བུས་གླལ་དྲག་པོ་དང་སྦྲིད་པ་དྲག་པོ་དང་། ཤིན་ཏུ་གློ་དྲག་པོ་འདུ་བའི་ཚེ་ན། ཤེས་རབ་ཀྱི་རང་བཞིན་དེ་མེ་སྟག་ལྟ་བུ་དམར་ལ་དྭངས་པའི་འོད་ཟེར་ཕྲ་མོ་དཔེར་ན་ཙན་དན་གྱི་མེ་སྟག་བཞིན་དུ་སྣ་ནས་སྐྱེས་བུ་རྣམས་ལ་འཕྲོ་བས། ཤེས་རབ་དེའི་ཚད་ཀྱང་དེ་ཡིན་རྟགས་ཀྱང་དེ་ཡིས་ཟིན་པས། སྣ་ནས་དེ་ལྟར་སྣང་བས་འཆར་བར་བྱེད་པའི་སྒོ་ངོས་ཟིན་པའོ། །དེས་ནི་འཆར་སྒོ་བསྟན་ནས། ད་ནི་དྲིས་ལན་དྲུག་པ་ཤེས་རབ་ཀྱི་གནས་པ་བསྟན་པ་ནི། བསྐྱེད་པར་བྱེད་པའི་རྩ་བཞི་ནས། །ཞེས་པ་ལ་སོགས་པས་བསྟན་ཏེ། བསྐྱེད་པར་ནི་ལུས་དང་། དྲན་པ་དང་། ཤེས་པ་དང་། དབང་པོ་རྣམས་བསྐྱེད་པར་བྱེད་པས་རྩ་རོ་མ་དང་། རྐྱང་མ་དང་། ཀུན་རྡར་མ་དང་། ཤེལ་སྦུབ་ཅན་དང་། བཞི་ཡིན་ནང་ནས་ཤེས་པ་རྣམས་ཀྱི་རང་བཞིན་ནི། རླུང་གིས་འཕེན་པས་འགྱུ་བ་དང་། རིག་པའི་རང་རྩལ་གྱིས་འགུལ་བ་དང་འབྱུང་བའི་བྱེད་པས་འཕྲིག་པ་དང་། ཤེས་རབ་ཀྱི་རང་རྩལ་གྱིས་ཡང་བ་དང་། ཤེས་པའི་འཕྲོ་འདུ་ཡིས་བསྐྱོད་པའི་རྣམ་པ་དང་། ཡེ་ཤེས་ཀྱི་ངོ་བོས་བདག་ཉིད་ཆེན་པོ་ཉིད་དུ་གནས་པའོ། །དེ་ཡང་དེའི་གནས་རྩ་བཞི་པོ་དེ། རང་གང་ལས་བསྐྱེད་ཅིང་བརྟེན་ན་ཙིཏྟའི་དཀྱིལ་ནས་ཀུན་རྡར་མ་ཡོད་ལ། དེའི་གཡས་ན་རོ་མ། ཙིཏྟའི་གཡོན་ན་རྐྱང་མ་ཡོད་པས་འགྱུ་བར་བྱེད། དེ་མཐའ་མ་ལ་ཤེལ་གྱི་བུ་གུ་ཅན་གྱིས་འཁོར་བ་སྟེ་ཁུག་པར་ཡོད་དོ། །དེ་ལྟར་ཙིཏྟ་ཉིད་ལ་རྩ་དེ་རྣམས་ཀྱིས་འཁོར་བར་གནས་ཤིང་བརྟེན་པའོ། །དེ་ལྟར་རྩ་དེ་དག་གི་ནང་ན་ཤེས་པ་ཐམས་ཅད་འདུས་པའི་དྭངས་མ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་དུ་ཤེས་པའི་རྒྱུད་ཡིན་ཏེ་འདི་རྣམས་ཀྱི་ནང་ན་གནས་སྟེ། དཔེར་ན་མེ་སྟག་ཡར་བའི་མཚན་ཉིད་ལྟ་བུ་ཉིད་གནས་པ་དེ་གང་ཡིན་ན། འབྱེད་བྱེད་ཀྱི་ཤེས་རབ་དང་། བསྡུད་བྱེད་ཀྱི་ཤེས་རབ་དང་། གནས་བྱེད་ཀྱི་ཤེས་རབ་དང་། བསྐྱོད་བྱེད་ཀྱི་ཤེས་རབ་དང་། སྒྲོལ་བྱེད་ཀྱི་ཤེས་རབ་ལྔ་ཡིན་ཏེ། གནས་ནི་རྩ་བཞིའི་ནང་ན་གནས་པ་སྟེ་རྩའི་མིང་འོག་ནས་སྟོན། དེ་ཡང་ཤེས་རབ་དེ་དག་གི་འཕེལ་དང་ལས་ནི་ལས་ཀྱི་རླུང་ལྔ་སྟེ། མེ་དང་མཉམ་དུ་གནས་པའི་རླུང་དང་། དྭངས་སྙིགས་འབྱེད་པའི་དང་། ཀུན་ཏུ་ཁྱབ་བྱེད་ཀྱི་དང་། སྲོག་འཛིན་པའི་རླུང་དང་བཅས་ནས་རྒྱུ་བ་ཡིན་ཏེ། འདི་ལ་བརྟེན་པའི་ལས་བྱེད་པས་དེའི་ཕྱིར་ན་རླུང་ལ་བརྟེན་པའི་བསམ་གཏན་འདི་དག་ཟབ་སྟེ། རང་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བཅོས་ཐབས་དང་གནས་པར་བྱ་བའི་མན་ངག་འོག་ནས་སྟོན་པས་སོ། །དེ་ལྟར་ཤེས་རབ་ཀྱི་རྩལ་རླུང་གིས་བྱས་པས་ཤེས་པ་གསལ་གསལ་བ་བོ་ཤེས་རབ་ཀྱི་ངོ་བོ་རིག་རིག་པོ་རླུང་གི་ལས་ཡིན་ནོ། །དེ་ལྟར་རླུང་ལྔ་ཡང་ཤེས་པའི་རྩལ་དུ་སྣང་བས་ཤེས་རབ་རྣམས་ཀྱི་རང་བཞིན་དུ། རྩ་བཞི་ན་གནས་ནི། རྩའི་མིང་དང་། དེ་དང་པོ་གང་ནས་བསྐྱེད་པ་དང་། རྩའི་གནས་པ་དང་། རྩ་དེ་ཀུན་གྱི་སོ་སོའི་བྱེད་པའི་ལས་དང་། རྩའི་རང་བཞིན་དང་། རང་གི་མཚན་ཉིད་ཇི་ལྟ་བུ་ཡིན་པ་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། རྩ་ལ་བརྟེན་པའི་ཤེས་རབ་དང་ཡེ་ཤེས་དེ་བློའི་ཡུལ་དུ་བསྒོམ་ན་ཇི་ལྟ་བུ་བསྒོམ་པ་དང་། རྩ་དེ་དག་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་ཡིན་པ་དང་དགུས་རྩ་རང་གི་ཆོས་རྒྱས་པར་བསྟན་ཏེ། རྩའི་མིང་ནི་རོ་མ་དང་རྐྱང་མ་དང་ཀུན་རྡར་མ་དང་། ཤེལ་གྱི་སྦུབ་མ་ཁོག་པ་སྟོང་པ་དང་བཞི་འོ། །དེ་ལྟར་རྩ་བཞི་པོ་དེ་དག་ལས་བསྐྱེད་པ་ནི་རོ་མ་ནི་ཀུན་རྫོབ་ཀྱི་དུས་ན་འབྱུང་བ་ཆུས་བསྐྱེད་དེ། དེ་ཡང་དང་པོ་ལུས་ཆགས་པའི་དུས་ན་འབྱུང་བ་ཆུའི་དྭངས་མ་ལས་ཆུ་སེར་དུ་སོང་། ཆུ་སེར་གྱི་དྭངས་མ་འདུས་པ་ལས་ཁྲག་གི་རྟ། ཤིན་ཏུ་ཕྲ་བ་རྟ་རྔ། རྒྱའི་ཆ་ཙམ་རི་ལི་བསྒྲིལ་མ་ལྟ་བུ་ལས་ལུས་ཀྱི་ཁྲག་དང་ཆུའི་ལས་རྣམས་བྱེད་པ་གཅིག་ཏུ་བསྐྱེད་པས། ལུས་ཀྱི་བསྡུད་བྱེད་དུ་གནས་པའོ། །རྐྱང་མ་ནི་ཐོག་མ་འབྱུང་བ་སའི་དྭངས་མ་ཐིག་ལེ་ཉུང་འབྲུ་སྟོང་གི་ཆ་ཙམ། དེ་ལས་ཤའི་དྭངས་མ་རྨུགས་པ་ན་བུན་ལྟ་བུ་ལས་ཤིན་ཏུ་ཕྲ་བའི་རྩ་གསེར་གྱི་མོ་ཁབ་ལྟ་བུར་བསྐྱེད། དེས་རུས་པའི་རང་བཞིན་བསྐྱེད། གོང་མས་ཆུ་རྒྱུས་རྣམས་བསྐྱེད་པའོ། །ཀུན་རྡར་མ་ནི་འབྱུང་བ་རླུང་ལས་བསྐྱེད་པས་སྟེ། ཐོག་མ་རླུང་གི་དྭངས་མ་ལས་དབུགས་ཀྱི་དྭངས་མ་བྱི་བ་ཕྲ་མའི་ཁ་རླངས་ཙམ། དེ་ལས་རྩ་ཕྱི་ཕྲ་ནང་ཡངས་པ་བདེ་བ་བསྐྱེད་བྱེད། རླུང་གི་རང་བཞིན་དུ་བསྐྱེད། དེས་དབང་པོ་རྣམས་བསྐྱེད་དོ། །ཤེལ་གྱི་སྦུ་གུ་ཅན་གྱི་ཀུན་རྫོབ་ཀྱི་དུས་ན་འབྱུང་བ་མེ་བསྐྱེད་དོ། །ཐོག་མ་ལུས་ཆགས་པའི་དུས་ན་མེ་ལས་མིག་གི་དྭངས་མ། ཏིལ་འབྲུ་བརྒྱ་ཡི་ཆ་ཙམ། དེ་ལས་དྲོད་ཀྱི་དྭངས་མ་ཉུང་འབྲུ་སྟོང་གི་ཆ་ཙམ་ལས་རྩ་སྦོམ་ཞིང་སྦུབ་མ་ཡངས་ཕྱི་དཀར་ལ་ནང་དམར་བ་བསྐྱེད། དེས་སྐྲ་དང་སོ་དང་སེན་མོ་དང་པགས་པ་རྣམས་བསྐྱེད་དོ། །རྩ་དེ་དག་གི་གནས་ནི་ཙི་ཏ་རིན་པོ་ཆེ་ལས་འཁོར་ཏེ། རོ་མ་གཡས་ན་གནས། རྐྱང་མ་ གཡོན་ན་གནས། ཀུན་རྡར་མ་ནི་དབུས་ན་གནས། ཤེལ་གྱི་སྦུ་གུ་ཅན་སྟེང་ནས་འཁོར་བའི་ཚུལ་དུ next hit་རྒྱུ་བ་ཡིན་ལ། དེ་ཡང་ལུས་ཀྱི་འཁོར་ལོ་བཞི་ལས། བསྐྱེད་བྱེད་དང་པོའི་འཁོར་ལོ་ན་རོ་མས་རྩ་རྣམས་ཀྱི་གཙོ་བོ་བྱས་ནས་གནས། དྲན་ཙ་ན་རྐྱང་མས་གཙོ་བྱས་ནས་གནས། རོ་རྣམས་ན་ཤེལ་སྦུབ་ཅན་གྱིས་གཙོ་བོ་བྱས་ནས་གནས། རྩེ་མོ་རྣམ་པར་བཀོད་པ་ན་ཀུན་རྡར་མས་གཙོ་བོ་བྱས་ནས་གནས་སོ། །དེ་ལྟར་འཁོར་ལོ་བཞིས་རྩ་བཞིས་གཙོ་བོ་བྱས་པ་ཅི་ཡིན་ན། བསྐྱེད་འབྱུང་བ་ས་ཡིན་ཀྱང་སྐྱེད་བསྡུད་པའི་ལས་ནི། ཀུན་རྫོབ་ཀྱི་དུས་ན། འགྲོ་བའི་ལུས་མགོ་མཇུག་གི་འབྱུང་བ་ཆུའི་ཚ་གྲང་གི་ནད་ཀྱི་བྱེ་བྲག་ཏུ་བྱེད་པ་ཡིན་ལ། འབྱུང་བ་ཆུའི་བྱེད་པའི་ལས་ཀྱིས་ཚེའི་འདུ་བྱེད་པ་མིན་ཏེ་ཆུ་རང་གི་དུས་ལ་འཕོ་བར་བྱེད་པའོ། །རྐྱང་མས་ནི་འབྱུང་བ་སའི་ལས་བྱེད་དེ་ཤའི་མདོག་དང་། གནས་པ་དང་བརྟེན་པར་བྱེད་པ་ཡིན་ནོ། །དེའི་གནས་འགྱུར་བ་ལས་ཤའི་ནད་རྣམས་སུ་ལུས་ཀྱི་འབྱུང་བའི་ཐུག་པར་བྱེད་པ་ཡིན་ནོ། །དེ་ལྟར་སའི་བྱེད་པའི་ལས་ལོག་ཅིང་འཁྲུག་པ་ལས་སས་ཚེའི་འདུ་བྱེད་རང་དུས་ལ་བྱེད་པ་ཡིན་ནོ། །ཀུན་རྡར་མ་ཡིས་ནི་འབྱུང་བ་རླུང་གིས་བྱེད་དེ། སྟེང་རླུང་དང་འོག་རླུང་དང་། རྩ་འཕར་བ་དང་། ལུས་ཀྱི་སྟོབས་དང་། འགྲོ་བ་དང་ཡན་ལག་བསྐྱོད་པ་རྣམས་བྱེད་ལ། དེ་གནས་འགྱུར་བ་ལས་འབྱུང་བ་ལོག་སྟེ། དབུགས་མི་བདེ་བ་དང་། བར་ཆད་པ་དང་། རྩའི་དྲག་ཞན་དང་། སྡོད་པ་ལ་སོགས་པ་བྱས་ནས་ལུས་ལ་ནད་འཁྲུགས་ལ། འབྱུང་བ་རླུང་གི་བྱེད་པའི་ལས་གསུམ་ནང་ལོག་པ་ལས་རླུང་གིས་ཚེའི་དུས་བྱེད་པ་སྟེ། དེས་བྱས་པ་རྣམས་རླུང་རང་གི་དུས་ལའོ། །ཤེལ་གྱི་སྦུ་གུ་ཅན་གྱི་བྱེད་པའི་ལས་ནི་འབྱུང་བ་མེའི་ལས་བྱེད་དེ། དྲོད་དང་། དབང་པོ་གསལ་དང་། མི་གསལ་བ་དང་། སྨྲ་བ་དང་། ཤེས་པ་རྣམས་རྡུལ་ལ་སོགས་པ་བྱེད་རྩ་དེའི་གནས་འགྱུར་བ་ལས་འབྱུང་བ་མེའི་ལས་ཀྱི་ཤེས་པ་རྣམ་པར་གཡེང་བའི་ནད་དང་། དབང་པོའི་ནད་རྣམས་སུ་འགྱུར་ལ། འབྱུང་བ་མེའི་བྱེད་པའི་ལས་གསུམ་པོ་གནས་འགྱུར་བ་ལས་མེ་ཡིས་དུས་བྱེད་པ་ནི་མེ་རང་གི་དུས་ལ་སྐྱེས་བུ་དེ་འཆི་བར་བྱེད་དོ། །དོན་དམ་པའི་དུས་ན་རོ་མ་ཡིས་ནི་བྱང་ཆུབ་ཀྱི་སེམས་ཏེ་རྒྱུའི་དུས་ན་ཁུ་བ་དང་ཁྲག །འབྲས་བུའི་དུས་ན་ཟག་པ་མེད་པའི་ཡེ་ཤེས་བསྐྱེད་པའི་ལས་བྱེད། རྐྱང་མས་ནི་རྒྱུ་ཡི་དུས་ན་དྲན་པའི་ཡིད། འབྲས་བུའི་དུས་ན་ཤེས་རབ་ཕྱིན་ཅི་མ་ལོག་པར་བསྐྱེད་པའི་ལས་བྱེད་ལ། ཀུན་རྡར་མས་ནི་རྒྱུ་ཡི་དུས་ན་འཇིག་རྟེན་པའི་བདེ་བ། འབྲས་བུའི་དུས་ན་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་། མི་རྟོག་པ་བསྐྱེད་ཅིང་རིག་པའི་འབྲས་བུ་སྨིན་པར་བྱེད་དོ། །ཤེལ་སྦུབ་ཀྱིས་ནི་རྒྱུའི་དུས་ན་གཟུང་འཛིན་དང་། འབྲས་བུའི་དུས་ན་སེམས་གནས་པའི་ལས་བྱེད་དོ། །རྩའི་རང་བཞིན་ནི། རོ་མའི་རང་བཞིན་ནི་ཁྲག་གི་རང་བཞིན་ལས་བློ་དུ་མ་སྡུད་པའི་རང་བཞིན། རྐྱང་མ་ཆུ་སེར་གྱི་རང་བཞིན་ལ་ཤེས་པ་དུ་མ་སྡུད། ཀུན་རྡར་མ་རླུང་གི་རང་བཞིན་ལ་དྲན་པ་དུ་མ་སྡུད། ཤེལ་སྦུག་ཅན་དྲོད་ཀྱི་རང་བཞིན་ལ་རྟོག་པ་དུ་མ་སྡུད་པའོ། །རྩ་དེ་དག་རང་གི་མཚན་ཉིད་ནི་རོ་མའི་མཚན་ཉིད་ཀུན་རྫོབ་ཀྱི་དུས་ན་རྡོ་རྗེས་སུ་འཛིན་ལ། རྐྱང་མའི་སྒྲའི་མཚན་ཉིད། ཀུན་རྡར་མ་གཟུགས་ཀྱི་མཚན་ཉིད། ཤེལ་སྦུག་ཅན་དྲི་ཡི་མཚན་ཉིད་དོ། །དོན་དམ་པའི་འབྲས་བུའི་དུས་ན། རོ་མས་རྒྱང་ཞགས་ཆུའི་སྒྲོན་མའི་མཚན་ཉིད་འཛིན། རྐྱང་མས་ཤེས་རབ་རང་བྱུང་གི་མཚན་ཉིད་འཛིན། ཀུན་རྡར་མས་དབྱིངས་རྣམ་པར་དག་པའི་མཚན་ཉིད་འཛིན། ཤེལ་སྦུབ་ཅན་གྱིས་ཐིག་ལེ་སྟོང་པའི་སྒྲོན་མའི་མཚན་ཉིད་འཛིན་པའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི་རོ་མ་ཞེས་པ་ས་ལས་གྲུབ་པས་རོ་དང་འདྲ་བ་སྟེ། དོན་བྱེད་ཉུང་ལ། བྱ་བྱེད་ཉུང་ཞིང་གཅིག་ཏུ་གནས་པས་ན་ལྕི་ཞིང་འགྱུར་ལྡོག་མེད་པས་ན་རོ་དང་མཚུངས་ལ། ཡང་མྱོང་བའི་རོ་དང་འདྲ་བས་ན་ཉམས་སུ་མྱོང་ན་བདེ་བ་བསྐྱེད་པར་བྱེད་པའོ། །མ་ནི་ལུས་ཐོག་མ་ལྟེ་བ་ལ་བརྟེན་ནས་ཆགས་པས་གཞི་མ་སྟེ། ལྟེ་བའི་རྩ་ཡི་གཙོ་བོ་བྱེད་པས་སོ། །རྐྱང་མ་ནི་རྩ་འདི་ལ་ཡལ་ག་དང་གཞུག་མེད་ལ་གང་ལ་ཡང་མ་བརྟེན་པར་ཡོད་ལ་མས་དྲན་པའི་གཞི་མ་བྱེད་པས་སོ། །ཀུན་རྡར་མ་ནི་གཅིག་ཏུ་མི་གནས་ལ་རྒྱུ་བར་བྱེད་པ་སྟེ། འདི་ནས་རླུང་གི་ལས་ཐམས་ཅད་བྱེད་པས། དེ་ལ་ཁུག་པ་ལྔ་ཡོད་པས་དེ་ཀུན་གཡོ་རླུང་གིས་འདར་ཞིང་འཕྲིག་པར་བྱེད་པས་ན་དང་། གལ་ཏེ་རྩ་འདིའི་གནས་འབྱུང་བས་བསྒྱུར་བའི་ཚེ་ན་རྣལ་འབྱོར་པའི་ལུས་དང་ཡན་ལག་ཀུན་འདར་ཞིང་འཕྲིག་པའི་ནང་དུ་འགྱུར་བའི་ཕྱིར་རོ། །ཤེལ་སྦུག་ཅན་ནི་ཕྱི་དཀར་ལ་ནང་དམར། སྦུག་མ་ཡངས་ལ་ཟང་ཐལ་དུ་ཡོད་སེམས་ཅན་གྱི་སྲོག་གནས་པར་བྱེད་པའོ། །དེ་ཡང་རྩ་གསུམ་པོ་དེ་རྣམས་ལ་མར་འདོགས་པ་ནི། དཔེར་ན་འཇིག་རྟེན་གྱི་མས་ཀྱང་ལུས་བསྐྱེད་པས་མ། དེ་ལྟར་རྩ་གསུམ་པོ་དེས་ནི་རོ་མས་ལུས་བསྐྱེད་རྐྱང་མས་ངག །ཀུན་རྡར་མས་སེམས་བསྐྱེད་པས་མ་ཞེས་བྱའོ། །ཤེལ་སྦུག་ཅན་གྱིས་ནི་དེ་དག་འདུས་པས་ལུས་ངག་ཅན་ཞེས་བྱའོ། །དེ་ཡང་ལུས་ལ་བརྟེན་པའི་དུས་ན་མངལ་ན་གནས་པའི་སེམས་ཅན་དེའི་མངལ་གཡས་ན་རོ་མས་བུ་ཕོ་སྨིན་པར་བྱེད། གཡོན་རྐྱང་མས་བུ་མོར་སྨིན་པར་བྱེད། དབུས་ཀྱིས་དེ་གཉིས་ཀའི་སེམས་སྨིན་པར་བྱེད། ཤེལ་སྦུག་ཅན་གྱིས་ལུས་སྨིན་པར་བྱེད་པས་ཅན་ཞེས་བྱའོ། །རྩ་ལ་བརྟེན་པའི་ཤེས་རབ་དང་ཡེ་ཤེས་དེ་བློ་ཡི་ཡུལ་དུ་ཇི་ལྟར་བསྒོམ་པ་ནི། བཙན་ཐབས་སུ་བསྒོམ་པ་དང་རིམ་གྱིས་བསྒོམ་པའོ། །བཙན་ཐབས་སུ་བསྒོམ་པ་ནི། རྩ་དེ་དག་བསྟེམས་པས་རྩ་དེ་ཀུན་གྱི་ནང་ན་རང་བཞིན་རྩ་གནས་ཀྱི་ཡི་གེ་འོད་ཀྱི་གོང་བུ་དང་བཅས་པ་གནས། དེ་བརྟེན་པའི་རང་བཞིན་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་གནས་པས། བསྟེམས་པས་རྩ་གནས་ཀྱི་ཡི་གེ་འཁྲོགས་དེས་རླུང་སྦར། རླུང་སྦར་བས་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བརྡས་བསྐུལ། དེ་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལས་གཉིས་མེད་ཀྱི་བདེ་བ་རང་ལུགས་སུ་མི་སྐྱེ་མི་སྲིད་དོ། །རིམ་གྱིས་པ་ནི་འཁོར་ལོ་དང་པོ་རོ་མ་ལ་ཤེས་པ་གཏད་རླུང་སེམས་རྩའི་ནང་ནས་དྲངས་ཏེ་རྩ་ནང་གི་ཡི་གེ་ཨ་དམར་པོ་རེག་བྱ་ཚ་བ་རང་བཞིན་སྐྱེ་མེད་དུ་འདུག་པ་ལ་བློ་གནས་པར་བྱའོ། །དེ་ལ་ཤེས་པ་མ་ཚུད་ན་འཁོར་ལོ་གཉིས་པའི་རྐྱང་མ་ལ་ཤེས་པ་གཏད་རྩ་ནང་གི་ཡི་གེ་ༀ་རེག་བྱ་གྲང་ལ་ཁ་དོག་དཀར་བ་ཟླ་བའི་དཀྱིལ་འཁོར་ལྟ་བུ་ལ་ཤེས་པ་གཏད། བློ་རྩ་ནང་ནས་དྲང་། དེ་ལ་མ་ཚུད་ན་འཁོར་ལོ་གསུམ་པའི་ཤེལ་སྦུབ་ཅན་ལ་ཤེས་པ་གཏད། བློ་རྩ་ནས་དྲངས། ཡི་གེ་ཧ་དམར་པོ་རེག་བྱ་ཚ་གྲང་སྙོམས་པ་ལ་ཤེས་པ་གཏད། དེ་ལ་ཡང་མ་ཚུད་ན་འཁོར་ལོ་བཞི་པའི་ཀུན་རྡར་མ་ལ་ཤེས་པ་གཏད། བློ་རྩ་ནང་དུ་གཟུང་། ཡི་གེ་ཧཱུྃ་མགོ་ཐུར་ལ་བསྟན་པ་ཁ་དོག་ལྗང་གུ་རེག་བྱ་བདེ་བ། རང་བཞིན་སྟོང་པ། ངོ་བོ་གསལ་བ་ལ་བློ་གནས་པར་བྱའོ། །འདི་དག་གི་དུས་ན། དང་པོ་ལ་འོག་རླུང་དྲངས་པ་གནད་ཡིན། གཉིས་པ་བར་རླུང་བསྐྱིལ་བ་གནད་ཡིན། གསུམ་པ་ལ་སྟེང་རླུང་དགུག །བཞི་པའི་དུས་ན་སྟེང་རླུང་མནན་འོག་རླུང་འཐེན། བར་དཀྲུག་པ་གནད་ཡིན་ནོ། །ལུས་ནི་སྐྱིལ་ཀྲུང་དུ་བྱའོ། །དེ་ལྟར་བློ་གནས་པར་བྱས་པས་བློ་ལས་བྱུང་བའི་རྣམ་རྟོག་ཐམས་ཅད་རང་འགགས་ཏེ། དང་པོ་ལུས་སེམས་ལ་བདེ་བ་སྐྱེ། གཉིས་པ་གསལ་བ་ཉམས་སུ་མྱོང་། གསུམ་པ་སྟོང་པ་ཉིད་བློ་དང་བྲལ་བའི་ངང་ལ་གནས། བཞི་པ་རང་བཞིན་རྫོགས་པ་ཆེན་པོའི་བློ་དངོས་གང་དུ་ཡང་འཛིན་པའི་མཐའ་དང་བྲལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་བསྒོམ་པས་རོ་མས་ཐབས་ལ་གནས་པས་དེ་ཉིད་བདེ་གསལ་དུ་ཉམས་སུ་མྱོང་། རྐྱང་མས་ཤེས་རབ་ལ་གནས་པས་དེ་ཉིད་སྟོང་གསལ་དུ་ཉམས་སུ་མྱོང་། ཀུན་རྡར་མས་ཐབས་ཤེས་རབ་གཉིས་མེད་དུ་གནས་པས། བདེ་སྟོང་གང་དུ་མི་འཛིན་མཐར་འཛིན་ལས་གྲོལ། ཤེལ་སྦུག་ཅན་གྱིས་ཡིན་པ་ཐབས་ཀྱི་ཞེན་པ་དང་བྲལ། མིན་པ་ཤེས་རབ་ཀྱི་ཞེན་པ་དང་བྲལ། ཡིན་མིན་རང་དག་པའི་ཐབས་ཤེས་རབ་གཉིས་མེད་དུ་ལྟ་བའི་ཞེན་པ་དང་བྲལ་བས། རང་ངོ་ལ་རང་རྫོགས་སུ་གནས་པ་ཉིད་འགྱུར་བ་ནི་རྩ་བསྒོམ་པའི་མན་ངག་གོ། །རྩ་དེ་དག་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་དང་སྦྱར་བ་ནི། རོ་མས་འདུ་ཤེས་ཙམ་དུ་མི་གནས་པར་དྲན་པ་དང་བློ་མཐའ་ལས་གྲོལ་བས་སྐྱེ་མེད་དུ་གནས་པས། ལས་དང་བག་ཆགས་ཀྱིས་མི་འགྲིབ་པར་ཡིད་ཆེས་ཏེ། འབྲས་བུ་དགེ་བ་བཅུ་ལ་མི་རེ། དེ་ལ་རེ་བ་མེད་པས་འཁོར་བ་དང་ངན་སོང་སོགས་ཡོད་མ་མྱོང་བར་ངོ་ཤེས། དེ་ཤེས་པས་སྣང་སྲིད་ཐམས་ཅད་རང་གྲོལ་ཡིན་པར་ཐག་ཆོད་པས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པས་བློ་བདེ་བའོ། །རྐྱང་མ་ལ་ཟླ་མེད་པས་མ་རིག་པ་དང་ཉོན་མོངས་པའི་མཐའ་ལས་གྲོལ་ཏེ་ཐིག་ལེ་ཉག་གཅིག་ཏུ་གནས་པས། གཟུང་འཛིན་གྱི་རྣམ་རྟོག་གིས་མི་འགྲིབ་པར་ངོ་ཤེས། དེ་ཤེས་པས་ཡེ་ཤེས་ལྔ་ལ་མི་རེ། དེ་ལ་རེ་བ་མེད་པས་རྒྱུ་དུག་ལྔ་དུག་གསུམ་མེད་པར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས་འཁོར་འདས་ཡེ་སངས་རྒྱས་པར་ཐག་ཆོད། དེ་ཆོད་པས་གཟུང་འཛིན་རང་སར་གྲོལ་བས་བློ་བདེ་བའོ། །ཡང་ཀུན་རྡར་མས་ཀུན་གྲོལ་བས་རྟོགས་མ་རྟོགས་ཀྱི་མཐའ་ལས་གྲོལ་ཏེ་ཐམས་ཅད་རང་གྲོལ་ཆེན་པོའི་དགོངས་པ་ལ་གནས་པས། ལས་དང་རྣམ་སྨིན་གྱིས་མི་འགྲིབ་པར་ངོ་ཤེས། དེ་ཤེས་པས་ཚོགས་དང་བསོད་ནམས་ལ་མི་རེ། དེ་ལ་རེ་བ་མེད་པས་སྐྱེ་བ་སྔ་ཕྱི་མེད་པར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས་འཁོར་བ་ཉིད་གློ་བུར་བ་ཡིན་པར་ཐག་ཆོད། དེ་ཆོད་པས་རྒྱུ་རྐྱེན་རང་སར་གྲོལ་བས་བློ་བདེ་བའོ། །ཡང་ཤེལ་སྦུབ་སྟོང་པར་གནས་པས་མཚན་མ་བློ་བཏགས་པའི་ཆོས་ཀྱི་མཐའ་ལས་གྲོལ་ཏེ། བརྗོད་དུ་མེད་པའི་དོན་ལ་གནས་པས་ཚིག་གིས་སངས་མི་རྒྱ་བར་ངོ་ཤེས། དེ་ཤེས་པས་རྒྱུད་ལུང་མན་ངག་ལ་མི་རེ། དེ་ལ་རེ་བ་མེད་པས་རིག་པ་ཉིད་ཤེས་རབ་ཀྱིས་གཏན་ལ་མི་ཕེབས་པར་ཡིད་ཆེས། དེ་ཆེས་པས་དབང་པོའི་མངོན་སུམ་ལ་སྣང་བར་ཐག་ཆོད། དེ་ཆོད་པས་ཡིད་དཔྱོད་དང་སྙམ་བྱེད་ལས་གྲོལ་བས་བློ་བདེ་བའོ། །དེ་ལྟར་ན་རྩ་ཡི་ནང་སྟོང་པས་ཆོས་ཉིད་སྟོང་པ་མཐའ་གང་ལ་ཡང་མི་གནས་པར་རང་གྲོལ་བ་མཚོན་ལ། ཕྱི་གསལ་བར་འདུག་པས་འཁོར་འདས་མ་རྫོགས་པ་མེད་པར་ཡོངས་སུ་རྫོགས་པས་ན། མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ལྟ་བ་ནི་རྩ་ལ་བརྟེན་ནས་ཐོབ་པའོ། །དེ་ལྟར་ན་རྩའི་མིང་དང་གཅིག །གང་ལས་སྐྱེས་པ་དང་གཉིས། རྩའི་གནས་པ་དང་གསུམ། སོ་སོའི་བྱེད་པའི་ལས་དང་བཞི། རང་བཞིན་དང་ལྔ། རྩའི་མཚན་ཉིད་ཇི་ལྟ་བུ་ཡིན་པ་དང་དྲུག །སྒྲ་འཇུག་པའི་རྒྱུ་མཚན་དང་བདུན། རྩ་ལ་བརྟེན་པའི་ཡེ་ཤེས་དེ་བློའི་ཡུལ་དུ་ཇི་ལྟར་བསྒོམ་པ་དང་བརྒྱད། རྩ་དེ་དག་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་ཇི་ལྟར་ཡིན་པ་བསྟན་པ་དང་དགུས་རྩའི་ཆོས་ཉིད་རྒྱས་པར་བསྟན་ཏོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རྩ་བཞི་ཡི་ནང་ན། ཤེས་རབ་དེ་དག་རྣམས་མི་གསལ་བ་ལས་ལོག་ནས་གསལ་བ་རང་ཤེས་ཆེན་པོར་བཞུགས་པའོ། ༈ །དེ་ཡང་འབྱུང་བའི་དྭངས་མ་འདུས་པ་ལས་ལུས་ཀྱི་མིང་དང་། ཡེ་ཤེས་ཀྱི་དྭངས་མ་ལས་སྒྲོན་མའི་མིང་དུ་བྱུང་ལ། ཤེས་པའི་དྭངས་མ་ལས་ཤེས་རབ་ཀྱི་མིང་དང་། རིག་པའི་དྭངས་མ་ལས་སྐུ་གསུམ་གྱི་མིང་དང་བཞི་འདུས་པའི་ཡེ་གདངས་སུ་ཐོག་མ་བཞི་ལས་བབས་ཀྱིས་གྲུབ་པས། ཐ་མ་ལ་ལུས་ལ་ཡང་གནས་པས། དེའི་ལས་ཀྱི་ཡིན་མིན་དང་། ཡོད་མེད་དང་། ཤེས་མ་ཤེས་དང་། གྲོལ་མ་གྲོལ་དང་། རྟོགས་མ་རྟོགས་དང་། འཁོར་འདས་ལ་སོགས་པ་ཐམས་ཅད་འབྱེད་པའི་ངོ་བོར་ཤེས་རབ་ཏུ་ཡོད་པ་ནི། ཡེ་ནས་གཞི་ལ་གྲུབ་ཅིང་གློ་བུར་མ་ཡིན། ད་ལྟ་ལུས་ཀྱི་ཆ་རྩའི་ནང་ལས་རྒྱུ་ཞིང་གནས་པའོ། །དེ་དག་རྣམས་ཀྱང་རླུང་གི་ལས་བྱེད་པས། བར་སྐབས་སུ་རླུང་གི་ཤེས་རབ་དེ་ཉིད་རང་བཟུང་བས་ཤེས་རབ་ནང་གསལ་དུ་གནས་པས་ཁ་ཕྱིར་མ་བལྟས་པ་ལས། ཤེས་རབ་ཀྱི་རྩལ་ཤེས་པ་ལ་དྲན་པའི་མཐའ་རང་འགག་པས་དྲན་མེད་དུ་འདས་པས། རྣམ་པར་རྟོག་པའི་ཡུལ་བདག་འཛིན་རྣམས་ཀྱི་དབང་གིས་རྨུགས་པར་ཡང་གནས་ཏེ། འདི་ཡི་དུས་ན་འབྱུང་བའི་རླུང་གིས་ཤེས་རབ་ཀྱི་རྩལ་རང་རིག་པ་དང་། རང་རྟོགས་པ་དང་། རང་གྲོལ་བ་དང་། རང་འདས་པ་ལ་སོགས་པ་རྣམས་ལུས་ཀྱི་འབྱུང་བ་བཞིའི་རྒྱས་ཤེས་རབ་འཐུམ་པས། ཕྱིར་གསལ་བའི་ཆ་སྣང་བའི་དོན་དམ་བཅད་པས་ཤེས་པ་དང་། རིག་པ་དང་རྟོག་པ་མེད་དེ། ནང་དུ་རྨུགས་པར་འགྱུར་བ་ནི། རླུང་གི་བྱེད་པས་ན། དེ་ལྟར་རླུང་ནི་ལས་མྱུར་བ་དང་ལྡོག་སྐྱེན་པ་དང་། བསླབ་སླ་བ་དང་། འབྲས་བུ་འབྱིན་པར་བྱེད་པའོ། །དེའི་ཕྱིར་ན་རྟེན་གྱི་གང་ཟག་གཅིག་ལ་མི་རྟོག་པ་གཅིག་མི་སྐྱེ་ན་མི་སྐྱེ། སྐྱེ་ཕན་ཆད་རླུང་མ་བསྟེན་པར་སྐྱེ་མི་སྲིད་དོ། །དེས་ན་རླུང་འདི་ཤིན་ཏུ་ཡོན་ཏན་ཆེའོ། །དེས་ན་འདིར་ནི་རླུང་གི་མཚན་ཉིད་དམ་རང་བཞིན་རྒྱས་པར་བཤད་ན། རླུང་གིས་ནི་རླུང་གི་ངོ་བོ་དང་། དབྱེ་བ་དང་། ལས་དང་། དེའི་བློ་ཡི་ཡུལ་དུ་ཇི་ལྟར་བཞག་པ་དང་། རླུང་དེ་རྣམས་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་ལ་བཟླ་བའོ། །རླུང་གི་ངོ་བོ་ནི། རླུང་སྤྱི་ཡི་ཁྱད་པར་གྱི་ངོ་བོ་དང་། སོ་སོ་རང་རང་གི་ངོ་བོ། རླུང་སྤྱིའི་ངོ་བོ་ནི་བསྐྱོད་པ་ཉིད་རླུང་སྤྱིའི་ངོ་བོར་བྱུང་ལ། དེ་ཡང་བསྐྱོད་པ་མེད་ན་ཉམས་གོང་དུ་མི་འཕེལ་བས། ཡང་པ་ཉིད་རླུང་གི་མཚན་ཉིད་དམ་ངོ་བོར་བྱུང་སྟེ། དེ་ཡང་པ་ཉིད་མེད་ན་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་ཉིད་དང་དབྱེར་མི་ཕྱེད། གཡོ་བ་རླུང་གི་ངོ་བོ། དེ་མེད་ན་རླུང་གི་རྩལ་མི་རྫོགས། དེ་ལྟར་སྤྱི་ཡི་ངོ་བོ་གསུམ་དུ་གཏན་ལ་ཕབ་པའོ། །རླུང་གི་དབྱེ་བ་ནི་བསྡུ་ན་གཉིས་ཏེ། རང་གི་རྣམ་པར་རྟོག་པའི་རླུང་དང་། མི་རྟོག་པའི་ཡེ་ཤེས་ཆེན་པོའི་རླུང་དང་གཉིས་སོ། །རྣམ་པར་རྟོག་པའི་རླུང་ནི་བརྒྱད་དོ། །རྣམ་པར་གཡེང་བ་དང་། རྣམ་པར་འཕྲོ་བ་དང་། སྦུད་པ་དང་འཛིན་པ་དང་། ཡུལ་བདག་དང་བཅས་པ་ལ་རྣམ་པར་རྟོག་པ་དང་། མེད་པ་ལ་རྣམ་པར་རྟོག་པ་དང་། སྙམ་བྱེད་དང་། ཡིད་དཔྱོད་རྣམས་ཏེ་བརྒྱད་དོ། །དེ་ལས་སྤྲོས་པས་རྣམ་པར་རྟོག་པ་བརྒྱ་སྟོང་དུ་མ་བརྗོད་ཀྱིས་མི་ལང་བར་སྣང་བའོ། །དོན་ཡེ་ཤེས་རང་གི་ངོ་བོ་ནི་རྣམ་པར་རྟོག་པའི་རླུང་བརྒྱད་ཀྱི་གཡོ་བ་དང་བྲལ་བ་ཡིན། རླུང་བྱེ་བྲག་སོ་སོ་ཡི་ངོ་བོ་ནི། སྲོག་འཛིན་པའི་རླུང་གི་ངོ་བོ་རྣམ་པ་གཉིས་ཏེ། ལུས་ཀྱི་སྲོག་འཛིན་པར་བྱེད་པ་ནི་ལུས་ཅན་ཐམས་ཅད་ལ་ཇི་སྲིད་གནས་ཤིང་འཚོ་བར་བྱེད་པའི་རླུང་སྟེ། ལུས་ཀྱི་སྲོག་དུ་བྱེད་པས་ན། དེ་ཉིད་འཁྲུགས་ཤིང་། བསྒྲལ་བ་དང་། སྲོག་འཆད་པས་སྲོག་གི་དབང་པོ་འགག་པས་དབང་པོ་གཞན་དག་ཀྱང་འགག་པ་ཡིན་ཏེ། འདི་ནི་ལུས་ཅན་ཀུན་གྱི་ཕོ་རྣམས་ལ་རྒལ་འདབས་གཡས་ནས་དར་ལྕེ་རླུང་གིས་བསྐྱོད་པའི་ངོ་བོར་ཡོད། མོ་རྣམས་ལ་གཡོན་ན་ཡོད། དེ་ཉིད་བརྟན་ཞིང་ཚེ་འཕེལ་བར་འདོད་པའི་རྣལ་འབྱོར་པས་རང་གི་ལུས་ལ་མེ་རྩ་དང་གཏར་ཀའི་རྗེས་མེད་ན། ཙནྡ་སྨུག་པོ་དང་། གླ་རྩི་དང་། ག་བུར་དང་། ལི་ཁྲི་བཙིར་བའི་ཁུ་བ་ཆུ་དང་སྦྱར་བས་སྐྱེས་པ་རྣམས་ལ་རྒལ་འདབས་གཡས་སུ་བྱུགས་ཅིང་ཉི་མ་ལ་བསྲེག །བུད་མེད་ཀྱི་གཡོན་དུའོ། །དེ་ནས་འབྲུ་མར་བསྡུས་པའི་ཁུ་བས་བྱུགས་ཅིང་མཉེ་བར་བྱ། ཟླ་བ་ཉ་གང་བའི་ཉིན་པར་མ་ཆགས་པར་བྱས་པས། ཚེ་འཕེལ་བར་ངེས་སོ། །ཡེ་ཤེས་འཛིན་པའི་རླུང་གི་ངོ་བོ་ནི། སྒྲོན་མ་ཡིན། དེ་ཡང་དེ་ཉིད་ཨར་ལ་གཏད་ཅིང་ཉམས་ལེན་དང་མ་བྲལ་ན། ཡེ་ཤེས་དག་པའི་སྣང་བ་འདི་ཉིད་ལ་རྫོགས་པར་འཆར་རོ། །དེའི་ངེས་ཚིག་ནི་སྲོག་ཅེས་དོན་ཉིད་དུ་གནས་ལ། དེ་འཛིན་པར་བྱེད་པ་རླུང་ངོ་། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་ངོ་བོ་ནི། འགྱུ་བྱེད་མེད་པའི་རང་གནས་ཆེན་པོའོ། །ངེས་ཚིག་ནི་དེས་རྒྱུས་ཤིང་འགུལ་བས་སྲོག་འཆད་པ་ཡིན་པས་ན། སྲོག་གཅོད་པའི་ཕྱིར་སྙིང་རྗེ་མེད་པའོ། །བསྐལ་པ་ནི་ཐང་གཅིག་ཏུ་བརྟན་པར་གནས་པའོ། །དེའི་ལས་ཀྱིས་དོན་དམ་པའི་ལས་དང་ཀུན་རྫོབ་གཉིས་ཀྱི་ལས་བྱེད་ལ། ཀུན་ཏུ་ཁྱབ་བྱེད་ཀྱི་ངོ་བོ་ནི་འདེགས་ཤིང་སྤེལ་བར་བྱེད་པའོ། །ངེས་ཚིག་ཀུན་ཏུ་ཁྱབ་བྱེད་ཅེས་པས་ལུས་མགོ་མཇུག་ཀུན་ཏུ་ཁྱབ་པའོ། །མེ་དང་མཉམ་དུ་གནས་པའི་ངོ་བོ་ནི་དྲོད་བསྐྱེད་པར་བྱེད་པའོ། །ངེས་ཚིག་ནི་མེ་ནི་ཡེ་ཤེས་ལ་བྱ། མཉམ་པ་ནི་དེ་ཉིད་དང་ལྷན་ཅིག་ཏུ་གནས་པ་ལ་བྱའོ། །དྭངས་སྙིགས་འབྱེད་པའི་རླུང་གི་ངོ་བོ་ནི། སྤྲིས་མ་སྟེ་གསེར་སྦྱང་པའི་སྦྲིས་ཀྱི་རྣམ་པ་ལྟ་བུ་ཡིན་ནོ། །ངེས་ཚིག་ནི་དྭངས་སྙིགས་འབྱེད་པར་ཞེས་པ་ནི། གསུམ་ལས། ཡེ་ཤེས་ཀྱི་དྭངས་སྙིགས་དང་། འབྱུང་བའི་དང་། ལས་དང་ལས་ཀྱི་མཐའི་དྭངས་སྙིགས་འབྱེད་པར་བྱེད་པའོ། །ཡེ་ཤེས་ཀྱི་དྭངས་མ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཆེན་པོ་དང་། དེའི་ཆ་ཤས་ཀྱི་སྐུ་རྣམས་དང་། དེ་ཉིད་ཐིག་ལེ་ཡོངས་སུ་སྨིན་པའི་སྐུ་རྣམས་ཡིན་ལ། སྙིགས་མ་ནི། སྒྲོན་མ་བཞི་དང་དབྱིངས་ཀྱི་རང་བཞིན་འོད་ལྔའི་རྣམ་པ་རྣམས་ཡིན་ནོ། །དེ་ཡང་དྭངས་མ་འཁོར་འདས་གཉིས་སུ་མེད་པར་བསྲེ་བའི་ལམ་ཡང་དག་པ་ཡིན་ལ། རང་གནས་རྫོགས་པའི་གཞི་ཡང་ཡིན་ལ། མ་སྨིན་རྫོགས་པའི་འབྲས་བུ་ཡང་ཡིན་ནོ། །དྭངས་མ་ཆེན་པོ་ནི་རིག་པ་ཚད་ལ་ཕེབས་པའི་སྣང་བ་ཉིད་དེ། སྐུ་གསུམ་རང་རྒྱུད་དུ་འཛིན་པའི་ཞེན་པ་ལས་འདས་ནས། མདོར་ན་ལམ་གྱི་སྣང་བ་རྫོགས་པ་ཉིད་དོ། །སྙིགས་མ་ནི་རང་བཞིན་གྱི་སྙིགས་མ་སྒྲོན་མ་བཞི། རང་བཞིན་རྣམ་པར་དག་པའི་རླུང་གིས་ངོ་བོ་ཉིད་དུ་བྱུང་བ་སྟེ། སྣང་བ་དང་། སྟོང་པ་དང་གསལ་བ་དང་། ཁྱབ་པར་བྱེད་པའི་ངོ་བོ་ཉིད་ཆེན་པོར་རང་འབྱུང་བ་ཡིན་ལ། ངོ་བོ་ཉིད་རྣམ་པར་དག་པ་ནི་མ་སྨིན་པའི་ལམ་གྱི་སྣང་བའི་འཕེལ་རྣམས་ཡིན་ཏེ། རྣམ་པར་དག་པའི་རླུང་གི་སྣང་བ་འོད་དང་འོད་ཀྱི་འཇའ་དང་། འོད་དང་འོད་ཀྱི་དུམ་བུ། འོད་དང་འོད་ཀྱི་གྲུ་ཆད་ལ་སོགས་པ་ཡིན། སྣང་བ་དེ་དག་ཀྱང་རླུང་གི་སྣང་བ་ལས་བྱུང་བ་ཡིན་གྱི། བྱས་པའམ། བཅོས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ཡང་དྭངས་སྙིགས་འབྱེད་པའི་རླུང་ཟེར་ཡང་དོན་རླུང་ལྔ་རྣམ་པར་དག་པའི་ངོ་བོ་རྣམས་ཀྱི་སྣང་བ་སོ་སོར་མ་ཕྱེ་བར་རྣམ་པར་དག་པ་ཉིད་དུ་སྣང་བ་ཡིན་ལ། དེ་ཡང་མཐིང་ཀ་འགྱུར་བ་མེད་པའི་སྙིང་རྗེ་མེད་པའི་རླུང་གི་ངོ་བོའི་སྣང་བར་ཤར་བ་ཡིན་ནོ། །དཀར་པོ་དྲི་མ་མེད་པ་རྣམ་པར་དག་པ་སྲོག་འཛིན་པའི། སེར་པོ་ཡོན་ཏན་རྫོགས་པ་ཀུན་ཏུ་ཁྱབ་བྱེད་ཀྱི། དམར་པོ་དབང་བཞི་རྫོགས་པ་མེད་པ་མཉམ་དུ་གནས་པའི་ལྗང་གུ་བྱ་རྩོལ་དང་བྲལ་བ་དྭངས་སྙིགས་འབྱེད་པའི་རླུང་གི་ངོ་བོ་ཉིད་ཀྱི་སྣང་བ་རྣམ་པར་དག་པའོ། །འབྱུང་བ་དྭངས་སྙིགས་ན། ཕྱི་ཡི་འབྱུང་བ་རྣམས་ཀྱི་དྭངས་སྙིགས་ནི་རྣམ་པར་སྲུབས་བྱེད་ཀྱི་རླུང་གིས་ཕྱེ་ནས། སྙིགས་མ་ས་རྡོ་དང་རི་བྲག །ལུ་མ་དང་ལྡེང་ཀ་དང་། མཚོ་དང་རྒྱ་མཚོ། འབར་བ་དང་། མཆེད་པ་དང་། རབ་ཏུ་མཆེད་པ་དང་། དུས་མཐའི་མེ་དང་། རྣམ་པར་འཕྱོས་པ་དང་། འཐོར་བ་དང་། འབྱེད་པ་དང་། བསྐྱོད་པ་ལ་སོགས་པའི་རྣམ་པར་ཕྱེ་ལ། དྭངས་མས་ནི་བཅུད་རྣམས་སུ་སྨིན་པར་བྱས་ཏེ། ཤ་དང་ཁྲག་དང་དྲོད་དང་དབུགས་རྣམས་སུ་ཕྱེ་བའོ། །ནང་གི་འབྱུང་བའི་སྙིགས་མ་ཤ་ལ་སོགས་པ་ཡིན་ལ། དྭངས་མ་ནི་དོན་དམ་སྟེ། ས་སྲ་བ་མེད་པའི་བརྟན་པས་ཀུན་གཞི་བསྐྱེད་པའི་རྩལ་བྱས་པ་དང་། ཆུ་གཤེར་བ་མེད་པའི་སྡུད་པས་ཀུན་གཞིའི་འཚོགས་པ་བསྡུད་པ་དང་། མེ་ཚ་བ་མེད་པའི་སྲེག་པས་ཀུན་གཞི་ཡུལ་སོ་སོར་ཤར་བ་དང་། རླུང་ཡང་བ་མེད་པའི་བསྐྱོད་པས་ཀུན་གཞིའི་སྐྱོན་དང་ཡོན་ཏན་གྱི་རྩལ་འབྱོངས་པའོ། །དྭངས་མ་ནི། ཕོ་དང་མོ་དང་། མ་ནིང་གསུམ། དེའི་ལས་ནི་ཕོའི་འབྱུང་བས་སྲེག་སྨིན་པའི་ལས་དང་འབྱེད་པ་རླུང་གཉིས་བྱེད། མོས་བསྐྱེད་པ་སའི་དང་། བསྡུད་པ་ཆུའི་ལས་བྱེད། མ་ནིང་གི་སྟོང་པ་ནམ་མཁའི་ལས་བྱེད་པའོ། གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པའི་འབྱུང་བའི་སྙིགས་མ་ནི། དྲོད་དང་བཀྲག་དང་། མདངས་དང་དབུགས་ཡིན། དྭངས་མ་ནི་རྩ་ལས་འགྱུ་བས། ཕོ་མོ་མ་ནིང་བྱང་ཆུབ་སེམས་དཔའ་བཞིའོ། །དེ་ཡང་འབྱུང་བ་ཕོའི་རླུང་དྲག་ཅིང་ཆེ་བ་དང་། སྦོམ་པ་མཁྲིས་པ་མེའི་ཁམས་ལ་དབང་། འབྱུང་བ་མོ་ཕྲ་བ་དང་འཕར་སྐྱེན་པ་དང་། རྒྱུན་ཞེན་པ་ནི་བད་ཀན་ཆུའི་ལས་ལ་དབང་། མ་ནིང་སྟོངས་པ་དང་ཞར་བ་དང་འབྱར་བ་ནི་རླུང་སྟེ་སྟོང་པ་རླུང་གི་ཁམས་ལ་དབང་ངོ་། །དེ་ཡང་བྱང་ཆུབ་སེམས་དཔའ་དལ་འཇམ་རྒྱུད་རིང་ལ་སྐབས་སུ་འཁྲུགས་པ་འདུས་པ་སའི་ཁམས་ལ་དབང་བའོ། །དེ་ལྟར་རྩ་ནས་འགྱུ་བའི་རླུང་གིས་རྣལ་འབྱོར་བའི་ཕུང་པོ་ལ་ནད་ཀྱི་བྱེ་བྲག་བརྟགས་པའོ། །ལས་དང་ལས་ཀྱི་མཐའི་དྭངས་སྙིགས་ནི། ལས་ཀྱི་སྙིགས་མ་ནི་མི་དགེ་བ་བཅུའི་རྒྱུ་རྐྱེན་དང་བྱེད་པའི་ལས་སོ་སོ་ཡིན་ནོ། །དྭངས་མ་ནི་དགེ་བ་བཅུའི་ལས་དང་རྒྱུ་རྐྱེན་སོ་སོའི་ལས་བྱེད་པ་ཉིད་དོ། །ལས་ཀྱི་མཐའི་སྙིགས་མ་ནི། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཏེ། དབང་པོ་མ་ཚང་བ་དང་། དབུལ་བ་དང་། ལུས་ལ་འབྱུང་བའི་ནད་དམ་པོས་ཟིན་པ་དང་། གཟུགས་ངན་ཞིང་ཡན་ལག་མ་ཚང་བ་དང་། ཀླ་ཀློའི་ཡུལ་དུ་སྐྱེས་པ་དང་། ངན་སོང་གསུམ་དུ་སྐྱེས་པ་རྣམས་སོ། །དྭངས་མ་ནི་གཟུགས་བཟང་བ་ལ་སོགས་པ་རྣམས་སོ། །ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་འབྲས་བུ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་རྣམས་ཡིན་ནོ། །དེ་ལྟར་འབྱེད་པ་ནི་དྭངས་སྙིགས་འབྱེད་པའི་ལས་ཀྱི་འགྱུ་བ་དག་ལས་བྱུང་བའོ། །དེ་ལྟར་ན་རླུང་སྤྱི་དང་། བྱེ་བྲག་དང་། དྭངས་སྙིགས་དང་གསུམ་གྱི་ངོ་བོ་བསྟན། དེ་ཡང་བསྡུ་ན་རླུང་གི་ངོ་བོ་སྟོང་པ་དང་། རང་བཞིན་སྣང་བ། ཐུགས་རྗེ་འགྱུ་བའོ། །ངོ་བོ་སྟོང་པ་ཡིན་པས་འཁོར་བའི་རྣམ་རྟོག་གང་དུའང་མེད། རླུང་ཟད་པའི་དུས་ན་འཁོར་འདས་ཀྱི་སྣང་བ་གཉིས་ཀ་འཛད་པ་ཡིན་ནོ། །ཐུགས་རྗེ་འགྱུ་བ་ཡིན་པས་འདི་ཉིད་ལ་བརྟེན་ནས་ཉམས་སུ་བླངས་པས་རང་གཞན་གྱི་དོན་གཉིས་ལ་ཐོགས་པ་མེད་པར་སྤྱོད་པའོ། །དེས་ནི་ངོ་བོ་བསྟན་པའོ། །དབྱེ་བ་དང་བྱེད་པའི་ལས་དང་ཚད་ནི་རླུང་གི་སྡོམ་བྱང་གི་ཡི་གེ་དང་སྦྱར་རོ། །རླུང་དེ་དག་རང་གི་བློ་ཡི་ཡུལ་དུ་ཇི་ལྟར་བཞག་པ་ནི། བཞག་ལུགས་གསུམ་སྟེ། ཕྱི་ཡུལ་ལ་བཞག་པ་དང་། ནང་ལུས་ལ་བཞག་པ་དང་། གསང་བ་སེམས་ལ་རླུང་བཞག་པའོ། །ཕྱི་ཡུལ་ལ་བཞག་པ་ལ་གསུམ། རང་བཞིན་གྱི་ཡུལ་ལ་བཞག་པ་དང་། དམིགས་རྟེན་གྱི་ཡུལ་ལ་བཞག་པ་དང་། འདོད་ཡོན་སོ་སོའི་ཡུལ་ལ་བཞག་པའོ། །དེ་ལྟར་བཞག་པའི་མན་ངག་རྣམས་དང་སྦྱར་རོ། །དེ་དག་མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ལྟ་བ་ལས་ལ་བཟླ་བ་ནི། རླུང་གི་གཟུང་ཡུལ་རྫས་སུ་མེད་ལ་ཞེན་ཡུལ་རྟགས་པ་མ་ཡིན་པས་གཟུང་འཛིན་གྱི་མཐའ་ལས་གྲོལ་བས། ཡུལ་གང་ཡང་རེ་མེད། དེ་ལྟར་མེད་པས་འདི་ལྟར་སྣང་བ་ཐམས་ཅད་རླུང་ཡིན་པར་ངོ་ཤེས། དེ་ཤེས་པས་རླུང་གི་སྣང་བ་ནམ་ཟད་པ་ན། འཁོར་འདས་གཉིས་ཀ་ཟད་པར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས། འབྲས་བུ་རླུང་རང་ཡིན་པས་ཐག་ཆོད་དེ། དེ་ཆོད་པས་རླུང་རིག་གཉིས་སུ་མེད་པས་བློ་བདེ་བའོ། །དེ་ལྟར་ན་རླུང་དེ་དག་ལ་བརྟེན་པས་རྟོགས་པ་ཤར་བ་ནི་ཤེས་རབ་ཀྱི་རྩལ་རླུང་གི་བསྐྱོད་པའི་ཚེ། ཚིག་ལ་དཔྱོད་པའི་ཤེས་རབ་སྐྱེས་ཏེ། རྣལ་འབྱོར་པ་བདག་ཉིད་ཀྱིས་སྔོན་མ་མཐོང་བའི་བསྟན་ཆོས་རྣམས་ཀྱང་། དེའི་མིང་ཡིད་ལ་དྲན་པ་ཙམ་གྱིས་ཤེས་ཤིང་ཚིག་དང་དོན་གསལ་བར་འཆད་ཤེས་པ་དང་། དེ་བཞིན་དུ་ཤེས་རབ་དེ་གསལ་བ་དང་མི་གསལ་བའི་རྩལ་རྣམས་ནི། རླུང་གིས་གཡོ་བ་དང་འགུལ་བ་སྟེ་གནས་པ་དང་འགྱུ་བ་དང་རང་བཞིན་ཉིད་ལས་བྱུང་བས་ན། རླུང་ནི་ལས་མྱུར་ལ་འབྲས་བུ་མྱུར་དུ་འབྱིན་པར་བྱེད་པའོ། །དེ་ལྟར་རླུང་དང་ཤེས་རབ་ལུས་ཀྱི་དཀྱིལ་ཙིཏྟ་རིན་པོ་ཆེ་ལ་རྩ་བཞི ས་འཁོར་བའི་ནང་ན་གནས་པའོ། །དེས་ན་གནས་པ་བསྟན་ནས། ༈ །ད་ནི་དྲིས་ལན་བདུན་པ་དེ་ཉིད་ཀྱི་ཚད་བསྟན་པ་ལ་ནང་གསེས་ཀྱི་དོན་ལྔས་བསྟན་པའི་དང་པོ་གཞི་གནས་རང་བྱུང་གི་ཤེས་རབ་ཀྱི་ཚད་བསྟན་པ་ནི། གཞི་གནས་ཤེས་རབ་རང་བྱུང་ཚད་ཅེས་པ་ལ་སོགས་པས་བསྟན་ཏེ། གཞི་ནི་ལུས་ལ་འབྱེད་པར་བྱེད་པའི་ཤེས་རབ་དང་། སྡུད་པ་དང་། གནས་པ་དང་། བསྐྱོད་པ་དང་། སྒྲོལ་བར་བྱེད་པ་གནས་ཏེ་དེ་ལས་ཀྱང་དང་པོ་འབྱེད་པར་བྱེད་པའི་ཤེས་རབ་རང་བྱུང་གི་ཚད། སྐྱེས་བུ་གཅིག་གི་རྒྱུད་ལ་སྐྱེད་པ་ནི་ཡིད་དཔྱོད་འཛིན་པའི་ལྟ་བའི་ཚིག་རྣམས། འབྱེད་པ་ལ་མཁས་པ་ཡིན་ཅིང་། ཚིག་ཐམས་ཅད་ལ་རྟོག་དཔྱོད་ཚུད་ཅིང་ཚིག་འབྱེད་པ་ལ་མཁས་པ་སྟེ། འདི་ནི་ཡིད་དཔྱོད་ཀྱི་ཤེས་རབ་ཅེས་བྱའོ། །སྡུད་པའི་ཤེས་རབ་སྐྱེས་པ་ནི། ཚིག་གི་དོན་རྣམས་གཅིག་ཏུ་བསྡུས་པ་ལ་མཁས་པར་འགྱུར་ཏེ། ཚིག་ཉུང་བ་ལ་དད་ཅིང་དེ་ཉིད་རྟོག་ཤེས་པ་སྟེ། འདི་ནི་བློ་དང་འདྲེས་པའི་ཤེས་རབ་བོ། །གནས་པའི་ཤེས་རབ་སྐྱེས་པ་ནི། ཚིག་གང་བྱུང་ཡང་དེ་རང་གི་རྒྱུད་ལ་སྦྱོར་ཤེས་ཅིང་དེ་གནས་པར་ཤེས་པའོ། །འདི་ནི་འཁོར་བའི་ཤེས་རབ་བོ། །བསྐྱོད་པའི་ཤེས་རབ་སྐྱེས་པ་ནི། སྔོན་མ་ཐོས་པའི་བསྟན་བཅོས་དང་ཚིག་རྣམས་ལ་རྟོགས་ཤིང་དེའི་དོན་འཆད་ཤེས་པ་དང་། ཆོས་སྤྱིའི་རྣམ་པ་ལ་མཁས་པ་ཡིན་ཏེ། འདི་ནི་སེམས་ཀྱི་ཤེས་རབ་སྟེ་འཁྲུལ་པའི་དག་པ་ཕྱོགས་གཅིག་པའི་ཤེས་རབ་བོ། །དེ་ལྟར་བཞི་ཡང་རྒྱུད་མ་དག་པའི་ཤེས་རབ་བོ། །ཡང་དག་པའི་ཤེས་རབ་ནི། སྒྲོལ་བར་བྱེད་པའི་ཤེས་རབ་ཕྱིན་ཅི་མ་ལོག་པར་རྒྱུད་ལ་སྐྱེས་པའི་གང་ཟག་གཅིག་ལ། ཆོས་ནི་སྤྱིར་གྲུབ་པའི་མཐའ་འཛིན་པའི་ཚིག་སྤྲོས་པ་ཆོད་པ་ཡིན་པས་ཚིག་ལ་མི་བརྟག །རབ་ནི་མཚན་ཉིད་རང་བཞིན་མེད་པར་ཡིད་ཆེས་ཀུན། དུས་གཅིག་ལ་མཉམ་པའི་ཉམས་སུ་མྱོང་བ་རང་གི་རྒྱུད་ལ་སྐྱེས་པས། ཚིག་གང་མཐོང་ཡང་ཡིད་ཆེས་བསྐྱེད་དེ། མཉམ་པ་ཉིད་དུ་རྟོགས་པ་ཡིན་པས་འདི་ནི་ཤེས་པའི་ཤེས་རབ་ཅེས་བྱ་བའི་བརྟན་པའི་གདེང་རྙེད་པ་ཡིན་ན། དེ་ཉིད་ལ་ཕྱི་འགྱུ་བ་དང་ལྡོག་པ་མ་ཡིན་པར། དུས་རྟག་ཏུ་རང་གི་རྒྱུད་ལ་གནས་པས་ན། སྐྱེས་བུ་འདི་ནི་ལུས་ཀྱི་གཞི་ལ་གནས་པའི་ཤེས་རབ་ལྔ་ལས་ཁྱད་པར་དུ་སྒྲོལ་བར་བྱེད་པའི་ཤེས་རབ་ཀྱིས་ཆོས་ཉིད་ཕྱོགས་གཅིག་ཟིན་པ་ཡིན་ནོ། །དེ་ལྟར་ཟིན་པའི་རྟགས་སུ་སྐྱེས་བུ་འདི་ཡི་ལུས་ཀྱང་ཤིང་བལ་གྱི་འདབ་མ་ལྟར་ཡངས་པ་དང་། ཤེས་པ་རང་བཞིན་གྱི་ཤེས་པ་དང་། འཁྲུལ་པ་ལས་ལོག་པའི་ཤེས་པ། རབ་ཏུ་གསལ་བའོ། །དེ་དེས་ནི་གཞི་གནས་ཀྱི་ཤེས་རབ་ལྔའི་ཚད་བསྟན་ནས། ༈ །ད་ནི་སྣང་བ་ཅེར་ཟིན་གྱི་ཤེས་རབ་ཀྱི་ཚད་བསྟན་པ་ནི། སྣང་བ་འཁྲུལ་སྣང་འདི་གཅེར་གྱིས་མཐོང་བ་ཙམ་གྱིས་དེ་ལ་ཤེས་པ་འདོན་པ་སྟེ་འདི་ནི་གཉེན་པོ་རྒྱུད་སྦྱོར་གྱི་ཤེས་རབ་ཞེས་པ་ཡིན་ཏེ། དེའི་ཚད་ནི། སྣང་བ་གང་ཤར་བ་དེ་ཆོས་ཉིད་ཀྱི་རྐྱེན་དུ་གྱུར་རྟོག་པའི་གཉེན་པོར་སོང་བས། གང་སྣང་དེ་ཇི་ལྟར་གྱུར་ཀྱང་དེ་ཉིད་ལ། ཅོག་གི་འཇོག་ཤེས། དེ་ལ་བཞག་པས་དགོངས་པའི་གཞིའི་ཉམས་སུ་མྱོང་བ་སྐྱེ་བའི་རྟགས་ནི། རང་གི་ལུས་ཀྱི་དཀྱིལ་ཙིཏྟ་ན་གནས་པའི་ཁ་དོག་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ལྔའི་འོད་ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། སྐྱེས་བུའི་མཐེབ་མཛུབ་ཀྱི་རྩོལ་བ་མེད་པར་རང་གི་མིག་ནས་ཕྱིར་ཤར་ནས་ནམ་མཁའ་ལ་རང་སྣང་བ་དེ་ལ་འདི་ལ་ཤེས་པ་རང་ས་ཟིན་པ་ནི་གཉེན་པོའི་ཤེས་རབ་སྟེ། ལམ་སྣ་ཟིན་པའི་ཤེས་རབ་སྐྱེས་པ་ཡིན་པས། དེ་སྐྱེས་པའི་རྟགས་སུ། སྐལ་ལྡན་དེའི་ལུས་ཀྱང་རྐང་པ་ཁྲུ་གང་གིས་མཚན་མོ་འགྲོ་བ་ལ་ལྟས་ན་ས་ལ་རེག་པ་མེད་པར། བར་སྣང་ལ་འགྲོ་བ་ངེས་སོ། །རྣལ་འབྱོར་པ་འདི་ཁོ་རང་གི་ནང་རྟགས་འཁྲུལ་པ། བེམ་པོའི་རྣམ་པ་འདི་དག་གིས་ཤེས་པ་གང་ལ་གཏད་པར། དང་པོ་གང་ལ་གཏད་པའི་བེམ་པོ་དེ་རྣམས་ས་རྡོ་རི་བྲག་གང་ཡིན་ཀྱང་ཉལ་ཉལ་དངོས་མེད་དུ་ཞུ་བར་ནུས་པ་ནི། གཉེན་པོའི་ཤེས་རབ་ཀྱི་རང་རྩལ་འཕྲུལ་པ་ལ་འབྱོངས་པའི་ཚད་ཡིན་ནོ། །དེས་ནི་སྣང་བ་ཅིར་ཟིན་ལམ་ལས་ལྡོག་པ་མེད་པའི་ཤེས་རབ་ཀྱི་ཚད་བསྟན་ནས། ད་ནི་དྲན་པ་འགག་པ་མེད་པའི་ཤེས་རབ་མི་བརྗེད་པའི་གཟུངས་སྐྱེས་པའི་ཚད་བསྟན་པ་ནི། དྲན་པ་ནི་གློ་བུར་གྱི་ཤེས་པ་ནམ་མཁའ་ལ་སྤྲིན་བྱུང་བ་དང་འདྲ་སྟེ། སྤྲིན་གྱིས་ནམ་མཁའ་ལ་གོས་པ་མེད་པ་ལྟར་དྲན་པ་གློ་བུར་བས་ཤེས་རབ་ལ་གོས་པ་མེད་ལ། བྱུང་བ་ཡང་འགག་མེད་དུ་བྱུང་ལ། གྲོལ་བ་ཡང་འགག་པ་མེད་པར་གྲོལ་བས་ན་ཤེས་རབ་སྟེ། དེའི་ཚད་ནི། རྣལ་འབྱོར་པ་དེའི་ཤེས་པ་འཇིག་རྟེན་འཁྲུལ་པའི་རྣམ་པ་བཟང་བ་དང་ངན་པ་དང་། གཞན་གང་ལ་ཡང་མི་འཇུག་པར་རང་གི་དེ་ཉིད་འཁྲུལ་པ་མེད་པར་གནས་པའོ། །དེ་ལྟར་མི་བརྗེད་པའི་གཟུངས་སྐྱེས་སྟེ་ཚེ་སྔར་གྱི་ཆོས་རྣམས་རྒྱུད་ལ་སྐྱེས་པས་ཏེ། དེའི་རྟགས་སུ་ནང་དུ་གཅིག་པུར་འདུག་པར་དགའ་བ་ནི་སྣང་བ་ལ་ཤེས་རབ་ཀྱི་བྱན་ཚུད་པ་དང་། ཡེ་ཤེས་ཟླ་དང་བྲལ་བའི་རྟགས་ཡིན། རྣལ་འབྱོར་པ་འདི་ནི་མི་མེད་ཅིང་རབ་ཏུ་དབེན་པའི་ས་ཕྱོགས་ལ་རྟག་ཏུ་དད་ཅིང་མོས་པ་ནི་འཁྲུལ་སྣང་གྲོགས་སུ་ཤར་བའི་རྟགས་ཡིན། མི་གཞན་དང་འགྲོགས་སྙིང་མི་འདོ ད་པར་རི་དྭགས་ལྟར་རྟག་ཏུ་ནགས་ཁྲོད་དུ་འགྲིམ་པ་ནི། འཁྲུལ་པའི་སྣང་བ་ཟད་དུ་ཉེ་བའི་རྟགས་ཡིན། ཤེས་པ་རྩེ་གཅིག་འགྱུར་བ་མེད་པ་ནི་ཐེ་ཚོམ་དང་སྒྲོ་འདོགས་ཆོད་པའི་རྟགས་ཡིན་ནོ། །འགྲོ་བ་གཞན་གྱིས་བརྗོད་པའི་གཏམ་ལ་ཡང་དག་པར་བྲག་ཆ་ལྟར་ཤེས་པས། གཟུངས་སུ་འཛིན་པ་ཉིད་དང་བྲལ་བ་ནི་ཚིག་གི་སྤྲོས་པ་ཆོད་པས་ཚིག་ཏུ་སྣང་བ་གང་ལ་ཡང་བློ་མི་འཇུག་པའི་རྟགས་ཡིན། ལྟ་བ་མི་འགྱུར་བའི་གདེང་རྙེད་པས་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་མཐོང་བས། ནམ་མཁའ་དག་ལ་འགྲོ་བ་སྙམ་བྱེད་པ་ནི། ལུས་ཀྱི་རྡོས་བཅས་ཟད་དུ་ཉེ་བའི་རྟགས་ཡིན། སེམས་དེ་གར་གཏད་པའི་སར་ས་དེར་འཆགས་པ་ནི། སེམས་ཀྱི་འཁྲུལ་པ་འགགས་པའི་རྟགས་ཡིན། ཕ་རོལ་པོའི་ཚིག་དང་གྲུབ་མཐའ་དང་ཡིན་མིན་གྱི་རྣམ་པ་རྣམས་ཀྱི་རྐྱེན་གྱིས་ཀྱང་། སྐལ་བ་དང་ལྡན་པ་འདི་ལ་བསྒྱུར་དུ་སུས་ཀྱང་མི་རྙེད་ག་ལ་སྲིད་དེ། མི་ནུས་པ་ནི་ཆོས་ཉིད་འགྱུར་བ་མེད་པའི་དོན་ཁོང་དུ་ཆུད་པའི་རྟགས་ཡིན། རྣམ་པར་རྟོག་པ་དང་། ཡ་ང་བ་དང་ངོ་ཚ་བ་དང་བག་ཚ་བ་མེད་པར་ཤེས་པ་བདེ་ཡངས་སུ་སྤྱོད་པ་ནི། འཁྲུལ་པ་ཞིག་ཏུ་ཉེ་བའི་རྟགས་ཡིན། ཚད་དང་རྟགས་འདི་ལྟར་སྐྱེས་པའི་མི་དེ་ནི། དྲན་པ་འགག་པ་མེད་པ་མི་བརྗེད་པའི་གཟུངས་ཀྱི་ཤེས་རབ་སྐྱེས་པས། ཟག་བཅས་སྣང་བ་འདི་ཉིད་ལ་བྱ་བ་ཟིན་པའི་སྐྱེས་བུ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེས་ནི་མི་བརྗེད་པའི་གཟུངས་ཀྱི་ཤེས་རབ་དྲན་པ་འགག་པ་མེད་པར་སྐྱེས་པའི་རྟགས་ཚད་བསྟན་ནས། ༈ །ད་ནི་སོ་སོར་རྟོགས་པའི་བློའི་རིམ་པའི་ཤེས་རབ་སྐྱེས་པའི་རྟགས་དང་ཚད་བསྟན་པ་ནི། སོ་སོར་ནི་ཀུན་གཞི་དང་ཆོས་སྐུ་བྱེད་པར་རྟོགས་པ་དང་། སེམས་དང་ཡེ་ཤེས་དང་། འབྱུང་བ་དྭངས་སྙིགས་དང་། འཁོར་བ་དང་མྱང་འདས་ཕྱེད་མར་རྟོགས་པའི་ཤེས་རབ་སྟེ། དེ་ཡང་ཀུན་གཞི་དང་ཆོས་སྐུ་དབྱེ་བའི་དུས་དང་། སོ་སོའི་མཚན་ཉིད་དང་། དེ་དབྱེ་བའི་མན་ངག་དང་། ཕྱེད་པའི་རྟགས་དང་། ཕྱེད་པའི་ཚད་ལྔས་བསྟན་ཏེ། དེ་ཡང་སོ་སོའི་མཚན་ཉིད་ནི། ཀུན་གཞི་དང་ནི་ཀུན་ཞེས་པ་འཚོགས་པས་ན་ཀུན་གཞི་ཡིན་ལ། ལས་དང་ཉོན་མོངས་པ་དང་། བག་ཆགས་སྔ་ཕྱི་དང་། ཕུང་པོ་དང་ཁམས་ལ་སོགས་པ་འཚོགས་པས་ཏེ། དེ་ཡང་ཡེ་དོན་གྱི་ཀུན་གཞི་ལྷུན་གྲུབ་རིན་པོ་ཆེའི་གཞི་ལ་མི་སྣང་དགུ་སྣང་། མི་གནས་དགུ་གནས། མི་ཤར་དགུ་ཤར། མི་འབྱུང་དགུ་འགྱུར། མི་སྲིད་དགུ་སྲིད་པའོ། །སྦྱོར་བ་དོན་གྱི་ཀུན་གཞི་ནི། དེ་ལྟར་ལྷུན་གྲུབ་ལ་མི་སྣང་དགུ་སྣང་བས། འགྱུ་བ་ཡིད་ཀྱི་སྦྱོར་བ་ལས་དྲན་པའི་རྒྱུ་བྱས། སྣང་བ་སེམས་ཀྱི་སྦྱོར་བ་ལས་བསམ་པའི་རྒྱུ་བྱས། འགྱུ་བ་ཤེས་པའི་སྦྱོར་བས་གཟུང་འཛིན་གྱི་རྒྱུ་བྱས། དམིགས་པ་རྐྱེན་གྱི་སྦྱོར་བ་བཞིས་བདག་གི་རྐྱེན་བྱས་པ་ནི་སྦྱོར་བ་དོན་གྱི་ཀུན་གཞི་སྟེ། འཁྲུལ་པ་གཡོ་བྱེད་ཀྱི་ལས་བསྡུས་པའོ། །དེ་ལྟར་སྦྱོར་བ་ལས་མ་རིག་འཁྲུལ་གཞིའི་རྐྱེན་རང་རང་གིས་རང་གཡོས་པས། བག་ཆགས་འཁྲུལ་པའི་རྐྱེན་བྱས་པས་ཉོན་མོངས་པ་ལྔའི་རྒྱུ་རྐྱེན་དུ་བྱུང་བས། བག་ཆགས་སྔ་ཕྱི་འདྲེས་པ་ལས། ཀུན་རྫོབ་ཀྱི་འབྱུང་བ་བཞི་ཡི་རྐྱེན་གྱི་སྒོ་ནས་བག་ཆགས་ལུས་ཀྱི་ཀུན་གཞི་རྟེན་འབྲེལ་འཁོར་བའི་འཁྲུལ་འཁོར་དུ་བྱུང་སྟེ། འབྱུང་བ་སོ་སོའི་ཆོས་དང་། རྟེན་འབྲེལ་འཁྲུལ་པའི་ཆོས་དང་། ཉོན་མོངས་རྐྱེན་གྱི་ཆོས་དང་། རྡོས་བཅས་རྡུལ་ཕྲ་རགས་ལ་སོགས་པའི་གཞི་ལུས་ལ་བཅས་པས་ནི་ཀུན་གཞི་ཞེས་བྱའོ། །དེ་ལྟར་ཀུན་གཞི་རྣམ་ཤེས་ཡིད་ཀྱི་བྱུང་ཚོར་སྣ་ཚོགས་པས་ན་བསགས་པའི་ཀུན་གཞི་སྟེ་ཀུན་འདྲེས་ཤིང་མཚུངས་པར་གནས་པས་ན་ལྷན་གཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེས་ནི་ཀུན་གཞི་རང་གི་མཚན་ཉིད་དོ། །ཆོས་སྐུ་ཡང་ཞེས་པ་ནི་ཆོས་སྐུ་རང་གི་མཚན་ཉིད་དེ། ཆོས་ནི་སྤྱི་ཡི་ཆོས་ཤེས་པར་བྱ་བ་དང་། རང་གི་མཚན་ཉིད་ཉམས་སུ་བླང་བྱ་གཉིས་ཏེ། སྤྱི་ཡི་ཆོས་ཚིག་དང་ཡི་གེ་ཐེག་པའི་རིམ་པ་ལ་སོགས་འདི་དག་ཤེས་པར་བྱས་ལ། ཚིག་གི་སྤྲོས་པ་ཆོད་པའི་དགོས་པ་དང་། ཆོས་སྤྱིའི་རྣམ་པ་ལ་བློ་མི་འཇུག་པའི་ཕྱིར་ཤེས་བྱའི་དགོས་པ་སྟེ་ཕྱི་ཡི་སྤྲོས་པའི་སྒྲོ་འདོགས་ཆོད་པས་སྣང་བ་ཆོས་ཀྱི་སྐུ་ཡིན་ལ། ཆོས་རང་གི་མཚན་ཉིད་རིག་པ་མངོན་སུམ་ལ་བརྟེན་ནས་ཉམས་སུ་བླང་པས། ཡིད་ཆེས་པའི་རྟགས་སྔོན་དུ་ཤར་བས་གདེང་གཞན་དུ་མི་འཆའ་བས་ནང་གི་སྒྲོ་འདོགས་ཆོད་པས་རིག་པའི་ཆོས་ཉིད་དོ། །དེ་ལྟར་ཆོས་ཉིད་ལས་གྲུབ་པས་སྐུ་སྟེ། རྡོས་བཅས་རགས་པའི་ལུས་སུ་ནི་མེད་དེ། འགྱུར་མེད་ཟང་ཐལ་བའི་ངོས་ནས་སྐུ་རུ་བཞག་ལ། མཚན་མ་གསལ་བྱེད་དུ་མེད་དོ་སྟོང་པ་གཞི་རྫོགས་ཀྱི་ངོས་ནས་སྐུ་རུ་བཞག་ལ་གྲུབ་པ་ཚོགས་ཀྱི་སྐུ་ནི་མ་ཡིན་ཏེ་མཁྱེན་པ་འགགས་པ་མེད་པའི་སྐུ་རུ་བཞག་པ་ཡིན་ནོ། །སྣང་བ་གཟུགས་བརྙན་གྱི་སྐུ་ནི་མེད་ལ་གྲུབ་མཐའི་མཐར་ཐུག་པའི་ངོས་ནས་སྐུ་རུ་བཞག །རིག་བྱེད་འོད་ཀྱི་སྐུར་ནི་མ་ཡིན་ལ་ཡོན་ཏན་འཆར་ཚུལ་གྱི་སྒོ་ནས་སྐུར་བཞག་པ་ཡིན་ནོ། །དེ་ལྟར་མཚན་རྫོགས་རིགས་ཀྱི་སྐུར་ནི་མེད་ལ། ཐུགས་རྗེ་འཆར་བྱེད་ལ་འགག་པ་མེད་པའི་སྒོ་ནས་སྐུར་བཞག་པའོ། །དེ་ལྟར་ཕྱི་སྣང་བའི་ཆོས་ཉིད་སྐུར་གྱུར་པས་འཁྲུལ་པའི་མིང་མེད། ནང་རིག་པའི་ཆོས་ཉིད་སྐུར་གྱུར་པས་ད་འཁྲུལ་པ་མི་སྲིད་པས་ན། མ་འཁྲུལ་བའི་འ དུས་མ་བྱས་པའི་ངོས་དང་། མི་འགྱུར་བ་དང་། ལྡོག་པ་མེད་པའི་ངོས་ནས་སྐུར་བཞག་པའོ། །དེ་ལྟར་ཆོས་སྐུ་ཡིན་པར་ཅིས་ཤེས་ན་སྲིད་པ་ཁམས་གསུམ་གྱི་ཆོས་ཉིད་ཀྱི་མཐའ་ལས་འདས་ཏེ། རང་རྒྱུད་ཞེན་པའི་སྐུ་ལས་གྲོལ་བས་ཕྱི་ནང་གཉིས་ཀ་ཆོས་ཀྱི་སྐུ་ལས་མ་གཏོགས་པ་གང་ཡང་མེད་པས། འབྲས་བུ་གཞན་དུ་རེ་མི་འཆའ། དེ་རེ་འཆའ་ས་མེད་པས་ཆོས་ཀྱི་སྐུ་ལ་ལུས་མེད་པར་ངོ་ཤེས། དེ་ཤེས་པས་རྒྱུ་ཉོན་མོངས་པ་ལ་གྲུབ་རྒྱུ་མེད་པར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས། འབྲས་བུ་རང་ལས་འབྱུང་བར་ཐག་ཆོད། དེ་ཆོད་པས་རང་ལུས་ཆོས་སྐུ་ཡིན་པར་བློ་བདེ་བའོ། །དེ་ནི་ཆོས་ཀྱི་སྐུ་རང་གི་མཚན་ཉིད་དེ། དེ་ཡང་ཆོས་ཀྱི་སྐུ་དེའི་ངོ་བོ་འདུས་མ་བྱས། རང་བཞིན་ལ་སྐྱེ་འཇིག་མེད་ཐུགས་རྗེ་ལ་དབྲི་བསྐོལ་མེད། མཚན་ཉིད་མཐའ་ཐམས་ཅད་ལས་གྲོལ་བའོ། །དེ་ལྟར་ཀུན་གཞི་དང་ཆོས་སྐུ་གཉིས། ཆུ་དང་འོ་མ་འདྲེས་པ་ལྟར་མ་རྟོགས་པའི་དུས་ན་གནས་པའོ། །དེ་ཡང་དུས་ནམ་ནས་འདྲེས་ན་འཁྲུལ་པའི་བློ་ནི་མ་སྐྱེས་པ་ན་འདྲེས། ད་ཇི་ཙམ་དུ་གནས་ན་བློ་མ་ཟད་ཀྱི་བར་ལ་གནས་པའོ། །འོ་ན་དེ་གཉིས་ལ་དབྱེ་བའི་ཐབས་མེད་དམ་ཞེ་ན་ཡོད་དེ། དཔེར་ན་ཆུ་དང་འོ་མ་འདྲེས་པ་དེ་བྱ་ངང་མོའི་མཆུས་སོ་སོར་ཕྱེས་པ་དང་འདྲ་བར། འབྱེད་པའི་དུས་རང་བཞིན་གནས་པའི་བར་དོ་ལ་དབྱེ་བ་སྟེ། དེ་སུས་འབྱེད་ན་རྟེན་གྱི་གང་ཟག་འཁོར་བ་ལ་བློ་ལོག་པ། ཚེ་འདི་རྒྱབ་ཏུ་བོར་ནས་ཕྱི་མ་དང་དུ་ལེན་པ་དད་པ་ལ་འགྱུར་བ་མེད་པ། ཤེས་རབ་ལ་འགྱུར་བ་མེད་པ། བརྩོན་འགྲུས་ལ་ཐང་ལྷོད་མེད་པ། རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ་གཅིག་གིས་འབྱེད་ལ། དེ་འབྱེད་པའི་མན་ངག་གི་བཤད་རྒྱུད་ཚིག་གི་རིམ་པ་ལ་བརྟེན་པས་ཕྱི་ཡི་སྒྲོ་འདོགས་བཅད་པས། ཤེས་བྱའི་ཆོས་ཉིད་མཐར་ཐུག་པས་སྣང་བ་ཐམས་ཅད་ཆོས་སྐུར་གཏན་ལ་ཕབས་པས་ཡེ་དོན་གྱི་ཀུན་གཞིའི་མིང་མེད་དེ། རང་བྱུང་གི་ཡེ་ཤེས་གཞན་ལ་མ་ལྟོས་པའི་གནད་ཀྱིས་སོ། །དེ་ལྟར་ཅིས་ཤེས་ན་འདི་ལྟར་སྣང་བ་ཐམས་ཅད་ཆོས་སྐུ་ལས་མ་རྟོགས་པ་གང་ཡང་མི་འ དུག་པས། ཡུལ་རྐྱེན་བདག་ཏུ་རྟོག་པའི་མཐའ་ལས་གྲོལ་བས། གཉེན་པོ་གཞན་ལ་ལྟོས་མི་འཆའ། དེ་མ་བཅོས་པས་དུག་ལྔ་ཉིད་དུག་ལྔས་གྲོལ་བར་ངོ་ཤེས། དེ་ཤེས་པས་རང་ཀ་མ་རང་གྲོལ་བར་ཡིད་ཆེས། དེ་ཆེས་པས་ལས་དགེ་སྡིག་མེད་པར་ཐག་ཆོད། དེ་ཆོད་པས་སྣང་སྲིད་ཡེ་སངས་རྒྱས་ཏེ་བློ་བདེ་བའོ། །སྙན་བརྒྱུད་གནད་ཀྱི་མན་ངག་རིག་པ་མངོན་སུམ་ལ་བརྟེན་ནས་ནང་གི་སྒྲོ་འདོགས་བཅད་པས། ཉམས་སུ་བླང་བྱའི་ཆོས་ཉིད་ཀྱི་མཐར་ཐུག་པ་རང་ལུས་སྐུར་གྲོལ་བས། སྦྱོར་བའི་ཀུན་གཞི་དང་བག་ཆགས་ལུས་ཀྱི་ཀུན་གཞི་མིང་མེད། དེ་མེད་པས་ཟག་བཅས་སྡུག་བསྔལ་གྱི་མཐར་མ་ལྷུང་། དེ་མ་ལྷུང་པས་རང་བྱུང་གི་ཡེ་ཤེས་ལས་ལ་རེ་བ་མེད། དེ་མེད་པས་འདི་ཉིད་ལ་ཟག་མེད་དུ་སངས་རྒྱ་བར་ངོ་ཤེས། དེ་ཤེས་པས་ལས་དགེ་བས་ཕན་མ་བཏགས་པར་ཡིད་ཆེས། དེ་ཆེས་པས་རིག་པའི་ཡེ་ཤེས་ཉིད་བར་མ་དོ་ལ་མི་ལྟོས་པར་ཐག་ཆོད། དེ་ཆོད་པས་འདི་ཉིད་ལ་ཆོས་ཉིད་རང་ཟད་པས་བློ་བདེ་བའོ། །དེ་ལྟར་མན་ངག་གཉིས་ལ་བརྟེན་ནས་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་རྟོགས་པ་ནི་དེའི་མན་ངག་གོ། །དེ་ལྟར་ཕྱེ་བས་ཕྱེད་པའི་ངོ་བོ་གོང་ལྟར་རྟོགས་པས་ཀུན་གཞི་དང་ཆོས་སྐུ་འདི་ལྟར་ཕྱེད་པའི་རྟགས་ནི་འདི་ལྟ་བུ་ཤར་ཏེ། རྣལ་འབྱོར་པ་རང་གི་ལུས་ལ་ཞེན་པའི་བློ་དང་བྲལ་ནས་གཏད་མེད་ཐོམ་གྱིས་སོང་བ་སྟེ། ལུས་ལ་བརྡེག་པ་དང་། མཚོན་བཏབ་ཀྱང་ཡ་ང་བ་དང་བྲལ་བ་ནི་ནང་གི་སྒྲོ་འདོགས་ཆོད་དེ། ལུས་ཀྱི་ཀུན་གཞི་དང་ཕྱེད་པའི་རྟགས་ཡིན། རིག་པ་གར་གཏད་པའི་སར་གནས་པ་ནི། རང་ལུས་ཏེ་རིག་པ་ལ་དབང་ཐོབ་པས་སྦྱོར་བ་དོན་གྱི་ཀུན་གཞི་ཆོས་སྐུ་ཕྱེད་པའི་རྟགས་ཡིན། རྣལ་འབྱོར་བ་དེའི་ལུས་ནི་བེམ་པོ་བཞིན་དུ་འགྱུར་བ་ནི་འདི་ཡི་དུས་ན་འཕོ་བའི་ལས་གྲུབ་པ་སྟེ། རྣམ་ཤེས་གཞན་གྱི་ལུས་ལ་འཇུག་ནུས་པ་དག་འབྱུང་ཞིང་། རང་གི་ལུས་བེམ་པོར་འགྱུར་ཞིང་། རིག་པ་སྦུག་ནས་ཐོན་པར་ནུས་པ་སྟེ། འདིས་ནི་འཁོར་བ་དང་གཉིས་ཀ་ལ་དབང་ཐོབ་པས་ཡེ་དོན་གྱི་ཀུན་གཞི་འཁྲུལ་འཁོར་གྱི་གཞི་མ་དང་ཆོས་སྐུ་ཕྱེད་པའི་རྟགས་སོ། །འདི་ནི་དོན་གྱིས་ཕྱེད་པའི་ཚད་དུ་ཡང་འགྲོའོ། །ཕྱེད་པའི་ཚད་དངོས་ནི་རང་གི་སྒྱུ་ལུས་སྒྱུ་མའི་རང་བཞིན་དུ་གྱུར་ནས་ཟག་བཅས་སུ་མི་སྣང་བའོ། །དེ་ཕྱེ་བའི་ཆོས་པ་ནི་དབང་པོ་རབ་ཀྱི་ཟག་པ་རང་ཟད་ནས་ཕུང་པོ་ལྷག་མེད་དུ་འདི་ལ་སངས་རྒྱ་བར་འགྱུར་བའི་དགོས་པ་ཡོད་དོ། །སེམས་དང་ཡེ་ཤེས་དབྱེ་བ་ལ་ཡང་། རང་གི་མཚན་ཉིད་དང་། དུས་དང་། འབྱེད་པའི་མན་ངག་དང་། རྟགས་དང་། ཚད་དང་། ཕྱེ་བའི་དགོས་པ་དང་དྲུག་གིས་བསྟན་པ་ལ། སོ་སོ་རང་གི་མཚན་ཉིད་ནི། སེམས་དང་ནི་སེམས་ཀྱི་མཚན་ཉིད། སེམས་ཀྱི་ངོ་བོ་སྣང་བ་ལ་མ་ངེས། རང་བཞིན་ཡུལ་ཀུན་ལ་འཇུག་པ། དབྱེ་བ་འཁྲུལ་པའི་སེམས་དང་། ཕྱིན་ཅི་ལོག་གི་སེམས་སོ། །མཚན་ཉིད་དྲན་བསམ་རྣམས་ཀྱི་གཞི་འཛིན་པ། ལས་ཀྱི་བག་ཆགས་སྔ་ཕྱི་འབྲེལ་བྱེད་པ། སེམས་ཀྱི་འབྲས་བུ་ཁམས་གསུམ་དུ་འཁོར་བ། སེམས་ཀྱི་སྣང་བ་ཡིད་དཔྱོད་སྣ་ཚོགས་པའོ། །ཡེ་ཤེས་ཀྱི་མཚན་ཉིད་ནི་གོང་མ་ལས་ལོག་པ་སྟེ། ངོ་བོ་རང་སྣང་རང་གྲོལ་པ། རང་བཞིན་འོད་གསལ་བ། མཚན་ཉིད་གང་དུ་ཡང་གྲུབ་པ་མེད་པ། དབྱེ་བ་གཞི་གནས་ཀྱི་ཡེ་ཤེས་དང་མཚན་ཉིད་འཛིན་པའི་ཡེ་ཤེས་སོ། །ལས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད། འབྲས་བུ་སངས་རྒྱ་བར་བྱེད་པའོ། །དེ་ཡང་ཡེ་ནས་གནས་པའི་དོན་དེ་ཕྱིན་ཅི་མ་ལོག་པར་ཤེས་པས་ན་ཡེ་ཤེས་ཏེ། ཤེས་རབ་ཀྱིས་རྟོགས་པའོ། །དེའི་བཞུགས་ཚུལ་ནི་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བར་བཞུགས་སོ། །དེ་ཡང་སེམས་ཀྱི་མཐའ་ལས་རང་གྲོལ་བས། འཁོར་བའི་དོགས་མེད། དེ་མེད་པས་འགྲོ་བ་རྣམས་ཡེ་ནས་གྲོལ་བར་ངོ་ཤེས། དེ་ཤེས་པས་རང་བྱུང་གི་ཡེ་ཤེས་ཉིད་འབད་པ་དང་རྩོལ་སྒྲུབ་ཀྱི་ནད་དང་བྲལ་བས་ཡིད་ཆེས། དེ་ཆེས་པས་རྣལ་འབྱོར་པའི་ལུས་ངག་ལ་བཅོས་སུ་མེད་པར་ཐག་ཆོད། དེ་ཆོད་པས་བྱ་བྱེད་རྣམས་རང་གྲོལ་བས་ཏེ་བློ་བདེ་བའོ། །དེ་ལྟ་བུ་ནི་ཡེ་ཤེས་རང་གི་མཚན་ཉིད་དམ་བཞུགས་ཚུལ་ལོ། །དེ་ལྟར་སེམས་དང་ཡེ་ཤེས་གཉིས་པོ་དེ་གསེར་དང་གཡའི་ཚུལ་དུ་རང་གིས་རང་ཆས་སུ་འདྲེས་ནས་གནས་སོ། ། དེ་དུས་ནམ་འདྲེས་ན་འབྱུང་བ་ཉེར་ལེན་གྱི་ལུས་ནམ་ཆགས་པ་ན་འདྲེས་སོ། །དེ་འབྱེད་པར་འགྱུར་བའི་དུས་ནི་ལུས་ཀྱི་ཉེར་ལེན་ནམ་ཟད་ཙམ་ན་ལྷན་གཅིག་ཏུ་མི་གནས་སོ། །དེ་ཕྱེད་པའི་ཐབས་མེད་དམ་སྟེ་ཡོད། གསེར་ལ་བཟོ་བོ་མཁས་པས་སྦྱོང་བྱེད་ཀྱི་ལས་བྱས་པས་ཕྱེད་པ་ལྟར། བླ་མའི་མན་ངག་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་ཕྱེད་པའོ། །དེ་གཉིས་འབྱེད་པའི་དུས་ནི་རང་བཞིན་གནས་པའི་བར་དོ། དེ་འབྱེད་པར་བྱེད་པའི་མན་ངག་ནི་སྒྲོན་མ་བཞི་ལམ་དུ་ཁྱེར་བའི་མན་ངག་ལ་བརྟེན་ནས། སྐལ་ལྡན་གྱིས་འབྱེད་པའོ། །དེ་ལྟར་ཕྱེ་བས་སྒྲོན་མ་དངོས་སུ་སྣང་བས་ཡིད་དཔྱོད་ཀྱི་མཐའ་ལས་གྲོལ་ཏེ། ལྟ་བ་ལ་སྙེམ་མ་ཞུགས་པས། ངོ་རང་ཐོག་ཏུ་ཤེས། དེ་ཤེས་པས་ཡིད་སྣང་བ་ལ་ཆེས། དེ་ཆེས་པས་ཐག་ཡུལ་ཐོག་ཏུ་ཆོད། དེ་ཆོད་པས་བློ་ཡེ་གྲོལ་དུ་བདེ་བའོ། །དེ་ལྟར་ཕྱེད་པའི་རྟགས་ནི། རྣལ་འབྱོར་པ་དེའི་དབུགས་ཕྱི་ནང་དུ་འགྱུ་བར་བྱེད་པ་དང་རྩལ་འགྱུ་བ་དང་། སྤྱི་བོ་ནས་རྒྱུ་བ་རྣམས་ཀྱི་སྒོ་ནས་ཡང་དག་པར་བརྟགས་ཀྱང་དེ་མི་སྣང་བ་ལ་ནི་སེམས་ཡེ་ཤེས་ཀྱི་དབང་དུ་གྱུར་པས་བྱུང་ཚོར་གྱི་གཞི་སྟོང་པའི་རྟགས་སོ། །ཚད་ནི་བག་ཆགས་ཀྱི་རྨི་ལམ་ནུབ་པའོ། །དེ་ནམ་ཕྱེད་ན་རྡོས་པ་དང་བྲལ་བའི་དུས་ནའོ། །དེ་ཕྱེ་བས་ན་དགོས་པ་ཅི་ཡོད་ན་དབང་པོ་རབ་གཅིག་འདི་ལ་རྣམ་པར་རྟོག་པ་ལས་ཀྱི་རླུང་ཟད་ནས། བར་དོ་དང་པོ་སྐད་ཅིག་གི་ཡུལ་དུ་བྱས་སྟེ་སྐད་ཅིག་མ་གསུམ་ལ་སངས་རྒྱ་བའོ། །འབྱུང་བ་དྭངས་སྙིགས་འབྱེད་པ་ལ་ཡང་། རང་གི་མཚན་ཉིད་དང་། འབྱེད་པའི་དུས་དང་། དེ་འབྱེད་པའི་མན་ངག་དང་། རྟགས་དང་། ཚད་དང་། དགོས་པ་དང་དྲུག་གིས་བསྟན་ཏེ། འབྱུང་བ་ནི་དོན་དམ་པའི་འབྱུང་བ་བཞི་ནི་ཆུ་གཤེར་བ་མེད་པའི་སྡུད་པས་དཀར་པོའི་སྣང་བ་རང་ལོག །ས་སྲ་བ་མེད་པའི་བརྟན་པས་སེར་པོའི་སྣང་བ་རང་ལོག །མེ་ཚ་བ་མེད་པའི་སྲེག་པས་དམར་པོའི་སྣང་བ་རང་ལོག །རླུང་ཡངས་པ་མེད་པའི་བསྐྱོད་པས་ལྗང་གུའི་སྣང་བ་རང་ལོག །ནམ་མཁའ་ཁྱབ་པ་མེད་པའི་ཡེ་གདངས་ཀྱི་མཐིང་ཀའི་སྣང་བ་རང་ལོག་པ་ནི། མའི་འབྱུང་བའི་མཚན་ཉིད། ཀུན་རྫོབ་ཀྱི་འབྱུང་བ་བཞི་ནི། ཆུས་བསྡུད་པའི་ལས་བྱེད། སས་བསྐྱེད་ཅིང་འཛིན། མེས་སྨིན་རླུང་གིས་འབྱེད་པའི་ལས་བྱེད་པ་ནི། མའི་འབྱུང་བའི་མཚན་ཉིད་དོ། །དེ་ཡང་སྙིགས་མའི་འབྱུང་བའི་མཚན་ཉིད་དོ། །དེ་ཡང་སྙིགས་མའི་འབྱུང་བའི་ངོ་བོ་མི་བརྟན་པ། རང་བཞིན་འགྱུར་བ། མཚན་ཉིད་ཀུན་རྫོགས་ལས་ཀྱི་འགྲོ་བ་བརྟེན་པར་བྱེད། འབྲས་བུ་ཆགས་འཇིག་གོ། །དྭངས་མའི་ངོ་བོ་ལམ་དུ་སྣང་བ། རང་བཞིན་བཟུང་ཡུལ་དུ་མེད་པ། འོད་དུ་གསལ་བ་དོན་དམ་པ། ལས་ཀྱིས་ལམ་ཕྱིན་ཅི་མ་ལོག་པར་བྱེད་པ། འབྲས་བུ་ལོངས་སྐུའི་ཞིང་ཁམས་ནས་སངས་རྒྱ་བའོ། །དེ་ལྟར་འབྱུང་བ་དྭངས་སྙིགས་གཉིས་ཁྲག་དང་ཞོ་འདྲེས་པ་ལྟར་རིས་འཛིན་དུ་ཡོད་དོ། །དེ་ཡང་ནམ་འདྲེས་ན་ལུས་ནམ་གྲུབ་པའི་དུས་ན་འདྲེས་ལ། དེ་ནམ་ཕྱེད་ན་ཆོས་ཉིད་ཀྱི་བར་མ་དོར་ཕྱེད་ལ། དེ་དུས་ནམ་འབྱེད་ན་འཆི་ཀ་མའི་བར་དོ་ལ་འབྱེད་དེ། མི་གསལ་བ་གསལ་གདབ་པ་ནི། རང་གིས་གསལ་ཐེབས་ན་ལེགས་མ་ཐེབས་ན་བླ་མ་བཞུགས་ན་བླ་མས་རྣ་བར་སྨྱུག་མའི་ཨུ་འབིའམ། ཤོག་གུའི་སྦུགས་ནས་ལན་གསུམ་དུ་གདབ་བོ། །བླ་མ་མེད་ན་དམ་ཚིག་གཅིག་པའི་གྲོགས་ཀྱིས་གསལ་གདབ་བོ། །དེ་འབྱེད་པའི་མན་ངག་ནི། ཁྲག་དང་ཞོ་འདྲེས་པ་དེ་གཞན་གྱིས་མི་ཕྱེད་དེ། ནོར་བུ་ཀེ་ཀེ་རུས་ལན་གསུམ་དཀྲུགས་པས་བྱེད་དོ། །དེ་ལྟར་འབྱུང་བ་དྭངས་སྙིགས་འབྱེད་པའི་མན་ངག་ཆོས་ཉིད་ཀྱི་བར་མ་དོའི་མན་ངག་ལ་བརྟེན་ནས་ཕྱེ་སྟེ། རགས་པའི་སྣང་བ་རྣམས་རང་བཞིན་མེད་པར་ཤེས་པས། རྟག་པར་འཛིན་པའི་མཐའ་ལས་གྲོལ། དེ་གྲོལ་བས་འཁོར་བའི་ཆོས་ལ་ལྟོས་མི་འཆའ། དེ་མ་བཅོས་པས་རིག་པ་ལ་ཞེ་འདོད་མེད་པར་ངོ་ཤེས། དེ་ཤེས་པས་ཐེག་པ་ཐུན་མོང་བའི་གྲུབ་མཐའ་ཞེ་འདོད་དང་བཅས་པས་སངས་མི་རྒྱ་བར་ཡིད་ཆེས། དེ་ཆེས་པས་ལམ་སྔོན་དུ་སྦྱོང་དགོས་པར་ཐག་ཆོད། དེ་ཆོད་པས་འགྱུར་བ་མེད་པའི་ལམ་འཕྲང་དགུག་གི་དགྲ་དང་འདྲ་བར་སྡོད་པས་བློ་བདེ་བའོ། །དེའི་རྟགས་ནི་འབྱུང་བ་དྭངས་སྙིགས་རྣལ་འབྱོར་པ་སུས་ཕྱེད་པའི་རྟགས་སུ། སྣང་བ་འདི་ལ་རགས་པའི་སྣང་བས་ས་རྡོ་དང་རི་བྲག་འདི་དག་སྐབས་སུ་རང་འགགས་ལ་འགྲོ་བས་ཏེ། འདི་ནི་འབྱུང་བ་དྭངས་སྙིགས་ཕྱེད་པའི་རྟགས་ཡིན་པས། འདི་ལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཆ་ཤས་ཀྱི་སྐུ་ལ་བདེ་བར་སྦྱོང་པའི་རྟགས་སོ། །དེའི་ཚད་ནི་འོད་ཀྱི་སྣམ་བུ་ལ་སྤྱོད་པ་ཉིད་ཡིན་ནོ། །ཕྱེད་པ་དངོས་ནི་ཆོས་ཉིད་ཀྱི་བར་མ་དོའོ། །དེ་ལྟར་ཕྱེ་བ་ལ་དགོས་པ་ཅི་ཡོད་ན་དབང་པོ་འབྲིང་པོ་གཅིག་ཆོས་ཉིད་ཀྱི་བར་དོ་ལ་རང་གི་དེ་ཉིད་བརྟན་པ་ཐོབ་ནས་མངོན་པར་རྫོགས་པར་སངས་རྒྱ་བའི་དགོས་པ་ཡོད་དོ། །གོང་དུ་བསྟན་པ་དེ་བཞིན་དུ་འདི་ལ་ཡང་དྲུག་གིས་བསྟན་ཏེ། འཁོར་བའི་མཚན་ཉིད་ནི། ངོ་བོ་གཅིག་ཏུ་མི་གནས་པས་འཁོར་བས་ན་འཁོར་བ། རང་བཞིན་མ་བརྟགས་ན་ཉམས་དགའ་བ། མཚན་ཉིད་གཅིག་ཏུ་མ་ངེས་པ། ལས་ཀྱི་སྡུག་བསྔལ་དུ་མ་བསྐྱེད་པར་བྱེད་པ། འབྲས་བུ་འགྲོ་བ་རིགས་དྲུག་གོ། །མྱ་ངན་ལས་འདས་པའི་མཚན་ཉིད་ནི། ངོ་བོ་མཐའ་གང་དུ་ཡང་མ་ལྷུང་། རང་བཞིན་ཆོས་ཉིད་འདུས་མ་བྱས་པ། མཚན་ཉིད་སྐྱེ་བ་མེད་པ། ལས་ཀྱི་འཁྲུལ་པའི་ཞེན་པ་ལས་གྲོལ་བར་བྱེད་པ། འབྲས་བུ་ཆོས་ཟད་པའོ། །དེ་ལྟར་མྱ་ངན་ལས་འདས་པ་དེ་ནི། ཡོད་མེད་སྟོང་པའི་མཐའ་ལས་འཛིན་མེད་ཕྱོགས་རིས་མེད་པར་རང་གྲོལ། དེ་གྲོལ་བས་འགྲོ་དྲུག་མངལ་གྱི་གྲོང་ཁྱེར་དུ་མེད། དེ་མེད་པས་འབྲས་བུ་ལ་ལྡོག་མེད་པར་ངོ་ཤེས། དེ་ཤེས་པས་ངན་སོང་གསུམ་ངོ་བོ་ལ་གྲུབ་པ་མེད་པར་ཡིད་ཆེས། དེ་ཆེས་པས་རིག་པ་ལ་དྲི་མ་མེད་པར་ཐག་ཆོད། དེ་ཆོད་པས་བདེ་སྡུག་ངོ་སྙམ་སྟེ་བློ་བདེ་བའོ། །དེ་ལྟར་གནས་པའི་འདས་པ་དང་འཁོར་བ་གཉིས། སྣོད་བཅུད་དབྱེ་བ་ཆུ་དང་སྙིགས་མའི་ཚུལ་དུ་འདྲེས་ཏེ། དེ་ཡང་ནམ་འདྲེས་ན་དྲན་པ་ཡིད་ཀྱི་འགྱུ་བ་ནམ་བྱུང་བ་ན་འདྲེས། དེ་ཡང་དེ་གནས་ཀྱི་བར་ལ་གནས། ཐ་མ་དེ་ནམ་ཟད་པ་ན་ཕྱེད་དོ། །དེ་འབྱེད་པའི་དུས་ནི་ད་ལྟ། དེ་འབྱེད་པར་བྱེད་པའི་མན་ངག་ནི་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་སྔོན་དུ་བསྟན་པ་སྟེ། ཆུའི་རྙོག་མ་དེ་ནོར་བུ་ཆུ་དྭངས་བཅུག་པ་ཙམ་གྱིས་སེལ་བ་དང་འདྲ་བར། རིག་པའི་ཡེ་ཤེས་མངོན་གསུམ་དུ་བསྟན་པས་འདི་ཉིད་འབྲས་བུ་རང་རྫོགས་རང་བཞིན་གཉིས་མེད་དུ་རྟོགས་ཤིང་ཤེས་ཏེ། འཁྲུལ་པའི་ཞེན་པ་རང་རྒྱུད་དུ་འཛིན་པའི་མཐའ་ལས་འཛིན་མེད་རང་སྣང་དུ་གྲོལ་བའོ། །དེ་གྲོལ་བས་འཁོར་བ་མི་རྟག་པར་ངོ་ཤེས་ཏེ། དེ་ཤེས་པས་བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བར་ཡིད་ཆེས། དེ་ཆེས་པས་ཆོས་ཐམས་ཅད་མ་བཅོས་རང་སར་བཞག་པ་ཡིན་པར་ཐག་ཆོད། དེ་ཆོད་པས་ཚེ་འདི་བྱ་བྱེད་དང་བྲལ་ཏེ་བློ་བདེ་བའོ། །དེ་ལྟར་སུས་ཕྱེད་པའི་སྐལ་ལྡན་ལ། འཁྲུལ་པའི་བློའི་སྣང་བ་རྣམས་སྐྱེ་མི་སྲིད་པ་ནི་འཁོར་བའི་ཐག་ཆོད་པའི་རྟགས་ཡིན། དེ་ལྟར་ཐག་ཆོད་པ་ལ་གལ་ཏེ་འཁྲུལ་པའི་བསམ་པ་སྐབས་སུ་སྐྱེས་ཀྱང་ཕན་གནོད་དང་བྲལ་བའོ། །དེའི་ཚད་ནི་འཁྲུལ་པའི་བྱ་བ་ལ་བློ་འཇུག་མི་སྲིད་པའོ། །དེ་ལྟར་ཕྱེ་བ་ལ་དགོས་པ་ནི་ཟབ་མོ་འཇུག་སྒོ་མཐོང་བའི་ཡོན་ཏན་གྱིས་དབང་པོ་ཐ་མ་གཅིག་རང་བཞིན་སྤྲུལ་པའི་སྐུར་དབུགས་ཕྱུང་ནས་སངས་རྒྱ་བའི་དགོས་པ་ཡོད་དོ། །དེ་ལ་སོགས་པའི་ནི་དབང་པོ་ཐ་མའི་ཐ་མ་གཅིག་གིས་འཁོར་བ་ལས། བློ་ངང་གིས་ལོག །རང་བཞིན་རྫོགས་པ་ཆེན་པོའི་དོན་འདི་ཐོས་པ་དང་། མོས་པ་བྱས་པའི་སྟོབས་ཀྱིས་རང་གི་ཤེས་རབ་ཀྱིས་འཁོར་བའི་མཚན་ཉིད་རྟག་པ་ཡིན་སྙམ་པ་དང་། མྱ་ངན་ལས་འདས་པ་འདུས་མ་བྱས་ཤིང་སྐྱེ་བ་མེད་པ་ཡིན་སྙམ་པ་ཙམ་དུ་གཏན་ལ་ཕེབས་པ་སྙམ་བྱེད་ཙམ་ལ་བརྟེན་ནས་སྐྱེ་བར་བརྒྱུད་ནས་སངས་རྒྱ་བ་ཡིན་ནོ། །དེ་ལྟར་ན་བློ་ཡི་རིམ་པས་སོ་སོར་རྟོགས་པའི་ཤེས་རབ་བོ། །ད་ནི་འཇུག་བྱེད་རྣམ་གསུམ་གྱི་རྟགས་བསྟན་པ་ནི། འཇུག་བྱེད་ནི་དང་པོའི་དུས་ན་ཐོས་པས་རྒྱུད་གྲོལ། བསམ་པས་ཐག་བཅད། བསྒོམ་པས་ལ་བཟླ་བ་རྣམ་པ་གསུམ་གྱི་ཤེས་རབ་ནི། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཚིག་གི་སྒྲོ་འདོགས་ཆོད་པ་སྟེ། དེའི་ཚད་ནི། ཆོས་རྒྱུད་དང་ལུང་དང་མན་ངག་ཀུན་གྱི་ཚིག་གཅིག་མགོ་སྨོས་པ་ཙམ་གྱིས་ནི། ཆོས་དེའི་གཞུང་ཀུན་ཤེས་པ་ནི། སྔོན་ཆད་ཐོས་མ་མྱོང་ཀྱང་ཤེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཚད་དུ་ཕྱིན་པའི་རྟགས་སོ། །དོན་གྱི་རྟགས་ནི་ཚིག་གི་འབྲེལ་པ་དང་བྲལ་བའོ། །བསམ་པ་ལས་བྱུང་བའི་ཤེས་རབ་ནི། རང་ཤེས་པ་ཅི་ལ་བསམ་པའི་ཟུངས་ནི་རྟེན་གང་ལ་གཏད་པ་ལ་བརྟེན་ནས་ཉམས་སུ་མྱོང་བར་ཤར། རང་གི་རྒྱུད་ལ་བདེ་བར་ཤར་ན་བསམ་པས་ཡང་ནི་དེ་བཞིན་དུ་ཤེས་རབ་འབྱུང་བའི་རྟགས་སོ། །དོན་གྱི་རྟགས་ནི་དྲན་པའི་འགྱུ་བ་རྒྱུན་ཆད་པའོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི། འདི་ལྟར་སྣང་བའི། འཁྲུལ་པའི་རྣམ་པར་རྟོག་པའི་ཞེན་པ་མཐའ་དག་རང་བཞིན་གྱིས་འགགས་ནས་ཕྱིས་སྐྱེ་མི་སྲིད་པ་ནི། སྐྱེ་མེད་རྟོགས་ཞེས་བློ་ལས་འདས་པའི་རྟགས་ཡིན། དེ་ལྟར་རྟོགས་པའི་རྣལ་འབྱོར་པ་འདི་ནི་བསྒོམ་པའི་ཤེས་རབ་རང་གིས་རང་རྙེད་པའི་རྟགས་ཡིན་ནོ། །དེའི་དོན་གྱི་ཚད་ནི། འཁྲུལ་སྣང་ཞིག་ནས་མི་ལས་འདས་པའོ། །དེས་ནི་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་བསྟན་ནས། ༈ །ད་ནི་དྲིས་ལན་བརྒྱད་པ་དཔེ་བསྟན་པ་ནི། ཤེས་རབ་ཀྱིས་རྣམ་རྟོག་གི་མཚན་མ་སྲེག་པ་ནི། དཔེར་ན་སྤྲ་བ་རླན་མེད་པ་ལ། མེ་སྟག་ཕྲ་བ་ཉིད་དང་ཕྲད་ཀྱང་། སྤྲ་བ་ཀུན་མཆེད་དེ་མེས་སྲེག་པ་བཞིན་དུ། ཤེས་རབ་ཀྱི་སྤྲ་བ་རླན་མེད་པ་དང་འདྲ་བའི་རྣམ་པར་རྟོག་པའི་བག་ཆགས་སྔ་ཕྱི་མེད་པར་སྲེགས་ཏེ། སྤྲ་བ་ཀུན་མེས་མཆེད་ནས་ཐལ་བ་ཡང་གྲུབ་པ་མེད་པ་དང་འདྲ་བར་བག་ཆགས་དེ་སྔར་ཆོད་པ་ཡང་མེད། ད་ལྟ་གནས་པ་ཙམ་དུ་ཡང་མི་སྲིད། ཕྱིས་ཐལ་བའི་ཤུལ་ཙམ་ཡང་མེད་པ་དང་འདྲ་བར་ག་ལ་སྲིད་དེ། དེ་ལྟར་མེད་པས་ད་འདི་ལྟར་སྣང་བ་ཀུན་ཤེས་རབ་རང་བྱུང་གི་སྒྲོན་མའི་སྣང་བ་ལས་མ་གཏོགས་པ་གཞན་མེད་པའོ། །དེ་ལྟར་ཆོས་ཀྱི་རྣམ་གྲངས་བཅུས་ལེའུའི་གཞུང་བསྟན་པའོ། །ཞེས་ཚིག་དང་ཡི་གེར་སྒྲོན་མ་འབར་བའི་རྒྱུད་ཀྱི་སྡེ་ལས་ཤེས་རབ་རང་བྱུང་གི་སྒྲོན་མ་ཆོས་ཀྱིིི་རྣམ་གྲངས་རང་ངོ་ལ་བརྒྱད་དུ་བྱས་ནས་བསྟན་པའོ། །ལེའུ་སྡེ་ཚན་ངོ་ཤེས་པར་བཅད་པའོ། །གཉིས་པ་གཅིག་བསྟན་པའི་གོ་འོག་མས་ཏེ་གྲངས་སོ། ༈ །ད་ནི་ལེའུ་གསུམ་པ་བསྟན་ཏེ་ལེའུ་འདིས་ཐིག་ལེ་སྟོང་པའི་སྒྲོན་མ་བསྟན་ཏེ། འདི་ལ་བསྡུས་པའི་དོན་གཉིས་ཀྱིས་བསྟན་པའི་དང་པོ་ཞུ་བ་མདོར་བསྟན་པ་ནི། དེ་ནས་རྒྱུ་ཡི་རྡོ་རྗེ་འཆང་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ནི་སྡུད་པ་པོའི་མིང་ངོ་། །དེ་ལྟར་ཤེས་རབ་རྒྱས་པར་བསྟན་པས་རང་གི་དོན་ལ་ཡིད་ཆེས་པའི་ཚིག་ཤར་ནས། སེམས་མི་རྟོག་པ་མཉམ་པ་ཉིད་མ་བཅོས་པ་ཆེན་པོར་གྱུར་ཏེ། རང་གི་རྒྱུད་ལ་ཤེས་རབ་ཆེན་པོ་རང་ཤར་ནས། ཆོས་སྤྱི་དང་རང་གི་མཚན་ཉིད་ཀུན་དུ་མ་རོ་ཅིག་ཏུ་རྩད་ནས་ཆོད་དེ། མཐའ་གྲོལ་ཡོངས་རྫོགས་དངོས་བྲལ་སྟོང་པའི་ཡུལ་རྙེད་ནས། མ་འོངས་པའི་སེམས་ཅན་ཀུན་གྱི་དོན་དུ། རང་བཞིན་དག་པའི་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ལོ། །ཀྱེ་ཀྱེ་སངས་རྒྱས་རྡོ་རྗེ་འཆང་། ཞེས་པ་སྟོན་པ་ལ་བོས་ནས། རྒྱུད་དག་པའི་རྡོ་རྗེ་འཆང་། བདག་གིས་ཆོས་ཀུན་རང་བཞིན་གྱིས་འོད་གསལ་བའི་ངོ་བོ། ལས་དང་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་གསུམ་མེད་པའི་ཆོས་ཀྱི་མིག་ཡིད་དཔྱོད་དང་བྲལ་བ་རྙེད་ནས། ཚིག་གི་སྤྲོས་པ་དང་བྲལ་བའི་དོན་མ་རིག་པ་ཀ་ནས་དག་པ་ཆེན་པོའི་གནས་ལུགས། ཆོས་ཀུན་གྱི་ཐུགས་རྩད་ནས་འདིར་ཆོད་པ་ལགས་ཏེ། བདག་ལ་ཚིག་གིས་དགོས་པ་མ་མཆིས་ཀྱང་མ་འོངས་པའི་སེམས་ཅན་ཐམས་ཅད་ལ་བདག་གི་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་སྟེ་གཞན་དོན་རྫོགས་པར་བགྱི་བར་འཚལ་བས། དེ་ཀུན་གྱི་སྙིང་ནས་བཟུང་བའི་ཕྱིར། ཤེས་རབ་རང་བྱུང་གི་སྒྲོན་མ་གོང་དུ་གསུངས་པ་དེ་ལྟར་ན ། འདིའི་ལེའུ་དང་པོའི་མདོར་བསྟན་གྱི་སྐབས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་ཅེས་སྟོན་པས་གོང་དུ་མདོར་བསྡུས་པའི་ཚིག་གསུངས་པའི་དོན་ཏེ། བདག་ཞུ་བས་འདི་ཡི་ངོ་བོ་ནི་ཅི་ལྟ་བུ་ལགས། འདི་དག་འོག་ནས་སྟོན་པས་ལགས་ཀུན་ལ་སྦྱར་རོ། །འདི་ཀུན་སེམས་ཅན་ཀུན་གྱི་དོན་དུ། རྡོ་རྗེ་འཆང་ལ་བདག་ཉན་པར་འཚལ་བས་གསུང་པར་ཞུ་ཞེས་དྲི་བ་མདོར་བསྟན་པའོ། །ད་ནི་ལན་རྒྱས་པར་བསྟན་པ་ལ་བཅུ་གཉིས་ཡོད་པ་ལས་དང་པོ་ཐིག་ལེ་སྟོང་པའི་སྒྲོན་མའི་ངོ་བོ་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའི་དེ་ནས་རྡོ་རྗེ་འཆང་ནི་སྟོན་པའི་མཚན། དེ་ཡང་སྟོན་པ་དེ་སྔོན་དུ་སངས་རྒྱ་བའི་ཚེ་རང་བཞིན་རྫོགས་པ་ཆེན་པོའི་དོན་བྱ་བྱེད་དང་འབད་རྩོལ་མེད་པར། ཉོན་མོངས་པ་ཐམས་ཅད་རང་བཞིན་དུ་དྲི་མ་མེད་པ་དག་ནས་སངས་རྒྱས་པ་ཆ ེན་པོ་དེས། ཡང་བསྡུས་པ་ལ་འདི་སྐད་ཅེས་ཐིག་ལེ་སྟོང་པའི་སྒྲོན་མ་གཞུང་ཡི་གེ་དང་ཚིག་ཏུ་གསུངས་སོ། །ཀྱེ་མ་རྒྱུད་དག་རྡོ་རྗེ་འཆང་ཞེས་སྡུད་པ་པོ་ལ་བོས་ནས། ཁྱེད་ཀྱི་ཁྱོད་རང་གིས་ནི་སྔར་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྩད་ནས་ཆོད་པ་ཀ་དག་ཆེན་པོའི་གཞི་སྟེ། ཆོས་ཐམས་ཅད་ཀྱི་མིག་དྲི་མ་མེད་ཅིང་རྡུལ་དང་བྲལ་བ་རྙེད་བཞིན་དུ། མ་འོངས་པའི་སེམས་ཅན་གྱི་དོན་དུ་ང་ལ་ཞུས་པ་དེ་ལེགས་སོ། །ཞེས་གསུངས་ནས་ང་ཡིས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཁྱོད་ཀྱིས་འདྲི་བ་བཅུ་གཉིས་དྲིས་པའི་ལན་ཁྱོད་ལ་རྒྱས་པར་བསྟན་པར་བྱ་ཡིས། ཁྱོད་ཀྱི་ཤེས་རབ་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པས་འདི་ལྟར་མ་འོངས་པའི་སེམས་ཅན་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་མོས་ཤིང་ཡིད་ཆེས་པ་རྣམས་ཀྱི་དོན་དུ་ཡང་དག་པར། ངས་བསྟན་པའི་ཚིག་འདི་ཀུན་གོང་འོག་མ་ནོར་བར་ཁྱོད་ཀྱིས་ཡིད་ལ་ཟུངས་ཤིག་ཅེས་སྡུད་པ་པོ་ལ་གདམས་པའོ། །ཐིག་ནི་ལམ་མི་འགྱུར་བ་དྲང་པོ་ལ། ལེ་བརྡལ་བ་ཀུན་ཁྱབ་ཀྱི་རིག་པ་ཡུལ་ཀུན་ལ་ཤར་བའོ། །སྟོང་པ་ནི་དེ་ལྟར་ཤར་ཀྱང་དངོས་པོ་རྫས་སུ་གྲུབ་པ་མེད་པའོ། །སྒྲོན་མས་ནི་འཁོར་བའི་མུན་པ་བསལ་ནས་འདས་པའི་སྣང་བ་སྟོན་པར་བྱེད་པའོ། །དེ་ཡང་ཡིད་དཔྱོད་མ་ཡིན་པས། ཆོས་སྤྱི་ཡི་མཚན་ཉིད་ཀྱིས་གཞན་གྱི་སྤྲོས་པ་གཅོད་པ་དང་། རང་གི་མཚན་ཉིད་ཀྱིས་ནང་གི་སྤྲོས་པ་བཅད་ནས་རང་དུ་ངོ་ཤེས་པ་རྣམས་དང་། འདི་ཉིད་ལ་མོས་པ་ཀུན་གྱི་ཡིད་ཆེས་བསྐྱེད་པ་ཡིན་པས། སྒྲོན་མ་འདི་ཉིད་ཀྱི་མན་ངག་ཟབ་ཅིང་ཕྱིན་ཅི་མ་ལོག་པར་སྐལ་པ་དང་ལྡན་པ་སུ་ཡིས་ཤེས་པ་དེས། སྟོང་པ་ཐིག་ལེ་ཉག་གཅིག་གི་སྐུ་ལ་ནམ་མཁའི་ངང་དུ་ལོངས་སྤྱོད་པས། ཉིད་ལྟ་བ་ལ་གོམས་པ་སྟེ་རིག་པ་མངོན་སུམ་གྱི་སྣང་བ་དང་། ཉམས་གོང་འཕེལ་གྱི་སྣང་བ་དང་། རིག་པ་ཚད་ཕེབས་ཀྱི་སྣང་བ་རྣམས་ཀྱིས་རང་བཞིན་དབང་པོའི་སྤྱོད་ཡུལ་དུ་གཏན་ལ་ཕེབས་པས། འབྲས་བུ་འདི་ཉིད་ལ་ཐོབ་པའོ། །དེ་ལྟར་ཐོབ་པའི་ཕྱིར་ན་ཐིག་ལེ་སྟོང་པའོ། །འདིའི་ངོ་བོ་ནི། དུ་མའི་ཐ་སྙད་ལས་འདས་ཤིང་རྒྱུན་རིང་ལ་ཟབ་པས་ཉག །གྲངས་ཀྱི་མཐའ་རྣམ་པར་བཅད་ནས་གཅིག་ཏུ་གནས་པ། འདི་ལ་མ་རིག་པའི་ཆ་དང་། ཡུལ་དུ་མ་ལ་རྐྱེན་པའི་ཉོན་མོངས་པའི་ཆ་ཡོད་མི་སྲིད། ཡིད་དཔྱོད་འཛིན་པའི་ཐེག་པ་རྣམས་ཀྱིས་མཐོང་བ་མེད་པས་ངོ་བོ་ཕྲ་བ་ཡིན་ལ། འདི་ཉིད་ཚིག་གིས་གཏན་ལ་མི་ཕེབས་པས་གྲུབ་མཐའི་སྤྲོས་པ་དང་། རྒྱུད་ལུང་གི་ཚིག་གི་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ངོ་བོ། འོ་ན་སྤྲོས་བྲལ་སྟོང་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལམ་གྱི་དུས་ན་ཆད་པ་སྟོང་པའི་མུ་དང་། སྤྲོས་བྲལ་དང་། ཉི་ཚེ་བ་དང་། རབ་ཏུ་མི་གནས་པ་དང་། ཅི་ཡང་མ་ཡིན་པ་དང་། མེད་པ་སྟོང་པའི་མུ་དང་བྲལ་ཏེ། རང་རིག་གིས་གསལ་ལ། ཀུན་གྱི་སྤྱོད་ཡུལ་མ་ཡིན་པས་ཆེན་པོར་གནས་ཏེ། དེའི་རང་བཞིན་ནི་རང་གི་རང་འོད་ལྔར་གསལ། གསལ་བ་དེ་ཡང་རིས་ཅན་མ་ཡིན་པས་ཐམས་ཅད་མཉམ་པ་ཉིད་དུ་གནས་པས། དེ་ལ་རྣམ་རྟོག་གནས་མི་སྲིད་པས། བྱུང་ཚོར་གང་ལ་ཡང་མི་རྟོག །ཡིད་སྤྱོད་ཀྱི་ཚིག་གི་སྤྲོས་པ་དང་བྲལ་བས། དབྱིངས་གཅིག་ཏུ་རྫོགས་པས་ཏེ། དེའི་ངོ་བོ་ཐིག་ལེ་ཟླུམ་པོར་གནས་ཏེ། དབྱིབས་མཚོན་ལ། དེའི་ཁ་དོག་ཅི་ཞེ་ན། བྱ་རྩལ་དང་རྩོལ་བསྒྲུབ་ཀྱིས་མ་བསྐུར་བར། སྤྲོས་བཅས་བསྐུར་རྒྱུ་དང་བཅས་པ་དང་། སྤྲོས་མེད་མཚོན་པའི་རྫས་ཙམ་ལ་བརྟེན་པ་དང་། ཤིན་ཏུ་སྤྲོས་མེད་བརྡ་ལ་བརྟེན་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་རང་ངོ་ལ་བརྟེན་པའི་འདི་ཉིད་རང་གི་དབང་བཞི་གཞི་ལ་རྫོགས་པའི་ཕྱིར་ན། ཁ་དོག་དམར་པོ་ཤས་ཆེ་བ་གཞན་ལས་ལོག་ནས་རང་ལ་གསལ་བར་སྣང་བ་ནི། གློ་བུར་དུ་སྐྱེས་པ་མ་ཡིན་ཏེ། ཡེ་ནས་ཆོས་ཉིད་ཀྱི་རང་མདངས་སུ་གནས་པའོ། །དེ་ཉིད་ལ་སྒྲིབ་པ་གསུམ་གྱི་དྲི་མ་མེད་དེ། ལས་ཀྱི་སྒྲིབ་པས་སྒྲིབ་མ་མྱོང་པས་ལས་ཀྱི་རྣམ་སྨིན་གྱིས་ཕྱིས་སྒྲིབ་མི་སྲིད། ཉོན་མོངས་པའི་སྒྲིབ་པ་མེད་པས་ཡུལ་རྐྱེན་གང་ལ་ཡང་མི་འཇུག་ཅིང་། དེ་ཉིད་རང་རྒྱུ་རྐྱེན་གྱིས་མ་བསྐྱེད་པས། ཤེས་བྱའི་སྒྲིབ་པ་ཡོད་མི་སྲིད་དེ། རང་གི་གྲུབ་པའི་མཐའ་ཙམ་ལ་ཡང་མི་གནས། དེ་བཞིན་དུ་འབྱུང་བ་ཕྲ་རགས་ཕྲ་བ་རྡུལ་ཕྲ་རབ་དང་། རགས་པ་ས་རྡོ་དང་རི་བྲག་དང་། མེ་རླུང་ཆུའི་དྲི་མ་མེད་ཅིང་གནས་པ་ནི། གློ་བུར་མ་ཡིན་པར་ངོ་བོ་ཀ་དག་པའི་ཡེ་ཤེས་སུ་ཡེ་ནས་བཞུགས་པའོ། །དེ་ཉིད་ལ་ཐེག་པ་ཐུན་མོང་པའི་ཆོས་ཉིད་ལྟར། བདག་ཉིད་ཀྱིས་བདག་ཉིད་འཆིང་བའི་ཉོན་མོངས་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམས་དང་ཡེ་ནས་བྲལ་བའོ། །དེ་ལྟར་ནས་སུས་ཀྱང་བྱས་པ་མེད་པས་རང་གིས་རང་གསལ་ཏེ། རྣམ་རྟོག་གི་བག་ཆགས་སྔ་ཕྱི་དང་ཉོན་མོངས་པའི་དྲི་མ་ལས་འདས་པས་གསལ་བ་ཡང་ན་ལམ་གྱི་སྣང་བ་མ་རྫོགས་ཀྱི་བར་ལ་ཡེ་ཤེས་ལྔའི་རང་མདངས་འོད་ལྔར་གསལ་བ་ལ་བྱ། གསལ་བ་དེ་མཚན་མ་རིས་ཅན་དུ་མ་སོང་སྟེ། རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ཕྱོགས་གང་དུ་ཡང་མ་ལྷུང་བས་རིས་མེད་ལ། རྒྱ་གར་ཡང་མ་ཆད་པས་མཉམ་པ་ཆེན་པོའི་རང་བཞིན་དུ་གནས་པ་ནི། འདི་ནི་སྒྲོན་མ་དེའི་ངོ་བོར་རེས་ཤིག་ཙམ་དུ་འདོད་པའོ། །ཞེས་ངོ་བོ་བསྟན་ནས། ༈ ད་ནི་དྲི་བ་གཉིས་པའི་ལན་གྱིས་རྒྱས་པར་བཤད་པ་ནི། ཐིག་ནི་མི་འགྱུར་དྲང་པོ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། ཐིག་ནི་རྩ་བ། མི་འགྱུར་བ་ནི་འགྱུར་བ་རྣམ་པར་བཅད་པའི་ངོས་ནས་མི་འགྱུར་བར་གནས་པ་དང་། མི་འགྱུར་བའི་ཆོས་ཉིད་རང་གི་ངོ་བོ། འགྱུར་བ་ནི་རང་བཞིན་གྱིས་འགྱུར་བ་ནི་ནམ་མཁའི་ཆོ་འཕྲུལ། དུས་ཀྱིས་འགྱུར་བ་ནི་ལོ་ཐོག་དང་རྩི་ཐོག་ལ་སོགས་པ། བསྒྱུར་བས་འགྱུ་བ་བྱས་པའི་ཆོས་མི་རྟག་ཅིང་འགྱུར་བ་རྣམས། བློས་བསྒྱུར་བ་ནི་ཡིད་དཔྱོད་ཀྱི་ལྟ་སྒོམ་སྟེ་ཐེག་པ་ཐུན་མོང་བའི་འདོད་པ་རྣམས། རང་གི་རང་ངོས་བསྒྱུར་བ་ནི་འཁོར་བ་ཉིད་ཡང་དག་ཏུ་འགྱུར་བའོ། །དེ་ལས་ནི་འདི་འགྱུར་བ་བཞི་ལས་ལོག་ནས། མི་འགྱུར་བར་གནས་ཏེ། འདི་ལ་རང་བཞིན་གྱི་འགྱུར་བ་ནམ་མཁའི་ཆོ་འཕྲུལ་ལྟ་བུ་མ་ཡིན་ཞིང་མེད་པས། ཤེས་པ་དྲན་པ་བློ། འཛིན་པ་གློ་བུར་བ་མེད་པས་འགྱུར་མི་སྲིད་དོ། །དུས་གསུམ་མཉམ་པ་ཉིད་དུ་གནས་པར་དུས་ཀྱིས་ཀྱང་འགྱུར་མི་སྲིད། བྱ་བའི་རྒྱུ་མེད་པས་བྱ་བའི་རྐྱེན་བྱས་པ་འགྱུར་མི་སྲིད། འདི་ཉིད་མངོན་གསུམ་དུ་སྣང་བ་བློ་བསྒྱུར་དུ་བཏུབ་སྲིད་པས་མི་འགྱུར་རོ། །འདི་ནི་འགྱུར་བའི་ཕྱོགས་ནས་བལྟས་ན་རང་གི་ངོས་འགྱུར་བ་ཙམ་དུ་བཏུབ་ལ། དེའི་ཕྱིར་ན་བློས་མ་བསྒྱུར་སྣང་བས་མ་བཅད་པ་ཞེས་སོ། །དེ་ཡང་ངོ་བོས་མི་འགྱུར་ཏེ། རིག་སྟོང་དབྱེར་མེད་ལ་རང་བཞིན་གྱིས་མི་འགྱུར་ཏེ་སྣང་གསལ་དབྱེར་མེད། དེ་ཆོས་ཉིད་ཀྱིས་མི་འགྱུར་ཏེ། ཡིད་དཔྱོད་དང་ཐེ་ཚོམ་དང་བྲལ་བའོ། །དྲང་པོ་ནི་ལམ་སྟེ། གནས་ལུགས་ཚིག་གིས་མ་བསྒྱུར་བས། རང་ངོ་དྲང་པོར་གནས་པས་བཅོས་མ་ལས་གྲོལ། ལམ་དྲན་རྟོག་གིས་མ་བསྒྱུར་བས། ཐད་ཀ་དྲང་པོར་ཉེ་རིང་མེད་པར་གནས་པས་གོལ་ས་ལས་གྲོལ་ལ། རྟོགས་པ་ཡིད་ཀྱིས་མ་བསྒྱུར་བར་གནས་སུ་རང་གྲོལ་བས། ལམ་ལ་ཉེ་རིང་མེད་པས་སྣང་བས་རང་རྫོགས་ལམ་ཞེས་བྱའོ། །དེའི་ཕྱིར་ན་མི་འགྱུར་བས་གཞི། དྲང་པོར་གནས་ཤིང་འཁྱོགས་མེད་པས་ལམ་སྟེ། འདི་ལྟར་གཞི་ལམ་གཉིས་རྫོགས་ཆེན་བྱ་བྲལ་ཀློང་ཆེན་གྱི་ངང་ལས་བྱུང་བའོ། །དེ་ལྟ་བུ་དེ་གློ་བུར་བ་ཡིན་ནམ་བྱས་པ་ལ་མ་ཡིན་ཏེ། གདོད་མ་ནས་འདུས་མ་བྱས་པས་གཞི་ཡིན་པས་ད་སྐྱེ་འཇིག་དང་བྲལ། འཕྲལ་དུ་བཅོས་པ་མེད་པས་ལམ་ཡིན་པ་དང་ཉེ་རིང་མེད་པའི་ཕྱིར། ཡེ་ནས་གང་གིས་ཀྱང་མ་བསྒྱུར་བ་གཞི་ཡིན་ལ། ཡེ་ནས་སུས་ཀྱང་མ་བཅོས་པ་ཉིད་ལམ་ཡིན་པས། དེ་ལྟར་འགྱུར་བ་དང་བཅོས་མ་མེད་ཅིང་དེ་གཉིས་དང་བྲལ་བ་ནི་གཞི་ལམ་འདུ་འབྲལ་མེད་པའོ། །ལེ་ནི་རྩལ་བརྡལ་བ་ནི། རང་བཞིན་གྱིས་བརྡལ་བས་བཅོས་མ་ལས་གྲོལ་ལ། རང་ལུགས་སུ་བརྡལ་བས་འཛིན་པ་ལས་གྲོལ་ལ། རང་སྣང་དུ་བརྡལ་བས་ལྟར་སྣང་ལས་གྲོལ་ལ། རང་གྲོལ་དུ་བརྡལ་བས་ལྟོས་པ་ལས་གྲོལ་ལ། རང་དག་ཏུ་བརྡལ་བས་དྲི་མ་ལས་གྲོལ་ལོ། །དེ་ལྟར་སྒྲོན་མའི་སྣང་བས་ཁྱབ་བརྡལ་བས་ན་རང་བཞིན་རྫོགས་པ་ཆེན་པོའི་འབྲས་བུ་ཉིད་གཞན་ལྟོས་དང་བྲལ་བས། རེ་དོགས་དང་སྨོན་ལམ་ལས་འདས་པས་ན། འགྲོ་དྲུག་འཁྲུལ་པའི་སྣང་བ་དང་། བདེ་བར་གཤེགས་པའི་དང་། རང་བཞིན་གྱི་དང་། མན་ངག་གནས་ཀྱི་སྣང་བ་རྣམས་ནི་ཇི་ལྟར་སྣང་། ཅིར་ཤར་ཡང་སོ་སོ་གོ་གོ་གནས་གནས་སུ་རང་སར་མ་རྫོགས་པ་མེད་པས་འབྲས་བུ་ཡིན། དེ་ལྟར་ཡིན་པར་ཅིས་ཤེས་ན་དྲན་པར་མེད་པས་བསྒྱུར་དུ་མི་གཏུབ། དྲན་མེད་དུ་མེད་པས་རང་གསལ། སྐྱེ་མེད་དུ་མེད་པས་རང་རྫོགས་མཐའ་གྲོལ་དུ་གནས་པས་ཀ་དག་པའོ། །སྟོང་པས་ནི་རྩ་བ། དངོས་པོ་ནི་སྣང་བའི་དངོས་པོ་དང་། སྟོང་པའི་གཉིས་སོ། །སྣང་བ་ནི་རགས་པ་རྫས་གྲུབ་ཀྱི་དངོས་པོ་དང་། གཅོད་བྱེད་འགྱུ་བའི་དངོས་པོའོ། །རགས་པ་རྫས་གྲུབ་ནི། འགྲོ་དྲུག་གི་སྣང་བ་སྟེ། ས་དང་ཆུ་དང་མེ་དང་རླུང་གི་སྣང་བས་ཏེ་འགྲོ་བ་དྲུག་སོ་སོ་ལ་སྣང་ལུགས་རེ་རེས་སྣང་བའོ། །གཅོད་བྱེད་འགྱུར་བའི་སྣང་བ་ནི། མིག་གི་འགྱུ་བ་ལས་གཟུགས་ལ་དངོས་པོར་འཛིན་པ་དང་། དེ་བཞིན་རྣ་བའི་འགྱུ་བས་སྒྲ་ལ་དངོས་པོར་འཛིན་པ་ལ་སོགས་པའོ། །སྟོང་པའི་སྣང་བ་ནི་ལྟ་བའི་འདོད་པ་རྣམས་ཏེ། གལ་ཏེ་ལྟ་བ་ཉིད་གསལ་བར་འདོད་ན་ཡང་འདི་ནི་སེམས་ཙམ་པ་སེམས་ཀྱི་དངོས་པོ་དོན་དམ་པར་འདོད་པ་དང་ཁྱད་པར་མེད་པས་ཁམས་གསུམ་རང་རྒྱུད་དུ་འཛིན་པའི་དངོས་པོ་ཡིན་ཏེ་འདིས་ནི་ཁམས་གསུམ་ལས་འདའ་མི་སྲིད། གལ་ཏེ་སྟོང་པར་འདོད་ན་ཡང་དབུ་མ་ཁས་ལེན་དང་བྲལ་བར་འདོད་ཅིང་རིག་པའི་ཤེས་པའི་དངོས་པོ་གཙོ་བོ་ལས་རྟོགས་པ་ཁྱད་པར་མེད་དེ་དེ་ཡང་སྟོང་པར་ཡོད་དོ། །སྙམ་ན་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་དངོས་པོ་ལས་འགྲོ་ས་མེད་དེ། དེ་ཡང་སྟོང་པར་ཁས་བླངས་ཀྱང་ཡོད་པ་མཐར་འཛིན་གྱི་དངོས་པོ་ཡིན་ལ་གལ་ཏེ་ཅི་ཡང་མེད་ཅིའི་ངོ་བོར་ཡང་གྲུབ་པ་མེད་སྙམ་ན་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དངོས་པོ་ལ་འགྲོ་ས་མེད་དེ། མེད་པ་འདབ་འབྱོར་གྱི་དངོས་པོ་ཞེས་བྱ་བ་ཡིན་ནོ། །མེད་པ་ཙམ་ཡིན་ནོ་སྙམ་ན་ཡང་གོང་མར་གོལ་ལོ། །གལ་ཏེ་ཀུན་རྫོབ་རང་སྣང་གི་དངོས་པོའི་རྣམ་པ་འདི་ཉིད་རྣམ་པར་ཤེས་པ་ཙམ་མམ། ལྟར་སྣང་ཡིན་ཏེ་དོན་དམ་ལ་གྲུབ་པ་གང་ཡང་མེད་དོ་སྙམ་ན་ཡང་རྣམ་ཤེས་མཐའ་ཡས་པའི་དངོས་པོས་ཏེ་འདི་ཡང་དེ་ཉིད་ལས་འགྲོ་ས་མེད་དོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ངོས་བཟུང་དང་བྲལ་བ་ནམ་མཁའི་དཀྱིལ་ལྟ་བུ་ཡིན་ནོ་སྙམ་ན་ཡང་འདི་ནི་སེམས་ཉིད་མཐའ་ཡས་པའི་དངོས་པོ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་འགྲོ་ས་མེད་དོ། །དེ་བཞིན་དུ་སྒོམ་པའི་ཚེ་ན་བདེ་བ་དང་སྟོང་པར་འདོད་ན་ཡང་། མཐར་འཛིན་གྱི་དངོས་པོ། གསལ་བ་སྟོང་པར་འདོད་ན་ཡང་མཚན་མའི་དངོས་པོ། རིག་པ་སྟོང་པར་འདོད་ན་ཡང་ཤེས་བྱེད་ཀྱི་དངོས་པོ། མཉམ་པ་ཉིད་སྟོང་པར་འདོད་ན་ཡང་མཐའ་བཀག་དངོས་པོ། གཉིས་མེད་སྟོང་པར་འདོད་ན་ཡང་སྙམ་བྱེད་ཀྱི་དངོས་པོ། དེ་ཀུན་དངོས་པོའི་ཆོས་ཏེ་སངས་རྒྱ་བའི་གེགས་བྱེད་པ་ཡིན་ནོ། །དེ་ལྟར་དེ་དག་རྣམས་དངོས་པོའི་རྣམ་པ་དེ་ཀུན་ལ་འཛིན་པའི་ཤེས་པའི་ཆ་རྟ་རྔ་ལ་བརྒྱའི་ཆ་ཙམ་ལས་མེད་ཀྱང་ཁམས་གསུམ་དུ་འཁྲིད་པར་བྱེད་པའི་ཆོས་སོ། །དངོས་པོ་དེ་དག་ལས་ལོག་པའི་སྟོང་པ་ཡིན་ཏེ། སྟོང་པའི་ཡང་གྲངས་འཛིན་རིག་པའི་སྟོང་པ་མ་ཡིན། རྒྱུན་ཆད་སྟོང་པ་མ་ཡིན། མི་གནས་པའི་སྟོང་པ་མ་ཡིན། དེ་གསུམ་ཡིན་ན་ཕྱི་སྟོང་པ་ལ་སོགས་པའི་སྟོང་པ་ཉིད་གྲངས་ངེས་པར་འདོད་ན་གཅིག་དང་དུ་མ་དང་བཅས་པར་འགྱུར་ལ། རྒྱུན་ཆད་ཡིན་ན་དོན་བྱེད་མི་ནུས་ལ། ཐ་མ་ལྟར་ན་སྤངས་པའི་སྟོང་པས་ཏེ་འདི་དག་གི་སྤངས་པས་སྤོངས་མི་སྲིད་དོ། །འོ་ན་འདི་ནི་ཚིག་ཏུ་བཏགས་པ་ཡེ་དག་སྟོང་པ་ཉིད་ཡིན་པས་གྲུབ་མཐའི་ཚིག་གིས་གསལ་མི་དགོས་པས། ཉོན་མོངས་པ་གནས་མི་སྲིད་པས་སྤང་རྒྱུ་གང་ཡང་མེད་ལ། བླང་རྒྱུ་ཅི་ཡང་མེད་དོ། །རང་རྫོགས་སྟོང་པ་ཡིན་པས་ལྟ་སྒོམ་སྤྱོད་པའི་བཅོས་མ་ལ་མི་གནས་པའོ། །རང་གྲོལ་སྟོང་པ་ཡིན་པས་བློས་བཏགས་པའི་གྲུབ་པའི་མཐའ་ཐམས་ཅད་ལས་གྲོལ་བའོ། །དེ་ལྟར་ན་ཡུལ་ལ་ནི་གོང་མའི་སྟོང་པའི་ཡུལ་གསུམ་དང་། དངོས་པོའི་ཡུལ་དེ་དག་ལ་ཞེན་པ་ནི་རང་གི་འདོད་པ་བློ་ནི་ཚིག་དང་ཡི་གེ་དང་སྤྲོས་པ་དང་། མཚན་མ་དང་། ཡིན་པ་མིན་པ་དང་། ཐེ་ཚོམ་དང་། ཡིད་དཔྱོད་དང་། མདོར་ན་འཁོར་འདས་ཀྱི་འདོད་པ་ཡོད་ཀྱི་བར་ཏེ། དེ་དག་ནམ་འགགས་པ་ན་མཐར་གྲོལ་ཡོངས་རྫོགས་ཆེན་པོ་ཡིན་པས་ན་གོང་མ་རྣམས་བཀག་པས། རང་བཞིན་ནི་མ་བཅོས་པ་སྟེ། འདི་ལ་གྲུབ་མཐས་བཅོས་པ་དང་། ལྟ་སྒོམ་གྱིས་བཅོས་སུ་མེད་པའི་ཕྱིར་ན། ཡེ་དག་དང་། རང་རྫོགས་དང་། རང་གྲོལ་སྟོང་པ་ཆེན་པོར་གནས་པས། ཞེན་པ་རང་རྒྱུད་དུ་འཛིན་པའི་གསལ་བར་འདོད་པས་ན་ཁམས་གསུམ་དུ་འཁྲིད་པར་བྱེད་པས་ན། སྟོང་པ་ཉིད་རང་གི་ངོ་བོ་ལ་ཞེན་པས་རང་རྒྱུད་པའི་བློ་རང་གི་གྲུབ་པའི་མཐའི་འདོད་པ་ཙམ་ཡང་མི་སྣང་ངོ་། །དངོས་པོའི་གཤིས་ལ་དེ་ལྟར་གནས་ཀྱང་གང་ཟག་ལམ་པའི་སྣང་བ་ལ་སྒྲོན་མས་ནི་རྩ་བ། འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ལྔས་ཆོས་ཉིད་ཀྱི་ལམ་ལ་ཡོན་ཏན་གྱི་རྩལ་མ་འགགས་པར་ལམ་གྱི་སྣང་བར་ཤར་བ་ནི། བྱས་ཏེ་ཞེས་པས་འདི་ལམ་སྣང་དུ་གསལ་བར་བསྟན་ཏེ། བླ་མའི་མན་ངག་ལ་བརྟེན་པའི་ལྟ་སྒོམ་གྱི་ལམ་སྣང་དུ་གསལ་བར་བྱ་སྟེ། དེ་ཡང་གཞན་ལས་བྱུང་བ་ནི་མ་ཡིན་ཏེ། རང་གི་ངོ་བོ་འོད་ལྔར་གསལ་བ་ཡིན་པས། འདི་ཡང་སྣང་བ་རིས་མེད་པར་སྣང་གི་འཇའ་ཚོན་ལྟ་བུ་མ་ཡིན་ཏེ། རང་གི་རིག་པ་ཉིད་དང་བཅས་ནས་གནས་པའོ། །དེ་ལྟར་གཞི་དང་ལམ་རྣམ་པ་གཉིས་སུ་བསྟན་པ་འདི་རྣམས་ཀྱང་ཐིག་ལེ་སྟོང་པའི་སྒྲོན་མའི་ངེས་པའི་ཚིག་བསྟན་པ་ཡིན་ནོ། ༈ །ད་ནི་དྲིས་ལན་གསུམ་པ་དེའི་དབྱེ་བ་བསྟན་པ་ནི། དབྱེ་བ་ཉིད་ནི་རྣམ་པ་ལྔ་ཞེས་པ་ལ་སོགས་པས་བསྟན་ཏེ། སྒྲོན་མ་འདི་ཕྱེ་ན་གཞི་གནས་རང་གི་ཐིག་ལེ་དང་། ལུས་གནས་རྩའི་ཐིག་ལེ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་སྤྲོས་པ་མེད་པའི་ཐིག་ལེ་དང་། རང་བྱུང་འབྲས་བུའི་ཐིག་ལེ་དང་རྣམ་པ་ལྔའོ། །དེ་ལ་གཞི་ནི་དངོས་པོ་གཤིས་ཀྱི་འདུག་ཚུལ། སྤྲོས་པ་གང་གིས་ཀྱང་མ་སྤྲོས་པས་འཛིན་པ་མེད་ལ། ཞེ་འདོད་ཅི་ཡང་མེད་པས་ཕྱོགས་གང་དུ་ཡང་མ་ལྷུང་། ཡོན་ཏན་རང་སྣང་དུ་རྫོགས་པས་ལྷུན་གྲུབ་ཏུ་སྣང་སྟེ། སྐྱོན་གྱིས་གོས་པ་མེད་པས་ཀ་དག་གང་ལ་ཡང་རེ་ཞིང་ལྟོས་པ་མེད་པས་ཟང་ཐལ་བའོ། །དེ་ལྟ་བུའི་གཞི་ལས་ལྷུན་གྲུབ་ཀྱི་གཅོད་བྱེད་ཕྱིར་ཤོར་བ་ལས་སྣང་ཆ་སྣ་ཚོགས་པར་འགྱུར་ཏེ། དེ་ལས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པས་འཁྲུལ་པའི་རྒྱུ་བྱས་ལྷན་ཅིག་བྱེད་པའི་མ་རིག་པས་འཁྲུལ་པའི་ཐ་དད་པར་བྱས། ཀུན་ཏུ་བརྟགས་པའི་མ་རིག་པས་ཡུལ་དང་དམིགས་པ་དུ་མ་བཅད། དེ་ལྟར་གསུམ་འདུས་པ་ལས་ཡིད་དྲུག་ཏུ་བྱུང་། ཡིད་དྲུག་གིས་བྱུང་ཚོར་མ་འགགས་པ་ལ་རྐྱེན་བཞིར་བྱུང་། དེ་ལྟར་རྒྱུ་མ་རིག་པ་ལ་གསུམ། མཚམས་ཡིད་དྲུག་གིས་སྐྱར་ལས་རྐྱེན་བཞིས་བྱས་པས་འཁྲུལ་པའི་ལས་ཀྱི་ལེན་ནོ། །སྐྱེ་བ་བཞིའི་ལུས་ཐ་དད་པར་བྱུང་བའོ། །དེ་ལྟར་འཁྲུལ་པ་བག་ཆགས་ཀྱི་ལུས་སུ་བྱུང་བའོ། །དེ་ལ་གང་གནས་ན་སེམས་ཅན་རྣམས་ཀྱི་རང་རང་གི་ལུས་སྤྱི་ལ་ཁྱབ་པར་ཀུན་ཏུ་བཟང་པོའི་ཐིག་ལེ་བཟང་ངན་ཆེ་ཆུང་མེད་པར་ཁྱབ་པ་དང་། ཆོས་ཉིད་ཀྱི་ཐིག་ལེ་རང་བཞིན་མ་བཅོས་པ་དང་། དབྱིངས་ཀྱི་ཐིག་ལེ་ཡངས་དོག་མེད་པ་དང་། དབྱིངས་རྣམ་པར་དག་པའི་ཐིག་ལེ་དྲི་མ་མེད་པ་དང་། ཡེ་ཤེས་ཀྱི་ཐིག་ལེ་གསལ་འགྲིབ་མེད་པ་དང་། ཡེ་ཤེས་ཆེན་པོའི་ཐིག་ལེ་ཤར་ནུབ་མེད་པ་ཡིས་ལུས་ཀུན་ལ་ཁྱད་པར་གནས་པས་ན་རང་བཞིན་གྱི་གཞི་ཞེས་བྱའོ། །དེ་ལྟར་ཐིག་ལེ་དྲུག་གིས་འདི་ལྟར་སྣང་བའི་ཆོས་དང་། སྲིད་པ་ནི་མི་སྲིད་པའི་ནམ་མཁའ་དང་། མེད་པའི་སྲིད་པ་ནམ་མཁའི་མེ་ཏོག་ལ་སོགས་པ། འགྱུར་བའི་སྲིད་པ་ལྷ། ལས་ཀྱི་སྲིད་པ་འགྲོ་བ་དྲུག་དང་། ཡེ་ནས་སྲིད་པ་ཆོས་ཉིད་དོ། །སྲིད་པ་འཁོར་བ། སྣང་བ་འདས་པའི་ཆོས་རྣམས་གཉིས་མེད་གཅིག་ཏུ་ཡེ་ནས་བཟླུམས་ཏེ་བསྡོམས་ནས་གནས་པ་ལ་ད་སུས་ཀྱང་ཅི་ཡང་བཅོས་སུ་མེད་པའོ། །དེ་ལྟར་ཐིག་ལེ་དྲུག་ནི་ལུས་སྤྱི་ལ་ཁྱབ་ཅིང་ཆོས་ཉིད་དུ་གནས་ལ། ཁྱད་པར་དུ་ལུས་ཀྱི་རྩ་རྣམས་ཀྱི་ནང་ནས་འགྱུས་པའི་ཚེ་ན་ལུས་ལ་གནས་པའི་ཐིག་ལེ་དྲུག་པོ་དེ། རྩའི་ནང་ནས་ལམ་དུ་འཐིགས་པའི་ཚེ་ན་གཞིའི་ཐིག་ལེ་ཐིག་ལེ་བཟང་པོ་དངོས་པོ་གཞན་མ་ཡིན་པ་དང་། ལམ་གྱི་ཐིག་ལེ་བཟང་པོ་འཆར་བྱེད་སྣ་ཚོགས་པ་དང་། བཟང་པོའི་བཟང་པོ་རྟོགས་པ་གཉེན་པོ་ལ་རག་མ་ལུས་པ་དང་། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་སྣང་བ་རང་ཐོག་ཏུ་ཡིད་ཆེས་པ་དང་། བཟང་པོའི་རྩེ་མོའི་ཐིག་ལེ་འཁོར་འདས་གང་དུ་ཡང་མ་གྲུབ་པ་ཡིས། དེ་ལྟར་ཐིག་ལེ་ལྔས་རྩའི་ནང་རྣམས་ནས་ཁྱབ་པར་རྒྱུ་བས་ཐབས་ཤེས་རབ་ཀྱི་རྩལ་སྤྱོད་པར་བྱེད་པའོ། །དེ་ཡང་ཐབས་ཀྱི་བདེ་བ་བསྐྱེད་པ་དང་། ཤེས་རབ་ཀྱིས་སྡུག་བསྔལ་གཅོད་པར་བྱེད་པ་གཉིས་གཉིས་མེད་གཅིག་ཏུ་ཡེ་ནས་བཟླུམས་ཞིང་བསྡོམས་ནས་གནས་པའོ། །དེ་ལྟར་ཐིག་ལེ་ལྔས་རྩ་རྣམས་ཀྱི་ནང་ནས་འགྱུ་ཞིང་ཆོས་ཉིད་དུ་རྒྱུ་བའོ། །འོ་ན་ལུས་གྲུབ་པ་དེ་ལས་རྩར་གནས་པར་བྱུང་བའི་ལུས་དེ་རང་རྒྱུ་རྐྱེན་གང་ལས་གྲུབ་ཞེ་ན། ཀུན་འབྱུང་བ་བཞིའི་རང་བཞིན་ཅན་དེ། དང་པོ་བཟའ་བ་དང་། བཏུང་བས་བྱང་སེམས་བསྐྱེད་པས་ས། དེ་ནས་ཐིག་ལེར་བསྡུས་པས་ཆུ། དེ་ནས་གཉིས་འདུས་ཤིང་སྐྱེས་པས་རླུང་། དེ་ནས་དྲོད་འབེབས་པས་མེའོ། །རྫོབ་ནི་བག་ཆགས་རྣམས་ཀྱིས་བརྫབས་ཤིང་སྤམས་པས་ན་ལུས་ལེན་པའི་རྒྱུ་ཕའི་ཐིག་ལེ་ཐབས་ཀྱི་ཆ་བདེ་བར་ཤར། མའི་རྐྱེན་བྱང་སེམས་དམར་བོའི་ཐིག་ལེ་ཡིས་ལུས་ཀྱི་ཉེར་ལེན་གྱི་རྐྱེན་བྱས་པས་ཐིག་ལེ་དངོས་ལ་འབྱུང་བ་བཞིའི་རྣམ་པས་ཀུན་རྫོབ་ཀྱི་འབྱུང་བའི་ལུས་ཀྱི་གཞི་བྱས་པ་ནི། རྒྱུ་རྐྱེན་དེ་གཉིས་ལ་རྫས་སུ་གྲུབ་པས་ས་དངོས་པོར་གྲུབ། གཤེར་བས་ཆུ་དངོས་སུ་གྲུབ། འདི་ཡི་དུས་ན་དྲོད་དུ་གནས་པས་མེ་དངོས་སུ་གྲུབ། རང་ཤུགས་ཀྱིས་འཕེལ་བའི་སྟོབས་བྱུང་བས་རླུང་དུ་གྲུབ་པས། དེ་ལྟར་རྒྱུ་རྐྱེན་གཉིས། ལུས་ལེན་པའི་རླུང་དང་སེམས་གཉིས་ཏེ་བཞི་འདྲེས་པ་ལས་འབྱུང་བ་བཞི་ཡི་ཆོས་ཉིད་ལུས་ཀྱི་གཞི་ཆགས་པ་ལ་སོགས་པ་གོང་དུ་བསྟན་ནོ། །དེ་ལྟར་བཞིས་འབྱུང་བ་བཞིའི་ལས་སོ་སོར་ལུས་སུ་བསྐྱེད་པས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་དང་། བག་ཆགས་འདྲེས་པ་དང་། ཉོན་མོངས་པ་དུ་མ་ལས་གྲུབ་པའི་སེམས་གཉིས་བསྐྱེད་པའི་རྒྱུ་འབྱུང་བ་བཞི་རྐྱེན་ལས་དང་ཉོན་མོངས་པ་དང་། བག་ཆགས་སྔ་ཕྱི་རྣམས་ཀྱིས་བྱས་པས། རྟེན་འབྲེལ་འཁྲུལ་སོ་དུ་མའི་ཆོས་འཚོགས་པས་ཕུང་པོ་ཞེས་བྱའོ། །དེ་ལྟར་དུ་མ་འཚོགས་པས་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་པ་སོགས་ཉོན་མོངས་པ་ལྔ་དང་། མ་རིག་པ་གསུམ་དང་། ཡིད་དྲུག་དང་། རྐྱེན་བཞི་དང་། རྣམ་ཤེས་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། བག་ཆགས་གསུམ་དང་། དབང་པོ་ལྔ་དང་། འབྱུང་བ་བཞི་དང་། ཤ་ཁྲག་འཚོགས་པ་དུ་མ་རྣམས། ཡེ་ནས་གཉིས་མེད་གཅིག་ཏུ་བཟླུམས་ཤིང་བསྡོམས་ཏེ་གནས་པའོ། །འདི་ནི་དེ་དག་མ་ཡིན་པར། དངོས་པོ་གཤིས་ཀྱི་འདུག་ཚུལ། ངོ་བོ་ཀ་དག་པ། དམ་པ་མི་བསླུ་ཞིང་བདེན་པར་ངེས་པ། དེ་ལ་སྤྲོས་པའི་ཚིག་དང་ཡི་གེ་དང་ཐེག་པའི་འདོད་པ་གང་ཡང་མེད་པའི་ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གཉིས་གཉིས་མེད་གཅིག་ཏུ་ཡེ་ནས་བཟླུམས་ཤིང་གནས་པའོ། །དེ་ཉིད་དངོས་གང་ཡིན་ཞེ་ན། གཞན་ལ་རག་མ་ལུས་པར་རང་ལས་འབྱུང་ཞིང་རང་ལ་ཤར། དེ་ལྟར་ཤར་བས་རང་སྣང་བའོ། །དེ་ཁོ་ན་གསང་སྔགས་རྣམས་ཀྱི་འབྲས་བུ་ལ་ལམ་དུ་བྱེད་པའི་ཕྱིར་ན་ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། འདས་པ་དང་མ་འོངས་པ་དང་ད་ལྟའི་སངས་རྒྱས་ཀྱི་དགོངས་པ་རང་གནས་མཉམ་གཞག་ཆེན་པོའི་དོན་རྣམས། ལུས་ཀྱི་རྩོལ་བ་དང་། ངག་གི་སྒྲུབ་པ་བྱ་མི་དགོས་པར་ཡེ་ནས་རྣམ་པར་རྟོག་པ་དང་བྲལ་བའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་གཉིས་སུ་མེད་པར་ཡེ་ནས་གཅིག་ཏུ་བཟླུམས་ཤིང་གནས་སོ། །དེའི་ཕྱིར་ན་འདི་ཀུན་དེའི་དབྱེ་བས་ན། དེ་ཉིད་ལྔ་དབྱེར་མེད་པར་གནས་པས་མི་འགྱུར་བས་འདུས་མ་བྱས། གཞི་ལམ་གཉིས་མེད་དུ་བསྟན་པས་ཐིག་ལེ། དངོས་པོའི་མཐའ་ལ་ཞེན་པ་ཡོད་མི་སྲིད་པས་སྟོང་པ་ཉིད་དུ་གནས་པ་ལས། སྣང་ཆའི་ཡུལ་ལ་དབྱེ་བ་རྣམ་པ་ལྔར་བསྟན་ཀྱང་། དེ་ཉིད་དངོས་པོ་ཐ་དད་པ་མ་ཡིན་ཅིང་རིམ་གྱིས་མི་གནས་པས་ཅིག་ཆར་དུ་ཡེ་ནས་གཉིས་མེད་གཅིག་ཏུ་བཟླུམས་པའི་གནས་ཐིག་ལེ་རང་གི་ངོ་བོའི་བཞུགས་ཚུལ་ནི་ལམ་སྣང་གི་འོད་ལྔར་གསལ། དེ་ལྟར་གསལ་བས་ཐིག་ལེའི་སྒྲོན་མ་འདི་ལ་ནུབ་པ་མེད་པ་ནི། ཡེ་ནས་རང་བྱུང་ཆེན་པོར་བཞུགས་པས། ཚིག་གི་མཐའ་ལས་འདས་པས། སྒྲོན་མའི་དབྱེ་བ་ལ་སོགས་པ་འདི་ཀུན་ཚིག་གི་སྤྲོས་པའི་རྒྱུ་མེད་དེ་ཐིག་ལེ་ཉག་གཅིག་ཏུ་གནས་པའོ། །དེ་ལྟར་ན་སྤྲོས་མེད་ཐིག་ལེ་ཉག་གཅིག་གི་དོན་དེ་ཉིད་དབང་པོའི་སྤྱོད་ཡུལ་དུ་མཐོང་ན་དེ་རང་ཉིད་ལས། གཞན་ཕྱི་དང་ནང་དང་བླ་མ་དང་རྒྱུད་ལུང་མན་ངག །ཚིག་ལ་སོགས་པ་གང་དུ་ཡང་མི་རྙེད་དེ། དེ་ཉིད་དེ་རྣམས་སུ་བརྩལ་བ་ཡིས་གནས་ལུགས་ཀྱི་དགོངས་པ་རྙེད་པ་མེད་དོ། །ཞེས་དབྱེ་བ་བསྟན་པའོ། །ད་ནི་དྲིས་ལན་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མའི་མཚན་ཉིད་དམ་དགོས་པ་བསྟན་པ་ནི། རང་གནས་དགོངས་པ་གཅིག་ཡིན་པས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་གཞན་རྩོལ་ལས་མ་བྱུང་བས་རང་ལ་གནས་པའི་དོན། དགོངས་པ་ནི་ཐུན་དང་མཚམས་མེད་པ། བྱ་རྩལ་དང་རྩོལ་སྒྲུབ་ལས་འདས་པ། ཡེ་ནས་ཡོད་པའི་དོན་དེ་སྐལ་ལྡན་གྱི་རྒྱུད་ལ་སྐྱེས་པས་ཏེ། དེ་ཉིད་ལས་འགྲོ་ཉལ་འདུག་སྡོད་སྤྱོད་ལམ་ཇི་ལྟར་འདུག་ཀྱང་མི་འབྲལ་བས་ན་དགོངས་པས་ཏེ། དུ་མ་ལས་འདས་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་པས། ཐ་སྙད་ནི་སྒྲོ་བཏགས་པའི་ཚིག་རྣམས་ཏེ། མེད་པ་ལ་ཡོད་པར་སྒྲོས་བཏགས་པ་དང་། ཡོད་པ་ལ་མེད་པ་དང་། ཡིན་པ་ལ་མིན་པ་དང་། མིན་པ་ལ་ཡིན་པར་ཚིག་གིས་སྒྲོ་བཏགས་པས་ཏེ། དོན་གྱིས་མིང་འགྱུར་བ་རྣམས་སོ། །དེ་ཡང་ཚིག་གི་ཐ་སྙད་དང་། བརྡའི་དང་། གྲངས་ཀྱི་དང་། མིང་གི་ཐ་སྙད་རྣམས་ཀྱི་གྲངས་གཅིག་གཉིས་ལ་སོགས་པ་རྣམ་གྲངས་ཀྱི་ཆོས་འདི་ཡི་མཚན་ཉིད་ལ། ཡེ་ནས་སྒྲོ་གདགས་སུ་མེད་པའི་དོན་དེ་སྐལ་ལྡན་གྱིས་གཏན་ལ་ཕེབས་པས་ད་ཟད་དེ་སྐྱེ་མི་སྲིད་པའོ། །དེ་ཡང་སྒྲ་འཇུག་པའི་རྒྱུ་མཚན་དག་བྱས་པས་རྩོལ་བས་བཀྲུས་པས་དག་པ་ལྟ་བུ་ཡིན་ལ། མེད་པ་ནི་ཡེ་ནས་མེད་པ་དང་། འཕྲལ་མེད་པས་གཞི་འཇུག་པ་མང་པོ་ལ་འགྲོ། ཟད་པ་ནི་སླར་ལྡོག་མི་སྲིད་པའི་སྒོ་ནས་བཞག་པའོ། །དེ་ལྟར་ཟད་པས་དེ་ཉིད་ལ་གཅིག་ཞེས་མི་འགྲུབ་པས། གཉིས་སུ་འཛིན་པའི་ཞེན་པ་སྐྱེ་མི་སྲིད། དེ་ལྟར་གཉིས་མེད་པས་གཅིག་ཞེས་མི་གྲུབ་པས། གཉིས་སུ་འཛིན་པའི་ཞེན་པ་སྐྱེ་མི་སྲིད། དེ་ལྟར་གཉིས་མེད་པས་གཅིག་དུ་འཛིན་པའི་ཤེས་པ་སྐྱེ་མི་སྲིད། དེ་ལྟར་གཅིག་གཉིས་མེད་པས་བཅུའམ་བརྒྱ་སྟོང་ལ་སོགས་པ་ཡོད་མི་སྲིད་པའོ། །དེ་ལྟར་དེ་ཀུན་དང་བྲལ་བས་ཐིག་ལེ་སྟོང་པ་རང་གི་མཚན་ཉིད། འདི་ལ་ཐབས་མེད་པས་བདེ་བའམ་གསལ་བ་ཞེས་གྲུབ་རྒྱུ་ཅི་ཡང་མེད་པས་ཤེས་རབ་ཞེས་གྲུབ་པ་མེད་པས་སྟོང་པའམ་གཉིས་མེད་དུ་སྣང་བས་ཅི་ཡང་ཡོད་པ་མིན་ནོ། །དེ་ལྟར་ཐབས་ཤེས་རབ་གཉིས་སུ་ག་ལ་སྲིད་པས་ན། འདི་ལ་གྲུབ་པ་ཅི་ཡང་མེད་པས་ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་མཚན་ཉིད་ལ་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བས། དེའི་ངོ་བོ་སྟོང་པ་ཉིད་མཐའ་གྲོལ་ཡོངས་རྫོགས་སུ་བཞུགས་པས། འདི་ལྟར་ཀུན་རྫོབ་ཀྱི་སྣང་བ་འདི་དག་གང་དང་གང་གིས་ཡུལ་དང་ཡུལ་ལ་མངོན་པར་ཞེན་པ་ཐམས་ཅད་རང་བཞིན་གྱིས་བྱས་པ་མེད་པར་འགགས་པའི་དུས་ན། འདི་ཡི་རང་བཞིན་ལ་ལྡོག་མེད་པས་མི་འགྱུར་གནས་པ་ལས་འཕྲོ་མི་སྲིད། དེ་མ་འཕྲོས་པས་ཆོས་ཉིད་རྟོག་པ་མེད་པ་ཡེ་ནས་དག་པའི་དགོངས་པ་ལ་གནས་ཏེ། འདི་ལ་མ་བསྒོམས་ཀྱང་རང་གི་རང་ལ་རང་བཞིན་གནས་པས་རྫོགས་པ་ཆེན་པོའི་བསྒོམས་པས་ཏེ། བར་དང་ཐུན་མཚམས་མེད་པའི་དགོངས་པ་ཨ་ཏི་ཡོ་ག །ཐིག་ལེ་ཉག་གཅིག །དུ་མ་དང་། ཐ་སྙད་སྤྲོད་པ་དང་། མ་རིག་པ་ཡུལ་དང་བདག་ཏུ་བཅོས་པའི་ཉོན་མོངས་པའི་ཟླ་དང་བྲལ་བའི་དགོངས་པ་རང་གཅིག་ཆར་དུ་ཟང་ཐལ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ཏེ། འདི་ནི་འབད་རྩོལ་ལས་བྱུང་བ་མེད་པས་རང་བཞག་རང་གྲོལ་བས་ན་མཐའ་གང་ལ་ཡང་མི་གནས་པའོ། །དེ་ཡང་གཞན་གྱི་བྱས་ཤིང་བརྩལ་བ་ལས་མ་བྱུང་སྟེ་རང་གི་གནས་ལུགས་རང་བཞིན་མ་བཅོས་པ་ཆེན་པོའི་དགོངས་པར་ཡེ་ནས་ཡོད་པ་ལ། ལུས་མ་འགུལ་བས་མིག་མི་འགུལ། དེ་ཉིད་མ་འགུལ་བས་རིག་པ་མི་འགུལ་ཏེ། མི་འགུལ་བ་གསུམ་ལ་གཞི་བཅས་པས་བྱ་བ་ལུས་ལ་བྲལ། བྱེད་པ་ཡིད་ལ་མེད་པས་བྲལ་བར་འདུག་པས་སྡོད་པ་རྣམ་པ་གསུམ་ལ་དུས་རྒྱུན་དུ་གནས་པ་ནི་དགོངས་པའོ། །དགོངས་པ་དེ་ཉིད་ཀྱི་མཚན་ཉིད་དངོས་པོ་རྫས་མེད་པས་སྟོང་པ་ཉིད་ཡིན་ལ། ཆད་པ་མུ་མེད་པའི་མཐར་མ་ལྷུང་བས་གསལ་བས་ཁྱབ་པར་གནས་པ་ཡིན་ལ། དེ་ཉིད་རང་གི་ངོ་བོ་ལམ་ལ་མི་གནས་པས་ལུས་ཀྱི་མཐའ་མ་སྤྲུལ་པའི་སྐུ་འདི་འདྲ་གཅིག་ཏུ་ངེས་པ་མེད་པའི་ལུས་དང་། ལོངས་སྐུ་མཚན་དཔེ་རྫོགས་པའི་འོད་ཀྱི་སྐུ་དང་། ཆོས་སྐུ་ཆོས་ཉིད་ལས་གྲུབ་པ་སྟོང་པའི་ལུས་རྣམས་ཆོས་ཉིད་ཟད་པའི་སྣང་བར་ཡོད་པས་འདི་ལ་གྲུབ་པ་མེད་དོ། །དེ་ཡང་ལུས་སུ་གནས་ཕན་ཆད་ཉམས་ཀྱི་སྣང་བ་ཡོད་པས། དེ་ལ་འཛིན་ཅིང་རྟོག་པ་ཡོད་པས་སྐུ་གསུམ་དུ་སྣང་ལ། འདི་ཡི་མཚན་ཉིད་མདོར་བསྡུས་ན་ལྟ་སྒོམ་མན་ངག་གི་བདག་དང་། གཞན་ལྟ་ཅི་སྨོས་ཏེ། རང་གི་གྲུབ་པའི་མཐའི་བདེན་འཛིན་གྱི་ཡུལ་ཉམས་དང་མྱོང་པ་དང་འབྲས་བུ་དང་ཡིན་མིན་དུ་འཛིན་པ་ལས་གྲོལ་བ་ནི་མེད་པ་མ་ཡིན་ཏེ། དེ་ཉིད་གང་དུ་སོང་ཞེ་ན་སྟོང་པ་ནི་བདག་ཏུ་འཛིན་པའི་འབྲས་བུ་དངོས་པོ་མེད་པ་དང་ཡིན་མིན་གྱི་རྩིས་མེད་པས་ནའོ། །འདི་ཉིད་རང་མཐའ་གྲོལ་ཡོངས་རྫོགས་ཆེན་པོའི་ལྟ་བར་ཡེ་ནས་སུས་ཀྱང་བྱས་པ་མེད་པར་རང་བྱུང་། རང་སྣང་རང་གྲོལ་བས་ན། གདངས་མི་འགྱུར་བ་ཉིད་དུ་བཞུགས་པ་ལས་དེ་ལྟར་བཞུགས་པ་དེ་གཞན་ནས་བྱུང་བ་མེད་པས་རང་ལ་གནས་པའི་དོན་ཡིན་ལ། དེ་ལ་སྔོན་ཐོག་ཀྱང་བྱེད་པའི་མཁན་པོ་མེད། དེ་ཡང་སུས་ཀྱང་བྱས་པ་དང་བྱེད་པ་མེད་པར། ཡེ་ནས་ཆོས་ཉིད་མཉམ་པ་ཆེན་པོར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་དབྱེར་མེད་དུ་གནས་པའོ། །ཞེས་མཚན་ཉིད་དང་དགོངས་པ་བསྟན་ནས། ༈ ད་ནི་དྲིས་ལན་ལྔ་པ་སྒྲོན་མ་དེ་ཉིད་གནས་གང་ན་གནས་བསྟན་པ་ནི། སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ་ཞེས་པ་ལ་སོགས་པས་བསྟན་ཏེ། སེམས་རྣམ་པར་རྟོག་པའི་བག་ཆགས་དུ་མས་བསླད་པ་ཡང་ཅན་འབྱུང་བ་ཤ་ཁྲག་གིས་བཟུང་བས། གདུགས་ཅན་ཞེས་པ་དང་རྟ་ཅན་ནམ་ཁྲབ་ཅན་འཁར་བ་ཅན་ཞེས་པ་ལ་སོགས་པ་ལྟ་བུ་གཉིས་འདུས་ཅན་དང་ལྡན་པའོ། །དེ་ཡང་དེ་ལྟར་སེམས་དང་འབྱུང་བ་གཉིས་འདུས་པ་ལས་ལུས་ཀྱི་བྱེ་བྲག་ཐ་དད་པ་ཀུན་གྱི་དཀྱིལ་ཚད། ཙིཏྟ་རིན་ཆེན་ཟུར་བརྒྱད་པའི་གཞལ་ཡས་ཁང་། ཕྱོགས་ཐམས་ཅད་དུ་རྩའི་རྣམ་པ་ནི་སྟོང་ཕྲག་གྲངས་མང་པོར་ཡོད་ཀྱང་། དེ་དག་ཁྱད་པར་དུ་འབྱུང་བ་ཆེན་པོ་བཞིའི་རྩ་བཞི་ལ་སྒྲོན་མ་འདི་ཉིད་གནས་པ་ནི། འབྱུང་བ་སའི་བདག་ཉིད་ཀྱི་སྙིང་པོ་གསེར་ཡིན་པས་ཙིཏྟའི་གཡས་ནས་འགྱུ་བར་བྱེད་པ་སྟེ། འབྱུང་བ་ས་ལས་མིང་དུ་བཏགས་པ་ཀ་ཏི་གསེར་གྱི་རྩ་ཆེན་ཞེས་བྱ། རང་ངོ་ལས་མིང་དུ་བཏགས་པ་རོ་མ་ཞེས་བྱའོ། །འབྱུང་བ་ཆུ་ལས་མིང་དུ་བཏགས་པ་དར་དཀར་སྣལ་མ་ལྟ་བུ་ནི་ཕྲ་བ་ཡིན་ལ། རང་ངོ་ལས་མིང་previous hit དུ་བཏགས་པ་རྐྱང་མ་སྟེ་གཡོན next hit་ནས་རྒྱུ་བའོ། །འབྱུང་བ་རླུང་གི་བྱེད་པ་ལས་མིང་དུ་བཏགས་པ་འཁྲིལ་པ་དང་། ཞེས་བྱ། རང་ངོ་ལས་མིང་དུ་བཏགས་པ་ཀུན་འདར་མ་ཞེས་བྱ་སྟེ། དབུགས་ནས་རྒྱུ་བའོ། །ཡང་འབྱུང་བ་མེའི་བྱེད་པ་ལས་མིང་དུ་བཏགས་པ་ཤེལ་སྦུག་ཅན་ཞེས་བྱ། རང་ངོ་ལས་མིང་དུ་བཏགས་པ་སིད་དྷརྨ་ཞེས་བྱ་སྟེ། སྟེང་ནས་འཁོར་བའི་ཚུལ་དུ་རང་རྒྱུ་བ་འདི་བཞིའི་ནང་དུ་ཁྱད་པར་དུ་རྩ་བཞག་ནས་མི་འགྱུ་ཞིང་མི་གནས་ལ། འདི་བཞིའི་ནང་ན་གནས་ཤིང་ལས་དང་ཡེ་ཤེས་ཀྱི་རླུང་གཉིས་ཀྱི་རྟ་ལ་ཞོན་ནས། སྒོ་ལྔ་ལ་འབྱུང་བ་དང་ཙིཏྟའི་ནང་དུ་འཇུག་པ་དང་ཕྱི་ཡི་སྣང་བ་རྣམས་ལ་རང་ཤར་དུ་ཁྱབ་པ་དང་། འདི་ལྟར་སྣང་བའི་བདག་ཉིད་དུ་སྣང་བ་རང་སྣང་ཤར་བར་རང་ཤར། ཁྱབ་པ་རང་ཁྱབ། གྲོལ་བ་རང་གྲོལ་དུ་ཡེ་ནས་ཚིག་དང་ཡི་གེའི་སྤྲོས་པ་མེད་པར་ཡང་དག་པའི་རང་བཞིན་དུ་རྩ་རྣམས་ཀྱི་ནང་ན་གནས་སོ། །རྩའི་ནང་ན་དེའི་ངོ་བོ་རང་ཇི་ལྟར་གནས་ཤེ་ན། གཞི་ནི་དངོས་པོ་འདུག་ཚུལ་དང་། གནས་སྐབས་ལུས་ཀྱི་གཞི་དང་། སྣང་བ་ཡུལ་གྱི་གཞིའོ། །ཐིག་ནི་ས་མཚམས་ངེས་པར་འབྱེད་པ་སྟེ། འཁོར་འདས། ཆོས་དང་ཆོས་མ་ཡིན་པ་དང་། ཡིན་མིན་ལ་སོགས་པའོ། །ལེ་ནི་གཅོད་པར་བྱེད་པས་ཏེ། ཡུལ་དང་ཉོན་མོངས་པ་དང་། ལས་དང་བག་ཆགས་ལ་སོགས་པ་གཅོད་པར་བྱེད་པའོ། །དེ་ཡང་ཐིག་འབྱེད་པས་ཐབས་ཡིན་ལ། ལེ་གཅོད་པའི་ཤེས་རབ་ཡིན་ནོ། །བཟང་པོ་ནི་དེ་ལྟར་ཐབས་དང་ཤེས་རབ་གཉིས་མེད་ཀྱི་དོན་ལ་གནས་པས་ངན་པའི་རྣམ་པར་རྟོག་པ་མེད་པའོ། །ལམ་གྱི་ནི་བགྲོད་པ་བགྲང་བྱའི་ལམ་ཚོགས་ལམ་དང་། མཐོང་བའི་ལམ་དང་། སྦྱོར་བའི་ལམ་དང་། སྒོམ་པའི་ལམ་དང་། མཐར་ཕྱིན་པའི་ལམ་སྟེ། འདི་དག་ནི་གང་ཟག་གི་བློ་འབྲིད་པ་ཡིན་པས་རང་བཞིན་རྫོགས་པ་ཆེན་པོ་ལ་མེད་དེ། སེམས་ཀྱི་སྣང་བའི་བྱེ་བྲག་གོ། །འཇུག་པ་གྲུབ་མཐའི་ལམ་ཐེག་པ་རིམ་པ་དགུའི་ཞེ་འདོད་རྣམས་ཏེ། འདི་ནི་བློ་ལས་འདས་པས་བསྒྲུབ་ཏུ་མེད་པས། དེ་དག་ནི་ཚིག་ལ་རྗེས་སུ་འཛིན་པ་རྣམས་ཀྱི་ལམ་ཡིན་ནོ། །རྒྱབ་ཐོབ་ཡོན་ཏན་གྱི་ལམ་ནི་བར་དོར་སངས་རྒྱ་བར་འདོད་པ་རྣམས་ཏེ། འདི་ནི་གང་ཟག་ལེ་ལོ་ཅན་གྱི་ཡིད་གསོ་བ་ཡིན་པས་འདི་ཉིད་སྣང་བ་འདི་ལ་ཟག་པ་རང་ཟད་དེ་སངས་རྒྱ་བའོ། །ལམ་འདི་ནི་ཆོས་ཉིད་མངོན་སུམ་གྱི་ལམ་ཡིན་ཏེ་ཚིག་དང་ཡི་གེས་གཏན་ལ་དབབ་མི་དགོས། ཕྱི་དུས་དང་སྔ་དུས་ལ་མི་ལྟོས་པར་འདི་ཉིད་ལ་སྤྱད་དུ་ཡོད་པའོ། །ཐིག་ནི་ལམ་དྲང་པོ་ཡིན་པས་བགྲོད་སླ། གསེབ་ལམ་འགྱུར་བ་མེད་པ་ཡིན་པས་གོལ་ས་མེད་དོ། །ལེ་ནི་བཀལ་བའི་དོན་ཏེ། སྣང་བའི་ཟག་པ་བཀལ་བས་ཡེ་ཤེས་ལྔའི་རང་མདངས་སུ་སྣང་། འབྱུང་བ་གདོས་བཅས་ཀྱི་ལུས་བཀལ་བས་སྐུ་གསུམ་ལམ་དུ་སྣང་བའི་ལུས་སུ་སྣང་། འཁོར་བའི་ཆོས་ལ་བཀལ་བས་ཉམས་གོང་འཕེལ་དུ་སྣང་། ཆོས་སུ་འཛིན་པའི་རྟོག་པ་ལས་བཀལ་བས་ཆོས་རྣམས་རང་ཟད་པའི་སྣང་བ་ལ་སྤྱོད་པའོ། །དེའི་ཕྱིར་ན་དེ་བཞིན་ཉིད་མ་བཅོས་པས་ངན་པའི་ཉོན་མོངས་ཀྱི་མིང་མེད་པས་བཟང་པོར་གནས་ཏེ། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །དེ་ལྟར་རྣམ་རྟོག་གི་མིང་མེད་པས་བཟང་པོ་བཞི་གཞི་དང་ལམ་རྣམས་ཀྱི་རྩེ་མོ་ཐིག་ལེ་སྟོང་པའི་སྒྲོན་མ་ཉིད་དོ། །དེ་ཉིད་ཀྱི་དོན་རྟོགས་པ་ལས་ཉམས་གོང་ནས་གོང་དུ་འཕེལ་བ་ནི། དེ་ལྟར་རྣམ་རྟོག་ཡོད་མི་སྲིད་པས་བཟང་པོའི་རྒྱན་འོད་དང་། ཐིག་ལེ་དང་། སྐུ་ལ་སོགས་པ་དང་ལྡན་པར་སྣང་བ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ལམ་སྟེ། ལུས་ཀྱི་རྩ་བཞི་པོ་རྣམས་ཀྱི་ནང་ན་གནས་པ་ལས་བྱུང་བ་སྟེ། ཕྱི་རོལ་ནི་མ་ཡིན་ནོ། །དེའི་ཕྱིར་ན་རྩ་ནང་གི་ཐིག་ལེ་འདི་ཀུན་ལ་བརྟེན་ནས་གསང་སྔགས་ཀྱི་ལམ་རྟགས་ཀྱི་རང་བཞིན་སྟོན་པར་བྱེད་པ་ཉིད་དུ་བྱེད་པའོ། །དེ་ཡང་སྔོན་དུ་ལུས་ཀྱི་གནད་འདུག་སྟངས་གསུམ་བྱས་པས་རྩའི་ནང་ན་ཡང་དག་པའི་ཡེ་ཤེས་གནས་པ་སྔོན་དུ་བྱུང་ནས། མངོན་དུ་གནས་པ་ལས་བྱུང་བའོ། །དེ་ཡང་གང་ཟག་གཅིག་ལ་ཡོད་པ་མ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་ལུས་བསྐྱེད་པའི་རྟེན་དུ། གློ་བུར་དུ་བྱུང་བ་མིན་པར་ཡེ་ཐོག་མ་ནས་འདི་ནི་གནས་པའོ། །ཞེས་གནས་པ་བསྟན་ནས། ༈ ད་ནི་དྲིས་ལན་དྲུག་པ་འཆར་བར་བྱེད་པའི་སྒོ་བསྟན་པ་ནི། སྣང་བའི་ལམ་ནི་འཆར་བྱེད་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། སྣང་བའི་ནི་ཡེ་ཤེས་རང་རྩལ་གྱི་རང་གདངས་ཀྱི་འཆར་བའི་སྒོ་བྱ་བྱེད་དང་བྲལ་བའི་མིག་ལས་འཆར་བར་ཡིན་ཏེ། རྐྱེན་ནི་རབ་རིབ་དང་ལིང་ཏོག་དང་། ཞར་ལོང་མེད་པ་དེ་དག་གིས་མ་སྒྲིབ་པའི་སེམས་ཅན་ཐམས་ཅད་ཀྱི་མི་གནས་འཆར་བའི་སྒོ་ཡིན་ནོ། །དེའི་མཚན་ཉིད་གོང་དུ་རྒྱས་པར་བཤད་ཟིན་ཏོ། །འདི་ལ་རྒྱ་གར་གྱི་སྐད་དུ་ཙཀྵུ་ཞེས་པའི་མིང་གི་བཏགས་པའི་སྒོ་ནས་ན། དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན་དུ་འོད་དང་ཟེར་དུ་འཆར་བའོ། །དེ་ཡང་གཞན་ལས་བྱུང་བ་མིན་ཏེ། གདོད་མ་ནས་རང་གིས་རང་ཆས་སུ་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་དང་། ལྔའི་རང་བཞིན་ཡེ་ཤེས་ལྔའི་ཟེར་རབ་ཏུ་འཕྲོ་བ་དང་། མཆེད་པ་དང་། ཤིན་ཏུ་མཆེད་པ་ཉིད་དུ། སངས་རྒྱས་སེམས་ཅན་ཀུན་ལ་རང་ཆས་སུ་འགྲོ་བ་རྣམས་ཀྱི་མིག་ལས་གཞན་སུ་ལ་ཡང་མ་བརྟེན་པར་འོད་ཀྱི་རྣམ་པར་སྣང་བ་ཡིན་ནོ། །དེ་ལྟར་འཆར་བར་བྱེད་པ་ནི་ཡེ་ནས་རང་བྱུང་གི་ཡེ་ཤེས་དངོས་པོའི་གཤིས་ཀྱི་འདུག་ཚུལ་མ་འགགས་པས་འཆར་བར་བྱེད་པའི་སྒོ་དབང་པོ་རྣམས་ཀྱི་དྭངས་མ་མིག་ཡིན་པས་འདི་དང་འབྲེལ་པའི་ཚུལ་ཡིན་པས། ད་ལྟ་ལྟར་ཡོད་པས་སྣང་བའི་ཡུལ་ནམ་མཁའ་སྤྲིན་དང་བྲལ་བ་ཉིད་ལ་འོད་དུ་གསལ་བར་སྣང་བ་ནི་ཡང་དག་པའི་སྣང་བ་ཡིན་ཏེ། སེམས་ཅན་ཀུན་གྱི་མིག་ནས་འཆར་བའོ་ཞེས་འཆར་བའི་སྒོ་བསྟན་ནས། ༈ ད་ནི་དྲིས་ལན་བདུན་པ་སྒྲོན་མ་དེ་ཉིད་ཀྱི་རང་བཞིན་ནམ་དངོས་པོ་གང་ཡིན་བསྟན་པ་ནི། སྟོང་པ་ཉིད་ལས་རང་ལོག་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། སྟོང་པ་ཉིད་ནི་རྒྱུན་ཆད་སྟོང་པ་དང་། རབ་ཏུ་མི་གནས་པ་སྟོང་པ་དང་། བགྲང་བྱའི་སྟོང་པ་རྣམས་ལས་རང་བཞིན་གྱིས་ལོག་པའོ། །ཆོས་ཉིད་མངོན་སུམ་དུ་ཉམས་སུ་མྱོང་བར་བྱེད་པ་ནི། ཡིད་དཔྱོད་དུ་མེད་པར་དབང་པོའི་ཡུལ་དུ་གསལ་བའི་རིག་པ་ཡེ་ཤེས་ཀྱི་སྣང་བ་ནི། ད་ལྟ་བསྟན་པས་ཡིད་ཆེས་དང་བྲལ་བར་སྐྱེ་སྟེ། འདི་ཡང་ཡེ་ནས་ཡོད་པ་ཡིན་པ་ལས་ད་ལྟ་ཐབས་ཀྱི་གློ་བུར་དུ་བྱུང་བ་མ་ཡིན་པར། ཡེ་ཤེས་ལྔའི་རང་གདངས་ལྔ་དང་བཅས་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཉིད་ལ་ཡེ་ནས་བབས་ཀྱིས་གྲུབ་ནས་གནས་པ་ལ། གློ་བུར་པ་ནི་མ་ཡིན་ནོ། །དེ་ལྟར་དབང་པོའི་ཡུལ་ལ་གསལ་བར་བྱེད་པའི་རིག་པ་དང་འོད་དང་ཡེ་ཤེས་རྣམས་ཀྱི་ངོ་བོར་ཡང་། སྣང་བ་དང་སྟོང་པ་མཐར་འཛིན་པའི་དངོས་པོ་ལས་ནི་ཡེ་ནས་ལོག་སྟེ་རང་རིག་འོད་གསལ་བར་བཞུགས་སོ། །དེ་ཡང་ཉི་ཚེ་བའི་སྟོང་པ་དང་། བར་ཆད་པ་དང་། རྒྱུན་ཆད་པ་དང་། ཚིག་གི་སྟོང་པ་ཉིད་དུ་ཡོད་པ་མ་ཡིན་ཏེ། རང་གིས་རང་གསལ་བས་ཕྱི་རོལ་སྟོང་པ་ཡིད་བཏགས་སུ་འདོད་པ་རྣམས་ལས་ལོག་པ་ལ། དེ་ཤེས་ཤིང་རིག་པར་ཡོད་པས་རྟག་ཆད་མཐར་འཛིན་པའི་བདག་པས་ལོག །དེ་ཐོག་མ་ནས་བབས་ཀྱིས་གྲུབ་པས་བློ་བཏགས་ཚིག་གི་ལྟ་བ་རྣམས་ལས་ལོག་པ་ནི། ཡེ་ནས་གནས་པ་ཡིན་པས་སྒྲོན་མ་རང་གི་མཚན་ཉིད་དུ་བཞུགས་པ་ནི། ཚིག་གིས་བཏགས་པའམ། བློས་བཅོས་པ་མ་ཡིན་ཏེ། རྟོག་པའི་སངས་རྒྱས་མིང་མེད། མ་རྟོག་སེམས་ཅན་མིང་མེད་པའི་ཚེ་ན་ཐོག་མའི་ངོ་བོ་ཀ་དག་ཆེན་པོ་ལས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སོ་སོའི་མཚན་འཛིན་པ། རྩལ་སྣ་ཚོགས་སུ་ཤར་ཏེ་ཡིད་ཀྱི་མཛད་པ་མ་འགགས་པ་ལས་ནི་འདི་ལྟ་བུར་ཡེ་ནས་རང་ཤར་དེ། དེ་ལས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུས་ཀྱང་མ་བྱས་པར་མཁྱེན་པ་རང་གསལ་བར། ཡེ་ཉིད་ནས་སྒྲོན་མ་འདི་ནི་རང་བཞིན་འོད་གསལ་ངོ་བོ་སྐུར་བཞུགས་ཀྱང་འདུས་མ་བྱས། རང་བཞིན་འོད་དུ་བཞུགས་ཀྱང་རྫས་སུ་གྲུབ་པ་མེད། ཐུགས་རྗེ་ཐིག་ལེར་བཞུགས་ཀྱང་འཁོར་བའི་རྣམ་རྟོག་ལས་གྲོལ་བ་ཉིད་དུ་གནས་པ་ནི་འདི་ཡི་རང་བཞིན་ནམ་དངོས་ཡིན་ནོ། །ཞེས་རང་བཞིན་ནས་མཚན་ཉིད་བསྟན་ནས། ༈ ད་ནི་དྲིས་ལེན་བརྒྱད་པ་སྒྲོན་མ་དེ་ཉིད་ཡུལ་ལ་སྣང་བ་བསྟན་པ་ནི། བར་སྣང་ཉིད་ནི་སྟོང་པ་ལ། །ཞེས་པ་ལ་སོགས་པས་བསྟན་ཏེ། བར་ནི་མར་གྱི་འབྱུང་བ་འཕྲ་རགས་ཀྱི་མ་སྒྲིབས་ཡར་གྱི་སྤྲིན་དང་ན་བུན་གྱིས་མ་སྒྲིབས་པའི་བར་དུ་སྒྲོན་མ་བཞག་པ་ལ་བྱའོ། །བར་དེར་སྒྲོན་མའི་སྣང་བ་ཉིད་ན་དངོས་པོ་རྫས་སུ་མེད་ཅིང་སྣང་ཡུལ་དུ་ཡོད་ལ་བཟུང་ཡུལ་དུ་མེད་པས་སྟོང་པ་དེ་ལ་དབང་པོ་དང་འབྲེལ་བའི། སྣང་བ་ནི་རང་གི་ངོ་བོ་མ་འགགས་པར་ཤར་བ་ཡིན་པས། དེ་ཉིད་ནི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་རང་བཞིན་རྫོགས་པ་ཆེན་པོར་ཡེ་ནས་གནས་པའོ། །འདི་ལ་ཚིག་གིས་བརྗོད་པས་གཏན་ལ་མི་ཕེབས་སྟེ་རིག་པ་མངོན་སུམ་དུ་གསལ་བས་ཤེས་རབ་ཀྱི་སྤྱོད་ཡུལ་དུ་མེད་པ་ནི་ཡིད་དཔྱོད་ཀྱི་ལྟ་བསྒོམ་སྤྱོད་པ་ལས་འདས་སྟེ། རང་ལ་གནས་པའི་ངོ་བོར་ཡང་དག་པའི་ཡེ་ཤེས་འདུས་མ་བྱས་པ་ཉིད་ཡུལ་འདུས་མ་བྱས་པ་ཡེ་ནས་སྟོང་པ་ཉིད་སྐྱེ་འཇིགས་དང་བྲལ་བའི་ནམ་མཁའི་ཁམས་སུ་སྒྲོན་མའི་སྣང་བ་ཉིད་འདུས་མ་བྱས་པ་དང་གཉིས་གཉིས་མེད་དུ་གནས་པའོ། །ཞེས་ཡུལ་གང་ལ་སྣང་བ་བསྟན་ནས། ༈ ད་ནི་དྲིས་ལན་དགུ་པ་ཚད་བསྟན་པ་ནི། ཐིག་ལེ་སྤྲོ་དང་བསྡུ་མེད་པར་ཞེས་པ་ལ་སོགས་པས་བསྟན་ཏེ་དེ་ལྟར་ཉམས་སུ་བླངས་པ་ཐིག་ལེ་སྟོང་པའི་སྒྲོན་མ་ལ་ལས་ཀྱི་རླུང་ཟད་ཕའི་ཚེ་འགྲོ་འོང་མི་སྣང་བས་སྤྲོ་བ་འགྲོ་བ། བསྡུ་བ་འོང་བ་མེད་པར་འདུག་པ་གཅིག་ཏུ་གནས་པར། ཡུལ་བར་སྣང་ཉིད་དུ་སྐལ་བ་དང་ལྡན་པ་སྒྲོན་མ་སུས་ཟིན་པ་ནི་རྩོལ་བ་ལས་འདས་པའི་ཉམས་ལེན་དེའི་ཚད་དུ་དེ་འགྱུར་ཏེ། དེ་ནི་རྩོལ་བ་མེད་པར་རང་གྲོལ་བའི་རྟགས་སུ་དེ་ལྟར་སྣང་བ་ཡིན་ནོ། །དེ་ཉིད་བཙན་ཐབས་ལ་བརྟེན་ནས་རྩོལ་བ་དང་བཅས་པའི་ཉམས་སུ་ལེན་ལུགས་ལ་ནི་རྩ་གཏེམ་པ་དང་ལུས་ཀྱི་གནད་གཟིར་བས་འབད་པ་ཆེར་བྱས་པ་ལས། ཡང་ཚད་གོང་མ་དང་འདྲ་བར་འབྱུང་བ་ཡིན་ནོ། །ཞེས་ཚད་བསྟན་ནས། ༈ ད་ནི་དྲེས་ལེན་བཅུ་པ་སྒྲོན་མ་དེ་ཉིད་དངོས་འགྲོ་བ་དྲུག་ལ་ཇི་ལྟར་གནས་བསྟན་པ་ནི། འོད་ལྔ་འདུས་པའི་ཐིག་ལེ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། འོད་ནི་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གདངས། སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གདངས། དམར་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གདངས། ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས། མཐིང་ག་ཆོས་ཀྱི་དབྱིངས་ཀྱི་རང་མདངས་དང་ལྔ་འདུས་པའི་ཐིག་ལེ་ནི་འགྲོ་བ་དྲུག་ལ་ཆེ་ཆུང་ཁ་དོག་གི་གསལ་མི་གསལ་གྱི་ལྷ་རྣམས་ལ་ནི་ལྷ་རང་གི་མཐོ་གང་། དབྱིབས་ཟླུམ་པོ་རང་ལ་རང་གསལ་ཆེན་པོར་ཡོད་དོ། །ལྷ་མིན་རྣམས་ལ་ཆེ་ཆུང་རང་གི་ཆག་པ་གང་དབྱིབས་ཟླུམ་པོ། མི་རྣམས་ལ་རང་གི་མཐེ་བོང་གང་བར་ཡོད། དབྱིབས་ཟླུམ་པོ་འབྱུང་བ་བཞི་ཡི་ཟག་པ་མེད་པར་ཡོད། བྱོལ་སོང་རྣམས་ལ་ནི་གཏི་མུག་གི་རྒྱས་འཐུམས་ནས་ནི་ཕྱིར་མི་སྣང་སྟེ། ནང་དུ་རང་གསལ་ཙམ་དུ་ཡོད། ཡི་དྭགས་རྣམས་ལ་སྣང་ངོ་ཕྲ་བ་དེ་ཉུང་འབྲུ་ཙམ་དུ་ཡོད་དོ། །དམྱལ་བ་རྣམས་ལ་རང་ངོ་ལ་གསལ་བ་ཙམ་ལས་མེད་དོ། །འོ་ན་ཁ་དོག་གི་དངོས་པོ་འགྲོ་བ་རིགས་དྲུག་ལ་ཇི་ལྟར་གནས་ན། ལྷ་ལ་དཀར་པོ་ཤས་ཆེར་སྣང་། ལྷ་མིན་རྣམས་ལ་དེ་བཞིན་དུ་ལྗང་གུ་ཤས་ཆེར་སྣང་། མི་ལ་དམར་གསལ་ཤས་ཆེ་བར་སྣང་བ་ནི། རང་ངོ་ལ་ཆགས་པ་དང་བྲལ་བར་ཡོད་དོ། །བྱོལ་སོང་ཉིད་ལ་མཐིང་ག་ཤས་ཆེར་ཡོད། ཡི་དྭགས་ལ་སེར་པོ་ཤས་ཆེ་བར་དེ་བཞིན་ནོ། །དམྱལ་བ་རྣམས་ལ་ཁ་དོག་ལྔར་ཡོད་པ་ནི་ཤས་ཆེ་ཆུང་མེད་པར་གནས་ཏེ། འདི་ནི་ཉོན་མོངས་པའི་འབྲས་བུ་རྫོགས་པས་དེའི་ཆ་ལ་གསལ་བར་གནས་པ་ཡིན་ནོ། །དེ་ལྟར་སྒྲོན་མ་དངོས་ཏེ་མང་དུ་ཡོད་པས་རྟག་པ་མཐར་འཛིན་པ་མ་ཡིན། རིག་གཉིས་མེད་དུ་ཡོད་པས་རྟག་ཆད་མཐར་འཛིན་པའི་གང་གི་ཕྱོགས་སུ་མ་ལྷུང་བའི་ཆར་ཡེ་ནས་གནས་པ་ནི། སྒྲོན་མ་དངོས་ནི་དེ་བཞིན་དུ་ཡིན་ནོ་ཞེས་དངོས་བསྟན་ནས། ༈ ད་ནི་དྲིས་ལན་བཅུ་གཅིག་པ་དེ་རྟོགས་པའམ་མཐོང་བར་བྱ་སྟེ། དེ་ལ་གོམས་པར་བྱས་པའི་མན་ངག་བསྟན་པ་ནི། རང་གི་མཐེབ་དང་འཛུབ་མོ་ཡིས་ཞེས་པ་ལ་སོགས་པས་བསྟན་ཏེ། རྣལ་འབྱོར་པ་རང་གི་མཐེ་བོང་དང་འཛུབ་མོ་ཡིས་ཙཀྵུའི་ཕུགས་དང་འགྲམ་བཙིར་ན་ཐིག་ལེ་སྟོང་པའི་སྒྲོན་མ་དེ་མངོན་གསུམ་དུ་སྣང་སྟེ་སྐལ་ལྡན་གྱིས་འདི་ལ་ཡིད་ཆེས་པར་གྱིས་ཤིག་ཅེས་རྡོ་རྗེ་འཆང་གིས་གདམས་པའོ། །རྩོལ་བ་བྱེད་པས་གོང་ལྟར་གཏེམས་པས་གོམས་པར་གྱུར་པ་དེའི་གནད་ཀྱིས། དམར་པོའི་ཤས་མེད་པར་ཁ་དོག་ལྔ་དང་ལྡན་པར་གྱུར་ཏེ་ནམ་མཁར་མངོན་སུམ་དུ་སྣང་བ་ནི། ཡང་དག་པའི་ས་ལ་འགྲོ་བར་ངེས་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འཁོར་བ་མངལ་གྱི་གྲོང་ཁྱེར་དུ་འཇུག་མི་སྲིད་པས། དེ་ལྟར་ཤར་བའི་སྐལ་ལྡན་འདིས་ནི་རིག་པའི་རང་དབང་ཐོབ་ཞེས་བྱ་སྟེ། དེ་ནི་རྩོལ་བ་མེད་པར་རང་གྲོལ་ལོ། །གལ་ཏེ་བཙན་ཐབས་སུ་གྲོལ་བར་འདོད་ན་རྩོལ་བ་དང་བཅས་པས་འབད་པ་ཅན་དེ་ཡང་འདི་ལྟར། རྣལ་འབྱོར་བ་རང་གི་མཇིང་པའི་ཟུར་གྱི་ཕྱི་རོལ་ན་རྩ་གསེར་གྱི་དོང་རྩེ་བརྩེགས་པ་ལྟ་བུ་ཡོད་དེ། འདི་ལས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་གྱེན་ལ་འཕྲིག་ཅིང་ཐུར་ལ་འཕར་བ་རབ་ཏུ་དྲག་པ་གཉིས་ཡོད་པ་ལ། རང་གི་སོར་བཞི་འོག་ཏུ་གཅལ་བའི་འོག་ཏུ་ལག་པ་གཡས་གཡོན་གྱི་འཛུབ་མོ་དང་འཐེབ་མོས་དལ་གྱིས་ཡང་ཡང་བཙིར་ནས། མིག་གི་གཡས་སུ་འབྲུ་ཚུགས་སུ་བལྟ། དེ་ནས་གྱེན་ལ་དྲག་པར་བལྟ། ལུས་འདུག་སྟངས་ལྕགས་སྡོང་གི་དྲིལ་ལུགས་སུ་བྱ། འདི་ཡི་དུས་ན་རླུང་མཁས་པས་རབ་ཏུ་གཏེམས་པར་བྱའོ། །དེ་ལྟར་བྱས་ན་འོད་ནི་སྒྲོན་མ་མདའ་གང་ཚུན་ཆོད་དུ་གསལ་བར་གནས་པ་ཡིན་ནོ། །དེ་ལྟར་ཡང་སྣང་བ་དེ་ལ་གོམས་ཤིང་འདྲེས་པར་བྱས་ན། དེ་ལས་སྣང་བ་མཆེད་པའི་དུས་ན་ཐིག་ལེའི་འཕེལ་རྣམས་ཀྱི་བར་དུ་ཐིག་ལེ་དང་སྐུ་ལ་སོགས་པ་བཟུང་བ་ནི། དེའི་ཐབས་ཀྱི་མན་ངག་ཏུ་བསླབ་ཐབས་སུ་འདི་ཀུན་དེའི་ནི་གོམས་ཐབས་དེར་ནི་རྩོལ་བ་མེད་པའི་སྣ་ཀར་འགྱུར་རོ་ཞེས་དེ་ཉིད་ཀྱི་ཐབས་ཀྱི་མན་ངག་བསྟན་ནས། ༈ ད་ནི་དྲིས་ལན་བཅུ་གཉིས་པ་མཐུན་པའི་དཔེ་བསྟན་པ་ནི། སྒྲོན་མ་དེ་ཉིད་དཔེར་ན་ཅི་འདྲ་ན་རྨ་བྱའི་མདོངས་དང་མཚུངས་པ་དང་། དེ་བཞིན་དུ་ཁྲ་ཚང་ན་ཉལ་བའི་མིག་གམ་ནི། ཡང་ན་དེ་བཞིན་དུ་ཉ་རྩ་མོའི་མིག་ལྟ་བུ། ཡང་ན་དེ་བཞིན་སྲོག་ཆགས་ཀུན་མོའི་མིག་ནི་བྱི་ལའི་མིག་དང་འདྲ་བར་ཐིག་ལེ་འོད་ཀྱི་མུ་ཁྱུད་དུ་གནས་པའོ། །དཔེ་ནི་འདི་རྣམས་བཞིན་དུ་སྒྲོན་མ་དེ་ཡང་གནས་པའོ། །ཞེས་དངོས་བསྟན་ཀྱང་དཔེས་ཡིད་ཆེས་པར་བསྟན་པའོ། །ཞེས་སྒྲོན་མ་འབར་བའི་རྒྱུད་ལས། དེ་ལྟར་ལན་རྒྱས་པར་བཤད་པ་ལ་བཅུ་གཉིས་དྲི་བ་མདོར་བསྟན་པ་བཅུ་གསུམ་གྱི་ལེའུ་ཡི་གཞུང་བསྟན་ནས། ལེའུའི་མཚན་སྔར་བསྟན་པའི་དོན་ཐིག་ལེ་སྟོང་པའི་སྒྲོན་མ་བསྟན་པའི་བཏུས་པའི་དོན་གསུམ་དུ་བྱས་ནས་བསྟན་པའི་ལེའུ་སྟེ། ཞེས་གཞུང་གི་དུམ་བུ་ངེས་པའི་དོན་བསྟན་པ་སྟེ་གོང་དུའོ། །གསུམ་པའོ། །གཉིས་ལས་གཞན་དུ་གྱུར་པའི་གྲངས་ཀྱི་རྣམ་པའོ། ༈ །ད་ནི་ལེའུ་བཞི་པའི་ཚིག་དོན་ཕྲེང་བ་བརྒྱུས་པ་ལྟར་བསྟན་པ་ནི། ལེའུ་འདི་ལ་བསྡུས་པའི་དོན་བཞི་སྟེ། དྲི་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པའོ། །རྒྱུད་བཟུང་བའི་ཕན་ཡོན་དང་། རྗེས་སུ་ཡི་རང་བ་དང་བཞི་ལས། དྲི་བ་མདོར་བསྟན་པ་ནི། དེ་ནས་རྒྱུད་དག་རྡོ་རྗེ་འཆང་ཞེས་པ་ནི་སྡུད་པ་པོའི་མིང་ངོ་། །སྡུད་པ་པོ་དེས། ལེའུ་གསུམ་པར་མི་གནས་པའི་ཡེ་ཤེས་ཆེན་པོར་གོ་ཕྱེ་ནས་རང་བཞིན་དག་པའི་སྟོན་པ་རྡོ་རྗེ་འཆང་ལ་ཡང་ནི་ཞུས་པའི་ཚིག་འདི་སྐད་ཅེས་བྱ་བར་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཞེས་སྟོན་པ་ལ་བོས་ནས། ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། སྟོན་པས་ལེའུ་གསུམ་པར་གསུངས་པ་དེ་ལྟར་ལགས་ན། ཉིད་ཀྱི་གོང་དུ་དང་པོར་གསུངས་པའི། དག་པ་དབྱིངས་ཀྱི་སྒྲོན་མ་ཉིད། སྔར་མདོར་བསྟན་པའི་ལེའུ་དང་པོར་གསུངས་པའི་ཚིག་འདིའི་དོན་ནམ་བྱེ་བྲག་བདག་གིས་ལེགས་པར་མ་འཚལ་བས། འདིའི་ངོ་བོ་ཇི་ལྟ་བུ་ཞིག་ལགས། འདིའི་ངེས་ཚིག་གི་རྣམ་པ་ཅི་ལགས་ཞེས་ཀུན་ལ་སྦྱར་རོ། །འདི་ཀུན་བདག་གིས་སྔར་སྟོན་པས་སྒྲོན་མ་གསུམ་པའི་སྐབས་སུ་གསུངས་པ་དེའི་ཤུགས་ཀྱིས་འཚལ་ཀྱང་། འདི་ཉིད་རང་གི་བྱེ་བྲག་ལེགས་པར་མ་འཚལ་བས། ཕྱིས་བདག་སེམས་ཅན་གྱི་དོན་བྱེད་པའི་ཚེ་མ་འོངས་པའི་དུས་ཀྱི་སེམས་ཅན་གྱི་དོན་དུ་ཡང་། རང་བཞིན་དག་པའི་རྡོ་རྗེ་འཆང་ལ་བདག་ཉན་པར་མཚལ་བས་འདི་དག་ལེགས་པར་ཕྱེ་ལ་གསུངས་ཞེས་དྲི་བ་མདོར་བསྟན་ནས། ༈ ད་ནི་ལན་རྒྱས་པར་བསྟན་པ་ལ་ནང་དོན་བཅུ་གཅིག་གི་བསྟན་པའི་དང་པོ་ངོ་བོ་བསྟན་པ་ནི། དེ་ནས་རྡོ་རྗེ་འཆང་ཆེན་གྱིས། །ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའི་དེ་ནས་སོ། །རྡོ་རྗེ་འཆང་ཆེན་གྱིས་ནི་སྟོན་པའི་མཚན། འདི་དབྱིངས་རྣམ་པར་དག་པའི་སྒྲོན་མ། སྐད་ནི་གསུངས། ཚིག་ཏུ་ནི་བྱེ་བྲག་ཏུ་སྤྲོས་པ། བཀའ་ནི་བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བ་དང་། དངོས་གསུམ་ལས་འདི་བཀའ་དངོས་སོ། །རྩལ་ཏོ་ནི་འོ་མ་ལས་མར་ལྟར་བསྡུས་པའི་དོན་དུ་བཀའ་སྩལ་པ་དང་། ཚ་བའི་ནད་ལས་ག་བུར་ལྟར་གཉེན་པོའི་དོན་དུ་བཀའ་སྩལ་པ་དང་། ཇི་ལྟར་སྐས་ཀྱི་སྡོང་བུའི་རིམ་པ་ལྟར་དབང་པོ་བྱེ་བྲག་ཏུ་རྩལ་བ་གསུམ་ལས་འདི་ནི་བསྡུས་པའི་དོན་དུ་གསུངས་པས་སྟེ། ཐེག་པ་མཐའ་དག་གི་ཡང་སྙིང་འོ་མ་ལ་སྐྲོགས་ནས་མར་དུ་ཕྱུང་བ་ལྟར། སྤྱིར་ཐེག་པ་རྣམས་ལས་ཆེན་པོ། དེ་ལ་ཕ་རོལ་དུ་ཕྱིན་པ་དང་། སྔགས་གཉིས་ལས་སྔགས་སུ་འདུས། དེ་ལ་ཕྱི་ནང་གཉིས་ལས་ནང་པར་བསྡུས། དེ་ལ་བསྐྱེད་པ་དང་རྫོགས་པ་རྫོགས་པ་ཆེན་པོ། གསུམ་ལས་རྫོགས་པ་ཆེན་པོར་བསྡུས། རྫོགས་ཆེན་ལ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེར་བསྡུས། མན་ངག་གི་སྡེ་ལ་མང་པོར་བཞུགས་པ་ལས་ཀྱང་ཐིག་ལེ་རང་གནད་ལ་བབ་པ་ཟབ་པར་བསྡུས། དེ་ལས་ཀྱང་གསང་བ་བླ་ན་མེད་པ་ཟབ་པར་བསྡུས། དེ་ལ་རྒྱུད་བཅུ་བདུན་དུ་བཞུགས་པ་ལས་ཀྱང་བརྗོད་བྱའི་དོན་མཐར་ཐུག་པ་འོ་མ་ལ་མར་བསྡུས་པ་ལྟར་སྙིང་པོ་ཡང་ཞུན་སྒྲོན་མ་བཞིར་བསྡུས་ནས་རྒྱུད་འདིར་བཀོད་པའོ། །དེ་ཡང་སྡུད་པ་པོ་ལ་ལུས་ཉལ་བ་དང་། བརྐྱང་པ་དང་། ཟུར་ལ་འདུག་པ་དང་། ཞྭ་དང་། སྟན་དང་། མཚོན་ཐོག་པ་དང་། སྒེག་པའི་རྒྱན་སྤོང་ལ་ཉོན་ཅིག །ངག་གཏམ་དང་། བསྟན་པ་གཞན་གྱི་ཚིག་བརྗོད་པ་དང་། སྔགས་དང་ཁ་ཐོན་ལ་སོགས་པ་སྤོངས་ལ་ཉོན་ཅིག །སེམས་རྣམ་པར་གཡེངས་པ་དང་། སྔར་ཞེན་པའི་བག་ཆགས་ལ་ཞེན་པ་དང་། མ་འོངས་པ་སློང་པ་དང་། ད་ལྟ་འཁྲུལ་པ་དང་། ཕྱིན་ཅི་ལོག་གི་སེམས་དང་། མི་དད་པའི་བསམ་པ་དང་། ཡིད་དཔྱོད་ཀྱི་བསམ་པ་དང་རྣ་བའི་དབང་པོ་ལ་སོགས་པའི་སྒོ་སོ་སོའི་ཡུལ་ལ་མ་ཡེངས་པར་ཉོན་ཅིག་རྒྱུད་དག་རྡོ་རྗེ་འཆང་ཞེས་སྔོན་དུ་སྟོན་པས་སྡུད་པ་ལ་ཉན་པའི་སྐྱོན་སྤོངས་ལ་ཉོན་ཅིག་ཞེས་གདམས། རྗེས་འཇུག་ཏུ་བླ་མ་སློབ་མ་ལ་གདམས་པའོ། །སྡུད་པ་པོ་ཁྱོད་ཀྱིས་སེམས་ཀྱི་རྣམ་པར་རྟོག་པ་ནོར་རམ་འཁྲུལ་ལམ་སྙམ་པའི་ཤེས་པ་ཕྱིན་ཅི་ལོག་བྱུང་ཡང་། ངས་ཇི་ལྟར་བསྟན་པ་ལ་ནོར་བ་མེད་ཀྱིས། ཁྱོད་རང་གི་ཤེས་པ་ལ་ཕྱིན་ཅི་ལོག་གི་རྣམ་པ་སྐྱེས་པའམ་ཡིད་དཔྱོད་ཀྱི་རྟོག་པ་སྐྱེ་བ་སྲིད་པས། ངས་ཇི་ལྟར་བསྟན་པ་ལྟར་གོང་འོག་དང་། ཚིག་ལ་ལྷག་ཆད་དང་། དོན་ལ་ཡིད་ཀྱིས་མ་དཔྱད་པར། ནོར་བ་མེད་པའི་སེམས་རབ་ཏུ་དད་པར་གྱིས་ལ་ཟུངས་ཤིག་ཅེས་གདམས་པའོ། །ཁྱོད་ཀྱིས་ངེས་པའི་དབྱིངས་རྣམ་པར་དག་པའི་ངོ་བོ་ནི། དབྱིངས་ནི་ཕྱི་དབྱིངས་ནམ་མཁའ། ནང་དབྱིངས་སྒྲོན་མ། གསང་བའི་ཆོས་ཀྱི་དབྱིངས་སྟོང་པ་མཐའ་འདི་ཞེས་བརྗོད་པར་མི་ནུས་ལ། དེ་བཞིན་དུ་དབུས་དང་ཕྱོགས་མིག་ཏུ་མ་ཚུད་པའི་སྒྲོན་མས་ནི། དབྱིངས་ལ་བྱ། རིག་པ་གཞི་འཛིན་པའི་རིག་པ་ལ་ཉོན་མོངས་པ་ཀ་ནས་དག་པ་དང་། ཁྱབ་བྱེད་རྒྱུའི་རིག་པ་ལྷུན་གྲུབ་ཀུན་ལ་ཁྱབ་པ་དང་། ལམ་སྣང་གི་རིག་པ་འཕེལ་སྟོན་པ་དང་། ལྷག་མཐོང་གི་རིག་པ་ངོ་བོ་སྡུད་ཅིང་། ལུ་གུ་རྒྱུད་ཀྱི་ར་བར་དབྱིངས་ཀྱི་སྒྲོན་མ་འདིས་བྱེད་དེ། མདོར་ན་རིག་པའི་ཁྱིམ་ལྟ་བུར་སྣང་བ་ཡིན་ནོ། །འདི་ལ་དུས་རྒྱུན་དུ་སུས་གོམས་པར་བྱས་པའི་སྣང་བ་ལ་འདྲིས་པ་དེས་དོན་དེ་ཉིད་རྟོགས་པ་ཡིན་ནོ། །དེ་རང་གི་ངོ་བོ་ནི་ཁ་དོག་མཐིང་ག་ཆོས་ཉིད་མི་འགྱུར་བར་རང་གསལ་བ་ནི། རིག་པའི་མུ་ཁྱུད་ཀྱི་འོད་ནི་ར་བར་གནས་པ་ཡིན་ཏེ། དེ་གཞན་གྱིས་བྱས་པ་མ་ཡིན་པས་རང་གིས་རང་གསལ་མར་མེའི་འོད་ལྟར་ཕྱི་ཡི་ཡུལ་དུ་སྣང་བ་དེ་ཁོ་ན་རང་། དེ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་འདི་ནི་མ་བཅོས་པར་རང་སར་བཞག་པས་སངས་རྒྱས་ཀྱི་དགོངས་པ་བྱ་བྱེད་ལས་འདས། ཞེས་ངོ་བོ་བསྟན་ནས། ༈ ད་ནི་དྲིས་ལན་གཉིས་པ་ངེས་ཚིག་བསྟན་པ་ནི། རྣམ་པ་ཡུལ་དུ་སྣང་བ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནི་རགས་པའི་རྣམ་པ་འབྱུང་བ་བཞིའི་རྣམ་པ་དང་། ཡུལ་གྱི་རྣམ་པ་གཉིས་ལ་སྒོ་ལྔ་སོ་སོའི་ཡུལ་ལ་ཞེན་པའི་རྣམ་པ་དང་། བཟུང་བ་ཡུལ་གྱི་རྣམ་པ་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་དང་། ཤེས་པའི་རྣམ་པ་ཡིན་སྙམ་པ་དང་། མིན་སྙམ་པ་ལ་སོགས་པ་དང་། འཁྲུལ་པའི་རྣམ་པ་དེ་མ་ཡིན་པ་ལ་དེར་འཛིན་པ་དང་། ཡང་དག་པའི་རྣམ་པ་རང་སྣང་མངོན་སུམ་དུ་མཐོང་བ་ལྔ་ལས་འདི་ནི་ཡང་དག་པའི་རྣམ་པ་ཡུལ་ནི་དབང་པོའི་རྣམ་ཤེས་མ་ཡིན་པར་དེ་ཁོ་ན་ཉིད་དུ་སྣང་བ་ལ། གོང་གི་རྣམ་པ་བཞི་དག་པས་དྲི་མའི་གྲངས་མ་རིག་པ་གསུམ་དང་། ཡིད་དང་དྲུག །རྐྱེན་བཞི་དང་། སྒྲིབ་པ་གསུམ་དང་། ཉོན་མོངས་པ་ལྔ་དང་། བག་ཆགས་སྔ་ཕྱི་ལ་སོགས་པའི་མཐའ་ཡེ་ནས་ཟད་པས་དེ་ཉིད་ལས་དང་རྣམ་སྨིན་ལ་མི་ལྟོས་ཏེ། རང་བྱུང་གི་ཡེ་ཤེས་རང་དབང་དུ་གྱུར་པས། རེ་དོགས་ལས་འདས་པའོ། །དབྱིངས་ཀྱིས་ཕྱི་ནང་སྣོད་བཅུད་ལ་མ་ཁྱབ་པ་མེད་པས། དོན་ལྷག་མཐོང་གི་རིག་པའི་རང་ཡུལ་བྱེད་པས། རིག་པ་རྡོ་རྗེ་ཉིད་ནི་མི་འགྱུར་ཞིང་འདུས་མ་བྱས་པ། ལུ་གུ་རྒྱུད་བར་མཚམས་མེད་པར་རྒྱུན་འདབ་སྦྱོར་དུ་གནས་པའོ། །རིག་པ་འདི་ཉིད་དབྱིངས་ཀྱི་ནང་དུ་འཇུག་པས་དེ་ལ་གཏད་པར་བྱས་ན། རིག་པ་རང་གི་ངོ་བོ་མཐོང་བའི་བྱིན་གྱིས་བརླབས་ཀྱིས་རྟོག་མེད་དུ་མི་འགྲོ་མི་སྲིད་དོ། །དེའི་ཕྱིར་ན་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གོ་རར་ཡང་ནས་ཡང་དུ་ཡུན་རིང་པོར་གཏད་ཅིང་ཉམས་སུ་བླངས་ཏེ། དེ་ཉིད་རླུང་གིས་མ་བཟུང་ཞེན་པས་དེ་ལ་མི་གནས་པའི་འདུག་ཚུལ་གྱིས་འདི་ནི་ཉིན་མཚན་དུ་འབྲལ་བ་མེད་པར་ཉམས་སུ་བླངས་པས། དེ་ཉིད་གོམས་ཏེ། དབྱིངས་རིག་ངོ་བོ་དེ་དཔེར་ན་ལྕེ་སྤྱང་གི་མིག་ལྟར་ཉིན་མཚན་མེད་པར་དུས་རྒྱུན་དུ་སྣང་བའི་ཚེ་ན་རིག་པ་ཚད་ལ་ཕེབས་སུ་ཉེ་བ་ཡིན་ནོ། །དེ་ཡང་གང་ལས་བྱུང་ན་དབྱིངས་རྣམ་པར་དག་པའི་སྒྲོན་མས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། ཕྱི་ཡི་དབྱིངས་ནམ་མཁའ་སྤྲིན་མེད་པ་ཉིད་ལ་ཅེར་གྱིས་བཏོན་ཏེ་སྣང་བ་བྱུང་བས་ཏེ། དེ་ཡང་རང་བཞིན་མེད་པར་སྣང་བ་ཡིན་ལ། རྫས་སུ་གྲུབ་པའི་མཚན་མར་ཡོད་པ་ནི་མིན་ཏེ། ཡང་དག་པར་བརྟགས་ན་ཆོས་ཉིད་རང་ཟད་པར་བྱེད་པ་ཡིན་པས། མས་ཆོས་ཉིད་ཟད་པའི་སྣང་བ་དེའི་དོན་འཛིན་པས་ན། འདི་དག་ནི་བློས་བཏགས་པ་མིན་པར་ཡེ་ནས་འདིའི་རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། ཡེ་ནས་སངས་རྒྱས་རྣམས་དང་འདུ་འབྲལ་མེད་པར་གནས་པའོ། །ངེས་ཚིག་བསྟན་ནས། ༈ ད་ནི་དྲིས་ལན་གསུམ་པ་དབྱེ་བ་བསྟན་པ་ནི། དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །ཞེས་པ་ལ་སོགས་པས་བསྟན་ཏེ། གསུམ་ནི་གཞི་ལ་གནས་པའི་དབྱིངས་དང་། ལམ་ལ་གནས་པའི་དང་། ཡུལ་ལ་སྣང་བའི་དབྱིངས་སོ། །གཞི་ནི་གནས་སྐབས་ལུས་ལ་བཞི་སྟེ། ལུས་ཀྱི་རྩ་བཞི་ཡི་ནང་ན་གནས་པའི་དག་པའི་དབྱིངས་ཀྱིས་ལས་གང་བྱེད་ན། ལྷག་མཐོང་གི་རིག་པའི་སྐུ་ལུ་གུ་རྒྱུད་དེ་གཞི་གནས་ཀྱི་ཡེ་ཤེས་གསུམ་དུ་ཤར་བས། དེ་སྐུ་རུ་ཕྱི་ཡི་དབྱིབས་ལ་འཛིན་པར་བྱེད་པ་ཡིན་ལ། དེ་བཟུང་བས་འཁྲུལ་སྣང་འགགས་པའི་དགོས་པ་ཡོད་དོ། །ལམ་ལ་ནི་ལུས་ཀྱི་འཁོར་ལོ་བཞིའི་ཁྱད་པར་གྱི་རྩ་བཞི་ནས་བྱུང་ཞིང་། དེ་ཉིད་ལ་གནས་པའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་ཀྱིས་ནི་བྱེད་པའི་ལས་གང་བྱེད་ན། གཞི་གནས་ཀྱི་རིག་པའི་ཡེ་ཤེས་ཐིག་ལེ་བཞིའི་ཐིག་ལེ་བཟང་པོ་ལ་སོགས་པའི་དྭངས་མ་སྡུད་པར་བྱེད་པ་ལ། དེ་བྱས་པས་ཟག་བཅས་ལུས་འཁྲུལ་པ་འཇིག་པའི་དགོས་པ་ཡོད་དོ། །ཡུལ་ལ་ནི་སྒོ་མིག་ནས་ཐོན་ནས་ནམ་མཁའ་འཁྲུལ་པ་མེད་པ་ལ་སྣང་བའི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་ལས་ཀྱི་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་འགྲོ་བ་སྣང་བ་ཉིད། ནམ་མཁའ་ལ་ཡས་སུ་མི་འཇུག་པར་དབྱིངས་ཀྱི་ནང་དུ་བརྩོན་བུ་ལྟ་བུར་འཛིན་པར་བྱེད་པའོ། །དེ་བྱས་པས་རིག་པ་ཉིད་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ། །དེའི་ཕྱིར་ན་དགོས་པ་གསུམ་དང་བཅས་པ་འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་དབྱེ་བ་བསྟན་ནས། ༈ ད་ནི་དྲིས་ལན་བཞི་པ་རང་བཞིན་བསྟན་པ་ནི། རང་བཞིན་སྣང་བ་མ་འགགས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ནི་སྣང་བ་བཞི་ལས་རང་བཞིན་གྱི་སྣང་བས་ཏེ། ལྷུན་གྲུབ་ཀྱི་ཡོན་ཏན་སྐྱོན་དུ་ཤར་བ་ལས་རོལ་པ་མ་འགགས་ཏེ། སྣ་ཚོགས་སུ་ཤར་བས་སེམས་ཅན་གྱི་རྟོག་ཚོགས་སུ་བྱུང་བས་འདི་ལྟར་སྣང་བའི་ཚོགས་བྱུང་བ་ནི། འདི་ཡི་སྒྲའི་གནས་བསྒྱུར་བ་ལས་དྲན་པ་གློ་བུར་ཀུན་ཟད་དེ་ཞེས་བསྒྱུར་བས་སེམས་ཅན་སྣང་བའི་དུས་ན་དྲན་པ་ལྟར་བྱུང་བས་ན། དྲན་པའི་རྒྱུ་དང་། རྐྱེན་དང་། རང་བཞིན་དང་། བྱེད་པའི་ལས་དང་། འབྲས་བུ་དྲན་པ་ལ་བཟླ་བའི་མན་ངག་གོ། །དྲན་པའི་རྒྱུ་ནི་བག་ཆགས་སྔ་ཕྱི་ལས་ཡིད་ཀྱི་འགྱུ་བ་ལས་བྱུང་ལ། རྐྱེན་ཞེན་པའི་ཡུལ་སྔ་མ་ལ་བརྟེན་ནས་དྲན་པ་སྐྱེ་བ་དང་། བཟུང་བའི་ཡུལ་ཐུག་ཕྲད་ལས་སྐྱེ་བ་ནི་དགྲ་དང་གཉེན་གྱི་རྣམ་པ་རྣམས་ལས་སྐྱེ་བའོ། །དྲན་པའི་རང་བཞིན་ནི་གློ་བུར་བས་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་བྱུང་བ་དང་འདྲའོ། །བྱེད་པའི་ལས་ཀྱི་བདེ་སྡུག་གི་སྣ་ཁྲིད་པར་བྱེད་པས་ཏེ་བདེ་བར་དྲན་པ་དང་སྡུག་བསྔལ་དུ་དྲན་པ་རྣམས་སོ། །དྲན་པའི་འབྲས་བུ་བདག་གཞན་དུ་འཛིན་པའོ། །དེ་ཉིད་ལ་བཟླ་བའི་མན་ངག་ནི། དྲན་པ་ནི་གློ་བུར་གྱི་ཤེས་པས་ཏེ། དཔེར་ན་ནམ་མཁའ་ལས་སྤྲིན་པ་གློ་བུར་དུ་བྱུང་ཡང་ནམ་མཁའ་ཉིད་ལ་གོས་པ་མེད་དོ། །དེ་ལྟར་དྲན་པ་གློ་བུར་བ་དེ་སྣང་སྣང་ཡང་ཆོས་ཉིད་ལ་གོས་པ་མེད་པ་དེ་ནམ་མཁའ་འདྲ་བའོ། །དེའི་ཕྱིར་ན་དྲན་པ་གཞི་ཆེ་བ་ཞེས་བྱ་སྟེ། དྲན་པ་སྔ་མ་འགགས་པ་ཕྱི་མ་དེ་ལ་གནས་མི་སྲིད། ད་ལྟ་འགྱུ་བ་རང་སར་དག་པས་སོ། །བློ་ནི་ཡང་རྒྱུ་དང་། རྐྱེན་དང་། རང་བཞིན་དང་། འབྲས་བུ་དང་། བྱེད་པའི་ལས་དང་། ལ་བཟླ་བའོ། །བློ་ཡི་རྒྱུ་ནི་ཤེས་པ་མ་དག་པ། རྐྱེན་ཚིག་དང་ཡི་གེ་ལ་བརྟེན་ནས་སྐྱེ་བ་ཡིན་ལ། རང་བཞིན་ཡིད་དཔྱོད་རྟག་པ་དང་བཅས་ཤིང་ཚིག་ལ་སྒྲོས་འདོགས་པ་རྣམས་སོ། །བྱེད་པའི་ལས་ནི་ཐེ་ཚོམ་དང་སྙམ་བྱེད་དང་རྟོག་དཔྱོད་དུ་འཛིན་པར་བྱེད་ཅིང་ཚིག་དང་ཡུལ་ལ་སྙམ་འཇུག་པའོ། །འབྲས་བུ་མ་དག་པའི་ཤེས་པ་དང་ཕྱིན་ཅི་ལོག་གོ། །དེ་ཉིད་ལ་བཟླ་བ་ནི་ཤེས་པ་སྟོང་པ་འགྱུ་བ་རང་སངས་པས་བློ་སྐྱེ་བ་གོ་འགགས་པས་རང་བཞིན་བློ་བྲལ་གྱི་དགོངས་པ་ལ་གནས་པས། ཚིག་གི་ཞེན་པ་རང་བྲལ་ཏེ། རྫོགས་ཆེན་བྱ་རྩོལ་ལས་འདས་པའོ། །དངོས་པོ་ནི་གཉིས་ཏེ། རང་གི་འདུག་ཚུལ་གྱི་དངོས་པོ་དང་། ལྟར་སྣང་གི་དངོས་པོའོ། །རང་གི་འདུག་ཚུལ་ནི་བློ་ལས་འདས་པས་བསྒྲུབ་ཏུ་མེད་དེ་ལྟ་སྒོམ་གྱི་འབད་རྩོལ་མེད་པའོ། །དྲན་པ་ལས་འདས་པས་སྐྱེ་བའི་རྒྱུན་ཆོད་དེ་རེ་དོགས་དང་བྲལ་བ་ཉིད་དོ། །ལྟར་སྣང་གི་དངོས་པོ་ལས་འདས་པས་བཏགས་པ་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཚིག་དང་ཡི་གེ་ལ་མི་ལྟོས་པའོ། །ལྟར་སྣང་གི་དངོས་པོའི་རྒྱུ་འཁྲུལ་པ། རྐྱེན་ལས་དང་རྣམ་སྨིན། རང་བཞིན་མི་རྟག་པ་དང་། བྱེད་པའི་ལས་ཀྱི་འཁོར་བའི་རྒྱུ་འབྲས་བསྐྱེད་པར་བྱེད་པའོ། །འབྲས་བུ་འགྲོ་བ་རིགས་དྲུག་གི་སྐྱེ་གནས་སོ། །དེ་ཉིད་ལ་བཟླ་བ་ནི་སྐལ་ལྡན་གྱིས་ཉམས་སུ་བླངས་པས་དེ་དག་ཀུན་ཟད་དེ། རིག་པའི་ངོ་བོ་ལ་མི་སྣང་བས་འཁྲུལ་པ་རྣམས་རང་དག་སྟེ། ཆོས་ཀྱི་དབྱིངས་སུ་རྒྱ་ཆེ་ལ་དཀྱིལ་ཡངས་པར་གྱུར་པ་ནི། མཐའ་གྲོལ་ཡོངས་རྫོགས་ཀྱི་དགོངས་པར་གནས་པས་དེ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རིག་པ་ཡང་དག་ཏེ་ངོ་བོ་ལ་གསལ་འགྲིབ་མེད་པར་གནས་པ་ནི། གོང་མའི་དྲན་པ་དང་བློ་དང་དངོས་པོ་རྣམས་ཀྱི་རྐྱེན་གྱིས་མི་འགྲིབ་པས་མི་གཡོ་བ་ནི་རྣམ་རྟོག་གི་རླུང་དང་བྲལ་བའོ། །མཉམ་པ་ཉིད་ནི་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་དགོངས་པ་བཅོས་མ་ལས་གྲོལ་བའོ། །དེ་གང་ལས་བྱུང་ན་གོང་མའི་དྲན་པ་དང་བློ་དང་དངོས་པོ་གསུམ་གྱི་མཚན་ཉིད་ཤེས་པ་ལས་བྱུང་བའོ། །དེ་ལྟར་གསུམ་གྱི་རྣམ་པར་རྟོག་པའི་མཐའ་ཟད་ཙམ་ན། ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མེད་པའི་སྟོང་པ་ཉིད་དབྱིངས་སུ་ཡང་དག་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཚུད་པ་ཡིན་པས། དེ་ལ་ཡེ་ནས་རྣམ་རྟོག་རྣམ་པ་གསུམ་ཟད་པར་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མའི་རང་བཞིན་ལ་རྣམ་པའི་ཡུལ་དག་སྟེ། གཉིས་མེད་ཀྱི་དབྱིངས་སུ་ཆོས་ཐམས་ཅད་རང་གནས་པ་ལ། རྒྱུད་ལུང་མན་ངག་གི་བརྗོད་ཅིང་འདི་ལྟར་སྣང་བའི་ཆོས་རྣམས་ལ་དྲན་པ་དང་བློས་བཏགས་པའི་ཚིག་གཉིས་སུ་མེད་པས། ཕྱི་ཡི་ཆོས་ཤེས་བྱ་གྲུབ་པའི་མཐའ་རྣམས་དང་། ནང་གི་ཆོས་རྣམས་ཉམས་སུ་བླང་བྱ་ཟབ་མོ་དོན་གྱི་དགོངས་པ་འདི་ཡིན་ཞེས་གཉིས་སུ་མེད་པའི་ཕྱིར། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ཡུལ་དངོས་པོ་གཉིས་སུ་མེད་པས། ཡང་དག་པ་ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་བྱ་བྱེད་དང་བྲལ་བར་གནས་པས་རང་གི་རིག་པའི་ཡེ་ཤེས་བསྐྱོད་བྱེད་ཀྱི་རླུང་དང་བྲལ་བས་རང་བཞིན་གྱིས། བརྡལ་བ་ཆེན་པོའི་ངང་དུ་གནས་པའོ་ཞེས་རང་བཞིན་བསྟན་ནས། ༈ ད་ནི་དྲིས་ལན་ལྔ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དགོངས་པའམ་མཚན་ཉིད་བསྟན་པ་ནི། ཕྱི་ནང་མེད་པར་ཟང་ཐལ་བས་ཞེས་པ་ལ་སོགས་པས་བསྟན་ཏེ། ཕྱི་ཡུལ་དང་ནང་སེམས་གཉིས་སུ་མེད་པར་ཟང་ཐལ་དུ་གནས་པས་སྐྱོན་གང་གིས་ཀྱང་མ་བསྒྲིབས་ཏེ། དབྱིངས་རིག་འདུ་འབྲལ་མེད་པ་ལ། དྲི་མ་ནི་མིག་ལ་ཕྱེ་བཙུམ་དང་། ནམ་མཁའ་ལ་སྤྲིན་དང་། ལུས་ལ་བསྒུལ་བསྐྱོད་དང་། རིག་པ་ལ་རླུང་གི་དྲི་མ་མེད་པར་ཉམས་སུ་ལེན་པའི་དུས་ན་བྱ་བ་ཡིན་ལ། དེ་ཡང་བྱས་པས་བྱུང་བ་ནི་མ་ཡིན་ཏེ། ཡེ་ནས་ཆོས་ཉིད་ཀ་དག་ཆེན་པོར་ཡང་དག་པའི་ས་ལ་བཞུགས་པ་ཡིན་ཏེ། ད་ལྟ་ནི་དེའི་གནས་ལུགས་ཀྱི་སྟེང་དུ་ཕབ་པ་ཡིན་པས། འདི་ཡི་དུས་ན་ཡུལ་དང་ཡུལ་ཅན་གྱི་རྣམ་པ་རང་དག་པས་དམིགས་པ་རྣམ་པར་གཅོད་པའི་ཤེས་པ་མེད་དེ། དབྱིངས་ཀྱི་རང་བཞིན་འདི་ནི་ངོ་བོས་སྟོང་ལ། མཚན་ཉིད་གསལ་བ་དག་ཏུ་འདི་ནི་ཡེ་ནས་བཞུགས་པ་ལ་ད་སུས་ཀྱང་བཅོས་སུ་མེད་པའོ། །འོ་ན་འདི་མེད་ན་རིག་པའི་ཡུལ་མེད་པས། འོད་ལྔའི་སྣང་བ་འགགས་པ་མེད་པའི་ཆར་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི་བསྟན་པའོ་ཞེས་མཚན་ཉིད་དང་དགོངས་པ་བསྟན་ནས། ༈ ད་ནི་དེ་ཉིད་གོམས་པར་བྱེད་པའི་མན་ངག་དྲིས་ལན་དྲུག་པ་བསྟན་པ་ནི། འཁོར་འདས་རུ་ཤན་ཕྱེད་ནས་ནི། །ཞེས་པ་ལ་སོགས་པས་བསྟན་ཏེ། ཐོག་མར་རྟེན་གྱི་གང་ཟག་སྐལ་བ་དང་ལྡན་པ་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཡིད་ཆེས་ཤིང་མོས་པ་གཅིག་གིས། བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ། དབང་བཞི་རྫོགས་པར་བྱས་ལ། དེ་ནས་གདམས་པ་འདི་ཡང་དང་ཡང་དུ་ཞུས་སྟེ། ཕུ་ཐག་ཆོད་པར་བྱས་ལ། དེ་ནས་འཇིག་རྟེན་འདི་བློས་བཏང་ལ་རང་གི་རྫས་དང་ཡོ་བྱད་ཅི་ཡོད་པ་རྣམས་བླ་མ་ལ་ཕུལ་ལ། མན་ངག་འདི་བསྒྲུབ་པར་བྱས་ཏེ། སྒྲུབ་ལུགས་གཉིས་ལ་སྤྲང་པོའི་ཚུལ་གྱིས་སྒྲུབ་པ་དང་། རི་དྭགས་ལྟར་བསྒྲུབ་པའོ། །སྤྲང་པོ་ལྟ་བུར་བསྒྲུབ་པ་ནི་མིས་ངོ་མི་ཤེས་པའི་ཡུལ་དུ་ཐ་མ ལ་པར་བརྫུས་ནས་ཡོན་ཏན་རྣམས་གསང་ནས་ལྡོམ་བུས་གང་ཤེས་པ་བདེ་བདེ་འགྲོ་ཞིང་ཉམས་སུ་ལེན་པར་བྱའོ། །རི་དྭགས་ལྟར་བསྒྲུབ་པ་ནི་རྐྱེན་མ་ཡིན་པའི་ཡུལ་དུར་ཁྲོད་དང་། རབ་ཏུ་དབེན་པའི་ས་ཕྱོགས་མི་མི་རྒྱུ་བར་སོང་སྟེ་ཉམས་སུ་ལེན་པའོ། །དེ་ཡང་སྐལ་བ་དང་ལྡན་པ་དེས་ངག་བཅད་ནས་སུ་དང་ཡང་བརྡ་ཙམ་ཡང་མི་འཕྲད་པར་ཉམས་སུ་བླང་སྟེ། དེ་ཉམས་སུ་ལེན་ལུགས་ཇི་ལྟར་ལེན་ན། མན་ངག་སྔོན་དུ་འགྲོ་བ་དང་། དངོས་གཞི་ལས། སྔོན་དུ་འགྲོ་བའི་དོན་ཉམས་སུ་བླང་སྟེ། སྤྲོས་པ་ལ་དགའ་ན་འབྱུང་བཞིའི་རྣལ་འབྱོར་བྱ། མི་དགའ་ན་སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱ་བ་ནི། ལུས་རུ་ཤན་འབྱེད་པའི་སྤྱོད་པ་བྱའོ། །དེ་རྟགས་ཚད་ལ་ཕེབས་པ་དང་། ལུས་རྣལ་དུ་འབེབས་ཤིང་སོར་གཞུག་པའི་ཆོ་ག་བྱ། དེ་ནས་ངག་རུ་ཤན་འབྱེད་པའི་སྤྱོད་པ་བྱ། དེ་རྟགས་ཚད་ལ་ཕེབས་པ་དང་། ཡང་ངག་རྣལ་དུ་འབེབས་པའི་ཆོ་ག་བྱ། དེ་ནས་སེམས་རུ་ཤན་འབྱེད་པའི་སྤྱོད་པ་བྱའོ། །དེ་རྟགས་ཚད་ལ་ཕེབས་པ་དང་། ཡང་སེམས་རྣལ་དུ་ཕེབས་པའི་ཆོ་ག་བྱ་བ་ནི། སྔོན་དུ་འགྲོ་བའི་མན་ངག་གོ། །དེ་ལྟར་བྱས་པ་ལ་དགོས་པ་ཅི་ཡོད་ན། སྔོན་དུ་ལུས་རུ་ཤན་ཕྱེད་པས་སྔོན་ཆད་བདག་གི་ལུས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བླངས་ཀྱང་། འཁོར་བ་དང་རུ་ཤན་མ་ཕྱེད་པས་ལུས་འདི་ཡང་ཡང་བླང་པ་ཡིན་པས། ད་རེས་འཁོར་བ་དང་རུ་ཤན་ཕྱེ་བ་བྱེད་དེ། ཕྱིས་ལུས་ལེན་མི་སྲིད་མངལ་གྱི་གྲོང་ཁྱེར་དུ་འགྲིམ་མི་སྲིད་པའི་དགོས་པ་ཡོད་དེ། དེ་ཡང་གང་ཟག་དེ་བརྩོན་འགྲུས་ཅན་ཡིན་ན་འདི་ཉིད་ལ་འཁྲུལ་པ་རང་དག་ནས། ཟག་བཅས་མི་སྣང་བར་སངས་རྒྱ་བ་དང་། འབྲིང་ཡིན་ན་བར་དོར་སངས་རྒྱ་སྟེ་མངལ་སྒོར་མི་འཇུག་པ་དང་། བརྩོན་འགྲུས་ཐ་མ་ཡིན་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བརྫུས་ཏེ་སྐྱེས་ནས་ལོ་ལྔ་བརྒྱ་ན་སངས་རྒྱ་བས་མངལ་གྱི་སྒོར་འཇུག་མི་སྲིད་དོ། །དེ་ཡང་ཐུན་མོང་དུ་ལུས་ཀྱི་མངོན་ཞེན་ལྡོག་པའི་དགོས་པ་དང་། ལུས་ཀྱི་བར་ཆད་ཉེ་བར་ཞི་བའི་དགོས་པའོ། །ལུས་ཀྱི་མངོན་ཞེན་ལོག་པས་ལུས་སྒྱུ་མར་མཐོང་། དེ་མཐོང་བས་སྣང་བ་སྒྱུ་མའམ་རྨི་ལམ་དུ་མཐོང་། དེ་མཐོང་བ་ལས་ཚེ་འདི་ཆེད་དུ་བྱེད་པ་ལས་ལྡོག་པའི་དགོས་པ་ཡོད་པས། ད་འཁོར་བའི་བྱ་བ་ལ་འཇུག་མི་སྲིད་དོ། །ལུས་ཀྱི་བར་ཆོད་ཉེ་བར་ཞི་བས་སྒྲུབ་པ་ཡུན་རིང་བར་འགྱུར་བའི་དགོས་པ་ཡོད། དེ་ལྟར་ཡུན་རིང་བས་འབྲས་བུ་སྨིན་པར་འགྱུར་བས་སངས་མི་རྒྱ་མི་སྲིད་དོ། །མཆོག་གི་དགོས་པ་ནི་ལུས་སྤྲུལ་པའི་སྐུ་རུ་གྲོལ་བའི་དགོས་པ་དང་། ཕྱིས་འཁོར་བའི་ལུས་ལེན་མི་སྲིད་པའོ། །ལུས་སྤྲུལ་པའི་སྐུར་འགྲོ་བ་སེམས་ཅན་གྱི་དོན་རང་བཞིན་ཤུགས་ལས་བྱུང་བ་ཡིན་ལ། དེ་བྱུང་བས་ཐེག་པ་ཆེན་པོའི་གཞི་མ་སྟོངས་པའོ། །དེ་མ་སྟོངས་པ་ནི་མན་ངག་ཕྱིན་ཅི་ལོག་ཏུ་མི་འགྱུར་ལ། དེ་མ་གྱུར་པས་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །ལུས་ཕྱིས་འཁོར་བར་འཇུག་མི་སྲིད་པས་སྐྱེ་བ་ལ་དབང་ཐོབ་པའི་དགོས་པ་ཡོད་ལ། དེ་ཐོབ་པས་འཕོ་བ་ཆེན་མོའི་ལུས་འགྲུབ་པའི་དགོས་པ་ཡོད། དེ་གྲུབ་པས་སེམས་ཅན་གྱི་དོན་སྔོན་དུ་བྱེད་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ནས་ལུས་རྣལ་དུ་ཕབ་ཅིང་སོར་བཅུག་པ་ལ་དགོས་པ་ཅི་ཡོད་ན། ལུས་ཀྱི་འཁྲུལ་པ་རང་དག་ནས་ལུས་བདེ་ལུགས་སུ་གནས་པའི་དགོས་པ་དང་། ཉམས་སུ་ལེན་པ་ལ་བརྩོན་འགྲུས་བསྐྱེད་པར་འགྱུར་བའི་དགོས་པ་དང་། ལུས་དང་དབང་པོ་རང་བཞིན་གྱིས་དུལ་བར་འགྱུར་བའི་དགོས་པ་ཡོད་དོ། ༈ །ངག་རུ་ཤན་འབྱེད་པའི་དགོས་པ་ནི་སྔར་ངག་འདིས་ལུས་བླངས་རེས་ཀྱིས་ངག་ཀྱང་དེ་སྙེད་བླངས་པས་ཅི་ཙམ་གཅིག་སྨྲས། ད་ཡང་ད་རེས་འཁོར་བའི་ངག་དང་རུ་ཤན་མ་ཕྱེད་ན་ཅི་སྙེད་སྨྲ་བའི་ལུས་ལ་ཐུག་པ་མེད་པས་ད་རེས་མི་སྨྲ་བས་འདི་རུ་ཤན་ཕྱེད་པས་ཕྱིས་འཁོར་བའི་ངག་གི་སྨྲ་བྱེད་རྒྱུན་ཆད་པའི་དགོས་པ་ཡོད་དེ། དེ་རིང་ནས་འདས་པའི་ངག་ཏུ་གྱུར་པ་དགོས་པ་ཡོད་དོ། །དེ་ཡང་ཐུན་མོང་དུ་ངག་གི་ཞེན་པ་ལྡོག་པ་དང་། ངག་གི་བར་ཆད་ཞི་བའི་དགོས་པ་ཡོད་དོ། །ངག་གི་ཞེན་པ་ལོག་པས་ད་འཁོར་བ་འཁྲུལ་པའི་གཏམ་སྨྲ་མི་སྲིད་པ་དང་། དེ་མ་སྨྲས་པས་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ཆུད་པས་ཡང་གོང་ལྟར་འགྲོ་བའི་ངག་ཏུ་ལྡོག་མི་སྲིད་དེ་སངས་རྒྱ་བའོ། །ངག་གི་བར་ཆོད་ཞི་བས་ངག་ཚིག་གི་རྗེས་སུ་འབྲེང་མི་སྲིད། དེ་མ་འབྲེང་པས་ལྟ་བ་སྙམ་བྱེད་དང་ཡིད་དཔྱོད་དང་ཡིད་དཔྱོད་དུ་འགྲོ་མི་སྲིད། དེ་མ་སོང་བས་ཆོས་ཉིད་མངོན་གསུམ་དུ་གཏན་ལ་ཕེབས། དེ་ཕེབས་པས་ཟག་བཅས་མི་སྣང་བར་སངས་རྒྱས་ངེས་པའི་དགོས་པ་ཡོད་དོ། །མཆོག་ཏུ་ངག་ལོངས་སྐུར་གྲོལ་བ་དང་། ད་སངས་རྒྱས་ཀྱི་ངག་ཏུ་གྱུར་ཏེ་འཁོར་བར་ལྡོག་མི་སྲིད་པའི་དགོས་པ་ཡོད་དོ། །ངག་ལོངས་སྐུར་གྲོལ་བས་བར་དོ་འདི་ཉིད་ལ་ཆོད། དེ་ཆོད་པས་ཤ་ཁྲག་གི་ལུས་ལ་བརྟེན་པའི་སྨྲ་བ་རྒྱུན་ཆད་དེ་ཆད་པས་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཏེ་ཆོས་ཟད། དེ་ཟད་པས་ཕྱིས་ཆོས་ཞེས་མིང་དུ་བཏགས་པ་ལ་ད་དགོས་པ་མེད་པས་སྣང་མི་སྲིད། དེ་མི་སྣང་བས་འབྲས་བུ་སངས་རྒྱ་བའི་དགོས་པ་ཡོད་དོ། །ངག་འཁོར་བར་མི་ལྡོག་པས་ཁམས་གསུམ་འཁོར་བ་རྒྱུན་ཆད། དེ་ཆད་པས་འཁོར་བ་ཉིད་ཡོད་མི་སྲིད། དེ་མེད་པས་འབྲས་བུ་སངས་རྒྱས་ལས་འགྲོ་ས་མེད་པའིི་དགོས་པ་ཡོད་དོ། །ངག་རྣལ་དུ་ཕབ་པའི་དགོས་པ་ནི་ཕྱིས་ངག་གི་ཅལ་ཅོལ་མི་འབྱུང་བ་དང་། ཉམས་སུ་ལེན་པ་བརྟན་པ་དང་། ངག་རང་བཞིན་གྱིས་རྣལ་བ་དང་། བརྫུན་ལ་སོགས་པའི་ཚིག་བརླབ་པོ་ཆེ་སྨྲ་མི་སྲིད་པའི་དགོས་པ་ཡོད་དོ། ༈ །སེམས་རུ་ཤན་འབྱེད་པའི་དགོས་པ་ནི། སྔར་བསྐལ་པ་དཔག་ཏུ་མེད་པ་ནས་སེམས་ཀྱི་བྱུང་ཚོར་གྱི་རྣམ་རྟོག་གི་ལས་བསགས་ན་བསམ་གྱིས་མི་ཁྱབ་པ་འདི་ཅིས་ལེན་ན། སྔར་སེམས་རུ་ཤན་མ་ཕྱེད་པས་ལན། ད་ད་རེས་ལས་བསམ་པའི་ལས་མི་བྱེད་པས་སེམས་ཀྱི་རུ་ཤན་དང་ཕྱེ་བས་ཕྱེད། ཕྱིས་འཁོར་བའི་སེམས་ཀྱི་རྣམ་རྟོག་གི་ལས་བྱེད་མི་སྲིད་དེ། མྱ་ངན་ལས་འདས་པའི་སེམས་སུ་དུས་གཅིག་ནས་སོང་བའོ། །དེ་ཡང་ཐུན་མོང་གི་དགོས་པ་ནི་སེམས་ཀྱི་ཞེན་པ་ལོག་པའི་དགོས་པ་དང་། སེམས་ཀྱི་བར་ཆད་ཞི་བའི་དགོས་པའོ། །སེམས་ཀྱི་ཞེན་པ་ནི་སེམས་ཀྱི་བྱུང་ཚོར་གྱི་རྣམ་པར་རྟོག་པ་སྔ་མ་རྣམས་ལ་སྐྱུག་ལོག་པས་ཕྱིས་སེམས་བྱུང་ཚོར་ལ་མི་འཇུག །དེ་མ་ཞུགས་པས་ད་ལྟ་བསམ་པའི་རྒྱུན་འགགས། དེ་འགགས་པས་ཉོན་མོངས་པའི་སྔོན་དུ་རྒྱུ་ལྡང་མི་སྲིད། དེ་མ་ལངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་རང་བཞིན་གྱིས་གནས། དེ་གནས་པས་འཁོར་བའི་བག་ཆགས་སྔ་ཕྱི་མཚམས་སྦྱོར་མི་སྲིད། དེ་མ་སྦྱར་བས་ཕྱིས་སེམས་སུ་འགྲུབ་མི་སྲིད། དེ་མ་གྲུབ་པས་འབྲས་བུ་སངས་རྒྱ་བའི་དགོས་པ་ཡོད་དོ། །སེམས་ཀྱི་བར་ཆོད་ཞི་བས་སེམས་ཀྱི་གཡོ་བ་དང་བྲལ་བ་དང་། དེ་བྲལ་བས་ཡུལ་གཞན་ལ་བསམ་པ་མི་འཕྲོ་ཞིང་ཉམས་ལེན་བརྟན་པའི་དགོས་པ་ཡོད། དེ་མ་འཕྲོས་ཤིང་བརྟན་པས་འགྱུ་བ་རྣམས་རྒྱུན་ཆད་པ་དང་། དེ་ཆད་པས་རང་སྣང་འགྲོ་འོང་མེད་། དེ་མེད་པས་རིག་པ་གཅིག་ཏུ་གནས་པའི་དགོས་པ་དང་། དེ་གཅིག་ཏུ་གནས་པས་རིག་པ་ཚད་ལ་ཕེབས། དེ་ཕེབས་པས་འབྲས་བུ་ཟག་པ་མི་སྣང་བར་སངས་རྒྱ་བའི་དགོས་པ་ཡོད་དོ། །མཆོག་ཏུ་སེམས་ཆོས་ཀྱི་སྐུར་གྲོལ་བ་དང་། ཕྱིས་འཁོར་བའི་སེམས་སུ་ཟློག་མི་སྲིད་པའི་དགོས་པའོ། །སེམས་ཆོས་ཀྱི་སྐུར་གྲོལ་བས་ད་ཆོས་ལས་འདས་པས་བསྒྲུབ་ཏུ་མེད། དེ་མེད་པས་ལྟ་སྒོམ་སྤྱོད་པའི་ཞེན་པ་རང་འགགས། དེ་འགགས་པས་གང་ལ་འདོད་པའི་དངོས་པོ་དང་བྲལ། དེ་བྲལ་བས་དངོས་པོ་འདུག་ཚུལ་གྱི་ཐོག་ལས་མི་འདའོ། །དེ་མ་འདས་པས་ཆོས་ཉིད་རང་ཟད། དེ་ཟད་པས་མྱ་ངན་ལས་འདས་པ་གྲུབ་མ་མྱོང་། དེ་མ་མྱོང་བས་ཁམས་གསུམ་འཁོར་བ་གཏན་སྤྲུགས། དེ་སྤྲུགས་པས་དེ་ཉིད་རང་ངོ་བོར་སངས་རྒྱས་པའི་དགོས་པ་ཡོད་དོ། །ད་སེམས་འཁོར་བར་མ་ལོག་པས་རྒྱུ་སེམས་ཅན་གྱི་མིང་མེད། དེ་མེད་པས་ཐམས་ཅད་སངས་རྒྱ་བ་ལས་འགྲོ་ས་མེད། དེ་མེད་པས་སྤྱོད་ལམ་ཇི་ལྟར་བྱས་ཀྱང་འབྲས་བུ་སངས་རྒྱ་ངེས་པའི་དགོས་པ་ཡོད་དོ། །སེམས་རྣལ་དུ་བབ་པའི་དགོས་པ་ནི། ཕྱིས་ཀྱི་བསམ་པ་འགགས་པ་དང་། ད་ལྟའི་དྲན་བསམ་རྒྱུད་ལ་མི་གནས་པ་དང་། སེམས་རྣལ་མར་གྱུར་ཏེ་ཡུལ་ལ་མི་འཇུག་པའི་དགོས་པ་ཡོད་དོ། །དེ་ལྟར་ན་འཁོར་འདས་རུ་ཤན་ཕྱེ་ནས་ནི། ལུས་ངག་རྣམས་ནི་རྣལ་དུ་ཕབ་ཅེས་བྱའོ། །དེ་ནས་ལུས་ངག་གི་གནད་གཟིར་བས་འདུག་སྟངས་གསུམ་ལས་ལུས་མི་འདའ་བར་བྱ་སྟེ། དེ་བྱས་པས་ལུས་ལ་གནས་པའི་རིག་པ་དེ་མངོན་སུམ་དུ་མཐོང་བའི་དགོས་པ་ཡོད། དེ་ཡང་དཔེར་ན་སྦྲུལ་གྱི་རྐང་ལག་མ་གཅུས་པར་མི་མངོན། གཅུས་པས་མངོན་པ་དང་འདྲའོ། །ངག་བཅད་ནས་སུ་དང་ཡང་བརྡ་ཙམ་ཡང་མི་འཕྲད་པར་གནས་པས་ཆོས་ཉིད་བརྗོད་དུ་མེད་པའི་ངང་ལ་གནས་པའི་དགོས་པ་ཡོད་དོ། །དོན་གྱིས་ཚིག་གི་ཕྱིར་མི་འབྲེང་བའི་དགོས་པ་ཡིན་ནོ། །སེམས་དབྱིངས་རིག་མི་འབྲལ་བར་བྱ། དེ་བྱས་པས་མངོན་སུམ་གནད་ཀྱི་སྣང་བ་མཐོང་བའི་དགོས་པ་ཡོད་དོ། །དེ་མཐོང་ཞིང་རྒྱུན་དུ་གནས་པས་ཉམས་གོང་འཕེལ་གྱི་སྣང་བ་མཐོང་བའི་དགོས་པ་ཡོད་དེ་མཐོང་བས་ཡིད་ཆེས་རང་ཐོག་ཏུ་ཆོད། དེ་ཆོད་པས་རིག་པ་ཚད་ལ་ཕེབས་པའི་སྣང་བ་མཐོང་བའི་དགོས་པ་ཡོད། དེ་མཐོང་བས་འཁྲུལ་པའི་སྣང་བ་འགགས་པའི་དགོས་པ་ཡོད། དེ་འགགས་པས་ཆོས་ཉིད་ཟད་པའི་སྣང་བ་དང་གཉིས་སུ་མེད་པར་སྤྱོད་པའི་དགོས་པ་ཡོད། དེ་སྤྱད་པས་འཁོར་བའི་མིང་མེད། མྱང་འདས་བཙལ་དུ་མ་རྙེད། སངས་རྒྱས་ལ་རེ་མེད། སེམས་ཅན་ལ་དོགས་མེད། ཆོས་ཆུ་བོ་ལ་ཕོ། ཐུགས་རྗེ་ནམ་མཁའ་ལ་ཡལ་བ། སྐུ་གསུམ་གྱི་བཅིངས་པ་ལས་གྲོལ་བའོ། །དེ་ལྟར་སྔོན་དུ་འགྲོ་བའི་མན་ངག་རྣམས་དྲོད་རྟགས་ཚད་ལ་ཕབས་ནས། དེ་ནས་མངོན་སུམ་གནད་ཀྱི་སྣང་བ་དབྱིངས་དང་རིག་པའི་སྣང་བ་དང་འབྲལ་བ་མེད་པར་སྐལ་ལྡན་གྱིས་བརྟག་གོ། །དེ་ནས་དེ་ཉིད་དང་ཉིན་མཚན་དུ་གནས་པ་ལས། ལུས་ཀྱིས་ནད་དང་བྲལ་བ་དང་སེམས་ལ་གཏད་པའི་འབེན་མི་དགོས་པའི་ཚེ། འདི་ལ་གོམས་པའི་ཚད་ཉིན་མཚན་མི་སྣང་སྟེ། འདི་ཡི་དུས་ན་འཁོར་འདས་འདྲེས་པས་རྣལ་འབྱོར་གྱི་སྡེ་རྙེད་པ་ཡིན་པས་ན། དེ་ནས་ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ། ཕྱི་རོལ་གྱི་ནམ་མཁའ་ལ་འོད་ཀྱི་འཇའ་གུར་དང་། ཐིག་ལེ་ལ་སོགས་པ་ཉིད་ཀྱི་སྣང་བ་ནི། ཡང་གཅིག་འབྱུང་སྟེ་འདས་ནས་ཡང་གཅིག་འཆར་བ་རྣལ་འབྱོར་པའི་ཉམས་ཀྱི་སྣང་བ་ལམ་སྣང་ཡིན་ཏེ། ཐོག་མ་འོད་ཀྱི་སྣམ་བུ་ལ་སོགས་པ་གང་ནས་གོང་དུ་ཡང་འཕེལ་བར། རིམ་གྱིས་འཆར་བ་ནི་སྔོན་དུ་རང་གི་གོམས་པ་ལས་རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐོབ་པ་ཡིན་ཏེ། འདི་ལ་བརྟན་པའི་ཚད་རང་གི་ལུས་མི་སྣང་བ་རྙེད་ནས། རིག་པ་ཚད་ལ་ཕེབས་པའི་སྣང་བ་ཡིན་ཏེ། འདི་ནས་ཉམས་ཀྱི་འཕེལ་ཟད། བློའི་ཆོས་ཟད། ནང་འབྱུང་གི་འབྱུང་བ་ཟད། སྐུ་གསུམ་གྱི་གྲངས་ཟད། རྟེན་པའི་ཆོས་རྣམས་ཟད་པའི་སྣང་བ་ཤར་སྟེ། འདི་ལ་འདི་ལྟ་བུ་ཞེས་སུས་ཀྱང་བརྗོད་པར་ནུས་པ་མིན་ནོ། །དེ་ལྟར་གྱུར་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་རྣལ་འབྱོར་པ་དེ་ཉིད་ཀྱིས་གཅེས་པར་བྱས་པའི། སྟོབས་ཀྱིས་འབྱུང་བ་ཡིན་པས། སྒྲོན་མ་འདི་ལ་གོམས་པར་བྱེད་པའི་ཡན་ལག་ཏུ་སྔོན་འགྲོ་དངོས་གཞི་གཉིས་ལས། སྔོན་འགྲོ་ལ་ལུས་ཀྱི་སྔོན་དུ་འགྲོ་བ་ལུས་རུ་ཤན་མ་ཕྱེད་ན་ལུས་ཀྱི་ཞེན་པ་མི་ལྡོག །དེ་མ་ལོག་ན། ངག་རུ་ཤན་ཕྱེ་ཡང་ལུས་ལ་ངག་བརྟེན་པས་ངག་གི་ཞེན་པ་མི་ལྡོག །དེ་མ་ལོག་ན་སེམས་རུ་ཤན་ཕྱེ་ཡང་སེམས་ཀྱི་ཞེན་པ་མི་ལྡོག །དེ་མ་ལོག་ན་མན་ངག་ལ་ཡིད་ཆེས་མི་སྐྱེ། དེ་མ་སྐྱེས་ན་ལུས་ངག་རྣལ་དུ་ཕབ་ཀྱང་སོར་མི་ཆུད། དེ་མ་ཆུད་ན་ལུས་ངག་སེམས་ཀྱི་གནད་གཟིར་ཀྱང་ཡེ་ཤེས་སྔོན་དུ་མི་སྣང་། དེ་མ་སྣང་ན་མངོན་སུམ་གནད་ཀྱི་སྣང་བ་མི་མཐོང་། དེ་མ་མཐོང་ན་ཉམས་གོང་འཕེལ་གྱི་སྣང་བ་མི་འཆར། དེ་མ་ཤར་ན་རིག་པ་ཚད་ལ་ཕེབས་མི་སྲིད། དེ་མ་ཕེབས་ན་ཆོས་ལ་ཟད་པ་འོང་མི་སྲིད། དེ་མ་བྱུང་ན་ཉམས་སུ་བླངས་པ་ལ་དགོས་པ་ཅི་ཡང་མེད་དེ་འབྲས་བུ་མེད་པའོ། །དེ་ལྟར་སྤྱོད་པ་གསུམ་རྣལ་ཕེབ་གསུམ་སྟེ་དྲུག །གནད་གཟིར་གསུམ་སྟེ་དགུ། སྣང་བ་བཞི་སྟེ་བཅུ་གསུམ་གྱིས་གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་དུ་ནི་ངས་བཤད་དོ། །ཞེས་སྔོན་བྱུང་དུ་སྡུད་པ་པོ་ལ་སྟོན་པས་གདམས་ལ་རྗེས་འཇུག་ཏུ་བླ་མས་སློབ་མ་ལ་གདམས་པའོ། །ཞེས་དེ་ཉིད་ལ་གོམས་པར་བྱ་བའི་མན་ངག་བསྟན་ནས། ༈ ད་ནི་དྲིས་ལན་བདུན་པ་དེ་ཉིད་ཀྱི་ཚད་བསྟན་པ་ནི། མཐིང་ག་མི་འགྱུར་སྣང་བ་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གོམས་པའི་དུས་ན་ཁ་དོག་མཐིང་ག་ཤས་ཆེ་བ་ནི་ཆོས་ཉིད་མི་འགྱུར་བའི་སྣང་བ་ཡིན་ཏེ། དེ་ལས་སྐལ་ལྡན་གྱིས་ཉམས་སུ་བླངས་པས་ཁ་དོག་སོ་སོར་མ་འདྲེས་པར་སོ་སོ་ནས་གསལ་བའི་འོད་མཐིང་ག་གཞི་ཆེ། དཀར་པོ་ལམ་གསལ། སེར་པོ་འཕེལ་སྟོན། དམར་པོ་སྣ་སེལ། ལྗང་གུ་རང་གྲོལ་བ་དང་། ལྔར་ལམ་སྣང་ལ་གྱུར་པའི་ཚེ། རྣལ་འབྱོར་པ་དེས་ལམ་གྱི་སྣ་ཟིན་པ་ཡིན་པས་འདི་ཡི་དུས་ན་སྔར་ཞེན་པའི་རྣམ་རྟོག་འགག་པ་ཡིན་ནོ། །དེའི་རྟགས་སུ་སྔར་འདྲིས་པའི་ཡུལ་གྱི་རྨི་ལམ་འགག་པར་འགྱུར་བ་ཡིན་ལ། ལུས་ལ་ཡང་དྲོད་རྟ་རྔ་ཙམ་གཅིག་འབྱུང་ངོ་། །དེ་ནས་སྣང་བ་འདི་ཉིད་རབ་ཏུ་གསལ་བར་གྱུར་པ་ལ་བརྩོན་འགྲུས་ཀྱི་བྱེ་བྲག་གིས་ཟླ་བ་བདུན་དང་དགུ་དང་བཅུ་གཅིག་དུ་གནས་ཤིང་། དེ་ནས་ཡང་རྣལ་འབྱོར་པ་རང་གི་མདུན་གྱི་སྐྲ་དང་སྨིན་མའི་མཚམས་སུ། དབྱིངས་ཀྱི་སྒྲོན་མ་དེ་རྣལ་འབྱོར་པ་རང་གི་སོར་བཞིའམ་ནི་ཡང་ན་མཐོ་གང་ལས། ནམ་མཁའ་ལ་འཕགས་སྟེ་རང་གི་ལུས་དང་བྲལ་བའི་ཚེ་ན་འཁོར་འདས་ཀྱིས་མཚམས་ཕྱེད་པ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་དུ་འཇུག་མི་སྲིད་པའི་ཚད་དེ། འདིའི་དུས་ན་ཕྱི་འབྱུང་བའི་གཟུང་འཛིན་འགག་སྟེ། དེའི་རྟགས་སུ་རྣལ་འབྱོར་པ་དེ་ལ་ཕྱིས་མ་འོངས་པའི་ཡུལ་གཞན་གྱི་རྨི་ལམ་སྐྱེ་མི་སྲིད་དོ། །དེ་ནས་འོད་ཀྱི་སྣམ་བུ་མདུན་དུ་སྣང་བའི་ཚེ་ན་འཁྲུལ་པ་ཡེ་ཤེས་སུ་གྱུར་བའི་ཚད་དེ། འདིའི་དུས་ན་ད་ལྟའི་གཟུང་འཛིན། རེས་འགག་རེས་ལ་གནས་པས། རྨི་ལམ་ཀྱང་དེ་དང་འདྲའོ། །ལྷག་མ་ནི་ཚད་ཡིག་དང་སྦྱར་རོ། །དེ་ལྟར་རྣལ་འབྱོར་པས་ཉམས་སུ་ལོངས་པ་དེའི་ཚད་དུ་དེ་འགྱུར་རོ་ཞེས་ཚད་བསྟན་ནས། ༈ ད་ནི་དྲིས་ལན་བརྒྱད་པ་དེ་ཉིད་ཀྱི་གནས་པ་བསྟན་པ་ནི། མིག་ནི་འབྱུང་བའི་རྐྱེན་མེད་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ཡི་གནས་པའི་ས་མིག་གི་དེ་ཁོ་ན་ཉིད་ཡིན་ཏེ། གོང་དུ་རྒྱས་པར་བཤད་དོ། །དེ་ཉིད་ལ་དབྱིངས་ཀྱི་སྒྲོན་མ་གནས་ཤིང་རང་གི་རིག་པ་ཡང་དག་པ་ཉིད་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་སྟེ། ཕྱི་ཡི་དབྱིངས་འཁྲུལ་པ་མེད་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལ་ཤེས་རབ་ཀྱིས་མ་ཡིན་པར་དབང་པོའི་དྭངས་མས་འཛིན་པར་བྱེད་པ་ནི་ཡུལ་ལ་སྣང་བའི་དུས་ནའོ། །དེ་ཡང་ཉིན་མོ་འདས་པའི་ཆ་ཡིན་པས་སྣང་བའོ། །མཚན་མོ་འཁོར་བའི་ཆ་ཡིན་པས་རང་གི་ཤེས་བྱ་མཚན་མོ་ནང་དུ་གསལ་བའི་ཚེ། རིག་པ་ཕྱིར་མི་སྣང་སྟེ་གཉིད་ཀྱི་དུས་ན་རྨི་ལམ་ལ་སོགས་པའི་རྟོག་པ་ནི་ཡིད་ཡིན་ཏེ། རིག་པའི་སྣང་བ་མ་ཡིན་ནོ། །འདི་ཡི་དུས་ན་རང་རང་གི་ཙིཏྟའི་དཀྱིལ་དུ་རིག་པ་གནས་པ་ཡིན་པས་རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་གྱི་མན་ངག་དང་སྦྱར་རོ། །འདི་ཡི་དུས་ན་རིག་པ་ཙིཏྟར་གཞུག་པའི་གནད་དང་། སེམས་གཉིད་ཀྱི་ཐིབས་སུ་བསད་པའི་གནད་དང་། ཡིད་ལ་རྨི་ལམ་གྱིས་རྒྱས་གདབ་པའི་གནད་གསུམ་བྱའོ། །དེ་ནས་ནམ་ལངས་ནས་རིག་པ་མྱ་ངན་ལས་འདས་པའི་ཡུན་རྐྱེན་ལ་ཕྱིར་འཕྲོས་པའི་ཚེ་རྣལ་འབྱོར་པས་རིག་པ་སྤྲིན་དང་བྲལ་བའི་ནམ་མཁའ་ལ་གཏད་པ་ཡིན་ནོ། །ཞེས་གནས་པ་བསྟན་ནས། ༈ ད་ནི་དྲིས་ལན་དགུ་པ་དེ་ལྟར་གནས་པའི་དབྱིངས་རིག་དེ་སྒོ་གང་ལས་འབྱུང་བསྟན་པ་ནི། མིག་གི་རྣམ་ཤེས་དག་པ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ཡི་འཆར་བའི་སྒོ་མིག་གི་རྣམ་པ་ཡུལ་ཤེས་པ་མཐོང་བ་དག་པ་ནི་འགག་པའི་རྣམ་ཤེས་མ་ཡིན་པར། སྐྱེ་འགག་མེད་པའི་དབང་པོ་དེ་ཁོ་ན་ཉིད་ཡིན་ལ། དེ་ནས་ཇི་ལྟར་འཆར་ཞེ་ན། ལམ་གྱི་སྣང་བ་སྟོང་པ་ཕྱང་ཆད་པ་ལས་ལོག་པས་གལ་བྱེད་ནི་རང་སྣང་སྟོང་པ་ཡིན་ལ། འབར་བའི་ནི་སྣང་བ་ལ་མཆེད་ཡོད་པའོ། །འོད་ཟེར་ལྔར་ཤར་བས་ཡོ་གའི་ཡིད་ཆེས་པའི་གདིང་རྙེད་དེ། དེ་ཡང་ངོ་བོ་ལ་མི་འགྱུར་ཡང་ཁྱབ་པ་སེམས་ཅན་ཐམས་ཅད་ལ་དབྱེར་མེད་པའི་ཚུལ་དུ་ཡང་། མཐིང་གའི་རང་མདངས་ཆེན་པོར་གནས་སོ། །དེ་ལྟར་ཡང་ཡེ་ནས་འཆར་བར་བྱེད་པའི་སྣང་བ་མ་འགགས་པས། ཕྱི་ཡུལ་ནམ་མཁའ་རྣམ་པར་དག་པ་ལ་ཐམས་ཅད་དབྱེར་མེད་དུ་སྣང་ངོ་། །འགྲོ་བ་ཡོངས་ལ་སྒྲོན་མ་འདི་ཡི་འཆར་སྒོ་ཡང་གཅིག་སྟེ་མིག་ནས་ཡང་འཆར་བར་ཡང་གཅིག །དེ་ལྟར་ངོ་བོ་ཉིད་ལ་འགྱུར་བ་མེད་ཀྱང་ཀུན་ལ་ཁྱབ་པའི་ཚུལ་དུ་སྣང་ངོ་། །དེ་ལྟར་སྒྲོན་མ་འདི་ཡི་རྣམ་པར་རང་དག་པས། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གཉིས་ཀྱི་ཟུང་འཇུག་གི་བདེ་བ་ལ་སྙོམས་པར་འཇུག་པའི་ས་ཡིན་ནོ། །དེ་ལྟར་མཉམ་པར་བཞག་པ་དེ་ཡང་འཕྲལ་བཅོས་མ་ཡིན་ཏེ་ཡེ་ནས་གནས་ཏེ། དེ་ཡང་ཅོག་གིས་རང་བཞག་གོ། །དེ་ཡང་བཅས་བཅོས་མི་བྱ་བར་ཤར་བ་ཐམས་ཅད་རང་ཤར་དུ་བཞག །སྣང་བ་ཐམས་ཅད་རང་སྣང་དུ་བཞག །བྱུང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །དེ་ལྟར་བཞག་པས། དེ་ལྟར་སྒྲོན་མའི་སྣང་བ་དེ་ཉིད་སེམས་ཅན་ཀུན་གྱི་མིག་དང་རང་འབྲེལ་བས། དེ་ཉིད་ཡུལ་རྐྱེན་སྤྲིན་དང་བྲལ་བའི་ནམ་མཁར་ཤར་བས་མངོན་སུམ་དུ་སྣང་བའོ། །དེ་ལྟར་འཆར་སྒོ་མ་འགགས་པ་མིག་ཡིན་ནོ་ཞེས་འཆར་བར་བྱེད་པའི་སྒོ་བསྟན་ནས། ༈ །ད་ནི་དྲིས་ལན་བཅུ་པ་འདི་ཉིད་དངོས་བསྟན་པ་ནི། འདི་ལྟར་གནད་གསུམ་མན་ངག་དང་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ལྟར་གནད་ནི་སྒོ་ཡི་གནད་མིག །ཡུལ་གྱི་གནད་ནམ་མཁའ། རིག་པའི་གནད་རྡོ་རྗེ་ལུ་གུ་རྒྱུད་དང་གསུམ་གྱིས་མན་ངག་དང་། གང་ཟག་སྐལ་ལྡན་སུ་ལ་འཛོམ་པའི་སྐྱེས་བུ་ནི། དབྱིངས་རྣམ་པར་དག་པ་ལ་གོམས་པར་བྱེད་པར་འདོད་ན། བླ་མས་བསྟན་པའི་མན་ངག་གི་སྔོན་དུ་འདི་ནི། སྲིད་པ་ཡིས་ནི་འབྱུང་བའི་སྲིད་པས་གྲུབ་པའི་ལུས་ཡ་མཚམས་ནས་ནི་སྨིན་མཚམས་སོ། །སྒྲོན་མ་འདི་ནི་གཉིས་ནི་མིག་འཇུག་ཡུལ་ཟུང་ལ་ས་ནི་གཡས་གཡོན་དེ་ཉིད་རང་ཐབས་དང་ཤེས་རབ་ཏུ་འཆར་བ་སྟེ། ཐབས་དང་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཡུལ་དང་། བྱེད་པའི་ལས་དང་། རང་བཞིན་དང་། གོ ལ་ས་དང་། འབྲས་བུ་དང་བརྒྱད་དོ། །དེ་ཡང་ཐབས་ཀྱི་ངོ་བོ་ཚེགས་ཆུང་ལ་གནད་དུ་འགྲོ་བ་ཡིན། ངེས་ཚིག་ནི་འདོད་པ་གང་ཡིན་པ་དམིགས་པ་གཞན་གཅིག་ལ་བརྟེན་ནས་མངོན་སུམ་དུ་འབྱིན་པར་བྱེད་པའོ། །དབྱེ་ན་སླ་བའི་ཐབས་དཔེར་ན་བར་སྣང་གི་གློག་ལྟ་བུར་སྐད་ཅིག་ཙམ་ལ་བར་སྣང་སྟོང་པ་དང་འདྲ་བར་འདིས་ཀྱང་སྔོན་དུ་ཡང་བསྟན་མ་ཐག་ཏུ་ཉམས་སུ་མྱོང་བ་བསྐྱེད་ཅིང་ཡལ་བ་སྐྱེན་པའོ། །ཆེ་བའི་ཐབས་དཔེར་ན་དབུས་ཀྱི་རི་བོའི་རྩེར་ཕྱིན་པས་གླིང་བཞི་དུས་གཅིག་ལ་མཐོང་བ་དང་འདྲ་བར། འདིས་ཀྱང་ཐབས་ལ་བརྟེན་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་ཤིང་རང་གི་རིག་པ་མངོན་སུམ་དུ་མཐོང་བར་བྱེད་པའོ། །དེའི་ནང་ནས་འབྲས་བུ་གསང་སྔགས་ནི་ཐབས་ཀྱི་ལམ་པ་ཡིིན་པས། ཐབས་མེད་ན་ཤེས་རབ་རྐྱང་པ་ཡ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་ཞེས་པའོ། །ཐབས་ཀྱི་ཡུལ་ནི་སླ་བའི་ཡུལ་དམིགས་པའི་མཚན་མ་ལ་བརྟེན་ནས་རྟོགས་པར་བྱེད་ལ། མྱུར་བའི་ཡུལ་ལུས་ངག་གི་རྩོལ་གནད་ལ་བརྟེན་ནས་རྟོགས་པར་བྱེད་ལ། ཆེ་བའི་ཐབས་ཀྱི་ཡུལ་ནི་གོམས་པའི་གནད་ལ་བརྟེན་ནས་རྟོགས་པར་བྱེད་པའོ། །ཐབས་ཀྱི་བྱེད་པའི་ལས་ཀྱི་ལུས་ངག་གི་སྡུག་བསྔལ་བཅད་ནས། ལུས་ངག་གི་བདེ་བ་བསྐྱེད་པར་བྱེད། དེ་བྱས་པས་གསལ་བ་ཉམས་སུ་མྱོང་། དེ་མྱོང་བས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་གཏན་ལ་ཕེབས་པའོ། །ཤེས་རབ་ཀྱིས་ནི་དེ་ལྟར་ནུས་པ་མ་ཡིན་ནོ། །དེ་ཡང་ལུས་ངག་ལ་བདེ་བ་མ་སྐྱེས་ན་སེམས་འཁོར་བ་ལས་ཕྲལ་མི་སྲིད། དེ་མ་ཕྲལ་བས་རིག་པ་ཉམས་ཐོག་ཏུ་གསལ་མི་སྲིད། དེ་མ་གསལ་ན་ཅི་ཙམ་བསྒོམས་ཀྱང་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་མི་སྲིད། དེ་མ་རྟོགས་ན་ཡིད་དཔྱོད་ཀྱི་ལྟ་སྒོམ་གྱིས་འཁོར་བར་འཕེན་པའི་སྣ་ཁྲིད་བྱེད་པའོ། །ཐབས་ཀྱི་རང་བཞིན་ནི་དང་པོ་རང་ཐོག་ཏུ་མི་འཇོག་པར་གཞན་གཅིག་ནས་མཚོན་ནས། ཐ་མ་རང་ཐོག་ཏུ་འབེབས་པའོ། །གོལ་ས་ནི་དེ་ཉིད་ལ་རང་རྒྱུད་དུ་བཟུང་ན་གཟུགས་ཁམས་སུ་འཆིང་བར་འགྱུར། དེ་ཉིད་བློ་བྲལ་དུ་བཞག་སྟེ་ཤེས་པ་ཙམ་ལ་ལྟོས་ནས་གོམས་ཤིང་སྦྱོང་བ་མ་བྱས་ན། འདི་ནི་དམ་ཚིག་ཉམས་པས་དམྱལ་བར་འཁྲིད་པར་བྱེད། གོམས་པ་སྟོབས་སུ་གྱུར་པས་ཀྱང་ཐབས་ལ་རེ་ན་འབྲས་བུ་མཐའ་ཡས་པ་སྟེ། སྐྱེ་མཆེད་ཀྱི་ལྷར་གོལ། དེ་ཉིད་རྟག་པར་བཟུང་ན་ཕྱི་རོལ། རྟག་པར་དེ་ཉིད་བར་དུ་མེད་དང་པོ་དང་ཐ་མ་ཡོད་པར་བཟུང་ན་ཆད་པར་གོལ་ལོ། །ཐབས་ཀྱི་འབྲས་བུ་ནི་ཡེ་ཤེས་དངོས་སུ་སྐྱེས་ནས་བཙན་ཐབས་སུ་སངས་རྒྱ་བའོ། །ཤེས་རབ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཡུལ་དང་། བྱེད་པའི་ལས་དང་། རང་བཞིན་དང་། གོལ་ས་དང་། འབྲས་བུ་དང་བརྒྱད་དོ། །ཤེས་རབ་ཀྱི་སྤྱི་ཡི་རྣམ་པ་གོང་གི་ལེའུ་གཉིས་པར་རྒྱས་པར་བཤད་དོ། །འདི་ནི་བྱེ་བྲག་ཏུ་ཤེས་རབ་གཏན་ལ་འབེབས་པར་བྱེད་པའི་ཆ་ནས་བཞག་པའོ། །ངོ་བོ་ནི་ཤེས་རིག་གཞན་དུ་མ་གྱུར་པ་ཡིན་ལ། ངེས་ཚིག་ནི་ཤེས་པ་ཐམས་ཅད་ཀྱི་རབ་བམ་ཕུལ་དུ་གྱུར་པ་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པའོ། །དབྱེ་བ་རྒྱས་པར་གོང་དུ་བཤད་ཟིན་ལ། འདིར་ནི་གང་ཟག་འཇུག་པར་བྱེད་པ་ལ་སྔོན་དུ་ཐོས་པས་རྒྱུད་མ་བཀྲོལ་ན་ཐ་མ་ཡིད་དཔྱོད་དུ་འགྲོ་བའི་སྐྱོན། དེ་ནས་བསམ་པའི་ཤེས་རབ་ཀྱིས་ཐག་མ་བཅད་ན་ཐ་མ་དྲན་པའི་རྒྱུད་ལངས་པས་ཚིག་གི་རྗེས་སུ་འབྲང་བའི་སྐྱོན་ཡོད། དེ་ནས་བསྒོམས་པའི་ཤེས་རབ་ཀྱིས་སྤྲོས་པ་བདག་ཏུ་འཛིན་པའི་གྲུབ་མཐའ་ལས་ལོག་པར་མ་བྱས་ན། རང་གི་གྲུབ་པའི་མཐའ་ལ་མངོན་པར་ཞེན་པས་ཐ་མ་ངན་སོང་དུ་ཁྲིད་པའི་སྐྱོན་ཡོད་དོ། །དེ་ཡང་དབྱེ་ན་ཐོས་པ་ལ་ཚིག་གི་སྒྲོས་འཚོལ་བའི་ཐོས་པ་དང་། དོན་གྱི་སྒྲོས་དོན་ཚོལ་བའི་ཐོས་པའོ། །ཚིག་གི་ཤེས་རབ་ནི་མ་དག་པའི་ཐོས་པའི་ཤེས་རབ་ཡིན་ཏེ། ཚིག་ལ་བླ་མའི་མན་ངག་སོར་མ་བཞག་པར་སྒྲོས་བཏགས་ནས་ཡིད་ཀྱིས་དཔྱད་ཅིང་མིན་པ་ལ་ཡིན་པར་འཁྲིགས། ཡིན་པ་ལ་མིན་སྙམ་པར་འཁྲིགས་པར་བྱེད་པ་སྟེ། འདི་ནི་བཀའ་ལ་རས་ཆོད་དང་། གཟུ་ལུམ་བྱེད་པས་སྟེ། གསུང་གི་དམ་ཚིག་རྩ་བ་ནས་ཉམས་པས་རྡོ་རྗེ་དམྱལ་བ་ལས་འགྲོ་ས་མེད་དོ། །དོན་ལ་སྒྲོས་ཚོལ་བ་ནི་ཡིན་སྙམ་མིན་སྙམ་པར་སྒྲོས་བརྩལ་ཀྱང་སྙམ་བྱེད་ཀྱི་ཐོག་ཏུ་གནས་ཡིད་དཔྱོད་ལས་མིན་པས་ངན་སོང་དུ་ཁྲིད་པར་བྱེད་དོ། །དེ་ནི་ཡིད་ཀྱི་ལས་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཐོས་པ་ལས་བྱུང་བའི་ཤེས་རབ་ནི། སྔོན་དུ་ཚིག་གི་མཐའ་བཅད་པས་ད་ཚིག་ལ་སྒྲོ་གདགས་སུ་མེད་དོན་གྱི་མཐའ་བཅད་པས་ད་རེ་དོགས་དང་ཕྱོགས་ལྷུང་མེད་པའོ། །བསམ་པའི་ཤེས་རབ་ལ། མ་དག་པ་ནི་གཉིས་ཏེ་ཚིག་གི་འགྲོ་ལྡོག་ལ་བསམ་པས་ཆོས་ཉིད་ལ་རང་བཟོར་སོང་བས་ཤེས་རབ་མ་དག །ལྟ་སྒོམ་ཞེ་འདོད་ལ་བསམ་པས་ཆོས་ཉིད་ལ་བདག་ཏུ་བཟུང་བས་མ་དག་པའོ། །དག་པའི་ཤེས་རབ་བམ་སྒོམ་པ་ལས་བྱུང་བའི་ཤེས་རབ་སྤང་བྱ་ཉོན་མོངས་པའི་མཐའ་ཆོད་པས་རྐྱེན་གང་གིས་ཀྱང་མི་གནོད། ཐོབ་བྱ་ཡེ་ཤེས་ཀྱི་མཐའ་ཆོད་པས་ཡིད་གང་ལ་ཡང་མི་འཇུག་པས་རྐྱེན་ངན་པ་རྣམས་ཉམས་མྱོང་གི་གྲོགས་སུ་ཤར་བའོ། །སྒོམ་པའི་ཤེས་རབ་མ་དག་པ་ནི། རྟེན་པ་ཚིག་གི་ཆོས་ལ་རྗེས་སུ་བཟུང་བས་ཐ་མ་ཚིག་ལ་ལོངས་སྤྱོད་པས་དོན་མཐའ་སྤང་སྟེ་རང་གི་རྒྱུད་མ་དག་པས་འབྲས་བུ་ངན་སོང་དུ་ཁྲིད་ལ། ཞེ་འདོད་དངོས་པོ་ཉམས་ལ་བདེན་པར་བཟུང་བས་རང་གི་ཆོས་མ་ཞིག་པས་ཐ་མ་རང་རྒྱུད་པར་གོལ་བས་མ་དག་གོ། །དག་པའི་བསྒོམ་པ་ལས་བྱུང་བའི་ཤེས་རབ་ནི། ཆོས་སྤྱི་ཡི་མཚན་ཉིད་ཤེས་བྱ་སྤྱི་མཚན་གྱི་མཐའ་ཆོད་པས་གྲུབ་མཐའ་འདོད་རྒྱལ་གྱི་རྗེས་སུ་མི་འབྲེང་པས། སྤྲོས་པ་རང་ཐོག་ཏུ་ཆོད་དེ་སྣང་བའི་ཞེན་པ་འགགས། ཆོས་རང་གི་མཚན་ཉིད་ཉམས་སུ་བླང་བྱ་རང་མཚན་ནང་དུ་ཆོད་པས་རང་གི་ཆོས་དང་གྲུབ་མཐའ་ཞིག་པས་འཁྲུལ་པ་རང་འགགས་པའོ། །ཤེས་རབ་ཀྱི་ཡུལ་ནི་ཆོས་ཉིད་ཕྱིན་ཅི་མ་ལོག་པ་ཚིག་གི་སྤྲོས་པ་དང་བྲལ་བའོ། །དེ་ཡང་ཇི་སྲིད་ཚིག་ལ་སྤྱོད་ཀྱི་བར་ལ་བློ་ལས་ཤེས་རབ་མ་ཡིན་ནོ། །བྱེད་པའི་ལས་ནི་ཐོས་པའི་ཤེས་རབ་ཀྱིས་ཆོས་དང་ཆོས་མ་ཡིན་པ་ངོ་ཤེས་པར་བྱས་ཏེ། ལྟ་སྒོམ་ཕྱིན་ཅི་ལོག་རྣམ་པར་བཅད་ནས་ཉོན་མོངས་པ་མགོ་གནོན་པར་བྱེད། བསམ་པའི་ཤེས་རབ་ཀྱིས་རང་གི་གྲུབ་པའི་མཐའ་ལ་ཡིད་ཆེས་པར་བྱ་སྟེ། ཆོས་སུ་མི་འགྲོ་བའི་སྤྱོད་པ་ལས་ལོག་ནས། ཉོན་མོངས་པ་གནས་བསྒྱུར་ནས་བདག་ཏུ་འཛིན་པའི་ཞེན་པ་གཅོད་པར་བྱེད། བསྒོམ་པའི་ཤེས་རབ་ཀྱིས་རང་རིག་པའི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་མྱོང་ནས་རང་བཞིན་གྱི་གྲུབ་མཐའི་ཚིག་ལ་མི་ལྟོས་པར་ཐག་བཅད་ནས་ཉོན་མོངས་པ་རྩ་བ་ནས་ཆོད་པས་རང་གི་རྒྱུད་ལ་འཁྲུལ་པ་སྐད་ཅིག་ཀྱང་མི་གནས་པར་བྱེད་པའོ། །དོན་གྱི་ཉོན་མོངས་པ་གཅོད་པར་བྱེད་ཅིང་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའོ། །ཤེས་རབ་ཀྱི་རང་བཞིན་ནི་འདི་ཉིད་རང་གི་བློའམ་དྲན་པའམ་ཡིད་གནས་མི་སྲིད་དེ། དཔེར་ན་མར་ཁུ་ཁོལ་བ་ལ་ཆུའི་ཐིགས་པ་མི་གནས་པ་བཞིན་ནོ། །གོལ་བ་ཤེས་རབ་ཚིག་གི་ཕྱིར་འབྲེང་པས་ཡིད་དཔྱོད་སྒྲོ་བཏགས་སུ་གོལ། ཤེས་རབ་ཡིན་སྙམ་དུ་སོང་བས་དོན་སྙམ་བྱེད་བློ་ཡི་ཐོག་ཏུ་གོལ། ཤེས་རབ་ཀྱི་འབྲས་བུ་ནི་གཉིས་མེད་མཉམ་པར་ཤེས་ན་རྒྱུད་ནས་སངས་རྒྱ་ཞིང་ཡེ་ཤེས་རྒྱུད་ནས་སྐྱེ་བའི་གནད་ཀྱིས་སོ། །དེ་ལྟར་ཐབས་ཤེས་རབ་ཀྱི་རང་བཞིན་ནམ་ལས་འབྲེལ་ནི། གཉིས་མེད་གཅིག་གི་ཚུལ་ཡིན་ཏེ། ཐབས་མེད་ཤེས་རབ་རྐྱང་བར་སོང་ན་གྲུབ་མེད་པར་རྒྱ་མཚོའི་གླིང་ལ་ཚུད་པ་དང་འདྲ། ཤེས་རབ་མེད་ཐབས་རྐྱང་པར་སོང་ན་སྐྱེས་བུ་མིག་དང་བྲལ་བ་དང་འདྲ་སྟེ་མཐོང་བྱེད་ཀྱི་གཅོད་མེད་དོ། །དེའི་ཕྱིར་འདུ་འབྲལ་མེད་ན་གང་ཟག་གཅིག་སངས་རྒྱ་བ་ལ་ཐབས་ཀྱི་བདེ་བ་བསྐྱེད་པར་བྱེད་པས། ཤེས་རབ་ཀྱི་སྡུག་བསྔལ་གཅོད་པར་མ་བྱས་ན་བདེ་བ་མི་སྐྱེ་བས་སོ། །ཐབས་ཀྱི་གསལ་བ་ཉམས་མྱོང་སྐྱེས་པའི་ཤེས་རབ་ཀྱིས་མཐའ་མ་བཅད་ན་ཉམས་མྱོང་མི་འཆར་བས་འདུ་འབྲལ་མེད་པའོ། །དེ་ཡང་ཐབས་ཀྱི་ལུས་ངག་ལ་བདེ་བ་འབྱིན་པས་ཤེས་རབ་ཀྱིས་སྟོང་པ་ཉིད་དུ་རྟོགས་པར་བྱེད་པ་དང་གཉིས་སུ་མེད་པའོ། །དོན་ལ་ཐབས་ཀྱིས་ཉམས་མྱོང་འཕེལ་ཅིང་འཛིན། ཤེས་རབ་ཀྱིས་འཁྲུལ་པ་དང་ཉོན་མོངས་པ་གཅོད་པའོ། །དེ་ལྟར་ཐབས་ཤེས་རབ་གཉིས་ནི་འཁྲིལ་ཏེ་གཉིས་མེད་གཅིག་པར་ཡང་དག་པའི་ངོ་བོ་ལ་གནས་པའི་རྟགས་སུ་དབྱིངས་ཀྱི་སྒྲོན་མ་ཉིད་ལུས་ལས་རང་གིས་སོར་གཅིག་གིས་མ་རེག་པར། ཉིན་མོ་མྱ་ངན་ལས་འདས་པའི་དུས་ཡིན་པས་འབྱུང་བ་བཞིའི་རང་རྐྱེན་ནང་འཕྲད་པས་སྒྲོན་མའི་རང་མདངས་དང་ལྡན་པས། ཡེ་ཤེས་ཀྱི་སྣང་བར་འགྱུར་སྟེ་མངོན་སུམ་དུ་སྣང་བ་ཡིན་ལ། མཚན་མོ་འཁོར་བའི་ཆ་ཡིན་པས་འབྱུང་བའི་རང་རྐྱེན་མ་དག་པས་ཀྱང་། སྒྲོན་མའི་སྣང་བ་མཐིང་གར་གནས་པ་ནི་འཁོར་བའི་ཉེས་སྐྱོན་གྱིས་སྒྲིབས་པའོ། །དེའི་དུས་ན་སྣང་བ་དེ་རང་གི་ངོ་བོ་ཉིད་ལ་འབྱར་ནས་ཕྱིར་འཕེན་པའི་རླུང་གི་སྟོབས་ཞན་པའོ། །དབྱིངས་ཀྱི་རང་བཞིན་འོད་ཀྱིས་ཁྱིམ་ན་གནས་པ་སྟེ། འདིའི་དུས་ན་ཡང་ངོ་བོ་ལ་འགྱུར་བ་མེད་པའི་ཡེ་གདངས་ཆེན་པོར་འདི་ནི། སངས་རྒྱས་སེམས་ཅན་ཐམས་ཅད་ལ། སུས་ཀྱང་བྱས་པ་མེད་པར་འདི་ནི། ཡེ་ནས་གཉིས་མེད་མཉམ་པ་ཉིད་མ་བཅོས་པ་ཆེན་པོར་གནས་པའི་ཕྱིར། འདི་ནི་ཁྱབ་ཆེ་ཡང་ཡིད་དཔྱོད་ཀྱིས་མི་རྙེད་པས། འཕྲ་བས་སྟེ་ལས་ཀྱི་སྒྲིབ་པས་བསྒྲིབས་ནས་བླ་མའི་མན་ངག་མེད་པ་ལ་མི་སྣང་བའོ། །འོ་ན་ཀུན་ལ་མི་སྣང་ངམ་ཞེ་ན་བླ་མའི་མན་ངག་ཡོད་པ་ལ་མངོན་སུམ་དུ་སྣང་བ་ནི། རང་གིས་མན་ངག་ཤེས་པའི་གནད་ཀྱིས་ཡེ་ཤེས་རྟོགས་པའི་ཆར་ཤར་ནས་ཤེས་རབ་ཀྱིས་མ་ཡིན་པར་དབང་པོའི་མངོན་སུམ་ཉིད་དེ་ཡིད་ཀྱི་མངོན་སུམ་ཉིད་དེ་ཡིད་ཀྱི་མངོན་སུམ་ཡུལ་འདྲེས་པ་མེད་པས་བདེན་པ་རྣལ་འབྱོར་གྱི་མངོན་སུམ་དང་པོ་མངོན་སུམ་དུ་བསྟན་པ་མེད་པས་སྐྱེ་མི་སྲིད་རང་རིག་གི་མངོན་སུམ་ཉམས་སུ་མྱོང་བ་ལ་མ་བརྟེན་པར་འཆར་མི་སྲིད་པས་མངོན་སུམ་དེ་དག་ལས་འདི་རབ་ཏུ་གསང་ངོ་། །དེ་ལྟར་གསང་བའི་གསང་བ་དབང་པོ་དང་འབྲེལ་པ་རྫོགས་པ་ཆེན་པོ་འདི་ཉིད་ལ་སྐལ་པ་དང་ལྡན་པ་གང་སུ་ཡང་རུང་བ་སྤྱོད་པར་འདོད་པ་དེ། ཡེ་ནས་སངས་རྒྱས་པ་ཉིད་ཡིན་ཀྱང་དེ་ལས་ཀྱང་ཡང་སངས་རྒྱས་སོ། །འདི་ཉིད་རང་གི་བཞུགས་ཚུལ་ནི། དངོས་པོའི་གསལ་བའི་ཕྱོགས་ནས་སྒྲོན་མ་དེ་ལ་བལྟས་ན་ནི། རང་གི་གསལ་བྱེད་དུ་ཡོད་པས་མཚན་མའི་ཆ་བག་ཙམ་ཡོད་པ་ལྟར་སྣང་སྟེ། འདི་ནི་ལམ་གྱི་སྣང་བ་ཡིན་གྱི་ཆོས་ཉིད་རང་གི་ངོ་བོ་ཟད་པས་སྟོང་པར་ཡང་མཚོན་དུ་མི་བཏུབ། ཟད་པ་ཉིད་གསལ་བར་ཡང་མཚོན་པར་མི་ནུས་ཏེ། དེ་ཡང་གསལ་བར་རོལ་པར་རང་ཤར། དེ་ལྟར་ཤར་བ་ཉིད་གནས་ལུགས་སུ་རང་གྲོལ། དེ་གྲོལ་བས་ངོ་བོ་རང་དག་གོ། །དེ་ལྟར་མཚན་མ་མེད་པའི་སྟོང་པ་ཉིད་ལ་བལྟས་པ་ཡིས། རང་གསལ་དུ་སྣང་བ་འདི་ལ་བཟུང་བའི་ཡུལ་དུ་མེད་པས་ན། འདི་ལྟར་རོལ་པ་དང་གནས་ལུགས་དང་ངོ་བོ་གསུམ་གྱི་བདག་ཉིད་དུ་གནས་པ་ཉིད། ཡེ་ནས་ཡོད་པ་ཡིན་ལ་འདི་ཉིད་བླ་མའི་མན་ངག་དང་མི་ལྡན་ན་སུས་ཀྱང་མི་ཟིན་ཏེ་སྟོང་པ་ཉིད་ངོས་བཟུང་དང་བྲལ་བའི་ཕྱིར། དེས་ན་དབྱིངས་ཀྱི་རང་བཞིན་དངོས་པོའི་འདུག་ཚུལ་འདི་ནི་ཆད་པའི་ལྟ་བ་ལས་ལོག་པས་གསལ་བར་གནས་པ་དང་རྟག་པའི་ལྟ་བ་ལས་ལོག་པས་སྟོང་པ་འདི་ནི། ཡེ་གདོད་མ་ནས་ཁྱབ་ཅིང་རང་གི་ལུས་ལ་གནས་པའོ། །དེ་ཡང་གཞན་ལས་མ་བྱུང་སྟེ་རང་གི་སྣང་བའོ། །སྣང་བ་དེ་ཡང་དངོས་པོར་མེད་པས་སྟོང་ཉིད་ཡིན་ལ། དེ་ཉིད་ཆད་པར་མ་སོང་བས་གསལ་བའི་ཡུལ་དུ་ཡོད་པའོ། །དེ་ལྟ་བུའི་སྟོང་གསལ་གཉིས་སུ་མེད་པ་འདིར་ནི་སྐལ་ལྡན་གྱིས་གོམས་པའི་ཚད་རྙེད་ནས་དེ་ཡང་གློ་བུར་ཡོད་པ་མ་ཡིན་ཏེ། ཡེ་ནས་རང་གི་རང་བཞིན་གྱིས་དག་པ་ཆེན་པོ་ཉིད་དུ་གནས་པའོ། །དེ་ལྟ་བུའི་གནས་ལུགས་དེ་དུས་མེད་པར་རང་མདངས་སུ་སྣང་བའི་ཡེ་ཤེས་སྟེ། དེའི་ཡུལ་ནམ་མཁའ་ལ་ནི་དུས་རྒྱུན་དུ་སྣང་བའོ། །འཁོར་འདས་ཡོད་མེད་ཀུན་འགྱུར་བ་མེད་པའི་དབྱིངས་སུ་ཆོས་ཉིད་ཐམས་ཅད་འདུས་པས། འདི་ཉིད་རང་གི་གནས་ལུགས་རྟག་ཆད་མཐར་འཛིན་ལས་ལོག་པས་སྟོང་པ་གསལ་བར་བཞུགས། གཉིས་ག་དང་གཉིས་ཀ་མ་ཡིན་པར་འཛིན་པའི་ཞེན་པ་ལས་ལོག་པས་སྟོང་གསལ་རིག་པའི་སྙིང་པོ་ཅན་ཡིན་པས། དེའི་དོན་ལ་གནས་པའི་སྐལ་ལྡན་གྱིས་སྙིང་པོ། གནས་པའི་གང་ཟག་བརྩོན་འགྲུས་རབ་སྣང་བ་འདི་ཉིད་ལ་ཕྱི་ཡི་འབྱུང་བ་བཞིར་འཛིན་པའི་རྐྱེན། རགས་པ་སའི་གནོད་པ་དང་། ཆུ་དང་མེ་དང་རླུང་གི་སྣང་བ་རང་འགགས་ནས་འགྲོ་བ་གཞན་གྱིས་བལྟས་པས་འབྱུང་བ་ལ་ཟང་ཐལ་བར་སྣང་བའོ། །ནང་ལུས་ཀྱི་འབྱུང་བའི་རྐྱེན་ཤ་ཁྲག་རང་ཀ་མར་འཛིན་པ་རང་གྲོལ་ནས་སངས་རྒྱའོ། །བརྩོན་འགྲུས་འབྲིང་པོ་གཅིག་ལུས་ཀྱི་འབྱུང་བ་བཞིའི་རྐྱེན་ལུས་དང་བྲལ་བའི་ཚེ་ཆོས་ཉིད་བར་མ་དོར་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་དེ་ཉིད་དུ་དགོངས་པའི་སྟོབས་རྙེད་ནས་སངས་རྒྱའོ། །བརྩོན་འགྲུས་ཐ་མ་གཅིག་བླ་མ་དམ་པའི་གདག་ངག །རིག་པ་མངོན་སུམ་མཐོང་ནི་མཐོང་། འཇིག་རྟེན་འདི་ཡི་གཡེང་བས་གཡེངས་ནས་ཉམས་སུ་བླང་ལོང་མ་བྱུང་བས་བག་ཆགས་ཀྱི་ལུས་འདི་ནི་བོར་བ་ན། ཟབ་མོའི་ཆོས་ཉིད་ཀྱི་སྒོ་མཐོང་བའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་པའི་སྐུར་དབུགས་ཕྱུང་ནས་སངས་རྒྱ་བའི་ཕྱིར། བསྟན་པ་དམ་པ་འདི་ལ་ཞུགས་སོ་ཅོག་སངས་མ་རྒྱས་པ་གཅིག་ཀྱང་མེད་པས་ན། འདི་དག་ལ་ད་འཁོར་བའི་སྣང་བ་མི་སྲིད་དོ་ཞེས་དབྱིངས་རྣམ་པར་དག་པའི་སྒྲོན་མ་དངོས་བསྟན་ནས། ༈ ད་ནི་དྲིས་ལན་བཅུ་གཅིག་པ་དེ་ཉིད་ཀྱི་མཐུན་པའི་དཔེ་བསྟན་པ་ནི། དཔེར་ན་ཡི་གེ་ན་རོ་བཞིན་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ཉིད་ཀྱི་ངོ་བོ་ནི། དཔེར་ན་ཡི་གེ་ན་རོ་བཞིན་དུ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལས་གཅིག་ལས་གཉིས་སུ་སྣང་བའོ། །དེ་ལྟར་ཐབས་དང་ཤེས་རབ་གཉིས་ཀྱིས་བཟུང་སྟེ་དེ་ཐ་དད་པ་མ་ཡིན་པས་གཉིས་སྡོམ་པས་གཅིག་ཏུ་གནས་པའོ། །དེའི་ཁ་དོག་ནག་པོ་ནི་གང་གིས་ཀྱང་བསྒྱུར་དུ་བཏུབ་པ་མིན་པས་ལྟ་བ། རྣལ་འབྱོར་པས་དེ་ལ་གོམས་པར་བྱས་པས་གདེང་རྙེད་ནས། དེ་ཉིད་སྣང་བ་འཕེལ་བས་དཔེན་ན་བར་སྣང་འཇའ་མཚོན་བཞིན་དུ། ཁ་དོག་ལྔ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་སྣང་བ་གྱུར་པ་ཡིན། དེ་ལས་ཀྱང་བརྟན་པའི་གདེང་ནི་དེ་ནས་ཡང་འདི་ནི་གོམས་པའི་སྟོབས་ཀྱིས། རྣལ་འབྱོར་པ་སྒྲོན་མ་དེ་ཡི་རྟགས་དང་ལྡན་པ་ལ། སྣང་བ་དེ་བས་རྒྱ་ཆེར་གྱུར་ཏེ་བར་སྣང་གི་ཁམས་རྣམས་ཀྱང་དེ་བཞིན་དུ་ཁ་དོག་ལྔའི་འོད་ཀྱི་སྣང་བར་གྱུར་པ་ཡིན། ཞེས་དཔེ་བསྟན་ནས་དེ་དག་གིས་ལན་རྒྱས་པར་བཤད་ནས། ༈ ད་ནི་དོན་ཐ་མ་རྒྱུད་འདི་བཟུང་བའི་ཡོན་ཏན་ནམ་དགོས་ཆེད་བསྟན་པ་ནི། རྒྱུད་འདི་འཛིན་པར་སུ་འདོད་པ་ཞེས་པ་ལ་སོགས་པས་བསྟན་ཏེ། རྒྱུད་འདི་ཞེས་པ་ནི་རིགས་མཚོན་པར་བྱེད་པས་ན་རྒྱུད་ཡིན་ལ་འདིས་ནི་སངས་རྒྱ་བའི་རིགས་སུ་བྱེད་པའོ། །འཕེན་པར་བྱེད་པས་ན་རྒྱུད་དེ། དཔེར་ན་གཞུ་ལ་སོགས་པའི་རྒྱུད་ལ་ཡང་འཕེན་པའི་སྟོབས་ཡོད་པ་དང་འདྲ་བར། རྒྱུད་འདིས་ནི་འཁོར་བའི་ས་ནས་མྱ་ངན་ལས་འདས་པའི་སར་འཕེན་པར་བྱེད་པའི་སྟོབས་འདིས་བྱེད་པའོ། །དེ་ལྟར་ན་འདི་འཛིན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཡང་རུང་བས་འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀའི་འདོད་པའི་དོན་ལྷག་མ་མེད་པར་འགྲུབ་ཅིང་། མ་འོངས་པའི་དུས་ན་ཡང་རྒྱུད་འདི་ནི་དམ་པ་ནི་ལྷ་དང་མི་རྣམས་ཕྱག་བྱེད་པའི། སྐྱེས་བུ་རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པ་དེས་འཛིན་པར་འགྱུར་ལ། དེ་ཉིད་ཀྱི་ངང་ཚུལ་བཞིན་དུ་ཕྱིན་ཅི་མ་ལོག་པས་འཆད་པ་དང་ཉན་པ་དང་། ཡིད་ལ་བྱེད་པར་འགྱུར་རོ། །དེའི་ཕྱིར་ན་རྒྱུད་འདིའི་ཚིག་དང་ཡི་གེ་རྣམས་མ་ཉམས་པ་དང་། མ་ནོར་བ་དང་། མ་འདྲེས་པ་དང་། ལྷག་པ་དང་ཆད་པ་མེད་པར་ཚིག་གི་ཟུར་ཆག་པ་མེད་པར་སོ་སོར་སྐལ་ལྡན་གྱིས་བཟུང་བ་ཡིན། རིགས་ཀྱི་བུ་དེ་ལ་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དང་ལྡན་པར་འགྱུར་ཏེ། འཇིག་རྟེན་འདི་ལ་བཀྲ་ཤིས་ཕུན་སུམ་འཚོགས་པ་དང་། འདོད་པའི་དོན་ཇི་ལྟ་བར་འགྲུབ་པ་དང་། ཚེ་རིང་ཞིང་ནད་མེད་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དགའ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། ནམ་གྲུ་ལ་སོགས་པས་རབ་ཏུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་སྐྱོང་བ་ལ་སོགས་པ་བྱེད་པ་དང་། དབང་ཕྱུག་ཕུན་སུམ་འཚོས་པ་ལ་སོགས་པ་འཕེལ་པར་བྱེད་པ་དང་། སྡིག་པ་མི་དགེ་བའི་ལས་ལ་མི་འཇུག་ཅིང་དེ་དག་རྣམས་འཇོམས་པར་འགྱུར་བ་དང་། ལྟ་བ་ངན་པའི་གྲོང་ཁྱེར་རྣམས་དང་བདུད་ཀྱི་ལས་སྤོང་བར་བྱེད་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་རྣམས་ལ་འཇུག་པར་མི་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་པ་དང་། མཁའ་འགྲོ་མ་རྣམས་ཀྱི་གཟུགས་སྟོན་ཅིང་ལུང་སྟོན་པར་བྱེད་པ་དང་། འཇིག་རྟེན་གྱི་འཇིགས་པ་བརྒྱད་ལས་ཐར་བར་བྱེད་པའོ། །མ་འོངས་པའི་དུས་ན་ཡང་གོང་མ་རྣམས་དང་ལྡན་པ་དང་། གཟུགས་བཟང་ཞིང་འགྲོ་བ་བྱམས་པ་དང་། ཁ་དོག་དང་། གཟི་བརྗིད་དང་། མདངས་དང་སྟོབས་དང་ལྡན་པ་དང་། འཕོང་དང་སྒྱུ་རྩལ་དང་ལྡན་པ་དང་། འཁོར་འདུ་ཞིང་ལོངས་སྤྱོད་དང་ལྡན་པ་དང་། འདིའི་རྒྱུད་རང་བཞིན་གྱིས་དག་པས་མི་བརྗེད་པའི་གཟུངས་དང་། མངོན་པར་ཤེས་པ་དྲུག་ཤར་སྟེ་སྐྱེ་བ་སྔ་ཕྱི་ལ་སོགས་པ་ཐམས་ཅད་དྲན་ཅིང་ཕྱིན་ཅི་མ་ལོག་པ་ཤེས་པ་དང་། རང་བཞིན་གྱིས་བསམ་གཏན་ལ་གནས་པ་དང་། ཚེ་དེ་འཕོས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ངེས་པ་ནི། རྒྱུད་འདི་ལ་མཉན་པ་དང་། བལྟས་པ་དང་། ཤེས་པ་མེད་ཀྱང་། མོས་པ་དང་གུས་པ་བྱེད་པའི་སྐྱེས་བུས་བཅངས་པ་ཙམ་གྱིས་འགྲུབ་པ་ཡིན་ཏེ། དཔེར་ན་ཀླུ་འདུལ་བའི་ནོར་བུ་བཅངས་པའི་སྐྱེས་བུ་ལ། ཀླུའི་གནོད་པ་འབྱུང་མི་སྲིད་པ་དང་འདྲའོ། །དེ་མ་ཡིན་པའི་མཉན་པ་དང་། ཤེས་པ་དང་ཡིད་ལ་བྱེད་པ་རྣམས་ལ་ཡོན་ཏན་སངས་རྒྱས་ཀྱི་ཐུགས་ཀྱི་མཁྱེན་པ་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པ་ཆེན་པོ་གཞན་དག་ཀྱང་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ། །དེའི་ཕྱིར་ན་བཀོད་པ་ཆེན་པོ་ལས་སངས་རྒྱས་ཀུན་གྱིས་ཕྱག་མཛད་པའོ། །གང་གིས་སྙིང་པོ་གསང་བའི་རྒྱུད། །ཚིག་ནི་གཅིག་དང་གཉིས་ཀྱང་རུང་། །གལ་ཏེ་ཚིག་ཤད་ཕྱེད་པའམ། །འདི་ཡི་མིང་ཙམ་བཟུང་བས་ཀྱང་། །སངས་རྒྱས་ཞིང་ཁམས་དཔག་མེད་ལ། །སྤྱོད་པར་ནུས་སྟེ་རང་དབང་འགྱུར། །ཞེས་གསུངས་པས་ན་རྒྱུད་འདི་རིན་པོ་ཆེའི་ཡི་གེ་ལ་བྲིས་ཏེ། མོས་པ་དང་མཆོད་པ་བསྙེན་བསྐུར་བྱས་ནས་དོན་མ་ཤེས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ། །དེ་ལྟར་ཡང་གསང་བ་གསང་མཆོག་བླ་མེད་རྒྱུད། །ངེས་པའི་སྙིང་པོ་བསྟན་པ་འདི། །བསྙེན་བསྐུར་ཆེན་པོ་རབ་བྱས་ཏེ། །བྲིས་དང་བླང་དང་བཅངས་པ་དང་། །གང་གིས་སྤྱི་བོར་འཛིན་པའི་མི། །འདི་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །ངལ་གསོ་བྱས་སྟེ་སངས་རྒྱའོ། །ཞེས་གསུངས་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རྒྱུད་ཀྱི་སྔོན་དུ་མཚན་བསྟན་པའི་དུས་ན། སྒྲ་འགྱུར་དུ་བསྟན་པས་དབང་པོ་ཐ་མས་སྒྲ་ཇི་བཞིན་པའི་དོན་དྲང་ཐད་དུ་རྫོགས་ནས་རྒྱུད་ཀྱི་ཚིག་དོན་ཁོང་དུ་ཆུད་པ་དང་། བརྡ་འགྱུར་དུ་བསྟན་པས་དབང་པོ་འབྲིང་པོས་བརྡ་དོན་གྱི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་ཚིག་དོན་ལྷག་ཆད་མེད་པར་ཁོང་དུ་ཆུད་པ་དང་། དོན་འགྱུར་དུ་བསྟན་པས་དབང་པོ་རབ་ཀྱིས་འདུས་པ་གནད་ཀྱི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་དང་། རྣམ་པ་གསུམ་སྟེ། དེ་གསུམ་དུ་རྒྱུད་འདི་མ་ཡིན་པའི་རྒྱུད་གཞན་ལ་ཡང་གསུམ་པོ་དེའི་ངོ་བོ་སྦྱར་བར་ཞེས་པར་བྱས་ན། ཇི་ལྟར་རྒྱུད་སོ་སོའི་མཚན་བསྟན་པ་ཙམ་གྱིས། རྒྱུད་དེ་ཉིད་རང་གི་གཞུང་གི་ཚིག་དང་ཡི་གེ་རྣམས་ཀྱི་ངོ་བོ་མངོན་པར་རྟོགས་པར་འགྱུར་བའོ། །ཞེས་དོན་ཐ་མ་རྒྱུད་བཟུང་བའི་ཕན་ཡོན་རྒྱུད་ཀྱི་མཚན་དང་སྦྱར་བ་བསྟན་ནས། ད་ནི་ལེའུའི་མཚན་བསྟན་པ་ཞེས་གཞུང་ཚིག་དང་ཡི་གེར་བཀོད་པ་སྒྲོན་མ་འབར་བ་ལས་ཁྱད་པར་དུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པ་དང་། རྒྱུད་བཟུང་བའི་ཕན་ཡོན་དང་གསུམ་དུ་བསྡུས་ནས་བསྟན་པའི་ལེའུ་གཞུང་གི་སྡེ་ཚན་ངེས་པར་བཅད་པ་སྟེ། བཞི་པའོ། །གསུམ་པ་གཞན་དུ་གྱུར་པའི་གྲངས་ཀྱི་བྱེ་བྲག་ཏུ་བསྟན་པའོ། །ཡང་ན་སྒྲོན་མ་ནི་བཞི་ཁོ་ནར་ངེས་པས་ལེའུ་ཡང་བཞི་ཁོ་ནར་ངེས་པས་བསྟན་ལ། དེ་ལས་མང་ན་སྒྲོན་མ་ཐ་དད་པར་འགྱུར་ལ་ཉུང་ན་སྒྲོན་མ་བཞི་ཡི་གྲངས་མ་ཚང་པས་བཞི་ཁོ་ནར་ངེས་པའོ། །གོང་དུ་ལེའུ་དང་པོ་ལ་གླེང་གཞི་གཉིས་དང་དེ་གཉིས་ཀྱི་མཚམས་སྦྱར་བསྔགས་ཀྱི་སྒྲ་དང་བཅས་པ་དང་གསུམ། སྒྲོན་མ་བཞིའི་རྒྱུད་དོན་མདོར་བསྟན་པ་དང་བཞི། རྒྱས་པར་བཤད་པ་ལ་ལེའུ་བཞི། དེ་ལས་ལེའུ་དང་པོར་རྒྱང་ཞགས་ཆུའི་སྒྲོན་མ་སྤྱི་ཡི་རྣམ་པའི་རྣམ་པ་ཞུས་ལན་གསུམ་སྟེ་དྲུག །ལེའུ་དེ་ལ་ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པས་ཏེ་བརྒྱད། ལེའུའི་མཚན་དང་དགུ། ལེའུ་གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པ་གཉིས། ལེའུའི་མཚན་དང་གསུམ་སྟེ་བཅུ་གཉིས། ལེའུ་གསུམ་པ་ཐིག་ལེ་སྟོང་པའི་སྒྲོན་མའི་ལེའུ་མདོར་བསྟན་དང་ལན་རྒྱས་པར་བཤད་པ་གཉིས། ལེའུའི་མཚན་དང་གསུམ་སྟེ་བཅོ་ལྔ། ལེའུ་བཞི་པ་ཞུ་བ་མདོར་བསྟན། ལན་རྒྱས་པར་བཤད་པ་དང་། རྒྱུད་བཟུང་བ། ཕན་ཡོན་དང་། ལེ་ཚན་དང་། རྒྱུད་གསུངས་པ་ལ་རྗེས་སུ་ཡི་རང་བར་བསྟན་པ་དང་ལྔ་སྟེ། བསྡུས་ན་ཉི་ཤུ་ཐམ་པའོ། །དེ་སྐད་སྟོན་པས་གསུངས་པ་ཡིས། རྒྱུད་དག་པའི་རྡོ་རྗེ་འཆང་དང་གཞན་ཡང་ཉིད་ལས་མི་གཞན་པའི་འཁོར་ཐུབ་པ་དྲུག་དང་། དགའ་རབ་རྡོ་རྗེ་དང་། མཁའ་འགྲོ་མ་དཔག་ཏུ་མེད་པ་དང་། འཇིག་རྟེན་གྱི་གཟུགས་འཛིན་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་དྲི་ཟ་ལ་སོགས་པ་རྣམས། དགའ་ཞིང་མགུ་བའི་སེམས་སྐྱེས་ནས། སྟོན་པས་འདི་ཉིད་གསུངས་པ་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་མངོན་པར་བསྟོད་དོ། །གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ཞེས་བྱ་བ། ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་ཁྱད་པར་དུ་གྱུར་པའི་བཅུད་བྱུང་བའི་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ་ཞེས་བྱ་བ་མཁས་པ་བྱེ་མ་ལས་མཛད་པ་རྫོགས་སོ།། །།ཨིཐི། རྒྱ་རྒྱ། སྲུངས་ཤིག །ས་མ་ཡ། ཏིསྨཱ། དགེའོ།། །།


previousགསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་དོན་གསལ་བར་བྱེད་པ་མུ་ཏིག་ཕྲེང་བ་བརྒྱུས་པ། བྱེ་མ་ལ་མུ་ཏྲ།next