ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ། མཁན་ཆེན་ཡོན་ཏན་རྒྱ་མཚོ།
བར་ཆ།
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བའི་སྨད་ཆ་བཞུགས་སོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་དངོས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་བཤད་པ་ལ་གསུམ་སྟེ། ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་བཤད་པ། ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བཤད་པ། ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་བཤད་པའོ། །དང་པོ་ལམ་གྱི་གཞུང་ཤིང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་བཤད་པ་ལ་གསུམ་སྟེ། བློ་སྦྱང་བ་ཚད་མེད་བཞིའི་ལེའུ། དམ་བཅའ་བ་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ། བསླབ་བྱ་ལ་སློབ་པ་སྨོན་འཇུག་བསླབ་བྱའི་ལེའུའོ། །དང་པོ་ལ་གཉིས་ཏེ། ཐེག་ཆེན་ལམ་གྱི་སྤྱི་སྡོམ་བཤད་པ། ཚད་མེད་བཞི་དངོས་བཤད་པའོ། །དང་པོ་ལ་གསུམ་སྟེ། བསམ་པ་སེམས་བསྐྱེད་སྐྱེ་བའི་ཚུལ། སྦྱོར་བ་ཐེག་ཆེན་གྱི་ལམ་དུ་འགྱུར་བའི་ཐབས། དེ་གཉིས་ཟུང་དུ་འཇུག་པར་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ནི། དེ་ལྟར་སྐྱབས་སུ་སོང་ནས་ཐེག་པ་ཆེན་པོའི་ལམ་དངོས་ལ་འཇུག་པའི་ཐོག་མར་ལམ་དེའི་ཁྱད་པར་ཤེས་པར་བྱ་སྟེ། དེ་ལ་སྲིད་པ་མཐའ་དག་མེའི་འོབས་ལྟ་བུར་མཐོང་ནས་རང་གི་སྡུག་བསྔལ་དང་ཉོན་མོངས་ཉེ་བར་ཞི་བའི་དོན་དུ་བསླབ་པ་གསུམ་གྱི་ལམ་ལ་བསླབ་པས་མྱང་འདས་ཕྱོགས་གཅིག་པ་ཙམ་ཐོབ་ཀྱང་བསམ་སྦྱོར་རྒྱ་ཆུང་བས་ཐེག་པ་དམན་པ་ཞེས་བྱ་སྟེ། རྒྱུ་དེའི་འབྲས་བུ་དེ་ནི་རྫིང་བུ་སྟེ་འཁྱིལ་ཆུ་རྙོག་མ་ཅན་ལྟ་བུར་ཉོན་མོངས་ཞི་བའི་འགོག་པ་ཙམ་གྱི་ངང་དུ་ཀུན་གཞིའི་བག་ཆགས་དང་མ་བྲལ་བར་གནས་པས་དོན་གཉིས་ཕུན་སུམ་ཚོགས་པའི་འབྱོར་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འབྱུང་བའི་རིན་པོ་ཆེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཁམས་ཐེག་པ་ཆེན་པོའི་རིགས་ལས་ཉམས་པའི་ཉན་རང་གི་སྐྱེས་བུའི་སེམས་ཞི་བ་ཕྱོགས་གཅིག་པར་ཞུགས་པ་དེ་ཉིད་མཐར་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་སྟོང་ཉིད་ཤེས་པའི་ཤེས་རབ་དང་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་བློ་དམ་པ་མི་གནས་པའི་མྱང་འདས་སུ་འཁྲིད་པའི་དེད་དཔོན་ལྟ་བུ་ལ་སྦྱར་བའི་མཐུས་ཐེག་ཆེན་གྱི་རིགས་སད་ནས་ཐེག་པ་ཆེན་པོའི་ཆོས་ཟབ་པ་དང་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུ་ལ་བསླབས་ཏེ་རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་གོ་འཕང་ཆོས་ཀྱི་སྐུ་ལས་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་རྩོལ་མེད་དུ་འབྱུང་བའི་རིན་པོ་ཆེའི་གླིང་དུ་གདོད་འགྲོ་དགོས་པས་ན། བློ་ལྡན་རྣམས་དང་པོ་ནས་གང་ལ་འཇུག་པའི་ལམ་ནི་ཐེག་པ་ཆེན་པོ་ཁོ་ན་ཡིན་ཏེ། ཕར་ཕྱིན་བསྡུ་བ་ལས། འཇིག་རྟེན་དོན་བསྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་སོ། །དེ་ཡང་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་ལྟར་ན་ཐེག་དམན་གྱི་རིགས་ངེས་དག་རང་འབྲས་ལས་མི་ལྡོག་ཀྱང་མ་ངེས་པའི་རིགས་ཅན་རྣམས་དམན་ལམ་སྔོན་དུ་སོང་ནས་ཐེག་ཆེན་ལ་འཇུག་པར་འདོད་ཀྱང་། དབུ་མ་པའི་ལུགས་ལ་ནི། ཇི་སྐད་དུ། ཟླ་བ་སྒྲོན་མེའི་མདོ་ལས། འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་པ་ལྟར། གནས་སྐབས་དམན་པ་ལ་དགག་སྒྲས་རིགས་ཆད་ཡོད་པར་བཤད་པ་དང་། ཐེག་གསུམ་གྱི་རིགས་སོ་སོར་བཤད་ཀྱང་མཐར་ཐུག་ནི་ཐེག་པ་ཆེན་པོའི་ལམ་ནས་འཚང་རྒྱ་བར་མི་འགྱུར་བའི་སེམས་ཅན་ནི་གང་ཡང་མེད་པར་འདོད་ལ། དེས་ན་ཁ་ཅིག་དང་པོ་ནས་བསམ་པ་རྒྱ་ཆེ་ཞིང་སྟོང་ཉ ིད་ལ་མོས་པ་ཐོབ་པས་ཐེག་པ་ཆེན་པོའི་ལམ་ལ་སློབ་ནུས་པ་དང་། འགའ་ཞིག་དམན་པའི་ལམ་ལ་སློབ་བཞིན་པ་ནས་དང་། གཞན་དག་རང་འབྲས་ཐོབ་ཟིན་ནས་ཐེག་པ་ཆེན་པོའི་སེམས་སྐྱེ་བ་ཡོད་དོ། །གཉིས་པ་སྦྱོར་བ་ཐེག་ཆེན་གྱི་ལམ་དུ་འགྱུར་བའི་ཐབས་ནི། སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་རྣམས་ཤེས་རབ་དམ་པས་མ་ཟིན་པ་དེ་སྲིད་དུ་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་མི་ཐོབ་ཅིང་རྣམ་པ་ལྔ་པོའི་ངོ་བོ་དེ་བྱང་ཆུབ་ཆེན་པོའི་རྒྱུར་ལུང་དུ་མ་བསྟན་པས་དངོས་པོ་དམན་པ་ལྕགས་ཀྱི་ཁམས་སུ་ཡོད་པ་ལྟ་བུ་དགེ་རྩ་དམན་ཞིང་རྣམ་པར་ཉམས་པ་དེ་ཉིད་ལ་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཀྱི་གཙོ་བོ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ལྟ་བ་ཟུང་དུ་འབྲེལ་བའི་གསེར་འགྱུར་གྱི་རྩི་ལྟ་བུས་རྒྱས་ཐེབས་པའི་མོད་ལ་རིན་ཐང་ཆེན་པོ་གསེར་གྱི་དངོས་པོ་ལྟ་བུ་བྱང་ཆུབ་ཆེན་པོར་རྒྱུར་བསྒྱུར་བར་བྱེད་པ་ཡིན་ནོ། །གསུམ་པ་དེ་གཉིས་ཟུང་དུ་འཇུག་པར་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ནི། མཐའ་གང་ལའང་མི་གནས་པའི་མྱ་ངན་ལས་འདས་པ་དེ་ཐོབ་པའི་ཕྱིར་ལམ་བསྒྲུབ་པའང་དེ་དང་རྗེས་སུ་མཐུན་པ་ཞིག་སྟེ། དེ་ཡང་ཞི་བའི་མཐར་ལྟུང་བ་འགོག་བྱེད་སྙིང་རྗེ་ཆེན་པོའི་སྒོ་ནས་མཐའ་ཡས་པའི་སེམས་ཅན་རྣམས་ལ་དམིགས་ཏེ་ཕྱིན་དྲུག་གི་ནང་དུ་དཀར་ཆོས་ཐམས་ཅད་ཚང་བར་བསྡུས་ནས་ཉམས་སུ་ལེན་པའི་ཐབས་དང་། སྲིད་པའི་མཐར་ལྟུང་བ་འགོག་བྱེད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོར་རྟོགས་པའི་ཤེས་རབ་ཀྱིས་འཁོར་གསུམ་གྱིས་བསྡུས་པའི་ཆོས་རྣམས་ལ་བདེན་པར་མི་བལྟ་བས་དངོས་པོ་འཛིན་པ་ཐམས་ཅད་གཅོད་པར་བྱེད་པ་སྟེ། མདོ་ལས། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་གཅོད་པ་ཤེས་པའོ། །ཐབས་ནི་སེམས་ཅན་ལ་བལྟ་བའོ། །ཤེས་རབ་ནི་ཆོས་ཐམས་ཅད་ལ་མི་བལྟ་བའོ། །ཞེས་སོ། །དེ་ལྟར་དེ་གཉིས་ཟུང་དུ་འཇུག་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་ནི་ས་དང་པོ་ནས་ཡོད་པ་ཡིན་ལ། དེ་ཇི་ལྟར་རྒྱུད་ལ་སྐྱེ་བའི་རྒྱུའི་རིམ་པ་ནི། སྦྱོར་བ་ཚད་མེད་པ་བཞིའི་བློ་ཡང་ཡང་སྦྱོང་ན་བསམ་སྦྱོར་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འགྱུར་བས་ན་ས་མཁན་གྱི་ཆོས་དང་མཚུངས་པས་དེའི་ཐ་སྙད་བཏགས་ཤིང་། དེ་དག་ལ་ཅིའི་ཕྱིར་ཚད་མེད་ཅེས་བྱ་ཞེ་ན། སློབ་དཔོན་བུདྡྷ་གུབྟས། འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། ཡེ་ཤེས་ཚད་མེད་པ་སྟེ། ཞེས་གསུངས་ཏེ། དང་པོ་ནི་ཁམས་གསུམ་པའི་སེམས་ཅན་མང་ཉུང་འདི་ཙམ་མོ་ཞེས་དཔག་པར་མི་ནུས་པ་དང་། གཉིས་པ་ནི་བསོད་ནམས་དང་ཡེ་ཤེས་རྣམ་པ་གཉིས་ཏེ་བསྐྱེད་པའི་རྒྱུའམ་ངོ་བོ་ཡིན་པ་དང་། གསུམ་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་། བཞི་པ་ནི་ཤེས་བྱ་དང་ཤེས་པ་ཐ་མི་དད་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དམིགས་པའི་ཡུལ་དུ་གྱུར་པ་སྟེ་བྱམས་པ་ལ་སོགས་པ་ཆོས་བཞི་པོ་དེ་དག་གི་ངོ་བོར་གནས་པའོ། །དེས་ན་ཚད་མེད་པ་བཞི་པོ་དེ་སྨོན་སེམས་མ་སྐྱེས་པ་སྐྱེ་བའི་སྦྱོར་བའང་ཡིན་ལ། སྐྱེས་ཟིན་ནས་སྨོན་སེམས་ཀྱི་ངོ་བོར་གནས་ཤིང་། དེའི་བསླབ་བྱར་ཡང་འགྱུར་རོ། །དེ་ལྟར་བློ་སྦྱངས་ནས་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་དང་དེ་དག་གི་འཇུག་ལྡོག་གི་བསླབ་བྱ་ལ་ཚུལ་བཞིན་སློབ་པ་ལས་ཐབས་ཤེས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་དེ་ཚོགས་སྦྱོར་དུ་རྗེས་མཐུན་ཙམ་དང་། མཐོང་ལམ་དུ་ཇི་བཞིན་པར་སྐྱེ་བ་ཡིན་ནོ། །གཉིས་པ་ཚད་མེད་བཞི་དངོས་བཤད་པ་ལ་ལྔ་སྟེ། ཚད་མེད་བཞིའི་དམིགས་རྣམ། གོལ་ས། ཁྱད་པར་ཅན། སྒོམ་ཚུལ། ཕན་ཡོན་ནོ། །དང་པོ་ལ་བཞི་སྟེ། བྱམས་པའི། སྙིང་རྗེའི། དགའ་བའི། བཏང་སྙོམས་ཀྱི་དམིགས་རྣམ་མོ། །དང་པོ་བྱམས་པའི་དམིགས་རྣམ་ནི། བྱམས་པ་ཚད་མེད་པའི་ངོ་བོ་གང་ཞེ་ན། འདི་ལྟར་དམིགས་པ་ནི་སེམས་ཅན་གཞན་མངོན་མཐོའི་བདེ་བ་ཙམ་དང་ཡང་མི་ལྡན་པའི་ངན་སོང་གི་འགྲོ་བ་རྣམས་དང་། མཐོ་རིས་ཐོབ་ཀྱང་འབྱོར་པ་ཡོད་པའི་བདེ་བ་དང་མི་ལྡན་པའི་དབུལ་པོ་ལ་སོགས་པས་མཚོན་བདེ་བས་ཕོངས་པ་རྣམས་དང་། རྣམ་གྲོལ་གྱི་བདེ་བ་དང་མི་ལྡན་པའི་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་བར་ལའོ། །རྣམ་པ་ནི། དེ་དག་མངོན་མཐོའི་བདེ་བ་ནས་རྣམ་པར་གྲོལ་བ་མཐར་ཐུག་པའི་བདེ་བའི་བར་དང་ལྡན་པར་འདོད་པར་ཡིན་ལ། དེ་ཡང་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་དུ་སྨོན་པ་ཙམ་ནི་ཕལ་པ་འགའ་ཞིག་དང་། ཉན་རང་རྣམས་ལའང་ཡོད་པས། བྱང་ཆུབ་སེམས་དཔའི་བྱམས་པ་ནི་དཔེར་ན་ཤིན་ཏུ་སྙིང་དུ་སྡུག་པ་དང་ཡིད་དུ་འོང་བར་བལྟ་བའི་མ་ཡིས་བུ་དེ་ལ་སྙིང་ནས་བྱམས་ཤིང་བརྩེ་བས་དེ་ཉིད་བདེ་ཞིང་སྐྱིད་པའི་ཐབས་སུ་བརྩོན་པ་ན་རང་ལ་དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་གནོད་པ་ཅི་བྱུང་ཡང་བསྲན་ནུས་ཤིང་དེས་ཚུར་ལ་གནོད་པ་བྱེད་ནའང་སླར་བརྩེ་བས་བལྟ་བ་ལས་ཁོང་མི་འཁྲུགས་པ་ཇི་ལྟ་བ་དེ་བཞིན་དུ་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཀྱི་བསམ་པས་ཡིད་དུ་འོང་བར་བལྟས་ནས་རང་གི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་ཀུན་སྤུངས་པ་སྟེ་གཅིག་ཏུ་བསྡོམས་ནས་གཞན་སེམས་ཅན་དེ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་རྒྱ་ཆེན་པོ་འདོགས་པ་དང་སེམས་ཅན་དེ་དག་གིས་གནོད་པ་ཇི་ལྟ་བུ་བྱས་ཀྱང་སླར་ཡང་བརྩེ་བས་བལྟས་ནས་བཟོད་པར་བྱེད་པའི་ཚུལ་ལ་བསླབ་པར་བྱ་བ་ཡིན་ནོ། །དེ་ཡང་ད་ལྟ་ལས་དང་པོ་པའི་ཚེ་ན་ཇི་བཞིན་པ་མི་འོང་ནའང་གཞན་ལ་ཕན་འདོགས་འདོད་ཀྱི་བསམ་པ་བཟང་པོས་བློ་ཡང་ཡང་བཅོས་ཏེ་གལ་ཏེ་གཞན་ལ་རྣམ་པར་འཚེ་བའི་བློ་སྐྱེས་ན་རང་གིས་རང་ལ་ཁྲེལ་བརྡས་བྱས་ཏེ་དེ་མ་ཐག་སླར་ཡང་ཡུལ་དེ་ལ་ཆེད་དུ་དམིགས་ནས་བྱམས་པ་བསྒོམ་ཞིང་། རྒྱུན་དུ་ལུས་ཀྱིས་སེམས་ཅན་ལ་ཕན་ཅི་ཐོགས་དང་། སྤྲང་པོ་རྣམས་ལ་བཟའ་བཏུང་གིས་ཕན་འདོགས་སོགས་ལོངས་སྤྱོད་ཅི་ནུས་སུ་གཏོང་བའི་སྒོ་ནས་དང་། གཞན་དགེ་བ་ལ་སྦྱོར་བ་དང་། རང་གི་དགེ་རྩ་བསྔོ་བ་སོགས་ཀྱིས་ཀྱང་སེམས་ཅན་བདེ་བའི་ཐབས་འབའ་ཞིག་ལྷུར་ལེན་པའི་ཐབས་ལ་ཅི་ནུས་སུ་བརྩོན་པར་བྱའོ། །དེ་ལྟར་བསྒོམས་པའི་ཕན་ཡོན་ནི། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུང་བ་བས། །སྐྱེས་བུའི་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པས་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང་། །བྱམས་སེམས་དེ་ཡིས་འཕྲལ་དུ་འབྱངས། །ཞེས་དང་། སློབ་དཔོན་འཕགས་པས། ལྷ་མི་དགའ་བར་འགྱུར་བ་༡དང་། །དེ་དག་ཀྱང་ནི་བསྲུང་བ་༢ དང་། །དུག་༣དང་མཚོན་གྱིས་མི་གནོད་༤དང་། །ཡིད་བདེ་བ་༥དང་བདེ་མང་༦དང་། །འབད་པ་མེད་པར་དོན་འཐོབ་༧དང་། །རྣམ་པར་གྲོལ་བར་མ་གྱུར་ཀྱང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་༨ཏེ། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་སོ། །དེ་ཡང་མོས་པས་སྤྱོད་པའི་དུས་སུ་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཕ་མ་སོགས་གཉེན་བཤེས་སུ་མ་གྱུར་པ་མེད་པའི་ཚུལ་ཤེས་པའི་རྒྱུའི་དེ་རྣམས་ལ་བྱམས་སེམས་སྐྱེ་བ་ནི་སེམས་ཅན་ལ་དམིགས་པ་དང་། མ་དག་ས་བདུན་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་ལ་དེ་ལྟར་མ་རྟོགས་པའི་མངོན་པར་ཞེན་པ་ཅན་རྣམས་ལ་ཆོས་ཀྱིས་ཕན་བཏགས་ནས་ཆོས་ཉིད་རྟོགས་པར་འདོད་པ་ཆོས་ལ་དམིགས་པ་དང་། ས་བརྒྱད་པ་ཡན་ཆད་དུ་རྟོག་མེད་ལྷུན་གྱིས་གྲུབ་པའི་ཚུལ་དུ་བྱམས་པ་འབྱུང་བ་ནི་དམིགས་པ་མེད་པ་ཞེས་བྱ་སྟེ་སྙིང་རྗེ་སོགས་ལའང་དེ་བཞིན་ནོ། །གཉིས་པ་སྙིང་རྗེའི་དམིགས་རྣམ་ནི། སྙིང་རྗེ་ཚད་མེད་པའི་ངོ་བོ་གང་ཞེ་ན། དམིགས་པ་ནི་མཐའ་ཡས་པའི་སེམས་ཅན་གཞན་ཐམས་ཅད་ཀུན་གྱི་རང་བཞིན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་དམ་ལ་བཞག་པ་ལས་མ་འདས་པ་ལ། རྣམ་པ་ནི་སྡུག་བསྔལ་དེ་དག་དང་བྲལ་བར་འདོད་པ་ཡིན་ཀྱང་། བྲལ་འདོད་ཀྱི་འདུན་པ་ཙམ་ཁོ་ན་མ་ཡིན་པར་རང་ཉིད་ཀྱི་སྟེང་དུ་བབ་པ་བཞིན་སྙིང་གི་ཁུང་རུས་པའི་གཏིང་ནས་བཟོད་བརླག་མེད་པའི་སེམས་ཀྱིས་ཅི་མི་སྙམ་དུ་རང་གར་འཇོག་མི་ཕོད་པ་དཔེར་ན་བུ་སྡུག་གུ་མི་གཙང་བའི་དོང་དུ་ལྷུང་ན་ཕ་ཚམ་ཚོམ་མེད་པར་འཇུག་པ་ལྟར་བདག་ཉིད་ཁོ་ནས་སྡུག་བསྔལ་དེ་ཐམས་ཅད་དང་བྲལ་བ་ཞིག་ངེས་པར་བྱའོ་སྙམ་པའི་སེམས་སྟོབས་དྲག་པོ་དང་བཅས་པའི་སྒོ་ནས་དངོས་བརྒྱུད་གང་རུང་དུ་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དོན་དེ་ཉིད་ཀྱི་ཕྱིར་དུ་འགྲོ་བ་ལ་བརྩོན་པར་བྱའོ། །བྱམས་པ་དང་སྙིང་རྗེ་གཉིས་ཀྱི་ཁྱད་པར་ཡུལ་ནད་པ་ལྟ་བུ་ནད་ལས་གྲོལ་འདོད་དུ་འདྲ་ཡང་། ནད་མེད་པའི་བདེ་བ་དང་མི་ལྡན་པ་ཞིག་དམིགས་ཡུལ་དུ་བྱས་ནས་དེ་དང་ལྡན་པར་འདོད་པ་བྱམས་པ། ནད་ཀྱི་སྡུག་བསྔལ་ལ་དམིགས་ནས་དེ་དང་བྲལ་བར་འདོད་ན་སྙིང་རྗེ་ཡིན་ཏེ་དོན་གཞན་ཕན་གྱི་བློར་ཐམས་ཅད་གཅིག་ཀྱང་དམིགས་རྣམ་གྱིས་ཁྱད་པར་འབྱེད་པའོ། །དེ་ལ་དབྱེ་ན་ཉེས་པ་བྱེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སྡུག་བསྔལ་བའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། རྐྱེན་དང་མི་ལྡན་པས་རྣམ་པར་གྲོལ་བ་མེད་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གསུམ་ལས། དང་པོ་ནི་འགྲོ་དྲུག་གི་སེམས་ཅན་མཐའ་དག་སྡུག་བསྔལ་གྱི་རྒྱུ་བདག་ཏུ་འཛིན་པའི་དབང་དུ་མ་གྱུར་པ་འགའ་ཡང་མེད་པ་དང་། བདག་ཏུ་འཛིན་པ་དེའི་དབང་གིས་ལ་ལས་ནི་ཉོན་མོངས་པས་ཀུན་ནས་བསླངས་ཏེ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་པ་ལ་སྤྱོད་པ་མཐོང་ནས་འདི་ཐམས་ཅད་ཀྱི་རྒྱུད་ཀྱི་བདག་ཏུ་འཛིན་པའི་རྟོག་པ་འདི་དྲུངས་ནས་ཕྱུང་སྟེ་ཉོན་མོངས་པ་དང་སྡིག་པའི་ལས་ཐམས་ཅད་རྒྱུན་ཆད་པ་ཞིག་བྱ་སྙམ་པ་དང་། གཉིས་པ་ནི་སེམས་ཅན་ལ་ལ་དག་འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་ཅིང་རི་དྭགས་མཐའ་ལ་གཅུར་བ་བཞིན་ཐར་བའི་ཐབས་དང་བྲལ་བ་མཐོང་ནས་སྡུག་བསྔལ་དེ་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་ངེས་པར་སེལ་བ་ཞིག་བདག་གིས་བྱ་སྙམ་པ་དང་། གསུམ་པ་ནི་སེམས་ཅན་གང་དག་དགེ་བའི་བཤེས་གཉེན་དང་མ་འཕྲད་པས་ཆོས་མ་ཐོས་ཤིང་བླང་དོར་གྱི་གནས་མི་ཤེས་པས་རྣམ་གྲོལ་གྱི་ལམ་བསྒྲུབ་པའི་སྐལ་བ་མེད་པ་རྣམས་ལ་དམིགས་ནས་སེམས་ཅན་དེ་དག་ལ་བདག་གིས་མོས་པ་དང་འཚམས་པར་ཆོས་བསྟན་ནས་རྣམ་པར་གྲོལ་བའི་ལམ་ལ་གཟུད་པར་བྱའོ་སྙམ་དུ་བསམ་པར་བྱའོ། །མདོར་ན་བདག་ནི་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ཡིན་ན་སེམས་ཅན་ལ་མི་ལྟ་བར་རང་དོན་སེམས་པ་ནི་འོས་མ་ཡིན་ཏེ། སེམས་ཅན་རྣམས་ནི་འབྲོག་དགོན་པ་འཇིགས་སུ་རུང་བར་འཁྱམས་པའི་དམུས་ལོང་ལྟ་བུ། བླང་དོར་གྱི་མིག་ནི་ལོང་། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། སྦྱིན་པའི་བཟའ་བཏུང་ནི་མེད། ཚུལ་ཁྲིམས་ཀྱི་སྐྱེལ་མས་ནི་བོར། །བཟོད་པའི་གཡང་ལུགས་ནི་རལ། བརྩོན་འགྲུས་ཀྱི་གོམ་པ་ནི་འཁྱོར། བསམ་གཏན་གྱི་ངལ་སྟེགས་དང་ནི་བྲལ། ཤེས་རབ་ཀྱི་འཁར་བས་སྤངས་པ་འབའ་ཞིག་པས་ལས་ཀྱི་དབང་གིས་སྲིད་པའི་གྲོང་ཁྱེར་དྲུག་པོར་ཁ་བརྒྱུད་ཅིང་སྡུག་བསྔལ་ཤུགས་དྲག་ལ་ཡུན་རིང་བས་མནར་བ་བཞིན་ཐར་པའི་དུས་མེད་པ་ལ་བསམས་ཏེ་མིག་ནས་མཆི་མ་སློང་བཞིན་དེ་དག་སྲིད་པའི་གནས་དེ་ནས་འདོན་པའི་ཐབས་ལ་རྟག་ཏུ་བརྩོན་པ་མི་འདོར་བ་ཞིག་བྱ་སྙམ་དུ་བསམ་པ་ཡིན་ནོ། །དེ་ལྟ་བུའི་སྙིང་རྗེ་བསྒོམ་པ་འདི་ནི་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་མ་ནོར་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་དང་། སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཞེས་སོ། །དེ་ལྟ་བས་ན་འདི་ཁོ་ནས་བློ་སྦྱངས་ཤིང་འདི་དང་ལྡན་ན་དགེ་བའི་ཆོས་གཞན་ཅི་ཡང་མ་འགྲུབ་ཀྱང་ཐེག་པ་ཆེན་པོའི་ལམ་ལས་འཛོལ་ས་མེད་ལ། འདི་དང་བྲལ་ཕན་ཆད་ནི་མདོ་སྔགས་ཀྱི་ཆོས་མང་པོ་ལ་སྙན་སྙན་དང་ཟབ་ཟབ་ཀྱི་བཤད་རྒྱང་འཐེན་པ་དང་། ལྟ་བ་མཐོ་མདོག་དང་སྒོམ་པ་ཟབ་མདོག་གི་ཁ་སྐད་དང་རློམ་པ་ཇི་ལྟར་ཆེ་ཡང་ཐེག་པ་ཆེན་པོའི་ཕྱོགས་སུ་ཡང་མི་ཉེ་བས་ན་གང་ཟག་ཐེག་པ་ཆེན་པོ་མ་སོང་ན་ཆོས་ཐེག་པ་ཆེན་པོ་ཡིན་པ་ཙམ་གྱིས་གོ་མི་ཆོད་དོ། །དེས་ན་ད་ལྟ་ནས་ཀྱང་བདག་ཅག་གིས་ནི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱི་མཛད་པའི་ལད་མོ་ཇི་ཐོན་དུ་སེམས་ཅན་རྣམས་ལ་སྙིང་ནས་བརྩེ་བས་ལུས་ངག་དང་ཟང་ཟིང་གི་སྒོ་ནས་ཕ་རོལ་གྱི་སྲོག་སྐྱོབ་པ་དང་། དབུལ་ཕོངས་བསལ་བ་དང་། སྡིག་རྒྱུན་གཅོད་པ་སོགས་ཕན་པའི་བྱ་བ་ལ་ཞུགས་ན་སྙིང་རྗེ་མ་ཉམས་པའི་རྟགས་པ་ཡིན་གྱི། བསམ་སྦྱོར་གཉིས་ཀའི་ཆ་ནས་སེམས་ཅན་ལ་གནོད་པ་བྱེད་བཞིན། ཁ་སྐད་ཙམ་དུ་ནི་སྙིང་རྗེ་བ་སྐད་ཀྱིས་ཆོས་བཤད་པ་དང་སེམས་བསྐྱེད་ཐེར་འབུམ་བསགས་ཀྱང་འདབ་ཆགས་སྨྲ་མཁན་བཞིན་ནོ། །གསུམ་པ་དགའ་བའི་དམིགས་རྣམ་ནི། དགའ་བ་ཚད་མེད་པའི་ངོ་བོ་གང་ཞེ་ན། དམིགས་པ་ནི་སེམས་ཅན་གཞན་གང་དག་བདེ་ཞིང་སྐྱིད་པ་དང་། འབྱོར་ཞིང་ལོངས་སྤྱོད་དང་ལྡན་པ་དང་། ཆོས་དང་མཐུན་པར་སྤྱོད་ཅིང་ཐོས་བསམ་དང་བསླབ་གསུམ་གྱིས་ཕྱུག་པ་ལ་སོགས་པའི་ཟང་ཟིང་དང་ཆོས་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ལ། རྣམ་པ་ནི་དེ་ལ་ཕྲག་དོག་དང་འགྲན་སེམས་མེད་པར་སྙིང་ནས་དགའ་ཞིང་སྤྲོ་བའི་སེམས་ཀུན་ཏུ་འཇུག་ཅིང་འདི་བཞིན་དུ་སེམས་ཅན་གྱི་ཁམས་ཡོད་དོ་ཅོག་ཐམས་ཅད་ཀུན་བདེ་འབྱོར་ཕུན་སུམ་ཚོགས་པ་ལ་གནས་ཤིང་མ་ཉམས་ན་ཅི་མ་རུང་སྙམ་དུ་ལེགས་སྨོན་བསྒོམ་ཞིང་། གཞན་དོན་བསྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་རང་ལ་ལྟོས་མ་དགོས་པར་སེམས་ཅན་རང་རང་གི་སྔོན་བསགས་དགེ་བའི་མཐུ་ཡིས་ཐོབ་པའི་ཕུན་སུམ་ཚོགས་པའི་དངོས་པོ་དེ་ལ་དགའ་བར་བྱེད་ཅིང་། ཕྱིན་ཆད་ཀྱང་དེ་དང་མི་འབྲལ་བའི་སྟེང་ད་དུང་དེ་བས་ཀྱང་ཚེ་རིང་བ་དང་། འབྱོར་པ་ཆེ་བ་དང་། དགེ་བའི་བསམ་པ་ཁྱད་པར་ཅན་སྐྱེ་བ་སོགས་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་དང་ལྡན་ཞིང་མ་ཉམས་ན་ཅི་མ་རུང་དེ་ལྟ་བུ་ཞིག་བདག་གིས་བྱ་སྙམ་དུ་སྨོན་པ་ཡིན་ཏེ། ཉི་ཁྲི་ལས། སེམས་ཅན་གང་དག་རང་གི་བདེ་བས་འབྱོར་བ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་བར་ཤོག་ཅིག །ལྷ་མིའི་བདེ་བ་ལས་འདས་པ་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་མོ། །ཞེས་སོ། །བཞི་པ་བཏང་སྙོམས་ཀྱི་དམིགས་རྣམ་ནི། བཏང་སྙོམས་ཚད་མེད་པའི་ངོ་བོ་གང་ཞེ་ན། སྤྱིར་བཏང་སྙོམས་ལ། ཚོར་བ་བཏང་སྙོམས་དང་འདུ་བྱེད་བཏང་སྙོམས་དང་བྱམས་སོགས་བཞིའི་ནང་ཚན་གྱི་བཏང་སྙོམས་གསུམ་ལས་འདི་ནི་ཕྱི་མ་སྟེ། འདིའི་དམིགས་པ་ནི། ཕ་མ་ཉེ་འབྲེལ་མཛའ་གྲོགས་སོགས་བྱམས་ཤིང་ཆགས་པའི་ཡུལ་དང་། རང་དང་རང་གི་ཕྱོགས་ལ་གནོད་པ་བྱེད་པའི་དགྲ་དང་དེའི་ཕྱོགས་སུ་གཏོགས་པ་སྡང་བའི་ཡུལ་དང་དེ་ལས་གཞན་པའི་སེམས་ཅན་བར་མའི་ཡུལ་རྣམས་ཏེ། རྣམ་པ་ནི་དེ་དག་ལ་ཆགས་སྡང་དང་ཅི་མི་སྙམ་དུ་འཇོག་པའི་སེམས་འདྲལ་བ་སྟེ། དེ་ཡང་རང་ཕྱོགས་དང་གཞན་ཕྱོགས་ལ་ཉེ་རིང་དུ་བལྟ་བས་བློ་རིས་སུ་ཆད་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱི་བལྟ་བ་ལ་ཁྱད་མེད་དུ་མཉམ་པ་ཉིད་ཀྱི་ངོ་བོར་བརྡལ་ཞིང་ཁྱབ་པར་བྱས་ནས་བསྒོམ་པར་བྱ་སྟེ་འདི་ལྟར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་བ་མེད་པ་ལ་ཉེ་རིང་ཆགས་སྡང་བྱེད་པ་འདི་རེ་ངན། ད་ལྟ་ཙམ་དུ་གནོད་པ་བྱེད་པ་ལ་དགྲ་རུ་ལྟ་ན་གཉེན་འདི་དག་གིས་ཀྱང་སྔར་གནོད་པ་མང་པོ་བྱས་ཤིང་མ་འོངས་པ་ནའང་བྱེད་པར་འགྱུར་ལ་ད་ལྟའང་ཕན་བཏགས་པར་རློམ་ཀྱང་བརྟགས་ན་དམ་པའི་ཆོས་ཀྱི་ལམ་ལས་བཤོལ་བ་དང་། ཆོས་མིན་སྡིག་པའི་ལས་ལ་སྦྱོར་བ་སོགས་གནོད་པ་ཆེན་པོ་བྱེད་ཀྱིན་ཡོད་པས་དགྲར་བལྟ་རིགས་པ་དང། ཡང་ད་ལྟ་ཙམ་དུ་ཕན་བཏགས་པ་ལ་གཉེན་དུ་འཛིན་ན། དགྲ་འདི་དག་གིས་ཀྱང་ཚེ་རབས་སྔ་མ་མང་པོར་ཕན་བཏགས་ཤིང་མ་འོངས་པ་ནའང་འདོགས་པར་འགྱུར་ལ་ད་ལྟའང་དགྲས་གནོད་པ་བྱས་པས་རང་གི་སྔོན་གྱིས་ལས་ངན་འཛད་པ་དང་། སྐྱོ་ཤས་ངེས་འབྱུང་གི་བསྐུལ་མར་འགྱུར་བ་དང་། བཟོད་པ་བསྒོམས་ན་ཚོགས་རྫོགས་པ་སོགས་བརྟགས་ན་ཕན་ཆེན་པོ་བཏགས་པས་གཉེན་དུ་བལྟ་རིགས་པ་དང་། ད་ལྟ་ཕན་གནོད་གང་ཡང་མ་བྱས་པ་ལ་བར་མའི་འདུ་ཤེས་འཇོག་ནའང་ཚེ་རབས་སྔ་ཕྱི་དུ་མར་ཕ་དང་མ་རུ་གྱུར་ནས་དྲིན་ཆེན་པོས་མ་བསྐྱངས་པ་འགའ་ཡང་མེད་པས་ན་ཡུལ་གསུམ་པོ་དེ་ཐམས་ཅད་ལ་ཕ་མ་བུ་ཚའི་འདུ་ཤེས་ཉེ་བར་བཞག་སྟེ་ཕན་འདོགས་པའི་ཡུལ་དུ་བལྟས་ནས་ཐམས་ཅད་ལ་ཆོས་དང་ཟང་ཟིང་གི་སྒོ་ནས་ཕན་པའི་ཐབས་བསྒྲུབ་པ་ལ་ཁྱད་མེད་དུ་མཉམ་པར་རབ་ཏུ་སྤྱད་པར་བྱའོ། །སྒོམ་ཚུལ་གྱི་དམིགས་རྣམ་འདི་ལྟར་བཤད་པའི་ལུགས་འདི་ནི་ཁྲིད་ཡིག་རྣམས་ན་མང་ལ། ཡང་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་འདི་ཆགས་སྡང་གིས་ལན་པ་ཡིན་པས་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག་ཅིག་སྙམ་དུ་སྒོམ་པའི་ཚུལ་ནི་གཞུང་ལུགས་རྣམས་ལས་རྒྱ་ཆེར་འབྱུང་ངོ་། །འོན་ཀྱང་དེ་གཉིས་མི་འགལ་ཏེ་སེམས་ཅན་ཐམས་ཅད་ཆགས་སྡང་དང་བྲལ་ན་རང་ཡང་དེའི་ཁོངས་སུ་འདུ་ལ། རང་རྒྱུད་ཀྱི་ཆགས་སྡང་ཞི་ནས་གཞན་ལའང་དེ་ལྟར་ཞི་འདོད་ཀྱི་བློ་སྐྱེ་བས་སོ། །མདོར་ན་ལྡན་འདོད་བྲལ་འདོད་མི་འབྲལ་འདོད་ཞི་བར་འདོད་པ་བཞིའི་སྒོ་ནས་དབྱེ་བའི་ཚད་མེད་པ་བཞིའི་རྣམ་པའི་སྒོམ་ཚུལ་དམིགས་པ་དང་བཅས་པ་ཐམས་ཅད་ལ་བདེན་པའི་དམིགས་པ་མེད་པའི་རྩི་ཡིས་སྦྱར་བར་བྱ་སྟེ་བསྒོམ་བྱའི་ཡུལ་སེམས་ཅན་དང་། སྒོམ་པ་པོ་རང་དང་། བསྒོམ་རྒྱུའི་ཆོས་ཚད་མེད་པ་རྣམས་རྨི་ལམ་དང་གཟུགས་བརྙན་ལྟར་སྣང་ཡང་རང་བཞིན་མེད་པའི་ངེས་ཤེས་དང་ལྡན་པས་བསྒོམ་པར་བྱ་ཞིང་། རྗེས་ལ་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་པར་བྱའོ། །དེ་ཡང་ཡེ་ཤེས་སྣང་བ་རྒྱན་གྱི་མདོར། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམིགས་སུ་མེད་པ་གང་ཡང་ཡིན་པ་དེ་ནི་མཉམ་པ་ཉིད་ཡིན་ནོ། །ཞེས་པ་ལྟར་བཏང་སྙོམས་བསྒོམས་པས་སེམས་རྣམ་པར་མི་གཡེང་བས་བློ་ལས་སུ་རུང་བ་མཐར་ཐུག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་འགྱུར་རོ། །དེ་ལྟར་ཚད་མེད་བཞི་པོ་སོ་སོར་ཕྱེ་ནས་རིམ་ཅན་དུ་བསྒོམ་པ་མངོན་པའི་ལུགས་ཡིན་པས་མྱོང བ་ཐོན་པ་ལ་གནད་ཆེ་སྟེ། རྣམ་པ་སྤྱི་ལ་དམིགས་ནས་རྒྱས་འདེབས་པ་ནི་ས་ཆོད་ཆེ་བ་ལྟར་སྣང་ཡང་དོན་དུ་གཅིག་ལའང་ངེས་པ་མི་སྐྱེ་བ་བྱས་པའི་མདུན་དུ་ཟ་འོག་ཁ་ཕྱེ་བ་ལྟ་བུའོ། །གཉིས་པ་གོལ་ས་ནི། འདི་ལྟར་སེམས་ཡང་དག་པར་མ་བསྐྱེད་ཅིང་། ཐར་པ་འདོད་པའི་སེམས་ཀྱིས་ཀྱང་མ་ཟིན་པར་བློའི་རྣམ་པ་བདེན་པར་ཞེན་པ་དང་བཅས་པས་ཡུལ་རང་གི་ཉེ་དུ་དང་མཛའ་བཤེས་ལ་སོགས་པའི་ཕྱོགས་ལ་བློས་འདོད་ཅིང་ཆགས་པའི་སེམས་ཀྱིས་དེ་དག་གི་ལུས་སེམས་བདེ་ཞིང་སྐྱིད་པར་འདོད་ནས་ཕན་འདོགས་པ་ལ་སོགས་པའི་སྒོ་ནས་བྱམས་པར་བྱེད་ཅིང་གཞན་ལ་ཅང་མི་སེམས་པ་དང་། དེ་བཞིན་དུ་ཡུལ་རང་གིས་བདག་གིར་བཟུང་བའི་རྟ་ཁལ་སོགས་ལ་ངོ་བོ་སེར་སྣའི་དབང་གིས་རྩྭ་ཆག་ཆུ་ཆག་ཁུར་དུ་མི་འཇུག་པ་དང་། ཞོན་ནས་འགྲོ་བ་དང་ཁལ་འགེལ་བ་སོགས་ཀྱིས་ཧ་ཅང་བཀོལ་མི་བྲ་བར་སྙིང་རྗེ་རྗེ་བྱེད་ཀྱང་སྲོག་ཆགས་གཞན་ལ་དེ་ལས་ལྡོག་པ་དང་། ཡུལ་རང་དང་རང་གི་ཕྱོགས་ཀྱི་ཡུལ་ཁམས་སྡེ་རིས་དགོན་གནས་སོགས་འབྱོར་ཞིང་རྒྱས་ལ་བདེ་ཞིང་སྐྱིད་པ་ལ། ངོ་བོ་དེ་ཉིད་གཞན་ལས་ལྷག་པར་ཤེས་ནས་བློ་ཁེངས་ཤིང་ང་རྒྱལ་ལས་དེ་ལ་སྤྲོ་ཞིང་དགའ་བ་བསྒོམ་ནའང་གཞན་གྱི་ཕྱོགས་ནི་དེ་ལས་ལྷག་པའམ་དེ་དང་འདྲ་བ་ཙམ་དུའང་མི་འདོད་པས་ཕྲག་དོག་དང་ཡང་ཉེ་བ་དང་། ཡང་ཕན་གནོད་ཀྱི་ཡུལ་གཉེན་དང་དགྲའི་ཕྱོགས་ལ། ངོ་བོ་ཕན་འདོགས་པ་དང་གནོད་པ་སྐྱེལ་བའི་བསམ་པ་གང་ཡང་མེད་པའི་གཏི་མུག་ལུང་མ་བསྟན་བཟང་མེད་ངན་མེད་དུ་ལུས་པའི་བཏང་སྙོམས་དང་བཞི་པོ་འདི་ནི་ཐར་པ་མྱ་ངན་ལས་འདས་པའི་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཤེས་གང་དང་ཡང་མི་ལྡན་པས་དེའི་ལམ་ནི་མིན་ལ། འོན་ཀྱང་གནས་སྐབས་ཀྱི་འབྲས་བུ་མེད་པའང་མ་ཡིན་ནོ། །དེ་ཡང་འདོད་པའི་འདོད་ཆགས་དང་ཕྱོགས་ཉེ་བའི་བྱམས་སོགས་ཀྱིས་འདོད་པའི་ལྷ་མི་དང་སྲིད་པའི་འདོད་ཆགས་ཚངས་པའི་གནས་པ་བཞིིའམ་དེའི་ཕྱོགས་དང་ཉེ་བའི་བྱམས་སོགས་ཀྱིས་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྒྱུ་བྱེད་དེ། སྤྱོད་འཇུག་ལས། སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་། །ཚངས་ལ་སོགས་པ་ཡིན་པ་ལྟར། །ཞེས་དང་། མཛོད་ལས། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་པ་ལྟར་རོ། །དེ་ལྟ་ནའང་དེ་དག་གི་དམིགས་པ་རིས་སུ་ཆད་པ་དང་། རྣམ་པ་མངོན་པར་ཞེན་པ་དང་བཅས་པ་ཉིད་ཀྱི་ཕྱིར་ཐེག་ཆེན་ལམ་གྱི་ཚད་མེད་བཞིའི་གོལ་ས་ཡིན་པས་རྣམ་པར་སྤང་བར་བྱའོ། །གསུམ་པ་ཁྱད་པར་ཅན་ནི། ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོའི་ཐབས་ཤེས་ཁྱད་པར་ཅན་བཤད་པའི་སྐབས་འདི་ན་མཐའ་གཉིས་ཞི་བའི་མྱ་ངན་ལས་འདས་པ་ཐོབ་བྱེད་ཀྱི་ལམ་དང་འབྲེལ་བ་ཡི་ཚད་མེད་པ་བཞིའི་དམིགས་པའི་ཡུལ་ནི་སེམས་ཅན་ཕྱོགས་རེ་བ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡིན་ལ། བློའི་རྣམ་པ་ཡང་བདེ་བ་དང་འཕྲད་པར་འདོད་པ་སོགས་ཡིན་ཀྱང་། དོན་ལ་རང་གི་སེམས་ཉིད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཆོས་ཐམས་ཅད་ཀྱང་དེ་དང་ཚུལ་གཅིག་པར་རྟོགས་ནས་དམིགས་ཡུལ་སེམས་ཅན་དང་བློའི་རྣམ་པ་ལྡན་འདོད་སོགས་སུ་སྣང་ཡང་དེ་ལ་དངོས་པོར་ལྟ་བའི་མཚན་ཉིད་ལས་ལྡོག་སྟེ་རང་བཞིན་མེད་པའི་ཆོས་ཉིད་ཀྱི་རྩིས་ཟིན་ནས་ཐབས་ཤེས་ཟུང་དུ་འཇུག་པའི་རྣམ་པའི་བསྒོམ་ཚུལ་ཡང་ཡང་གོམས་ནས་སྟོབས་སུ་གྱུར་པ་ལས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བ་ཡིན་པས་འཇིག་རྟེན་པ་དང་ཉན་རང་རྣམས་དང་ཐུན་མོང་མ་ཡིན་པའི་ཐབས་ཤེས་གཉིས་ཀའི་ཕྱོགས་ནས་ཁྱད་ཆོས་དང་ལྡན་པའི་ཚད་མེད་པ་བཞི་རུ་འདོད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་ཀྱི་ཕྱིར་རོ། །དེས་ན་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་རྗེས་སུ་ཐབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དམིགས་པ་འབྱུང་སྟེ། ཞེས་དང་། སློབ་དཔོན་དཔའ་བོས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་རིན་ཆེན་སྒྲོན་མ་ལས། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །དེ་ལྟར་གྲུབ་ཅིང་བདེན་པ་མིན། །སྣ་ཚོགས་ཅིར་ཡང་འབྱུང་བའི་ཕྱིར། །དཔེར་ན་མིག་འཕྲུལ་རྣམ་པ་བཞིན། །ངོ་བོ་ཉིད་མེད་ནམ་མཁའ་འདྲ། །རྟེན་འབྲེལ་ཙམ་ལས་བྱུང་བའི་ཕྱིར། །ཤིན་ཏུ་མེད་པའང་མ་ཡིན་ཏེ། །དཔེར་ན་རྨི་ལམ་རྒྱུ་འབྲས་བཞིན། །བདེན་པ་མ་གྲུབ་རྫུན་མི་ལྡོག །ཅེས་དང་། མདོ་སྡེ་རྒྱན་ལས། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །ཞེས་སོ། །བཞི་པ་བསྒོམ་ཚུལ་ནི། ཚད་མེད་པ་བཞི་པོ་དེ་དག་གི་སྒོམ་ཚུལ་ལ་གོ་རིམ་གྱི་ངེས་པ་ཅན་ནི་དཀྱུས་སུ་བཤད་པ་བཞིན་ཏེ། དེ་དང་མཚུངས་པར་ཡུམ་བར་མ་ལས་ཀྱང་གསུངས་ཤིང་། སྔགས་སུ་ལྷའི་དེ་ཁོ་ན་ཉིད་དང་སྦྱར་ནས་གསུངས་པའང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་པ་དང་། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་སོ། །ངེས་པ་མེད་པ་ནི་བཏང་སྙོམས་ཐོག་མར་བསྒོམ་པ་ལ་སོགས་པ་སྟེ། སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་ཀྱང་། དེ་ཡང་ཐོག་མར་ཚད་མེད་བློ། །བཏང་སྙོམས་ས་གཞི་ལེགས་བརྡལ་ལ། །བྱམས་པའི་ཆུ་བོས་རྣམ་བཅུས་ནས། །རབ་ཏུ་དགའ་བས་རྣལ་འབྱོར་པས། །སྙིང་རྗེས་ས་བོན་ལེགས་པར་གདབ། །ཅེས་གསུངས་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་ཉིད་སྔོན་དུ་བསྒྲུབས་ནས་བྱམས་པ་ལ་སོགས་པ་བསྒོམ་པའི་སླད་དུ་སྟེ། དེས་ན་དམིགས་པའི་ཡུལ་གང་ལ་ཚད་མེད་པའི་བློ་གང་སྐྱེ་བར་སླ་བ་དེ་ལ་ཐོག་མར་གཏད་ནས་བསྒོམ་པར་བྱ་སྟེ། དེ་ཡང་ཚད་མེད་པ་འདི་དག་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་ཏེ། རྐྱེན་བཞི་ནི། སེམས་ཅན་གྱི་ཁམས་ལ་རང་བཞིན་དུ་གནས་པའི་རིགས་རྒྱུའི་རྐྱེན། ཚད་མེད་བཞི་པོ་སྟོན་པའི་དགེ་བའི་བཤེས་གཉེན་བདག་པོའི་རྐྱེན། རང་རང་གི་ཡུལ་དམིགས་པའི་རྐྱེན། དེ་ལྟར་བསྒོམས་པའི་ཕན་ཡོན་དང་མ་བསྒོམས་པའི་ཉེས་དམིགས་གོམས་པ་དེ་མ་ཐག་པའི་རྐྱེན་ཏེ། མདོ་སྡེ་རྒྱན་ལས། བདེ་དང་སྡུག་བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བློ་དང་ལྡན་པའི་སྙིང་རྗེ་སྐྱེ། །ཞེས་དང་། ཁྱད་པར་སེམས་དང་སེམས་བྱུང་ལྟར་འབྲེལ་བའི་དམིགས་པའི་རྣམ་པ་འདི་དག་ནི་འཁོར་བའི་དུས་ན་བདག་རྐྱེན་ལ་སོགས་པ་བཞིས་བསྐྱེད་ལ། རྒྱུ་བདག་དེ་མ་ཐག་གསུམ་གྱིས་སྙོམས་འཇུག་རྣམ་པ་གཉིས་དང་། རང་རང་གི་རྒྱུ་དང་དྲོད་གཤེར་ལ་སོགས་པའི་བདག་རྐྱེན་ལས་བེམ་པོ་རྣམས་སྐྱེ་སྟེ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་སོ། །འོན་ཀྱང་གོ་རིམ་ལ་ཞེན་པའི་གཉེན་པོར་འདི་ལྟར་ཡིད་འོང་གི་བྱམས་པ་ཡང་ཡང་བསྒོམས་པས་ཡུལ་དེ་གཉེན་བཤེས་ལྟ་བུའི་རིས་ཅན་དུ་མཐོང་སྟེ་ཆགས་པའི་རྟེན་དུ་གྱུར་ན་ཉེ་རིང་དང་བྲལ་བའི་བཏང་སྙོམས་བསྒོམ་པར་སྤོས་པས་ཆགས་པའི་རྣམ་པ་དེ་འགོག་པར་འགྱུར་ལ་བཏང་སྙོམས་བསྒོམ་པའི་བློ་དེ་ཉིད་ཕན་འདོགས་པའི་སེམས་མེད་པར་རྨོངས་ནས་ལུང་མ་བསྟན་དུ་གྱུར་ན་སྙིང་རྗེར་སྤོས་ནས་བསྒོམས་པས་སེམས་ཅན་རྣམས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་འབྲས་བུས་གཟིར་བའི་ཚུལ་ལ་ཡང་ཡང་བསམ་པའི་སྟོབས་ཀྱིས་བཏང་སྙོམས་ཐ་ཤལ་བ་དེ་འགོག་གོ། །སྙིང་རྗེ་བསྒོམས་པ་ན་སེམས་ཅན་གྱི་སྡུག་བསྔལ་ཤིན་ཏུ་རྒྱ་ཆེ་བས་སེམས་སྟོབས་ཞན་ཏེ། ཧ་ཅང་ཞུམ་ནས་རིས་སུ་ཆད་པར་གྱུར་ན། བདེ་ཞིང་འབྱོར་པ་དང་ལྡན་པའི་སེམས་ཅན་ལ་དམིགས་ཏེ་དགའ་བ་བསྒོམ་པར་སྤོས་པས་ཞུམ་ཞིང་དམན་པའི་སེམས་སྐྱེ་བ་དེ་ཉིད་འགོག་ལ། དགའ་བ་བསྒོམས་པས་སེམས་ཧ་ཅང་རྒོད་ཅིང་སྤྲོས་པའི་ཡུལ་དུ་གཡེང་བར་གྱུར་ན་བྱམས་པ་ལ་སོགས་པ་མཐའ་དབུས་བརྗེས་ནས་བཞི་པོ་སྤེལ་མར་བསྒོམ་པར་བྱ་སྟེ། ཡུམ་བར་མ་ལས། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ། །སྙིང་རྗེ་ལ་མཉམ་པར་འཇོག་གོ། །བཏང་སྙོམས་ལེན་ཏོ། །ཞེས་ཐོད་རྒལ་དུ་རྩལ་སྦྱང་བར་གསུངས་ལ། གཞན་ཡང་བྱམས་པའི་གེགས་སྙིང་རྗེས། སྙིང་རྗེའི་གེགས་དགའ་བས། དགའ་བའི་གེགས་བཏང་སྙོམས་ཀྱིས། བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པའི་ལུགས་ཀྱང་ཡོད་དོ། །ལྔ་པ་ཕན་ཡོན་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱི་ཕན་ཡོན་ནས་འབྲས་བུའོ། །དང་པོ་ནི། དེ་ལྟར་ཚད་མེད་པ་བཞི་པོ་བསྒོམ་པས་འབྲས་བུ་བཞི་ཐོབ་པར་འགྱུར་ཏེ། དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་སྲིད་པ་མངོན་པར་མཐོ་བའི་གནས་འདོད་པར་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྟེན་དེ་དང་དེས་ཚོགས་གཉིས་རྫོགས་པར་བྱས་ནས་ངེས་པར་ལེགས་པའི་འབྲས་བུ་སློབ་པ་དང་མི་སློབ་པའི་ས་མངོན་དུ་བྱེད་པ་སྟེ་གཉིས་དང་། རྒྱུ་མཐུན་ལ་གཉིས་ལས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ་སྔར་ཇི་ལྟར་བསྒོམས་ཤིང་རྒྱུད་ལ་འབྱོངས་པ་དེ་དང་འདྲ་བར་ཚད་མེད་པ་བཞི་པོའི་བློ་བསྒོམ་པར་འགྱུར་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་རང་རང་གི་མི་མཐུན་པའི་ཕྱོགས་གནོད་སེམས་དང་། རྣམ་པར་འཚེ་བ་དང་། ཕྲག་དོག་དང་། ཆགས་སྡང་སྟེ་ཞི་དང་བྲལ་ཞིང་། དེ་དག་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། དབང་གི་འབྲས་བུས་ནི་འདི་ལྟར་བྱམས་པས་གནས་གྲོགས་ལོངས་སྤྱོད་སོགས་ཡིད་དུ་འོང་བ་དང་འཕྲད་པ་དང་། སྙིང་རྗེས་ལུས་སེམས་བདེ་བའི་རྐྱེན་དང་ལྡན་པ་དང་། དགའ་བས་ས་ཕྱོགས་སྨན་ཤིང་དང་མེ་ཏོག་ལ་སོགས་པས་བརྒྱན་པས་ཡིད་དགའ་བའི་རྒྱུར་འགྱུར་བ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་མི་མཐུན་པ་མེད་པའི་ཡུལ་ལ་སྤྱོད་པར་འགྱུར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཚད་མེད་པ་བཞི་པོའི་བྱེད་པ་ཆེས་ཆེར་སྟོབས་སུ་གྱུར་ནས་ཚད་མེད་པའི་བློ་རང་བཞིན་ནམ་ཤུགས་ཀྱིས་སྐྱེ་བ་དང་། སོ་སོར་བརྟགས་པ་ལས་སྐྱེ་བ་དང་། ཡང་ཡང་གོམས་པ་ལས་སྐྱེ་བ་དང་། རང་རང་གི་ཡུལ་མཐོང་བ་ལས་སྐྱེ་བ་དང་། མི་མཐུན་པའི་ཕྱོགས་ཉམས་པས་སྐྱེ་བ་ཡི་དབང་གིས་རང་དོན་དུ་རྟོགས་པའི་ཡོན་ཏན་དང་བདེ་ལེགས་ཀྱི་དངོས་པོ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། གཞན་དོན་དུ་ཚད་མེད་པ་བཞི་པོས་བློ་དང་མཐུན་པའི་ཕན་པ་བསྒྲུབ་པའི་བྱ་བ་འབད་མེད་དུ་འབྱུང་བ་སྟེ་དོན་གཉིས་ཕུན་སུམ་ཚོགས་པའི་འབྱོར་པའི་ཡོན་ཏན་མཐའ་དག་འཐོབ་པར་འགྱུར་ཏེ། རྒྱན་ལས། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་ནི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང་། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། །མི་མཐུན་ཕྱོགས་ཉམས་རྣམ་དག་ཐོབ་པ་བཞི། །ཞེས་སོ། །ཡང་མདོ་སྡེ་རྒྱན་ལས། འཚེ་སྤངས་བྱང་ཆུབ་མཆོག་གི་ས་བོན་དང་། །བདེ་བ་བསྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྨིན་ཆོས་ལ་བརྟེན་པ་ཡི། །རྒྱལ་སྲས་རྣམས་ལ་བྱང་ཆུབ་ཐག་མི་རིང་། །ཞེས་བྲལ་བའི་འབྲས་བུ་མི་མཐུན་ཕྱོགས་འཚེ་བ་སྤངས་པ་དང་། བདག་པོའི་འབྲས་བུ་སྙིང་རྗེས་བྱང་ཆུབ་མཆོག་གི་ས་བོན་བྱས་ནས་དེ་ཐོབ་པ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་གཞན་ལ་བདེ་བ་བསྐྱེད་པ་དང་དེའི་དོན་དུ་བདག་ལ་གདུང་བ་བསྐྱེད་པར་བྱེད་པ་དང་། རྣམ་སྨིན་གྱི་འབྲས་བུ་སྙིང་རྗེས་ཇི་ལྟར་འདོད་པར་རམ་འདོད་ཁམས་སུ་སྐྱེ་བའི་རྒྱུ་བྱས་ནས་དེར་སྐྱེ་བ་དང་། རྒྱུ་མཐུན་གྱི་འབྲས་བུ་མ་འོངས་པ་ན་སྙིང་རྗེ་ཁྱད་པར་དུ་འཕགས་པའི་ངོ་བོ་ཉིད་སྦྱིན་པ་སྟེ་འབྲས་བུ་ལྔར་བཤད་དོ། །གཉིས་པ་ཁྱད་པར་གྱི་འབྲས་བུ་ལ་བཞི་སྟེ། བྱམས་པའི། སྙིང་རྗེའི། དགའ་བའི། བཏང་སྙོམས་ཀྱི་འབྲས་བུའོ། །དང་པོ་ནི། བྱམས་པ་ཚད་མེད་པ་སེམས་ལ་གོམས་ཤིང་འབྱོངས་པས་དེའི་རྒྱུད་བརླན་ཏེ་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་སྙིང་ནས་བརྩེ་བར་འགྱུར་བས་ཞེ་སྡང་གིས་རྒྱུད་ཐ་བར་གྱུར་ནས་སེམས་ཅན་ལ་རྒྱབ་ཀྱིས་ཕྱོགས་པ་དང་། སེམས་རྩུབ་པར་གྱུར་ནས་གནོད་པའི་བསམ་པ་ནམ་ཡང་སྐྱེ་བ་མེད་ཅིང་། དཔེར་ན་མ་ལ་བུ་དགའ་བ་དེ་མས་བྱམས་པའི་མཐུས་ཡིན་པ་ལྟར་བྱམས་པའི་མཐུས་སེམས་ཅན་གཞན་ཐམས་ཅད་ཀུན་གྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་རོ། །བྱམས་པའི་ངོ་བོ་ཡོན་ཏན་ཐམས་ཅད་སྡུད་པའི་ཚུལ་གྱིས་མི་འགོག་པའི་རྣམ་པ་ལ་གཤིས་གང་དུའང་མ་གྲུབ་པས་སྟོང་ལ་རང་བཞིན་མེད་པའི་ངང་ཚུལ་ལས་མི་འདའ་བར་རྟོགས་ཤིང་གོམས་པས་མཐར་ཐུག་མཁྱེན་ཆ་འགག་པ་མེད་པ་མེ་ལོང་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་འགྱུར་ཏེ། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །གཉིས་པ་ནི། དེ་བཞིན་དུ་སྙིང་རྗེ་ཚད་མེད་པའི་བློ་གོམས་ཤིང་རྒྱུད་ལ་འབྱོངས་པས། དཔེར་ན་སྙིང་དུ་སྡུག་པའི་བུ་ཆུང་དུ་རིམ་ནད་དྲག་པོས་བཏབ་ན་དེའི་མ་ཡང་དེ་དང་རྗེས་སུ་མཐུན་པའི་སེམས་ཀྱིས་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་གྱུར་ནས་བུ་སྡུག་བསྔལ་དེ་ལས་གདོན་པའི་ཐབས་འབའ་ཞིག་ལས་ཟས་ཀྱི་བྱ་བའང་མི་དྲན་པ་དེ་བཞིན་དུ་སྲིད་པར་རྒྱུ་བའི་སེམས་ཅན་གཞན་ཐམས་ཅད་ཀུན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་བདག་གི་ཁུར་དུ་འགྲོ་བ་སྟེ་བདག་ལ་བབ་པ་བཞིན་མི་བཟོད་པའི་བློས་སྡུག་བསྔལ་དེ་ལས་གདོན་པའི་ཐབས་འབའ་ཞིག་སེམས་པ་ལས་གཞན་ལ་རྣམ་པར་འཚེ་བའི་རྟོག་པ་སྐད་ཅིག་མ་ཙམ་དུ་སྐྱེ་བ་དང་ཡང་བྲལ་ཞིང་། གཞན་ལ་གནོད་པ་སྦྱོར་བའི་རྒྱུ་མནར་སེམས་ཀྱིས་དེ་དག་གི་སྲོག་ལུས་ལོངས་སྤྱོད་ལ་རྒོལ་བར་འདོད་པའི་ཆགས་པ་ཟིལ་གྱིིས་གནོན་པའམ། སྙིང་རྗེ་དེ་ཡང་གཉེན་བཤེས་ལྟར་སེམས་ཅན་ལ་འདོད་ཅིང་ཆགས་པའི་སེམས་དང་བྲལ་ལ། སྙིང་རྗེའི་ངོ་བོ་རང་བཞིན་མེད་པས་སྟོང་ཉིད་ཀྱི་གདངས་སྙིང་རྗེ་ཆེན་པོར་ཤར་ཏེ་ཟུང་དུ་འབྲེལ་བས་འཁོར་བ་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱི་རྒྱུ་འབྲས་ངོ་བོ་ཐམས་ཅད་མ་འདྲེས་པར་རྟོགས་ནས་དེ་དང་སེམས་ཅན་གྱི་རྒྱུད་སོ་སོར་འབྱེད་པའི་རྣམ་པ་ཡིན་པས་མཐར་ཐུག་ཤེས་བྱ་ཐམས་ཅད་མ་འདྲེས་པར་འབྱེད་པའི་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ནས་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུ་རུ་འགྲུབ་པ་ཡིན་ཏེ། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོགས་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །གསུམ་པ་ནི། དགའ་བ་ཚད་མེད་རྒྱུད་ལ་གོམས་ཤིང་འབྱོངས་པས་གཞན་གྱི་འབྱོར་པ་ལ་མི་དགའ་བའི་སེམས་ཐང་ཅིག་ཙམ་ཡང་མི་སྐྱེ་བས་ཕྲག་དོག་གི་རྩ་བ་ཆོད་ཅིང་། སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། ཆོས་ཀྱི་རང་བཞིན་ལ་དངོས་དང་བརྒྱུད་ནས་སྤྱོད་པ་མཐའ་དག་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའི་རྒྱུས་རང་གི་ཡོན་ཏན་གྱི་འབྱོར་པ་ཕུན་སུམ་ཚོགས་པ་ཀུན་བརྟན་ཞིང་ཕྲག་དོག་གི་ཟུག་རྔུ་ཞི་བའི་བདེ་བ་རྒྱུན་མི་འཆད་པས་བསམ་གཏན་ལ་ཚེར་མ་མེད་ཅིང་དེ་ལས་སྐྱེས་པའི་དགའ་བ་ཉམས་སུ་མྱོང་ཞིང་། དགའ་བའི་ངོ་བོ་ནི་རང་གཞན་ལ་མི་མཉམ་པ་མེད་པར་འབྱོར་ཞིང་ཕུན་སུམ་ཚོགས་པ་ལ་དགའ་ཡང་གཟུང་འཛིན་དུ་དམིགས་པའི་རྩོལ་བ་མེད་པ་དང་མཐུན་པར་མཐར་ཐུག་གཞན་དོན་རྩོལ་མེད་དུ་མཁྱེན་པའི་བྱ་བ་འགྲུབ་པའི་ཡེ་ཤེས་མངོན་དུ་གྱུར་ནས། གདུལ་བྱ་ཐམས་ཅད་ཀྱི་དོན་མཉམ་པར་མཛད་པའི་སྤྲུལ་པའི་སྐུ་མཆོག་འཐོབ་པར་འགྱུར་ཏེ། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཞི་པ་ནི། བཏང་སྙོམས་ཚད་མེད་པའི་བློ་གོམས་ཤིང་འབྱོངས་པས་བདག་ལ་ཇི་ལྟར་ཕན་པར་འདོད་པ་དེ་བཞིན་དུ་གཞན་ལའང་འདོད་ཅིང་དགྲ་གཉེན་བར་མའི་ཕྱོགས་གསུམ་ཀྱང་ཕན་འདོགས་པའི་ཡུལ་དུ་མཉམ་པར་བལྟ་བས་བདག་ལ་གཅེས་པར་འཛིན་པའམ། གཞན་དོན་བྱས་པ་ལ་རློམ་སེམས་དང་བདག་ཉིད་གཟེངས་བསྟོད་པའི་ང་རྒྱལ་མེད་ཅིང་། དངོས་པོར་འཛིན་པ་དང་། དངོས་མེད་དུ་ཞེན་པའི་མཐའ་གཉིས་སུ་ལྷུང་ནས་སེམས་ཀྱི་ཆོས་ཉིད་དབུ་མར་མི་སྙོམས་པའང་རང་བཞིན་གྱིས་སྟོང་ཞིང་ཟབ་པ་དང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་སུ་བཏང་སྙོམས་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་ཞིང་། བཏང་སྙོམས་ཀྱི་ངོ་བོ་ཐ་དད་དུ་འཛིན་པའི་གཏི་མུག་གི་རང་བཞིན་རྨོངས་པ་མེད་ཅིང་མཐར་འཛིན་ཞི་བ་ཡིན་པས་མཐར་ཐུག་ཆོས་ཐམས་ཅད་དབྱེར་མེད་བླང་དོར་དང་བྲལ་བར་མཁྱེན་པ་ཆོས་དབྱིངས་ཡེ་ཤེས་དང་། རང་བཞིན་རྣམ་པར་དག་པའི་དབྱིངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་འཐོབ་པར་འགྱུར་ཏེ། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པ་རྣམས་པདྨ་རྩེ་མོ་ལས་བཤད་དོ། །དེ་དག་གི་མཇུག་བསྡུས་ཏེ་མཐའ་གཉིས་སྤང་པའི་ལམ་ལ་སློབ་པར་གདམས་པ་ནི། དེ་ལྟ་བུའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་གྱི་ཚད་མེད་པ་བཞི་པོ་ཡི་ཡོན་ཏན་ནི། འདི་ལྟར་རྒྱུའི་ཐེག་པ་ཕལ་མོ་ཆེས་སྐུ་གཉིས་སྐྱེད་བྱེད་ཀྱི་རྒྱུའམ་ས་བོན་ཚོགས་གཉིས་སུ་འདོད་པ་དང་། སྔགས་སུ་དག་བྱའི་སྒྲིབ་པ་གཉིས་ཚོགས་གཉིས་ཀྱི་རང་བཞིན་ཐབས་ཤེས་ཟབ་མོས་འཁྲུད་པ་དེ་རྐྱེན་དུ་འདོད་པས་དོན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒྲུབ་པ་ལ་དོན་མཐུན་ཅིང་། ཁྱད་པར་འཁོར་ལོ་ཐ་མའི་དོན་ཁམས་རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་ཡེ་ལྡན་ཡིན་པའི་ཕྱིར་ལམ་དུས་ཀྱི་ཡོན་ཏན་ལྟར་སྣང་བ་ཡིན་པས་གསར་བྱུང་མི་འདོད་ལ། དེ་དང་སྔགས་ཀྱི་སྡེ་སྣོད་ལས་འགྲོ་བ་ཀུན་ཀྱང་རང་བཞིན་གྱི་དཀྱིལ་འཁོར་དམ་པའི་ཆོས་ཉིད་དུ་གནས་པ་གཉིས་གཞིའི་ངང་དུ་གཅིག་པས་ན་དེ་མངོན་དུ་འགྱུར་བྱེད་ཀྱི་རྒྱུའམ་ལམ་ཚོགས་གཉིས་དང་ཐབས་ཤེས་ངོ་བོ་གཅིག་ཅིང་འབྲས་བུ་སྐུ་གཉིས་ཀྱང་ངོ་བོ་ཐ་མི་དད་པས་དེ་ལྟར་གཞི་ལམ་འབྲས་བུ་རྣམས་ཚུལ་མཐུན་པའི་དོན་རྟོགས་ནས་ཉམས་སུ་ལེན་པ་ནི་ཤིན་ཏུ་ཟབ་པས་ཡོན་ཏན་མཐའ་ཡས་ཤིང་མཐར་ཐུག་པའི་དོན་དུ་བསླུ་བ་མེད་དེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམ་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་དང་། ག་ཡཱའི་མདོ་ལས། ཐུབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བརྙེས་བཞིན་གྲོགས་པོ་རྣམས། །རྒྱལ་སྲས་འཇིགས་པ་མེད་པ་ཡིས། །འདི་དག་ཀུན་ལ་ཡིད་ཆེས་གྱིས། །ཡིད་ཆེས་གྱུར་ན་སངས་རྒྱས་སམ། །ཐར་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་སོ། །དེས་ན་ཇི་སྐད་བཤད་པའི་ལམ་ཚད་མེད་པ་བཞི་པོ་དེ་དག་དང་མི་ལྡན་པ་ནི་ལམ་ངན་པའམ་ཕྱིན་ཅི་ལོག་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་ཐེག་པ་ཆེན་པོ་ལས་གཞན་དུ་གྱུར་པ་ཀུན་གྱི་གྲུབ་པའི་མཐའ་ནི་སྲིད་པའི་རྒྱུ་ལས་མི་འདའ་བའི་ཕྱིར་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱི་ལམ་ནི་བདག་ཏུ་ལྟ་བ་དང་བཅས་པས་རྣམ་པ་ཐམས་ཅད་དུ་ཤེས་རབ་དང་བྲལ་ཞིང་སྙིང་རྗེ་ཡང་མེད་པས་སྲིད་པར་སྐྱེ་བའི་རྒྱུ་ཡིན་ཞིང་། ཉན་རང་གི་ལམ་གྱིས་སྲིད་པར་སྐྱེ་བ་རྒྱུན་གཅོད་ཀྱང་། སྙིང་རྗེ་ཆེན་པོ་དང་བྲལ་ཞིང་ཤེས་རབ་ཉི་ཚེ་བ་ཡིན་པས་སྲིད་པ་སྣང་བའི་རྒྱུའི་བག་ཆགས་མ་སྤངས་པས་ཏེ། སའི་སྟོད་འགྲེལ་ལས། ཚད་མེད་པ་འདི་བཞི་ནི་ཐར་པར་འགྲོ་བའི་ལམ་སྟེ། གཞན་དུ་ན་ལོག་པའོ། །ཞེས་སོ། །དེས་ནས་ཆོས་ཐམས་ཅད་ལ་བདག་གཉིས་ཀྱིས་གདོད་མ་ནས་སྟོང་བའི་སྟོང་པ་ཉིད་ཤེས་པའི་ཤེས་རབ་དང་སྙིང་རྗེ་ཆེན་པོ་ཟུང་དུ་ཚུད་པར་གྱུར་པའི་ལམ་ཡང་དག་པ་དང་འགལ་བ་གཞན་ལ་མི་བསྟེན་པར། ཐར་པ་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་བྱེད་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཤེས་རབ་དང་སྙིང་རྗེ་དམ་པའི་བློ་དང་ལྡན་པ་རྣམས་ཀྱི་ལམ་ཐབས་ཤེས་ཁྱད་པར་ཅན་གྱིས་རང་དོན་ཡིད་བྱེད་ཀྱི་བློ་དང་བདེན་པར་ཞེན་པའི་བློའི་རྙོག་པ་ཞི་བའི་དགེ་བ་ལ་གོ་ཡུལ་ཙམ་དུ་མ་ལུས་པར་གོམས་པར་འཚལ་ལོ་ཞེས་གདམས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་ལེའུ་བདུན་པའི་འགྲེལ་པའོ།། །།གཉིས་པ་དམ་བཅའ་བ་བྱང་ཆུབ་སེམས་ཀྱི་སེམས་ཡོངས་སུ་བཟུང་བའི་ལེའུ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་སྲིད་ཞིའི་ཁམས་ཐམས་ཅད་ན་གོང་ན་མེད་པའི་རྙེད་པ་མཆོག་ཏུ་གྱུར་པ་ནི་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་གང་གི་དོན་ལ་དམིགས་ནས་ལམ་བསྒྲུབ་པ་ལ་དེ་ཐོབ་བྱེད་ཀྱི་ཡོན་ནམ་རྒྱུ་ཐམས་ཅད་ཀུན་གྱི་མཆོག་གམ་སྙིང་པོ་ནི་ཚད་མེད་རྣམ་པ་བཞི་ཡང་ཡང་གོམས་པའི་སྟོབས་ཀྱིས་ཐོབ་པའི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཏེ། བྱམས་པས་ཞུས་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཞེས་སོ། །དེ་ཡང་དང་པོ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ནས་བསླབ་བྱ་ལ་ཚུལ་བཞིན་བསླབ་པས་འདུན་པ་ས་ལྟ་བུ་དང་ལྷག་པའི་བསམ་པ་གསེར་ལྟ་བུ་ནས་སེམས་བསྐྱེད་སྟོབས་འཕེལ་ནས་ལམ་གོང་ནས་གོང་དུ་བགྲོད་པའི་ཤིང་རྟའི་སྒྱུ་འཕྲུལ་གྱི་ཐབས་ལ་དྲངས་པས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ལྟ་བ་ངན་པ་ཉམས་ཏེ་དོན་གཉིས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པར་བྱེད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ། སེམས་བསྐྱེད་ཀྱི་ངོ་བོ་ངོས་བཟུང་བ། དེའི་དབྱེ་བ་བཤད་པ། བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྐྱེད་པའི་ཚུལ་བཤད་པའོ། །དང་པོ་ལ་གསུམ་སྟེ། མིང་དོན་གནས་འགྱུར་པའི་ཕན་ཡོན། དགེ་འབྲས་འཕེལ་ཆེ་བའི་ཕན་ཡོན། སྲིད་པའི་མཚོ་ལས་འདོན་པའི་ཕན་ཡོན་ནོ། །དང་པོ་ནི། རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་གྱི་ཚོགས་མང་པོས་མནར་བའི་འཁོར་བ་རྒྱལ་པོའི་བཙོན་ར་ལྟ་བུར་ཚུད་ནས་བདག་ཏུ་འཛིན་པ་དང་སྲེད་སོགས་ཉོན་མོངས་པས་བཅིངས་པའི་གང་ཟག་ཐ་ཆད་པ་རྣམས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མོད་ལ་མིང་གནས་འགྱུར་ཏེ། རྒྱལ་བ་རྣམས་ཀྱི་སྲས་ཀྱི་མིང་གི་ཅོད་པན་ཐོབ་ཅིང་། དོན་གནས་འགྱུར་ཏེ་ཚུལ་དེ་ལ་རབ་ཏུ་དགའ་ཞིང་དད་པར་གྱུར་ནས་འཇིག་རྟེན་ན་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་དངོས་སུ་བསྔགས་ཤིང་མཆོད་པར་བྱེད་ལ། རིགས་དྲུག་གི་གཙོ་བོ་ལྷ་མིར་བཅས་པའི་འགྲོ་བ་མཐའ་དག་གིས་ཀྱང་མཆོད་ཅིང་བསྟོད་ལ་ཕྱག་འཚལ་བ་ལ་སོགས་པས་བསྟི་སྟང་བྱེད་པའི་འོས་སུ་འགྱུར་བ་ཡིན་ནོ། །དཔེ་ལ་ལར་སེམས་སྐྱེས་མོད་ལ་ཞེས་སྣང་བ་ལྟར་ནའང་། སེམས་བསྐྱེད་མ་ཐག་པ་ལའང་སྐྱེས་པའི་ཐ་སྙད་ཐོགས་པས་འགལ་བར་མི་གཟུང་ངོ་། །གཉིས་པ་དགེ་འབྲས་འཕེལ་ཆེ་བའི་ཕན་ཡོན་ནི། རང་བཞིན་ཡེ་ནས་དག་ཀྱང་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པའི་མ་རིག་པས་བསྒྲིབས་པའི་སྟེང་དུ་སྲིད་པར་འཕེན་པའི་ལས་ཀུན་ནས་སློང་བའི་ཉོན་མོངས་རགས་པ་མངོན་གྱུར་དུ་སྐྱེས་ནས་སྒོ་གསུམ་ཉེས་པའི་དབང་དུ་འགྱུར་བ་དང་། ཕྲ་བ་འོག་འགྱུའི་ཚུལ་དུའང་ལས་སྣ་ཚོགས་སོགས་པར་བྱེད་པའི་ཀུན་རྟོག་མང་པོས་སེམས་རྒྱུད་ཁེབས་ནས་རྣམ་པར་གྲོལ་བའི་སྣང་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པའི་འགྲོ་བའི་རྒྱུད་ནི་དཔེར་ན་ཉི་ཟླའི་སྣང་བ་མེད་པའི་མུན་ནག་གི་དུས་སུ་སྐར་མའི་སྣང་བ་ཙམ་ཡང་མི་མཐོང་བར་ཆར་སྤྲིན་སྟུག་པོ་འཁྲིགས་ཤིང་ཁེབས་པའི་ནམ་མཁའ་ལྟ་བུའོ། །དེ་ལྟ་བུའི་མུན་ནག་སྟུག་པོའི་གནས་སྐབས་སུ་སྤྲིན་བར་ནས་དྲག་ཅིང་གཏུམ་པའི་གློག་གི་འོད་འཁྱུག་པ་ན་ཕྱོགས་རེར་སྣང་བ་ཅུང་ཟད་སྟོན་ཀྱང་ཡུན་དུ་མི་གནས་པ་ལྟ་བུའི་འགྲོ་བའི་ཤེས་རྒྱུད་རྟག་ཏུ་དེ་ལྟར་ཡིན་པ་ལ་རེས་འགའ་ཕྱི་རོལ་པའི་ལམ་གྱི་དཀར་ཆོས་དགེ་བཅུ་དང་། བསམ་གཟུགས་ཀྱི་སེམས་ཐོབ་པ་ལ་སོགས་པའམ། ནང་པའི་བསྟན་པ་དང་འཕྲད་ཀྱང་རྣམ་གྲོལ་གྱི་འབྲས་བུ་ཐོབ་བྱེད་ཀྱི་ཐབས་ཀྱི་མ་ཟིན་པའི་ལེགས་སྨོན་གྱི་ཚུལ་ཁྲིམས་སོགས་ཀྱི་དགེ་བ་ལ་ཡུན་རིང་ཞིང་རྒྱུན་བརྟན་པ་མ་ཡིན་པར་སྐབས་འགར་གོམས་ཤིང་བསགས་པའི་ལས་ནི་བསོད་ནམས་ཙམ་པོ་བ་ཡིན་ཏེ། དཔེར་ན་ཆུ་ཤིང་དང་། འདམ་བུ་དང་། སྨྱིགས་མ་རྣམས་རང་རང་གི་འབྲས་བུ་ལན་གཅིག་སྨིན་ནས་རྩ་བ་སྐམས་པར་འགྱུར་བ་བཞིན་དུ་འབྲས་བུ་ལྷ་དང་མིའི་བདེ་བ་ལ་ལོངས་སྤྱོད་ནས་མྱོང་སྟོབས་ཀྱིས་དགེ་བའི་རྩ་བ་ཟད་ཅིང་སྨན་པར་འགྱུར་ལ། དེར་མ་ཟད་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་ཉན་རང་གི་ལམ་གྱི་ཐབས་ཤེས་ཀྱིས་ཟིན་པའི་དགེ་རྩ་དེས་ཀྱང་རང་འབྲས་ཐོབ་སྟེ་ལྷག་མེད་དུ་འདས་ཟིན་ནས་བྱམས་སྙིང་རྗེ་དང་མངོན་ཤེས་རྫུ་འཕྲུལ་སོགས་ཀྱི་སྒོ་ནས་གཞན་དོན་ཅུང་ཟད་བྱེད་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་ཟད་པ་བཞིན་དུ་མེད་པར་འགྱུར་རོ། །དེ་བཞིན་དུ་སེམས་བསྐྱེད་ཁྱད་པར་ཅན་གྱི་ཐབས་དེས་མ་ཟིན་པའི་སྦྱིན་པ་ལ་སོགས་པའི་སྤྱོད་ཕྱོགས་དག་ཀྱང་ལྟར་སྣང་དུ་རྒྱ་ཆེན་པོ་དང་གྲངས་མང་པོ་ལ་བརྩོན་ནའང་ས་བཅད་པའམ་ཚོགས་ཆེན་པོ་རྫོགས་པ་མེད་དེ་ཟོར་བ་རྟུལ་པོས་སྨྱིག་མ་འབྲེག་པ་བཞིན་ནོ། །བསྐྱེད་རིམ་བསྒོམ་པའང་བྱིས་པ་ལྷ་ཁང་ལ་བལྟ་བ་དང་འདྲ་བར་གནས་སྐབས་ཉམས་དགའ་བ་ཙམ་ལས་མེད་ལ། རྩ་རླུང་དང་རྫོགས་རིམ་བསྒོམས་པས་གནས་སྐབས་བདེ་གསལ་མི་རྟོག་པའི་ཉམས་ཀྱི་རོ་མྱོང་བ་དང་། མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོ་གྲུབ་པའང་མཐར་ཉམས་པར་འགྱུར་བས་དབྱར་དུས་སུ་བུང་བ་རྣམས་མེ་ཏོག་གི་རྩི་བཅུད་མྱོང་ནས་གཤོག་རྩལ་གྱིས་ནམ་མཁར་ལྡིང་ཞིང་འཕུར་ནའང་སྟོན་དུས་ས་འོག་ཏུ་འགྲོ་བ་བཞིན་ནོ། །དེས་ན་རང་སེམས་དགེ་བའི་ལམ་ལ་མ་ཞོག་བཞིན་དུ་གཞན་གྱི་མིག་སྔར་ཟང་ཟིང་གི་གཏོང་ཕོད་དང་། ལུས་ངག་གི་སྤྱོད་ཚུལ་དང་ལག་ལེན་རྒྱ་གང་ཆེའི་སྒོ་ནས་འདི་བྱས་དང་འདི་བསྒྲུབ་ཀྱི་ཁ་སྐད་མང་པོ་འདོད་ནའང་སེམས་རྒྱུད་ལ་ཡར་སྐྱེད་སྤུ་ཙམ་མེད་པས་དགོས་པ་ཆུང་སྟེ། སྤྱོད་འཇུག་ལས། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་རོ། །ཡང་རང་གིས་གང་ཉམས་སུ་ལེན་པའི་ཆོས་དེའི་གནད་རྟོགས་པའི་ཐོས་པ་ཙམ་ཡང་མེད་པར་གླེན་སྒོམ་ཨུ་ཚུགས་ཀྱིས་སེམས་གཅུར་ནས་སེམས་གནས་དང་ཉམས་སྣང་ཕྲན་བུ་རེ་ཐོབ་པ་ལྟ་སྒོམ་མཐོན་པོའི་གདིངས་ཚད་རྙེད་དོ་སྙམ་དུ་རློམ་ཀྱང་དེ་ནི་ཐར་པའི་ལམ་ཙམ་དུའང་འགྲོ་དཀའ་ན་ཐེག་པ་ཆེན་པོའི་ལམ་དུ་མི་འགྱུར་བ་ནི་སྨོས་ཀྱང་མི་དགོས་ཏེ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ་ལས། དགེ་སློང་ཁྱོད་མང་དུ་ཐོས་པ་སྤངས་ཏེ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་འཇུག་གོ་ཞེས་མ་སྨྲ་ཞིག །ངས་བལྟས་ན་ཁྱེད་ཀྱི་ཤེས་རབ་ནི། སྦྲང་བུའི་འདབ་མས་ཉི་ཟླ་སྒྲིབ་པར་འདོད་པ་དང་། དམུས་ལོང་གིས་རི་རབ་ལྷུན་པོ་ལ་འཛེག་པར་འདོད་པ་དང་། གྲུ་གཟིངས་མེད་པར་རྒྱ་མཚོ་ལ་བརྒལ་བར་འདོད་པ་དང་། བྱ་འདབ་མ་ཆག་པ་ནམ་མཁའ་ལ་འཕུར་བར་འདོད་པ་བཞིན་ཁྱེད་ཀྱང་དེ་དང་འདྲའོ། །ཞེས་བཤད་པས་སོ། །ཚུལ་དེ་དག་ལ་བསམ་ནས། སྤྱོད་འཇུག་ལས། སེམས་སྦྱོང་བ་ཡི་སྤྱོད་པ་ནི། །ངེས་པར་དེ་སྲིད་སྤྱད་པར་བྱ། །ཞེས་པ་ལྟར། གཞན་གྱིས་མཐོང་དུ་ཡོད་པའི་གཟུགས་བརྙན་མི་ཆེ་ཡང་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་སྦྱང་ན་ནམ་ཞིག་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་བྱ་བ་ཅི་བསྒྲུབ་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་ངང་གིས་འགྱུར་ཞིང་གནས་ལུགས་ཟབ་མོའི་རྟོགས་པའང་རྩོལ་མེད་དུ་འབྱུང་བར་ངེས་པས་དོན་འདི་ལས་ཟབ་པ་ནི་མཁས་པ་སྟོང་གི་ཞལ་བསྡུར་ཀྱང་མེད་ངེས་པ་ཡིན་ཞེས་ཁོ་བོའི་བླ་མ་རྣམས་ཀྱིས་གསུངས་སོ། །དེ་ཡང་ས་གཞི་བཟང་པོ་ཐ་བར་མ་གྱུར་ཞིང་གཤིན་པས་བརྟེན་པའི་ཞིང་ས་ལ་ས་བོན་ཅི་བཏབ་ཀྱང་དགེ་བ་སྟེ་ལེགས་པའི་ལོ་ཏོག་ཕུན་སུམ་ཚོགས་པ་རྒྱས་ཤིང་འཕེལ་བ་དང་། ཁྱད་པར་དཔག་བསམ་གྱི་ཤིང་བསྐལ་པ་མ་ཞིག་གི་བར་དུ་འབྲས་བུ་ཐུག་པ་མེད་པར་ཇེ་འཕེལ་དུ་འགྲོ་བར་ཟ་མ་ཏོག་བཀོད་པ་ལས་བཤད་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བའི་ལྗོན་ཤིང་ནི་སྲིད་པ་ན་འབྲས་བུ་ལྷ་དང་མིའི་བདེ་བའི་ལོངས་སྤྱོད་མང་ཞིང་རྒྱ་ཆེ་བ་ལ་ལོངས་སྤྱད་ཀྱང་ཞི་བ་བྱང་ཆུབ་ཆེན་པོའི་བར་དུ་འཕེལ་བར་འགྱུར་རོ། །གསུམ་པ་འཁོར་བའི་མཚོ་ལས་འདོན་པའི་ཕན་ཡོན་ནི། འདི་ལྟར་ལས་དང་ཉོན་མོངས་པའི་མེ་འོབས་ཆེན་པོས་བསྐོར་ཞིང་འདུ་བྱེད་ཀྱི་ཆུ་སྲིན་གདུག་པ་ཅན་དང་འགྲོགས་པའི་སྡུག་བསྔལ་གྱི་ཆུ་བོ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཀུན་གྱི་སྣོད་དུ་གྱུར་པ་འཁོར་བའི་རྒྱ་མཚོ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རྦ་རླབས་དྲག་པོས་ཐར་བའི་གྲུ་གཟིངས་བཤིག་པ་ཅན་ཤིན་ཏུ་འཇིགས་སུ་རུང་ཞིང་སྐྱི་གཡའ་བའི་གནས་ཡིན་ཀྱང་། སེམས་ཅན་རྣམས་ཀྱིས་ནི་དེ་ལྟར་མི་ཤེས་པར་དགའ་ཞིང་ཞེན་པས་ཁྱིམ་ལྟར་རབ་ཏུ་བཟུང་ནས་དེ་ལས་ཐར་པའི་ཐབས་ལ་མི་བརྩོན་པའི་སྟེང་། སླར་ཡང་འཁོར་བར་འགྱུར་བའི་ལས་སྣ་ཚོགས་བསགས་ནས་ཐར་བའི་དུས་སྐབས་དཀའ་བ་དེ་ལས་སེམས་ཅན་འགའ་ཞིག་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་དེ་ཐམས་ཅད་གདོན་པའི་སྙིང་སྟོབས་ཆེན་པོའི་གོ་ཆ་བགོ་བ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་གསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་སོ། །གཉིས་པ་སེམས་བསྐྱེད་ཀྱི་ངོ་བོ་ངོས་བཟུང་བ་ལ་གཉིས་ཏེ། བྱང་ཆུབ་སེམས་ཀྱི་ངོ་བོ་སྤྱིར་བསྟན་པ་དང་། སྨོན་འཇུག་གི་ངོ་བོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདིར་གང་ཞིག་སྐྱེས་བུ་ཆེན་པའི་ལམ་དོན་དུ་གཉེར་བ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཡིན་པས་དེ་ལ་རང་གི་ཚེ་འདིའི་དོན་དང་། ཕྱི་མ་མངོན་མཐོ་ཙམ་ཐོབ་པའི་ཕྱིར་དགེ་བ་ལ་བརྩོན་པ་སྐྱེས་བུ་ཆུང་ངུ་དང་། བདག་ཉིད་གཅིག་པུ་འཁོར་བ་ལས་ཐར་བའི་དོན་དུ་སེམས་ནས་ལམ་ལ་བརྩོན་པ་སྐྱེས་བུ་འབྲིང་གི་བསམ་པ་གཉིས་པོ་ཡོད་པ་མ་ཡིན་ཏེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་དྲིན་ཆེན་པོས་བསྐྱངས་པའི་ཕ་མར་མ་གྱུར་པ་གཅིག་ཙམ་ཡང་མེད་ལ། ཕ་མར་གྱུར་པའི་སེམས་ཅན་དེ་རྣམས་ད་ལྟ་འཁོར་བའི་རྒྱ་མཚོ་བརྒལ་དཀའ་བར་བྱིང་ནས་མི་བཟོད་པའི་སྡུག་བསྔལ་དྲག་པོའི་རྒྱུ་འབྲས་དག་གིས་མནར་བཞིན་ཐར་བའི་ཐབས་བསྒྲུབ་མི་ཤེས་པས་ལོང་བ་བཤེས་མེད་ཐང་དཀྱིལ་དུ་ལུས་པ་ལྟ་བུ་འདི་རྣམས་སྙིང་རེ་རྗེ། འོ་ན་སྙིང་རྗེ་བའི་སར་བཞག་པས་ཀྱང་མི་འོང་གི། འདི་ཐམས་ཅད་སྐྱོན་དང་སྡུག་བསྔལ་ཀུན་དང་བྲལ་ནས་བདེ་བ་དང་ཡོན་ཏན་དམ་པ་གོང་ན་གཞན་མེད་པ་ཅི་འདྲ་བ་ཞིག་ལ་དགོད། ཐབས་དང་ནུས་པ་ཇི་ལྟ་བུ་ཞིག་གིས་དེ་དག་གི་དོན་བདག་གིས་ཇི་ལྟར་འདོད་པ་བཞིན་དུ་བྱ་ནུས་པ་ཞིག་འོང་སྙམ་དུ་བཀྲེས་པ་ཟས་ལ་གདུང་བ་དང་སྐོམ་པ་ཆུར་གདུང་བ་བཞིན་སེམས་ཅན་འབའ་ཞིག་གི་དོན་དུ་བསམ་པ་ནི་སྙིང་རྗེའི་གཞན་དོན་ལ་དམིགས་པ་ཡིན་ལ། ཡང་འདི་སྙམ་དུ་སེམས་ཅན་རྣམས་གང་ལ་དགོད་པར་བྱ་བའི་འབྲས་བུ་བླ་ན་མེད་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་ཀྱང་། ད་ལྟ་བདག་གིས་སེམས་ཅན་གཅིག་གི་དོན་ཡང་རྫོགས་པར་བྱ་མི་ནུས་ལ། དེ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ་ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་ལྟ་བུར་གྱུར་ཀྱང་མི་ནུས། དེ་བས་ཉན་རང་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ལ་གནས་ཀྱང་སེམས་ཅན་ཉུང་ཟད་ཙམ་ཐར་བ་ལ་འགོད་པར་ནུས་ཀྱི་ཐམས་ཅད་མཁྱེན་པ་ལ་འགོད་པར་མི་ནུས་པས། འགྲོ་བ་མཐའ་ཡས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པར་བྱེད་ནུས་པ་དེ་ཡང་ཤེས་བྱའི་རྣམ་པ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན་པའི་ཡེ་ཤེས་དང་གཞན་ཕན་གྱི་ཕྲིན་ལས་མངའ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཁོ་ན་ཡིན་པས་བདག་གིས་ཅི་ནས་ཀྱང་དེ་ཉིད་བསྒྲུབ་པར་བྱ་སྙམ་ནས་དོན་དུ་གཉེར་བ་ནི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན་པས་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་གྲགས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། གང་གི་ཆེད་དུ་བྱ་བ་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། གང་ཆེད་དུ་བྱ་བ་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་པོ་དེ་མ་ཚ ང་ན། གཞན་ལ་ཕན་འདོད་ཙམ་དང་རྫོགས་བྱང་ཐོབ་འདོད་ཙམ་ནི་སེམས་བསྐྱེད་དུ་མི་འགྲོ་སྟེ། མཐར་ཐུག་རྫོགས་བྱང་ཐོབ་པར་མི་འདོད་ན་སེམས་ཅན་གཞན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་གཞན་ཇི་ལྟ་བུ་འདོད་ཀྱང་བྱམས་པ་དང་སྙིང་རྗེ་ཙམ་ལས་མི་འདའ་ལ། རང་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ཙམ་ཉན་ཐོས་ཀྱི་གཞུང་ལས་ཀྱང་བཤད་པས་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་ཁྱད་པར་འདི་ཤིན་ཏུ་ཞིབ་པར་ཤེས་དགོས་ཏེ་ཐེག་ཆེན་གྱི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཁ་བཤད་ཙམ་ལ་གདེང་བཅས་པས་མི་འོང་ངོ་། །གཉིས་པ་སྨོན་འཇུག་གི་ངོ་བོ་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་སྨོན་འཇུག་གི་ཁྱད་པར་ལ་རྒྱ་བོད་ཀྱི་མཁས་པ་རྣམས་བཞེད་པ་མི་འདྲ་བ་མང་དུ་སྣང་སྟེ། སོ་སོའི་སྐྱེ་བོའི་སེམས་བསྐྱེད་སྨོན་སེམས་དང་། འཕགས་ལམ་ཐོབ་ནས་འཇུག་པར་བཞེད་པ་དང་། ཆོ་གས་མ་བླང་བ་སྨོན་པ་དང་། བླངས་པ་འཇུག་པར་བཞེད་པ་དང་། ཉམས་ལེན་གྱི་བྱ་བས་མ་ཟིན་པ་ནི་སྨོན་སེམས་དང་། ཟིན་པ་འཇུག་པར་བཞེད་པ་དང་། འབྲས་བུར་དམ་བཅའ་བ་སྨོན་སེམས་དང་། རྒྱུ་ལ་དམ་བཅའ་བ་འཇུག་སེམས་སུ་འདོད་པ་ལ་སོགས་པ་མང་དུ་སྣང་ཡང་སྐྱེ་འཕགས་ཀྱི་སེམས་བསྐྱེད་ལ་འདོད་པ་ཙམ་མ་གཏོགས་གཞན་རྣམས་ཕལ་ཆེར་རྒྱལ་སྲས་ཞི་བ་ལྷའི་རྗེས་སུ་འབྲངས་པར་འདྲ་ཡང་དགོངས་པ་ལེན་ཚུལ་མི་འདྲའོ། །དེའང་སྐབས་འདིར་དགོངས་པ་ལེན་ཚུལ་གང་གི་རྗེས་སུ་འབྲང་ནས་འཆད་ཅེ་ན། འདི་ལྟར་སྨོན་འཇུག་གི་སེམས་གཉིས་པོ་གཞན་དོན་དུ་དམིགས་པ་ལ་འདྲ་ཡང་། ཇི་སྐད་དུ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་སེམས་ཅན་གྱི་ཚོགས་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་རྙེད་པར་དཀའོ། །དེ་བས་ཀྱང་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མངོན་པར་ཞུགས་པ་དེ་ནི་ཆེས་རྙེད་པར་དཀའོ། །ཞེས་པའི་དོན་ཞི་བ་ལྷས་དཔེ་ལ་སྦྱར་ནས་བཤད་པ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པའི་དགོངས་པ་ནི་དཔེར་ན་ཡུལ་ཝཱ་ར་ཎཱ་སཱི་ལྟ་བུ་ཞིག་ཏུ་འགྲོ་འདོད་ན། རྒྱུ་འགྲོ་བའི་བྱ་བ་ལ་མ་ཞུགས་གོང་དུ་འབྲས་བུ་ཡུལ་དེ་ལ་དམིགས་ནས་དེར་འགྲོ་བར་དམ་བཅའ་བ་ལྟར། འབྲས་བུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་དམིགས་ནས་དེ་བསྒྲུབ་པར་དམ་འཆའ་བ་ནི་སྨོན་པའི་སེམས་ཡིན་ལ། དེ་ལྟར་དམ་བཅས་ནས་དེའི་བསླབ་བྱ་བདག་དང་གཞན་སེམས་ཅད་ཐམས་ཅད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ལ་ཁྱད་པར་མེད་པར་ཤེས་ནས་རང་གཞན་གཉིས་ཀའི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་བསལ་བའི་ཐབས་ལ་མཉམ་པར་སེམས་ཤིང་བརྩོན་པ་དང་། བདག་གཞན་གྱི་བདེ་སྡུག་བརྗེ་བ་དང་། བདག་ལ་འདི་ཕྱི་ཐམས་ཅད་དུ་ཉམས་ཉེས་ཇི་ལྟ་བུ་བྱུང་ཡང་སླ་ཡི། དེ་བས་སེམས་ཅན་ཁོ་ན་བདེ་བའི་ཐབས་ཞིག་བྱའོ་སྙམ་དུ་བདག་པས་གཞན་གཅེས་པར་འཛིན་པ་གསུམ་དུ་བཞག་པ་དེའང་སྨོན་པ་སེམས་བསྐྱེད་ཀྱི་བསླབ་པའི་གནས་མདོར་བསྡུས་ཙམ་བསྟན་པ་ཡིན་གྱི། སྤྲོས་ན་ཡུལ་སེམས་ཅན་བློས་མི་བཏང་བ་དང་། མཐུན་རྐྱེན་ཚོགས་བསགས་པ་དང་། སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་སོགས་མང་ཡང་དངོས་ཤུགས་གང་རུང་དུ་གསུམ་པོ་དེར་མ་འདུས་པ་མེད་ལ། སྨོན་པའི་སེམས་དེའི་ངོ་བོ་ནི་བྱམས་པ་ལ་སོགས་པའི་ཚད་མེད་པ་བཞི་པོ་ལ་ཡང་དག་པར་གནས་ཏེ། བྱམས་པས་ཞུས་པའི་མདོར། བྱམས་པ་དེ་ལ་གཞན་གྱི་དོན་དུ་སྨོན་པ་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡིན་ལ། ཞེས་སོ། །འོ་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་གྱི་ཁྱད་པར་ཤེས་དགོས་ཞེས་པ་ཅི་ཡིན་ཞེ་ན། སྤྱིར་དམ་བཅའ་དང་མ་འབྲེལ་ཡང་ལྡན་འདོད་ལ་སོགས་པ་ཙམ་ལ་བྱམས་སོགས་སུ་འཇོག་རུང་བས་དེ་དང་སེམས་བསྐྱེད་གཉིས་མི་གཅིག་ནའང་འདིར་སྨོན་སེམས་དང་ངོ་བོ་གཅིག་པར་བཤད་པའི་བྱམས་སོགས་ནི་དོན་གཉིས་ལྡན་པའི་སེམས་གཅིག་ལ་ལྡོག་པས་དབྱེ་བ་སྟེ་རྫོགས་བྱང་ཐོབ་འདོད་ཀྱི་བྱམས་པ། སྒྲིབ་གཉིས་བྲལ་འདོད་ཀྱི་སྙིང་རྗེ། རྫོགས་བྱང་དེ་ཉིད་གཏན་བདེ་ཡིན་པས་མི་འབྲལ་བ་ལ་དགའ་བ། སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་དེ་ལྟར་འདོད་པ་བཏང་སྙོམས་ཏེ་དེ་ཡང་དམ་བཅའ་དང་འབྲེལ་བའོ། །ཡང་ན་བདག་གཞན་མཉམ་པ་སོགས་གསུམ་པོ་དེའི་ངོ་བོ་ཚད་མེད་བཞི་ལ་གནས་ཞེས་པའི་དོན་དེ་གོ་སླའོ། །ཡང་འདི་ལྟར་དཔེར་ན་ཡུལ་དེར་འགྲོ་འདོད་པ་ཙམ་གྱིས་མི་སླེབ་པས་དངོས་སུ་འགྲོ་བའི་བྱ་བ་ལ་དམ་བཅས་ཏེ་དམ་བཅས་པ་བཞིན་ལམ་དུ་ཞུགས་ནས་འགྲོ་བ་བཞིན། རྫོགས་བྱང་ཐོབ་པར་འདོད་པ་ཙམ་གྱིས་མི་ཆོག་གི་དེའི་རྒྱུ་ལ་བསླབ་དགོས་པས་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ལ་དམ་འཆའ་བ་དང་། དམ་བཅས་པ་བཞིན་ཅི་ནུས་སུ་སྒྲུབ་པ་ནི་འཇུག་པའི་སེམས་ཡིན་ཏེ། དེ་ཡང་འགྲོ་བཞིན་པའི་ཚེ་ནའང་འགྲོ་འདོད་མི་འདོར་བ་ལྟར་ལམ་སྒྲུབ་བཞིན་པའི་ཚེ་ནའང་འབྲས་བུ་ལ་དམིགས་པ་མི་འདོར་བས་སྨོན་སེམས་དང་འབྲེལ་ཞིང་ལམ་བསྒྲུབ་པའི་བྱ་བ་སྦྱིན་སོགས་དངོས་ལ་བསླབ་པ་འཇུག་པའི་བསླབ་བྱ་ཡིན་ཀྱང་དེའི་ཚེ་བྱ་བ་དེ་ལ་སྔར་དམ་བཅས་པས་ཁྱབ་པའི་ཆ་དེ་འཇུག་སེམས་སུ་བཞག་པ་ཡིན་ནམ་སྙམ་དུ་སེམས་སོ། །འཇུག་པ་སེམས་བསྐྱེད་དེ་ཡི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་དང་། འགྲོ་འདུག་ལ་སོགས་པའི་སྤྱོད་ཡུལ་ལུང་མ་བསྟན་རྣམས་ཀྱང་གཞན་དོན་དུ་སྨོན་ལམ་གྱིས་ཡོངས་སུ་དག་པའི་དགེ་བར་བསྒྱུར་བའི་ཚུལ་རྣམས་ལ་བསྟེན་པར་བྱའོ། །སྨོན་འཇུག་དེ་གཉིས་ཀྱི་ངོ་བོ་ཡང་འཕགས་སེང་གཉིས་ཀྱིས་སེམས་ལ་བཤད་དེ། འདི་ལྟར་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་གཙོ་སེམས་ཏེ། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་བཟུང་གི་གཞན་ནི་མ་ཡིན་ཏེ། གཞན་དོན་དང་བྱང་ཆུབ་ལ་དམིགས་མི་ནུས་པའི་ཕྱིར་སྙམ་དུ་དགོངས་སོ། །དེ་ལྟར་ཡང་མདོ་འགྲེལ་ཉི་ཁྲི་སྣང་བ་ལས། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ་རྣམ་པར་རིག་པའོ། །རྣམ་པར་ཤེས་པ་གང་ཡིན་ཞེ་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཐོགས་མེད་སྐུ་མཆེད་སེམས་བྱུང་དུ་བཞེད་དེ། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པ་སྟེ་ཞེས་པས། སྨོན་ལམ་ནི་འདུན་པ་གཙོ་ཆེ་བས་སེམས་བྱུང་འདུན་པར་བཞེད་ཅིང་། རྒྱན་ལས། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་པའི་འགྲེལ་པར་དབྱིག་གཉེན་གྱིས་དོན་གཉིས་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ། །ཞེས་སེམས་པ་ལ་བཤད་དོ། །ཀུན་མཁྱེན་ཆེན་པོས་ནི། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་སྐྱེ་བས་གཉིས་ཀར་བཞེད་དོ། །དེ་ཡང་དབུས་མཐའ་ལས། སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག །སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག །ཅེས་པའི་དོན་ལྟར་འདིར་ཡང་གཞན་དོན་དང་རྫོགས་བྱང་གི་དོན་གཉིས་པོའི་ངོ་བོ་ཙམ་ལ་གཙོ་སེམས་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་དུས་དེ་དག་གི་ཁྱད་པར་ལ་དེའི་འཁོར་དུ་ཡོད་པའི་སེམས་བྱུང་རྣམས་ཀྱིས་དམིགས་པའི་ཚུལ་གྱིས་མཚུངས་པ་ལྔས་ཡུལ་གཅོད་པར་བྱེད་པ་ལས་སྔ་མ་གཉིས་ཀྱིས་གཙོ་སེམས་ཡིད་ཤེས་གཙོ་ཆེ་བ་ལ་དགོངས་ལ། སྐུ་མཆེད་གཉིས་ཀས་རང་རང་གི་བཞེད་པའི་སེམས་བྱུང་དེ་དག་གཙོ་ཆེ་བ་ཙམ་ལ་དགོངས་ཤིང་། ཀུན་མཁྱེན་ཆེན་པོའི་བཞེད་པ་ནི་དེ་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བླངས་ནས་གཙོ་སེམས་ཙམ་དང་སེམས་བྱུང་ཙམ་ཁོ་ནས་མ་ཡིན་པར་སེམས་དང་སེམས་བྱུང་ཐམས་ཅད་མཚུངས་བར་ལྡན་པའི་སྒོ་ནས་བསྐྱེད་པ་ལ་དགོངས་པས་ཐམས་ཅད་གནད་གཅིག་གོ་སྙམ་མོ། །ཡང་བྱང་སེམས་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་མི་ནུས་པས་སྨོན་སེམས་ཁོ་ན་བསྐྱེད་པའི་ཚུལ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་ལ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་འདི་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་དང་། བདག་གི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ལ་མཆོད་པར་ཕུལ་ཅིག །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་པ་འདིས་སྨོན་པའི་མཚན་ཉིད་ལེགས་པར་བསྟན་ཅིང་སྙིགས་དུས་ཀྱི་སེམས་ཅན་རྣམས་ལ་ཕན་པ་ཆེ་བ་ཡིན་ནོ། །གསུམ་པ་སེམས་བསྐྱེད་ཀྱི་དབྱེ་བ་བཤད་པ་ལ་གསུམ་སྟེ། གནས་སྐབས་དང་གྲོགས་ཀྱི་དབྱེ་བ། ཕན་ཡོན་ཀྱི་དབྱེ་བ། བློ་སྟོབས་ཀྱི་དབྱེ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་སེམས་བསྐྱེད་དེ་ལ་གནས་སྐབས་ཀྱི་དབྱེ་བའི་སྒོ་ནས་གཉིས་ནས་དྲུག་གི་བར་ཏེ། གཉིས་སུ་དབྱེ་ན་ཚོགས་གཉིས་ལ་ལྟོས་ནས་སམ། ཕྱི་སེམས་ཅན་ལ་དམིགས་པ་གཙོ་ཆེ་བ་སོ་སོའི་སྐྱེ་བོའི་སེམས་བསྐྱེད་ཀུན་རྫོབ་པ་དང་། ནང་སེམས་ཉིད་ལ་དམིགས་པ་གཙོ་ཆེ་བ་འཕགས་རྒྱུད་ཀྱི་སེམས་བསྐྱེད་དོན་དམ་པའི་རང་བཞིན་གཉིས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་ལས། ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པའི་སེམས་ལྔ་ན་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེས་པ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དེ་གཉིས་རྒྱུ་དང་འབྲས་བུའི་རྣམ་པ་ཅན་དུ་བསྟན་ཏོ། །གསུམ་དུ་དབྱེ་ན། དག་པར་བྱེད་པ་ཚུལ་ཁྲིམས། གནས་པར་བྱེད་པ་ཏིང་འཛིན། གྲོལ་བར་བྱེད་པ་ཤེས་རབ་སྟེ་བསླབ་པ་གསུམ་ལ་ལྟོས་ཏེ་གསུམ་དང་། ཡང་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ་སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་སོ། །ལམ་གྱི་ཁྱད་པར་གྱིས་བཞི་རུ་དབྱེ་ན། ཚོགས་སྦྱོར་གྱི་ལམ་ན་ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་ཀྱང་མ་དག་པས་ཆོས་ཉིད་མངོན་སུམ་དུ་མ་མཐོང་པར་དོན་སྤྱིའི་ཚུལ་དུ་འཇལ་བས་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། དང་པོའི་ས་ནས་བཟུངས་བདུན་པའི་བར་ལ་བདག་གཞན་མཉམ་པ་ཉིད་དུ་རྟོགས་ཤིང་ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་དག་ནས་ཡེ་ཤེས་ཀྱི་མཐོང་བ་གསལ་བས་ལྷག་བསམ་དག་པའི་སེམས་བསྐྱེད་དང་། དག་པ་ས་གསུམ་ན་ཁམས་ཀྱི་སྒྲིབ་པ་སྔར་བས་ཀྱང་དག་སྟེ་ས་བརྒྱད་པར་ཉོན་ཡིད་ལོག་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པར་ཡིད་ཤེས་དང་སྒོ་ལྔ་ལོག་པས་སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་དང་ཞིང་དག་པ་གཉིས་དང་། བཅུ་པ་ཡིད་ཤེས་ཀྱི་བྱེད་ལས་དག་ནས་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་བཞི་པོ་ལ་དབང་འབྱོར་བས་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། ས་བཅུའི་རྒྱུན་མཐར་ཁམས་ཀྱི་སྒྲིབ་པ་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་དག་པས་སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམསབསྐྱེད་ཏེ་བཞིའོ། །དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་འཁོར་བའི་ཤེས་པ་ཅན་མེད་ཀྱང་ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་ནས་ཐུགས་རྗེ་ཆེན་པོའི་མཛད་པ་དུས་ལས་མི་ཡོལ་བ་དོན་དམ་པའི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་པ་དེ་ལ་བྱའོ། །དེ་བཞིན་དུ་ལྔ་རུ་དབྱེ་ན། ཚོགས་ལམ་ན་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་ན་ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད། མཐོང་ལམ་ན་ཆོས་མཐོང་བའི་སེམས་བསྐྱེད། སྒོམ་ལམ་ན་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་པའི་ལམ་ན་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དེ་ལམ་ལྔའི་རྗེས་སུ་འགྲོ་བའི་སེམས་བསྐྱེད་ལྔ་གསུངས་ཏེ། ཉི་ཁྲི་ལས། ལས་དང་པོ་པའི་ཞེས་པ་ནས་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། རབ་འབྱོར་འདི་ལ་མ་ཞུགས་པ་གཞུག་པར་བྱའོ། །ཞུགས་པ་ཡོངས་སུ་སྦྱང་བར་བྱའོ། །ལྷའི་མིག་བསྐྱེད་པར་བྱའོ། །འཕགས་པའི་ལམ་བདེན་པ་སྒོམ་པར་བྱའོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་ཐོབ་པར་བྱའོ། །ཞེས་སོ། །དྲུག་ཏུ་དབྱེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་ནས་དེ་སྙེད་ཀྱི་གྲངས་ཏེ། དེ་ཉིད་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སེམས་ཡངས་པ། ཚད་མེད་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་དུ་མ་གྱུར་པ་སྟེ་ཞེས་སོ། །དེ་ཡང་རང་དོན་དུ་སྦྱིན་སོགས་སྒྲུབ་པ་ཉན་རང་ལའང་ཡོད་ཀྱང་དེ་ནི་བྱང་ཆུབ་དམ་པའི་གཏན་གྱི་གེགས་སུ་ཆེ་བའི་ཚུལ། དམྱལ་བར་འགྲོ་བ་བྱང་ཆུབ་ལ། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །འདི་གཉིས་གཏན་གྱི་གེགས་སུ་འགྱུར། །ཞེས་བཤད་པ་ལྟར་རོ། །ཡང་མོས་སྤྱོད་ཀྱིས་ཚོགས་སྦྱོར་གཉིས་དང་། འཕགས་པ་སློབ་པའི་ས་བཅུ་པོ་སོ་སོའི་ས་མཚམས་ན་ལྷག་པར་གྱུར་པའི་ཡོན་ཏན་གྱི་སྒོ་ནས་དེ་དང་ལྡན་པའི་སེམས་བསྐྱེད་ལ་དབྱེ་བ་ཉི་ཤུ་རྩ་གཉིས་སུ་ཕྱེ་བའི་ཚུལ་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་དེ་དག་དཔེ་ཡིན་ལ། དཔེ་དེས་མཚོན་པའི་སེམས་བསྐྱེད་ཀྱི་གྲོགས་གཉིས་དང་། དཔེ་དང་དཔེ་ཅན་གཉིས་ཀྱི་ཆོས་མཐུན་པ་ཉི་ཤུ་རྩ་གཉིས་རྣམས་རིམ་བཞིན་སྦྱར་ནས་འཆད་དེ། གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་བའི་སེམས་བསྐྱེད་ཆོས་ཅན། དཔེ་ས་ལྟ་བུ་ཡིན་ཏེ། ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར། དེ་བཞིན་དུ་གཞན་ལའང་སྦྱར་ཏེ། གྲོགས་གཞན་ལ་ཕན་ཕྱིར་ཕྱིན་དྲུག་ལ་སྦྱོར་འདོད་ཀྱི་བསམ་པ་དང་མཚུངས་ལྡན༴ དཔེ་གསེར་ལྟ་བུ༴ ཆོས་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པའི་ཕྱིར། གྲོགས་བསམ་པ་དེ་ཉིད་ལྷག་པར་གྱུར་པས་ལྷག་པའི་བསམ་པ་དང་༴ དཔེ་ཟླ་བ་ཚེས་པ་ལྟ་བུ༴ ཆོས་དཀར་པོའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བའི་ཕྱིར། གྲོགས་ཕར་ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་སྦྱོར་བ་དང་༴ དཔེ་མེ་ལྟ་བུ༴ ཆོས་ཤིང་གི་བྱེ་བྲག་གི་མེ་བཞིན་གོང་ནས་གོང་དུ་འགྲོ་བའི་ཕྱིར། གྲོགས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་གཏེར་ལྟ་བུ༴ ཆོས་མི་ཟད་ཅིང་རེ་བ་སྐོང་བའི་ཕྱིར། གྲོགས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། ཆོས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར། གྲོགས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་མཚོ་ལྟ་བུ༴ ཆོས་མེ་མཚོན་ལ་སོགས་པའི་གནོད་པས་མི་ཚུགས་པའི་ཕྱིར། གྲོགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་རྡོ་རྗེ་ལྟ་བུ་ཡིན་ཏེ། ཆོས་མི་ཤིགས་ཤིང་སྲ་བ་ཉིད་ཀྱིས་གང་ལའང་ཐོགས་པ་མེད་པའི་ཕྱིར། གྲོགས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་རི་ལྟ་བུ༴ ཆོས་རྣམ་རྟོག་གི་རླུང་གིས་མི་གཡོ་བའི་ཕྱིར། གྲོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་སྨན་ལྟ་བུ༴ ཆོས་ཉོན་མོངས་པའི་ནད་སེལ་བའི་ཕྱིར། གྲོགས་ཐབས་ལ་མཁས་པ་དང་༴ དཔེ་བཤེས་གཉེན་ལྟ་བུ༴ ཆོས་དུས་ཐམས་ཅད་དུ་ཕན་པ་འབའ་ཞིག་བསྒྲུབ་པའི་ཕྱིར། གྲོགས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་ཡིད་བཞིན་གྱི་ནོར་བུ༴ ཆོས་གང་ལྟར་འདོད་པའི་དོན་ཐམས་ཅད་འགྲུབ་པའི་ཕྱིར། གྲོགས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་ཉི་མ་ལྟ་བུ༴ ཆོས་གདུལ་བྱའི་རྒྱུད་ཀྱི་ལོ་ཏོག་ཐམས་ཅད་བསྐྱེད་པའི་ཕྱིར། གྲོགས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་༴ དཔེ་གླུ་དབྱངས་ལྟ་བུ༴ ཆོས་ཀུན་གྱི་ཡིད་དང་མཐུན་པར་ཆོས་སྟོན་པའི་ཕྱིར། གྲོགས་མངོན་པར་ཤེས་པ་དང་༴ དཔེ་རྒྱལ་པོ་ལྟ་བུ༴ ཆོས་བྱ་བ་ཐམས་ཅད་ལ་རང་དབང་དང་བཅས་པའི་ཕྱིར། གྲོགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་༴ དཔེ་མཛོད་ཁང་ལྟ་བུ༴ ཆོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པའི་གནས་ཡིན་པའི་ཕྱིར། གྲོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་༴ དཔེ་ལམ་པོ་ཆེ་ལྟ་བུ༴ ཆོས་དུས་གསུམ་གྱི་འཕགས་པ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར། གྲོགས་ཞི་གནས་དང་ལྷག་མཐོང་དང་༴ དཔེ་བཞོན་པ་བཟང་པོ་ལྟ་བུ༴ ཆོས་མཐའ་གཉིས་སུ་མི་གོལ་བར་དབུ་མའི་ལམ་དུ་འགྲོ་བའི་ཕྱིར། གྲོགས་གཟུངས་དང་སྤོབས་པ་དང་། དཔེ་བཀོད་མའི་ཆུ་ལྟ་བུ༴ ཆོས་ཆོས་ཀྱི་ཚིག་དོན་མི་ཟད་པར་འཛིན་ཅིང་གཞན་ལ་སྟོན་པའི་ཕྱིར། གྲོགས་ཆོས་ཀྱི་དགའ་སྟོན་དང་༴ དཔེ་སྒྲ་སྙན་ལྟ་བུ༴ ཆོས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། གྲོགས་བགྲོད་པ་གཅིག་པའི་ལམ་དང་༴ དཔེ་ཆུ་བོ་ལྟ་བུ༴ ཆོས་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་ངང་གིས་འབབ་པའི་ཕྱིར། གྲོགས་ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་སྤྲིན་ལྟ་བུ་ཡིན་ཏེ། ཆོས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་ཕྱིར་རོ། །ཞེས་སོ། །དེ་དག་གི་ས་མཚམས་ནི། དང་པོ་གསུམ་ཚོགས་ལམ་གསུམ། སྦྱོར་བ་མེ་ལྟ་བུ་སྦྱོར་ལམ། དེ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་ས་བཅུ། མངོན་ཤེས་སོགས་ལྔ་དག་པ་ས་གསུམ་སྤྱི་ལ་ཡོད། ཆོས་ཀྱི་དགའ་སྟོན་སོགས་གསུམ་ས་བཅུ་པ་ཁོ་ན་ལ་ཡོད་དོ། །ཡང་མི་ཟད་པ་བརྒྱད་ཅུ་དང་སྦྱར་ན་འདུན་པ་ནས་ཤེས་རབ་ཀྱི་བར་སྔར་དང་འདྲ་ལ། དེ་ནས་ཚད་མེད་པ་བཞི་བཤེས་གཉེན་ལྟ་བུ་ཡིན་ཏེ། གནས་སྐབས་ཐམས་ཅད་དུ་ཕན་པར་འདོད་པའི་ཕྱིར། མངོན་པར་ཤེས་པ་ལྔ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། གཞན་དོན་བསྒྲུབ་པ་ལ་མཐུ་ཐོབ་པའི་ཕྱིར། བསྡུ་དངོས་བཞི་ཉི་མ་ལྟ་བུ་ཡིན་ཏེ། གདུལ་བྱའི་རྒྱུད་ཀྱི་ལོ་ཏོག་འཕེལ་བར་བྱེད་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་བཞི་གླུ་དབྱངས་ལྟ་བུ་ཡིན་ཏེ། གདུལ་བྱའི་འདུལ་བའི་ཆོས་སྟོན་པའི་ཕྱིར། རྟོན་པ་བཞི་རྒྱལ་པོ་ལྟ་བུ་ཡིན་ཏེ། ཀུན་གྱི་ཡིད་ཆེས་པའི་གནས་ཡིན་པའི་ཕྱིར། ཚོགས་གཉིས་བྱང་ཕྱོགས་ཞི་ལྷག་གསུམ་འདྲ་ལ། གཟུངས་དང་སྤོབས་དང་ལྡན་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་ཆོས་མཐུན་པར་ཐོས་པ་དང་། མ་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་ཞིང་མི་ཟད་པར་འབྱིན་པའི་ཕྱིར་རོ། །ཆོས་ཀྱི་སྡོམ་བཞི་སྟོན་པ་སྒྲ་སྙན་ལྟ་བུ་སྟེ། གདུལ་བྱའི་ཡིད་དང་མཐུན་པའི་ཆོས་སྟོན་པའི་ཕྱིར། ལྷག་མ་གཉིས་ཀྱང་འདྲའོ། །འདིར་བཤད་པ་ཀུན་བསྡོམས་ན་བརྒྱད་ཅུ་ཡོད་པ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ལ་ཟད་མི་ཤེས་པ་ཡོད་པས་མི་ཟད་པ་བརྒྱད་ཅུ་ཞེས་བྱ་སྟེ་བློ་གྲོས་མི་ཟད་པའི་མདོ་ལས་བྱུང་བའོ། །དེ་ལས་གཞན་རྣམས་གོ་སླ་ལ། རྟོན་པ་བཞི་ནི། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའོ། །རྟོན་ཅེས་པ་ནི་ཡིད་ཆེས་པར་བྱ་བའི་དོན་ཏོ། །ཆོས་ཀྱི་སྡོམ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །འདིར་ས་མཚམས་ཀྱིས་དབྱེ་བའི་སེམས་བསྐྱེད་ལ་བཤད་ཚུལ་གཉིས་བྱུང་བའི་སྔ་མ་ནི་ཡུམ་གྱི་མདོ་དང་སྦྱར་བ་ཡིན་ལ། ཕྱི་མ་ནི་བློ་གྲོས་མི་ཟད་པའི་མདོ་དང་སྦྱར་བའོ། །གང་ལྟར་ཡང་འདུན་པ་ལ་སོགས་པ་རྣམས་ནི་གྲོགས་ཡིན་པས། སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སེམས་བསྐྱེད་ཡིན་ལ། གྲོགས་རྣམས་ནི་སྐབས་དེ་དང་དེར་ལྷག་པར་གྱུར་པ་ཙམ་སྟེ། དཔེར་ན་ས་དང་པོ་ལ་སྦྱིན་པ་ལྷག་པར་གྱུར་པ་ལྟ་བུའོ། །འདི་དག་ལ་དཔལ་ཡེ་ཤེས་གྲགས་པ་ལ་སོགས་པས། དང་པོ་གསུམ་སྨོན་སེམས་དང་ལྷག་མ་བཅུ་དགུ་འཇུག་སེམས་སུ་བཞེད་ཀྱང་། འདིར་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་དེ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ཀྱི་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ལ་བསམ་པས་སྨོན་པའི་ཆ་དང་འཇུག་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་ཡོད་པས་དེ་གཉིས་པོ་རེ་རེ་ལ་ཐམས་ཅད་འདུ་བ་ཡིན་ནོ། །དེའང་དཔེར་ན་འདུན་པ་ལའང་བློས་བྱང་ཆུབ་ལ་འདུན་པ་ཙམ་ནི་སྨོན་པའི་སེམས་ཡིན་ལ། འདུན་པ་དེས་དྲངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཞན་ལ་སློབ་པའི་ཆ་ནས་འཇུག་སེམས་ཡིན་ནོ། །གཉིས་པ་ཕན་ཡོན་གྱི་དབྱེ་བ་ལ་གཉིས་ཏེ། སྨོན་སེམས་ཀྱི་ཕན་ཡོན་དང་། འཇུག་སེམས་ཀྱི་ཕན་ཡོན་ནོ། །དང་པོ་ནི། གང་ཟག་གང་ཞིག་རང་ཉིད་ཁོ་ན་ལྷའི་བདེ་བ་ལ་སོགས་པའི་འཇིག་རྟེན་པའི་ལེགས་པའི་ཡོན་ཏན་དོན་དུ་གཉེར་ནས་རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ཏེ་རྒྱུན་དུ་སྒོ་ཕྱེ་བའི་ལོངས་སྤྱོད་ཀྱི་ཁང་པའི་ནང་ནས་སློང་མོ་བའི་གང་ཟག་རྣམས་ཀྱི་ཡིད་ལ་ཟས་གོས་སོགས་གང་འདོད་པ་ཐམས་ཅད་སྟེར་བའི་སྒོ་ནས་ཐམས་ཅད་ཚིམ་པར་བྱེད་པ་ལས་དེ་དག་གི་སེམས་ལ་འཁྲུགས་པ་ཅུང་ཟད་ཀྱང་མི་སྟེར་བ་མགོན་མེད་ཟས་སྦྱིན་ལྟ་བུ་དེ་ལ། སྦྱིན་པའི་དོན་དུ་སྒོ་ལ་གཏན་པ་མེད་པར་བྱས་པའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་པོ་ཞེས་བསྔགས་ཤིང་བཀུར་སྟི་བྱེད་པར་འོས་པ་དང་། མཆོད་སྦྱིན་དེ་ལྟ་བུ་གཅིག་གིས་འདོད་ཁམས་ཀྱི་དབང་ཕྱུག་ཏུའང་འགྱུར་ན། མཐའ་དག་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ཏེ་དེ་རྣམས་ལ་ཕན་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་སྨོན་པའི་སེམས་རྒྱུན་ཆགས་སུ་ཡོད་ན་སྨོས་ཅི་དགོས་ཀྱང་ཐང་ཅིག་ཙམ་སྐྱེས་པས་ཀྱང་གནས་སྐབས་ངན་སོང་དུ་འགྲོ་བའི་རྒྱུ་སྡིག་པ་ཟད་ནས་དེར་སྐྱེ་བའི་སྒོ་གཅོད་ཅིང་ལྷ་དང་མིའི་གནས་རིགས་སུ་སྐྱེས་ནས་ཚེ་རིང་ཞིང་ནད་མེད་ལ་ལོངས་སྤྱོད་དང་ལྡན་པ་ལ་སོགས་པའི་བདེ་བ་ལ་བརྟེན་ཅིང་ཕན་པའི་བསམ་པ་བཟང་པོའི་རྒྱུ་མཐུན་གྱི་འབྲས་བུའི་ཡོན་ཏན་ཟད་མི་ཤེས་པ་གོང་དུ་འཕེལ་ནས་ནམ་ཞིག་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུ་ཡང་བྱེད་དོ། །མདོར་བསྡུ་ན། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ལས། ཤཱ་ཱར་དྭ་ཏིའི་བུ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངན་དོན་ཙམ་དང་ཅུང་ཟད་ཙམ་མ་ཡིན་ཏེ། འདི་ལྟར་བསྐལ་པ་བརྒྱའ་མ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱིས་ཀྱང་བརྗོད་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ཤེས་པ་ལྟ་ག་ལ་འགྱུར། ཞེས་དང་། ཡུམ་བརྒྱད་སྟོང་པ་ལས། དམིགས་པ་ཅན་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་བའི་རྩ་བ་བྱས་པ་བས། གཞན་འགའ་ཞིག་གིས་ཉི་མ་གཅིག་གམ་ཉི་མ་ཕྱེད་དམ། སེ་གོལ་གཏོགས་པ་གཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསོད་ནམས་ཆེའོ། །ཞེས་སོ། །གཉིས་པ་འཇུག་སེམས་ཀྱི་ཕན་ཡོན་ནི། སྨོན་སེམས་དེ་ལས་ཀྱང་ཁྱད་པར་འཇུག་པའི་སེམས་ཀྱི་ཡོན་ཏན་ནི་མཐའ་ཡས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་སོ། །ཇི་ལྟར་ཞེ་ན། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བསམ་པ་ཙམ་མ་ཡིན་པར་དེའི་ཆེད་དུ་དངོས་སུ་རྒྱུ་ཕྱིན་དྲུག་ལ་སྦྱོར་བར་དམ་བཅའ་བས་ཁྱབ་པའི་འཇུག་སེམས་དེ་ཆོ་ག་ལ་བརྟེན་ནས་བླངས་པ་གང་ནས་བཟུང་སྟེ། ཕྱིར་ལྡོག་པ་མེད་པའི་སེམས་ཀྱིས་མཐའ་ཡས་པའི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་སར་སྒྲོལ་བ་ལ་དམ་བཅའ་བར་ཤིན་ཏུ་ཡིད་བརྟན་པ་རྒྱུད་ལ་ཐོབ་པའི་སྟོབས་ཀྱིས། དུས་དེ་ནས་བཟུང་སྟེ་བག་མེད་ཅིང་རྣམ་པར་གཡེང་བ་དང་གཉིད་ལོག་པ་ལ་སོགས་པའི་སྤྱོད་ལམ་ལུང་མ་བསྟན་པར་གྱུར་ཀྱང་བྱང་ཆུབ་ཆེན་པོའི་རྒྱུ་བསོད་ནམས་ཀྱི་ཤུགས་བར་མ་ཆད་པར་རྒྱུན་ཆགས་སུ་ཡོད་པར་གསུངས་པས་ན་དགེ་བ་གང་ཡང་གནས་སྐབས་དེར་སེམས་བསྐྱེད་མངོན་གྱུར་བས་མ་ཟིན་ཀྱང་སྔར་ཐོབ་ལ་མ་ཉམས་པ་ཡོད་པའི་མཐུས་ཆུ་ཐིགས་ཆུ་བོ་ཆེན་པོ་ལ་འདྲེས་པ་བཞིན་ཐེག་ཆེན་ཐར་པ་ཆ་མཐུན་གྱི་དགེ་བའི་རྒྱུན་ཉིད་སེམས་བསྐྱེད་པ་པོ་དེའི་སེམས་རྒྱུད་དུ་འབྲེལ་བར་འགྱུར་བ་ཡིན་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་བརྩམས་པ་ཐམས་ཅད་དོན་ཡོད་པ་སྟེ་རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་ས་ལས་ཀྱང་འཐད་པ་དང་བཅས་པར་བཤད་དེ། ཇི་སྐད་དུ། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་ཏེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །འདི་ནི་འཐད་པ་དང་བཅས་པར། །ལེགས་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་སོ། །གསུམ་པ་བློ་སྟོབས་ཀྱི་དབྱེ་བ་ནི། སྤྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་བསྒྲུབ་པ་ནི་སྙིང་རྗེ་ཆེན་པོ་ལ་སོགས་པའི་ཐབས་མཁས་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྟོབས་ཀྱིས་དུས་ཐུང་ངུ་ལ་སྤྱོད་པའི་སྒོ་རེ་རེར་བསླབས་པས་ཀྱང་ཐབས་ཤེས་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་བསྐལ་པ་མང་པོར་སྒྲུབ་དགོས་པའི་ཚོགས་ཀྱང་འདུམས་པར་འགྱུར་ལ། དེ་ཡང་བྱང་སེམས་ལམ་གྱི་མུ་ཚོད་ཀྱིས་མཐར་ཐུག་གི་འབྲས་བུའི་སར་མྱུར་དུ་ཕྱིན་པ་མ་ཡིན་པ་དང་ཡིན་པའི་སྒོ་ནས་དབྱེ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་དང་དཔེ་ལྔའི་སྒོ་ནས་བསྟན་པའི་ཚུལ་འདིར་ཡང་བསྟན་ཏེ། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་དུ་གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དང་། ཉི་མ་དང་ཟླ་བ་ལྟ་བུས་འགྲོ་བ་དང་། སོགས་ཁོངས་ནས་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བའོ། །དེ་ལས་སྔ་མ་གཉིས་ནི་ཕྱིར་ལྡོག་ལ། ཕྱི་མ་གསུམ་ཕྱིར་མི་ལྡོག་པའོ། །དང་པོ་ནི་སྐྱེས་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ལྔའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་སོང་བས་ཡུན་རིང་མོ་ནས་དཔག་ཚད་བརྒྱར་ཕྱིན་པ་ལས། ཕྱིར་དཔག་ཚད་བརྒྱར་ཚུར་རླུང་གིས་ཕུལ་ནས་སོང་ན་དེས་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་མི་ནུས་པ་ལྟར་ཐེག་ཆེན་གྱི་སྡེ་སྣོད་མི་འཛིན་མི་ཀློག་ཁ་ཏོན་མི་བྱེད་ཚུལ་བཞིན་ཡིད་ལ་མི་བྱེད་པར་ཉན་ཐོས་དག་ལ་བརྟེན་ཅིང་ཉན་ཐོས་ཀྱི་སྡེ་སྣོད་ཀློག་པ་ལ་སོགས་པ་སྟེ། དེ་ནི་བྱང་ཆུབ་ལས་ཕྱིར་ལྡོག་གོ། །ཡང་ལ་ལ་ཞིག་འཇིག་རྟེན་གྱི་ཁམས་དེ་སྙེད་འདའ་བར་འདོད་ནས་གླང་པོ་ཆེའི་ཤིང་རྟ་ལ་གཞོན་ཏེ་སོང་ནས་ལོ་བརྒྱས་དཔག་ཚད་ཉིས་སྟོང་དུ་སོང་ནས་སྔར་ལྟར་ཕྱིར་དེད་པ་ལྟར་ཐེག་པ་ཆེ་ཆུང་མཉམ་པར་ཀློག་པ་སོགས་བྱེད་པའང་བྱང་ཆུབ་ལས་ཕྱིར་ལྡོག་གོ། །ཡང་སངས་རྒྱས་ཀྱི་ཞིང་དེ་སྙེད་འདའ་བར་འདོད་པས་ཉི་མ་དང་ཟླ་བའི་རླུང་གི་ཤིང་རྟས་སོང་ན་ཡུན་རིང་མོ་ནས་སླེབ་པ་ལྟར། ཉན་ཐོས་ཀྱི་ཐེག་པ་ཚིག་གཅིག་ཙམ་ཡང་ཀློག་པ་སོགས་མི་བྱེད་པ་ནི་རིང་མོ་ཞིག་ནས་རྫོག་པའི་བྱང་ཆུབ་འགྲུབ་པའོ། །ཞིང་དེ་དག་འདའ་བར་འདོད་ནས་ཉན་ཐོས་ཀྱི་རྫུ་འཕྲུལ་གྱིས་འགྲོ་ན་སྔ་མ་ལས་མྱུར་ཡང་ཧ་ཅང་མྱུར་དུ་འདའ་མི་ནུས་པ་ལྟར་ཐེག་པ་ཆེན་པོ་འབའ་ཞིག་ཀློག་པ་སོགས་བྱེད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པ་དང་ཞེས་ས་བསྟེན་ཅིང་ཆོས་ཚོལ་ལ། སྲོག་གི་ཕྱིར་ཡང་ཐེག་ཆེན་མི་སྤོང་ཞིང་བྱང་ཆུབ་སེམས་དཔའ་མ་ལོབས་པ་རྣམས་ལ་མི་བརྙེས་པ་དེ་ནི་སྔ་མ་ལས་ཆེས་མྱུར་བར་རྫོགས་བྱང་འགྲུབ་པའོ། །ཡང་ཞིང་དེ་དག་འདའ་བར་འདོད་ནས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་ན་སེམས་ཀྱི་སྐད་ཅིག་གིས་ཕྱིན་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མོས་ཤིང་གཞན་དོན་འབའ་ཞིག་སེམས་པས་བྱམས་སྙིང་རྗེ་ཕྱིན་དྲུག་རྟོན་པ་བཞི་སོགས་ལ་རང་གནས་ནས་གཞན་ཡང་འགོད་པ་ནི་ཆེས་མྱུར་བར་རྫོགས་པའི་བྱང་ཆུབ་འགྲུབ་པའོ། །དེ་ཡང་དང་པོ་གཉིས་སོ་སྐྱེ་མི་བརྟན་པ། གསུམ་པ་སོ་སྐྱེ་བརྟན་པ། བཞི་པ་མ་དག་ས་བདུན་པ། ལྔ་པ་དག་པ་ས་གསུམ་ལ་གནས་པའོ། །དེ་ལྟར་ཐེག་པ་ཆེན་པོའི་ས་ལམ་བགྲོད་པའི་བརྟུལ་ཞུགས་ཏེ་ཚུལ་མྱུར་བ་དང་བུལ་བ་མཐའ་ཡས་པ་ཡོད་པ་ལྟར་གང་ཟག་སོ་སོའི་སེམས་བསྐྱེད་པའི་བློ་སྟོབས་ཆུང་འབྲིང་ཆེན་པོའི་དབྱེ་བས་ཡང་གསུམ་སྟེ་འོག་ཏུ་འཆད་པར་འགྱུར་རོ། །དེ་ཡང་བློ་སྟོབས་ཤིན་ཏུ་ཆེན་པོོའི་ཐབས་ལ་མཁས་པ་དང་། བརྩོན་འགྲུས་ཕུལ་དུ་བྱུང་བ་དང་། ཤེས་རབ་ཟབ་ཅིང་རྣོ་བའི་སྟོབས་ཀྱིས་མྱུར་བའི་ཚད་གྲངས་མེད་གསུམ་གྱི་དམ་བཅའ་བཞག་པའང་འཇིག་པར་འགྱུར་ཏེ་དེ་ཙམ་ཡང་མི་ཐོགས་པ་ཡིན་ནོ་ཞེས་པའམ། ཡང་ན་གྲངས་མེད་གསུམ་གྱིས་སྒྲིབ་གཉིས་ཀྱིས་དམ་ལ་བཞག་པ་མཐའ་དག་འཇིག་པའི་ཚུལ་གྱིས་འཚང་རྒྱ་བ་ཡིན་ནོ། །ཞེས་པའི་དོན་ཏོ། །བཞི་པ་སེམས་བསྐྱེད་ཚུལ་བཤད་པ་ལ་གསུམ་སྟེ། སེམས་བསྐྱེད་སྐྱེ་བའི་རྒྱུ། རྟེན་གྱི་གང་ཟག །ཆོ་ག་དངོས་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་མཚན་བརྗོད་པ་དང་། རྒྱུ་དངོས་བསྟན་པའོ། །དང་པོ་ནི། དཔེ་ཇི་ལྟར་ན་འབྲས་བུ་སྨིན་པ་ལས་ས་བོན་དགོས་ཀྱང་། ས་བོན་དེ་ས་ལ་ལྷུང་བའམ་བཏབ་པ་ཙམ་གཙོ་མི་ཆེ་ཡི་རྐྱེན་ཆུ་ལུད་དྲོད་གཤེར་སོགས་དང་འཛོམས་ནས་དེ་ལ་འབྲས་བུ་སྨིན་པ་གཙོ་ཆེ་བ་ཡིན་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བ་ལ་དང་པོ་བཅོས་ཏེ་སེམས་བསྐྱེད་དགོས་ཀྱང་། བྱང་ཆུབ་ཀྱི་སེམས་མཆོག་དེ་བསྐྱེད་པ་ཙམ་ནི་སོ་སོའི་སྐྱེ་བོའི་རྒྱུད་ལ་བྱང་ཆུབ་དམ་པའི་ས་བོན་བཞག་པ་ཙམ་ཡིན་གྱི། ལམ་གཞན་གྱིས་བར་མ་ཆོད་པར་མཐར་ཐུག་གི་འབྲས་བུ་ཐོབ་པའི་ངེས་པ་མེད་པས་མི་གཙོ་སྟེ། སེམས་བསྐྱེད་དེ་མི་ཉམས་ཤིང་གོང་དུ་འཕེལ་བ་ལ་དམན་པའི་ལམ་གེགས་སུ་ཆེ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་ཉན་རང་གི་ལམ་ནི་ཉོན་མོངས་པ་བྱེ་བྲག་པའི་གཉེན་པོ་ཙམ་དུ་འགྲོ་བ་དཔེར་ན་སྨན་གྱི་བྱེ་བྲག་ཐ་དད་པ་རེས་ནད་བྱེ་བྲག་པ་རེ་སེལ་བ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ནི་ལྷའི་བདུད་རྩི་དང་མཚུངས་ཏེ། དེས་ནད་མཐའ་དག་པ་དྲུངས་ནས་འབྱིན་པ་ལྟར་སྒྲིབ་པ་མཐའ་དག་གི་གཉེན་པོར་འགྲོ་ཞིང་སངས་རྒྱས་ཐོབ་པར་བྱེད་པའི་རྒྱུ་མ་ནོར་བ་ཡིན་པས་སོ། །དེས་ན་དམན་ལམ་གྱིས་འཕྲོག་མི་ནུས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེས་པ་ནི་གཙོ་ཆེ་བ་ཡིན་ནོ། །གཉིས་པ་སེམས་བསྐྱེད་སྐྱེ་བའི་རྒྱུ་དངོས་ནི། དེ་ལ་སྟོབས་རྣམ་པ་གསུམ་ལས་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པ་རྒྱུད་ལ་སྐྱེ་བར་འགྱུར་བས་ན། ཐོག་མར་སེམས་ཀྱི་སྐད་ཅིག་རེ་རེ་ལའང་དྲན་པ་དང་ཤེས་བཞིན་རྒྱུན་མི་འཆད་པས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བྱམས་པ་ལ་བརྟེན་ནས་སྙིང་རྗེ་ཆེན་པོའི་བློ་སྦྱང་བར་བྱ་སྟེ། དེ་ལྟར་མ་བྱས་ན་དབང་རྟུལ་ལས་དང་པོ་པ་རྣམས་ལ་སེམས་བསྐྱེད་རྣལ་མ་མི་སྐྱེ་ལ། དེ་མ་སྐྱེས་ན་ཤེས་རབ་ཟབ་མོ་དང་ཡང་འབྲེལ་ཆད་པར་འགྱུར་བས་སོ། །དེ་ལྟར་གོམས་པས་སྙིང་རྗེ་ཆེ་བར་གྱུར་བ་ནི་བྱང་ཆུབ་སེམས་ཀྱི་རྩ་བ་དང་། བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའི་ཞེས་སོ། །དེ་བཞིན་དུ་བསོད་ནམས་ཀྱི་ཚོགས་བསགས་པ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་ཡི། བསོད་ནམས་མེད་པ་ལ་ནི་མ་ཡིན་ཏེ། དཔེར་ན་དབུལ་པོ་ཐ་ཆད་ཀྱི་ཁྱིམ་དུ་རྒྱལ་པོ་མངའ་ཐང་ཅན་མགྲོན་དུ་འབོད་མི་འོས་པ་ལྟ་བུའོ། །དེས་ན་སངས་རྒྱས་རྣམས་ཀྱིས་སྔོན་ཐུགས་བསྐྱེད་པའི་དུས་སུ་ཆེ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཕུལ་བ་ནས་ཆུང་སྟེ་འགའ་ཞིག་དབུལ་པོར་གྱུར་པ་ན་རྩྭའི་སྒྲོན་མེ་ཕུལ་ནས་ཐུགས་བསྐྱེད་པ་སོགས་ཚོགས་བསགས་པ་སྔོན་དུ་བཏང་བ་ལྟར་རྒྱུན་དུ་ཐབས་སྣ་ཚོགས་པའི་སྒོ་ནས་ཚོགས་བསགས་པ་ལ་འབད་ཅིང་། སེམས་བསྐྱེད་ལེན་པའི་དུས་སུའང་ཅི་འབྱོར་པའི་མཆོད་པ་དངོས་སུ་བཤམས་པས་མཚོན་ཡན་ལག་བདུན་པ་ལ་སོགས་པའི་ཚོགས་བསགས་ཁྱད་པར་ཅན་ངག་འདོན་གྱི་ཚིག་བཏོན་པ་ཁོ་ན་ཙམ་མ་ཡིན་པར་གནད་དུ་སྨིན་པར་བྱ་དགོས་གསུངས། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྡིག་པ་ཟིལ་གྱིས་གནོན་པའི་རྟེན་གྱི་སྟོབས་ཀྱང་ཡིན་ལ་སྡོམ་པ་ཀུན་གྱི་རྟེན་གཞི་ཡང་ཡིན་པས་སྔོན་དུ་འགྲོ་དགོས་པར་མ་ཟད་སྐབས་འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྟེན་ནམ་རྒྱུར་བྱས་ནས་ལེན་པ་སྟེ། དེ་རྣམས་ལ་གོ་རིམ་བཞིན་དུ་བསམ་པའི་སྟོབས་དང་། སྦྱོར་བའི་སྟོབས་དང་། རྒྱུ་ཡི་སྟོབས་ཞེས་སུ་བཤད་པ་ཡིན་ནོ། །གཞན་ཡང་མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གྲོགས་དགེ་བའི་བཤེས་གཉེན་གྱིས་བསྐུལ་བའི་སྟོབས་ལས་སེམས་བསྐྱེད་པ་དང་། རྒྱུ་རིགས་སད་པའི་སྟོབས་དང་། སྔོན་དགེ་བའི་རྩ་བ་གོམས་པའི་སྟོབས་དང་། ཐེག་ཆེན་གྱི་སྡེ་སྣོད་ལ་ཐོས་པ་བྱས་པའི་སྟོབས་དང་། ད་ལྟ་ཚོགས་བསགས་པའི་དགེ་བ་གོམས་པའི་སྟོབས་ལས་སྐྱེ་བ་སྟེ་སྟོབས་ལྔར་བཤད་ཅིང་། སློབ་དཔོན་ཐོགས་མེད་ཀྱིས་སྙིང་རྗེ་པད་དཀར་དང་ཆོས་བཅུ་པའི་མདོའི་རྗེས་སུ་འབྲངས་ནས་རྐྱེན་བཞི་དང་སྟོབས་བཞི་ལས་སྐྱེ་བར་གསུངས་ཏེ། རྐྱེན་བཞི་ནི། དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པ་དང་། དེ་བཞིན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་མཐོང་ནས་དང་། དམ་པའི་ཆོས་འཇིག་པའི་ཉེས་དམིགས་མཐོང་ནས་དང་། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པའོ། །སྟོབས་བཞི་ནི། ཐེག་ཆེན་གྱི་རིགས་སད་པ་རྒྱུའི་སྟོབས་དང་། སྐྱེས་བུ་དམ་པ་ལ་བསྟེན་ཅིང་དེ་ལས་ཆོས་ལ་ཐོས་ཤིང་དེའི་དོན་ལ་སེམས་པ་སོགས་སྦྱོར་བའི་སྟོབས་དང་། རང་གི་དགེ་བ་གོམས་པའི་མཐུ་རང་གི་སྟོབས་དང་། གཞན་གྱིས་བསྐུལ་བའི་མཐུས་སེམས་བསྐྱེད་པ་གཞན་གྱི་སྟོབས་སོ། །དེ་དག་གི་དོན་ཉེ་བར་བསྡུ་ན། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་གསུམ་ནི་སེམས་བསྐྱེད་སྐྱེ་བའི་རྒྱུ་མ་ནོར་བ་ཡིན་པར་རིག་པར་བྱའོ། །གཉིས་པ་རྟེན་གྱི་གང་ཟག་ནི། སེམས་བསྐྱེད་སྐྱེ་བའི་རྟེན་གྱི་གང་ཟག་ནི། སེམས་ཙམ་པའི་ལུགས་དང་དབུ་མ་པའི་ལུགས་སུ་གྲགས་པ་གཉིས་སུ་རྣམ་པ་གཉིས་བསྟན་ཏེ། དང་པོ་ལྟར་ན་སྨོན་སེམས་ཙམ་ལ་མ་ངེས་ཀྱང་། འཇུག་སྡོམ་མ་ཐོབ་པ་ཐོབ་པའི་རྟེན་དུ་ནི། ལམ་སྒྲོན་ལས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱིས་གཞན་དུ་མིན། །ཞེས་པ་ལྟར། སོ་ཐར་རིགས་བརྒྱད་ལས་བསྙེན་གནས་ནི་དུས་ཁྲིམས་ཙམ་ཡིན་པས་རྟེན་དུ་མི་རུང་ལ། གཞན་དགེ་བསྙེན། དགེ་ཚུལ། དགེ་སློང་གསུམ་པོ་རེ་རེ་ལ་ཕ་མ་གཉིས་རེར་ཕྱེ་བའི་དྲུག་དང་། དགེ་སློབ་མའི་སྡོམ་པ་སྟེ་རིགས་བདུན་པོ་གང་རུང་གི་སྡོམ་ལྡན་ནམ། ལུགས་གཉིས་པ་ལྟར་ན། དཀོན་མཆོག་ཏཱ་ལ་ལའི་མདོར། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །བྱང་ཆུབ་བླ་ན་མེད་ལའང་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་བསམ་པའིི་རྟེན་གཙོ་ཆེ་བའི་ཚུལ་བཤད་པ་དང་། སྡོང་པོ་བཀོད་པ་དང་། བསྐལ་བཟང་དང་། ནམ་མཁའི་སྙིང་པོའི་མདོ་ལ་སོགས་པར་རྟེན་མ་ངེས་པར་བསྟན་ཅིང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སོ། །དེ་ལྟར་མདོ་དེ་དག་གི་དགོངས་པའི་རྗེས་སུ་ཕྱོགས་ཏེ་ལུས་ཀྱི་རྟེན་མ་ངེས་པར་བཞེད་པ་ནི་དབུ་མ་པའི་ལམ་སྲོལ་ཏེ། དེ་ཡང་ཛེ་ཏཱ་རིས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཞེས་ལུས་སེམས་ཀྱི་སྒོ་ནས་སྨོན་སེམས་བསྐྱེད་རུང་བ་མཐའ་དག་འཇུག་སྡོམ་གྱི་ཡང་རྟེན་དུ་རུང་བས་བསམ་པ་ཕུན་སུམ་ཚོགས་ན་ལུས་རྟེན་སུ་རུང་རུང་ལ་སྐྱེ་བས་འཇུག་པའི་སྒོ་སྔ་མ་ལས་ཡངས་པར་བཤད་པ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་སྲོག་མི་གཅོད་པར་དམ་འཆའ་ནུས་པ་སོགས་སེམས་བསྐྱེད་དེའི་བསླབ་པ་དང་འགལ་བར་མི་བྱེད་པའི་སེམས་ལྡན་ཞིག་མེད་ན་དེ་ལ་སྐྱེ་མི་རུང་སྟེ། དེ་འདྲའི་གང་ཟག་ལ་སྡོམ་པ་ཕོག་ཀྱང་ལྷུང་བའི་སྣོད་ཙམ་དུ་ཟད་པའི་ཕྱིར་རོ། །སྲོལ་གཉིས་པོ་གང་གི་ལུགས་ལའང་ཚོགས་བསགས་པ་ནི་ལྷག་པར་སེམས་བསྐྱེད་སྐྱེ་བའི་ཐབས་སུ་བཞེད་པས་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་བྱང་སྡོམ་ལེན་པའི་དུས་ནུས་པ་ཡོད་ཚད་ཀྱིས་དཀོན་མཆོག་ལ་མཆོད་པ་བསམ་པ་དག་པས་བཤམས་དགོས་ཏེ། སྔོན་བོད་རྣམས་ལོངས་སྤྱོད་དར་ཞིང་རྒྱས་པའི་ཚེ་ནའང་། དགེ་སློང་རྣལ་འབྱོར་སྤྱོད་པ་དཱི་པཾ་ཀཱ་ར་ལ། མང་ཡུལ་དང་ཆོས་འཁོར་ཆེན་པོར་སེམས་བསྐྱེད་ཞུ་དུས་བོད་ཀྱི་མཆོད་པ་ལ་མ་མཉེས་པར། མཆོད་པ་ངན། སེམས་བསྐྱེད་མི་སྐྱེ་གསུངས་ནས་ལན་གཉིས་ཀྱི་བར་དུ་གནས་ཁང་ནས་གཤེགས། མཐར་ནུས་པ་ཡོད་ཚད་སྤྲུགས་པས། དེ་ལ་བརྟེན་དུ་རུང་ཙམ་ཡིན་གསུངས། དེ་བས་ན་བདོག་པ་བཏང་བའི་ཚད་རང་གི་ལོངས་སྤྱོད་ལ་ཆ་གསུམ་དུ་བཅད་པའི་སུམ་ཆ་གཅིག་དཀོན་མཆོག་ལ་མཆོད། སུམ་ཆ་གཅིག་བླ་མ་ལ་ཕུལ། སུམ་ཆ་གཅིག་རང་གི་འཚོ་བའི་རྐྱེན་དུ་བདག་གིར་བྱ་བར་བཤད་དོ། །གསུམ་པ་ཆོ་ག་དངོས་བཤད་པ་ལ་གསུམ་སྟེ། སྦྱོར་བ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་གཉིས་ཏེ། བློ་བཅོས་པ་དང་། ཚོགས་བསགས་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་མཚན་བརྗོད་པ་དང་། བློ་བཅོས་པ་དངོས་སོ། །དང་པོ་ནི། སེམས་བསྐྱེད་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཀུན་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་ཞིང་འདུས་མ་བྱས་པ་བདེ་བར་གཤེགས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སྨིན་རུང་གི་ཚུལ་དུ་ཡོད་པས་ས་བོན་ལ་མྱུ་གུ་བཞིན་དེའི་སྙིང་པོ་ཅན་ཡིན་པས་ཆོ་གའམ་བརྡ་ཅན་གྱི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པས། མཐར་ཐུག་དོན་དམ་པའི་སེམས་བསྐྱེད་མཚན་ཉིད་པ་བསྒོམ་སྟོབས་ཀྱིས་ཐོབ་པའི་ཚུལ། ཟླ་བ་སྒྲོན་མེའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་སོ། །དེ་ཡང་ས་བོན་ལས་མྱུ་གུ་སྐྱེ་བའི་བདག་རྐྱེན་ཆུ་ལུད་ལ་སོགས་པ་ཡིན་པ་ལྟར། རིགས་དེ་མངོན་དུ་སད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བདག་པོའི་རྐྱེན་ནི་ཐེག་ཆེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་རབ་ཏུ་བསྟེན་པས་དེས་སློབ་མའི་བློ་བཅོས་ཏེ་སྡོམ་པ་སྦྱིན་པ་ཡིན་ནོ། །གཉིས་པ་བློ་བཅོས་པ་དངོས་ནི། ཐེག་པ་ཆེན་པོའི་རིགས་ཅན་གྱི་སློབ་མ་རྣམས་ཀྱི་འདོད་པའི་མཆོག་བྱང་ཆུབ་སེམས་ཀྱི་སྡོམ་པ་ཇི་ལྟར་རེ་བ་བཞིན་ཆོ་གའི་སྒོ་ནས་སྦྱིན་ནུས་པའི་ཡིད་བཞིན་ནོོར་བུ་ལྟ་བུའི་བླ་མ་སྡོམ་པ་དང་ལྡན་ལ་ཐེག་པ་ཆེན་པོའི་དོན་ལ་མཁས་པའི་ཡོན་ཏན་མཆོག་མངའ་ཞིང་། བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་ཡོངས་སུ་གང་བ་ནི་ལེན་པའི་ཡུལ་ཏེ། སྡོམ་པ་ནི་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་དེས་ཐོག་༡མར་དགེ་བ་སྲིད་པ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད། བར་༣དུ་དགེ་བ་ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་ཞེན་པ་དགག །མཐའ་༢མར་དགེ་བ་མཐའ་གཉིས་ལ་མི་གནས་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའི་ཆོས་རྣམས་དང་། གཞན་ཡང་རྒྱན་དང་། སྡོང་པོ་བཀོད་པ་དང་། མ་སྐྱེས་དགྲའི་ལེའུ་དང་། འོད་སྲུང་གི་ལེའུ་དང་། རིན་པོ་ཆེའི་ཕུང་པོའི་མདོ་སོགས་ལས་ལེགས་པར་གསུང་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཏུ་མེད་ཅིང་མཐའ་ཡས་པ་བརྗོད་པར་བཤད་པས། དེ་དག་གི་དོན་སྡོམ་དུ་བྱས་ནས། སེམས་མཆོག་བསྐྱེད་པ་དེ་ནི་རྙེད་པར་དཀའ། །སངས་རྒྱས་ཀྱི་ནི་ས་བོན་ལྟ་བུ་དང་། །དཀར་པོའི་ཆོས་རྣམས་འཕེལ་བས་ཞིང་ས་དང་། །ཉེས་པ་བསྲེག་པས་བསྐལ་པའི་མེ་ལྟ་བུ། །མི་དགེའི་ཆོས་རྣམས་ཟད་པས་ས་འོག་དང་། །དོན་རྣམས་བསྒྲུབ་པ་ནོར་བུའི་རྒྱལ་པོ་ལྟར། །བསམ་ཀུན་ཡོངས་སུ་རྫོག་བྱེད་བུམ་པ་བཟང་། །འཁོར་བའི་ཆུ་ལ་རྒྱུ་འདོན་ལྕགས་ཀྱུ་ལྟར། །ལྷ་དང་མི་ཡི་མཆོད་རྟེན་ལྟ་བུ་སྟེ། །མདོར་ན་རྫོགས་སངས་རྒྱས་ཀྱི་ཆོས་ཡོན་ཏན། །ཇི་སྙེད་ཡོད་པ་དེ་ཡང་དེ་སྙེད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་འདི་ལས་སོ། །གསེར་འགྱུར་རྩི་ལྟར་ལས་དང་ཉོན་མོངས་པ། །ཐམས་ཅད་མཁྱེན་པའི་ཁ་དོག་ཉིད་དུ་བྱེད། །སྒྲོན་མེ་ལྟ་བུར་སྒྲིབ་པའི་མུན་པ་ཡང་། །ཡེ་ཤེས་སྣང་བ་གསལ་བར་བྱས་པ་དང་། །ནོར་བུའི་ཅོད་པན་ཐོགས་པའི་ཀླུ་རྒྱལ་ལྟར། །སྙིང་རྗེ་ཅན་ལ་ངན་འགྲོའི་འཇིགས་པ་བྲལ། །ལོངས་སྤྱོད་ཀུན་གྱིས་དབང་གི་རྒྱལ་པོ་ལྟར། །ཇི་སྙེད་དགེ་བས་རིན་མི་ཆོག་པ་དང་། །གང་བའི་སྣོད་དུ་སེང་གེའི་འོ་མ་ལྟར། །བསྐལ་བརྒྱར་བསགས་པའི་ལས་ཉོན་ཀུན་ཟད་འགྱུར། །དཔའ་བོ་བསྟེན་པའི་སྐྱེས་བུ་ཇི་བཞིན་དུ། །སྤྱོད་ངན་དགྲ་ཡིས་མི་འཇིགས་གང་ལགས་དང་། །ཆགས་ཀྱང་ཟིལ་གྱིས་གནོན་པའི་རྡོ་རྗེ་ལྟར། །ལོག་པར་ཞུགས་ཀྱང་གཞན་ལས་ཁྱད་པར་འཕགས། །རྩལ་མ་རྫོགས་ཀྱང་སེང་གེའི་ཕྲུ་གུ་ལྟར། །ཟིལ་གྱིས་གནོན་ཅིང་བདུད་རྣམས་དངས་པར་བྱེད། །ཟླ་བ་བཏང་ནས་སྐར་མའི་གཟུགས་ལ་བཞིན། །ལམ་ཞུགས་བྱང་སེམས་བཏང་ནས་དམན་མི་འོས། །ཟླ་བ་ཚེས་ལ་ཇི་བཞིན་ཉར་མིན་ལྟར། །བྱང་སེམས་ཇི་བཞིན་དེ་བཞིན་གཤེགས་ལ་མིན། །རྐང་ལག་ཇི་བཞིན་སྙིང་ཕྱུང་མ་ཡིན་པ། །དེ་བཞིན་ཉན་ཐོས་མཆོག་དང་བྱང་ཆུབ་སེམས། །འདོད་སྤྱོད་བྱང་ཆུབ་སེམས་དཔའི་ཤིང་རྟ་ལྟར། །རྣམ་པར་ཐར་པའི་སྒོར་གནས་མཆོག་ལའང་མིན། །ཐམས་ཅད་མཁྱེན་པ་ཉིད་ལྡན་ཡོན་ཏན་ནི། །བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ། །དེ་བཞིན་གཤེགས་པས་བརྗོད་ཀྱང་མི་ནུས་ཏེ། །སེམས་ཅན་ཇི་སྙེད་ཡོད་པ་དེ་སྙེད་ལ། །ཕན་པའི་སེམས་ལྡན་བསོད་ནམས་ཕུང་པོ་འཐོབ། །སེམས་ཅན་ཁམས་ནི་ཟད་པ་མེད་ཕྱིར་རོ། །ཞེས་པའོ། །གལ་ཏེ་དེ་ལྟ་བུའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མ་རྙེད་ན་རྒྱལ་བའི་རྟེན་གྱི་དྲུང་དུ་ལེན་རུང་བར་ཡང་སྲོལ་གཉིས་ཀ་མཐུན་ལ། བློའི་ནུས་སྟོབས་ཆེ་བ་དག་གིས་ནི་སངས་རྒྱས་བྱང་སེམས་རྣམས་མདུན་མཁར་དམིགས་ཏེ་ལེན་པའི་ཚུལ་འཇམ་དཔལ་ཞིང་བཀོད་ལས་གསུངས་པ་ལྟར་ལམ་སྒྲོན་དུ་བཤད་དོ། །གཉིས་པ་ཚོགས་བསག་པ་ལ་གསུམ་སྟེ། སྔོན་འགྲོ་སྟ་གོན་དུ་བྱ་བ། བསོད་ནམས་ཀྱི་ཞིང་སྤྱན་དྲང་བ། །ཚོགས་བསག་པ་དངོས་སོ། །དང་པོ་ནི་གང་དུ་སེམས་བསྐྱེད་པའི་གནས་སྔོན་གྱི་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་དང་། རྟེན་ཁྱད་པར་དུ་འཕགས་པ་ཡོད་པའི་གཙུག་ལག་ཁང་ངམ་མིན་ཀྱང་སྡིག་ཅན་གྱི་སྐྱེ་བོས་དབེན་པའི་གནས་སུ་དྲི་བཟང་སྣ་ཚོགས་ཀྱི་ཁུ་བས་སྐྱང་ནུལ་བྱེད་པ་སོགས་བཀོད་པ་མཛེས་ཤིང་སྙིང་དུ་སྡུག་པར་ངོམ་པའི་སྒོ་ནས་གནས་ཁང་བརྒྱན་པའི་ཚུལ་ཡང་། དང་པོ་བྱི་དོར་ལེགས་པར་བྱས་ཤིང་། གུར་གུམ་དང་། དྲི་བཟང་པོའི་སྤོས་ཆུ་དང་། བ་བྱུང་ལྔ་ལ་སོགས་པས་བྲན་ཞིང་ཆག་ཆག་གདབ་པ་དང་བཅས། སྒེག་ཆོས་མ་ཡིན་པར་དཀོན་མཆོག་ལ་གུས་པ་བསྐྱེད་པའི་ཕྱིར་གདོང་ལ་སོགས་པའི་ཡན་ལག་ལྔ་བཀྲུ་ཞིང་གོས་གཙང་མ་བགོས་ལ་གྲགས་འདོད་དང་རློམ་སེམས་ཀྱིས་མ་ཡིན་པར་དཀོན་མཆོག་གསུམ་གྱི་ཡོན་ཏན་འབའ་ཞིག་ཡིད་ལ་སེམས་པ་ཡི་དད་པ་དང་ངེས་ཤེས་དྲག་པོས་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་དང་། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ། བཀྲ་ཤིས་པའི་རྟགས་བརྒྱད། རྫས་བརྒྱད་ལ་སོགས་པའི་མཆོད་པའི་ཚོགས་མང་པོས་ཕྲུ་མ་འདེབས་པ་སྟེ་བཀྲམ་པ་ལ། འདི་ལྟར་ཨེ་མ་ཞིང་གི་རབ་དང་ཕུལ་དུ་གྱུར་པ་དཀོན་མཆོག་ལ་བསྙེན་བཀུར་དུ་ཡོད་པའི་བསོད་ནམས་འདི་ནི་གྱ་ནོམ་པའོ། །དགེ་བའི་རྩ་བ་ཆུད་མི་ཟ་བའོ། །རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་སྙིང་ཐག་པ་ནས་དགའ་ཞིང་དགོད་པར་བྱེད་དོ། །གཉིས་པ་བསོད་ནམས་ཀྱི་ཞིང་སྤྱན་དྲངས་པ་ལ་བཞི་སྟེ། སྤྱན་དྲངས་པ་དངོས། ཁྲུས་གསོལ་བ། གོས་རྒྱན་བྱུག་སོགས་དབུལ་བ། བཞུགས་སུ་གསོལ་བའོ། །དང་པོ་ནི། མཆོག་གསུམ་ལ་སོགས་པའི་བདེན་པའི་སྟོབས་བརྗོད་པས་ས་གཞི་ཐམས་ཅད་དག་པའི་ཞིང་ཁམས་ཀྱི་བཀོད་པ་ལྟར་རྒྱ་ཆེ་ཞིང་རྣམ་པར་དག་པར་གྱུར་བའི་དབུས་སུ་གནས་ཁང་དེ་ཉིད་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞིང་ཁམས་ལས་རྒྱ་ཆེ་བའི་གཞལ་མེད་ཁང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་བསམ་པའི་ནང་དུ་རིན་པོ་ཆེ་དང་པདྨ་ཉི་ཟླ་དར་ཟབ་ཀྱི་ཁྲི་བལྟ་ན་སྡུག་པ་མང་པོས་མཛེས་པར་བསམ་ལ། དམ་ཚིག་གི་རྟེན་རྒྱལ་བ་སྲས་དང་བཅས་པའི་གཟུགས་བརྙན་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་ཅན་ཅི་ཡོད་པ་མཐའ་དག་གནས་ཁང་དེར་བོས་ཏེ་དྲངས་ནས་བཞུགས་སུ་གསོལ་ལ། དད་གུས་རྩེ་གཅིག་པས་ཟླ་བ་སྒྲོན་མའི་མདོ་ལས་བྱུང་བ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་པ་ལ་སོགས་པ་དང་། རིག་པ་མཆོག་ལས་བྱུང་བ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་པ་ལ་སོགས་པའི་ཚིག་གིས་སྤོས་རོལ་དང་བཅས་དབྱིངས་ནས་ཡེ་ཤེས་སེམས་དཔའ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགུག་ཅིང་དྲངས་ནས་དམ་ཚིག་གི་རྟེན་རྣམས་ལ་གཉིས་མེད་དུ་གཞུག་པའི་ཆོ་ག་སྟེ་ཚུལ་ནི། རྒྱལ་བ་སྲས་དང་བཅས་པ་རྣམས་ཆོས་ཀྱི་དབྱིངས་དང་དགོངས་པར་རོ་གཅིག་པས། གང་ནས་བྱོན་པའང་མེད་དེ་རང་བཞིན་གྱི་གནས་གང་དུ་བཞུགས་པའང་མེད་དེ་ཡིད་ཀྱིས་སྤྲུལ་པའི་གནས་དེ་ཉིད་དུ་རྟག་པར་ཞུགས་པས། དད་མོས་ཅན་གྱིས་གསོལ་བ་བཏབ་ཅིང་སྤྱན་དྲངས་པ་དེ་མཁྱེན་པའི་ཡེ་ཤེས་ཀྱིས་དགོངས། བརྩེ་བའི་ཐུགས་རྗེ་རྒྱུན་མི་འཆད་པས་གཟིགས། མཛད་པའི་ཕྲིན་ལས་ཐམས་ཅད་གཞན་ཕན་འབའ་ཞིག་ཏུ་འཆར་བས་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ་འབྱོན་པའི་འཐད་པ་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་རྣམས་ལ་མངོན་སུམ་ཡིན་མོད། ལས་དང་པོ་པ་རྣམས་ལ་ངེས་ཤེས་སྐྱེ་བའི་ཕྱིར་དཔེ་ཉེ་བར་བཀོད་དེ་བསྟན་ན། མས་བུ་སྡུག་གུ་སྟོར་ནས་ཡུན་རིང་པོར་ལོན་པ་ན་རེ་ཞིག་ཅིག་ན་བུ་དེ་མཐོང་བར་གྱུར་ན་བྱ་བ་གཞན་ཐམས་ཅད་བཤོལ་ནས་དེར་བསྙེགས་ཏེ་མྱུར་དུ་རྒྱུག་པའམ། མཛའ་གཅུགས་དུས་བཏབ་པའི་དམ་བཅའ་དྲན་པ་ལས་ཀྱང་མྱུར་བར་དེ་མ་ཐག་འབྱོན་པ་ནི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ཀྱི་དོན་མཉམ་དུ་མཛད་པ་ལས་འགའ་ཞིག་གི་དོན་མཛད་པའི་ཚེ་གཞན་རྣམས་ལུས་པ་ལྟ་བུ་མི་མངའ་ཡང་རང་གིས་མོས་པ་ཙམ་གྱི་མོད་ལ་དེ་ཉིད་དུ་འབྱོན་པས་གདུལ་བྱའི་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་བ་སྟེ་དེ་དག་ཏུ་མ་བྱོན་པར་འདི་ཁོ་ན་ལ་འབྱོན་པའི་ཐ་སྙད་བཏགས་སོ། །དེ་ལྟར་ཡང་དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་བརླབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །དེ་ལྟ་བུའི་དོན་ལ་ངེས་ཤེས་བསྐྱེད་ནས་སྤྱན་འདྲེན་པའི་ཚིག་འདིར་བཀོད་པའི་དོན་ཡང་བརྩེ་བ་དང་ནུས་པའི་ཡོན་ཏན་ནི་གང་ཞིག་འཁོར་བ་ན་གནས་པའི་གདུལ་བྱ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ཐམས་ཅད་ཀུན་གྱི་སྡུག་བསྔལ་ལས་སྐྱོབ་པའི་མགོན་དང་ཕན་གདགས་པའི་དཔུང་ཉེན་མཆོག་ཏུ་གྱུར་ཀྱང་བདུད་ཀྱི་སྡེ་དཔུང་དང་བཅས་པའི་ཚོགས་མ་ལུས་པ་འཇོམས་པོར་མཛད་པའི་དགྲ་རུ་གྱུར་པ་སྟེ། དེ་ཡང་བདུད་སྡེ་དཔུང་དང་བཅས་པ་རྣམས་སེམས་ཅན་ཐམས་ཅད་ཀྱི་ཁོངས་སུ་མི་གཏོགས་པ་ཞིག་མ་ཡིན་ཀྱང་འདིར་སེམས་ཅན་མ་ལུས་པའི་མགོན་དང་བདུད་སྡེའི་དགྲར་གསུངས་པ་ནི་འགལ་བའི་རྒྱན་དུ་བྱས་ལ། དོན་དུ་དགྲ་བཏུལ་བ་ལྟར་བདུད་སྡེ་ཕམ་པར་བྱས་ཀྱང་དེ་དག་གི་བ་སྤུའི་ཁུང་བུ་ཙམ་ལའང་གནོད་པ་མ་བྱས་པར་མ་ཟད་ཕན་པ་མཆོག་ཉེ་བར་བསྒྲུབ་པར་མཛད་དོ། །ཐེག་ཆེན་ཐུན་མོང་མ་ཡིན་པའི་དགོངས་པ་ནི་གདུལ་བྱ་འདུལ་བྱེད་ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་སྟེ་གཞན་དུ་འཆད་དོ། །མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་ནི་ཇི་ལྟ་བ་ཆོས་རྣམས་ཀྱི་ཆོས་ཉིད་དང་། ཇི་སྙེད་པ་ཆོས་ཅན་ཤེས་བྱའི་དངོས་པོ་མཐའ་དག་ཆགས་ཐོགས་མེད་པར་མཁྱེན་ཅིང་མངོན་གསུམ་དུ་གཟིགས་པ་ཡི་ཕྱོགས་བཅུའི་བཅོམ་ལྡན་འདས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་གི་སྡུམ་པ་སྟེ་གནས་ཁང་འདིར་ཚོགས་བསགས་པའི་ཞིང་དང་སེམས་བསྐྱེད་པའི་དཔང་པོར་མཆིས་ཏེ་གཤེགས་སུ་གསོལ་ཞེས་པའོ། །གཉིས་པ་ཁྲུས་གསོལ་བ་ནི། དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ལ་འཇིག་རྟེན་པའི་ཉེ་བར་སྤྱད་པ་དང་སྒོ་བསྟུན་ནས་བསྙེན་བཀུར་བྱ་སྟེ། དེ་ལ་དང་པོ་འདི་ལྟར་འཇིག་རྟེན་ཕལ་པའི་ལས་ཀྱིས་སྤྲུལ་པ་སྟེ་རྡོ་ཤིང་ལ་སོགས་པའི་དངོས་པོ་དམན་པ་ལ་རྩོལ་བས་བཅོས་ཏེ་བྱས་པ་ལྟ་བུ་མ་ཡིན་པར་ལྷ་ཚོགས་རྣམས་འབྱོན་པའི་ཤུལ་ཏེ་ལམ་དུ་ཁྲུས་གསོལ་བའི་གནས་ཀྱི་ཁང་བུ་བརྩེགས་པ་རིན་པོ་ཆེ་ལས་གྲུབ་པ་དྲི་བསུང་ཞིམ་པོས་ཕྱོགས་ཐམས་ཅད་ཁྱབ་ཅིང་རྒྱ་ཁྱོན་ནམ་མཁའི་ཁམས་ཐམས་ཅད་གང་བའི་རང་བཞིན་ཅན་ཤེལ་དང་ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་ས་གཞི་ཁོད་སྙོམས་ཤིང་མིག་མང་རིས་སུ་བྲིས་པ་ལྟར་རྣམ་པར་བཀྲ་བ་དང་། ཀ་བ་མཛེས་ཤིང་ཡིད་དུ་འོང་བ་དང་བཅས་པར་ལྡན་ཞིང་གཡུ་དམར་དང་མུ་ཏིག་ལ་སོགས་པ་རིན་པོ་ཆེའི་འོད་ཆགས་པའི་རྣམ་པའི་བླ་བྲེ་སོགས་རྒྱན་གྱི་རྣམ་པ་མང་པོ་དཔྱངས་ཤིང་མཛེས་པར་བྱས་པ་དེར་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེའི་རིགས་ཀྱི་བུ་མཆོག་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་བཞུགས་པ་ལ་སྤོས་དང་འདག་ཆལ་གྱི་ཆུས་སུམ་གཉིས་ཙམ་གང་བའི་བཻཌཱུརྱ་ལ་སོགས་པའི་ནོར་བུ་རིན་པོ་ཆེའི་བུམ་པ་ནས་ཁྲུས་ཀྱི་སྒོ་ནས་རིམ་གྲོ་བགྱིད་པ་ལ་མཁས་པའི་ངང་ལས་སྤྲུལ་པའི་སྨིན་ལེགས་མ་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྟོད་པའི་གླུ་དང་མཛེས་པའི་གར་དང་སྙན་པའི་རོལ་མོ་སྣ་ཚོགས་པའི་རྣམ་པར་འགྱུར་བ་དཔག་ཏུ་མེད་པས་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་པ་ལྟ་བུར་ཁྲུས་ཀྱི་བྱ་བ་ལ་བརྩོན་ཏེ་ཁྲུས་གསོལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་དག་པར་བསམ་མོ། །གསུམ་པ་གོས་རྒྱན་བྱུགས་པ་སོགས་དབུལ་བ་ལ་གཉིས་ཏེ། སྐུ་ཕྱི་ཞིང་གོས་རྒྱན་དབུལ་བ་དང་། དྲིའི་བྱུགས་པ་དབུལ་བའོ། །དང་པོ་ནི། སྐུ་ཕྱི་བ་དང་ན་བཟའ་དང་རྒྱན་གསོལ་བ་སོགས་ཉེ་རེག་གི་ཆོ་ག་སྟེ་བྱ་བ་རྣམས་གུས་པའི་རྣམ་འགྱུར་གྱིས་བྱེད་པ་ལ་མཁས་པའི་རི་དྭགས་མིག་ཅན་ཏེ་མཆོད་པའི་ལྷ་མོ་རྣམས་ཀྱིས་དྲི་བཟང་གི་ཕྱེ་མ་དར་གོས་སྣ་ཚོགས་པར་ཐུམ་པོར་དྲིལ་བ་མང་པོས་ཁྲུས་གསོལ་བའི་རླན་གྱི་ཆ་ཐམས་ཅད་ཕྱིས་ཤིང་བསྐུ་མཉེའི་རྫས་སྣ་ཚོགས་བྱུགས་པ་ལ་སོགས་པའི་སྲི་ཞུ་བྱེད་པའི་ལས་ཀྱིས་གཡེང་པ་དང་། གཞན་ཡང་གོས་རྒྱན་སོགས་དབུལ་བའང་འདི་ལྟར་གོས་ཀྱི་བྱེ་བྲག་མང་པོ་ཡོན་ཏན་གཞན་ལས་འཕགས་པ་སྟེ་དེ་ལ་ཁ་དོག་གི་ཡོན་ཏན་ནི་དཀར་པོ་ཁོ་ན་ལྟ་བུ་གཅིག་ཏུ་མི་གནས་པར་དབང་པོའི་མཚོན་ཏེ་འཇའ་ཚོན་ལྟ་བུ་སྣ་ཚོགས་པའི་མདངས་བཀྲ་བ། ཕལ་པའི་ལས་ཀྱིས་ཐགས་སུ་བཏགས་པ་མེད་པའི་ཡོན་ཏན་ནི་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་ལྷ་རྫས་ཀྱི་གོས་རང་སྣང་དགེ་བའི་རིན་ཆེན་རིན་གྱིས་ཉོ་བ་དང་འདྲ་ལ། འབད་རྩོལ་མེད་པར་གང་འདོད་འབྱུང་བའི་ཡོན་ཏན་ནི་དཔག་བསམ་གྱི་ལྗོན་པ་ལས་བྱུང་བའི་གོས་རྣམས་བཙོང་བ་ལྟར་མོས་པའི་སྟོབས་ཀྱིས་བཀུག་པའི་པཉྩ་ལི་སྟེ་ཁ་དོག་ལྔ་པ་དབྱིབས་ནི་དར་གྱི་ཆས་གོས་ལྔ་དང་། གཞན་ཡང་ཆགས་བྲལ་གྱི་རྣམ་པ་ཅན་རྣམས་ལ་ཆོས་གོས་རྣམ་པ་གསུམ་ལ་སོགས་པ་དང་། གོས་དེ་དག་ཀྱང་ལྕིད་ཀྱིས་ནོན་པའི་སྐྱོན་སྤངས་པ་ཤ་མི་སྒྲིབ་པའི་སྲབ་པ་རེག་བྱ་འཇམ་པ། ལྗིད་མི་ཆེ་བས་ཡང་བ་སྟེ། དེ་ཡང་བྱང་གླིང་པའི་གོས་སྲང་གཅིག །རྒྱལ་ཆེན་རིགས་བཞི་པའི་གོས་སྲང་ཕྱེད་ཡིན་པ་ནས་གཞན་འཕྲུལ་པའི་གོས་སྲང་གཅིག་གི་དྲུག་ཅུ་རྩ་བཞིའི་ཆ་གཅིག་ལས་མེད་པའི་བར་ཇེ་ཡང་དུ་སོང་ལ། ཚངས་རིས་ཡན་ཆད་ཀྱི་གོས་ཤིན་ཏུ་ཡང་བས་སྲང་གིས་གཞལ་དུ་མེད་པ་ཡིན་པ་དེ་ལྟ་བུ་དང་། གོས་བཟང་པོ་དེ་རྣམས་དྲི་སྣ་ཚོགས་དང་སྤོས་ཀྱི་ཆུས་བགོས་ཤིང་བྱུགས་པ་ལོངས་སྤྲུལ་གྱི་རྣམ་པ་ཅན་སོ་སོ་ལ་འོས་པའི་གོས་ཀྱི་རྣམ་པའང་ཆ་རེ་རེ་ལ་ཤིན་ཏུ་མང་པོ་དང་། རྒྱན་གྱི་རྣམ་པའང་སངས་རྒྱས་བྱང་སེམས་རྣམས་ལ་འོས་པའི་རྒྱན་ཏེ། དེ་ཡང་ལྷ་ཀླུ་ལ་སོགས་པའི་རྒྱལ་པོ་རྣམས་ཀྱི་གཙུག་གི་ནོར་བུ་རིན་པོ་ཆེ་གཞན་ལས་ཁྱད་པར་དུ་འཕགས་པ་དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞབས་ཀྱིི་སོར་མོའི་གདུ་བུ་གཅིག་གི་རིན་ཐང་གི་བྱེ་བའི་ཆར་ཡང་མི་ཕོད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་གི་ནོར་བུ་མཆོག་གིས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་རང་སྣང་གི་རྒྱན་ལས་ཞབས་ཀྱི་སོར་གདུབ་གཅིག་གི་དཔེར་ཡང་མི་བཟོད་ལ་བྱེ་བ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པས་དེ་ལྟ་བུའི་རྒྱན་གྱི་རྣམ་པ་དེ་དག་གི་ནང་ནས་གཅིག་གི་ཆ་ཤས་ཙམ་ཞིག་ལ་གསེར་སྲང་འབུམ་ལ་སོགས་པའི་རིའོ་ཞེས་རིན་ཐང་བརྗོད་ན་དེ་ལ་གཞན་གྱིས་ཁྲེལ་བའི་གནས་སུ་འོས་པ་དེ་ལྟ་བུའི་རིན་ཆེན་གྱི་རྒྱན་ཕྱག་ཞབས་ཀྱི་གདུ་བུ། དཔུང་རྒྱན། མགུལ་རྒྱན། སྙན་ཆ། དབུ་རྒྱན། ཅོད་པན་སོགས་རིན་པོ་ཆེའི་རྒྱན་བརྒྱད་པོ་རེ་རེའང་མང་པོ་དཔག་ཏུ་མེད་པ་ཡོད་པར་དམིགས་ནས། གང་ལ་འབུལ་བའི་ཡུལ་ནི། འདོད་པའི་ཡོན་ཏན་མཐའ་དག་ལ་འཛིན་ཞེན་གྱི་བག་ཆགས་ཕྲ་བའང་སྤངས་པའི་ཕྱིར་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགོས་པ་མེད་ཀྱང་། བདག་གིས་ཚེ་རབས་སྔོན་མ་རྣམས་སུ་བསོད་ནམས་ཀྱི་ཚོགས་མ་བསགས་པས་དབུལ་ཞིང་བཀྲེན་པ་དང་ལྡན་པས་བདག་ཏུ་བཟུང་བའི་ལོངས་སྤྱོད་རྒྱ་ཆེན་པོ་མེད་པས་ན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་སྣོད་དུ་རུང་བར་འགྱུར་བའི་སླད་དུ་ཡིད་ཀྱིས་སྤྲུལ་པའི་གོས་རྒྱན་སོགས་འདི་དག་བཅོམ་ལྡན་འདས་ཀྱིས་བདག་གིར་བཞེས་པར་མཛོད་ཅིག་ཅེས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་གོས་དང་རྒྱན་གྱི་བྱེ་བྲག་དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་གསོལ་བ་དང་། གཡས་གཡོན་མདུན་རྣམས་སུའང་མང་པོ་སྤུངས་ཏེ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། ཉེས་སྤྱོད་ཀྱིས་གདུང་བ་ལས་སྐྱོབ་པའི་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་དང་། གཟུངས་དང་ཏིང་ངེ་འཛིན་དང་མཚན་དང་དཔེ་བྱད་ལ་སོགས་པའི་ཡོན་ཏན་གྱི་རྒྱན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག་སྙམ་དུ་སྨོན་པ་དང་། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་དང་། ངན་སོང་ཀུན་འདྲེན་ལ་སོགས་པ་བྱམས་པ། མཐོང་བ་དོན་ཡོད། མྱ་ངན་མུན་འཇོམས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲྭ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོའོ། །མཆན། བསྐལ་བཟང་གིས་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་ནི་གཞན་ཡང་གདུལ་བྱའི་དབང་གིས་ཁྱིམ་པའི་ཚུལ་བཟུང་བའི་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་། འཕགས་པ་རྟག་ཏུ་ངུ་དང་། ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའང་གོས་རྒྱན་ལ་སོགས་པའི་རྣམ་པ་དེ་དག་དབུལ་བར་བགྱི་ཞིང་སྔར་བཞིན་སྨོན་ནོ། །གཉིས་པ་དྲིའི་བྱུགས་པ་དབུལ་བ་ནི། འདི་ལྟར་གླིང་བཞི་རི་རབ་ཉི་ཟླ་ཚངས་པའི་འཇིག་རྟེན་དང་བཅས་པ་སྟོང་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིི་ཁམས་ཏེ་དེ་ཐམས་ཅད་ཅིག་ཆར་དུ་ཁྱབ་པའི་དྲི་བཟང་པོའི་ཆབ་ཀྱིས་བཀང་བའི་རིན་པོ་ཆེའི་སྣོད་སྣ་ཚོགས་ཐོགས་པའི་ལྷ་མོ་རྣམས་ཀྱིས་དྲིའི་བཞོན་པར་འཁྱུད་པ་སྟེ་རླུང་དང་འགྲོགས་པའི་ཙནྡན་ལ་སོགས་པའི་སྤོས་ཀྱི་བསུང་ཞིམ་པོའི་དྲི་དེ་ཡིས་ནི། བསོད་ནམས་བྱེ་བ་སྟེ་མང་པོས་བསྐྲུན་པའི་སྐུ་ཡོན་ཆུང་ངུ་ཕུལ་བས་ཀྱང་ཚོགས་ཆེན་པོ་རྫོགས་པའི་ཕྱིར་བསོད་ནམས་དཔག་ཏུ་མེད་པའི་འབྱུང་གནས་མཚན་དང་དཔེ་བྱད་བཟང་པོའི་བརྒྱན་པའི་བྱད་ཤིན་ཏུ་མཛེས་པ་ནི་གསེར་ཡོངས་སུ་སྦྱངས་པ་རབ་ཏུ་མཛེས་པའི་བརྟན་པའང་འཕྲོག་སྟེ་མོག་མོག་པོར་བྱེད་པའི་འོད་དང་འོད་ཟེར་འབར་བའི་སྐུ་དེ་ལ་བྱུགས་པར་བགྱི་བར་བསམ་ནས་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ཀྱི་དྲི་གསུང་ཐོབ་པར་སྨོན་ནོ། །བཞི་པ་བཞུགས་སུ་གསོལ་བ་ནི། དཔེར་ན་དག་པའི་ཞིང་ཁམས་ཀྱི་བཀོད་པ་ནི་ཞིང་དེའི་སངས་རྒྱས་ཀྱི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་རང་སྣང་བ་ལས་གཞན་མ་ཡིན་པ་དེ་བཞིན་དུ། འདིར་ཡང་མདོ་སྡེ་རྒྱན་ལས། སེམས་ཅན་ཀུན་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེའི་དགོངས་ཁྱོད་ལ་ཕྱག་འཚལ། །ཞེས་པ་ལྟར་ཚད་མེད་བཞིའི་ཐུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་སྣང་དང་མཐུན་པར་ཚད་མེད་པ་བཞིས་བློ་སྦྱངས་པའི་གང་ཟག་ཚོགས་བསགས་པ་པོ་དེའི་དགེ་བའི་ཡིད་ངོར་དམིགས་ཤིང་སྣང་བ་ནི། དམིགས་པ་རྒྱ་ཆེ་ཞིང་ཉེ་འཁོན་མེད་པའི་བཏང་སྙོམས་ཀྱི་རང་བཞིན་ཤིན་ཏུ་རྒྱ་ཁྱོན་ཡངས་པའི་ཤེལ་གྱི་ས་གཞི་ལ། ཕན་པའི་རླན་དང་ལྡན་པ་ཡིད་འོང་གི་བྱམས་པའི་རང་བཞིན་པདྨོ་གེ་སར་དང་བཅས་པའི་འདབ་མ་སྟོང་དུ་བརྡལ་བ་ཡི་སྟེང་དེར་འགྲོ་བའི་སྡུག་བསྔལ་གྱི་གདུང་བ་ཞི་བའི་བསིལ་ཟེར་ཅན་སྙིང་རྗེ་དང་རྨོངས་པའི་མུན་པ་སེལ་བའི་ཤེས་རབ་ཟུང་དུ་འཇུག་པའི་རང་བཞིན་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར་ལེགས་པའི་གདན་ལ། ཟག་པ་མེད་པའི་དགའ་བ་ཆེན་པོའི་རང་བཞིིན་ཅན་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའ་ཚོགས་དང་བཅས་པ་ཐམས་ཅད་བདག་གི་བསོད་ནམས་ཀྱི་ཞིང་དུ་བསྐལ་པ་རྒྱ་མཚོའི་བར་དུ་བཞུགས་པར་མཛད་ནས་རྗེས་སུ་བཟུང་དུ་གསོལ་ཞེས་པའོ། །གསུམ་པ་ཚོགས་བསགས་པ་དངོས་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུས་ཏེ་དགོས་པ་བརྗོད་པའོ། །དང་པོ་ལ་གསུམ་སྟེ། གུས་པའི་རྣམ་འགྱུར་བཤད་པ། ཡན་ལག་བདུན་དབུལ་བ། ལུས་བྲན་དུ་དབུལ་བའོ། །དང་པོ་ལ་གཉིས་ཏེ། ལུས་གུས་པའི་རྣམ་འགྱུར་དང་། ཡིད་གུས་པའི་རྣམ་འགྱུར་རོ། །དང་པོ་ནི། རང་བཞིན་དུ་ལུས་ཀྱི་རྣམ་འགྱུར་ལས་སེམས་ཀྱི་མངོན་རྟོགས་གསལ་བའི་ཕྱིར། སེམས་ལ་དད་གུས་གང་ཡང་མེད་བཞིན་གྲགས་འདོད་དང་ཚུལ་འཆོས་སམ་བབ་བཅོལ་དུ་གོམས་པ་ལུང་མ་བསྟན་གྱི་བྱ་བ་ལ་འཇུག་པའི་ཚུལ་མིན་པའི་ལུས་བཏུད་པའི་རྟགས་ཀྱི་རྣམ་འགྱུར་སྙིང་གར་ཐལ་མོ་སྦྱར་བར་བྱ་སྟེ། དེ་ཡང་སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །རྟག་པར་བདག་ནི་གནས་སོ་ཞེས། །དེ་ལྟར་བསམ་ནས་ངོ་ཚ་དང་། །གུས་དང་འཇིགས་ལྡན་དེ་བཞིན་མནོས། །ཞེས་པ་ལྟར། དད་ཅིང་གུས་པ་དང་། འཇིགས་ཤིང་བག་ཡོད་པ་དང་། ཁྲེལ་དང་ངོ་ཚ་བ་དང་བཅས་པའི་སེམས་ཀྱི་མངོན་རྟོགས་ངོམ་པ་ལ། མེ་ཏོག་གི་དོག་པས་རབ་ཏུ་བཟུང་བ་སྟེ་གང་བའི་སྙིམ་པའི་སྣོད་ནི་པདྨ་ཁ་འབུས་པའམ་ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་སྟེ་དབྱིབས་ལྟ་བུ་དགོས་པ་ཡིན་ནོ། །གཉིས་པ་ཡིད་གུས་པའི་རྣམ་འགྱུར་ནི། སངས་རྒྱས་བྱང་སེམས་རྣམས་ཀྱི་ཡོན་ཏན་ཡིད་ལ་དྲན་ནས་དད་པ་བླ་ལྷག་ཏུ་སྐྱེ་བ་སྟེ། དེ་ཡང་འདི་ལྟར་བདུད་བཞི་བཅོམ་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་དང་ལྡན་ལ་སྲིད་ཞི་གཉིས་ལས་འདས་པས་ན་བཅོམ་ལྡན་འདས་དང་། འདས་ཞེས་པའི་སྒྲ་ལེགས་སྦྱར་ལ་མེད་ཀྱང་བོད་སྐད་དུ་བྱའོ། །ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་དེ་བཞིན་གཤེགས་པ། ལས་ཉོན་གྱི་དགྲ་ཐམས་ཅད་བཅོམ་ཞིང་འཇིག་རྟེན་གསུམ་གྱི་མཆོད་འོས་སུ་གྱུར་པས་ན་དགྲ་བཅོམ་པའོ། །དགྲ་བཅོམ་གྱི་དོན་ཨརྷ་ཏེ་ཞེས་པའི་སྒྲ་ལས་མཆོད་འོས་ལ་འཇུག་པའོ། །ཤེས་བྱའི་ཆོས་ཐམས་ཅད་ཆགས་ཐོགས་དང་བྲལ་བར་ཡང་དག་པར་མཁྱེན་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས། བུདྡྷ་ཁོང་དུ་ཆུད་པའི་དོན་གྱིས་སངས་རྒྱས་ཞེས་པ་མཁྱེན་པའི་དོན་ནོ། །ཤེས་རབ་ལྷག་མཐོང་གིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པས་སྤྱན་ལྟ་བུ་རིག་པ་དང་། སྙིང་རྗེས་གཞན་དོན་ལ་གཤེགས་པས་ན་ཞབས་སུ་ལྡན་པ་དང་། དེ་ལ་སོགས་པ་གཞན་ཡང་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་སེར་གཤེགས་པས་ན་བདེ་བར་གཤེགས་པ། ཕུང་པོ་ལྔའི་འཇིག་རྟེན་གྲངས་མེད་པ་མཁྱེན་པས་ན་འཇིག་རྟེན་མཁྱེན་པ། གདུལ་བར་དཀའ་བའི་སེམས་ཅན་རྣམས་ཀྱང་ཐབས་ཞི་བས་འདུལ་བས་ན་སྐྱེས་བུ་འདུལ་བ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐར་བའི་ལམ་དུ་འདྲེན་པས་ན་ཁ་ལོ་སྒྱུར་བ། སྲིད་ཞི་ཐམས་ཅད་ལ་མཆོག་ཏུ་གྱུར་པས་ན་བླ་ན་མེད་པ། རིགས་དྲུག་གི་གཙོ་བོ་ལྷ་དང་མི་རྣམས་ལ་ཆོས་སྟོན་པས་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དང་། གཞན་ཡང་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་རྣམས་ཀྱི་ཡོན་ཏན་མཐའ་དག་སྟེ་མ་ལུས་པ་ནི་ད་ལྟ་སྒྲིབ་པའི་མཐུས་གནས་ཀྱི་ས་ཐག་རིང་པོར་བསྐལ་བ་བཞིན་རང་རྒྱུད་ལ་མ་ཐོབ་ཅིང་གཞན་རྒྱུད་ལ་བྱོན་ཟིན་རྣམས་ཀྱང་འཕགས་ས་མ་ཐོབ་བར་དུ་ཇི་བཞིན་པ་མངོན་སུམ་དུ་མི་མཐོང་ཡང་དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་སྐྱེད་མོས་ཚལ་དུ་མགྲོན་དུ་ཁུགས་པ་ལྟར་འོངས་པའི་མོད་ལ་འཇིགས་ཤིང་སྐྲག་པ་དང་། སྐྱོ་བ་ལ་སོགས་པའི་ཤུགས་ཀྱིས་མིན་པར་དད་པ་ཁོ་ནའི་སྟོབས་ཀྱིས་དབུགས་བརྣངས་ཤིང་མིག་མཆི་མ་འཁྲུགས། ལུས་ཀྱི་བ་སྤུ་ཐམས་ཅད་གཅིག་ཏུ་ཟིང་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་གྱིས་བློ་སྣ་ཕྲོག་སྟེ་རྣམ་རྟོག་གཞན་སྐྱེ་བའི་གོ་སྐབས་མེད་པར་དད་པའི་གདུང་ཤུགས་དྲག་པོ་རྩེ་གཅིག་ཏུ་བསྐྱེད་པར་བྱེད་པའོ། །གཉིས་པ་ཡན་ལག་བདུན་པ་དབུལ་བ་ལ་བདུན་ཏེ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་རྩ་གཞན་དོན་དུ་བསྔོ་བའོ། །དང་པོ་ཕྱག་འཚལ་བའི་ཡན་ལག་ནི། ཚོགས་ཞིང་དེ་དག་གི་མདུན་ས་གཞིའི་ངོས་སུ་རང་ཉིད་ཀྱི་གཡས་སུ་སྐྱེ་བ་ད་ལྟའི་ཕ། གཡོན་དུ་མ། མདུན་དུ་སྡང་བར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས་རྣམས་དང་། རྒྱབ་ཏུ་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་དང་། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོད་པར་བསམ་སྟེ། ཕྱག་འཚལ་བ་འདི་ནི་གཙོ་བོ་ང་རྒྱལ་གྱི་གཉེན་པོ་ཡིན་པས་གཅོམ་སྐྱུང་ཞིང་མིག་འཕང་སྨད་དེ་ལུས་དྲང་པོར་བསྲངས་ནས་ཐལ་མོ་སྔར་བཤད་པ་བཞིན་པདྨ་ཁ་འབུས་པ་ལྟར་ཁོང་སྟོང་དུ་བཅའ་བར་བྱ་སྟེ། ཐར་པ་ཆེན་པོའི་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བར། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པའི་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་སོ། །དེ་ཡང་ལུས་གུས་པའི་སྒོ་ནས་ཕྱག་འཚལ། །ངག་གུས་པའི་སྒོ་ནས་ཕྱག་འཚལ་གྱི་ཚིག་བརྗོད། ཡིད་གུས་པའི་སྒོ་ནས་མཆོག་གསུམ་ལ་དད་གུས་རྩེ་གཅིག་པས་ཕྱག་འཚལ་བ་སྟེ། དེ་ལ་ཐལ་མོ་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་འཇོག་དུས་སངས་རྒྱས་ཆོས་དགེ་འདུན་གསུམ་དང་། ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་དམིགས་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་གྱུར་ཅིག་སྙམ་དུ་བསམ་ལ། དེ་ནས་ལུས་ཐམས་ཅད་ས་ལ་བག་ཡོད་པར་བརྐྱང་བ་ལ་མར་མེ་མཛད་ཀྱི་ཕྱག་ཅེས་བྱ་ལ། དེ་མ་གྲུབ་ན་ཡན་ལག་ལྔ་ལྡན་གྱི་ཕྱག་ནི། དཔྲལ་བ། ལག་མཐིལ་གཡས་གཡོན་གཉིས། པུས་མོ་གཡས་གཡོན་གཉིས་ཏེ་མ་ལྔ་པོ་ས་ལ་ཕབ་སྟེ་ཕྱག་བཙལ་བས། རྒྱུད་ལྔའི་འགྲོ་བ་རྣམས་སྟོངས་པར་གྱུར་ཅིག །ཉེར་ལེན་གྱི་ཕུང་པོ་ལྔ་རྒྱུན་ཆད་པར་གྱུར་ཅིག །ཟག་མེད་ཀྱི་དབང་པོ་ལྔ་ཐོབ་པར་གྱུར་ཅིག །སྟོབས་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག །མིག་ལྔ་རྣམ་པར་དག་པར་གྱུར་ཅིག་སྙམ་དུ་སྨོན་ནོ། །དེ་ཡང་རང་གི་ལུས་ཀྱང་འདི་ཉིད་གཅིག་པུ་ཙམ་མ་ཡིན་པར་ཤིན་ཏུ་མང་པོར་སྤྲུལ་ཏེ། དཔེར་ན་སྤྲིན་དང་བྲལ་བའི་སྟོན་ཟླ་ཤིན་ཏུ་གཞོན་ཞིང་འོད་གསལ་བ་དེ་ཁྲུས་ལ་འཇུག་པ་དང་འདྲ་བར་གནམ་ཟླ་ཇི་བཞིན་པའི་གཟུགས་བརྙན་འཛིན་ནུས་པའི་འདམ་ལ་སོགས་པའི་རྙོག་མ་མེད་ཅིང་ཤིན་ཏུ་དྭངས་པའི་རྫིང་བུའི་ནང་དུ་གཟུགས་བརྙན་ཅི་ཤར་ཡང་ཤིན་ཏུ་གསལ་བས་ན་དེའི་ཁར་རྨ་བྱའི་བུ་མོ་ཡིད་འཇོ་ཞིང་སྒེག་པའི་གཟུགས་ཅན་དག་གིས་ཟློས་གར་བསྒྱུར་ནས་རྩེ་འཇོ་ལ་རོལ་ན། རྫིང་བུ་དྭངས་པར་དེ་དག་གི་གཟུགས་བརྙན་ཤར་བ་དང་གཟུགས་དངོས་གཉིས་པོ་གང་ཡིན་སོ་སོར་འབྱེད་དཀའ་བར་སྣང་ལ། དེ་ལྟ་བུའི་རང་གི་ལང་ཚོའི་གྲངས་དཔག་ཏུ་མེད་པར་སྤྲུལ་པའི་རྣམ་གྲངས་ཇི་སྙེད་པ་ནི་ས་ཆེན་པོའི་རྡུལ་གྱི་རྣམ་གྲངས་དང་སོ་སོར་མི་འབྱེད་པར་ཤིན་ཏུ་འཁྲུལ་པ་བསྐྱེད་པར་བྱེད་པ་དེ་ཙམ་དུ་མང་བར་སྤྲུལ་ཏེ་ཕྱག་གི་ལས་ཁོ་ན་ལ་སྒོ་གསུམ་ཆིག་དྲིལ་དུ་འཇུག་པའི་བྱ་བས་བྲེལ་ནས་ལས་གཞན་ལ་སེམས་ཁོམ་ཙམ་ཡང་མེད་པ་ཞིག་དགོས་ཀྱི། གཞན་དུ་ན་ལུས་འཁྱོ་རོ་རོ་དགྱེ་རྒུ་མང་པོ་བྱེད་ཀྱང་སེམས་ཡེང་ཞོར་དང་འཁྲུལ་ཞོར། ངག་གིས་བྲེ་མོའི་ལོང་གཏམ་སོགས་བཤད་ཞོར་ལ་ནི་ཕྱག་འབུམ་ཐེར་མང་པོའི་གྲངས་བསོགས་ཀྱང་བྱས་ལ་མ་བསགས་པའི་དགེ་བ་སྟེ། ཐར་པའི་ས་བོན་ཙམ་ལས་སྙིང་པོ་ཅི་ཡང་མེད་གསུངས། དེས་ན་ཕྱག་འཚལ་བ་ལ་སོགས་དགེ་བའི་ལས་གང་བསྒྲུབ་ཀྱང་སྒོ་གསུམ་ཡ་མ་བྲལ་བ་ཞིག་འོང་ན་གནད་དུ་འགྲོ་ངེས་པའོ། །ཕྱག་འཚལ་བའི་ཕན་ཡོན་ནི་འདུལ་བ་ལུང་ལས། དགེ་སློང་དག་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི་ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་དུ་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ་ཞེས་གསུངས་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་དུ་ཕྱག་འཚལ་བའི་བསོད་ནམས་ནི་ཚད་མེད་དེ་མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ལ་སྦྱོར་བའི་ཕྱིར་རོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདོག་དགུའི་དངོས་པོ་ཐམས་ཅད་གཏོང་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཕྱིན་དྲུག་གི་ཡན་ལག་ནི། ཆགས་བདུན་སྤོང་བ་དང་ཁྱད་ཆོས་བཞི་ལྡན་གྱིས་ཡོངས་སུ་རྫོགས་པ་ཡིན་མོད། སྐབས་འདིར་ལས་དང་པོ་པས་སེམས་བསྐྱེད་པ་ལ་སོགས་པའི་དོན་དུ་དངོས་སུ་ཅི་འབྱོར་པའི་མཆོད་པ་འབུལ་བ་ཡང་དེ་དང་རྗེས་སུ་མཐུན་པར་དག་པ་རྣམ་པ་གསུམ་དང་ལྡན་པར་བྱ་སྟེ། བསམ་པ་དག་པ་སེམས་བསྐྱེད་སྐྱེ་བའི་དོན་དུ། ཞིང་དག་པ་མཆོག་གསུམ་ལ་དམིགས་ཏེ། དངོས་པོ་དག་པ་ནི་གསུམ་སྟེ་སྡིག་ཟས་དང་ལོག་འཚོས་མ་བསླད། མཆོད་པ་ནི་སེར་སྣའི་གཉེན་པོ་ཡིན་པས་སེར་སྣ་དང་འཇུར་འགག་གིས་མ་བཅིང་། ང་རྒྱལ་དང་ངོམ་ཆོས་སུ་མ་སོང་བ་སྟེ་རྒྱུ་བཟང་བ་དང་། མར་གྱི་ཁ་ས། ཐུད་ཀྱི་རུལ་ས། ལོ་མའི་སེར་ས་ལྟ་བུ་མ་ཡིན་པར་རང་ལ་ཅི་ཡོད་རྣམས་ཀྱི་ནང་ནས་དངོས་ལེགས་ཤིང་སྤུས་གཙང་བ་དེ་ཡིན་པ་དང་། མར་མེ་ཡོན་ཆབ་སོགས་ཡ་ཡོ་འཁྱག་འཁྱོག་མེད་པར་ཤིན་ཏུ་བཀོད་ལེགས་པས་སེམས་དྭངས་པར་འགྱུར་བ་སྟེ་དེ་དག་ཚང་བའི་སྒོ་ནས་མཆོད་པ་དང་། དེས་ཀྱང་མཚོན་པར་མི་ནུས་པས་དཔེ་ཟླར་རུང་བ་མེད་པའི་མཆོད་པ་ནི་དག་མ་དག་གི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ན་བདག་པོས་མ་བཟུང་བའི་དངོས་པོ་ཡིད་དུ་འོང་བའི་རྣམ་པ་ས་གཞི་དང་ལྗོན་ཤིང་། ཆུ་མཚོ་དང་མེ་ཏོག །འབྲས་བུ་དང་སྨན་གྱི་རིགས། རི་བོ་དང་ནགས་ཚལ། རི་དྭགས་དང་བྱ་ཚོགས། རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་ཡིད་ཀྱིས་བདག་གིར་བྱས་ནས་ཕུལ་ན་ཚོགས་ཆེན་པོ་རྫོགས་པར་འགྱུར་ཏེ་བསམ་པའི་ཁྱད་པར་གཙོ་ཆེ་བས་སོ། །གཞན་ཡང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པས་སྣང་སྲིད་ཐམས་ཅད་ཁྱབ་པར་སྤྲུལ་པ་འདོད་པའི་ལོངས་སྤྱོད་ལྔ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། ཉེ་བའི་རིན་པོ་ཆེ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། རྫས་བརྒྱད། རྣམ་པར་བཀྲ་བའི་མེ་ཏོག །འོད་གསལ་བའི་སྒྲོན་མེ། ངད་ལྡང་བའི་བདུག་སྤོས། རོ་བདའ་བའི་ཞལ་ཟས། གཞལ་དུ་མེད་པའི་ཕོ་བྲང་སོགས་མདོར་ན་བློའི་ངོར་འཆར་དུ་རུང་བ་ཐམས་ཅད་མཆོད་པའི་རྫས་སུ་དམིགས་ཏེ་ཕུལ་བ་དེའི་བླ་སྟེ་གོང་ན་གཞན་མཆིས་པ་མ་ཡིན་པའི་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཆོད་པར་བྱེད་པ་སྟེ། དཀོན་མཆོག་ཏཱ་ལའི་མདོ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་ཡོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་པ་ལྟར་འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཡོན་གྱིས་ཕྱོགས་བཅུའི་རྒྱལ་བ་རྣམས་མཆོད་པ་དེ་ལ་དོ་ཟླར་སྤོབས་པ་ཙམ་དུ་འབུལ་བ་ལ་ཕྲག་དོག་བགྱིད་པའི་ཐ་སྙད་བཏགས་སོ། །རྣམ་པ་གཅིག་ཏུ་ན་བླ་ན་མེད་པའི་མཆོད་པ་ནི་འདི་ཡིན་ཏེ། ནམ་མཁའ་མཛོད་ཀྱི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཆོས་བསྒྲུབ་པ་དང་བཞིར་གསུངས་པའོ། །དེ་མཆོད་པར་ཅིའི་འགྲུབ་ན་རྒྱལ་བ་དགྱེས་པའི་ཐབས་དེ་ལས་གཞན་མེད་པའི་ཕྱིར་རོ། །དེ་ལྟར་མཆོད་པ་ཕུལ་བའི་ཕན་ཡོན་ནི། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་སྣོད་དུ་རུང་བ་དང་། གནས་སྐབས་སུ་ཅི་བསམ་པའི་དོན་ལེགས་དགུའི་དངོས་པོ་ཐམས་ཅད་འགྲུབ་པ་དང་། མཐར་ཐུག་བསོད་ནམས་ཀྱི་ཚོགས་རྫོགས་ནས་གཟུགས་ཀྱི་སྐུ་འགྲུབ་པའི་རྒྱུར་འགྱུར་པ་ལ་སོགས་པ་སྟེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་ཀུན་ན་བདེ་ཞིང་སྐྱིད་པ། །དེ་ཡང་དཀོན་མཆོག་གསུམ་ལས་བྱུང་བས། །དེ་བས་བདེ་ཞིང་སྐྱིད་པ་འདོད་ན། །རྟག་ཏུ་དཀོན་མཆོག་གསུམ་ལ་མཆོད་བྱོས། །ཞེས་དང་། པད་དཀར་ལས། མེ་ཏོག་གཅིག་ཙམ་གྱིས་ཀྱང་མཆོད་པ་ཡང་། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །ལུས་འཁྲུགས་བཞིན་དུ་སེམས་ཀྱིས་ཕུལ་བ་ན། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཞེས་སོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། འདི་ལྟར་བྱས་ཤིང་བསགས་པའི་སྡིག་པ་ཐམས་ཅད་མྱུར་དུ་མ་བཤགས་ན་རྡུལ་གྱིས་གོས་པའི་མེ་ལོང་ལ་གཟུགས་བརྙན་མི་འཆར་བ་ལྟར་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་གེགས་སུ་ཆེ་ཞིང་། འཆི་བ་གློ་བུར་དུ་བྱུང་ན་ངན་སོང་དུ་འགྲོ་བ་ལས་འོས་མེད་དེ། དམ་པའི་སྐྱེས་བུ་རྣམས་ཀྱིས་ཀྱང་སྡིག་ལྡན་དུ་ཞལ་གྱིས་བཞེས་ནས་བཤགས་པའི་ཚུལ་ལ་བརྩོན་པ་ལྟར་མཛད་ན། བདག་ཅག་རྣམས་ནི་འཁོར་བའི་གཡང་སར་ལྟུང་བ། ལས་དང་ཉོན་མོངས་པས་གཟིར་བ། ཉེས་པ་དང་ལྟུང་བ་བརྒྱ་ཕྲག་དུ་མའི་སྣོད། ལས་དང་ལས་ཀྱི་རྣམ་པར་སྨིན་པ་འབའ་ཞིག་གི་གཞན་དབང་ཅན་ཡིན་པས་ཉིན་མཚན་རྟག་ཏུ་ཉེས་སྤྱོད་མི་དགེ་བའི་དངོས་པོ་འདི་ལས་ཐར་བའི་ཐབས་ཁོ་ན་ལ་སེམས་པར་རིགས་སོ། །དེ་ལ་ཇི་ལྟར་བཤགས་པ་ནི། སྦྱང་བྱ་སྡིག་པའི་སྒོ་དྲུག །སྦྱོང་བྱེད་གཉེན་པོ་སྟོབས་བཞིས། སྦྱོང ཚུལ་སྦྱོར་དངོས་རྗེས་གསུམ་ཚང་བས་བཤགས་དགོས་ལ། དེ་ཡང་སྡིག་བཤགས་ནི་གཏི་མུག་གི་གཉེན་པོ་ཡིན་པས། དང་པོ་སྡིག་པའི་སྒོ་དྲུག་པོ་ངོས་ཟིན་པར་བྱ་སྟེ། དུས་ནམ་གྱི་ཚེ། རྒྱུ་གང་གིས། སྦྱོར་བ་ཇི་ལྟ་བུས། རྣམ་པ་ཅི་འདྲ་བ། ཡུལ་གང་ལ་བརྟེན་ནས། སྒོ་གང་ལས་སྡིག་པ་བྱས་ཤེ་ན། དུས་ནི་ཐོག་མ་མེད་པ་ནས་ད་ལྟའི་བར་དུ། རྒྱུ་ཉོན་མོངས་པས་ཀུན་ནས་བསླངས་ཏེ། སྦྱོར་བར་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བས། རྣམ་པ་རང་བཞིན་དང་། བཅས་པའི་ཁ་ན་མ་ཐོ་བ། ཡུལ་མཆོག་གསུམ་དང་ཕ་མ་ལ་སོགས་པས་མཚོན་གང་ཡང་རུང་བ་ལ། སྒོ་ལུས་ངག་ཡིད་གསུམ་པོས་བྱས་པ་སྟེ། དེ་ཡང་སྤོབས་པའི་བློ་གྲོས་ཀྱི་ཞུས་པ་ལས། འཇིག་རྟེན་ནག་པོ་འབྱུང་བའི་རྒྱུ། །ཡིད་ནི་དུག་གི་རྩ་བ་ཡིན། །ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། །ཁ་ནི་སྡིག་པའི་སྒོ་ཉིད་དོ། །ཞེས་པ་ལྟར། ཁ་ནི་ཉེས་སྤྱོད་ཐམས་ཅད་འབྱུང་བའི་སྒོ་ཡིན་པས་ཐོག་མར་སྨོས་ཏེ། ངག་གི་སྒོ་ནས་མུ་ཅོར་ཏེ་ཚིག་འཆལ་ཅི་རུང་རུང་སྨྲ་བའི་མི་དགེ་བ་བཞི་ཡི་ལས་དང་། ཡིད་ནི་ལུས་ངག་གི་ལས་ཐམས་ཅད་དང་པོ་ཀུན་ནས་སློང་བྱེད་རྒྱུ། བར་དུ་བྱ་བ་ལ་སྦྱོར་བའི་གྲོགས། ཐ་མ་བག་ཆགས་འཛིན་པའི་རྟེན་ཡིན་པས་དངོས་སུ་སྨོས་པར་མ་ཟད། ལུས་ངག་གི་བདུན་པོ་ཀུན་སློང་དགེ་ན་དགེ་བར་འགྱུར་བའི་སྐབས་ཀྱང་སྲིད་ལ། ལུང་མ་བསྟན་པར་འགྱུར་བའི་སྐབས་ཀྱང་ཡོད་ཀྱི། ཡིད་ཀྱི་གསུམ་པོ་རྣམ་པ་ཐམས་ཅད་དུ་མི་དགེ་བ་ཡིན་པས་ཡིད་འདི་ནི་དུག་སྡོང་གི་ས་བོན་བཞིན་ཉེས་པ་ཐམས་ཅད་ཀྱི་གཞི་མ་ཡིན་ནོ། །དེ་གཉིས་ཀའི་རྟེན་དུ་གྱུར་པ་ལུས་ཀྱི་སྒོ་ནས་ཀྱང་སྡིག་པའི་ལས་གང་བྱས་པ་སྟེ། མདོར་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་ཐམས་ཅད། ད་ལྟ་སྔོན་གྱི་དགེ་བའི་ལས་ཅུང་ཟད་ཙམ་པའི་མཐུས་མཐོ་རིས་མིའི་ལུས་རྟེན་ལ་བརྟེན་པའི་སྐབས་འདིར་ནད་དང་སྡུག་བསྔལ་སོགས་མི་དགེ་བའི་རྣམ་པར་སྨིན་པ་འགའ་ཞིག་ཉམས་སུ་མྱོང་བ་ཙམ་མ་གཏོགས་གཞན་ཐམས་ཅད་དགེ་འབྲས་དེས་ཟིལ་གྱིས་མནན་ཏེ་དེ་ལ་འཇིགས་ཤིང་སྐྲག་ནས་གཞན་དུ་བྲོས་པའི་ཚུལ་གྱིས་སྡིག་པའི་རང་གཟུགས་ངན་སོང་ལ་སོགས་པོའི་སྡུག་བསྔལ་དངོས་སུ་མྱོང་བ་མ་ཡིན་ནའང་། གཏན་ནས་མེད་པ་མིན་ཏེ་སྲིད་པའི་རྩ་བ་གནས་ལུགས་ཀྱི་དོན་ལ་སྒྲིབ་པའི་མུན་ནག་སྟུག་པོ་མ་རིག་པ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་ལྷན་ཅིག་པའི་ཀུན་གཞིའི་ཁམས་ལ་འཆབ་པ་སྟེ་བག་ཉལ་གྱི་ཚུལ་དུ་ཡོད་པ་ཀུན་བསྐལ་པ་མང་པོར་བར་མ་དོར་ཆུད་ཟ་བར་མི་འགྱུར་ཞིང་རྐྱེན་ཚོགས་པ་ན་མངོན་གྱུར་དུ་སྨིན་པར་འགྱུར་ཏེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །དེ་ལྟར་སྦྱང་བྱ་སྡིག་པའི་རང་བཞིན་ངོས་ཟིན་པར་བྱས་ནས། དེ་སྦྱོང་བྱེད་ཀྱི་ཐབས་ནི་གཉེན་པོ་སྟོབས་བཞིའི་སྒོ་ནས་ཏེ། དེ་ཡང་མི་དགེ་བའི་ལས་བྱས་པ་ལ་འཇིགས་པ་དང་། ངོ་ཚ་ཞིང་ཁྲེལ་བ་དང་བཅས་པས་བཟའ་བཏུང་ཡང་ཡི་གར་མི་འོང་བ་ཙམ་གྱི་འགྱོད་པ་ཆེན་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པའི་གཉེན་པོར་སྒོ་གསུམ་གྱི་དགེ་བ་སྤྱི་དང་། བྱེ་བྲག་ཏུ་སྲོག་བཅད་པའི་གཉེན་པོར་སྲོག་བསླུ་བ་ནས། ལོག་ལྟ་བྱས་པའི་གཉེན་པོར་ལས་འབྲས་ལ་ཡིད་ཆེས་བསྐྱེད་པའི་མཚོན་ནས་དགེ་བའི་ཕྱོགས་ལ་བརྩོན་པ་ཀུན་ཏུ་སྤྱོད་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མི་བསྒྲུབ་སྙམ་དུ་སྙིང་ནས་དམ་བཅའ་ཞིང་སྡོམ་སེམས་ལེན་པ་སོར་ཆུད་པའི་སྟོབས། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྟེན་གྱི་སྟོབས་ཏེ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཉིན་ཕྱེད་འབར་བས་མུན་པ་དྲུངས་ནས་འབྱིན་པ་བཞིན་སྡིག་པ་ཐམས་ཅད་སྦྱངས་ཤིང་དག་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་གྱི། གཞན་དུ་ན་ཁ་ནས་བཤགས་པའི་ཚིག་མཐོལ་ལོ་འཆགས་སོ་མི་འཆབ་བོ་མི་སྦེད་དོ་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ་ཞེས་བརྗོད་ཀྱིན་སེམས་ལ་འགྱོད་སྡོམ་གང་ཡང་མེད་པར་ཡེང་ཞོར་འཁྲུལ་ཞོར་རྩེ་བཞིན་རྒོད་བཞིན་ཆགས་སྡང་ལ་སོགས་པའི་རྟོག་ངན་སྣ་ཚོགས་ཀྱི་རྗེས་སུ་འབྲང་བཞིན་དུ་བཤགས་པ་ཡིན་ཟེར་ནས་ལྟུང་བཤགས་ལ་སོགས་པ་གྲངས་མང་པོ་བསོགས་ཀྱང་གསུང་རབ་བཏོན་པའི་ཕན་ཡོན་ཀྱིས་སྡིག་པ་ཅུང་ཟད་སྲབ་པར་འགྱུར་བར་ཟད་ཀྱི་ཡོངས་སུ་དག་པར་འགྱུར་བ་ནི་མ་ཡིན་པས་སྡིག་བཤགས་ལ་སོགས་པ་དགེ་བའི་དངོས་པོ་གང་ཡིན་ཀྱང་གནད་དུ་འགྲོ་ངེས་བྱེད་པ་གལ་ཆེ་གསུངས། དེ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། སྦྱོར་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམཁར་བསམ་ལ་སྐྱབས་སུ་འགྲོ་བ་དང་ཕྱག་འཚལ་ཞིང་མཆོད་པ་ཕུལ་བ་ལ་སོགས་པ་སྔོན་དུ་འགྲོ་བས། དངོས་གཞི་ཇི་སྐད་བཤད་པའི་སྟོབས་བཞི་ཚང་བའི་སྒོ་ནས་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པ་དང་། སྤྱོད་འཇུག་སོགས་ལས་བྱུང་བའི་བཤགས་ཚིག་རྣམས་གང་རུང་བརྗོད་དེ་བཤགས་པར་བྱའོ། །རྗེས་སུ་ནི་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་མུན་ཁུང་དུ་ཉི་ཟེར་ཕོག་པ་བཞིན་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་སངས་སངས་དག་པར་བསམ་ནས་དགའ་བ་བསྒོམ་མོ། །དེ་ལྟར་བཤགས་པའི་ཕན་ཡོན་ནི། སྡིག་པ་ཡང་འདུས་བྱས་ཡིན་པས་རང་རྒྱུད་དང་ལྷན་ཅིག་ཏུ་མི་གནས་པར་འགྱུར་ཏེ། བྱམས་པ་སེང་གེའི་སྒྲས་ཞུས་པའི་མདོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་སོ། །དེ་ལྟ་བུའི་གཉེན་པོ་ཡང་ཡང་གོམས་པའི་སྟོབས་ཀྱིས་སྒྲིབ་པ་དག་ན་རྟོགས་པ་ཡང་ངང་གིས་སྐྱེ་བས་སྡིག་པ་ཇི་ཙམ་ཡོད་ཀྱང་དེ་ལས་གྲོལ་ཞིང་ཉེས་སྤྱོད་ཐམས་ཅད་བསྐྱེད་པའི་རྩ་བ་བདག་ཏུ་ཞེན་པའི་མུན་པའང་དྲུངས་ནས་འབྱིན་པར་འགྱུར་ཏེ། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང་སྟོང་ཉིད་བསྒོམས་པས་རྣམ་པར་གྲོལ་ལོ། །ཞེས་དང་། སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་གསུངས་པ་ལྟར་རོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། ལུས་ཀྱི་བྱ་བ་ངག་གི་སྨྲ་བ་ལོངས་སྤྱོད་གཏོང་བ་དེ་དག་གི་དོན་དུ་སེམས་པ་སྟེ། སྒོ་གསུམ་ལོངས་སྤྱོད་དང་བཅས་པའི་ལས་སུ་བྱ་བའི་སྦྱོར་བས་ངལ་བ་གང་གིས་ཀྱང་བདག་ཉིད་ཀྱི་རྒྱུད་མ་འཁྲུགས་བཞིན་དུ་བསམ་པ་བཟང་པོའི་ཁྱད་པར་གཅིག་གིས་གཞན་སངས་རྒྱས་རྣམས་ཀྱི་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་ཡོན་ཏན་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་འཇུག་གི་སེམས་བསྐྱེད་ཅིང་ཕྱིན་དྲུག་ལ་བསླབ་པ་དང་། ཉན་རང་རྣམས་ཀྱིས་བདེན་བཞི་དང་རྟེན་འབྲེལ་ཉམས་སུ་བླངས་པ་དང་། འགྲོ་བ་ཕལ་པ་དག་གིས་ཀྱང་དགེ་བཅུ་བསྒྲུབས་པ་སོགས་འཕགས་པ་དང་སོ་སོ་སྐྱེ་བོའི་རྣམ་པར་དཀར་བའི་ཡོན་ཏན་ཐམས་ཅད་ལོངས་སྤྱོད་ཕྲོག་པ་ལྟར་ཕ་རོལ་པོ་དེ་དང་བྲལ་བར་བྱེད་པ་མ་ཡིན་ཀྱང་རང་གིས་ཐོབ་པའི་ཆ་ནས་ཐ་སྙད་ཉེ་བར་བཏགས་ཏེ་ཡུད་ཙམ་སྟེ་རྟོག་པ་གཅིག་འགྱུ་བའི་ཡུན་ལ་འཕྲོག་པར་བྱེད་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་ཏེ་ཚུལ་ནི་རྗེས་སུ་ཡི་རང་བ་ཁོ་ནས་བྱས་ཏེ། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་བསྙེན་བཀུར་གྱིས་མཆོད་པ་ལས། དབུལ་མོ་ཞིག་གིས་དེ་ལ་རྗེས་སུ་ཡི་རང་བའི་བསམ་པ་སྐྱེས་པ་བསོད་ནམས་མཉམ་པོའི་ནང་ནས་ཆེ་བར་ཐོབ་པར་གསུངས་སོ། །དེ་ནས་རྗེས་སུ་ཡི་རང་བ་དེ་ལས་གཞན་རང་གིས་མ་བསྒྲུབ་བཞིན་དེ་ལྟར་ཐོབ་པའི་ཐབས་གང་ཡང་མེད་དོ། །དེ་ཡང་རྗེས་སུ་ཡི་རང་བ་འདི་ནི་ཕྲག་དོག་གི་གཉེན་པོ་ཡིན་པས་གཞན་གྱིས་བྱས་པའི་དགེ་བ་དང་ཡོན་ཏན་ལ་ཕྲག་དོག་གི་དབང་གིས་སྙིང་མི་དགའ་ཞིང་། གཞན་ལ་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་ཉེས་པ་བྱུང་ན་སེམས་དགའ་བར་འགྱུར་བ་དེས་ནི་དོན་མེད་པའི་ཉེས་པ་ཆེན་པོ་རང་རྒྱུད་ལ་སོག་ཅིང་། དམ་པ་རྣམས་ཀྱི་ཐུགས་ཁྲེལ་ལ་དཀར་ཕྱོགས་ཀྱི་ལྷ་དག་གིས་ཀྱང་འཕྱ་ཞིང་སྨོད་པའི་གནས་སུ་འགྱུར་བས་དེ་འདྲ་བའི་གང་ཟག་དེ། ཆོས་ལྟར་བཅོས་པའི་ཚུལ་ཇི་ལྟར་བཟང་ཡང་དོན་ལ་ངན་སོང་གི་གཏིང་རྡོ་ལས་མི་འདའ་བས་རྟག་ཏུ་རང་རྒྱུད་ལ་ལེགས་པར་བརྟགས་ནས་བསམ་ངན་དེ་འདྲ་བ་འདུག་ན་རང་གིས་རང་ལ་ཁྲེལ་བརྡས་བྱས་ནས་སྐལ་ཆད་པོ་ང་རེ་ངན་རང་གིས་ཆོས་མི་འགྲུབ་པའི་སྟེང་དུ་རྟོག་ངན་འདི་འདྲ་བ་སྐྱེ་བ་ངོ་རེ་ཚ། དམ་པ་རྣམས་ཀྱིས་ཐུགས་ཁྲེལ་དུ་འོང་། ཆོས་ལ་ཅུང་ཟད་བརྩོན་ཁུར་བྱས་པ་དེས་ཀྱང་ཆོས་གོ་མ་ཆོད། ཆོས་ཐོས་ཚད་ཤེས་ཚད་ཐམས་ཅད་ཕྲག་དོག་དང་ང་རྒྱལ་གྱི་བསྣོན་མར་གྱུར་ནས་ཐོས་བསམ་ཐམས་ཅད་བདུད་ལས་སུ་སོང་བ་འདི་རེ་སྡུག་སྙམ་དུ་བསམ་ནས་རང་སྐྱོན་རྐུན་མ་ངོས་བཟུང་། རང་མཚང་མལ་འོག་གི་རྡོ་བཞིན་དུ་དོར་ཏེ། གཞན་གྱི་དགེ་བ་དང་ཡོན་ཏན་གྱི་ཕྱོགས་གང་མཐོང་ཞིང་ཐོས་པ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་ཞིང་མགུ་ལ་རྗེས་སུ་ཡི་རང་བར་བྱེད་པ་འདི་ནི་ཆོས་ཀྱི་གཟུགས་བརྙན་མི་ཆེ་ཡང་བྱ་སླ་ལ་ཆོད་ཆེ་བ་ཡིན་པས་རྒྱུད་ལ་འབྱུང་ངེས་སུ་བྱེད་པ་ནི་གནད་དམ་པ་ཡིན་གསུངས། ཕན་ཡོན་ནི་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་སོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་ནི། དམན་པ་ལ་དགག་སྒྲས་ཐར་དུ་མེད་པའམ་ཐར་དཀའ་བའི་འཁོར་བ་ན་རྒྱུ་བའི་སེམས་ཅན་རྣམས་ཀྱི་ཉེས་པར་སྤྱོད་པ་ནི་གཉེན་པོས་མ་དུལ་བ་རང་བཞིན་དུ་མ་ཞི་ཞིང་མ་བསྡམས་པ་སྡིག་ཏོ་མི་དགེ་བ་དག་གཡོ་སྒྱུས་ཕྱོགས་བསླད་པ། ཆོས་ཀྱི་ཕྱོགས་སུ་ཡོ་བྱད་གཏོང་བའི་དོན་དུ་ནི་ལྕགས་ཀྱི་ཕ་གུ་བཞིན་རྣམ་པར་སྲ་བ། ལས་ངན་གྱི་བག་ཆགས་གོམས་པ་ནི་རྡོ་རྗེའི་འདག་པ་བཞིན་དུ་མཁྲེགས་པ། ངེས་འབྱུང་གི་རླན་དང་བྲལ་ཞིང་དད་པ་ལ་སོགས་པའི་དགེ་བའི་ལོ་ཏོག་གང་ཡང་སྐྱེ་རུ་མི་བཏུབ་པས་ཐ་བར་གྱུར་བ་དམ་པའི་ཆོས་མ་ཡིན་པ་གཞན་གང་གིས་ཀྱང་གདུལ་བའི་ཐབས་ཀྱི་བརྟན་པ་དང་བྲལ་བ་གང་ཡིན་པ་དེ་ལ་དགོངས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ་ཞེས་ཞུ་བ་སྟེ། དེ་ཡང་འདི་ལྟར་ཕྱོགས་བཅུའི་ཞིང་རབ་འབྱམས་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་ཆེ་བ་འདོན་པ་དང་། ཆོས་ལ་དཀོན་པའི་འདུ་ཤེས་འཇོག་པ་དང་། བསྐུལ་བ་པོའི་ཚོགས་རྫོགས་པའི་ཕྱིར་ཆོས་མི་གསུང་བའི་ཚུལ་གྱིས་བཞུགས་པ་དེ་ཐམས་ཅད་ལ། དད་མོས་རྩེ་གཅིག་པས་ཐལ་མོ་སྦྱར་ཏེ། ཚངས་པ་བཞིན་དུ་སྨོན་ལམ་དང་སྙིང་སྟོབས་དང་གཏོང་ཕོད་དང་ལྡན་པར་བསྐུལ་བ་དང་། ཚེ་དང་ལྡན་པ་རབ་འབྱོར་བཞིན་དུ་འདྲི་ཞིང་ལན་ལྡོན་པ་ལ་མཁས་པས་བསྐུལ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། གསང་བའི་བདག་པོ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་གནས་བསྐུལ་བ་ལ་མཁས་པ་དང་། འཕགས་པ་བློ་གྲོས་མི་ཟད་པ་དང་། ལི་ཙ་བཱི་དྲི་མེད་གྲགས་པ་བཞིན་དུ་བདག་ཉིད་ཀྱིས་སྤོབས་པས་ཐབས་ལ་མཁས་པར་བསྐུལ་བར་དམིགས་ཏེ། འདི་ནི་གཏི་མུག་གི་གཉེན་པོ་ཡིན་པས་སམ་ཡང་ན་ཐོག་མེད་ནས་སྲིད་པར་འཁྱམས་བྱེད་ཀྱི་རྒྱུའི་གཙོ་བོ་འདོད་ཆགས་སམ་སྲེད་པ་ཡིན་པས་དེའི་གཉེན་པོར་དྲང་དོན་དང་ངེས་དོན་སྣ་ཚོགས་པའི་རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ་གྱི་ངོ་བོ་ཆོས་འཁོར་གྱི་རིམ་པ་གསུམ་དུ་བསྡུ་བའི་རྩིབས་རྣོན་པོས་གང་ཟག་དང་ཆོས་ལ་བདག་ཏུ་ཞེན་པས་དྲངས་པའི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་གཅོད་པར་བྱེད་ཅིང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མུ་ཁྱུད་ལས་འདའ་བ་མེད་པར་འཛིན་པ་དེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་རང་གི་མོས་པ་དང་འཚམས་པར་འཕོ་བའི་ཚུལ་གྱིས་བསྐོར་བར་མཛད་དུ་གསོལ་ཞེས་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་དངོས་སུ་བསྐུལ་བར་བྱའོ། །དེ་ལ་སྤྱིར་ཆོས་ཀྱི་འཁོར་ལོ་ལ་བཞེད་ཚུལ་མི་འདྲ་བ་ཡོད་དེ། བྱེ་བྲག་སྨྲ་བ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། སྔར་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་གསུངས་པས་ཀུན་ཤེས་ཀཎྜ་ནྱིའི་རྒྱུད་ལ་མཐོང་ལམ་སྐྱེས་པ་ན་ལྷ་རྣམས་ཀྱིས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་པའི་ཕྱིར། དེ་ཡང་ཡིན་ཏེ། འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་ན་ཡོད་དེ། མྱུར་བར་འགྲོ་བ་དང་། སྔ་མ་འདོར་བ་དང་། ཕྱི་མར་འཇུག་པ་དང་། མཐོ་བར་འཕར་བ་དང་། དམའ་བར་འབབ་པ་དང་། མ་རྒྱལ་བ་ལས་རྒྱལ་བ་དང་། རྒྱལ་བ་རྣལ་དུ་འགོད་པའོ། །དེ་བཞིན་དུ་མཐོང་ལམ་གྱིས་དམིགས་ཡུལ་མྱུར་དུ་གཅོད་པ་དང་། དམིགས་རྣམ་སྔ་མ་འདོར་བ་དང་། ཕྱི་མར་འཇུག་པ་དང་། ཁམས་གོང་མའི་བདེན་པ་ལ་དམིགས་པས་མཐོ་བར་འཕར་བ་དང་། འོག་མའི་བདེན་པ་ལ་དམིགས་པས་དམའ་བར་འབབ་པ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བ་དང་། རྣམ་གྲོལ་ལམ་གྱིས་སྤང་བྱ་སྤངས་པས་བྲལ་ཐོབ་འདྲེན་པས་རྒྱལ་བ་རྣམ་དུ་འགོད་པ་དང་ཆོས་མཐུན་ནོ་ཞེས་བཞེད། བཙུན་པ་དབྱངས་སྒྲོགས། ཁ་ཅིག་འཕགས་ལམ་བརྒྱད་ཆོས་འཁོར་ཡིན་ཏེ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པས་བསྡུས་པས་བརྟེན་པའི་ལྟེ་བ་དང་། ལྟ་བ་རྟོག་པ་གཉིས་ཤེས་རབ་ཀྱི་བསླབ་པས་བསྡུས་པས་གཅོད་པའི་རྩིབས་ལྟ་བུ་དང་། ལྷག་མ་གསུམ་ཏིང་ངེ་འཛིན་གྱི་བསླབ་པས་བསྡུས་པས་སྡུད་པའི་མུ་ཁྱུད་ལྟ་བུ་ཡིན་ནོ་ཞེས་བཞེད། འོན་ཀྱང་ཐེག་ཆེན་པ་རྣམས་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་བཞེད་དེ། དེ་དག་དམ་པའི་ཆོས་ཀྱི་ངོ་བོ་ཡིན་པ་དང་། རྫོགས་པའི་སངས་རྒྱས་ནས་ད་ལྟའི་གང་ཟག་གི་བར་རྒྱུད་གཅིག་ནས་གཅིག་ཏུ་འཁོར་བའི་ཕྱིར་ཞེས་བཞེད་པ་ཡིན་ནོ། །ཕན་ཡོན་ནི། གཙུག་ན་རིན་པོ་ཆེའི་མདོ་ལས། རྒྱལ་བའི་དགོངས་པ་མཛད་པ་ལ། །གང་གིས་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །དེ་ཡི་བསོད་ནམས་འཆིང་བ་འདྲ། །ཞེས་སོ། །གཞན་ཡང་ཆོས་སྤངས་པའི་ཉེས་པ་འདག་ཅིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་འཛིན་པར་འགྱུར་རོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། ཐེག་ཆེན་འཕགས་པ་སློབ་པ་དང་མི་སློབ་པ་རྣམས་ལ་སྐྱེ་ཤི་རང་མཚན་པ་ཡོད་པར་ལྟ་བའི་ལོག་ལྟའི་གཉེན་པོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེེ་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་གང་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་དང་། རྟག་འཛིན་ཅན་རྣམས་ཀྱི་རྟག་འཛིན་ལྡོག་པ་དང་། སྐུ་གདུང་རིང་བསྲེལ་གྱིས་གདུལ་བྱའི་དོན་འབྱུང་བ་སོགས་ཀྱི་ཕྱིར་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ་དམིགས་ཏེ་ཐལ་མོ་སྦྱར་ནས། སྔོན་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་བཞིན་དུ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་རྣམས་མྱ་ངན་ལས་འདས་པར་གྱུར་ན་རྣམ་པར་གྲོལ་བའི་ཐབས་ཀྱིས་སྤངས་པར་གྱུར་པའི་འགྲོ་བ་འདི་ཐམས་ཅད་ཀྱིས་ཆོས་དང་ཆོས་མིན་གྱི་ཁྱད་པར་མི་ཤེས། ལམ་དང་ལམ་མིན་གྱི་དབྱེ་བ་མི་ཤེས་པས་སྡུག་བསྔལ་རྒྱུ་འབྲས་ཀྱི་གནས་སྐབས་བསྟེན་པ་ལས་ཐར་པའི་དུས་མེད་པའི་ཚུལ་འདི་ལྟ་བུ་མཐོང་ནས་བསྐལ་པ་རྒྱ་མཚོའི་བར་དུ་མྱ་ངན་ལས་འདའ་བ་མིན་པར་ཞབས་པད་རྡོ་རྗེའི་གདན་ཁྲི་ལ་བཞུགས་པར་མཛད་པའི་སླད་དུ་ལུས་དང་ལོངས་སྤྱོད་དགེ་བའི་དངོས་པོ་ཀུན་གྱི་རིན་ཐང་ཐམས་ཅད་གཅིག་ཏུ་བསྡོམས་ཏེ་སྤུངས་ནས་ཕུལ་བ་ཡིན་པས་བཞུགས་པར་མཛད་དུ་གསོལ་ཞེས་ཞུས་པས་བཞུགས་པར་ཞལ་གྱིས་བཞེས་པར་བསམ་མོ། །ཕན་ཡོན་ནི་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་འདེབས་པ། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདའ་མི་མངའ། །ཞེས་པས་གནས་སྐབས་སུ་ཚེའི་བར་ཆད་ཐམས་ཅད་ཞི་ནས་དུས་མ་ཡིན་པར་འཆི་བར་མི་འགྱུར་ཞིང་། མཐར་ཐུག་འཆི་མེད་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་རོ། །བདུན་པ་བསྔོ་བའི་ཡན་ལག་ནི། འདི་ལྟར་བདག་ཏུ་བལྟ་བ་དང་བཅས་པས་སྲིད་པའི་བདེ་འབྲས་ལ་དམིགས་པའི་དགེ་བ་ནི་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། ཐབས་ཤེས་ཁྱད་པར་ཅན་གྱིས་མ་ཟིན་པས་ཁོང་ཁྲོ་ལ་སོགས་པའི་རྐྱེན་གྱིས་ཟད་པར་འགྱུར་བས་འདར་བའི་རང་བཞིན་ཏེ། གལ་ཏེ་རྐྱེན་གྱིས་མ་ཟད་དུ་ཟིན་ཀྱང་དེ་འདྲ་བའི་རྣམ་པར་དཀར་བ་དེའི་འབྲས་བུ་ཡང་སྲིད་པར་ལན་གཅིག་ཙམ་དུ་མངོན་པར་མཐོ་བ་ལྷ་དང་མིའི་གནས་ཐོབ་ཀྱང་། དེ་ནས་ལས་དེ་མྱོང་སྟོབས་ཀྱིས་ཟད་ནས་སྲིད་པ་ཕྱི་མར་ལྟུང་བའི་སྡུག་བསྔལ་དང་ཆོ་ངེ་སྟེ་སྨྲེ་ངག་འདོན་པ་དང་བཅས་པའི་རང་བཞིན་ལས་མ་འདས་ལ། དེ་བཞིན་དུ་ཉན་རང་གི་སར་ཡང་བསྔོ་བར་མི་བྱ་སྟེ། དོན་གཉིས་མཐར་མ་ཕྱིན་པར་ཕུང་པོ་ལྷག་མེད་དུ་ཟད་པར་འགྱུར་བའི་ཕྱིར་རོ། །དེས་ན་དགེ་བ་བསགས་ཀྱང་ཐབས་ལ་མི་མཁས་པས་ཐེ་ཚོམ་སྐྱེ་བ་དང་། དགེ་བར་བསྒྱུར་བའི་འདུན་པ་མེད་པས་ལུང་མ་བསྟན་པ་དེའི་གཉེན་པོར་ཐེག་པ་ཆེན་པོའི་བསྔོ་བའི་ཚུལ་བླ་ན་མེད་པ་ལ་བསླབ་པར་བྱ་སྟེ། དེ་ཡང་བསྔོ་རྒྱུའི་དགེ་རྩ་ནི་ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །ཅེས་འགྲོ་བ་གཞན་ཐམས་ཅད་ཀྱི་དགེ་བ་ཇི་སྙེད་ཡོད་པ་དང་། རང་གི་དུས་གསུམ་གྱི་དགེ་བ་ཐམས་ཅད་དོ། །ཆེད་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྫོགས་པའི་བྱང་ཆུབ་འབའ་ཞིག་གི་སར་བསྔོ་བའོ། །དམིགས་རྣམ་ནི་མེད་སྣང་སྒྱུ་མ་ལྟ་བུའི་ཚུལ་དུའོ། །ངོ་བོ་ནི་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཞེས་སོ། །ཚུལ་འདི་ནི་སངས་རྒྱས་རྣམས་ཀྱི་ཐབས་ལ་མཁས་པའི་ཁྱད་ཆོས་ལས་སྟོན་པ་གཞན་གྱི་ལུགས་ཕྱི་རོལ་པ་ལ་ནི་གྲགས་པ་མེད་དེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱ་བའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །ཐུབ་དབང་ཁྱེད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །བསྔོ་བའི་ཚིག་ཀྱང་འཕགས་ས་ཐོབ་པའི་བདེན་ཚིག་གྲུབ་པ་ཞིག་གིས་གསུངས་པའི་རྗེས་སུ་འབྲང་བར་བྱ་བ་ནི་གནད་དོ། །བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། རྒྱུ་དགེ་བ་སྔོན་དུ་སོང་ཡང་རུང་། ཕྱིས་བྱེད་ཀྱང་རུང་སྟེ། དགེ་རྩ་ལ་དམིགས་པ་ཅན་ནི་བསྔོ་བ་དང་། དེ་མ་ཡིན་པ་འདོད་རྒྱལ་དུ་བརྗོད་པ་སྨོན་ལམ་མོ། །དེས་ན་བསྔོ་བ་ལ་སྨོན་ལམ་གྱིས་ཁྱབ་ཀྱང་། སྨོན་ལམ་ཙམ་ལ་བསྔོ་བས་མ་ཁྱབ་བོ། །ཕན་ཡོན་ནི། དགེ་རྩ་མི་ཟད་ཅིང་དཔག་ཏུ་མེད་པར་བྱེད་དེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་མཁས་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དེ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་སོ། །གསུམ་པ་ལུས་བྲན་དུ་དབུལ་བ་ནི། སྤྱིར་ལོངས་སྤྱོད་རང་ལ་ཡོད་པས་ཆོག་ཤེས་པར་བྱེད་ཅིང་ཁྱད་པར་དུ་རབ་ཏུ་བྱུང་བ་རྣམས་ནི་ལྟོ་འགྲངས་ལྷག་སྐྱོབ་ཙམ་གྱིས་ཆོག་ཤེས་པར་བྱེད་པ་ནི་བརྐམ་ཆགས་ཀྱི་གདུང་བ་ཞི་བའི་བདུད་རྩིའི་བཏུང་བ་ལྟ་བུ་ཡིན་པས་དེ་དང་ལྡན་ན་བདག་ཏུ་བཟུང་བའི་དངོས་རྫས་རྒྱ་ཆེན་པོ་མཆོད་རྒྱུ་མེད་ནའང་ཅུང་ཟད་ཙམ་གྱིས་དམིགས་པའི་རྟེན་བྱས་ཏེ། བདག་པོས་མ་བཟུང་བ་དང་ཡིད་སྤྲུལ་གྱིས་མཆོད་ན་རང་གི་ལོངས་སྤྱོད་ཀྱིས་མཆོད་པ་དང་འདྲ་བར་ཚོགས་རྫོགས་པར་འགྱུར་གྱི། དགོས་པའི་ཡོ་བྱད་ཅུང་ཟད་ཙམ་གྱིས་མ་ངོམས་པར་ནོར་དང་ལོངས་སྤྱོད་སྣ་ཚོགས་པའི་གསོག་བསྐྲུན་ལ་འབད་ཅིང་མང་པོ་ཡོད་བཞིན་དུ་སེར་སྣས་བཅིངས་ནས་ཕུལ་མི་ནུས་ན། སྐྱེས་བུའི་ཡིད་ལ་མ་བཟུང་བའི་མཆོད་པའི་སྤྲིན་ཏེ་མང་པོ་ཡང་གཏོང་བའི་དངོས་པོ་དང་འབྲེལ་ཆད་པས་ཚིག་ཙམ་དག་གི་ཕ་མཐར་འཁྱམས་ཏེ་མཆོད་ཡུལ་རྣམས་རྫུན་གྱིས་བསླུ་བའི་ཉེས་དམིགས་དང་། དམིགས་པའི་རྣམ་པ་གཅིག་པོ་ལ་མཆོག་ཏུ་འཛིན་པ་ཙམ་དུ་ཟད་པས་དེ་ལ་སྐྲག་པར་གྱུར་ནས་བདག་གི་ལུས་མཁོ་ཞིང་དགོས་པ་གཅེས་ཤིང་ཕངས་པ་འདི་ཉིད་མཛེས་ཤིང་ཡིད་དུ་འོང་བར་དམིགས་ཏེ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ་རང་རང་གི་ལུས་སྨོན་ལམ་གུས་པའི་གདན་ཁྲིར་ཕུལ་བ་བཞིན་དུ་མཆོད་ཡུལ་རྣམས་ཀྱི་སྟན་དུ་དབུལ་བ་དང་། དུས་གཏན་དུ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྲན་དུ་ཕྲིན་ལས་ཀྱི་བྱེད་པ་པོར་དམ་བཅས་ནས་རྟག་ཏུ་སྒོ་གསུམ་གྱིས་དངོས་བརྒྱུད་གང་རུང་དུ་སེམས་ཅན་ལ་ཕན་པ་འབའ་ཞིག་བསྒྲུབ་པ་ལའང་བརྩོན་པར་བྱའོ་སྙམ་དུ་དོ་གལ་བགྱིད་དོ། །དེའི་དགོས་པ་ཡང་། རྒྱལ་པོ་ལ་སོགས་པའི་སྡིག་ཅན་གྱི་མཐུས་ནོན་ཏེ་དེའི་བྲན་དུ་གྱུར་ནས་སྒོ་གསུམ་ངལ་ཞིང་དུབ་པ་ནི་གྲངས་མང་ཡང་། དེས་ནི་འདི་ཕྱི་ཐམས་ཅད་དུ་སྡུག་བསྔལ་འབའ་ཞིག་བསྒྲུབ་པ་ལས་དོན་ཅི་ཡང་མེད་ལ། གཏན་དུ་བསླུ་བ་མེད་པའི་སྐྱབས་གནས་དམ་པ་དཀོན་མཆོག་གསུམ་གྱི་བྲན་དུ་གྱུར་པ་ཡིན་ནོ་སྙམ་པ་ཙམ་ལའང་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ་ཡིན་ཀྱང་། རྣམ་པར་རྟོག་པ་དེ་ལྟ་བུ་མི་ཚེ་རིལ་པོ་གཅིག་ཏུའང་ཡིད་ཡུལ་དུ་འཆར་མ་མྱོང་བ་མང་པོ་ཡོད་དེ། དེ་དག་ནི་ཤིན་ཏུ་སྐལ་བ་ངན་པ་ཡིན་ནོ། །དེས་ན་མཆོག་གསུམ་གྱི་འབངས་སུ་སྙིང་ཐག་པ་ནས་དམ་བཅས་པའི་གང་ཟག་དེ་ནི་དཀོན་མཆོག་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས། དཔེར་ན་སོ་ཀའི་དུས་སུ་ཚ་བས་གདུང་བ་ན་ལྗོན་ཤིང་མེ་ཏོག་གིས་བརྒྱན་པ་ཡལ་ག་དང་ལོ་འདབ་རྒྱས་པའི་འཇོ་སྒེག་ཅན་གྱི་གྲིབ་མར་བསྡད་པས་དབུགས་འབྱིན་ཐོབ་པ་ལྟར་ཚེ་འདིར་སྡུག་བསྔལ་ལས་སྐྱོབ་ཅིང་ལེགས་དགུའི་དངོས་པོ་འབྱུར་བར་མ་ཟད་འཆི་བའི་ཚེ་ནའང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་སྣ་དྲངས་ཏེ་དག་པའི་ཞིང་དུ་འཁྲིད་པར་མཛད་ཅིང་། གལ་ཏེ་ཚུལ་ཁྲིམས་འཆལ་བ་ལ་སོགས་པའི་ལས་ངན་ལ་གོམས་པའི་དབང་གིས་རྣམ་པ་ཀུན་ཏུ་སྡང་ཞིང་འཁྲུགས་པའི་ཁྲོ་གཏུམ་ཅན་གཤིན་རྗེའི་ཕོ་ཉའི་མདུན་སར་སོན་ན་ཡང་དཀོན་མཆོག་དྲན་པ་ཙམ་གྱི་མོད་ལ་དེ་དག་གི་ཁྲོ་གཉེར་རྩུབ་མོ་དེ་འཇིག་པར་གྱུར་ནས་གནོད་པ་མེད་པར་སྡུག་བསྔལ་ལས་ཐར་བར་འགྱུར་བའི་ཕྱིར། དེ་ནི་རིན་ཐང་ངམ་དོན་ཆེན་པོ་ཟད་མི་ཤེས་པ་ཡིན་ནོ། །གཞན་ཡང་རྡོ་རྗེ་ལས་རིམ་ལས་ཀྱང་། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང་། །དབང་ཕྱུག་སངས་རྒྱས་ད་ལྟ་བདག །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་བྱ། །མཆོག་གི་ཡོན་ཕྱིར་སྣོད་དུ་འགྱུར། །ཞེས་ཕྱོགས་བཅུའི་བདེ་གཤེགས་སྲས་དང་བཅས་པ་ད་ལྟའི་ལམ་སྟོན་ཡོད་པ་ལ་ལྟོས་ནས་འདས་པའི་སངས་རྒྱས་སུ་མོས་ཏེ་ལུས་ཕུལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡེ་ཤེས་ལ་དབང་ཐོབ་པའི་དགོས་པ་དང་། དབང་ཕྱུག་དེ་ད་ལྟར་བའི་སངས་རྒྱས་བླ་མ་ལ་ལུས་ཕུལ་བས་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཡེ་ཤེས་ཐོབ་པའི་སྣོད་དུ་རུང་བའི་དགོས་པ་དང་། མ་འོངས་པ་ན་སངས་རྒྱས་སུ་འགྱུར་བ་སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་ཅན་ལ་ལུས་ཕུལ་བས་སེམས་ཅན་གྱི་དོན་མཐར་ཕྱིན་པའི་དགོས་པ་ཡོད་པས། བདེ་གཤེགས་དབང་ཕྱུག་སེམས་ཅན་ལ། །དགོས་པ་གསུམ་ཕྱིར་ལུས་དབུལ་ལོ། །ཞེས་འབྱུང་ངོ་། །གཉིས་པ་དོན་བསྡུས་ཏེ་དགོས་པ་བརྗོད་པ་ནི། དེ་ལྟར་སེམས་སྦྱངས་ཤིང་ཚོགས་བསགས་པ་དེས་ནི་ཐོག་མ་མེད་པ་ནས་མ་རིག་པ་གཏི་མུག་གི་མཐུས་ནོན་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་ཤིང་ལས་དང་ལས་ཀྱི་འབྲས་བུ་ཡང་མ་ཤེས་ནས་སྡིག་པའི་ལས་དུ་མ་གོམས་ཤིང་བསགས་པའི་སྒྲིབ་པ་དང་ལྡན་པ་བདག་གི་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་ལ་གེགས་སུ་གྱུར་པའི་དྲི་མའི་རྣམ་པ་མཐའ་དག་བཙོ་བླག་མཁན་མཁས་པས་ཚོས་ཀྱི་དོན་དུ་རས་ཡུག་ཁྲུས་ཀྱིས་སྦྱངས་པ་ཁ་དོག་བསྒྱུར་སླ་བའམ། བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལ་གཟུགས་བརྙན་འཆར་རུང་བ་ལྟར་བསོད་ནམས་མ་ཡིན་པས་རྒྱུད་རྙོག་པ་ཅན་དུ་བྱས་པ་དེ་ཉིད་དྭངས་ཤིང་གཙང་མར་གྱུར་ཏེ་དག་པའི་སེམས་ཀྱི་ནང་དུ་རགས་པ་བརྡའ་ལས་བྱུང་བའི་སེམས་བསྐྱེད་ཆོ་གའི་སྒོ་ནས་བླངས་ན་ཇི་ལྟ་བ་བཞིན་དུ་ཐོབ་པས་བླ་ན་མེད་པའི་སྡོམ་པ་དེའི་གཟུགས་བརྙན་དངོམ་པ་ཡིན་ནོ་ཞེས་པའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། བླང་ཡུལ་དཔང་པོར་བྱ་བ། ཆོ་ག་དངོས་བརྗོད་པ། སྡོམ་པའི་ཐོབ་མཚམས་བཤད་པའོ། །དང་པོ་ནི། དེ་ལ་བདག་ཅག་འཁོར་བའི་སེམས་ཅན་ནི་ལས་ངན་པའི་གཞན་དབང་དུ་གྱུར་པའི་སྟེང་འདོད་པོའི་ལྷ་བདུད་སྡིག་ཅན་ཆུང་མ་པདྨའི་ཕྲེང་བ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། བདུད་ཅེས་བྱ་བ་ནི་ཐར་པའི་ལམ་གྱི་ཆོས་བསྒྲུབ་པའི་བར་ཆད་དུ་འགྱུར་བས་ཆོས་དང་འཇིག་རྟེན་གྱི་བྱ་བས་ཁེངས་ཏེ་དྲེགས་པར་བྱེད་པ་དང་། བླང་དོར་གྱི་ཕྱོགས་ལ་བློ་རྨོངས་པར་བྱེད་པ་དང་། ཕྱིན་ཅི་ལོག་གི་ལྟ་བས་ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྗེད་ངེས་ཤིང་དྲན་པ་ཉམས་པས་བརྒྱལ་བར་བྱེད་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་ཕྱོགས་ལ་སེམས་ཏེ་གཡེང་བར་བྱེད་པ་སྟེ་དེའི་མེ་ཏོག་གི་མདའ་བསྣུན་པས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོགས་པས་དེ་རབ་ཏུ་འབར་བར་གྱུར་ཏེ་དེའི་དབང་དུ་སོང་ནས་ཐར་པ་དང་མངོན་པར་མཐོ་བ་ལས་ཉམས་པར་གྱུར་པའི་ཉེས་པ་བརྒྱ་ཕྲག་མང་པོའི་གཡང་ས་ཡང་ཞིང་ཐར་དཀའ་བར་ལྟུང་བ་ཡི་རྒྱུད་ལ་རིམས་ནད་ཀྱི་རྣམ་གྲངས་མི་འདྲ་བ་མང་པོས་དུས་རིང་པོ་ནས་ཤིན་ཏུ་བཏབ་པའི་ནད་པ་སྟེ་དེ་ལྟ་བུའི་གང་ཟག་རྣམས་ལ་ནད་ཀྱི་རྣམ་གྲངས་མང་པོ་གང་དང་གང་གིས་བཏབ་ཅེ་ན། ཉོན་མོངས་དུག་གསུམ་དང་ཆ་མཉམ་པ་སྟེ་བཞི་པོ་རེ་རེ་ལ་ཉི་ཁྲི་ཆིག་སྟོང་རེར་ཕྱེ་བས་བརྒྱད་ཁྲི་བཞི་སྟོང་ངམ། རྩ་བའི་ཉོན་མོངས་པ་དྲུག་དང་ཉེ་བའི་ཉོན་མོངས་པ་ཉི་ཤུར་ཕྱེ་བས་སམ། ཡང་ན་འདི་ལྟ་སྟེ། མཉམ་པར་མ་བཞག་པའི་ས་པ་འདོད་པའི་ཁམས་ན་སེམས་ཕྱི་རོལ་ཏུ་བལྟས་ཏེ་རྣམ་པར་འཕྲོ་ཞིང་ཟག་པར་བྱེད་པ་འདོད་པའི་ཟག་པ་དང་། མཉམ་བཞག་གི་ས་པ་ཁམས་གོང་མ་གཉིས་ན་སེམས་ཁ་ནང་དུ་བལྟས་ཏེ་ཟག་པ་སྲིད་པའི་ཟག་པ་དང་། དེ་གཉིས་ཀྱི་གནས་མ་རིག་པའི་ཟག་པ་སྟེ། ཟག་པ་གསུམ་དང་། འདོད་པའི་ཆུ་བོ་འདོད་པ་ཚོལ་བ་ལ་ཞུགས་པའམ་འདོད་པའི་ཉོན་མོངས་པ་དང་། སྲིད་པའི་ཆུ་བོ་ཁམས་གོང་མའི་དེ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོ་སྟེ་ཆུ་བོ་བཞི་དང་། དེ་བཞིན་དུ་དེ་བཞི་ལ་འདོད་པའི་སྦྱོར་བ་སོགས་བཞིར་བརྗོད་པ་སྦྱོར་བ་བཞི་དང་། འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པ་བཞི་དང་། འདོད་ཆགས་ཀྱི་འཆིང་བ་དང་། ཞེ་སྡང་གི་འཆིང་བ་དང་། གཏི་མུག་གི་འཆིང་བ་སྟེ་འཆིང་བ་གསུམ་དང་། རྗེས་སུ་ཆགས་པའི་ཀུན་སྦྱོར་ཞེས་པ་ཁམས་གསུམ་གྱི་འདོད་ཆགས་ཏེ་དེས་ཁམས་གསུམ་ལ་ཡིད་མི་འབྱུང་བས་དགེ་བ་ལ་མི་སྤྱོད་ཅིང་མི་དགེ་བ་བསྒྲུབ་པས་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བར་བྱེད་པ་དང་། དེ་བཞིན་དུ་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའི་ཀུན་སྦྱོར་དང་། ལྟ་བའི་ཀུན་སྦྱོར་དང་། མཆོག་འཛིན་གྱི་ཀུན་སྦྱོར་དང་། ཐེ་ཚོམ་གྱི་ཀུན་སྦྱོར་དང་། ཕྲག་དོག་གི་ཀུན་སྦྱོར་དང་། སེར་སྣའི་ཀུན་སྦྱོར་ཏེ་དེ་དག་རེ་རེས་ཀྱང་མི་དགེ་བ་སྤྱོད་པའི་རྒྱུ་བྱས་ནས་ཕྱི་མར་སྡུག་བསྔལ་ལ་སྦྱོར་བས་ཀུན་སྦྱོར་ཞེས་བྱ་སྟེ། དེ་ལྟར་ཀུན་ནས་སྦྱོར་བ་དགུ་དང་། དགུ་པོ་དེ་ལ་ནང་གསེས་ཀྱི་དབྱེ་བས་སྲིད་པའི་ཀུན་ཏུ་སྦྱོར་བ་བཅོ་བརྒྱད་དོ། །དེ་ཡང་ང་རྒྱལ་ལ་བདུན། ལྟ་བ་ལ་གསུམ། མཆོག་འཛིན་ལ་གཉིས་སུ་དབྱེ་བས་སོ། །རྨུགས་པ། གཉིད། རྒོད་པ། འགྱོད་པ། ཕྲག་དོག །སེར་སྣ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཆབ་པ་སྟེ་ཞི་གནས་དང་བཏང་སྙོམས་ཀྱི་དུས་ན་ཡང་ཡང་སེམས་ལ་དཀྲིས་པར་བྱེད་པའི་ཀུན་ནས་དཀྲིས་པ་བཅུ་དང་། རྨོངས་པ། བག་མེད། ལེ་ལོ། མ་དད་པ། རྨུགས་པ། རྒོད་པ་སྟེ་ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་བས་ཉོན་མོངས་པའི་ས་མང་པོ་དྲུག་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། འཚིག་པ་དང་། འཁོན་འཛིན་དང་། རྣམ་འཚེ་སྟེ་གང་ལ་ཡོད་པའི་རྒྱུད་ཀྱང་དྲི་མར་བྱེད་པའི་ཉོན་མོངས་པའི་དྲི་མ་དྲུག་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་གཉིད་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ་རིམ་པ་བཞིན་དུ། རབ་ཏུ་བྱུང་བར་འདོད་པའི་དུས་དང་། ལེགས་པར་བསྐུལ་བ་བསྒྲུབ་པའི་དུས་དང་། ཞི་གནས་ཀྱི་དུས་དང་། སེམས་རབ་ཏུ་འཛིན་པའི་དུས་དང་། བཏང་སྙོམས་ཀྱི་དུས་ན་དགེ་བའི་ཕྱོགས་ལ་མི་འཇུག་པར་བྱེད་པའི་སྒྲིབ་པ་ལྔ་དང་། འཇིག་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ཐེ་ཚོམ། འདོད་འདུན། གནོད་སེམས་ཏེ་ཁམས་གསུམ་པའི་ཐ་མ་འདོད་པའི་ཁམས་པའི་རྒྱུད་ཁོ་ན་ལ་ཡོད་པའི་ཐ་མའི་ཆ་དང་མཐུན་པ་ལྔ་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། རྒོད་པ་དང་། རྨོངས་པ་དང་། ང་རྒྱལ་ཏེ་གོང་མའི་ཆ་དང་མཐུན་པ་ལྔ་དང་། ཁྲོ་བ་དང་། འཁོན་འཛིན་དང་། གཡོ་དང་། ཕྲག་དོག་དང་། འཚིག་པ་དང་། འཆབ་པ་དང་། སེར་སྣ་དང་། སྒྱུ་དང་། རྒྱགས་པ་དང་། རྣམ་འཚེ་སྟེ་ས་མང་པོ་བ་བཅུ་དང་། ཁྲེལ་མེད་པ་དང་། ངོ་ཚ་མེད་པ་སྟེ་མི་དགེ་བའི་ས་མང་པོ་བ་གཉིས་ཏེ་དེ་ལ་སོགས་པའི་རིམས་ནད་དྲག་པོ་གང་ཡིན་པ་དེ་ནི་ཤིན་ཏུ་གནོད་ཚབས་ཆེ་བ་ཡིན་ཏེ། དེ་དག་ལས་ཁྲོ་བ་ལྟ་བུ་གཅིག་གིས་ཀྱང་འཛམ་གླིང་ན་གནས་པའི་མི་ཀུན་གྱིས་མཚོན་པའི་སེམས་ཅན་རྣམས་བརླག་པར་བྱེད་དེ། སྤྱོད་འཇུག་ལས། དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ན། །ཞེས་སོ། །ནད་ཀྱི་རྣམ་གྲངས་དེ་དག་གསོ་བའི་ཐབས་ཀྱང་འདུ་བའི་ནད་ལ་དཔྱད་བྱེད་པའི་གསོ་དཔྱད་ཕལ་པ་རྣམས་ཇི་ལྟར་བཟང་ཡང་དེའི་མདུན་སར་དབུགས་མི་ཕྱིན་ཏེ་བཞི་བརྒྱ་རྩ་བཞི་པོ་གང་ཡང་རུང་བ་དག་གིས་གཟིར་བའི་ནད་ཙམ་གསོ་ཤེས་ཀྱི་དེའི་རྒྱུ་གསོ་མི་ཤེས་པའི་ཕྱིར་རོ། །འོ་ན་སུ་ཞིག་ལ་བརྟེན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྨན་པ་མཆོག་ཡིན་ཏེ་ཤེས་བྱ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ལུས་ཀྱི་ཟུག་རྔུའི་རྒྱུ་འབྱིན་ཅིང་དམ་པའི་ཆོས་ཀྱི་སྨན་ལ་བསྟེན་ནས་ཉོན་མོངས་པའི་ཟུག་རྔུ་རྩད་ནས་འབྱིན་པར་མཛད་དེ། དེ་ཉིད་ལས། དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །ཞེས་སོ། །དེས་ན་དེ་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་སྐྱབས་སུ་ལྷག་པར་དོང་ཞིག་དང་སྨན་གྱི་མཆོག་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཀྱི་གཉེན་པོར་གྱུར་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐོབ་པར་འགྱུར་རོ་ཞེས་ཚོགས་ཞིང་ལ་མོས་པའི་མཐུ་བསྐྱེད་པའོ། །དེ་ལྟར་བསྐྱེད་ན་ལེན་པའི་ཡུལ་དམ་པའི་བླ་མ་ཡོད་ན་རབ། མེད་ན་རྟེན་ཁྱད་པར་ཅན་ནམ། དེ་ཡང་མེད་ཀྱང་རུང་སྟེ་གང་ལྟར་ཡང་ཚོགས་ཞིང་གསལ་གདབ་པ་ནི། ཡུལ་ག་ཤེད་ནས་སྤྱན་དྲངས་དགོས་པ་མ་ཡིན་ཀྱང་སྔར་ཚོགས་བསགས་པའི་ཞིང་གསལ་བཞིན་པ་དེ་ལ་སླར་ཡང་ངེས་ཤེས་དྲག་པོ་བསྐྱེད་ནས་བདག་གི་མོས་པ་བརྟན་པོས་གསོལ་བ་བཏབ་པ་གང་གི་སླད་དུ་སེམས་བསྐྱེད་ལེན་པའི་གནས་འདིར་གཤེགས་ནས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་མས་བུ་ལ་བརྩེ་བ་ལྟར་དམིགས་མེད་ཐུགས་རྗེ་ཆེན་པོས་གཟིགས་ཤིང་མཁྱེན་པའི་ཡེ་ཤེས་ཀྱིས་ཆགས་ཐོགས་མེད་པར་དགོངས་པའི་སྟོན་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐེག་པ་ཆེན་པོའི་ལམ་གྱིས་ཕྱིར་མི་ལྡོག་པ་ལ་གནས་པའི་སྐྱེས་བུ་བྱང་ཆུབ་སེམས་དཔའ་འབའ་ཞིག་པའི་ཚོགས་ཀྱི་དབུས་ན་ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བའམ། རི་རྒྱལ་ལྷུན་པོ་རི་ཕྲན་རྣམས་ཀྱི་དབུས་ན་མངོན་པར་འཕགས་པ་ལྟར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་གཟི་བྱིན་མཆོག་ཏུ་འབར་བའི་ཞིང་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེར་མཛེས་ཤིང་བདག་ཅག་རྣམས་ལ་དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། བརྩེ་བས་ཐུགས་ཀྱིས་དགོངས་ཏེ་མངོན་སུམ་བཞིན་དུ་བཞུགས་པ་ལ་དད་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད་པར་བྱའོ། །གཉིས་པ་ཆོ་ག་དངོས་བརྗོད་པ་ནི། སྤྱིར་རྒྱ་ཆེན་སྤྱོད་པའི་ལུགས་ཀྱི་ཆོ་ག་རྣམས་སུ་སྨོན་འཇུག་གི་སྡོམ་པ་འབོགས་པའི་ཆོ་ག་སོ་སོར་ཡོད་ལ། ཟབ་མོ་ལྟ་བའི་ལུགས་ལའང་སློབ་དཔོན་མཁས་པ་ཆེན་པོ་ཀྲིཥྞ་པའི་སྤྱོད་འཇུག་གི་དཀའ་འགྲེལ་ལས་གསུངས་པ་ལྟར། བསླབ་བྱ་ལ་སློབ་མི་ནུས་པ་དང་ནུས་པའི་ཁྱད་པར་ལས་སྨོན་འཇུག་གི་སེམས་བསྐྱེད་དང་སྡོམ་པ་ལེན་ཚུལ་སོ་སོར་དབྱེ་ན། སྨོན་སེམས་ཙམ་ལེན་ན། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་ལན་གསུམ། འཇུག་སྡོམ་དང་བཅས་ན་དཀྱུས་བཞིན་ནོ། །གང་ལྟར་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར། སོ་ཐར་ལ་སོགས་པའི་སྡོམ་པ་གང་བླང་ཀྱང་སྐྱབས་འགྲོ་གཞི་རྟེན་དུ་དགོས་ལ། ཁྱད་པར་དུ་བྱང་སྡོམ་གྱི་སྔོན་དུ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཚུལ་གྱི་སྐྱབས་སུ་འགྲོ་བ་ལན་གསུམ་གྱི་སྒོ་ནས་སྐྱབས་འགྲོ་བྱས་པས་གཞི་བཅས་ལ། སྐབས་འདིར་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་ལ། བླ་མ་ལས་ལེན་ན། བློ་བཅོས་པ་སྔར་བཤད་པ་ལྟར་བླ་མ་ཉིད་ཀྱིས་བྱས་ལ། གལ་ཏེ་བླ་མ་མེད་ན་རང་གིས་བློ་བཅོས་པའི་ཚུལ་སེམས་ལ་ངེས་པར་བྱས་ནས་ཕྱག་འཚལ་ཞིང་མཎྜལ་ཕུལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ་བ་གསུམ་གྱིས་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་ལས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོའི་ངོ་བོ་སད་པར་བྱས་པ་སྟེ། དེ་ཡང་ཆོས་ཉིད་ལ་མཉམ་པར་བཞག་པའི་ཚེ་དགྲ་བཅོམ་འགོག་པ་ལ་ཞུགས་པ་བཞིན་ཐུགས་རྗེས་སེམས་ཅན་ལ་མི་དགོངས་པ་མ་ཡིན་ཏེ། སྐད་ཅིག་ཀྱང་གཡེལ་བ་མེད་པར་གདུལ་བྱའི་ཁམས་ལ་དགོངས་བཞིན་བཞུགས་པ་ལ་ངང་གི་ངེས་ཤེས་པ་བསྐྱེད་ནས་དེ་བཞིན་དུ་མོས་པའོ། །དེ་ནས་རྣམ་པར་རྟོག་པ་གཞན་གྱིས་བར་མ་ཆོད་པར་འདི་ལྟར་བསམ་པར་བྱ་སྟེ། ཇི་ལྟར་ན་སྔོན་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་སྲས་བྱང་ཆུབ་སེམས་དཔའ་དང་བཅས་པའི་ཚོགས་ཀྱིས་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་། དེ་རྣམས་ཀྱིས་ལམ་ལྷག་པའི་བསླབ་པ་གསུམ་གྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བ་བཞིའི་དོན་ལ་རིམ་པ་བཞིན་དུ་བསླབ་པར་མཛད་པའི་བརྟུལ་ཞུགས་ལ་གནས་པ་དེ་བཞིན་དུ་བདག་གིས་ཀྱང་མཐའ་དག་པ་སྟེ་དེ་ཐམས་ཅད་བསྒྲུབ་པར་བྱའོ་སྙམ་དུ་དམ་བཅའ་ཡང་དག་པར་བླང་བ་ཡིན་ནོ་ཞེས་སྤྱིར་དམ་བཅས་ནས། བྱེ་བྲག་ཏུ་ནི་ཐར་པ་ལ་སྒྲིབ་པར་བྱེད་པའི་ཉོན་མོངས་པའི་སྒྲིབ་པའི་ཟུག་རྔུའི་དུམ་བུ་གང་ཟག་གི་བདག་མེད་པ་རྟོགས་པའི་སྟོབས་ཀྱིས་བཅད་པར་གྱུར་ཀྱང་། ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་ཤེས་སྒྲིབ་ནི་ཆོས་ཀྱི་བདག་མེད་ཡོངས་རྫོགས་རྟོགས་ཤིང་གོམས་པ་མེད་པས་འཁོར་འདས་བླང་དོར་དུ་བལྟ་བ་སོགས་ཡུལ་གྱི་རོ་ལ་གཅགས་ནས་གཉེན་པོའི་སྟོབས་ཀྱིས་དྲུངས་ནས་འབྱིན་མ་ནུས་པ་ཡི་ཉན་རང་དགྲ་བཅོམ་པ་རྣམས་སྒྲིབ་པའི་དུམ་བུ་མ་བསྒྲལ་བར་དེ་ལས་བསྒྲལ་བར་བྱ་སྙམ་པ་དང་། སྒྲིབ་པ་གཉིས་ཀའི་འཆིང་བ་དམ་པོས་ཀུན་ནས་དཀྲིས་པ་ཡི་སྟེང་དུ་ལྟ་བས་མ་རུངས་པས་བཅིངས་པའི་ཚངས་པ་དང་། ཕྱིན་ཅི་ལོག་གི་གྲུབ་མཐའ་ལ་ཞུགས་པའི་མུ་སྟེགས་བྱེད་རྣམས་དང་། གྲུབ་པའི་མཐའ་གང་ལ་ཡང་མ་ཞུགས་པའི་ཕལ་པ་ལ་སོགས་པའི་སོ་སོའི་སྐྱེ་བོ་དམན་པ་རྣམས་དང་། ཚོགས་སྦྱོར་གྱི་ལམ་ལ་གནས་པ་ནས་སྒྲིབ་གཉིས་ཅི་རིགས་པ་དང་ལྡན་པའི་ཐེག་ཆེན་སློབ་པ་འཕགས་པའི་ས་བཅུ་པའི་བར་ལ་གནས་པ་ཡི་སེམས་ཅན་སྒྲིབ་པ་དེ་དག་ལས་མ་གྲོལ་བ་རྣམས་བདག་གིས་དགྲོལ་བར་བྱ་སྙམ་པ་དང་། ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་ཀྱིས་གཟིར་བས་བཟོད་དཀའ་ཞིང་ཡུན་རིང་བ་ལས། བདེ་བའི་དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་ན་གནས་པའི་སེམས་ཅན་རྣམས་དབུགས་འབྱིན་ཆེན་པོའི་གནས། གནས་སྐབས་ལམ་གྱི་རྟེན་མཐོ་རིས་དང་མཐར་ཐུག་ཐར་པ་མཆོག་གི་གོ་འཕང་ལ་སྦྱར་བ་དང་། མདོར་ན་སྲིད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་རང་བཞིན་བར་མ་ཆད་པར་འཁོར་བའི་འཁོར་ལོའི་རྒྱར་ལས་ཀྱི་དབང་གིས་དབང་མེད་དུ་ཆུད་དེ་སྡུག་བསྔལ་དངོས་སུ་མྱོང་བའི་སེམས་ཅན་ཕལ་བ་ནས་ལས་ཀྱི་དབང་གིས་མི་འཁོར་ཡང་རྟེན་འབྲེལ་གྱི་བག་ཆགས་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བ་ཙམ་དབྱིངས་སུ་མ་ལྡོག་པའི་ས་བཅུའི་བྱང་ཆུབ་སེམས་དཔའི་བར་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་མྱ་ངན་ལས་འདས་པ་ཆེན་པོའི་གྲོང་ཁྱེར་དུ་བདག་ཁོ་ནས་དགོད་པར་བྱེད་དོ་ཞེས་ཁ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་དམ་བཅའ་བར་བྱའོ། །དེ་ལྟ་བུའི་སྨོན་འཇུག་གཉིས་པོའི་སྡོམ་པ་ལྟབས་གཅིག་ཏུ་ཆོ་གས་ཇི་ལྟར་བཟུང་བའི་ཚུལ་བརྗོད་པ་ནི་སྔོན་བྱོན་གྱི་དྲང་སྲོང་བྱང་ཆུབ་སེམས་དཔའ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་ལུགས་ལ་བརྟེན་ཞེས་དབུ་མ་ལུགས་ཀྱི་སེམས་བསྐྱེད་འབོགས་པའི་ཆོ་ག་རྒྱས་བསྡུས་གང་རུང་ལ་བརྟེན་པར་གསུངས་ལ། གཞུང་གི་ཚིག་འདི་དག་ལན་གསུམ་བརྗོད་པས་ཀྱང་རུང་ངོ་། །དེ་ལྟར་དང་པོ་བླངས་ནས་ཀྱང་དུས་རྟག་དུ་ཉིན་གྱི་ཆ་ལ་ལན་གསུམ་དང་མཚན་མོའི་ཆ་ལ་གསུམ་མམ། ཉིན་ཞག་ཕྲུགས་གཅིག་ལ་ལན་གསུམ་དུ་སྤྱོད་འཇུག་ལས་གསུངས་པའི་བྱང་སྡོམ་ལེན་ཆོག་སོགས་ཀྱི་སྒོ་ནས་སྨོན་པ་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ལེན་ཞིང་། དེ་ཡང་ཚིག་ཙམ་བཏོན་པས་ཁ་ཁྲལ་གསོད་པ་ལྟ་བུ་མ་ཡིན་པར་སེམས་ཀྱི་རྣམ་པ་དེ་གཉིས་ཀྱི་ངོ་བོར་བསྐྱེད་ཅིང་ཡང་ཡང་གོམས་པར་བྱ་བ་ལ་ནན་ཏན་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་བག་ལ་ཉལ་བ་སློང་བ་དང་། ཉམས་པ་གསོ་ཞིང་བརྗེད་པར་མི་འགྱུར་ལ་སེམས་བསྐྱེད་ཀྱི་སྟོབས་ཀྱང་གོང་ནས་གོང་དུ་འཕེལ་བར་འགྱུར་བའི་ཕྱིར་ཐེག་ཆེན་ལམ་གྱི་སྙིང་པོ་འདི་ལ་འབད་པར་བྱའོ། །གསུམ་པ་སྡོམ་པའི་ཐོབ་མཚམས་བཤད་པ་ནི། ཆོ་ག་ལ་བརྟེན་ནས་སྡོམ་པ་བླང་བ་ལ་སོགས་པའི་གནས་སྐབས་འདི་དག་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དོན་དུ་གཉེར་བའི་དུས་ཡིན་པས་ན་དེ་ནི་འདི་ལྟར། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར། སྤྱིར་འདུས་བྱས་ཀྱི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་ལ་རག་ལས་ཤིང་། ཁྱད་པར་དུ་རང་གི་འདུན་པ་གང་ལ་བཞག་པ་དེའི་རྩེ་ལ་སྒོ་གསུམ་གྱི་བྱ་བའི་ཆོས་དེ་དགེ་མི་དགེ་དང་དགེ་བ་ཡང་བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན། ཐར་པ་ཆ་མཐུན་ཀྱང་ཐེག་དམན་དང་ཐེག་ཆེན་ཐར་པ་ཆ་མཐུན་རྣམས་གང་དང་གང་དུ་འགྱུར་བའི་རྐྱེན་ཆགས་པས་ན་སྐབས་འདིར་ཡང་སེམས་གཉིས་སྟབས་གཅིག་ཏུ་ལེན་པའི་ཆོ་ག་ལན་གསུམ་དུ་བརྗོད་པ་ཡི་དང་པོས་སྨོན་པ་དང་། གཉིས་པས་འཇུག་པ་དང་། གསུམ་པས་སྨོན་འཇུག་གཉིས་ཀ་ཆེས་བརྟན་པར་གྱུར་པའི་མཆོག་ཉིད་འཐོབ་པར་གསུངས་པ་ནི། སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་བཞེད་པ་སྟེ། དེ་ཡང་། འདི་སྐད་དུ། དེ་ལ་བརྗོད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་དག་གིས་སྨོན་པ་དང་། འཇུག་པ་དང་། གཉིས་ཀ་ཆེས་བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ། ཞེས་པས་ན་བརྗོད་པ་གསུམ་གའི་དུས་སུ་ཐོབ་པའི་བློའི་འདུན་པ་གསུམ་བཞག་པས་རྒྱུད་ལ་ཤིན་ཏུ་ངེས་པར་འགྱུར་བའི་ཕྱིར་བླ་ན་མེད་པའོ། །འོ་ན་བརྗོད་པ་དང་པོའི་དུས་སུ་ནའང་འཇུག་པའི་ཁས་བླང་བརྗོད་པས་སྨོན་པ་ཁོ་ནར་མི་རུང་ངོ་ཞེ་ན། འདིར་ནི་སྨོན་འཇུག་ངོ་བོ་གཅིག་ཏུ་བཞེད་པའི་ཕྱིར་སྐྱོན་མེད་དེ། ཀྲིཥྞ་བའི་དཀའ་འགྲེལ་ལས། ཁ་ཅིག་གིས་བསོད་ནམས་མངོན་པར་འདུ་བྱ་བ་དང་ལྡན་པའི་སེམས་བསྐྱེད་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་ལ། བསོད་ནམས་མངོན་པར་འདུ་བྱ་བ་དང་མི་ལྡན་པའི་སེམས་བསྐྱེད་པ་ཐམས་ཅད་སྨོན་པ་ཅན་ནོ་ཞེས་བརྗོད་པ་དེ་དག་དྲང་བ་མ་ཡིན་ཏེ། འདིར་ནི་སེམས་སྦྱངས་པའི་གང་ཟག་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་བསླབ་པ་ལ་གནས་པ་དེའི་བསླབ་པ་མི་འཇིག་པར་རྗེས་སུ་བསྲུང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་ཉིད་སེམས་བསྐྱེད་པ་འཕེལ་བ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་བློའི་ཕ་རོལ་ཏུ་ཕྱིན་པ་དག་འཆད་དོ། །ཞེས་གསུངས་པ་ལྟར་འཇུག་པའི་སེམས་བླང་ན་སྨོན་སེམས་ཀྱང་ཡོད་པས་ཁྱབ་སྟེ་སྨོན་པའི་སེམས་མེད་པར་སྦྱིན་སོགས་ལ་དམ་བཅས་པ་ཙམ་འཇུག་སེམས་སུ་མི་འགྱུར་ཞིང་། དེ་མེད་པར་སྦྱིན་སོགས་ལ་བསླབ་པ་འཇུག་པའི་བསླབ་བྱར་ཡང་མི་འགྱུར་བའི་ཕྱིར་རོ། །དེས་ན་སྟབས་གཅིག་ཏུ་ལེན་པའི་དུས་དེ་གཉིས་ངོ་བོ་ཐ་དད་པ་མ་ཡིན་པར་བློ་རྫས་གཅིག་དུས་གཅིག་བྱེད་པ་གཅིག་པའི་བདག་ཉིད་དུ་སྐྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི་ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང་། ཐ་མི་དད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །ཞེས་བཤད་པའི་ཕྱིར་རོ། །འོ་ན་ཆོ་ག་ཐ་དད་པ་ལྟར་སྦྱར་བའི་དགོས་པ་གང་ཡིན་ན། སེམས་བསྐྱེད་པར་འདོད་ལ་སྡོམ་པ་བླང་མི་ནུས་པའི་རིགས་ཅན་ལ་དམིགས་པ་ཡིན་ནོ། །མཚན་ཉིད་བསྒོམ་སྟོབས་ཀྱིས་སྐྱེ་བ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་གྲངས་མེད་གཅིག་ལ་སོགས་པར་ལུང་དམ་པ་ནོད། རྗེས་སྒྲུབ་དམ་པ་དང་ལྡན་པས་རྟོགས་པ་དམ་པ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཁོང་དུ་ཆུད་པ་སྟེ། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གཉིས་ཏེ། རང་གི་སེམས་གཟེངས་བསྟོད་པ་དང་། །གཞན་དགའ་བ་བསྒོམ་དུ་གཞུག་པའོ། །དང་པོ་ནི། བདག་ལ་སོགས་པའི་འཁོར་བའི་སེམས་ཅན་ཕལ་པ་རྣམས་ཀྱིས་སྔོན་ཆད་སྐྱེ་བ་ལན་གྲངས་དུ་མ་བླངས་ཀྱང་བུ་ལ་གདུང་སེམས་ཅན་གྱི་ཕ་མས་བུ་ལ་དང་། མངོན་ཤེས་དང་ལྡན་ཞིང་རིགས་པའི་གནས་མང་པོ་ཤེས་པའི་ལྷ་དང་དྲང་སྲོང་རྣམས་དང་། གཉིས་ཀ་དང་ལྡན་པའི་ཚངས་པ་ལ་སོགས་པར་གྱུར་པའི་ཚེ་ནའང་སེམས་ཅན་གཞན་གྱི་དོན་ལ་ལྟ་ཡང་ཅི་སྨོས། རང་གི་དོན་ཉིད་དུ་མངོན་སུམ་དུ་མི་སྐྱེ་བར་མ་ཟད་རྨི་ལམ་དུ་རྨི་བའང་མ་མྱོང་བའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་རིན་ཆེན་དབང་གི་རྒྱལ་པོ་རིན་ཆེ་བ་ལྟར། དགེ་བའི་སེམས་ཐམས་ཅད་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་སྔར་རང་རྒྱུད་ན་མེད་པའི་གསར་པ་བྱང་ཆུབ་ཀྱི་སེམས་ད་ལྟ་ཐོབ་ཅིང་རྒྱུད་ལ་སྐྱེས་པ་འདིས་ནི་བདག་གི་མི་ཡི་སྲིད་པ་འདིར་རང་གཞན་གཉིས་ཀ་གཏན་དུ་འཚེངས་པའི་དོན་འབྲས་ཆེན་པོ་རྙེད་པོས་རིན་ཐང་གཞལ་དུ་མེད་པར་བྱས་སོ། །དེ་ཇི་ལྟར་ཞེ་ན། རྒྱལ་བུ་དྭའུ་རྒྱལ་རིགས་ལས་ཉམས་ནས་གདོལ་བ་དང་། དམངས་ཀྱི་རིགས་སུ་འཁྱམས་པར་གྱུར་པ་གང་ཞིག་ཕྱིས་རྒྱལ་བུ་ཡིན་པར་ངོ་ཤེས་ནས་ཆོ་རིགས་ཀྱི་ལྷག་པར་བཙུན་པ་རང་གི་ཕའི་རྒྱལ་སྲིད་ཀྱི་གནས་གསར་དུ་ཐོབ་པ་ཇི་བཞིན་དུ་སེམས་ཀྱི་རང་བཞིན་ཆོས་ཀྱི་སྐུའི་གདུང་ངམ་དེ་བཞིན་གཤེགས་པའི་རིགས་སུ་གནས་ཀྱང་སྔོན་ཆད་ངོ་མ་ཤེས་པས་རིགས་དེ་ལས་ཉམས་ཏེ། བྱམས་པའི་སེམས་དང་བྲལ་བ་སྙིང་རྗེ་མེད་པའི་མ་རབས་སྡིག་སྤྱོད་ཅན་དུ་འཁྱམས་པ་ལས་བདག་ཉིད་ཐེག་པ་ཆེན་པོའི་རིགས་ཅན་དུ་ངོ་ཤེས་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ་ལ་ཞུགས་པ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས་སུ་དེང་གི་དུས་གྱུར་ཏེ་ཐེག་ཆེན་ཆོས་ཀྱི་རྒྱལ་སྲིད་ལ་དབང་བས་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་གི་ཅོད་པན་ཐོབ་ཅིང་སེམས་དེ་མ་ཉམས་པར་ཡོད་པ་དེ་སྲིད་དུ་ནན་ཏན་དང་བྲལ་ཡང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་། ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་བསམ་པ་ལོག་པར་ཞུགས་པས་ཆག་པར་གྱུར་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་རོ། །འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ་ཞེས་སོ། །དེ་ལྟར་ན་ས་བཅུ་པ་ལས། ས་དང་པོ་ལ་གནས་པ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན་ནོ་ཞེས་བཤད་པས་འདིར་སྡོམ་པ་བླང་བ་པོ་འཕགས་པའི་གང་ཟག་ཡིན་པས་མ་ཁྱབ་ཞེ་ན། ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པ་ནི་འཕགས་པ་མ་ཡིན་པ་དག་ལ་ཡང་ཡོད་དོ་ཞེས་དང་། བྱང་ས་ལས། མོས་པས་སྤྱོད་པའི་ས་ལ་དགེ་བའི་རྩ་བ་བརྟན་པ་གཅིག་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་བཤད་པས་ས་དང་པོ་ལ་གནས་པ་ནི་མཚན་ཉིད་བསྒོམས་སྟོབས་ཀྱིས་ཐོབ་པའི་རིགས་ཅན་ཡིན་པར་བཟུང་སྟེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། ཆོས་ཐམས་ཅད་བདག་མེད་པའི་ངོ་བོ་དེ་ཁོ་ན་མངོན་དུ་བྱེད་པའི་ས་མཐོང་བའི་ལམ་གྱིས་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་འབྱུང་ངོ་། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན་ཞེས་སོ། །གཉིས་པ་གཞན་དགའ་བ་བསྒོམ་དུ་གཞུག་པ་ནི། ས་འོག་ས་སྟེང་ས་བླའི་སྲིད་པ་གསུམ་ཀའི་བདག་པོ་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དང་། ཚངས་པ་ལ་སོགས་པ་དང་འཇིག་རྟེན་གསུམ་པོ་རང་རང་གི་གནས་ན་ཆེ་བའི་ལྷ་ཀླུ་མིའི་རྒྱལ་པོ་བྱས་ཏེ་འཇིག་རྟེན་འདི་ན་ང་ལས་ཆེ་བ་མེད་དོ་སྙམ་པ་དང་། ཆེ་བ་རློམ་པ་དེ་དག་ཉིད་ཀྱིས་འཇིག་རྟེན་རྨོངས་པའི་དབང་གིས་མཆོག་ཏུ་འཛིན་པའི་རྒྱལ་ཕྲན་དང་བློན་པོ་ལ་སོགས་པའི་ཐོབ་དང་མངའ་ཐང་གི་བླ་དྭགས་དཔྱངས་ཏེ་མིང་བཏགས་པ་དེ་དག་ནི་འཁོར་བའི་རང་བཞིན་ལ་མཐོ་དམན་ངེས་པ་མེད་པས་འཕྲལ་སྣང་ཉམས་དགའ་ཙམ་ལས་རྟག་པ་མེད་པ་དེ་ལའང་རང་ཉིད་དྲེགས་པ་སྐྱེ་ཞིང་གཞན་དག་དགའ་བར་བྱེད་པའི་གནས་སུ་བལྟ་ན་དེ་འདྲ་བ་ནི་སྔར་ཡང་ལན་བརྒྱ་ཕྲག་དུ་མར་བྱས་ཀྱང་སྙིང་པོ་མེད་ལ། ཐེག་པ་ཆེན་པོའི་རྒྱལ་སྲིད་དང་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་གི་གནས་ཐོབ་སྟེ་འགྲོ་བ་ཐམས་ཅད་ཀྱི་མགོན་དུ་ཞུགས་པ་ནི་དེ་རིང་ཙམ་ཡིན་ལ། རྒྱུ་དེ་ལས་སེམས་ཅན་གྱི་ཁམས་མཐའ་ཡས་པ་དག་ཀྱང་དབུགས་དབྱུང་བའི་སེམས་མི་འདོར་ཞིང་ཕན་པའི་སེམས་ཁོ་ནས་བདེ་བའི་ལོངས་སྤྱོད་ལ་མགྲོན་དུ་བོས་ནས་ཚིམ་པར་བྱེད་ནུས་པ་ཡིན་པས་དགའ་བར་བགྱིད་པའི་འཁྲི་ཤིང་སློང་བ་ལ་ལྷ་དང་ཡང་ཞེས་པའི་ཁོངས་ནས་ལྷ་མ་ཡིན་ལ་སོགས་པ་དག་ཀྱང་ཕྱོགས་ཤིག་ཅེས་གཞན་གྱི་སེམས་གཟེངས་བསྟོད་དོ། །དེ་ལྟར་ནུས་པའི་རྒྱུ་མཚན་ནི། བྱང་ཆུབ་སེམས་དཔའ་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་དེ་ལ་གནས་སྐབས་དུས་མ་ཡིན་པའི་འཆི་བ་མེད་ཅིང་འཕགས་ས་ཐོབ་ན་སྐྱེ་འཆི་རང་མཚན་པ་དང་བྲལ་ཞིང་། མཐར་ཐུག་འཆི་བདག་གི་བདུད་ཀྱི་རྒྱུ་བ་རྩད་ནས་འཇོམས་ཤིང་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་བདུད་རྩི་དང་། ཚོགས་རྣམ་པ་གཉིས་ཀྱི་མཛོད་དང་ལྡན་པས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པས་འགྲོ་བ་བཀྲེན་པ་རྣམས་ཀྱི་དབུལ་བ་ཐམས་ཅད་སེལ་བའི་ཡིད་བཞིན་གྱི་ནོར་བུ་དང་། བྱང་ཆུབ་ཀྱི་སེམས་ནི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པས་ཉོན་མོངས་པ་དང་དེས་བསྐྱེད་པའི་འདུ་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྨན་མཆོག་དང་། འགྲོ་བ་ཐམས་ཅད་ལ་རྟག་ཏུ་ཕན་པའི་གནས་སུ་གྱུར་པས་སྲིད་པའི་ལམ་དུ་ཡུན་རིང་པོ་ནས་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཀྱི་དུབ་ཅིང་བདེ་བ་དོན་དུ་གཉེར་བར་བྱེད་པའི་མགྲོན་པོ་སེམས་ཅན་རྣམས་ལ་བདེ་བའི་དབུགས་འབྱིན་སྟེར་བའི་ངལ་སྟེགས་ལ་སོགས་པ་ཡིན་པའི་ཕྱིར། བདག་ནི་དེང་གི་དུས་འདི་ནས་བཟུང་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་ཚོགས་ཐམས་ཅད་ཀྱི་ཉེ་བར་འཚོ་བའི་གཞིར་གྱུར་བ་སྟེ། དེ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གཞོན་ནུ་ནོར་བཟང་ལ་དཔེ་དང་སྦྱར་ཏེ་ཕན་ཡོན་གྱི་རྣམ་གྲངས་ཉིས་བརྒྱ་སུམ་ཅུ་གསུངས་པ་ལ་སོགས་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བསྟན་པ་ལ་བལྟ་བར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ཚོམས་ཏེ་ལེའུ་བརྒྱད་པའི་འགྲེལ་པའོ།། །།གསུམ་པ་བསླབ་བྱ་ལ་སློབ་པ་སྨོན་འཇུག་བསླབ་བྱའི་ལེའུ་བཤད་པ་ལ་གཉིས་ཏེ། བསླབ་པ་བསྲུང་ཐབས་བཤད་པ་དང་། བསླབ་བྱ་དངོས་བཤད་པའོ། །དང་པོ་ནི་འཇིག་རྟེན་ན་གནས་སྐབས་ཀྱི་བྱ་བ་འགའ་ཞིག་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་སྔོན་ཆད་བྱ་བ་དེ་བསྒྲུབ་དཀའ་སླ་དང་ལེགས་ཉེས་ཅི་ཡོད་སོགས་ལེགས་པར་ཏེ་ཞིབ་ཏུ་མ་བརྟགས་པར་བབ་བཅོལ་གྱི་སྒོ་ནས་བདག་གིས་བྱ་བ་འདི་བྱའོ་ཞེས་དམ་བཅའ་བྱས་པ་ན་ཕྱིས་བྱ་བ་དེ་བྱ་དཀའ་བ་ལ་སོགས་པའི་ཚུལ་མཐོང་ན་དེ་སླར་གཏོང་བ་ལའང་ཡིད་གཉིས་སུ་གྱུར་ཏེ་གཞན་ཁྲེལ་བ་ལ་སོགས་པའི་གནས་སུ་དགོས་པ་མཆི་ན། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་དེ་ཡི་ཐུགས་སྲས་བྱང་ཆུབ་སེམས་དཔའི་རྣམས་ཀྱི་ཐོས་བསམ་བསྒོམས་པའི་ཤེས་རབ་ཆེན་པོའི་མཐུས་བསྐལ་པ་གྲངས་མེད་པ་མང་པོར་གདོན་མི་ཟ་བར་བརྟགས་ཏེ་ཡིད་ཆེས་ཤིང་ཉམས་སུ་བླངས་པས་དོན་གཉིས་ཕུན་སུམ་ཚོགས་པའི་ཕྱིན་ཅི་རང་ཉིད་གང་ལ་བརྟེན་པའི་བླང་དོར་གྱི་གནས་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་དང་དེའི་བསླབ་བྱའི་གནས་རྣམས་ཐེག་པ་ཆེན་པོའི་སྡེ་སྣོད་དུ་མར་བསྟན་པ་དག་ལ་སེམས་བསྐྱེད་པ་པོ་རང་ཉིད་ཀྱིས་ཀྱང་ཡང་ཡང་བརྟགས་ནས་ཡོན་ཏན་ཅན་དུ་ཤེས་ཏེ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་སྙིང་ཐག་པ་ནས་དམ་བཅས་པ་དེ་བྱ་དཀའ་བར་མཐོང་ནས་སླར་བཏང་ན་ནི་བདག་གིས་དོན་བྱ་བའི་ཡུལ་སེམས་ཅན་ཐམས་ཅད་ཀུན་བསླུས་པར་བྱས་པས་ཕྱི་མར་བདེ་འགྲོ་མཐོ་རིས་ཀྱི་གནས་ཐོབ་པ་མ་ཡིན་པར་མུ་དང་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་སོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་ཉེས་པ་ཆེན་པོ་མི་བྱེད་པ་ལྟ་ཅི་སྨོས། སེམས་ཅན་གཅིག་གི་སྲོག་འཚོ་བའི་བདེ་བའམ། ལོངས་སྤྱོད་དང་ལྡན་པ་ལ་སོགས་པའི་བདེ་བ་ཙམ་ཡང་། གསོད་པ་དང་། ལོངས་སྤྱོད་འཕྲོག་པ་ལ་སོགས་པའི་སྒོ་ནས་བཤིག་ན་ལས་དང་དེས་བྱེད་པ་པོ་བདག་ཉིད་བདེ་འགྲོ་ལས་ཉམས་ན་ངན་སོང་དུ་འཕེན་པར་བྱེད་པའི་ཕྱིར་དང་། ཐ་ན་སེམས་ཅན་གཅིག་ལ་མནར་སེམས་པ་ཙམ་མམ་གནོད་པ་ཆུང་ངུ་ཙམ་ཞིག་བྱེད་ན་ཡང་བདག་གི་བསླབ་པ་ཉམས་པར་འགྱུར་བས་ལས་དེ་ཙམ་ཡང་མི་བགྱིད་དོ། །བྱང་སེམས་ཀྱི་སྡོམ་པ་འདི་ནི་སོར་སྡོམ་ལྟ་བུ་མ་ཡིན་པར་སླར་གསོ་རུང་བས་སྐྱོན་མེད་དོ་སྙམ་ན། དེ་ལྟར་ལྟུང་བ་སྟོབས་དང་ལྡན་པ་དང་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་གཉིས་ཀར་ལྡན་ཞིང་ཕན་ཚུན་འཁོར་བར་རམ་འཁོར་བ་འདིར་རེས་མོས་ཀྱིས་འདྲེ་བར་བྱེད་པ་གང་ཡིན་པ་དེ་ནི་མོས་སྤྱོད་ཀྱི་ས་གོང་མ་དང་འཕགས་པའི་ས་དང་པོ་སོགས་ཐོབ་པ་ལ་ཡུན་རིང་པོར་འཐོགས་པར་འགྱུར་བས་ན་ཤེས་བཞིན་དུ་བླང་དོར་གྱི་བསླབ་བྱ་རྣམས་གཏོང་བར་བྱེད་པའི་སྐྱེས་བུ་ནི་རང་ཉིད་གཡང་སར་བརླག་པར་བྱེད་པའི་སྨྱོན་པ་བཞིན་ཡིན་བསླབ་པའི་གནས་ཐམས་ཅད་མིག་འབྲས་ལས་ཀྱང་གཅེས་པར་བཟུང་སྟེ་བསྲུང་བར་བྱའོ། །དེ་ལྟར་ལྟུང་བ་འབྱུང་བའི་རྒྱུ་ནི། རིགས་མེད་པ་དང་། སྙིང་རྗེ་ཆུང་བ་དང་། འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་། བྱང་ཆུབ་ཆེན་པོ་ཐག་རིང་བར་སེམས་པ་དང་། བདུད་ཀྱི་བྱིན་གྱིས་བརླབས་པ་དང་། ཐེག་པ་དམན་པའི་གང་ཟག་བསྟེན་པ་དང་། ཐེག་པ་ཆུང་ངུའི་གཞུང་ལ་བརྩམས་པ་དང་། སེམས་ཅན་བློས་གཏོང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཚིག་ངན་བརྗོད་ཅིང་ངན་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་མི་སྤོང་བ་དང་། གཞན་ཡང་མི་ཤེས་པ་དང་། བག་མེད་པ་དང་། མ་གུས་པ་དང་། ཉོན་མོངས་པ་མང་བའོ་ཞེས་བྷཾ་ག་ལའི་རྣལ་འབྱོར་པ་ཉིད་བཞེད་པ་ལས། ཉོན་མོངས་པ་ནི་ཀུན་གྱི་ཕྱི་མོ་ཡིན་པས་དེ་ཉིད་ལ་འཁོན་དུ་བཟུང་བའི་ཚུལ། འཇིག་རྟེན་འདི་ན་གང་ཟག་གང་ཞིག་གནོད་པའི་རྒྱུ་མངའ་ཐང་དང་ལོངས་སྤྱོད་འཕྲོག་པའམ་གནས་སྐབས་པའི་ལུས་སྲོག་ཙམ་ལ་གནོད་པར་བྱེད་པ་དང་དེའི་འབྲས་བུ་གོ་ས་དམན་པར་གྱུར་པ་དང་། ལོངས་སྤྱོད་བྲི་བ་དང་ལུས་སྲོག་ཉམས་ཉེས་སུ་གྱུར་པ་ལ་སོགས་པའམ། ཤིན་ཏུ་གདུག་རྩུབ་ཆེ་བ་དུག་སྦྲུལ་ལྟ་བུའི་སེམས་དང་ལྡན་པ་རྣམས་ནི་ཐ་ན་རྒྱུ་ཞིང་གི་མུ་ལ་རེག་པ་ལྟ་བུ་དང་། འབྲས་བུ་ཆུའི་ཀ་རལ་བ་ལྟ་བུའི་ཆུང་ངུ་ལའང་ཁྲོས་པའི་དབང་གིས་དེ་ལས་བདག་རྒྱལ་བར་འདོད་པའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས་ལ་ཕ་རོལ་པོས་མདའ་མདུང་ལ་སོགས་པའི་མཚོན་གྱི་ཆད་པ་རྩུབ་མོས་ལུས་འབིགས་པ་དང་གཅོད་པ་དང་སྲོག་གཅོད་པའི་བར་དུ་སྡུག་བསྔལ་བར་བྱས་ཀྱང་དེ་ཐམས་ཅད་བཟོད་ཅིང་ཁྱད་དུ་བསད་པར་བྱས་ནས་རང་གི་བསམ་རྒྱུའི་དོན་ཕ་རོལ་པོ་འཇོམས་པ་སོགས་ཀྱི་བྱ་བ་དེ་མ་འགྲུབ་པའི་བར་དུ་ཕྱིར་ཕྱོགས་ནས་འབྲོས་པར་མི་བྱེད་དེ་ད་ལྟ་ཤི་བའི་དུས་ཡིན་ནོ་ཞེས་རང་གསོད་པ་ལའང་མཆོག་ཏུ་འཛིན་པ་ལས་ཅང་མི་སེམས་ན། ཡུན་རིང་པོ་ཐོག་མ་མེད་པ་ནས་རྣམ་པ་ཀུན་ཏུ་ཕན་མི་འདོགས་པར་མ་ཟད་བཏང་སྙོམས་ཙམ་དུའང་མི་གནས་པར་བདག་ལ་སྡུག་བསྔལ་སྣ་ཚོགས་པའི་རྒྱུས་གནོད་པ་བསྒྲུབ་པའི་དགྲར་གྱུར་པའི་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་དཔུང་མང་པོ་འདི་དག་ལས་གཅིག་ཙམ་ཞིག་ཡུད་ཙམ་རྒྱུད་ལ་སྐྱེས་པས་ཀྱང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་དུ་འཕངས་ནས་ཡུན་རིང་པོར་ཐར་དུ་མེད་པའི་སྡུག་བསྔལ་མྱོང་དགོས་པར་འགྱུར་བའི་སྟོབས་ཆེན་པོ་ཅན་གྱི་ཚོགས་འདི་དང་གཉེན་པོ་གཉིས་ཕན་ཚུན་གཡུལ་སྤྲད་ནས་གཉེན་པོ་བསྟེན་པའི་ཚེ་ན་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱིས་སུན་འབྱིན། ཏིང་ངེ་འཛིན་གྱིས་མགོ་གནོན། ཤེས་རབ་ཀྱིས་དྲུངས་ནས་འབྱིན་པར་བྱེད་དགོས་པས་སོ་སོའི་སྐྱེ་བོ་ལས་དང་པོ་པས་སུན་འབྱིན་གྱི་གཉེན་པོ་བསྟེན་ཏེ་ཉོན་མོངས་པ་ལ་འཁོན་དུ་བཟུང་བའི་སྒོ་ནས་གཙོ་བོ་དེས་བསྐྱེད་པའི་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་སྤོང་བར་བྱེད་པའི་ཐབས་ལ་བརྩོན་ཞིང་། དེ་ནས་མགོ་གནོན་གྱི་གཉེན་པོ་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བར་བྱས་ནས་ཉོན་མོངས་མངོན་འགྱུར་བའི་དབང་དུ་མི་འགྲོ་བའི་ཚེ། དྲུངས་འབྱིན་གྱི་གཉེན་པོ་ལྷག་མཐོང་གི་ཤེས་རབ་བསྐྱེད་ནས་ཆོ་ག་སྟེ་ཉོན་མོངས་སྤོང་བའི་གཉེན་པོའི་ཕྱོགས་ལ་ཆེད་དུ་བརྩོན་པའི་བྱ་བ་མ་ཞིག་པའམ་མ་བཏང་དགོས་ལ། འཕགས་ས་ཐོབ་ནས་ནི་ཉོན་མོངས་ལྷན་སྐྱེས་མེད་པ་མ་ཡིན་ཀྱང་སོ་སྐྱེ་བཞིན་དུ་དེའི་དབང་གིས་འཁོར་བར་འཕེན་པའི་ལས་གསོག་པ་ལ་སོགས་པས་གནོད་པར་མི་འགྱུར་བའི་ཕྱིར་དེ་ལ་གཉེན་པོ་ཆེ་ཐང་དུ་བསྟེན་མི་དགོས་སོ། །དེས་ན་འཕགས་ས་མ་ཐོབ་ཀྱི་བར་དུ་བྱང་སེམས་ཀྱི་བསླབ་པ་བསྲུང་བའི་ཆེད་དུ་སེམས་ཉོན་མོངས་པའི་དབང་དུ་མི་འགྲོ་བའི་ཕྱིར་གཉེན་པོ་བསྟེན་པའི་བརྟུལ་ཞུགས་སུ་ཞིག་གིས་གཏོང་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོངས་མི་ནུས། །ཞེས་སོ། །དེ་ཡང་ཉོན་མོངས་སྤོང་བའི་དོན་དུ་བརྩོན་པ་ན་ཕྱི་ནང་གི་གནོད་པ་དང་སྡུག་བསྔལ་མང་པོ་འབྱུང་བ་དང་། ཉོན་མོངས་པའི་བག་ཆགས་ཤིན་ཏུ་བརྟན་པས་སྤང་དཀའ་བ་སོགས་ཀྱིས་སེམས་སྐྱོ་སྟེ། སྔར་བདག་གིས་གཉེན་པོ་དེ་ཙམ་བསྟེན་ཀྱང་སྤང་མ་ནུས་སོ་སྙམ་དུ་ཡིད་ཆད་པ་དང་། ཕྱིས་ཀྱང་སྤང་མི་ནུས་སོ་སྙམ་དུ་སྒྱིད་ལུག་པར་མི་འགྱུར་བ་སྨོས་ཅི་དགོས་ཏེ་ཤིན་ཏུ་དོན་ཆེ་བའི་ཕྱིར། དེ་ཉིད་ལས། སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང་། །ཡིད་ཆད་སྒྱིད་ལུག་མི་འགྱུར་སྨོས་མི་དགོས། །ཞེས་སོ། །དེ་བས་ན་བསླབ་པ་བསྲུང་བའི་བརྟུལ་ཞུགས་ཀྱི་གྲོགས་སུ་མི་དབང་འཕགས་པ་ལ་འོས་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་ཁྱད་ནོར་བསྙེན་པར་བྱ་སྟེ། སློབ་དཔོན་དཔའ་བོས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལས། དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲོངས། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བདག་མེད་སྦུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤང་། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་སྐོང་། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ། །ཞེས་སོ། །དེ་ཡང་ད་ལྟ་འཁྲུལ་སྣང་གི་བག་ཆགས་ཤིན་ཏུ་བརྟན་པའི་སྐབས་འདི་ན་ཉོན་མོངས་པའི་བཙོན་རར་བདག་ཏུ་འཛིན་པའི་འཆིང་བ་དམ་པོས་བསྡམས་པ་ཡི་རང་བཞིན་བདག་གི་རྒྱུད་ཀྱི་ཉོན་མོངས་སྤོང་བར་བྱེད་པའི་ནུས་པའི་ཚོད་ཀྱང་རིག་པར་མི་འགྱུར་ན་མཐའ་དག་པའི་འགྲོ་བ་ཐམས་ཅད་ཉོན་མོངས་པ་བག་ཆགས་དང་བཅས་པ་དེ་ལས་དབུགས་འབྱིན་ཞིང་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྱིར་དམ་བཅས་པ་དེའི་བརྟན་པ་མི་ཉམས་པ་ག་ལ་ཞིག་སྟེ་དེའི་ཕྱིར་ན་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བསལ་བའི་དོན་དུ་དང་པོ་རང་གི་ཉོན་མོངས་སྤོང་བྱེད་ཀྱི་ཐབས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་པ་དང་། བསླབ་པའི་གནས་མི་བརྗེད་པ་དྲན་པ་དང་། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་བརྟགས་པ་ཤེས་བཞིན་ཏེ་འདི་གསུམ་དང་ལྡན་པའི་གང་ཟག་གི་རྒྱུད་ནི་ས་གཞིགས་གཤིན་པ་དང་འདྲ་བས་དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་བཞག་པ་ཙམ་མ་ཡིན་པར་ལྷག་པའི་བསམ་པ་རྣམ་པར་དག་པའི་མྱུ་གུ་བསྐྱེད་སླ་བས་ན་འདི་དག་ནི་ཤིན་ཏུ་གནད་གལ་པོ་ཆེ་ཡིན་པས་དབྱེ་འབྱེད་སེམས་ཐོག་ནས་ཤེས་པར་བྱའོ། །ཉམས་ལེན་ཐམས་ཅད་ཀྱི་གནད་འདི་གསུམ་ལ་འདུ་བ་ཡིན་པས་ཤིན་ཏུ་གལ་ཆེའོ། །དེ་ལྟར་སེམས་བསྐྱེད་དང་བསླབ་པ་མི་ཉམས་པར་བཟུང་ཞིང་འདི་མ་བཏང་བ་ཙམ་གྱིས་མི་ཆོག་སྟེ་མི་མཐུན་པའི་ཕྱོགས་ལྟུང་བའི་དྲི་མ་སྦྱོང་བའི་ཐབས་བཤགས་པ་བྱ་བ་དང་། མཐུན་ཕྱོགས་སེམས་བསྐྱེད་དང་བསླབ་པ་སྤེལ་བའི་ཐབས་དགེ་བའི་བཤེས་གཉེན་བསྟེན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་ཡང་ཡང་བལྟ་བ་དང་ཚོགས་བསགས་པ་སོགས་ལ་ནན་ཏན་དུ་བགྱིད་པར་འཚལ་ལོ་ཞེས་གདམས་སོ། །གཉིས་པ་བསླབ་བྱ་དངོས་བཤད་པ་ལ་གཉིས་ཏེ། སྤང་བའི་བསླབ་བྱ་བཤད་པ་དང་། བསྒྲུབ་པའི་བསླབ་བྱ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་སེམས་བསྐྱེད་ཅིང་སྡོམ་པ་བླངས་ནས་དེའི་སྤང་སྒྲུབ་ཀྱི་བསླབ་བྱ་རྣམས་ཚུལ་བཞིན་སྤང་བླང་བྱེད་པ་དེ་ལ་དང་པོ་གང་ཞིག་སྤྱད་ན་གནས་ངན་དུ་ལྟུང་བར་འགྱུར་བའི་སྤང་བྱའི་གྲངས་ཀྱི་རབ་ཏུ་དབྱེ་བ་སྡེ་སྣོད་རྣམས་ལས་དུ་མ་ཞིག་གསུངས་པ་རིགས་བསྡུ་ན་ནམ་སྙིང་གི་མདོ་ལས་བྱུང་བའི་བཅོ་བརྒྱད་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་དང་། དཀོན་མཆོག་བརྩེགས་པ་ལས་གསུངས་པ་རེ་རེ་སྟེ་ཉི་ཤུ་ནི་ལྟུང་མཚམས་ལེགས་པར་ཤེས་པར་བྱས་ནས་བསྲུང་བར་བྱ་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྟུང་བ་དངོས་དང་། ཕྱིར་བཅོས་ཚུལ་ལོ། །དང་པོ་གཉིས་ཏེ། མདོ་དང་པོ་ལས་བྱུང་བ་བཤད་པ་དང་། ཕྱི་མ་གཉིས་ལས་གསུངས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱལ་པོ་ལ་འབྱུང་ཉེ་བ་དང་། བློན་པོ་ལ་འབྱུང་ཉེ་བ་དང་། ཕལ་པ་ལ་འབྱུང་ཉེ་བའོ། །དང་པོ་ནི། ནམ་མཁའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ལྔ་སྟེ། ལྟུང་བའི་རྩ་བ་དེ་དག་གིས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཆུད་གཟན་ཏེ་ཕས་ཕམ་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ནས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་པ་ལ་སོགས་པ་སྟེ། འདི་ལྟར་ཀུན་སློང་དྲག་པོས་དཀོན་མཆོག་གསུམ་པོ་ཐམས་ཅད་དམ་གང་རུང་དཀོར་ནོར་རང་གིས་འཕྲོག་གམ། གཞན་ལ་འཕྲོག་ཏུ་འཇུག་པ་དང་ལ་སོགས་པའི་ཁོངས་ནས། ཐེག་གསུམ་གང་རུང་གི་ལུང་རྟོགས་ཀྱི་ཆོས་ལ་ཐར་བའི་ཐབས་མིན་ནོ་ཞེས་སྤོང་ངམ་སྤོང་དུ་འཇུག་པ་དང་། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ་བསླབ་པ་བཟུང་ཡང་རུང་། མ་བཟུང་ཡང་རུང་། ཚུལ་ཁྲིམས་འཆལ་ཡང་རུང་། ཚུལ་ཁྲིམས་དང་ལྡན་ཡང་རུང་སྟེ། ཞེ་སྡང་གིས་དེའི་ངུར་སྨྲིག་འཕྲོག་གམ། བརྡེག་གམ། བཙོན་དུ་བཅུག་གམ། བསླབ་པ་འབེབས་སམ། གསོད་དམ། གཞན་ལ་དེ་ལྟར་བྱེད་དུ་བཅུག་པ་དང་། མཚམས་མེད་པ་ལྔ་པོ་ལས་གང་ཡང་རུང་བ་བྱེད་པ་དང་། ལས་འབྲས་མེད་དོ་ཞེས་པའི་ལོག་ལྟ་སྟེ། འདི་ལྟ་བུའི་བློ་སྐྱེས་པ་ཙམ་ནས་དགེ་རྩ་ཆད་པར་འགྱུར་ཞིང་བསླབ་པ་གཏོང་ཡང་དེའི་དབང་གིས་མི་དགེ་བའི་བྱ་བ་གཞན་ལ་སྦྱོར་རམ་སྦྱོར་དུ་བཅུག་ན་ཉེས་པ་ཤིན་ཏུ་ལྕིའོ། །དེ་དག་ནི་རྒྱལ་པོའི་ལྟུང་བ་ལྔའོ། །གཉིས་པ་ནི་ཁྱིམ་གཅིག་པ་ལ་སོགས་པ་གྲོང་དང་། མི་རིགས་བཞི་གནས་པས་ཕྱོགས་ལྗོངས་དང་། བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས་གྲོང་ཁྱེར་དང་། ཚོང་འདུས་ཆེན་པོ་ཡོད་པའི་གནས་གྲོང་རྡལ་དང་། ཙམ་པ་ཀ་ལྟ་བུ་ཡུལ་ཁམས་ཆེན་པོ་ནི་ཡུལ་འཁོར་སྟེ་དེ་དག་ལས་གང་ཡང་རུང་བ་ཞེ་སྡང་གིས་མེ་སོགས་ཀྱིས་འཇོམས་པར་བྱེད་པ་དང་། སོགས་ཁོངས་ནས་ལོག་ལྟ་དོར་བའི་རྒྱལ་པོའི་ལྟུང་བ་སྔ་མ་བཞི་དང་བཅས་པ་ནི་བློན་པོའི་ལྟུང་བ་ལྔའོ། །གསུམ་པ་ནི་སྣོད་མ་བརྟགས་པར་བློ་མ་སྦྱངས་པའམ། ཅུང་ཟད་སྦྱངས་ཀྱང་ཟབ་དོན་ལ་སྐྲག་པའི་རིགས་ཅན་ལ་སྟོང་ཉིད་སྟོན་པར་བྱས་པས་ཡུལ་དེའི་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཐེག་དམན་དུ་སྨོན་པར་གྱུར་པ་དང་༡། སོགས་ཁོངས་ནས་ཐེག་ཆེན་གྱི་རིགས་ཅན་ལམ་དེར་ཞུགས་པ་ལ་ཤེས་བཞིན་དུ་དེ་ལས་ལྡོག་སྟེ་ཐེག་དམན་དུ་སེམས་བསྐྱེད་དུ་འཇུག་པ་དང་༢། དམན་པའི་རིགས་ཅན་སོ་ཐར་ལ་མོས་ཤིང་སློབ་པ་ལ་དོན་དུ་མི་འགྱུར་བཞིན་ཐེག་ཆེན་གྱི་བསྔགས་པ་བརྗོད་ནས་སོ་ཐར་སྤངས་ཏེ་གཉིས་ཀ་མ་ཡིན་པར་བྱེད་པ་དང་༣། དམན་པའི་ལམ་གྱིས་ཉོན་མོངས་ཟད་པར་མི་སྤོང་ངོ་ཞེས་ཉན་ཐོས་ལ་ཐར་ལམ་རྣལ་མ་མེད་པར་འཛིན་ནམ་འཛིན་དུ་འཇུག་པ་དང་༤ ། བསམ་པ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨད་པའི་ཚིག་བརྗོད་པ་ཡུལ་གྱིིས་གོ་བ་དང་༥། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་ནས་མ་རྟོགས་བཞིན་དུ་ཟབ་མོའི་དོན་རྟོགས་སོ་ཞེས་མིའི་ཆོས་བླ་མའི་རྫུན་གྱིས་གཞན་མགོ་བསྐོར་བ་དང་༦། དབང་པོ་ཆེའི་ཕྱོགས་དང་བཤེས་པར་བྱས་ནས་ཆོས་འདི་པའི་དགེ་སྦྱོང་ཆད་པས་གཅོད་དུ་བཅུག་སྟེ་དེའི་ཕག་སུག་ཏུ་དཀོན་མཆོག་གི་དཀོར་ནོར་བྱིན་པ་ལེན་པ་དང་༧། འདིས་གསུམ་ཀ་བྱང་སེམས་ཡིན་ན་ཐམས་ཅད་ལ་ལྟུང་བར་འགྱུར་རོ། །སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ལས་ཕྲི་ཞིང་ཕྲོག་ནས་ཁ་ཏོན་པའམ་ཀློག་པ་བདག་ལ་སྟེར་ཞིང་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་འདོར་དུ་འཇུག་པའམ། ཆོས་ལྡན་གྱི་དགེ་སྦྱོང་གནོད་པའི་ཁྲིམས་ངན་གྱིིས་ཞི་གནས་འདོར་དུ་འཇུག་པ་སྟེ་ཕལ་པའི་ལྟུང་བ་བརྒྱད་དང་བཅས་པ་བསྡོམས་པས་མིང་གིས་བཅོ་བརྒྱད་པོ་རྫས་སུ་བསྡུ་ན་བཅུ་བཞི་ཡིན་ཏེ་རྒྱལ་བློན་གྱི་སྔ་མ་བཞི་པོ་ཐ་དད་མེད་པས་སོ། །དེ་དག་ཀྱང་རྒྱལ་པོ་སོགས་ལ་འབྱུང་ཉེ་བ་ཙམ་གྱིས་དེ་དང་དེའི་ལྟུང་བར་བཞག་པ་ཡིན་གྱི་རང་རང་གི་ལྟུང་བར་བཞག་པ་དེ་ལས་གཞན་མི་འབྱུང་བ་མ་ཡིན་ཏེ། རྒྱལ་བློན་དམངས་གསུམ་ག་ལ་བཅུ་བཞི་པོ་ཐམས་ཅད་འབྱུང་བ་ཡིན་པས་གང་ཟག་བྱང་སེམས་གཅིག་གིས་ཐམས་ཅད་བསྲུང་དགོས་པ་ཡིན་ནོ། །གཉིས་པ་མདོ་ཕྱི་མ་གཉིས་ལས་གསུངས་པ་བཤད་པ་ནི། ཐེག་པ་དམན་པར་སེམས་བསྐྱེད་ནས་སེམས་ཅན་བློས་སྤངས་པ་ནི་སྨོན་སེམས་བཏང་བ་སྟེ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ་ཞེས་སོ། །དཀོན་མཆོག་བརྩེགས་པ་ལས་གསུངས་པ་ནི་འཇུག་སེམས་གཏོང་བ་སྟེ། དེ་ཡང་སྦྱིན་སོགས་བསྒྲུབ་པར་དམ་བཅས་པ་ལས་ཉམས་ཏེ་རང་གི་ནུས་པའི་ཚོད་ཙམ་ཞིག་ཀྱང་མི་སྒྲུབ་པོ་སྙམ་པའི་བློ་སྐྱེས་པས་གཏོང་གི། སྙོམ་ལས་སོགས་ཀྱིས་དགེ་བ་ལ་མི་སྦྱོར་བ་ཙམ་གྱིས་རྩ་བ་ནས་མི་གཏོང་ངོ་། །གཞན་ཡང་བསླབ་བཏུས་ལས་གསུངས་པའི་ཉེས་བྱས་བརྒྱད་ཅུ་སྟེ། དེ་ལ་བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་རྩ་བཞི། སྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག །དེ་དག་ལས་ཕྱེ་བས་བརྒྱད་ཅུའོ། །དང་པོ་ནི་གཞན་གྱི་སྡུག་བསྔལ་དང་ཡིད་མི་བདེ་བ་ཞི་བར་ནུས་བཞིན་དུ་ཞི་བར་མི་བྱེད་པ་དང་། བདེ་བ་དང་ཡིད་བདེ་བ་བསྐྱེད་ནུས་བཞིན་དུ་བསྐྱེད་པར་མི་བྱེད་པ་གཉིས་ཏེ་དབྱེ་གཞིའོ། །དེ་གཉིས་ལ་ལུས་དང་སེམས་ཀྱི་རྟེན་སོ་སོར་ཕྱེ་བས་བཞི། དེ་ལ་ད་ལྟ་དང་མ་འོངས་པའི་དུས་ཀྱིས་ཕྱེ་བས་བརྒྱད། དེའི་ཆེད་དུ་སྒོ་གསུམ་གྱིས་མི་བརྩོན་པ་དང་། ཕན་པའི་རྒྱུ་རྐྱེན་མི་ཚོལ་བ་དང་། གཉེན་པོའི་ཕྱོགས་ལ་མི་འབད་པ་སྟེ། དེ་ལྟར་རྗེས་སྒྲུབ་ཀྱི་སྒོ་གསུམ་པོ་དེས་ཕྱེ་བས་ཉི་ཤུ་རྩ་བཞིའོ། །གཉིས་པ་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་ཆུང་ངུ་མི་བསྐྱེད་པ་གཞིར་བཞག་ནས། དེ་གཉིས་ལ་འདི་དང་ཕྱི་མའི་སྐྱེ་བས་ཕྱེ་བས་བཞི། རང་དང་གཞན་གྱི་རྒྱུད་ཀྱིས་ཕྱེ་བས་བརྒྱད། ཡང་བདེ་བ་དང་ཡིད་བདེ་བ་ཆེན་པོའི་ཕྱིར་ཆུང་ངུ་ཉམས་པར་མི་བྱེད་པ་གཞིར་བཞག་ནས། སྔར་ལྟར་སྐྱེ་བ་དང་རྒྱུད་ཀྱིས་ཕྱེ་བས་བརྒྱད་དེ་བཅུ་དྲུག་གོ། །གསུམ་པ་ནི་དེ་ལྟར་བཞི་བཅུ་པོ་རེ་རེ་ལའང་རེ་ཞིག་ཡལ་བར་འདོར་བ་དང་། གཏན་དུ་ཡལ་བར་འདོར་བ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཅུའོ། །དེ་དག་གི་སྡོམ་ནི། བདེ་སྡུག་སྒྲུབ་པ་ཡལ་བར་འདོར། །ཉེར་བཞི་དང་ནི་བཅུ་དྲུག་སྟེ། །གཞན་སྡུག་མི་བདེ་ཞི་མི་བྱེད། །བདེ་དང་ཡིད་བདེ་མི་བསྐྱེད་ལ། །ལུས་སེམས་དབྱེ་གཞི་ད་འོངས་བརྒྱད། །དེའི་ཆེད་མི་བརྩོན་མི་ཚོལ་དང་། །མི་འབད་པ་སྟེ་ཉེར་བཞིའོ། །སྡུག་བསྔལ་མི་བདེ་ཆེན་པོ་ཡི། །གཉེན་པོར་ཆུང་ངུ་མི་བསྐྱེད་དང་། །བདེ་དང་ཡིད་བདེ་ཆེན་པོའི་ཕྱིར། །ཆུང་ངུ་ཉམས་པར་མི་བྱེད་པ། །སྐྱེ་རྒྱུད་ཕྱེ་བས་བཅུ་དྲུག་སྟེ། །བཞི་བཅུ་པོ་ལ་གཉིས་རེའོ། །ཞེས་པའོ། །དེ་ལྟར་ལྟུང་བའི་རྣམ་གྲངས་དེ་རྣམས་ངེས་པར་བྱས་ནས་སྤང་བ་བྱའོ། །གཉིས་པ་ཕྱིར་བཅོས་པའི་ཚུལ་ནི། གལ་ཏེ་ལྟུང་བ་འབྱུང་བའི་སྒོ་བཞི་ལ་སོགས་པའི་སྟོབས་ཀྱིས་ཉེས་ལྟུང་བྱུང་ན་ཡང་དེ་དང་ལྷན་དུ་འགྲོགས་པར་མི་བྱ་སྟེ། མདོར་ན་རྨི་ལམ་དུ་ལྟུང་བ་འབྱིན་པ་སོགས་སྡིག་པ་བྱས་པ་མཐོང་ན་ཡང་སད་དུས་ཀྱི་བག་ཆགས་ངན་པ་གོམས་པའི་མཐུས་ཡིན་པས་ཕྱི་བཤོལ་མི་བྱེད་པར་དེ་མ་ཐག་ཏུ་ཕྱག་འཚལ་བ་དང་། བཤགས་པ་དང་། བསྔོ་བ་སྟེ་ཕུང་པོ་གསུམ་པ་ཚང་བའི་མདོ་འདོན་པ་ལ་སོགས་པས་བཤགས་པ་བྱ་དགོས་པ་ཡིན་ན། སད་དུས་ཀྱི་ཉེས་པ་བསམ་བཞིན་དུ་བྱས་པ་རྣམས་ནི་སྨོས་ཅི་དགོས། དེ་ཡང་བཤགས་བྱ་ལྟུང་བའི་ལྕི་ཡང་གི་ཁྱད་པར་ལ་ལྟོས་ནས་ཕྱིར་བཅོས་པར་བྱ་སྟེ། བྱང་སེམས་ཀྱི་བསླབ་པ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ནི་སྨོན་སེམས་ཡིན་ལ་དེ་ཉིད་སེམས་ཅན་གཅིག་ཙམ་སྙིང་ཐག་པ་ནས་འཕྲལ་ཡུན་ཀུན་ཏུ་འདིའི་དོན་མི་བྱེད་དོ་སྙམ་དུ་བློས་བཏང་བ་དང་རྫོགས་བྱང་དོན་གཉེར་གྱི་སེམས་བཏང་བ་སྟེ་ཟུར་གཉིས་གང་རུང་ཉམས་པའི་སྒོ་ནས་ཤོར་བ་དང་། འགལ་ཟླ་མི་མཐུན་པའི་ཕྱོགས་རྩ་ལྟུང་གཞན་གང་ཡང་རུང་བ་བྱུང་བ་དང་། སྡོམ་པ་རྩ་བ་ནས་སྤོང་བའི་རྐྱེན་བསླབ་པ་ཕུལ་བ་གསུམ་པོ་དག་ལས། སྨོན་སེམས་ཤོར་ན་ནི་གྱང་ཞིག་ན་རི་མོ་མི་གནས་པ་བཞིན་ཐུན་ཚོད་ལ་མ་ལྟོས་པར་དེ་མ་ཐག་བྱང་སྡོམ་རྩ་བ་ནས་གཏོང་བར་འགྱུར་ཞིང་དེ་བཞིན་དུ་བསླབ་པ་ཕུལ་བ་ཡང་། སོ་ཐར་གྱི་སྡོམ་པ་བསྲུང་མི་ནུས་ན་འབུལ་དུ་རུང་བར་གནང་མོད། དེ་ལའང་སྡོམ་པ་ཕུལ་ཉམས་མུ་བཞིར་དཔྱད་དུ་ཡོད་ཀྱང་། བྱང་སྡོམ་ནི་ཕུལ་བར་མ་གནང་ཞིང་ཕུལ་ན་ཡང་ཉེས་པ་ཤིན་ཏུ་ལྕི་སྟེ། སྤྱིར་རང་གཞན་གྱི་ཕན་བདེ་སྒྲུབ་པའི་རྒྱུ་གཅིག་པུ་ཆུད་གཟོན་པར་མ་ཟད། དུས་ཀྱང་བྱང་ཆུབ་སྙིང་པོའི་བར་དུ་དམ་བཅས་པ་དེ་བཏང་བའི་ཕྱིར། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ནས། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་སྔར་དྲངས་པ་ལྟར་རོ། །དེ་གཉིས་ལས་གཞན་པའི་འགལ་ཟླ་རྩ་བའི་ལྟུང་བ་རྣམས་ཀྱིས་ཚུལ་ཁྲིམས་རྒྱུན་འཆད་པར་མི་འགྱུར་བ་དང་འགྱུར་བའི་མཚམས་ཐུན་ཚོད་མ་འདས་པ་དང་འདས་པའི་བྱེ་བྲག་གིས་ཡིན་ཏེ། དེ་ལ་ཐུན་ཚོད་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། ཉེ་བར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ་ཞེས་པ་ནས་དེ་བཞིན་དུ་ཀུན་ལ་སྦྱར་ཏེ། གལ་ཏེ་ཕྱེད་ཀྱི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱི་འཕྲེད་ཀྱི་དུས་ན་ལྟུང་བ་བྱུང་ནའང་སྲོད་ལ། གལ་ཏེ་སྲོད་ལ་ལྟུང་བ་བྱུང་ནའང་ནམ་ཕྱེད་ན། ནམ་ཕྱེད་ན་ལྟུང་བ་བྱུང་ན་ཐོ་རེངས་ཞེས་སོགས་ནས། ཉེ་བར་འཁོར་དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་རུང་བའོ་ཞེས་བཤད་པ་ལྟར་ཉིན་མཚན་སོ་སོའི་ཆ་ཐུན་གསུམ་གསུམ་དུ་བཅད་པའི་དྲུག་ཆ་སོ་སོའི་སྨད་དུ་གཉེན་པོས་སླེབས་ན་དེའི་ཚུལ་ཁྲིམས་རྒྱུན་ཆད་པར་མི་འགྱུར་ཏེ། དཔེར་ན་སྔ་དྲོ་ལྟ་བུ་དྲུག་ཆ་དང་པོའི་ཐོག་ཐ་བར་གསུམ་གང་ཡང་རུང་བར་ལྟུང་བ་བྱུང་ན། དེ་མ་ཐག་གི་དྲུག་ཆ་གཉིས་པའི་ཐུན་ཚོད་མ་འདས་གོང་ཅི་རིགས་པར་འགྱོད་པ་དྲག་པོ་དང་བཅས་བཤགས་ན་སྡོམ་པ་སོར་ཆུད་པར་འགྱུར་རོ། །གལ་ཏེ་འབད་དུ་ཟིན་ཀྱང་མི་ཤེས་པ་དང་བག་མེད་པ་ལ་སོགས་པའི་དབང་གིས་བཤགས་པའི་ཚད་དེ་ལས་ཉམས་ཤོར་ན་གཏུགས་པ་ཞེས་བྱ་སྟེ་ཕྱིར་བཅོས་ཀྱིས་སོར་ཆུད་པ་མ་ཡིན་པས་འགྱོད་སྡོམ་དང་བཅས་པའི་སེམས་ཀྱིས་བཤགས་པ་སྔོན་དུ་འགྲོ་བས་ཆོ་ག་བཞིན་དུ་སླར་བླང་བར་བགྱིའོ། །བཤགས་པའི་ཚུལ་ཡང་དབང་དམན་རྣམས་ནི་དངོས་འཛིན་ཤུགས་ཆེ་བས་ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟེན་ཐེག་ཆེན་གྱི་སྡོམ་ལྡན་བཅུའམ་ལྔ་ཚོགས་ནས་གཅིག་ཡན་ཆད་ལ་ཉེས་ལྟུང་འཆབ་པ་མེད་པར་བཤགས་ཏེ་ལྡང་ངོ་། །དབང་འབྲིང་ལྷའི་རྣལ་འབྱོར་ལ་གོམས་པ་དང་མོས་པ་བརྟན་པ་དག་ནི། རང་གི་མདོ་ལས་དགེ་བའི་རྩ་བ་ཆད་དེ་ལྟུང་བ་རྣམས་ཀྱི་མཁར་བ་ལྟ་བུ། སྡོམ་པ་སྤྱོད་པ་རྣམས་ཀྱི་མེ་ལོང་ལྟ་བུ། ངོ་ཚ་དང་ཁྲེལ་ཡོད་ཤེས་པ་རྣམས་ཀྱི་གོས་ལྟ་བུ་ཞེས་བཤད་པའི་རིག་སྔགས་སྤྱིའི་ལྷ་འཕགས་པ་ནམ་མཁའི་སྙིང་པོ་ལ་བཤགས་པར་བྱ་སྟེ། དེའི་ཚུལ་ནི། ཉིན་མཚན་གྱིས་བར་མ་ཆོད་པར་ཁྲུས་དང་གཙང་སྦྲ་བྱ། སྤོས་བཏུལ་ཏེ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། འཕགས་པ་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ་པས་དངོས་སམ་རྨི་ལམ་དུ་སྐལ་བ་དང་འཚམས་པར་དེ་ཉིད་ཀྱི་གཟུགས་སམ་མི་ནས་བྱའི་བར་ཅི་རིགས་པའི་གཟུགས་ཀྱིས་ལྟུང་བ་ལས་འབྱིན་པའི་ཐབས་སྟོན་པར་འགྱུར་ལ། གལ་ཏེ་སྟོན་པར་མ་གྱུར་ན་སྐྱ་རེངས་འཆར་དུ་ཉེ་བ་ན་དེའི་མདུན་དུ་གཙང་སྦྲ་དང་བཅས་སྤོས་བཏུལ་ཞིང་ཁ་ཤར་ཕྱོགས་སུ་བལྟས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ནམ་མཁའི་སྙིང་པོ་ཡིད་ལ་བྱ་ཞིང་མོས་གུས་ཆེན་པོ་དང་ལྡན་པས་ཡན་ལག་བདུན་པ་ཕུལ་ལ། ནན་ཏན་དུ་བསྐུལ་བའི་ཚིག་གིས་བོས་ནས་སྐྱེ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་ལེགས་པ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་བདག་ལ་ཐུགས་རྗེས་ཁྱབ་པར་མཛོད་ཅིག །ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ། ཐབས་གང་གིས་ལྟུང་བ་མྱུར་དུ་འཆགས་པར་འདོད་པ་དང་། ཐེག་པ་ཆེན་པོའི་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ་ཞེས་བརྗོད་ནས་ཉལ་བས་སྐྱ་རེངས་འཆར་བའི་ཚེ་རྨི་ལམ་དུ་ནམ་སྙིང་གི་གཟུགས་སྐལ་བ་བཞིན་སྟོན་པས་ལྟུང་བ་འཆགས་སུ་འཇུག་གོ། །ཡང་ན་རང་གི་ཡི་དམ་གྱི་ལྷའི་མདུན་དུ་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་བྱས་ལ་བཤགས་པས་ལྟུང་བ་ལས་ལྡང་ངོ་། །དབང་པོ་རབ་ཏུ་གྱུར་བའི་ལྟུང་བ་ནི་གདོད་མ་ནས་ངོ་བོ་ཉིད་མེད་པའི་ཀུན་རྟོག་གི་རྣམ་པར་འཆར་བས་ཆུ་ལ་རི་མོ་བྲིས་པའམ་རླུང་ལ་བསྐོས་ཕོར་བཏབ་པ་བཞིན་དུ་དེས་བག་ཆགས་སམ་ལྟུང་བའི་རྒྱུ་འབྲས་ཀྱི་གཟུགས་བརྙན་འཇོག་པ་མེད་ཀྱང་མཉམ་རྗེས་རེས་འཇོག་ཏུ་གྱུར་པ་དག་ལ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་པ་ལྟར་རོ། །འོན་ཀྱང་ལས་དང་པོ་པས་ལྟུང་བའི་ངོ་བོ་བརྟགས་ནས་དེ་ལ་སྟོང་པས་རྒྱས་འདེབས་པ་ནི་ལུང་དེའི་དབྱིངས་འཇལ་མ་ཤེས་པ་ཡིན་ཏེ། སྟོང་པར་བལྟས་པས་དག་ན་རྒྱང་འཕེན་པའི་གསང་ཚིག་ལའང་དོན་ཡོད་པར་འགྱུར་རོ། །མདོ་ཧྲིལ་གྱིས་དྲིལ་ན་ཐོག་མ་མེད་པ་ནས་རང་ལ་གཅེས་པར་འཛིན་པའི་བློ་འདི་གོམས་ཆེས་པས་སེམས་བསྐྱེད་ཀྱང་གཞན་ལ་ཕན་འདོད་ཀྱི་བློ་རྒྱུན་ཆགས་སུ་འབྱུང་དཀའ་བས་བསམ་སྦྱོར་གཉིས་ཀའི་ཆ་ནས་གནོད་པར་འགྱུར་བའི་ལས་བག་མེད་དུ་ཐལ་བ་སོགས་ཁ་ན་མ་ཐོ་བའི་ལས་སྣ་ཚོགས་པས་རང་རྒྱུད་གོས་ཤིང་། སྟོང་ཉིད་ལ་མྱོང་བ་གཏིང་ནས་མ་ཐོན་པའི་རིགས་ཅན་ཐམས་ཅད་ནི་ལས་དང་པོ་པ་ཡིན་པས་ན་དུས་དང་རྣམ་པ་ཐམས་ཅད་དུ་ཉེས་པ་བྱུང་རེས་ཀྱི་དུས་སུ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་ལ་འབད་པར་བྱ་ཞིང་། རྟག་ཏུ་ཉིན་མཚན་གྱི་ཆ་ལ་ལན་གསུམ་གསུམ་དུ་ཕུང་པོ་གསུམ་པའི་མདོ་གདོན་པར་བྱ་ཞིང་སངས་རྒྱས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ན་བརྗེད་ངེས་དང་ཤེས་བཞིན་གྱིས་མ་ཟིན་པས་ཕྱིར་བཅོས་མ་གྲུབ་པ་དང་ཉེས་བྱས་ཀྱི་ཆ་ཐམས་ཅད་དག་པར་འགྱུར་ཏེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་པ་ལྟར་རོ། །སྤྱིར་ལྟུང་བ་དེ་དག་ལ་ཡུལ་གྱི་བྱེ་བྲག་ལ་བརྟེན་ནས་ཀུན་དཀྲིས་ཀྱི་ཁྱད་པར་ནི། ཞེ་སྡང་གི་དབང་གིས་སེམས་ཅན་ལ་གནོད་པ་དང་། གཏི་མུག་གི་དབང་གིས་དམ་པའི་ཆོས་ལ་གནོད་པ་གཉིས་ཀུན་དཀྲིས་ཆེན་པོ་ཡིན་ལ། དེ་ལས་གཞན་པའི་ཆགས་སེམས་དང་ཞེ་སྡང་ལ་སོགས་པ་དག་ནི་ཀུན་དཀྲིས་ཆུང་ངུ་ཞེས་བྱའོ། །གཞན་ཡང་བྱང་སྡོམ་གྱི་རྟེན་དང་ལེན་པའི་ཚུལ་རྩ་ལྟུང་དང་ཉེས་བྱས་ཀྱི་རྣམ་གྲངས་ཀུན་དཀྲིས་ཀྱི་རྣམ་གཞག །ཕྱིར་བཅོས་པའི་ཚུལ་སོགས་གདུལ་བྱ་ལ་དགོངས་ནས་མདོ་སོ་སོའི་རྗེས་སུ་འབྲངས་པའི་སྲོལ་གཉིས་ཀྱི་བཞེད་ཚུལ་གནས་སྐབས་དགོས་དབང་གིས་ཐ་དད་པ་དང་། དོན་ལ་དགོངས་པ་མཐུན་པའི་ཚུལ་རྣམས་བཤད་དུ་ཡོད་ནའང་གཞུང་འདི་གཙོ་ཆེར་ཟབ་མོའི་ལུགས་སུ་བཤད་པས་དེ་ཙམ་གྱིས་མི་ཆོག་པ་མེད་ལ་ཡི་གེ་མང་བས་བྲིར་ཡང་མ་བཏུབ་བོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་བཤད་པ་གཉིས་ཏེ། སྨོན་པའི་བསླབ་བྱ་བཤད་པ་དང་། འཇུག་པའི་བསླབ་བྱ་བཤད་པའོ། །དང་པོ་ལ་བཞི་སྟེ། བདེ་སྡུག་གཏོང་ལེན། སྨོན་པའི་རྒྱུ་འབྲས། དཀར་ནག་ཆོས་བརྒྱད། འདུ་ཤེས་བཞི་བཤད་པའོ། །དང་པོ་ནི། དེ་ལྟར་སྨོན་པ་དང་འཇུག་པའི་རང་བཞིན་ལས་སེམས་འདའ་བར་མི་བྱེད་པ་ནི་སེམས་བཟུང་བའོ། །དེའི་མི་མཐུན་པའི་ཕྱོགས་སྤང་ཞིང་ལྟུང་བ་བྱུང་བ་ཡང་དེ་མ་ཐག་ཕྱིར་བཅོས་པ་ནི་དག་པར་བྱ་བའོ། །དེ་ནས་རྣམ་པ་ཐམས་ཅད་དུ་རང་གཞན་གྱི་བདེ་སྡུག་བརྗེ་བ་ལ་སློབ་པ་ནི་སྤེལ་བའི་ཐབས་ཀྱི་དམ་པ་སྟེ། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོ། །དེའི་ཕྱིར་ན་འདི་ལྟར་ལས་དང་པོ་པའི་དུས་སུ་བདག་ཉིད་ཕུན་སུམ་ཚོགས་པར་དགའ་བ་བཞིན་དུ་གཞན་དག་ཀྱང་དགའ་ལ། བདག་ཉིད་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་གཞན་དག་ཀྱང་སྡུག་བསྔལ་མི་འདོད་པ་དེས་ན་བདག་ཉིད་ནི་བསྲུང་ཞིང་། གཞན་དག་ཡལ་བར་འདོར་བ་འདི་བཟང་པོ་མ་ཡིན་པར་བལྟས་ལ་བདག་གཞན་མཉམ་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ལ་གོམས་ནས་སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་ཁུར་དུ་ཁྱེར་ཏེ། དབུགས་ཕྱིར་འབྱུང་བའི་གནས་སྐབས་ཐམས་ཅད་ལ་བདག་གི་བདེ་བ་དང་ཡོན་ཏན་ཐམས་ཅད་དབུགས་དེ་དང་ལྷན་དུ་བདག་དང་བྲལ་ཏེ་གཞན་སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྨིན་པར་བསམ་ནས་སྤོ་བ་དང་། དབུགས་ནང་དུ་རྡུབ་པའི་ཚེ་དེ་དང་ལྷན་ཅིག་གཞན་སེམས་ཅན་གྱི་སྡུག་བསྔལ་དང་སྐྱོན་ཐམས་ཅད་གཞན་དེ་དག་དང་བྲལ་ནས་བདག་གི་རྒྱུད་ལ་སྨིན་པའི་ཁུར་དང་དུ་བླངས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ཁོ་ནས་བཟོད་པར་བྱའོ་སྙམ་པའི་གོ་ཆ་བགོས་ཏེ། དེ་ལྟར་གཏོང་ལེན་གྱི་དམིགས་པ་ལ་སྒྱིད་མི་ལུག་པར་ཐི་བས་བྲག་ལ་ཚང་བཅའ་བ་ལྟར་སྙིང་སྟོབས་ཀྱི་དཔུང་བསྐྱེད་དེ། སྤྱོད་འཇུག་ལས། བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་པ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ངོ་མཚར་རྨད་དུ་བྱུང་བ་དེ་ལྟ་བུ་རང་རྒྱུད་ལ་འདུ་བྱེད་པ་ལ། དང་པོ་སེམས་ཅན་ནད་པ་ལྟ་བུ་གཅིག་ལ་དམིགས་ནས་བསྒོམ་པ་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ཀྱི་བར་དུ་བསྒོམ་ཞིང་གོམས་ནས་དངོས་སུ་རང་ནུས་དང་བསྟུན་ཏེ་རང་གི་བདེ་བའི་རྐྱེན་ཟས་གོས་སོགས་གཞན་ལ་སྦྱིན་པར་བྱེད་ཅིང་གཞན་བཀྲེས་ཤིང་གྲང་བ་སོགས་པའི་རྐྱེན་རང་གི་ཐོག་ཏུ་ལེན་པ་ལ་བསླབ་པ་དེ་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་ཕྱི་ཕྱིར་ཏེ་ཡང་དང་ཡང་དུ་སྨོན་ཞིང་བདག་གཞན་གྱི་དོན་གཙོ་བོར་བྱས་པའི་སྐྱོན་ཡོན་སྤྱོད་འཇུག་ལ་སོགས་པ་ལས་གསུངས་པའི་ཚུལ་ལ་བསམས་ཏེ་བློ་ལེགས་པར་སྦྱང་བར་བྱའོ། །གཉིས་པ་སྨོན་པའི་རྒྱུ་འབྲས་བཤད་པ་ནི། སྨོན་པའི་བསླབ་བྱ་ནི་གཞན་ལ་ཕན་འདོད་ཀྱི་བསམ་པ་བཟང་པོ་ཚད་མེད་པ་བཞི་པོ་དང་། བདག་གཞན་མཉམ་པ་དང་བརྗེ་བའི་སྒོ་ནས་བློ་ལེགས་པར་སྦྱང་བར་བསྟན་པ་དེའང་། སེམས་ཅན་ཐམས་ཅད་ཀྱི་ཐོག་མ་མེད་པ་ནས་ཕ་མ་བྱས་ཏེ་དྲིན་ཆེན་པོས་བསྐྱངས་པའི་སྒོ་ནས་ཕན་འདོགས་པར་བྱས་པ་དེ་དྲན་ནས་དྲིན་དུ་ལན་གཟོ་བར་འདོད་པ་ལས་བྱམས་པ་སྐྱེ་ཞིང་། བྱམས་པ་ལས་སྙིང་རྗེ་དང་། སྙིང་རྗེ་དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་གསུངས་པའི་དོན་བྷཾ་ག་ལའི་པཎྜི་ཏས་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་པས་ན། ཚད་མའི་ལུང་གིས་ཡང་དག་པར་གྲུབ་བོ། །དེ་ལ་རྒྱུ་འབྲས་མན་ངག་བདུན་ནི། མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་གཟོ་བ་དང་། ཡིད་འོང་གི་བྱམས་པ་དང་། བརྩེ་བའི་སྙིང་རྗེ་དང་། ལྷག་བསམ་རྣམ་དག་དང་། རང་འབྲས་བླ་ན་མེད་པའོ། །དེ་ལ་དང་པོ་མར་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མ་བྱས་པ་ཅིས་ཤེས་ན། བདག་འཁོར་བའི་གནས་སུ་སྐྱེ་བ་གྲངས་མེད་པ་བླངས་པས་ཏེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ས་ཆེན་པོ་འདི་རིལ་བུ་སྲན་མ་ཙམ་དུ་བྱས་ཏེ། སེམས་ཅན་གཅིག་གིས་བདག་གི་ཕ་མ་བྱས་པའི་གྲངས་བགྲངས་ནས་ས་ཆེན་པོ་འདི་ཟད་པར་འགྱུར་གྱི། སེམས་ཅན་གཅིག་གིས་ཕ་དང་མ་བྱས་པའི་གྲངས་ནི་ཟད་པར་མི་འགྱུར་རོ་ཞེས་པའི་དོན། མགོན་པོ་ཀླུས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིགས་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ་དེས་ན་རྒྱལ་བ་བདེན་པར་སྨྲ་བའི་གསུང་ལ་ཡིད་གཉིས་ཟ་བའི་གནས་མེད་ཅིང་། བདག་ཉིད་ལན་གྲངས་དཔག་ཏུ་མེད་པར་འཁོར་བའི་གནས་འདིར་སྐྱེ་བ་དེ་ཙམ་ཞིག་བླངས་པ་དེའི་ཚེ་ན་བརྫུས་ཏེ་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་འགའ་ཞིག་གི་ཚེ་མ་གཏོགས་ཐམས་ཅད་དུ་ཕ་མ་རེ་ལ་བརྟེན་ནས་སྐྱེས་པས་སེམས་ཅན་གྱི་ཁམས་འདི་ན་བདག་གི་མ་གྲངས་མེད་པ་མ་བྱས་པའི་སེམས་ཅན་དེ་ནི་གཅིག་ཀྱང་མེད་ངེས་སྙམ་དུ་སྙིང་ཐག་པ་ནས་བསམ་ཏེ་འབུ་སྲིན་ལ་སོགས་པའི་སེམས་ཅན་སུ་མཐོང་བ་དང་དྲན་པ་ཐམས་ཅད་ལ་འདི་ནི་བདག་གི་མ་རྒན་ཡིན་ནོ། །སྐྱེ་བ་བརྗེས་ནས་ངོ་མ་ཤེས་པ་ཙམ་ལས་ད་ལྟའི་ཨ་མ་རྒན་མོ་འདི་དང་ཁྱད་པར་སྤུ་ཙམ་ཡང་མེད་དོ་ཞེས་ཡང་ཡང་བསྒོམས་པས་ཐམས་ཅད་ད་ལྟའི་མ་དང་ཁྱད་མེད་དུ་མཐོང་ཞིང་ཤེས་པ་ཞིག་བྱུང་ན་མར་ཤེས་པ་ཞེས་བྱའོ། །གཉིས་པ་དྲིན་དྲན་པ་ནི། དེ་ལྟར་མ་རུ་གྱུར་པ་དེའི་ཚེ་ན། དང་པོ་བདག་གི་རྣམ་པར་ཤེས་པ་བར་དོར་འཁྱམས་ནས་ལུས་རྟེན་ཚོལ་ཞིང་མི་རྙེད་པའི་སྡུག་བསྔལ་གྱིས་གདུང་བ་ན་མའི་མངལ་དུ་ཚུད་དེ་ལྟོ་བར་བཟུང་ནས་མ་དེའི་ལུས་ལྕི་བ་དང་འགྲོ་འདུག་ལ་སོགས་པའི་སྤྱོད་ལམ་དཀའ་བས་མཚོན་སྡུག་བསྔལ་གྱི་རྣམ་གྲངས་དུ་མས་མནར་བཞིན་རང་གི་ཁ་ཟས་ཀྱི་དྭངས་མས་བུའི་ལུས་རིམ་གྱིས་སྨིན་པར་བྱས་ཏེ་སྡུག་བསྔལ་གྱི་ཚོར་བ་བཟོད་དཀའ་བས་གདུང་བཞིན་བཙས་པ་ན། དེ་མ་ཐག་པའི་སྐྱེས་བུ་མི་གཙང་བའི་ནང་གི་སྲིན་བུའམ་སྦལ་པ་དང་འདྲ་བ། ཡན་ལག་དང་ཉིང་ལག་གི་རྩལ་མ་རྫོགས་པ། ཚོར་བ་བདེ་སྡུག་ཏུ་འཆར་ཡང་དབང་པོའི་མཐུ་ཉམས་པ། བཞིན་ངན་པ་གྲུལ་བུམ་གྱི་བྱད་དང་འདྲ་བ། ཡིད་དུ་མི་འོང་བས་གཞན་དག་གིས་བལྟ་བ་ཙམ་ཡང་མི་འདོད་ན་རེག་པ་ལྟ་ཡང་ཅི་སྨོས་པ་དེ། མ་ཡིས་ནི་ཚམ་ཚོམ་མེད་པར་བླངས། པང་པས་ནི་ཁྲུས་ཁང་ལྟར་བྱས་ནས། མི་གཙང་བ་དྲིང་བའི་ཆ་མཐའ་དག་ནི་གོས་ལ་སོགས་པར་རེག་བྱ་རྩུབ་ཀྱིས་དོགས་ནས་ལག་པ་ཁོ་ནས་ཉེ་རེག་བྱས་ཏེ་ཕྱིས། ཁ་ཟས་རགས་པ་བརྟེན་མི་ནུས་པས་ནུ་ཞོ་རོ་མངར་ཞིང་ནུས་པ་འཇམ་པོ་ཁོ་ནས་བསྙེན་བཀུར་བྱས་ཤིང་ལུས་ཀྱི་རེག་བྱ་འཇམ་པོས་གཡོགས་ཏེ་དྲོད་ལ་བཅར་བས་གྲང་ངད་རྩུབ་མོའི་གོས་ཀྱིས་ནི་མི་སྐྱོ་བར་བྱས། ཆེ་སྟེ་ཤི་ཡིས་དོགས། འབྲིང་སྟེ་ན་ཡིས་དོགས། ཆུང་སྟེ་ལྟོགས་ཀྱིས་དོགས། སྐོམ་གྱིས་དོགས། འཁྱགས་ཀྱིས་དོགས་ནས་མི་མཐུན་ཕྱོགས་སྤངས། ཤིན་ཏུ་ཕངས་པའི་སེམས་ཀྱིས་བུ་ཆུང་དེ་ཅུང་ཟད་ན་བ་ལས་བདག་ཉིད་འཆི་བར་འདམས་པ་དང་། གཏམ་སྨྲ་བ་དང་། གོམ་པ་འདོར་བ་ཡན་ཆད་བསླབས་ཤིང་། བརྩེ་བའི་སེམས་དྲག་པོས་བདག་ཉིད་སྡུག་བསྔལ་བ་ཐམས་ཅད་ཁྱད་དུ་བསད་དེ། བུ་དེའི་དོན་དུ་གཞལ་ལ་ཁོང་ཁྲོ་བ་སོགས་སྡིག་པ་དང་། དཀའ་ཚེགས་ཚ་གྲང་སོགས་སྡུག་བསྔལ་དང་། རང་གི་ཕ་མ་སོགས་གཉེན་བཤེས་དང་། གཞན་དག་གིས་ཀྱང་ངན་སྨྲས་ཀྱི་གཏམ་མི་སྙན་པ་ངན་པ་ཇི་ཙམ་བརྗོད་པ་དེ་མཐའ་དག་བསྲན་ཅིང་བཟོད་ནུས་པའི་མ་དེའི་དྲིན་དང་རིམ་གྲོ་དེ་ཙམ་བྱས་པ་ཐམས་ཅད་ལ་ཅི་ཡང་མི་སེམས་པར་ཁྱད་དུ་གསོད་པར་བྱེད་ན་དེ་ལས་ཆོ་ག་སྟེ་བྱ་བ་འཁྲུགས་ཤིང་ནོར་བ། བསམ་པ་མ་རུངས་པ། སྤྱོད་པ་ཉམས་པ་གཞན་འཇིག་རྟེན་ན་སུ་ཞིག་ཡོད་དེ་མེད་དོ། །དེས་ན་ས་ཆེན་པོ་འདི་རི་རབ་དང་རྒྱ་མཚོ་ནས་ལྕགས་རིར་བཅས་བདག་གི་ཁུར་དུ་སོང་ཡང་ཁུར་ཆེན་པོ་མ་ཡིན་གྱི། བྱས་པ་དྲིན་དུ་མི་གཟོ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོ་ནི་ཤིན་ཏུ་བཟོད་དཀའ་ཞིང་ཟད་པའི་མཐར་ཐུག་པ་མེད་པས་དབྱིག་དུག་དང་། གྱུར་པའི་དུག་ལས་ནུས་པ་ཆེས་ཆེར་མྱུར་བ་བཙན་དུག་བསྲེས་པའི་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན་དུ་ཉམས་པར་མི་འགྱུར་སྙམ་ཡང་ཉམས་པར་འགྱུར་ཏེ། ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང་། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་པ་ལྟར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་གྲངས་ཕ་མཐའ་ཡས་པའི་སེམས་ཅན་དེ་ཐམས་ཅད་ཀུན་མ་རུལ་ན་མང་པོར་གྱུར་ནས་ཕན་ཆེན་པོ་བཏགས་པ་དེ་ལྟ་བུ་ནི་གཞན་སུས་ཀྱང་མི་ནུས་པས་དམ་པ་མཆོག་ཏུ་གྱུར་པའི་དྲིན་ཆེན་པོ་དེ་དྲན་པས་སུ་མཐོང་ཡང་བདག་གི་ད་ལྟའི་ཨ་མ་དྲིན་ཅན་མ་བཞིན་དུ་དྲིན་ཆེན་པོ་དང་ལྡན་པ་དྲིན་ལན་གཞལ་བ་ཤིན་ཏུ་དཀའ་བ་ཞིག་གོ་སྙམ་དུ་བསམ་པ་དེ་འདྲ་བ་སེམས་ཅན་ཐམས་ཅད་ལ་མ་བྱུང་གི་བར་དུ་བློ་སྦྱང་བར་བྱའོ། །གསུམ་པ་དྲིན་གཟོ་བ་ནི། དེ་ལྟར་སྙིང་ཐག་པ་ནས་དྲིན་དྲན་པ་དེའི་ཚེ་ན་འདི་ལྟར་སེམས་ཅན་དེ་དག་ཐམས་ཅད་བདག་ལ་དེ་འདྲ་བའི་དྲིན་ཆེན་པོ་དང་ལྡན་པ་ཡིན་མོད་ཀྱང་། རང་རང་ནི་སྲིད་པའི་གནས་འདི་ན་སྡུག་བསྔལ་རྒྱུ་འབྲས་ཀྱི་མནར་བཞིན་དེ་ལས་ཐར་བའི་ཐབས་ཙམ་ཡང་མི་ཤེས་པར་ཤིན་ཏུ་ཉམ་ཐག་ལ། བདག་ནི་ད་རེས་དལ་འབྱོར་མིའི་ལུས་རྟེན་རྙེད། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཇལ་ཟབ་དགུའི་གདམས་པ་མང་པོ་ཐོབ་ཅིང་ཕན་གནོད་ངོ་ཤེས་ཤིང་ཐར་ལམ་བསྒྲུབ་ཏུ་ཡོད་པའི་སྐབས་འདི་ན་སེམས་ཅན་དེ་རྣམས་ལ་དྲིན་ལན་གང་ཡང་མ་འཇལ་བར་རང་ཉིད་གཅིག་པུ་ཐར་བས་མི་འོང་གི་དྲིན་ལན་དུ་ཕན་ཞིག་བཏགས་དགོས། ཕན་པ་དེ་ཡང་ཆུང་ངུ་ཙམ་དང་ངན་ངོན་ཙམ་ཞིག་གིས་མི་འོང་བས་ཐབས་ཇི་ལྟ་བུ་ཞིག་གིས་ཕན་པ་ཇི་འདྲ་བ་ཞིག་ཉེ་བར་བསྒྲུབ་པར་བྱ་སྙམ་དུ་དེ་ཁོ་ན་ལ་སེམས་པར་བྱའོ། །དེ་ལྟར་མང་དུ་གོམས་པས་བཞི་པ་ཡིད་འོང་གི་བྱམས་པ་སྐྱེ་སྟེ་དེའི་ཚེ་ན་སེམས་ཅན་རང་ལ་དགྲ་བྱེད་པ་ཞིག་མཐོང་ནའང་མས་བུ་སྡུག་གུ་མཐོང་བ་ལྟར་དེ་ལ་ཁོང་མི་ཁྲོ་བར་མ་ཟད་སྙིང་ནས་བརྩེ་ཞིང་ཡིད་དུ་འོང་བར་འགྱུར་ཞིང་འདི་བདེ་བ་དམ་པ་དང་འཕྲད་པའི་ཐབས་ཤིག་བདག་གིས་ནུས་ན་ཅི་མ་རུང་སྙམ་པའི་བློ་ལྷང་གིས་སྐྱེ་བ་ཞིག་འོང་ན་སེམས་ཅན་གཞན་ལ་དེ་འདྲ་བའི་བློ་སྐྱེ་བ་སྨོས་ཀྱང་ཅི་དགོས་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། བྱམས་པས་བརྒྱན་ན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་སུ་འགྱུར་རོ་ཞེས་སོ། །དེ་ལྟ་བུའི་བྱམས་པ་དེ་ནི་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྒྱུ་གྲུང་པོ་སྙིང་རྗེ་ཆེན་པོའི་ཆུ་བ་ལྟ་བུ་སྟེ། མདོ་སྡེ་རྒྱན་ལས། སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བྱམས་པས་སེམས་ཅན་ཀུན་ལ་ཡང་དག་ལྟ། །འདི་ནི་ཐམས་ཅད་མཁྱེན་པར་སེམས་སྦྱོང་ཡིན། །ཞེས་སོ། །ལྔ་པ་བརྩེ་བའི་སྙིང་རྗེ་ནི། བྱམས་སེམས་དེ་ལས་སྙིང་རྗེ་སོགས་ཚད་མེད་པའི་བློ་ངང་གིས་འབྱུང་སྟེ་དེ་ལྟར་བྱམས་པའི་ཡུལ་དུ་གྱུར་པའི་སེམས་ཅན་དེ་རྣམས་ཀྱིས་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ་དང་། འབྲས་བུ་སྡུག་བསྔལ་གསུམ་གྱིས་མནར་བ་མཐོང་ནས་ཤིན་ཏུ་མི་བཟོད་པའི་སེམས་ཀྱིས་སྡུག་བསྔལ་དེ་ཐམས་ཅད་རང་གི་ཐོག་ཏུ་བབ་པ་ཙམ་དུ་གདུང་ཡང་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་དེ་དག་བསལ་བའི་ནུས་པ་ནི་བདག་ལ་མེད། བློས་བཏང་སྟེ་ཇི་མི་སྙམ་དུ་འཇོག་ནི་མི་ཕོད་པས་མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་ལྟར་ཅི་བྱེད་གཏོལ་མེད་པར་གྱུར་པ་ཞིག་སྟེ། མདོ་སྔ་མ་དག་ལས། སྙིང་རྗེས་བརྒྱན་ན་སེམས་ཅན་ཡོངས་སུ་མི་གཏོང་བར་འགྱུར་རོ་ཞེས་དང་། སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན། །ཞེས་སོ། །དེའི་ཚེ་ན་སེམས་ཅན་འགའ་ཞིག་བདེ་བའི་རྒྱུ་འབྲས་དང་ལྡན་ན་རང་ཉིད་ཕུན་སུམ་ཚོགས་པ་ལས་ཀྱང་དགའ་བ་བླ་ལྷག་ཏུ་སྐྱེ་ཞིང་ཐམས་ཅད་ཀུན་ལ་ཉེ་རིང་དང་ཆགས་སྡང་གི་སེམས་མེད་ཅིང་མཉམ་པར་བལྟ་བས་ཚད་མེད་བཞི་པོ་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དྲུག་པ་ལྷག་བསམ་རྣམ་དག་ནི། དེ་ལྟར་ཚད་མེད་བཞིའི་བློ་གོམས་པ་དེ་ལས་ནི་འདི་ལྟར། འོ་ན་སྙིང་རྗེ་བའི་སར་གཞག་པས་མི་འོང་གིས་སེམས་ཅན་འདི་ཐམས་ཅད་འཁོར་བའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་གཏན་གྱི་བདེ་བ་དམ་པ་ཞིག་ལ་བདག་ཁོ་ནས་དགོད་པར་བྱ་དགོས། དེའི་ཐབས་ལ་བདག་གིས་ངལ་བ་བརྒྱ་ཕྲག་དུ་མ་དང་དུ་བླངས་ཏེ་བརྩོན་པ་ལ་སེམས་ཞུམ་པ་དང་སྐྱོ་བ་མེད་པར་བྱའོ་སྙམ་དུ་བསམ་ནས་ཕ་རོལ་པོ་རྣམས་བདེ་དགེ་དམ་པའི་རྒྱུ་ཆོས་ལ་སྦྱོར་བ་ལ་རྟག་ཏུ་དགའ་ཞིང་སྤྲོ་བས་ཞུམ་པའི་སེམས་མི་སྐྱེ་ཞིང་ཆོས་ཀྱི་མཆོག་གཞན་ཕན་གྱི་བསམ་པ་བཟང་པོ་རྒྱུད་ལ་འབྱོངས་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་ཏེ་སེམས་ཅན་ཀུན་ལ་སེམས་མཉམ་པར། འཚེ་བའི་བློ་གཏན་ནས་མི་འབྱུང་ཞིང་དེ་ཐམས་ཅད་ཀྱི་དོན་རང་ཉིད་གཅིག་པུའི་ཁུར་དུ་སོང་བའི་སེམས་གཏིང་ནས་སྐྱེ་བར་འགྱུར་བ་ཞིག་འོང་བ་ཡིན་ཏེ། མདོ་དེ་དག་ལས། དགའ་དང་ལྡན་པས་ཆོས་ལ་ཕ་རོལ་སྦྱོར། །བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པར་སེམས་སྦྱོང་ཡིན། །ཞེས་དང་། དགའ་བས་བརྒྱན་ན་ཞུམ་པ་མེད་པའི་སེམས་སུ་འགྱུར་རོ། །བཏང་སྙོམས་ཀྱིས་བརྒྱན་ན་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་འགྱུར་རོ་ཞེས་སོ། །བརྒྱན་ན་ཞེས་པ་ནི་ལྷག་པའི་བསམ་པ་ལའོ། །བདུན་པ་རང་འབྲས་བླ་མེད་ནི། དེ་ལྟར་བྱས་པ་ཤེས་ཤིང་དྲིན་དུགཟོ་བ་ལ་སོགས་པའི་བསམ་པ་དང་ལྡན་པ་ཡི་སྐྱེས་བུ་ལྷག་པའི་བསམ་པ་རྣམ་པར་དག་པ་རྒྱུད་ལ་འབྱོངས་པ་གང་ཡིན་པ་དེ་ལ་ཡང་བསམ་པ་འདི་འབྱུང་སྟེ་བདག་གིས་སེམས་ཅན་ཐམས་ཅད་གང་ལ་འགོད་པར་འདོད་པའི་གཏན་གྱི་བདེ་བ་བླ་ན་མེད་པ་དེ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་མ་གཏོགས་གཞན་མེད་ལ། གོ་འཕང་གང་ལ་སེམས་ཅན་ཐམས་ཅད་འགོད་པར་འདོད་པའི་འབྲས་བུ་དེ་རང་གིས་མ་ཐོབ་ན་གཞན་དེ་ལ་དགོད་པའི་ནུས་པ་མེད་པས་བདག་གིས་ངེས་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སྙིང་ཐག་པ་ནས་དམ་བཅའ་བའི་བློ་རྐྱེན་གྱིས་མི་འཕྲོག་པར་རྒྱུན་ཆགས་སུ་འབྱུང་བ་ནི་མན་ངག་སྔ་མ་དྲུག་གི་འབྲས་བུའོ། །དེ་ལྟ་བུའི་གང་ཟག་དེ་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབ་པར་མཛད་ཅིང་། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་ལ་སོགས་པས་ཉེ་བར་བསྲུང་བ་དང་། ནང་གི་ཡོན་ཏན་དད་སོགས་འཕགས་པའི་ནོར་བདུན་གྱིས་ཀྱང་འབྲལ་བ་མེད་པར་བསྙེན་པར་འགྱུར་ཏེ། སྐྱེས་རབས་ལས། བྱས་པ་ཤེས་ཤེས་བྱས་པ་གཟོ། །བྱས་པ་ཆུད་མི་གཟོན་པ་ཡི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་དང་། སློབ་དཔོན་དཔའ་བོས། ཡོན་ཏན་མ་ལུས་བྱང་ཆུབ་སེམས་ལ་བརྟེན། །བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་བྱུང་། །ཞེས་སོ། །གསུམ་པ་དཀར་ནག་ཆོས་བརྒྱད་བཤད་པ་ནི། བྱང་ཆུབ་སྨོན་པའི་སེམས་ནི་སེམས་ཅན་གྱི་ཁམས་ཡིན་ནོ་ཅོག་ཡལ་བར་མི་འདོར་བའི་བསམ་པ་བཟང་པོའི་ཆ་ཤས་ཡོངས་སུ་རྫོགས་ཤིང་རང་དོན་ཡིད་བྱེད་ཀྱིས་མ་བསྒྲིབས་ལ་འཇུག་པའི་གཟུགས་བརྙན་གསལ་བར་སྟོན་པས་དཔེར་ན་སྟོན་ཀའི་དུས་ཀྱི་ཟླ་བ་ཉ་གང་བ་སྤྲིན་གྱིས་མ་བསྒྲིབས་པའི་གསར་པ་རི་བོང་གི་གཟུགས་བརྙན་འཛིན་པ་དང་འདྲ་བ་དེ་གཏོང་བའི་རྐྱེན་ནི་རང་ཉིད་བློ་སྟོབས་ཆུང་བ་དང་། སེམས་ཅན་མི་བསྲུན་ཞིང་བྱེད་པར་ངན་པས་རང་གཅིག་པུ་ཞི་བདེ་དོན་དུ་གཉེར་བས་རྩ་བ་ནས་གཏོང་བ་སྟེ་སྔར་བཤད་ཟིན་ཏོ། །ཡང་སེམས་བསྐྱེད་དེ་ལ་སྒྲིབ་པར་བྱེད་པ་སྒྲ་གཅན་གྱི་གདོང་བ་ལས་ཀྱང་ཐུ་བའི་མི་མཐུན་པའི་ཕྱོགས་ནག་པོའི་ཆོས་བཞི་པོ་ཡིན་པས་ན་རྟག་ཏུ་ཉེས་པ་དེ་མི་འབྱུང་བའི་ཐབས་ལ་འབད་ཅིང་གལ་ཏེ་བྱུང་བར་གྱུར་ནའང་དེ་མ་ཐག་གཉེན་པོའི་སྟོབས་བསྐྱེད་ནས་རིང་དུ་སྤང་ཞིག་བསྐྲད་པར་བྱ་དགོས་སོ། །བཞི་པོ་དེ་གང་ཞེ་ན། བླ་མ་དང་། སློབ་དཔོན་དང་། མཁན་པོ་དང་། སྦྱིན་གནས་ཏེ་ཡོན་ཏན་དང་ལྡན་པ་དག་ལ་མཆོད་འོས་ཞེས་བྱ་སྟེ་དེ་རྣམས་བརྫུན་གྱིས་མགོ་བསྐོར་བ་སྟེ། དེ་ཡང་བླ་མ་ལྟ་བུ་ལ་མངོན་གྱུར་དུ་གྲོས་གཅིག་ཞུས་ནས་ལྐོག་ཏུ་དེ་ལས་གཞན་པའི་གྲོས་སྣ་བསྡུར་ཏེ། དེ་བླ་མས་གསན་དུ་འོང་ཞེས་དབུ་གཡོགས་པ་ལ་སོགས་པས་བསླུ་བ་དང་། ཡང་གང་ཟག་གཞན་བསོད་ནམས་ཆ་མཐུན་དང་ཐེག་གསུམ་གང་རུང་གི་ལམ་ལ་ཞུགས་ཏེ་ཐར་པ་ཆ་མཐུན་གྱི་བསོད་ནམས་བྱས་ཤིང་བསགས་པ་འགྱོད་པའི་གནས་མ་ཡིན་ལ་གཡོ་སྒྱུའི་སེམས་ཀྱིས་དེའི་བསམ་པ་རྨོངས་པར་བྱེད་པའི་གཏམ་ཁྱོད་ལ་སྡོམ་པ་མ་སྐྱེས་ཞེས་སམ། ཁྱོད་ཀྱིས་བསྒྲུབ་པར་དཀའ་བའི་ལས་དེ་བས། གཞན་སླ་བ་ཞིག་བསྒྲུབ་ན་དེས་ཆོག་མོད་ཅེས་ཟེར་བའམ། ཁྱོད་ཀྱིས་ཉམས་སུ་ལེན་རྒྱུའི་ཆོས་དེ་རྣམ་པར་མི་དག་གོ་ཞེས་པ་ལ་སོགས་པ་བརྗོད་དེ་ཐེ་ཚོམ་བསྐྱེད་ནས་འགྱོད་དུ་བཅུག་པའམ། མ་ཡིན་ཀྱང་རུང་སྟེ་དཔེར་ན་ཕྱག་སྐོར་བྱེད་པ་ལྟ་བུ་ལ་ཁྱོད་ཀྱི་དེ་ལེགས་ཏེ་ཁྱིམ་གྱི་བྱ་བ་འདི་དང་འདི་ཉམས་པར་གྱུར་ཏོ་ཞེས་འགྱོད་པའི་གནས་ལ་སྦྱར་བ་དང་། ཡུལ་དམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་རྣམས་ལ་འདི་ནི་ངང་ཚུལ་ངན་པ་ཅན་ནོ་ཞེས་པ་ལ་སོགས་པས་དངོས་སུ་སྐུར་འདེབས་བྱ་ཞིང་འདིས་མི་ཚངས་པར་སྤྱད་པ་སོགས་མི་མཐུན་པ་འདི་དང་དུ་བླངས་སོ་ཞེས་ལྐོག་ཏུ་མི་སྙམ་པ་སྒྲོགས་ན་ཉེས་པ་ཆེ་སྟེ། སྤྱིར་མྱ་ངན་ལས་འདས་པའི་མདོ་ལས། གཞན་གྱི་ཉེས་པ་མཐོང ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲའོ། །ཞེས་དང་། ཁྱད་པར་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པའི་ཉེས་པ་བཟོད་པར་དཀའ་བ་ཡིན་ཏེ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་གང་ཡང་རུང་བས་ཁྱད་དུ་བསད་དེ་སྤྱོས་ན་དེའི་སྡིག་པའི་ལས་ཀྱིས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་པ་ལ་མགོ་ལྔ་བརྒྱ་ཡོད་དེ། མགོ་བོ་རེ་རེ་ལ་ལྕེ་བརྒྱ་བརྒྱ། ལྕེ་རེ་རེ་ལ་ཡང་ལྕགས་ཀྱི་ཐོང་གཤོལ་འབར་བ་ལྔ་བརྒྱ་ལྔ་བརྒྱས་རྨོའོ། །ཞེས་དང་། གང་བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པ་ཡིན་ན་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ། །ཆོས་གཞན་མ་ཡིན། ཆོས་ཡོངས་སུ་འཛིན་པ་གཞན་མ་ཡིན་ཏེ། ཆོས་ཡོངས་སུ་འཛིན་པ་དེ་ནི་ཆོས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སྡུད་པ་ལས་ཀྱང་། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་བར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་ཁོང་ཁྲོའི་བསམ་པ་ཇི་ཙམ་སྐྱེས་པ་དེ་སྲིད་ཀྱི་བསྐལ་བར་ལམ་གཞི་ནས་བགྲོད་དགོས་པས་རྫོགས་པའི་བྱང་ཆུབ་ལ་ཐག་ཤིན་ཏུ་རིང་བ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ཀྱིས། ང་དང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱའོ་ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་གང་ཡིན་ཤེས་དཀའ་བས་ཀུན་ལ་ཁོང་ཁྲོ་བ་དང་། སྐུར་པ་འདེབས་པ་དང་། མི་སྙན་པ་བརྗོད་པ་རྣམས་གཟབ་སྟེ་སྤང་བར་བྱའོ། །གཞན་ཡང་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པའི་གཡོ་དང་། ཡོན་ཏན་མེད་བཞིན་དུ་ཡོད་པར་བརྫུ་བའི་སྒྱུ་སྟེ་དེ་གཉིས་ཟུང་དུ་འབྲེལ་བས་གཞན་བསླུ་བ་དང་། བྲེ་ལོག་དང་སྲང་ལོག་འཛུག་པས་མཚོན་བསླུ་ཐབས་ཀྱི་སྤྱོད་པ་སྣ་ཚོགས་པས་གཞན་དག་མགོ་བོ་བསྐོར་བར་བྱེད་པ་དང་བཞིའོ། །དེ་ལྟར་ནག་པོའི་ཆོས་བཞི་ལ་བཞི་ཚན་མང་དུ་བསྟན་ཀྱང་། འདིར་འོད་སྲུང་གིས་ཞུས་པ་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་སྒྱུའི་སྤྱོད་པའོ། །ཞེས་པ་ལྟར་རོ། །སྤྱིར་འཕགས་ཡུལ་གྱི་པཎྜི་ཏ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་བསླབ་པའི་དབྱེ་བསྡུ་མཛད་ཚུལ་སྡེ་སྣོད་ཀྱི་དོན་གཙོ་ཆེ་བའི་དབང་དུ་བྱས་པ་དང་། སེམས་དང་པོ་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པའི་ཁྱད་པར་ལ་དམིགས་ནས་དེ་དང་དེའི་དབང་དུ་བྱས་པ་སོགས་རྣམ་པ་གཅིག་ཏུ་མ་ངེས་ཤིང་། དཀར་ནག་ཆོས་བརྒྱད་ཀྱི་རྣམ་དབྱེ་མེད་པ་དང་། གྲངས་མ་ངེས་པ་སོགས་ཡོད་ཀྱང་བོད་འདིར་སྲོལ་འབྱེད་གཉིས་ཀྱི་ལུགས་ཁོ་ན་དར་ཆེ་བའི་རྗེས་སུ་འབྲང་ངོ་། །དེ་ལ་དཀར་ནག་གི་ཆོས་བརྒྱད་པོ་སྨོན་པའི་བསླབ་བྱར་མཐུན་ཡང་། ནག་ཆོས་བཞི་པོ་སྐྱེ་བ་འདིར་གཏོང་བའི་རྒྱུར་འདོད་པ་དང་། སྐྱེ་བ་གཞན་དུ་སེམས་བསྐྱེད་མངོན་དུ་མི་འགྱུར་བའི་རྒྱུར་འདོད་པའི་ཕྱོགས་གཉིས་སུ་གནས་ལ། འོན་ཀྱང་སྨོན་པའི་གཏོང་རྒྱུ་སེམས་ཅན་བློས་བཏང་ན་འཇུག་པའང་ཤུགས་ལ་དེངས་འགྲོ་བས་གཉིས་ཀ་གཏོང་གི། སྨོན་སེམས་མ་བཏང་ན་ནག་ཆོས་གཅིག་པོས་དེ་མ་ཐག་ཏུ་སེམས་བསྐྱེད་རྩད་ནས་མི་གཏོང་ཡང་། ཆོས་བཞི་པོ་དེ་གང་ཡང་རུང་བ་ཞིག་བྱུང་ནས་ཡང་ཡང་ཉམས་སུ་མྱོང་ན་སྨོན་སེམས་ཉམས་པའི་རྒྱུ་བྱས་ནས་ཤོར་བར་འགྱུར་ཏེ། ཕན་པའི་སེམས་དང་རྫས་འགལ་བའི་བསམ་པས་རྒྱུད་བསླད་པའི་ཕྱིར་གནམ་སྟོང་གི་ཟླ་བ་རང་སྟོབས་ཀྱིས་འགྲིབ་པ་དང་། བཅོ་ལྔའི་ཟླ་བ་གཞན་སྟོབས་ཀྱིས་བསྒྲིབ་པ་གཉིས་བཀྲག་ཏུ་མི་མངོན་པ་ལ་མཚུངས་པ་ལྟར་གང་དུ་བྱུང་བའི་ཐུན་དེའི་ཐོག་ཐ་བར་གསུམ་གང་རུང་དུ་འགྱོད་པ་དྲག་པོ་དང་བཅས། གཉེན་པོ་བསྐྱོད་དེ་བཤགས་པས་མ་སླེབ་ན་ཐུན་ཚོད་འདས་པའི་ཚེ་དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བའི་རྒྱུ་བྱེད་པ་ཡིན་ཏེ། བག་ཆགས་ངན་པ་དེའི་རྒྱུ་ཡུན་རིང་དུ་གོམས་པས་གཞན་ལ་ཕན་པའི་བསམ་པ་བཟང་པོ་དེ་ཚེ་འདིར་བརྗེད་པར་འགྱུར་ཞིང་། དེས་ན་ཕྱི་མར་ཡང་མངོན་དུ་མི་འགྱུར་ལ། ཁྱད་པར་དུ་མཆོད་འོས་བསླུ་བ་དང་། བྱང་སེམས་ལ་ཞེ་སྡང་བས་ངན་སྨྲས་བརྗོད་པའི་ལས་ཀྱིས་བྱང་ཆུབ་སེམས་ཀྱི་རྩ་བ་འཆད་པར་བཤད་པ་དང་། གཡོ་སྒྱུས་གཞན་བསླུ་བ་ལ་བརྟེན་ནས་སེམས་ཅན་གཅིག་ཙམ་གཏན་ནས་བློས་བཏང་བའི་སེམས་བྱུང་ན་མདུད་པ་གྲོལ་ན་ཆུན་པོ་འཇིག་པ་ལྟར་སྙིང་རྗེས་གཞན་དོན་ལ་དམིགས་པ་ཉམས་པས་སེམས་བསྐྱེད་འཆོར་བར་འགྱུར་བའི་ཕྱིར་རོ། །དེས་ན་དེ་དག་གི་གཉེན་པོར་ཆེས་ཆེ་བ་དཀར་པོའི་ཆོས་བཞི་པོ་ནི། སྲོག་ལ་བབ་ཀྱང་བརྡ་འཕྲོད་པའི་སེམས་ཅན་ཡིན་ནོ་ཅོག་ལ་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་པོ་སྟེ། དེ་ནི་ཡུལ་ཁྱད་པར་ཅན་རྫུན་གྱིས་མགོ་བསྐོར་བའི་གནས་མ་ཡིན་པ་བསླུ་བའི་གཉེན་པོར་ཡང་འགྱུར་རོ། །དེས་གཞན་གསུམ་ལའང་རིགས་འགྲེ་ཤེས་པར་བྱའོ། །དེ་བཞིན་དུ་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་དང་མཚུངས་པར་བལྟས་ཏེ་གུས་ཤིང་དོན་དུ་གནས་པའི་བསྔགས་པ་བརྗོད་པ་ནི་གཉིས་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ནི་རིགས་རུས་དང་ཆོ་འབྲང་། ལུས་རྟེན་དང་རྟགས་སོགས་ཀྱིས་མི་ཤེས་པས། མངོན་གྱུར་དུ་མཐོང་བ་ལ་རིམ་གྲོ་བསྐྱེད་ཅིང་། གཞན་ཤན་པ་དང་། སྨད་འཚོང་དང་། དུད་འགྲོའི་སྐྱེ་བར་ཡང་ཡོད་པས། སྤྱོད་འཇུག་ལས། རྟག་ཏུ་ཀུན་གྱི་སློབ་མར་གྱུར། །ཞེས་པ་ལྟར་ཀུན་ལ་དག་སྣང་སྦྱོང་བ་གནད་ཡིན་ནོ། །ཡང་རྟག་ཏུ་གཡོ་སྒྱུ་མེད་ཅིང་ལྷག་པའི་བསམ་པ་དག་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་སྦྱོར་དོན་དུ་གཉེར་བ་གསུམ་པ་དང་། རང་གིས་སྨིན་པར་ནུས་པའི་སེམས་ཅན་མཐའ་དག་བློའི་ཐུགས་བསྐྱེད་དེ་སེམས་དང་པོ་བསྐྱེད་པ་ལ་བསྐུལ་བ་ནས། རིམ་གྱིས་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་སྙིང་ཐག་པ་ནས་དཀྲི་བར་བྱ་བ་དང་བཞིའོ། །དེ་ལྟར་ཡང་འོད་སྲུང་གིས་ཞུས་པ་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེ་ན། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་དགོད་པའོ། །ཞེས་སོ། །དེ་ལྟ་བས་ན་ནག་པོའི་ཆོས་བཞིའི་གཉེན་པོ་བྱེད་ཅིང་ཚེ་འདིར་སེམས་བསྐྱེད་བརྗེད་པར་མི་འགྱུར་ཞིང་། ཚེ་རབས་གཞན་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་བའི་རྒྱུ་ཡིན་པར་གསུངས་པས་ནན་ཏན་གྱིས་ཉམས་སུ་བླང་བར་བྱའོ། །བཞིི་པ་འདུ་ཤེས་བཞི་བཤད་པ་ནི། སེམས་བསྐྱེད་མི་ཉམས་ཤིང་བརྟན་པར་བྱ་བའི་སྒོ་ནས་བསྲུང་བའི་ཐབས་ལ་འདུ་ཤེས་བཞི་བསྟེན་པར་བྱ་སྟེ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་བདག་ལ་བྱང་ཆུབ་ཆེན་པོའི་ལམ་མ་ནོར་བར་སྟོན་པར་མཛད་པས་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་པ་དང་། དེས་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ནི་རང་གིས་བྱང་ཆུབ་བསྒྲུབ་པའི་ཐབས་དམ་པ་ཡིན་པས་དེ་ལ་ལམ་གྱི་འདུ་ཤེས་དང་། ཐེག་པ་ཆེན་པོའི་ལམ་དེ་སྒྲུབ་པའི་བྱང་སེམས་གཞན་རྣམས་ནི་རང་དང་ལྟ་སྤྱོད་མཐུན་ཞིང་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་འགྲོགས་ཤིང་བསྟེན་པར་བྱ་བ་ཡིན་པས་དེ་དག་ལ་གྲོགས་ཀྱི་འདུ་ཤེས་དང་། མཐའ་ཡས་པའི་སེམས་ཅན་མ་ལུས་པ་ཀུན་ནི་སེམས་བསྐྱེད་པ་དང་བསླབ་པ་བསྒྲུབ་པའི་ཡུལ་ཡིན་པས་བསོད་ནམས་ཀྱི་ཞིང་དུ་གྱུར་ཞིང་། འདི་རྣམས་ལ་ཕན་བཏགས་པས་འབྲས་བུ་ཆེན་པོ་འབྱུང་བ་དང་། རྒྱལ་བ་དགྱེས་པའི་ཐབས་ཡང་དག་པའང་སེམས་ཅན་མགུ་བར་བྱ་བ་ལས་གཞན་མེད་པའི་ཕྱིར་ཤིན་ཏུ་གཅེས་པར་འཛིན་དགོས་པས། དེ་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་འཇོག་པར་བྱ་དགོས་ཏེ། འདི་དག་ནི་ཏིང་འཛིན་རྒྱལ་པོ་ལས་བཤད་དོ། །དེ་ལྟར་བདེ་སྡུག་གཏོང་ལེན་ནས་འདུ་ཤེས་བཞིའི་བར་དུ་འདི་དག་ལ་ཚུལ་བཞིན་སློབ་པ་ནི་སྨོན་པའི་བསླབ་བྱ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བཏུས་པ་ཡང་དག་པ་དག་གོ། །གཉིས་པ་འཇུག་པའི་བསླབ་བྱ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འཇུག་པའི་སྡོམ་པ་བླངས་པ་དེས་གང་ལ་བསླབ་པར་བྱ་བའི་ཡུལ་ནི། སྤྱིར་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ཞིག་གསུངས་པ་ཐམས་ཅད་ཡིན་ཞིང་དེ་དག་ཀུན་ཀྱང་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུ་ལ། དེ་ཡང་མཚན་ཉིད་པ་ནི། མདོ་སྡེ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམས་སྨིན་བྱེད་རྣམ་གསུམ། །ཞེས་པ་ནས་ཤེས་རབ་ཀྱི་བར་དུ་གསུངས་པ་ལྟར། རང་རང་གི་མི་མཐུན་པའི་ཕྱོགས་དང་བྲལ་བ་དང་། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་དང་། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ་དང་། དེའི་སྒོ་ནས་གདུལ་བྱ་རྣམས་སྐལ་བ་དང་འཚམས་པར་བྱང་ཆུབ་གསུམ་དུ་སྨིན་པར་བྱེད་པ་སྟེ། ཁྱད་ཆོས་བཞི་དང་ལྡན་པ་ཞིག་ཡིན་ལ། དེ་ལ་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། པ་ར་མི་ཏ་ཞེས་པའི་སྒྲ་ལས་པ་ར་མ་ཕ་རོལ་དང་། ཨི་ཏ་ཕྱིན་པ་སྟེ། འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལ་ཕུལ་དུ་ཕྱིན་པའི་ཕ་རོལ་ཏུ་འགྲོ་བས་ན་དེ་སྐད་ཅེས་བྱའོ། །དབྱེ་ན་མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པ་ལྟར་རེ་རེ་ལ་དྲུག་དྲུག་ཏུ་ཕྱེ་བས་སུམ་ཅུ་རྩ་དྲུག་གོ། །དྲུག་པོ་འདི་དག་ཏུ་གྲངས་ངེས་པ་ཡང་། སྡུད་བྱེད་དྲུག་པོ་འདིས་བསྡུ་བྱ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་དང་། བསྡུ་བའི་དངོས་པོ་བཞི་དང་། བསླབ་པ་རྣམ་པ་གསུམ་དང་། ཐབས་དང་ཤེས་རབ་བམ་ཚོགས་རྣམ་པ་གཉིས་ལ་སོགས་པ་མང་པོ་ཞིག་བསྡུས་པས་ན་བྱང་ཆུབ་སེམས་དཔའི་ལམ་གྱི་སྡོམ་ཆེན་པོ་ཡིན་པས་ན་དེ་ལས་མང་མི་དགོས་ཏེ། དེ་ཡང་ཉེས་པར་སྤྱོད་པ་ཐམས་ཅད་ནི་སེར་སྣ་ནས་ཤེས་རབ་འཆལ་བ་གཏི་མུག་གི་རང་བཞིན་ཅན་གྱི་བར་དེ་དག་ཏུ་འདུ་བས་དེ་རྣམས་སྤང་བ་ཉེས་སྤྱོད་སྡོམ་པ་དང་། དགེ་བའི་ཆོས་ཐམས་ཅད་ཀྱང་ཕྱིན་དྲུག་གི་ངོ་བོར་འདུས་པས་དེ་དག་བསྒྲུབ་པ་དགེ་བ་ཆོས་སྡུད་དང་། དེ་དག་གི་སྒོ་ནས་དངོས་བརྒྱུད་གང་ཡང་རུང་བར་གཞན་དོན་བྱེད་པ་སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་གསུམ་པོ་བསྡུ་ཞིང་། ཡང་སྦྱིན་པས་གདུལ་བྱ་འཁོར་དུ་བསྡུས་ནས། དེ་ལ་ཕྱིན་དྲུག་གི་གཏམ་ཡང་དག་པ་སྙན་པར་བརྗོད་པས་སྤྲོ་བ་བསྐྱེད་དེ་བསྒྲུབ་ཚུལ་ཤེས་པར་བྱས་ནས། དེ་དག་གི་དོན་སྤྱོད་དུ་འཇུག་ཅིང་། ཡིད་ཆེས་པའི་ཕྱིར་རང་ཡང་དོན་དེ་དང་མཐུན་པར་གནས་པ་སྟེ་བསྡུ་བའི་དངོས་པོ་བཞི་དང་། ཡང་། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆ་ལ་ཡང་གཏོགས། །ཞེས་པ་ལྟར། སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་བྲལ་བས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། བརྩོན་འགྲུས་ནི་གསུམ་གའི་གྲོགས་ཡིན་པའི་ཕྱིར་བསླབ་པ་གསུམ་དང་། ཡང་དྲུག་པོ་དེ་དག་ལས། སྔ་མ་གཉིས་ཐབས་བསོད་ནམས་ཀྱི་ཚོགས་དང་། ཕྱི་མ་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དང་། བར་པ་གསུམ་ལས། སྡུག་བསྔལ་དང་ལེན་དང་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་གཉིས་བསོད་ནམས་དང་། ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཡེ་ཤེས། དམིགས་པ་དང་བཅས་པའི་བསམ་གཏན་བསོད་ནམས་དང་། དམིགས་པ་མེད་པའི་བསམ་གཏན་ཡེ་ཤེས། བརྩོན་འགྲུས་གཉིས་ཀའི་གྲོགས་ཡིན་པས་དེ་གསུམ་ནི་གཉིས་ཆར་ལ་ཡང་གཏོགས་ལ། ཤེས་རབ་ཀྱིས་ཟིན་ན་ལྔ་གའང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཏེ། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ལྔ་འཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། །ཡང་སྣང་བཅས་དང་སྣང་མེད་གཙོ་ཆེ་བ་ཙམ་གྱིས་བཞག་ན་ཕར་ཕྱིན་དང་པོ་ལྔ་ནི་བསོད་ནམས་ཀྱི་ཚོགས་ཏེ་དེ་རྣམས་ཐབས་ལ་མི་མཁས་པ་དང་། ཤེས་རབ་དང་བྲལ་བས་སྤྱད་ན་འཁོར་བའི་ལུས་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་ཙམ་གྱི་རྒྱུ་ཡིན་ལ། ཐབས་ལ་མཁས་པ་དང་ཤེས་རབ་ཟབ་མོས་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བས་དམ་པའི་ཚོགས་ཞེས་བྱ་ཞིང་། ཕྱི་མ་ཤེས་རབ་ཀྱི་ཕར་ཕྱིན་གཅིག་པོ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་ཚོགས་ཏེ་དེ་ཡང་བདག་མེད་པའི་རྟོགས་པ་ཉི་ཚེ་བ་ཙམ་དང་ཐབས་ལ་མཁས་པ་དང་བྲལ་བས་ནི་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཙམ་གྱི་རྒྱུ་བྱེད་ལ། རྟོགས་པ་རྒྱ་ཆེ་ཞིང་ཐབས་དང་མ་བྲལ་བས་ཚོགས་ཆེན་པོ་ཡིན་ཏེ་དེས་ན་ཤེས་རབ་ཀྱིས་འཁོར་བར་མི་གནས་ཤིང་། ཐབས་ཀྱིས་མྱ་ངན་ལས་འདས་པ་ལ་མི་གནས་པ་སྟེ། མི་གནས་པའི་མྱང་འདས་ནི་འདི་གཉིས་ཀྱི་སྒོ་ནས་བསྒྲུབ་པར་བྱ་དགོས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེས་ན་ཐབས་དང་ཤེས་རབ་ཟུང་འབྲེལ་གྱི་ལམ་འདི་ལ་མ་བསྟེན་པར་མཐར་ཐུག་གི་འབྲས་བུ་སངས་རྒྱས་འགྲུབ་བྱེད་ཀྱི་ཐབས་གཞན་ཡོད་པ་མ་ཡིན་ནོ། །འོ་ན་ཕར་ཕྱིན་འདི་དག་གི་གོ་རིམ་འདི་ལྟར་ངེས་པའི་རྒྱུ་མཚན་ཅི་ཞེ་ན། སྔ་ཕྱིི་རྒྱུ་འབྲས་དང་། དམན་མཆོག་དང་། རགས་ཕྲའི་ཕྱིར་བཞག་སྟེ་མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་བསྟན་པ་ཡིན། །ཞེས་སོ། །ཇི་ལྟར་བསྒྲུབ་པའི་ཚུལ་ཡང་། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྤྱོད། །ཅེས་སོ། །དེ་ལྟར་བསྒྲུབས་པའི་གནས་སྐབས་ཀྱི་འབྲས་བུ་ནི། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་མཛེས་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོ། །མཐར་ཐུག་གི་འབྲས་བུ་ནི། ཕར་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་ཀྱིས་སྐུ་གཉིས་འགྲུབ་སྟེ། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས། གཟུགས་ཀྱི་སྐུ་ཞིང་ཁམས་དང་། འཁོར་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ལ། ཡེ་ཤེས་ཀྱི་ཚོགས་ཀྱིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་འགྲུབ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །ཡང་སྦྱིན་པ་ལ་སོགས་པ་དེ་དག་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ་བས་མི་ཟད་པར་བྱེད་པའི་ཐབས་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་སྟོབས་ཀྱིས་དགེ་བ་བྱང་ཆུབ་ཏུ་ངེས་པར་བྱེད་པའི་སྟོབས་དང་། འདུན་པས་སྐྱེ་བ་ཐམས་ཅད་དུ་སྦྱིན་སོགས་ཀྱི་ཡོན་ཏན་རྒྱུན་མི་འཆད་པར་འབྱུང་བའི་སྒོ་ནས་དགེ་བ་ལ་རྟག་ཏུ་འཇུག་པར་བྱེད་པའི་སྨོན་ལམ་དང་། སྦྱིན་པ་ལ་སོགས་པའི་ཆོས་ལ་ལོངས་སྤྱོད་ཅིང་སེམས་ཅན་སྨིན་པར་བྱེད་པའི་ཡེ་ཤེས་ཏེ། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང་། །ངེས་པར་ལོངས་སྤྱོད་སྨིན་པར་བྱེད། །ཅེས་སོ། །དེ་དག་ཚོགས་གཉིས་སུ་བསྡུ་ན། སྔ་མ་གསུམ་བསོད་ནམས་དང་། ཕྱི་མ་གཅིག་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་བཞི་པོ་དེ་ལོགས་སུ་བགྲངས་ནས་ཕར་ཕྱིན་སྔ་མ་དྲུག་གི་སྟེང་དུ་བསྣན་པས་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་ལྟ་བུའི་ཕར་ཕྱིན་མཚན་ཉིད་པ་བཅུ་པོ་དེ་འཕགས་པའི་ས་བཅུ་པོ་ལ་རིམ་བཞིན་ཤས་ཆེ་བར་ཡོད་པ་ཡིན་ལ། བྱང་སེམས་ལས་དང་པོ་པས་ཀྱང་སེམས་བསྐྱེད་དེ་རྟག་ཏུ་སྒོ་གསུམ་གྱིས་དགེ་བ་གང་བྱས་ཐམས་ཅད་ཐབས་དང་ཤེས་རབ་གཉིས་ཀྱིས་ཟིན་པར་བྱས་ཏེ་ཕར་ཕྱིན་དེ་དག་རྗེས་མཐུན་པ་ཚང་བར་བྱ་དགོས་པས་ན། མདོ་སྔགས་ཀྱི་མན་ངག་ཟབ་མོའི་སྒོམ་རིམ་ཐམས་ཅད་ནས་ཀྱང་དང་པོ་སྐྱབས་སེམས་ནས་བཟུང་མཇུག་བསྔོ་བའི་བར་རྣམ་པ་དང་བཅས་པར་བསྟེན་པ་ཐམས་ཅད་ཐབས་ཀྱི་ཆ་དང་། དེ་ཐམས་ཅད་ལ་ཞེན་མེད་ཀྱིས་རྒྱས་འདེབས་པར་བཤད་པ་ཤེས་རབ་ཀྱི་ཆ་སྟེ། དེ་ཡང་དགེ་བ་གཞན་ལ་བསྔོ་བ་དང་མཎྜལ་དང་མཆོད་པ་སོགས་སྦྱིན་པ། ཐེག་པ་རང་སའི་འཇུག་སྒོ་དང་བསྟུན་པའི་བླང་དོར་མ་ནོར་བར་སྤྱོད་པ་ཚུལ་ཁྲིམས། དགེ་སྦྱོར་ལ་དཀའ་སྤྱད་སོགས་བཟོད་པ་བཟོད་པ། རང་གིས་རང་ལ་བསྐུལ་ནས་ཉིན་མཚན་ཀུན་ཏུ་དགེ་སྦྱོར་གྱིས་འདའ་བ་བརྩོན་འགྲུས། ཐད་ཀ་ཐད་ཀའི་དམིགས་པ་ལ་སེམས་འཛིན་པ་བསམ་གཏན། དེ་དག་འཁོར་གསུམ་ཡོངས་དག་གི་ལྟ་བས་ཟིན་པ་ཤེས་རབ་སྟེ་རྣམ་པ་ཐམས་ཅད་དུ་ཕྱིན་དྲུག་གིས་བསྡུས་པའི་ཚོགས་གཉིས་སམ་ཐབས་ཤེས་གཉིས་པོ་དེ་ཡ་མ་བྲལ་བ་ལ་བསླབ་པ་ནི་ཐམས་ཅད་མཁྱེན་པའི་ལམ་བཟང་མ་ནོར་བ་ཡིན་གྱི། དེ་ལས་གཞན་དུ་བདག་མེད་པའི་དོན་ལ་ངེས་པ་མ་རྙེད་པར་དགེ་སྦྱོར་ལ་བརྩོན་པ་རྒྱ་ཆེ་ཡང་དེ་ཁོ་ན་ལ་གཅིག་ཏུ་ཞེན་ཅིང་འཐས་པ་ནི་སྲིད་པའི་རྒྱུ་ལས་མི་འདའ་སྟེ། འཇམ་དཔལ་རྣམ་པར་འཕྲུལ་པ་ལས། ལྷའི་བུ་གཞན་ཡང་བྱང་ཆུབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ་ཞེས་པ་ནས་ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ་ཞེས་སོ། །ཡང་དབང་པོ་ཤིན་ཏུ་རྣོན་པོ་ལ་གསུངས་པའི་དགོངས་དོན་ཕྱིན་ཅི་ལོག་ཏུ་བཟུང་ནས་ཐབས་ཀྱི་ཆ་རྣམས་ལ་སྐུར་པ་འདེབས་པ་དེ་དག་ལ་ནི་ཐར་པ་ལྟ་ཅི་མངོན་མཐོའི་རྒྱུ་ཙམ་བསྒྲུབ་པའི་སྐལ་པའང་ཆད་པས་ཤིན་ཏུ་བླུན་ཏེ། རྣམ་པར་འཐག་པ་བསྡུས་པ་ལས། དེ་ལ་མི་བླུན་པོ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའོ་ཞེས་ཟེར་ཞིང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་སུན་འབྱིན་ཏོ། །མ་ཕམ་པ་འདི་ཇི་ལྟར་སེམས། ང་ཀ་ཤི་ཀའི་རྒྱལ་པོར་གྱུར་བ་གང་ཡིན་པ་དེས་འདི་ལྟར་ཕུག་རོན་གྱི་ཕྱིར་བདག་གི་ཤ་ཁྲ་ལ་བྱིན་པ་དེ་ཤེས་རབ་འཆལ་བ་ཡིན་ནམ། བྱམས་པས་གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་པ་ལ་སོགས་པ་ལྟར་རོ། །ད་ལྟ་ཡང་གསང་སྔགས་དང་རྫོགས་ཆེན་སོགས་ལ་ཁ་གཡར་ནས་དགེ་སྡིག་གིས་ཕན་གནོད་མེད་ཟེར་ཏེ་རང་གི་ཆོས་སྐལ་ཆད་ཅིང་། བླུན་པོ་གཞན་དག་མགོ་བསྐོར་བ་ཤིན་ཏུ་མང་བས་གཟབ་པར་བྱའོ། །དེས་ན་སྦྱིན་སོགས་ཐབས་ཀྱི་རྣམ་པ་ཐམས་ཅད་མ་ཚང་ན་སྟོང་ཉིད་ཡོངས་སུ་རྫོགས་པ་རྟོགས་པར་མི་འགྱུར་ཏེ། གཙུག་ན་རིན་པོ་ཆེའི་མདོ་ལས། རི་མོ་མཁན་ཡན་ལག་གི་རྣམ་པ་གཞན་དང་གཞན་གང་ཡང་རུང་བ་རེ་འབྲི་ཤེས་པ་དྲུག་གིས་རྒྱལ་པོའི་གཟུགས་བྲིས་པའི་ཚེ་དེ་ལས་གཅིག་གཞན་དུ་སོང་ན་དེས་ཤེས་པའི་ཡན་ལག་དེ་མི་ཚང་བས་རྒྱལ་པོའི་གཟུགས་རྫོགས་པར་མི་ཚང་བའི་དཔེས་བསྟན་པའི་དོན། རྒྱུད་བླ་མ་ལས། དེ་རྣམས་འབྲི་བྱེད་གང་ཡིན་པ། །སྦྱིན་དང་ཚུལ་ཁྲིམས་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཅེས་སོ། །དེས་ན་སངས་རྒྱས་ཀྱི་སའི་གཟུགས་ཀྱི་སྐུ་ལ་སོགས་པའི་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཆོས་ཀྱི་སྐུ་ནི་ཐབས་དང་ལྡན་པའི་སྟོང་ཉིད་ཀྱིས་འགྲུབ་ཀྱི་ཐབས་དང་བྲལ་བའི་སྟོང་ཉིད་ཀྱིས་ནི་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྒྲུབ་པ་པོའི་བློ་སྟོབས་ཀྱི་དབྱེ་བ་བཤད་པ་དང་། བསྒྲུབ་བྱ་ཕ་རོལ་ཏུ་ཕྱིན་པ་བཤད་པའོ། །དང་པོ་ནི། དེ་ལྟར་བསླབ་པར་བྱ་བའི་གནས་མ་ནོར་བར་ངོས་བཟུང་ནས་གང་ཟག་གི་བློ་སྟོབས་ཀྱི་མཐུ་ཡིས་ལམ་དེ་སྒྲུབ་པར་བྱེད་པའི་རྒྱལ་སྲས་གསུམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བའི་ཚུལ་བུལ་བ་དང་མྱུར་བའི་ཁྱད་པར་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རྣམས་ཐོག་མར་རང་ཉིད་འཚང་རྒྱ་བའི་དོན་དུ་ཚོགས་གཉིས་མཐར་ཕྱིན་པའི་བྱ་བ་སྔོན་དུ་བྱས་ཏེ། མཐར་ཐུག་གི་འབྲས་བུ་མངོན་དུ་གྱུར་ནས་རྗེས་ལ་འགྲོ་བ་ཐམས་ཅད་འཁོར་བ་ལས་སྒྲོལ་བར་འདོད་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རང་གིས་རྒྱལ་སྲིད་ཐོབ་པར་བྱས་ནས་ཕྱིས་སུ་མངའ་རིས་རྣམས་བདེ་བ་ལ་འགོད་པའི་ཐབས་བྱེད་པ་བཞིན་ཏེ། དེ་ལྟ་བུའི་སེམས་བསྐྱེད་ལ་འདོད་ཆེན་པོའི་སེམས་བསྐྱེད་ཅེས་བྱ་སྟེ་འཕགས་པ་བྱམས་པ་ལྟ་བུ་དང་། བྱང་སེམས་དབང་པོ་འབྲིང་རྣམས་རང་དང་འགྲོ་བ་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྔ་ཕྱི་མེད་པར་སྟབས་གཅིག་ཏུ་སྒྲོལ་བའི་ཐབས་ལ་བརྩོན་ནས་འབྲས་བུ་སངས་རྒྱས་མཉམ་དུ་ཐོབ་པར་འདོད་པ་སྟེ་གྲུ་པ་རྣམས་འགྲུལ་པོ་དག་དང་ལྷན་ཅིག་གྲུར་ཞུགས་ནས་ཆུའི་ཕ་རོལ་ཏུ་མཉམ་དུ་ཕྱིན་པར་བྱེད་པ་ལྟ་བུ་སྟེ་དེ་ལ་ནི་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱའོ། །བྱང་སེམས་དབང་པོ་ཤིན་ཏུ་རྣོན་པོ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་བསླབས་ཤིང་ནུས་པ་རྫོགས་ཀྱང་འགྲོ་བ་རྣམས་སྔོན་ལ་བསྒྲལ་བའི་དོན་དུ་འཚང་མི་རྒྱ་བར་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ངང་ཚུལ་དུ་འཁོར་བ་མ་སྟོངས་ཀྱི་བར་གནས་ནས་སེམས་ཅན་གྱི་དོན་མཛད་དེ་འཁོར་བ་ན་སེམས་ཅན་གཅིག་ཀྱང་མེད་པར་གྲོལ་ཟིན་པའི་རྗེས་ལ་རང་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་མངོན་དུ་བྱེད་པར་འདོད་པ་ནི། ཕྱུགས་སྐྱོང་བར་བྱེད་པའི་རྫི་བོ་དག་ལམ་འཕྲད་དམ་གཅན་གཟན་ལ་སོགས་པས་ཉམ་ང་བའི་གནས་མཐའ་དག་ལས་བ་ལང་དང་ར་ལུག་སོགས་དབུགས་མ་ཕྱིན་པ་དེ་སྲིད་དུ་བདག་ཉིད་བག་ཕེབས་པར་མི་འགྱུར་བ་ལྟ་བུའི་དཔེ་མེད་པའི་སེམས་བསྐྱེད་དེ། འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལྟ་བུའོ། །དེ་རྣམས་ལས་དབང་པོ་རྟུལ་པོས་ཚོགས་སྦྱོར་ན་བསྐལ་པ་གྲངས་མེད་གསུམ། ས་བཅུ་པོ་རེ་རེ་ལ་གསུམ་གསུམ་སྟེ་གྲངས་མེད་སུམ་ཅུ་རྩ་གསུམ་གྱིས་ལམ་མཐར་ཕྱིན་ཏེ་འཚང་རྒྱ་བར་འགྱུར་བ་དང་། དབང་པོ་འབྲིང་པོས་ཚོགས་སྦྱོར་ལ་བཞི། མཐོང་ལམ་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་ས་གསུམ་ལ་གཅིག་སྟེ་བདུན་གྱིས་དང་། དབང་པོ་རྣོན་པོས་ནི་ཚོགས་སྦྱོར་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་ས་གསུམ་ལ་གཅིག་སྟེ་གསུམ་ན་གྲོལ་བ་མཐར་ཐུག་པ་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཚུལ་དེ་དག་ནི་མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་གསུངས་པ་ལྟར་རོ། །དེ་བས་ན་བློའི་ནུས་པ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་གྲོལ་མྱུར་བ་ཡིན་པས་སྙིང་སྟོབས་ཀྱི་གོ་ཆ་བགོ་བར་བྱའོ། །དེ་ལ་འདི་སྙམ་དུ་ལས་དང་པོ་པ་རྣམས་བདག་ལྟ་ལ་གོམས་ཤིང་ཉོན་མོངས་པ་མ་སྤངས་བཞིན་ཡུན་རིང་པོ་དེ་ཙམ་དུ་གནས་པར་འདོད་པའི་སེམས་དེ་ལྟ་བུ་སྐྱེ་དཀའོ་ཞེས་ཞུམ་པར་མི་བྱ་སྟེ། ཅིའི་ཕྱིར་ན་འཇིག་ཚོགས་ལ་ལྟ་བ་ནི་དེ་བཞིན་གཤེགས་པའི་གདུང་ཡིན་པར་བཤད་པས་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཚུལ། འོད་སྲུང་གིས་ཞུས་པས། དཔེར་ན་ལུད་བཅས་འདམ་རྫབ་ཆུ་ལས་ནི། །པདྨ་སྐྱེ་ཡི་ཐང་ལས་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལུད་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ཆོས་སྐྱེའོ། །ཞེས་པ་ལྟར། ཐབས་ཀྱིས་ཟིན་པའི་བདག་འཛིན་དང་ཉོན་མོངས་པ་ནི་ཡོན་ཏན་སྐྱེ་བའི་རྒྱུ་ཡིན་པ་འདི་ཐེག་པ་ཆེན་པོའི་ཁྱད་ཆོས་སོ། །སེམས་སྟོབས་ཀྱི་ཁྱད་པར་འདིར་བཤད་པའི་དགོས་པའང་། འདུལ་བ་དང་སྔགས་ཀྱི་ལམ་ནི་སྔོན་ལ་སྡོམ་པ་མ་བཟུང་ན་བསླབ་བྱ་མཉན་དུ་མི་རུང་ལ། བྱང་ཆུབ་སེམས་དཔའི་ལམ་ནི་སྔོན་དུ་བསླབ་བྱ་ལེགས་པར་ཤེས་ནས་དད་ཅིང་སྒྲུབ་ནུས་པའི་ཚེ་བསླབ་པ་ཡང་དག་པར་བླང་བ་བྱང་ས་ལས་བཤད་པ་ཡིན་པས་འདིར་འཇུག་པའི་སྤྱོད་པ་ལ་བློ་སྟོབས་ཀྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བའི་བསྒྲུབ་པ་ཆེན་པོ་དང་ལྡན་པའི་དོན་དུ་ཡིན་ནོ། །དེས་ན་ད་ལྟ་ནས་སེམས་བསྐྱེད་དེས་བསླབ་པ་བཟུང་ནས་སྙིང་སྟོབས་དྲག་པོས་ལེ་ལོ་དང་ཕྱི་བཤོལ་མེད་པར་ལམ་ལ་བརྩོན་པ་གལ་ཆེ་སྟེ། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་བཤད་པ་ལྟར་རོ། །དེ་ཡང་ད་ལྟ་དལ་བའི་རྟེན་བཟང་ཐོབ་པའི་དུས་འདིར་རྙེད་བཀུར་སོགས་འཇིག་རྟེན་གྱི་ཆོས་ཀྱིས་གཡེང་ན་ཇི་ཙམ་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་པ་དེ་ཙམ་དུ་ཉོན་མོངས་པ་དང་སྡིག་པ་འཕེལ་བའི་རྒྱུར་འགྲོ་བས་སྔར་བསགས་ཀྱི་དགེ་བའི་འབྲས་བུ་ནི་ཤུལ་རིང་གི་མགྲོན་པོའི་ལམ་རྒྱགས་བཞིན་དུ་སྤྱད་ཟིན་པས་ཟད། གསར་དུ་སྤེལ་བ་ལ་ནི་མི་བརྩོན་པས་ཕྱི་མ་ཕན་ཆད་འོག་ནས་འོག་ཏུ་འགྲོ་བ་ལས་འོས་མེད་པ་ལ་སྐྱོ་བ་སྙིང་ནས་བསྐྱེད་དེ་གཟབ་པར་བྱའོ། །གཉིས་པ་བསྒྲུབ་བྱ་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་དྲུག་སྟེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ནི་རང་དོན་ཉི་ཚེ་བ་ཙམ་ཞིག་དོན་དུ་གཉེར་བ་མ་ཡིན་པར་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པར་བྱེད་དགོས་ཤིང་། དེ་ཡང་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་བརྒྱུད་གང་ཡང་རུང་བར་གཞན་དོན་མ་གཏོགས་རང་གི་དོན་བསམ་པར་མི་བྱ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །ཅེས་པ་ལྟར་རོ། །དེ་ལྟ་ནའང་གནས་སྐབས་གཙོ་ཆེ་བའི་དབང་དུ་བྱས་ན་ཕར་ཕྱིན་སྔ་མ་གསུམ་གཞན་དོན་དང་། ཕྱི་མ་གསུམ་གཞན་གྱི་ཆེད་དུ་རང་ཉིད་རྣམ་པར་གྲོལ་བའི་དོན་ཏེ། མདོ་སྡེ་རྒྱན་ལས། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་པའི་མི་གནོད་པ་ནི་ཚུལ་ཁྲིམས། གནས་པ་ནི་བསམ་གཏན། གྲོལ་བ་ནི་ཤེས་རབ། གཞིར་བཅས་ནི་དེ་གཉིས་བརྩོན་འགྲུས་དང་བཅས་པའོ། །དེ་ལ་དང་པོ་སྦྱིན་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། སྦྱིན་པའི་ངོ་བོ་བདོག་དགུའི་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་ཅིང་གཞན་ལ་གཏོང་བའི་སེམས་པ་དང་བཅས་པ་སྟེ། བདོག་པ་ལ་ཆགས་པའི་གཉེན་པོ་བྱེད་པའོ། །དེ་ལ་དབྱེ་ན། དམ་པའི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་ལོངས་སྤྱོད་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་ཞར་བྱུང་དང་བཅས་པ། ཆོས་ཀྱི་སྦྱིན་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཟང་ཟིང་གི་སྦྱིན་པ་ལའང་སྦྱིན་པ་པོ་བྱང་ཆུབ་སེམས་དཔའི་བློ་ནུས་པ་དང་བསྟུན་པར་རྣམ་པ་གསུམ་དུ་མདོ་སྡེ་ལས་གསུངས་པ་ཡིན་ཏེ། བློ་ནུས་སྟོབས་ཆུང་བའི་དུས་སུ་གཏོང་བ་དང་། དེ་ལ་གོམས་ནས་གཏོང་བ་ཆེན་པོ་དང་། གཏོང་སེམས་གོམས་པ་ཕུལ་དུ་བྱུང་བ་ན་ཤིན་ཏུ་གཏོང་བ་ལ་བསླབ་ནུས་ཏེ། དེས་ན་གཏོང་བ་ཆེན་པོའི་དུས་སུ་སྔ་མ་གཏོང་བ་ཡང་ནུས་ལ་ཕྱི་མའི་ཚེ་སྔ་མ་གཉིས་ཀའང་ནུས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། དེ་ལ་གཏོང་བ་ཞེས་བྱ་བ་ནི། ལས་དང་པོ་པས་རང་ལ་བདོག་པའི་ལོངས་སྤྱོད་རྒྱ་ཆེ་ཆུང་ཅི་འདྲ་བ་ཡིན་ཀྱང་དེ་ལ་ཆགས་ཞེན་སྤངས་ཏེ་གཏོང་སེམས་ལ་གོམས་པར་བྱེད་ཅིང་དངོས་སུའང་ཅི་ནུས་སུ་གཏོང་བར་བྱེད་པ་སྟེ། དེ་ཡང་ལོངས་སྤྱོད་ལ་ཆགས་ཞེན་སྤོང་ནུས་ན་དངོས་སུ་གཏོང་རྒྱུ་མེད་ཀྱང་སྦྱིན་པའི་མཆོག་ཡིན་ཏེ་སྦྱིན་པའི་ངོ་བོ་ལོངས་སྤྱོད་ལ་ཆགས་པ་མེད་པའི་སེམས་ཡིན་པའི་ཕྱིར་ཏེ། སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འགྲན་ཟླ་བྱེད་པའི་ཁྱིམ་བདག་གཅིག་གིས་དེའི་དོ་ཟླར་མ་སྤོབས་ནས། ཟང་ཟིང་ཡོད་དགུ་སྤངས་ཏེ་རབ་ཏུ་བྱུང་བས་མགོན་མེད་ཟས་སྦྱིན་ལས་ལྷག་པར་ལུང་བསྟན་པ་བཞིན་ནོ། །ཁྱིམ་པ་ལ་སོགས་པའི་ལོངས་སྤྱོད་ཡོད་པ་རྣམས་ཀྱིས་ནི་ཐོག་མར་ཁ་ཟས་དང་བཏུང་བ་ཅུང་ཟད་སྦྱིན་པ་ནས་བློའི་མཐུ་ཇེ་ཆེར་བསྐྱེད་དེ་གོས་དང་། གནས་མལ་དང་། ཡོ་བྱད་དང་། ཤིང་རྟ་དང་། རྟ་ཁལ་དང་། གླང་པོ་ལ་སོགས་པའི་བཞོན་པ་དང་། རྒྱལ་པོ་ལྟ་བུ་ཞིག་ཡིན་ན་ཡུལ་ཁམས་རང་ལ་དབང་བ་ཐམས་ཅད་དང་། དེ་མིན་པ་ཞིག་ཡིན་ཀྱང་རང་ལ་དབང་བའི་ནོར་གྱི་དངོས་པོ་ཡོད་དགུ་ཐམས་ཅད་གཞན་ལ་སྦྱིན་པ་ལ་གཏོང་བ་ཞེས་བྱའོ། །དེའི་ཚུལ་ཡང་སྔོན་ཤི་བིའི་རྒྱལ་པོས་གཏན་པ་མེད་པའི་མཆོད་སྦྱིན་གྱི་ཁང་བུ་བརྩིགས་ནས་དཀོར་མཛོད་ཐམས་ཅད་བཏང་བ་ལ་སོགས་པ་དང་། ལོངས་སྤྱོད་རང་ལ་མེད་ཀྱང་སྔོན་དབུལ་པོར་གྱུར་བ་ཞིག་གིས་རྩྭ་བྲེགས་ནས་བཙོངས་པའི་རིན་གྱིས་སྦྱིན་པ་བཏང་བ་ལ་སོགས་པ་ལྟ་བུའོ། །གཏོང་བའི་ཡུལ་ཡང་དབང་པོ་དམན་པ་འབྲས་བུ་ལ་རེ་བ་དག་གིས། འཕགས་པའི་གང་ཟག་དང་། ཇི་སྐད་དུ། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་པ་ལྟ་བུའི་ཡོན་གནས་འདམ་པ་ཡིན་གྱི། བྱང་སེམས་རྣམས་ནི་འབྲས་བུ་ལ་རེ་བའི་ཕྱིར་མ་ཡིན་གྱི་གཏོང་སེམས་གོམས་པ་དང་། གཞན་ལ་ཕན་གདགས་པའི་ཕྱིར་སྦྱིན་པ་གཏོང་བ་ཡིན་པས་ཡུལ་ལ་མཆོག་དམན་གྱི་ཁྱད་པར་མེད་དེ། ཁྱད་པར་དམན་པའི་ཞིང་ལ་སྙིང་རྗེས་གཏོང་བ་ཐེག་པ་ཆེན་པོའི་ལུགས་ཡིན་ནོ། །དེར་མ་ཟད་ཡུལ་ལ་མཆོག་དམན་དུ་བལྟས་ན་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གེགས་ཀྱང་ཡིན་པར་གསུངས་སོ། །དེས་ན་སྤྱིན་པའི་དངོས་པོ་ཆུང་ཡང་ལན་དང་རྣམ་སྨིན་ལ་རེ་བ་མེད་ན་བསོད་ནམས་རྒྱ་ཆེ་ཞིང་། དངོས་པོ་རྒྱ་ཆེ་ཡང་འདོད་པ་ལྔའི་ཀུན་སློང་དང་འབྲེལ་ན་འབྲས་བུ་མ་ངེས་པར་འབྱིན་ཏེ། ས་སྙིང་འཁོར་ལོ་བཅུ་པ་ལས། སེམས་ཅན་ཀུན་ལ་ཕན་བདེའི་ཕྱིར་གྱི། །རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན། །སྦྱིན་པ་དངོས་པོ་བྱིན་པ་ཆུང་ཡང་། །ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར། །སྦྱིན་པ་དངོས་པོ་མང་དུ་བྱས་ཀྱང་། །འདོད་པ་རྣམ་ལྔ་དག་ལ་གནས་ནས། །འཕགས་པ་དག་གིས་ཕྱག་རྒྱས་མ་བཏབ། །མ་ངེས་པ་ཡི་ཚོགས་ལ་གནས་འགྱུར། །ཞེས་སོ། །གཏོང་བ་ཆེན་པོ་ཞེས་བྱ་བ་ནི། ནོར་གྱི་དངོས་པོ་དེ་ལྟ་བུ་ལས་ཀྱང་རབ་ཏུ་ཕངས་པའི་བུ་དང་། བུ་མོ་དང་། ཁྱིམ་ཐབ་དང་བཅས་པ་ཐམས་ཅད་གཏོང་བ་ཡིན་ཏེ། རྒྱལ་བུ་ཐམས་ཅད་སྒྲོལ་བཞིན་ནོ། །དེས་ན་ད་ལྟ་ཡང་དེ་ལྟའི་སྙིང་སྟོབས་དང་དམ་བཅའ་བརྟན་པ་ལ་བསམ་སྟེ། བདག་གིས་ནི་གནས་སྐབས་པའི་གཉེན་གྲོགས་རྣམས་ལ་རྟག་ཏུ་འགྲོགས་པར་འདོད་པའི་བློས་ཞེན་ཅིང་ཆགས་ཏེ་དེ་དག་གི་ཕྱིར་སྙིང་ལས་དང་ཆགས་སྡང་སོགས་བྱེད་པ་འདི་རེ་ངན། ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པས་ཀུན་ལ་ཞེན་ཆགས་སྤང་བར་བྱ་དགོས། ནམ་ཞིག་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཞིན་དུ་དངོས་སུ་གཞན་ལ་གཏོང་ནུས་པ་དེ་ལྟ་བུ་ལ་བསླབ་པར་བྱ་སྙམ་དུ་དམ་བཅའ་བར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། ཐུབ་པ་རྣམས་ཀྱི་སྤྱོད་མཆོག་དྲན་བྱས་ཤིང་། །དེ་གཞོལ་རང་གི་དམ་བཅས་བསམ་བྱ་སྟེ། །ཡོངས་འཛིན་ཆགས་པ་རྣམ་པར་བསལ་བའི་ཕྱིར། །སེམས་ལ་རྟོག་པའི་དམ་པ་འདི་དག་རྟོགས། །ཞེས་པ་ལྟར་རོ། །དེ་ལ་ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། གཏོང་སེམས་མ་གོམས་པ་རྣམས་ཀྱིས་དངོས་སུ་ལྟ་ཅི་དེ་འདྲ་མཐོང་ཞིང་ཐོས་པ་ཙམ་ལའང་འཇིགས་པ་སྐྱེ་བས་བྱ་དཀའ་བའི་གནས་ཏེ། འདི་ལྟར་མགོ་དང་། མིག་དང་། ཤ་དང་། ཁྲག་དང་། ཡན་ལག་ལ་སོགས་པ་རང་གི་ལུས་ཐམས་ཅད་དམ་བྱེ་བྲག་གི་བར་ཅི་འདོད་འདོད་དུ་ཕངས་པ་མེད་པར་ཕན་འདོད་ཀྱི་ལྷག་བསམ་རྣམ་པར་དག་པས་གཏོང་བ་སྟེ། རྒྱལ་པོ་ཟླ་འོད་ལ་སོགས་པ་ལྟར་རོ། །གཞན་ཡང་བདག་ཅག་གི་སྟོན་པ་ས་སྤྱོད་ནམ་མཁར་གྱུར་པའི་ཚེ་གཏོང་བ་གསུམ་པོ་ཉམས་བཞེས་སུ་མཛད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་གཏོང་སེམས་གོམས་པ་མཐར་ཕྱིན་པ་ན་སྦྱིན་པར་མི་བྱ་བའི་དངོས་པོ་དེ་ནི་གང་ཡང་ཡོད་པ་མ་ཡིན་ཏེ། བ་ཚྭ་ཆུ་ཀླུང་གི་མདོ་ལས། ཆུང་མ་རྣམས་དང་རྒྱལ་སྲིད་དབང་ཕྱུག་ཆེན་པོ་དང་། །ཤ་རྣམས་དང་ནི་ཁྲག་དང་ཚིལ་དང་ལུས་དང་མིག །ཕ་རོལ་དགའ་བའི་དབང་དུ་བྱས་ནས་ངས་ནི་བཏང་བ་ཡིན། །གང་གི་སེམས་ཅན་རྣམས་ལ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པ་བྱས་ན་ང་ལ་གནོད་པ་བྱས། །ཞེས་སོ། །དེ་བས་ན་འདི་ལྟར་བདག་གི་ལུས་ནི་མི་གཙང་བ་ངན་སྐྱུགས་ཀྱི་ཕུང་པོ་ལྟ་བུ། སྲོག་གི་འཐོར་རླུང་དྲག་པོ་བཞིན་དུ་གཡོ་བ་དེ་གཉིས་ཀའང་ལས་ཀྱི་ཕྱི་བཞིན་འབྲང་བས་གཞན་དབང་ཅན་ཡིན་ཏེ་རང་གིས་རྣམ་པ་ཐམས་ཅད་དུ་སྒོ་དུ་མ་ནས་བསྲུངས་ཀྱང་མེ་ཆུ་གཡང་ས་རྒྱལ་པོ་གཅན་གཟན་ཆོམ་རྐུན་ལ་སོགས་པས་བརླག་པར་བྱེད་པས་རང་དབང་ཅན་མ་ཡིན་ལ། དེ་ལྟར་མ་གྱུར་ཀྱང་ཤི་བའི་ཚེ་ན་ནི་མེར་བསྲེག་གམ། ཆུར་སྐྱུར་རམ། གཏོར་ཏེ་བྱ་རྒོད་སོགས་ལ་བྱིན་ནམ། སའི་འོག་ཏུ་བཅུག་པ་ལ་སོགས་ཇི་ལྟར་བྱས་ཀྱང་མཐར་རྡུལ་ཕྲན་ཙམ་ཡང་ལུས་པར་མི་འགྱུར་ན། ད་ལྟ་འདི་ལྟར་གཅེས་ཤིང་ཕངས་པར་བལྟས་ནས་ཤིན་ཏུ་བསྲུང་བ་དང་། ལུས་འདིའི་དོན་དུ་གཞན་ལ་གནོད་པའི་བསམ་སྦྱོར་སྣ་ཚོགས་པ་བྱེད་པ་འདི་ནི་སངས་རྒྱས་ཐུགས་རྗེ་ཅན་དེའི་རྗེས་སུ་སློབ་པ་དག་གི་ཚུལ་མ་ཡིན་པས་ཤིན་ཏུ་ནོངས་སོ་སྙམ་དུ་བསམས་ནས་ཡང་ཡང་ལུས་ལ་ཆགས་སེམས་སྤངས་ཏེ་བདག་གི་ལུས་འདི་སེམས་ཅན་ཐམས་ཅད་ལ་བྱིན་ཟིན་པ་ཡིན་པས་ལུས་འདིས་སེམས་ཅན་ལ་དངོས་བརྒྱུད་གང་དུའང་མི་གནོད་པར་བྱ་དགོས་པར་མ་ཟད་དངོས་སུ་ཕན་ཅི་ཐོགས་དང་བརྒྱུད་ནས་ཀྱང་ཆོས་ཀྱི་ཕྱོགས་ལ་བརྩོན་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་དམིགས་པ་མ་གཏོགས་རང་དོན་དུ་བསྒྲུབ་པར་བྱེད་པ་ནི་ཤིན་ཏུ་མི་རིགས་སོ། །ད་ལྟ་དངོས་སུ་གཏོང་མི་ནུས་ཀྱང་མཐར་གྱིས་གོམས་པར་བྱས་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཞིན་དུ་དངོས་སུ་ལུས་ཅི་འདོད་དུ་སྦྱིན་པ་ལའང་བསླབ་པར་བྱ་དགོས་སྙམ་དུ་བསམ་པའི་སྒོ་ནས་བཏང་བ་ལ་ཡང་ཡང་བློ་མ་སྦྱངས་ན་མོས་པ་སྨིན་པ་དང་ད་གདོད་ལུས་སྲོག་སྟེར་ནུས་པའི་སྐབས་མི་འོང་བར་བསླབ་བཏུས་ལས་གསུངས་པས་ད་ལྟ་བློ་སྦྱོང་བ་འདི་གལ་ཆེའོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་སྦྱིན་པ་ལ་བསླབ་པའི་སྐབས་འདི་ནི་ཐོག་མར་གཏོང་སེམས་ལ་གོམས་སུ་འཇུག་པའི་ལས་དང་པོ་པ་རྣམས་སེར་སྣའི་འཆིང་བ་དམ་པོས་བསྡམས་ནས་ཁ་ཟས་ཙམ་ཡང་གཞན་ལ་སྟེར་མི་ནུས་པའི་སྐྱེས་བུའི་ནི། སྔོན་ཁྱིམ་བདག་འཇུར་བགེགས་ཅན་ཞིག་ལ་རང་གི་ལག་པ་ནི་གཅིག་གིས་དངོས་པོ་ངན་ངོན་ཅུང་ཟད་བཟུང་ནས་ཅིག་ཤོས་ལ་སྦྱིན་པར་བསམ་པའི་སེམས་ཀྱིས་ཡང་ཡང་སྤོས་ཏེ་སྦྱིན་པའི་ཚུལ་ལ་བསླབ་ཏུ་བཅུག་པས་མཐར་སྦྱིན་པ་རྒྱ་ཆེན་པོ་གཏོང་ནུས་པར་བྱུང་བ་བཞིན་དུ་རང་ཅག་ཀྱང་ཚོད་མ་ལ་སོགས་པ་དངོས་པོ་ཕྲ་མོ་ཙམ་གཏོང་བ་ལ་གོམས་པར་བྱས་ཏེ་རིམ་གྱིས་ལོངས་སྤྱོད་ལ་བརྐམ་ཞིང་ཆགས་པའི་སེམས་འཇིག་པར་བྱེད་ཅིང་གཏོང་བའི་སེམས་གོང་ནས་གོང་དུ་སྟོབས་སུ་གྱུར་ཏེ་ཤིན་ཏུ་གཏོང་བའི་བར་ལ་བསླབ་པར་བྱ་སྟེ། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལའང་། །འདྲེན་པས་ཐོག་མར་སྦྱོར་བར་མཛད་། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །ཞེས་པ་ལྟར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སློབ་པ་ལམ་གྱི་གནས་སྐབས་ན་སྦྱིན་པའི་བཀད་སའི་ཡང་སྟེང་ལ་འཛེགས་ནས་སློང་བ་པོ་རྒྱང་རིང་པོ་ནས་མཐོང་བའང་མིག་གིས་བསུ་ཞིང་དགའ་བ་བསྒོམ་པ་ལྟར་སྦྱིན་གནས་ལ་འདི་ནི་བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ནོ་སྙམ་དུ་བལྟས་ལ། དངོས་པོ་འདི་དང་བདག་ནི་གདོན་མི་ཟ་བར་འབྲལ་ཏེ། འདིས་ཀྱང་བདག་འདོར་བདག་གིས་ཀྱང་འདི་འདོར་བས་ད་ལྟ་བཏང་ན་ཕྱི་མའི་དུས་འགྱོད་པས་མི་གདུང་ཞིང་ཆགས་ཞེན་མེད་པས་ཡིད་དགའ་བར་འགྱུར་རོ་སྙམ་དུ་ཅི་ནུས་སུ་བྱིན་ཏེ་སེར་སྣའི་མདུད་པ་གྲོལ་བ་ལ་འབད་པར་བྱའོ། །གཉིས་པ་མི་འཇིགས་པའི་སྦྱིན་པ་ཞར་བྱུང་དང་བཅས་པ་བཤད་པ་ནི། དེ་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ལ་བསླབ་པའི་ཚུལ་ནི། འདི་ལྟར་སེམས་ཅན་གཞན་རྒྱལ་པོའི་ཁྲི་མུན་དུ་ཆུད་པ་དང་། ཆད་པས་མནར་བ་དང་། རི་དྭགས་རྔོན་པས་བདས་པ་དང་། །ཕྱུགས་ལུག་བཤའ་སར་ཁྲིད་པ་དང་། ནད་དང་གདོན་གྱིས་གཙེས་པ་སོགས་ཀུན་གྱི་ལུས་སྲོག་ལ་མ་རུངས་པར་གྱུར་པའི་གནོད་པ་མཐའ་དག་ལས་སྐྱོབ་པའི་ཐབས་ལ་ཅི་ནུས་སུ་བརྩོན་ཞིང་བསྲུང་བ་དང་། བདག་གིས་ནམ་ཞིག་སེམས་ཅན་འདི་ཐམས་ཅད་གནས་སྐབས་ཀྱི་འཇིགས་པ་ཐམས་ཅད་དང་། མཐར་ཐུག་འཇིགས་པའི་ཡུལ་ཆེན་པོ་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་ལས་བསྒྲལ་ཏེ་དབུགས་འབྱིན་ཆེན་པོ་མྱ་ངན་ལས་འདས་པའི་གནས་ལ་དགོད་པར་བྱ་སྙམ་དུ་བློ་སྦྱང་བར་བྱའོ། །དེ་ལྟར་གཏོང་བ་གསུམ་པོ་ལས། ཕྱི་མ་གཉིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་ཏེ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་པ་ཉིད་ཀྱིས། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་དག་ཀྱང་བྱའོ། །ཞེས་སོ། །དེས་ན་ལས་དང་པོ་པ་རྣམས་ཀྱིས་རང་གི་ནུས་ཚོད་ཙམ་ཞིག་སྦྱིན་པར་བྱ་ཞིང་གཙོ་བོ་གཞན་དོན་དུ་རང་གི་སེར་སྣ་སོགས་ཉོན་མོངས་པའི་རྟོག་པ་འདུལ་བ་ལ་བསླབ་པར་བྱ་ཡི། མི་ནུས་བཞིན་དུ་མ་བརྟགས་པར་བ བ་ཅོལ་གྱི་ཆོ་ག་སྟེ་བྱ་བ་ཡི་རྣམ་པར་སྦྱར་བའི་ལོངས་སྤྱོད་ཆེན་པོ་བཏང་ནས་རང་ཉིད་དབུལ་བ་ན་འགྱོད་པ་སྐྱེ་བ་དང་། བུ་དང་ཆུང་མ་སོགས་དང་ལུས་དངོས་སུ་བཏང་ན་ཕྱི་ནས་འཕངས་སེམས་སྐྱེ་ཞིང་སྡུག་བསྔལ་མི་བཟོད་པ་དང་གཞན་མ་མགུ་ན་ཉན་རང་གི་སར་སེམས་བསྐྱེད་པའི་ཉེན་སོགས་ཡོད་པས་དེ་འདྲ་བའི་སྦྱིན་པའང་བྱང་སེམས་ལམ་གྱི་གེགས་སྨད་པའི་གནས་ཡིན་པས་རང་ཉམས་དང་སྦྱར་བར་བྱ་སྟེ། སོ་སྐྱེའི་དུས་སུ་དངོས་ཞེན་དང་བཅས་པའི་སྙིང་རྗེ་ཅུང་ཟད་ཡོད་ཀྱང་ལྷག་པའི་བསམ་པ་དེ་ཤིན་ཏུ་མ་དག་པས་འཕགས་པའི་ས་མ་ཐོབ་པར་ལུས་དང་སྲོག་དངོས་སུ་གཏོང་བ་བསླབ་བཏུས་ཉིད་ལས་བཀག་པ་ཡིན་ཏེ། ཇི་སྐད་དུ། དཔེར་ན་སྨན་ཤིང་ལྗོན་པ་བལྟར་སྡུག་པའི། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །འབྱིན་ཡང་དུས་མིན་སྤྱོད་ལས་བསྲུང་བར་བྱ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་སོ། །དེ་བཞིན་དུ་བསམ་པ་གནོད་སེམས་དང་ཕྲག་དོག་དང་ངོམ་ཆོས་སོགས་མ་དག་པ་དང་། སྦྱོར་བ་སེམས་ཅན་གཞན་ལ་གནོད་པ་བྱས་ནས་གཏོང་བ་སོགས་མ་དག་པ་དང་། །དངོས་པོ་དུག་དང་མཚོན་ཆ་སྟེར་བ་སོགས་མ་དག་པ་དང་། ཡུལ་ཡང་སྤྱིར་མི་འདམ་མོད་དམིགས་བསལ་དུ་བག་མེད་པ་ལ་ཆང་དང་། ཤན་པ་ལ་མཚོན་དང་། རང་དགའ་བའི་གཉེན་སོགས་ལ་ཞེན་པས་གཏོང་བ་སོགས་ཁ་ན་མ་ཐོ་བས་སྦྱར་ཞིང་བསྐྲུན་པའི་སྦྱིན་པ་དེ་ལྟ་བུ་ཡང་རང་གཞན་ཀུན་ལ་འཕྲལ་དང་ཡུན་དུ་ཕན་པར་འགྱུར་བའི་ཐབས་མ་ཡིན་པས་བྱང་ཆུབ་སེམས་དཔས་སྤྱད་པར་བྱ་བའི་གནས་མིན་པར་མ་ཟད་སྨད་པར་བྱ་བའི་གནས་ཡིན་ཏེ། དྲང་སྲོང་ཆེན་པོ་རྒྱས་པས་ཞུས་པ་ལས། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་མ་ཡིན་ནོ། །བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི། སྦྱིན་བདག་མ་ཡིན་ནོ། །དུག་དང་མཚོན་ཆ་དང་སྲོག་ཆགས་བསད་དེ་སྦྱིན་པ་དང་བག་མེད་པ་ལ་ཆང་སྦྱིན་པ་ནི་མ་དག་པའོ། །རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་དང་། བྱིན་ནས་འགྱོད་པས་གདུང་པ་ཡང་མ་དག་པའོ། །བསོད་ནམས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱིས་སྤྱད་ཀྱི་གཞན་ལ་མ་གྱུར་ཅིག་སྙམ་ན་མ་དག་པའོ། །ན་བ་དང་འཆི་བའི་དུས་སངས་རྒྱས་ལ་དགའ་བ་དང་དད་པ་མེད་པར་རྩ་ལག་གིས་བྱེད་དུ་བཅུག་ནས་བྱིན་ན་མ་དག་པའོ། །དབུལ་ཕོངས་བོར་ནས་ཕྱུག་པོ་ལ་སྟེར་ན་མ་དག་པའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚྭ་སྒོ་ཅན་གྱི་ཞིང་ལ་ས་བོན་བཏབ་པ་ལྟར་སྨིན་པ་མེད་པ་མ་ཡིན་མོད་ཀྱིས་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་མ་རྨོས་མ་བསལ་བའི་ཞིང་ལ་ས་བོན་བཏབ་ནས་ཆར་བབས་ན་སྐྱེ་སྲིད་ཀྱི་མེ་ཏོག་དང་འབྲས་བུར་མི་འགྱུར་བ་དང་འདྲའོ། །ཞེས་བཀའ་སྩལ་པ་ལྟར་རོ། །དེས་ན་སེམས་ཀྱི་ཆ་ནས་རང་ལ་བདོག་པའི་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་ལ་འཇུངས་པ་དང་སེར་སྣར་བལྟ་བའི་ཞེན་པ་བཏང་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚད་དུ་བཞེད་དེ། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོ། །དེས་ན་དངོས་སུ་བསམ་སྦྱོར་དག་པས་ཅི་ནུས་སུ་གཏོང་ཞིང་། རྟག་ཏུ་གཏོང་སེམས་གོམས་པར་བྱེད་པ་ནི་གལ་ཆེའོ། །བློའི་ནུས་པ་དེ་སྐྱེ་བ་འདིའམ། ཚེ་རབས་གཞན་དུ་མངོན་དུ་འགྱུར་བ་ལ་དགོངས་ནས། བསླབ་བཏུས་སུ་སྙིང་ནས་སེམས་ཅན་ལ་བཏང་བའི་ཟས་གོས་དང་གནས་ཁང་ལ་འདི་ནི་གཞན་གྱིས་ཡིན་ཏེ་དེ་དག་ལའང་ཕན་པའི་ཕྱིར་སྤྱད་པར་བྱའོ་སྙམ་པའི་བསམ་པ་བརྗེད་ནས་རང་དོན་དུ་སྲེད་པས་ལོངས་སྤྱོད་ན་ཉོན་མོངས་པ་ཅན་གྱི་ལྟུང་བ་དང་། སྲེད་པ་མེད་ཀྱང་འདུ་ཤེས་དེས་མ་ཟིན་པར་ལོངས་སྤྱོད་ན་ཉོན་མོངས་ཅན་མ་ཡིན་པའི་ལྟུང་བ་དང་། གཞན་ལ་བསྔོས་པ་གཞན་གྱི་རྫས་སུ་འདུ་ཤེས་ཀྱང་རང་གི་ཕྱིར་སྤྱོད་ན་མ་བྱིན་ལེན་དུ་འགྱུར་ཞིང་རིན་ཐང་ཚང་ན་སོ་ཐར་གྱི་སྡོམ་ལྡན་ལ་ཕམ་པར་འགྱུར་བ་ཉིད་དུ་གསུངས་པ་ཡིན་ནོ། །དེ་ཡང་། བདེན་པ་གཟིགས་པ་རྣམས་ཀྱི་ཚིག་ནི་དགོས་པ་ཆེན་པོ་དང་ལྡན་པ་ཡིན་པས་འདུལ་བ་རང་གཞུང་ནས་བསྟན་པའི་ཚིག་གིས་ཀླན་ཀ་བརྗོད་པ་དང་། ཐེ་ཚོམ་དུ་བྱ་བར་མི་རིགས་ལ། དངོས་སུ་རང་གིས་བཟུང་ནས་བློས་གཞན་ལ་སྟེར་བ་ལ་དགོས་པ་མེད་དོ་སྙམ་དུ་བསམ་པར་ཡང་མི་བྱའོ། །དེ་ལྟར་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་གཉིས་ནི་ཆོས་ཀྱི་སྦྱིན་པའི་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོས། དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་བསྡུས་པ་རྣམས་ལ་སྦྱིན་པར་མི་ནུས་ཀྱི། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་མི་འཇིགས་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབ་པ་ཡིན་ནོ། །ཞེས་སོ། །གསུམ་པ་ཆོས་ཀྱི་སྦྱིན་པ་ནི། དེ་ལ་ཆོས་ཀྱི་སྦྱིན་པ་ཡང་། ཆོས་ཀྱི་ཆ་རྐྱེན་སྣག་སྨྱུག་ཡི་གེ་སོགས་སྦྱིན་པ་དང་། ཐེག་གསུམ་གྱི་ཆོས་སྟོན་པ་དང་། བླ་ན་མེད་ཅིང་བསམ་གྱིས་མི་ཁྱབ་པའི་དོན་ལ་སྦྱོར་བར་བྱེད་པ་སྟེ་རྣམ་པ་གསུམ་གསུངས་ཏེ། འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྨྱུག་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་བ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་སོ། །དེ་དག་ལས་ཆོས་ཀྱི་སྦྱིན་པ་དངོས་ནི་གཞན་ལ་བློ་རིམ་བཞིན་གདམས་ངག་འདོམས་པར་བྱེད་པ་ཡིན་པས་མོས་པས་སྤྱོད་པར་རྣམས་རང་རྒྱུད་ལ་ཆོས་ཀྱི་ཚིག་དང་དོན་གཉིས་ཀའི་ཆ་ནས་ནུས་པ་གསལ་བ་མེད་པས་གཞན་གྱི་སྐལ་བ་ཇི་བཞིན་པར་འདོམས་པར་དཀའ་ཞེས་པའམ། ཡང་ན་གཞན་གྱི་བློ་དང་འཚམས་པའི་ཆོས་སྟོན་པར་སེམས་ཀྱིས་བསམ་ཏེ་མོས་པས་སྦྱོད་པ་ལས་ཇི་བཞིན་པ་འདོམས་པར་དཀའ་སྟེ། ལོང་བ་གཅིག་ཤོས་ཀྱིས་ཅིག་ཤོས་ལ་ངང་པའི་གཤོག་པའི་སྒྲ་ལས་གཞིག་སྟེ་ཁ་དོག་ཀྱང་འུར་འུར་པོར་འཆད་པ་བཞིན་དོན་ཇི་ལྟ་བ་བཞིན་སྟོན་མི་ནུས་ཤིང་། བྱིན་རླབས་སྣོད་སྟོང་བྱོ་བ་དང་འདྲ་སྟེ་རང་རྒྱུད་ན་མེད་པས་གཞན་ལ་སྦྱིན་དུ་མེད། གལ་ཏེ་ཅུང་ཟད་རང་རྒྱུད་ན་ཡོད་ཀྱང་བུམ་པ་གང་བྱོས་དང་འདྲ་སྟེ་གཞན་རྒྱུད་གང་ཙ་ན་རང་རྒྱུད་སྟོངས་པར་འགྲོ། གདམས་ངག་མར་མེ་ལག་བརྒྱུད་དང་འདྲ་སྟེ། གཞན་གསལ་ཙ་ན་རང་འགྲིབ་པའི་ཕྱིར་ལས་དང་པོ་པས་ཆོས་སྨྲ་བ་དགོངས་པ་བཅུ་བསྟན་པ་ལས་བཀག་པ་ཡིན་ནོ། །འོན་ཀྱང་ད་ལྟ་བསྟན་པ་ནུབ་ཏུ་ཉེ་ཞིང་འཆད་པ་དང་ཉན་པའི་གཟུགས་བརྙན་ཙམ་ཡང་དཀོན་པའི་དུས་འདིར་བསྟན་འགྲོ་ལ་ལྷག་བསམ་གྱིས་ཟང་ཟིང་ལ་མི་བལྟ་བར་བཤད་པ་བྱེད་པ་རེ་ཡོད་སྲིད་ན་ཕན་ཡོན་ཀྱང་ཚད་ལས་འདས་སོ། །གང་ལྟར་ཡང་གཙོ་བོ་གཞན་ཕན་གྱི་བསམ་པ་ཡིད་ལ་བཅགས་ཏེ་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་རང་གི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཆོ་ག་སྟེ་ཐབས་ལ་དྲན་པ་དང་ཤེས་བཞིན་གྱིས་འབད་པ་ལྷུར་ལེན་ཅིང་། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་བལྟ་ཞིང་དེ་བཞིན་གཤེགས་པའི་བཀའ་ཟབ་མོ་ལ་རྙེད་དཀའ་བ་དང་། མཐོང་བ་ཙམ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པར་ཡིད་ཆེས་ཤིང་མོས་པ་དང་བཅས་པས་གསུང་རབ་སྤྱི་དང་ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་བཀླགས་པ་ཡིས། ཚེ་རབས་མང་པོའི་སྡིག་སྒྲིབ་ཐམས་ཅད་འདག་པ་དང་། གཞན་ཕན་གྱི་བསམ་པ་ངང་གིས་འབྱུང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་ཐུན་མོང་མ་ཡིན་པའི་ཡིད་ཆེས་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་མོས་པ་ལྷག་པར་འཕེལ་བ་སོགས་ཡོན་ཏན་ཚད་ལས་འདས་པ་ཡོད་པ་དང་། སློབ་དཔོན་དབྱིག་གཉེན་གྱིས་མདོ་སྡེ་ཞལ་འདོན་མཛད་པ་གདུང་ཕྲག་གི་ཕུག་རོན་གྱིས་ཐོས་པས་ལས་སྲབས་ཏེ་ཚེ་འཕོས་ནས་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པ་བཞིན་གཞན་ལ་ཡང་ཕན་ཐོགས་ཆེ་བས་ཐོས་བསམ་བསྒོམ་པའི་བྱ་བ་རྒྱ་ཆེན་པོ་ལ་བརྩོན་མ་ནུས་ནའང་། འཇིག་རྟེན་གྱི་ཆོས་ཀྱིས་གཡེང་ནས་མི་ཚེ་གང་པོ་སྟོང་ཟད་དུ་མི་གཏོང་བར་ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོ་ཀློག་པ་འདི་ལྟ་བུའི་ཚུལ་རྟག་ཏུ་བརྩོན་ནས་ཆོས་ཀྱི་སྒྲ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་སྟེ་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དག་པར་བསམ་པ་དང་། དཀར་པོའི་ཕྱོགས་ཀྱི་ལྷ་དང་ཀླུ་ལ་སོགས་པ་དངོས་སུ་མཉན་པ་ལ་འོང་བ་ཡིན་པས་དེ་དག་གི་རྒྱུད་ཀྱང་ལས་དང་ཉོན་མོངས་པ་ལས་གྲོལ་ནས་རྒྱལ་བའི་བསྟན་པ་བསྲུང་བ་ལ་ལྷག་པར་བརྩོན་པ་དང་། མདོར་ན་རང་གཞན་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ཀྱི་སྣོད་དུ་གྱུར་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་གཞོལ་བའི་སྨོན་ལམ་རྣམ་པར་དག་པ་འདུན་པ་ཤུགས་དྲག་པོས་གདབ་པར་བྱ་བ་འདི་ནི་ཤིན་ཏུ་གལ་ཆེའོ། །ཐུབ་པའི་རྗེས་འཇུག་ངུར་སྨྲིག་འཛིན་པ་རྣམས། །མ ནོག་ཆུང་ནོར་གྱི་ཕྱིར་དུ་མི་བྲེལ་བར། །རྒྱལ་བའི་རྒྱལ་ཚབ་གསུང་རབ་རིན་པོ་ཆེའི། །མིག་གི་དགའ་སྟོན་རོལ་ལ་དགྱེས་པར་མཛོད། །ཅེས་པ་ནི་རང་དང་འདྲ་བའི་ལས་དང་པོ་བ་རྣམས་ལ་གསུང་རབ་བལྟ་བར་བསྐུལ་བའོ། །རང་གི་རྒྱུད་གྲོལ་ནས་འདུ་འཛི་དང་རྣམ་པར་གཡེང་བ་ལ་སོགས་པའི་ཡུལ་གྱི་རྐྱེན་གྱིས་མི་གནོད་པར་གྱུར་པ་ན་འགྲོ་བ་སོ་སོའི་ཁམས་དབང་མོས་པའི་སྐལ་བ་དང་རང་བཞིན་འཚམས་པར་དབང་པོ་ཤིན་ཏུ་རྟུལ་པོ་རྣམས་ལ་ལས་འབྲས་ཀྱི་ཆོས་དང་། འབྲིང་རྣམས་ལ་བདེན་བཞི་དང་རྟེན་འབྲེལ། རྣོན་པོ་རྣམས་ལ་ཕྱིན་དྲུག་དང་སྟོང་ཉིད། ཤིན་ཏུ་རྣོན་པོ་རྣམས་ལ་གསང་སྔགས་ཕྱི་ནང་གི་ཆོས་ཐུན་མོང་བ་དང་། ཆེས་ཤིན་ཏུ་རྣོན་པོ་རྣམས་ལ་ཐུན་མོང་མ་ཡིན་པ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སྒོ་ནས་བསྟན་པས། དཔེར་ན་སྨན་པ་མཁས་པས་ནད་ཀྱི་བྱེ་བྲག་མི་འདྲ་བ་མང་པོ་ལ་དེ་དང་དེ་སེལ་བྱེད་ཀྱི་སྨན་བཏང་ནས་ནད་དེ་དག་གསོ་བ་ལྟར་གདུལ་བྱ་ལ་ཕན་པ་རྒྱ་ཆེན་པོ་ཐོགས་ཤིང་། གདམས་ངག་མར་མེ་གཞི་འཛིན་དང་འདྲ་བས་རང་གི་རྟོགས་པའི་ཡོན་ཏན་ལ་ཡང་གནོད་པར་མི་འགྱུར་བས་དེའི་དུས་སུ་ནི་གཞན་དོན་ཉག་གཅིག་གཙོ་བོར་བྱ་བ་ཡིན་ནོ། །དེའང་བྱང་སེམས་ཁྱིམ་པས་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་དང་། རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས་ཤིང་། དེ་ཉིད་སྔ་མ་ལས་ཕན་ཡོན་ཀྱང་ཆེ་བར་གསུངས་ཏེ། བྱང་ཆུབ་སེམས་དཔའི་སོ་སོ་བྲང་བ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་ལས། ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དེ་ཤཱ་རིའི་བུ་དེ་བཞིན་གཤེགས་པས་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་། །ཞེས་སོ། །དེ་ཡང་ཡོ་བྱད་བཙལ་བ་སོགས་ཀྱིས་ཚུལ་ཁྲིམས་ལ་གནོད་པར་འགྱུར་བའི་རིགས་ལ་དགོངས་ཀྱི་སྔོན་གྱི་སྦྱིན་འབྲས་ཀྱི་མཐུས་རང་བཞིན་དུ་རྙེད་པ་ལ་གཏོང་བ་བཀག་པ་མ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་དགེ་འདུན་མང་པོ་ལ་འཚོ་བ་སྦྱར་བས་སོགས་སྔོན་དང་ད་ལྟར་གྱི་སྐྱེས་བུ་དམ་པ་འགའ་ཞིག་གི་མཛད་པ་བཞིན་ནོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་ཀྱང་དམ་པ་དྲུག་ལྡན་དུ་བྱ་བར་ཕར་ཕྱིན་བསྡུས་པ་ལས་གསུངས་པའི་དོན་ནི། ཀུན་སློང་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ནི་རྟེན་དམ་པ་༡དང་། སྦྱིན་པ་སྤྱི་དང་བྱེ་བྲག་གི་ཁྱད་པར་གང་ལ་འཇུག་ཀྱང་དེའི་བསམ་པ་མ་དོར་བ་ནི་དངོས་པོ་དམ་༢པ་དང་། སེམས་ཅན་ཐམས་ཅད་ལ་འཕྲལ་དུ་བདེ་བ་དང་ཡུན་དུ་ཕན་པའི་ཕྱིར་གཏོང་བ་ནི་ཆེད་དུ་བྱ་བ་དམ་༣པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ནི་ཐབས་ལ་མཁས་པ་དམ་༤པ་དང་། བཏང་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་དམ་༥པ་དང་། སྒྲིབ་གཉིས་ཀྱི་གཉེན་པོར་གྱུར་བས་རྣམ་དག་དམ་༦པའོ། །ཕར་ཕྱིན་ལྷག་མ་རྣམས་ཀྱང་དེ་དག་དང་ལྡན་དགོས་པར་གསུངས་སོ། །གཞན་ཡང་སྦྱིན་སོགས་ཕར་ཕྱིན་དྲུག་པོ་ཆགས་བདུན་དང་བྲལ་བར་བསྒྲུབ་པའི་ཚུལ་ཡང་གསུངས་ཏེ། ལོངས་སྤྱོད་ནས་ལྟ་བ་ངན་པའི་བར་༡དང་། ཕྱི་བཤོལ་༢དང་། ཆོག་པར་འཛིན་པ་༣དང་། ལན་ལ་རེ་བ་༤དང་། རྣམ་པར་སྨིན་པ་ལ་རེ་བ་༥དང་། སེར་སྣ་ནས་ཤེས་རབ་འཆལ་བའི་བར་མི་མཐུན་པའི་ཕྱོགས་བག་ལ་ཉལ་༦དང་། ཐེག་དམན་ཡིད་བྱེད་དང་འཁོར་གསུམ་དུ་རྟོག་པའི་རྣམ་གཡེང་རྣམས་ལ་མ་ཆགས་པ་སྟེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་པ་ནས་ཤེས་རབ་ཀྱི་བར་དུ་གསུངས་སོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་ན་རང་ལ་གཏོང་ཕོད་དང་། ཚུལ་ཁྲིམས་སོགས་ཤེས་རབ་ཀྱི་བར་ཡོན་ཏན་ཅུང་ཟད་ཡོད་པ་དེས་རློམ་ནས་གཞན་དེ་ལྟ་བུ་དང་མི་ལྡན་པ་ལ་ཁྱད་དུ་བསད་ན་རང་གི་སྦྱིན་སོགས་ལ་སྒྲིབ་པར་འགྱུར་བས་སྤང་བར་བྱ་སྟེ། མགོན་པོ་ཀླུས། བདག་ལ་ཕུན་སུམ་ཚོགས་ཡོད་ཀྱང་། །གཞན་ལ་བརྙས་པར་མི་བྱ་སྟེ། །ཞུན་མར་ལྟ་བུའི་སེམས་ཀྱིས་སུ། །ཡོན་ཏན་མཐའ་དག་ཁོང་དུ་སྦ། །ཞེས་གསུངས་སོ། །གལ་ཏེ་སློང་མོ་བ་མང་པོ་འོང་བ་དང་། གཅིག་གིས་མང་པོ་སློང་བ་སོགས་ལ་སྦྱིན་མ་ནུས་ན། ཚིག་འཇམ་པོའི་སྒོ་ནས་དེའི་སེམས་མི་སུན་པར་བྱ་ཞིང་ནམ་ཞིག་ན་བདག་གིས་སློང་བའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་ནུས། དེ་ལྟར་ནུས་པ་ཞིག་བྱ་སྙམ་དུ་བསམ་པར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། ཇི་སྟེ་སློང་བ་མངོན་དུ་འོང་གྱུར་ཀྱང་། །ཤིན་ཏུ་མཐུ་ཆུང་སྦྱིན་པར་མ་ནུས་ན། །ཅི་ནས་སློང་བ་དམའ་འབབ་མ་གྱུར་པར། །འཇམ་པའི་ཚིག་གིས་དེ་ཡི་ཡིད་ཀྱང་བཞོ། །ཕྱིན་ཆད་སློང་བ་དྲུང་དུ་འོང་གྱུར་ན། །ཅི་ནས་ཡིད་ཆད་དམའ་བར་མི་འགྱུར་བར། །འཇུངས་པའི་སྐྱོན་རྣམས་རྣམ་པར་བསལ་བར་བྱ། །སྲེད་པ་ཡོངས་སུ་སྤང་ཕྱིར་ནན་ཏན་བྱ། །ཞེས་སོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཚུལ་ཁྲིམས་ཀྱི་ངོ་བོ་གང་ཞེ་ན། སྒོ་གསུམ་གྱི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཡང་དག་པར་སྡོམ་པའི་སྒོ་ནས་གཞན་གནོད་གཞི་བཅས་ལ་སྤོང་སེམས་གོམས་ཤིང་བརྟན་པ་སྟེ། དེ་ལ་དབྱེ་ན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་རྣམ་པ་གསུམ་དུ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་བཤད་པ་ཡིན་ནོ། །དེ་གསུམ་གྱི་ཁྱད་པར་ནི། ཀུན་སློང་དང་བཅས་པའི་དབང་དུ་བྱས་ནས་སྒོ་གསུམ་གྱི་མི་དགེ་བའི་ལས་ལམ་བཅུ་སྤོང་བ་དང་། རང་གི་ངོ་བོའི་དབང་དུ་བྱས་ནས་ལུས་ངག་གི་མི་དགེ་བ་བདུན་སྤོང་བའི་སྡོམ་པ་སྟེ། འཇུག་པའི་འགྲེལ་པར། དེ་ལ་ཉོན་མོངས་པ་དང་དུ་མི་ལེན་པའི་ཕྱིར་དང་། སྡིག་པ་མི་འབྱུང་བའི་ཕྱིར་སེམས་ལ་ཡིད་གཅགས་པའི་མེ་ཞི་བས་བསིལ་བ་ཉིད་ཀྱི་ཕྱིར་རམ། བདེ་བའི་རྒྱུ་ཡིན་པ་ཉིད་ཀྱིས་དམ་པ་དག་གིས་བསྟེན་པར་བྱ་བ་ཉིད་ཡིན་པའི་ཕྱིར་ན་ཚུལ་ཁྲིམས་ཏེ། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཆོས་གོས་གསུམ་པོ་ལ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། ཡང་དག་པའི་ལྟ་བ་ནི་དེ་དག་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ཀུན་ནས་སློང་བར་བྱེད་པ་དང་བཅས་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས་ལས་ཀྱི་ལམ་བཅུ་ནི་རྣམ་པར་བཤད་དོ། །ཞེས་སོ། །དེ་ཡང་རྟེན་སོ་ཐར་གྱི་སྡོམ་ལྡན་ཞིག་ཡིན་ན་རིགས་བདུན་གང་རུང་གི་སྐབས་ཀྱི་སྤང་བྱ་དང་བཅས་ལ། མིན་ན་རང་སའི་རྩ་བ་དང་ཡན་ལག་གི་སྤང་བྱ་རྣམས་ཡང་དག་པར་སྡོམ་པར་བྱེད་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་ལ། ཉེས་སྤྱོད་བསྡམས་ནས་དགེ་བ་ཉི་ཚེ་བ་ཙམ་ལ་འཇུག་པ་མ་ཡིན་པར་སྒོ་གསུམ་གྱི་དགེ་བའི་ལས་ལམ་ཐམས་ཅད་ཁྱད་ཆོས་བཞིས་ལྷག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བསྒྲུབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཏེ། འདི་མཐུན་ཕྱོགས་དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུད་པའི་ཚུལ་ལ་བཤད་ཀྱང་ཕར་ཕྱིན་རང་རང་གི་མི་མཐུན་ཕྱོགས་བསྡམས་ནས་བྱང་སེམས་ཀྱིས་བསྒྲུབ་བྱ་ཐུན་མོང་མ་ཡིན་པ་ལ་བསླབ་པས་ཚུལ་ཁྲིམས་ཀྱི་ངོ་བོ་ཚང་བའི་ཆ་ནས་དེར་གཞག་གོ། །དེ་ཡང་རང་དོན་ཙམ་མ་ཡིན་པར་དངོས་བརྒྱུད་གང་ཡང་རུང་བར་གཞན་སེམས་ཅན་རྣམས་ལ་ཕན་པ་ལྷུར་ལེན་པ་སྟེ། དངོས་སུ་ནི་བསྡུ་བ་བཞིའི་སྒོ་ནས་ཕན་གདགས་ལ། བརྒྱུད་ནས་ནི་རང་གི་རྒྱུད་སྦྱོང་བ་ལ་སོགས་པའང་གཞན་དོན་ལ་དམིགས་པ་ཅན་ཏེ་དེ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ཞིང་། དེ་ཡང་རང་དོན་ཡིད་ལ་བྱེད་པའི་བློ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤང་བྱའི་གཙོ་བོ་ཡིན་པས་མི་མཐུན་པའི་ཕྱོགས་དེ་སྡོམ་པའི་ཆ་ནས་ཚུལ་ཁྲིམས་སུ་བཞག་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ལ་གཉིས་ཏེ། ཉེས་སྤྱོད་སྡོམ་པ་དངོས་བཤད་པ། སྡོམ་པ་གསུམ་ལྡན་གྱི་མཐའ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། ཐེག་པ་གོང་འོག་གི་སྡོམ་པའི་ཁྱད་པར་བཤད་པ་དང་། ཐེག་ཆེན་ཉེས་སྤྱོད་སྡོམ་པ་དངོས་བཤད་པའོ། །དང་པོ་ནི། དེ་ལ་སྤྱིར་ཐེག་པ་དམན་མཆོག་གི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱིས་ཉེས་སྤྱོད་སྡོམ་ཞིང་དགེ་བ་ལ་གཞོལ་བ་ཙམ་དུ་འདྲ་ནའང་། ནང་གསེས་ཐེག་དམན་གྱི་སོ་སོ་ཐར་བའི་ཚུལ་ཁྲིམས་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཁྱད་ཆོས་གཉིས་ཏེ། ཁྱད་གཞི་དང་བཅས་ན་ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། འདི་ལྟར་སོ་སོ་ཐར་པ་ནི་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་པས་གཞན་གནོད་གཞི་བཅས་ལས་ལྡོག་པ་ཙམ་གྱི་སྡོམ་པའི་ཚུལ་ཁྲིམས་ལ་བརྟེན་ནོ། །བྱང་ཆུབ་སེམས་དཔའ་ནི་གཞན་ལ་མི་འཚེ་བ་དེ་ཡི་སྟེང་དུ་ཕན་འདོགས་པ་བསྣོན་པ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་ག་དང་ལྡན་པའོ། །སོ་སོ་ཐར་པ་ནི་རིགས་བདུན་པོ་གང་ཡིན་ཀྱང་ལྟུང་བའི་མཚམས་རྣམ་པར་བཞག་པའི་ཚུལ་ལུས་ཀྱི་མི་དགེ་བ་གསུམ། ངག་གི་མི་དགེ་བ་བཞི་སྟེ་སྤངས་པ་བདུན་པོ་རུ་བསྡུས་ནས་དེ་དག་ལས་ཅི་རིགས་སམ་ཐམས་ཅད་སྡོམ་པར་བྱེད་པ་སྟེ། འདི་ལྟར་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་ཐམས་ཅད་ལ་ཀུན་སློང་བའི་བསམ་པ་དང་གཞི་གང་ལ་དེར་འདུ་ཤེས་པ་སོགས་མི་དགོས་པ་མ་ཡིན་ཀྱང་། ལུས་ངག་ཏུ་མ་ཐོན་ན་ལྟུང་བའི་དངོས་གཞིར་མི་འགྱུར་བས་ལུས་ངག་གི་ལས་ཙམ་གཙོ་ལ། བྱང་སེམས་ཀྱི་སྐབས་སུ་བཤད་པའི་ལྟུང་བ་རྣམས་ནི་ལུས་ངག་ཏུ་ཐོན་དགོས་པ་རྣམས་ཀྱང་། གཞན་ལ་ཕན་འདོད་མ་ཡིན་པར་རང་དོན་དུ་དམིགས་པ་སོགས་སེམས་གཙོ་ཆེ་ཞིང་། རྒྱལ་པོའི་རྩ་ལྟུང་ལྔ་པ་དང་། སྨོན་སེམས་གཏོང་བ་ལྟ་བུ་ལུས་ངག་ཏུ་མ་ཐོན་ཀྱང་ལྟུང་བར་འགྱུར་བ་ཡོད་པས་ཀུན་སློང་དང་བཅས་པའི་སྤང་བ་བཅུ་ཀ་གཙོ་བོར་བྱེད་པ་སྟེ། ཕར་ཕྱིན་བསྡུས་པ་ལས། མཐོ་རིས་ཐར་པའི་བདེ་ལམ་གྱུར་པ་སྟེ། །ལས་ལམ་བཅུ་པོ་འདི་ལས་ཉམས་མི་བྱ། །འདི་ལ་གནས་པས་འགྲོ་ལ་ཕན་བསམ་པའི། །བསམ་པའི་ཁྱད་པར་འབྲས་བུ་ཡོད་པར་འགྱུར། །ངག་ལུས་ཡིད་རྣམས་ཡང་དག་བསྡམ་བྱ་བ། །མདོར་བསྡུས་ཚུལ་ཁྲིམས་ཡིན་ཞེས་རྒྱལ་བས་གསུངས། །ཞེས་སོ། །དེས་ན་ཁྱད་གཞི་གཉིས་པོ་དེ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་ནི། བྱང་སེམས་མ་ཡིན་པའི་རབ་བྱུང་གི་རྒྱུད་ལས་ཁྱད་པར་འཕགས་པས་ཁྱད་ཆོས་བཞིར་དོན་གྱིས་འགྱུར་རོ། །དེ་ལྟ་ནའང་གནང་བཀག་ཤེས་ནས་བསླབ་པའི་ཚུལ་ནི། སོ་བྱང་གི་ཁྱད་པར་འདི་ལྟར་གང་སྤང་པ་ལ་བསླབ་པར་བྱ་བའི་གནས་སྲོག་གཅོད་པ་ལ་སོགས་པ་ནི་སོ་ཐར་གྱི་སྐབས་སུ་རྟེན་གྱི་གང་ཟག་རང་དོན་ཁོ་ན་བསྒྲུབ་པ་དང་། དངོས་པོ་ལ་མངོན་པར་ཞེན་པ་ཅན་ཡིན་པ་ལ་དགོངས་ནས་གཞན་གྱི་དོན་དུ་འགྱུར་ཡང་བྱེད་པར་མ་གནང་བས་ཇི་ལྟར་བཅས་པ་དེ་ལས་མི་འབྲལ་ལ། བྱང་ཆུབ་སེམས་དཔའ་ནི་གཞན་དོན་གྱི་བསམ་པ་རྒྱ་ཆེ་ཞིང་། དངོས་པོ་ལ་མངོན་ཞེན་ཆུང་བས་དེ་ལ་དགོངས་ནས་གཞན་གྱི་དོན་དུ་འགྱུར་ན། ལུས་དང་ངག་གཉིས་ཀྱི་མི་དགེ་བ་རྣམ་པ་བདུན་ག་ཡང་གནང་བར་བཤད་དེ། དེ་ཡང་གཞན་དོན་དུ་དངོས་སུ་འགྱུར་བ་དང་། འགྱུར་བར་ངང་གིས་ཤེས་པ་དང་། རང་གི་དགེ་བའི་ཚོགས་དེ་ལས་གྱ་ནོམ་པ་ལ་མི་སྒྲིབ་པའི་སྟེང་། སེམས་ཀྱི་འཕེན་པའི་སྟོབས་ཀྱིས་འཕེལ་བར་འགྱུར་བ་ཡི་གནས་སྐབས་གསུམ་པོ་དེ་བརྟགས་ནས་ཚང་ན་མི་དགེ་བའི་རྣམ་པ་ལྟར་སྣང་བ་དེ་དང་དེ་བྱེད་པར་གནང་བའི་སྐབས་ཡོད་དེ། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ལས། གང་དག་བདག་གི་དོན་ལ་བལྟ་བ་ཅུང་ཟད་ཙམ་ཡང་མེད་ལ། བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི། ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པའམ། ལོག་པར་ལྟ་བ་ཉིད་མ་གཏོགས་པ་དག་ལ་ལར་རྗེས་སུ་གནང་བ་སྣང་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ལ་ཕབ་པའི་གཙུག་ལག་དག་ལ་བལྟའོ། །ཞེས་འབྱུང་ངོ་། །ལུས་ངག་གི་ལས་བདུན་པོ་བྱང་སེམས་ཇི་ལྟ་བུ་ལ་གནང་ན། འདི་ལྟར་དེད་དཔོན་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཚོང་པ་ལྔ་བརྒྱ་དང་འགྲོགས་ནས་འགྲོ་བའི་སྐབས། མི་ནག་མདུང་ཐུང་ཅན་ཞེས་བྱ་བས་ཚོང་པ་དེ་དག་གི་སྲོག་འཕྲོག་པར་དེད་དཔོན་དེས་ཤེས་ནས་སྡིག་ཏོ་ཅན་ལས་ཀྱི་རྣམ་སྨིན་ལས་ཐར་བ་དང་། ཚོང་པ་རྣམས་སྲོག་གི་འཇིགས་པ་ལས་གྲོལ་བའི་ཕྱིར་རང་ཉིད་ངན་སོང་དུ་ལྟུང་ཡང་བཟོད་སྙམ་པའི་སེམས་སྟོབས་ཆེན་པོ་བསྐྱེད་ནས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བརྒྱད་ཁྲིའི་ཚོགས་རྫོགས་པར་བཤད་པ་ལྟ་བུ་དང་། འབྱོར་ཡང་སེར་སྣས་མི་སྦྱིན་པ་དང་། བཀྲེས་པས་སྲོག་ལ་ཐུག་པ་གཉིས་ཀའི་དོན་དུ་སེམས་བསྐྱེད་ནས་ཕྱུག་པོ་ལས་བརྐུས་ཏེ་དབུལ་པོ་ལ་སྟེར་བ་ལྟ་བུ་དང་། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བ་ཞེས་བྱ་བས་ལོ་བཞི་ཁྲི་ཉིས་སྟོང་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ་ན། ཚོང་དཔོན་གྱི་བུ་མོ་དེ་ལ་ཆགས་ཏེ་འདོད་པས་གདུང་ནས་སྐབས་དེ་ཉིད་དུ་འཆི་བར་བརྩམ་པ་ལས་བཟློག་པའི་སླད་དུ་བདག་དམྱལ་བར་སྐྱེ་ཡང་སླ་སྙམ་པའི་སྙིང་རྗེའི་སེམས་ཀྱིས་ཚངས་སྤྱོད་གཏང་བས་བསྐལ་པ་བཞི་ཁྲིའི་ཚོགས་རྫོགས་པར་བཤད་པ་ལྟ་བུ་དང་། དེ་དགེ་བ་ལ་རིམ་གྱིས་སྦྱོར་བའི་ཕྱིར་དེ་ལ་སྤྱོད་པ་ལྟ་བུ་འདོད་ལོག་དང་དེ་དག་དཔེར་མཚོན་ནས་ངག་གི་ལས་བཞི་ཡང་། གསོད་ངེས་པའི་སེམས་ཅན་ཀྱི་སྲོག་སྐྱོབ་པའི་ཕྱིར་རྫུན་སྨྲ་བ་ལྟ་བུ་དང་། སྡིག་པའི་གྲོགས་ཀྱིས་ཡོངས་སུ་བསླད་ཅིང་ངན་འགྲོར་འཁྲིད་པ་ལས་ལྡོག་ཕྱིར་དེ་གཉིས་ཕྲ་མས་དབྱེ་བ་ལྟ་བུ་དང་། མྱ་ངན་གྱིས་ནོན་པ་ཡེངས་ལ་བོར་བའི་ཕྱིར་རམ། ཆོས་ལ་འཇུག་པའི་དགོས་པ་མཐོང་ནས་སྒྲུང་དང་བཞད་གད་སྨྲ་བ་ལྟ་བུའི་ངག་འཁྱལ་དང་། སྡིག་པའི་བྱ་བ་ལ་འཇུག་པ་དེ་ལས་བཟློག་ཕྱིར་ཚིག་རྩུབ་མོས་སྤྱོ་བ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་རང་འདོད་ཀྱི་འཁྲིས་མེད་ཅིང་གཞན་ཕན་དོན་གཉེར་གྱི་བསམ་པ་དང་ལྡན་པ་རྣམས་ཀྱིས་ནི་རྣམ་པའི་གཟུགས་བརྙན་ཉེས་པ་མི་དགེ་བ་ལྟར་སྣང་བ་ཅི་བྱེད་ནའང་དོན་ལ་དགེ་བ་ཡིན་པའི་ཕྱིར་དེ་འདྲ་བའི་བྱང་སེམས་ལ་གནང་བ་ཡིན་ཏེ། བཞི་བརྒྱ་པར། བསམ་པ་བྱང་ཆུབ་སེམས་དཔའ་ཡི། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་ཕྱིར་རོ། །ཞེས་དང་། སྡོམ་པ་ཉི་ཤུ་པར། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་དང་། སེམས་ཀྱི་སྒྲིབ་སྦྱོང་ལས། དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་གྱུར་ནས། །ཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྤྱོར་བ་མ་ཡིན་ནོ། །ཞེས་སོ། །དེ་ལྟ་བས་ན་རྒྱུ་ལས་དགེ་སྡིག་དང་འབྲས་བུ་བདེ་སྡུག་དག་ནུས་པ་མཐུ་ཅན་དུ་བསམ་པའི་བྱེ་བྲག་གིས་བྱས་པའི་ཕྱིར་ན་ཡིད་ཀྱི་མི་དགེ་བ་གསུམ་པོ་ནི་ཀུན་སློང་རང་བཞིན་གྱི་མི་དགེ་བར་སྐྱེ་བས་དེ་ལ་གནང་བའི་སྐབས་ཡོད་པ་མ་ཡིན་ནོ། །འོ་ན་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ལས། ལོག་པར་ལྟ་བ་ཉིད་མ་གཏོགས་པ་ཞེས་ཡིད་ཀྱི་ལས་སྔ་མ་གཉིས་གནང་བར་བསྟན་པ་ཇི་ཞེ་ན། དེ་ནི་ཀུན་སློང་ལེགས་པར་བརྟགས་ན་ཚོགས་བསགས་པའི་སྐལ་བས་དམན་པའི་གང་ཟག་གི་ནོར་ལ་དེའི་དོན་དུ་མཆོད་སྦྱིན་གྱི་ཕྱིར་བརྣབས་སེམས་པ་ལྟ་བུ་དང་། བསྟན་འགྲོ་ལ་གནོད་པའི་གང་ཟག་གི་ཁ་རྗེ་དབང་ཐང་ལ་སོགས་ཉམས་པར་འདོད་པའི་གནོད་སེམས་ལྟ་བུ་ལས་ལམ་གཉིས་པོའི་མཚན་ཉིད་མི་ཚང་བས་གནང་བའི་སྐབས་ཡིན་པར་བསྡུ་བར་བྱས་ཀྱི། ཡིད་ཀྱི་ལས་མཚན་ཉིད་པ་གཉིས་པོ་དེ་ནི་གནང་བར་བསྟན་པ་གང་ནའང་མེད་དོ། །དེས་ན་ཐེག་དམན་དུ་བཀག་པ་དག་ཐེག་པ་ཆེན་པོར་གནང་བ་རྣམས་ནི་སེམས་ཅན་གྱི་བློ་རིམ་དང་ནུས་པ་ལ་དགོངས་པ་ཡིན་པས་དྲང་ངེས་སྣ་ཚོགས་པའི་སྒོ་ནས་བསྟན་པའི་གསུང་རབ་རྣམས་བརྗོད་དོན་ཐ་དད་པ་ལྟར་སྣང་ཡང་དོན་ལ་འགལ་བ་མི་སྲིད་དེ། གསུང་བསྟོད་ལས། གནང་བ་དང་ནི་བཀག་པ་ལ། །ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བ་མ་མཆིས་སོ། །ཞེས་པ་ལྟར་རོ། །དེས་ན་སྤྱིར་བཏང་རྟེན་གྱི་གང་ཟག་ཐེག་དམན་པ་ལ་བཀག་པ་དེ་ཐེག་ཆེན་པ་ལ་གནང་བ་དེ་ལྟར་ཡིན་ནའང་། ཐེག་པ་ཆེན་པོ་བ་རྒྱལ་སྲས་ཀྱི་སྡོམ་པ་ལ་གནས་པ་ལས་དང་པོ་པ་རྣམས་ཀྱིས་ཀྱང་གནང་བཀག་གི་གནས་གང་ལའང་རང་རང་གི་བློའི་མཐུ་དང་ཉམས་ལ་དཔགས་ནས་དགག་སྒྲུབ་རིགས་པ་དང་མི་རིགས་པ་མ་བརྟགས་པར་རང་གིས་ནུས་ཤིང་གཞན་དོན་དུ་འགྱུར་ངེས་པ་ལྟ་བུ་བརྩམ་པར་བྱ་བའི་གནས་མཐོང་ཡང་རང་དོན་ཞི་བདེ་ཙམ་གཉེར་ནས་དེ་ཉིད་བཟློག་པ་དང་། བཟློག་པར་བྱ་བའི་གནས་ཉེས་པ་ཅན་དུ་མཐོང་ཡང་བསླབ་པའི་གནས་འོག་མ་བྱ་དཀའ་བ་ལ་འཇིགས་ནས་དེ་བསྲུང་བ་སྤངས་ཏེ་གོང་མ་བབ་ཅོལ་དུ་སྤྱོད་པ་དང་། འཇུག་ལྡོག་གཉིས་ཀའི་ཆ་ལ་བཏང་སྙོམས་སུ་འཇོག་པ་སྟེ་མདོར་ན་དངོས་བརྒྱུད་གང་ཡང་རུང་བར་གཞན་གྱི་ཕྱིར་ཕན་པར་མི་སེམས་པ་དང་རང་རྒྱུད་ཁ་ན་མ་ཐོ་བས་གོས་པ་སྤང་བའི་ཐབས་མི་བསྒྲུབ་པ་གང་དང་གང་ཡིན་པ་དེ་རྣམ་པ་ཇི་ལྟ་བུ་ཡིན་ཀྱང་ལྟུང་བའི་རྒྱུ་རུ་ཐམས་ཅད་གཅིག་པར་གསུངས་པ་ཡིན་ཏེ། འདི་ལྟར་ལྟུང་བ་དང་དེའི་གཟུགས་བརྙན། ལྟུང་མེད་དང་དེའི་གཟུགས་བརྙན་དུ་འཆད་པའི་མུ་བཞི་པོ་ཚུལ་ཁྲིམས་གསུམ་དུ་སྦྱར་ན། སྡོམ་པའི་ཚུལ་ཁྲིམས་ལ་ཞེ་སྡང་གིས་སྲོག་གཅོད་པ་ལྟུང་བ། ཕན་སེམས་ཀྱིས་གསོད་པ་ལྟུང་བའི་གཟུགས་བརྙན། སྙིང་རྗེས་མི་གསོད་པ་ལྟུང་མེད། གཞན་ལ་ཕན་ཀྱང་མི་གསོད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དགེ་བ་ཆོས་སྡུད་ལ། སེར་སྣས་མི་སྟེར་བ་ལྟུང་བ། །ཕན་སེམས་ཀྱིས་མི་སྟེར་བ་ལྟུང་བའི་གཟུགས་བརྙན། བསམ་པ་དག་པས་སྟེར་བ་ལྟུང་མེད། གཞན་ལ་གནོད་ཕྱིར་སྟེར་བ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སེམས་ཅན་དོན་བྱེད་ལ། ནད་པའི་རིམ་གྲོ་མ་བྱས་པ་ལྟུང་བ། དོན་ཆེན་བསྒྲུབ་པའི་སླད་དུ་དེ་ལས་ལྡོག་པ་ལྟུང་བའི་གཟུགས་བརྙན། བརྩེ་བས་ནད་གཡོག་བྱེད་པ་ལྟུང་མེད། དེ་ལ་རིམ་གྲོ་བ་ཡོད་བཞིན་དུ་རང་གི་དགེ་བའི་ལས་དོན་ཆེན་པོ་དོར་ནས་ནད་གཡོག་བྱེད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དེ་ལྟར་གནང་བཀག་གི་ཚུལ་དེ་རྣམས་ཐོག་མར་ཤེས་པར་བྱས་ནས་ཤེས་པ་ཙམ་དུ་མ་ལུས་པར་དྲན་ཤེས་བག་ཡོད་ཀྱིས་དངོས་སུ་ལག་ལེན་ལ་ཐེབས་པ་ཞིག་བྱུང་ན་དོན་ཆེ་བ་ཡིན་ནོ། །གཉིས་པ་ཐེག་ཆེན་ཉེས་སྤྱོད་སྡོམ་པ་དངོས་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་གསར་དུ་སེམས་བསྐྱེད་ནས་བསླབ་པ་ལ་སློབ་པའི་དང་པོའི་ལས་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་ཉོན་མོངས་པ་འདུལ་བའི་དུས་ཡིན་པས། འདོད་པའི་ཉེས་དམིགས་ཤེས་ཤིང་ཐར་པའི་ཕན་ཡོན་ལ་བྲོད་པ་བསྐྱེད་དེ་ཉོན་མོངས་པས་བསྐྱེད་པའི་ཉེས་སྤྱོད་ཀྱིས་རང་རྒྱུད་གོས་པར་མི་འགྱུར་བའི་ཐབས་ལ་བློ་ཡང་ཡང་སྦྱོང་བའི་ཚུལ་ནི་རས་ཡུག་ཁྲུས་ཀྱིས་སྦྱང་བའམ་སྣམ་བུ་ཚོས་སུ་བཙོས་པ་བཞིན་འདོད་པ་ལ་མངོན་པར་ཞེན་པ་ལ་སོགས་པའི་སྐྱོན་གྱིས་ཇེ་དག་དང་། ངེས་འབྱུང་དང་དད་པ་ལ་སོགས་པའི་རྣམ་པར་སེམས་འགྱུར་ཏེ་ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་བ་ལ་བསླབ་ཅིང་སྤྱོད་པ་ནི་གཙོ་ཆེ་སྟེ། དེ་ཡང་ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ལ་ཟླ་སྐྱེད། ཐ་མ་ལའང་ལོ་སྐྱེད་ཐོན་པ་ཞིག་དགོས་པར་བཤད་པས་རྟག་ཏུ་རང་རྒྱུད་ལ་བརྟགས་དཔྱད་བྱས་ཏེ་ཆོས་ཀྱིས་སེམས་ལ་ཕན་ཐོགས་སམ་མ་ཐོགས་པ་ལྟ་ཞིང་རང་རྒྱུད་འདུལ་བ་ལ་བསླབ་པར་བྱ་དགོས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་པ་གསུམ་ལས་ཐོག་མར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རང་རྒྱུད་མ་དག་པར་དགེ་བའི་ཆོས་སྡུད་པ་དང་། སེམས་གྱི་དོན་བྱེད་པ་སྟེ་ཚུལ་ཁྲིསམ་གཞན་གཉིས་པོ་རང་གི་ནུས་ཚོད་ཙམ་ཞིག་ལས་གཙོ་བོར་གཉེར་ཏེ་དཔེར་ན་རྙེད་པ་མང་པོ་རྩོལ་བས་བསྒྲུབས་ནས་རེ་དོགས་དང་མངོན་རློམ་བསྐྱེད་པའི་རྟེན་བཞེངས་དང་མཆོད་སྦྱིན་རྒྱ་ཆེར་བྱེད་པ་དང་འཚོགས་པ་མང་པོ་བསྡུས་ནས་རྣམ་གཡེང་དང་བག་མེད་བསྐྱེད་པའི་ཆོས་བཤད་བྱེད་པ་ལྟ་བུས་མཚོན་ཉེས་པ་དང་འདྲེས་པའི་དགེ་སྦྱོར་དང་། རང་དོན་སྟོར་བའི་གཞན་དོན་བྱེད་པ་དེ་འདྲ་བ་ལ་རང་ཅག་ཕལ་ཆེར་གྱིས་མཆོག་ཏུ་རློམ་ནའང་དགེ་བའོ་ཆོས་སྒྲ་ཇི་བཞིན་པ་སྟོབས་སུ་འགྱུར་བ་དང་། གཞན་དོན་ཇི་བཞིན་པ་འོང་དཀའ་བར་མ་ཟད་རང་གི་བྱང་ཆུབ་སྒྲུབ་པའི་ལམ་བསླབ་པ་གསུམ་ལ་བར་ཆད་མང་པོར་འགྱུར་བའི་ཕྱིར། བྷཾ་ག་ལའི་པཎྜི་ཏས། ཚོགས་ཀྱི་ལམ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྦྱོར་བའི་ལམ་པ་ལ་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་པ་ལ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་བརྩིས་ན་ཚོགས་ལམ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་ཆེན་པོའི་དུས་སུ་གང་ཟག་གསུམ་པའི་བསླབ་པ་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། །རྒྱུ་མཚན་དེས་ན་ལས་དང་པོ་པས་སྨོན་འཇུག་གི་མི་མཐུན་པའི་ཕྱོགས་རང་སའི་རྩ་བ་དང་ཡན་ལག་གི་ཉེས་ལྟུང་རྣམས་ཕྲས་ནས་བསྲུང་བ་དང་། དེར་མ་ཟད་སོ་སོ་ཐར་པའི་སྡོམ་པ་ནི་ཉན་ཐོས་ཀྱི་ཡིན་པས་ཉམ་ཆུང་ངོ་སྙམ་དུ་མི་བལྟ་བར་རིགས་བདུན་གང་རུང་གི་སྡོམ་པ་ཡང་དག་པར་བླངས་ཏེ་བསྲུང་ཞིང་། དེ་དག་ལས་ཀྱང་རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ནི་ཁྱིམ་པ་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་ཅན་དུ་མདོ་སྡེའི་རྒྱན་ལས་བཤད་དེ། ཇི་སྐད་དུ། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་སོ། །དེ་བཞིན་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས་ཀྱང་། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །བླ་མེད་བྱང་ཆུབ་དམ་པ་གཞར་མི་ཐོབ། །ཅེས་དང་། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་གསུངས་པས་འཕགས་པའི་ས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཆེན་པོའི་ལམ་གྱི་རྟེན་དུ་རབ་ཏུ་བྱུང་བ་བསྔགས་པས་ལས་དང་པོ་པས་རབ་བྱུང་གི་སྡོམ་ཁྲིམས་བླངས་ནས་ཚུལ་བཞིན་བསྲུང་བའི་སྒོ་ནས་ཉེས་སྤྱོད་སྡོམ་པ་ལ་གཙོ་བོར་བསླབ་པར་བྱ་སྟེ། ཐ་ན་རྟགས་ཀྱི་ཁྱད་པར་ལས་ཀྱང་བསྲུང་སེམས་ཀྱི་གཉེན་པོ་ཆེ་བ་དང་རྟེན་དེར་གྱུར་པ་ཙམ་ནས་ལྷ་དང་མི་རྣམས་ཀྱི་མཆོད་གནས་སུ་ཤེས་སླ་བས་འཚོ་བས་མི་ངལ་བ་དང་། སྡིག་པའི་གྲོགས་ཀྱིས་དམའ་དབབ་པར་དཀའ་བ་དང་། སེམས་ལ་འགྱོད་པ་དང་རྣམ་པར་གཡེང་བ་མེད་པས་ཏིང་ངེ་འཛིན་གྱི་རྒྱུའི་གཙོ་བོ་དང་ལྡན་པ་དང་། ཐོག་མ་ཉིད་དུ་གྲོལ་བ་དང་མི་ལྡན་ཡང་ཚུལ་ཁྲིམས་དང་ལྡན་པའི་རྒྱུས་དཀོར་དང་དད་ཟས་འཇུ་སླ་བས་ཉེས་དམིགས་དང་མི་འགྲོགས་པ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་པའི་ཕྱིར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རང་སའི་ཐུན་མོང་མ་ཡིན་པའི་སྡོམ་པ་ཙམ་ལ་སོ་ཐར་མཚན་ཉིད་པའི་སྒྲ་བཤད་པ་ཡང་མེད་དེ། སོ་སོ་ཐར་པ་ནི་རྒྱུ་ལ་འབྲས་བུའི་མིང་དུ་ཆགས་ཏེ། ལེགས་པའི་ལམ་བསྟན་པ་ལས། ལམ་འདི་ནི་སོ་སོ་ཐར་པར་འགྲོ་བས་ན་སོ་སོ་ཐར་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་ལ་གྲོང་ཁྱེར་གྱི་ལམ་ཞེས་བྱ་བ་དང་འདྲའོ། །ཞེས་གསུངས་པ་ལྟར་རང་ཉིད་ལས་དང་ཉོན་མོངས་པའི་རྒྱུས་འཁོར་བར་འཁོར་བ་ལས་ཐར་པའི་ཐབས་སུ་ཉེས་སྤྱོད་སྡོམ་པ་ལ་བཤད་པས་སོ། །དེས་ན་བྱང་ཆུབ་སེམས་དཔའི་སྡོམ་ལྡན་གྱི་རྒྱུད་སོ་ཐར་གྱི་སྡོམ་པས་བསྡམས་པ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ཞེས་བཏགས་པ་ཙམ་དུ་རིག་པར་བྱའོ། །རྒྱུ་མཚན་དེ་ལྟ་བས་ན་ཆོ་གའི་སྒོ་ནས་སོར་སྡོམ་ལེན་གསོ་ལ་སོགས་པའི་ཚུལ་ཐེག་ཆེན་གྱི་སྡེ་སྣོད་རྣམས་ལས་གསལ་བར་བསྟན་པ་མེད་དེ། སོ་སོ་ཐར་པ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ་སྡེ་ཚན་གཅིག་པ་ཞིག་བོད་དུ་འགྱུར་མོད་ཀྱི། འདུལ་བ་གླེང་གཞིས་འཆད་པ་ལྟར་ལུས་ངག་གི་ཉེས་པར་སྤྱད་པའི་སྡོམ་པའི་རབ་དབྱེ་དང་ཆོ་གའི་ཁྱད་པར་ཟུར་དུ་མ་བསྟན་ཏོ། །དེས་ན་བྱང་སེམས་ཀྱི་སྡོམ་པ་སོ་ཐར་གྱི་རྟེན་དུ་མི་རུང་བའི་ལྷ་ཀླུ་གནོད་སྦྱིན་གྱི་རིགས་ལའང་སྐྱེ་རུང་བར་བཤད་དེ། དེའི་རྒྱུ་མཚན་ཀྱང་ཚོགས་གཉིས་ཀྱི་སྦྱངས་པ་སྔོན་སོང་ཞིང་ཐེག་པ་ཆེན་པོའི་ཆོས་ནམ་མཁའ་ལྟར་རྒྱ་ཆེ་ཞིང་ཟབ་པའི་དོན་ཉམས་འོག་ཏུ་ཆུད་ནུས་པའི་སེམས་སྟོབས་ཆེན་པོ་ཅན་ནི་ལུས་རྟེན་ཁྱིམ་པ་དང་རབ་བྱུང་གང་ཡིན་ཡང་བསམ་པའི་རྟེན་གཙོ་ཆེ་སྟེ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འདོད་པའི་ཡོན་ཏན་ཐམས་ཅད་མ་སྤང་བཞིན་དུ་དབང་བསྐུར་ནོད་པ་ཙམ་གྱིས་མོད་ལ་སྡོམ་པ་གསུམ་ཆར་ངོ་བོ་གཅིག་པའི་ཚུལ་གྱིས་ཐོབ་པར་གྱུར་པ་བཞིན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་ཉན་ཐོས་དང་ཐུན་མོང་པའི་སོ་ཐར་གྱི་སྡོམ་པ་བླངས་ནས་དེ་དང་བཅས་པ་སྲུང་བ་ལ། སྤྱིར་སོར་སྡོམ་ཐོབ་བྱེད་ཀྱི་ཆོ་ག་ནི་གཉིས་ཏེ། ཚེགས་ཆུང་ངུས་རྫོགས་པ་སྔོན་གྱི་ཆོ་ག་ནི་སངས་རྒྱས་དང་རང་སངས་རྒྱས་གཉིས་རང་བྱུང་གི་དགེ་སློང་དང་། སྟོན་པ་རྫོགས་སངས་རྒྱས་ནས་ཡུན་རིང་པོར་མ་ལོན་པའི་དུས་སུ་གདུལ་བྱ་རྣམས་ཤེས་རབ་དང་། རྒྱུད་དང་། དབང་པོ་རྣམས་སྨིན་པ་ཤས་ཆེ་ཞིང་། ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་གསུམ་ཤས་ཆུང་བས། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་ཆུད་ཀྱིས་དང་། ཤཱ་རིའི་བུ་སོགས་ཚུར་ཤོག་གིས་དང་། འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་པས་དང་། སྐྱེ་དགུའི་བདག་མོ་ལྕི་ཆོས་བརྒྱད་ཁས་བླངས་པས་དང་། ལེགས་བྱིན་དྲིས་པའི་ལན་ལ་དགྱེས་པས་དང་། བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་གསུམ་འཛིན་པར་ཁས་བླངས་པས་དང་། ཆོས་སྦྱིན་མ་ཕྲིན་གྱིས་ཏེ་ཐབས་སླ་བ་མང་པོ་དང་། མཁན་སློབ་མེད་པར་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་ཅིག་ཆར་དུ་བསྒྲུབ་པ་རྣམས་ཏེ་དེ་དག་ལས་གསོལ་བཞིས་བསྒྲུབ་པ་ནི་སྔོན་ཆོག་མཚན་ཉིད་པའོ། །ཚེགས་དང་བཅས་པ་ད་ལྟའི་ཆོ་གའི་སྒོ་ནས་རྫོགས་པར་བྱེད་པ་ལ། དུས་ཕྱིས་ཀྱི་གང་ཟག་རྣམས་སྨིན་གསུམ་ཤས་ཆུང་ཞིང་སྒྲིབ་གསུམ་ཤས་ཆེ་བས། འགལ་རྐྱེན་ངེས་པ་ལྔ་དང་བྲལ་ཞིང་སྡོམ་པ་སྐྱེ་བ་དང་གནས་པ་དང་ཁྱད་པར་དུ་འགྲོ་བ་དང་། མཛེས་པའི་བར་ཆད་རྣམས་མེད་ཅིང་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་བསྒྲུབ་བྱ་དེ་སྒྲུབ་བྱེད་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཁན་པོ་དང་བཅས་པའི་དགེ་འདུན་ཡུལ་དབུས་མཐའི་ཁྱད་པར་གྱིས་བཅུ་ཚོགས་སམ་ལྔའི་ཚོགས་པས་བསླབ་ཚིགས་གསུམ་པོ་རིམ་གྱིས་སྦྱིན་པའི་སྒོ་ནས་རྫོགས་པར་བྱེད་པར་བྱེད་པའོ། །ཐོབ་བྱ་སྡོམ་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའི་ཁྱིམ་པའི་ཕྱོགས་ལ་བརྟེན་པ་རྣམས་ཀྱིས་ནི་དགེ་བསྙེན་གྱི་སྡོམ་པའི་དབྱེ་བ་འོག་ཏུ་འཆད་འགྱུར་ལྟ་བུའི་གང་ཡང་རུང་བ་དང་ནི། ཡང་ན་བསྙེན་གནས་ཀྱི་སྡོམ་པ་སྟེ། དེ་ཡང་སྤྱིར་དུས་ཁྲིམས་ཡིན་པས་གོང་མའི་རྟེན་དུ་མི་རུང་བར་བཤད་ཀྱང་འདིའི་བསྲུང་བྱ་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་བསྲུང་བའི་གོ་མའི་དགེ་བསྙེན་དུ་གྲགས་པ་དེའམ། ཡང་ན་ཉིན་གཅིག་ཏུ་སྲོག་གཅོད་པ་སྤངས་ཏེ་སེམས་བསྐྱེད་པར་བཤད་པ་ལྟ་བུས་མཚོན་ཉ་སྟོང་ཚེས་བརྒྱད་སོགས་སུ་ཡན་ལག་བརྒྱད་པའི་ཁྲིམས་བསྲུང་བར་དམ་བཅས་ནས། དུས་དང་དུས་སུ་ལེན་པར་བྱེད་ན་ཐེག་ཆེན་གསོ་སྦྱོང་དུ་ཡང་འགྱུར་བས་དེ་ལྟར་གཏན་ཁྲིམས་དང་དུས་ཁྲིམས་གཉིས་པོ་དེ་ལས་གང་ཡང་རུང་བ་ཞིག་བླངས་ནས་དེའི་སྟེང་དུ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སྤང་སྒྲུབ་ཀྱི་བསླབ་བྱ་དང་བཅས་པ་རྟག་ཏུ་བསྲུང་བར་བྱེད་པའོ། །རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་རྣམས་ཀྱིས་ནི་དགེ་སློང་གི་སྡོམ་པའམ། དགེ་ཚུལ་གྱི་སྡོམ་པ་དང་། དགེ་སློབ་མ་ཡི་སྡོམ་པ་གང་ཡང་རུང་བ་ཞིག་བླངས་ཏེ་ཚུལ་བཞིན་བསྲུང་བ་དང་ལྡན་པའི་སྟེང་དུ་སྨོན་པ་དང་འཇུག་པའི་བསླབ་པ་ཐུན་མིན་གཉིས་དང་བཅས་བསྲུང་བ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་རང་སའི་ཚུལ་ཁྲིམས་ཏེ། དེ་དག་གི་རྒྱུད་ཀྱི་སོར་སྡོམ་དེ་ཐེག་ཆེན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་ནོ། །དེ་ལ་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་གསུམ་པོ་ལ་བརྟེན་སྐྱེས་པ་དང་བུད་མེད་ཀྱི་བྱེ་བྲག་གིས་ཕ་མ་གཉིས་རེར་ཕྱེ་བས་དྲུག་དང་། དེའི་སྟེང་དུ་དགེ་སློབ་མའི་དང་བསྙེན་གནས་ཀྱི་སྡོམ་པ་གཉིས་བསྣན་པས་སོ་ཐར་རིགས་བརྒྱད་དང་། བསྡུ་ན་སྔ་མ་གསུམ་པོའི་ཕ་མའི་སྡོམ་རྫས་ལ་ཐ་དད་མེད་པས་བཞི་ཡིན་ཏེ། མཛོད་ལས། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ཏེ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཁྱིམ་པའི་བསླབ་བྱ་བཤད་པ་དང་། རབ་བྱུང་གི་བསླབ་བྱ་བཤད་པའོ། །དང་པོ་ལ་གཉིས་ཏེ། དགེ་བསྙེན་གྱི་བསླབ་བྱ་བཤད་པ་དང་། བསྙེན་གནས་ཀྱི་བསླབ་བྱ་བཤད་པའོ། །དང་པོ་ནི། ཁྱིམ་པའི་སྡོམ་པ་ལ་དབྱེ་ན། ཡོངས་རྫོགས་བསྲུང་བ་དང་། ཚངས་པར་སྤྱོད་པའི་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ་སྣ་གཅིག་སོགས་ནི་སྔ་མའི་བསྲུང་བྱའི་ནང་དུ་འདུ་ཞིང་། བསྙེན་གནས་ནི་ཕྱི་མའི་ཕྱོགས་སུ་གཏོགས་པའི་ཕྱིར་རོ། །འདི་ལ་ནང་གསེས་ཀྱི་དབྱེ་བ་ལྔ་པོ་ལ་བསམ་ནས་ལྔ་ཡིན་ཏེ། ཞེས་འབྲུ་བཅོས་བྱས་པར་སྣང་བས་དེ་ལྟར་ཡང་འགལ་བ་མེད་མོད་ཡི་གེ་ཕལ་ཆེ་བ་ན་གཉིས་ཞེས་ཡོད་པས་དེ་བཞིན་དུ་འགྲེལ་ལོ། །དེ་ལ་དང་པོ་ཡོངས་རྫོགས་དགེ་བསྙེན་གྱི་བསྲུང་བྱ་ལས་སྲོག་གཅོད་པའམ། མ་བྱིན་པར་ལེན་པའམ། འདོད་ལོག་གམ། རྫུན་དུ་སྨྲ་བ་རྣམས་ལས་གང་ཡང་རུང་བ་གཅིག་སྤོང་བ་ལ་སྣ་གཅིག་བསྲུང་བ་ཞེས་བྱ་སྟེ་སྲོག་གཅོད་པ་ལྟ་བུ་ཁོ་ན་སྤང་བའོ། །འདི་དག་ཀྱང་ཡུལ་གྱི་ཡན་ལག་ཏུ་མི་ཡིན་པ་དགོས་ཏེ། འགྲོ་བའི་གཙོ་བོ་མི་ཡིན་པའི་ཕྱིར་རོ། །དེ་ཡི་སྟེང་མ་བྱིན་ལེན་པ་ལྟ་བུ་གཅིག་སྤོང་བ་བསྣན་ཏེ་གཉིས་པོ་བསྲུང་བ་ལ་ནི་ཕྱོགས་གཅིག་ལྡན་པའམ་སྣ་འགའ་བསྲུང་བ་ཞེས་བྱའོ། །དེ་ཡི་སྟེང་དུ་རྫུན་སྨྲ་བ་སྤང་བ་ལྟ་བུ་བསྣན་ཏེ་གསུམ་བསྲུང་བ་ལ་ཕལ་ཆེར་བསྲུང་བ་ཞེས་བྱའོ། །དེ་སྟེང་འདོད་ལོག་སྤང་བ་བསྣན་ཏེ་རྩ་བ་ཕྱེད་དང་བཞི་ཆང་དང་བཅས་པ་སྤངས་ན་ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད་པ་ཡིན་ནོ། །དེ་ལ་ཆང་ཡན་ལག་ཏུ་བཞག་པ་ནི་དེ་མ་སྤང་ན་བསླབ་པ་གཞན་རྣམ་པར་དག་པར་མི་འགྱུར་བའི་ཕྱིར་རོ། །རྩ་བ་བཞི་ལ་ཕྱེད་པའི་སྒྲ་ཞུགས་པ་ནི་འདོད་ལོག་ཙམ་ལས་མི་ཚངས་སྤྱོད་མ་སྤང་བས་སོ། །དེ་ཡང་ཁྱིམ་པས་བསྲུང་སླ་བ་ལ་དགོངས་ཏེ། མཛོད་ལས། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་སོ། །མི་ཚངས་སྤྱོད་དང་བཅས་རྩ་བ་བཞི་ཆང་དང་ལྔ་ག་སྤང་བ་ལ་ནི་ཚངས་པར་སྤྱོད་པའི་དགེ་བསྙེན་ནོ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ལ་འདུལ་བར་ཡོངས་རྫོགས་དགེ་བསྙེན་ལས་གཞན་པའི་འབོགས་ཆོག་མ་བསྟན་པས་སྡོམ་པ་ཞུ་བའི་དུས། བདག་དགེ་བསྙེན་དུ་བཟུང་དུ་གསོལ། །ཞེས་སྨོས་ནས། བསླབ་པ་བརྗོད་པའི་དུས་དགེ་བསྙེན་གང་དང་གང་གི་མཚམས་འབྱེད་པ་ཡིན་ནོ། །དེའང་སྡོམ་པ་ནི་བརྗོད་པ་གསུམ་གྱི་ཐ་མ་ལ་སྐྱེ་ན། བསླབ་པ་ནི། དེའི་ཕྱི་ནས་བརྗོད་པས་མ་ངེས་པའི་སྡོམ་པར་འགྲོ་སྙམ་པ་མི་བྱ་སྟེ། མདོ་སྡེ་བ་དེ་ལྟར་འདོད་སྲིད་ཀྱིས། ལུང་རྣམ་བཞི་ལས་བདག་ཆེ་གེ་མོའི་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་བྱ་བ་མི་འབྱུང་བས་སོ། །སྤྱིར་བརྗོད་པ་དགོངས་མ་གཉིས་ལ་དོན་མ་མཆིས་པར། ཕྱི་མས་བཟུང་དུ་གསོལ་ཞེས་བྱ་བ་དེ་རང་ནུས་པ་ཆེན་ནས་སྐྱེ་བ་མ་ཡིན་གྱི། བརྗོད་པ་གསུམ་གྱི་ཐ་མ་ལ་གསུམ་གའི་ཐོབ་མཚམས་བརྗོད་པ་ཡིན་པས་སྐྱེས་སྙམ་པ་མཛོད་ཅེས་བྱ་བ་དེ་འདུན་པ་ལ་བརྟེན་ནས་མན་ངག་འདེབས་པའི་ངག་ཡིན་ནོ། །གཉིས་པ་བསྙེན་གནས་ཀྱི་བསླབ་བྱ་བཤད་པ་ནི། ཁྱིམ་ན་གནས་པ་རྣམས་དུས་ཐམས་ཅད་དུ་ཚངས་པར་སྤྱད་དཀའ་བ་ཉིད་ཀྱིས་ཉིན་ཞག་གཅིག་པའི་ཚངས་སྤྱོད་པ་སྦྱར་བའི་ཆེད་དུ་བསྟན་པ་སྟེ། དེ་ཡང་རབ་ཏུ་བྱུང་བའི་བསླབ་པའི་གནས་རགས་པ་བཅུར་དྲིལ་ནས་བསྟན་པ་ལས། གསེར་དངུལ་ལེན་པ་ནི་ཁྱིམ་པ་ལ་མི་དགག་སྟེ་བུ་སྨད་ཅེས་ཏེ་ཆུང་མ་དང་བུ་དང་བུ་མོ་སོགས་མ་སྨད་རྣམས་གསོ་དགོས་པ་ལ་དགོངས་ཏེ་དེའི་ཕྱིར་གནང་བ་ཡིན་ཞིང་། དེ་བཞིན་དུ་གར་སོགས་དང་། ཕྲེང་སོགས་དགེ་ཚུལ་ལ་རེ་རེར་བགྲང་ཡང་ཁྱིམ་པ་ལ་དེ་གཉིས་པོ་མཚང་ཆུང་བས་གཅིག་ཏུ་བགྲང་ངོ་ཞེས་ས་སྡེ་ལས་བཤད་པ་ཡིན་ལ། དོན་དུ་གསེར་དངུལ་ལེན་པ་ལས་གཞན་དགུ་པོ་ཐམས་ཅད་བསྙེན་གནས་པས་སྤང་དགོས་ཀྱང་། ཐ་སྙད་ཙམ་དུ་ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་ཡིན་ནོ། །འདི་ཉིན་ཞག་ཕྲུགས་གཅིག་ཏུ་སྤང་བར་ཁས་བླངས་ནས་བསྲུང་བ་ནི་རང་གི་སྡོམ་པའི་མཚན་ཉིད་དེ་མཛོད་འགྲེལ་ལས། ནམ་བསྲུང་བའི་ཉིན་པར་བླང་གིས་དང་པོ་བླངས་ནས་ཕྱིས་བླང་མི་དགོས་པ་ནི་མེད་དོ། །ཞེས་བཤད་པས་ཁྱིམ་པ་རྣམས་ཀྱིས་ཉ་སྟོང་བརྒྱད་གསུམ་དང་། དུས་ཆེན་བཞི་གཙོ་བོར་གྱུར་བའི་དུས་ལ་བླང་ཞིང་བསྲུང་བའི་ཕྱིར་དུས་ཁྲིམས་དང་། འདི་དགེ་བསྙེན་རྣམས་ཀྱིས་བླང་ན་གསོ་སྦྱོང་དུ་འགྲོ་བ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱིས་དུས་ཁྲིམས་འདི་དུད་འགྲོའི་རྟེན་ལའང་སྐྱེ་བར་འདོད་ཅིང་། བླང་ཡུལ་ཀྱང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆད་དོ། །དེ་ལྟ་བུའི་ཡན་ལག་བརྒྱད་པའི་ཁྲིམས་གང་ཞིག་ཉིན་ཞག་གི་མཐའ་ལྟ་བུའི་བསྲུང་བའི་མཚམས་རེས་འགའ་བའི་ངེས་བཟུང་མེད་པར་ཇི་སྲིད་འཚོའི་བར་དུ་རྟག་ཏུ་བསྲུང་བ་དེ་ལ་གོ་མིའི་དགེ་བསྙེན་ཞེས་གྲགས་ཏེ། རྒྱལ་བུ་སྙིང་རྗེ་ཆེར་སེམས་དང་། སློབ་དཔོན་ཆེན་པོ་ཙནྡྲའི་ཞབས་ཀྱང་སོ་སོ་ཐར་བའི་རིགས་འདི་ཙམ་ལ་བརྟེན་པར་སྣང་བས། དེ་ན་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཞེས་བརྗོད་པ་ཡིན་ནོ། །གཞན་ཡང་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གྲགས་པ་ནི། ནང་པ་སངས་རྒྱས་པར་ཚུད་པ་ཙམ་ལ་དགེ་བསྙེན་དུ་བཏགས་པ་ཡིན་ཏེ། སྡོམ་པ་ཀུན་གྱི་རྟེན་གཞི་ཙམ་ལས་རང་ངོ་ལ་སྡོམ་པ་སྐྱེ་རྒྱུ་མེད་པར་མཛོད་འགྲེལ་ལས། ལེགས་པར་སྤྱད་པ་ཙམ་ཡིན་གྱི་སྡོམ་པ་ནི་མ་ཡིན་ནོ། །ཞེས་བཤད་དོ། །འོན་ཀྱང་ཉི་འོག་པ་དང་མདོ་སྡེ་པ་དག་དེ་དགེ་བསྙེན་གྱི་སྡོམ་པ་མ་ཡིན་ཀྱང་དགེ་བསྙེན་མཚན་ཉིད་པར་འདོད་པ་ནི་འཐད་དེ། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རབ་བྱུང་གི་བསླབ་བྱ་བཤད་པ་ལའང་གཉིས་ཏེ། དགེ་ཚུལ་གྱི་བསླབ་བྱ་བཤད་པ་དང་། བསྙེན་རྫོགས་ཀྱི་བསླབ་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། དགེ་ཚུལ་གྱི་བསླབ་བྱ་བཤད་པ་དངོས་དང་། ཞར་བྱུང་དགེ་སློབ་མའི་བསླབ་བྱ་བཤད་པའོ། །དང་པོ་ནི། དེ་ལ་སྤྱིར་ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་རྣམ་པ་བརྒྱད་ཡིན་ཏེ། ཡང་དག་པར་བླངས་པ་ལས་གཅིག་ཀྱང་མ་འདས་པས་མ་ཉམས་པ་༡། བསླབ་པ་མང་པོ་ཞིག་ལས་འདས་པས་སྐྱོན་ཅན་དུ་འགྱུར་ན་དེ་གཉིས་ཀ་མེད་པས་སྐྱོན་མེད་པ་༢། མི་དགེ་བའི་ཆ་དང་མ་འདྲེས་པས་མ་འདྲེས་པ་༣། སྲིད་པ་དང་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པས་མ་སྦགས་པ་༤། རྣམ་པ་གཞན་དུ་མི་འགྱུར་བས་མ་གོས་པ་༥། ཡོན་ཏན་ལྔ་པོ་དེ་དང་ལྡན་པས་རང་དབང་ཡོད་པ་༦། ཚུལ་ཁྲིམས་དེ་ལྟ་བུ་ནི་མཁས་པ་རྣམས་དང་འཕགས་པའི་ཚོགས་ཀྱིས་བསྔགས་པ་༧། ཚུལ་ཁྲིམས་དང་ལྡན་པས་ཏིང་ངེ་འཛིན་བསྒྲུབ་ནུས་པ་༨སྟེ་བརྒྱད་དོ། །ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་ལ་ནི་ཤེས་རབ་ལ་སོགས་པའི་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བས་ན་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་ཏེ། བཤེས་སྤྲིང་ལས། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པ་ལ་རབ་བྱུང་དང་བསྙེན་རྫོགས་གང་ཡིན་ཡང་ལོ་བཅུ་སོགས་ལ་མཁན་པོའམ། བླ་མར་འོས་པའི་དགེ་སློང་ཞིག་ལ་ཚུལ་བཞིན་བསྟེན་པ་གལ་ཆེ་སྟེ། དེ་ཉིད་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །ཞེས་པ་ལྟར་རོ། །དེ་ལ་དགེ་ཚུལ་རྣམས་ཀྱིས་གང་ཞིག་སྤང་བར་བྱ་བའི་དངོས་པོ་ནི་ཐམས་ཅད་ཉེས་བྱས་ཀྱི་མིང་ཅན་ཏེ། ཕམ་པ་དང་འདྲ་བའི་ཉེས་བྱས་ནི་རྣམ་པ་བཞི་སྟེ། མིའམ་མིར་ཆགས་པའི་ཐ་སྙད་དང་ལྡན་པའི་སྲོག་གཅོད་པ་དང་གཞན་གྱིས་བདག་གིར་བཟུང་བའི་རིན་ཐང་ཚང་བའི་ནོར་བརྐུ་ཞིང་འཕྲོག་པ་དང་། ལམ་གསུམ་གང་རུང་དུ་མི་ཚངས་པར་སྤྱོད་པ་དང་། ཐ་སྙད་ལྔ་སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་། མཚན་མ་གཉིས་པ་མ་ཡིན་པའོ། །མཆན། དང་ལྡན་པའི་མི་ལ་མིའི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་རྩ་བ་བཞི་པོ་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་ན་ཚུལ་འཆལ་དུ་འགྱུར་ཞིང་སླར་གསོ་རུང་མི་རུང་གི་མཚམས་ནི་འཆབ་སེམས་མེད་པ་དང་ཡོད་པའི་དབང་གིས་ཏེ་དགེ་སློང་བཞིན་ནོ། །བཤགས་བྱ་ཡན་ལག་གི་ཉེས་བྱས་དྲུག་ལས། བག་ཡོད་ཀྱི་ཡན་ལག་ནི་ཆང་སྤོང་བ་སྟེ། དེ་ཡང་སྨན་དང་མེ་ཏོག་ལ་སོགས་པ་ལ་ཕབས་ཀྱིས་བཏབ་པ་བཅོས་པའི་ཆང་དང་། གཞན་ཡང་འབྲུའི་ཆང་ལ་སོགས་པ་མྱོས་འགྱུར་གྱི་རིགས་གང་ཡང་རུང་བ་དེ་འཐུང་བ་ནི་ཉེས་པ་ཆེ་སྟེ། པཎྜི་ཏ་སད་ཛ་ནས། གང་ཞིག་བཏུང་ན་ཚུལ་ཁྲིམས་ཏིང་འཛིན་དང་། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང་། །དྲན་དང་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོན་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་ཉི་ཤུ་རྩ་ལྔ་གསུངས། །ཞེས་བཤད་པས་སོ། །ལྷག་མ་ལྔ་པོ་ལ་བརྟུལ་ཞུགས་ཀྱི་ཡན་ལག་ཅེས་བྱ་སྟེ། རང་དགར་རྒོད་བག་གིས་ལུས་ཀྱི་གར་དང་སོགས་ཁོངས་ནས། ངག་གི་གླུ། རོལ་མོ་འབུད་བརྡུང་དཀྲོལ་བའི་རིགས་རྣམས་དུས་མིན་དུ་བྱེད་པ་བཀག་སྟེ། རྩེད་འཇོའི་བསམ་པ་དེས་འཁོར་བ་ཆགས་པ་འཕེལ་ཞིང་། རྒྱགས་པ་དང་དྲེགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རིན་པོ་ཆེ་དང་དེས་བརྒྱན་པའི་ཕྲེང་བ་སོགས་འཇིག་རྟེན་ན་མཛེས་པར་གྲགས་པའི་རྒྱན་དང་། དྲི་ཞིམ་པོ་ལུས་ལ་བསྐུ་བ་དང་། ཁ་དོག་ལེགས་པའི་ཚོན་གྱིས་མཁུར་བ་སོགས་མཛེས་པར་བྱེད་པ་རྣམས་ཀྱང་ཆགས་ཞེན་དང་དྲེགས་པ་སྐྱེ་བའི་རྒྱུ་ཡིན་པས་བཀག་པར་མཛད་དོ། །རིན་པོ་ཆེ་ལ་སོགས་པའམ་དེས་སྤྲས་པའི་ཁྲིའམ་མལ་སྟན་རིན་ཐང་ཆེན་པོ་ཅན་དང་། ཤིང་ལ་སོགས་པའི་ཕལ་པ་ཡིན་ཀྱང་ཁྲུ་གང་ལས་ལྷག་པའི་མཐོ་བ་ལ་སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་དང་། ཆོས་འཆད་པའི་གནས་སྐབས་མ་ཡིན་པར་འདུག་པ་དང་། ནམ་ལ་ཆ་དགུར་བྱས་པའི་བདུན་པའི་ཕྱེད་ལུས་པའི་མཚམས་སུ་སྐྱ་རེངས་འཆར་བས་དེ་ནས་བཟུང་རང་གླིང་གི་ཉི་མ་ཕྱེད་ཀྱི་བར་ཐར་པ་བསྒྲུབ་པའི་ལུས་རྟེན་འཚོ་བ་དང་། སྲིན་བུ་རྣམས་གསོ་བའི་དོན་དུ་ཡིན་སྙམ་པས་ཁ་ཟས་བཟའ་བར་བྱ་ཡི། དེ་ཕན་ཕྱི་དྲོའི་དུས་ནས་བཟུང་སྐྱ་རེངས་མ་ཤར་གྱི་བར་དུ་དེས་ཕན་པའི་ནད་བུ་ཅན་མ་ཡིན་པ་དང་། མུ་གེས་ཕོངས་པའི་དུས་མ་ཡིན་པར་ཁ་ཟས་ཟ་བ་དང་། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་མཚན་ཉིད་དང་ལྡན་པ་ཆགས་ཞེན་གྱིས་ལེན་ཅིང་ནོར་གྱི་འདུ་ཤེས་བཞག་ནས་འཆང་བར་བྱེད་པ་རྣམས་སྤོང་བ་སྟེ། བྲྀ་ཛིའི་བུ་རྣམས་བཞིན་དུ་བསླབ་པའི་གནས་མང་པོ་ཐོས་ན་ཞུམ་སྟེ་སྡོམ་པ་ལེན་པ་ལས་ལྡོག་པ་སྤང་བའི་ཆེད་དུ་རགས་པ་བཅུ་པོ་འདིར་དྲིལ་ནས་འཛིན་དུ་འཇུག་པ་དགེ་ཚུལ་གྱི་བསྲུང་བྱའི་ཁྱད་པར་ཡིན་ཀྱང་ཞིབ་མོར་ཕྱེ་ན་བླངས་འདས་སོ་གསུམ་སྟེ། རྩ་བཞི་གསོད་གསུམ་གཞི་མེད་ནས། །སུན་འབྱིན་པར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་བསྐུར། །ཉེར་འཇོག་འབྲས་ཆན་འགེབས་དང་ཆང་། །གར་གསུམ་ཕྲེང་གསུམ་མལ་ཆེ་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་རྩ་བ་བཞི་པོའི་སྟེང་དུ་སྲོག་གཅོད་ཀྱི་ཕ་མ་འདྲའི་ཆར་གཏོགས་པ་དུད་འགྲོ་གསོད་པ་༥དང་། སྲོག་ཆགས་དང་བཅས་པའི་རྩྭ་དང་ཆུར་འདེབས་པ༦། སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པ་༧སྟེ་གསོད་པ་རྣམ་པ་གསུམ་དང་། རྫུན་གྱི་ཆར་གཏོགས་པ་གཞི་མེད་དང་༨། བག་ཙམ་གྱི་ཕམ་པའི་སྐུར་འདེབས༩། དགེ་འདུན་གྱི་དབྱེ་ན༡༠། དེའི་རྗེས་ཕྱོགས༡༡། ཁྱིམ་པ་སུན་འབྱིན༡༢། ཤེས་བཞིན་དུ་རྫུན་སྨྲ༡༣། བཤེས་ངོར་འཕྱ་བ་༡༤། ཞལ་ཏ་བར་འཕྱ་བ༡༥། ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ཞེས་༡༦སྐུར་འདེབས། ལྷག་མའི་སྐུར་འདེབས༡༧། བསླབ་པ་ཁྱད་གསོད་ཀྱིས་སྤོང་བ༡༨། ལྷག་པོ་ལེན་ཕྱིར་འབྲས་ཆན་འགེབས་༡༩པ་སྟེ་བཅུ་གཉིས་བསྣན་པས་བཅུ་དགུ། དེའི་སྟེང་དུ་མྱོས་པར་འགྱུར་བ༢༠། གར་སོགས་གསུམ་༢༣། ཕྲེང་སོགས་གསུམ༢༦། མལ་རིན་ཐང་ཆེ་བ་དང་༢༧ ། མཐོ་བ་རྣམས་སོ་སོར་བགྲངས་པ་དང་༢༨། ཕྱི་དྲོའི་ཁ་ཟས༢༩། གསེར་དངུལ་ལེན་པ་༣༠རྣམས་བསྣན་པས་སུམ་ཅུ། ཁྱིམ་པའི་རྟགས་སྤོང་བ་དང་༣༡། རབ་བྱུང་གི་རྟགས་ལེན་པ་དང་༣༢། བརྙས་སེམས་ཀྱིས་མཁན་པོ་ལ་གསོལ་བ་འདེབས་པ་ལས་ཉམས་པ་༣༣གསུམ་དང་བཅས་པས་ཕྱོགས་མཐུན་སུམ་ཅུ་རྩ་གསུམ་མོ། །དེ་ལྟར་སུམ་ཅུ་རྩ་གསུམ་པོ་དེ་དང་ཉེས་མེད་བཅུ་གསུམ་པོ་མ་གཏོགས་པའི་དགེ་སློང་གི་སྤང་བྱ་ཐམས་ཅད་འདིས་བསྡམས་པར་བྱ་བའི་ཉེས་བྱས་སོ། །ཉེས་མེད་བཅུ་གསུམ་ནི་བྱེ་བྲག་བཤད་མཛོད་ལས། འཆང་༡བ༢་དང་ནི་འབྲལ་༣བ་དང་། །དེ་བཞིན་ས་ནི་བརྐོ་བ་༤དང་། །རིན་ཆེན་རེག་༥དང་མེ་ལ་རེག༦ །སྤངས་ནས་ཟ་བར་བྱེད་པ་དང་༧། །ལྗོན་ཤིང་འཛེགས་༨དང་ཤིང་གཅོད་དང་༩། །བྱིན་ལེན་མ་བྱས་ཟ་བ་དང་༡༠། །རྩྭ་སྔོན་མི་གཙང་འདོར་བ་དང་༡༡། །དེ་བཞིན་གསོག་འཇོག་ཟ་བ་དང་༡༢། །ས་བོན་འཇོམས་དང་༡༣བསླབ་པའི་གཞི། །བཅུ་པ་རྣམས་ནི་མ་གཏོགས་པ། །སོ་སོ་ཐར་པར་བསྟན་པ་དག །བླང་བའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་སོ། །བོད་ཀྱི་འདུལ་འཛིན་རྣམས་ཀྱིས་དེ་དག་གི་སྟེང་དུ་རུང་མཐུན་བརྩིས་ཏེ་ཉེས་མེད་དྲུག་གམ་ཕྱེད་དང་ལྔ་བསྣན་ཏེ་བཅུ་དགུའམ་ཕྱེད་བཅོ་བརྒྱད་དུ་ཕྱེའོ། །དེ་དག་མ་བཀག་པ་ནི། དགེ་ཚུལ་བསྟན་པ་ལ་འཇུག་པའི་གེགས་སུ་མི་འགྱུར་བ་དང་། དགེ་སློང་གི་གཡོག་འགྲུབ་པ། རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཞར་བྱུང་དགེ་སློབ་མའི་བསླབ་བྱ་བཤད་པ་ནི། དགེ་སློབ་མ་ནི་བསླབ་བྱ་རགས་པ་བཅུ་པོ་དེ་ཡི་སྟེང་དུ་སྐྱེས་པ་ལ་རེག་པ་སོགས་རྩ་བའི་ཆོས་དྲུག་དང་། རིན་པོ་ཆེ་ལ་རེག་པ་ལ་སོགས་པ་རྗེས་མཐུན་གྱི་ཆོས་དྲུག་སྟེ། སྤང་བྱ་རྣམ་པ་བཅུ་གཉིས་ཀྱིས་གཉེན་པོ་དང་བཅས་པའི་སྒོ་ནས་བུད་མེད་ཉོན་མོངས་པ་རགས་པས་ལོ་གཉིས་ལ་སོགས་པར་ཐུབ་བམ་མི་ཐུབ་བརྟགས་ནས་ཐུབ་ན་རིམ་གྱིས་བསྙེན་པར་རྫོགས་པར་བྱེད་དོ། །གཉིས་པ་བསྙེན་རྫོགས་ཀྱི་བསླབ་བྱ་བཤད་པ་ལ་གཉིས་ཏེ། སྤང་བའི་བསླབ་བྱ་བཤད་པ་དང་། བསྒྲུབ་པའི་བསླབ་བྱ་ཞར་བྱུང་དང་བཅས་པ་བཤད་པའོ། །དང་པོ་ནི། དགེ་སློང་གི་ལྟུང་བ་ནི་སྡེ་ལྔ་སྟེ། དང་པོ་ཕམ་པའི་སྡེ་ནི་བཅས་ལྡན་དགེ་སློང་གིས་གང་ཞིག་སྤྱད་ནས་སྐད་ཅིག་མའི་ཡུན་དུ་བཅབས་ཀྱང་སྡོམ་པ་ལྷག་མ་མེད་པར་གཅོད་པར་རྩ་བའི་ལྟུང་བ་སྟེ། དཔེར་ན་ལྗོན་ཤིང་གི་རྩ་བ་བཅད་ན་ཡལ་ག་སོགས་ཆགས་པ་མ་ཡིན་པ་བཞིན་དང་། མི་མཐུན་པའི་ཕྱོགས་ཀྱིས་གཉེན་པོ་མཐུ་མེད་པར་བཅོམ་པས་ན་ཕས་ཕམ་པ་ཞེས་བྱ་སྟེ། གྲངས་ནི་རྣམ་པ་བཞི་ཡོད་ལ་འདི་དག་དང་བཅས་བསྲུང་བྱ་ལྟུང་བ་སྡེ་ལྔའི་རྣམ་བཞག་ཤེས་པར་བྱ་བའི་ཕྱིར་རང་ལུགས་སྡོམ་གསུམ་རྣམ་ངེས་ཀྱི་ལུང་ཙམ་ཞིག་དགོད་པར་བྱ་སྟེ། དེ་ལ་དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། གཞི་ཡི་ཡན་ལག་ཆ་ཀུན་བཟུང་འོས་པའི། །སྐྱེ་གནས་ལམ་དུ་ཕོ་དབང་ལས་རུང་ནི། །བསམ་པ་ངོ་ཚ་འཇིགས་མེད་ཆགས་སེམས་ཀྱིས། །སྤྱོར་བ་དྲུད་པ་མཐར་ཐུག་སིམ་པ་ཐོབ། །དེས་ནི་ཚངས་པར་སྤྱོད་ལས་རྣམ་པར་ཉམས། །ཞེས་སོ། །དེ་བཞིན་དུ་མ་བྱིན་ལེན་ནི། བརྐུ་བའི་གཞི་ནི་མི་གཞན་ནོར་ཡིན་པ། །བསམ་པ་རང་ཉིད་འཚོ་ཕྱིར་བརྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་བརྐུར་བཅུག་རྩད་ནས་ཐོབ། །ཅེས་སོ། །སྲོག་གཅོད་ནི། སྲོག་གཅོད་གཞི་ནི་མི་གཞན་མ་འཁྲུལ་བར། །བསམ་པ་གསོད་སེམས་བསད་བྱ་དེར་ཤེས་པ། །སྦྱོར་བ་གསོད་པར་བརྩམས་ནས་མ་ལྡོག་པ། །མཐར་ཐུག་སྲོག་གི་དབང་པོ་འགག་པ་དང་། །གསོད་བཅུག་ཡི་རང་བསྔགས་སོགས་རྐྱེན་བྱས་ཀྱང་། །ཞེས་སོ། །རྫུན་ནི། རྫུན་གྱི་གཞི་ནི་སྨྲ་ཤེས་དོན་གོའི་མིར། །བསམ་པ་འདུ་ཤེས་བསྒྱུར་ནས་བརྗོད་བློ་སྐྱེས། །སྦྱོར་བ་མངོན་ཤེས་ལ་སོགས་ཡོན་ཏན་ཚོགས། །མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་པ། །མཐར་ཐུག་གཞན་གྱིས་རྫུན་དེ་གོ་ན་ཉམས། །ཞེས་སོ། །གཉིས་པ་ལྷག་མའི་སྡེ་ནི། གསོ་བ་དགེ་བདུན་ལ་རགས་ལས་ཤིང་སྡོམ་པ་རྣམ་དག་གི་ལྷག་མ་ཙམ་ལུས་པས་སམ་ཕྱིར་འཆོས་པའི་སྔ་རོལ་དུ་དགེ་འདུན་གྱི་གྲྭར་གཤམ་དུ་གནས་ཤིང་བཟའ་བཏུང་གི་ལྷག་མ་སྤྱོད་པས་ན་དེ་སྐད་ཅེས་བྱ་ལ། དེ་ཡང་གྲངས་ནི་ཆགས་པ་ལས་གྱུར་པ་བདུན། གནོད་པ་ལས་གྱུར་པ་གཉིས། བསྒོ་བ་ལས་གྱུར་པ་བཞི་སྟེ་བཅུ་གསུམ་ལས། ནང་སེམས་ཅན་ལ་ཆགས་པ་ལྔ་ནི། བགྲོད་མིན་གནས་སུ་ཁུ་བ་འབྱིན་པ་༡དང་། །ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན༢། །འཁྲིག་ཚིག་རྗེན་སྨྲ་༣བུད་མེད་ཆགས་ཕྱིར་བཀུར༤། །ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་ཏེ་ཕྲད༥། །ཅེས་སོ། །ཕྱི་ཡོ་བྱད་ལ་ཆགས་པ་གཉིས་ནི། རང་དོན་ཚད་ལྷག་ཁང་པ་༡ཁང་ཆེན་༢བརྩིགས། །ཞེས་སོ། །གནོད་པ་ལས་གྱུར་པ་གཉིས་ནི། བརྗོད་གཞི་མེད་༡དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་སྐུར་༢བཏབ་ཅེས་སོ། །བསྒོ་གྱུར་བཞི་ནི། དགེ་འདུན་དབྱེ་ན༡། །དབྱེན་དེའི་རྗེས་ཕྱོགས་༢བསླབ་པ་དང་འགལ་བ། །ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་བསྙོན་པ༣། །ལྟུང་བྱུང་བསྐུལ་ཚེ་བཀའ་བློ་མི་བདེ་བའོ༤། །ཞེས་སོ། །གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ་གཉིས་ཡོད་དེ། གང་ལ་བརྟེན་ནས་ལྟུང་བ་བྱུང་བའི་དངོས་པོ་དེ་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་ཤིང་། ཕྱིར་མ་བཅོས་ན་ངན་སོང་དུ་ལྟུང་བའི་རིགས་ལ་གྲངས་སུམ་ཅུ་སྟེ། གོས་སོགས་ཀྱི་སྡེ། སྟན་སོགས་ཀྱི་སྡེ། ལྷུང་བཟེད་སོགས་ཀྱི་སྡེ་ཚན་དང་བཅས་རེ་རེ་ལ་བཅུ་རེའོ། །དེ་ལ་གོས་སོགས་ཀྱི་སྡེ་ནི། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་༡། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་༢། །གོས་རྒྱུ་ཟླ་གཅིག་འཇོག་དང་༣དགེ་སློང་མར། །ཆོས་གོས་འཁྲུར་འཇུག་༤དེ་ལ་གོས་རྒྱུ་ལེན། །ཉེ་མིན་ཁྱིམ་པར་གོས་རྒྱུ་སློང་བ་དང་༦། །སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན༧། །རང་ལ་སྟེར་བསམ་ཆོས་གོས་གནས་སྦགས་པ། །རིན་དང་ཁྲུ་ཚད་ཀྱི་སློང་༨བརྟག་དྲན་སློང་༩། །གོས་རིན་རིན་ཆེན་བསྐུར་བ་ལེན་༡༠རྣམས་སོ། །ཞེས་སོ། །སྟན་སོགས་ཀྱི་སྡེ་ནི། སྲིན་བལ་ནང་ཚངས་བྱས་པའི་སྟན་བྱེད་དང་༡། །དཀོན་སར་བལ་ནག་འབའ་ཞིག་སྟན་དུ་འདིངས༢། །བལ་ནག་ཆ་གཉིས་སྟན་བྱེད་༣ལོ་དྲུག་ནི། །མ་སོང་སྟན་གསར་བྱེད་དང་༤ཚད་ལྡན་གྱི། །གདིང་བ་ཡོད་ཀྱང་སླར་༥བཟོ་བལ་ནག་ནི། །རྙེད་ནས་ལམ་གྱི་དཔག་ཚད་གསུམ་མཐར་༦བྱེད། །དགེ་སློང་མ་ལ་བལ་འཁྲུ་རྨེལ་བཅུག་༧དང་། །གསེར་དངུལ་ལེན་༨དང་ཚོང་འབུན་མངོན་༩མཚན་ཅན། །ཆེད་དུ་ཚོང་བྱེད་༡༠། ཅེས་སོ། །ལྷུང་བཟེད་སོགས་ཀྱི་སྡེ་ནི། ལྷུང་བཟེད་བྱིན་མ་བརླབས། ཞག་བཅུ་འདས་འཆང་༡ལྷུང་བཟེད་ཟུང་འཆང་༢བ། །གླ་རྔན་མེད་པར་འཐག་འཇུག་༣ཐགས་རྒྱ་བསྐྱེད༤། །དགེ་སློང་གོས་བྱིན་སླར་ཕྲོག་༥བརྟད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས༦། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས༧། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས༨། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་༩། །ན་སྨན་ཞག་བདུན་འདས་ནས་གསོག་འཇོག་༡༠གོ། །ཞེས་སོ། །ཡང་སྤྱད་ན་ངན་སོང་དུ་ལྟུང་བར་བྱེད་ཅིང་བཤགས་བྲལ་སྔོན་དུ་གཏོང་མི་དགོས་པས་འབའ་ཞིག་པ་སྟེ། དེའི་སྡེ་ཚན་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བརྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམ་བཞིན་དང་། །མགྲོན་མང་རྐུན་མ་ཆོས་སྟོན་ནོ། །ཞེས་སྡེ་ཚན་དགུ་པོ་རེ་རེ་ལ་བཅུ་ཐམ་པ་རེ་དང་བཅས་དགུ་བཅུའོ། །དེ་ལ་དང་པོ་ཤེས་བཞིན་གྱི་སྡེ་ཚན་ནི། ཤེས་བཞིན་རྫུན་སྨྲ་༡དགེ་སློང་སྐྱོན་བརྗོད་དང་༢། །ཕྲ་མས་༣འབྱེད་དང་སྐྱོ་སྔོགས་བཟླུམས་ཀྱང་༤དབྱེ། །བུད་མེད་ཆོས་སྟོན་༥བསྙེན་པར་མ་རྫོགས་དང་། །ལྷན་ཅིག་ཆོས་འདོན་༦གནས་ངན་ལེན་ལྟུང་བརྗོད༧། །མི་ཆོས་བླ་མ་༨བདེན་སྨྲ་བཤེས་ངོར་འཕྱ༩། །བསླབ་གཞི་ཁྱད་གསོད་༡༠ཅེས་སོ། །གཉིས་པ་ས་བོན་གྱི་སྡེ་ཚན་ནི། ས་བོན་སྐྱེ་བ་གཅོད༡། བདག་གི་ངོར་འཕྱ་༢བསྒོ་བ་རྣར་གཟོན་ནི། །ལྟུང་བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས༣། །ཁྲི་༤དང་གདིང་བ་༥མ་བསྡུས་བཏིང་སོང་དང་། །དགེ་སློང་སྐྲོད་དང་༦མཐོ་འཚམས་ཕྱིས་གནོན་བྱས༧། །མལ་ཁྲིས་དབུག་བྱུང་སྲོག་ཆགས་ལྡན་༨པའི་ཆུ། །རྩྭར་འདེབས་༩གཙུག་ལག་ཕ་གུ་རིམ་གཉིས་བརྩིགས། །ཤེས་བཞིན་བགྱིས་སོ༡༠། །ཞེས་སོ། །གསུམ་པ་མ་བསྐོས་པའི་སྡེ་ཚན་ནི། འདི་མན་དགེ་སློང་མར། །མ་བསྐོས་ཆོས་སྟོན་༡བསྐོས་ཀྱང་ཉི་ནུབ་དང་༢། །ཁ་ཟས་ཕྱིར་སྟོན་༣གོས་བཙེམས་༤ཆོས་གོས་སྦྱིན༥། །དོན་མཐུན་ལམ་འགྲོགས་༦གྲུ་དེ་གྱེན་མཐུར་འགྲོ༧། །དབེན་པར་གཅིག་འདུག་པ་༨དང་འགྲེང་བ་དང་། །སྦྱོར་བཅུག་ཟས་ཟ་༡༠རྣམས་ནི་སྤང་བར་བྱ། །ཞེས་སོ། །བཞི་པ་ཡང་ཡང་གི་སྡེ་ཚན་ནི། ཡང་ཡང་ཟས་ཟ་༡མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་ཟ་༢དང་ལྷུང་བཟེད་དོ། །ཟ་༣དང་ཟོས་རྗེས་བཟའ་བཅའ་ཟ་བ་༤དང་། །སྤང་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ༥། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ༦། །དུས་མིན་ཕྱེད་ཡོལ་༧དང་གསོག་འཇོག་ཟ༨། །བྱིན་ལེན་མ་བྱས་སྨན་བཞི་ཁར་མིད་པ༩། །བསོད་པ་ཞིམ་པའི་ཟས་༡༠སློང་། ཞེས་སོ། །ལྔ་པ་ཆུ་དང་གི་སྡེ་ཚན་ནི། སྲོག་ཆགས་བཅས། ཆུར་སྤྱོད་༡ཉལ་པོ་བྱེད་པའི་ཤུལ་དུ་ཉལ༢། །དབེན་པའི་སྐྱབས་སུ་འགྲེང་༣དང་གཅེར་བུར་རྒྱུ༤། །དམག་ལྟ་༥དམག་སར་ཞག་གཉིས་ལྷག་པར་བསྡད༦། །དམག་གི་རུ་བཀོད་བྱེད་༧་དང་དགེ་སློང་བརྡེག༨ །བརྡེག་བརྩམས་༩གནས་ངན་ལེན་གྱི་ལྟུང་བ་འཆབ་༡༠། །ཅེས་སོ། །དྲུག་པ་ཁྱིམ་དང་གི་སྡེ་ཚན་ནི། དགེ་སློང་ཟས་༡གཅོད་མེ་ལ་རེག་ཏུ་བཅུག ༢། དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ༣། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ༤། །སྡིག་ལྟའི་ཆོས་ལུགས་མི་གཏོང་༥ཕེབས་པར་༦སྨྲ། །དགེ་ཚུལ་སྡིག་ལྟ་མི་གཏོང་ལྷན་ཅིག་ཉལ༧། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་གྱོན༨། །རིན་ཆེན་དམག་ཆས་རོལ་མོའི་ཆས་ལ་རེག༩། །ཚ་དུས་རང་དགར་ཁྲུས་བྱེད་༡༠ཅེས་སོ། །བདུན་པ་བསམ་བཞིན་གྱི་སྡེ་ཚན་ནི། དུད་འགྲོ་གསོད༡། དགེ་སློང་བྱས་ལ་འགྱོད་བསྐྱེད་༢གག་ཚིག་གོག༣ །ཆུར་རྩེ་༤བུད་མེད་གནས་གཅིག་ཉལ་བ་དང་༥། །དགེ་སློང་དངངས་བྱེད་༦དེ་ཡི་ཡོ་བྱེད་སྤེད༧། །སྔར་བྱིན་གདེང་མེད་སླར་བླང་སྤྱོད་པ་༨དང་། །གཞི་མེད་སྐུར་བཏབ་༩བུད་མེད་ལྷན་ཅིག་ཏུ། །སྐྱེས་པ་མེད་པར་ལམ་འགྲོ་༡༠ཞེས་སོ། །བརྒྱད་པ་མགྲོན་མང་རྐུན་མ་ཞེས་པའི་སྡེ་ཚན་ནི། རྐུན་མའང་མཚུངས༡། ཉི་ཤི་མ་ལོན་པ་ལ་བསྙེན་རྫོགས་ཕོག༢ །ས་༣བརྐོ་མགྲོན་པོས་ཟླ་བཞི་ལྷག་པར་ཟོས༤། །མི་ཤེས་བརྗོད་༥དང་འཐབ་པའི་ཉན་རྣ་བྱེད༦། །ཉེས་མེད་མི་སྨྲ་འགྲོ་དང་༧མི་གུས་འགལ༨། །ཆང་འཐུང་༩དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ༡༠། །ཞེས་སོ། །དགུ་པ་ཆོས་སྟོན་གྱི་སྡེ་ཚན་ནི། ཟས་བཅས་ཕྱི་དྲོ་རྒྱུ་དང་ཁྱིམ་གསུམ་འདས༡། །རྒྱལ་པོ་བཙུན་མོ་རྩེ་བའི་ཁབ་ཏུ་ཉལ༢། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་དང་༣། །རིན་ཆེན་ཁབ་རལ་༤ཁྲི་རྐང་ཚད་ལྷག་བཟོས༥། །ངན་སེམས་ཤིང་བལ་ཁྲི་སྟེང་བརྡལ་དེ་བགོས༦། །གདིང་༧གཡན་༨རས་༩ཆེན་ཆོས་གོས་ཚད་ལྷག་གོ། །ཞེས་སོ། །བཞི་པ་སོར་བཤགས་ཀྱི་སྡེ་ནི། ཀུན་དགའ་ར་བའི་ཕྱི་རོལ་དུ་སྨྲེ་སྔགས་ཀྱིས་ལྟུང་བ་སོ་སོའི་མིང་གིས་བཤགས་ན་འདག་པའི་རིགས་སུ་གནས་པས་སོར་བཤགས་ཏེ། དེའི་སྡེ་ཚན་ལ་རབ་ཏུ་བྱུང་བའི་ཕྱོགས་ལ་བརྟེན་པ་གཉིས་དང་། ཁྱིམ་པའི་ཕྱོགས་ལ་བརྟེན་པ་གཉིས་ཏེ་བཞི་ལས། དང་པོ་ནི། དགེ་སློང་མ་ལས་གྲོང་དུ་ཟས་བསླངས་ཟོས༡། །ཁྱིམ་དུ་དགེ་སློང་མས་བསྒོས་མ་བཟློག་ཟོས༢། །ཞེས་སོ། །གཉིས་པ་ནི། བསླབ་སྡོམ་སྦྱིན་ལས་རུང་མིན་བསླངས་ཏེ་ཟོས༣། །ནགས་མ་ཉུལ་བར་དགོན་པར་བསླངས་༤ཟོས་བཞིའོ། །ཞེས་སོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ནི། ཉེས་པ་ཕྲ་མོའི་རིགས་སུ་གནས་པས་ཉེས་བྱས་ཏེ། ནང་གསེས་ཀྱི་དབྱེ་བས་མདོའི་སྡོམ་དུ་བསྡུས་པ་བརྒྱ་དང་བཅུ་གཉིས་པོ་སྡེ་ཚན་དུ་བྱས་ན་བརྒྱད་དེ། དང་པོ་ནི། ཤམ་ཐབས་ཟླུམ་༡མིན་བརྩེངས་༢འཇོལ་༣གླང་སྣ་འདྲ༤། །ལྟེབས་༥དང་ཕུར་༦མ་གདེངས་༧ཀ་ལྟ་བུ་བདུན། །ཟླུམ་༨མིན་རིང་༩ཐུང་༡༠སྟོད་གསུམ་གོས་ཀྱི་བཅུའོ། །ཞེས་སོ། །སྡེ་ཚན་གཉིས་པ་ནི། མ་བསྡམས་༡མགོ་༢བ་ཅ་ཅོ་༣མིག་གཡེང་དང་༤། །རིང་ལྟ་༥མགོ་བསྟུམས་༦གོས་༧བརྫེས་ཕྲག་ལ་གཟེར༨། །ལག་པ་གཉའ་གོང་བསྣོལ་༩དང་ལྟག་བར་བསྣོལ༡༠། །མཆོངས་༡༡བརྐྱང་༡༢རྐང་པའི་བྲང་དང་༡༣རྟིང བཙུགས་༡༤འགྲོ། །ལག་པ་དཀུར་༡༥བརྟེན་ལུས་བསྒྱུར་༡༦ལག་པ་གཡུག་༡༧། །མགོ་བསྒྱུར་༡༨ཕྲག་པ་༡༩སྤྲད་དག་ལག་སྦྲེལ་༢༠རྣམས། །མི་བྱེད་ཁྱིམ་འགྲོའི་སྤྱོད་ཡུལ་ཉི་ཤུའོ། །ཞེས་སོ། །སྡེ་ཚན་གསུམ་པ་ནི། སྟན་ལ་མ་བསྒོས་༡མ་བརྟགས་༢འཕོངས་༣རྡེབ་དང་། །རྐང་བརྐྱང་༤བསྣོལ་དང་བརླ་བསྣོལ་༥ལོང་བུ་བརྩེགས༦། །ཁྲི་འོག་རྐང་དགུག་༧རྐང་པ་གདངས་ཏེ་འདུག༨ །འདོམས་མཐོང་༩རྣམས་སྤང་འདུག་ཚུལ་དགུ་ཡིན་ནོ། །ཞེས་སོ། །སྡེ་ཚན་བཞི་པ་ནི། ལེགས་པར་མི་ལེན་༡མུ་ཁ་༢མཉམ་པར་ལེན༣། །མཐར་ཆགས་མི་ལེན་༤ལྷུང་བཟེད་ཟུར་མིག་༥བལྟ། །བཟེད་སྔས་༦སྔར་བྱུང་སྦས་ནས་བཟེད་པ་དང་༧། །སྣོད་གཞན་སྟེང་བཟེད་༨སྤང་བ་ཟས་བླངས་བརྒྱད། །ཅེས་སོ། །སྡེ་ཚན་ལྔ་པ་ནི། འགལ་ཟ་༡ཁམ་༢ཆེ་ཆུང་༣དང་རན་པར་མིན༤། །ཁ་གདངས་༥ཟ་བཞིན་སྨད་༦དང་ཙུག་ཙུག་༧དང་། །ཅག་ཅག་༨ཧུ་ཧུ་༩ཕུ་ཕུ་༡༠ལྕེ་ཕྱུང་ཟ༡༡། །འབྲུ་ནས་གུད་ཕྱེ་ཟས་༡༢ལ་སྐྱོན་འཕྱ་དང་༡༣། །ཁམ་གཅིག་མཁུར་༡༤སྤོ་རྐན་ཏོག་༡༥ཁམ་འཕྲོ་བཅད༡༦། །ལག་པ་འདག་༡༧འབྱོར་༡༨ལག་སྤྲུག་༡༩སྐྱོམ་སྐྱོམ་བྱེད༢༠། །མཆོད་རྟེན་འདྲར་ཕྱེད་༢༡ཉེར་གཅིག་ཟ་ཚེ་སྤང་། །ཞེས་སོ། །སྡེ་ཚན་དྲུག་པ་ནི། ལྷུང་བཟེད་ལ་འཕྱ་ཕྱིར་བལྟ་༡ལག་པ་ནི། །ཟས་འབགས་ཆུ་སྣོད་མི་རེག་༢ཆུ་མི་གཏོར༣། །མ་དྲིས་འབགས་ཆུ་འབོ་དང་ཟས་༤ལྷག་བཞག༥ །ས་རྗེན་༦གད་ཁ་རི་༧གཟར་༨བང་རིམ་༩བཞིར། །མི་བཞག་གད་༡༠གཡང་༡༡རྐན་གཟར་༡༢དུ་མི་འཁྲུ། །ལངས་༡༣དང་ཆུ་དྲག་༡༤མི་བཅུ་བཅུ་བཞིའོ། །ཞེས་སོ། །སྡེ་ཚན་བདུན་པ་ནི། ཆོས་སྟོན་སྡེ་ནི་ལངས་༡ཉལ་༢རང་དམར་འདུག༣ །མདུན་ནས་འགྲོ་ལ་ཕྱི་བཤད་༤ལམ་པོའི་འགྲམ༥། །མགོ་གཡོགས་བརྫེས་༧གཟར་༨ལག་པ་གཉའ་༩ལྟག་༡༠བསྣོལ། །དོ་ཀེར་བཅིངས་༡༡དང་ཞྭ་གྱོན་༡༢ཅོད་པན་བཏགས་༡༣། །ཕྲེང་བ་དང་༡༤ནི་མགོ་༡༥དཀྲིས་གླང་༡༦རྟ་༡༧ཞོན། །ཁྱོགས་༡༨དང་བཞོན་པ་༡༩མཆིལ་ལྷྭམ་གྱོན་པ་༢༠དང་། །འཁར་༢༡བ་གདུགས་༢༢མཚོན་༢༣རལ་༢༤གྲི་དགྲ་ཆ་མདའ༢༥། །གོ་ཆ་༢༦གྱོན་ལ་མི་བཤད་ཉེར་དྲུག་གོ། །ཞེས་སོ། །སྡེ་ཚན་བརྒྱད་པ་ནི། བསྒྲུབ་ཚུལ་གསུམ་ནི་འགྲེང་སྟེ་བཤང་གཅི་འདོར༡། །ཆུ་༢དང་རྩྭ་༣ལ་བཤང་གཅི་སྣབས་མི་འདོར། །ཤིང་ལ་མི་གང་མཐོར་འཛེགས་རྒྱུ་གཅིག་གོ། །ཞེས་སོ། །ལྟུང་བ་སྡེ་ལྔ་པོ་དེ་ཐམས་ཅད་བསྡོམས་པས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་རྣམ་གྲངས་དང་། དགེ་སློང་མ་ལ་ནི་ལྟུང་བ་སྡེ་ལྔ་པོའི་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་བསྡོམས་པས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་སྟེ་ཕ་མ་སོ་སོའི་ཐུན་མོང་གི་རྩ་བ་བཞི་དང་། སྐྱེས་པ་ལ་རེག་པ་དང་། ལུས་བཀན་པ་དང་། འཆབ་པ་དང་། བཟློག་པ་སྟེ་དགེ་སློང་མ་རང་གི་ཐུན་མིན་བཞི་དང་བརྒྱད་ནི་ཕ་མ་པའི་སྡེ་ཡིན་ལ། དེ་ལ་སོགས་པ་ལྟུང་བའི་སྡེ་གཞན་ལའང་། སྨྱན་བྱེད་པ་དང་གཞི་མེད་ནས་བཀའ་བློ་མི་བདེ་བའི་བར་ཐུན་མོང་བ་བདུན་དང་། ཅི་ཡང་ལེན་པ་སོགས་ཐུན་མིན་བཅུ་གསུམ་སྟེ་ལྷག་མ་ཉི་ཤུ་དང་། དེ་བཞིན་དུ། སྤང་ལྟུང་སོ་གསུམ་དང་། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག །ཉེས་བྱས་བརྒྱ་དང་བཅུ་གཉིས་དང་། གཞན་ཡང་ལྟུང་བྱེད་ལ་སོགས་པའི་ཡན་ལག་མ་ཚང་བ་དང་དེ་དག་ལ་བརྟེན་པའི་ཉེས་བྱས་དང་། ཕམ་ལྷག་གི་སྦོམ་པོ་ལ་སོགས་པའི་ཕྱོགས་མཐུན་གྱི་ཁྱད་པར་དུ་མ་ཡོད་དོ། །བོད་འདིར་དགེ་སློང་མའི་སྡོམ་པའི་རྒྱུན་མེད་པས་སོ་ཐར་གྱི་བསླབ་པ་རྒྱས་པར་སྟོན་པའི་བོད་གཞུང་ཕལ་ཆེ་བར་མདོ་ཙམ་ལས་མ་བཤད་པ། འདིར་ཡང་དེ་ཙམ་ལས་མ་སྤྲོས་སོ། །དེ་ལྟར་ལྟུང་བ་སྡེ་ལྔ་པོ་དེ་ལས་ཕམ་པ་བཞི་པོ་གང་ཡང་རུང་བ་བྱུང་བས་ནི་དགེ་སློང་གི་སྡོམ་པ་རྩ་བ་ནས་གཏོང་བ་ཡིན་ཏེ་ཤིང་ལྗོན་པའི་རྩ་བ་འབྱིན་པར་བྱས་ན་ཡལ་ག་ལ་སོགས་པ་ཆགས་པའི་གཞི་མེད་པ་བཞིན་བསླབ་གཞི་གཞན་ཐམས་ཅད་དགོས་ནུས་མེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དགེ་སློང་མ་དང་། དགེ་སློབ་མ། དགེ་ཚུལ་སོགས་རབ་བྱུང་དང་། ཁྱིམ་པའི་ཕྱོགས་ཀྱི་བསླབ་པ་ཐམས་ཅད་ལའང་ཤེས་པར་བྱའོ། །དེ་ཡང་སྤྱིར་བསླབ་པ་གཏོང་བའི་རྒྱུ། བསླབ་པ་ཕུལ་བ་དང་། ཤི་འཕོས་པ་དང་། མཚན་གཉིས་གཅིག་ཆར་བྱུང་བའམ། མཚན་ལན་གསུམ་གྱུར་པ་དང་། རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟ་སྐྱེས་པ་སྟེ་བཞི་ནི་སྤྱིའི་གཏོང་རྒྱུ་ཡིན་ཞིང་། ཡང་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་ནས་བསྙེན་པར་རྫོགས་པ་ལོ་དེའི་ཁོངས་སུ་མ་ལོན་པར་ཤེས་ཏེ་མངལ་བཤོལ་གྱི་ཟླ་བས་ཁ་བསྐང་ཡང་མ་ཚང་ན་དགེ་སློང་གི་དང་། འདོད་པ་བསྟེན་པར་ཁས་བླངས་པས་དགེ་སློབ་མའི་དང་། མཚན་མཐའ་འདས་པས་བསྙེན་གནས་ཀྱི་སྡོམ་པ་གཏོང་བ་རྣམས་ནི་གཏོང་རྒྱུ་བྱེ་བྲག་པའོ། །སྡེ་པ་སོ་སོའི་དབང་དུ་བྱས་ན། གོས་དམར་བའི་སྡེ་པས་ལུང་གི་དམ་ཆོས་ནུབ་པས་གཏོང་སྟེ་བསླབ་པའི་མཚམས་རྣམ་པར་བཞག་པ་མེད་པའི་ཕྱིར་ཞེས་འདོད་པ་ལ། ཐོགས་མེད་སྐུ་མཆེད་ཀྱིས་དེ་ཙམ་གྱིས་སྔར་ཡོད་མི་གཏོང་སྟེ་རྟོགས་པའི་དམ་ཆོས་མ་ནུབ་པའི་ཕྱིར། གསར་སྐྱེ་མེད་དེ་འབོགས་བྱེད་ཀྱི་ཆོ་ག་མེད་པའི་ཕྱིར། །ཞེས་གསུངས་སོ། །མདོ་སྡེ་པས་རྩ་ལྟུང་འཆབ་བཅས་བྱུང་བས་གཏོང་སྟེ་རྒྱུད་ངོ་ཚ་དང་ཁྲེལ་མེད་ཆེན་པོས་ཉམས་པའི་ཕྱིར་ཞེས་འདོད་ཅིང་། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་རྩ་ལྟུང་འཆབ་བཅས་བྱུང་ཡང་སྡོམ་པ་མི་གཏོང་སྟེ་ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་པའི་ཕྱིར། དེ་འདྲ་དེ་སྡོམ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་ཏེ། མི་འགའ་ཞིག་ལ་ནོར་ཡང་ལྡན་ལ་བུ་ལོན་ཡང་ཆགས་པ་བཞིན་ནོ་ཞེས་འདོད་ཀྱང་དེ་ནི་རྒྱ་ཆེར་འགྲེལ་ལས་སྨད་པ་ཡིན་ཏེ། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར་དང་། སྡོམ་པ་ཡང་དག་པར་བླངས་པ་ནི་རྣམ་པར་གྲོལ་བའི་ཆེད་ཡིན་ན། དེས་རྣམ་པར་གྲོལ་བ་ཐག་རིང་དུ་བྱས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲའོ། །ཞེས་གསུངས་པས་འདིར་ཡང་དེའི་རྗེས་སུ་འབྲངས་ནས་མདོ་སྡེ་པས་ཇི་ལྟར་འདོད་པ་ཉིད་ཀྱི་དོན་ལྟར་ཁས་བླང་བར་བྱའོ། །ཕམ་པ་བྱུང་བ་དེ་ཕྱིན་ཆད་སྡོམ་པ་ཕྱིར་བཅོས་ཀྱིས་སོར་ཆུད་དེ་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་ལ་ལོངས་སྤྱོད་དུ་རུང་བ་དང་མི་རུང་བའི་མཚམས་ནི་འཆབ་སེམས་ཏེ་ཉེས་པ་སྤེད་པའམ་གསང་འདོད་ཀྱི་ཀུན་སློང་ཡིན་ལ། ཀུན་སློང་དེས་བསྐྱེད་པའི་ལུས་ངག་གི་ལས་ནི་འཆབ་ལྟུང་སྟེ། དེ་འདྲ་བའི་འཆབ་སེམས་སྐད་ཅིག་མ་སྐྱེས་ན་དགེ་འདུན་གྱི་ལོངས་སྤྱོད་ཐམས་ཅད་དང་བྲལ་ཏེ་གཙུག་ལག་ཁང་ནས་བསྐྲད་པར་གསུངས་ཏེ། ཇི་སྐད་དུ། ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང་། །འདིར་ནི་གསུམ་པ་ཚུལ་ཁྲིམས་འཆལ་བ་དག །འཐབ་མོ་སྤངས་ཏེ་གཎྜི་བརྡུང་བྱས་ནས། །ཆུ་ཤིང་རུལ་བ་བཞིན་དུ་ངེས་བསྐྲད་བྱ། །ཞེས་སོ། །དེ་འདྲའི་གང་ཟག་དེ་ལ་སྨད་པའི་ཚུལ་ནི། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཇི་ལྟར་ན་ཁྲེལ་མེད་ཅིང་ངོ་ཚ་མེད་པའི་དགེ་སློང་གང་ཡིན་ཞེ་ན་སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། རབ་ཏུ་བྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་དང་ངོ་ཚ་མེད་པ་ཚེ་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་ཁོང་རུལ་ཞིང་བཙོག་པས་གང་བའི་སྲིན་བུ་ཀ་ལ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་ཅན། རྟག་ཏུ་རྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ། སེར་སྣ་དང་། ཕྲག་དོག་དང་། གཏི་མུག་དང་། ང་རྒྱལ་གྱིས་ཟིན་ཏེ་ལས་ཀྱི་མཆོག་དམ་པ་གསུམ་ལས་རིང་བ། ཁེ་དང་། བཀུར་སྟི་དང་། གྲགས་པ་ལ་ཞེན་པ། ཡུལ་དྲུག་ལ་མོས་པ། འདོད་ཆགས་ཀྱི་སེམས་གཡེངས་པ་འདི་ནི་ཁྲེལ་བ་དང་ངོ་ཚ་མེད་པའི་དགེ་སློང་ཞེས་བྱའོ། །ཞེས་པ་ལ་སོགས་པ་རྣམས་སོ། །ཉེས་དམིགས་ཀྱང་། བྱམས་པ་སེང་གེའི་སྒྲས་ཞུས་པ་ལས། བཞི་པོ་འདི་དག་ནི་དམྱལ་བར་མདའ་འཕངས་པ་བཞིན་འགྲོ་བ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། སྡོམ་པ་དང་སའི་མདོ་སྡེ་ཐོས་ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པ་དང་། བཀའ་དང་བསླབ་པ་ལས་འདས་ཀྱང་ང་རྒྱལ་གྱིས་ཉེས་པ་འཆབ་པར་བྱེད་པ་དང་། ཤེས་བཞིན་དུ་དད་པས་བྱིན་པ་ལ་ལོངས་སྤྱོད་པའོ། །ཞེས་སོ། །རང་ཉིད་ལ་ཉེས་པ་དེ་ལྟར་འབྱུང་བར་མ་ཟད་གཞན་ལ་ཉེས་པ་འགོ་བའི་ཚུལ་ཡང་། དེ་དང་ལྷན་ཅིག་ཞག་ལོན་དུ་ཉལ་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཅུ་བཞིར་དམྱལ་བར་སྐྱེ་བར་བཤད་དོ། །གལ་ཏེ་ཚུལ་ཁྲིམས་འཆལ་བ་དེ་སྡེ་སྣོད་འཛིན་པ་ཡིན་ན་གནས་དང་ལོངས་སྤྱོད་ཀྱིས་རྗེས་སུ་འཛིན་པར་བཤད་པ་ཡིན་ནོ། །འོན་ཀྱང་འཆབ་སེམས་མ་སྐྱེས་ན། དགེ་སློང་དྲི་མེད་འོད་སྨད་འཚོང་མས་རྫས་སྔགས་ཀྱིས་རྨོངས་པར་བྱས་པས་ཚུལ་ཁྲིམས་ལས་ཉམས་པ་སླར་འགྱོད་པའི་སེམས་ཀྱིས་དགེ་སློང་རྣམས་ལ་བསྙད་པ་བཞིན་ཡིན་པས་དེ་འདྲ་བ་དེ་ལ། མདོའི་དགོངས་པ་ལྟར་ན་ཆད་པ་ལས་ཀྱི་བསླབ་པ་སྦྱིན་ནས་ཇི་སྲིད་འཚོའི་བར་དམན་སྤྱོད་ལྔ་དང་དུ་བླང་བ་དང་ཁྱད་སྤྱོད་ལྔ་སྤང་བ་ལ་བསླབ་སྟེ་གནས་པས་དགྲ་བཅོམ་ཐོབ་ན་རང་བཞིན་དུ་གནས་ཏེ། འོད་ལྡན་ལས། དགེ་སློང་དགའ་བྱེད་འཆབ་སེམས་མ་སྐྱེས་པ་ལ་བསླབ་པ་བྱིན་ཅིག །ཟག་པ་ཟད་པར་གྱུར་ན་སྔར་གྱི་གྲལ་རིམ་ཇི་ལྟ་བར་འཇུག་པར་བྱ་ཞེས་པ་ལྟར་རོ། །དེས་ན་འདུལ་བར་རང་གཞུང་དུ་སླར་གསོ་རུ་ཡོད་མེད་མ་འཆབ་པ་དང་འཆབ་པ་དག་ཁོ་ན་ལ་རག་ལས་པར་གསུངས་པ་ཡིན་ལ། སླར་གསོ་བ་དེ་ཡང་བསྙེན་རྫོགས་སོགས་ཀྱི་སྡོམ་པ་སྦྱིན་པའི་དོན་མིན་པར་བཤད་མ་ཐག་པ་ལྟར་རོ། །ཐེག་ཆེན་གྱི་དགོངས་པ་ལྟར་ན་ནི་འཆབ་པ་མེད་པའི་གང་ཟག་གིས་བསླབ་པ་མ་ཕུལ་བར་སླར་བླང་ནའང་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་རུང་བར་བཞེད་དོ། །དེའི་གནད་ཀྱང་འདི་ལྟར་ཐེག་ཆེན་གྱི་ལམ་ལས་ནི་དངོས་པོའི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པ་ཅན་དུ་བལྟ་བའི་འདུ་ཤེས་ལས་ལོག་སྟེ་ཐམས་ཅད་སྒྱུ་མ་ཙམ་དུ་བལྟ་བ་དང་སྡོམ་པའི་ངོ་བོ་ཡང་གཟུགས་ཅན་དུ་མི་བལྟ་བར་མ་ཟད་ཤེས་པའི་རྫས་ཙམ་དུའང་གྲུབ་པར་མི་བལྟ་བར་རྟེན་འབྲེལ་ཙམ་དུ་ཁས་ལེན་པས་སླར་ཡང་སྤོང་སེམས་ཁྱད་པར་ཅན་ཐོབ་ན་སྡོམ་པ་ཡང་སྐྱེ་རུང་བར་བཤད་པ་དང་། ཁྱད་པར་དུ་ཁ་བ་ཅན་པ་རྣམས་ནི་ཐེག་པ་ཆེན་པོ་ཁོ་ནའི་གདུལ་བྱ་ཡིན་པར་གསུངས་པ་དང་། སྙིགས་མའི་དུས་འདིར་ནི་བསྟན་པ་ཤིན་ཏུ་ཉམས་དམའ་བས་ངུར་སྨྲིག་གི་རྟགས་ཙམ་འཆང་བ་དང་། བསྲུང་འདོད་ཀྱི་འདུ་ཤེས་ཙམ་ཡོད་པ་དང་། གཞི་གསུམ་གྱི་ལག་ལེན་གཟུགས་བརྙན་ཙམ་ཞིག་ཀྱང་ཤིན་ཏུ་དཀོན་པ་དགོངས་ནས་ད་ལྟའི་བཤེས་གཉེན་དམ་པ་ཐབས་མཁས་ཀྱི་མཛད་པ་ཅན་རྣམས་ཀྱིས་སོར་སྡོམ་ཉམས་པ་རྣམས་ལ་ཡང་གསང་འདོད་ཡོད་མེད་ཀྱི་དྲི་རྟོག་ཡེ་མི་མཛད་པར་སྡོམ་པ་སྦྱིན་པའི་བཀའ་གནང་ཐོབ་པ་ཡང་རྒྱུ་མཚན་དེ་ལྟར་ཡིན་ནོ་སྙམ་དུ་སེམས་སོ། །གཞན་ཡང་དགེ་སློང་གི་ལྷག་མ་ལ་སོགས་པ་དང་། དགེ་ཚུལ་སོགས་ཀྱི་བཤགས་བྱ་རྣམས་ལྕི་ཡང་ལ་ལྟོས་པའི་བཤགས་ཚུལ་ཇི་ལྟར་བཤད་པ་གཞན་ལས་ཤེས་པར་བྱ་ཞིང་ཐམས་ཅད་ལ་སྟོབས་བཞི་ཚང་བ་ནི་གནད་གལ་པོ་ཆེའོ། །དེ་ལྟར་ན་ལྟུང་བ་མི་འབྱུང་བ་དང་བྱུང་ཡང་ཕྱིར་བཅོས་པའི་ཐབས་ཀྱིས་ལྟུང་བ་དང་མི་འགྲོགས་པ་དང་། ཚུལ་ཁྲིམས་ཀྱིས་མི་རློམ་ཞིང་ང་རྒྱལ་མེད་པ་སོགས་ནི་བསླབ་པ་ལ་མཁས་པར་བྱ་བ་ལ་རག་ལས་པས་ན་ལུས་ངག་གི་སྦྱོར་བ་ལས་བྱུང་བའི་ལྟུང་བའི་མཚམས་ཕྲ་མོ་ཡན་ཆད་ངེས་པར་བྱ་བ་དང་། གལ་ཏེ་ལུས་ངག་གི་ཚུལ་ཙམ་གྱིས་ཉེས་པ་མ་འབྱིན་ནའང་འདོད་པ་ལ་གཡེངས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པ་ཡོད་ན་རྒྱུད་རྣམ་པར་དག་པར་མི་འགྱུར་བས་ན་སྒོ་གསུམ་གྱི་སྤང་བླང་གི་གནས་ཐམས་ཅད་ལ་མཁས་པར་བྱ་དགོས་ཏེ། དེ་སྐད་དུ་ལེགས་པའི་ལམ་བསྟན་པ་ལས་ཀྱང་། ཡང་དག་པ་དང་མ་དག་པའི་དབྱེ་བས་རྣམ་པ་གཉིས་ཏེ། སྲེད་པ་དང་ལྟ་བ་ངན་དང་ང་རྒྱལ་དང་ཡང་དག་པ་མ་ཡིན་པའི་རྟོག་པ་དང་མ་འདྲེས་པ་དང་ཡོངས་སུ་ཚང་བ་ནི་དག་པའི་ཚུལ་ཁྲིམས་སོ། །དེ་ལས་ལྡོག་པ་ནི་མ་དག་པའོ། །དག་པ་ལའང་རྣམ་པ་གཉིས་ཏེ། གང་འདའ་བ་མེད་པར་རྣམ་པར་བྱང་བ་དེ་ནི་ལྟུང་བ་མེད་པའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །གང་ལྟུང་བ་སླར་བཅོས་པ་རྣམ་པར་དག་པ་དེ་ནི་ལྡང་བའི་རྣམ་པར་དག་པའི་ཚུལ་ཁྲིམས་སོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གཞན་དུ་ན་བསྲུང་མཚམས་ཞིབ་མོར་ཕྱེ་སྟེ་ཤེས་པ་ལྟ་ཅི། ལྟུང་བ་སྡེ་ལྔ་ལ་སོགས་པ་བསྲུང་བྱའི་རྣམ་གྲངས་བརྩི་བ་ཙམ་ཡང་མི་ཤེས་བཞིན་དུ་བདག་ནི་དགེ་སློང་ངོ་། །དགེ་ཚུལ་ལོ། །ཚུལ་ལྡན་ནོ་སྙམ་དུ་བསླབ་པ་བསྲུང་བར་རློམ་པ་དེ་ནི་མཚར་ཞེས་གཞན་གྱིས་ཁྲེལ་བའི་གནས་ཡིན་ཏེ་ཆུ་མེད་པ་ལ་ཁྲོན་པར་རློམ་པ་བཞིན་ནོ། །དེ་ལྟར་ཡང་འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་སོ། །རྒྱུ་མཚན་དེས་ན་ལྟུང་བ་དང་ལྟུང་མིན་སོགས་ཀྱི་མཚམས་དང་ཕྱིར་བཅོས་ཚུལ་དང་བྱིན་གྱིས་བརླབས་པའི་ཚུལ་སོགས་ལེགས་པར་ཤེས་པ་ཞིག་ཡིན་ན་དེ་ཙམ་གྱིས་ཀྱང་ལྟུང་བ་མི་འབྱུང་བ་དང་། གལ་ཏེ་བག་མེད་པ་ལ་སོགས་པའི་དབང་གིས་ཉེས་པ་འགའ་ཞིག་བྱུང་ན་ཡང་ཉམས་པ་དེ་སླར་གསོ་བ་དང་ལྟུང་བ་སྦྱོང་བའི་ཐབས་ཀྱིས་སོར་ཆུད་སླ་བ་ཡིན་པའི་ཕྱིར་ན་ལྟུང་བ་འབྱུང་བའི་སྒོ་ལྟུང་བ་ཡིན་མིན་གྱི་དབྱེ་བ་མི་ཤེས་པ་དང་། བསླབ་པ་ལ་མི་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་ཞིང་ཤུགས་དྲག་པ་སྟེ་བཞིའི་དང་པོའང་མི་ཤེས་པ་ཡིན་ནོ་ཞེས་འཕགས་པ་ཐོགས་མེད་ཀྱིས་བཞེད་པ་ཡིན་ཏེ་གང་མ་ཤེས་པ་དེ་ལ་གུས་ཤིང་བག་བྱ་བ་ལ་སོགས་པས་འབད་དུ་མེད་པའི་ཕྱིར་རོ། །དེ་དག་ནི་གང་བཀག་པ་དེ་མི་བྱེད་པ་ཡིན་པས་ལྡོག་པའི་ཚུལ་ཁྲིམས་ཞེས་བྱའོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་བཤད་པ་ལ། བསྒྲུབ་པའི་བསླབ་བྱ་དངོས་དང་། ཞར་བྱུང་རུང་མཐུན་བརྩི་ཚུལ་ལོ། །དང་པོ་ནི། གཉེན་པོ་རྣམ་པར་བྱང་བའི་ཕྱོགས་རྒྱུད་ལ་བསྐྱེད་པར་བྱེད་པའི་ཐབས་ཀྱི་ཆ་ཡན་ལག་དང་བཅས་པ་དང་དུ་བླང་བའི་ཚུལ་གྱིས་བསྒྲུབ་པར་བྱེད་པས་ན་བསྒྲུབ་པའི་བསླབ་བྱ་ཞེས་བྱ་སྟེ། དེ་ལ་ཡང་ཚུལ་ཁྲིམས་ཀྱི་སྙིང་པོ་དག་པར་བྱེད་པའི་ཐབས་གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེ་སྟེ། གཞི་གསུམ་གྱི་ཆོ་ག་གཙོ་བོར་བསྟན་ནས་དེ་དང་བཅས་པ་བསླབ་པ་གསུམ་གྱི་རྟེན་གཞིར་གྱུར་པའི་གཞི་བཅུ་བདུན་གྱི་བསླབ་བྱ་རྣམས་གསུངས་ཏེ། ལུང་གཞི་ལས། རབ་བྱུང་༡གསོ་སྦྱོང་༢གཞི་དང་ནི། །དགག་དབྱེ་༣དབྱར་དང་༤ཀོ་ལྤགས་གཞི༥། །སྨན་༦དང་གོས་༧དང་སྲ་བརྐྱང་༨དང་། །ཀ་ཤཱམ་༩་བཱི་དང་ལས་༡༠ཀྱི་གཞི། །དམར་སེར་༡༡ཅན་དང་གང་ཟག་༡༢དང་། །སྤོ་དང་༡༣གསོ་སྦྱོང་༡༤བཞག་པ་དང་། །གནས་མལ་༡༥དང་ནི་རྩོད་པ་༡༦དང་། །དགེ་འདུན་དབྱེན་༡༧རྣམས་བསྡུས་པ་ཡིན། །ཞེས་གསུངས་པ་དེ་རྣམས་དེ་བཞིན་གཤེགས་པས་རྗེས་སུ་གནང་བས་དེ་དག་ལ་བསླབ་པ་ནི་འཇུག་པའི་ཚུལ་ཁྲིམས་ཞེས་བྱ་བས་བསླབ་བྱ་ཐམས་ཅད་འཇུག་ལྡོག་གི་ཚུལ་ཁྲིམས་གཉིས་པ་དེར་འདུས་སོ། །གཞི་བཅུ་བདུན་པོ་དེ་རྣམས་ཅུང་ཟད་བཀྲལ་ཏེ་བཤད་ན། དང་པོ་སྡོམ་པ་མ་ཐོབ་པ་ཐོབ་བྱེད་ཀྱི་གཞི་གཅིག །བར་དུ་ཐོབ་པ་མི་ཉམས་པ་བསྲུང་བྱེད་ཀྱི་གཞི་བརྒྱད། ཐ་མ་ཉམས་ན་ཕྱིར་བཅོས་ཀྱི་གཞི་བདུན། དེ་ཐམས་ཅད་ལ་ཁྱབ་པའི་གཞི་གཅིག་གོ། །དེ་ལ་དང་པོ་ཐོབ་བྱེད་ཀྱི་གཞི་ནི། རབ་བྱུང་གི་བསླབ་པ་རྣམས་སྟོན་པ་ལ་རྟེན་གྱི་གང་ཟག་གཞི་གྲུབ་དགོས་པའི་ཕྱིར་རབ་བྱུང་གི་གཞི་ཡིན་ལ། དེ་ཡང་སྔར་བཤད་པ་ལྟར་ཚུར་ཤོག་ལ་སོགས་པའི་ཐབས་སླ་བ་མང་པོ་དང་། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་ཅིག་ཆར་བསྒྲུབ་པ་སྟེ་ཚེགས་མེད་པར་རྫོགས་པ་སྔོན་གྱི་ཆོ་ག་དང་། མཁན་སློབ་དང་བཅས་པའི་དགེ་འདུན་གྱིས་སྦྱོར་དངོས་རྗེས་གསུམ་གྱི་སྤྲོས་པ་དང་བཅས་པའི་ཆོ་ག་ལ་བརྟེན་ནས་བསླབ་ཚིགས་གསུམ་རིམ་གྱིས་སྦྱིན་པའི་སྒོ་ནས་ཚེགས་དང་བཅས་བསྒྲུབ་པ་ད་ལྟར་གྱི་ཆོ་ག་སྟེ་གཉིས་ཀྱིས་སོ། །གཉིས་པ་བསྲུང་བྱེད་ཀྱི་གཞི་ལ། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ། །བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ་སྟེ་བརྒྱད་དོ། །དང་པོ་ཡོངས་སྦྱོང་གི་གཞི་གསུམ་ནི་གཉེན་པོ་དགེ་བའི་ཕྱོགས་གསོ་ཞིང་། སྤང་བྱ་ཉེས་པའི་ཕྱོགས་སྦྱོང་བར་བྱེད་པས་གསོ་སྦྱོང་དང་། དབྱར་ཟླ་གསུམ་ལ་སོགས་པར་གནས་གཅིག་ཏུ་གནས་པས་དབྱར་གནས་དང་། དབྱར་ཟླ་གསུམ་དུ་དགག་པ་བྱས་པའི་བསླབ་བྱ་རྣམས་དབྱེ་བས་དགག་དབྱེའོ། །དང་པོ་གསོ་སྦྱོང་ལའང་སྤང་བྱ་ལ་ལྟོས་ཏེ་སྔར་བསགས་ཀྱི་སྒྲིབ་པ་སྦྱོང་བ་དང་། བླང་བྱ་ལ་ལྟོས་ཏེ་ལྷག་པའི་སེམས་དང་ཤེས་རབ་དག་བྱེད་ཞི་གནས་ཀྱི་གསོ་སྦྱོང་དང་། དེ་བཞིན་དུ་སྤང་བྱ་ཕྱིས་འབྱུང་གི་རྒྱུན་ཚེ་འདིའི་ཟག་པ་སྡོམ་པ་དང་། བླང་བྱ་ལྷག་པའི་ཚུལ་ཁྲིམས་དག་བྱེད་མཐུན་པའི་གསོ་སྦྱོང་གཉིས་ཡོད་པ་ལས། དང་པོ་ཞི་གནས་ཀྱི་གསོ་སྦྱོང་ལ་འདོད་པའི་སེམས་རགས་པ་ཞི་བྱེད་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་རྟེན་འབྲེལ། རྣམ་རྟོག་གི་གཉེན་པོ་དབུགས་འབྱིན་འཇུག་དྲན་པའི་སྒོམ་ཚུལ་རྣམས་དང་། ཁམས་གོང་མའི་སེམས་བསམ་གཏན་བཞི་དང་། གཟུགས་མེད་བཞིའི་སྙོམས་འཇུག་བསྒོམ་པ་རྣམས་ཞི་གནས་དང་། ཐར་པའི་ལམ་བྱང་ཆུབ་ཕྱོགས་སོ་བདུན་གྱིས་བསྡུས་པའི་ལྷག་མཐོང་བསྒོམ་པའོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལའང་དུས་ངེས་པ་དང་མ་ངེས་པ་གཉིས་ལས། དང་པོ་ལ་བཅུ་བཞི་པ་དང་བཅོ་ལྔ་པ་གཉིས་ལས། དང་པོ་ནི། ལོ་དྲི་ལས།
༈ དགུན་འབྲིང་པོའི་མར་ངོ་། དེ་ནས་ཟླ་བ་རེ་དོར་བའི་མར་ངོ་རྣམས་སོ། །མཆན། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་ལོ་གཅིག་གི་ནང་དུ་མར་ངོ་དྲུག་པོ་དེ་ཞག་མི་ཐུབ་དོར་བའི་བཅུ་བཞི་པ་དང་། དེ་ལས་གཞན་མར་ངོ་དྲུག་དང་། ཡར་ངོ་བཅུ་གཉིས་ཏེ་བཅོ་བརྒྱད་ནི་བཅོ་ལྔ་པའོ། །གཉིས་པ་དུས་མ་ངེས་པ་ལ་བཀྲ་ཤིས་པ་དང་། གནོད་པ་བཟློག་པ་དང་། མཁོན་པ་བསྡུམ་པའི་གསོ་སྦྱོང་ངོ་། །ཇི་ལྟར་བྱེད་པའི་ཚུལ་ཡང་གྲུབ་པ་ལ་སོགས་པའི་གནས་སུ་སྦྱོར་བ་གཎྜི་བརྡུངས་ནས་དགེ་འདུན་བསྡུས་ཏེ་རྒྱུད་ཆགས་གསུམ་པ་དང་། དུས་བཟང་གི་མདོ་འདོན་པ་སོགས་དང་། དངོས་གཞི་གསོལ་བའི་ལས་ཀྱིས་ཐུགས་བསྟུན་ནས། སོ་སོར་ཐར་པའི་མདོ་འདོན་པ་དང་། རྗེས་མཁྱེན་པར་གསོལ་ནས་བསྔོ་བ་བྱ་བ་ལ་སོགས་པའོ། །གཉིས་པ་དབྱར་གནས་ལ་ཕན་ཡོན་དང་དབྱར་གནས་དངོས་གཉིས་ལས། དང་པོ་ནི། འཕྱ་༡དང་སྲོག་ཆགས་༢གནོད་སྤོང་དང་། །ལུས་སྲོག་གནོད་སྤོང་༣རལ་གྲུམ་འཆོས༤། །དོན་བྱ་ཉུང་༥དང་ཐོས་སོགས་༦འཕེལ། །དགག་༧དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་སོ། །གཉིས་པ་དངོས་གཞི་ལ་དབྱར་སྔ་མ་དང་ཕྱི་མ་གཉིས་ཏེ། ས་གའི་ལྷས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་པ་ལྟར་རོ། །ཇི་ལྟར་གནས་པའི་ཚུལ་ལ། ཁས་བླང་བའི་ཚིག་དང་། དམ་ཚིག་བསྲུང་བ་གཉིས་ལས། དང་པོ་ལ་སྦྱོར་དངོས་གཉིས། སྦྱོར་བ་ལ་གཙུག་ལག་ཁང་བརྒྱན་པ་སོགས་རིང་སྦྱོར་དང་། གནས་མལ་སྟོབ་པ་སོགས་ཉེ་སྦྱོར་རོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པས་ཁས་བླང་ངོ་། །དམ་ཚིག་བསྲུང་བ་ནི་དབྱར་གནས་ཀྱི་ནང་ཁྲིམས་དང་མི་འགལ་བར་བྱ་བའོ། །གསུམ་པ་དགག་དབྱེ་ལ་དུས་ངེས་པ་དང་མ་ངེས་པ་གཉིས་ལས་དང་པོ་ནི། དབྱར་ཁས་བླངས་ནས་ཟླ་བ་གསུམ་རྫོགས་པའི་དུས་སུ་བྱེད་པ་ཡིན་ལ། གཉིས་པ་ནི་རྐྱེན་དབང་གིས་དེའི་སྔོན་དུ་བྱེད་པའོ། །ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་དངོས་གཉིས་ལས། དང་པོ་ལ་རིང་སྦྱོར་སྤྱོད་ཡུལ་དུ་གོ་བར་བྱ་བ་སོགས་དང་། ཉེ་སྦྱོར་བཟོད་པར་གསོལ་ནས་ཐུགས་བསྟུན་པའི་བར་རོ། །དངོས་གཞི་ནི་རྩྭ་བྲིམས་ནས་སྔགས་ལན་གསུམ་བརྗོད་དེ་ལྟུང་བའི་དགག་དབྱེ་བྱས་ནས་རྫས་ཀྱི་དགག་དབྱེ་བྱ་བའོ། །གཉིས་པ་བདེ་བར་གནས་པ་རྐྱེན་གྱི་གཞི་ལ། བཀྲེས་སྐོམ་ལ་སོགས་པའི་ནད་ལ་ཕན་པའི་བཟའ་བཏུང་གི་བྱེ་བྲག་རྣམས་བསྟེན་དུ་རུང་མི་རུང་དང་ཇི་ལྟར་བསྟེན་པའི་ཚུལ་རྣམས་སྟོན་པ་སྨན་གྱི་གཞི་དང་། གོས་ཀྱི་བྱེ་བྲག་ལ་མཚན་མ་གདབ་པ་དང་། ཁ་དོག་བསྒྱུར་བའི་ཚུལ་སོགས་སྟོན་པ་གོས་ཀྱི་གཞི་དང་། གནས་ཁང་དང་མལ་སྟན་སོགས་ཀྱི་བྱེ་བྲག་སྟོན་པ་གནས་མལ་གྱི་གཞི་དང་གསུམ་མོ། །དང་པོ་སྨན་གྱི་གཞི་ལ་སྨན་དངོས་དང་། རུང་ཁང་གཉིས་ལས། དང་པོ་ནི་ལོག་འཚོ་དང་བྲལ་ཞིང་མཐའ་གཉིས་སྤང་བའི་སྒོ་ནས་བསྒྲུབ་པའི་དྲི་རོ་རེག་བྱའི་བདག་ཉིད་དེ་དབྱེ་ན། དུས་རུང་གི། ཐུན་ཚོད་དུ་རུང་བའི། ཞག་བདུན་པའི། འཚོ་བཅང་གི་སྨན་དང་བཞིའོ། །གཉིས་པ་རུང་ཁང་ནི་མཚམས་ནང་ཡིན་ཡང་ཟས་བཅོ་བ་དང་ཞག་ལོན་པར་བཞག་རུང་བ་ལ་སོགས་པས་རུང་བའི་ཁང་པ་ཞེས་བྱ་སྟེ་འདི་ལ་གསར་པ་དང་། རྙིང་པ་དང་། བ་ལང་གི་ལྷས་ལྟ་བུ་གསུམ་མོ། །གཉིས་པ་གོས་ཀྱི་གཞི་ལ། འཚོ་བའི་ཡོ་བྱད་དང་འབྲེལ་བའི་གོས། བག་ཡངས་དང་འབྲེལ་བའི་སྲ་བརྐྱང་། དམིགས་བསལ་དང་འབྲེལ་བའི་ཀོ་ལྤགས་ཏེ་གསུམ་གྱི་དབྱེ་བས་བདེ་བར་གནས་པ་རྐྱེན་གྱི་གཞི་ལྔར་འགྱུར་བ་ཡིན་ནོ། །དེ་ལ་དང་པོ་འཚོ་བའི་ཡོ་བྱད་དང་འབྲེལ་བའི་གོས་ནི་ལོག་འཚོས་མ་བསྒྲུབས་ཤིང་མཐའ་གཉིས་སུ་མ་ལྷུང་བ་སྟེ། དབྱེ་ན་རང་མིང་གིས་བྱིན་གྱིས་བརླབ་རུང་གི་རིགས་སུ་གནས་པའི་འཚོ་བའི་ཡོ་བྱད་བཅུ་གསུམ་པོ་ཚད་དང་ལྡན་པར་དངོས་སུ་གྲུབ་པ་དང་། རྒྱུའི་བྱིན་རླབས་འབྲལ་སྤངས་ཁེགས་པའི་སྔགས་རྟེན་ཆོས་གོས་གསུམ་གང་རུང་གི་རྒྱུར་རུང་བ་སྟེ་འཚོ་བའི་ཡོ་བྱད་དང་། གཞན་མིང་ཉིད་ཀྱིས་བརླབས་པའམ་ཡིད་གཏད་དེ་བཅང་རུང་གི་རིགས་གནས་སྣམ་སྦྱར་གཉིས་པ་ལྟ་བུ་ལ་སོགས་པ་ལྷག་པོའི་ཡོ་བྱད་དང་། རང་གཞན་གཉིས་ཀའི་མིང་གིས་བརླབས་རུང་འཚོ་བའི་ཡོ་བྱད་གང་རུང་གི་དབྱིབས་སུ་མ་གྲུབ་པའི་གོས་ཁྲུ་གང་ཡན་ཆད་ཀྱི་དར་རས་སྣམ་བུ་སོགས་ནོར་གྱི་འདུ་ཤེས་སྐྱེ་བ་དང་། སྟོད་འབོགས་དང་འགགས་རིང་སོགས་གོས་ཀྱི་འདུ་ཤེས་སྐྱེ་བ་མཁོ་བའི་ཡོ་བྱད་དང་རྣམ་པ་གསུམ་མོ། །གཉིས་པ་བག་ཡངས་དང་འབྲེལ་བ་སྲ་བརྐྱང་ནི། དབྱར་ཁས་བླངས་པའི་གནས་དེར་དགག་དབྱེའི་ཕྱི་དེ་ཉིན་ནས་སྤྱིར་བཏང་ལ་ཟླ་བ་ལྔའི་ཡུན་དུ་དབྱར་སྔ་མ་ཁས་བླངས་ཤིང་མ་རལ་བའི་དགེ་སློང་རྣམས་ཀྱིས་དབྱར་རྙེད་ཀྱི་རྒྱུ་ལས་བྱུང་ཞིང་དགེ་འདུན་ལ་དབང་བའི་ཆོས་གོས་སུམ་ཕྲུགས་གཅིག་ཡན་ཆད་ཆོ་ག་སྦྱོར་དངོས་རྗེས་གསུམ་གྱིས་བཏིང་བའོ། །དེའི་ཕན་ཡོན་ནི། འཆང་བྲལ་འཇོག་གསུམ། ཡང་ཡང་དང་། འདུས་ཟ། མ་སྨྲས་པར་འགྲོ་བ། གོས་སློང་བའི་ཉེས་པ་རྣམས་ཁེགས་ཤིང་། རྙེད་པ་ཐུན་མོང་དུ་དབང་བ་དང་། རུང་བ་མ་བྱས་པའི་གོས་འཆང་དུ་རུང་བ་དང་། སྣམ་སྦྱར་མེད་པར་ལྗོངས་རྒྱུར་རུང་བ་རྣམས་སོ། །སྲ་བརྐྱང་བཏིང་བའི་ཚུལ་བོད་དུ་མ་དར་བས་ས་ཁོངས་འཛིན་བྱེད་དུ་མདོ་ཙམ་ལས་དབྱུང་བའི་ཚུལ་ནི་ཡི་གེ་མང་བས་མ་སྨོས་སོ། །གསུམ་པ་དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞི་ནི། སྤྱིར་ཡུལ་དབུས་སུ་གནས་མལ་སྐྱོབ་པའི་ཕྱིར་ཀོ་ལྤགས་ཀྱི་ལྷྭམ་ཙམ་དར། གཙུག་ལག་ཁང་ལས་གཞན་པའི་ཁྱིམ་དུ་སྟན་གཞན་མེད་ན་ཀོ་ལྤགས་ལ་འདུག་པ་ཙམ་གནང་གི་ཉལ་བར་མ་གནང་ལ། མཐའ་འཁོབ་ཏུ་ནི་གྲང་བ་སྐྱོབ་པའི་ཕྱིར་གནང་བས་ལྷྭམ་དང་མལ་སྟན་གཉིས་ཀ་བརྟེན་དུ་རུང་ཞིང་། མཆིལ་ལྷྭམ་ཁྲ་བོ་དང་རྒྱན་ཅན་གྲང་དང་སྟག་སེང་རྟ་བོང་སོགས་ཀྱི་ཀོ་བ་བཅང་མི་རུང་ལ། བྱེ་བྲག་ཡུལ་ཨ་སྨྲ་པ་རཱནྟར་ནི་ཀོ་ལྤགས་ཀྱི་གོས་ཅི་དགར་བསྟེན་པ་བསྒྲུབ་པའི་བསླབ་བྱར་གསུངས་སོ། །སྤྱིར་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ཞྭ་དང་ལྷྭམ་ཡུ་བ་ཅན་གཉིས་ཀ་གནང་བར་བཤད་དོ། །གསུམ་པ་གནས་མལ་གྱི་གཞི་ལ། གནས་ཁང་བརྩིག་པ་ནི། ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་དང་། མདུན་དུ་སྒོ་ཁང་། སྒོར་གནོད་སྦྱིན་ལག་ན་རྡོ་རྗེ། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་སོགས་འདྲི་བར་གསུངས་སོ། །དེར་མལ་སྟན་སོགས་ལ་ལོངས་སྤྱོད་པའི་ཚུལ་ནི། ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་པ་ལྟར་རོ། །ཞར་བྱུང་ཕྱག་བྱ་བ་དང་མི་བྱ་བའི་ཚུལ་ནི། ཁྱིམ་པས་རབ་བྱུང་ལ། རབ་བྱུང་གིས་དགེ་སློང་ལ། ཐམས་ཅད་ཀྱིས་སངས་རྒྱས་ལའོ་ཞེས་པ་ལ་སོགས་པའི་ཚུལ་གྱིས་ཤེས་པར་བྱའོ། །གསུམ་པ་ཉམས་ན་ཕྱིར་བཅོས་ཀྱི་གཞི་བདུན་པོ་བསྡུ་ན་གཉིས་ཏེ། ལྟུང་བ་ཕྱིར་བཅོས་དང་། རྩོད་པ་ཕྱིར་བཅོས་སོ། །དང་པོ་ལ་བཞི་ཡོད་དེ། དམར་སེར་ཅན་གྱི་དགེ་སློང་མང་པོ་ལ་བཅས་པས་དམར་སེར་ཅན་ཕྱིར་བཅོས་ཀྱི་གཞི། ཟླ་བ་ཕྱེད་ལ་སོགས་པར་སྤོ་བ་སྦྱིན་པས་སྤོ་བ་སྤྱོད་པས་གཞན་ན་གནས་པའི་གཞི། གང་ཟག་རེ་རེ་ལ་ལྟུང་བ་བཅས་པ་དང་མ་བཅབས་པ་དང་ལྡང་བའི་དུས་ཡིན་མིན་སོགས་མདོར་བསྡུས་ཏེ་སྟོན་པས་གང་ཟག་དུས་དང་དུས་མ་ཡིན་པ་བསྡུས་པའི་གཞི། ཉེས་པ་དུ་མ་ལ་བརྟེན་ཏེ་གསོ་དགག་བཞག་པར་བྱ་བས་གདམས་ངག་གསོ་དགག་བཞག་པའི་གཞིའོ། །དང་པོ་དམར་སེར་ཅན་ལ་མི་སྤྲོ་བ་ནན་ཏུར་དང་། སྤྲོ་བ་མཐོལ་བཤགས་ཀྱིས་ཕྱིར་བཅོས་གཉིས་ལས། དང་པོ་ལ། འཐབ་ཀྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་ཁྱད་སྤྱོད་སྤང་བའི་ཆད་ལས་བཀལ་ཀྱང་མ་བཏང་ན་གནས་ནས་དབྱུང་ངོ་ཞེས་བསྡིགས་༡པ་དང་། ལྷག་ལྟུང་བྱུང་བ་སྤོ་བ་སོགས་བགྱིས་ཀྱང་ཡང་ཡང་བྱུང་ན་གཞན་ལ་གནས་ཆོས་ཤིག་ཅེས་གཉེན་པོ་ཆུང་བའི་སྒོ་ནས་དམད་པ་༢དང་། ཁྱིམ་སུན་འབྱིན་པ་གནས་དེ་ནས་མ་དད་པ་བཟློག་པའི་ཕྱིར་བསྐྲད་པ་༣དང་། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་དགེ་འདུན་གྱིས་མཛའ་གཅུགས་ཀྱི་དངོས་པོས་སྦྱངས་ནས་ཕྱིར་འགྱེད་པ་༤དང་། གནས་དབྱུང་དང་༥ལྔའོ། །གནས་དབྱུང་འདི་ལ་བདུན་ཡོད་དེ། ལྟུང་བ་ཡོད་ཀྱང་མེད་དོ་ཞེས་སྨྲ་ན་དེ་གནས་ནས་དབྱུང་སྟེ་དེ་ལ་མ་མཐོང་བ་གནས་ནས་དབྱུང་བ་༡ཞེས་བྱ་ཞིང་། དེ་བཞིན་དུ་ལྷག་མ་སོགས་ལྷུང་བ་བྱུང་བ་ཀུན་ལ་གྲགས་ཀྱང་ཕྱིར་མི་འཆོས་པ་དང་༢། ཆང་བཏུང་བ་ལ་ཉེས་པ་མེད་དོ་ཞེས་པ་སོགས་སྡིག་ལྟར་ཅན་དང་༣། འཐབ་ཀྲོལ་བྱེད་པ་ལ་འབད་པས་མ་ལོག་པ་དང་༤། འཕྲལ་ལུས་ངག་བཙུན་པ་ལྟར་བྱེད་ཀྱང་འཐབ་ཀྲོལ་གྱི་རྒྱུད་མ་དུ་བཟུང་ནས་ཉེ་བར་བསྒྲུབ་པ་དང་༥། དགེ་སློང་མ་དང་འཕྱར་གཡེངས་དང་རྩ་ཧྲལ་གྱིས་འདྲེས་ཤིང་གནས་པ་དང་༦། ཆོས་རྣམ་པར་གཏན་ལ་དབབ་པས་རྩོད་པ་ཞི་བའི་ཐབས་བྱས་ཀྱང་ཞི་བར་མ་གྱུར་པ་༧རྣམས་གནས་ནས་དབྱུང་ངོ་། །གཉིས་པ་སྤྲོ་བ་མཐོལ་བཤགས་ཀྱིས་ཕྱིར་བཅོས་པ་ནི། ལྟུང་བ་བྱུང་བའི་གང་ཟག་དེ་ལ་འགྱོད་སྡོམ་གྱི་སེམས་ཡོད་ཅིང་ཕྱིར་བཅོས་པར་སྤྲོ་ན་ཕམ་པ་འཆབ་མེད་ནས་ཉེས་བྱས་ཀྱི་བར་ལྕི་ཡང་ལ་ལྟོས་ཏེ་ཚུལ་བཞིན་དུ་བཤགས་སུ་འཇུག་པར་བྱ་བའོ། །གཉིས་པ་སྤོ་བ་སྤྱོད་པས་གཞན་ན་གནས་པའི་གཞི་ལ། སྤོ་བ་དང་། མགུ་བ་དང་། དེ་གཉིས་ཀྱི་ཀུན་སྤྱོད་དང་། དབྱུང་བའོ། །དང་པོ་ནི་གང་ཟག་ཁྱད་པར་ཅན་མིན་པས་ལྷག་མའི་ལྟུང་བ་ཇི་ཙམ་བཅབས་པའི་ཞག་གྲངས་དང་མཉམ་པར་སྤོ་བར་བྱ་བ་དང་། སྤོ་བ་བྱེད་བཞིན་པར་རིགས་འདྲའི་ལྷག་མ་གཉིས་པ་བྱུང་ནས་བཅབས་ན་གཞི་ནས་སྤོ་བ་དང་། གསུམ་པ་བྱུང་ན་གཞི་ནས་བསླངས་ཏེ་སྤོ་བ་བྱ་ཞིང་། བཞི་པ་བྱུང་ན་དམད་པ་ནན་ཏུར་བྱ་བའོ། །གཉིས་པ་མགུ་བ་ནི་ལྷག་ལྟུང་དངོས་གཞི་དག་པའི་ཆེད་དེ། དགེ་སློང་གིས་ཞག་དྲུག་དང་། དགེ་སློང་མས་ཟླ་བ་ཕྱེད་དང་། ལྕི་ཆོས་ལས་འདས་པའི་ཕྱིར་བཅོས་ཀྱང་ཡིན་ནོ། །དེ་ཡང་དང་པོ་མགུ་བ་བྱེད་བཞིན་པ་ན་ལྷག་ལྟུང་བྱུང་ན་གཞི་ནས་མགུ་བ་སོགས་གོང་དང་འདྲའོ། །གསུམ་པ་དེ་གཉིས་ཀྱི་ཀུན་སྤྱོད་ནི། བདག་གིར་བྱེད་༡དང་མཉམ་པར་སྤྱོད༢། །བླ་མའི་གནས་༣དང་ཆད་པའི་ལས༤། །རྟེན་༥པའི་ཁྱད་པར་རྣམས་སྤང་ངོ་། །ནངས་༡པར་མཆོད་༢སྟོན་ལ་སོགས་དུས། །འདུ་བའི་དུས་༣དང་དགོང་ཀའི་དུས༤། །ཐམས་ཅད་དུས་༥སུ་ཇི་ལྟར་བསྒྲུབ། །ཅེས་པའི་ཁྱད་སྤྱོད་ལྔ་སྤངས་ཤིང་། དམན་སྤྱོད་ལྔ་དང་དུ་བླང་བར་བྱ་བ་བསླབ་བྱིན་དང་འདྲ་བ་ལས། གཞན་མེད་ན་གསོ་སྦྱོང་གི་མདོ་འདོན་དུ་རུང་བར་གསུངས། བཞི་པ་དབྱུང་བ་ནི། ཕ་ལ་ཉི་ཤུ་དང་། མ་ལ་བཞི་བཅུའི་ཚོགས་ཀྱིས་སྤྱོར་བ་སྔོན་དུ་སོང་ནས་གསོལ་བཞིའི་ལས་ཀྱིས་བཀུར་གནས་སུ་བྱེད་དོ། །གསུམ་པ་གང་ཟག་གི་གཞི་ལ། རང་རྒྱུད་དང་འབྲེལ་བའི་ལྷག་ལྟུང་ངོ་ཤེས་སམ་ཡིད་གཉིས་ཟ་བ་མཐོལ་ཡུལ་ཡོད་བཞིན་མཚན་མཐའ་འདས་པར་བཅབས་༡པ་དང་། ལྟུང་བའི་ཉེས་པ་བྱས་སམ་མ་བྱས་དང་། བྱས་ཀྱང་ཅི་བྱས་དང་། བསམ་བཞིན་དུ་བྱས་མ་བྱས་མི་ཤེས་པ་དང་༢། སྤོ་མགུ་སྤྱོད་འཕྲོ་ལ་ཁྱིམ་པ་ལ་སོགས་པར་བབས་ཏེ་དགེ་སློང་དུ་ཕྱིར་འོང་བ་ན་སྤོ་མགུ་སྤྱོད་པ་དེའི་འཕྲོའི་གནས་སྐབས་ལ་བབས་པ་དང་༣། བཅབས་པའི་དུས་དང་ལྟུང་བའི་ཚད་མི་ངེས་པས་ཚད་མེད་པ་དང་༤། གནས་པ་དང་། གཞི་ནས་ཡོངས་སུ་གནས་པ་དང་། མགུ་བ་དང་། གཞི་གནས་ཡོངས་སུ་མགུ་བ་དང་། དབྱུང་བ་སྟེ་ལས་ཀྱི་སྡེ་ཚན་ལྔ་དང་༥། དུས་དང་ལྟུང་བའི་ཚད་མ་ངེས་པ་ཉུང་བ་ཉིད་དུ་མི་འགྱུར་བར་དག་པའི་མཐའ་ཅན་ཟླ་བ་བཞི་ལ་སོགས་པར་མང་པོ་གང་བཅོས་པ་དང་༦དྲུག་གོ། །བཞི་པ་གདམས་ངག་གསོ་དགག་བཞག་པའི་གཞི་ལ། གཞི་བཅས་ཆོས་དང་། གཞི་མེད་ཆོས་མ་ཡིན་པ། དེ་གང་ལས་བྱུང་བའི་དགེ་འདུན་ནོ། །གཉིས་པ་རྩོད་པ་ཕྱིར་བཅོས་ལ། དགེ་འདུན་གྱི་རྩོད་པ་ཕལ་ཆེར་ཞི་བར་བྱ་བས་རྩོད་པའི་གཞི་དང་། ཡངས་པ་ཅན་པ་དང་ཀ་ཤཱམ་བཱི་བ་རྣམས་མ་མཐུན་པར་ལས་སོ་སོར་བྱས་པ་ན་དེ་ལ་བཅས་པས་ལས་ཕྱེ་བའི་གཞི་དང་། དགེ་འདུན་རྣམས་ལྟ་བ་དང་སྟོན་པ་ཐ་དད་དུ་གྱུར་ཏེ་ཆ་གཉིས་སུ་དབྱེ་བ་བསྡུ མ་པས་དགེ་འདུན་དབྱེན་གྱི་གཞི་དང་གསུམ་ཡོད་པ་ལས། དང་པོ་རྩོད་པའི་གཞི་ལ། རྩོད་པ་བཞི་དང་། ཞི་བྱེད་བདུན་ནོ། །དང་པོ་ནི། འདུས་བྱས་རྟག་མི་རྟག་ལྟ་བུ་རྩོད་པ་འགྱེད་ཕྱིར་༡དང་། གདམས་ངག་གསོ་དགག་བཞག་པ་ལ་འཇོག་པ་པོ་དང་བཞག་བྱ་རྩོད་པ་ལྟ་བུ་མི་གདམས་ཕྱིར་དང་༢། རྩོད་པ་གསུམ་གྱི་དབང་གིས་གསོ་སྦྱོང་སོགས་ཀྱི་ལས་ལ་མཐུན་པ་མི་སྦྱིན་པས་རྩོད་པར་གྱུར་བ་བྱ་ཕྱིར་དང་༣། ལྟུང་བ་གླེང་བ་ན་ཁས་མི་ལེན་པ་གླེང་བྱ་གླེང་བྱེད་རྩོད་པ་ལྟ་བུ་ལྟུང་ཕྱིར་རྩོད་པ་༤དང་བཞིའོ། །ཞི་བྱེད་ནི། ཤི་བའམ། བབས་པའམ། ཤེས་རབ་དང་སྙིང་རྗེ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ལྟ་བུ་ཡིན་ན་རང་གི་ངང་གིས་ཞི་བར་འགྱུར་བ་ཡིན་པས་མི་དགོས་ལ། དེ་ལྟ་མ་ཡིན་པ་དག་ལ་ནི། མངོན་སུམ་༡དྲན་པ་༢མ་མྱོས་༣དང་། །དེ་བཞིན་གང་མང་༤ངོ་བོ་ཉིད༥། །རྩྭ་རྣམས་བཀྲམ་པ་༦ལྟ་བུ་དང་། །ཁས་བླང་བར་ནི་༧བྱ་བའོ། །ཞེས་པའི་ཞི་བྱེད་༨བདུན་འཇུག་སྟེ། དེ་ཡང་འགྱེད་ཕྱིར་ལ། རྒོལ་༡དང་གཟུ་༢དང་དགེ་འདུན་བཞི་པ་དང་༣། །གསལ་བ་༤དང་ནི་གསལ་བའི་གསལ་བ་༥དང་། །དགེ་འདུན་གཞན་༦དང་སྡེ་སྣོད་འཛིན་པ་༧དང་། །གནས་བརྟན་མཐུ་དང་ལྡན་པས་མངོན་གསུམ་མོ། །ཞེས་པའི་མངོན་སུམ་བརྒྱད་དང་། དགེ་འདུན་གྱིས་ཚུལ་ཤིང་བྲིམས་ཏེ་གང་མང་གི་ཕྱོགས་ལ་དག་པ་སྦྱིན་པ་གང་མང་སྟེ་གཉིས་འཇུག །མི་གདམས་ཕྱིར་ལ་ལྟུང་བ་གླེང་རྒྱུ་ཡོད་པ་ལ་མངོན་སུམ་དང་། མེད་པ་ལ་བཞི་ལས། གཞི་མེད་པ། གཞི་གཞན་གྱིས། ཕྱིར་བཅོས་ཟིན་གླེང་བ་གསུམ་ལ་ནི་འདི་ལ་ཉེས་པ་མེད་དོ་ཞེས་དྲན་པས་འདུལ་བ་སྦྱིན་པ་དང་། སྨྱོས་པས་བྱས་པ་གླེང་བ་ལ་མ་སྨྱོས་པའི་དུས་སུ་མ་བྱས་པས་ལྟུང་བ་མེད་དོ་ཞེས་མ་སྨྱོས་པས་འདུལ་བ་སྦྱིན་ནོ། །ལྟུང་ཕྱིར་ལ་ཉེས་པར་རང་གི་ངོ་བོ་ཉིད་མི་ཤེས་པ་ལ་ངོ་བོ་ཉིད་འཚོལ་བ་སྦྱིན་པ་དང་། གླེང་བྱ་གླེང་བྱེད་གཉིས་ལས་མ་འཕྲོས་ན་ཁས་བླངས་ཀྱིས་ཞི་བ་དང་། གང་ཟག་ཉི་ཚེ་བ་དང་འབྲེལ་བ་མངོན་སུམ་གྱིས་དང་། དགེ་འདུན་མཐའ་དག་དང་འབྲེལ་བ་ནི། རྩྭ་བཀྲམ་པ་ལྟར་ཕན་ཚུན་འདུད་དེ་ཐམས་ཅད་བློ་རྩེ་མཐུན་པས་ཞི་བར་བྱེད་དོ། །བྱ་ཕྱིར་རྩོད་པ་ནི། ལས་ལ་མཐུན་པ་སྦྱིན་པས་དངོས་སུ་ཞི་བར་བྱེད་ཅིང་། བརྒྱུད་ནས་ཞི་བྱེད་བདུན་པོ་ཐམས་ཅད་འཇུག་སྟེ་རྩོད་པ་སྔ་མ་གསུམ་ལ་བརྟེན་ནས་ལས་ལ་མཐུན་པ་མི་སྦྱིན་པ་འབྱུང་བའི་ཕྱིར་རོ། །གཉིས་པ་ཀ་ཤཱམ་བཱི་ལས་བྱེ་བའི་གཞི་ནི། མཚམས་ནང་གཅིག་ཏུ་ཆོས་མ་ཡིན་པར་སྨྲ་བའི་དགེ་སློང་བཞིར་ལོངས་བས་ཆོས་སྨྲ་བའི་དགེ་འདུན་ལས་ལོགས་སུ་གསོ་སྦྱོང་སོགས་ལས་བྱས་པ་ཟིན་པ་ན་ལས་ཀྱི་དབྱེན་དུ་འགྱུར་རོ། །ཞི་བྱེད་ལ་གཉིས་ལས། རྒྱུ་སྤང་བ་ནི། དགེ་འདུན་བྱེ་བའི་དགག་བྱ་ཡོད་པའི་ལྟུང་བ་གླེང་བ། ནན་ཏུར་བསྒོ་གྱུར་གྲངས་སུ་འཇུག་པ་སོགས་སྤང་བའོ། །གཉེན་པོ་བསྟེན་པ་ནི། ནང་གི་གཉེན་པོ་དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བ་དང་། ཕྱིའི་གཉེན་པོ་ལས་ཕྱེ་བའི་རྩོད་པ་བྱུང་ན། དགེ་འདུན་ལ་བཟོད་པར་གསོལ་ནས། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་དང་། མཐུན་པ་དང་། མཐུན་པའི་གསོ་སྦྱོང་བྱིན་ནས་དེའི་རྗེས་སུ་ཕན་ཚུན་མཉམ་དུ་མཐུན་པའི་གསོ་སྦྱོང་བྱ་བའོ། །གསུམ་པ་དབྱེན་གྱི་གཞི་ལ། དགེ་འདུན་ལྷག་མར་གྱུར་པ་དང་། མཚམས་མེད་དུ་གྱུར་བ་གཉིས་ལས་དང་པོ་ནི། སྟོན་པ་དང་མཆོག་ཟུང་གཅིག་འདས་པའི་འོག་ཏུ་ལས་དང་པོ་མ་ཡིན་པའི་དགེ་སློང་གིས་བསླབ་ཚིགས་ལྔ་ལྟ་བུ་ལ་སློབ་པའི་ཆེད་དུ་ཚུལ་ཤིང་བྲིམས་པའི་ལས་བྱས་པ་སྟེ། དེའི་ཚེ་བཟློག་བསྒོའི་མཐར་མ་བཏང་ན་བྲིམས་པ་པོ་ལ་དབྱེན་གྱི་ལྷག་མ་དང་། ལེན་པ་པོ་ལ་དེའི་རྗེས་ཕྱོགས་ཀྱི་ལྷག་མར་འགྱུར་རོ། །མཚམས་མེད་དུ་གྱུར་བ་ནི། འབྱེད་པ་པོ་དགེ་སློང་ལྟ་སྤྱོད་ཚུལ་ལྡན་གྱིས། གནས་སྟོན་པའི་མདུན་ལས་གཞན་དུ། དབྱེ་བྱ་བྱིས་པའི་དགེ་འདུན། མཐར་ཐུག་སངས་རྒྱས་ལས་གཞན་པའི་སྟོན་པ་ལྷས་སྦྱིན་དང་། དམ་ཆོས་གཞན་པ་ལྷས་སྦྱིན་བརྟུལ་ཞུགས་ལྔ་ཤ་ཟ་མི་རུང་བ། འོ་མ་བཏུང་མི་རུང་བ། དྲས་ཤིང་དྲུབས་པའི་གོས་མི་བགོ་བ། ལན་ཚྭ་ཟར་མི་རུང་བ། དགོན་པར་གནས་མི་རུང་བའོ། །མཆན། ལ་ལམ་དུ་བཟོད་ཅིང་ཚུལ་ཤིང་བླངས་པ་ནི་དབྱེ་བའོ། །ཞི་བྱེད་ནི་ལུང་ལས། མཆོག་ཟུང་གཅིག་གིས་འདུམས་པར་མཛད་པར་བཤད་པ་དེ་ཡིན་ནོ། །ཉེས་དམིགས་ནི། དགེ་འདུན་ཕྱེ་ནས་མ་འདུམས་ཀྱི་བར་དུ་སྟོན་པ་གཅིག་གི་ཞིང་ཁམས་སུ་ལམ་ལྔ་གང་ཡང་མི་སྐྱེའོ། །བཞི་པ་དེ་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་ལ། སེམས་ཅན་དུ་མི་གཏོགས་པ་ལ་བྱ་བ་ནི་མཚམས་ཆེ་ཆུང་བཅད་པ་སོགས་བརྒྱད། སེམས་ཅན་དུ་གཏོགས་པ་ལའང་ཁྱིམ་པ་དང་རབ་བྱུང་གཉིས་ལས་དང་པོ་ལ་བྱ་བ་ནི། ཁྱིམ་གྱི་བསླབ་སྦྱིན་ལྷུང་བཟེད་ཁ་སྦུབ། དེ་གཉིས་བཀྲོལ་བ། མུ་སྟེགས་གནས་པ་སྦྱིན་པ་རྣམས་སོ། །རབ་བྱུང་ལའང་གཉིས་ལས། བསྙེན་པར་རྫོགས་པ་ལ་བྱ་བ་ནི། སྔ་ལོགས་ཀྱི་སྡོམ་པ་གཉིས་སྦྱིན་པ། བསྙེན་པར་རྫོགས་པ། དབྱར་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ། དགེ་ཚུལ་བསྙིལ་བ་སྟེ་སྦྱིན་ཆད་གཉིས། བསྙེན་པར་རྫོགས་པ་ལ་བྱ་བ་ནི། སྦྱིན་ལས་ཉེར་གཅིག །བསྐོས་ལས་དྲུག །ནན་ཏུར་དགུ། བསྒོ་གྱུར་བཅུ། གྲངས་སུ་འཇུག་པ་བཞི་རྣམས་སོ། །དེ་ཐམས་ཅད་ལ་ཆོས་དང་ཆོས་མ་ཡིན་པ་དང་། མཐུན་པ་དང་། མི་མཐུན་པའི་བྱ་བ་སྟེ་སྔ་མ་གཉིས་བསྒྲུབ་བྱ་དང་། ཕྱི་མ་གཉིས་སྤང་བར་བྱའོ། །དེ་ལྟར་འཇུག་ལྡོག་གི་བསླབ་བྱ་རྣམས་ལ་བླང་དོར་བྱེད་པའི་ཚུལ་ཁྲིམས་ཡང་དག་པས་ནི་ཏིང་ངེ་འཛིན་འགྲུབ་ལ། དེའི་ཡན་ལག་གི་གཙོ་བོ་ནི་སྦྱངས་པའི་ཡོན་ཏན་ཡིན་པས་དེ་ཡང་དག་པར་བླང་བར་བྱ་སྟེ། གང་ཞེ་ན། དགོན་པ་བ་ཉིད་༡དང་། ཕྱག་དར་ཁྲོད་པ་ཉིད་དང་༢། བསོད་སྙོམས་པ་ཉིད་དང་༣། སྟན་གཅིག་པ་༤ཉིད་དང་། ཙོག་པུ་པ་༥ཉིད་དང་། ཟས་ཕྱིས་མི་ལེན་པ་༦ཉིད་དང་། ཆོས་གོས་གསུམ་༧པ་ཉིད་དང་། ཕྱིང་པ་༨པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་༩དང་། དུར་ཁྲོད་པ་ཉིད་༡༠དང་། ཤིང་དྲུང་༡༡པ་ཉིད་དང་། བླ་གབ་མེད་པ་༡༢ཉིད་དང་བཅུ་གཉིས་པོ་ཡིན་ནོ། །གཉིས་པ་ཞར་བྱུང་རུང་མཐུན་བརྩི་ཚུལ་ནི། བསླབ་པ་ལ་གཅེས་སྤྲས་ཀྱིས་བླང་དོར་དུ་བརྩོན་པའི་སྐབས་འདི་ན། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ་སྟེ་བཅུ་བདུན་དང་། དེ་ལས་གཞན་དུད་འགྲོ་གསོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་གཉིས་ཀ་ཡིན་པ་རྣམས་ལ་བྱིན་གྱིས་བརླབས་ནས་སྤྱད་དུ་རུང་བར་གནང་བའི་སྐབས་སོ་ཐར་རང་གཞུང་ན་བཤད་པ་མེད་ལ། དེ་མ་གཏོགས་པའི་བཅས་རྐྱང་གི་རིགས་བརྟེན་དུ་མི་རུང་བར་གསུངས་པ་ལ་ལ་དག་ཅི་ནས་ཀྱང་བསྲུང་མ་ནུས་པར་ལོངས་སྤྱོད་དགོས་པ་བྱུང་ན་སེམས་བསྐྱེད་དེ་བྱིན་གྱིས་རློབས་པའི་ཚུལ་ནི། འདི་ལྟར་དུས་མ་ཡིན་པར་ཕྱི་དྲོའི་ཁ་ཟས་དང་། བྱིན་ལེན་མ་བྱས་པ་དང་། ཡང་ཡང་ཟ་བ་ལ་སྤྱོད་དགོས་པར་གྱུར་ན་སྤྱིར་རང་བཞིན་དང་། ཆོས་ཉིད་དང་། སྡོམ་པ་དང་། སྤོང་བ་ཞེས་པའི་ཚུལ་ཁྲིམས་རྣམ་པ་བཞི་ལས་བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཡིན་པས་རང་ཉིད་གླིང་དེ་ཉིད་དུ་ཡོད་པར་མོས་ནས་ལོངས་སྤྱོད་དུ་རུང་བར་གནང་བ་ནི། གཞུང་དམ་པ་ལས། མཉན་དུ་ཡོད་པ་ན། ཚོང་པ་མང་པོ་དག་ཅིག་གིས་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་སོགས་པ་བཤོས་ལ་སྤྱན་དྲངས་སོ། །དེ་དག་གིས་བཤོས་སྦྱར་ཏེ་བྲོ་སར་བསྐྱལ་ནས་མ་དྲངས་ཀྱི་བར་དུ་ཚོང་ཁང་དུ་མེ་ཤོར་ཏེ། དེ་དག་མེ་གསོད་དུ་སོང་བ་དང་། གདུགས་ཚོད་ཡོལ་ལ་ཐུག་ནས་དགེ་སློང་དག་གིས་ཇི་ལྟར་གྱུར་བ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་སེམས་ཀྱིས་ཡོངས་སུ་བཏང་བས་ན། དགེ་སློང་དག་དེ་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་བྱའོ། །ཟོས་ནས་བྱང་གི་སྒྲ་མི་སྙན་གྱི་དུས་སུ་བྱིན་གྱིས་རློབས་ཤིག །ཅེས་དང་། མདོ་རྩ་བ་ལས། བྱིན་ལན་མ་བསྟབས་པ་དང་། རུང་བར་མ་བྱས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བར་བྱ་བ་དག་ལས་རྩོམ་འདོད་ན་བྱང་གི་སྒྲ་མི་སྙན་དག་ན་གྲགས་པ་ཡིད་ལ་བྱེད་པ་བྱའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ནད་ལ་ཕན་པའི་ཆེད་དུ་དུས་མ་ཡིན་པར་ཟླ་བ་ཕྱེད་མ་སོང་བར་ཁྲུས་བྱེད་དགོས་པར་གྱུར་བ་ལ་བདག་ནི་ནད་པ་ཡིན་པས་ན་བའི་ཉེས་པ་དེ་དང་དེ་ལ་ཕན་པའི་ཕྱིར་གནང་བ་ཡིན་སྙམ་པ་དང་། གོས་ལྷག་པོ་གཅིག་གམ་གཉིས་ལ་སོགས་པ་དང་། ཁ་དོག་གིས་རུང་བ་མ་ཡིན་པའི་བགོ་བ་དཀར་པོ་ལ་སོགས་པ་དང་། ཀོ་བའི་ལྷྭམ་དང་སྟན་ལ་སོགས་པ་དང་། ལུག་ལྤགས་ལ་སོགས་པར་ལོངས་སྤྱོད་དགོས་པ་ན། དེ་ལ་སེམས་བསྐྱེད་ཚུལ་ནི་ད་ལྟ་གོས་སྟན་འདི་རྣམས་ནམ་འདོད་འདོད་དུ་མི་རྙེད་པས་ཕོངས་པར་གྱུར་བ་དང་། གལ་ཏེ་མ་རྙེད་བཞིན་དུ་ལོངས་མ་སྤྱད་ན་གྲང་བས་ཉམ་ཐག་པར་གྱུར་ཏེ་དགེ་སྦྱོར་དང་སྲོག་གི་ཡང་བར་ཆད་དུ་འགྱུར་བས་དེ་དག་བསྲུང་བའི་སླད་དུ་གནང་བ་ཡིན་ནོ་སྙམ་དུ་བསམ་པ་དང་། རིན་པོ་ཆེ་ལ་རེག་པ་དང་བདག་གིར་བྱ་དགོས་ན་དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར་ཡིན་སྙམ་པ་དང་། སེམས་ཅན་རྣམས་གསོ་བ་དང་དེ་ལ་ཕན་པ་བསྒྲུབ་པའི་སླད་དུ་གན ང་བ་ཡིན་པར་བསྒོམ་དགོས་པ་ཡིན་ནོ། །དེ་དག་ལས་གཞན་དངོས་སུ་གནང་བ་ཡང་མེད་པ་བཀག་པ་ཡང་མེད་པ་རྣམས་ལ་སྤང་བླང་ཇི་ལྟར་བྱ་བ་ནི་གནང་བཀག་གང་གི་རྗེས་སུ་མཐུན་བརྩི་བ་ཡིན་ཏེ། ལུང་ཕྲན་ཚེགས་ལས། དགེ་སློང་དག་ངས་ཁྱེད་ལ་འདུལ་བ་རྒྱ་ཆེར་ནི་བསྟན་ན། མདོར་བསྡུས་ཏེ་མ་ཡིན་ནོ། །འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག །དགེ་སློང་དག་ངས་ཁྱེད་ལ་གང་ཞིག་ཐོག་མ་ཉིད་ནས་གནང་བ་ཡང་མེད་བཀག་པ་ཡང་མེད་པ་དེ། གལ་ཏེ་རུང་བ་དང་ཉེ་ཞིང་མ་རུང་བ་བཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་བཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་རུང་བ་བཟློག་པར་བྱེད་པ་ཡིན་ན་ནི་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེས་སོ། །མདོར་བསྡུ་ན་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པ་རྩ་བའི་སྡེ་པ་གཉིས་སམ་བཞི་ཡིན་ཏེ། གཉིས་ནི་དང་པོའི་གྱེས་གཞི་གནས་བརྟན་པ་དང་། ཕལ་ཆེན་པའོ། །བཞི་ནི་དེའི་སྟེང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོས་བཀུར་བ་གཉིས་བསྣན་པའོ། །དེ་ཡང་རྒྱལ་རིགས་སྒྲ་གཅན་འཛིན་གྱི་བརྒྱུད་པ་ཐམས་ཅད་ཡོད་པར་སྨྲ་བ་དང་། བྲམ་ཟེ་འོད་སྲུང་ཆེན་པོའི་བརྒྱུད་པ་ཕལ་ཆེན་སྡེ་པ་དང་། སྨྱིག་མཁན་ཀཱ་ཏྱཱ་ནའི་བརྒྱུད་པ་གནས་བརྟན་པ་དང་། འདྲེག་མཁན་ཉེ་བར་འཁོར་གྱི་བརྒྱུད་པ་མང་པོས་བཀུར་བ་སྟེ་བཞི་ལས་བོད་འདིར་དར་ཆེ་བ་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཞིང་། དེ་དག་གི་བསླབ་པའི་རྣམ་པ་འགའ་ཞིག་ལ་མི་མཐུན་པ་ཅུང་ཟད་ཡོད་ནའང་རྒྱལ་པོ་ཀྲྀ་ཀིའི་རྨི་ལྟས་དང་མཐུན་པར་བཀར་བསྡུས་པའི་ཕྱིར་ན་སྡེ་པ་བཞི་ཀའི་བསླབ་པ་ཐམས་ཅད་རབ་བྱུང་སྡེ་ལྔའི་སྤྱོད་པ་དང་འབྲེལ་ཞིང་དེ་ལ་སྟོན་པ་སངས་རྒྱས་ཀྱིས་གནང་བཀག་གི་མཚམས་ཇི་ལྟར་བསྟན་པའིི་བཅས་པས་མ་ཁྱབ་པ་མི་སྲིད་པས་ན་རང་གང་གི་སྡེ་པར་གཏོགས་པ་དེའི་བསླབ་པའི་རྣམ་པ་ལ་ཚུལ་བཞིན་དུ་གནས་ན་བསླབ་པ་ཀུན་ལ་དབང་ཐོབ་པར་བྱེད་པ་ཡིན་པས་ནན་ཏན་དུ་བསྲུང་བ་གལ་ཆེའོ། །མ་བསྲུང་བའི་ཉེས་དམིགས་ནི། འདུལ་བ་ལུང་ལས། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་པ་ལྟར་དང་། ཕམ་ལྷག་སོགས་ལྟུང་བ་སྡེ་ལྔ་པོས་རིམ་པར་ཚ་བ་ནས་ཡང་སོས་ཀྱི་བར་སྐྱེ་བར་འགྱུར་བའི་ཚུལ་མདོ་སྡེ་ནས་གསུངས་སོ། །བསྲུང་བའི་ཕན་ཡོན་ནི། འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་གྱིས་འཁོར་བ་ལས་ཐར་བར་མི་འགྱུར་ཡང་གནས་སྐབས་སུ་གང་གི་དོན་དུ་བསྲུང་བའི་དོན་དེ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་སྐད་དུ། ས་གའི་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཞེས་སོ། །ཁྱད་པར་ངེས་འབྱུང་གི་བསམ་པས་ཟིན་པའི་སོ་ཐར་གྱི་ཚུལ་ཁྲིམས་མཚན་ཉིད་པ་བསྲུང་བའི་ཕན་ཡོན་ནི་རྒྱ་ཆེ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །བསྡམས་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་པར་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་དང་། སློབ་དཔོན་དཔའ་བོས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང་། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་ལས་བྱུང་ལ་ལྟོས། །ཞེས་སོ། །དེ་ཡང་དང་པོ་ནས་མཐའ་གཉིས་ལས་ངེས་པར་འབྱུང་བའི་བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་པ་ཞིག་ཡིན་ན་ཐེག་ཆེན་སོ་ཐར་དུ་འགྱུར་བས་བྱང་ཆུབ་ཆེན་པོའི་དངོས་རྒྱུ་ཡིན་པ་སྨོས་མི་དགོས་ཀྱང་། ཐེག་དམན་གྱི་བསམ་པས་བསྲུང་ན་ཡང་མཐར་སངས་རྒྱས་ཐོབ་པའི་བརྒྱུད་འགྱུར་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར་རོ། །བྱེ་བྲག་ཏུ་ནི་བསྟན་པ་ཡར་ལྡན་གྱི་དུས་སུ་བསླབ་གཞི་ཡོངས་སུ་རྫོགས་པ་བསྲུངས་པ་ལས། ད་ལྟ་བསྟན་པ་འགྲིབ་ལ་ཉེ་བའི་དུས་འདིར་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་སྣ་གཅིག་བསྲུང་བ་ཕན་ཡོན་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་ཞག་ཏུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་སྡོམ་པ་གསུམ་ལྡན་དུ་བསྲུང་ཚུལ་གྱི་མཐའ་དཔྱད་པ་ལ་གསུམ་སྟེ། རང་བཞེད་རྒྱས་པར་བཞག་པ། བཞེད་སྲོལ་གཞན་གྱི་གནད་བསྡུ་ཚུལ། གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་ནི། མྱ་ངན་ཞེས་བྱ་བ་སྡུག་བསྔལ་ཏེ་འབྲས་བུ་འཁོར་བའི་རང་བཞིན་རྒྱུ་ལས་ཉོན་དང་བཅས་པ་ཡིན་ལ། དེ་ལས་འདའ་བ་ནི་སྡུག་ཀུན་གྱི་རྒྱུན་འགོག་པའི་ཞི་བ་དམ་པའི་གོ་འཕང་སྟེ། ཉན་རང་གི་བྱང་ཆུབ་ཡིན་ཞིང་དེར་བསྔོ་བ་ནི་དེའི་ཆེད་དུ་བླངས་པ་ཡིན་པས་བསམ་པ་དེ་ལྟ་བུས་འདུལ་བའི་ལས་ཆོག་ལ་བརྟེན་ནས་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་བླངས་ཏེ་ཉོན་མོངས་པ་དང་མི་དགེ་བའི་ཕྱོགས་སྤོང་སེམས་ཀྱིས་སྡོམ་པ་ནི་མངོན་མཐོ་ཙམ་དོན་དུ་གཉེར་ནས་བསྲུང་བ་ལས་ལྷག་པའི་སོ་ཐར་གྱི་ཚུལ་ཁྲིམས་མཚན་ཉིད་པ་ཡིན་ཞིང་། དེའི་སྟེང་དུ་རང་དོན་དུ་ཐར་པ་ཉི་ཚེ་བ་ཙམ་དོན་དུ་གཉེར་བའི་བློ་དེ་ན་འཕར་ནས་མཐའ་ཡས་པའི་སེམས་ཅན་གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པས་སྲོལ་གཉིས་གང་རུང་གི་ཆོ་ག་ལ་བརྟེན་ནས་སྨོན་འཇུག་གི་སྡོམ་པ་བླངས་ཏེ་དགེ་བའི་ཆོས་མཐའ་དག་རྒྱུན་ཆགས་པར་སྡུད་པས་སེམས་ཅན་ལ་ཕན་འདོགས་པ་ནི་བྱང་སྡོམ་ཡིན་ལ། ད་དུང་དེའི་སྟེང་དུ་ཐབས་ཟབ་མོས་གཞན་ལ་ཕན་པ་རླབས་པོ་ཆེ་མྱུར་དུ་བསྒྲུབ་པར་འདོད་པའི་ཀུན་སློང་གི་རྒྱུད་སྡེ་ཆེན་པོའི་དགོངས་པ་མ་ནོར་བའི་སྔགས་ཀྱི་ཆོ་ག་ལས་དབང་བསྐུར་ནོད་དེ་བསྐྱེད་རྫོགས་ཟབ་མོའི་དོན་ལ་མོས་པ་བརྟན་པོར་གྱུར་བ་ཡན་ཆད་ཀྱི་རིག་པ་འཛིན་པའི་སྡོམ་པ་རྣལ་མ་ཞིག་ཐོབ་ན་སྔགས་སྡོམ་མཚན་ཉིད་པ་སྟེ། དེ་ལྟར་སྡོམ་པ་གསུམ་པོ་དེ་གང་ཟག་གཅིག་གི་རྒྱུད་ལ་རྫོགས་པའི་ཚེ་ན་སྤང་བླང་གི་བསླབ་བྱ་ཡང་རང་རང་གི་སྐབས་ནས་ཇི་སྐད་བཤད་པ་བཞིན་བསྲུང་དགོས་པས་ཤིན་ཏུ་མང་ལ། བསྲུངས་པའི་ཕན་ཡོན་ཡང་ཐེག་པ་དམན་མཆོག་དང་། མཆོག་གི་ཡང་མདོ་སྔགས་གཉིས་ཀར་ཇི་སྐད་བཤད་པའི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་འཐོབ་པར་འགྱུར་བའི་ཕྱིར་ཤིན་ཏུ་མང་ངོ་། །གསུམ་པ་དེ་བར་དུ་ཇི་ལྟར་གནས་པ་ཡིན་ཞེ་ན། ངོ་བོ་གནས་གྱུར་པའི་ཚུལ་གྱིས་གཅིག་ཏུ་གྱུར་པས་རྫས་ཐ་དད་པ་མེད་ལ། ལྡོག་པ་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡོད་པས་མ་འདྲེས་པར་ཐ་དད་དུ་གང་ཟག་གཅིག་གི་རྒྱུད་ལ་རང་རང་གི་གཏོང་རྒྱུ་མ་བྱུང་གི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་ལྡོག་པ་ཐ་དད་པར་ཡོད་པའི་གནད་ཀྱིས་སོ་སོར་མ་འདྲེས་པར་བསྲུང་དགོས་ཤིང་གལ་ཏེ་སོ་ཐར་དུ་མི་གསོད་པ་ལྟ་བུ་ཕམ་པར་བཤད་པའི་སྤང་བྱ་དེ། བྱང་སེམས་ལ་རྗེས་སུ་གནང་བར་གསུངས་པ་དང་། སྔགས་བླ་མེད་ཀྱི་སྐབས་སུ་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་དང་དུ་བླང་བར་བཤད་པ་ལྟ་བུ་ནང་འགལ་བ་ཅན་དུ་བྱུང་བ་རྣམས་ལ་ཇི་ལྟར་བྱ་སྙམ་ན། གཞན་ཕན་གྱི་བསམ་པ་ཁྱད་པར་ཅན་འབྱོངས་པ་དང་། བསྐྱེད་རྫོགས་ཀྱི་གདེང་དང་ལྡན་པ་དག་ལ་དགོངས་ནས་གོང་མ་བྱང་སེམས་དང་སྔགས་ཀྱི་ལུགས་གཙོ་བོར་བཏོན་དགོས་པའི་ཚུལ་སྔོན་ཆད་བྱོན་པའི་མཁས་པ་དང་གྲུབ་པ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ལ། དེའི་གནད་ཀྱང་འདི་ཡིན་ཏེ་འོག་མ་སོ་སོ་ཐར་པའི་སྐབས་ཀྱི་བསླབ་པའི་རྣམ་པ་དང་འགལ་བ་སྲོག་གཅོད་པ་ལ་སོགས་པ་ལྟར་སྣང་ན་ཡང་། སོ་ཐར་སྐབས་སྲོག་ལ་མི་འཚེ་བ་ལ་སོགས་པ་ཙམ་གྱིས་ཕ་རོལ་པོ་ལ་གནོད་པ་སྤོང་ཞིང་ཕན་འདོགས་པའི་དགོས་པ་བསྒྲུབ་ལ་བྱང་ཆུབ་སེམས་དཔས་སྡིག་ཅན་གང་དག་བསད་པར་བྱས་ན་དེའི་ལས་ངན་རྒྱུན་ཆད་ནས་སྡུག་ཡུན་ཐུང་བར་གྱུར་ཏེ་གནོད་པ་སྤོང་བ་དང་། བདེ་འགྲོ་ལ་འགོད་པ་དང་། ཐར་པའི་ས་བོན་འཇོག་པ་སོགས་ཕན་འདོགས་རྒྱ་ཆེན་པོ་བསྒྲུབ་པ་ཡིན་པའི་ཕྱིར་གཉིས་པོ་དགོས་པ་མཐུན་པར་མ་ཟད་གོང་མ་དགོས་དོན་ལྷག་པར་ཆེ་ལ་རྒྱུ་མཚན་དེས་ན་བྱེད་པ་པོ་བྱང་སེམས་དེ་ལ་ཉེས་པ་མི་འབྱུང་བར་མ་ཟད་ཚོགས་ཀྱང་རྫོགས་པར་འགྱུར་ཏེ་དགེ་སྡིག་ཐམས་ཅད་གཟུགས་བརྙན་ཙམ་ལ་མ་ལྟོས་པར་བསམ་པའི་བྱེ་བྲག་གིས་འཇོག་དགོས་པའི་ཕྱིར་ན་བྱང་སེམས་དེ་གཞན་ལ་གནོད་པའི་བསམ་པ་ལས་ལོག་པའི་སྟེང་སྙིང་རྗེ་ཆེན་པོའི་དབང་གིས་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཐུགས་རྗེ་མངའ་བ་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་སོ། །དེའི་ཕྱིར་སྟོན་པ་ཐབས་ལ་མཁས་པས་ཁམས་དང་མོས་པ་སྣ་ཚོགས་པའི་འགྲོ་བ་འདུལ་བའི་དབང་གིས་གསུངས་པའི་བསླབ་པའི་གཞི་གང་ཞིག་དོན་གྱི་ངོས་ནས་འགལ་བ་འདུ་བ་ཞིག་ཡིན་ན་རྗེས་སུ་གནང་བར་མི་སྲིད་དེ། ལས་དང་པོ་པ་རང་དོན་ཡིད་བྱེད་ཀྱི་བསམ་པ་ཡང་མ་ལོག་ཅིང་འདོད་ཡོན་དང་ཉོན་མོངས་རང་རྒྱུད་པར་འཆོར་བའི་གནས་སྐབས་ན་གསང་སྔགས་ལ་ཁ་གཡར་ནས་སྦྱོར་སྒྲོལ་ལ་སོགས་པ་བྱེེད་ན་འཆིང་བར་འགྱུར་བས་དེ་འདྲ་བ་ལ་གནང་བ་མེད་པ་ལྟ་བུ་ཡིན་ལ། གང་ཟག་མཆོག་རྣམས་ལ་ལུས་ངག་གི་མི་དགེ་བ་ལྟར་སྣང་བའི་སྤྱོད་པ་རྣམས་ལ་སྤྱད་པར་གནང་བ་ཡིན་ན་རྣམ་པ་ཙམ་ལས་དོན་ལ་འགལ་བར་མི་སྲིད་དེ་བཤད་མ་ཐག་པ་ལྟར་རོ། །དེས་ན་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པའི་མཁྱེན་པ་མངའ་བ་དེ་བཞིན་གཤེགས་པས་དྲང་ངེས་ཀྱི་ཆོས་སྣ་ཚོགས་པ་བསྟན་པ་ཐམས་ཅད་ཀྱི་དགོངས་གནད་དེ་བཞིན་ཉིད་གཅིག་ཏུ་འབབ་ཅིང་གཞོལ་བའི་ཆོས་ཅན་ཡིན་པ་ནི་རྟོགས་པར་བྱ་བའི་གནས་ཆེན་པོ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཀཎྜི་ནྱ་ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་སྡུག་བསྔལ་ཞེས་བྱ་བར་ཐོས་ཞེས་པ་ལ་སོགས་པ་གསུངས་པས་སོ། །ཁྱད་པར་དུ་གསང་སྔགས་ཀྱི་ལྟ་སྒོམ་རྨད་དུ་བྱུང་བ་དང་འབྲེལ་བའི་སྤྱོད་པ་ནི་འདི་ལྟར་ཡིན་ཏེ། བསླབ་པ་ཕྱོགས་གཅིག་གི་དཔེས་མཚོན་ན། གང་ཞིག་ལྟུང་ན་ཉན་ཐོས་པ་ལ་ལྟུང་བྱེད་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔར་དེ་དང་ཕྱོགས་མཐུན་པའི་ཉེས་བྱས་སུ་འགྱུར་བའི་མྱོས་བྱེད་ཆང་གི་དངོས་པོ་དེ་སྔགས་ཀྱིས་དམ་ཚིག་གི་རྫས་སུ་མེད་དུ་མི་རུང་བར་བཤད་དེ། གསང་རྒྱུད་ལས། མ་ཧཱ་མཱཾ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་འབྲུ་བཅུད་ཤིང་འབྲས་དང་། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་དང་། ཁྱད་པར་ཤ་ཆང་མེད་མི་རུང་། །ཞེས་སོ། །དེ་ལ་ལོངས་སྤྱོད་པར་བྱེད་པའི་གང་ཟག་གི་རིམ་པ་ཡང་། སྔགས་སྡོམ་དང་ལྡན་ཕྱིན་ཆད། རབ་བྱུང་ལས་དང་པོ་བ་ཞིག་ཡིན་ཀྱང་ཚོགས་འཁོར་ལ་སོགས་པའི་དུས་སུ་ཧ་ཅང་དངོས་པོར་ཞེན་པའི་དབང་གིས་ཐེག་པ་འོག་མའི་དགེ་སྦྱོར་ལ་འཐས་ཏེ་ཆང་ལ་སོགས་པའི་དམ་རྫས་རྣམས་ཁྱད་གསོད་ཀྱིས་སྤོང་ན་རྩ་ལྟུང་བཅུ་གསུམ་པའི་རྒྱུར་འགྱུར་པས་ན་གོང་མའི་སྒོམ་སྤྱོད་ལ་མོས་པ་ལམ་བྱེད་ཀྱིས་ཅུང་ཟད་རེ་བསྟེན་དགོས་པར་གསུངས་ཤིང་། འོན་ཀྱང་བསླབ་པ་འོག་མ་ཁྱད་གསོད་ཀྱི་བསམ་པས་ཡིན་ན་རྩ་ལྟུང་གཉིས་པར་ཡང་འགྱུར་ལ། སྒྲ་ཇི་བཞིན་པར་དུས་ཐམས་ཅད་དུ་སྤང་བླང་མེད་པར་སྤྱོད་པའི་སྐྱེས་བུའི་རང་བཞིན་ནི་བསྐྱེད་རྫོགས་ཀྱི་ཐབས་ཀྱིས་རྟོག་ཚོགས་ཐམས་ཅད་ལྷར་ཤར་བས་མཚན་མའི་རྟོག་པ་ཟིལ་གྱིས་གནོན་ནུས་པ་ཞིག་ཡིན་གསུངས་ཏེ། དེ་ཡང་སྤྱིར་ཚོགས་ལམ་ན་མོས་པའི་ལྷ་སྐུ་ཞེས་བྱ་བ་རྣམ་རྟོག་གི་གཟུགས་བརྙན་ལྷར་སྣང་བའི་བསྐྱེད་རིམ་ཙམ་ཞིག་རྫོགས་རིམ་གྱི་ཡེ་ཤེས་རྗེས་མཐུན་པ་དང་ཟུང་དུ་འབྲེལ་བ་ཡོད་ལ། སྦྱོར་ལམ་དུ་ནི་རླུང་སེམས་ཀྱི་ལྷ་སྐུ་ཞེས་རྣམ་རྟོག་གིས་ཆེད་དུ་བསྐྱེད་པ་མ་ཡིིན་པའི་མཚན་བཅས་ཀྱི་རྫོགས་རིམ་གོམས་པའི་སྟོབས་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་དང་། མཐོང་ལམ་དུ་ནི་འོད་གསལ་གྱི་ལྷ་སྐུ་ཞེས་པ་མཚན་མ་མེད་པའི་རྫོགས་རིམ་གྱི་ངོ་བོ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཏེ་ཡེ་ཤེས་དེའི་རང་གདངས་འགག་མེད་དུ་ལྷའི་སྐུར་ཤར་བ་སྟེ་དེ་ཡན་ཆད་སྒོམ་ལམ་གྱི་གནས་སྐབས་ཀུན་ཏུ་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཞེས་བྱ་ལ། སངས་རྒྱས་པའི་ཚེ་ནི་ཆོས་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པ་ལ་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཞེས་བྱའོ། །དེས་ན་སྔགས་ལམ་པས་སྦྱོར་མཐོང་སྒོམ་གསུམ་དུ་སྨོས་ཅི་དགོས་ཀྱང་། ཚོགས་ལམ་དུ་གནས་པ་བསྐྱེད་རིམ་པས་ཀྱང་དམ་རྫས་ཁྱད་པར་ཅན་ཆང་ལ་སོགས་པ་ཅིས་མི་སྤྱོད་དེ། སྔགས་ནང་པའི་དག་མཉམ་གྱི་ལྟ་བ་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་པ་ཐམས་ཅད་ཀྱི་གྲོགས་སུ་གཟུང་འཛིན་ལ་དོར་བའི་སྤྱོད་པ་འགྲོ་དགོས་པའི་ཕྱིར་ན་བསྐྱེད་པའི་ཐབས་ཀྱིས་ཕུང་ཁམས་སོགས་ལྷ་དང་གཞལ་ཡས་ཁང་དུ་གསལ་བའི་ངང་ནས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་ཆང་ལ་སོགས་པའི་དམ་རྫས་བདུད་རྩིར་བྱིན་གྱིས་བརླབས་ནས་སྤྱོད་པའི་ཚེ་ན་གཞི་ཆང་དང་བསམ་པ་ཆགས་སྲེད་གཉིས་ཀ་རང་མཚན་མི་འཛིན་པར་གཞན་དག་པ་ལྷ་དང་བདུད་རྩིའི་རང་བཞིན་དུ་འདུ་ཤེས་གནས་འགྱུར་བ་ཡིན་ཞིང་། དེར་མ་ཟད་སྔགས་བླ་མེད་ཀྱི་ལུགས་ལ་བསྐྱེད་རྫོགས་གཉིས་ཀྱི་ཟླས་ཕྱེ་བའི་བསྐྱེད་རིམ་བསྒོམ་པའི་གནས་སྐབས་སུའང་དགོངས་པ་མི་འགྱུར་བའི་གཟེར་ཆོས་ཉིད་ཀྱི་ལྟ་བ་དང་ཟུང་འཇུག་ཏུ་ཡོད་པས་སྦྱོར་བ་བག་མེད་པ་དང་། མཐར་ཐུག་མྱོས་པ་ལ་སོགས་པའི་ཉེས་པ་ཐམས་ཅད་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་ནོན་པས་ཉེས་པས་མི་གོས་ཤིང་ཐེག་པ་འོག་མས་སྤང་བྱར་བལྟས་ཏེ་མ་བརྟེན་པ་ལས་ལམ་ཡང་མྱུར་བ་ནི་ཐབས་ཤེས་གཉིས་པོ་ཁྱད་དུ་འཕགས་པས་ཡིན་ཏེ། ཐབས་ཞགས་ལས། གསང་སྔགས་ཚུལ་ཆེན་ཤིན་ཏུ་རྨད་བྱུང་ནི། །ལམ་གྱི་ནང་ནས་ཉེ་ལམ་ཆེན་པོ་སྟེ། །ཐབས་ཀྱི་ནང་ནས་མ་ནོར་དམ་པ་ཉིད། །ཤེས་རབ་ནང་ནས་ཤེས་རབ་ཁྱད་པར་ཅན། །ཞེས་སོ། །དེ་འདྲ་བའི་རྣལ་འབྱོར་པ་དེ་ལ་ནི་རང་དོན་དུ་སྤང་བླང་ལ་དངོས་པོར་ཞེན་ནས་བདག་དགེ་སློང་ཡིན་ནོ་སྙམ་པའང་ཡོད་པ་མ་ཡིན་ལ། གཞན་གྱི་དོན་དུ་སྦྱིན་སོགས་ཀྱི་སྤྱོད་པ་ལ་ཐ་སྙད་དུ་མཚན་མར་བལྟས་ཏེ་བདག་བྱང་ཆུབ་སེམས་དཔའོ་སྙམ་པའི་དངོས་པོར་ཞེན་པའང་ཡོད་པ་མིན་ཞིང་། དེ་ནི་ཉོན་མོངས་དང་འདོད་ཡོན་ལམ་དུ་བྱེད་པའི་ཐབས་དང་བྲལ་ནས་ཆགས་སྲེད་སྤོང་བར་བྱེད་པའི་ཉན་ཐོས་ལྟ་བུ་དང་། ཉོན་མོངས་པའི་མཐུས་ནོན་ཏེ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་པའི་སོ་སྐྱེ་ཕལ་པ་ལྟ་བུ་ཡང་མིན་པར་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས་གང་སྣང་བའི་ཕྱི་ནང་གི་ཆོས་མཐའ་དག་ལྷ་དང་དཀྱིལ་འཁོར་གྱི་འཁོར་ལོ་དང་། སྤྱད་པར་བྱ་བའི་དམ་རྫས་ཆང་ལ་སོགས་པའང་བདུད་རྩིའི་རང་བཞིན་དུ་འདུ་ཤེས་གནས་འགྱུར་བ་ཡིན་པས། དེ་ལྟ་བུའི་གང་ཟག་དེ་ལ་གནང་བ་ཡིན་ཏེ་ཉེས་པས་མི་གོས་པར་མ་ཟད་སོ་སོ་ཐར་པའི་ལམ་གྱི་སྡོམ་ཁྲིམས་ལ་གནས་པ་དང་། དག་མཉམ་མ་རྟོགས་པར་གཞན་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡིས། དགེ་སློང་དང་ནི་དགེ་འདུན་རྣམས་ལ་ཟས་གོས་སོགས་བྱིན་ན་ཕན་ཡོན་རྒྱ་ཆེ་ཡང་། དེ་ལས་ཀྱང་རྣལ་འབྱོར་པ་རང་གིས་དམ་རྫས་བསྟེན་ན་དཀོན་མཆོག་གསུམ་ཀ་དང་ཡི་དམ་གྱི་ལྷ་ལ་དངོས་སུ་ཕུལ་བ་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་དྲྭ་བ་ལས། བདེན་དོན་བདེན་པའི་རང་བཞིན་དེ་ཉིད་གཟིགས། །རྣལ་འབྱོར་པ་དེ་དཀོན་མཆོག་གསུམ་དངོས་ཉིད། །ཅེས་དང་། འགྲེལ་ཆུང་ལས། སྲིད་གསུམ་འགྲོ་བ་ཐམས་ཅད་ཀྱི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །བརྗོད་མེད་བརྗོད་ཀྱིས་མི་ལང་བ། །དེ་སྙེད་འཁོར་ལོའི་དཀྱིལ་འཁོར་དུ། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །གཉིས་མེད་ལྷུན་གྲུབ་དཀྱིལ་འཁོར་ན། །ཐམས་ཅད་བདག་ཉིད་རྟག་པར་བཞུགས། །ཞེས་པའི་དོན་རྟོགས་ཤིང་ཐབས་ལྡན་དུ་སྤྱད་པའི་ཕྱིར་རོ། །དེས་ནི་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཉམས་བརྟས་ཤིང་རྩ་རླུང་ཐིག་ལེའི་ཁ་སྟོབས་སུ་གྱུར་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་སོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཀྱང་ཡར་ལྡན་དུ་འགྱུར་བ་ཡིན་པས་ཉོན་མོངས་དང་འདོད་ཡོན་ལམ་དུ་བྱེད་པའི་བསླབ་པའི་ཆ་ཤས་གཞན་ཕྲ་རགས་ཐམས་ཅད་ལའང་དེ་ཡིས་རིགས་འགྲེ་སྦྱར་ནས་ཤེས་པར་བྱ་དགོས་ཏེ་རང་དགར་སྤྱད་ན་རྒྱུད་འཆིང་ཞིང་ཐབས་ལྡན་དུ་སྤྱད་ན་དོན་ཆེ་བའི་ཕྱིར་རོ། །དེས་ན་ནང་འགལ་བ་རྣམས་གོང་མ་གཙོ་བོར་སྟོན་པའི་ཚུལ་དེ་ལྟར་ཡིན་མོད། འོན་ཀྱང་སྡོམ་པ་གསུམ་ཀ་ཐོབ་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་ཀྱང་གསུམ་ཀའི་བསླབ་པ་ཅི་ནུས་སུ་བསྲུང་དགོས་པ་དེའི་ཕྱིར་རང་ལུགས་ཆོས་དྲུག་གི་རྣམ་པར་བཞག་པའི་ཚུལ་ངེས་པར་བྱ་དགོས་ཏེ། དེ་ལ་དང་པོ་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་བྱེད་ཀྱི་ཆོ་ག །རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས་ཇི་སྲིད་བླངས་པའི་དུས་ཀྱང་ཐ་དད་དུ་ངེས་པ་ཁོ་ན་ཡིན་པའི་ཕྱིར་ལྡོག་པ་ལ་གཞི་མཐུན་པ་མི་སྲིད་ཅིང་མཚན་ཉིད་སོ་སོར་འཛིན་པས་རང་རང་གི་ལྡོག་པ་ནས་བསྲུང་ཞིང་ཉེས་པ་བྱུང་ན་ཡང་ཕྱིར་བཅོས་པའི་ཐབས་ཡོད་པ་ཡིན་ནོ། །དགག་དགོས་ཚང་བ་ནི། དགག་བྱ་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང་། དགོས་པ་རང་རྒྱུད་མི་འཆིང་བ་གཉིས་རང་ལམ་སོ་སོར་ཚང་བ་ལ་གཅིག་སྟེ། དཔེར་ན་སྐྱེད་མོས་ཚལ་གཅིག་ཏུ་ཧ་ལའི་སྡོང་པོ་སྐྱེས་པ་ན་བདག་པོ་དེ་ཐབས་ལ་མི་མཁས་པས་དེ་བཅད་ནས་ཐག་རིང་པོར་དོར་བ་དང་། སྨན་པ་ཞིག་གིས་སྨན་མར་གྱི་ལྡེ་གུ་དང་སྦྱར་བས་ནད་ཐམས་ཅད་ལ་ཕན་པ་དང་། སྔགས་ལ་མཁས་པ་ཞིག་གིས་སྔགས་ཀྱི་ནུས་པ་བགོས་པ་ཙམ་གྱིས་དེ་བས་ཀྱང་ཕན་པ་ཆེན་པོར་གྱུར་བ་ཞིག་བྱུང་ན་དུག་གིས་མི་གནོད་པར་འདྲ་ཡང་སྔ་མ་ལས་ཕྱི་མ་ཐབས་སླ་ཞིང་ཆོད་ཆེ་བ་ལྟར། ཉན་ཐོས་བས་ཀུན་རྫོབ་ཏུ་མ་ཟད་དོན་དམ་པར་ཡང་ཉོན་མོངས་པ་ལ་རྫས་ཡོད་དུ་བལྟས་ནས་གཙོ་བོ་ལུས་ངག་གི་ཀུན་སྤྱོད་དབང་པོའི་སྒོ་སྡོམ་པ་ལ་སོགས་པའི་ཐབས་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམས་ནས་སྤོང་བ་སྟེ། སོ་སོ་ཐར་པའི་མདོ་ལས། རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་གནོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་སོ། །བྱང་ཆུབ་སེམས་དཔས་ཉོན་མོངས་པ་དོན་དམ་པ་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་འཆིང་བྱེད་ཡིན་པར་བལྟས་ནས་ཆོས་ཉིད་དུ་སྦྱང་ཞིང་བསྒྱུར་བའི་ཐབས་ལྷུར་བྱེད་དེ། དེ་སྐད་དུ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ལས། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་འདོད་ཆགས་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་བ་ན་འདོད་ཆགས་དེ་གཞི་གང་ལས་བྱུང་བར་ཚོལ་བར་བྱེད་དེ། ཡོངས་སུ་བཙལ་བ་ན་དེ་གཞི་མི་དམིགས་སོ། །གང་ལས་འདོད་ཆགས་དེ་སྐྱེ་བ་དང་། གང་གིས་འདོད་ཆགས་དེ་སྐྱེ་བ་དང་། ཇི་ལྟར་འདོད་ཆགས་དེ་སྐྱེ་བ་དེ་ལྟར། གང་གི་སྐྱེ་བ་དེ་མི་དམིགས་སོ། །གང་ལ་སྐྱེ་བ་དེ་མི་དམིགས། ཇི་ལྟར་སྐྱེ་བ་དེ་མི་དམིགས་ཏེ་འདོད་ཆགས་དེ་མི་དམིགས་པ་ནི་འདོད་ཆགས་ཀྱི་རྒྱུས་སྡིག་པའི་ལས་མི་བྱེད་ལ། དེའི་དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང་། དེ་མ་སྨད་ཅིང་བསྔགས་པར་འགྱུར་ཏེ་ཞེས་སོགས་རྒྱ་ཆེར་བསྟན་ཏོ། །རྡོ་རྗེའི་ཐེག་པར་ནི་སྤྱིར་ཀུན་རྫོབ་ཏུ་ཡང་ཉོན་མོངས་པ་ལ་སྐྱོན་དུ་མི་ལྟ་བར་ལྷ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཆབ་རོམ་ཆུར་ཞུ་བ་ལྟར་ལམ་དུ་བྱས་ནས་འབྲས་བུ་ལ་མྱུར་དུ་སྦྱོར་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཡི། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཁྱད་པར་ཆོས་ཉིད་ཀྱི་དོན་རྣལ་མ་མཐོང་བ་དག་ལ་ནི་ཡེ་ཤེས་ཀྱི་རྒྱན་དུ་ལྷག་པར་ཆེ་སྟེ། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་ཆེ། །ཞེས་སོ། །དེ་ཡང་དཔེར་ན་རྨ་བྱ་ཞིག་འོངས་ཏེ་དུག་སྡོང་དེའི་མེ་ཏོག་སོགས་བླང་དོར་མེད་པར་ཟོས་པས་ལང་ཚོ་རྒྱས་ཤིང་འདབ་མ་བལྟ་ན་སྡུག་པར་གྱུར་པ་བཞིན་ནོ། །དེས་ན་ཚངས་སྤྱོད་ལ་གནས་པའི་དགེ་སློང་གིས་ནུས་པ་ཡོད་བཞིན་མི་སྤྱོད་པས་འདོད་པའི་དྲི་མས་མ་གོས་པ་དང་། དབང་གསུམ་པའི་ལམ་གྱི་རྣལ་འབྱོར་པས་སྤྱད་བཞིན་དྲི་མས་མ་གོས་པ་གཉིས་ཀ་ཡང་ཉོན་མོངས་པ་དེ་ཉིད་ལ་བརྟེན་ནས་སྡོམ་པ་རྫོགས་པར་བྱེད་པའི་དགག་དགོས་གནད་གཅིག་པ་ཡིན་ནོ། །དེ་ལྟར་ནའང་དུག་སྡོང་གང་དུ་སྐྱེས་པའི་ས་གཞི་དེ་ལ་ནི་ཕན་གནོད་ཀྱི་བསམ་པ་གང་ཡང་མེད་པ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་ལ་རྣལ་དུ་འབྱོར་བ་རྣམས་ལ་ནི། ཉོན་མོངས་པས་གནོད་པར་མི་འགྱུར་ཞིང་སྤོང་བསྒྱུར་ལམ་དུ་བྱེད་པ་སོགས་ཀྱི་དགག་སྒྲུབ་དང་རྩོལ་བ་གང་ཡང་མེད་དེ། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་སོ། །ངོ་བོ་གནས་འགྱུར་ནི། བསམ་གཏན་ངལ་གསོར། གསང་བ་ཅོད་པན་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང་། །གསེར་དུ་གྱུར་བས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་པས་རིག་འཛིན་སྔགས་ཀྱི་རང་དུས་ན་སོ་ཐར་བྱང་སེམས་ཞེས་རྫས་གཞན་ཐ་དད་པ་མེད་དེ་སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་བའི་ཕྱིར་ལ་ཞེས་དང་། དེས་ན་ངོ་བོ་སྔགས་སུ་རྫས་གཅིག་པས་གཞན་གཉིས་གནས་འགྱུར་བ་ཡིན་ལ། ལྡོག་ཆ་སོ་སོར་མ་འདྲེས་ཏེ་ཁས་བླང་བའི་ཆ་ལ་ཉམས་རྐྱེན་མ་བྱུང་བར་སོ་སོར་གནས་པའི་ཕྱིར་རོ་ཞེས་གསུངས། གནས་འགྱུར་གྱི་དོན་འདི་ལ་འགའ་ཞིག །རིག་འཛིན་ནང་གི་དགེ་སློང་ལ། །ཞེས་པ་དང་། གཞུང་འདིར་འོག་ཏུ། གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པའི། །ཞེས་པའི་ཚིག་གི་ནུས་པས་དཔེ་དོན་གང་རུང་གི་ཡེ་ཤེས་ཁྱད་པར་ཅན་ཞིག་མ་སྐྱེས་པར་གནས་འགྱུར་གྱི་ཐ་སྙད་ཙམ་ཡང་བཞག་ཏུ་མེད་དོ་སྙམ་དུ་རྟོག་ཅིང་། བླ་མའི་ཞལ་རྒྱུན་ལས་ཀྱང་དགོས་པའི་དབང་གིས་དེ་ལྟར་བྱུང་ལ། ཡང་གཞན་དག་གིས་དབང་བསྐུར་ནོད་པ་ཙམ་ཞིག་གིས་གནས་འགྱུར་དངོས་ཐོབ་པ་ཡིན་སྙམ་དུ་རྟོག་པར་འདུག་པ་འདྲ་ཡང་། ཁོ་བོ་ནི་འདི་ལྟར་སེམས་ཏེ་གནས་འགྱུར་ཞེས་པ་དེ་རྣམ་པ་ཐམས་ཅད་དུ་འདུས་མ་བྱས་པའི་ཡེ་ཤེས་ཁྱད་པར་ཅན་ལྟ་བུ་སྐྱེས་པ་ཁོ་ན་ཞིག་མ་གཏོགས་ཐ་སྙད་འདོགས་མི་རུང་བའང་མ་ཡིན་ལ། དབང་གྲལ་དུ་བསྡད་ནས་དབང་རྫས་གནས་སུ་གཏུགས་ཤིང་ཁར་མྱོང་བ་ཙམ་གྱིས་གནས་འགྱུར་ཐོབ་པ་ཡང་མིན་ཏེ། ཞིབ་ཏུ་དཔྱད་ན་སོར་སྡོམ་གྱི་ངོ་བོ་ངེས་འབྱུང་། བྱང་སྡོམ་གྱི་ངོ་བོ་གཞན་ཕན། སྔགས་སྡོམ་གྱི་ངོ་བོ་དག་སྣང་དུ་འཇོག་དགོས་པ་སྤྱིར་བཏང་ཡིན་ལ། དེ་ཡང་ངེས་འབྱུང་ཙམ་དང་། གཞན་ཕན་ཙམ་དང་། དག་སྣང་ཙམ་ཞིག་ཡོད་པས་དེ་དང་དེའི་སྡོམ་པ་མཚན་ཉིད་པར་མི་འགྱུར་ན་ཡང་། བསམ་པ་དེ་དག་གིས་ངེས་པར་ཟིན་པ་ཞིག་དགོས་པས་དེ་སྐད་ཅེས་བྱའོ། །དེས་ན་སོར་སྡོམ་གྱི་མཚན་ཉིད། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག་འདོད་པའི་སས་བསྡུས་པ་སྟེ། མདོ་རྩར། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང་། མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་དང་། རབ་དབྱེར། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་སོ། །བྱང་སྡོམ་གྱི་མཚན་ཉིད། གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་ཀྱིས་ཟིན་པའི་ཕྱིན་དྲུག་གི་ངོ་བོར་གྱུར་པའི་སྒྲུབ་པ་ཁྱད་པར་བ་སྟེ་དེའི་མི་མཐུན་པའི་ཕྱོགས་སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བའི་སེམས་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །སྔགས་སྡོམ་གྱི་མཚན་ཉིད་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཡེ་ཤེས་ཀྱིས་མཚན་འཛིན་གྱི་རྟོག་པ་དང་དེས་བསྐྱེད་པའི་སྒོ་གསུམ་གྱིས་ཉེས་པ་སྡོམ་པར་བྱེད་པའི་སེམས་པ་དང་མཚུངས་ལྡན་དུ་གྱུར་བའི་སེམས་ཏེ། འོད་ཕྲེང་ལས། ནམ་མཁའ་ཇི་སྲིད་གནས་བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡ་དོན་སྤྲོད། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་དང་། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །དེ་དག་ཀྱང་རང་རང་ཐོབ་བྱེད་ཀྱི་ཆོ་ག་ལ་བརྟེན་ནས་ཐོབ་དགོས་སོ། །དེས་ན་སོ་ཐར་གྱི་སྡོམ་པའི་སྐབས་སུ་ཡང་རང་ཐོབ་བྱེད་ཀྱི་ཆོ་ག་རྣམ་པར་དག་པ་ལས་བླངས་པའི་ཁྱིམ་པའམ་རབ་བྱུང་གི་སྡོམ་པ་གང་ཡིན་ཀྱང་། སྡོམ་པ་ཙམ་ཞིག་ཐོབ་པ་ཡིན་ནའང་ཀུན་སློང་གི་བྱེ་བྲག་ལས་འཇིགས་སྐྱོབ་དང་། ལེགས་སྨོན་གྱི་ཚུལ་ཁྲིམས་སུ་སོང་ན་དེ་ནམ་ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེས་པ་དེའི་ཚེ་སོ་ཐར་གྱི་སྡོམ་པ་མཚན་ཉིད་པར་གནས་འགྱུར་བ་ནི་འདུ་ཤེས་ན་འཕར་བའི་དབང་གིས་ཏེ་གཅུང་དགའ་བོའི་རྣམ་ཐར་བཞིན་ནོ། །དེ་ཡང་བསམ་པ་རྒྱ་ཇེ་ཆེར་སོང་ནས་འདུ་ཤེས་གནས་འགྱུར་བ་ཡིན་ཀྱང་སྔར་ཉེས་སྤྱོད་གང་དང་གང་སྤོང་བར་དམ་བཅས་པ་དེ་མེད་དུ་སོང་བ་ནི་མ་ཡིན་ནོ། །དེ་བཞིན་དུ་སོ་ཐར་གྱི་བསླབ་ཚིགས་གསུམ་པོ་རིམ་གྱིས་ནོད་པ་ན་སྤང་བྱ་སྤོང་བར་དམ་བཅའ་བའི་བསམ་པ་གོང་དུ་འཕེལ་དུ་སོང་ཡང་འོག་མའི་ལྡོག་པ་མེད་པ་མ་ཡིན་ཏེ། ཕྱིས་བསླབ་པ་གོང་མ་ཕུལ་ཏེ་དགེ་ཚུལ་སོགས་སུ་བབས་པ་ཡོད་པར་བཤད་པའི་ཕྱིར་ལ། དེ་ལྟ་ནའང་བསླབ་ཚིགས་གོང་མ་ཐོབ་པའི་དུས་སུ་འོག་མ་གཉིས་ཀྱི་སྡོམ་རྫས་ཐ་དད་པའི་ཚུལ་དུ་དེར་ཡོད་པ་མིན་ཏེ། གལ་ཏེ་ཡིན་ན་བསྙེན་རྫོགས་ཀྱི་སྡོམ་པ་གནས་པའི་རྟེན་རབ་བྱུང་ཡིན་པ་གང་ཞིག་དེ་ཁྱིམ་པའང་ཡིན་དགོས་ཏེ། དགེ་བསྙེན་གྱི་སྡོམ་པ་གནས་པའི་རྟེན་ཡང་དེ་ཡིན་དགོས་པའི་ཕྱིར་ཏེ་དེ་དུས་དགེ་བསྙེན་གྱི་སྡོམ་པའི་ངོ་བོའི་རྫས་ཐ་དད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་སོར་སྡོམ་གྱི་སྟེང་དུ་བྱང་སེམས་ཀྱི་སྡོམ་པ་བླངས་ཏེ་གཞན་ཕན་དོན་གཉེར་གྱི་བློ་སྐྱེས་པ་ན་སྔར་བླངས་པའི་སོར་སྡོམ་གྱི་ལྡོག་པ་དེ་ཡོད་ཀྱང་རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བློ་དེ་གནས་འགྱུར་ནས་དོན་གཉིས་ལྡན་པའི་བྱང་ཆུབ་སེམས་ཀྱི་ངོ་བོར་ཐ་མི་དད་པའི་ཚུལ་དུ་ཡོད་དེ། དེ་ཡང་དཔེར་ན་ཟངས་རྡོ་བཞུ་བ་ལས་ཟངས་སུ་གྱུར་པའི་གནས་སྐབས་ན་སྔར་གྱི་རྡོ་དེ་ལས་གཞན་པའི་ཟངས་ཀྱི་རྫས་ཤིག་ཡོད་པ་མ་ཡིན་ཀྱང་དེ་དུས་རྡོའི་ཁམས་དམན་པ་དེ་ད་དུང་ཡོད་པ་ཡིན་ན། རྡོ་ཡང་ཡིན་ལ་ཟངས་ཀྱང་ཡིན་པ་ཞིག་ཡིན་དགོས་ན་དེ་ནི་མི་སྲིད་པ་བཞིན་དུ་ངེས་འབྱུང་གི་བསམ་པ་དེ་ཉིད་ཇེ་བཟང་དུ་སོང་བས་དེ་ལས་གཞན་པའི་བློ་རྫས་ཤིག་མེད་ཀྱང་། དེ་དུས་སྔར་གྱི་དམན་སེམས་དེ་ཡོད་ན་རང་དོན་ཡིད་བྱེད་ཀྱང་ཡིན་ལ་གཞན་ཕན་དོན་གཉེར་ཀྱང་ཡིན་པ་ཞིག་ཡིན་དགོས་ན་དེ་ནི་མི་སྲིད་དོ། །ཚུལ་དེས་མཚོན་ནས་བྱང་སྡོམ་གྱི་སྟེང་དུ་སྔགས་སྡོམ་ཐོབ་པའི་ཚེ་དབང་དོན་གྱི་ཡེ་ཤེས་བསྐྱེད་རྫོགས་རང་རང་གི་ལམ་གྱི་གཞི་དབང་བཞི་རང་རང་གི་སྐབས་སུ་བཤད་པ་རྣམས་དངོས་སུ་སྐྱེས་ན་སྨོས་ཅི་དགོས་ཀྱང་། སྤྱིར་དག་མཉམ་ཙམ་ཞིག་ལ་གོ་བའི་སྒོ་ནས་ངེས་ཤེས་སྐྱེས་པའི་སྟོབས་ཀྱིས་གཞན་ཕན་གྱི་བློ་དེ་ན་འཕར་བའི་ཚེ་ན། དཔེ་ཟངས་ལས་གསེར་གྱི་རྣམ་པར་གྱུར་བའི་དུས་ཟངས་ཀྱི་དངོས་པོ་དེ་ལས་གཞན་པའི་གསེར་གྱི་རྫས་ཤིག་མེད་ཀྱང་གསེར་ལས་དམན་པའི་ཟངས་དངོས་དེ་དུས་མེད་པ་ལྟར། གཞན་ཕན་གྱི་བསམ་པ་དེ་ཇེ་བཟང་དུ་སོང་ནས་སྔགས་སྡོམ་གྱི་ངོ་བོར་གྱུར་པས་བློ་རྫས་གཞན་ཞིག་མེད་ཀྱང་། ཀུན་རྫོབ་ཙམ་དུ་འཁོར་བ་ལ་མ་དག་པར་བལྟས་ནས་འཁོར་འདས་ལ་བླང་དོར་དུ་འཛིན་པ་དེ་ནི་མེད་དོ། །ཚུལ་དེ་དག་ནི་མོས་སྤྱོད་ཀྱི་གནས་སྐབས་ཡིན་པར་མ་ཟད་རང་རེ་ལས་དང་པོ་པ་རྣམས་ཀྱི་རྒྱུད་ལ་སྡོམ་གསུམ་ཇི་ལྟར་གནས་པའི་ཚུལ་ལ་བསམ་གཞིག་བཏང་བ་ཡིན་པས། སྔགས་སྡོམ་གྱི་ངོ་བོ་དག་སྣང་ཡང་ཐོས་བསམ་གྱི་ལྟ་བ་ཅུང་ཟད་ན་འཕར་བའི་སྟོབས་ཀྱིས་འདུ་ཤེས་གནས་འགྱུར་བ་ཙམ་ལ་བྱ་ཡི། བསྒོམ་སྟོབས་ཀྱིས་ཡེ་ཤེས་སྐྱེས་པ་ལྟ་བུ་ནི་མ་ཡིན་ནོ། །དེས་ན་བསྒོམ་པའི་སྟོབས་ལས་དཔེའི་ཡེ་ཤེས་སམ། ཁྱད་པར་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་ཚེ་ན་ནི། སེམས་ཡེ་ཤེས་སུ་གནས་འགྱུར་བའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ལ་དབང་ཐོབ་ནས་འདོད་ཡོན་དང་ཉོན་མོངས་ཐམས་ཅད་ལ་ཆོས་ཉིད་ཀྱི་ལྟ་བས་དབང་བསྒྱུར་ནུས་པས་ཇི་ལྟར་སྤྱད་ཀྱང་ལྟུང་བ་རང་མཚན་པས་གོས་མི་སྲིད་པས་ན་གཞན་ངོར་དོན་མཐུན་གྱི་སྤྱོད་པ་ཙམ་དུ་མ་གཏོགས་རང་ངོས་ནས་སྡོམ་པ་འོག་མའི་ལྡོག་པ་ཙམ་གྱི་ཡང་རང་མཚན་མི་འཛིན་པས་ཆེད་དུ་སྤང་བླང་མི་དགོས་ན། ངོ་བོ་གནས་འགྱུར་ཐོབ་ནས་ཐ་དད་མེད་པ་སྨོས་ཅི་དགོས་ཏེ་རང་བྱུང་དོན་གྱི་དགེ་སློང་ཡིན་པའི་ཕྱིར། དེ་སྐད་དུ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོོམ་པ་བསམ་ཡས་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། ས་ར་ཧས། སྨྱིག་མཁན་གྱི་བུ་མོ་ཕྱག་རྒྱར་བཞེས་པའི་རྗེས་ལ། ཁ་སང་ཕན་ཆད་བྲམ་ཟེ་ཡིན། །ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་ནས། དེའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་པ་ལྟ་བུའོ། །མདོར་བསྡུ་ན་འདུ་ཤེས་གནས་འགྱུར་བ་དང་། སེམས་ཡེ་ཤེས་སུའམ། ཟག་བཅས་ཟག་མེད་དུ་གནས་འགྱུར་བའི་གནས་འགྱུར་ཁྱད་པར་བ་གཉིས་སུ་ཡོད་པར་བལྟ་དགོས་པར་སེམས་སོ། །འོ་ན་བྱང་སྔགས་གཉིས་ཀྱི་སྡོམ་ཆོག་ལ་བརྟེན་ནས་དེ་དང་དེའི་སྡོམ་པ་ནོད་པའི་ཚེ་གནས་འགྱུར་ཐོབ་པས་མ་ཁྱབ་ན། ངོ་བོ་ཐ་དད་དུ་ཡོད་པར་ནི་མི་འཐད་པར་བཤད་པས། སྡོམ་པ་གཏན་ནས་མི་ཐོབ་པ་ཡིན་ནམ་སྙམ་ན། ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་རུང་དུ་ཡོད་པ་སད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་ནུས་པ་བཞག་པ་ཙམ་ལས་ཀྱང་རང་རང་གི་ལམ་གྱི་ངོ་བོ་མངོན་དུ་འགྱུར་རུང་བའི་རྟེན་འབྲེལ་གྱི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་འདི་ནི་རྟོག་གེའི་རིགས་པས་དགག་པར་མི་བྱ་སྟེ་རྒྱལ་བའི་ཕྲིན་ལས་རྨད་དུ་བྱུང་བའོ། །དེ་ལྟ་བུའི་རྟེན་འབྲེལ་གྱི་ནུས་པ་བཞག་པ་དེ་ཙམ་ངོ་བོ་གཅིག་གམ་ཐ་དད་ཅེས་བརྟག་པར་ཡང་བྱ་བ་མ་ཡིན་ཏེ། སྤྱིར་སེམས་ཅན་གྱི་སེམས་ཀྱི་ཁམས་འདི་ན་དགེ་མི་དགེའི་བག་ཆགས་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་ཡོད་ཅིང་། ཁྱད་པར་ལམ་པ་རྣམས་ཀྱི་རྒྱུད་ཀྱི་དགེ་བ་ཡང་ཟག་བཅས་དང་ཟག་མེད་ལ་སོགས་པ་དུ་མ་ཞིག་ཡོད་ན་དེ་དག་གི་བག་ཆགས་ངོ་བོ་གཅིག་ཅེས་ཁས་བླང་ན་ནི་དགེ་མི་དགེ་གཉིས་པོ་ཡང་གཅིག་ཏུ་འགྱུར་ལ། ཐ་དད་ཅེས་འདོད་ན་ནི་སྐྱེས་བུ་གཅིག་གི་སེམས་རྒྱུད་ཀྱང་དུ་མར་འགྱུར་བའམ། ཡང་ན་སེམས་རྒྱུད་ལས་ཐ་དད་པའི་དགེ་མི་དགེའི་བག་ཆགས་ཞིག་ཡོད་དགོས་ན་དེ་ཡང་མི་འཐད་པའི་ཕྱིར་རོ། །དེ་ལྟར་རང་བཞེད་གནས་འགྱུར་ངོ་བོ་གཅིག་པའི་ཚུལ་རང་བློས་གང་དཔོགས་ཀྱིས་ཅུང་ཟད་དཔྱད་ནས་བྲིས་པ་ཡིན་ཀྱང་། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་པ་ལྟར་དོན་ལ་ངེས་པ་ཐོབ་པའི་ས་ཟིན་ནི་ཅི་ཡང་མེད་པས་ད་དུང་རང་ལུགས་འཛིན་པ་རྣམས་ཀྱིས་དཔྱད་པར་བྱས་ཏེ་ངེས་པ་གཏིང་ནས་རྙེད་པ་ཞིག་ཅི་ནས་ཀྱང་གལ་ཆེའོ། །ཡོན་ཏན་ཡར་ལྡན་ནི་སོ་ཐར་རང་ལམ་ནས་ཐབས་ཤེས་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྡོམ་པ་དེ་རང་ཉིད་འཁོར་བ་ལས་ཐར་བའི་ཐབས་སུ་གྱུར་བའི་ཕྱིར་ཡོན་ཏན་ཉི་ཚེ་བ་ཙམ་ཞིག་ཐོབ་པ་དེ་བྱང་སྡོམ་གྱི་ངོ་བོར་བསྲུངས་ན་ཐབས་དང་ཤེས་རབ་རྒྱ་ཆེན་པོས་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་བྱང་སྡོམ་མ་བླང་བའི་དུས་སུ་བསྲུངས་པ་ལས་ཆེས་ཕན་ཡོན་མཆོག་ཏུ་འཕགས་ལ། དེ་གཉིས་ཀ་སྔགས་སྡོམ་གྱི་ངོ་བོར་བསྲུངས་ན་ཐབས་ཤེས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་མྱུར་དུ་ཚེགས་མེད་པར་བླ་མེད་བྱང་ཆུབ་ལ་རེག་པའི་རྒྱུ་ཡིན་པའི་ཕྱིར་དེ་བས་ཀྱང་ཡོན་ཏན་ལྷག་པར་ཆེ་བའོ། །གནས་ཀྱིས་མི་འགལ་བ་ནི་ལས་དང་པོ་པའི་དུས་གཞན་ཕན་གྱི་སྤྱོད་པ་རྒྱ་ཆེན་པོ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་དངོས་སུ་བསྒྲུབ་པའི་ནུས་པ་མ་ཐོན་པའི་གནས་སྐབས་ན་ལུས་ངག་གི་ཀུན་སྤྱོད་ཕལ་ཆེར་འོག་མ་སོ་ཐར་གྱི་ལུགས་བཞིན་དུ་བསྲུངས་ནས་བསམ་པ་དང་ལྟ་སྒོམ་གོང་མའི་ལུགས་བཞིན་རྒྱུད་ལ་ཅི་ལོན་བྱས་ན། བྱང་སྔགས་ཀྱི་སྤྱོད་པ་ཐུན་མིན་ལ་མ་བསླབ་པས་འགལ་བ་ལྟར་སྣང་བ་དག་གིས་ཉེས་པ་མི་བསྐྱེད་ཅིང་། རང་དོན་ཡིད་བྱེད་ཀྱི་བློ་གཏན་ནས་མེད་པའམ་ཆུང་ངུར་གྱུར་ནས་གཙོ་བོ་གཞན་དོན་སེམས་པ་དང་། སྔགས་ཀྱི་ལྟ་སྒོམ་ནར་སོན་ནས་ཆགས་པ་རང་རྒྱུད་པ་དག་པའི་ཚེ་ན་གཞན་དོན་དུ་དངོས་གྲུབ་རྣམ་པ་གཉིས་ཐོབ་པ་ལ་སོགས་པའི་ཕྱིར་སྦྱོར་སྒྲོལ་ལ་སོགས་པ་འོག་མའི་བསླབ་པ་དང་འགལ་བ་ལྟར་སྣང་བ་ཅི་བྱས་ཀྱང་སོ་ཐར་གྱི་སྐབས་སུ་དངོས་ཞེན་དང་བཅས་པ་ལ་ཇི་སྐད་བཤད་པའི་ལྟུང་བའི་ཡན་ལག་ཚང་བ་མི་སྲིད་པས་རྨ་བྱས་དུག་ལ་བྱ་བ་བཞིན་ཉེས་པས་མི་གོས་པའི་སྟེང་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བའི་ཕྱིར་གནད་ཀྱིས་མི་འགལ་ཏེ། ཨརྻ་དེ་ཝས། ཀུན་ནས་ཉོན་མོངས་སྤོང་འདོད་པས། །དམ་པའི་དོན་གྱིས་འཚལ་བར་བྱ། །ཞེས་སོ། །དུས་སྐབས་གང་གཙོ་བོར་སྤྱད་པ་ནི་སྤྱིར་ལས་དང་པོ་པ་ནས་རྣལ་འབྱོར་དབང་ཕྱུག་གི་བར་རང་ཉམས་དང་དཔག་པའི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཉིད་དེ། ཚོགས་ཀྱི་དབུས་ན་ནི་ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལྔ་ལ་ཁྲེལ་བག་ཡོད་པར་སྤྱད་པར་བྱ་བ་ཉིད་དོ། །དེ་ཡང་གནས་དག་པ་ནི་དགོན་པ་དང་བས་མཐའོ། །འཚོ་བ་དག་པ་ནི་ལོག་འཚོ་དང་མ་འདྲེས་པའི་ཆོས་དང་མཐུན་པའོ། །སྡོམ་པ་དག་པ་ནི་ལས་དང་པོ་པ་ལ་སོ་སོ་ཐར་པ་གཙོ་བོར་གྱུར་པ་ལས་རིམ་གྱིས་སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པ་དང་། དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང་། དངོས་པོ་མེད་པའི་བློའི་ནུས་པ་ནར་སོན་པ་དང་བསྟུན་ནས་གོང་མ་གོང་མའི་དགོས་པ་གཙོ་བོར་བསྒྲུབ་ཅིང་སོ་ཐར་བྱང་སེམས་རིག་འཛིན་གསུམ་ལ་ཉེས་པས་མ་གོས་པའོ། །གྲོགས་དག་པ་ནི་ཚངས་པར་མཚུངས་པ་དང་ལྡན་པའོ། །ཆོས་དག་པ་ནི་སྟོང་པ་ཉིད་དང་སྙིང་རྗེའི་རྩིས་ཟིན་པའོ། །དེ་སྐད་དུ་གསང་བ་འདུས་པ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་མཐུན་པར་རྫོགས་པའི་སངས་རྒྱས་པདྨ་སྐྱེས་ཀྱང་བཞེད་དོ། །གསང་སྤྱོད་ཀྱི་དུས་ན་ལྟུང་བ་ནང་མ་འདོམ་པ་རྣམས་ནི་འདྲེས་པ་མེད་ཅིང་མཐའ་དག་རྫོགས་པར་བསྲུང་ལ། འདོམ་པའམ་བརྟུལ་ཞུགས་ལ་སློབ་པའི་ཚེ་སྔགས་གཙོ་བོར་བྱས་ན་འོག་མ་ཁྱད་དུ་གསོད་པ་མ་ཡིན་ཀྱང་གོང་མའི་ཐབས་ཤེས་ཀྱིས་ཟིན་པས་ཉེས་པར་མི་འགྱུར་རོ། །དེ་ལྟ་ནའང་འཇིག་རྟེན་མ་དད་པར་གྱུར་པའི་ཆ་སྡོམ་པ་གཉིས་སུ་མཐུན་པ་རྣམས་དེ་ཉིད་ལྟར་བསྲུང་བར་བྱ་སྟེ། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པའི་ཆ། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་དང་། རབ་དབྱེ་ལས། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །འདོད་པས་དབེན་པའི་ལྟུང་བ་འགའ །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང་། །ཞེས་སོ། །མདོར་བསྡུ་ན། ལས་དང་པོ་པ་དང་། ལམ་ལ་རྣལ་དུ་འབྱོར་པ་དང་། གྲུབ་པ་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པར་བླང་དོར་བྱ་བའི་ཚུལ་དུས་འཁོར་འགྲེལ་ཆེན་ལས་གསུངས་སོ། །གཉིས་པ་བཞེད་སྲོལ་གཞན་གྱི་གནད་བསྡུ་ཚུལ་ནི། དེ་ལྟར་དེ་བཞིན་གཤེགས་པས་བསྟན་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཉམས་ལེན་ཐམས་ཅད་སྡོམ་པ་གསུམ་དུ་བསྡུས་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་པར་བཤད་པ་ན། སྡོམ་གསུམ་རྒྱུད་གཅིག་ཏུ་ཇི་ལྟར་རྫོགས་ཤིང་གྲུབ་པའི་ཚུལ་གྱི་མཐའ་ལ་དཔྱད་པ་ཞུགས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་དྲུག་ཡོད་ལ། དེ་དག་ཀྱང་ངོ་བོ་གཅིག་ཏུ་འདོད་པ་དང་། ཐ་དད་པར་འདོད་པའི་ལུགས་གཉིས་སུ་འདུའོ། །དྲུག་པོ་གང་ཞེ་ན་དང་པོ་ནི་འདི་ལྟར། རྒྱུད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་དང་། མདོ་ལས། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་པའི་སྟེང་དུ་སླེབས་པའི་འཕགས་བོད་ཀྱི་སྐྱེས་ཆེན་ཕལ་མོ་ཆེ་དག་གི་མཛད་པ་ལྟ་བུ་སྟེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་ནི་དངོས་པོར་ལྟ་བ་ལས་གྱུར་པ་ཡིན་ན་དེ་དག་ལ་ནི་དེ་འདྲ་བའི་དངོས་ཞེན་མི་མངའ་སྟེ་ཀུན་རྟོག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོར་གནས་གྱུར་ཟིན་པས་ལྡོག་པ་དང་ངོ་བོ་ཞེས་པའི་ཐ་སྙད་ལས་ཀྱང་ཡང་དག་པར་འདས་སོ། །འོན་ཀྱང་སྔོན་བོད་འདིར་ཨ་ཙ་ར་དམར་པོ་ཞེས་བྱ་བ་ཞིག་བྱུང་བ་དེས་དབང་བསྐུར་ཐོབ་ནས་སྔགས་ཁོ་ན་བསྲུང་བས་ཆོག་པར་བཤད་པའི་རྗེས་སུ་འབྲངས་ནས་ཁ་ཅིག་གིས་ངོ་བོ་དང་ལྡོག་པ་གཉིས་ཀ་གནས་འགྱུར་བས་གོང་མ་ཐོབ་ཚེ་འོག་མ་བསྲུང་མི་དགོས་པར་སྔགས་སྡོམ་གྱི་ངོ་བོར་གཅིག་ཏུ་ཡོད་ཅེས་འདོད་པའང་གོང་དུ་བཤད་པ་དེ་དང་ཚུལ་མཐུན་པ་ལྟར་སྣང་ཡང་། དེ་ནི་མཉམ་པ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་བའི་རྣལ་འབྱོར་པ་རྣམས་ལ་འཐད་པ་དེ་ལྟ་ནའང་། ལས་དང་པོ་པས་དེ་ལྟར་བྱས་ན་འོག་མ་ཁྱད་དུ་བསད་པས་ལྟུང་བའི་ཆར་འབབས་སོ། །གཉིས་པ་ནི་སོ་བྱང་གི་སྡོམ་པའི་ངོ་བོ་སྔགས་སུ་གནས་འགྱུར་བའི་ཚེ་ངོ་བོ་སྔགས་སྡོམ་གཅིག་པུ་ལ་ལྡོག་པ་གཞི་མི་མཐུན་པར་ཐ་དད་དུ་འདོད་པ་ནི་རང་ལུགས་ཏེ། འདི་ནི་སྔ་འགྱུར་གྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ནས་གསལ་པོར་བསྟན་པ་ལྟར་འཕགས་བོད་ཀྱི་ཚད་མའི་སྐྱེས་བུ་རྣམས་ཀྱི་བཞེད་པ་སྟེ། འོད་ཕྲེང་ལས། གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །ས་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོག་པ་འཁྲུལ་གནས་ཡིན། །བདག་ཉིད་ཆེན་པོ་རྟ་དབྱངས་དང་། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །དོན་འདི་ལྡོག་པ་དུ་མས་འབྱེད། །ཅེས་དང་། བོད་ཀྱི་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། ཟུར་ལུགས་ཀྱི་བླ་མ་ཕལ་ཆེ་བ་དང་། །ཁྱད་པར་ཀུན་མཁྱེན་གཉིས་པ་དྲི་མེད་འོད་ཟེར་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་རྙིང་མའི་མཁས་གྲུབ་རྣམས་དང་། གསར་མའི་ལོ་ཆེན་རིན་བཟང་དང་། འཇམ་པའི་དབྱངས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་རྗེས་འབྲངས་དང་བཅས་པ་སྟེ་གསར་རྙིང་གི་མཁས་གྲུབ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་ནོ། །གནས་འགྱུར་ཚུལ་ནི་བཤད་ཟིན་ནོ། །འདི་ལ་ངོ་བོ་ཐ་དད་དུ་འདོད་པའི་མཁས་པ་གཞན་གྱིས་མི་འཐད་པའི་ཚུལ་བརྗོད་པ། གནས་འགྱུར་བ་དང་། ངོ་བོ་གཅིག་པ་འགལ་ཏེ། དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ན་ལྕགས་དང་གསེར་གཉིས་གཅིག་མ་ཡིན་པ་བཞིན་དང་། ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་སུ་གནས་འགྱུར་བའི་ཚེ་ན་ཡང་དེ་གཉིས་ངོ་བོ་གཅིག་དགོས་ཤིང་གཅིག་ན་མེ་ལོང་ལྟ་བུའི་ཡེ་ཤེས་བག་ཆགས་ཀྱི་རྟེན་དུ་ཐལ་ལོ། །དེས་ན་ངོ་བོ་གཅིག་ན་གནས་འགྱུར་མི་རུང་སྟེ། ལྕགས་གསེར་ངོ་བོ་གཅིག་ན་གནས་འགྱུར་མི་དགོས་པ་བཞིན་ནོ། །གལ་ཏེ་མ་གྱུར་པའི་དུས་ངོ་བོ་མི་གཅིག་ཀྱང་གྱུར་ནས་གཅིག་གོ་སྙམ་ན། གནས་གྱུར་བ་ནི་གསེར་གྱི་ངོ་བོ་ཡིན་པས་ལྕགས་ཀྱི་ངོ་བོ་དང་གཅིག་པའི་གནས་མེད་དེ་ཡོད་ན་གསེར་ཡང་ལྕགས་ཀྱི་ཁམས་བཞིན་དམན་པར་འགྱུར་བའམ། ཡང་ན་མ་གྱུར་བའི་དུས་སུ་ཡང་ལྕགས་གསེར་གྱི་ངོ་བོ་དང་གཅིག་དགོས་པས་དེ་ལྟར་ན་ལྕགས་ཀྱང་གསེར་བཞིན་རིན་ཐང་ཆེན་པོར་འགྱུར་རོ་ཞེས་སྣང་ཡང་། དེ་ལ་བརྟག་ན། དཔེའི་སྟེང་ནས་མི་འཐད་པར་བསྟན་པ་དེས་དོན་ལ་སྐྱོན་བརྗོད་པར་འདུག་ཀྱང་། སྐྱོན་དེ་འཇུག་པར་མི་སེམས་ཏེ། འཇིག་རྟེན་ན་ཐ་སྙད་དུ་ལྕགས་གསེར་དུ་གྱུར་པའི་གནས་སྐབས་སྔར་གྱི་ལྕགས་དེ་ལས་གཞན་མིན་ཞིང་དངོས་པོ་དེ་ཉིད་དེར་གྱུར་པ་ཙམ་ལ་ངོ་བོ་གཅིག་ཅེས་གྲགས་པ་དེ་ལྟ་བུའི་ཐ་སྙད་བཏགས་ཚུལ་དེ་ཙམ་ཞིག་གི་སྒོ་ནས། སོ་བྱང་གཉིས་སྔགས་སྡོམ་དུ་གྱུར་བའི་གནས་སྐབས་ན་སྔར་གྱི་ཤེས་རྒྱུན་ངེས་འབྱུང་དང་གཞན་ཕན་གྱི་ངོ་བོར་ཡོད་པ་དེ་ལས་གཞན་མིན་ཞིང་དེ་ཉིད་དག་སྣང་གི་ངོ་བོར་བཟང་དུ་སོང་བ་ཙམ་ཞིག་ལ་ངོ་བོ་གཅིག་ཅེས་བརྗོད་པ་ཡིན་པས་དེ་ཙམ་ལ་ནི་མི་འཐད་པ་མེད་པར་མ་ཟད་ཤིན་ཏུ་འཐད་དེ་ལམ་པའི་གང་ཟག་གཅིག་གི་སེམས་རྒྱུད་དེ་ལམ་ལ་དང་པོ་ཞུགས་པ་ནས་བཟུང་མཐར་ཐུག་གི་འབྲས་བུའི་བར་དུ་གོང་ནས་གོང་དུ་གནས་འགྱུར་དུ་འགྲོར་ཡོད་པ་ལ་སེམས་རྒྱུད་གཅིག་གི་ངོ་བོར་ཐ་སྙད་འདོགས་རུང་བ་བཞིན་ནོ། །དེ་ལྟར་ཡང་དབུ་མའི་མན་ངག་ལས། རིགས་པས་བརྟགས་ན་བདེན་མ་ཡིན། །དེ་ལས་གཞན་དུ་བདེན་པ་སྟེ། །དེས་ན་དངོས་པོ་གཅིག་ཉིད་ལ། །བདེན་དང་མི་བདེན་ཇི་ལྟར་འགལ། །ཞེས་སོ། །གལ་ཏེ་དེ་ལྟ་མ་ཡིན་པར་ངོ་བོ་ཞེས་པ་དེ་དཔྱད་བཟོད་པའི་དངོས་པོ་རང་གི་རང་བཞིན་འདོར་མི་རུང་བ་ཞིག་ཡོད་དགོས་ན་ནི་ཐ་སྙད་དུ་ལྕགས་གསེར་དུ་དང་། གཞོན་ནུ་རྒན་པོར་འགྱུར་ཞེས་པ་ལ་སོགས་པའི་རྣམ་པར་བཞག་པ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་ཏེ་རང་བཞིན་གཞན་དུ་འགྱུར་བ་མི་རུང་བའི་ཕྱིར་རོ། །དེས་ན་ལྕགས་གསེར་དུ་འགྱུར་ནས་གསེར་གྱི་ངོ་བོར་སྐྱེས་ཏེ་དངོས་པོ་བཟང་པོའི་གནས་སྐབས་གསར་དུ་ཐོབ་པའི་ཚེ་སྔར་གྱི་ལྕགས་ཁམས་དམན་པ་དེ་དེ་ན་ཡོད་མི་དགོས་ཀྱང་དེ་ལས་གཞན་ཞིག་མ་ཡིན་པ་བཞིན། སྡོམ་པ་འོག་མ་གཉིས་སྔགས་སྡོམ་དུ་འགྱུར་ནས་སྔགས་སྡོམ་གྱི་ངོ་བོར་སྐྱེས་ཏེ་དག་མཉམ་གྱི་ངེས་ཤེས་བཟང་པོ་གསར་དུ་ཐོབ་པའི་ཚེ་སྔར་གྱི་རང་དོན་ཡིད་བྱེད་ཀྱི་བློ་དང་ཐ་མལ་མཚན་འཛིན་གྱི་རྟོག་པ་རང་རྒྱུད་བདེ་ད་དུང་ཡོད་མི་དགོས་ཀྱང་། སྔར་གྱི་སེམས་རྒྱུད་དེ་ལས་གཞན་ཞིག་མ་ཡིན་པས་གནས་འགྱུར་ངོ་བོ་གཅིག་ཅེས་བརྗོད་པ་ཡིན་པའི་ཕྱིར་རོ། །ཡང་སྡོམ་གསུམ་རྣམ་ངེས་ལས། འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །ཞེས་པ་ལྟར་སྡོམ་པ་འོག་མ་གཉིས་གོང་མའི་ཡན་ལག་ཏུ་བཞེད་པ་ལ། དེ་ནི་མི་འཐད་དེ་འོག་མ་མ་ཐོབ་པ་དང་བཏང་བ་རྣམས་ལ་ནི་གོང་མའི་ཡན་ལག་མ་ཚང་བ་དང་བཏང་བའི་སྐྱོན་ཡོད་ཅིང་གོང་མའི་ཐོབ་བྱེད་ལས་ཐོབ་དགོས་པར་ཡང་འགྱུར་རོ། །ཞེས་བྲིས་པ་འདུག །དེ་ལའང་འདི་སྙམ་དུ་སེམས་ཏེ། འོག་མ་གཏན་ནས་མ་ཐོབ་པའི་སྔགས་པ་ཞིག་མི་སྲིད་དེ། དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་མ་བླང་ཞིང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་སྔགས་ལམ་ལ་ཞུགས་པ་ནི་གཟུགས་བརྙན་ཙམ་དུ་ཟད་པའི་ཕྱིར་ཏེ། བྱ་རྒྱུད་ལས། གང་ཞིག་བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །གང་ཞིག་དཀྱིལ་འཁོར་དུ་ནི་མ་ཞུགས་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར་། །ཞེས་སོ། །ཤི་བའི་ཚེ་སོར་སྡོམ་བཏང་བ་ལྟ་བུ་ནི་ལྡོག་པ་ཙམ་ཞིག་གཏོང་བ་ཡིན་པས་གོང་མ་བཏང་བར་མི་འགྱུར་ལ། གོང་མའི་ཐོབ་བྱེད་ཀྱི་ཆོ་ག་ལས་གཏན་ནས་མི་ཐོབ་པའི་ཁྱབ་པ་ཡང་མེད་དེ། དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང་དབང་དངོས་གཞིའི་ཆོ་ག་གཉིས་ཀ་གོང་མ་སྔགས་སྡོམ་ཐོབ་བྱེད་ཡིན་པ་གང་ཞིག་དཀྱིལ་འཁོར་ཕྱི་འཇུག་གི་དུས་ན་ཐུན་མོང་པའི་སྡོམ་པ་གཉིས་དང་། ཁྱད་པར་གྱི་སྡོམ་པ་ལེན་དགོས་པར་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་ལེགས་བཀོད་དེ། །དེ་ལ་དཀྱིལ་འཁོར་བསྟན་པར་བྱ། །ཞེས་དང་། རོང་ཟོམ་ཆེན་པོས་མཛད་པའི་སྡོམ་ཆོག་ལས་ཀྱང་། ཐུན་མོང་བའི་སྡོམ་པ་ནོས་ནས། དེ་ནས་ཁྱད་པར་གྱི་སྡོམ་པ་ནོས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་དབང་ཐོབ་པར་བྱས་ལ། དངོས་གྲུབ་ཀྱི་སྣོད་དུ་འགྱུར་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྡོམ་གསུམ་རྣམ་བཞག་པས་དཔེར་ན་སྣོད་གཙང་མར་ཆུ་དྭངས་པ་བླུགས་པའི་ནང་རིན་པོ་ཆེ་ཨིནྡྲ་ནཱི་ལ་བཞག་པ་ན། སྣོད་ཆུ་གཉིས་ཨིནྡྲ་ནཱི་ལའི་ཁ་དོག་ཏུ་འགྱུར་ཡང་དེ་གསུམ་རྫས་ཐ་དད་པ་ལྟར། སོ་བྱང་སྔགས་གསུམ་ག་རྒྱུད་གཅིག་ལ་རྫོགས་པའི་ཚེ་སོ་སོའི་རྫས་ཐ་དད་དུ་ཡོད་པས་འགལ་ཡང་ཡོན་ཏན་གྱི་ངོས་ནས་གོང་འཕེལ་གྱི་དབང་གིས་སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་ཡོད་པར་འདོད་པ་ཡིན་ཞིང་། དེ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་འདོད་དོ། །དེ་ཡང་གོང་མའི་ཐབས་ཤེས་ཀྱིས་འོག་མ་ཟིལ་གྱིས་གནོན་པར་མི་ནུས་པའི་བློ་ངོ་ན་ལྡོག་པ་ཐ་དད་དུ་ཡོད་པ་མི་འགལ་ཡང་། རྟེན་དང་བརྟེན་པ་ཐམས་ཅད་ལ་ཁྱབ་མཉམ་དུ་འདོད་ན་རྟེན་སོ་ཐར་གཏོང་བའི་ཚེ་བརྟེན་པ་བྱང་སྔགས་གཉིས་ཀྱང་གཏོང་བར་འགྱུར་བས་མི་འཐད་དོ། །བཞི་པ་ནི། སྤྱིར་བཀའ་རྒྱུད་པ་རྣམས་ཀྱིས་སྡོམ་པ་གསུམ་པོ་གཏོང་རྒྱུ་དང་གཏོང་བའི་དུས་ཐ་དད་པ་དང་། ཐོབ་བྱེད་ཀྱི་ཆོ་ག་ཐ་དད་པས་ངོ་བོ་ཐ་དད་ཡིན་ནོ་ཞེས་སོ་སོའི་གཏོང་ཐོབ་ཀྱི་མཚམས་ཐ་དད་པས་ངོ་བོ་ཐ་དད་པའི་རྣམ་དབྱེ་བྱེད་འདུག་པས་དེ་ལ་བཤད་ཀྱང་ཆོག་པར་སྣང་ཡང་། དངོས་དོན་ནི་འོག་མའི་སྡོམ་པ་གཏོང་བའི་མཚམས་གོང་མ་ཐོབ་པའི་ཚེ་ཡིན་ནོ་ཞེས་གཏོང་ཐོབ་ཀྱི་མཚམས་ནས་རྣམ་པར་དབྱེ་བ་ནི། བློ་ཆུང་དག་གྲོལ་དུ་འཛིན་པའི་གང་ཟག་ལ་དགོངས་ནས། དམ་པ་དང་པོའི་རྒྱུད་ལས་དྲང་སྲོང་ཉི་མའི་ཤིང་རྟ་ཅན་ལྟ་བུ་བློ་ཆུང་ཞིང་དོན་ཟབ་མོ་རིང་དུ་སྤང་བར་འགྱུར་བ་རྣམས་རྗེས་སུ་བཟུང་བའི་ཕྱིར། ཐོག་མར་དེ་སྐད་བརྗོད་པས་གདོད་སྔགས་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་དང་། དགོས་དབང་གཞན་ཡང་རབ་བྱུང་སྤྱོད་པ་ལྷོད་པ་རྣམས་གོང་མའི་ཐབས་ཤེས་ཁྱད་པར་ཅན་གང་ཡང་མེད་པར་རབ་བྱུང་གི་བསླབ་ཁྲིམས་ཡལ་བར་འདོར་བ་ལ་དགོངས་ནས། ལམ་སྒྲོན་དུ། གསང་བ་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་པ་ལྟ་བུ་ཡིན་ན་ནི་འཐད་དུ་རུང་ལ། རྣམ་པ་ཐམས་ཅད་དུ་དེ་ལྟར་འདོད་ན་གསུམ་ལྡན་རྡོ་རྗེ་འཛིན་པ་མི་སྲིད་པ་དང་། དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པ་དང་ཡང་འགལ་ལོ། །ལྔ་པ་ནི། ཨ་བྷྱ་ཀཱ་རའི་ཐུབ་པ་དགོངས་རྒྱན་ལས་བྱུང་བ་སྟེ། གསེར་གྱི་རྒྱན་གསེར་དུ་རིགས་གཅིག་ཀྱང་མགོ་རྒྱན་རྐང་རྒྱན་ལག་གདུབ་སོགས་ཐ་དད་པ་བཞིན་དུ་སྡོམ་པ་གསུམ་པོ་སྤོང་བའི་སེམས་སུ་རིགས་གཅིག་ཀྱང་རྫས་ཐ་དད་དུ་གསལ་བར་བཤད་པ་དང་། དོང་རྩེ་གསུམ་བརྩེགས་པ་ན་སོ་སོར་མ་འདྲེས་པར་ཡོད་པ་བཞིན། སྡོམ་པ་གསུམ་སོ་སོར་མ་འདྲེས་པར་རྒྱུད་གཅིག་ལ་ཡོད་པར་འདོད་པ་ཡང་དེ་དང་གཅིག་གོ། །དེ་ཡང་སྡོམ་པའི་རང་ལྡོག་མ་འདྲེས་པའི་ངོས་ནས་ཐ་དད་དུ་ཡོད་པ་འཐད་ཀྱང་། ངོ་བོ་ལ་དེ་ལྟར་འདོད་ན་སྲོག་གཅོད་སྤོང་བའི་སེམས་པ་ལྟ་བུ་སེམས་བྱུང་རིགས་མཐུན་གསུམ་དུས་གཅིག་ཏུ་གང་ཟག་གཅིག་གི་རྒྱུད་ན་གནས་པའི་ཕྱིར་མི་འཐད་དོ། །དྲུག་པ་ནི། ཤཱཀྱ་ཤྲཱིའི་སློབ་མ་བི་བྷུ་ཏི་ཙནྡྲའི་ལུགས་འོད་ཕྲེང་ལས་བྱུང་བ་སྟེ། དཔེར་ན་ཉི་ཟླ་སྐར་གསུམ་པོ་རིམ་ཅན་དུ་ཚོགས་པ་ལྟར་ཏེ་ཟླ་བ་ཤར་བ་ན་སྐར་འོད་ཟིལ་གྱིས་མནན་ནས་བག་ལ་ཞ་བར་གྱུར་ལ། ཉི་མ་ཤར་བ་ན་ཟླ་འོད་ཀྱང་ཟིལ་གྱིས་མནན་ནས་བག་ལ་ཞ་བར་གྱུར་ཀྱང་རང་རང་ནི་འོད་དང་བཅས་པ་མ་ཉམས་པ་སྟེ་གཏན་མེད་དུ་སོང་བ་མ་ཡིན་པར་ཐ་དད་དུ་ཡོད་པ་བཞིན། སྡོམ་པ་གསུམ་པོ་ཡང་གོང་མ་གོང་མ་ཐོབ་པས་འོག་མ་ཟིལ་གྱིས་མནན་ཏེ་བག་ལ་ཞ་བར་གྱུར་པ་ནི་ནུས་པའི་ཁྱད་ཞུགས་པ་ཙམ་ཡིན་གྱི་ངོ་བོ་ཐ་དད་པར་ཡོད་དོ་ཞེས་འདོད་དོ། །དེ་ཡང་ཤེས་བྱ་ཤེས་བྱེད་ཀྱི་བློ་དང་བྲལ་ནས་གོང་མ་གཉིས་ཐབས་དང་ཤེས་རབ་ཀྱི་ངོས་ནས་ནུས་པ་ཆེ་བར་སོང་བའི་ཚེ་འོག་མའི་རྣམ་པ་སུན་ཕྱུང་བ་མེད་ཀྱང་རང་བཞིན་གྱི་ཚུལ་ཁྲིམས་གང་ཡིན་པའི་རིགས་སད་ནས་འོག་མའི་ཆ་བག་ལ་ཞར་འཐད་དུ་རུང་སྟེ། སློབ་དཔོན་ཆེན་པོ་བི་མ་ལས་སེམས་གང་གིས་ལས་དེ་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་རམ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་ན་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་བཞིན་དུ་བག་ལ་ཞ་བ་མི་འཐད་དེ། བླངས་འདས་སོ་སོར་བསྲུང་དགོས་ན་ནི་བག་ལ་མ་ཞ་ལ། མི་དགོས་ན་སོ་སོར་ཡོད་པ་མི་རུང་བས་མི་འཐད་དོ། །དེ་ལ་སོགས་པ་སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་ཚུལ་གྱི་མཐའ་ལ་དཔྱད་པ་བཏང་བའི་ཚེ་བློའི་རང་བཞིན་ནི་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་ཞིང་། ཚིག་ནི་དཔེ་དོན་དང་མཚུངས་པར་འཇུག་པས་རྣམ་པའིི་ཁས་བླངས་མཐའ་ཡས་པ་ཞིག་ཡོད་ནའང་། དེ་བཞིན་གཤེགས་པའི་བསྟན་པ་ནི་རྟོན་པ་བཞི་དང་ལྡན་པ་ཡིན་པས། དེ་དག་ཐམས་ཅད་ཀྱང་གནད་བསྡུ་ན་འདི་ལྟར་སྡོམ་པས་རྒྱུད་བསྡམས་པ་མེད་ན་བསོད་ནམས་ཁྱད་པར་བ་དང་ལྟུང་བ་གཉིས་ཀ་མེད་ཅིང་། དགེ་བ་བྱས་པ་ཡང་བར་མའི་དགེ་བ་ཞེས་བྱ་སྟེ་སྲིད་པའི་རང་བཞིན་ལས་མི་འདའ་བས། ཞིང་ཡོད་པ་རྣམས་ཐན་པ་དང་སེར་བ་ལ་འཇིགས་དགོས་པ་ལྟར་རྣམ་གྲོལ་དོན་དུ་གཉེར་བས་སྡོམ་པ་ཐོབ་དགོས་ཤིང་། སྡོམ་པ་ཡོད་པ་རྣམས་ཀྱིས་ཉེས་པ་ལ་འཇིགས་ནས་ཚུལ་བཞིན་བསྲུང་དགོས་པའི་ཕྱིར་སྡོམ་གསུམ་རང་རང་གི་ཐོབ་བྱེད་དང་བསྲུང་བྱེད་ཀྱི་ཆོ་གའི་དུས་སུ་ཇི་སྐད་བཤད་པ་ལྟར་བཏགས་ཡོད་ཀྱི་ཆ་ནས་སོ་སོ་རང་རང་གི་ལྡོག་པ་རྣམས་མ་འདྲེས་པར་ཡོད་པས་དེ་བཞིན་དུ་བསྲུང་བར་བྱ་བ་དང་། གསུམ་ཀའི་བསྲུང་མཚམས་ནང་འདོམས་པའི་དུས་ན་དགག་དགོས་གང་དུ་ཚང་བ་དེ་ལྟར་བྱས་ན་འགལ་བ་མེད་དེ་དགེ་སྡིག་རྣམ་རྟོག་གི་གཟུགས་བརྙན་ཡིན་པའི་ཕྱིར་དང་། འདུས་བྱས་ཀྱི་སྡོམ་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་དེ་དག་འདུས་མ་བྱས་པའི་ཚུལ་ཁྲིམས་སུ་གནས་འགྱུར་བའི་ངོ་བོ་ནི་ཚོགས་བརྒྱད་ཀྱི་རྟོག་པ་ཐམས་ཅད་ཆོས་ཉིད་ངོ་བོ་ཉིད་མེད་པའི་དོན་དང་འདྲེས་ཏེ་སྡོམ་དང་སྡོམ་མིན་དུ་འཛིན་པའི་ཀུན་རྟོག་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མཐུས་བྱེད་པ་ཡིན་ཏེ། བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོ་ལས། དགེ་སློང་རྣལ་འབྱོར་སྤྱོད་པས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི་ལྷའི་བདེ་བ་ཉམས་སུ་མྱོང་ནས་སླར་ངན་སོང་དུ་འཁོར་བར་འགྱུར་རོ། །གང་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ཅིང་རྟོག་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ་ཞེས་པ་ལ་སོགས་པས་མཚོན་ནོ། །དེ་ལྟར་རང་ལྡོག་མ་འདྲེས་པ་ལ་སོགས་པའི་ཆོས་དྲུག་བརྩི་བ་ནི་སྤྱིར་བཏང་ཡིན་ལ། དམིགས་བསལ་ནི་སྡོམ་པ་ནོད་ཙམ་གྱིས་ངེས་འབྱུང་སོགས་འདུ་ཤེས་ཁྱད་པར་ཅན་མ་སྐྱེས་ན་མཚན་ཉིད་པར་མི་འགྱུར་བས་ངེས་འབྱུང་ལ་སོགས་པས་སེམས་རྒྱུད་ཇེ་བཟང་དུ་འགྲོ་བའི་ཐབས་ལ་བརྩོན་པ་དང་། འདུ་ཤེས་གནས་འགྱུར་ཙམ་ཐོབ་ཀྱང་ལྡོག་པ་སོ་སོར་བསྲུང་དགོས་པ་དང་། ཡེ་ཤེས་ཁྱད་པར་ཅན་དོན་གྱི་འོད་གསལ་ཇི་བཞིན་པ་སྐྱེས་པའི་ཚེ་ན་ནི་ལྡོག་པའི་བསྲུང་བྱ་ཙམ་ཡང་ཐ་དད་དུ་མི་དམིགས་པས་ཇི་ལྟར་བྱས་ཀྱང་ཉེས་པར་མི་འགྱུར་བའི་དབྱེ་བ་ཕྱེད་པའིི་ཁྱད་པར་རྣམས་ཤེས་དགོས་པ་ཡིན་ནོ། །དེ་སྐད་དུའང་རིན་ཆེན་ཕྲེང་བ་ལས། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་དག་ནི་ཀུན་ལ་བསྔགས། །ཞེས་སོ། །དེས་ན་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་ཕྱིན་པའི་ཚེ་བ་ཚྭ་ཅན་དུ་གནས་གྱུར་བ་ཡིན་གྱི། བགྲོད་པའི་ལམ་དུ་སོ་སོར་མ་འདྲེས་པ་ལྟར། ལས་བྱེད་པ་པོ་ནི་སེམས། དེ་ཉིད་དགེ་བ་དང་མི་དགེ་བ་ལས། ལས་བཟང་ངན་ལས་བདེ་སྡུག་འབྱུང་བས། དེ་དག་ལ་བླང་དོར་བྱེད་པའི་ཐབས་སྡོམ་པ་ཡིན་པས་དེ་འདྲ་བའི་ཀུན་རྟོག་ཡོད་པ་དེ་སྲིད་དུ་སྡོམ་པ་སོ་སོའི་སྤང་བླང་གི་མཚམས་གླེང་བར་བྱེད་པའི་གཞི་ལྡོག་པའི་སྟེང་ནས་འཇོག་དགོས་པས་ན། ལྡོག་པ་ཡང་དང་པོ་ནས་གནས་འགྱུར་བར་འདོད་པ་དེའི་ལུགས་ལ་ནི་འོག་མའི་ལྟུང་བ་ཕྱིར་བཅོས་པའི་ཐབས་མེད་དེ། དཔེར་ན་སོ་ཐར་གྱི་ངོས་ནས་བྱུང་བའི་ཆོས་གོས་དང་བྲལ་བའི་ལྟུང་བ་ལྟ་བུ་གཅིག །སོ་ཐར་རང་ངོས་ནས་སྤང་བྲལ་སྔོན་དུ་གཏོང་བ་ལྟ་བུའི་སྒོ་ནས་འཆོས་ན་ནི། སོ་ཐར་གྱི་ལྡོག་པ་ཙམ་གནས་འགྱུར་ཟིན་ཏེ་མེད་པས་འགལ་ལ། གོང་མ་བྱང་སྔགས་ལྟ་བུའི་ངོས་ནས་འཆོས་ན་ནི་གོང་མ་གཉིས་པོ་གང་ཡིན་ཀྱང་དེ་དང་དེ་ཉིད་ལ་ལྟུང་བ་མ་བྱུང་བས་ན་ཕྱིར་བཅོས་མི་དགོས་པས་དེ་བཅོས་པའི་ཐབས་ཀྱང་མ་བཤད་དོ་ཞེས་བསྙོན་ཏེ་དེ་སྐད་བརྗོད་པར་བྱའོ། །གསུམ་པ་གང་ཟག་གི་རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་ཚུལ་གྱིས་མཇུག་བསྡུ་བ་ནི། སྤྱིར་སྡོམ་པ་ཙམ་གྱི་ངོ་བོ་རང་སྡེ་ནང་པའི་གྲུབ་མཐའ་འཛིན་པ་རྣམས་ཀྱི་བཞེད་པ་མི་འདྲ་སྟེ། དེ་ལ་བྱེ་བྲག་སྨྲ་བས་ལུས་ངག་གི་རྣམ་པར་རིགས་བྱེད་ལས་སྐྱེས་པ་ཡིན་པའི་ཕྱིར་སྡོམ་པའི་ངོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་གནས་པར་འདོད་དེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་དང་། རབ་དབྱེར། ཉན་ཐོས་སྡོམ་པ་རྣམ་རིག་མིན། །ཞེས་སོ། །མདོ་སྡེ་པ་ནི་རྒྱུད་གཞན་དང་གཞན་དུ་སྐྱེ་བ་ཅན་ནམ་ཡོངས་སུ་འགྱུར་པའི་ཁྱད་པར་ལ་འདོད་དེ། མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་སོ། །སེམས་ཙམ་པ་ནི། འཆལ་ཚུལ་སྤོང་བའི་སེམས་པ་རྒྱུན་ཆགས་པ་ས་བོན་དང་བཅས་པ་ལ་འདོད་དེ། སེམས་པ་རྐྱང་པ་ལ་བྱས་ན་རྒྱུན་མེད་ཅིང་། བག་ཆགས་ཙམ་ལ་བྱས་ན་གཏོང་རྒྱུ་བྱུང་བའི་གནས་སྐབས་སུའང་རྗེས་སུ་འབྲང་བའི་ཕྱིར་ཏེ། ལས་གྲུབ་པར། གལ་ཏེ་སེམས་ཁོ་ན་ལུས་ཀྱི་ལས་སུ་འགྱུར་ན་སེམས་གཡེང་བ་དང་སེམས་མེད་པ་དག་ལ་སེམས་པ་དེ་མེད་ན་སྡོམ་དང་སྡོམ་པ་མིན་པ་གཉིས་ཇི་ལྟར་ཡོད་ཅེ་ན་སྡོམ་པའི་ཁྱད་པར་གྱི་བག་ཆགས་མ་བཅོས་པའི་ཕྱིར་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་སོ། །དེ་དག་ནི་བདེན་པའི་དངོས་པོ་ཅན་དུ་ཞེན་ནས་སྤང་བླང་བྱེད་པ་དང་ལྡན་པ་ཡིན་ལ། དབུ་མ་པ་ནི་སྤོང་སེམས་མཚུངས་ལྡན་དང་བཅས་པ་ལ་འདོད་དེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །འདིའི་ལུགས་ལ་སྡོམ་པའི་ངོ་བོ་དཔྱད་ནས་རྒྱུན་ཆགས་སུ་ཚུགས་ཐུབ་པ་ཞིག་འཇོག་མི་དགོས་ཏེ་རྟེན་འབྲེལ་ཙམ་དུ་ཐམས་ཅད་འཐད་པའི་ཕྱིར་རོ། །དེ་ལྟར་སོ་སོའི་འདོད་ཚུལ་ངེས་པར་བྱས་ནས། དབུ་མའི་ལུགས་ལྟར་ཁས་བླང་བར་བྱས་ཏེ་རྣམ་རྟོག་བཟང་ངན་གྱིས་ཕན་གནོད་ཡོད་པ་དེ་སྲིད་དུ་ཐ་སྙད་ཙམ་དུ་སྤང་བླང་གི་གནས་རྣམས་ཁྱད་དུ་མི་གསོད་པར་བསྲུང་དགོས་ཏེ། ཟབ་མོ་དབུ་མའི་ལྟ་སྒོམ་སྟོབས་སུ་གྱུར་ཏེ་ཉོན་མོངས་ཐམས་ཅད་ཆོས་ཉིད་དུ་སྦྱངས་ནས་མི་གནོད་པ་དང་། སྙིང་རྗེ་ཆེན་པོ་ཐབས་མཁས་ཀྱིས་ལམ་གྱི་གྲོགས་སུ་བསྒྱུར་ནུས་པ་དང་། གསང་སྔགས་ཀྱི་བསྐྱེད་རྫོགས་ཟབ་མོའི་དོན་རྣལ་དུ་འབྱོར་ནས་ཉོན་མོངས་དང་ལས་རྣམས་ཐམས་ཅད་འབྲས་བུ་ལ་མྱུར་དུ་སྦྱོར་བའི་ལམ་དུ་འཁྱེར་ཤེས་པའི་ཐབས་ཁྱད་པར་ཅན་གྱི་སྟོབས་ཀྱིས་མ་ཟིན་པར། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ཙམ་དང་དབང་བསྐུར་ནོད་པ་ཙམ་རེ་བྱས་ནས། དེ་དང་དེའི་ལམ་ལ་སློབ་པར་བྱེད་ནའང་གནས་འགྱུར་ཁྱད་པར་ཐོབ་པའི་རྡོ་རྗེ་འཛིན་པ་ད་དུང་མིན་པས་སྔགས་མེད་པའི་དུག་གིས་འཆི་བ་ལྟར་ཉོན་མོངས་པ་དང་མི་དགེ་བའི་ལས་ཀྱིས་ཐར་པ་ལ་བར་དུ་གཅོད་པའི་ཕྱིར་རོ། །དེ་ན་སྡོམ་པ་རྣམ་པར་དག་ཅིང་མཚན་ཉིད་པར་བྱེད་པ་ནི་འདུ་ཤེས་ཡིན་ཏེ། འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་སོ་ཐར་དང་། གཞན་དོན་དུ་རྫོགས་བྱང་བསྒྲུབ་པའི་འདུ་ཤེས་ཀྱིས་བྱང་སྡོམ་རྣམ་པར་དག་ཅིང་མཚན་ཉིད་པར་འགྱུར་བའི་ཕྱིར་དང་། འདུ་ཤེས་གཉིས་པོ་དེའང་རང་གཞན་གྱི་ཕུང་སོགས་ཀྱི་ཆོས་ལམ་དག་པའི་མཚན་པར་ལྟ་བ་དང་བཅས་པས་བླང་དོར་ལ་བརྩོན་པ་ཡིན་པས་དེ་དག་བྱེད་ནི་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་ཤེས་ནས་བསྐྱེད་རིམ་གྱི་རྣལ་འབྱོར་ལ་རང་བྱན་ཆུབ་དགོས་པ་ཡིན་ཞིང་། བསྐྱེད་རིམ་གྱི་ལྷ་དེ་ཉིད་ལ་གྱ་ནོམ་དུ་ལྟ་བའི་ཞེན་པ་ཡོད་ན་དེ་དག་བྱེད་རྫོགས་རིམ་གྱི་ངོ་བོ་ཞེན་རྟོག་ཀུན་དང་བྲལ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་པ་ཚད་དུ་འཁྱོལ་ན་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་སྔར་གྱི་ཉོན་མོངས་རང་རྒྱུད་པས་བསྐྱེད་པའི་བཅས་པའི་ལྟུང་བ་ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་སྐྱེ་འཇིག་ཅན་དེས་གནོད་པའི་རང་མཚན་མི་འཛིན་ཏེ་ཉོན་མོངས་དང་ལས་རང་རྒྱུད་པ་མེད་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་གང་ཟག་དེ་ལ་རྟོག་པ་བཟང་པོས་ཕན་བཏགས་ཏེ་ཡོན་ཏན་ཐོབ་པ་དང་། ངན་པས་གནོད་བསྐྱལ་ཏེ་གཉེན་པོའི་ཕྱོགས་ཤོར་ནས་ཉམས་པར་གྱུར་བ་གཉིས་ཀ་མེད་དོ། །དེ་ཡང་འདི་ལྟར་ཐེག་པ་ལ་རིམ་འཇུག་གི་གང་ཟག་རྣམས་ལ་དགོངས་ནས་སྟོན་པས་སྡོམ་པ་གསུམ་གྱི་བཅས་པའི་མཚམས་རྣམ་པར་བཞག་པའི་ཚུལ། ལས་དང་པོ་པའི་གནས་སྐབས་ན་ཐར་པའི་གེགས་སུ་གྱུར་བའི་ཉོན་མོངས་དང་དེས་བསྐྱེད་པའི་སྒོ་གསུམ་གྱི་ཁ་ན་མ་ཐོ་བ་སྡོམ་པའི་ཕྱིར། ཐོག་༡མར་སོ་ཐར་གྱི་བསླབ་ཁྲིམས་ཇི་ལྟར་བཅས་པ་བཞིན་ཉམས་སུ་ལེན་དགོས་པར་བསྟན་ལ། རང་ཉིད་ཉོན་མོངས་དང་མི་དགེ་བའི་དབང་དུ་མི་འགྲོ་བའི་ནུས་པ་ཐོབ་པའི་ཚེ་ན་གཞན་ཕན་གྱི་གེགས་རང་དོན་ཡིད་ལ་བྱེད་པ་དང་། དེས་བསྐྱེད་པའི་སྒོ་གསུམ་གྱི་ལས་རྣམས་སྡོམ་པར་བྱེད་པའི་ཐབས་སུ་བར་དུ་༣བྱང་སེམས་ཀྱི་བསླབ་པ་ལ་སློབ་པའི་ཚུལ་བསྟན་ཞིང་། དེ་ལ་གོམས་ནས་བསམ་སྦྱོར་ཐམས་ཅད་དངོས་བརྒྱུད་གང་རུང་ནས་གཞན་དོན་དུ་འགྱུར་བ་ཞིག་བྱུང་ན། དེ་ལ་གཞན་དོན་འབད་པ་མེད་པར་མྱུར་དུ་བསྒྲུབ་ནུས་པའི་གེགས་སྒོ་གསུམ་ཐ་མལ་དུ་བཟུང་ནས་འཁོར་འདས་ལ་བླང་དོར་དུ་ཞེན་པ་སྡོམ་པའི་ཐབས་སུ་མཐའ་༢མར་རིག་འཛིན་སྔགས་ཀྱི་སྡོམ་ཁྲིམས་ལ་ཇི་ལྟར་བ་བཞིན་གནས་དགོས་པར་གསུངས་པ་དེ་རྣམས་ཐམས་ཅད་ནད་ལ་སྨན་གཏོང་བ་ལྟར་གདུལ་བྱའི་རྒྱུན་ཆུད་མ་ཟོས་པར་རིམ་གྱིས་དཀྲི་བའི་ཐབས་མཁས་ཀྱིས་ཡང་དག་པའི་དོན་ལ་སྦྱོར་བའི་དགོས་པ་མཚུངས་པས་འགལ་བར་མི་གནས་པའི་སྡོམ་པ་གསུམ་གྱི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བའི་ངང་ཚུལ་ཅན་ཡིན་པས་གནས་སྐབས་འདུ་ཤེས་ཇེ་བཟང་དུ་སོང་བའི་གནས་འགྱུར་ཙམ་དང་། མཐར་གྱིས་འདུས་བྱས་སེམས་སྣང་གི་ཆ་ཐམས་ཅད་འདུས་མ་བྱས་པའི་ཡེ་ཤེས་སུ་གནས་འགྱུར་བ་ནི་གྲུབ་པ་ཡིན་ནོ། །དེ་ལྟར་ནའང་ཉན་རང་དང་བྱང་སེམས་རང་རང་གི་ལམ་དེས་རང་འབྲས་དགྲ་བཅོམ་པ་དང་། ས་ལ་སོགས་པ་ཐོབ་ནས་སླར་སྔགས་སུ་འཇུག་པ་ཡོད་པར་བཤད་པའི་ཕྱིར། དེ་དག་གི་རྒྱུད་ཀྱི་སྡོམ་པ་སྔགས་སྡོམ་དུ་གནས་འགྱུར་བའི་ཚུལ་སོགས་ལ་དཔྱད་གཞི་ཅུང་ཟད་ཡོད་ཀྱང་འདིར་ཡི་གེས་འཇིགས་ནས་མ་སྤྲོས་སོ། །གཞན་ཡང་དབང་པོ་ཤིན་ཏུ་རྣོ་བ་ཅིག་ཅར་བའི་རིགས་རྣམས་ལ་ནི་དབང་ཐོབ་པ་དང་མཉམ་དུ་སྡོམ་པ་གསུམ་ཅིག་ཆར་དུ་སྐྱེ་བ་ཡིན་པར་ཡང་ཤེས་པར་བྱའོ། །ད་ལྟའི་གང་ཟག་ཕལ་ཆེར་དབང་རྟུལ་རིམ་འཇུག་གི་རིགས་ཅན་ཡིན་པ་འདྲ་ཡང་སྡོམ་པ་གསུམ་ནོད་ཚུལ་གྱི་གོ་རིམ་དང་ཉམས་སུ་ལེན་ཚུལ་སོགས་འཆོལ་བར་འདུག་པ་འདི་ལ་བསམ་ན་དམ་པའི་སྐྱེས་བུ་འགའ་ཞིག་མ་གཏོགས་བདག་དང་བདག་འདྲ་བའི་སྙིགས་མའི་སྐྱེ་བོ་རྣམས་ཀྱིས་མདོ་སྔགས་ཀྱི་ཉམས་ལེན་སྡོམ་པ་གསུམ་ལ་གནས་ཤིང་སློབ་པར་རློམ་པ་འདི་ཡང་གཟུགས་བརྙན་ཙམ་དུ་སོང་བས་ལམ་རྣལ་མ་ཞིག་སུ་ལའང་ཡོད་པར་མི་འདུག་སྙམ་དུ་སེམས་པ་གཏིང་ནས་སྐྱོའོ། །དེས་ན་ལྔ་བརྒྱའི་ཐ་མར་སྐྱེས་པ་ཕལ་མོ་ཆེ་ནི་ཐོས་པ་ཉུང་ཞིང་བསམ་པའི་ཤེས་རབ་དང་མི་ལྡན་ལ་བསྒོམ་པའི་དེ་ཁོ་ན་ཉིད་དང་བྲལ་བས་དངོས་པོར་བལྟ་བ་ལ་གོམས་ཤིང་མཚན་མར་འཛིན་པའི་རྟོག་པ་དང་བཅས་པས་ཁ་ལྟ་ཙམ་གྱིས་འོག་མ་ཁྱད་དུ་མི་གསོད་དེ། གཞི་རང་ཉིད་དུ་བུད་མེད་སོགས་ལ་མི་དང་ཆང་དང་ཕ་རོལ་གྱི་རྫས་སོགས་ལ་དེ་དང་དེར་འདུ་ཤེས་པ་ལས་ལྷ་དང་བདུད་རྩིའི་དངོས་པོ་སོགས་སུ་མ་འགྱུར་ལ། བསམ་པ་ཡང་ཆགས་སྲེད་སོགས་རང་རྒྱུད་པ་ཡོད་པས་གནང་བཀག་གི་ཕྱོགས་གཉིས་ཀ་ལ་བདེན་ཞེན་མངོན་གྱུར་དུ་ལྡན་པའི་ཕྱིར་ལྷར་སྣང་དང་ཐབས་ཤེས་ཁྱད་པར་ཅན་ཟུང་འབྲེལ་གྱི་ཉམས་ལེན་ལ་མོས་པ་ལམ་བྱེད་ཀྱི་སྒོ་ནས་སྤྱོད་པའི་སྡོམ་པ་གསུམ་ལྡན་གྱི་གང་ཟག་དེ་ལ། སྡོམ་པ་གསུམ་པོ་སོ་སོའི་གཏོང་རྒྱུ་དང་ཉམས་རྐྱེན་མ་བྱུང་བར་གནས་པའི་ཚེ་ན་ལྡོག་པ་བྱེ་བྲག་པ་སོ་སོར་ཡོད་ལ། བསྲུང་བ་ནའང་གསུམ་པོའི་སྤང་བླང་གི་གནས་ཇི་སྙེད་ཡོད་པ་ཐམས་ཅད་མཉམ་དུ་བསྲེས་ནས་འཆོལ་བར་བསྲུང་དགོས་ཤིང་། དེ་ལྟར་བསྲུང་བའི་སྒོ་ནས་སྐྱོན་མེད་པར་ལྡན་ན་འོག་མ་རང་ས་ནས་བསྲུང་བ་བས་གོང་མའི་ངོ་བོར་ཡར་ལྡན་དུ་ཡོད་པ་ཡིན་ལ། ལྟུང་བ་ཕྱིར་འཆོས་པའི་ཚེ་ནའང་སྡོམ་པ་གསུམ་པོ་རང་རང་གི་སའི་ལྡོག་པ་ནས་ཉམས་པའི་ལྟུང་བ་དེ་ཁོལ་བུར་ཕྱུང་བའི་སྒོ་ནས་རང་རང་གི་སྐབས་སུ་ཇི་སྐད་བཤད་པའི་ཕྱིར་བཅོས་ཀྱི་ཆོ་ག་ལ་བརྟེན་ནས་བཅོས་ན་སྡོམ་པའི་རང་ལྡོག་མ་འདྲེས་པའི་ཕྱིར་རྣམ་པར་དག་པ་གྲུབ་བོ། །སྤྱིར་གང་ལ་བསླབ་པར་བྱ་བ་དང་། གང་ལས་ལྡོག་པར་བྱ་བ་ཡང་བྱ་བའི་ཡུལ་དང་། ལུས་ངག་གི་ཀུན་ཏུ་སྤྱོད་པའི་གཟུགས་བརྙན་ཙམ་ལ་མཐའ་གཅིག་ཏུ་ངེས་བཟུང་བྱེད་རྒྱུ་མེད་དེ། ཅི་ཡི་ཕྱིར་ཞེ་ན་རང་གཞན་གཉིས་ཀར་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་ཕན་པའི་དོན་ལ་བསྒྲིབ་པའི་ཉོན་མོངས་དང་ཉེས་པ་མི་དགེ་བ་བསྐྱེད་ན་ནི་གཟུགས་བརྙན་ཆགས་སྲེད་ཀྱིས་ཆང་འཐུང་བ་ལྟ་བུ་སྐྱོན་དང་ཕྲག་དོག་གིས་ཆོས་འཆད་པ་ལྟ་བུ་ཡོན་ཏན་གང་ལྟར་སྣང་ཡང་འགོག་དགོས་ལ། རང་གཞན་ལ་གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་ཕན་པའི་རྒྱུ་དགེ་བ་དང་འབྲས་བུ་ཡོན་ཏན་བསྐྱེད་པར་བྱེད་ན་ནི་གཟུགས་བརྙན་ཕན་སེམས་ཀྱིས་བརྡུང་བརྡེག་བྱེད་པ་ལྟ་བུ་སྐྱོན་ལྟར་སྣང་བ་དང་། ཕན་སེམས་ཀྱིས་སྦྱིན་པ་གཏོང་བ་ལྟ་བུ་གང་ཡིན་ཀྱང་སྤྱོད་པར་གནང་བའི་ཕྱིར། གང་ལ་བསླབ་པར་བྱ་བ་གནང་བ་གང་ཡིན་པ་དང་། གང་ལས་ལྡོག་པར་བྱ་བ་བཀག་པ་གང་ཡིན་པ་དག་ནི་ཁམས་དང་མོས་པའི་བྱེ་བྲག་དང་འཚམས་པར་བསྟན་པའི་རྗོད་བྱེད་ཀྱི་ཚིག་ཕྱོགས་གཅིག་གི་ལམ་ན་གནས་པ་མིན་ཏེ། གང་ཟག་གི་རྒྱུད་མཐོ་དམན་གྱི་བྱེ་བྲག་དང་འབྲེལ་ནས་གནང་བཀག་གི་མཚམས་ལེགས་པར་གྲུབ་པ་ཡིན་པའི་ཕྱིར་ནའོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། འདི་ལྟར་གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཆ་ཚང་ལ་དོན་མ་ནོར་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དེའི་རང་བཞིན་གྱིས་བསྡུས་པ་ནི་ཚོགས་གཉིས་ཏེ་དེ་དག་དམིགས་རྣམ་དང་བཅས་པའི་བསྒྲུབ་པའི་ཆ་བསོད་ནམས་ཀྱི་དང་། རང་རང་གི་འཁོར་གསུམ་ལ་བདེན་པར་ཞེན་པའི་རྟོག་པ་མེད་པའི་ཆ་ཡེ་ཤེས་ཀྱི་ཚོགས་སམ། སྔ་མ་ལྔ་བསོད་ནམས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་སུ་བསྡུ་ཚུལ་སོགས་གང་ལྟར་ཡང་ཕྱིན་དྲུག་ལས་ཐ་དད་པ་མེད་པས་ཐབས་ཤེས་ཀྱི་དགེ་བ་ཉན་རང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རང་རྒྱུད་ལ་སྔར་མ་སྐྱེས་པ་རྣམས་ཐབས་དང་རྟེན་འབྲེལ་དུ་མས་ངེས་པར་བསྐྱེད་པར་བྱེད་དགོས་པས་ལས་དང་པོ་པའི་སྐབས་འདིར་ཉེས་སྤྱོད་སྡོམ་པ་གཙོ་བོ་ཡིན་ནའང་ཕ་རོལ་དུ་ཕྱིན་པ་དྲུག་ནི་འཕགས་པའི་གང་ཟག་ཆེན་པོ་རྣམས་མ་གཏོགས་བདག་ལྟ་བུའི་སྤྱོད་ཡུལ་མིན་ནོ་སྙམ་དུ་ཞུམ་པར་མི་བྱ་སྟེ། ཇི་སྐད་དུ། རིག་པའི་རིམ་དང་བྱ་བའི་རིམ་གྱིས་ནི། །རྒྱལ་བའི་འགྱུར་གྱིས་ཐང་གཅིག་གིས་ནི་མིན། །ཞེས་གསུངས་པ་ལྟར། བྱང་སྡོམ་ལེན་པའི་ཚེ། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ཁས་བླངས་པ་བཞིན་གཏོང་སེམས་སོགས་ལ་གོམས་སུ་འཇུག་པ་དང་། དངོས་སུ་ཡང་ཅི་ནུས་ཀྱིས་བསྒྲུབ་པར་བྱེད་པ་ནི་གལ་ཆེ་སྟེ། འཕགས་རྒྱུད་ཀྱི་ཕར་ཕྱིན་མཚན་ཉིད་པ་རྒྱུད་ལ་འབྱོངས་པ་དེ་དང་རྗེས་སུ་མཐུན་པའི་རྒྱུ་ལ་བསླབ་དགོས་པའི་ཕྱིར་རོ། །སྦྱིན་སོགས་ཀྱི་ངོ་བོ་གཏོང་སེམས་ནས་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་ཤེས་རབ་གསུམ་གྱིས་རྣམ་པར་འབྱེད་པའི་བར་གྱི་ཡོན་ཏན་རྒྱུད་ལ་སྐྱེས་ཟིན་པ་རྣམས་ཀྱང་ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་གོང་ནས་གོང་དུ་སྤེལ་བར་བྱ་བ་ལ་ཡང་འབད་དགོས་ཏེ། སྦྱིན་པ་ལྟ་བུ་ལ་མཚོན་ན། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལའང་། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང་། །ཞེས་པ་ལྟར་རོ། །ཚུལ་དེ་ལྟ་བུ་ལ་བརྟེན་ནས་དཀར་ཆོས་ཀྱི་ཕྱོགས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་རང་རྒྱུད་ལ་སྡུད་པར་བྱེད་པ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་ལ། བསླབ་པ་གསུམ་གྱི་ནང་ནས་སེམས་ཀྱི་བསླབ་པས་བསྡུས་པ་ཡིན་ཏེ། དེ་དག་བསྒྲུབ་ཚུལ་ཡོ་བྱད་གཏོང་བ་ལ་སོགས་པ་ཙམ་ལ་མི་ཟེར་བར་ཕར་ཕྱིན་རང་རང་གི་ངོ་བོར་གྱུར་པའི་དགེ་བའི་སེམས་རྩེ་གཅིག་པ་ཞིག་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེས་ན་དེ་ནི་སེམས་ཉིད་དོ། །ཞེས་པ་ལ་སོགས་པ་དྲུག་ཀ་ལ་བཤད་པ་ལྟར་རོ། །དེ་ཡང་སེམས་ཅན་གྱི་དོན་ལ་རིམ་གྲོ་མི་ལྷོད་པའི་བྱེད་ལས་ཀྱི་ཆ་ནས་གཞལ་ན། བྱམས་པ་དང་སྙིང་རྗེའི་རང་བཞིན་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྦྱིན་པ་གཏོང་བ་དང་ཐོས་བསམ་བྱེད་པ་ལྟ་བུ་དགེ་བ་གཅིག་ལ་ཡང་ནི་དྲུག་ཀ་ཚང་བ་ཡིན་ཏེ། གནས་སྐབས་གང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམིགས་ནས་བྱེད་པ་དེ་ནི་སྦྱིན་པ་ཡིན་ཏེ། དེའི་འབྲས་བུ་ལ་བདག་ཏུ་མི་འཛིན་པའི་ཕྱིར་རོ། །དེ་ལ་རང་འདོད་ཡིད་བྱེད་ཀྱི་བློ་མེད་པ་ཚུལ་ཁྲིམས་ཡིན་ཏེ་བྱང་ཆུབ་སེམས་ཀྱི་མི་མཐུན་པའི་ཕྱོགས་སྡོམ་པའི་ཕྱིར་ལ། གཞན་དོན་དུ་དམིགས་པའི་དགེ་བ་ལ་བརྩོན་པའི་དུས་རྐྱེན་ངན་པ་དང་དཀའ་ཚེགས་སོགས་བྱུང་ཡང་སྐྱོ་ངལ་མེད་པ་ནི་བཟོད་པ་ཡིན་ཏེ་དེ་དག་གིས་རྒྱུད་མི་འཁྲུགས་པའི་ཕྱིར་ནའོ། །བསྒྲུབ་བྱ་དེའི་ཡོན་ཏན་མཐོང་ནས་ལྷག་པར་སྤྲོ་བཞིན་དུ་འཇུག་པ་ནི་བརྩོན་འགྲུས་ཡིན་ཏེ། དམིགས་པ་དགེ་བ་ཡིན་པ་གང་ཞིག་ལ་རྣམ་པ་སྤྲོ་བ་དང་བཅས་པའི་ཕྱིར་རོ། །སེམས་ཅན་གྱི་དོན་ལ་དམིགས་པ་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་དེ་ལས་གཞན་དུ་མ་ཡེངས་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་དགེ་བ་གང་དང་གང་ཡིན་ཀྱང་དེ་དང་དེའི་འཁོར་གསུམ་གྱི་དངོས་པོ་ལ་བདེན་གྲུབ་ཀྱི་མཚན་མར་ཞེན་པ་སྤངས་པ་ནི་ཤེས་རབ་སྟེ་ཆོས་ཉིད་ཀྱི་དོན་ལ་མ་རྨོངས་བཞིན་རྟེན་འབྲེལ་གྱི་ཆོས་ཁྱད་དུ་མི་གསོད་པར་བསྒྲུབ་པ་ལ་འཇུག་པའི་ཕྱིར་ཏེ་དེས་ན་བསྒྲུབ་བྱའི་དགེ་བ་གཅིག་པོ་དེའི་ངོ་བོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ཚང་བ་དེ་བཞིན་དུ་རྟག་པར་ཐབས་ཤེས་དེ་ལྟ་བུས་ཟིན་ན་སྒོ་གསུམ་གྱིས་དགེ་བ་ཅི་བྱས་ཐམས་ཅད་ཕྱིན་དྲུག་དང་ནམ་ཡང་འདུ་འབྲལ་མེད་པས་ཚོགས་རྫོགས་པ་ལའང་ཚེགས་མེད་དེ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ནི་དེ་ལྟ་བུ་ལ་ཡང་ཟེར་བ་ཡིན་ནོ། །དེ་ནི་རྗེས་ཐོབ་ཀྱི་སྤྱོད་པ་བསོད་ནམས་ཀྱི་ཚོགས་གཙོ་བོར་བསགས་པ་ལ་ཕྱིན་དྲུག་ལྡན་ཚུལ་ལོ། །ཡང་མཉམ་བཞག་ཏུ་ཞི་ལྷག་ཟུང་འཇུག་གི་དོན་ལ་རྩེ་གཅིག་ཏུ་གནས་པའི་སེམས་ཀྱི་བསླབ་པས་ཀྱང་ཕྱིན་དྲུག་བསྡུས་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། མི་སེམས་པ་ནི་སྦྱིན་པ། མི་གནས་པ་ནི་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་བྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་ཏིང་འཛིན། མི་གནས་པ་ནི་ཤེས་རབ་བོ་ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ལུང་མ་བསྟན་པ་རྣམ་པ་བཞི་པོའི་གནས་སྐབས་ཀུན་ལའང་དྲན་ཤེས་དང་ལྡན་པས། སྤྱོད་ཡུལ་གང་དང་གང་ལ་འཇུག་པ་ན་དེ་དང་དེར་རིགས་མཐུན་པའི་སྨོན་ལམ་འདེབས་པའི་སྒོ་ནས་ཡོངས་སུ་དག་པའི་དགེ་བའི་ཚོགས་རླབས་པོ་ཆེར་བསྒྱུར་བའི་བློ་སྟོབས་ཀྱི་ནུས་པ་བརྟན་པར་གྱུར་པའི་ཚེ་ཐ་ན་གོམ་པའི་འདེགས་འཇོག་ཚུན་ཆད་ཀྱིས་སྒོ་གསུམ་གྱི་བྱ་བ་ཅི་བྱས་པ་དག་ཀྱང་ཕྱིན་དྲུག་གི་ལམ་ལ་ཆེད་དུ་རྩོལ་བ་མེད་པར་འཇུག་པའི་ཐབས་མཁས་དང་ལྡན་པས་ཚོགས་རྫོགས་པའང་ཤིན་ཏུ་མྱུར་བ་ཡིན་ནོ། །དེའི་ཚུལ་ནི། ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་མོད་ལས། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་བཞིན་དུ་ཉལ་བའི་ཚེ་སངས་རྒྱས་ཀྱི་སྐུ་ཐོབ་པར། རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་སྟན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་གཏོང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཁ་ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར། སྐས་ལ་འབབས་པ་ནི་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། མཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུད་གཅོད་པར། སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་བ་ན་མཚན་དཔའི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྣོད་སྟོང་པ་མཐོང་ན་སྐྱོན་གྱིས་སྟོངས་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་མེད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དྲིན་ལན་ལྡོན་པར། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དེ་རྣམས་མདོར་བསྡུ་ན་རྣམ་པ་བཞིར་བསྟན་ཏེ། བསླབ་བཏུས་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་པས། བདག་གི་ལུས་ཏེ་ཕུང་པོ་ལྔ་དང་། དེ་གནས་པའི་རྒྱུར་གྱུར་པའི་ཉེར་མཁོ་ལོངས་སྤྱོད་དང་། དུས་གསུམ་གྱི་དགེ་བ་རྣམས་སེམས་ཅན་ལ་ལྟོས་མེད་དུ་བཏང་བ་ནི་སྦྱིན་པའོ། །དེ་ལྟར་བྱིན་པ་དེ་དག་ཀྱང་སེམས་ཅན་ལ་ལོངས་སྤྱོད་དུ་འོང་བར་བྱ་བའི་ཕྱིར་བསྲུང་དགོས་པས་ན། སེམས་ཅན་ལ་ཕན་གདགས་པའི་གཞི་རང་གི་ལུས་ལ་ཚེ་འདི་དང་ཕྱི་མའི་གནོད་པ་ཐམས་ཅད་སྤང་བའི་ཆོས་དང་མཐུན་པའི་བྱ་བ་ལ་འབད་པར་བྱ་སྟེ། དེ་ལ་ལུས་བསྲུང་གང་ཞེ་ན། གནོད་པར་འགྱུར་བ་སྤང་བ་སྟེ། །ཞེས་སོ། །ལོངས་སྤྱོད་ལ་ལོངས་སྤྱད་ནས་དགེ་བའི་ལས་བྱེད་ཅིང་ཚོད་ཟིན་པར་བྱེད་པ་ནི་ལོངས་སྤྱོད་བསྲུང་བ་སྟེ། ལེགས་སྤྱད་དགེ་ལ་བརྩམ་པར་བྱ། །དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །ཞེས་སོ། །དགེ་བའི་འབྲས་བུ་རང་དོན་དུ་སྨིན་པར་འདོད་པ་སོགས་སྐྱོན་རྣམས་སྤངས་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི་དགེ་བ་བསྲུང་བ་སྟེ། རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུང་བར་བྱ། །འགྱོད་པར་ཡང་ནི་མི་བྱ་སྟེ། །བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །རྙེད་དང་བཀུར་སྟི་འཇིག་བྱ་ཞིང་། །ཁེངས་པ་ཀུན་ཏུ་སྤང་བར་བྱ། །བྱང་ཆུབ་སེམས་དཔར་དད་བྱ་ཞིང་། །ཆོས་ལ་ཡིད་གཉིས་སྤང་བར་བྱ། །ཞེས་སོ། །དེ་ལྟར་བསྲུང་བ་ཙམ་གྱིས་མི་ཆ ོག་པར་དེ་རྣམས་མི་མཐུན་ཕྱོགས་ཀྱིས་དག་པར་བྱ་དགོས་པས། སྡིག་པ་སྦྱང་བ་དང་ཉོན་མོངས་པའི་གཉེན་པོ་བསྐྱེད་པ་སོགས་ཀྱིས་ལུས་དག་པར་བྱ་སྟེ། ལུས་ཀྱི་དག་པ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམས་སྦྱང་ཡིན། །ཞེས་པ་ལ་སོགས་པའོ། །ལོག་འཚོ་སྤངས་པ་དང་། དགེ་བ་ཐམས་ཤེས་ཟུང་འབྲེལ་དུ་བསྐྱེད་པས་ལོངས་སྤྱོད་དང་བསོད་ནམས་དག་སྟེ། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །དེ་ལྟར་གསུམ་པོ་དག་པར་བྱས་ཀྱང་མ་སྤེལ་ན་སེམས་ཅན་གྱི་འདོད་པ་རྫོགས་པར་མི་ནུས་པས་སྤེལ་དགོས་ལ་དེ་ཡང་འདི་ལྟར་སྟོབས་དང་བརྩོན་འགྲུས་བསྐྱེད་པ་ནི་ལུས་འཕེལ་བ་སྟེ། དེ་ལ་ལུས་འཕེལ་གང་ཞེ་ན། ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །ཞེས་སོ། །ཐབས་ཤེས་ཟུང་འབྲེལ་གྱིས་སྦྱིན་པ་བཏང་བ་ནི། ལོངས་སྤྱོད་སྤེལ་བ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་སོ། །དགེ་བའི་དཔུང་བསྐྱེད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བསླབ་པས་ནི་དགེ་བ་སྤེལ་བ་སྟེ། བརྩོན་དང་བསམ་པ་བརྟན་པར་ཡང་། །དང་པོར་ནན་ཏན་བྱས་ནས་སུ། །སྙིང་རྗེ་མདུན་དུ་བཞག་ནས་ནི། །དགེ་བ་སྤེལ་ལ་ནན་ཏན་བྱ། །ཞེས་པ་ལ་སོགས་པའོ། །དེ་དག་ལ་བསླབ་ཚུལ་གཙོ་ཆེ་བའི་དབང་དུ་ནི། ལས་དང་པོ་པས་བསྲུང་བ། མོས་སྤྱོད་པས་དག་པ། མ་དག་ས་བདུན་ལ་གནས་པས་བཏང་བ། དག་ས་ལ་གནས་པས་སྤེལ་བའི་ཚུལ་ལ་བསླབ་པར་གསུངས་སོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ནི་ཀུན་འབྱུང་གི་རང་བཞིན་ལས་དང་ཉོན་མོངས་པ་དང་། སྡུག་བདེན་གྱི་རང་བཞིན་སྐྱེ་ཤི་སོགས་ལ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དང་། སེམས་བསྐྱེད་ཁྱད་པར་ཅན་གྱིས་རང་དབང་དུ་བགྱིས་ཏེ་སྲིད་པར་ཡུན་རིང་དུ་གནས་ནས་གཞན་དོན་ལ་བརྩོན་ཞིང་རང་གི་སྤྱོད་པ་ཡོངས་སུ་སྦྱང་བར་བྱེད་ཀྱང་སྲིད་པའི་ཉེས་པས་གོས་པར་མི་འགྱུར་བར་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པར་བྱེད་པ་ཡིན་པས། ད་ལྟ་ནས་ཀྱང་དངོས་སུ་སློང་མོ་བ་ལ་སྦྱིན་པ་གཏོང་བ་སོགས་སམ། བརྒྱུད་མ་ནས་གཞན་ལ་ཕན་པའི་ཕྱིར་ཆོས་སྨྲ་བ་ལ་ཆོས་བཤད་པར་བསྐུལ་བ་དང་། འབྱོར་ལྡན་ལ་སྦྱིན་པ་གཏོང་བར་བསྐུལ་བ་དང་། གཞན་དོན་དུ་དམིགས་ནས་རང་གི་དགེ་སྦྱོར་བྱེད་པ་སོགས་སེམས་ཅན་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྒྲུབ་པ་འབའ་ཞིག་ལྷུར་བྱེད་ཅིང་། རང་རྒྱུད་སྨིན་ནས་གཞན་དོན་དངོས་སུ་བསྒྲུབ་པའི་ཐབས་ནི་བསྡུ་བ་རྣམ་པ་བཞི་སྟེ། དེ་ཡང་ཐོག་མར་ཟང་ཟིང་གི་སྦྱིན་པས་གདུལ་བྱ་རྣམས་འཁོར་དུ་བསྡུས་ནས་མགུ་བར་བྱེད་པ་དང་། བསྡུས་པ་དེ་དག་ལ་བློ་རིམ་དང་འཚམས་པའི་ཆོས་སྙན་པར་སྨྲ་བའི་སྒོ་ནས་ལམ་གྱི་རིམ་པ་གོང་མ་གོང་མར་དོན་གཉེར་བསྐྱེད་དུ་བཅུག་ནས་ཡིད་དྲང་བ་དང་། དེ་ལྟར་དོན་གཉེར་སྐྱེས་པ་དེ་རྣམས་རང་རང་དང་འཚམས་པའི་ལམ་དེ་དང་དེའི་དོན་ནམ་མངོན་རྟོགས་ལ་སྤྱོད་དུ་འཇུག་པ་དང་། དེ་ཡང་རང་གིས་དེ་བཞིན་དུ་མ་སྤྱད་ན་མཛེ་བོས་བྱ་ཁྱུང་གི་སྒྲུབ་ཐབས་བསྟན་པ་ལྟར་ཉམས་སུ་ལེན་མི་བཏུབ་པས། དེ་དག་གི་ཚུལ་བཞིན་སྒྲུབ་པའི་ཐབས་སུ་རང་ཡང་དོན་དེ་དང་མཐུན་པར་སྤྱོད་པ་སྟེ། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །ཞེས་སོ། །དེ་ལྟར་གཞན་དོན་སྒྲུབ་པར་བྱེད་པའི་ཐབས་མཁས་བཞི་པོ་དེ་དང་། དེའི་གྲོགས་སུ་རང་རྒྱུད་ལ་དགེ་བའི་ཆོས་མཐའ་དག་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ཀྱིས་ཕྱུག་ཅིང་འབྱོར་ན་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཕྱེ་བ་ལྟར་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་དོན་བྱེད་ནུས་པའི་གོ་སྐབས་ཤིན་ཏུ་ཡངས་པས་ཐབས་ཚུལ་སྣ་ཚོགས་ཀྱིས་ཕན་འདོགས་ཤིང་རྒྱུད་སྨིན་པར་བྱེད་པ་སྟེ། བྱང་ས་ལས། བྱ་བ་དོན་དང་ལྡན་པ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་རྣམས་ལ་རིག་པ་སྟོན་པ་དང་། བྱས་པ་གཟོ་ཞིང་ཚོར་ཏེ་ལན་དུ་ཕན་འདོགས་པ་དང་། འཇིགས་པ་རྣམས་ལ་བསྲུང་བ་དང་། སྡུག་བསྔལ་བ་རྣམས་ཀྱི་མྱ་ངན་སེལ་བ་དང་། ཡོ་བྱད་མེད་པ་རྣམས་ལ་ཡོ་བྱད་སྟོབ་པ་དང་། ཆོས་ཀྱིས་འཁོར་ལེགས་བར་སྡུད་པ་དང་། སེམས་དང་མཐུན་པར་འཇུག་པ་དང་། ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ལེགས་པར་ཚར་གཅོད་པ་དང་། རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་བྱེད་པའོ། །ཞེས་སོ། །དེ་ལྟར་གཞན་དོན་བྱེད་པའི་གནས་སྐབས་ན་རང་རྒྱུད་མི་ཉམས་ཤིང་གཞན་དོན་བྱེད་པའི་ནུས་པ་ཡོད་པ་དང་། གཞན་ལ་ཕན་ཐོགས་པ་ཞིག་དགོས་པས་གཞི་གང་ལ་བརྟགས་པ་དྲུག་ཏུ་ཡོད་པར་བསྡུ་བ་ལས་གསུངས་པ་ཡིན་ཏེ། འདི་སྐད་དུ། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ནི་རྣམ་པར་རྟོག་པའི་གནས་དྲུག་ལ་སོ་སོར་བརྟག་པར་བྱ་སྟེ། བདག་དང་། གཞན་དང་། ཟང་ཟིང་གིས་ཕོངས་པ་དང་། ཟང་ཟིང་གིས་འབྱོར་པ་དང་། ཆོས་ཀྱིས་ཕོངས་པ་དང་། ཆོས་ཀྱིས་འབྱོར་པ་ནི་གནས་དྲུག་པ་ཡིན་ནོ། །དེ་ལ་ཟང་ཟིང་གིས་ཕོངས་པ་ཞེས་བྱ་བ་ནི། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་མ་རྙེད་པ་རྣམས་མི་རྙེད་པ་དང་། རྙེད་ཅིང་འཇུག་པ་རྣམས་རྒྱུན་ཆད་པར་འགྱུར་བའོ། །ཟང་ཟིང་གིས་འབྱོར་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཆོས་ཀྱིས་ཕོངས་པ་ཞེས་བྱ་བ་ནི། བསླབ་པ་ཉམས་པ་དང་དེ་བཞིན་གཤེགས་པས་གསུངས་པ་དོན་དམ་པའི་ཆོས་ཀྱི་ཚིག་སྔོན་དུ་མ་ཐོས་པ་མཉན་དུ་མེད་པ་དང་། སྔོན་མ་ཐོས་པ་ཇི་ལྟ་བ་བཞིན་དུ་སྔོན་མ་བསམ་པ་བསམ་དུ་མེད་པ་དང་། ཐོས་པའི་བར་ཆད་དང་། བསམ་པའི་བར་ཆད་དང་། ཐོས་པ་དང་བསམ་པ་བརྗེད་པ་དང་། བསྒོམ་པ་ལས་བྱུང་བའི་དགེ་བ་མ་ཐོབ་པ་མི་ཐོབ་པ་དང་། ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའོ། །ཆོས་ཀྱིས་འབྱོར་པ་ནི་དེ་ལས་བཟློག་པར་རིག་པར་བྱའོ། །ཞེས་སོ། །དེའང་བདག་དང་གཞན་ནི་ཆོས་དང་ཟང་ཟིང་གིས་འབྱོར་པ་དང་རྒུད་པའི་གཞི་ཡིན་པས་གཞན་བཞི་པོ་ཡང་དེའི་ཁོངས་སུ་འདུ་ལ། གཉིས་པོའང་རང་གི་ཆོས་ལ་འབྱོར་པ་དང་རྒུད་པ་བརྟག་པ་གཅིག་པོར་འདུ་སྟེ། རང་ཉིད་ལ་ལུང་གི་ཡོན་ཏན་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་དང་གང་གིས་གཞན་རྗེས་སུ་འཛིན་པ་དེ་དང་དེའི་ཚིག་དོན་གྱི་ཆ་ལ་ཐོས་བསམ་གྱིས་ངེས་པ་རྙེད་པའི་སྒོ་ནས་གཞན་ལ་སྟོན་པའི་ནུས་པ་ཡོད་པ་དང་། རྟོགས་པའི་ཡོན་ཏན་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ཅིང་དེས་གཞན་ལ་ཕན་འདོགས་པའི་ནུས་པ་ཡོད་པ་དང་། གཞན་དོན་ཇི་ལྟར་བྱས་ཀྱང་འདུ་འཛི་དང་རྣམ་གཡེངས་སོགས་ཀྱིས་རང་ཆོས་ལམ་ལས་མ་ཉམས་པར་འགྱུར་བར་ཤེས་ན་གཞན་དོན་གཙོ་བོར་བྱ་དགོས་པ་ཡིན་ལ། གཞན་དོན་བྱས་ཀྱང་གཟུགས་བརྙན་ཙམ་དུ་སོང་ནས་གཞན་ལ་ཕན་མི་ཐོགས་པའི་སྟེང་། རང་དོན་བསླབ་པ་གསུམ་གྱི་ཡོན་ཏན་ཉམས་ཏེ་ཚུལ་ཁྲིམས་འཆལ། ཏིང་འཛིན་གཡེལ། ཤེས་རབ་རྨོངས་པར་འགྱུར་བ་ལ་སོགས་པའི་ཉེས་པས་གནོད་པར་འགྱུར་པའི་སོ་སོའི་སྐྱེ་བོ་ལས་དང་པོ་པས་རང་གི་འཁྲུལ་པའི་རྟོག་པ་ཉོན་མོངས་པ་ལ་དྲན་ཤེས་ཀྱིས་བརྟགས་ནས། སེམས་ཅན་གྱི་དོན་བསྒྲུབ་པའི་སླད་དུ་ཉོན་མོངས་པ་དེ་དག་སྤོང་བར་བྱེད་པའི་གཉེན་པོའི་སྟོབས་གོང་ནས་གོང་དུ་བསྐྱེད་པའི་ཐབས་ལ་གཙོ་བོར་བསླབ་པར་བྱས་ན་གཞན་ལ་ཕན་པའི་ཐབས་ཀྱང་དོན་གྱིས་བྱས་པ་ཡིན་ནོ། །ཡང་བསླབ་པ་བག་ཡངས་ཀྱི་སྐབས་དམིགས་བསལ་བ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་གཞན་ལ་ལྷག་པར་ཕན་འདོད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་དང་། དངོས་པོར་ལྟ་བ་ལས་ལྡོག་པའི་ཤེས་རབ་ཀྱིས་དབང་དུ་བྱས་པ་ཡིན་པས། གཞན་བསྟན་ འགྲོ་ལ་ཕན་པ་རླབས་ཆེན་པོ་འགྲུབ་པ་སྲིད་ན་ནི་རང་དོན་ཙམ་དང་གཞན་དོན་ཉི་ཚེ་བ་ཙམ་ལས་མེད་པའི་འོག་མའི་བསླབ་སྡོམ་ལྟ་བུ་བཅས་པ་ཆུང་ངུ་རྣམས་བག་ཡངས་སུ་འཇོག་པར་གནང་བའི་སྐབས་ཡོད་དེ། དཔེར་ན་གྲོང་ཁྱེར་ན་ཡོད་པའི་སྐྱེ་བོ་རྣམས་ཀྱི་འགལ་རྐྱེན་སྤོང་བ་དང་། མཐུན་རྐྱེན་བསྒྲུབ་པ་ལྟ་བུའི་ཕྱིར་ན་དེ་ལས་དོན་ཆུང་ཞིང་ཉུང་བ་གྲོང་རྡལ་གྱི་དོན་དུ་བརྩོན་པ་དོར་བ་ལྟ་བུ་དང་། བདག་གི་ལུས་སྲོག་ལ་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར་རང་གི་སྡོད་གནས་ཀྱིས་གཞན་ལ་སྦྱིན་པའམ། རང་ཉིད་ཡུལ་གཞན་དུ་བགྲོད་པ་ལ་སོགས་པའི་སྒོ་ནས་གཏོང་བ་དང་། ཡང་ལུང་དང་རྟོགས་པའི་ཆོས་རྒྱ་ཆེན་པོ་དར་བའི་ཕྱིར་རང་ཉིད་ཀྱི་ལུས་སྲོག་གཏོང་བ་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུའམ། བསྟན་པ་གནས་པའི་བར་ཆད་བསྲུང་བའི་ཕྱིར་རམ། རང་གི་ཚུལ་ཁྲིམས་ལ་སོགས་པའི་བར་ཆད་བསྲུང་བ་ལ་བདག་གི་ལུས་སྲོག་ཀྱང་གཏོང་བར་བྱ་སྟེ་དེ་ལས་ཐབས་གཞན་མེད་ཅིང་བཏང་བས་དོན་དུ་འགྱུར་ན་དེ་ལྟར་བྱ་བར་བཤད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཅི་ནས་འདི་དང་གཞན་དུ་ཡང་། །དོན་ཆེན་འགྲུབ་པའི་རྒྱུར་བཏང་ངོ་། །ཞེས་དང་། སྐྱེས་རབས་ལས། ཁྱིམ་གྱི་ཕྱིར་ན་གཅིག་བཏང་དེ། །སྲོག་གི་ཕྱིར་ན་ཁྱིམ་གཏོང་ངོ་། །ལྗོངས་ཀྱི་ཕྱིར་ན་གྲོང་ཁྱེར་དང་། །བདག་གི་དོན་དུ་ས་གཏོང་ངོ་། །ཆོས་ཀྱི་ཕྱིར་ན་བདག་ཀྱང་གཏོང་། །ཞེས་སོ། །གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་གསུམ་སྟེ། བཟོད་པ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པའི་སྐབས་འདི་ནི་དེའི་གྲོགས་སམ་འཁོར་དུ་གྱུར་བ་ནི་འདི་ཡིན་ཏེ། མི་མཇེད་པ་སྟེ་སྡུག་བསྔལ་ལ་སོགས་པའི་རྐྱེན་ཐམས་ཅད་ཐེག་པས་བཟོད་པའི་ངོ་བོ་ནི་ས་གཞི་བཟང་པོ་ལྟ་བུ་ལ། ཚུལ་ཁྲིམས་གསུམ་གྱི་རང་བཞིན་ཆོས་ཀྱི་མེ་ཏོག་གི་ཚལ་བཀོད་ལེགས་ཤིང་ཡོན་ཏན་གྱི་དྲི་བསུང་བཟང་པོ་ཀུན་ཏུ་རྒྱས་པ་མི་ཉམས་པར་རབ་ཏུ་བསྲུང་བའི་ར་བ་ལྟ་བུ། རང་དོན་དུ་སངས་རྒྱས་བསྒྲུབ་པ་དང་། གཞན་དོན་དུ་ཕན་པ་བསྒྲུབ་པའི་དོན་གཉིས་པོ་གང་གི་ཕྱིར་ཡིན་ཀྱང་དཀའ་སྤྱད་དང་སྡུག་བསྔལ་གྱི་ཁུར་ཆེན་པོ་ཅི་བྱུང་བ་ན་ཡང་དེ་ཉིད་དང་དུ་ལེན་ཞིང་བཟོད་པ་དང་། ཕ་རོལ་གྱིས་བདག་ཉིད་ལ་དངོས་སམ་བརྒྱུད་ནས་ལོག་པར་བསྒྲུབ་པའི་འཚེ་བ་ཇི་ལྟར་བྱས་ཀྱང་ཇི་མི་སྙམ་དུ་ཡིད་མི་འཁྲུགས་པར་བཟོད་པ་དང་། སྟོང་པ་ཉིད་ལ་སོགས་པའི་ཟབ་མོའི་དོན་དང་རྒྱ་ཆེ་ཞིང་བྱ་དཀའ་བའི་གནས་ཇི་ལྟ་བུ་ཡིན་ཡང་དེ་ལ་མི་སྐྲག་པའི་བཟོད་པ་སྟེ་རྣམ་པ་གསུམ་མོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། མི་མཇེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །ཅེས་མི་མཇེད་པ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། ཇི་མི་སྙམ་པ་ནི་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཤེས་པ་ནི་ཆོས་ལ་ངེས་སེམས་ཀྱི་བཟོད་པ་སྟེ། དེ་དག་གི་རྒྱུ་སྙིང་རྗེ་དང་། དེ་དག་སྟོན་པའི་ཆོས་རྣམས་ཡིན་ལ། འབྲས་བུ་ནི་ལྔ་སྟེ། མདོ་ལས། འཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན། ཞེས་སོ། །གཉིས་པ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་བྱེ་བྲག་ཏུ་བཤད་པ་ནི། ཡིད་ནི་རང་བཞིན་དུ་རྣལ་མར་འདུག་ནས་རྒྱུད་འཇམ་པོར་གནས་པ་ལ་གློ་བུར་དུ་ཤིན་ཏུ་རེངས་པ་སྟེ་གྱོང་ཞིང་མ་རུངས་པར་བྱས་པའི་ཞེ་སྡང་གི་སྡིག་པའི་མངོན་རྟོགས་ནི་དགའ་བདེའི་སྣང་བ་ཐམས་ཅད་ཅིག་ཆར་དུ་སྒྲིབ་པར་བྱེད་པའི་མུན་པ་ལྟ་བུ་དང་། གསོད་པ་དང་དང་བརྡུང་བརྡེག་ལ་སོགས་པའི་ཉེས་པ་སྣ་ཚོགས་པ་ཡི་འཁྲི་ཤིང་ཅན་ཡིན་ལ། དེས་ནི་ཐར་དུ་མེད་པའམ་ཐར་དཀའ་བའི་དམྱལ་བར་འཕེན་ཞིང་དེར་འཛུལ་བར་བྱེད་པས། དེ་ལྟ་བུའི་ཉེས་དམིགས་ལ་སྐྲག་པ་རྣམས་རྐྱེན་ངན་དང་གནོད་པ་ཅི་འདྲ་བ་བྱུང་ནའང་དུས་ནམ་དུ་ཡང་ཁྲོ་བའི་རྣམ་པར་རྟོག་པ་སེམས་ལ་སྐྱེ་བའི་གོ་སྐབས་དབྱེ་བར་མི་བགྱིད་དེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་སོ། །ཁྱད་པར་དུ་འདིས་བདག་ལ་འདི་ལྟ་བུའི་གནོད་པ་བྱས་སོ་ཞེས་གནོད་པའི་ཡུལ་དུ་བཟུང་ཞིང་བརྟགས་པས་ནི་བཟོད་པ་མི་འགྲུབ་པས་རང་སེམས་གདུལ་བའི་ཚུལ་ནི། འདི་ལྟར་བདག་ལ་མི་རིགས་ཤིང་མི་འོས་པར་སྣང་བ་ཐམས་ཅད་ལ་སྐྱོན་དུ་བལྟས་ནས་དེ་ཐམས་ཅད་བཟློག་པའི་ཐབས་ལ་འབད་ན་ནི་དེ་འདྲ་བའི་གནོད་པའི་ཡུལ་ནི་དཔག་ཏུ་མེད་དེ། དཔེར་ན་ནགས་ཚེར་མ་ཅན་དུ་ཕྱིན་ནས་རང་ལ་མི་གནོད་པའི་ཕྱིར་ཤིང་ཐམས་ཅད་ཀྱི་ཚེར་མ་མེད་པར་བྱེད་འདོད་ན་འཛད་དུ་མེད་པས་ན། དེ་བས་དེར་མ་ཕྱིན་ན་མི་གནོད་པ་བཞིན། གནོད་པའི་ཡུལ་དེ་ཐམས་ཅད་གདུལ་གྱིས་མི་ལང་སྟེ་འགའ་ཞིང་བཏུལ་འགའ་ཞིག་ལ་མཐུན་པར་བྱས་ཀྱང་རང་གི་ཀུན་རྟོག་གིས་བསྐྱེད་པའི་གནོད་ཡུལ་མང་པོ་སླར་ཡང་ཀུན་ནས་འཕེལ་བར་འགྱུར་བ་ཅན་ཡིན་པས་ཟད་དུ་མེད་དེ། སྤྱོད་འཇུག་ལས། བཟེ་རེ་ཅན་ལ་གནོད་མང་ཞིང་། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཕན་ཚུན་མི་འདོད་པའི་བསམ་པས་འཁོན་པ་དང་། དེའི་དབང་གིས་ཁྲོ་བོའི་ཀུན་རྟོག་བཟོད་དཀའ་བས་རང་གཞན་ཀུན་གྱི་རྒྱུད་མ་རུངས་པར་འགྱུར་བ་ཐམས་ཅད་ཀྱི་བྱེད་པ་པོ་ནི་ཐོག་མར་ཡུལ་ལ་མི་འདོད་པའི་རྣམ་པར་བཟུང་ནས་ཉེ་བར་ལེན་པའི་སེམས་ཡིད་མི་བདེ་བ་འབྱུང་བ་དེ་ཡིན་པས་དེ་ཉིད་གཅིག་པུ་ཤེད་མ་རྒྱས་གོང་དུ་ཕག་སྣ་གཏུན་བརྡུང་དང་། རྐོང་བུ་དྲོ་ཕྱིས་ཞེས་པའི་དཔེ་ལྟར་བཏུལ་བར་བྱས་ན་བཟོད་པའི་དཀའ་ཐུབ་ཅེས་མི་ཐེག་པའི་ཁུར་ཆེན་པོ་དེ་ཡང་བདག་ལ་མཛའ་བར་འགྱུར་བའི་ཕྱིར་གང་ལ་ཡང་ཁྲོ་མི་དགོས་པ་ཞིག་འོང་བས་ན། ད་ལྟ་ནས་ཧ་ཅང་གནོད་པ་ཆེན་པོ་ལ་བཟོད་མ་ནུས་ནའང་ཆུང་ངུ་ནས་གོམས་པར་བྱས་ན་མཐར་གྱིས་ཐམས་ཅད་ལ་བཟོད་པར་འགྱུར་རོ། །དེ་སྐད་དུ་ཡང་སྤྱོད་འཇུག་ལས། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམ་དང་འདྲ། །ཞེས་དང་། དེ་ལྟས་བདག་གི་དགྲ་བོ་དེའི། །ཟས་ནི་རྣམ་པར་གཞོམ་པར་བྱ། །ཞེས་སོ། །འོ་ན་གནོད་པའི་རྐྱེན་ཐམས་ཅད་རང་གི་ཀུན་རྟོག་གི་ཉེ་བར་ལེན་པ་ལ་བརྟེན་ནས་འབྱུང་བའི་ཚུལ་ཇི་ལྟར་ཡིན་ཞེ་ན། འདི་ལྟར་ཕ་རོལ་པོས་རང་ལ་སྐྱོན་མཚང་ནས་བརྗོད་པ་ལྟ་བུའི་ཚིག་ངན་ཞིག་སྨྲས་པ་ན། ཡུལ་དེའི་སྨྲས་པའི་ཚིག་དེ་དང་། རང་གི་རྣ་བའི་དབང་པོ་དང་ཤེས་པ་གཉིས་ཏེ་གསུམ་པོ་ཕྲད་ཅིང་རེག་པའི་ཚེ་ཚོར་བ་ཤིན་ཏུ་རྩུབ་པའི་རང་བཞིན་དུ་ཚིག་གི་རྣམ་པ་དེ་ཤར་ནས། དཔེར་ན་མདས་སྐྱེས་བུའི་གནད་ལ་བསྣུན་པ་ལྟར། སྙིང་ཚལ་པར་འགས་པ་ཙམ་དུ་སྡུག་བསྔལ་ནས་མི་བཟོད་པ་དྲག་པོ་སྐྱེ་ནའང་། བརྟག་ན་ཚིག་དེ་ནི་བྲག་ཅ་བཞིན་ཡིན་པས་སྙིང་ལ་ཟུག་པ་ལྟར་སྣང་བ་དེ་ལ་དངོས་སུ་ཟུག་འགྲོ་རྒྱུ་ཞིག་ཅང་མཆིའམ་སྟེ་ཅི་ཡང་མེད་དོ། །འོ་ན་ཅི་ཞེ་ན་ཚིག་དེ་ཉིད་རང་ལ་གནོད་པའི་ངོ་བོར་དང་དུ་བླང་བའི་ཉེར་ལེན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཡང་ཡང་མྱང་བས་ཕན་ཚུན་གནོད་བྱ་དང་གནོད་བྱེད་རྟེན་དང་བརྟེན་པར་གྱུར་ནས་ཁོང་འཁྲུགས་བཞིན་དུ་དེས་བསྐྱེད་པའི་སྡུག་བསྔལ་གྱིས་མནར་བར་འགྱུར་བས་ན་དེ་འདྲ་བའི་རྟོག་དཔྱོད་ཀྱི་རྗེས་སུ་མི་འབྲང་བར་ཅི་སྣང་ཡང་ཅི་ཐོས་ཀྱང་བཏང་སྙོམས་སུ་བཞག་ནས་བག་ཡངས་སུ་གནས་པར་བྱ་སྟེ། སྤྱོད་འཇུག་ལས། ཅི་ལ་བབ་ཀྱང་བདག་གིས་ནི། །དགའ་བའི་ཡིད་ནི་དཀྲུགས་མི་བྱ། །ཞེས་སོ། །འོན་ཀྱང་རྟོག་དཔྱོད་ཀྱི་སྒོ་ནས་གཉེན་པོ་བརྟེན་པ་དག་གིས་ནི་འདི་ལྟར་སྲིད་པའི་གནས་འདི་ན་རང་ལ་གནོད་པའི་རྒྱུ་གཞན་གྱིས་བྱས་པ་ལྟར་སྣང་བའི་བརྡུང་བརྡེག་དང་ལོངས་སྤྱོད་ཕྲོག་པ་དང་། ངན་སྨྲས་བརྗོད་པ་སོགས་དང་། དེ་དག་གིས་བསྐྱེད་པའི་འབྲས་བུ་ལུས་དང་སེམས་སྡུག་བསྔལ་བའི་རྣམ་གྲངས་ཟད་པ་མེད་པར་མཐའ་ཡས་པ་རྣམས་སུ་སྣང་བ་ཇི་སྙེད་པ་ཐམས་ཅད། བདག་ཉིད་ལས་བྱུང་བ་ཡིན་པ་ནི་དཔེར་ན་སྐྱེས་བུ་ཅ་ཅོའི་སྒྲ་བསྒྲགས་པ་དང་བྲག་ཅ་འབྱུང་བ་བཞིན་ཡིན་ཏེ། སྤྱིར་བདག་ཉིད་མ་བྱུང་སྟེ་གཏན་ནས་མེད་ན་ཕ་རོལ་པོས་གནོད་པ་བྱ་བའི་ཡུལ་མེད་ལ། ཁྱད་པར་དུ་ཚེ་སྔ་མའམ་ད་ལྟའི་གནས་སྐབས་སུ་སྔོན་ལ་རང་གིས་རང་ལ་གནོད་པའི་རྒྱུ་མ་བསྒྲུབས་ན་དེས་གནོད་པའི་འབྲས་བུ་འབྱིན་མི་ནུས་པས་ན། རང་གིས་སྔོན་བྱས་པའི་རྐྱེན་གྱིས་གནོད་བྱེད་དེའི་རྒྱུད་བསྐུལ་བ་ལྟ་བུའི་སྒོ་ནས་བོས་ཏེ་གནོད་པ་སྣ་ཚོགས་པ་འདི་འབྱུང་བ་ཡིན་ནོ་ཞེས་དེ་ལྟ་བུའི་ཚུལ་ལ་སེམས་ཤིང་ལྟོས་ལ་ལེ་ལན་ཐམས་ཅད་རང་ལ་གདའ་བར་གྱིས་ཤིག་ཅེས་པ་སྟེ། སྤྱོད་འཇུག་ལས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །ཞེས་སོ། །གནོད་བྱེད་ཕན་པའི་རྐྱེན་དུ་བརྟག་པ་ཡང་། སྤྱིར་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་བཟོད་པའི་གཞི་ལས་བྱུང་བའི་ཚུལ། གང་པོས་ཞུས་པ་ལས། བདག་ཀྱང་ངེས་པར་སྔ་མའི་སྡིག །བསྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ། །བདེན་བཞི་དྲན་དང་ཡང་དག་སྤོང་། །དབང་སྟོབས་བྱང་ཆུབ་ཡན་ལག་ལམ། །ཐམས་ཅད་བཟོད་པས་གཞི་བྱེད་པས། །མཁས་པ་སུ་ཞིག་བཟོད་མི་བསྒོམ། །ཞེས་གསུངས་ལ། བཟོད་པ་དེ་ནི་གནོད་བྱེད་ཀྱི་རྐྱེན་ལས་འགྲུབ་པས་བརྟག་ན་གནོད་པ་ཆེན་པོ་བྱས་པ་མ་ཡིན་པར་ཕན་ཆེན་པོ་བཏགས་པ་ཡིན་ཏེ། འདི་ལྟར་དཔེར་ན་རང་གཞན་ཐམས་ཅད་ལ་ཕན་པའི་རྐྱེན་ཡོ་བྱད་ཐམས་ཅད་ཟད་མེད་དུ་བསྒྲུབ་འདོད་པས་གཟིངས་ལ་བརྟེན་ནས་རྒྱ་མཚོའི་ཕ་རོལ་ཏུ་སོང་ན་ནོར་བུ་རིན་པོ་ཆེ་ཐོབ་ནས་ཇི་ལྟར་འདོད་པ་བཞིན་འོང་བ་དེ་ལྟར། གནོད་པ་བྱེད་པའི་དགྲ་གང་ལ་བརྟེན་ནས་ཐེག་ཆེན་གྱི་རྒྱ་མཚོར་བགྲོད་པའི་བཟོད་པའི་གྲུ་གཟིངས་དང་། དེ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ་རང་གཞན་ཐམས་ཅད་འཕྲལ་དང་ཡུན་གྱི་བདེ་བ་དམ་པའི་རྒྱུ་འཐོབ་པར་འགྱུར་གྱི། དེ་ལས་གཞན་དུ་ཁོང་ཁྲོ་བ་མ་སྡང་ཞིང་ཅི་ཡང་བཟོད་མི་ནུས་བཞིན་བྱང་ཆུབ་སེམས་དཔའ་ཡིན་པར་རློམ་པ་ནི་མེ་ལ་བསིལ་བའི་རེག་བྱ་བཞིན་དུ་འགལ་བས་ན་ལེགས་པར་རང་རྒྱུད་ལ་བརྟག་དཔྱད་བཏང་ནས་ཐེག་ཆེན་གྱི་ལམ་ལ་ཞུགས་ནས་བྱང་ཆུབ་སེམས་དཔའི་མིང་ཞིག་འཛིན་པར་འདོད་ན་བཟོད་པ་འདི་ལ་ཐོག་མར་ནན་ཏན་དུ་བྱ་དགོས་གསུངས། ལར་འཇིག་རྟེན་པ་རྣམས་ཀྱིས་འདི་སྐད་དུ། དགེ་སློང་ངམ་བླ་མ་བཟང་པོ་ཞིག་ཡིན་ཏེ་ཐུགས་ཁྲོ་ཆེ་ཞེས་ཟེར་ཡང་། སྐྱོན་གཅིག་ལ་ཁོང་ཁྲོ་ལས་ཐུ་བ་མེད་ན། དེ་ཡོད་ཚེ་དགེ་སློང་ངམ་བླ་མ་ཇི་ལྟར་བཟང་གསུངས། དེ་བས་ན་དོན་ཆེན་པོ་བཟོད་པའི་རྒྱུར་གྱུར་པ་དེ་འདྲ་བའི་གནོད་པ་བྱེད་པའི་དགྲ་དེ་ལ་ཁོང་མི་ཁྲོ་བར་མ་ཟད་བསོད་ནམས་ཀྱི་ཞིང་དུ་བསམ་ནས་དམ་པའི་ཆོས་ལྟར་མཆོད་པར་འོས་པ་ཡིན་ནོ། །དེ་ལྟ་བས་ན་བྷཾ་ག་ལའི་པཎྜི་ཏ་རྟག་ཏུ་ཁྲོ་བ་ལྡོན་པའི་ཨ་ཙ་ར་དང་འགྲོགས་ནས་འདི་ཁོ་བོའི་བཟོད་པའི་རྟེན་ལགས་སོ་ཞེས་གསུངས་པ་ལྟར་གནོད་བྱེད་ཆེ་ཆུང་ཐམས་ཅད་ཕན་པའི་རྐྱེན་དུ་བརྟགས་ནས་བློ་སྦྱོང་བའི་ཚུལ་འདི་ནི་ཐེག་ཆེན་ལམ་གྱི་གནད་ཆེ་ཤོས་ཞིག་ཡིན་པས་ཡང་ཡང་ཟློས་པར་བྱས་སོ། །དེ་ཡང་ལེགས་སྨོན་སྔོན་དུ་སོང་བའི་སྐལ་བ་བཟང་པོ་དང་ལྡན་པ་རྣམས་ལ་ནི་གནོད་པ་དང་སྡུག་བསྔལ་ཅི་བྱུང་ཡང་སྙིང་རྗེ་ལ་སོགས་པའི་གསོས་སུ་འགྱུར་ཏེ། སྤྱོད་འཇུག་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛིན་ཞིང་དགེ་ལ་དགའ། །ཞེས་སོ། །ཡང་ཆོས་ལ་ངེས་སེམས་ཀྱི་བཟོད་པའི་རྐྱེན་དུ་འགྲོ་བའི་ཐབས་སུ་བརྟག་པའི་ཚུལ་ནི། འདི་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་གྲུབ་མ་གྲུབ་ཀྱི་རང་བཞིན་ལ་ཤིན་ཏུ་བརྟགས་ཤིང་དཔྱད་ན་རང་ལ་གནོད་པར་འགྱུར་བའི་དངོས་པོའི་ངོ་བོ་དེ་གནོད་བྱེད་ཡུལ་གྱི་སྟེང་ན་འདུག་གམ། དེས་བྱས་པའི་ལས་ཀྱི་སྟེང་ན་འདུག་གམ། གནོད་བྱ་རང་གི་སྟེང་ན་འདུག་ཅེས་བརྟགས་ན་གཞན་གང་ནའང་མི་འདུག་སྟེ་སྔར་བཤད་པ་བཞིན་རྐྱེན་སྣ་ཚོགས་པ་ན་རང་གི་ཉེ་བར་ལེན་པའི་སེམས་ཀྱིས་བློ་བུར་དུ་བཟོས་པ་ཡིན་ལ། སེམས་དེ་ཡང་བརྟགས་ན་མཚན་ཉིད་རྒྱུན་ཆགས་སུ་འཛིན་པའི་ནུས་པ་མེད་དེ་དཔེར་ན་ཆུ་ཡི་རི་མོ་ནི་མོད་ལ་བྱུང་ཀྱང་མོད་ལ་མེད་པར་འགྱུར་བ་བཞིན་འདུ་བྱེད་ཀྱིས་བསྡུས་པ། རྣམ་པར་རྟོག་པ་དང་བཅས་པའི་ཁྲོ་གཉེར་རྩུབ་མོ་རྒྱུད་དཀྲུགས་པར་བྱེད་པའི་མ་རུངས་པ་དེ་རང་ཚུགས་མ་ཐུབ་པར་ཞིག་པའི་མོད་ལ་ནམ་མཁར་སྤྲིན་དེངས་པ་ལྟར་ཁྲོ་བའི་སེམས་བྱུང་ལྷག་མ་མ་ལུས་པ་ཞི་བར་འགྱུར་ཏེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ནམ་མཁའ་ཅུང་ཟད་སྤྲིན་མེད་ལ། །གློ་བུར་དུ་ནི་སྤྲིན་གྱི་དཀྱིལ་འཁོར་དག །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་ལྟར་རོ། །དེའི་ཚེ་སེམས་ཀྱི་རང་བཞིན་ནམ་མཁའ་རྣམ་པར་དག་པ་བཞིན་དུ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡེ་སྟོང་ཆེན་པོར་གནས་པ་ལ་ཐོབ་ཤོར་རམ་བླང་དོར་གང་ཡང་མེད་པ་དེའི་ངང་བསྐྱངས་ཏེ་རྐྱེན་གྱི་དབང་དུ་མ་སོང་བར་བྱ་བ་འདི་ཡང་ཟབ་མོ་དབུ་མའི་ལམ་གྱིས་ཉོན་མོངས་ཆོས་ཉིད་དུ་སྦྱངས་ཞེས་པ་དེ་ཡིན་ལ། ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཡང་དེ་ལ་ཟེར་རོ། །དེ་སྐད་དུ་ཡང་། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང་། །རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། །སེམས་ནི་ནམ་མཁའ་འདྲ་བར་མཉམ་པ། །བཟོད་པ་འདི་ལ་ཐམས་ཅད་གཏོད་འགྱུར། །ཞེས་སོ། །དེ་ལྟ་བུའི་ཚུལ་ལ། མོས་པས་སྤྱོད་པ་བ་ནི་སྒྲའི་རྗེས་སུ་འགྲོ་བ་དང་། མ་དག་ས་བདུན་ལ་ནི་རྗེས་སུ་མཐུན་པ་དང་། །ས་བརྒྱད་པ་ལ་སོགས་པར་ནི་མི་སྐྱེ་བའི་ཆོས་བཟོད་པའོ་ཞེས་སྤྱོད་འགྲེལ་ལས་བཤད་དོ། །དེས་ན་སངས་རྒྱས་ཆོས་ཀྱི་སྐུའི་དངོས་རྒྱུ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་འདི་ལ་བློ་ཁ་ཙམ་ཕྱོགས་སུ་ཡོད་པ་འདི་ཡང་ཤིན་ཏུ་སྐལ་བ་བཟང་བ་ཡིན་པར་ཤེས་པར་བྱས་ནས་ཅི་ནུས་སུ་གོ་ཡུལ་ཙམ་དུ་མ་ལུས་པར་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། དེ་ལྟར་བཟོད་པར་བྱས་ན་ཡིད་བདེ་བ་ལས་མི་ཉམས་ཤིང་དགེ་བའི་ཕྱོགས་ཐམས་ཅད་བརྟན་ལ་གཞན་ཀུན་གྱིས་བྱམས་ཤིང་ཡིད་དུ་འོང་བ་ལ་སོགས་པ་དང་། ཚེ་རབས་ཐམས་ཅད་དུ་ཡང་ལོག་པར་མི་ལྟུང་ཞིང་གཟུགས་བཟང་བ་ལ་སོགས་པ་མངོན་མཐོའི་དཔལ་གྱིས་འབྱོར་ཞིང་མཐར་ངེས་པར་ལེགས་པའི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ལ། གལ་ཏེ་བཟོད་པར་མ་ནུས་ན་དེ་ལས་བཟློག་པའི་ཉེས་དམིགས་དཔག་ཏུ་མེད་ཅིང་ཁྱད་པར་ཐེག་ཆེན་གྱི་ལམ་ལ་བར་དུ་གཅོད་པར་འགྱུར་བའི་སྐྱོན་དེ་ལས་ཐུ་བ་མེད་དེ་གང་གི་ཕྱིར་ཞེ་ན། འདི་ལྟར་བཟོད་པའི་དཀའ་ཐུབ་གསུམ་ལས། དང་པོ་དཀའ་བ་དང་དུ་ལེན་པའི་བཟོད་པ་ཡང་སྤྱིར་དམ་པའི་ཆོས་ཉམས་སུ་ལེན་པ་དེ་གནད་དུ་མ་སོང་ན་བར་ཆད་མང་པོ་མི་འབྱུང་ཡང་། གནད་དུ་སོང་བའི་ཐར་ལམ་རྣལ་མ་ཞིག་བསྒྲུབ་ན་གནས་འཕོ་ཁར་བུ་ལོན་ལྡང་བ་ལྟར། ཕྱི་དགྲ་བགེགས། ནང་ན་ཚ། གསང་བ་ཉོན་མོངས་པ་རྣམས་སློང་ནས་གནོད་པ་དང་སྡུག་བསྔལ་མང་པོ་བསྟུད་མར་འབྱུང་བར་གསུངས་ལ། ཁྱད་པར་ད་ལྟ་སྙིགས་མའི་དུས་འདིར་ནི་བདེ་བའི་རྐྱེན་ཉུང་ཞིང་སྡུག་བསྔལ་གྱི་རྐྱེན་ཤིན་ཏུ་མང་བས་རྐྱེན་དེའི་དབང་གིས་སེམས་སྲན་མ་ཚུགས་པར་དགེ་བའི་ཕྱོགས་ལ་བརྩོན་པ་ལྷོད་ན་མར་མེ་རླུང་གསེབ་ཏུ་བཞག་པ་བཞིན་རྐྱེན་ཆུང་ངུས་ཀྱང་གནོད་པར་འགྱུར་ཞིང་། རྐྱེན་ངན་དང་སྡུག་བསྔལ་ཅི་བྱུང་ཡང་ཁྱད་དུ་བསད་དེ་སེམས་སྟོབས་བསྐྱེད་ན་ནགས་ཆེན་ལ་མེ་འབར་ན་རླུང་ཆེན་གྲོགས་སུ་འགྲོ་བ་བཞིན་མི་གནོད་པར་མ་ཟད་ལམ་གྱི་གྲོགས་སུ་འགྱུར་བས་ན་སྡུག་བསྔལ་ཐམས་ཅད་དང་དུ་བླང་བར་བྱའོ། །ཕྱོགས་གཉིས་པ་གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ་མེད་ན། གཞན་དགེ་བའི་རྩ་བ་རྒྱ་ཆེན་པོ་ཅི་ཡོད་ཀྱང་མི་སྐྱོབ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། །ཅེས་གསུངས་ལ། ཕྱོགས་གསུམ་པ་ཆོས་ཉིད་ལ་ངེས་པར་སེམས་པའི་བཟོད་པ་མེད་ན། སྔ་མ་གཉིས་ཡོད་ཀྱང་འཇིག་རྟེན་པའི་ལམ་ཙམ་ལས་འཕགས་མི་ནུས་པས་དེ་རྣམས་ཉམས་ཤིང་མེད་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་དང་རྗེས་སུ་མཐུན་པ་ཙམ་གྲུབ་པའི་ལས་དང་པོ་པའི་སྐབས་འདིར་ལོངས་སྤྱོད་གཏོང་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། དགེ་བའི་ཕྱོགས་ལ་བརྩོན་པ་ལྷུར་ལེན་པ་དང་། སེམས་རྩེ་གཅིག་པའི་བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཐོས་པ་དང་བསམ་པའི་ཤེས་རབ་བསྐྱེད་པ་སྟེ། དེ་ལྟ་བུའི་དགེ་བའི་ཕྱོགས་ཇི་ཙམ་བཟང་ཡང་དཔེར་ན་ཕྱི་མཐའ་ཐམས་ཅད་དགྲ་རྐུན་དང་གཅན་གཟན་དུ་མ་ཡིས་བསྐོར་བའི་བཤུལ་ལམ་ལ་དཔུང་གཉེན་མེད་པར་ཞུགས་ཏེ་སོང་ན་རང་འདོད་པའི་སར་ཕྱིན་དཀའ་བ་དེ་བཞིན་དུ་སྦྱིན་སོགས་དེ་དག་ལ་བརྟེན་ནས་ལམ་དང་འབྲས་བུའི་ཡོན་ཏན་བསྒྲུབ་པར་འདོད་ཀྱང་། ཇི་ལྟར་འདོད་པའི་དོན་དེ་ཐོབ་པའི་གནས་སུ་ཕྱིན་པ་ནི་ཤིན་ཏུ་དཀའ་བས་རང་གིས་རང་ལ་བསྐུལ་མ་གདབ་ནས་བློའི་སྟོབས་བསྐྱེད་དེ་བསྒོམ་པར་བྱའོ། །སྤྱིར་ཕར་ཕྱིན་མཚན་ཉིད་པ་ནི་ས་ཐོབ་པ་རྣམས་ལ་ཡོད་པས་དེ་རྣམས་ལ་བཟོད་པ་མེད་པའི་སྐྱོན་གྱིས་གཞན་ཉམས་པར་འགྱུར་ཞེས་པ་དེ་མེད་མོད། འོན་ཀྱང་སོ་སྐྱེ་རྣམས་དང་། ཁྱད་པར་ལས་དང་པོ་པ་རྣམས་ལ་གདམས་པ་ཡིན་པའི་ཚུལ་འདི་ཁོང་དུ་ཆུད་པར་བྱའོ། །བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བརྩོན་འགྲུས་ཀྱི་ངོ་བོ་དགེ་བ་ལ་མངོན་པར་སྤྲོ་བའི་སེམས་རྩེ་གཅིག་པ་ཡིན་པས། དུས་སྐད་ཅིག་ཙམ་ཡང་རང་གིས་དོན་དུ་གཉེར་བྱ་ཐོས་བསམ་དང་། བསླབ་གསུམ་གྱི་ཉམས་ལེན་གྱི་དོན་དེ་ལས་གཞན་དུ་ཡོལ་བ་མེད་པའི་སྤྲོ་བ་ཤུགས་དྲག་པོ་དང་བཅས་པའི་གུས་སྦྱོར་དང་སྤྲོ་བ་རྒྱུན་མི་འཆད་པའི་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱི་རང་དབང་ཉིད་དུ་བསྒྲུབ་བྱ་དགེ་བའི་ཆོས་ཇི་སྙེད་པ་མཐའ་དག་དཔེར་ན་སྐྱེད་མོས་ཚལ་དུ། འབྲོག་དགོན་པར་སྒོ་ང་ལ་གབ་པས་ཡིད་གདུང་བའི་ངང་པ་ཁྱོ་ཤུག་བུའི་ནུས་པ་རྫོགས་པའི་ཚེ་ཚམ་ཚོམ་དང་ཕྱི་བཤོལ་མེད་པར་འགྲོ་བ་ཇི་ལྟ་བ་བཞིན་དུ་ལེ་ལོ་རྣམ་པ་གསུམ་པོའི་གཡང་ས་ལ་དགེ་བའི་ཕྱོགས་བསྐྱུད་པ་སྟེ་བརྗེད་ནས་ལུས་པ་མེད་པར་ཆེད་དུ་བྱ་བ་ལ་འཇུག་པ་རྒྱུན་མི་འཆད་པ་ཉིད་དུ་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་བཤད་པ་དང་། བརྩོན་འགྲུས་དངོས་བཤད་པའོ། །དང་པོ་ནི་འདི་ལྟར་བདག་ཅག་གིས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མང་པོ་ཞིག་མཉན་ཏེ་བསྒྲུབ་པར་ཁས་བླངས་ཀྱང་དོན་ལ་གཏུགས་ཙ་ན། ཐོས་བསམ་དང་ཉམས་ལེན་ཐམས་ཅད་ཀྱི་བྱ་བ་རྒྱང་དུ་བོར་ནས་འཇིག་རྟེན་ཕལ་པའི་བྱ་བ་ངན་པ་དེ་ད་དུང་འཕྲོ་མ་ཆོད་པར་ཁྱིམ་ཆུང་སྤངས་ནས་ཁྱིམ་ཆེན་བཟུང་སྟེ། ཚོང་དང་གཡོ་སྒྱུའི་མགོ་སྐོར། རྟ་ཕྱུགས་སེམས་ཅན་གྱི་འཚོ་སྐྱོང་། གཉེན་དང་ཉེ་འབྲེལ་གྱི་མགོ་འཛིན། གནས་ཁང་དང་མཁར་ལས་ཀྱི་བྱ་བཞག །བཟའ་བཏུང་དང་ལོངས་སྤྱོད་ཀྱི་ཞེན་ཆགས་ལ་སོགས་པའི་དབང་གིས་སྐྱེ་བོ་མང་པོའི་འདུ་ལོང་དང་། འཛི་བ་ནི་འཛིངས་པ་སྟེ་གཉེན་ལ་ཆགས་པས་འབྲེལ། དགྲ་ལ་སྡང་བས་འབྲེལ། ལོངས་སྤྱོད་ལ་གསོག་བསྲུང་སྤེལ་བའི་ལས་ཀྱིས་འབྲེལ་ཏེ་དེ་དག་གི་གསེབ་ནས་མི་ཐར་བ་དཔེར་ན་སྲིན་བུའི་ཁ་ཆུའི་ཐག་པས་རང་ཉིད་དཀྲིས་ཏེ་དེ་རུ་འཁུམས་ནས་འཆི་བ་བཞིན་ལྷ་ཆོས་བསྒྲུབ་འདོད་ཙམ་ཞིག་ཡོད་ཀྱང་བྲེལ་ངོ་དེའི་ངང་དུ་མི་ཚེ་ཟད་ནས་འཆི་ཁར་བྲང་ལག་འཐབ་ནས་ཆོས་མེད་དུ་འཆི་བ་དེ་ལྟ་བུ་དང་། དཀའ་བའི་གནས་ཅུང་ཟད་མཐོང་བས་བདག་གིས་འདི་ལྟ་བུ་བསྒྲུབ་མི་ནུས་སོ་སྙམ་དུ་སྒྱིད་ལུག་པའི་ལེ་ལོའི་མཐུས་ནོན་ཏེ། དགེ་བའི་བྱ་བ་དེ་ལ་དང་པོར་སྦྱོར་བས་ནུས་པའང་བཏང་སྟེ་ཕྱི་བཤོལ་དུ་ལུས་པ་དང་། ཡང་འཇིག་རྟེན་པའི་བྱ་བ་ལ་བརྩོན་པའི་དུས་སུ་ནི་དཀའ་ཚེགས་དང་ཚ་གྲང་ལ་སོགས་པའི་གནོད་པ་ཅི་བྱུང་ཡང་སྲན་ཚུགས་པར་བྱས་ནས་འབད་རྩོལ་རི་བོ་ཙམ་བྱེད་དགོས་པ་ལ་ཡང་སེམས་མི་ཞུམ་པའི་སྙིང་སྟོབས་ཆེན་པོ་ཡོད་པ་དེ་ཆོས་ཀྱི་ཕྱོགས་ལ་བསྐོར་དུས་ནི་བདག་གིས་བདག་ཉིད་བརྙས་ནས་ངས་མི་ཤེས། ངས་མི་ནུས་སྙམ་ནས་བོང་ཆད་གྱེན་ལ་དེད་པ་བཞིན་སེམས་ཞུམ་པའི་བརྟུལ་ཞུགས་དང་དུ་བླངས་པ་དེས་ནི་རང་གི་ཆོས་སྐལ་རང་གིས་བཅད་པ་ཡིན་ཏེ། དཔེར་ན་རིན་པོ་ཆེའི་གླིང་དུ་མི་མང་པོ་ཕྱིན་ཙ་ན་ཐོབ་ཆེན་པོ་འཚེངས། ཆུང་ཐོབ་ཆུང་ངུས་འཚེངས་པར་གྱུར་ནའང་། མི་གཅིག་པུ་ཞིག་ཅི་ཡང་མ་ལོན་པར་ལག་སྟོང་དུ་ཕྱིར་ལོག་པ་བཞིན། ལུང་དང་རྟོགས་པའི་དམ་ཆོས་ཅི་དགར་རང་རྒྱུད་ལ་ལེན་དུ་ཡོད་པའི་གནས་འདིར་སྐྱེས་པ་དོན་མེད་དུ་གྱུར་ནས་སྣང་བ་ནས་མུན་པའི་གནས་སུ་འགྲོ་དགོས་པའི་སྟོང་ལོག་མཁན་དེ་ལྟ་བུར་འགྱུར་བ་ཡིན་ནོ། །དེ་སྐད་དུའང་སྤྱོད་འཇུག་ལས། ཞུམ་བཅས་རྩོལ་བ་དོར་བ་ལ། །ཕོངས་ལས་ཐར་པ་ཡོད་དམ་ཅི། །ཞེས་སོ། །དེས་ན་དེ་འདྲ་བའི་གང་ཟག་དེ་རྣམས་ནི་ལེ་ལོ་གསུམ་གྱི་ཉེས་པའི་མཚོ་རུ་བྱིང་ནས་ཐར་བའི་སྐམ་སར་ཐོན་པའི་དུས་མེད་དེ། དཔེར་ན་ལྕགས་གཟེར་ཞིག་པའི་གཟིངས་ལ་ཞོན་ན་ཆུའི་ངོགས་སུ་མི་ཕྱིན་པ་བཞིན་ནོ། །གཉིས་པ་བརྩོན་འགྲུས་དངོས་བཤད་པ་ནི། ལམ་གང་བསྒྲུབ་ཀྱང་དང་པོ་ནས་ལུས་ངག་གི་བྱ་བ་ལ་ཞུགས་པ་ཙམ་གྱིས་མི་འོང་སྟེ་སྙིང་སྟོབས་ཆེན་པོས་དམ་བཅའ་བ་གལ་ཆེ་བས། འདི་ལྟར་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་རང་གཞན་གྱི་དོན་བསྒྲུབ་པར་འདོད་པ་དག་གིས། དེའི་གེགས་སུ་གྱུར་པའི་བདུད་བཞིའི་དཔུང་ཐམས་ཅད་འཇོམས་པར་བྱེད་པ་ལ་དཔའ་བོ་གཡུལ་དུ་འཇུག་པའི་ཚེ། གོ་ཆ་སྲ་བ་བགོས་ན་ཕ་རོལ་གྱི་མཚོན་གྱིས་མི་ཕིགས་པ་བཞིན་བློ་སྟོབས་ཀྱི་གོ་ཆ་བགོ་བར་བྱ་སྟེ། ཐར་པ་ལ་བར་དུ་གཅོད་པའི་བདུད་ཉོན་མོངས་པའི་རྟོག་པ་བརྒྱད་ཁྲི་བཞི་སྟོང་པོའི་ནང་ནས་འདོད་ཆགས་ལྟ་བུ་གཅིག་སྤང་བའི་ཕྱིར་ཡང་བསྐལ་པ་རྒྱ་མཚོའི་བར་དུ་ངལ་བ་བརྒྱ་ཕྲག་གི་སྒོ་ནས་བརྩོན་དགོས་ཀྱང་དམ་བཅའ་མི་འདོར་བ་དང་། ཏིང་འཛིན་ལ་བར་དུ་གཅོད་པའི་ལྷ་བདུད་ལ་མཚོན་ན། བདག་ལམ་གྱི་དཀའ་ཐུབ་ལ་གནས་པའི་ཚེ་འཁོར་ལོས་སྒྱུར་རྒྱལ་གྱི་མངའ་ཐང་དང་སྙན་གྲགས། འཁོར་དང་འབྱོར་པ་ལྟ་བུ་ཡོད་ཀྱང་བདག་གིས་དགེ་བའི་ཕྱོགས་ལ་བརྩོན་པའི་ཡིད་སྐད་ཅིག་ཙམ་ཡང་མི་ལྷོད་ཅིང་འགྱུར་བར་མི་བྱ་སྙམ་དུ་དམ་བཅས་ན། ཚེ་ལ་བར་དུ་གཅོད་པའི་འཆི་བདུད་དང་། ལྷག་མེད་ལ་བར་དུ་གཅོད་པའི་ཕུང་བདུད་འཇོམས་པའི་གོ་ཆ་ཤུགས་ལ་འོང་བས་དེ་ལྟར་དམ་བཅའ་བ་དང་། ཡང་གཞན་དོན་དུ་འདི་ལྟར་བསྐལ་པ་ཆེན་པོ་གྲངས་མེད་པའི་གྲངས་བྱེ་བ་སྙེད་ཀྱིས་གཞལ་བའི་བར་དུ་སེམས་ཅན་གཅིག་གི་སྡུག་བསྔལ་བའི་ཕྱིར་དུ་སེམས་ཅན་དམྱལ་བ་ཆེན་པོ་ཁོ་ནར་གནས་ནས་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་འགྱུར་ནའང་དེའི་བརྩོན་འགྲུས་ཀྱི་མཐའ་མི་གཏོང་ན་དེ་ལས་གཞན་དུ་སྨོས་ཅི་དགོས་སྙམ་པ་དང་། མདོར་ན་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ནས་ཇི་སྐད་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཀྱི་བརྗོད་དོན་མ་ལུས་པ་ཐམས་ཅད་བདག་གི་ཁོང་དུ་ཆུད་པར་བྱས་ནས་ཉམས་སུ་བླང་བར་བྱ་སྙམ་དུ་དམ་བཅའ་བར་བྱ་སྟེ། ཕར་ཕྱིན་བསྡུས་པ་ལས། འཁོར་ཚེ་རང་གི་སྡུག་བསྔལ་སེམས་བཏང་ཞིང་། །གོ་ཆ་བརྟན་པ་དཔག་ཡས་དེ་བསྐྱེད་ན། །བརྟུལ་ཞུགས་དཔའ་བོ་སྙིང་རྗེའི་ངང་ཅན་ལ། །ཡང་དག་བླངས་པ་དང་པོ་ཡིན་པར་བརྗོད། །ཅེས་སོ། །དེ་ལྟར་དམ་བཅའ་བའི་སྙིང་སྟོབས་ཀྱི་གོ་ཆ་དེ་དང་མ་བྲལ་བའི་སྒོ་ནས་མཐར་ཐུག་གི་ཆེད་དུ་བྱ་བ་སངས་རྒྱས་ཀྱི་སའི་སྤངས་རྟོགས་ཕྲིན་ལས་གསུམ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་སྡོམ་སྡུད་གཞན་ཕན་གྱི་ཚུལ་ཁྲིམས་གསུམ་གྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡིས་འཕགས་པའི་ས་བཅུའི་ངོ་བོ་མཐར་ཕྱིན་པར་བྱེད་པ་ལ་སློབ་ལམ་བཞི་པོའི་འགྲོས་ཀྱིས་བསྒྲོད་དགོས་པས་ན། ལས་དང་པོ་པས་ཉེས་སྤྱོད་སྡོམ་པ། དེ་ནས་མོས་སྤྱོད་པས་དགེ་བ་ཆོས་སྡུད། འཕགས་ས་ཐོབ་ནས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གཙོ་ཆེ་བར་བསླབ་པའི་ཚུལ་ཇི་སྐད་བཤད་པ་བཞིན། ད་ལྟ་ལས་དང་པོ་པའི་གནས་སྐབས་ནས་ཀྱང་དངོས་སུ་སྡོམ་པའི་ཚུལ་ཁྲིམས་དང་གཞན་གཉིས་ལའང་ཅི་ནུས་སུ་སྦྱོར་བའི་སྒོ་ནས་རིམ་གྱིས་ལམ་ལྔའི་ཡོན་ཏན་མཐའ་དག་མཐར་ཕྱིན་པར་བྱེད་པའི་བརྩོན་འགྲུས་རྩོམ་པ་དང་། གཙོ་བོ་གཞན་དོན་དུ་ལམ་བསྒྲུབ་པར་དམ་བཅས་ནས་དངོས་སུ་བརྩོན་པའི་བསམ་སྦྱོར་གཉིས་པོ་དེ་སླར་ཇེ་ཞན་དུ་སོང་ནས་མི་འགོང་བ་དང་། དེད་དཔོན་སློང་ལྡན་གྱིས་སེམས་ཅན་གྱི་དབུལ་བ་སེལ་བའི་དོན་དུ་རིན་པོ་ཆེའི་གླིང་ནས་ནོར་བུ་བླངས་པ་རྒྱ་ཚོའི་གཏིང་དུ་ལྷུང་བ་ལས་རྒྱ་ཚོའི་ཆུ་སྙིམས་པས་དོར་ཏེ་བསྐམ་པར་འདོད་པ་ལྟ་བུ་ཐོག་མར་དམ་བཅས་པ་དེ་རྐྱེན་གང་གིས་ཀྱང་བར་མ་དོར་མི་ལྡོག་པ་ཞིག་དགོས་པར་གསུངས་ལ་ད་ལྟ་རང་རེ་སྙིགས་མའི་སྐྱེ་བོ་རྣམས་ཀྱིས་ནི་སྤྱིར་དགེ་བའི་ཕྱོགས་ལ་དམ་བཅའ་མེད་པའམ། ཅུང་ཟད་ཡོད་ཀྱང་བློ་སྟོབས་དམན་པས་ཡུན་ཐུང་ངུ་ཙམ་དང་། དགེ་རྩ་ཕྲ་བ་རེ་ཙམ་ལས་དམ་འཆའ་མི་ནུས་པས་ཞན་པ་དང་། གལ་ཏེ་གློ་བུར་དུ་ངེས་འབྱུང་ལ་སོགས་པའི་དགེ་བའི་ཀུན་སློང་རེ་སྐྱེས་ནས་སྡོམ་པ་ཞུ་བ་དང་། དགེ་སྡིག་ལ་བླང་དོར་གྱི་ཁས་ལེན་དང་དམ་བཅའ་ཙམ་བྱས་ཀྱང་དམ་བཅའ་ལྷོད་པའི་དབང་དང་། ཁྲེལ་དང་ངོ་ཚ་ཆུང་བའི་སྟོབས་ཀྱི་རྐྱེན་ཕྲ་བ་ཙམ་གྱིས་ཀྱང་འཇིག་རྟེན་ཕ་རོལ་ཕར་ཞོག །ད་ལྟ་གཞན་གྱིས་ཁྲེལ་ཞིང་མི་ཁ་དང་གཏམ་ངན་འབྱུང་བའི་ཚུལ་ལའང་ཅང་མི་སེམས་པར་སྡོམ་པ་དང་དམ་ཚིག་རལ། ཁས་ལེན་དང་དམ་བཅའ་ཉམས་པར་འགྱུར་བའི་ཚུལ་འདི་ལ་བསམ་ནས་ཉི་མ་རེ་རེ་བཞིན་དམ་བཅའ་ཡང་ལེན་བྱས་ནས་བླང་དོར་གྱི་གནས་ལ་འབད་པར་མ་བྱས་ན་སྡུག་བསྔལ་དང་ཉོན་མོངས་པ་འདི་ཟད་པའི་མཐར་ནམ་ཞིག་ཕྱིན་ཏེ། སྤྱོད་འཇུག་ལས། ཉིན་མཚན་ཕྱེད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །ཞེས་སོ། །དེ་ལྟར་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལམ་བསྒྲུབ་པ་ལ་ཞུགས་པ་ན་ལམ་གྱི་ཡོན་ཏན་ཅི་བྱུང་ཡང་དེ་ཙམ་གྱིས་འོང་ངོ་སྙམ་དུ་ཆོག་ཤེས་པ་ནི་མེད་པ་ཞིག་དགོས་ཏེ། སྐྱོན་ཅི་ཙམ་མ་སྤངས་ཡོན་ཏན་ཅི་ཙམ་རྒྱུད་ལ་སྐྱེས་ཀྱང་ད་དུང་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་དུ་སྐྱོན་སྤང་དུ་ཡོད་ཅིང་། ཡོན་ཏན་གོང་མ་བསྒྲུབ་ཏུ་ཡོད་པས་བརྩོན་པ་མི་འདོར་པར་བྱའོ། །ལར་ད་ལྟ་རབ་བྱུང་གི་གཟུགས་བརྙན་འཛིན་པ་རྣམས་ཀྱིས་སྟོན་པའི་རྗེས་འཇུག་ཏུ་ཁས་འཆེ་ནའང་ཆོག་ཤེས་བྱེད་དགོས་པར་གསུངས་པའི་འཇིག་རྟེན་པའི་ནོར་དང་ལོངས་སྤྱོད་ལ་ནི་ཅི་ཙམ་ཡོད་ནའང་ཆོག་ཤེས་པ་མེད་པར་དུག་ཞིག་རྙེད་ཀྱང་གསོག་པར་འདུག་པ་ལ། ཆོག་ཤེས་མི་རུང་བར་གསུངས་པའི་ཆོས་ནི་གཞུང་གཅིག་ཙམ་ལ་བསླབ་གཉེར་བྱས་ན་དེ་ཙམ་གྱིས་ཆོག་ཟེར་བ་དང་། བསྲུང་སྡོམ་སྣ་རེ་བསྲུང་ན་དེ་ཙམ་གྱིས་ཆོག་སྙམ་པ་འདི་ཚོ་ནི་བླང་དོར་གོ་ནོར་བ་ཡིན་པས་དེའི་ཚུལ་ཤེས་དགོས་གསུངས། དེས་ན་གོང་དུ་ཇི་སྐད་བཤད་པ་ཡི་བརྩོན་འགྲུས་བསླབ་གསུམ་གྱི་གྲོགས་སུ་བསྟེན་པ་ཅན་གྱི་ལམ་སྒྲུབ་པ་པོ་དག་གིས་ནི་རླུང་གིས་ཤིང་བལ་ལ་དབང་བསྒྱུར་བ་བཞིན་ཡིད་ལ་ཇི་ལྟར་སྨོན་པའིི་གནས་སྐབས་དང་མཐར་ཐུག་གི་རང་གཞན་གྱི་དོན་ཀུན་འགྲུབ་པ་ནི་གདོན་མི་ཟའོ། །ཁྱད་པར་དུ་ཚེ་ལ་ལོང་མེད་དུ་བསམ་པ་ནི་བརྩོན་འགྲུས་ཀྱི་ཡན་ལག་ལེ་ལོའི་གཉེན་པོ་ཡིན་པས་འདི་ལྟར་བསམ་པར་བྱ་སྟེ། བདག་གི་ཚེ་འདི་ལ་ནི་ཉིན་མོའི་སྣང་བ་བཞིན་གཉེན་དང་མཛའ་བཤེས་ནོར་དང་ལོངས་སྤྱོད་སོགས་ཕུན་སུམ་ཚོགས་ནའང་། ཚེ་འཛད་པའི་ཚུལ་ནི་ཉ ི་མ་ནུབ་ཀྱིི་རི་ལ་ཕྱོགས་ནས་མགྱོགས་པར་འགྲོ་བ་བཞིན་སྐད་ཅིག་སྐད་ཅིག་གིས་ཟད་ཅིང་མཐར་ཐུག་པར་གྱུར་ཏེ་མྱུར་བ་མྱུར་བར་གྲིབ་སོ་ཚུར་ཚུར་འ ོང་ནས་མུན་རུབ་པ་བཞིན་འཆི་བའི་མུན་ནག་གིས་གཏུགས་པར་འགྱུར་ཏེ། ཇི་སྐད་དུ། ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་འགྲོ། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །ཞེས་སོ། །དེའི་ཚེ་ན་མི་འདི་ཤི་བའི་རྗེས་སུ་ལོངས་སྤྱོད་འདི་དག་གིས་འདི་ལྟར་བྱའོ་ཞེས་གཉེན་གྲོགས་ཀྱིས་གྲོས་བསྡུར་དང་། ཡོ་བྱད་ཀྱི་བགོ་བཤའ་སོགས་བྱེད་པའི་ཚུལ་ཡད་ཡུད་དུ་མཐོང་བའི་འཁོར་བའི་སྤྱོད་པ་འཇིག་རྟེན་པའི་བྱ་བཞག་མཚན་མོའི་རྒྱུ་སྐར་ལས་ཀྱང་རྣམ་གྲངས་མང་བ་ཞིག་ཡོད་པ་ཡིན་ནའང་། རང་ལ་དབང་ཞིང་རྗེས་སུ་འབྲང་བ་ནི་གཅིག་ཀྱང་མེད་ཅིང་། རང་བྱས་ཀྱི་དགེ་བ་ཞིག་མེད་ན་ཤུལ་མི་རྣམས་ཀྱིས་ལོངས་སྤྱོད་མཆོད་སྦྱིན་སོགས་བྱས་ཀྱང་དེ་ཁོ་ན་ཡིས་བར་དོའི་འཇིགས་སྐྲག་ལ་སོགས་པ་ལས་དབུགས་མི་ཕྱིན་ཏེ། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་སོ། །ཚུལ་དེ་ལྟ་བུ་ལ་བསམ་ནས་བརྩོན་འགྲུས་རྩོམ་པ་ནི། ནཱ་གཱརྫུ་ནས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ནི། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་བརྩོན་འགྲུས་ལ་བསྐུལ་བའི་གཏམ་མྱུར་བའི་མཐར་ཐུག་པའོ། །དེ་བས་ན་ལེ་ལོ་དང་མ་འདྲེས་པའི་བརྩོན་འགྲུས་རྩོམ་དགོས་པའི་ཚུལ་ནི། དྲན་པ་ཉེར་བཞག་ལས། ཉོན་མོངས་ཀུན་གྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་པ་ལྟར། ལེ་ལོའི་སྐྱོན་དང་བཅས་ནས། ཆུ་མིག་ཆུང་ངུ་འདམ་གྱི་རྙོག་པ་ཅན་དག་ནི་ཆར་འབབས་པ་ལ་སོགས་པའི་ཚེ་ན་རྒྱུན་འབབ་པ་ལྟར་སྣང་ཡང་། དུས་གཞན་དུ་རྒྱུན་ཆད་པའམ་ཕྱོགས་གཅིག་ཏུ་འཁྱིལ་བ་བཞིན། རེས་འགའ་བརྩོན་ཡང་ལེ་ལོའི་དབང་གིས་རྒྱུན་ཆད་ནས་ཐེག་གསུམ་གྱི་ལམ་གང་ཡང་མི་འགྲུབ་པའམ། ཁྱད་པར་ཐེག་པ་ཆེན་པོའི་ལམ་གྱི་མི་མཐུན་པའི་ཕྱོགས་རང་དོན་ཙམ་ལ་ཞེན་ནས་ལམ་བསྒྲུབ་ཀྱང་ཞི་བ་ཕྱོགས་གཅིག་པའི་མཐར་ལྷུང་ནས་འགོག་པའི་དབྱིངས་སུ་བག་ཆགས་ཕྲ་བ་དང་བཅས་པའི་སེམས་ཀྱི་རྒྱུན་འཁྱིལ་བ་ལས་རྣམ་མཁྱེན་གྱི་སར་མི་ཕྱིན་པས། སྐྱོན་དེ་དག་གིས་དྭངས་པའི་བརྩོན་འགྲུས་ཀྱི་གྲོགས་དང་བཅས་ནས་ལམ་གྱི་བགྲོད་པའི་ཚུལ་དལ་འབབ་སྟེ་ཆུ་ཆེན་པོའི་རྒྱུན་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ལྟ་བུ་ནི་ཆུ་ཕྲན་ཕྱོགས་སུ་ལྷུང་ནས་སྐམས་པར་གྱུར་བའམ་འཁྱིལ་བར་སྟོན་པ་དེ་ལྟ་བུ་མ་ཡིན་པར་རྒྱ་མཚོ་ཆེན་པོར་ངང་གིས་འབབ་པ་བཞིན་རྣམ་པ་ཐམས་ཅད་ཀུན་མཁྱེན་བའི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་ཕྱིན་པ་དེ་སྲིད་དུ་རྟག་པར་ཐང་ལྷོད་མེད་པའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་འབྲས་བུའི་སར་གཡོ་ཞིང་མྱུར་བའི་སྒོ་ནས་བགྲོད་པའི་བརྟུལ་ཞུགས་ཉམས་པར་མི་བགྱིད་དོ། །དེ་སྐད་དུ། མདོ་སྡེའི་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །བྱང་ཆུབ་སེམས་དཔའ་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་གཉིས་ཏེ། བསམ་གཏན་འགྲུབ་པའི་རྒྱུ་ཚོགས་བཤད་པ་དང་། བསམ་གཏན་དངོས་བཤད་པའོ། །དང་པོ་ལ་ལྔ་སྟེ། ནགས་ཚལ་གྱི་གནས་ལ་བསྔགས་པ། ལོངས་སྤྱོད་ལ་ཆགས་པ་སྤང་བ། གྲོགས་ངན་ལ་ཆགས་པ་སྤང་བ། ཡུལ་ལ་ཆགས་པ་སྤང་བ། དབེན་པའི་ཡོན་ཏན་དྲན་པའོ། །དང་པོ་ནགས་ཚལ་གྱི་གནས་ལ་བསྔགས་པ་ནི། གང་དུ་གཞི་ཐམས་ཅད་རྩྭ་ལྗང་དང་ལྡུམ་བུའི་རིགས་སྣ་ཚོགས་ཀྱིས་བཀབ་པ་ལ་རྨ་བྱའི་མགྲིན་པ་ལྟ་བུའི་ཁ་དོག་ཤིན་ཏུ་ལེགས་པའི་ནགས་ཚལ་ཤིང་ལྗོན་པའི་རིགས་དུ་མའི་ཡལ་ག་ཕྱོགས་ཕྱོགས་སུ་གྱེས་པ་ལ་ལོ་འདབ་དང་མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་མཛེས་པར་སྤུད་པ། ས་གཞིའི་ངོས་ན་ཡང་མེ་ཏོག་གི་རིགས་ཁ་དོག་དུ་མ་དགོད་པ་དང་འདྲ་བར་འདབ་མ་ཀུན་ཏུ་རྒྱས་ཤིང་ཟེའུ་འབྲུ་ངོམ་པ་ལ་བུང་བ་རྣམས་གླུ་ལེན་ཞིང་འཕུར་ལྡིང་གཡོ་བཞིན་འཁོར་བ་ལ་སོགས་པས་ཉམས་དགའ་བར་འཁྲིགས་པའི་གནས་སུ་རླུང་སིལ་བུའི་རྐྱེན་གྱིས་དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ལྡང་བའི་སྨན་གྱི་ལྗོངས་དེར་ནི། ཕུ་ཆུ་བསིལ་བའི་སྒྲ་ཧ་ཅང་རྩུབ་མོ་མ་ཡིན་པ་འབབ་སྟེགས་བཟང་པོ་ནས་ལྷུང་སྒྲ་སྙན་པར་འབབ་ཅིང་། མཚམས་མཚམས་སུ་མཚོ་དང་། རྫིང་བུ་དང་། ལྟེང་ཀ་དང་། མཚེའུ་སོགས་ནེའུ་སེང་གི་མུ་ཁྱུད་ཅན་ལ་ངང་པ་དང་ངུར་པ་སོགས་ཆུ་བྱའི་རིགས་སྤུ་མདངས་ལེགས་ཤིང་སྐད་སྙན་འབྱིན་ལ་སྤྱོད་ལམ་ཤིན་ཏུ་ཞི་བ་མང་པོས་བརྟེན་པར་བྱས་ཤིང་རི་བོའི་ངོས་རྣམས་སུ་བལྟ་ན་སྡུག་པའི་བྲག་རི་ངོས་འཇམ་ཞིང་ཁ་དོག་སྣུམ་པའི་དཀྱིལ་དག་ན་རང་བྱུང་གི་ཕུག་པ་དང་། སྟེང་འོག་དང་ཕྱོགས་རྣམས་སུ་བྲག་ཐེམ་དང་རི་མོ་རྣམ་པར་བཀྲ་ཞིང་ཁ་དོག་ཕྱེད་པའི་དབྱིབས་ཕ་གུ་དང་། རྟ་བབས་ཀྱི་རྣམ་པ་ཅན་གྱིས་མཛེས་པའི་སྤོ་ན་བྱ་དང་། ངོས་དང་གཤམ་རྣམས་སུ་རི་དྭགས་གཞོན་ནུ་འགྲོགས་ན་བདེ་བ། གནོད་པའི་བསམ་མ་མཆིས་པ་མང་པོ་རྩེ་ཞིང་རྒྱུག་པས་མཛེས་པ་ཡོད་ཅིང་། གཞན་ཡང་རི་རྣམས་ཀྱི་སྤྱི་བོ་ཟླ་བའི་ལྭ་ཐོད་ཀྱིས་མཛེས་པར་བྱས་པའི་མགུལ་ན་སྤང་ལྗང་བཟང་པོ་དར་ཟབ་གཅལ་དུ་བཀྲམ་པ་ལྟ་བུའི་རྐེད་ཆིངས་ཆར་སྤྲིན་གྱིས་འཁྲིགས་ཤིང་། གེལ་བ་མ་ཡིན་པའི་རང་བཞིན་སྙིང་ལ་དགའ་བ་བསྐྱེད་པའི་ནགས་ཚལ་ལྷའི་བུ་མོའི་གཟུགས་བས་ཀྱང་ལྷག་པར་མཛེས་པའི་རྐེད་ཆིངས་ནི་ཤིང་བལ་གཞོན་ནུའི་ལུ་གུ་རྒྱུད་དུ་སྦྲེལ་བས་དྲྭ་བ་དང་དྲྭ་བ་ཕྱེད་པའི་རྣམ་པར་བྱས་པ་དང་ཡལ་གའི་ལྕུག་ཕྲན་ལྡེམ་པོར་མུ་ཏིག་གི་ལན་ཚར་དཔྱངས་པ་ལྟ་བུའི་ལོ་མ་དང་མེ་ཏོག་ཕང་ཕུང་རླུང་འཇམ་པོས་གཡོ་ཞིང་དལ་བར་བསྐྱེད་པའི་རྩེ་ན་འདབ་ཆགས་རྣམས་ཀྱི་རྗེ་བོ་གཉེན་ཞིང་ལྕུག་པའི་ལང་ཚོ་ལ་བྱེ་རུའི་འདྲེན་བྱེད་འདར་ཞིང་འཕྲིག་པ་ཅན། འཚེ་བ་ལ་དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་གི་ཚོགས་རྣམས་ཀྱིས་འཁོར་བའི་རང་བཞིན་གཡོ་བ་འཇིག་པ་འཕོ་འགྱུར་ཅན་སྙིང་པོ་མེད་ལ་ཉེས་དམིགས་མང་བ། ཡིད་བརྟན་དུ་མི་རུང་བའི་མཚན་ཉིད་ཅན་ལ་མངོན་པར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་གསར་པ་འགྲེམ་པས་བསམ་གཏན་པ་རྣམས་ལ་བརྩོན་འགྲུས་ཀྱི་བསྐུལ་མ་བྱེད་པ་ཡོད་དེ། སློབ་སྤྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པ་འཁྱུད་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་བ་ཆེ། །ཞེས་དང་། སློབ་དཔོན་དཔའ་བོས། བུང་བ་རྒྱགས་ལྡིང་གླུ་ལེན་ཅིང་། །ལྗོན་ཤིང་ཡལ་ག་གར་བྱེད་ལ། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་ཡབ་ངད་འཇམ་ཕྱོགས་ན་གཡོ། །ཕུ་ཆུ་ལྟུང་རྒྱུན་སྒྲ་ཡང་སྒྲོག །མཛེས་པའི་རི་དྭགས་རྒྱུག་ཅིང་བསྐོར། །མེ་ཏོག་ཚོགས་ནི་དགོད་པ་འདྲ། །ཙནྡན་སྤོས་སོགས་དྲི་ངད་ལྡན། །དགོན་པའི་ཡོན་ཏན་འདི་ལྟ་བུའི། །རང་གཞན་དག་ལ་ཕན་འདོགས་ཤིང་། །ལན་ལ་ཅུང་ཟད་མི་རེ་སྟེ། །གྲོགས་མང་རྣལ་འབྱོར་ཅི་ཕྱིར་སྐྱོ། །འཇིག་རྟེན་ཕལ་པ་དེ་ལྟར་མིན། །ཞེས་སོ། །གཉིས་པ་ལོངས་སྤྱོད་ལ་ཆགས་པ་སྤང་བ་ནི། དེ་ལྟ་བུའི་ཆོས་དང་མཐུན་པའི་དགའ་བའི་ལོངས་སྤྱོད་མང་པོས་བརྒྱན་པའི་དབེན་གནས་དེ་རུ་མྱུར་བར་གཤེགས་ཤིག་ཅེས་བསྐུལ་ཏེ། སུ་ཞིག་ན་བསམ་གཏན་བསྒོམ་པར་འདོད་པ་རྣམས་སོ། །རྒྱུ་མཚན་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་དབུས་ནས་བསམ་གཏན་གྲུབ་པ་སུ་ཡང་མེད་པས་བདག་ཅག་གི་སྟོན་པ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསྐལ་པ་གྲངས་མེད་པ་གསུམ་དུ་བསྟེན་གོམས་མཛད་པ་དེ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་སྤངས་ནས་དབེན་པ་ལ་གཤེགས་དགོས་ན་གཞན་སྨོས་ཅི་དགོས། དེ་ཡང་འདི་ལྟར་འཇིག་རྟེན་གྱི་འབྱོར་པ་ནི་ཁྱིམ་ལ་གནས་པ་རྣམས་ལ་ཡོད་པ་སྟེ། དེའི་རང་བཞིན་ནི་ནོར་དང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་གང་ཇི་སྙེད་པ་ཐམས་ཅད་སྙིང་པོ་མེད་ཅིང་ཉེས་པའི་ཆར་རྒྱུན་འཛིན་པ། མི་བརྟན་ཞིང་ཡུད་ཙམ་གྱིས་ཡོད་མེད་བྱེད་པ་ནམ་མཁའ་ལ་གློ་བུར་དུ་བྱུང་བའི་སྤྲིན་གྱི་བླ་རེ་ལྟ་བུའི་ནང་ཤེད་ན། སྐྱེས་བུ་རྣམས་ཀྱི་ཚེ་བརྟན་ཞིང་སྲོག་འཚོ་བའི་རྐྱེན་དུ་ཕན་པར་རློམ་ནས་རོལ་ཞིང་སྤྱོད་ན་ཡང་ལོངས་སྤྱོད་གཡོ་བ་དེ་བས་ཀྱང་ཚེ་སྲོག་དེའི་རང་བཞིན་ནི། ཤིན་ཏུ་མི་བརྟན་པའི་སྤྲིན་གྱི་དངོས་པོ་ལས་ཀྱང་ཆེས་འགྱུར་སླ་ཞིང་ཡུད་ཙམ་པའི་སྣང་བ་ལས་མེད་པའི་གློག་གི་འགྱུར་བ་ལྟ་བུ་ནི་སྐད་ཅིག་སྐད་ཅིག་གིས་གཡོ་ཞིང་འདར་ནས་ཟད་པར་འགྱུར་བ་ལས་ཡུན་དུ་སྡོད་པའི་ལོང་ཁོམ་མེད་ལ། དེ་ལྟར་ཡུད་ཙམ་གནས་པའི་སྐབས་དེར་ཡང་འགྱུར་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་ཆོམ་རྐུན་ལྟ་བུ་རྟག་ཏུ་དཀྱུ་ཞིང་འགྲོ་བས་མནར་བར་བྱེད་ཅིང་། ཁྱད་པར་དུ་འདི་ཕྱི་ཐམས་ཅད་ཕུང་ཀྲོལ་ཏེ་ཉེས་པ་དུ་མ་བསྐྱེད་པར་བྱེད་པ་ནི། དཔེར་ན་རྦ་རླབས་དྲག་ཏུ་འཕྱུར་ཞིང་རྒྱུན་མྱུར་དུ་འབབ་པའི་ཆུ་ཀླུང་འུར་སྒྲ་སྒྲོགས་པའི་ཅ་ཅོ་ཅན་དེའི་རྒྱུན་གཞན་དུ་བཟློག་ཏུ་མེད་པར་རྒྱ་མཚོ་ཆེན་པོར་ངང་གིས་འབབ་པ་བཞིན། སྐྱེ་བོ་རྣམས་ཀྱང་སྐྱེས་ནས་ཅུང་ཟད་ནར་སོན་ཏེ་ནུས་པ་ཡོད་ཙམ་ནས་བཟུང་སྟེ་ལོངས་སྤྱོད་གསོག་པ་དང་། བསྲུང་བ་དང་། སྤེལ་བ་གསུམ་གྱི་བྱ་བས་རྟག་ཏུ་བྲེལ་ཞིང་ངལ་དུབ་དང་ཚ་གྲང་ལ་སོགས་པའི་སྡུག་བསྔལ་ཤུགས་དྲག་པོས་གདུང་བའི་ངང་ལ་འདོད་པས་གདུང་ཞིང་ཆོག་མི་ཤེས་ལ་རེ་དོགས་ལ་སོགས་པའི་རྣམ་རྟོག་ངན་པས་རྒྱུད་འཁྲུགས་པ་དང་། དེ་ཡང་ཅུང་ཟད་འབྱོར་ན་ནི་ཁེངས་ཤིང་ཕ་རོལ་ཁྱད་དུ་གསོད་པ་ལས་ལོངས་སྤྱོད་ལ་སྙིང་པོ་ལེན་པའི་མཆོད་སྦྱིན་ནི་མི་ནུས་པའི་སྟེང་དགོས་རྒྱུ་ཡང་ལྷག་པར་ཆེར་བ་དང་། དེ་ལས་བྲི་ཡིས་དོགས་ནས་འཇུངས་པ་དང་། རང་ཉིད་ཀྱི་ཁ་ཟས་རྒྱབ་གོས་བཟང་པོ་ཙམ་ལ་ཡང་སེར་སྣ་བྱེད་པ་དེ་ལྟ་བུའི་ལས་ངན་གྱི་ཤུགས་བཟློག་ཏུ་མེད་པ་དེས་བདས་བཞིན་ཚེ་ཡི་མཐར་གཏུགས་ནས་རྒྱུ་དེས་ངན་འགྲོའི་ཆུ་གཏེར་གཏིང་ཟབ་ལ་ཐར་དཀའ་བར་བྱིང་ནས་མུ་དང་མཐའ་མེད་པར་འཁྱམས་པར་འགྱུར་ཏེ། སྤྱོད་འཇུག་ལས། བསག་དང་བསྲུང་དང་བརླག་པས་གདུང་བ་ཡི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་སོ། །དེས་ན་ནོར་རྫས་ནི་སྡུག་བསྔལ་གྱི་གྱུར་ངེས་ཏེ། །དང་པོ་ནས་ལོངས་སྤྱོད་བསྒྲུབ་པའི་བྱེད་པ་མི་དགེ་བའི་ཀུན་སློང་ངན་པས་བསྐྱེད་པ་ཅན་ཏེ། རྒྱུད་མི་དྲང་བའི་བསམ་པ་གྱ་གྱུ་བ་གཡོ་དང་། གཞན་བསླུ་བའི་བསམ་པ་སྒྱུ་སྟེ་དེ་གཉིས་འབྲེལ་བའི་རང་བཞིན་དབྱར་དུས་ཀྱི་ཆར་སྤྲིན་བརྣགས་པ་ན་ལམ་སོགས་མི་མཐོང་བ་ལྟ་བུའི་སྒོ་ནས་གཞན་མགོ་རྨོངས་པར་བྱས་ཏེ། དངོས་སུ་འཕྲོག་པའམ། འཇབ་བུས་རྐུ་བའམ། ཚུལ་འཆོས་ལ་སོགས་པའི་ཐབས་ཀྱིས་སྟེར་དུ་འཇུག་པའམ། ཁྱད་པར་དུ་ཚོང་བྱེད་པ་རྣམས་ཀྱིས་ནི། རྫུན་བཤད། མནའ་ཟ། འཐབ་མོ་བྱེད། སེམས་ཅན་གྱི་སྲོག་ལ་འཚེ། རྟ་ཁལ་ལ་སྡུག་གཏད། ཉིན་མཚན་ཁོ་མོར་ཡུག་ཏུ་དེ་ཁོ་ན་ལ་སེམས། དེ་ཁོ་ན་བཤད། གཅིག་གིས་གཉིས། གཉིས་ཀྱིས་གསུམ་སོགས་ཨེ་འཐོན་བལྟ་བའི་ཞེ་ཁྲེལ་དང་གཡོ་སྒྱུའི་བསྐོར་མགོ་འབའ་ཞིག་གིས་དུས་འདས་ནས་འཆི་ཁར་ཡང་འཁྲུལ་འོང་བ་ལ་སོགས་པའི་ཉེས་པ་ཚད་མེད་པས། སྤྱིར་དལ་འབྱོར་ཆུད་ཟོས་སུ་འགྱུར་བ་དང་། ཁྱད་པར་དུ་ཡང་སྟོན་པའི་རྗེས་འཇུག་རྣམས་ཀྱི་རྒྱུད་ཆུད་ཟོས་སུ་བྱེད་པའི་ཉེས་པ་ཞིག་ལ་ཚོང་འདི་བས་ཐུ་བ་མེད་གསུངས། དེ་ལྟ་བུའི་མི་དགེ་བའི་བསམ་སྦྱོར་གྱིས་བསྒྲུབ་པའི་རིན་ཐང་ཅན་གྱི་ནོར་ལོངས་སྤྱོད་ཀྱི་དངོས་པོ་ནི་ཇི་ཙམ་ཞིག་འབྱོར་ཞིང་ཡོད་བཞིན་དེ་ཉིད་གཞན་གྱིས་བརླག་དོགས་པ་ལ་སོགས་པས་སྐྲག་པ་དང་བསྲུང་བའི་འབད་རྩོལ་ཡང་ཆེས་མང་བས་སྡུག་བསྔལ། དེ་ལ་བརྟེན་པའི་ཉེས་པ་ཡང་དེ་ཙམ་ཆེ་བས། འདི་ཕྱི་ཀུན་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ་ཡིན་ཏེ། མགོན་པོ་ཀླུའི་དབང་པོས། ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་དང་། བླ་མ་ལ་སྤྲིང་བར། ཟང་ཟིང་ཕྱིར་ན་རྩོད་འགྱུར་ཏེ། །ཟང་ཟིང་མེད་ལ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་སྤང་བ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །ཞེས་ཆུ་སྐྱར་གྱིས་ཉ་ཁ་ནས་བོར་ན་རྩོད་པ་ཞི་བ་བཞིན་ལོངས་སྤྱོད་མེད་པ་ལ་རྩོད་པ་མེད་པས་བདེ་བར་འགྱུར་རོ། །དེ་བས་ན་ལྟོ་འགྲངས་པ་ལྷག་པ་སྐྱོབ་ནུས་པ་ཙམ་གྱི་ལོངས་སྤྱོད་ཉི་ཚེ་བ་ལས་མེད་པའི་ཡོ་བྱད་བསྙུངས་པ་རྣམས་ནི་དགྲ་རྐུན་གྱི་འཚེ་བས་སྤོང་བ་དང་། དང་པོ་བསྒྲུབ་སླ། བར་དུ་བསྲུང་སླ། ཐ་མ་བརླག་པར་གྱུར་ནའང་འགྱོད་པ་མེད། དེ་ལ་བརྟེན་ནས་ཉེས་པ་མི་སོགས་ཤིང་། ཞེན་ཆགས་མི་སྐྱེ་བས་བསམ་གཏན་འགྲུབ་སླ་བའི་སོགས་དེ་ལས་ལྡོག་པའི་ཡོན་ཏན་མཐའ་ཡས་ལ། དེས་ན་ཆོག་ཤེས་ཐོབ་པ་ནི་འབྱོར་པ་ཐམས་ཅད་པའི་རྩེ་མོར་འགྲོ་བ་ཡིན་ཏེ། འབྱོར་ལྡན་རྣམས་ནི་ལོངས་སྤྱོད་ཀྱི་བདེ་བ་ལ་སྤྱད་པ་དེ་བས་འབྱོར་པས་བསྐྱེད་པའི་སྡུག་བསྔལ་ཆེ་བ་དང་འདོད་པས་གདུང་ལ། ཆོག་ཤེས་དང་ལྡན་པ་རྣམས་ནི་དེ་ལས་ལྡོག་པས་སོ། །དེ་སྐད་དུ་བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་སོ། །གསུམ་པ་གྲོགས་ངན་ལ་ཆགས་པ་སྤང་བ་ནི། སྤྱིར་འཕགས་པ་རྣམས་ལ་ལྟོས་ན་སོ་སྐྱེ་ཐམས་ཅད་ལ་བྱིས་པ་ཞེས་བྱ་ཞིང་། དེ་བཞིན་དུ་མཁས་པ་ལ་ལྟོས་ན་བླུན་པོ་རྣམས་དང་། རྒན་པོ་ལ་ལྟོས་ན་གཞོན་ནུ་རྣམས་ལ་བྱིས་པ་ཞེས་བརྗོད་པ་ལས་འདིར་སོ་སོ་སྐྱེ་བོའི་ནང་ནས་ཕལ་པ་བླུན་པོ་རྣམས་ཀྱི་རང་བཞིན་ནི་བྱིས་པ་སྟེ་བུས་པ་མ་རབས་ཞིག་སྟེ། འདི་ལྟར་བྱིས་པ་དེ་རྣམས་ཀྱི་རྒྱུད་ནི་བསམ་སྦྱོར་ཕྱིན་ཅི་ལོག་གི་ཉེས་པའི་སྤྲིན་གྱིས་རྟག་ཏུ་གང་ཞིང་འཁྲིགས་པའི་དབང་གིས་བདག་ཉིད་ཀྱི་སྐྱོན་ཡང་ཡོན་ཏན་དུ་བསྒོམས་ནས་དེ་ལ་མངོན་པར་བསྟོད་ཅིང་། གཞན་གྱི་ཡོན་ཏན་ཡང་སྐྱོན་དུ་བཟུང་ནས་དེ་ལ་མི་སྙན་པ་སྣ་ཚོགས་སྒྲོག་པ་དང་། ཉོན་མོངས་པའི་དུག་གིས་ཁོང་གང་ཞིང་དུག་སྦྲུལ་གདུག་པ་ཅན་གྱི་ལྕེ་བཞིན་བསམ་སྦྱོར་རྩུབ་མོའི་ཉམས་བག་ལ་རྟག་ཏུ་བསྟེན་ནས་སྡིག་པ་མི་དགེ་བ་འཕེལ་བ། འཇིག་རྟེན་པའི་དཔལ་དང་འབྱོར་པ་གཉེན་གྲོགས་དང་ནོར་རྫས་སོགས་གཡོ་ཞིང་མི་བརྟན་པ་སྙིང་པོ་མེད་ཅིང་འཇིག་སླ་བ་སྡུག་བསྔལ་དུ་མའི་གཞིར་གྱུར་བ་གང་ལའང་རྟག་བརྟན་སྙིང་པོ་ཅན་བདེ་བའི་རྒྱུ་ཡིན་པར་སེམས་ནས་དགེ་བ་ཞི་བའི་ལམ་ལ་བརྩོན་པ་དོར་ནས་དེ་ཁོ་ན་ལ་ཞེན་ཅིང་རྩོལ་བ། དེ་དག་ལ་ནི་དགེ་བའི་བཤེས་གཉེན་སོགས་ཀྱིས་ཕན་པ་བསྒྲུབ་པའི་བྱ་བ་ཅི་བྱས་པ་ལ་ཡང་འདིས་བདག་ལ་འདི་ལྟ་བུའི་ཕན་བཏགས་སོ་སྙམ་དུ་བསམ་ནས་དྲིན་ལན་མི་གཟོ་བར་མ་ཟད་ཕན་ལན་དུ་གནོད་པ་བྱེད་པ་དང་། དེ་དག་ནི་མོས་པ་སྣ་ཚོགས་པ་ཅན་ཡིན་པས་མགུ་བའི་དུས་མི་འོང་ཞིང་། ཆོས་དང་མཐུན་པའི་ངག་བཀོད་དང་འདི་ཕྱིར་ཕན་པའི་བསམ་སྦྱོར་བཟང་པོ་བྱེད་པ་རྣམས་ལ་མགུ་བའི་རྣམ་འགྱུར་གྱི་གཟུགས་བརྙན་ཕྱིན་ཅི་ལོག་ཏུ་འཁྱོག་ནས་ཁྲོ་ཞིང་མི་དགའ་བའི་རྣམ་འགྱུར་མང་པོ་སྟོན་ཏེ། སློབ་དཔོན་ཤཱནྟ་དེ་བས། དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོ་སྐྱེ་བོ་མགུ་བར་དཀའ། །ཞེས་དང་། ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་བཟློག་པར་བྱེད། །ཅེས་སོ། །གཞན་མཐུན་པའམ་བཏང་སྙོམས་སུ་གནས་པ་ལའང་མི་དགའ་བས་མཁོན་དུ་འཆོས་པ་དང་། མཁོན་གྱི་ཟུག་རྔུ་མེ་ལྕེ་ཆུང་དུ་ལྟ་བུ་ཅུང་ཟད་ཡོད་པའང་ཕྲ་མ་བྱེད་པའི་ངག་སྦྱོར་རླུང་ཆེན་པོ་ལྟ་བུ་དག་གིས་བསྐྱོད་དེ་འཐབ་མོ་སྦར་བར་བྱེད་པ་དང་། རང་བཞིན་མི་བརྟན་པ་སྤྲེའུ་བཞིན་དུ་སྤྱོད་པ་ཐམས་ཅད་ཆོས་དང་འགལ་བས་གནོད་པའི་རྒྱུ་མི་དགེ་བ་སྣ་ཚོགས་པ་སྟེར་བ། ཆུ་སྲིན་གྱི་ཁ་གདངས་པའི་ནང་སྲོག་ཆགས་མང་པོ་རྒྱ་མཚོའི་ཆུ་དང་བཅས་རྡུབ་སྟེ་ལྟོ་བར་ཆུད་པ་བཞིན་དུ་སྡིག་པའི་ལས་བསྒྲུབ་པའི་སེམས་ཀྱི་ལྟོ་བ་ནི་ཤིན་ཏུ་ཡངས་ཏེ་ཉི་མ་རེ་རེ་བཞིན་སེམས་ཅན་མང་པོའི་སྲོག་ལ་འཚེ་བ་སོགས་སྒོ་གསུམ་གའི་འབད་པ་ཆིག་དྲིལ་དུ་མི་དགེ་བའི་ཕྱོགས་ལ་བརྩོན་ཀྱང་ཉེས་པ་ཙམ་དུ་ཡང་མི་སེམས་པར་ད་དུང་ངོམས་སུ་མེད་པ། དུག་རླངས་འཐུལ་བའི་སྦྲུལ་གདུག་པ་བཞིན་དུ་སུ་ཞིག་དང་ཕྲད་པ་ཡིན་ཀྱང་ཉེས་པའི་དུག་གིས་དེའི་ཐར་བའི་སྲོག་ལ་རྒོལ་ཞིང་རྒྱུད་འཇོམས་པར་བྱེད་པ། རྟག་ཏུ་རྒྱུ་འབྲས་ཁྱད་དུ་གསོད་པའི་ལོག་ལྟ་དང་། ཁོང་ཁྲོ་ལ་སོགས་པའི་དབང་གིས་མེ་ཆེན་པོ་བཞིན་དུ་རང་དང་གཞན་གྱི་རྒྱུད་ཀྱི་དགེ་བའི་ལྗོན་ཤིང་ཐམས་ཅད་ཡུད་ཙམ་ལ་བསྲེག་པར་འགྱུར་བའི་ཐ་ཆད་ཀྱི་བྱིས་པ་སྡིག་པའི་གྲོགས་པོ་དགེ་བའི་བར་ཆད་དུ་གྱུར་པ་དེ་རྣམས་ལས་ཐག་རིང་དུ་བསྲིང་སྟེ་དམ་པའི་བསྟི་གནས་དབེན་ཁྲོད་ཉམས་དགའ་བར་བགྲོད་པར་བྱ་དགོས་པའི་ཚུལ་ལ་གདམས་པའོ། །བཞི་པ་ཡུལ་ལ་ཆགས་པ་སྤང་བ་ནི། འདི་ལྟར་འདོད་པའི་ཡུལ་གཟུགས་ལ་སོགས་པ་དྲུག་པོ་ལ་རྟག་ཏུ་དབང་པོ་དྲུག་གཡོ་ཞིང་ཞེན་པ་དང་བཅས་པས་བག་མེད་པར་སྤྱོད་པ་ནི། རྣོ་ཞིང་མྱུར་བའི་དུག་ལ་སྤྱད་པ་བས་ཀྱང་ཐུ་བ་ཡིན་པའི་ཚུལ་འདི་ལྟ་སྟེ། དུག་ཟོས་པས་ནི་ནད་ཀྱིས་གཟིར་ཞིང་སྲོག་འགག་པ་ཙམ་གྱི་གནོད་པ་འབྱུང་ལ། འདོད་ཡུལ་ལ་ཞེན་པས་སྤྱད་པའི་རྣམ་པར་སྨིན་པས་ནི་ཤིན་ཏུ་དྲག་ཅིང་རྩུབ་པའི་ཚོར་བ་བཟོད་དཀའ་བ་ངན་སོང་གི་སྡུག་བསྔལ་ཡུན་རིང་བོར་མྱོང་དགོས་པའི་ཕྱིར་དང་། བུད་མེད་བསྟེན་པ་དང་། ཟས་ཞིམ་པོ་ཟོས་པ་སོགས་ལོངས་སྤྱད་པའི་མོད་ལ་འབྲལ་བདེ་ཉམས་དགའ་དགའ་ལྟར་སྣང་བ་ནི། དུག་ཟོས་པའི་ཚེ་བདའ་བའི་རོ་མངར་བ་སོགས་བྲོ་ཞིང་མྱོང་བ་ལྟ་བུ་དང་འདྲ་ན་ཡང་དུག་ནད་ནི་ཡུན་ཐུང་ཞིང་སྨན་དང་སྔགས་ཀྱིས་གསོ་རུ་ཡོད་ཀྱི་ཡུལ་ལ་སྤྱད་པའི་ཉེས་པས་ཚེ་རབས་གཅིག་ཙམ་ཞིག་མིན་པར་སྐྱེ་བ་མང་པོའི་དུས་ཐམས་ཅད་དུ་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ཉེས་པ་དེ་ནི་དུག་དྲག་པོ་འཇོམས་པའི་ནུས་པ་དང་ལྡན་པའི་གསང་སྔགས་མཆོག་དང་། བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ནུས་པའི་སྨན་གྱིས་ཀྱང་གསོ་བར་མི་རུང་བས་རྟག་ཏུ་དབང་པོ་ཡུལ་ལ་གཡོ་བའི་འཇུག་པ་དྲན་ཤེས་ཀྱིས་བསྲུངས་ནས་ཉེས་པའི་གཡུལ་ལས་རྒྱལ་བར་བྱེད་པ་དེ་ནི་དཔའ་བོ་མཆོག་ཡིན་ཏེ། བཤེས་སྤྲིང་ལས། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག །གཡུལ་ངོར་དགྲ་ཚོགས་རྒྱལ་བ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །ཞེས་སོ། །དེ་བས་ན་སོ་སོ་སྐྱེ་བོ་གང་ཞིག་ཡུལ་ལ་བརྟེན་ནས་འདོད་པའི་དུག་གིས་མྱོས་པའི་སེམས་ཀྱི་གླང་པོ་ཆེ་ལྷག་མཐོང་གི་སྟོབས་ཀྱིས་མ་དུལ་བར་དུ། བསླུ་བར་བྱེད་པའི་ཡུལ་གྱི་ཉེས་དམིགས་དེ་མངོན་དུ་མི་མཐོང་བས་ཡོན་ཏན་བརྫུ་བ་དང་འདྲ་ཞིང་། བསླུ་ཐབས་ཀྱི་རྣམ་འགྱུར་སྣ་ཚོགས་སུ་སྣང་བས་འཕྲུལ་བ་ལྟ་བུས་ནི་བྱིས་པའི་སྐྱེ་བོ་རྨོངས་པ་རྣམས་བསླུས་ནས་ཐར་པའི་ལམ་ལ་བར་དུ་གཅོད་པའི་མཐུ་ནི་འདོད་པའི་ཡུལ་ལས་ཆེ་བ་གང་ཡང་མེད་པས་ན། གཟུགས་ཀྱི་ཕུང་པོའི་འདུ་བྱེད་ཞིང་སྟེ་ཤི་བའི་དུས་ཁྱོགས་ལ་བཞག་ནས་མི་བཞིས་བཏེག་པའམ། རྟ་ཁལ་ལ་སོགས་པས་ཁུར་ནས་དུར་ཁྲོད་སོགས་སུ་མ་བསྐྱལ་བ་དེ་སྲིད་དུ། འདུ་འཛི་དང་རྣམ་རྟོག་གིས་གཡེང་བ་ངང་གིས་ཞི་བའི་ནགས་ཀྱི་མཐོངས་སོགས་དབེན་པའི་གནས་ཕུན་སུམ་ཚོགས་པ་དག་ལ་བསྙེན་པར་མཛོད་ཅིག་ཅེས་གདམས་པ་སྟེ། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། །ཁྱོགས་ལ་བཏེག་པར་མ་གྱུར་བར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་བྱ། །ཞེས་སོ། །ལྔ་པ་དབེན་པའི་ཡོན་ཏན་དྲན་པ་ནི། འདི་ལ་བས་མཐའ་ནི་རྒྱང་གྲགས་ཕྱེད་དམ་གྲོང་ཟད་པའི་མུར་ཐུག་པ་དང་འབྲོག་དགོན་པ་ནི་མ་འཐའ་གྲོང་ལས་རྒྱང་གྲགས་ཡན་ཆད་འཕགས་པའི་གནས་ཡིན་ཏེ། དེ་ནི་འཁོར་བ་ལ་སྐྱོ་བ་རྣམས་ཀྱི་ཡིད་དུ་འོང་ཞིང་། སྐྱོ་ཤས་ངང་གིས་འཕེལ་ལ། དེ་ལ་བརྟེན་ནས་དགེ་བའི་བློ་ཐམས་ཅད་རྩོལ་མེད་དུ་འབྱུང་སྟེ། སེམས་སྐྱོ་བའི་གནས་ལ་དད་པ་འཁོར། །ཞེས་པ་ལྟར། སྐྱོ་ཤས་ལ་བརྟེན་ནས་དད་པ་འབྱུང་ཞིང་དེ་ལ་བརྟེན་ནས་ཞི་ལྷག་སོགས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་པའི་ཕྱིར་རོ། །ཡོན་ཏན་དེ་དག་གི་མི་མཐུན་པའི་ཕྱོགས་ཉོ་ཚོང་བྱེད་པ་དང་། ཞིང་ལས་ལ་སོགས་པའི་འཇིག་རྟེན་པའི་སོ་ནམ་དང་། བསམ་སྦྱོར་ངན་པ་ཅན་སྡིག་པའི་གྲོགས་ལ་སོགས་པ་རྣམས་ཀྱིས་སྤངས་ཏེ་མེད་པ་དང་། དཔྱ་འབེབས་པ་སྟེ་འུ་ལག་ཏུ་འདེད་པ་དང་། ཁྲལ་འཇལ་བ་དང་། བྲན་གཡོག་ལ་སོགས་པ་ལྟ་བུ་གཞན་གྱི་ནུས་པ་ལ་བརྟེན་ནས་འཚོ་དགོས་པ་ཞོ་ཤས་འཚོ་བ་ལ་སོགས་པའི་བྲེལ་བས་མི་གདུང་ཞིང་དེ་ན་འཁོད་པའི་བྱ་རྣམས་ནི་སྐད་སྙན་པར་སྒྲོག་པ་དང་། རི་དྭགས་རྣམས་ནི་བག་ཕེབས་པར་རྩེ་བ་ལས། ཆགས་སྡང་གི་གཏམ་དང་མི་སྙན་པ་སྒྲོག་པ་ལ་སོགས་པའི་མི་མཐུན་པ་གང་ཡང་མེད་ལ། ཆུ་གཙང་དང་། མེ་ཏོག་དང་། འབྲས་བུ་དང་། མྱུ་གུ་དང་། སྨན་དང་། རྩ་བ་དང་། ལོ་མ་ལ་སོགས་པའི་འཕགས་པ་དགྱེས་ཤིང་ཆོས་དང་མཐུན་པའི་ཉེར་སྤྱོད་རྒྱ་ཆེ་ལ་རྩོལ་སྒྲུབ་མི་དགོས་པ་དང་། རང་བྱུང་གི་བྲག་རིའི་ཕུག་པ་དང་། ལོ་མའི་སྤྱིལ་བུའི་ཁང་བཟང་བསྲུང་སླ་ཞིང་ཆགས་ཞེན་མི་སྐྱེ་ལ་སྤྱོད་ལམ་བཞི་ཤོང་བས་ཡངས་པ་དང་། ལྗོན་པའི་ཤིང་གི་ཡལ་ག་ཕྱོགས་སུ་གྱེས་པ་ཁྱོན་ཡངས་ལ་ཉམས་དགའ་བའི་གྲིབ་བསིལ་ཚ་གདུང་བཅིལ་བ་ལ་མཁས་པ་ལ་སོགས་པའི་གནས་གྲོགས་ལོངས་སྤྱོད་རྒྱུན་དུ་འགྲོགས་ཤིང་བསྟེན་ན་འདི་ཕྱི་ཐམས་ཅད་དུ་བདེ་བའི་རྐྱེན་དུ་གྱུར་པ་དེ་དག་དང་ནམ་ཞིག་ན་སྔོན་གྱི་དམ་པ་གོང་མ་རྣམས་བཞིན་དུ་བདག་གཅིག་པུར་ནི་ལྷན་ཅིག་གནས་པར་འགྱུར་བ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་བསམ་སྟེ་སྨོན་དགོས་པའི་ཚུལ། སློབ་སྤྲིང་ལས། རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པའི་གནས། །ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐར་ཅི་ཞིག་མེད་དེ་དམྱལ་དོང་ཁྱིམ་གྱིས་བསླུས་ཏེ་སྡོད། །ཅེས་སོ། །དེར་ཡང་གཅིག་པུར་གནས་དགོས་པའི་ཚུལ་ནི། མདོ་ལས། མང་པོ་དག་ནི་རྩོད་པར་འགྱུར། །གཉིས་པོ་དག་ནི་གཏམ་བཅས་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུ་ཞི་བར་གནས་པར་བྱ། །ཞེས་ཏེ། དཔེར་ན་བུད་མེད་གཞོན་ནུ་མ་ཞིག་ཙནྡན་བརྡར་བ་ན་གདུ་བུ་མང་པོ་འཁྲིལ་བ་ཏེ་མ་བདེ་ན་རིམ་གྱིས་ཕྱུང་སྟེ་གཉིས་ཤིག་བཞག་པ་ན་དེ་ཡང་འཐབ་ནས་མ་བདེ་སྟེ་གཅིག་བཞག་པས་བདེ་བར་གྱུར་བ་བཞིན་ནོ། །དེ་ལ་ནགས་ཁྲོད་ལ་སོགས་པའི་དབེན་པའི་ཡོན་ཏན་གྱི་ཁྱད་པར་གཞན་ཡང་འདུས་བྱས་ཀྱི་རང་བཞིན་སྙིང་པོ་མེད་ཅིང་སོ་སོར་འགྱེས་པའི་ཆོས་ཅན་ལ་རྟག་པར་འཛིན་པ་དང་། དགའ་བར་བྱེད་པའི་བློ་གྲོས་ངན་པ་ཅན་ཡང་དེ་རུ་བསྡད་ན། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ཤིན་ཏུ་གཡོ་ཞིང་སྔ་ཕྱིར་འགྱུར་བ་ནི་དཔེར་ན་མགྲོན་པོ་སྔ་མ་སྔ་མ་སོང་བའི་རྗེས་ལ་དེ་མིན་པའི་ཕྱི་མ་ཕྱི་མ་གསར་དང་གསར་དུ་སླེབས་ཏེ་བརྫེ་བ་ལྟ་བུ་ཡིས། ཤིང་རྣམས་ཀྱང་དབྱར་ནི་སྔོ་ཞིང་ལྕུག་པ། སྟོན་ནི་བརྗིད་ཅིང་སྣུམ་པ། དགུན་ནི་འཁངས་ཤིང་རེངས་པ། དཔྱིད་ནི་སྐམས་ཤིང་འཐོར་བའི་རྣམ་པ་མི་འདྲ་བའི་འཕོ་འགྱུར་གྱི་མངོན་རྟོགས་གསར་པ་གསར་པར་ངོམ་པས་ངེས་འབྱུང་དང་སྐྱོ་ཤས་བཅོས་མིན་དུ་འཕེལ་ཞིང་བརྩོན་འགྲུས་ཀྱི་བསྐུལ་མར་འགྱུར་རོ། །དེ་ལྟ་བུའི་དབེན་པ་ལ་བརྟེན་ན་དེར་ཡོད་པའི་ནགས་ཚལ་རྣམས་རང་ཉིད་ཉོན་མོངས་པའི་རྐྱེན་མ་ཡིན་པའི་ཚུལ་རྒྱལ་བའི་བཀའ་ལ་གཏན་ཚིགས་སུ་བྱས་ཏེ། དབེན་གནས་དེ་རུ་གོམས་པ་བདུན་དུ་ཕྱོགས་ཏེ་སོང་བ་ཙམ་པའི་བསོད་ནམས་ནི་ཚད་མེད་ཞེས་སྒྲོག་པ་དང་འདྲ་བ་ལ་ལྟོས་ཞེས་རབ་བཏགས་ཀྱི་རྒྱན་དུ་སྦྱར་ནས་བསྔགས་པ་སྟེ། འཕགས་པ་ཏིང་འཛིན་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་པའི་བར་དུ་མེ་ཏོག་དང་། བདུག་སྤོས་དང་། ཞལ་ཟས་དང་བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་བར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་པ་བདུན་ཙམ་བོར་ན། འདི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་སོ། །གཉིས་པ་བསམ་གཏན་དངོས་བཤད་པ་ལ་གསུམ་སྟེ། བསམ་གཏན་སྤྱིའི་ངོ་བོ། བསམ་གཏན་གྱི་དབྱེ་བ། ལམ་གྱི་ཡོན་ཏན་བསྐྱེད་པའི་བསམ་གཏན་བསྟན་པའོ། །དང་པོ་ནི། དབེན་པའི་གནས་གང་དུ་ཕྱིན་པ་དེར་ནི་ལེ་ལོའི་དབང་གིས་སོས་དལ་དུ་བསྡད་པས་མི་འོང་བས་ཞི་ལྷག་གི་དོན་ལ་མཉམ་པར་འཇོག་དགོས་ཤིང་། དེ་ཡང་རང་གིས་བསྒོམས་ཤིང་ཉམས་སུ་ལེན་རྒྱུའི་ཆོས་དེ་ལ་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་ངེས་པ་གཏིང་ནས་རྙེད་པ་ཞིག་དང་། ཁྱད་པར་དུ་ཐེག་པ་དམན་མཆོག་གང་ཡིན་ཀྱང་ལམ་གྱི་མངོན་རྟོགས་ཐམས་ཅད་བསླབ་པ་གསུམ་གྱི་ངོ་བོར་ཉམས་སུ་ལེན་པ་ལ་ནི་ཁྱད་པར་མེད་ཅིང་དེ་རྣམས་ཀྱི་གོ་རིམ་ཡང་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལས། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་འབྱུང་ཞིང་། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མཐོང་གི་ཡེ་ཤེས་ཡང་དག་པ་སྐྱེ་སྟེ། འདུལ་བ་སྨན་གྱི་གཞིར། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་པས་ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ནས་ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སོ། །དེས་ན་ཚུལ་ཁྲིམས་དང་ལྡན་པའི་གང་ཟག་དེས་བསམ་གཏན་ལས་མཉམ་པར་འཇོག་པ་ན་ཤིན་ཏུ་ཞེས་སྐད་ཅིག་ཙམ་དུ་ཡང་མི་ཡེང་བར་དམིགས་རྣམ་མི་བརྗེད་པའི་དྲན་པས་སེམས་རྩེ་གཅིག་ཏུ་འཛིན་པའི་ཐབས་ལ་བརྟེན་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་སོ། །དེ་ལྟར་ཡང་ཡང་བསྒོམས་པས་སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ཏིང་ངེ་འཛིན་རང་གི་ངོ་བོ་ནི་སེམས་རྩེ་གཅིག་ཏུ་གནས་པའོ། །ཞེས་སོ། །དེ་ལྟ་བུའི་བསམ་གཏན་གྱི་གནས་འདི་ནི་བསླབ་པ་གསུམ་གྱི་ནང་ནས་ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་གཙོ་བོར་འཛིན་པའི་བདག་ཉིད་དེ། དེའི་ངོ་བོ་ལ་ལྡོག་པས་ཕྱེ་ན་ཚུལ་ཁྲིམས་དང་ཤེས་རབ་སྟེ་བསླབ་པ་གསུམ་ཆར་དང་། ཕྱིན་དྲུག་ཀྱང་ཚང་བའི་ཚུལ་བཤད་ཟིན་པ་ལྟར་རོ། །དེ་ལྟར་ངེས་པར་བྱས་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་འགོད་འདོད་ཀྱི་ལྷག་པའི་བསམ་པ་མངོན་དུ་བྱས་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱ་ཞིང་ཅི་ནུས་པའི་མཆོད་པ་དང་། བཤགས་པ་སོགས་ཡན་ལག་བདུན་པ་བྱས་ལ། དེ་ནས་རྟེན་འབྲེལ་ལུས་ལ་བསྒྲིགས་ནས་འདུག་ཚུལ་ལེགས་ན་རྩ་དང་རླུང་དྲང་བའི་གནད་ཀྱི་རྟེན་ཅིང་འབྲེལ་འབྱུང་ལས་རྟོགས་པ་སེམས་ལ་འཆར་བར་འགྱུར་བས་ལུས་ཀྱི་ཆོ་ག་སྟེ་འདུག་ཚུལ་གྱི་བྱ་བ་ནི། སྟན་བདེ་བ་ལ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་གྱིས་འདུག་པར་བྱ་སྟེ། དེའི་ཚུལ་ནི་རྐང་པ་སྐྱིལ་ཀྲུང་ངམ། སྐྱིལ་ཀྲུང་ཕྱེད་པ་བཅའ༡། མིག་ཧ་ཅང་མི་ཕྱེ་ཧ་ཅང་མི་ཟུམ་བར་སྣའི་རྩེ་མོར་གཏད༢། ལུས་དགྱེ་རྒུའི་ཕྱོགས་གཉིས་སུ་མ་ལྷུང་བ་དྲང་པོར་བསྲང་༣། ཕྲག་པ་མཐོ་དམན་མེད་པ་ཉིད་དུ་མཉམ་པར་བཞག༤ །མགྲིན་པ་ཅུང་ཟད་བཀུག་ནས་སྣ་དང་ལྟེ་བ་དྲང་པོར་བསྟུན༥། ལྕེ་ཡང་སོའི་དྲུང་དུ་བཞག༦ །དབུགས་འབྱིན་འཇུག་རང་བབས་སུ་དལ་བར་༧བྱ་བ་རྣམས་ཏེ། དེ་ནི་སེམས་ཀྱི་སྲོག་ཤིང་ཅན་ཞེས་སྲོག་ཤིང་བརྟན་པ་བཙུགས་པ་བཞིན་སེམས་གཞན་དུ་མི་འཕྲོ་བའི་ཐབས་སོ། །ལུས་གནད་དེ་དང་ལྡན་པའི་སྒོ་ནས་སེམས་ཀྱི་གནད་ནི། དམིགས་པའི་ཡུལ་གང་ལ་སེམས་འཛིན་པ་དེ་གཅིག་པུ་ལས་མི་དགེ་བ་དང་ལུང་མ་བསྟན་པ་སྨོས་ཅི་དགོས། དགེ་བའི་དམིགས་པ་གཉིས་པ་ལའང་གཏད་པ་མ་ཡིན་པར་དམིགས་ཡུལ་དེ་ཁོ་ན་ལ་སེམས་ཆ་མཉམ་པར་བཞག་པ་ལ་བརྩོན་དགོས་ཏེ། དེ་ཡང་འདི་ལྟར་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའི་དམིགས་པ་གང་ཡང་རུང་བའི་དོན་ལ་སེམས་རྩེ་གཅིག་ཏུ་འཛིན་པ་དང་། སྐབས་དང་སྐབས་སུ་དཔྱད་པའི་སྟོབས་ཀྱིས་ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་ཞིང་དཔྱད་འཇོག་སྤེལ་མར་བྱ་བ་སྟེ། ཐོག་མར་ལས་དང་པོ་པས་ཞི་ག ནས་གཙོ་བོར་བསྒྲུབ་པ་ན་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །འཇིག་རྟེན་ མགོན་པོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང ་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་ཏེ། དེ་ལྟར་སྐུ་གཟུགས་ལ་སེམས་ཡུན་རིང་དུ་བཟུང་ནས་དེ་ཁོ་ན་ལ་ལྷན་གྱིས་གནས་པའི་ཚེ་ན། ལྷག་མཐོང་བསྒྲུབ་པའི་ཕྱིར་དང་པོ་དཔྱད་པར་བྱ་སྟེ་འདི་ལྟར་སེམས་ཡུལ་དུ་སྣང་བའི་དེ་བཞིན་གཤེགས་པའི་སྐུ་གཟུགས་མཚན་དཔེས་བརྒྱན་པ་འདི་ལ་ཡང་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ་སེམས་ཉིད་དེར་སྣང་བ་ཙམ་དུ་ཟད་ལ་སེམས་དེ་ཡང་ངོ་བོ་འདི་ཞེས་གང་དུའང་དམིགས་སུ་མེད་དེ། གང་མི་དམིགས་པ་དེ་ནི་དུས་གསུམ་གྱི་དངོས་པོ་ཐམས་ཅད་དང་བྲལ་བའི་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དོ་ཞེས་ངེས་པར་བྱས་ནས་མཐར་ཅིར་ཡང་མི་རྟོག་པའི་ངང་ལ་མཉམ་པར་བཞག་པར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ་ཞེས་སོ། །དེ་ལྟར་ཡུན་བསྲིངས་ཏེ་བསྒོམ་པས་མཐར་རྣམ་པར་རྟོག་པའི་འཛིན་སྟངས་ཀྱིས་སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་གཅིག་ཏུ་ནུབ་ཅིང་། དེ་ཡང་སྣང་ཆ་འགག་པའི་ཕྱང་ཆད་པ་མ་ཡིན་བར་སྣང་ཡུལ་གཟུགས་ལ་སོགས་པ་མ་འགགས་ཀྱང་དངོས་པོ་མེད་པས་ཕྲ་བ། མཚན་ཉིད་མ་གྲུབ་པས་བལྟར་དཀའ་བའི་ཕྱིར་དེར་འཛིན་གྱི་འདུ་ཤེས་བཅོས་མ་ནི་གང་ཡང་མེད་པ་ཡིན་ཏེ། གཤིས་ཀྱི་གནས་ལུགས་ལ་སེམས་རབ་ཏུ་ཞུགས་པའི་ཕྱིར་ཏེ། ཏིང་འཛིན་རྒྱལ་པོ་ལས། ཏིང་ངེ་འཛིན་ནི་སྙོམས་པའི་ས། །ཞི་བ་ཕྲ་སྟེ་བལྟ་དཀའ་བ། །འདུ་ཤེས་ཐམས་ཅད་བཅོམ་པས་ན། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། །དེ་ལྟ་བུའི་ངང་ལ་དྲན་པའི་ཐག་པས་བཏགས་ནས་རྒྱུན་དུ་བྱིང་རྒོད་ལ་སོགས་པའི་སྐྱོན་གྱིས་མི་འཕྲོག་པའི་ཤེས་པ་ཡུལ་ལ་མི་རྟོག་པར་རྩེ་གཅིག་ཏུ་གནས་པའི་ཆ་མཉམ་བཞག་གམ་ཞི་གནས་ཡིན་ལ། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་རང་བཞིན་ཡོངས་སུ་ཤེས་པའམ་ནང་སེམས་ཉིད་ཙམ་ལའང་མ་ཞེན་པའི་ཆ་ནི་རྗེས་ཐོབ་བམ་ལྷག་མཐོང་སྟེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་སོ། །གཉིས་པ་བསམ་གཏན་གྱི་དབྱེ་བ་ནི། བསམ་གཏན་དེ་ལ་ནང་གསེས་ཀྱིས་དབྱེ་བ་བྱས་ན། བྱིས་པ་སོ་སོ་སྐྱེ་བོ་ལམ་ལ་མ་ཞུགས་པ་རྣམས་ཉེ་བར་སྤྱོད་པའི་བསམ་གཏན་དང་། དོན་རབ་ཏུ་རྣམ་པར་འབྱེད་པ་མཐོང་ལམ་གྱི་རྒྱུར་གྱུར་པའི་ལམ་ཞུགས་འཇིག་རྟེན་པའི་རྒྱུད་ཀྱི་བསམ་གཏན་དང་། འཕགས་པའི་ལམ་ལ་ཞུགས་པའི་རྒྱུད་ཀྱི་དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ་རྣམ་པ་གསུམ་དང་། ཡང་རྟོག་པ་དང་དཔྱོད་པ་དང་དགའ་བ་དང་བདེ་བ་རྣམས་ཡོད་མེད་ཀྱི་མུ་བཞིའི་དབྱེ་བས་བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། དེ་བཞིན་དུ་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་པའི་ཏིང་ངེ་འཛིན་བཞི་སྟེ་རྣམ་པའི་གྲངས་སྙོམས་འཇུག་བརྒྱད་རྣམས་ཡོད་པ་ཡིན་ནོ། །དེ་ལ་ཐེག་པ་གསུམ་པོ་གང་ཡང་རུང་བའི་ལམ་ལ་མ་ཞུགས་པའི་བྱིས་པ་ཕལ་པ་རྣམས་ཀྱིས་ཉོན་མོངས་མངོན་གྱུར་དང་། དེས་བསྐྱེད་པའི་སྡུག་བསྔལ་རགས་པ་ཙམ་ལ་སྐྱོན་དུ་བལྟས་ཏེ་བསྒོམ་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་སོགས་དང་དེའི་འབྲས་བུ་ཁམས་གོང་མའི་ཚོར་བ་ལ་ཉེ་བར་སྤྱོད་པའི་ཕྱིར་དེའི་རྒྱུད་ཀྱི་ཏིང་ངེ་འཛིན་ནི། བསམ་གཏན་བཞི་དང་གཟུགས་མེད་པའི་སྙོམས་འཇུག་བཞི་སྟེ་བརྒྱད་པོ་གང་ཡིན་ཡང་དེ་དག་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ་བར་བརྗོད་པ་ཡིན་ནོ། །འདི་དག་གི་དོན་ཅུང་ཟད་ཕྲལ་ཏེ་བཤད་ན་བསམ་གཏན་བཞི་དང་། གཟུགས་མེད་བཞི་ལས། དང་པོ་བསམ་གཏན་ལ་ཉེར་བསྡོགས་དང་། དངོས་གཞི་གཉིས་ལས། དང་པོ་ཉེར་བསྡོགས་ལ་སྒོམ་ཚུལ་མང་ཡང་འཇིག་རྟེན་པའི་ལམ་རྐྱང་པ་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་བསྒོམ་པ་ཤས་ཆེ་བས་དེ་ལྟར་ན། དང་པོ་འདོད་པའི་སེམས་ནི་རགས་པ་དང་། མ་ཞི་བ་དང་། མཚན་མར་དམན་པར་བལྟས་ནས། བསམ་གཏན་དང་པོ་ནི། དེ་བས་ལྷག་པར་ཡང་ཞི་བ་དང་བདེ་བ་དང་གྱ་ནོམ་པའོ་སྙམ་ནས་ཐོས་བསམ་འདྲེས་མའི་ཚུལ་གྱིས་ཡང་དང་ཡང་དུ་ཡིད་ལ་བྱས་པས་ནམ་ཞིག་ཐོས་བསམ་ལས་འདས་ནས་སྒོམ་བྱུང་དུ་སོང་སྟེ་འདོད་པའི་ཉོན་མོངས་ཆེ་འབྲིང་དྲུག་སྤངས་པའི་བར་ནི་བསམ་གཏན་གྱི་ཉེར་བསྡོགས་སོ། །དེ་ནས་འདོད་པའི་ཉོན་མོངས་པ་ཆུང་ངུ་གསུམ་སྤངས་པའི་ཚེ་ན་བསམ་གཏན་དངོས་གཞིའི་སེམས་ཐོབ་པའོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། ཏིང་ངེ་འཛིན་དང་ལྔའོ། །རྟོག་དཔྱོད་གཉིས་ནི་མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པ་ལྟར་སེམས་ཏིང་ངེ་འཛིན་སྐྱོན་མེད་དུ་གནས་མི་གནས་རགས་པར་རྟོག་པ་དང་། ཞིབ་པར་དཔྱོད་པ་དང་། སེམས་ཏིང་ངེ་འཛིན་ལ་གནས་པས་ཡིད་ཤེས་བདེ་བས་ཁྱབ་པ་དགའ་བ་དང་། དེའི་སྟོབས་ཀྱིས་ལུས་ལ་ཤིན་སྦྱང་གི་བདེ་བ་སྐྱེས་པ་བདེ་བ་དང་། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ཏིང་ངེ་འཛིན་ནོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། རབ་དང་དང་། དགའ་བ་དང་། བདེ་བ་དང་། ཏིང་ངེ་འཛིན་ནོ། །དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་ཀྱི་ངོ་བོ་ཡིན་ཡང་འདིར་དགའ་བའི་གཡོ་བ་དང་མ་བྲལ་བའི་ཕྱིར་རབ་དང་གི་སྒྲས་བསྟན་ནོ། །ལྷག་མ་གསུམ་ནི་སྔར་བཞིན་ནོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བདེ་བ་དང་། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། ཏིང་ངེ་འཛིན་དང་ལྔའོ། །བདེ་བ་ནི་སྔར་དང་འདྲ་ལ། བཏང་སྙོམས་ནི་སེམས་བྱིང་རྒོད་མེད་པར་གནས་པའི་ཚེ་རང་བབས་སུ་འཇོག་པའོ། །དྲན་པ་ཏིང་ངེ་འཛིན་མི་བརྗེད་པའོ། །ཤེས་བཞིན་ནི་བྱིང་རྒོད་ལ་སོགས་བྱུང་མ་བྱུང་རྟོག་པའོ། །ཏིང་ངེ་འཛིན་ནི་སྔར་ལྟར་རོ། །བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། དྲན་པ་དང་། ཚོར་བ་བཏང་སྙོམས་དང་། འདུ་བྱེད་བཏང་སྙོམས་དང་། ཏིང་ངེ་འཛིན་ནོ། །དྲན་པ་དང་ཏིང་ངེ་འཛིན་ནི་སྔར་དང་འདྲ་ལ། ཚོར་བ་བཏང་སྙོམས་ནི་ལུང་མ་བསྟན་དང་། འདུ་བྱེད་བཏང་སྙོམས་ཀྱང་སྔར་དང་འདྲའོ། །དེ་ཡང་རྟོག་དཔྱོད་ལ་སོགས་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ཡིན་ལ། དེ་ལས་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་དངོས་གཞི་ཁྱད་པར་ཅན་ནོ། །རྟོག་དཔྱོད་གཉིས་ཀ་སྤངས་པ་ནི་བསམ་གཏན་གཉིས་པའོ། །རྟོག་དཔྱོད་དགའ་བ་གསུམ་སྤངས་པ་ནི་བསམ་གཏན་གསུམ་པའོ། །དེ་གསུམ་བདེ་བ་དང་བཞི་སྤངས་པ་ནི་གསམ་གཏན་བཞི་པའོ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་དང་པོའི་ཉེར་བསྡོགས་ཡང་དག་པ་དེས་ཀྱང་ལྷག་མཐོང་གི་རྟེན་བྱེད་པས་ན་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ་ལ། ཉེར་བསྡོགས་དེ་དང་དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས། ལྷག་མ་གསུམ་དང་དྲུག་ལ་བསམ་གཏན་ས་དྲུག་ཞེས་བྱའོ། །གཉིས་པ་གཟུགས་མེད་རྣམས་ནི་ཡན་ལག་གི་དབྱེ་བ་མེད་པས་དམིགས་རྣམས་ཀྱི་འབྱེད་དེ། བསམ་གཏན་བཞི་པ་ཐོབ་པ་དེས་གྲུ་བཞི་ཟླུམ་པོ་ལ་སོགས་དབྱིབས་ཀྱི་འདུ་ཤེས་དང་། དཀར་སེར་དམར་ལྗང་ལ་སོགས་ཁ་དོག་གི་འདུ་ཤེས་དང་། རི་དང་ཁང་ཁྱིམ་ལ་སོགས་ཐོག་རེག་གི་འདུ་ཤེས་གསུམ་ག་བཀག་ནས། ཆོས་ཐམས་ཅད་ནམ་མཁའ་ལྟར་བསྒོམས་པས་གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ནས་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་ནམ་མཁའ་མཐའ་ཡས། ནམ་མཁའ་ཙམ་དུའང་འཛིན་པ་སྤངས་ནས་ནམ་མཁའོ་སྙམ་བྱེད་རྣམ་ཤེས་ཙམ་གྱི་ངང་དུ་གནས་པ་ནི་རྣམ་ཤེས་མཐའ་ཡས། རྣམ་ཤེས་ཙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ་སྙམ་དུ་གནས་པ་ནི་ཅི་ཡང་མེད་པ། ཅི་ཡང་མེད་དོ་སྙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ་སྙམ་མཁན་གྱི་འདུ་ཤེས་ལ་བརྟགས་ནས་འདུ་ཤེས་ཀྱི་འགྱུ་བ་རགས་པ་ཐམས་ཅད་བཀག་ནས་འདུ་ཤེས་ཕྲ་མོ་ཙམ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །འདི་ལ་ཡོད་མིན་མེད་མིན་ཡང་ཟེར་རོ། །ཡང་ཐེག་གསུམ་གང་རུང་གི་ལམ་ལ་ཞུགས་པའི་གང་ཟག་གིས་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དུ་ལྷག་མཐོང་དང་འབྲེལ་བར་བསྒོམས་པའི་ཏིང་ངེ་འཛིན་གྱིས་ཐར་པ་སྟེ་མཐོང་ལམ་མངོན་དུ་བྱེད་པས་དོན་རབ་འབྱེད་པའི་གསམ་གཏན་ཞེས་བྱ་བར་གྲགས་ཏེ་དེ་ཡང་མཐོང་ལམ་གྱི་ཡེ་ཤེས་ཀྱིིས་བདག་མེད་པའི་དོན་རབ་ཏུ་སྟེ་མངོན་སུམ་དུ་མཐོང་ཞིང་རྣམ་པར་འབྱེད་པས་ན་དེ་སྐད་ཅེས་བྱ་ལ་འདིར་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལམ་གྱིས་འཕགས་པའི་ཡེ་ཤེས་དང་པོ་ཐོབ་པའི་ས་རབ་ཏུ་དགའ་བ་ཡན་ཆད་ནས་ཐེག་ཆེན་འཕགས་པའི་ཏིང་ངེ་འཛིན་སློབ་པ་ས་བཅུ་ལ་གནས་པ་དང་མི་སློབ་པ་སངས་རྒྱས་ཀྱི་རྒྱུད་ཀྱིས་བསྡུས་པ་ཞི་ལྷག་ཟུང་འཇུག་གི་ངོ་བོ་ཡིན་ཏེ། དེ་དག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་ཡིན་པས་ཕྱི་མ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ངོ་བོ་ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཏུ་མཐར་ཕྱིན་པས་ཟག་པ་བག་ཆགས་དང་བཅས་པ་བྲལ་ཞིང་དགེ་བ་དམ་པའི་ཕ་རོལ་ཏུ་སོན་པའི་བསམ་གཏན་ཡིན་ལ་སྔ་མ་ཡང་དེ་དང་རྗེས་སུ་མཐུན་ཅིང་དེའི་རྒྱུ་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱིར་ཟག་པ་ཡོད་མེད་ལ་རྣམ་པ་མང་ཡང་འདིར་བདག་ལྟའི་གཉེན་པོ་བྱེད་མི་ནུས་པ་དང་ནུས་པ་ལ་བཞག་སྟེ། དེ་ཡང་ཚོགས་སྦྱོར་གྱི་ལམ་དུ་བདག་མེད་དོན་སྤྱིའི་ཚུལ་དུ་བསྒོམ་པའི་ཞི་ལྷག་ཟུང་འཇུག་དེས་ཀྱང་བདག་ལྟ་ཉམས་སྨད་པར་བྱེད་ཀྱང་ས་བོན་དྲུང་ནས་འབྱིན་པའི་ཚུལ་གྱིས་སྤོང་བ་མིན་པས་དེར་མ་བཞག་ལ། འཕགས་པ་སློབ་པའི་ཞི་ལྷག་གིས་བདག་ལྟ་དྲུངས་འབྱིན་གྱི་ཚུལ་དུ་སྤངས་ཤིང་། མི་སློབ་པའི་སར་བདག་ལྟའི་བག་ཉལ་ཕྲ་མོ་ཡང་ཟད་པས་ཟག་མེད་ཅེས་བརྗོད་པ་ཡིན་ནོ། །དེ་ལྟར་བྱིས་པ་ཉེར་སྤྱོད་ནས་དེ་བཞིན་གཤེགས་དགེའི་བར་གྱི་བསམ་གཏན་དེ་དག་ཀུན་ཀྱང་ངོ་བོ་ནི་ཕྱི་རོལ་གྱི་ཡུལ་ལ་མི་གཡེང་བར་ནང་དུ་སེམས་རྩེ་གཅིག་པར་འཛིན་པ་ཡིན་ལ། དེ་འགྲུབ་པ་དང་མཐར་ཕྱིན་པའི་རྒྱུན་ནི་དམིགས་རྣམ་མི་བརྗེད་པའི་དྲན་པ་རྒྱུན་ཆགས་པ་དང་སྤྲོ་བའི་བརྩོན་འགྲུས་ཀྱི་རྐྱེན་ལ་ལྟོས་པ་ཅན་ཡིན་ནོ། །དེ་ཡང་བྱིས་པ་རྣམས་ཀྱིས་ནི་བདག་ཏུ་མངོན་པར་ཞེན་པ་དང་བཅས་པས་དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དེ་དྲན་པ་དང་བརྩོན་པའི་རྒྱུས་བསྒྲུབ་ལ། ལམ་ཞུགས་རྣམས་ཀྱིས་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རྩི་ཡིས་སྦྱར་ཏེ་བསྒྲུབ་ཅིང་། སངས་རྒྱས་ཀྱི་ས་ན་དམིགས་རྣམ་མམ། ཡུལ་ཡུལ་ཅན་ནམ། གཉིས་སྣང་ཕྲ་བའི་བག་ཆགས་མཐའ་དག་པ་འགགས་ནས་ཡུལ་ཅན་གྱི་ཡེ་ཤེས་ཡུལ་ཆོས་དབྱིངས་སྤྲོས་པ་དང་བྲལ་བར་རོ་གཅིག་ཏུ་གྱུར་ཏེ་རྟག་ཏུ་དགོངས་པ་དེ་ལས་མི་གཡོ་བས་ནང་དུ་རྩེ་གཅིག་པ་དང་། དྲན་བརྩོན་སོགས་སུ་བཏགས་པ་ཙམ་ལས་ཆེད་དུ་རྩོལ་བ་མེད་དོ། །དེ་ལ་ལས་དང་པོ་པ་རྣམས་ཀྱིས་ཐོག་མར་ལྷག་མཐོང་གི་རྟེན་དུ་སེམས་ལས་རུང་དུ་བསྒྲུབ་པ་ན་རྟག་ཏུ་དྲན་ཤེས་ཀྱིས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་བཞག་ནས་བསྒོམ་པའི་ཚེ་དྲན་པའི་རྒྱུན་ཉམས་ནས་ཕྱི་རོལ་དུ་རྣམ་པར་གཡེངས་པར་གྱུར་ན་དེ་མ་ཐག་ཤེས་བཞིན་གྱིས་ཟིན་པར་བྱས་ཏེ་བརྩོན་འགྲུས་ཀྱིས་སླར་ཡང་དམིགས་པ་དེ་ལ་བསླན་ནས་བསྒོམས་ཏེ་དེ་ལྟ་བུའི་རྒྱུན་ཡུན་རིང་དུ་གོམས་པར་བྱེད་པ་ཡིན་པར་གསུངས་སོ། །དེ་ཡང་ཡུམ་མདོ་ལས་འཇོག་ཐབས་དགུ་བསྟན་པ་ནི་འདི་ལྟ་སྟེ། སེམས་འཇོག་གོ། །རྒྱུན་དུ་འཇོག་གོ། །བླན་ཏེ་འཇོག་གོ། །ཉེ་བར་འཇོག་གོ། །འདུལ་བར་བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ། །ཞེས་སོ། །དེ་ལ་དང་པོ་ནི་དམིགས་པ་ལ་སེམས་འཇོག་པའོ། །གཉིས་པ་ནི་དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོག་པའོ། །གསུམ་པ་ནི་རྣམ་པར་གཡེང་བ་ཤེས་ནས་དེ་སྤོང་བའོ། །བཞི་པ་ནི་རྣམ་པར་གཡེང་བ་སྤངས་ནས་ཕྱི་ཕྱིར་བརྟུན་ཏེ་དམིགས་པ་དེ་ཉིད་ལ་འཇོག་པའོ། །ལྔ་པ་ནི་དགའ་བ་བསྐྱེད་པའོ། །དྲུག་པ་ནི་རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་མི་དགའ་བ་རབ་ཏུ་ཞི་བར་བྱེད་པའོ། །བདུན་པ་ནི་རྨུགས་པ་དང་གཉིད་ལ་སོགས་པ་སེལ་བའོ། །བརྒྱད་པ་ནི་མངོན་པར་འདུ་བྱེད་པས་འཇུག་པར་བྱེད་པའོ། །དགུ་པ་ནི་སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་ཏུ་མགོན་པོ་བྱམས་པས་བསྟན་ཏོ། །དེ་ལྟར་བསྒོམ་པའི་ཚེ་མི་མཐུན་པའི་ཕྱོགས་རྣམ་པར་གཡེང་བའི་རྒྱུ་ཤིན་ཏུ་མང་པོ་ཞིག་གསུངས་ཤིང་། དྲན་པ་ཉེར་བཞག་ལས་ཀྱང་། རིགས་ཀྱི་བུ་བཅུ་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང་ཁ་ཏོན་གྱི་བར་དུ་གཅོད་པར་བྱེད་དོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། འདུ་འཛིའི་གཏམ་ཉན་པ་དང་། རི་མོ་འདྲི་བ་དང་། སྙན་དངགས་སྦྱོར་བ་དང་། གཟའི་ཚོགས་དང་རྒྱུ་སྐར་སེམས་པ་དང་། ཟས་རྙེད་པ་བདག་གིར་བྱེད་པ་དང་། ཤ་ཟ་མོ་ལྟར་ནོར་བསྒྱུར་བར་སེམས་པ་དང་། རྒྱལ་པོ་ལ་བརྟེན་པ་དང་། མཁས་པ་ལ་མི་འདྲི་བ་དང་། བདེ་བ་ལ་མགྲོན་དུ་འབོད་པ་དང་། འདྲེ་ཞིང་གནས་པ་སྟེ་བཅུ་པོ་འདི་དག་གོ་ཞེས་སོ། །དེ་བས་ན་དེ་དག་སྤངས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བ་འབའ་ཞིག་ལ་གནས་པས་ཐུན་མོང་གི་བསམ་གཏན་བསྒྲུབ་པར་བྱས་ན་དེའི་བྱེད་ལས་ནི་ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་བསྐྱེད་ཅིང་། རྫུ་འཕྲུལ་སྣ་ཚོགས་འགྲུབ་པའི་རྟེན་བྱེད་ལ། བསམ་གཏན་དེ་གྲུབ་པའི་ཚེ་འབྲས་བུ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་སོགས་མངོན་ཤེས་དང་། གཞན་ཡང་ཟད་པ་དང་ཟིལ་གནོན་ལ་སོགས་པ་ཉན་ཐོས་དང་ཐུན་མོང་གི་ཡོན་ཏན་རྣམས་ཐོབ་པ་ཡིན་ནོ། །འཇིག་རྟེན་པའི་བསམ་གཟུགས་དེ་དག་རིམ་གྱིས་བསྒོམ་པའི་ཚེ། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་གི་ཚེ་རགས་པར་རྟོག་ཅིང་ཞིབ་པར་དཔྱོད་པ་གཉིས་ཀ་དང་བཅས་པ་སྟེ། ཡིད་བྱེད་དྲུག་ནི། ཁམས་གོང་འོག་གི་མཚན་ཉིད་ཞི་རགས་ཀྱིས་ཐོས་བསམ་འདྲེས་མར་ཡིད་ལ་བྱེད་པ་ནི་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པའོ། །ཐོས་བསམ་ལས་འདས་ནས་ཞི་ལྷག་ཏུ་སོན་པ་ནི་མོས་པ་ཡིད་ལ་བྱེད་པའོ། །འདོད་ཉོན་ཆེན་པོ་གསུམ་སྤོང་བའི་ལམ་སྐྱེ་བ་ནི་བདེན་པ་ཡིད་ལ་བྱེད་པའོ། །དེ་ལས་སྐྱེས་པའི་དགའ་བདེ་ཆུང་ངུའི་རེག་པ་ནི་དགའ་བ་དུད་པ་ཡིད་ལ་བྱེད་པ་སྟེ་འདོད་ཉོན་འབྲིང་གསུམ་སྤོང་བའི་གནས་སྐབས་སོ། །ཉོན་མོངས་ཕྲ་བ་ཡོད་མེད་དཔྱད་ནས་ཆུང་ངུ་གསུམ་སྤོང་བ་ནི་དཔྱོད་པ་ཡིད་ལ་བྱེད་པ་དང་སྦྱོར་བའི་མཐའ་ཡིད་ལ་བྱེད་པའོ། །དང་པོའི་དངོས་གཞི་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། ལྷག་མ་བསམ་གཏན་གཉིས་པ་གསུམ་པ་བཞི་པ་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད་པ་ཡིན་ལ། བསམ་གཏན་དང་པོས་གཉིས་པའི་ཉེར་བསྡོགས་བྱེད་པ་སོགས་རིམ་གྱིས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ཉེར་བསྡོགས་བྱེད་ཅིང་། དེ་བཞིན་དུ་བསམ་གཏན་བཞི་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་ཉེར་བསྡོགས་བྱེད་པ་སོགས་གཟུགས་མེད་ཕྱི་མ་གསུམ་པོ་ལའང་རིག་པར་བྱ་ཞིང་། སྲིད་རྩེ་ལ་བརྟེན་ནས་འཕགས་པ་རྣམས་ཀྱིས་འགོག་པའི་སྙོམས་འཇུག་ཀྱང་བསྒྲུབ་པར་བྱེད་དོ། །དེས་ན་སྙོམས་འཇུག་དགུ་པོ་དེ་ལ་འཕགས་པ་གསུམ་གའི་མཐོང་སྒོམ་གྱི་ལམ་གྱི་རྟེན་གཞི་ཞེས་སུ་གྲགས་པ་ཡིན་ལ་འོན་ཀྱང་འགོག་སྙོམས་ནི་ཐེག་དམན་འཕགས་པ་ཕྱིར་མི་འོང་ཡན་ཆད་ཀྱིས་མཐོང་ཆོས་བདེར་གནས་ཀྱི་ཕྱིར་དང་། ཐེག་ཆེན་འཕགས་པས་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་འཇུག་པ་ཙམ་ལས་དེ་ལ་བརྟེན་ནས་མཐོང་སྒོམ་གྱི་ལམ་ཐོབ་དགོས་པའི་དོན་མིན་ལ། ཡང་བསམ་གཟུགས་བརྒྱད་ཀ་མཐོང་སྒོམ་གྱི་ལམ་མངོན་དུ་བྱེད་པའི་རྟེན་དུ་དགོས་པས་ཀྱང་མ་ཁྱབ་སྟེ། ཐེག་དམན་ལམ་གྱི་འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཀྱི་སྔོན་དུ་བསམ་གཏན་དང་པོའི་དངོས་གཞི་མ་ཐོབ་པས་ཁྱབ་པའི་ཕྱིར་དང་། ཐེག་ཆེན་འཕགས་ལམ་གྱི་རྟེན་དུའང་བསམ་གཏན་བཞི་པ་གཙོ་ཆེ་བར་བསྟན་པའི་ཕྱིར་རོ། །གསུམ་པ་ལམ་གྱི་ཡོན་ཏན་བསྐྱེད་པའི་བསམ་གཏན་བཤད་པ་ནི། དེ་ལ་སྤྱིར་ཐེག་པ་གསུམ་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་བསྐྱེད་པར་བྱེད་པའི་རྒྱུ་ནི་ཞི་ལྷག་གཉིས་ཡིན་ཏེ་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཞི་ལྷག་ཟུང་དུ་འབྲེལ་བས་བསྡུས་པའི་ཕྱིར་རོ། །དེའང་ཞི་གནས་བརྟན་པར་མ་གྱུར་པའི་ལྷག་མཐོང་ནི་རླུང་དང་འགྲོགས་པའི་མར་མེ་བཞིན་མི་གསལ་ཞིང་ཡུན་རིང་དུ་མི་གནས་པས་སྒྲིབ་པ་འཇོམས་མི་ནུས་ལ། ལྷག་མཐོང་དང་བྲལ་བའི་ཞི་གནས་ཀྱི་སྒྲིབ་པའི་ས་བོན་གཅོད་མི་ནུས་པས་ཇི་ལྟར་བཟང་ཡང་སྲིད་པའི་རྒྱུ་ལས་མི་འདའ་བས་ན་ཐེག་པ་དམན་མཆོག་གི་ལམ་ཀུན་གྱི་ཐུན་མོང་དུ་ཞི་ལྷག་ཟུང་དུ་འབྲེལ་དགོས་པའི་ཚུལ་ནི། ཞི་གནས་ཀྱི་སྟོབས་ཀྱིས་རྣམ་པར་རྟོག་པའི་རླུང་གི་སེམས་མི་གཡོ་བར་བྱེད་ཅིང་། ལྷག་མཐོང་གི་སྟོབས་ཀྱིས་རྨོངས་པའི་སྒྲིབ་པ་དང་འཇིག་ཚོགས་ལ་ལྟ་བ་སོགས་དྲུང་ནས་འབྱིན་པར་བྱེད་དོ། །དེ་ཡང་ཉན་ཐོས་ནི་ཏིང་ངེ་འཛིན་ཤས་ཆེ་ལ་ཤེས་རབ་ཤས་ཆུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ལྡོག་ཅིང་། དེ་བཞིན་གཤེགས་པ་ནི་གཉིས་ཀ་མཉམ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ་ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ་ཤེས་རབ་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ་ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་སོ། །ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་ཡོན་ཏན་ཀུན་གྱི་རྒྱུར་གྱུར་པའི་བསམ་གཏན་ནི། བསམ་གཟུགས་དང་ཚད་མེད་ལ་སོགས་པའི་རྣམ་པ་དང་བཅས་པའི་སྒོམ་ཐམས་ཅད་ལ་དང་པོ་སྦྱོར་བ་སེམས་བསྐྱེད་པ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། དེའི་ངང་ནས་བསྒོམ་བྱ་སྒོམ་བྱེད་ལ་མཚན་མའི་ཞེན་པ་དང་ནི་བྲལ་བའི་ཡེ་ཤེས་དམ་པས་ཟིན་པའི་སྒོ་ནས་ཡང་ཡང་གོམས་པར་བྱས་པས་དམིགས་རྣམ་དེ་རྒྱུན་ཆགས་སུ་རྣམ་གཡེང་གིས་མི་འཕྲོག་པར་གྱུར་པ་ན་གང་ཡང་ཡིད་ལ་མི་བྱེད་པའི་ངང་ཅི་གནས་སུ་མཉམ་པར་བཞག་སྟེ་མཐར་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་བསྔོ་བར་བྱའོ། །དེ་ཡང་གང་བསྒོམ་པར་བྱ་བའི་དམིགས་པ་དེ་ལ་སེམས་རྩེ་གཅིག་པའི་ཆ་ནི་ཞི་གནས་དང་། དེ་ལ་མ་ཞེན་པའི་ཆ་ནི་ལྷག་མཐོང་སྟེ་ཞི་ལྷག་ཟུང་འཇུག་གོ། །ཡང་རྣམ་པ་ཐམས་ཅད་པ་དང་བྲལ་བའི་སྟོང་པ་ཉིད་ལ་མཉམ་པར་འཇོག་པའི་ཚེ་ནི། སྔོན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་ལྟ་བས་བལྟ་བའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ཁྱད་པར་ཅན་ཡིན་ལ། དངོས་གཞིའི་དུས་སུ་རྣམ་པ་དང་བཅས་པའི་སྙིང་རྗེ་ལ་སོགས་པ་དང་སྤྲོས་བྲལ་གྱི་ངང་ལ་སེམས་རབ་ཏུ་ཞུགས་པ་གཉིས་ཟུང་དུ་ཚུད་པ་ནི་སོ་སྐྱེའི་གནས་སྐབས་ན་ལྟ་ཅི། མ་དག་ས་བདུན་དུའང་འབྱུང་དཀའ་བར་གསུངས་པས་རབ་ཏུ་ཞི་བའི་སེམས་མཐའ་གཉིས་ལ་མི་གནས་ཤིང་ཡུལ་དང་ཡུལ་ཅན་གྱི་སྤྲོོས་པ་ཉེ་བར་ཞི་བའི་ངང་དུ་སྙོམས་པར་འཇུག་པ་དེ་ཤེས་རབ་རྣམ་པར་དག་པ་ཉིད་ཡིན་པས་དེའི་ཚེའང་རང་བཞིན་མེད་དོ། །སྤྲོས་པ་དང་བྲལ་ལོ་ཞེས་པ་ལ་སོགས་པ་ལྟ་བུའི་རྟོག་དཔྱོད་ཞིག་མེད་ན་སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བས་དེ་འདྲ་བའི་ལྷག་མཐོང་གི་ཆ་དེ་འདོར་མི་རུང་སྙམ་དུ་རྣམ་ཤེས་ཀྱི་སྤྱོད་ཡུལ་ཙམ་ཁོ་ན་ལ་རྟག་ཏུ་བློ་རྩེ་གཏད་པར་མི་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པ་དབུས་ལའང་གནས་པ་ཡོད་མི་བྱེད། །ཅེས་སོ། །དེ་ལྟར་མཉམ་པར་བཞག་པ་དེའི་ཚེ་ན་དམིགས་མེད་ཀྱི་ངང་ལ་རྩེ་གཅིག་ཏུ་གནས་པ་ནི་ཞི་གནས་དང་། རང་བཞིན་ཡོངས་ཤེས་ཀྱི་ཤེས་རབ་ནི་ལྷག་མཐོང་སྟེ་ཟུང་འཇུག་གོ། །དེ་ལས་ལངས་པ་ན་སྔར་བཞིན་བསྔོ་བ་བྱ་བ་ནི་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་ཐེག་ཆེན་ལམ་གྱི་ཉམས་ལེན་ཡིན་ཏེ། ལྷའི་བུ་རབ་རྩལ་གྱིས་ཞུས་པའི་མདོ་ལས། གང་ཚེ་སེམས་ནི་ཆགས་མེད་པ། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སེམས་རྣམས་བསྐྱེད་པ་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་། །བྱང་ཆུབ་སེམས་ནི་རབ་བརྟས་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་བསྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ་པར་བཞག་པ་ན་སེམས་ཅན་ལ་བལྟ་བས་ན་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ། །གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ། །ཞེས་སོ། །དེ་ལྟར་ཞི་ལྷག་ཟུང་འཇུག་གི་ལམ་དེ་ལ་གོམས་པ་སྟོབས་སུ་གྱུར་པ་ལས་རང་དང་ངོ་བོ་གཅིག་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་དང་ལྡན་པར་འགྱུར་ཏེ། འདི་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུའི་མཉམ་བཞག་ཉམས་འོག་ཏུ་ཆུད་ཅིང་དབང་ཐོབ་པ་ལས་རྗེས་ཐོབ་སྒྱུ་མ་མཁན་བཞིན་དུ་སྤྲུལ་པའི་བྱ་བ་ཅི་འདོད་དུ་བྱེད་པ་ལ་དབང་འབྱོར་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བོ་གཡུལ་དུ་འཇུག་པ་ན་དཔུང་ཚོགས་ཡན་ལག་བཞི་དང་། འཁོར་ལོས་སྒྱུར་རྒྱལ་འགྲོ་བ་ན་རིན་ཆེན་སྣ་བདུན་ཡང་འགྲོ་ཞིང་དཔའ་བ་བརྟུལ་ཕོད་པ། ཕ་རོལ་རྣམ་པར་གནོན་པ་བཞིན་ཟག་པ་མེད་པའི་ཏིང་ངེ་འཛིན་གང་དང་ལྡན་པར་འགྲོ་བ་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་རྗེས་སུ་འབྲངས་ནས་མཛད་པ་རླབས་པོ་ཆེ་སྟོན་ཅིང་ལྷག་མེད་ཀྱི་མྱང་འདས་སུ་ལྷུང་གིས་དོགས་པ་མེད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་རིན་པོ་ཆེས་དངོས་པོ་ཐམས་ཅད་འཇོམས་པ་བཞིན་ཏིང་ངེ་འཛིན་གང་གིས་ཕྲ་རྒྱས་ཐམས་ཅད་འཇོམས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་དེ་ལ་སོགས་པ་ཏིང་ངེ་འཛིན་གྱི་རྣམ་གྲངས་ཚད་མེད་ཅིང་དཔག་ཏུ་མེད་པ་ཐམས་ཅད་ཐོབ་པར་འགྱུར་ཞིང་། དེ་ཡང་མ་དག་ས་བདུན་ན་དང་པོ་དང་། དག་ས་གསུམ་ན་གཉིས་པ་དང་། ས་བཅུའི་རྒྱུན་མཐའ་ན་གསུམ་པ་ཡོད་ལ། སྦྱོར་བའི་ལམ་དུ་དེ་དག་ལ་བསླབ་ཚུལ་ཡོད་ཀྱང་དང་པོ་གཉིས་མོས་པས་སྤྱོད་པ་ཙམ་དང་། ཕྱི་མ་ནི་སྒྲིབ་པ་བཤིག་པའི་ཆ་ནས་བརྗོད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྒོ་དེ་རྣམས་ཐོབ་པའི་སྟོབས་ཀྱིས་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ས་དང་ལམ་གྱི་ཡོན་ཏན་ཇི་སྙེད་པའི་རྣམ་པ་ཐམས་ཅད་འགྲུབ་པར་བྱེད་ཅིང་། དེ་དག་གིས་སྒྲིབ་པ་སྤོང་བའི་ཚུལ་ཡང་། མཉམ་རྗེས་ལ་དབྱེ་བ་ཕྱེ་ཚུལ་གཉིས་ལས། མཉམ་རྗེས་ངོ་བོ་གཅིག་པའི་དབང་དུ་བྱས་ན་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ། སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ནུབ་ནས་སེམས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་དབང་ཤེས་མ་འགགས་པ་ལ་ཡུལ་སྣང་ཐམས་ཅད་སྣང་ལ་འཛིན་པ་མེད་པར་གསལ་བའི་ཆ་ནི་རྗེས་ཐོབ་ཡིན་པས་བློ་རྫས་གཅིག་པའི་མཉམ་བཞག་དང་རྗེས་ཐོབ་དེ་ཡིས་གཟུང་འཛིན་གྱི་རྟོག་པ་རིམ་གྱིས་སྤོང་བར་བྱེད་ལ། འདིར་གཟུང་འཛིན་ཞེས་པ་དང་། གཟུང་འཛིན་གྱི་རྟོག་པ་ཞེས་པའི་དོན་ལ། དང་པོ་ནི། སྣང་ཡུལ་བློ་ལ་ཤར་བའི་ཚེ་སྣང་ཙམ་གྱིས་མི་འཆིང་མོད། དེར་ཞེན་པའི་བློ་སྐྱེས་པ་ན་ཡུལ་གྱི་རང་བཞིན་ན་མེད་བཞིན་བློ་ངོར་བདེན་པར་སྣང་བ་ནི་གཟུང་བ་དང་། དེར་འཛིན་པ་སྐྱེས་པ་ནི་འཛིན་པ་ཡིན་ལ། གཉིས་པའི་དོན་ཡུལ་གཟུགས་སོགས་ལ་དེ་དང་དེར་འཛིན་པ་གཟུང་རྟོག་དང་། ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་ལ་དེ་དང་དེར་འཛིན་པ་འཛིན་རྟོག་ཞེས་བྱ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལྟར་ཡུལ་ལས་གཟུང་བའི་རྣམ་རྟོག་དང་། །དོན་ལས་འཛིན་པའི་རྣམ་རྟོག་རྣམ་གཉིས་སྐྱེ། །དེ་ལུས་ཉོན་མོངས་གཟེབ་དང་རྟེན་བྱེད་དེ། །མི་མཁས་བདེན་པར་ཞེན་པས་རྟག་ཏུ་འཁོར། །ཞེས་སོ། །དེ་ཡང་གནས་དོན་ལུས་གསུམ་ལས་དོན་ནི་ཚོགས་བརྒྱད་དུ་བཞེད་པས་དེ་སྐད་ཅེས་བྱའོ། །དེས་ན་གཟུང་འཛིན་སྤོང་བ་དང་། གཟུང་འཛིན་གྱི་རྟོག་པ་སྤོང་བ་དོན་གཅིག་སྟེ་གཟུང་འཛིན་རྟོག་པ་སྤང་ན་གཟུང་འཛིན་ཀྱང་སྤང་བ་ཡིན་པའི་ཕྱིར་རོ་སྙམ་སྟེ་བློ་གསལ་དག་གིས་དཔྱོད་ཅིག །ཡང་མཉམ་རྗེས་ཐ་དད་པ་ནི། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ན་མཉམ་བཞག་ཡིན་ལ། དེ་ལས་ལངས་ནས་ཟ་ཉལ་ལ་སོགས་པའི་སྤྱོད་ལམ་གྱི་ཚེ་སྒྱུ་མ་ལྟ་བུའི་དྲན་རྫི་དང་མ་བྲལ་བ་ནི་རྗེས་ཐོབ་བོ། །གཞན་ཡང་སྔར་བཤད་པའི་ཞི་ལྷག་གི་ཏིང་འཛིན་རྣམ་མེད་སྤྲོས་བྲལ་གྱི་ངོ་བོ་ཁོ་ན་བསྒོམ་པ་ལ་མཉམ་བཞག་དང་། རྣམ་བཅས་སྙིང་རྗེ་སོགས་བསྒོམ་པ་ལ་རྗེས་ཐོབ་ཏུ་བཤད་པའང་ཡོད་དོ། །དེ་དག་གི་ཚེ་ཡང་སྦྱིན་པ་བཏང་བས་སེར་སྣ་དང་། བྱམས་པ་བསྒོམས་པས་ཞེ་སྡང་དང་། །ཞེན་མེད་ཀྱི་ལྟ་བས་ཟིན་པས་གཟུང་འཛིན་གྱི་རྟོག་པ་སྤོང་བའི་གཉེན་པོ་བྱེད་པས་མཚོན་སྒྲིབ་པ་གཉིས་ཀའི་གཉེན་པོ་འགྲོ་བ་ཡིན་ནོ། །རྗེས་ཐོབ་འགྲོ་འདུག་ལ་སོགས་པའི་དུས་སུ་ཚོགས་དྲུག་གི་ཤེས་པ་ཕྱི་རོལ་ལ་ཡེང་ནས་རྒྱ་ཡན་དུ་སོང་བ་ལ་རྒྱ་ཡན་པ་ཞེས་བྱ་སྟེ། སེམས་དྲན་ཤེས་དང་བྲལ་ནས་འཁྲུལ་འབྱམས་སུ་སོང་བ་སྟེ་གཟུང་འཛིན་ལ་སོགས་པའི་ཞེན་པ་དང་བཅས་པའོ། །དེས་ན་དེ་ལྟ་བུ་ནི་ས་བདུན་པ་ཚུན་ཆད་ཀུན་ན་ཡོད་པ་ཡིན་ཞེས་འཕགས་པ་དེ་རྣམས་ལའང་སྐབས་རེས་འགར་དེ་འདྲ་བ་ཡོད་པ་ཡིན་ལ། དག་ས་ཐོབ་ནས་མེད་དེ་མགོན་པོ་བྱམས་པས། བྱ་བ་བསྒྲུབ་ལ་རྟག་ཏུ་བློ། །མེ་བཞིན་དུ་ནི་འབར་བ་དང་། །ཞི་བའི་བསམ་གཏན་སྙོམས་འཇུག་ལའང་། །རྟག་ཏུ་སྙོམས་པར་འཇུག་པ་ཡིན། །ཞེས་སོ། །འོན་ཀྱང་མཉམ་རྗེས་ཀྱི་ཁྱད་པར་ཙམ་ནི་སངས་རྒྱས་མ་ཐོབ་བར་དུ་ཡོད་དེ། མཉམ་པར་བཞག་བཞིན་དུ་སྤྱོད་ལམ་མཛད་པ་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་གཉིས་ཏེ། ཤེས་རབ་གསུམ་གྱི་རང་བཞིན་སྤྱིར་བསྟན་པ་དང་། ཐོས་བསམ་སྒོམ་པའི་ཤེས་རབ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་བསླབ་པ་གསུམ་གྱི་ནང་ཚན་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་དང་དབྱེ་བ་ལ་སོགས་པའི་དོན་ངེས་པར་འབྱེད་ཅིང་གསལ་བར་བསྟན་པ་ནི། ངོ་བོ་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྣམ་པར་འབྱེད་པའི་བློ་དམ་པ་ཞིག་ཡིན་ལ། དེ་ལ་དབྱེ་ན་སྒོམ་བྱུང་གི་ཤེས་རབ་ཁོ་ནའི་དབང་དུ་བྱས་ཏེ་ཏིང་ངེ་འཛིན་གྱི་སྦྱོར་བ་ཉེར་བསྡོགས་ལ་གོམས་པ་ལས་བྱུང་བ་སྟེ་དེའི་ངོ་བོར་སྐྱེས་པ་དང་། ཡོངས་སུ་སྦྱང་བ་བྱས་པས་སེམས་ལས་སུ་རུང་ཞིང་སྒྲིབ་པའི་རྙོག་པ་དྭངས་བའི་བསམ་གཏན་དངོས་གཞིའི་ངོ་བོར་སྐྱེས་པ་དང་། དེ་ལྟར་མཉམ་པར་བཞག་པའི་དུས་སུ་བསམ་གཏན་གྱི་ངོ་བོར་ཤེས་རབ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེའི་རྗེས་ཐོབ་ལ། དེའི་སྟོབས་ལས་ཕུང་སོགས་ཀྱི་ཆོས་རྣམས་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་ཤེས་པའི་ཤེས་རབ་ངང་གིས་བྱུང་བའི་དབྱེ་བས་རྣམ་པ་གསུམ་གྱི་ཤེས་རབ་བམ། ཡང་གཞལ་བྱ་བདེན་པ་གཉིས་ཀྱི་དོན་གཙོ་བོ་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་གི་རྗེས་སུ་གཞོལ་ཏེ་སྒྲོ་འདོགས་གཅོད་པར་བྱེད་པ་ཐོས་པའི་ཤེས་རབ་དང་། དེ་ནས་ནང་དུ་སེམས་པ་ན་འོལ་སྤྱི་ཙམ་དུ་མ་ལུས་པར་གནད་དོན་བསྡུ་ཞིང་བྱེ་བྲག་འབྱེད་པའི་བསམ་ཤེས་ཀྱིས་བརྟགས་ཤིང་དཔྱད་ནས་རང་རྒྱུད་ལ་སྦྱར་བ་བསམ་པའི་ཤེས་རབ་དང་། བསམ་བྱུང་གིས་ངེས་པར་བྱས་པའི་དོན་དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་ཡང་ཡང་རང་རྒྱུད་ལ་འདྲིས་ཤིང་གོམས་པར་བྱེད་པ་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། དེ་གསུམ་ལ་རིམ་གྱིས་བསླབ་པས་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །བྱེད་ལས་ནི། ཐར་བ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་ཚོགས་དང་། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཤེས་བྱའི་སྒྲིབ་པ་ཐམས་ཅད་རིམ་གྱིས་ཉམས་སྨད་དེ་དྲུངས་ནས་འབྱིན་པའི་ཚུལ་གྱིས་འཇོམས་པར་བྱེད་ཅིང་། ཆོས་ཉིད་ཟབ་མོའི་གནས་ལུགས་དང་། ཆོས་ཅན་འཁྲུལ་ངོ་ལ་སྣང་བ་མཐའ་དག་པའི་དོན་མ་ནོར་བར་ཤེས་པ་དང་། དེ་ལྟར་ཤེས་པས་རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་པ་རྙེད་པ་དང་། ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་ཕྱེད་པ་དང་། འདོད་པའི་ཡོན་ཏན་གྱིས་བསླུར་མི་ཚུགས་པ་དང་། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་སྙིང་ནས་ངེས་ཤེས་སྐྱེ་བ་དང་། ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པར་ཤེས་པར་དང་། བདེན་གཉིས་དང་དྲང་ངེས་སོགས་ཀྱི་དོན་དང་མདོ་སྔགས་ཀྱི་ཉམས་ལེན་ཐམས་ཅད་མི་འགལ་བར་ཤེས་ཤིང་ཉམས་སུ་ལེན་པ་ལ་བློ་མཐུ་ཆེ་བ་ལ་སོགས་པའོ། །འབྲས་བུ་ནི་དེ་ལྟར་ཤེས་པས་སྲིད་པའི་གྲོང་ཁྱེར་སྡིག་པ་དང་ཉོན་མོངས་པ་ཤིན་ཏུ་བརྒལ་དཀའ་བ་འདི་ལས་རིང་པོར་མི་ཐོགས་པར་བརྒལ་ནས་མྱ་ངན་ཏེ་སྡུག་བསྔལ་མཐའ་དག་མེད་པར་འདའ་སྟེ། གཏན་བདེ་འགྱུར་བ་མེད་པའི་ས་ལ་གཏན་སྲིད་ཟིན་ནས་སྲིད་པ་ཇི་སྲིད་དུ་འགྲོ་བའི་དོན་འབད་པ་མེད་པར་འབྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིགས་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་འགྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །ཞེས་སོ། །དེས་ན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་པོའང་རྒྱུ་འབྲས་དང་། དམན་མཆོག་དང་རགས་ཕྲའི་དབང་གིས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་ཞུགས་པའི་ཚུལ་མདོ་སྡེའི་རྒྱན་གྱི་ལུང་སྔར་དྲངས་པ་ལྟར་ཡིན་པས་སྔ་མ་ལྔ་གའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། ཡང་སྦྱིན་པ་ལ་སེར་སྣ་མེད་པ་དང་། ཚུལ་ཁྲིམས་ཀྱིས་མི་རློམ་པ་དང་། བཟོད་པ་བསྒོམ་པ་ལ་མི་ཞུམ་པ་དང་། བརྩོན་འགྲུས་ལ་ཕྱི་བཤོལ་མེད་པ་དང་། བསམ་གཏན་ལ་མི་ཞེན་པ་དང་། དེ་ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུར་འགྲོ་བ་ཡང་ཤེས་རབ་ཀྱིས་བྱེད་པས་དེ་ཐམས་ཅད་ཀྱི་ཡོན་ཏན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་ཡིན་ཏེ། སྡུད་པ་ལས། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ཞེས་སོ། །ཤེས་རབ་མེད་པའི་ཉེས་དམིགས་ནི་དེ་ལས་ལྡོག་པའོ། །གཉིས་པ་ཐོས་བསམ་སྒོམ་པའི་ཤེས་རབ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། བསྒོམ་པའི་ཤེས་རབ་བཤད་པའོ། །དང་པོ་ཐོས་པའི་ཤེས་རབ་བཤད་པ་ལ་གཉིས་ཏེ། ཐོས་པ་གཙོ་ཆེ་བའི་རྒྱུ་མཚན་དང་། ཐོས་པའི་ཤེས་རབ་དངོས་བཤད་པའོ། །དང་པོ་ནི། དེ་ལྟར་ཕར་ཕྱིན་གཞན་རྣམས་ལས་མཆོག་ཏུ་འཕགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ལ་བསྟེན་པའི་ཚུལ་དེའང་ལམ་ལ་ཞུགས་པའི་སྐབས་འདི་ན་སོ་སོ་སྐྱེ་བོའི་སར་ནི་གང་ཟག་ཐམས་ཅད་ལ་སྐྱེས་ཐོབ་ཀྱི་ཤེས་རབ་དང་པོ་ནས་ཡོད་པ་དཀའ་ལ། གལ་ཏེ་འགའ་ཞིག་ལ་སྔོན་གོམས་པ་བརྟན་པས་སྐྱེ་བ་འདི་ལ་ཐོས་བསམ་རྒྱ་ཆེན་པོ་མ་བྱས་ཀྱང་རང་སྟོབས་ཀྱི་རིག་པ་རྣོ་བས་ཡེ་སྦྱང་མི་དགོས་པར་ཤེས་པ་ལྟ་བུར་སྣང་བ་ཡོད་ཀྱང་། ཇི་སྲིད་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ས་དགུ་པའི་ཡོན་ཏན་རྒྱུད་ལ་མ་སྐྱེས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་ལས་བསླབ་དགོས་པ་ཡིན་ཏེ་གཞོན་ནུ་ནོར་བཟང་ལ་སོགས་པའི་རྣམ་ཐར་བཞིན་ནོ། །དེའི་ཕྱིར་ན་ཐོག་མར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་། དེའི་རྒྱུ་ལ་སྤང་བླང་བྱེད་པའི་ཚུལ་དང་། དེ་ཡང་ཐེག་པ་དམན་མཆོག་དང་། མདོ་སྔགས་ཀྱི་ལམ་གྱི་ཁྱད་པར་དང་། ཉམས་ལེན་གྱི་གནད་ཐམས་ཅད་བཀའ་དང་བསྟན་བཅོས་དག་ལས་ཤེས་པར་བྱས་ནས། བསླབ་གསུམ་གྱི་ཉམས་ལེན་ཐམས་ཅད་རང་རྒྱུད་ལ་སྒྲུབ་པར་བྱེད་དགོས་ལ། དེ་ཙམ་མི་ནུས་པ་དག་གིས་ཀྱང་རང་གི་བློ་ཉམས་དང་དཔག་པའི་ཉམས་སུ་ལེན་རྒྱུའི་ཆོས་དེ་ལ་ཐོས་པ་རེ་བྱེད་དགོས་པར་གསུངས་ཤིང་། གལ་ཏེ་དེ་ལྟ་བུའི་ཤེས་རབ་ཙམ་ཡང་མ་བསྟེན་ན་ཡུན་རིང་དུ་བསམ་པ་དང་བསྒོམ་པ་དག་འབད་པ་དྲག་པོས་བྱས་ཀྱང་དེའི་ཡོན་ཏན་གང་ཡང་མི་སྐྱེ་བའམ། གནས་མིན་པར་འཁྱམས་པ་སྟེ་རྣམ་གྲོལ་གྱི་ལམ་ལས་རིང་དུ་གྱུར་ཏེ་སྲིད་པའི་རྒྱུ་ལས་མི་འདའ་ཞིང་། དེར་མ་ཟད་ཐོས་པ་མེད་པའི་གང་ཟག་གིས་ཚུལ་ཁྲིམས་ལ་སོགས་པའི་དགེ་སྦྱོར་ཅི་བྱས་ཀྱང་ཕལ་ཆེར་ལུང་མ་བསྟན་ཙམ་ལས་དགེ་བའི་ལས་སུ་འགྱུར་བར་ཡང་དཀའ་ཞིང་། གལ་ཏེ་དགེ་བ་ཙམ་དུ་འགྱུར་སྲིད་ནའང་དང་པོའི་ཀུན་སློང་དངོས་གཞིའི་སྒྲུབ་ཚུལ། རྗེས་སུ་བསྔོ་བའི་ཚུལ་གང་ཡང་མ་ཤེས་ན་ཐར་ལམ་རྣལ་མར་འགྱུར་དཀའ་བས་སྐྱོན་ཆེ་བ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་ཚུལ་ཁྲིམས་གྲགས་པས་དེ་རྒྱགས་ཤིང་། །མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་མ་ལུས་ཟད་ནས་ནི། །ཕྱིར་ཡང་སྡུག་བསྔལ་རབ་ཏུ་མྱོང་བར་འགྱུར། །ཞེས་སོ། །གལ་ཏེ་ཐོས་པ་རྒྱ་མི་ཆེ་ཡང་ཉམས་ལེན་གྱི་གནད་ཁྱད་པར་ཅན་ཟིན་པ་རྣམས་ཀྱིས་ནི་དེ་ཁོ་ན་བསྒོམ་པོའི་སྟོབས་ཀྱིས་བསྒོམ་བྱུང་གི་ཤེས་རབ་ནང་ནས་རྡོལ་ཏེ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་ལ་མ་རྨོངས་པའི་ཤེས་རབ་ཤུགས་ཀྱིས་འབྱུང་བར་འགྱུར་བ་ཡིན་ལ། ཡང་ཐོས་པ་རྒྱ་ཆེ་ཡང་ཉམས་ལེན་གྱི་གནད་མ་ཟིན་པར་ཚིག་ཙམ་ལ་འཆེལ་བའམ། རང་རྒྱུད་ལ་མ་སྦྱར་ན་ཐོས་པའི་བག་ཆགས་ཙམ་ལས་རྒྱུད་ལ་ཅི་ཡང་མི་ཕན་པས་ཐོས་པ་གཏན་ནས་མི་དགོས་པའང་མ་ཡིན་ལ་ཐོས་པ་ཙམ་གྱིས་ཆོག་པའང་མ་ཡིན་ཏེ་མདོ་སྡེའི་རྒྱན་ལས། དེ་ལྟས་རྣལ་འབྱོར་ཅན་གྱིས་བསྒོམ་པ་གང་ཡིན་དེ་ནི་དོན་མེད་མིན། །དེ་ལྟར་བདེ་བར་བཤེགས་ཀྱིས་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་སོ། །དེས་ན་ཐོས་པའི་དོན་བསམ་ཞིང་དེའི་དོན་ཚུལ་བཞིན་བསྒོམ་པ་ལས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་འབྱུང་བས་ན་ཐོས་པའི་ཤེས་རབ་ནི་དེ་ཀུན་གྱི་རྒྱུ་རུ་གསུངས་པ་ཡིན་ཏེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོས་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལ། །བསམ་བཞིན་བསྒོམ་པས་ཤེས་རབ་ཡངས་པ་འབྱུང་། །ཞེས་དང་། མགོན་པོ་བྱམས་པས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། བསླབ་བཏུས་ལས་ཀྱང་། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །ཞེས་སོ། །གཉིས་པ་ཐོས་པ་དངོས་བཤད་པ་ལ་གཉིས་ཏེ། འཇལ་བྱེད་རིན་ཆེན་ལྡེའུ་མིག་གི་རྣམ་བཞག་དང་། གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་གོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལ་སྤྱིར་ཐེག་པ་ཆེན་པོ་པ་རྣམས་ཀྱིས་ཐོས་པས་གཞལ་བར་བྱ་བའི་གནས་ཆེན་པོ་ལྔ་ལ་འཇལ་བྱེད་ཀྱི་ཤེས་རབ་ཀྱིས་མ་རྨོངས་པར་བྱས་ཏེ་རང་གཞན་གཉིས་ཀའི་དོན་བསྒྲུབ་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པ་ལྟར། བསྟན་པ་ལ་མ་དད་པ་རྣམས་ཚར་བཅད་པའི་ཕྱིར་སྒྲ་ཚད་གཉིས། དད་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་བཟོ་གསོ་གཉིས། བདག་ཉིད་ཀྱིས་ཀུན་ཤེས་པར་བྱ་བའི་ཕྱིར་ནང་རིག་པ་འཚོལ་བར་བྱེད་པ་ནི་དགོས་པ་བྱེ་བྲག་པ་ཡིན་ལ། དེ་ཐམས་ཅད་ཀྱང་གཞན་དོན་དུ་བྱང་ཆུབ་ཐོབ་པའི་ཕྱིར་འཚོལ་བ་ལ་ཁྱད་པར་མེད་དོ། །དེ་དག་ལས་འདིར་ཕྱི་མའི་དབང་དུ་བྱས་ཏེ། གཞལ་བྱའི་ཆོས་བདེན་པ་གཉིས་ཀྱི་དོན་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ། འཇལ་བྱེད་ཐོས་པའི་ཤེས་རབ་ཀྱིས། གཞལ་ཚུལ་དྲང་དོན་ངེས་དོན་གཉིས་དང་དགོངས་པ་བཞི་དང་ལྡེམ་དགོངས་རྣམ་པ་བཞིར་གཞལ་བ་ཡིན་ནོ། །དེ་ཡང་རྒྱལ་བའི་བསྟན་པ་ལ་ཚུལ་བཞིན་དུ་འཇུག་པར་བྱེད་པ་ལ་རྟོན་པ་བཞི་དང་ལྡན་པར་བྱ་དགོས་ཏེ། ཆོས་ཤེས་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པས་དེ་བསྟེན་དགོས་ཀྱང་གང་ཟག་དེ་བསྟེན་པ་ཙམ་གྱིས་རང་ལ་མི་ཕན་པས་དེ་ཁོ་ན་ལ་ཡིད་མི་རྟོན་པར་དེའི་བསྟན་པའི་ཆོས་དེ་ལ་བརྟགས་ནས་ཡིད་རྟོན་པར་བྱེད་དགོས་ཤིང་། ཆོས་དེའི་ཚིག་ཇི་ལྟར་ཡང་དོན་རྣམ་པར་དག་ན་དེ་ཉམས་སུ་ལེན་དགོས་པའི་ཕྱིར་ཚིག་ཤེས་པ་ཙམ་གྱིས་མི་ཆོག་པས་དེ་ཙམ་ལ་མི་རྟོན་པར་དོན་རྣམ་པར་དག་པ་དེ་རང་རྒྱུད་ལ་སྦྱར་ནས་ཡིད་རྟོན་པར་བྱེད་དགོས་ལ། དོན་དེ་ཡང་གདུལ་བྱ་དཀྲི་ཚུལ་གྱིས་དྲང་དོན་དགོངས་པ་ཅན་དང་། ངེས་དོན་དགོངས་པ་ཅན་མ་ཡིན་པ་གཉིས་ཡོད་པ་ལས། དྲང་དོན་གྱི་གསུང་རྣམས་གནས་སྐབས་ཀྱི་ལམ་ཙམ་དུ་བཟུང་ནས་ཉམས་སུ་ལེན་ནའང་དེ་ཙམ་ལ་མཐར་ཐུག་གི་དོན་དུ་ཡིད་མི་རྟོན་པར་ངེས་པའི་དོན་ལ་རྟོན་པར་བྱེད་ཅིང་། ངེས་དོན་མཐར་ཐུག་པ་དོན་དམ་པའི་བདེན་པ་ནི་བློས་གཞལ་དགོས་ནའང་རྣམ་པར་ཤེས་པས་གཞལ་ཞིང་ཡུལ་དུ་བྱས་པ་ཐམས་ཅད་ཇི་ལྟར་བཟང་ཡང་ཀུན་རྫོབ་ལས་མི་འདའ་བས་དེ་ཙམ་ལ་ཡིད་མི་རྟོན་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བ་ལ་རྟོན་པར་བྱ་བ་ཁོ་ནའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དྲང་ངེས་ཀྱི་ཁྱད་པར་དང་། དགོངས་ལྡེམ་གྱི་ཁྱད་པར་བཤད་པའོ། །དང་པོ་དྲང་ངེས་ཀྱི་ཁྱད་པར་བཤད་པ་ནི། འདི་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀུན་གྱི་ངོ་བོའམ་གཤིས་ཀྱི་གནས་ཚུལ་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉ ིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་པ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་གསུང་རབ་རྣམས་ནི་ངེས་དོན་གྱི་སྡེ་སྣོད་དང་། དེའི་དགོངས་པ་འགྲེལ་པ་ནི་ངེས་དོན་གྱི་དགོངས་པ་འགྲེལ་བའི་བསྟན་བཅོས་སོ། །ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་འཁྲུལ་ངོར་སྣང་ཚོད་ཙམ་འདི་ལ་བརྟེན་ནས་ལམ་ལ་རིམ་གྱིས་འཇུག་པའི་ཕྱིར་གཤིས་ལ་མ་གྲུབ་བཞིན་རིགས་པས་གཞལ་ནས་སྒྲོ་བཏགས་ཏེ་གཞི་ཕུང་ཁམས་སྐྱེ་མཆེད་སོགས་དང་ལམ་ཐེག་པ་གསུམ་གྱིས་བསྡུས་པའི་རྣམ་བཞག་ཐམས་ཅད་དང་། འབྲས་བུའི་རྣམ་པར་བཞག་པ་མྱང་འདས་གསུམ་གྱི་རང་བཞིན་དུ་བསྟན་པ་ཐམས་ཅད་ནི་དྲང་བའི་ལམ་གྱི་དོན་ཡིན་ལ། དེ་སྟོན་པའི་གསུང་རབ་རྣམས་ནི་དྲང་དོན་གྱི་སྡེ་སྣོད་དང་། དེའི་དགོངས་པ་འགྲེལ་བ་ནི་དྲང་དོན་གྱི་དགོངས་པ་འགྲེལ་བའི་བསྟན་བཅོས་སོ། །འོ་ན་ཕུང་པོ་ལ་སོགས་པ་འཁྲུལ་སྣང་གིས་བསྡུས་པའི་ཆོས་རྣམས་ཀྱི་རྣམ་བཞག་བསྟན་པ་དྲང་དོན་ཡིན་དུ་ཆུག་ཀྱང་། ཐེག་པ་དང་འབྲས་བུའི་རྣམ་པར་བཞག་པ་རྣམས་དྲང་དོན་དུ་ཇི་ལྟར་བཤད་ཅེ་ན། ཐེག་པ་ཞེས་པའང་འགྲོ་བའི་བློ་ངོར་སྣང་བ་ཙམ་ལས་དོན་ལ་མ་གྲུབ་སྟེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་དང་། དཀོན་མཆོག་བརྩེགས་པ་ལས། ང་མངོན་པར་རྫོགས་པར་སངས་རྒྱས་ནས་མྱ་ངན་ལས་འདས་པ་དེ་སྲིད་དུ་ཆོས་གང་ཡང་བསྟན་པ་མེད་ཀྱང་དེ་བཞིན་ཉིད་ལས་འགྲོ་བའི་མོས་པ་ཇི་ལྟ་བ་བཞིན་དུ་སོ་སོར་སྣང་བ་འདི་ཡང་སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་སོ། །འབྲས་བུ་སྐུ་གསུམ་ལ་སོགས་པ་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་རང་བཞིན་ལ་ཐ་སྙད་བཏགས་པ་ཙམ་ལས་སྒྲ་གཟུགས་ལ་སོགས་པ་མཚན་མ་ཅན་དུ་གྲུབ་པ་གང་ཡང་མེད་དེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དྲང་ངེས་ཀྱི་མདོ་སྡེའི་བསྟན་དོན་གསལ་བར་སྟོན་པ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་འབྲས་བུར་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་བདག་དང་སེམས་ཅན་དང་སོགས་ནས། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་སོགས་ནས། བདག་པོ་མེད་པ་དང་རྣམ་པར་ཐར་པའི་སྒོའི་བར་དུ་མེད་པར་བསྟན་པ་ནི་ངེས་པའི་དོན་ཞེས་བྱ་སྟེ། ཞེས་སོ། །དེས་ན་བཀའ་དང་པོ་དྲང་དོན་དུ་བཞེད་པ་ལ་ཀུན་མཐུན་ཀྱང་། འགའ་ཞིག་བར་པ་ཁོ་ན་ངེས་དོན་དུ་བཞེད་པ་དང་། འགའ་ཞིག་བར་བ་དྲང་ངེས་ཕྱེད་མ་དང་། ཐ་མ་ངེས་དོན་དུ་བཞེད་པ་དེ་རྣམས་དོན་ལ་དགོངས་པའི་གནད་གཅིག་སྟེ་བར་ཐ་གཉིས་ཀར་རང་བཞིན་གཤིས་ཀྱི་བཞུགས་ཚུལ་བསྟན་པ་རྣམས་ངེས་དོན་གྱི་ཆ་དང་། དེ་རྟོགས་བྱེད་ཀྱི་ཐབས་སུ་ཐ་སྙད་པའི་རྣམ་བཞག་བསྟན་པའི་ཆ་རྣམས་དྲང་དོན་དུ་འཇོག་དགོས་པའི་ཕྱིར་མདོ་དེ་དག་གི་བརྗོད་བྱའི་དོན་གཙོ་ཆེ་ཆུང་ཙམ་ལ་དགོངས་ནས་གདུལ་བྱ་དཀྲི་ཚུལ་གྱི་དབང་གིས་དེ་ལྟར་བཞེད་པ་ཡིན་ནོ་སྙམ་མོ། །དེ་ལྟར་དྲང་དོན་དང་ངེས་དོན་གྱི་མདོ་སྡེ་དེ་གཉིས་པོའི་བརྗོད་བྱའི་དོན་ཇི་ལྟར་ཡིན་ཤེས་པས་དྲང་དོན་དང་ངེས་དོན་གང་ལ་ཡིད་རྟོན་པ་དང་མི་རྟོན་པའི་ཚུལ་སྔར་བཤད་པ་ལྟར་ཤེས་པ་དེ་ནི་གསུང་རབ་ཀྱི་སྡེ་སྣོད་ཐམས་ཅད་བརྗོད་བྱ་སྣ་ཚོགས་པ་དང་ལྡན་པའི་མཛོད་ཁང་ལྟ་བུར་གྱུར་པ་དེ་སོ་སོར་འབྱེད་ཅིང་བལྟ་བར་བྱ་བའི་ལྡེའུ་མིག་དང་པོ་ལྟ་བུ་ཡིན་ནོ། །གཉིས་པ་དགོངས་ལྡེམ་དགོངས་ཀྱི་ཁྱད་པར་བཤད་པ་ལ་གཉིས་ཏེ། དགོས་པ་བརྗོད་ནས་མདོར་བསྟན་པ་དང་། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་ཇི་སྐད་བཤད་པའི་དྲང་དོན་དང་ངེས་དོན་དེ་དག་གི་རང་བཞིན་ཐ་དད་པར་གསལ་བར་བྱས་ནས་དྲང་དོན་དགོངས་པ་ཅན་གྱི་གསུང་འདི་ལྟ་བུའོ་ཞེས་སྟོན་པ་དང་། དྲང་དོན་གྱི་མདོའི་དགོངས་གཞི་དང་དགོས་པ་བརྟགས་ནས་མཐར་ངེས་དོན་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཕྱིར་དགོངས་པ་བཞི་དང་ལྡེམ་དགོངས་བཞི་སྟེ་གཉིས་བཤད་པ་ཡིན་ནོ། །གཉིས་པ་སོ་སོའི་ངོ་བོ་རྒྱས་པར་བཤད་པ་ལ་གསུམ་སྟེ། དགོངས་པ་བཞི་བཤད་པ་དང་། ལྡེམ་དགོངས་བཞི་བཤད་པ་དང་། དེ་གཉིས་ཀྱི་ཁྱད་པར་བཤད་པའོ། །དང་པོ་དགོངས་པ་བཞི་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་གཉིས་ལས་དང་པོ་དགོངས་པ་བཞི་ནི། རང་རང་གི་དགོངས་གཞིའི་དོན་དེ་ལ་ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ཡང་ཡོད་ལ། གདུལ་བྱའི་ཡུལ་གྱི་གང་ཟག་རྣམས་རེ་ཞིག་ཚིག་ཙམ་གྱིས་དགོངས་གཞིའི་དོན་རྟོགས་པ་ལ་ཁ་དྲང་བ་གཅིག་པུའི་སླད་དུ་བསྟེན་པ་ལྡེམ་དགོངས་ལྟ་བུའང་མ་ཡིན་པར། དེ་ལས་གཞན་པའི་དགོས་ཆེད་དང་བཅས་ནས་དགོངས་པ་རྣམ་པ་བཞིར་སྟོན་པ་སྟེ་དེས་ན་འདི་དག་དགོངས་གཞི་གཙོ་ཆེ་བས་ན་དགོས་ཆེད་གྲུབ་ཀྱང་དགོངས་གཞི་ད་དུང་མི་རྟོགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། མདོ་སྡེ་རྒྱན་ལས། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པར་བཞིར་ཤེས་བྱ། །ཞེས་པ་ལྟར། དང་པོ་ནི་སྤྱིར་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་དང་ཐ་དད་མེད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་སྐུའི་ཀློང་དུ་མཉམ་ཞིང་གཅིག་པ་ཉིད་ལ་དགོངས་ནས། ང་ཉིད་དེའི་ཚེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ཡང་ཚུར་རོལ་མཐོང་བ་ཅན་གྱི་བློ་ངོར་འཁོར་འདས་དང་། བཟང་ངན་དང་། བླང་དོར་གྱི་མཚན་ཉིད་ཐམས་ཅད་ཤིན་ཏུ་འགལ་བར་སྣང་བས། སངས་རྒྱས་དེ་དག་དུས་སྔ་ཕྱི་དང་གཟུགས་སྐུ་ཐ་དད་པར་སྣང་བས་འགལ་བ་ལྟ་བུ་ཡིན་ནའང་གཅིག་ཏུ་བསྟན་པས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་ཚེ་ཐུང་བ་དང་། སྐུ་བོངས་ཆུང་བ་སོགས་སུ་བལྟ་བའི་བརྙས་པ་ལྡོག་པའོ། །གཉིས་པ་ནི། དོན་གཞན་ངོ་བོ་ཉིད་མེད་པ་ཀུན་བརྟགས་ལ་སོགས་པ་གསུམ་པོ་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དཔྱད་ན་གང་ཡང་མ་གྲུབ་པར་བསྟན་པས་དཔྱད་པ་ལ་སོགས་པ་ལ་བརྟེན་ནས་བདེན་ཞེན་ལྡོག་པའོ། །མཚན་ཉིད་གསུམ་པོ་ངོ་བོ་ཉིད་མེད་པའི་དོན་ཀུན་མཁྱེན་འཇིགས་གླིང་རང་ཉིད་ཀྱིས་དགོངས་འགྲེལ་གྱི་མདོའི་ལུང་དྲངས་ནས། ངེས་དོན་གྱི་མདོའི་ཆིངས་ཆེན་པོ་ཡང་དག་པ་ཉིད་ཡིན་པར་རིག་པ་བྱའོ། །ཞེས་གསུངས། ཡོངས་གྲགས་ལ་སེམས་ཙམ་པ་རྣམས་ཀྱིས་འདི་གསུམ་ངོ་བོ་མེད་ཚུལ་དེ་ཙམ་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མ་ཡིན་པས་ཡུམ་མདོའི་དངོས་བསྟན་དྲང་དོན་དུ་འདོད་པ་དེ་ལ་བཤད་ནས་དབུ་མའི་འདོད་པར་མ་བཞག་གོ། །གསུམ་པ་ནི། དུས་གཞན་མ་འོངས་པ་ཞིག་ལ་འཚང་རྒྱ་བའི་རྒྱུའམ་ས་བོན་ཙམ་ཞིག་ཐེབས་པ་ལ་དགོངས་ནས་གཟུངས་སྔགས་འགའ་ཞིག་ལན་གཅིག་བརྗོད་པ་ཙམ་མམ། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་འབད་པ་མེད་པར་འཚང་རྒྱ་བར་བསྟན་པ་ལྟ་བུའི་ལེ་ལོ་ཅན་དགེ་སྦྱོར་ལ་འཇུག་པའོ། །བཞི་པ་ནི། གང་ཟག་ལ་ལ་དག་སྦྱིན་པ་ལ་མངོན་པར་རློམ་པ་དང་། ཡང་འགའ་ཞིང་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་སོགས་དགེ་བའི་བྱ་བ་གང་ལ་མཆོག་ཏུ་འཛིན་ན་དགེ་བ་དེ་ཉིད་བདུད་ལས་མ་ཡིན་ཀྱང་མཆོག་ཏུ་འཛིན་པ་ནི་ཐར་བའི་གེགས་ཡིན་པ་ལ་དགོངས་ནས། སྦྱིན་པ་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་ཚུལ་ཁྲིམས་སོགས་ལ་བསྔགས་པའམ། ཚུལ་ཁྲིམས་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་སྦྱིན་པ་སོགས་གཞན་ལ་བསྟོད་པ་ལྟ་བུ་གང་དང་གང་ལ་མཆོག་ཏུ་འཛིན་པ་དེ་དང་དེའི་མཆོག་འཛིན་ལ་སྨད་ནས་མངོན་རློམ་ཞི་བར་བྱེད་པའོ། །རློམ་སེམས་དང་མཚན་འཛིན་ནི་མི་མཐུན་པའི་ཕྱོགས་ཆེན་པོ་ཡིན་ཏེ། འཇམ་དཔལ་རྣམ་པར་འཕྲུལ་བའི་ལེའུ་ལས། ལྷའི་བུ་ཇི་ཙམ་དུ་ལས་ལ་འཇུག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང་། ཇི་ཙམ་དུ་འཛིན་པ་དང་། ཇི་ཙམ་དུ་མཆོག་ཏུ་འཛིན་པ་དེ་ཙམ་དུ་བདུད་ཀྱི་ལས་སོ་ཞེས་པ་ལ་སོགས་པ་དང་། སྦྱིན་པའི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ་ཞེས་པ་ནས། ཤེས་རབ་ཀྱི་སེམས་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ་ཞེས་གསུངས་པས་རྟག་ཏུ་དགེ་སྦྱོར་ཅི་བྱེད་ཀྱང་སྒྱུ་མ་རྨི་ལམ་ལྟ་བུའི་དྲན་འདུན་གྱིས་མ་ཞེན་པར་བྱ་བ་གལ་ཆེའོ། །གཉིས་པ་ལྡེམ་དགོངས་བཞི་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ལྡེམ་པོར་དགོངས་པ་ཞེས་པ་ནི་དོན་ཇི་བཞིན་མིན་པའི་ངག་གིས་དོན་དེ་ཉིད་བསྟན་པ་སྟེ། དེའི་ཚུལ་ནི་གདུལ་བྱ་བློ་དམན་པ་གང་ཞིག་ལ་བདེན་གཉིས་དབྱེར་མེད་དང་སངས་རྒྱས་བྱང་སེམས་ཀྱི་ཐུན་མིན་གྱི་ཡོན་ཏན་ཇི་ལྟ་བ་བཞིན་གསལ་པོར་བརྗོད་པའི་ཚིག་གིས་དང་པོ་ནས་བསྟན་ན་དེ་དག་གི་བློ་ལ་མི་ཆུད་པར་ཡིད་གཉིས་ཀྱི་གནས་ཐོབ་སྟེ་དོན་དེ་ལ་འཇུག་མི་ནུས་པའི་རིགས་རྣམས་ལ། རེ་ཞིག་དེ་ཉིད་ཀྱི་བློ་ཆུད་ཅིང་དགའ་བར་འགྱུར་བའི་མིང་དང་ཆ་ལྡན་ཅུང་ཟད་ཡོད་པའི་རྒྱུ་མཚན་གྱིས་དེ་ལས་རྣམ་པར་ཀྱོགས་ནས་ཡང་དག་པའི་དོན་དགོངས་གཞི་དེ་བསྒྲུབ་པའི་ལམ་ལ་གཟུད་པའི་ཕྱིར། ཚིག་ནི་ཉན་པ་པོ་དེའི་བློ་དང་མཐུན་པ་སྟེ་འཚམས་པ་ཞིག་ཡིན་ཡང་དོན་མི་མཐུན་པར་བཤད་པ་སྟེ། དེ་ལ་དབྱེ་ན་མདོ་སྡེའི་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་པ་ལྟར་ཞུགས་པ་དང་། མཚན་ཉིད་དང་། གཉེན་པོ་དང་། བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ་བཞི་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དེ་ལྟར་རྣམ་པ་བཞི་ལས། དང་པོ་ཞུགས་པ་ལྡེམ་པོར་དགོངས་པ་ནི། གང་ཞིག་རིགས་དང་མོས་པ་སོགས་དམན་པ་ཉན་ཐོས་དག་ལ་ཆོས་ཀྱི་བདག་མེད་ཡོངས་རྫོགས་སྟོན་པའི་གཞུང་ཡུམ་མདོ་ལྟ་བུའི་དོན་དང་པོ་ནས་བསྟན་ན། དེས་དེ་རྟེན་འབྱུང་གི་དོན་དུ་མི་གོ་བར་ཐ་སྙད་ཀྱིས་སྟོང་པའི་ཆད་ལྟ་ལྟ་བུར་གོ་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གཉིས་ཀ་ལ་སྐྲག་ནས་ཐེག་ཆེན་གྱི་ལམ་དང་བཀའ་གཉིས་ཀ་སྤོང་བ་དེ་རྣམས་ལ་མདོ་ལས། རབ་འབྱོར་གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །ཞེས་གསུངས་པ་ལྟར། གཟུགས་ལ་སོགས་པའི་ཆོས་རྣམས་ཡོད་དོ་ཞེས་སྨོས་པས་ཉན་པ་པོ་སྐྲག་པ་མི་སྐྱེ་བར་དོན་ལ་གྲུབ་པར་གོ་ནས་ལམ་ལ་རིམ་གྱིས་འཇུག་པ་ནི་དགོས་ཆེད་ཡིན་ལ། དགོངས་གཞི་ནི་འཁྲུལ་ངོར་སྣང་ཚོད་རྨི་ལམ་ལྟ་བུར་དགོངས་པའོ། །དེ་ཡང་སྟོང་ཉིད་ལ་སྐྲག་པའི་ཚུལ་པཎྜི་ཏ་དཱི་པཾ་ཀཱ་རའི་མདུན་དུ་འཕགས་ཡུལ་གྱི་དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་གཉིས་བྱུང་། ཇོ་བོས་གང་ཟག་གི་བདག་མེད་གསུངས་པའི་ཚེ་ཁོང་གཉིས་དད། ཆོས་ཀྱི་བདག་མེད་གསུངས་པའི་ཚེ་དེ་སྐད་མི་གསུང་བ་ཞུ་འཇིགས་འཇིགས་ཟེར་བ་དང་། ཤེས་རབ་སྙིང་པོ་ཐོས་པའི་ཚེ་རྣ་བ་དགབ། ཇོ་བོ་ཐུགས་ཆད་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་ཚོགས་ཁྱད་པར་ཅན་ལ་མ་འབད་ན་བསྲུང་སྡོམ་དག་པ་གཅིག་པུས་གར་ཡང་མི་ཕྱིན་གསུངས་པ་ལྟ་བུའོ། །གཉིས་པ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ཆོས་རྣམས་ཀྱི་གནས་ལུགས་ངོ་བོ་ཉིད་མེད་པར་བསྟན་པ་དེ་གཏན་མེད་ལྟ་བུ་མ་ཡིན་པར་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང བཞིན་དུ་གནས་པའི་དོན་དེ་ཤེས་པའི་དོན་དུ་རིམ་པ་བཞིན། བྱིས་པས་བདེན་པར་སྒྲོ་བཏགས་པའི་ཀུན་བརྟགས་དང་། རྟེན་འབྲེལ་གྱི་ངོ་བོར་སྣང་ཙམ་པའི་གཞན་དབང་དང་། རང་བཞིན་སྤྲོས་པ་དང་བྲལ་བའི་ཡོངས་གྲུབ་རྣམ་པ་གསུམ་པོ་དག་ལས། དང་པོར་ངོ་བོ་ཉིད་མེད་པའི་ཚུལ་ནི་ཀུན་བརྟགས་ལ་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་དེ་བྱིས་པའི་ལོག་ཤེས་ཀྱི་ཡུལ་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་བཞིན་དང་། གཉིས་པར་ངོ་བོ་ཉིད་མེད་པའི་ཚུལ་ནི་གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ། སྐྱེ་བ་ལྟར་སྣང་ཡང་དཔྱད་ན་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་དཔེར་ན་སྒྱུ་མའི་སྣང་བ་བཞིན་དང་། གསུམ་པར་ངོ་བོ་ཉིད་མེད་པའི་ཚུལ་ནི་ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ་དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ནམ་མཁའི་ངོ་བོ་ལ་སྤྲིན་གྱིས་མི་གོས་པ་བཞིན་ཡིན་པས། དོན་དེ་རྣམས་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ངོ་བོ་ཉིད་མེད་པ་མ་སྐྱེས་པ་ཞེས་པ་ལ་སོགས་པའི་བརྗོད་པ་ཟབ་པ་གཏིང་དཔག་དཀའ་བ་དག་ཏུ་སྟོན་པར་བྱེད་པ་སྟེ། དཔེར་ན། མ་སྐྱེས་དགྲས་འཇམ་དཔལ་ལ་བདག་གི་འགྱོད་པ་བསལ་དུ་གསོལ་ཞུས་པས། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་འགྱོད་པ་ནི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་སྤྱོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་སྐྱབས་མ་རྙེད་ནས་ཤིང་བཅད་པ་ལྟར་ས་ཆེན་པོ་ལ་འགྱེལ་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཇལ་དཔལ་གཞོན་ནུར་གྱུར་པ་ནི་ལྡེམ་པོའི་ངག་ཏུ་སྟོན་པ་ལ་མཁས་ཀྱིས་མ་འཇིགས་མ་སྐྲག་པར་དོན་དེ་ཅི་ལ་དགོངས་ཏེ་གསུངས་དྲས་ཤིག་ཅེས་པ་ལྟ་བུའོ། །མཚན་ཉིད་ལྡེམ་དགོངས་འདི་ཡོངས་གྲགས་ལ། ཀུན་བརྟགས་རྫས་སུ་དང་། གཞན་དབང་རང་སྐྱེ་བའི་དང་། ཡོངས་གྲུབ་གཞན་དབང་ལས་ལོགས་སུ་མེད་པའི་ཕྱིར་ངོ་བོ་མེད་པ་སྟེ། དེ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་སྟོན་པ་དྲང་དོན་ནོ་ཞེས་སེམས་ཙམ་པ་ཁོ་ནའི་འདོད་པར་བཤད་བས། འདིའི་བཤད་ཚུལ་དང་མི་གཅིག་གོ། །གསུམ་པ་གཉེན་པོ་ལྡེམ་དགོས་ནི། མདོ་སྡེའི་རྒྱན་ལས། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་གསུངས། །ཞེས་པ་ལྟར་ཉེས་པ་བརྒྱད་འདུལ་བའི་ཕྱིར་བསྟན་པ་ལྟ་བུ་སྟེ། དང་པོ་སངས་རྒྱས་ལ་བརྙས་པ་ནི། བློ་དམན་པ་གཞན་གྱིས་འདི་སྙམ་དུ་བསྐལ་པ་བཟང་པོའི་མདོ་སྡེ་ནས་སངས་རྒྱས་སྟོང་རྩ་སྟོན་པའི་ཚེ་དེ་དག་གི་ནང་ནས་ཤཱཀྱ་ཐུབ་པ་ནི་སྐུ་བོངས་ཆུང་ཞིང་འོད་ཀྱང་འདོམ་གང་བ། འདུས་པ་ཉུང་བ། སྐུ་ཚེ་ཡང་ཐུང་བས་གཞན་ལས་དམན་ནོ་སྙམ་དུ་ལོག་པར་རྟོག་ན་དེ་ལྡོག་པའི་ཆེད་དུ། རྣམ་སྣང་གངས་ཆེན་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཚུལ་ལ་བསྔགས་ནས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་བདག་ཉིད་ཡིན་པར་ཞལ་གྱིས་བཞེས་པ་ལྟ་བུ་སྟེ། དེ་ལྟར་བསྟན་པས་ཉན་པ་པོས་གཟུགས་སྐུའི་རང་བཞིན་གཅིག་ཏུ་མཉམ་པར་གོ་ནས་བརྙས་པ་ལྡོག་ལ། འཆད་པ་པོའི་སྐུ་ཚེ་དང་རིགས་དང་སྐུ་བོངས་ཀྱི་ཚད་ཀྱིས་མཉམ་པ་མིན་ཡང་། སངས་རྒྱས་ཐམས་ཅད་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཙམ་དང་། ཆོས་སྐུ་སྐྱེ་བ་མེད་པར་མཉམ་པ་དང་། ཚོགས་གཉིས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་དང་། གདུལ་བྱའི་ཡུལ་ལའང་ཕྲིན་ལས་རྩོལ་མེད་དུ་འཇུག་པ་ལ་མཉམ་པ་ལྟ་བུར་དགོངས་སོ། །དེས་མཚོན་ནས་གཉིས་པ་ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན། གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ་ཞེས་གསུངས་པ་ལྟ་བུའོ། །དེའི་དོན་བཤད་སྦྱར་དུ་ལུང་ལས་དོན་གཞན་ཐེག་ཆེན་གྱི་རྟོགས་པའི་ཆོས་ལ་དགོངས་ནས་གསུངས་པར་བཤད་དོ། །གསུམ་པ་ལེ་ལོའི་སྒྲིབ་པའི་གཉེན་པོར་ནི། དུས་གཞན་ལ་དགོངས་པར་བཤད་པ་དང་། བཞི་པ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་གང་ཟག་གི་བསམ་པ་ལ་དགོངས་པར་བཤད་པ་དང་། ལྔ་པ་ང་རྒྱལ་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་བསྔགས་པ་ལྟ་བུ་དང་། དྲུག་པ་འདོད་ཆགས་ལ་སྤྱོད་པའི་གཉེན་པོར་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུ་དང་། བདུན་པ་འགྱོད་པའི་གཉེན་པོར་གང་དག་སངས་རྒྱས་བྱང་སེམས་ལ་གནོད་པ་བྱེད་པ་དེ་དག་མཐོ་རིས་སུ་འགྲོའོ་ཞེས་པ་ལྟ་བུ་དང་། བརྒྱད་པ་མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་ཉན་ཐོས་རྣམས་ལུང་བསྟན་པ་དང་། ཐེག་པ་གཅིག་ཏུ་བཤད་པ་ལྟ་བུའོ། །དབུ་མ་པས་ཐེག་གཅིག་སྟོན་པའི་མདོ་སྡེ་ངེས་དོན་དུ་བཞེད་པས། འདི་སེམས་ཙམ་ཁོ་ནའི་འདོད་པའོ། །བཞི་པ་བསྒྱུར་བ་ལྡེམ་དགོངས་ནི། དགེ་སྦྱོང་ག་ཏ་མ་ནི་ནན་ཏན་གྱིས་མ་བསྐུལ་ཡང་ཆོས་འཆད་དོ་ཞེས་ཟེར་བའི་འཕྱ་བ་བསལ་བ་དང་། ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཁོ་ནས་ཁྱད་པར་ཐོབ་ན་ཐོབ་བྱའི་ཆོས་དེ་ཡང་གཏིང་དཔག་སླའོ་སྙམ་པ་བསལ་བའི་ཕྱིར། ཟབ་ཞི་སྤྲོས་བྲལ་སོགས་གསུངས་ནས་ཆོས་མི་གསུང་བར་བཞུགས་པའི་ཚུལ་བསྟན་པ་ལྟ་བུ་དང་། ཁྱད་པར་དུ་བརྗོད་བྱ་ཟབ་མོ་གཞན་དུ་འདྲེན་པ་སྟེ་འདི་ལྟར་བསད་པར་བྱ་བ་མ་ཡིན་པའི་ཕ་དང་མ་གསོད་པར་བསྟན་པ་དང་། དེ་བཞིན་དུ་བཅོམ་བྱ་མིན་པའི་རྒྱལ་པོ་དང་ནི་བྲམ་ཟེ་དང་དགེ་སྦྱོང་སྟེ་གཙང་སྦྲ་ཅན་གཉིས་དང་། ཡུལ་འཁོར་སྐོར་དང་བཅས་པ་རྣམས་བཅོམ་ན་དེ་ལྟར་བྱེད་པ་པོ་དེ་དག་པ་ཉིད་དུ་འགྱུར་བར་གསུངས་པ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་རབ་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་སོ། །དེ་དག་གི་དགོངས་གཞི་ནི་འཁོར་བར་འདུ་བྱེད་པས་སྲེད་པ་དང་ལེན་པ་ནི་ཕ་དང་མའོ། །བག་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་བས་ཀུན་གཞི་ནི་རྒྱལ་པོའོ། །སོགས་ཁོངས་ནས་བྲམ་ཟེ་ནི་འཇིགས་ཚོགས་ལ་ལྟ་བ་དང་། དགེ་སྦྱོང་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ་ཡང་དག་པའི་ལྟ་སྤྱོད་ཀྱིས་མ་གོས་པས་གཙང་སྦྲ་ཅན་གཉིས་དང་། ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པ་སྟེ། བསད་པ་དང་བཅོམ་པའི་དོན་ཡང་དག་པའི་ལྟ་སྤྱོད་ཀྱིས་སྲེད་ལེན་རྒྱུན་བཅད་ནས་ཚོགས་བརྒྱད་བག་ཆགས་དང་བཅས་པ་དག་པར་བྱས་ན་འཚང་རྒྱ་བ་ལ་དགོངས་ནས་དེ་ལྟར་བཏགས་པ་ཡིན་པས། དགོངས་གཞི་དེ་ལྟ་བུ་ཡིན་པ་མ་ཤེས་པར་སྒྲ་ཇི་བཞིན་པར་བལྟས་ཏེ་ཕ་མ་གསོད་པ་ལ་སོགས་པའི་དོན་རྣལ་མར་བཟུང་ན་ཤིན་ཏུ་ནོར་བ་ཆེན་པོ་ཡིན་པ་ལྟ་བུའོ། །གཞན་ཡང་ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པ་སྟེ། དེ་ཡང་ས་ར་ཞེས་པའི་སྒྲ་གཅིག་ལས་དུ་མ་འཕྲོ་བ་ལྟ་བུ་ལ་འཇུག་པས་སྙིང་པོའམ་རྣམ་པར་འཕྲོ་བ་རྣམ་གཡེང་གཉིས་ཀ་ལ་བཤད་དུ་ཡོད་པས། སྙིང་པོ་ནི་སེམས་ཀྱི་རྣམ་གཡེང་དང་དེ་མེད་པ་ནི་སྙིང་པོ་མེད་པའོ། །ཕྱིན་ཅི་ལོག་ནི་གཙང་བདེ་རྟག་བདག་ལས་ལོག་པའོ། །ཉོན་མོངས་པ་ནི་ཡུན་རིང་པོར་དཀའ་སྤྱད་ཀྱིས་ངལ་བ་ལ་དགོངས་ནས་དེ་ལྟར་གསུངས་པའི་དོན་རྣམ་གཡེང་སྤངས་ནས་ཕྱིིན་ཅི་ལོག་གི་རྟོག་པ་བཞིའི་གཉེན་པོ་ཡུན་རིང་དུ་བརྟེན་ནས་བྱང་ཆུབ་ཐོབ་པ་ལ་གོ་དགོས་པ་ལ་སོགས་པ་ལྟ་བུ་རྣམས་ཡིན་ནོ། །དེ་ལྟར་བཞི་པོ་ནི། མདོ་སྡེའི་རྒྱན་ལས། ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་འདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །ཞེས་སོ། །གསུམ་པ་དེ་གཉིས་ཀྱི་ཁྱད་པར་ནི། མདོར་བསྡུ་ན་དགོངས་པ་བཞི་དང་ལྡེམ་པོར་དགོངས་པ་བཞི་སྟེ་དེ་གཉིས་པོའི་རང་བཞིན་ཅི་རིགས་པར་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པ་ཡང་ཡོད་དེ་དེའི་ཁྱད་པར་ནི། དགོངས་པ་ནི་སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས། འདི་ལ་བསམས་ཏེ་གསུངས་སོ་ཞེས་སྨྲ་བ་པོས་ཡིད་ལ་རྣམ་པར་བཞག་པའི་བསམ་པ་ཙམ་སྟོན་པའི་ཆ་ནས་བཞག་པ་ཡིན་གྱི་ཕ་རོལ་གཟུང་བ་ལ་ལྟོས་པ་མིན་ཞེས་དེའི་ཆ་ནས་བཞག་པ་མིན་ནོ། །ལྡེམ་པོར་དགོངས་པ་ནི་ཐད་ཀར་མི་སྟོན་པར་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་ཕ་རོལ་གཟུང་བ་ལ་ལྟོས་པ་སྟེ་དགོས་པ་སྟོན་པའི་ཆ་ནས་བཞག་གོ། །འདི་ལ་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ནི་སྨྲ་བ་པོའི་བསམ་པའི་དོན་ལས་དོན་ཞེན་སྨྲ་བ་པོའི་ཚིག་ལས་ཉན་པ་པོས་གོ་བར་བྱེད་པ་ནི་དགོངས་པ་ཡིན་ལ། སྨྲ་བ་པོའི་བསམ་པའི་དོན་དེ་ཉིད་ཉན་པ་པོས་གོ་བར་བྱེད་པ་ནི་ལྡེམ་དགོངས་སོ་ཞེས་བཞེད་ཅིང་། ཐེག་བསྡུས་ཀྱི་འགྲེལ་པ་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་ཡིན་གྱི། ཕ་རོལ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ་ཞེས་གསུངས་སོ། །དེ་གཉིས་ཀའང་འགལ་བ་མེད་དེ། དེའང་འགའ་ཞིག་ལ་ལྟོས་ནས་དེའི་ཆ་ལྡན་དུ་བཤད་པ་ནི་ཕ་རོལ་གཟུང་བའམ། གཟུང་བ་ལ་མ་ལྟོས་ཀྱང་དགོངས་པ་ཡིན་ལ་དེ་ཉིད་གཞན་གྱིས་དྲིས་པ་ལ་སོགས་པའི་ཚེ་དོན་མཐའ་དག་མ་རྫོགས་པས་ད་དུང་དགོངས་གཞི་ལ་ལུས་པའི་ཕྱིར་དགོངས་པ་ཞེས་བྱ་ལ། གཞན་ལ་ཕན་གདགས་པའི་ཕྱིར་རྒྱུ་མཚན་ཅུང་ཟད་ལ་བརྟེན་ནས་ཁོའི་སྣང་བ་དང་མཐུན་པར་སྟོན་པ་ནི་ལྡེམ་དགོངས་ཞེས་བྱ་སྟེ། སྨྲ་བ་བོས་ཀྱང་སྨྲས། ཕ་རོལ་པོས་ཀྱང་དེ་གོ་ནས་ཞུགས་པས་ད་གཟོད་དོན་གཞན་རྫོགས་པར་གོ་བའི་རྟེན་བྱེད་ཅིང་བརྫུན་དུའང་མ་གྱུར་ཙམ་དུ་གནས་པའི་ཕྱིར་རོ། །དེས་ན་དེ་ལྟར་སྒྲ་དང་། དོན་དང་། དགོངས་པ་དང་། དགོས་ཆེད་ཀྱི་གནས་སྐབས་དུ་མ་ཡོད་པ་དེ་རྣམས་ཚུལ་བཞིན་དུ་རྣམ་པར་འབྱེད་ཤེས་པའི་ཤེས་རབ་ནི་གསུང་རབ་མདོ་རྒྱུད་རྣམས་ལ་བལྟ་བའི་ལྡེ་མིག་གཉིས་པ་ཡིན་ནོ། །གཉིས་པ་གཞལ་བྱ་དམ་ཆོས་མཛོད་ཀྱི་རྣམ་བཞག་བཤད་པ་ལ་གཉིས་ཏེ། བདེན་གཉིས་ཀྱི་རང་བཞིན་སྤྱིར་བཤད་པ་དང་། གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་ཤེས་རབ་དྲི་མ་མེད་པ་དེས་གང་ལ་གཞལ་བར་བྱ་བའི་ཡུལ་གྱི་ངོས་ནས་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱའི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་འཚམས་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་དེ་ཐམས་ཅད་ཡིན་ལ་དེ་དག་ཀྱང་སྲིད་པར་འཆིང་བྱེད་ཀྱི་རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་སྟེ། དུག་གསུམ་གྱི་གཉེན་པོར་བརྗོད་བྱ་མངོན་རྟོགས་བསླབ་པ་གསུམ་གྱི་དོན་སྟོན་པར་བྱེད་པའི་རྗོད་བྱེད་ལུང་གི་ཆོས་འདུལ་བ་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་དང་། དུག་གསུམ་ཆ་མཉམ་པའི་གཉེན་པོར་བསླབ་པ་གསུམ་གྱི་རང་བཞིན་ཆ་མཉམ་ལ་རྒྱ་ཆེ་ཞིང་ཟབ་པར་སྟོན་པ་རིག་པ་འཛིན་པའི་སྡེ་སྣོད་དང་བཞིར་གནས་ལ། དེ་རེ་རེ་ལ་ཉི་ཁྲི་ཆིག་སྟོང་རེར་ཕྱེ་བའི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་པའི་བརྗོད་བྱའི་དོན་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ནའང་བསྡུ་ན་རྣམ་པ་གཉིས་སུ་འདུ་བ་ཡིན་ནོ། །གཉིས་པོ་དེ་གང་ཞེ་ན། སྣང་ལུགས་ཀུན་རྫོབ་ཀྱི་བདེན་པ་དང་། གནས་ལུགས་དོན་དམ་པའི་བདེན་པ་དག་སྟེ། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དསམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། ངོ་བོ། མཚན་ཉིད། ངེས་ཚིག །གྲངས་ངེས། ངེས་བྱེད་ཀྱི་ཚད་མ། དབྱེ་བ། དགོས་ཆེད་དོ། །དང་པོ་ནི། བདེན་པ་གཉིས་ཀའི་སྤྱིའམ་ཐུན་མོང་བའི་ངོ་བོ་འདིའོ་ཞེས་ངོས་བཟུང་བྱེད་རྒྱུ་མཚན་ཉིད་པ་ཞིག་མེད་དེ་ཆོས་ཐམས་ཅད་བདེན་པ་དང་བདེན་པ་མ་ཡིན་པའི་ཐ་སྙད་ལས་འདས་ཤིང་། མཚན་ཉིད་དང་བྲལ་བའི་དབྱིངས་སུ་ཚུལ་གཅིག་པའི་ཕྱིར་རོ། །དེ་ལྟ་ནའང་འཇིག་རྟེན་པའི་བློ་དོན་བདེན་པ་མ་ཡིན་པ་ལོག་ཙམ་གྱི་བདེན་པ་ཙམ་ཞིག་གནས་པ་ལ་བྱ་སྟེ། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ། །ཞེས་སོ། །དེའང་འཇིག་རྟེན་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་དང་སྟེ། སྤྱོད་འཇུག་ལས། བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང་། འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །ཅེས་སོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོ་རང་གི་རིག་པ་ཆོས་ཀྱི་དབྱིངས་དང་རོ་གཅིག་པ་ནི་དོན་དམ་བདེན་པའི་ངོ་བོ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེས་ན་ཆོས་ཅན་དང་ཆོས་ཉིད་འདུ་འབྲལ་མེད་པས་གཉིས་ཀའང་རང་བཞིན་མེད་དེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་དེའི་ཕྱིར། །འདི་དག་རྟག་པ་མ་ཡིན་ཆད་པའང་མིན། །ཞེས་སོ། །གཉིས་པ་མཚན་ཉིད་ལ་གཉིས་ལས། ཀུན་རྫོབ་བདེན་པའི་མཚན་ཉིད་ནི། བློའི་ཡུལ་ལས་མ་འདས་པའི་ཆོས་དཔྱད་མི་བཟོད་པ་སྒྲིབ་པའི་རྣམ་པར་སྐྱེས་པའོ། །བློ་ཞེས་པ་ནི་སེམས་སེམས་བྱུང་ལ་ཟེར་གྱིས། སོ་སོ་རང་རིག་པའི་ཡེ་ཤེས་ལ་མི་བྱའོ། །དེ་ལྟར་ཡང་དེ་ཉིད་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་སོ། །དོན་དམ་བདེན་པའི་མཚན་ཉིད་ནི། ཆོས་དང་ཆོས་ཉིད་དག་མཉམ་སྤྲོས་པ་ལས་འདས་པའི་ངོ་བོ་བློ་དང་མཚན་མས་དབེན་པ་སྟེ། རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །གསུམ་པ་ངེས་ཚིག་ནི། སྒྱུ་མར་སྣང་ལ་རང་བཞིན་མེད་པས་ཀུན་རྫོབ་དང་། རེ་ཞིག་འཁྲུལ་ངོར་རང་རང་གི་མཚན་ཉིད་མི་བསླུ་བར་སྣང་བས་བདེན་པ་ཞེས་པའི་ཐ་སྙད་བཏགས་པ་དང་། ཡང་གཉེར་བྱའི་དོན་མཆོག་གམ་དམ་པ་ཡིན་པ་དང་། ལམ་དང་འབྲས་བུའི་ཆོས་སུ་མི་བསླུ་བས་བདེན་པ་སྟེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་བྱ་ཞིང་བསྒོམ་པར་བྱའོ། །ཡོངས་སུ་བསྒོམ་པ་ལས་ནི་བླ་ན་མེད་པའི་ཆོས་ཐོབ་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །བཞི་པ་གྲངས་ངེས་ནི། དགག་ཕྱོགས་དང་། སྒྲུབ་ཕྱོགས་གཉིས་སུ་ངེས་པས་ཕུང་པོ་གསུམ་པ་ཁེགས་ཏེ། སྤྲོས་པ་ལས་མ་གྲོལ་བ་དང་། གྲོལ་བ་གཉིས་སུ་ངེས་པས་བདེན་པ་གཉིས་སུ་རྣམ་པར་བཞག་པ་སྟེ་དེ་ཡང་ལམ་བསྒྲུབ་པའི་གནས་སྐབས་ཀྱི་སྣང་ཆ་ཀུན་རྫོབ་པ་ཐམས་ཅད་ཀྱང་མཐར་དབྱིངས་སུ་དག་དགོས་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན་ཡུལ་རྣམས་སྣང་ཚུལ་དང་གནས་ཚུལ་གཉིས་སུ་ངེས་ཏེ་བློ་ལ་གཉིས་སུ་སྣང་ཞིང་བཏགས་པ་ཐམས་ཅད་ཀུན་རྫོབ་དང་། བློ་ལས་འདས་པའི་ཡེ་ཤེས་ཀྱིས་སྣང་མི་སྣང་གི་ཐ་སྙད་དང་བྲལ་བའི་གནས་ཚུལ་མཐོང་བ་དོན་དམ་པ་ཡིན་ལ། ཡུལ་དེ་ཡང་ཡུལ་ཅན་ལ་ལྟོས་ནས་འཇོག་པ་ན་འཁྲུལ་པ་དང་མ་འཁྲུལ་པ་གཉིས་ལས་མི་འདའ་བས་ཀྱང་གཉིས་སུ་ངེས་ཏེ། འཇུག་པ་ལས། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །དེས་ན་ཆོས་ཐམས་ཅད་གཏན་ལ་དབབ་པར་བྱེད་པ་ལ་ཤེས་བྱ་བདེན་པ་གཉིས་པོ་དེར་འདུ་བས་དེ་ལས་གཞན་ཕུང་པོ་གསུམ་པ་ཞིག་མ་མཆིས་པས་མི་དགོས་སོ། །དེ་སྐད་དུ་ཡང་ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར་། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མ ཆིས་སོ། །ཞེས་སོ། །འཕགས་པའི་བདེན་པ་བཞི་ལ་སོགས་པ་བཤད་པ་དང་། སྔགས་སུ་ལྷག་པའི་ཀུན་རྫོབ་དང་། དོན་དམ་དང་། དབྱེར་མེད་སོགས་བཤད་པ་ནི་གཉིས་པོ་འདི་ལས་གཞན་མིན་ནོ། །ལྔ་པ་ངེས་པར་བྱེད་པའི་ཚད་མ་ནི། ཆོས་དབྱིངས་དོན་དམ་པའི་བདེན་པ་ནི་སྤྲོས་པ་ལས་གྲོལ་བ་ཡིན་ཏེ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་པའི་ཕྱིར་རོ། །ཆོས་ཅན་ཀུན་རྫོབ་པ་རྣམས་སྤྲོས་པ་དང་བཅས་པར་སྣང་བ་ཡིན་ཏེ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དྲུག་པ་དབྱེ་བ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དུ་མ་དང་བྲལ་བས་རང་གི་ངོ་བོའི་དབྱེ་བ་མེད་དེ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་སོ། །དེས་ན་གནས་ཚུལ་ལ་གཅིག་དང་ཐ་དད་གང་དུ་རྟོག་ཀྱང་སྐྱོན་བཞི་བཞི་དག་གིས་གནོད་པར་གསུངས་ཏེ། དེ་ལ་དང་པོ་ནི་དགོངས་པ་ངེས་འགྲེལ་ལས། ཀུན་རྫོབ་མངོན་སུམ་ཚད་མས་རྟོགས་པ་ན། དེ་དང་ལྡོག་པ་ཐ་དད་མེད་པས་དོན་དམ་པའི་བདེན་པའང་རྟོགས་པའི་ཕྱིར་འཁོར་བའི་སེམས་ཅན་དང་པོ་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དང་༡། ཐ་དད་མི་ལྡན་པའི་དོན་དམ་པའི་བདེན་པ་དང་ལྡོག་པ་ཐ་དད་མེད་པས་ཀུན་རྫོབ་གཟུགས་ལ་སོགས་པའང་ཐ་དད་ཀྱིས་སྟོང་པར་འགྱུར་བ་དང་༢། གང་དམིགས་པའི་ཡུལ་དུ་བྱས་པས་ཉོན་མོངས་པ་འཕེལ་བར་འགྱུར་བའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་པ་མེད་པས་དོན་དམ་པའི་བདེན་པ་དམིགས་པའི་ཡུལ་དུ་བྱས་པ་ལས་ཉོན་མོངས་པ་རྒྱས་པར་འགྱུར་བ་དང་༣། ཚད་མས་གཟོད་རྟོགས་པར་བྱར་མེད་པའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་མེད་པའི་ཕྱིར། དོན་དམ་པའི་བདེན་པའང་ད་གཟོད་གཏན་ལ་དབབ་ཏུ་མེད་པར་འགྱུར་རོ༤། །ཞེས་སོ། །གཉིས་པ་ཡང་དེ་ཉིད་ལས། དོན་དམ་པའི་བདེན་པ་མངོན་དུ་རྟོགས་ནའང་ཀུན་རྫོབ་དེ་བས་ལོགས་སུ་དམིགས་པའི་ཕྱིར་མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་བ་དང་༡། ཀུན་རྫོབ་དང་དངོས་པོ་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་ཆོས་ཉིད་མ་ཡིན་པ་༢བཞིན་ནོ། །བདེན་པ་གཉིས་དངོས་པོ་ཐ་དད་པའི་ཕྱིར། ཀུན་རྫོབ་ཀྱི་བདག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་༣ བཞིན་ནོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པའི་དུས་ནའང་། ཀུན་རྫོབ་དེ་བས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་འགྱུར་བས་སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་དུས་གཅིག་འཇུག་པ་མི་འགལ་བར་༤ འགྱུར་རོ། །ཞེས་སོ། །འོ་ན་བདེན་པ་གཉིས་སུ་ཇི་ལྟར་དབྱེ་ཞེ་ན། གཤིས་ལ་མ་གྲུབ་བཞིན་འཇིག་རྟེན་པའི་བློ་ངོར་ལྟོས་ཏེ་བརྡ་ཤེས་པའི་ཡན་ལག་ཏུ་སྒྲོ་འདོགས་པའི་ཚུལ་གྱིས་གསུངས་པ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལས། ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་པ་ལྟར་བདེན་པ་གཉིས་སུ་སྤྱིར་དབྱེ་ན་སྐྱེ་འགག་ཀུན་བྱང་དགག་སྒྲུབ་སོགས་མཚན་ཉ ིད་མི་འདྲ་བ་དུ་མ་བློ་ལ་སྣང་ཞིང་ཐ་སྙད་པའི་བློ་ངོ་དེར་གནོད་པ་མེད་པའི་ཆ་ཇི་སྙེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། ཀུན་རྫོབ་དེ་ཉིད་ཀྱི་རང་བཞིན་སྣང་མི་སྣང་སྐྱེ་མི་སྐྱེ་བདག་ཡོད་མེད་ལ་སོགས་པའི་སྤྲོས་པའི་དྲྭ་བ་མ་ལུས་པས་དབེན་པ་ལ་དོན་དམ་པ་ཞེས་བཏགས་ཀྱི་སྤྲོས་བྲལ་ཞེས་པའི་ཆོས་ཤིག་གུད་ན་མེད་དེ། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་སོ། །བྱེ་བྲག་ཏུ་བདེན་པ་གཉིས་པོ་རང་རང་གི་ནང་གསེས་ཀྱིས་དབྱེ་ན་དེ་ལྟ་བུའི་བློ་སྣང་གི་ཆོས་ཀུན་རྫོབ་པ་དེ་ལའང་འཁྲུལ་མ་འཁྲུལ་གཉིས་ལས། བྱིས་པ་རྣམས་ཀྱི་འཁྲུལ་ངོར་སྣང་བ་དེ་ལ་ཐ་སྙད་འཇིག་རྟེན་པས་བདེན་རྫུན་གཉིས་སུ་བྱེད་པ་ལྟར་སྣང་ལུགས་རྣམ་པ་གཉིས་སུ་ཕྱེ་སྟེ། དུས་དེའི་འཁྲུལ་ཤེས་ཀྱི་ངོ་བོ་མེ་ཆུ་སོགས་དང་། ཟླ་གཅིག་ལ་སོགས་པར་སྣང་བ་ནི་སྣང་བ་ཇི་སྙེད་པ་དེ་སྙེད་ཀྱི་རང་རང་གིས་མེས་བཙོ་བསྲེགས་དང་ཆུས་བརླན་སྡུད་དང་། ཟླ་བས་མུན་པ་སེལ་བ་ལ་སོགས་པ་སྣང་ཚོད་དེ་ཉིད་དང་མཐུན་པར་དོན་བྱེད་པ་རྣམས་རང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ལ་ཡང་དག་པའི་ཀུན་རྫོབ་ཉིད་དུ་བཤད་དེ་མཐུན་པར་སྣང་བ། རྒྱུ་ལས་སྐྱེས་པ་བཏགས་པས་དབེན་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བརྗོད་དོ། །ཡང་འཁྲུལ་ངོར་སྣང་ནའང་སྨིག་རྒྱུ་ལ་ཆུར་དང་། ཐག་ཁྲ་ལ་སྦྲུལ་དུ་དང་། ཟླ་བ་ལ་གཉིས་སུ་སྣང་བ་ལྟ་བུས་ནི་བརླན་པའི་བྱ་བ་དང་། དུག་གིས་གནོད་པ་དང་། མུན་པ་སེལ་བའི་དོན་མི་བྱེད་པ་ལ་སོགས་པ་དེ་དག་གི་ཤེས་པ་དང་བཅས་པ་ལ་ནི་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ། མཐུན་པར་མི་སྣང་ཞིང་ཐ་སྙད་ཙམ་དུའང་རྒྱུ་ལས་མ་སྐྱེས་པའི་མེད་སྣང་ཡིན་པའི་ཕྱིར་ཏེ། དེ་ཡང་འཁྲུལ་རྐྱེན་འཛོམ་པས་སྣང་བ་ཡིན་པའི་ཕྱིར་རྒྱུ་མེད་མིན་ཀྱང་ས་མྱུག་བཞིན་དུ་རང་སྐྱེད་བྱེད་ཀྱི་རྒྱུ་བེམ་པོའི་ཆོས་སུ་གྲུབ་པ་ཐ་སྙད་དུའང་མེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེའང་དབུ་མ་རང་རྒྱུད་པའི་ལུགས་ལ་ནི་དེ་གཉིས་ཀའང་དོན་དམ་དཔྱོད་བྱེད་ཀྱི་རིག་པས་གཞལ་ན། བག་ཆགས་འཁྲུལ་པ་ལས་སྐྱེས་པར་མཉམ། དབང་པོ་སོ་སོ་སྣང་བར་མཉམ་པས་མཚུངས་ཤིང་བདེན་པར་མ་གྲུབ་ནའང་། ཐ་སྙད་ཙམ་དུ་རང་གི་མཚན་ཉིད་ཀྱི་གྲུབ་མ་གྲུབ་ཡོད་པས་ཡང་ལོག་གི་ཀུན་རྫོབ་གཉིས་སུ་གྲགས་སོ། །དེ་ལྟར་ཡང་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །ཐལ་འགྱུར་བས་ནི་མཚན་ཉིད་ཀྱིས་གྲུབ་པ་དང་བདེན་པར་གྲུབ་པ་དོན་གཅིག་པས་ཐ་སྙད་དུའང་མ་གྲུབ་པར་འདྲ་ཡང་འཇིག་རྟེན་པས་དེ་གཉིས་བདེན་རྫུན་དུ་བྱེད་པ་དང་བསྟུན་ནས་ཕྱེ་བ་ཙམ་དུ་ཟད་དེ། འཇུག་པ་ལས། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་ཚིག་རྐང་སྔ་མ་གཉིས་ཤེས་པའི་དབང་དུ་བྱས་ནས་དང་། ཕྱི་མ་བཞི་ཡུལ་གྱི་དབང་དུ་བྱས་ནས་གསུངས་སོ། །ཡང་རྣམ་པ་གཅིག་ཏུ་ན་སྔ་མ་གཉིས་ཆར་བདེན་ཞེན་དང་། བཅས་པའི་སེམས་རྟོག་དང་སྣང་བ་ཡིན་པས་ལོག་པའི་ཀུན་རྫོབ་དང་། འཕགས་པའི་ཡེ་ཤེས་ཐོབ་ནས་བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ནི་ཡང་དག་པའི་ཀུན་རྫོོབ་ཡིན་ཏེ་མ་འཁྲུལ་པའི་བློ་སྣང་ཡིན་པའི་ཕྱིར། དེ་ལྟར་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས། བྱང་ཆུབ་སེམས་དཔའ་གང་སྤྱད་པ་ཐམས་ཅད་ལ་སྤྱོད་ལ། སྤྱོད་པ་ཐམས་ཅད་ཀྱིས་ཀྱང་མི་གོས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་པ་ཐམས་ཅད་ཀྱང་འགྲུབ་པར་སྣང་བའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཡིན་ནོ། །ཞེས་དང་། །ཁྱེའུ་བཞིའི་ཏིང་ངེ་འཛིན་གྱི་མདོ་ལས། ཐམས་ཅད་ཤེས་ཀྱང་རྣམ་ཤེས་ཡོད་མིན་ཞིང་། །ཐམས་ཅད་བསྒོམ་ཡང་རྣམ་བསྒོམ་ཡོད་མིན་ལ། །ཐམས་ཅད་རྟོགས་ཀྱང་རྟོགས་པ་ཡོད་མིན་ཞིང་། །ཐམས་ཅད་བརྗོད་ཀྱང་གང་ལའང་མི་གནས་ལ། །ཟབ་ཆོས་ཆོས་ཀྱི་འདུ་ཤེས་ཡོད་མིན་ཞིང་། །སེམས་ཅན་འགྲོ་ལ་ཡང་སེམས་ཅན་འདུ་ཤེས་མེད། །ཞི་དབེན་ཞི་བའི་འདུ་ཤེས་ཡོད་མིན་ཞིང་། །བྱང་ཆུབ་རྟོགས་ཀྱང་བྱང་ཆུབ་འདུ་ཤེས་མེད། །ཅེས་སོ། །དེ་ལྟ་བུའི་མ་འཁྲུལ་བའི་ཀུན་རྫོབ་དེ་ལའང་གཉིས་ཏེ། འབྲས་བུ་ཐོབ་བྱེད་ཀྱི་ལམ་ལ་མ་འཁྲུལ་བ་དང་། འབྲས་བུ་ཐོབ་ནས་མ་འཁྲུལ་པའོ། །དང་པོ་ནི་འཕགས་པ་སློབ་པའི་རྒྱུད་ཀྱི་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་ཐམས་ཅད་དང་། རྗེས་ཐོབ་སྣང་བ་དང་བཅས་པའི་སྐབས་ཀྱི་ཚོགས་བསགས་པའི་སྒོ་ཐམས་ཅད་དོ། །ཕྱི་མ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་བཅས་པའོ། །འོ་ན་སྔར་འཇུག་པའི་ཕུང་དོན་ལྟར་འཁྲུལ་མ་འཁྲུལ་གྱི་ཡུལ་ཅན་གཉིས་ཀྱི་ཡུལ་དུ་ངེས་པས་བདེན་པ་གཉིས་ཀྱི་གྲངས་ངེས་བཤད་པ་དང་འགལ་ཏེ་མ་འཁྲུལ་པའི་ཀུན་རྫོབ་ཡོད་པའི་ཕྱིར་ཞེ་ན། སྔར་ནི་འཕགས་པ་སློབ་པ་རྣམས་ཀྱི་རྗེས་ཐོབ་ཀྱི་སྣང་བ་གཉིས་སྣང་དང་བཅས་པས་གཤིས་དོན་ལ་སྒྲིབ་པའི་ཆ་ཡོད་པས་འཁྲུལ་པའི་ཕྱོགས་སུ་བཞག་ལ། འདིར་ནི་འགྱུར་ཞིང་གོང་དུ་བགྲོད་པས་མི་རྟག་ཀྱང་གཤིས་ཀྱི་སར་བསྒྲོད་པས་དང་བདེན་ཞེན་མེད་པས་མ་འཁྲུལ་བ་ཞེས་བརྗོད་ཅིང་། སངས་རྒྱས་ཀྱི་སའི་སྐུ་དང་ཡེ་ཤེས་སོགས་ནི་སྣང་བའི་ཆ་ཙམ་གྱིས་བརྗོད་པར་ཟད་ཀྱི། ཀུན་རྫོབ་མཚན་ཉིད་པ་ནི་མ་ཡིན་ཏེ། དོན་དམ་ཉག་གཅིག་གི་དགོངས་པ་མཐར་ཕྱིན་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །འོན་ཀྱང་སྐུ་གཉིས་ཟུང་འཇུག་དང་། སྐུ་ཐུགས་ཟུང་འཇུག་དང་། སྣང་སྟོང་ཟུང་འཇུག་དང་། སྔགས་ཀྱི་སྐབས་སུ་ལྷག་པའི་ཀུན་རྫོབ་ལ་སོགས་པའི་ཐ་སྙད་ཙམ་ནི་གདགས་སུ་མི་རུང་བ་མ་ཡིན་པས་དེ་སྐད་ཅེས་བྱའོ། །དོན་དམ་པའི་བདེན་པ་ནི་གཤིས་ཀྱི་བཞུགས་ཚུལ་ལམ་གནས་ཚུལ་ཡིན་པས་ངོ་བོ་ལ་དབྱེར་མེད་ཀྱང་བརྡར་བཏགས་ནས་དབྱེ་ན། བློས་དཔྱད་དེ་སྐྱེ་བ་ལ་སོགས་པ་བཀག་ནས་སྐྱེ་མེད་དང་སྤྲོས་བྲལ་སོགས་སུ་བསྒོམས་ཀྱང་རྣམ་ཤེས་ཀྱི་སྤྱོད་ཡུལ་ལས་མ་འདས་པས་ངོ་བོ་ཀུན་རྫོབ་ཀྱིས་བསྡུས་ཀྱང་དོན་དམ་པ་རྟོགས་བྱེད་ཀྱི་ཐབས་དངོས་ཡིན་པ་དང་། དེ་དང་རྗེས་སུ་མཐུན་པའི་ཕྱིར་རྣམ་གྲངས་པའི་དོན་དམ་མམ་མཐུན་པའི་དོན་དམ་ཞེས་བྱ་སྟེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་མ་གྲུབ་ཕྱིར། །སྐྱེ་བ་མེད་ལ་སོགས་མི་འགྲུབ། །ཅེས་དང་། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡར་མཛད་དོ། །ཞེས་སོ། །དེས་ན་རྣམ་གྲངས་མ་ཡིན་པའི་དོན་དམ་ནི་སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དབྱིངས་སུ་ཞི་ནས་གཤིས་ཐོག་ཏུ་ཕྱིན་པ་སྟེ་ས་ཐོབ་འཕགས་པའི་མཉམ་བཞག་དང་། སངས་རྒྱས་ཀྱི་སའི་ཤེས་དང་ཤེས་བྱ་རོ་གཅིག་ཏུ་གྱུར་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ནི་འཁོར་བ་དང་ནི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཟོད་མ་ནས་ངོ་བོ་ཉིད་མེད་པས་གཉིས་སུ་མེད་ཅིང་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བས་སྙམ་བྱེད་ཀྱི་བློས་བསམ་པ་དང་། སྒྲ་ཚིག་གིས་བརྗོད་པ་ལས་འདས་པས་ན་རྟོགས་པའི་བློ་ཡིས་དོན་དམ་པ་ཡིན་པ་དང་། མ་རྟོགས་པའི་བློ་ཡིས་མ་ཡིན་པར་མ་བཞག་སྟེ་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་དེ་ལྟར་གནས་ཤིང་འཕོ་འགྱུར་མེད་པ་ཞིག་གོ། །དེ་ལྟར་ཡང་མ་ཕམ་མགོན་པོས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཐམས་ཅད་དངོས་པོ་མེད་ཅིང་ཡི་གེ་མེད། །སྟོང་པ་ཞི་བ་བཟོད་ནས་དྲི་མ་མེད། །དེ་ལྟར་ཆོས་རྣམས་གང་གིས་ཤེས་པ་ནི། །གཞོན་ནུ་དེ་ནི་སངས་རྒྱས་ཞེས་ཀྱང་བརྗོད། །ཅེས་སོ། །དེ་ལྟར་བདེན་པ་གཉིས་སུ་དབྱེ་བའང་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པས་གསུངས་ཀྱི། དངོས་པོའི་ཆ་ནས་མ་ཧེའི་རྭ་ལྟར་ཐ་དད་པ་མེད་པའི་ཚུལ་ནི་འདི་ལྟར། བདེན་པ་གཉིས་པོ་ཡེ་ནས་རོ་གཅིག་ཏུ་འདྲེས་ཤིང་དབྱེར་མེད་པའི་སྣང་སྟོང་ཟུང་འཇུག་ནི་དཔེར་ན། རྫིང་བུ་དྭངས་པར་ཞུགས་པ་སྟེ་ཤར་བའི་ཟླ་བའི་སྐྱེ་མཆེད་དམ་གཟུགས་བརྙན་ལ་མཚོན་ན་གཟུགས་སྣང་བའི་ཆ་དང་། ཟླ་བར་བདེན་པ་མེད་པའི་ཆ་དང་གཉིས་སུ་ཕྱེ་རུ་ཡོད་ཀྱང་དེ་གཉིས་རྫིང་བུའི་ཆུ་དེར་མེད་པར་ངོ་བོ་གཅིག་པ་བཞིན་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་དག་གཏན་མེད་རི་རྭ་ལྟ་བུ་མ་ཡིན་པར་སྣང་ཙམ་པ་བའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་དང། སྣང་དུས་ཉིད་ནས་རང་བཞིན་གང་ཡང་མ་གྲུབ་པའི་ཆ་ནས་དོན་དམ་པའི་བདེན་པའོ་ཞེས་གཉིས་སུ་ཕྱེ་ཡང་གཉིས་ཀ་རང་བཞིན་མེད་པར་ངོ་བོ་གཅིག་སྟེ། འཇུག་པ་ལས། བདེན་པ་གཉིས་སུའང་རང་བཞིན་མེད་དེའི་ཕྱིར། །དེ་དག་རྟགས་པ་མ་ཡིན་ཆད་མ་ཡིན། །ཞེས་སོ། །དེ་ལྟར་བདེན་པ་གཉིས་པོའི་ངོ་བོ་དང་་མཚན་ཉིད་སོགས་སོ་སོར་ཤེས་པར་བྱས་ནས་མཐར་དབྱེར་མེད་དུ་བསྒྲུབ་པ་དེ་ཡང་སྣང་སྟོང་ངམ་ཡོད་མེད་གཉིས་ཟུང་དུ་སྦྱོར་བ་ལྟ་བུ་མ་ཡིན་པར་རང་བཞིན་ངང་གིས་དབྱེར་མེད་ཅིང་ཚུར་རོལ་རྟོག་པའི་བློའི་ཡུལ་ལས་འདས་པའི་གནས་ལུགས་ཟབ་མོའི་དོན་ལ་སོམ་ཉི་སྤང་བར་བྱ་སྟེ། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་ཏེ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་སོ། །བདེན་གཉིས་དབྱེར་མེད་ལ་ཐ་སྙད་དུ་དབྱེ་བ་བྱེད་པའི་ཚུལ་འདི་ལ་ཀུན་མཁྱེན་ཆེན་པོས་སེམས་ཉིད་ངལ་གསོའི་འགྲེལ་པ་སོགས་སུ་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་ལ་སོགས་པའི་ཁུངས་དྲངས་ནས། གཅིག་པ་བཀག་པ་ཙམ་གྱི་ཐ་དད་མ་ཡིན་ཏེ། རང་བཞིན་སོ་སོ་བ་མེད་ཕྱིར་དང་། གཞི་གཅིག་ལ་དབྱེ་དགོས་པའི་ཕྱིར་རོ། །ཞེས་གསུངས་ལ། ཁོ་བོའི་བླ་མ་བཀའ་དྲིན་ཅན་གྱིས་ཤེར་ཕྱིན་སྤྱི་དོན་དུ་ནི། གཅིག་པ་བཀག་པའི་ཐ་དད་ཙམ་དུ་འདོད་དེ་དངོས་པོ་དང་དངོས་མེད་བཞིན་ནོ། །ཞེས་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའོ་ཞེས་ཟེར་བ་ཡང་མི་འཐད་ཅིང་། སེམས་འགྲེལ་གྱི་ལུང་དེ་ཡང་དེའི་ཁུངས་མ་ཡིན་ཏེ། དེས་བདེན་པ་གཅིག་མེད་པར་ཅིག་ཤོས་མེད་པའི་དཔེར། བྱས་མི་རྟག་བླང་བས་འདི་ཡང་དེ་ཉིད་དང་གཞན་དུ་མེད་པའི་རིགས་པའོ་ཞེས་གསུངས་པ་ནི་རེ་ཞིག་རང་རྒྱུད་པའི་གཞུང་དང་བསྟུན་པར་སྣང་ཡང་། དེ་དག་གི་དགོངས་པ་ལ་བརྟགས་ན་གནད་གཅིག་པར་སེམས་ཏེ། སྔ་མས་ནི་ཆོས་རྣམས་ཀྱི་གནས་ཚུལ་གཞི་ལམ་འབྲས་བུའི་བར་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་ངོ་བོར་ཚུལ་གཅིག་པ་ལ་དགོངས་ལ། ཕྱི་མས་ནི་འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཞེས་པ་ལ་སོགས་པའི་དགོངས་པ་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་དུ་ངེས་པ་དོན་གྱི་བདེན་པ་དབྱེར་མེད་ཆེན་པོ་ལ་དཀྲི་བའི་ཐབས་སུ་བརྡར་བཏགས་པའི་བདེན་གཉིས་འཁོར་བའི་ཆོས་ཐམས་ཅད་ཀུན་རྫོབ་དང་། མྱང་འདས་ཀྱི་ཆོས་རྣམས་དོན་དམ་པར་བྱས་ཏེ་དེ་གཉིས་དབྱེར་མེད་དུ་བཤད་ཀྱང་དོན་ལ་དབྱེར་མེད་རྒྱུའི་འཁོར་བའི་ཆོས་རྣམས་གཏན་ནས་མེད་པར་གསུངས་པ་བཞིན། སྣང་ཚུལ་འཁོར་བའི་ཆོས་ཙམ་ལ་ཀུན་རྫོབ་ཏུ་དགོངས་པ་ཡིན་མམ་སྙམ་དུ་བསམ་མོ། །འོན་ཀྱང་ཟབ་མོའི་གནས་འདི་ལྟ་བུ་ནི་ཇི་བཞིན་རྟོགས་པ་ལྟ་ཅི། ཕྱོགས་ཙམ་ཡང་གཏིང་དཔོགས་པར་ཤིན་ཏུ་དཀའ་བས་བློ་གསལ་གསར་བུ་པ་རྣམས་ལ་དཔྱད་གཞི་ཙམ་དུ་བྲིས་པ་ཡིན་པས་ཕྱོགས་གཅིག་པའི་ཤེས་རབ་ཀྱིས་མདོ་སྔགས་ལ་སོགས་པའི་གཞུང་ལུགས་ཀྱི་བཤད་ཚུལ་མི་འདྲ་བ་རྣམས་འགལ་འདུ་ཅན་དུ་མི་ལྟ་བར་ཐམས་ཅད་དགོངས་མཐུན་དུ་བཟུང་ནས་ཉམས་ལེན་གྱི་གནད་འགག་གཅིག་ལ་བློ་རྩེ་གཏད་ཕེར་བ་ཞིག་བྱུང་ན་ཐོས་བསམ་བྱས་པ་དོན་དང་ལྡན་པ་ཡིན་པས་ཞིབ་ཏུ་དཔྱད་པར་མཛོད་ཅིག །བདེན་གཉིས་དབྱེར་མེད་རྟོག་ཡུལ་ལས་འདས་པ་དེ་ལྟ་ནའང་རེ་ཞིག་མོས་སྤྱོད་པའི་ལམ་ལ་སྣང་བའི་ཆོས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ་འདོད་པའི་ཡུལ་ལྔ་པོ་སྒོ་ལྔའི་ཤེས་པའི་ངོ་ལ་ཚོན་རིས་ཀྱི་ཁ་དོག་མ་འདྲེས་པ་ལྟ་བུས་སོ་སོར་སྣང་བ་ན། གཟུགས་ལ་སོགས་པའི་ཡུལ་ལྔ་པོ་སྣང་ཙམ་པ་དེས་མི་འཆིང་མོད། དེ་དག་ལ་གཟུང་འཛིན་དུ་སྐྱེས་ནས་འདོད་པའི་ལོངས་སྤྱོད་དུ་ཉེ་བར་ལེན་པའི་ཆ་བཟུང་བ་ནི། དེ་དང་དེ་ལ་འདི་ནི་གཟུགས་སོ་ཞེས་པ་ལ་སོགས་པའི་དེར་འཛིན་གྱི་སྒོ་ནས་མི་འདོད་པ་ལ་དགག་པ་དང་། འདོད་པ་ལ་བསྒྲུབ་པའི་བློ་སེམས་དང་རྟོག་པ་སེམས་བྱུང་གི་འཁྲུལ་སྣང་བར་མ་ཆད་པ་ལ་རང་རྒྱུད་པར་འཛིན་པའི་སྐབས་འདིར་། དེ་དག་གཞིག་པའི་ཕྱིར་སྣང་བ་དེ་ཐམས་ཅད་རང་བཞིན་མ་གྲུབ་ཅིང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཚུལ་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག་པར་བྱ་སྟེ། སྐྱེ་བ་མེད་པ་རྨི་ལམ་ལྟ་བུ། འགག་པ་མེད་པ་སྒྱུ་མ་ལྟ་བུ། རྟག་པ་མེད་པ་སྨིག་རྒྱུ་ལྟ་བུ། ཆད་པ་མེད་པ་ཆུ་ཟླ་ལྟ་བུ། འོང་བ་མེད་པ་མིག་ཡོར་ལྟ་བུ། འགྲོ་བ་མེད་པ་བྲག་ཆ་ལྟ་བུ། ཐ་དད་པ་མ་ཡིན་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། དོན་གཅིག་མ་ཡིན་པ་སྤྲུལ་པ་ལྟ་བུའོ་སྙམ་དུ་ཡང་ཡང་བསམ་ཞིང་དཔྱད་ནས་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་ངེས་ཤེས་བསྐྱེད་དེ། དེ་ནས་དེའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱའོ། །དེ་ལྟར་གོམས་ཤིང་རྟོགས་པ་རྣམས་ནི་སྲིད་པའི་གྲོང་ཁྱེར་ནས་ཐར་བའི་ལམ་སྣ་ཟིན་པ་ཞེས་བྱ་བ་ཡིན་ནོ། །འོན་ཀྱང་དེ་ཙམ་གྱིས་ཆོག་ཤེས་པར་མི་བྱེད་དེ། ཉན་ཐོས་ལྟ་བུ་རང་དོན་ཉི་ཚེ་བ་ཙམ་ཞིག་བསྒྲུབ་པ་མ་ཡིན་པར་བྱང་ཆུབ་སེམས་དཔའ་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་དགོས་པས་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ལའང་ཆེ་ཐང་དུ་འབད་པར་བྱེད་ཅིང་དེར་མ་ཟད་བདེན་པ་གཉིས་སུ་དབྱེ་བ་དང་། དབྱེར་མེད་དུ་བསྒྲུབ་པ་དང་། མཐའ་བརྒྱད་སྒྱུ་མའི་དཔེ་ཡིས་རང་བཞིན་མེད་པར་ཤེས་ཤིང་བསྒོམ་པ་དེ་ཡང་མཐར་ཐུག་པའམ་ཆོས་རྣམས་ཀྱི་གནས་ལུགས་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་བློ་ཡིས་འདི་ལྟ་བུའོ་ཞེས་རྣམ་པར་དཔྱད་བཟོད་པ་སྟེ་ཡུལ་དུ་བྱར་རུང་བ་ཞིག་ཡོད་ན་དེ་ནི་དོན་དམ་པ་མ་ཡིན་ཏེ། དོན་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ལ། ཡུལ་དང་ཡུལ་ཅན་དུ་སྐྱེ་བའི་བློ་ཐམས་ཅད་ནི་གཉིས་མེད་ཀྱི་དོན་ལ་སྒྲིབ་པའི་ཀུན་རྫོབ་ཡིན་པའི་ཕྱིར་དང་། གཞན་ཡང་བློའི་ཡུལ་དུ་བྱས་པའི་རྣམ་པ་རྣམས་ཡང་ན་ནི་གཅིག་གི་ངོ་བོར་རྟོག་ལ། ཡང་ན་ནི་དུ་མའི་ངོ་བོར་རྟོག་པ་ལས་མ་འདས་པས་གཅིག་དུ་མ་དང་བྲལ་བའོ་སྙམ་དུ་བསམ་ན་ཡང་གཅིག་དུ་མ་དང་བྲལ་རྒྱུའི་ཆོས་ཤིག་གི་རྣམ་པར་འཆར་བ་ལས་འོས་མེད་པས། གཅིག་དང་དུ་མ་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་དང་རྣམ་པར་འགལ་བའི་སྤྲོས་བྲལ་དང་། ཆོས་ཉིད་དང་། ཡེ་ཤེས་ལ་སོགས་པའི་མཚན་ཉིད་རྣམས་ནི་བློ་ཡི་ཡུལ་ན་ནམ་དུ་ཡང་གནས་མ་མྱོང་སྟེ། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་ཐོབ་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་ལྟར་རོ། །བདུན་པ་བདེན་གཉིས་གཏན་ལ་དབབ་པའི་དགོས་པ་ནི། ཐ་སྙད་པའི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་གཏན་ལ་དབབ་སྟེ། དེ་ཁོ་ན་ཉིད་ལ་སྒྲིབ་པའི་གཏི་མུག་འཁྲུལ་པའི་ཆ་ཐམས་ཅད་བསལ་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་བསོད་ནམས་ཀྱི་ཚོགས་བསགས་པ་མི་འདོར་ཡང་འཁོར་གསུམ་དུ་ཞེན་པའི་ཡུལ་རང་བཞིན་མེད་པའི་ཆོས་ཉིད་ཀྱི་དོན་ཤེས་པའི་ཤེས་རབ་ཀྱིས་ཟིན་པས་ཚོགས་གཉིས་ཟུང་འཇུག་ཏུ་སོང་ནས་ཡང་དག་པའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་འགྱུར་ཞིང་མཐར་ཕྱིན་པར་བྱེད་པའི་དགོས་པ་ཡོད་དེ། འཇུག་པ་ལས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་དང་། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་དང་། དབུ་མ་སྙིང་པོར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དོན་དམ་ཁང་ཆེན་གྱི། །སྟེང་དུ་འཛེགས་པར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་སོ། །གཉིས་པ་གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་བདེན་གཉིས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ། རེ་ཞིག་གྲུབ་པའི་མཐའ་སྨྲ་བ་པོ་སོ་སོ་ཡིས་རྒྱལ་བའི་བཀའི་དགོངས་པ་ལེན་ཚུལ་ཐ་དད་པའི་དབང་གིས་རང་རང་གིས་གཞི་ལམ་འབྲས་བུའི་དོན་རྣམ་པར་བཞག་པའི་ཚུལ་ནི་འདི་ལྟར་ཡིན་ཏེ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་རྣམས་བཤད་པའོ། །དང་པོ་བྱེ་བྲག་སྨྲ་བ་ནི། བདེན་པར་ཞེན་པས་ཕྱི་དོན་འདོད་ཅིང་རང་རིག་ཐ་སྙད་དུའང་ཁས་མི་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ནི་བྱེ་བྲག་སྨྲ་བའི་མཚན་ཉིད་དེ། དེ་ལ་གཞི་ལམ་འབྲས་བུ་གསུམ་ལས། གཞིའི་ཆོས་བདེན་པ་གཉིས་སུ་གཏན་ལ་དབབ་ཚུལ་ནི། འདུས་བྱས་ཀྱི་ཆོས་རྣམས་ཕུང་པོ་ལྔ་དང་། དེའང་ཤེས་པ་དང་། བེམ་པོ་གཉིས་སུ་བསྡུས་ཏེ། ཚོགས་དྲུག་གི་ཤེས་པའི་རྒྱུན་ཆུ་བོའི་རྒྱུན་འབབ་པ་བཞིན་སྐད་ཅིག་སྔ་ཕྱི་བར་མ་ཆད་པར་འབྱུང་བ་འདི་ལ་བྱིས་པ་རྣམས་ཀྱིས་ཇི་ལྟར་བཟུང་བ་ལྟ་མི་བདེན་ཏེ། དཔྱད་ན་དུས་གསུམ་གྱི་ཤེས་པ་དུ་མར་འགྱུར་བས་དགེ་བའམ་མི་དགེ་བའི་རྟོག་པ་འདི་ལྟ་བུའོ་སྙམ་པའི་རང་འཛིན་གྱི་བློ་འདོར་དུ་རུང་བས་ཀུན་རྫོབ་ཙམ་དུ་ཡོད་པ་ཡིན་ལ། དོན་དམ་པར་ཤེས་པའི་རང་བཞིན་ཅི་ཡང་མ་གྲུབ་ན་རགས་པའི་རྒྱུན་ཀུན་རྫོབ་པ་དེ་སྣང་དུའང་མི་རུང་བས་བློ་ཡིས་ཇི་ལྟར་དཔྱད་ཀྱང་དུས་གསུམ་དུ་བགོ་རུ་མེད་པའི་ཤེས་པ་དུས་ཀྱི་ཆ་མེད་པ་རང་འཛིན་གྱི་བློ་འདོར་མི་རུང་བ་ཞིག་རྒྱུན་རྩོམ་པའི་གཞིར་ཡོད་པ་དང་། བེམ་པོའི་དངོས་པོ་རགས་པར་སྣང་བ་བུམ་པ་ལ་སོགས་པའང་རྡུལ་ཕྲན་དང་ཆ་ཤས་དུ་མ་བསགས་པའི་རང་བཞིན་ལ་བྱིས་པ་ཕལ་པ་རྣམས་ཀྱིས་བུམ་པའོ་ཞེས་དངོས་པོ་གཅིག་ཏུ་བཟུང་བ་ལྟར་མི་བདེན་ཏེ་གཉེན་པོས་བཅོམ་ཞིང་གཞིག་པར་བྱས་ན་བུམ་འཛིན་དེ་ལྡོག་པར་འགྱུར་ལ། དེ་བཞིན་དུ་གཞིག་པས་ད་དུང་ཆ་ཤས་སུ་ཕྱེ་རུ་ཡོད་པ་དེ་སྲིད་དུ་རང་འཛིན་གྱི་བློ་འདོར་རུང་བས་ཀུན་རྫོབ་ཙམ་ཡིན་ལ། འོན་ཀྱང་ཅི་ཡང་མ་གྲུབ་པ་ཞིག་ཡིན་ན་རགས་སྣང་འདི་ཡང་ཡོད་མི་རུང་བས་དེ་དག་རྩོམ་པའི་གཞི་དོན་དམ་པར་ནི་གཉེན་པོ་ཐོ་བ་ལ་སོགས་པས་བཅོམ་ཞིང་གཞིག་པར་བྱས་ཀྱང་ཆ་ཤས་ཕྱེ་རུ་མེད་པ་ཡི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཞིག་ཡོད་དོ་ཞེས་འདོད་པ་ནི་ཉན་ཐོས་སྡེ་པ་བྱེ་བྲག་སྨྲ་བའི་ལུགས་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེ་ཡང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་དོན་དམ་དུ་བསྡུ་ལ། ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་ཅིང་། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །སྤྱིར་གྲུབ་པའི་མཐའ་འདིས་ནི་ཕྱི་རོལ་པ་རྣམས་འདོད་པའི་གང་ཟག་གི་བདག་ལེགས་པར་བཀག་སྟེ། དེའི་སྟེང་དུ་ཆ་མེད་གཉིས་ལ་བདག་ཏུ་གདགས་པའི་གཞི་མེད་པ་ལ་གང་ཟག་གི་བདག་རིལ་པོ་བདེན་གྲུབ་ཏུ་འཛིན་པའི་བློ་ལྷན་སྐྱེས་ཀྱང་ལོག་ཤེས་ཡིན་པར་ཤེས་ནས་བདག་མེད་དུ་ཁས་བླངས་ཤིང་། དེའི་ལྟ་བ་གོ་བ་ལས་མདོ་སྡེ་པའི་ལྟ་བ་ལེགས་པར་གོ་བའི་ལམ་སྟེགས་ཙམ་ལས། གཞན་དུ་ནམ་མཁའ་རྟག་དངོས་གཉིས་ཀ་ཡིན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་དང་། མཚུངས་པ་ལྔ་ལྡན་གྱི་རྒྱུ་འབྲས་སོགས་རྫས་གྲུབ་ཏུ་ཁས་ལེན་ཞིང་། དུས་གསུམ་ཡང་རྫས་གྲུབ་དང་དངོས་པོར་འདོད་པས་ནམ་ཡང་མེད་པར་མི་འགྱུར་བ་སོགས་ཤིན་ཏུ་རགས་པ་ཡིན་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་མདོ་སྡེ་བ་དང་མཐུན་པར་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་ལས་ཀྱི་རྒྱུན་ཁས་ལེན་པའི་ཁྱད་པར་ཡོད་དོ། །གཉིས་པ་ལམ་གྱི་རྣམ་བཞག་ནི་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་པོ་ལ་དམིགས་ནས་བསྒོམས་པའི་ཚུལ་ལ་ལམ་ལྔའི་རྣམ་བཞག་ཙམ་བྱེད་ཀྱང་ས་བཅུ་ལ་སོགས་པའི་རྣམ་བཞག་མི་འདོད་ལ། ལམ་དེ་དག་གི་སྤང་བྱ་ཉོན་མོངས་ཅན་དང་། དེ་ལས་ལྡོག་པའི་མི་ཤེས་པ་གཉིས་ལས་སྔ་མ་སྤངས་པ་ལས་དམན་པའི་དགྲ་བཅོམ་པའི་གོ་འཕང་དང་། ཕྱི་མ་སྤངས་པ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་ཅིང་། བཅུ་དྲུག་པ་ལམ་རྗེས་ཤེས་བསྒོམ་ལམ་དང་། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དག་ཀྱང་རིམ་ཅན་དུ་སྐྱེ་བར་འདོད་པའོ། །གསུམ་པ་འབྲས་བུའི་རྣམ་བཞག་ནི། བཤད་མ་ཐག་པའི་དམན་པའི་དགྲ་བཅོམ་ལའང་ཉམས་པའི་ཆོས་ཅན་སོགས་འདོད་ཅིང་། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་མི་རྟག་པ་སོགས་བཅུ་དྲུག་གི་ལམ་དང་། འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཐོབ་པར་འདོད་ལ། དེའང་བདག་ཅག་གི་སྟོན་པ་ལ་མཚོན་ན། དང་པོ་ཐུགས་བསྐྱེད་པ་ནས་བཟུང་སྲོད་ལ་བདུད་བཏུལ་བའི་བར་ཐར་པ་ཆ་མཐུན་ཙམ་ལ་གནས་པའི་སོ་སོ་སྐྱེ་བོ་དང་། གང་གི་མཚན་ཐོག་གཅིག་པོ་དེ་ཉིད་ལ་སྦྱོར་ལམ་གྱི་གནས་སྐབས་དྲོད་ལ་སོགས་པ་བཞི། མཐོང་ལམ་གྱི་གནས་སྐབས་སྐད་ཅིག་བཅོ་ལྔ་རྣམས་སྟན་ཐོག་དེ་ཉིད་དུ་རྫོགས་པར་མཛད་ནས་ཐོ་རངས་བསྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དྲུངས་ནས་ཕྱུང་སྟེ་སངས་རྒྱས་པ་འདོད་དོ། །དེ་ལྟར་སངས་རྒྱས་པ་དེ་ཡང་ཐུགས་རྒྱུད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་ཉིད་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་ནི་སྡུག་བསྔལ་བདེན་པ་ཡིན་པས་སངས་རྒྱས་སུ་མི་འདོད་དེ་ལྷས་སྦྱིན་གྱིས་སྒྱོགས་འཕངས་པའི་ཚེ་ཞབས་བསྣད་པ་སོགས་ཚུལ་བསྟན་མ་ཡིན་པར་བཟུང་ནས་དྲང་དོན་ཐད་དྲང་དུ་ཁས་ལེན། འོན་ཀྱང་ཐུགས་རྒྱུད་ལ་དཔགས་ནས་སངས་རྒྱས་ཕྱིན་ཆད་ཀྱི་མཛད་པ་རྣམས་སངས་རྒྱས་ཀྱི་མཛད་པ་དང་། སྐུ་ལུས་ལ་དཔགས་ནས་ལྷག་བཅས་ཀྱི་དགྲ་བཅོམ་པ་ཞེས་འདོད་ཅིང་། མྱ་ངན་ལས་འདས་ནས་ལྷག་མེད་ཀྱི་དབྱིངས་སུ་ཞུགས་པ་ཡིན་པས་བེམ་རིག་གི་འཇུག་པ་རྒྱུན་ཆད་པར་འདོད་པས་ཞིང་ཁམས་གཞན་དུ་གཟུགས་སྐུའི་རྣམ་འཕྲུལ་སྟོན་པ་སོགས་དང་། ལོངས་སྤྱོད་རྫོགས་སྐུ་ལ་སོགས་པའི་རྣམ་བཞག་ཀྱང་མི་འདོད་ལ། ལྷག་བཅས་ལྷག་མེད་གཉིས་ལས་ལོགས་སུ་གྱུར་པའི་མི་གནས་པའི་མྱ་ངན་ལས་འདས་པའང་ཁས་མི་ལེན་ཞིང་། དེ་བཞིན་དུ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱི་རྣམ་བཞག་ཙམ་འདོད་ཀྱང་། དེ་དག་གང་ཟག་ཡིན་པས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་ལ། དེ་དག་གི་རྒྱུད་ཀྱི་སློབ་པ་དང་མི་སློབ་པའི་ཆོས་རྣམས་ལ་དགེ་འདུན་དཀོན་མཆོག་ཏུ་འདོད་པའོ། །གཉིས་པ་མདོ་སྡེ་པ་ནི། བདེན་ཞེན་གྱི་ངོས་ནས་ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་བརྗོད་པ་ལ་ཞུགས་པའི་གང་ཟག་དེ་མདོ་སྡེ་པའི་མཚན་ཉིད་དེ། དབྱེ་བའི་སྒོ་ནས་ལུང་དང་རིགས་པའི་རྗེས་འབྲང་གཉིས་ལས། དང་པོ་ནི་བྱེ་སྨྲ་རྣམས་བཀར་འདོད་པའི་མངོན་པ་སྡེ་བདུན་པོ་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་བདུན་གྱི་བསྟན་བཅོས་སུ་འདོད་ནས་གྲུབ་མཐའ་དེ་ལས་སྨྲ་བ་ཡིན་ལ། ཕྱི་མ་ནི་བསྟན་བཅོས་ལ་ཚད་མར་མི་འཛིན་ཅིང་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་ཆོས་ཀྱི་མིང་གང་ཟག་ལ་ཆགས་ཏེ་དེ་སྐད་ཅེས་བྱ་ཞིང་ཆོས་རྣམས་དཔེ་དང་འབྲེལ་བར་སྟོན་པས་ན་དཔེ་སྟོན་པ་ཞེས་ཀྱང་གྲགས་སོ། །འདི་ལ་གཞི་ལམ་འབྲས་བུ་གསུམ་ལས། དང་པོ་གཞིའི་ཆོས་རྣམས་བདེན་པ་གཉིས་གཏན་ལ་དབབ་པའི་ཚུལ་ནི། ཆུ་སྐྱོར་བའི་དོན་བྱེད་པའི་བུམ་པ་དང་། གདུང་མ་འདེགས་པའི་དོན་བྱེད་པའི་ནུས་པ་ཡོད་པ་ཀ་བ་དངོས་ལྟ་བུ་གང་ཡིན་པ་དེ་འདི་བའི་གྲུབ་མཐའི་སྐབས་འདིར་ནི་དོན་དམ་པར་ཡོད་པ་མིན་ཏེ་རྫས་སུ་ཡོད་པའི་རྡུལ་ཕྲན་དུ་མ་འདུས་པ་ལས་མ་འདས་པའི་ཕྱིར་རོ། །དེས་ན་ཆ་མེད་གཉིས་འདོད་པ་ཙམ་བྱེ་སྨྲ་བ་དང་མཚུངས་ཀྱང་། དུས་གསུམ་རྫས་གྲུབ་དང་ནམ་མཁའ་རྟག་དངོས་སོགས་མི་འདོད་དོ། །དེ་ལས་གཞན་ཡིད་རྟོག་པའི་སྣང་ཡུལ་ལ་ཤར་བའི་ཆུ་སྐྱོར་བ་ལ་སོགས་པའི་དོན་བྱེད་མི་ནུས་པའི་ཀ་བུམ་སོགས་ལྟ་བུ་ནི་དོན་རང་མཚན་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་ཡིན་ལ་དེ་ཡང་འཁྲུལ་བའི་བློ་ངོར་སྣང་བ་ཙམ་དུ་ཡོད་པ་ལས་གྲུབ་པ་མེད་དོ། །དེ་དག་ལ་རིམ་པ་བཞིན་དོན་རང་མཚན་དང་སྤྱིའི་མཚན་ཉིད་ཀྱིས་བཤད་དེ། མངོན་སུམ་པའི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་ཅིང་། དེ་ཡང་རང་གི་མཚན་ཉ ིད་འཛིན་པས་རང་མཚན་དང་། གཞི་གྲུབ་པས་དངོས་པོ་དང་། སྐྱེ་འགག་བྱེད་པས་མི་རྟག་པ་དང་། རང་རྒྱུ་ས་བོན་སོགས་ལས་སྐྱེས་པས་འདུས་བྱས་དང་། རང་གི་ངོ་བོས་མི་སྟོང་པས་དོན་དམ་བདེན་པ་སྟེ་དེ་རྣམས་དོན་གཅིག་པར་འདོད་ཅིང་། རྟོག་པའི་སྣང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ་ལ། དེ་ཡང་དོན་གྱི་རྣམ་པར་ཤར་བ་ཙམ་ལས་དོན་རང་གི་མཚན་ཉིད་མི་འཛིན་པས་སྤྱི་མཚན་དང་། རྩོམ་གཞི་མེད་པས་དངོས་མེད་དང་། རང་དོན་སྐྱེ་འགག་བྱེད་རྒྱུ་མེད་པས་རྟག་པ་དང་། དེས་ན་རང་རྒྱུ་ས་བོན་སོགས་ལས་སྐྱེས་པ་མིན་པས་འདུས་མ་བྱས་དང་། རང་གི་ངོ་བོ་མ་གྲུབ་པས་ཀུན་རྫོབ་བདེན་པ་སྟེ་དེ་རྣམས་ཀྱང་བདེན་གཅིག་ཁར་འདོད་པའོ། །དེ་ལྟར་ཡང་རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་སོ། །དེས་ན་མདོ་སྡེ་པའི་ལུགས་ཀྱི་ཐ་སྙད་རྣམ་པར་བཞག་པའི་ཚུལ་རྣམས་ཚད་མ་ནས་ཇི་སྐད་བཤད་པ་དང་མཚུངས་པས་སམ། བྱེ་མདོ་གཉིས་ཀའི་བདེན་གཉིས་གཏན་ལ་དབབ་ཚུལ་གྱི་ངོ་བོ་རང་རང་གི་རྟོག་གེའི་བློ་ཡིས་བཞག་པ་ཙམ་ལས་དངོས་པོའི་གནས་ཚུལ་ཇི་བཞིན་པ་མིན་པར་མཚུངས་པས་ཕྱོགས་མཐུན་པའོ། །འོན་ཀྱང་དེ་གཉིས་ཀས་དེ་ལྟར་བརྟགས་ཤིང་དཔྱད་པས་ཕུང་སོགས་ཀྱི་ཆོས་རྣམས་ཆ་མེད་གཉིས་ཙམ་སུ་ཤེས་པས་ཆོས་སུ་བདེན་པར་ཞེན་པ་ཕྲ་བ་མ་ཁེགས་ཀྱང་གང་ཟག་རང་རྐྱ་བའི་རྫས་སུ་གྲུབ་པའི་བདག་མེད་པར་ངེས་པ་རྙེད་ནས་ལམ་བསྒྲུབ་པ་ཡིན་པས། ཐོག་མ་ནས་དམན་པར་བལྟས་ཏེ་དགག་པ་གཙོ་བོར་མི་བྱེད་པར་ཚུལ་འདི་དག་ལ་བརྟེན་ནས་ཀྱང་ཐོག་མེད་ནས་གོམས་པའི་དངོས་འཛིན་རགས་པ་ལྡོག་པའི་ཐབས་སུ་འགྲོ་བ་ལ་འབད་ན་གཞུང་ལུགས་ཐམས་ཅད་གདམས་པར་འགྲོ་བས་གལ་ཆེ་བར་གསུངས། གཉིས་པ་ལམ་གྱི་རྣམ་བཞག་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་ཡིན་ཀྱང་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་རྐྱང་པ་ཐབས་སྙིང་རྗེ་ཆེན་པོ་སོགས་དང་མ་འབྲེལ་བར་ཉམས་སུ་ལེན་པ་ནི་ཐེག་དམན་རང་ལམ་ཡིན་ལ། ཤེས་རབ་དེ་དང་སེམས་ཅན་ལའང་ཕན་པར་འདོད་པའི་བསམ་པ་ཕུན་སུམ་ཚོགས་པ་ཟུང་དུ་སྦྲེལ་བ་ནི་ཐེག་ཆེན་གྱི་ཉམས་སུ་ལེན་ཚུལ་དང་། དམན་མཆོག་གི་ལམ་བགྲོད་ཚུལ་སྔ་མ་དང་ཕྱོགས་མཚུངས་པ་ལས། ལམ་གྱི་སྤང་བྱ་སྒྲིབ་པ་ལ་ཡང་། གང་ཟག་གི་བདག་འཛིན་དང་། ཉོན་མོངས་པ་ཅན་གྱི་མི་ཤེས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ལས། ཆོས་ཀྱི་བདག་འཛིན་དང་། ཤེས་སྒྲིབ་སོགས་ཀྱི་ཐ་སྙད་ཁས་མི་ལེན་ཏོ། །གསུམ་པ་འབྲས་བུའི་རྣམ་བཞག་ནི། མི་རྟག་སོགས་བཅུ་དྲུག་པོ་རྐྱང་པ་ཙམ་བསྒོམས་པས་ཉོན་མོངས་པ་ཅན་གྱི་མི་ཤེས་པ་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ནི་དམན་པའི་བྱང་ཆུབ་དང་། དེ་བཞིན་དུ་མྱང་འདས་གཉིས་ཀྱིས་མཚོན་པའི་འགོག་བདེན་རྣམས་ཆོས་དཀོན་མཆོག་དང་། ལམ་བདེན་དགེ་འདུན་དཀོན་མཆོག་ཏུ་འདོད་ལ། ཐབས་སྙིང་རྗེ་ཆེན་པོ་ལ་སོགས་ཐེག་ཆེན་གྱི་ལམ་དང་རྗེས་སུ་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀའི་ས་བོན་དྲུངས་ནས་ཕྱུང་སྟེ། སྤངས་པ་ཁྱད་པར་གསུམ་ལྡན་དང་། རྟོགས་པ་ཁྱད་པར་གསུམ་ལྡན་གྱིས་རང་དོན་མཐར་ཕྱིན་ནས་གཞན་དོན་མཐར་ཐུག་གདུལ་བྱ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་སྨིན་གྲོལ་ལ་འགོད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུར་འདོད་དོ། །སྤྱིར་ཉན་ཐོས་ལ་དབྱེ་བ་བཞིར་གསུངས་ཏེ། ཇོ་བོས། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་། །རྫོགས་པའི་བྱང་ཆུབ་འགྱུར་བ་དང་། །ཞི་བགྲོད་གྲུབ་མཐའ་འཛིན་པའོ། །ཞེས་བཤད་པ་ལས། དང་པོ་ནི་མཆོག་ཟུང་དང་། རབ་འབྱོར་དང་། མ་འགགས་པ་ལ་སོགས་པའོ། ། མྱང་འདས་ལས་ནི་ལྷས་བྱིན་དང་། དྲུག་སྡེ་ཡང་དེར་བསྡུས་སོ། །གཉིས་པ་ནི། རང་ལམ་གྱིས་སྦྱོར་ལམ་བཟོད་པ་ཐོབ་ནས་ཐེག་ཆེན་དུ་ཞུགས་ཏེ་སངས་རྒྱས་སུ་འགྱུར་བ་ལ་གསུངས་ཤིང་། ཡང་རིགས་མ་ངེས་པ་དག་རང་ལམ་གྱིས་འབྲས་བུ་བཞི་པོ་གང་རུང་ཐོབ་ནས་གཟོད་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་ཡང་བཤད་དོ། །གསུམ་པ་ནི། རིགས་ངེས་པ་རྣམས་རང་ལམ་ནས་ལྷག་མེད་དུ་སོང་བའོ། །འདི་ཡང་མཐར་ཐུག་ཐེག་གཅིག་ཏུ་བཞེད་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ན་ཞིང་དག་པར་པདྨའི་སྦུབས་སུ་སྐྱེས་པ་ལ་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་ལ་འཇུག་དགོས་པར་གསུངས་སོ། །བཞི་པ་ནི། འགའ་ཞིག་དམན་པའི་རིགས་ཅན་དག་གིས་བཤད་མ་ཐག་པའི་བྱེ་མདོའི་གྲུབ་མཐའ་བཟུང་ནས་ལྟ་བ་དེ་ལ་བརྟེན་ནས་རང་འབྲས་དགྲ་བཅོམ་ཐོབ་པ་ཡོད་པར་རློམ་ཀྱང་། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་པས་དབུ་མའི་ལྟ་བ་མ་རྟོགས་པར་མི་ཐོབ་པར་བཞེད་པས་དེ་ལ་གྲུབ་མཐའ་འཛིན་པའི་ཉན་ཐོས་ཟེར་རོ་ཞེས་གསུངས་ཤིང་། རང་ལུགས་ལ་བསམ་པ་ཐེག་ཆེན་པས་ཉན་ཐོས་ཀྱི་གྲུབ་མཐའ་འཛིན་པ་ལ་གསུངས་སོ། །གསུམ་པ་སེམས་ཙམ་པ་ནི། ཕྱི་དོན་མི་འདོད་ཅིང་རང་རིག་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམ་པའི་མཚན་ཉིད་ཡིན་ལ། དབྱེ་ན་སོ་སོ་སྐྱེ་བོའི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་སྣང་བའི་གཟུགས་སོགས་རགས་པར་སྣང་བ་འདི་དག་སྣང་བ་ལྟར་ཕྱི་དོན་དུ་མ་གྲུབ་ཀྱང་སེམས་སུ་བདེན་པར་འདོད་པ་རྣམ་བདེན་པ་དང་། དེ་འདྲའི་རྣམ་པ་དེ་ཕྱི་དོན་དུའང་མ་གྲུབ་ནང་སེམས་སུ་ཡང་མ་གྲུབ་པར་མེད་སྣང་དུ་འདོད་པ་རྣམ་རྫུན་པ་གཉིས་སོ། །ཏིང་ངེ་འཛིན་གྱི་ཆ་ནས་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་ཞེས་ཀྱང་བྱའོ། །དེ་ལྟར་ཡང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྲ་རབ་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་ལ་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་བསྒྲགས། །ཞེས་སོ། །འདི་ལ་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་གསུམ་ལས། དང་པོ་གཞི་གཏན་ལ་དབབ་ཚུལ་ནི། ཤེས་བྱ་ཐམས་ཅད་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་དུ་བསྡུས་ནས་ཤེས་པར་བྱ་བ་སྟེ། དེ་ཡང་བག་ཆགས་ཀྱི་དབང་གིས་གཟུང་བ་དང་འཛིན་པ་གཉིས་སུ་མེད་བཞིན་སྣང་བའི་ཡུལ་གཟུགས་ལ་སོགས་པ་དང་། ཡུལ་ཅན་དེ་དག་འཛིན་པའི་སེམས་སོགས་བློས་བཀོད་ཅིང་སྒྲོ་བཏགས་པའི་ཆ་ཐམས་ཅད་ཀུན་བརྟགས་ཡིན་ལ། གཉིས་སུ་སྣང་ཙམ་དང་དེའི་གཞི་ནི་སེམས་སེམས་བྱུང་ཡིན་ཏེ་དེ་ནི་གཞན་དབང་ངོ་། །གཞན་དབང་དེ་ལ་ཀུན་བརྟགས་མེད་པའི་ཆ་གང་ཡིན་པ་དེ་ནི་ཡོངས་གྲུབ་བོ། །དེ་ཡང་དཔེར་ན་རྡེའུ་དང་ཤིང་བུ་ལ་སྔགས་བཏབ་པས་རྟ་གླང་དུ་སྣང་དུས་རྡེ་ཤིང་ལྟ་བུ་ནི་གཞན་དབང་། དེ་ལ་རྟ་གླང་དུ་སྣང་ཞིང་དེར་འཛིན་པ་དང་བཏགས་པ་ལྟ་བུ་ནི་ཀུན་བརྟགས། དེ་ལྟར་སྣང་དུས་ཉིད་ནས་རྡེ་ཤིང་ཙམ་ལས་རྟ་གླང་གིས་སྟོང་པ་ལྟ་བུ་ནི་ཡོངས་གྲུབ་བོ། །དེ་དག་བདེན་པ་གཉིས་སུ་བསྡུ་ན། ཀུན་བརྟགས་ནི་གཟུང་འཛིན་གཉིས་སུ་མེད་བཞིན་སྣང་བ་ལ་དེར་བདེན་པར་སྒྲོ་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ། གང་ཀུན་བརྟགས་ལས་གཞན་སྣང་གཞི་གཞན་དབང་གི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་དང་། དེའི་སྟེང་ན་ཀུན་བརྟགས་ཀྱི་སྟོང་པའི་ཡོངས་གྲུབ་གཉིས་ནི་དོན་དམ་པའི་བདེན་པ་རུ་འདོད་པ་སྟེ་སྔ་མ་ནི་ཆོས་ཅན་དོན་དམ་དང་། ཕྱི་མ་ནི་ཆོས་ཉིད་དོན་དམ་མོ། །ཡང་ན་གཞན་དབང་ཀུན་རྫོབ་ཀྱི་ཕྱོགས་སུ་བསྡུ་སྟེ་ཆོས་ཅན་གྱིས་བསྡུས་པ་ཡིན་པ་དང་། གཟུང་འཛིན་གཉིས་སུ་སྣང་ཙམ་ལ་བདེན་པར་སྒྲོ་མ་བཏགས་པའི་ཆ་ཡིན་པའི་ཕྱིར་རོ། །དེས་ན་བདེན་པ་སྒྲོ་མ་བཏགས་ན་གཉིས་སུ་སྣང་ཙམ་ནི་སེམས་སེམས་བྱུང་རང་རིག་གི་ངོ་བོར་སྣང་བའི་གནས་ཚུལ་འཕགས་པའི་རྗེས་ཐོབ་ཀྱི་སྣང་བ་བཞིན་ཡིན་པས་གཞན་དབང་གི་གནས་ཚུལ་མཐོང་བ་ཞེས་བྱ་ཞིང་། སོ་སྐྱེའི་དུས་སུ་ཀུན་བརྟགས་ཀྱིས་བསླད་ནས་ཇི་བཞིན་པར་མཐོང་བ་མ་ཡིན་པར་གསུངས་ཤིང་། གསུམ་པོ་དེ་ལ་ནང་གསེས་ཀྱིས་དབྱེ་ན་ཀུན་བརྟགས་ལ་གཉིས་ཏེ། དོན་ལ་མི་སྲིད་བཞིན་བློས་བཏགས་པ་ཆོས་དང་གང་ཟག་གི་བདག་ལྟ་བུ་མཚན་ཉིད་ཆད་པ་དང་། མེད་བཞིན་བློ་ལ་སྣང་བ་གཟུགས་བརྙན་དང་དོན་སྤྱི་དང་མིང་གིས་བཏགས་པ་ཐམས་ཅད་རྣམ་གྲངས་པའི་ཀུན་བརྟགས་སོ། །གཞན་དབང་ལའང་གཉིས་ཏེ། འཇིག་རྟེན་པའི་སེམས་སེམས་བྱུང་ཡུལ་དང་བཅས་པ་མ་དག་གཞན་དབང་དང་། འཕགས་པའི་རྗེས་ཐོབ་ཀྱི་སེམས་སེམས་བྱུང་ཡུལ་དང་བཅས་པ་དག་པ་གཞན་དབང་ངོ་། །ཡོངས་གྲུབ་ལའང་གཉིས་ཏེ། དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དང་། དེ་རྟོགས་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །སེམས་ཙམ་པ་འདི་ཡི་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱིས་ཡུལ་ཅན་གྱི་རྣམ་བཞག་ནི། ཚོགས་བརྒྱད་ཁས་ལེན་པ་དག་གིས་ཀུན་གཞི་ནི་གསལ་ཙམ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ་ཅན་ངོ་བོ་མ་བསྒྲིབས་ལུང་མ་བསྟན་ནོ། །ཉོན་ཡིད་ནི་ཀུན་གཞི་ལ་དམིགས་ནས་བདག་ཏུ་འཛིན་པ་སྟེ་ངོ་བོ་སྒྲིབས་ལུང་མ་བསྟན་ནོ། །འཇུག་ཤེས་དྲུག་པོ་སྤྱི་དང་མཐུན་ཀྱང་ཚུར་མཐོང་གི་རྒྱུད་ཀྱི་རང་རིག་དང་རྣལ་འབྱོར་མངོན་སུམ་གཉིས་ལས་གཞན་འཁྲུལ་བའི་ཆ་ཅན་དུ་འདོད་ལ། འོན་ཀྱང་མངོན་སུམ་ནི་རྟོག་བྲལ་གྱིས་ཁྱབ་པ་ཅན་ཡིན་ནོ། །སྐྱེ་ཚུལ་ཡང་ཚོགས་བདུན་འཁོར་བཅས་རང་གི་རྒྱུན་ལས་མི་སྐྱེ་སྟེ་རིགས་འདུ་ཕྱི་མ་འགྲུབ་པའི་བག་ཆགས་ཀུན་གཞི་ལ་བགོས་ཏེ་བུམ་པའི་གྲིབ་མ་ལྟར་ཀུན་གཞིའི་སྐད་ཅིག་རེ་རེ་ལས་སྐྱེ་བར་འདོད་དོ། །ཀུན་གཞི་ཁས་མི་ལེན་པ་ལྟར་ན་ཡིད་ཤེས་རྟོག་མེད་རྒྱུན་ལྡན་དུ་འཇུག་པ་ལ་བག་ཆགས་བཞག་པ་ལས་གནས་དོན་ལུས་གསུམ་དུ་སྣང་བར་འདོད་དོ། །ཚུལ་འདི་ལྟ་བུས་ཀྱང་རང་རྒྱུད་ཀྱི་ཕྱི་དོན་གྱི་ཞེན་པ་འགོག་པར་འགྱུར་བས་རང་གི་ཞེན་པའི་གཉེན་པོར་འགྲོ་བ་ནི་གདམས་ངག་གོ། །གཉིས་པ་ལམ་གྱི་རྣམ་བཞག་ནི། དམན་ལམ་ལ་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ལ་དམིགས་ནས་བསྐལ་པ་བརྒྱ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་སྤྱོད་པའི་ཡུན་གྱི་གོམས་པ་ངང་བསྲིངས་པའི་ཁྱད་པར་གྱིས་རང་རྒྱལ་དགྲ་བཅོམ་པའི་གོ་འཕང་དང་། ཚོགས་དེ་ཙམ་དང་མ་འབྲེལ་བའི་གང་ཟག་གི་བདག་མེད་རྐྱང་པ་ཙམ་གྱིས་ཉན་ཐོས་ཀྱི་བྱང་ཆུབ་ཙམ་ལས་མི་ཐོབ་བོ། །དེ་བས་ན་རང་རྒྱལ་ལ་སྡེ་སྣོད་ལོགས་པ་མེད་དོ། །ཐེག་ཆེན་གྱི་ལམ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང་། ཀུན་བརྟགས་རང་གི་མཚན་ཉ ིད་ཀྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་གསུམ་ལ་དམིགས་ནས་སེམས་སྐད་ཅིག་མའི་ཕྲེང་བ་ཙམ་ལ་བཏགས་པའི་སེམས་ཅན་ཀུན་གྱི་དོན་དུ་གྲངས་མེད་གསུམ་ལ་སོགས་པའི་ཚོགས་དང་འབྲེལ་བར་ལམ་ལྔ་དང་ས་བཅུ་རིམ་གྱིས་བསྒྲོད་དེ་གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་། ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཟད་པར་སྤངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་དོ། །གསུམ་པ་འབྲས་བུའི་རྣམ་བཞག་ནི། ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་གསུམ་དང་། གནས་འགྱུར་བའི་ཡེ་ཤེས་སངས་རྒྱས་སྐུ་གསུམ་གྱི་རྣམ་བཞག་དང་། ཆོས་སྐུ་ལ་ངོ་བོ་ཉིད་དང་ཡེ་ཤེས་ཆོས་སྐུ་གཉིས། ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་པའི་རྣམ་བཞག་རྣམས་ཀྱང་འདོད་པ་ཡིན་ནོ། །བཞི་པ་དབུ་མ་པའི་གྲུབ་མཐའ་བཤད་པ་ནི། གཟུང་འཛིན་གཉིས་ཀ་དོན་དམ་པར་མ་གྲུབ་པར་རྟོགས་ནས་ཕྱི་དོན་རང་རིག་གཉིས་ཀ་བདེན་གྲུབ་ཏུ་མི་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་འཛིན་པའི་གང་ཟག་དེ་དབུ་མ་པའི་མཚན་ཉིད། དབྱེ་ན་ཚུལ་གསུམ་རང་ངོས་ནས་གྲུབ་པའི་རྟགས་ཡང་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པ་རང་རྒྱུད་པ་དང་། ཐལ་འགྱུར་ཙམ་གྱིས་ཕྱིར་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པ་ཐལ་འགྱུར་བ་གཉིས་སོ། །དེ་ལ་དང་པོ་ནི་ཚོགས་དྲུག་གི་བློ་གནོད་མེད་ཀྱི་ཡུལ་ལ་གཟུགས་ལ་སོགས་པའི་ཆོས་ཇི་ལྟར་སྣང་བ་འདི་ཐམས་ཅད་ཐ་སྙད་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་སྟེ། ཐ་སྙད་དཔྱོད་བྱེད་ཀྱི་ངོར་གྲུབ་པའི་ཕྱིར་ཞེས་བཞེད་དེ ། དེས་ན་བདེན་གྲུབ་སོགས་མེད་ཀྱང་རང་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། རྫས་སུ་གྲུབ་པ་རྣམས་ནི་དོན་གཅིག་ཅིང་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱར་མི་འདོད་དོ། །དེས་ན་དབུ་མའི་གཞུང་ལས་རང་བཞིན་མ་གྲུབ་པར་གསུངས་པ་འགའ་ཞིག་སྣང་བ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་ཞེས་བཞེད་པར་སྣང སྙམ་མོ། །དེ་ཡང་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཙམ་ལས་སྣང་བའི་སྒྱུ་མ་ལྟ་བུའི་མཚན་ཉིད་དུ་གྲུབ་པ་དེ་ལ་ལས་འབྲས་ལ་སོགས་པའི་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ཏུ་ཡོད་ནའང་། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་ཡུལ་རང་གི་གྲུབ་ཚུལ་ལ་དཔྱད་ན་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟར་རྣམ་པར་དག་པ་སྟེ། དེས་ན་བདེན་པར་གྲུབ་པ་དང་། དོན་དམ་པར་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། དེ་ཁོ་ན་ཉིད་དུ་གྲུབ་པ་རྣམས་དོན་གཅིག་པས་དོན་དམ་ལ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱ་མཐར་ཐུག་པའོ། །དགག་བྱ་བདག་འཛིན་གཉིས་པོའང་དམིགས་ཡུལ་གྱི་སྒོ་ནས་མི་འབྱེད་པར་འཛིན་སྟབས་ཀྱི་སྒོ་ནས་འབྱེད་དེ་གང་ཟག་ལ་དམིགས་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གང་ཟག་གི་བདག་འཛིན་དང་། གང་ཟག་སོགས་ལ་དམིགས་ནས་བདེན་གྲུབ་ཏུ་འཛིན་པ་ཆོས་ཀྱི་བདག་འཛིན་དུ་འདོད་པ་ཡིན་ནོ། །དེ་དག་ནི་དབུ་མ་རང་རྒྱུད་པ་སྤྱི་ཡི་འདོད་ལུགས་སོ། །བྱེ་བྲག་གི་དབྱེ་བ་རང་རྒྱུད་འོག་མ་དང་། གོང་མ་གཉིས་ཏེ། དང་པོ་འོག་མ་ལའང་སྒྱུ་མར་རིགས་གྲུབ་པ་ཞེས་བྱ་བ་སློབ་དཔོན་རྒྱ་མཚོའི་སྤྲིན་ལ་སོགས་པ་ནི་ཆོས་ཐམས་ཅད་ངོ་བོ་མ་གྲུབ་པ་སྒྱུ་མའི་རང་བཞིན་དུ་བདེན་པ་གཉིས་ཆར་གནས་ཏེ་ཀུན་རྫོབ་ཀྱི་སྣང་བ་མི་བདེན་པ་སྒྱུ་མ་ལྟ་བུ་དང་། དོན་དམ་སྟོང་ཡང་རྟེན་འབྲེལ་དུ་སྣང་བ་མ་འགགས་པས་ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས་འབྲས་བུ་བྱང་ཆུབ་སྒྱུ་མ་ལྟ་བུ་ཐོབ་ནས་སྒྱུ་མའི་རང བཞིན་ལ་རྟག་ཏུ་མཉམ་པར་བཞག་བཞིན་སྒྱུ་མའི་ཕྲིན་ལས་ཀྱིས་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །དེས་ན་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་ལས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། འཁྲུལ་སྣང་སྒྱུ་མ་དང་འཁྲུལ་པ་བྲལ་བའི་ཡེ་ཤེས་ཀྱི་སྣང་ཡུལ་དུ་སྤྲོས་པ་ཞི་ཡང་གསལ་བ་མ་འགགས་པའི་སྣང་བ་སྒྱུ་མ་ལྟ་བུ་སྟེ། མདོར་ན་གཞི་ལམ་འབྲས་བུ་ཐམས་ཅད་སྒྱུ་མ་ལྟར་འདོད་པའོ། །ཡང་སྣང་སྟོང་ཐ་དད་པ་ཞེས་བྱ་བ་སློབ་དཔོན་དཔལ་སྦས་ལ་སོགས་པ་ནི། དོན་དམ་པར་ཅིར་ཡང་མ་གྲུབ་པའི་ཕྱིར་སྒྱུ་མ་ཞེས་དམིགས་སུ་མེད་ལ། ཀུན་རྫོབ་ཐ་སྙད་ཙམ་དུ་བུམ་སོགས་སྟོང་ཉིད་མ་ཡིན་ཏེ། དོན་བྱེད་པར་སྣང་ཞིང་བདེན་པའི་ཕྱིར་རོ། །དོན་དམ་པར་ནི་དཔྱད་ན་ཅི་ཡང་མི་རྙེད་པའི་ཕྱིར་སྟོང་པའོ། །དེས་ན་དོན་དམ་པ་དཔྱད་བཟོད་དང་། ཀུན་རྫོབ་དཔྱད་མི་བཟོད་པ་གཉིས་ཆོས་ཅན་དང་ཆོས་ཉིད་ཅེས་གཞི་གཅིག་ལ་མི་འདུ་སྟེ། ཀུན་རྫོབ་མི་རྟག་པ་ལྟར་དོན་དམ་ཡང་དེར་ཐལ་བ་དང་། དོན་དམ་སྐྱེ་འགག་མེད་པ་ལྟར་ཀུན་རྫོབ་ཀྱང་དེར་ཐལ་བར་འགྱུར་བས་སྣང་བ་ཀུན་རྫོབ་ཆོས་ཅན་དང་། སྟོང་པ་དོན་དམ་ཆོས་ཉིད་གཉིས་ཕན་ཚུན་ལྟོས་པས་གྲུབ་པ་ཙམ་མོ་ཞེས་འདོད། ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་གོང་མ་དང་འདྲའོ། །གཉིས་པ་རང་རྒྱུད་གོང་མ་སློབ་དཔོན་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི། དོན་དམ་སྒྱུ་མ་དང་སྟོང་པ་ཁོ་ནར་རིགས་པས་དཔྱད་བཟོད་པ་མེད་པས་གནས་ལུགས་མཐར་ཐུག་གི་དོན་ལ་རྣམ་གྲངས་མ་ཡིན་པའི་དོན་དམ་སྤྲོས་པ་ཀུན་ལས་འདས་པ་ཡིན་ནའང་། གནས་སྐབས་སུ་ཀུན་རྫོབ་ཐ་སྙད་ཀྱི་དངོས་པོ་རང་རང་གི་མཚན་ཉིད་འཛིན་ཅིང་མི་བསླུ་བར་གནས་འདི་ལ། རིགས་པས་དཔྱད་ན་གྲུབ་པ་ཅུང་ཟད་མེད་པའི་སྟོང་པའམ་དོན་དམ་རྣམ་གྲངས་པ་གཉིས་མགོ་མཉམ་པར་བསྒྲུབ་པས་ན་ཁས་ལེན་དང་བཅས་ཤིང་། རང་ལུགས་སྒྲུབ་པ་དང་། གཞན་ཕྱོགས་དགག་པ་ཐམས་ཅད་གཏན་ཚིགས་རང་རྒྱུད་པའི་སྒོ་ནས་བྱེད་དེ། དཔེར་ན་དངོས་པོ་རྟག་པར་འདོད་པ་ན། དངོས་པོ་ཆོས་ཅན། མི་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར། བུམ་པ་བཞིན་ནོ། །ཞེས་པས་བཀག་པའི་རྗེས་སུ། རང་རྒྱུད་ཀྱི་དམ་བཅའ། དངོས་པོ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཡིན་ལ། འདི་མན་ཆད་གཞན་སྐྱེའང་འདོད་ཅིང་། ཀུན་རྫོབ་ལ་ཡང་ལོག་བྱེད་ཚུལ་ནི་སྔར་བདེན་གཉིས་སྤྱིར་བསྟན་པའི་སྐབས་སུ་བཤད་ཟིན་ལ། དེ་ཡང་འཁྲུལ་པའི་ཀུན་རྫོབ་རྣམས་དག་པའི་ས་མ་ཐོབ་ཀྱི་བར་དུ་མི་ལྡོག་སྟེ་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་སྣང་བ་ལ་དག་པ་འཇིག་རྟེན་པ་ཞེས་ཟེར། དེ་ལྟར་བདེན་གཉིས་འགལ་མེད་དུ་ཤེས་པས་ཚོགས་གཉིས་བསགས་ཏེ་སྐུ་གཉིས་ཐོབ་པར་འདོད་དོ། །ཡང་ཕྱི་དོན་བཞེད་མི་བཞེད་ཀྱིས་ཐ་སྙད་བཏགས་ན་ལེགས་ལྡན་འབྱེདཀྱིས་རྩ་ཤེས་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་ཅིང་། དེའི་རྗེས་འབྲངས་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས་རང་འགྲེལ་བཅས་མཛད། ཡབ་སྲས་འདི་གཉིས་ཀྱིས་ཕྱི་དོན་ཐ་སྙད་དུ་བཞེད་ཅིང་རང་རིག་མི་བཞེད་པ་སོགས་ཀྱི་ཆ་ནས་མདོ་སྡེ་སྤྱོད་པའི་དབུ་མར་རང་རྒྱུད་པ་ཞེས་བྱ་ལ། ཞི་བ་འཚོས་དབུ་མ་རྒྱན་དང་། དེའི་སློབ་མ་ཀ་ཤཱིའི་དབུ་མ་སྣང་བ་མཛད་དེ་ཡབ་སྲས་འདི་གཉིས་ཐ་སྙད་དུ་ཕྱི་དོན་ཞལ་གྱིས་མི་བཞེས་ཤིང་། རང་རིག་བཞེད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གྲགས་པ་ཡིན་ཞིང་། ཞི་འཚོའི་སྔོན་ནས་བྱོན་པའི་འཕགས་པ་གྲོལ་སྡེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ཡང་སྲོལ་འབྱེད་དུ་མི་འཇོག་སྟེ་དེ་འདྲ་གཞན་ཡང་ཡོད་གསུངས་སོ། །དེ་ལྟར་རང་རྒྱུད་པ་དེ་དག་གིས་བདེན་གཉིས་གཏན་ལ་དབབ་ཚུལ་འདི་ལ་བརྟེན་ནས་དོན་དམ་པར་མ་གྲུབ་བཞིན་རྟེན་འབྱུང་གི་སྣང་བ་འགོག་མེད་དུ་འཆར་རུང་བ་འདི་ལ་ངེས་ཤེས་རྙེད་ན་རབ་ཏུ་མི་གནས་པའི་དབུ་མ་ཆེན་པོ་ལ་འཇུག་པའི་གོ་སྐབས་ཡོད་པར་འགྱུར་གྱི། དེ་ལྟར་མ་ཡིན་པར་ཐོག་མེད་ནས་གོམས་པའི་བདེན་ཞེན་ཨ་འཐས་ཀྱི་རྟོག་པ་འདི་ལ་རྨ་མ་བྱས་པར་ཐོག་མ་ནས་མཐོ་རྙབ་བྱས་ཏེ་འོག་མ་ཁྱད་དུ་གསོད་པར་བྱས་ན་གྲུབ་མཐའ་སྨོད་པ་དང་། ཆོས་སྤང་བའི་ཉེས་པ་འགོ་བ་ཙམ་ལས་གོང་མའི་དགོངས་དོན་རྟོགས་དཀའ་བས་མན་ངག་ཡོད་དགུའི་རྣོ་སོ་ཐམས་ཅད་སེམས་ཀྱི་ཐ་བ་འདི་ལ་འབེབས་པར་བྱས་ན་གཞུང་ལུགས་ཐམས་ཅད་གདམས་པར་ཤར་འོང་གསུངས། རང་རྒྱུད་པ་དེ་དག་གིས་ཀྱང་དབུ་མའི་གཞུང་ནས་ཇི་སྐད་བཤད་པའི་གཏན་ཚིགས་ཆེན་པོ་རྣམས་ཀྱིས་རྟག་ཆད་ཀྱི་མཐའ་སེལ་བར་བྱེད་པ་ཙམ་ལ་ནི་ཐལ་འགྱུར་བ་དང་མི་འདྲ་བ་མེད་པས་གཏན་ཚིགས་རྣམས་འོག་ཏུ་སྟོན་ནོ། །གཉིས་པ་དབུ་མ་ཐལ་འགྱུར་པའི་གྲུབ་མཐའ་བཤད་པ་ལ་གསུམ་སྟེ། གཞི་དབུ་མ་བདེན་གཉིས་ཟུང་འཇུག །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག །འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གོ། །དང་པོ་ལ་བཞི་སྟེ། གཞི་གཏན་ལ་དབབ་ཚུལ་དངོས་བཤད་པ། དེ་གཞན་ལས་འཕགས་པའི་རྒྱུ་མཚན་བསྟན་པ། དེ་ལྟར་གཏན་ལ་དབབ་པའི་སྒོམ་དོན་ངོས་བཟུང་བ། ཁས་ལེན་མི་ལེན་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ཤེས་བྱ་བདེན་གཉིས་ཀྱི་རང་བཞིན་གཏན་ལ་དབབ་པ། དགག་བྱ་བདག་གཉིས་ཀྱི་ངོ་བོ་ངོས་བཟུང་བ། འགོག་བྱེད་གཏན་ཚིགས་ཀྱིས་ཇི་ལྟར་དཔྱད་པའི་ཚུལ་བསྟན་པའོ། །དང་པོ་ཤེས་བྱ་བདེན་གཉིས་ཀྱི་རང་བཞིན་གཏན་ལ་དབབ་པ་ནི། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྣང་བ་ཙམ་འདི་ཉིད་གྲུབ་མ་གྲུབ་སོགས་སུ་མ་དཔྱད་པར་དོན་དམ་པའི་བདེན་པ་ལ་ནི་འཇུག་པའི་ཐབས་སུ་ཀུན་རྫོབ་བོ་ཞེས་བརྗོད་པར་བྱ་སྟེ། འཇུག་པའི་རང་འགྲེལ་ལས། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར་བདག་དང་གཞན་ལས་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་དང་། མདོ་ལས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ངས་ཀྱང་མེད་པར་བཞེད་དེ། ཞེས་པ་ལྟར་རོ། །དེ་ཡང་འཇིག་རྟེན་པའི་ལུགས་ཞེས་བྱ་བ་གཞན་ངོ་ཙམ་དུ་སྟོན་པ་ཁོ་ན་མ་ཡིན་ཏེ་བརྟེན་ནས་འབྱུང་བའི་སྣང་བ་གང་ཞིག་རང་གཞན་ཐམས་ཅད་ལ་བསླུ་མེད་དུ་སྣང་བ་དེ་ཇི་ལྟར་སྣང་ཙམ་པ་དེ་བཞིན་དུ་ཡོད་མེད་དུ་མ་དཔྱད་པར་ཁས་ལེན་པ་ཡིན་ནོ། །ཆོས་ཅན་དེ་དང་ཐ་མི་དད་པའི་ཆོས་ཉིད་ནི་སྣང་བ་དེ་ཡི་རང་གི་རང་བཞིན་ཡོད་མེད་སོགས་གང་དུའང་མ་གྲུབ་པའི་སྟོང་པ་ཉིད་དུ་གདོད་མ་ནས་གནས་པ་ལ་དོན་དམ་པའོ་ཞེས་བྱ་བར་ཐ་སྙད་ཀྱི་སྒོ་ནས་བཏགས་པ་ཙམ་གྱི་དོན་ལ་དེ་གཉིས་སྣང་བ་དང་སྟོང་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་ཆོས་རྣམས་རང་གི་ངོ་བོ་གཞི་དང་རྩ་བ་མེད་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་གྱིས། གཞན་དུ་ན་ཐ་སྙད་དུ་ཡོད་པ་མ་བཀག་པར་དེའི་སྟེང་གི་བདེན་གྲུབ་ཡན་གང་བས་སྟོང་པའི་སྣང་སྟོང་གཉིས་པོས་ཡོད་མེད་ཀྱི་སྤྲོས་པ་འགོག་པའི་སྤྲོས་བྲལ་ནི་འདི་དང་མིང་ཙམ་དུ་འདྲ་ཡང་དོན་མི་གཅིག་སྟེ། བདེན་མེད་དང་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྣང་བ་གཉིས་ཡོད་རྒྱུ་དང་མེད་རྒྱུ་ཐ་དད་དུ་སོང་བ་དེ་འདྲའི་བདེན་མེད་ཤེས་ཀྱང་དེས་ཆགས་སོགས་ཅུང་ཟད་ཀྱང་ལྡོག་མི་ནུས་ཏེ་སྟོང་ཉིད་དེ་འདྲ་ཇི་ལྟར་གོམས་ཀྱང་ཐ་སྙད་ཀྱི་ཆོས་དེ་དག་ལ་དེར་འཛིན་པའི་འདུ་ཤེས་ཞིག་པར་མི་འགྱུར་ལ། དེ་མ་ཞིག་ན་དེ་ལ་ཆགས་སྡང་སོགས་ཀྱང་ཇི་ལྟར་འཇིག་སྟེ། ཡིད་བཞིན་མཛོད་ལས། རང་རྒྱུད་འོག་མ་སྣང་སྟོང་ཐ་དད་པའི་ལུགས་དགག་པའི་སྐབས་སུ། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་། རྟོགས་བྱར་མི་རུང་བ་དང་། ཐ་དད་དུ་གྱུར་ན་སྤང་གཉེན་མི་འཐད་དེ། དགྲ་ལ་ཞེ་སྡང་སྐྱེས་པ་ལ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་ལྟར། གཞི་རྫུན་སྣང་ལ་ཞེན་ནས་ལོགས་སུ་སྟོང་པར་ཤེས་པས་ཅི་ཡང་མི་ཕན་པར་གསུངས་པ་དང་། ཏིང་འཛིན་རྒྱལ་པོ་ལས་ཀྱང་། སུ་དག་བུད་མེད་འདུ་ཤེས་གནས། །དེ་དག་འདོད་ཆགས་རབ་ཏུ་འཕེལ། །འདུ་ཤེས་དག་ནི་རྣམ་བཤིག་ན། །འདོད་ཆགས་ཀྱིས་ནི་གོས་མི་འགྱུར། །ཞེས་སོ། །གལ་ཏེ་འདུ་ཤེས་མེད་ན་བྱམས་སོགས་ཇི་ལྟར་བསྒོམ་སྟེ་དེ་དག་བདེན་གྲུབ་ཀྱི་འདུ་ཤེས་ལ་སྦྱར་དགོས་ཀྱི་ཡུལ་དེ་དང་དེའི་འདུ་ཤེས་མེད་དགོས་པ་མ་ཡིན་ནོ་ཞེ་ན། བུད་མེད་དང་དགྲ་ལ་སོགས་པ་ཡུལ་གང་དང་གང་ལ་དེ་དང་དེར་འཛིན་པ་ནི་གཟུང་འཛིན་གྱི་རྟོག་པ་ཉོན་མོངས་སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་དེ་མ་སྤང་ན་དེ་ལས་གཞན་ཡུལ་དེའི་སྟེང་ན་བདེན་གྲུབ་ཅེས་པའི་དགག་རྒྱུ་ཞིག་མེད་དེ། ཅང་སྐྱ་རོལ་པའི་རྡོ་རྗེའི་གསུང་མགུར་ལས། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །སྣང་བ་ལིང་ལིང་དེ་རང་སར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་ཚོལ་བར་འདུག་ཀྱང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ལས་དང་པོ་པ་ལ་གོ་བདེ་བའི་ཕྱིར་བདེན་གྲུབ་ཀྱིས་སྟོང་པའི་ཐ་སྙད་ཀྱི་ཆོས་ཤིག་ཡོད་པ་ལྟར་གསུངས་ཀྱང་གནས་ཚུལ་དེ་འདྲ་བའི་གནས་མི་རྙེད་དེ་བྱམས་སོགས་བསྒོམ་པ་ཡང་དཔེར་ན་འགའ་ཞིག་གི་རྨི་ལམ་ན་འཇིགས་སྐྲག་གི་ཡུལ་དགྲ་དང་གཅན་གཟན་སོགས་ཀྱིས་དེད་ནས་སྡུག་བསྔལ་ཞིང་དེ་དག་མེད་པའི་བདེ་བ་དོན་དུ་གཉེར་བ་ལ་མངོན་ཤེས་ཅན་གཞན་ཞིག་གིས་དེ་ན་དགྲ་ཡང་མེད་ལ་དེས་དེད་པ་ཡང་མེད་པ་ཤེས་ཀྱང་དེ་འཇིགས་སྐྲག་དེ་དང་བྲལ་ནས་དབུགས་དབྱུང་བའི་ཕྱིར་དེ་སད་པའི་ཐབས་ལ་སེམས་པ་བཞིན་ཡང་དག་པར་ན་ཆོས་གང་ཡང་དམིགས་སུ་མེད་ཀྱང་ཐ་སྙད་དུ་དམིགས་པ་གཉིས་འགལ་མེད་དུ་གོ་དགོས་གསུངས། རྒྱུ་མཚན་དེ་ལྟ་བས་ན་གཟུགས་ལ་སོགས་པའི་ཆོས་འདི་དག་མིག་ལ་སོགས་པའི་ཚོགས་དྲུག་གི་ཡུལ་ལ་སྐྱེ་འགག་དང་འགྲོ་འོང་ལ་སོགས་པའི་རྣམ་པར་སྣང་དུས་ཉིད་ནས་གཟུགས་བརྙན་དང་སྨིག་རྒྱུ་བཞིན་སྐྱེ་བ་དང་འགག་པ་དང་འགྲོ་བ་དང་འོང་བ་ལ་སོགས་པ་ཆོས་དེ་རང་རང་གི་ངོ་བོ་ན་མེད་དེ་སྐྱེ་སོགས་སུ་སྣང་བའི་ཆོས་ཙམ་པའི་ངོ་བོ་ཡང་གྲུབ་མ་མྱོང་བའི་ཕྱིར། བརྟེན་ནས་བྱུང་བའི་སྣང་བ་ཐམས་ཅད་ཡེ་ནས་མ་སྐྱེས་པའི་རང་བཞིན་དུ་རྟོགས་པའི་ལུགས་འདིས་ནི། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་སྣང་སྟོང་མཉམ་པ་ཉིད་དུ་ཤེས་པས་ན། སེམས་ཙམ་པས་གཞན་དབང་གི་ཤེས་པ་རང་གསལ་གྱི་ངོ་བོ་མི་སྟོང་པར་འདོད་པ་དང་། རང་རྒྱུད་པས་གཟུགས་སོགས་རྒྱུ་རྐྱེན་གྱི་གཞན་དབང་ཅན་གྱི་དངོས་པོ་འདི་དག་ཐ་སྙད་དུ་གྲུབ་པར་འདོད་པ་ལྟ་བུའི་སྒོ་ནས་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་ཐལ་འགྱུར་བ་དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས་ན་དོན་དམ་པར་ནི་སྨོས་ཅི་དགོས་ཏེ། དཔལ་ལྡན་ནཱ་གརྫུ་ནས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོར་ཡང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། ཟླ་བ་གྲགས་པས། ཇི་ལྟར་ཁྱོད་ཀྱི་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་རྒྱལ་བས་ངེས་དོན་གྱི་མདོ་སྡེ་ནས་ཇི་སྐད་གསུངས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་བཀྲལ་བའི་ཚུལ་དེ་ནི་ཐལ་འགྱུར་ཀྱི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་དཔལ་ལྡན་ཀླུ་ཡི་དབང་པོས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་བཀྲལ་ཏེ་དབུ་མ་རིགས་པའི་ཚོགས་རྣམས་མཛད་ནས་ད་ལྟའི་བར་དུ་དར་བ་ཡིན་ཏེ། དེའི་ཚུལ་ནི། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་འཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་དང་། ཡང་གསེར་འོད་དམ་པ་ནས་བཤད་པ་སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙཱ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་ལུང་བསྟན་པ་ཡིན་ཏེ། སྤྲིན་ཆེན་པོ་ལས། གཞོན་ནུའི་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱེད་དེ་མཐར་རབ་ཏུ་དྭངས་པའི་འོད་ཅེས་བྱ་བའི་ཞིང་དུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ་ཞེས་མདོའི་ཚིག་སྣ་ཅུང་ཟད་བསྡུད་དོ། །དེའི་གཞུང་རིགས་པའི་ཚོགས་དྲུག་གི་དོན་འགྲེལ་བ་པོའང་འཕགས་པ་ལྷ་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པ་ལ་སོགས་པ་སྟེ། དེ་དག་གི་ནང་ནས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་ཟླ་བ་གྲགས་པས་ནི་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་དབུ་མ་རྩ་བའི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། ཚིག་འགྲེལ་ཚིག་གསལ་མཛད་དེ་རྒྱལ་བའི་དགོངས་པ་མཐར་ཐུག་པའི་དོན་ཇི་བཞིན་པར་བཀྲལ་བའི་ཐལ་འགྱུར་བའི་གྲུབ་པའི་མཐའི་ཉི་མ་འཛམ་བུའི་གླིང་དུ་ཤར་བར་མཛད་པས་ལྟ་བ་ངན་པའི་མུན་པ་མཐའ་དག་བསལ་བར་བྱས་པའི་ཁྱད་ཆོས་དང་ལྡན་པ་ཡིན་ནོ། །གཉིས་པ་དགག་བྱ་བདག་གཉིས་ཀྱི་ངོ་བོ་ངོས་བཟུང་བ་ལ་གཉིས་ཏེ། བདག་དང་བདག་འཛིན་སོགས་ཀྱི་ཁྱད་པར་དཔྱད་ནས་སྤང་བྱ་ངོས་བཟུང་བ་དང་། ཁྱད་པར་གྱི་ཆོས་གཞན་བསྟན་པའོ། །དང་པོ་ནི་འདིར་བདག་ཞེས་བྱ་བའི་དགག་བྱ་རང་མཚན་པ་ཞིག་མེད་ཀྱང་ཐག་ཁྲ་ལ་སྦྲུལ་ལྟར་བདག་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་ན་བདག་འཛིན་སྤོང་མི་ནུས་པས་དེ་བཤད་པ་ནི། སྤྱིར་གང་ཟག་དང་ཆོས་ཞེས་པའི་གང་ཟག་ནི་རང་གི་གདགས་གཞིའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལྷས་བྱིན་ལྟ་བུ་ཡིན་ལ། ཆོས་ཞེས་པ་ནི་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་གང་ཟག་གི་གདགས་གཞིར་གྱུར་པ་ལྷས་བྱིན་གྱི་མིག་ལྟ་བུས་མཚོན་གང་ཟག་གི་རྒྱུད་ཀྱི་ཕུང་པོ་དང་དེ་ལས་གཞན་པའི་ཆོས་ཐམས་ཅད་དོ། །བདག་གཉིས་ནི། གང་ཟག་རང་བཞིན་གྱིས་གྲུབ་པ་གང་ཟག་གི་བདག་དང་། ཆོས་རང བཞིན་གྱིས་གྲུབ་པ་ཆོས་ཀྱི་བདག་སྟེ། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་དུས་ཐག་ཁྲའི་སྟེང་གི་སྦྲུལ་ལྟ་བུ་བདག་འཛིན་གཉིས་ཀྱི་ཞེན་ཡུལ་ཏེ། དེ་གཉིས་ནི་རི་རྭ་ལྟར་ཐ་སྙད་དུ་ཡང་མེད་དོ། །བདག་འཛིན་གཉིས་ནི། གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པ་གང་ཟག་གི་བདག་འཛིན་དང་། ཆོས་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་ཡིན་ཞིང་། བདག་འཛིན་གཉིས་ཀྱི་དམིགས་ཡུལ་ནི་གང་ཟག་དང་ཆོས་གཉིས་ཡིན་ཏེ་དཔེར་ན་སྦྲུལ་དུ་འཁྲུལ་པའི་གཞིའི་ཐག་ཁྲ་ལྟ་བུའོ། །བདག་མེད་གཉིས་ནི། གང་ཟག་རང་བཞིན་གྱིས་མ་གྲུབ་པ་གང་ཟག་གི་བདག་མེད་དང་། ཆོས་རང་བཞིན་གྱིས་མ་གྲུབ་པ་ཆོས་ཀྱི་བདག་མེད་དོ། །དེ་ལྟར་རྟོགས་པ་ནི་བདག་མེད་གཉིས་རྟོགས་པའི་ཤེས་རབ་བོ། །འདི་དག་ནི་ཐ་སྙད་དུ་ཡོད་པར་བརྗོད་དོ། །དེས་ན་སྤང་བྱ་སྒྲིབ་པ་གཉིས་ཀའི་རྩ་བ་ནི་བདག་འཛིན་གཉིས་ཡིན་ལ་དེ་གཉིས་ཀྱི་ཞེན་ཡུལ་ནི་བདག་གཉིས་པོར་འདུ་བས་དེ་ནི་དགག་པར་བྱ་བ་ཡིན་ཏེ། གཏན་ནས་མེད་པ་ལ་ཡོད་པར་བཟུང་བའི་འཁྲུལ་རྟོག་གི་ཞེན་ཡུལ་དེ་མེད་པར་དཔྱད་པའི་སྒོ་ནས་སུན་ཕྱུང་སྟེ་བདག་མེད་གཉིས་ཀྱི་དོན་ལ་ངེས་ཤེས་བསྐྱེད་དེ་བདག་འཛིན་གཉིས་དང་དངོས་སུ་འགལ་བའི་ངེས་ཤེས་མར་མེ་ལྟ་བུའི་རྒྱུན་ཡང་ཡང་བསྐྱངས་ཏེ་ཚུལ་བཞིན་མ་ཡིན་པར་རྟོག་པའི་མུན་པ་རང་རྒྱུད་ལ་ཐོག་མེད་ནས་ཞུགས་པའི་གཉེན་པོར་འགྲོ་བའི་ཐབས་ལ་འབད་པར་བྱ་ཞིང་ངེས་ཤེས་ཉམས་པར་གྱུར་ན་སླར་ཡང་དཔྱད་པས་དྲངས་ཏེ་རྒྱུན་མཐུད་པར་བྱ་ལ། ངེས་ཤེས་དེ་ཉིད་རྟག་ཏུ་བརྟན་པར་གྱུར་པའི་ཚེ་ན་ནི་དཔྱད་པ་དོར་ནས་དེའི་ངང་བསྐྱང་བར་གསུངས་ཤིང་། དེ་ཡང་ལས་དང་པོ་པའི་དུས་སུ་བདག་མེད་པའི་འཛིན་སྟངས་དང་བཅས་པས་བསྒོམ་ཞིང་དེས་དྲངས་ནས་ངེས་ཤེས་མཆོག་ཏུ་འདྲོངས་པའི་ཚེ་ན་མེད་འཛིན་མི་དགོས་ཤིང་། མཐར་ནི་སྒྲོ་འདོགས་ཐམས་ཅད་དང་བྲལ་བའི་སྤྲོས་བྲལ་སྟོང་པ་ཆེན་པོ་བསྒོམ་པར་བཤད་དོ། །གཉིས་པ་ཁྱད་པར་གྱི་ཆོས་གཞན་བསྟན་པ་ནི། བདེན་གཉིས་ཤིང་རྟར། དེ་ཡང་རང་གི་མཚན་ཉིད་དང་། རང་རྒྱུད་དང་། རང་རིག་ཁས་མི་ལེན་པའི་ཁྱད་པར། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་དང་། བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པའི་ཁྱད་པར། འགོག་བདེན་དོན་དམ་དང་། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་ཁས་ལེན་པའི་ཁྱད་པར། སོ་སྐྱེའི་ཤེས་པ་འཁྲུལ་ཤེས་དང་། དཔྱད་ཤེས་ཚད་མར་འདོད་པའི་ཁྱད་པར། ཡིད་མངོན་དང་རྟོག་པའི་གཞི་མཐུན་འདོད་ཅིང་། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་ཡོད་པའི་ཁྱད་པར། དུས་གསུམ་དངོས་པོར་འདོད་ཅིང་རགས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པ་ཙམ་གྱིས་ཐེག་པ་གསུམ་གང་རུང་གི་སྦྱོར་ལམ་ཙམ་དུ་ཡང་བགྲོད་པར་མི་ནུས་པར་ཐལ་འགྱུར་འཕེན་པའི་ཁྱད་པར་ཡོད་པའོ། །ཞེས་འདུག་པ་འདི་དག་གི་དོན་ཅུང་ཟད་འགྲོལ་བར་བྱེད་པ་ལ། སྤྱིར་རང་ཉིད་ཐོས་རྒྱ་དམན་ཞིང་ཤེས་རབ་རྟུལ་བ་དང་། ཁྱད་པར་ཐལ་འགྱུར་བའི་གཞུང་རྣམས་ལ་རྒྱུས་ཆུང་བའི་ཕྱིར་ཇི་བཞིན་པ་མི་ཤེས་མོད། འོན་ཀྱང་དཔྱད་གཞི་ཙམ་དུ་བྲི་བར་བྱེད་ན་ཁྱད་པར་འདི་དག་དངོས་སྨྲ་བ་ཐམས་ཅད་དང་། རང་རྒྱུད་པ་ལས་ཀྱང་ཁྱད་པར་གྱི་ཆོས་སུ་གསུངས་པ་ལྟར་སྣང་བས་དེ་ལྟར་ན། ཐལ་རང་གི་ཤིང་རྟ་ཆེན་པོ་རྣམས་མཐར་ཐུག་གི་དོན་ལ་དགོངས་པ་དབྱེར་མེད་ནའང་། གནས་སྐབས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་དབབ་ཚུལ་གྱིས་གཉིས་སུ་གྱེས་ཏེ་ཐལ་འགྱུར་བ་རྣམས་ཀྱིས་ཁས་ལེན་ཀུན་བྲལ་རྣམ་གྲངས་མིན་པའི་དོན་དམ་འབའ་ཞིག་གཏན་ལ་འབེབས་ཤིང་། ཐ་སྙད་ཀྱི་ཁས་ལེན་ཐམས་ཅད་མ་བརྟགས་འཇིག་རྟེན་པ་དང་ཐུན་མོང་དུ་མཛད་ཀྱི་དཔྱད་ནས་སྨྲ་བ་རང་རྒྱུད་པ་སོགས་ཀྱི་བཞེད་པ་ལྟར་མི་མཛད་ལ། རང་རྒྱུད་པས་ནི་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་ཚུལ་གྱི་དབང་གིས་རང་རྒྱུད་ཀྱི་གཏན་ཚིགས་ལ་གཙོ་བོར་མཛད་ཅིང་དཔྱད་ནས་ཐ་སྙད་ཚད་གྲུབ་བཞེད་པ་ལ་སོགས་ཡིན་པར་གསུངས་པས། ཐོག་མར་རང་གི་མཚན་ཉིད་དང་། རང་རྒྱུད་ཁས་མི་ལེན་པའི་དོན ། རང་རྒྱུད་པས་ཐ་སྙད་དུ་སྐྱེ་བ་ཞེས་པ་རང་གི་ངོ་བོ་ཉིད་དམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ནི་དོན་དམ་དཔྱོད་པས་དཔྱད་ཀྱང་མ་བཀག་པར་ཁས་ལེན་པས་དེ་འདྲ་བའི་དངོས་པོ་དེ་ལ་ཐ་སྙད་དུ་རང་གི་སྐད་ཅིག་མའི་རྒྱུད་ཀྱང་ཡོད་པར་འདོད་པ་ལ། ཐལ་འགྱུར་བས་ནི། བདེན་པ་གཉིས་ཆར་མ་སྐྱེས་པར་གསུངས་ཏེ། འཇུག་པ་ལས། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གསུངས་ཤིང་རང་འགྲེལ་དུ། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་སོ། །རང་རིག་ཁས་མི་ལེན་ཞེས་པ་དོན་དམ་དུ་རང་རིག་མི་འདོད་པ་ལྟ་ཅི་སྨོས་ཀྱང་། ཐ་སྙད་དུ་དངོས་པོ་རང་མཚན་དུ་གྲུབ་པར་ཡང་འདོད་ཅིང་རང་རིག་ཀྱང་འདོད་ན་རིག་བྱ་རིག་བྱེད་དུ་ཡོད་དགོས་པས་དེ་འདྲ་བའང་ཁས་མི་ལེན་ཏོ། །འོན་ཀྱང་དབུ་མའི་གཞུང་རིགས་ཚོགས་སོགས་ན་རང་རིག་གི་ཞལ་བཞེས་དངོས་སུ་མེད་པ་ཙམ་ཞིག་གིས་ཐ་སྙད་དུ་མེད་ངེས་ཡིན་མི་དགོས་ཏེ། དཔེར་ན་ཐལ་འགྱུར་བའི་ལུགས་ལ་གཉུག་མའི་སེམས་དང་། བདེ་ཆེན་ཡེ་ཤེས་སོགས་ཀྱི་ཐ་སྙད་སྦྱར་དོན་མེད་པས་མ་གསུངས་ཀྱང་དེ་དག་ཐ་སྙད་དུ་མེད་པ་མ་ཡིན་པ་བཞིན་ནོ། །དེ་དང་མི་འདྲ་སྟེ་རང་རིག་ནི་ཆེད་དུ་བཀག་པས་ཐ་སྙད་དུ་མེད་དོ་སྙམ་ན། ཆེད་དུ་བཀག་པ་ཐམས་ཅད་ཐ་སྙད་དུ་གཏན་ནས་མེད་དགོས་ན་གཞན་རིགས་སོགས་ཐ་སྙད་ཐམས་ཅད་རྒྱུན་འཆད་པར་འགྱུར་རོ། །ཐ་སྙད་ཀྱི་རྣམ་བཞག་རྣམས་ནི་འཇིག་རྟེན་པའི་རྗེས་སུ་འབྲང་བའི་ཕྱི་རྒྱུན་ཆད་པར་མི་འགྱུར་རོ་ཞེ་ན། དེ་ཙམ་དུ་རང་རིག་ཀྱང་བརྗོད་རུང་སྟེ། འཇིག་རྟེན་པ་རྣམས་ཀྱིས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བར་འདོད་པས་སོ། །དེས་ན་ཐ་སྙད་དུ་མེད་ངེས་ཡིན་ན་ཐ་སྙད་པའི་རིག་ཤེས་ཀྱིས་དངོས་སུ་གནོད་པ་རྟག་པའི་སྒྲ་དང་། བྱེད་པོ་དབང་ཕྱུག་དང་གཙོ་བོ་ལ་སོགས་པ་ལྟ་བུ་ཡིན་དགོས་པ་ལ་འདི་ལ་ནི་དེ་འདྲ་བའི་ཐ་སྙད་ཚད་མས་དངོས་སུ་གནོད་པ་མེད་དོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དབང་དུའང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་པ་ཞེས་སོགས་གསུངས་པ་ནི། རང་རིག་པ་ནི་གྲུབ་ལ་རགས་མོད་ཀྱི། །དེ་ལྟའང་དྲན་པས་དྲན་པ་རིག་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །ཞེས་གསུངས་པ་ལྟར་སྔ་ཕྱིའི་ཤེས་པ་རང་མཚན་གྱིས་གྲུབ་པའི་སོ་སོ་བ་ལ་སྔར་རང་གིས་རང་མྱོང་དུ་ཆུག་ཀྱང་ད་ལྟ་དྲན་མི་སྲིད་པར་སྟོན་པའི་རིགས་པའོ། །གལ་ཏེ་འདི་སྙམ་དུ་རང་རིག་ཐ་སྙད་དུ་ཡོད་ན་བྱ་བྱེད་ལས་གསུམ་རང་ངོས་ནས་གྲུབ་པར་ཐལ་ཏེ། དཔེར་ན་རིག་བྱ་སྔོན་པོ། རིག་བྱེད་སྔོ་འཛིན་གྱིས་རིག་པའི་བྱ་བ་དང་བཅས་ནས་རིག་པ་བཞིན་དགོས་སོ་ཞེ་ན། དེ་ཡང་ཐ་སྙད་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་སྟེ། སྔོན་པོ་དང་སྔོ་འཛིན་གཉིས་ཕྲད་མ་ཕྲད་དང་། སྔ་ཕྱི་སོགས་བརྟགས་ན་གང་ལྟར་ཡང་མ་གྲུབ་པས་སོ། །འོན་ཀྱང་ཐ་སྙད་དུ་རིག་བྱ་རིག་བྱེད་སོགས་ཀྱི་ཐ་སྙད་ཉེ་བར་གདགས་རུང་བ་བཞིན། བདེ་སྡུག་མྱོང་བ་ལྟ་བུ་ལའང་བརྟགས་ན་བྱ་བྱེད་སོགས་མི་གྲུབ་ཀྱང་ཐ་སྙད་ཙམ་དུ་མྱོང་བྱ་བདེ་སྡུག་སོགས་མྱོང་བྱེད་ཤེས་པས་གསལ་བར་ཉམས་སུ་མྱོང་ངོ་ཞེས་པ་ཙམ་གྱི་ཐ་སྙད་སྦྱར་བ་ལ་ནི་གནོད་པ་གང་ཡང་མེད་པར་མ་ཟད་ཆེས་ཤིན་ཏུ་འཐད་པ་དང་བཅས་པ་ཡིན་ཏེ། འཇུག་པ་ལས། གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་པའི་དོན། གང་ཉམས་སུ་མྱོང་བའི་མྱོང་བདེ་དྲན་པའི་ཤེས་པས་མྱོང་བ་མ་ཡིན་པ་མ་ཡིན་པས་དྲན་པ་ཡུལ་དང་ལྡན་པར་འབྱུང་ལ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་གཅོད་པ་གང་ཡིན་པ་དེ་དྲན་པས་ཡོངས་སུ་མ་བཅད་པ་མ་ཡིན་པས་ཞེས་རང་འགྲེལ་ལས་གསུངས་སོ། །ཆོས་ཀྱི་གྲགས་པའི་ཞལ་ནས་ཀྱང་། །བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡིས་མྱོང་བའང་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་དང་། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས། །ལྡོག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །གཅིག་པ་ཆ་མེད་རང་བཞིན་ལ། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །དེ་ཡིས་རང་གིས་རིག་པ་ན། །བྱ་དང་བྱེད་པའི་དངོས་པོར་མིན། །ཞེས་གཟུང་འཛིན་ཐ་མི་དད་པ་དང་། བྱ་བྱེད་ཀྱི་རྫས་ཐ་དད་མེད་པའི་རང་གསལ་ཙམ་ལ་བཤད་པས་འགལ་བར་མི་སེམས་སོ། །ཡང་གལ་ཏེ་སྤྱོད་འཇུག་ཤེས་རབ་ལེའུར། རང་རིག་མེད་ཀྱང་རྣམ་ཤེས་དྲན་པའི་དཔེར། །གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས་པས། སྔར་དུག་མ་མྱོང་ཡང་ཕྱིས་དྲན་པ་བཀོད་པས་ཐ་སྙད་དུ་མེད་པའི་དོན་མ་ཡིན་ནམ་སྙམ་ན། དཔེ་བཀོད་ཚུལ་ལ་དེ་ལྟར་སྣང་ཡང་། གཞན་མྱོང་བ་དང་འབྲེལ་ཞེས་པས། གཞན་ཡུལ་སྔོན་པོ་ལྟ་བུ་མྱོང་བ་ན་སྔོ་འཛིན་གྱི་ཤེས་པ་རང་ལ་སྐྱེས་པ་རང་གིས་མྱོང་བའི་སྟོབས་ཀྱིས་ཕྱིས་དེ་གཉིས་མཉམ་དུ་དྲན་རིགས་ཀྱི། སྔར་སྔོ་འཛིན་རང་ལ་ཡོད་པ་རང་གིས་གཏན་མ་མྱོང་ན་ཕྱིས་ཡུལ་དེ་མཐོང་ཡང་དེའི་ཤེས་པ་དྲན་མི་སྲིད་དེ་སྔར་གང་ཟག་གཞན་གྱིས་མཐོང་བའི་ཡུལ་བཞིན་ནོ། །དེས་ན་རང་རིག་རྫས་སུ་མེད་ཀྱང་ཐ་སྙད་དུ་ཡུལ་དང་ཡུལ་ཅན་འབྲེལ་བ་དང་བཅས་པའི་སྟོབས་ཀྱིས་དྲན་པ་ཙམ་ཡིན་ལ། དཔེར་ན་མྱོང་དྲན་གཉིས་ཐ་སྙད་དུའང་མ་གྲུབ་ཅེས་པའི་དོན་ཏོ། །རལ་གྲིའི་དཔེ་སོགས་ཀྱང་རྣམ་པ་ཐམས་ཅད་དུ་མཚུངས་མི་དགོས་ཏེ་བུམ་སོགས་སྐྱེ་བ་མེད་པའི་དཔེར་མོ་གཤམ་གྱི་བུ་སོགས་བཀོད་པ་བཞིན་ནོ། །བདེན་འཛིན་ཉོན་སྒྲིབ་ཏུ་འདོད་ཅེས་པའི་དོན། སྤྱིར་ཆོས་དང་གང་ཟག་གཉིས་ཀ་ལ་བདེན་པར་གྲུབ་པ་ཅན་དུ་འཛིན་པའི་མ་རིག་པ་ལས་ཆགས་སོགས་ཉོན་མོངས་འབྱུང་ཞིང་ཉོན་མོངས་པ་དེ་དག་གཏི་མུག་གི་ངོ་བོར་གནས་པ་ཡིན་པས་དེ་སྐད་ཅེས་བྱ་སྟེ། བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་པའི་འགྲེལ་པར། འདིར་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་རང་བཞིན་གྱིས་རྣམ་པར་དབེན་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལ། གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར། དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ། །འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་། མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར། གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང་། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ་གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །དེས་ན་རང་རྒྱུད་པས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པ་གང་ཟག་གི་བདག་འཛིན་ཡིན་ལ། དེས་དྲངས་པའི་ཆགས་སོགས་ཉོན་སྒྲིབ་དང་། ཕུང་སོགས་ལ་བདེན་པར་འཛིན་པ་ཤེས་སྒྲིབ་ཏུ་འདོད་པ་དང་མི་འདྲ་བའི་ཁྱད་པར་རོ། །འོ་ན་ཤེས་སྒྲིབ་གང་ལ་ངོས་འཛིན་ཞེ་ན། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པ་ལྟར་སེར་སྣ་ལ་སོགས་པའི་ཉོན་མོངས་པའི་རྩ་བ་དང་ངོ་བོར་གྱུར་བའི་བདེན་འཛིན་ལས་གཞན་པའི་འཁོར་གསུམ་མམ་བླང་དོར་ལ་ཞེན་པའི་རྣམ་པར་རྟོག་པ་ཙམ་ཞིག་ལ་བྱ་སྟེ། ཤེར་ཕྱིན་དུ་གཟུང་རྟོག་དང་འཛིན་རྟོག་གི་རྣམ་གྲངས་དུ་མ་བཤད་པ་ཡང་འདི་དང་དོན་གཅིག་ལ། དེའི་རགས་པ་ནི་མཐོང་སྤང་དང་། ཕྲ་བ་ནི་སྒོམ་སྤང་ངོ་། །དེ་ལྟར་ཡང་། འཇུག་པའི་རང་འགྲེལ་ལས། དེ་ཡང་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ཅན་གྱི་མ་རིག་པའི་གཟིགས་པ་སྤངས་པ། འདུ་བྱེད་གཟུགས་བརྙན་ལ་སོགས་པའི་ཡོད་པ་ཉིད་དང་འདྲ་བར་གཟིགས་པ་རྣམས་ལ་ནི་བཅོས་མའི་རང་བཞིན་ཡིན་གྱི་བདེན་པར་ནི་མ་ཡིན་ཏེ་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །བྱིས་པ་རྣམས་ལ་ནི་སླུ་བར་བྱེད་པ་ཡིན་ལ། དེ་ལས་གཞན་པ་རྣམས་ལ་ནི་སྒྱུ་མ་ལ་སོགས་པ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་འགྱུར་རོ། །དེ་ཡང་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་ཙམ་ཀུན་ཏུ་སྤྱོད་པའི་ཕྱིར་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི། སྣང་བ་མེད་པའི་སྤྱོད་ཡུལ་ཅན་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་སོ། །ཡེ་ཤེས་སྣང་བ་རྒྱན་གྱི་མདོར། དག་བྱེད་གཉེན་པོ་ལ་ཞེན་པ་ཤེས་སྒྲིབ་ཏུ་གསུངས་པའང་འདི་དང་ཚུལ་མཐུན་ནོ། །བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་ཅེས་པའི་དོན། སྤྱིར་བདག་མེད་ཕྲ་རགས་ཀྱི་འཇོག་ཚུལ་ལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འཇོག་པ་ཙམ་ལ་རང་རྒྱུད་པ་མན་ཆད་ཀྱི་རང་སྡེ་རྣམས་འདྲ། འོན་ཀྱང་གནས་མ་བུ་པ་སོགས་ཀྱིས་དེ་འདྲའི་གང་ཟག་གི་བདག་མེད་ཕྲ་མོ་མི་འདོད་དོ། །བྱེ་མདོ་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཁས་མི་ལེན་པས་བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད། སེམས་ཙམ་པས་རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ལྟ་བུ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ལྟ་བུ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་དོན་བཞེད་པའི་ཕྱིར། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་སོགས་མི་འཇོག་ཅིང་། ཆོས་ཀྱི་བདག་མེད་རགས་པ་འཇོག་ཚུལ་སེམས་ཙམ་པ་དང་འདྲ་ལ། ཆོས་ཀྱི་བདག་མེད་ཕྲ་མོ་འཇོག་ཚུལ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་འདྲའོ། །དེ་རྣམས་ལ་གང་ཟག་གི་བདག་མེད་ཕྲ་མོ་སྟོང་ཉིད་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་དོ། །ཐལ་འགྱུར་བའི་ལུགས་ལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། གང་ཟག་གི་གདགས་གཞི་སོགས་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་པ་ཡིན་པས། བདག་འཛིན་གཉིས་ཀའང་དམིགས་ཡུལ་གྱི་སྒོ་ནས་འབྱེད་ཀྱི། འཛིན་སྟངས་ཀྱི་སྒོ་ནས་མིན་ཏེ། གང་ཟག་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པ་གང་ཟག་གི་དང་། གང་ཟག་གཞན་ལ་བདེན་གྲུབ་ཏུ་འཛིན་པ་གང་ཟག་གི་བདག་འཛིན་ཡིན་ཀྱང་འཇིག་ལྟ་ལྷན་སྐྱེས་མིན་ཞེས་རྗེ་རིན་པོ་ཆེ་གསུངས། ཆོས་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་བཞེད་དོ། །དེའི་ཕྱིར་བདག་མེད་གཉིས་ཀྱང་སྟོང་གཞིའི་སྒོ་ནས་འབྱེད་ཀྱི་དགག་བྱའི་སྒོ་ནས་མི་འབྱེད་དེ། གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་དང་། ཆོས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཆོས་ཀྱི་བདག་མེད་དུ་འཇོག་པའི་ཕྱིར་སྟོང་གཞིའི་ཁྱད་ཙམ་ལས་དགག་བྱ་ལ་ཕྲ་རགས་མེད་པས་བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པ་ཡིན་ནོ། །འགོག་བདེན་དོན་དམ་པ་ཞེས་པའི་དོན་འདུ་བྱེད་ཐམས་ཅད་གདོད་མ་ནས་ཞི་ཞིང་རང་བཞིན་སྤྲོས་པ་དང་བྲལ་བའི་འགོག་པའི་བདེན་པ་ནི་ཆོས་ཀྱི་དབྱིངས་དང་། དོན་དམ་པའི་བདེན་པ་ཡང་ཡིན་ཏེ། མདོ་ལས། ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གཞན་ཡང་བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ་འགོག་པའི་བདེན་པའོ། །ཞེས་དང་། འཇུག་པ་རང་འགྲེལ་ལས། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེས་བ་དགག་པ་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཞེས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ན་གཞན་ལས་སྐྱེ་བ་མེད་པ་ཉིད་དོ། །འདི་ལ་བཤད་པར་བྱ་སྟེ། འདི་བདེན་མོད་ཀྱི། དོན་དམ་བར་ན་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་བསླུ་བའི་ཆོས་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འདི་ནི་འོག་མ་རྣམས་ཀྱིས་བདེན་གཉིས་ཐ་དད་དུ་འཛིན་པ་ལས་ཁྱད་པར་དུ་གྱུར་པའོ། །ཉན་རང་འཕགས་པ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་ཁས་ལེན་པའི་ཁྱད་པར་ཞེས་པའི་དོན་ནི། རང་རྒྱུད་པ་མན་ཆད་ཀྱིས་གང་ཟག་གི་བདག་མེད་ཙམ་ལས་མ་རྟོགས་པར་འདོད་ལ། དེའི་རྒྱུ་མཚན་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པར་རྟོགས་ན་གང་ཟག་གི་བདག་མེད་ཕྲ་བ་རྟོགས་པ་ཡིན་པས་དེ་ཙམ་རྟོགས་པ་ལ་ཕུང་པོར་བདེན་བར་འཛིན་པ་ལྡོག་མི་དགོས་པར་བདག་འཛིན་དེས་དྲངས་པའི་ཉོན་མོངས་པ་ཐམས་ཅད་ཟད་པའི་དགྲ་བཅོམ་པ་ཐོབ་པ་ཡོད་པར་འདོད་ལ། ཐལ་འགྱུར་བའི་ལུགས་ལ་དེ་གང་ཟག་གི་བདག་མེད་རགས་པ་ཙམ་ལས་ཕྲ་བ་ཡིན་པར་མི་བཞེད་པས་ན་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་བ་རྟོགས་པ་ལ། ཇི་སྐད་དུ་ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར། ཕུང་པོ་རགས་པ་ལ་རིལ་པོ་གཅིག་འཛིན་གྱི་བློ་ཡོད་པ་དེ་སྲིད་དུ་ངར་འཛིན་རྒྱུན་མི་འཆད་པས། དེ་འདྲ་བའི་འཛིན་པ་ངེས་པར་ལྡོག་དགོས་ཤིང་། དེས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དུ་མ་སིལ་བུའི་རྣམ་པར་མངོན་སུམ་དུ་མཐོང་བའི་དགྲ་བཅོམ་པ་རྣམས་ལ་རང་རྒྱུད་ཀྱི་ཕུང་པོར་སྣང་བ་ཡང་ཆར་དང་འབབ་ཆུ་བཞིན་དུ་དུ་མ་ཚོགས་པ་སྐད་ཅིག་ཀྱང་མི་རྟག་པར་གཡོ་ཞིང་འགྱུར་བ་འགུལ་བ་རྡེག་པའི་རྣམ་པ་ཅན་དུ་གཟིགས་པར་གསུངས་པས་དེ་ལྟར་གཟིགས་པའི་ཚེ་གང་ཟག་ཏུ་གདགས་པའི་གཞིའི་ཕུང་པོ་ཡང་རིལ་པོ་གཅིག་པུ་དང་རྟག་པ་ནི་དུ་མ་ཚོགས་པ་དང་སྐད་ཅིག་མའི་རྒྱུན་ལ་བརྟེན་ནས་བཏགས་པ་ཙམ་ལས་ངོ་བོས་མ་གྲུབ་པའི་སྟོང་པའི་རང་བཞིན་ཁོང་དུ་ཆུད་ཅིང་དེའི་སྟོབས་ཀྱིས་ང་ཞེས་གཅིག་ཏུ་འཛིན་པའང་ནོར་བའི་བློ་ཡིན་པར་ཤེས་ཏེ། ཚོགས་པ་དང་རྒྱུན་དེ་ཙམ་ལ་བརྟེན་ནས་བཏགས་ཙམ་ལས་རང་གི་རང་བཞིན་གྱིས་གྲུབ་པ་མེད་པའི་ཚུལ་ཤེས་པས་སྟོང་ཉིད་རྟོགས་ཞེས་པའི་ཐ་སྙད་ཀྱང་བཏགས་ལ། གང་ཟག་ནི་ཆོས་ཙམ་གྱི་བྱེ་བྲག་ཡིན་པ་དང་། ཕུང་པོའི་ཆོས་ཀྱི་རགས་པ་རང་བཞིན་མེད་པར་རྟོགས་པའི་ཕྱིར་ཆོས་ཀྱི་བདག་མེད་ཀྱང་རྟོགས་པར་གསུངས་པ་ཡིན་ཏེ། དེ་ལྟར་རྟོགས་པའི་དགྲ་བཅོམ་དེའི་ཕུང་པོ་ལྔ་ག་སྐད་ཅིག་གིས་སྐྱེ་ཞིང་འགག་ལ་སིལ་བུ་པ་འདུས་པ་སྙིང་པོ་མེད་པ་དབུ་བ་རྡོས་པ་ལ་སོགས་པའི་ཚུལ་དུ་དངོས་སུ་རྟོགས་པར་འགྱུར་བ་ཡིན་ནོ། །ཉན་ཐོས་པ་དེ་དག་ཀྱང་དབང་པོའི་རྣོ་རྟུལ་གྱི་ཁྱད་ཀྱིས་རྟོགས་པ་བཟང་ངན་ཡོད་དེ། རྟུལ་པོས་ཕུང་པོ་སྐད་ཅིག་མའི་རང་བཞིན་དུ་མཐོང་བས་ང་དང་ང་ཡི་བའི་འཛིན་པ་ལྡོག་པ་ཙམ་ལས་རང་རྒྱུད་ཀྱི་ཕུང་པོ་ཐམས་ཅད་གཞི་མེད་པར་ཤེས་པའི་སྟོང་ཉིད་མ་རྟོགས་ལ། རྣོན་པོས་རྟེན་འབྲེལ་ཙམ་དུ་ཤེས་ཀྱང་རྨི་ལམ་གྱི་བདེ་སྡུག་ཙམ་ལའང་སྐྲག་ནས་ཞི་བར་མོས་པ་ཡིན་པར་ཀུན་མཁྱེན་གྱིས་གསུངས་སོ། །དེ་ལྟ་ནའང་ཐེག་ཆེན་པ་ལྟར་ཕྱི་ནང་གི་ཆོས་ཐམས་ཅད་གཞི་རྩ་དང་བྲལ་བའི་ནམ་མཁའ་ལྟ་བུའི་སྟོང་ཉིད་ཀྱི་དོན་རྟོགས་པ་ནི་མེད་དེ། དྲི་མ་མེད་པའི་མདོ་ལས། སྟོང་པ་ཉིད་ལ་མོས་པའི་ཉོན་མོངས་ཅན་ཉིད་བླའི། ཉན་ཐོས་དང་རང་སངས་རྒྱས་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་གི་འདུས་མ་བྱས་མངོན་སུམ་དུ་བྱས་ནས་དམིགས་པ་དང་བཅས་པ་ཇི་ལྟར་ལགས། བཀའ་སྩལ་པ། དེའི་འདུས་མ་བྱས་ནི་རྒྱ་མཚོ་ལས་སྐྲའི་རྩེ་མོས་བླང་བ་ལྟར་ཤིན་ཏུ་ཆུང་ངོ་། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཤཱ་རིའི་བུས་སྨྲས་པ། ཉན་ཐོས་སྒྲའི་རྗེས་སུ་འབྲང་བར་རང་གི་རྒྱུད་སྣང་བ་ཉི་ཚེ་བའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བའི་ཤེས་རབ་དེའི་བདག་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ཀྱིས། ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། དེ་དག་གིས་རྟོགས་པའི་སྟོང་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་ཆུང་ངོ་། །ཞེས་གསུངས་ཤིང་། འཇུག་པ་ལས། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་པའི་ཐད་ཀྱི་འཇུག་པར་རང་འགྲེལ་ལས། དེ་ལ་གང་ཟག་གིས་བདག་མེད་ནི། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པ་རང་གྲོལ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྣམ་དགྲོལ་གྱི་ཕྱིར་གཉིས་ཀ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་བསྒོམ་པ་མེད་དོ། །ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་བསྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ། །ཞེས་དང་། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་དབུ་མ་ཐལ་འགྱུར་བའི་ལུགས་ལའང་ཉན་རང་རྣམས་ཀྱིས་ཕུང་པོ་སྐད་ཅིག་མར་མཐོང་བ་དེ་ཙམ་ལས་ཆོས་ཀྱི་བདག་མེད་རྟོགས་པའི་ཚུལ་བཤད་དུ་མེད་ན། ལེགས་ལྡན་འབྱེད་ཀྱིས་དེ་ལྟར་བཤད་པ་ཟླ་བས་སུན་བྱུང་བ་དང་འགལ་ལོ། །དེ་ཡང་འདི་ལྟར་ཚིག་གསལ་ལས། སློབ་དཔོན་ལེགས་ལྡན་འབྱེད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཇི་སྐད་བཤད་པའི་སྟོང་པ་ཉིད་རྟོགས་པ་ཡོད་པར་ཁོང་དུ་མ་ཆུད་ནས། ཇི་སྐད་དུ་འཕགས་པ་ཉན་ཐོས་འདུ་བྱེད་ཀྱི་ཚོགས་གཞན་དང་གཞན་སྐྱེ་བའི་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་བདག་དང་བདག་གི་བ་མེད་པ་ལ་ངེས་པར་ལྟ་བ་ལ་ཡང་། བདག་ཅེས་བྱ་བའི་དངོས་པོ་མེད་པའི་ཕྱིར་སྐྱེ་བ་དང་འཇིག་པ་འདི་དག་ནི་ཆོས་ཙམ་དུ་ཟད་དོ་ཞེས་བྱ་བར་ལྟ་བ་སྐྱེ་སྟེ། འདི་ལྟར་བདག་ནི་ངར་འཛིན་པའི་ཡུལ་ཡིན་པས་དེ་མེད་ན་དེ་ཡང་མི་འབྱུང་ལ། དེ་མེད་པ་ཁོ་ནའི་ཕྱིར་འགའ་ལ་ཡང་ནང་དང་ཕྱི་རོལ་གྱི་དངོས་པོ་མེད་པས་ང་ཡིར་འཛིན་པ་མི་འཐད་པའི་ཕྱིར། ཐ་སྙད་ཀྱི་བརྡར་བྱས་པ་མ་གཏོགས་པར། ང་ལ་ནི་ངར་འཛིན་པ་མེད་ཅིང་། ང་ཡིར་འཛིན་པ་མེད་དོ་ཞེས་བྱ་བར་རང་གི་ངོ་བོ་ངེས་པ་སྐྱེ་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་ཆེན་པོ་འདུ་བྱེད་སྐྱེ་བ་མེད་པར་ལྟ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ལ་གནས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པས་དེའི་ཕྱིར། ང་དང་ང་ཡིར་འཛིན་པ་མེད་གང་། དེ་ཡང་ཡོད་པ་མ་ཡིན་ཏེ། །ཞེས་གསུང་སོ། །ཞེས་དེ་སྐད་དུ་སྨྲའོ། །སློབ་དཔོན་འདི་ཇི་ལྟར་རྣམ་པ་དེ་ལྟ་བུའི་ཡུལ་ལ་སློབ་དཔོན་གྱི་ལུགས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པ་དེ་ལྟར་ནི། དབུ་མ་ལ་འཇུག་པ་ལས། རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་བྱ་བ་དེར་བསྟན་ཟིན་པས་ཡང་དེ་སུན་དབྱུང་བ་ལ་འབད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་ཞེ་ན། འགལ་བར་མ་མཐོང་སྟེ། སློབ་དཔོན་ལེགས་ལྡན་འབྱེད་ནི་ཉན་རང་གིས་ཕུང་པོ་སྐད་ཅིག་མར་རྟོགས་པས་གང་ཟག་རིལ་པོ་གཅིག་འཛིན་གྱི་བློ་ལྡོག་པར་འགྱུར་བ་ཡིན་ཀྱང་། སྐྱེ་འཇིག་ཅན་གྱི་ཕུང་པོ་ལ་ཆོས་ཙམ་དུ་ལྟ་བ་ནི་ད་དུང་མི་ལྡོག་པས་དེ་བདག་མེད་པར་མི་རྟོགས་པར་བཤད་ལ། ལུགས་འདིར་ནི་དེ་ལྟར་ཕུང་པོ་སྐད་ཅིག་མར་རྟོགས་པས་ཕུང་པོ་ཞེས་གཅིག་པུར་ཞེན་པའི་ཡུལ་དེ་ཡང་སྐད་ཅིག་མའི་རྒྱུན་ལ་བརྟེན་ནས་བཏགས་པར་ཟད་ཀྱི་རང་གི་ངོ་བོས་མ་གྲུབ་པར་ཤེས་པས་གང་ཟག་ཏུ་གདགས་པའི་གཞི་བརྟེན་ནས་རྟག་པའི་སྟོང་པ་ཉིད་དུ་རྟོགས་པ་ན་ཕུང་པོ་རང་ལ་རིལ་པོ་གཅིག་འཛིན་གྱི་བློ་ལས་ལྡོག་པས་ཆོས་ཀྱི་བདག་མེད་རྟོགས་སོ། །ཞེས་བཞེད་པ་ཡིན་པའི་ཕྱིར་རོ། །འདི་ལ་མཁས་མཆོག་འགའ་ཞིག་ཐལ་འགྱུར་བའི་ལུགས་ལ་གདགས་གཞི་བཏགས་ཆོས་ཞེས་པ་མི་འཐད་དེ། གང་ཟག་ཏུ་གདགས་པའི་རྒྱུ་ཞེས་བཤད་པའི་ཕྱིར་ཞེས་གསུངས་ཀྱང་བརྗོད་ཚུལ་ཙམ་མོ། །ཉན་རང་གཉིས་ཀྱི་རྟོགས་པའི་ཁྱད་པར་ནི། ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་རྟོགས་པའི་གཞི་དེ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ཙམ་ཞིག་ཡིན་ལ། རང་སངས་རྒྱས་ཀྱིས་འཛིན་པ་རང་བཞིན་མེད་པར་མ་རྟོགས་ཀྱང་གཟུང་ཡུལ་ཕྱི་ནང་གིས་བསྡུས་པ་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ལས་དོན་ལ་མི་གཡོར་ལྟར་མ་གྲུབ་པར་རྟོགས་པ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་པ་ལ་སོགས་པ་ལྟར་རོ། །འོན་ཀྱང་བྱང་ཆུབ་སེམས་དཔའི་རྣམས་ཀྱི་རྟོགས་པའི་ཁྱད་པར་ནི་སྔར་བཤད་པ་ལྟར་ལ། མདོར་བསྡུ་ན། གསལ་བ་དང་། རྒྱས་པ་དང་། རྫོགས་པ་གསུམ་གྱིས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལས་འཕགས་པར་གསུངས་སོ། །སོ་སྐྱེའི་ཤེས་པ་འཁྲུལ་ཤེས་དང་དཔྱད་ཤེས་ཚད་མར་འདོད་པའི་ཁྱད་པར། ཞེས་པའི་དོན་རང་རྒྱུད་པ་སོགས་ཀྱིས་མངོན་སུམ་རྣམས་སོ་སྐྱེའི་དུས་སུའང་རང་མཚན་ལ་ཚད་མར་འདོད་ཀྱང་། འདི་བས་རང་མཚན་མི་བཞེད་པས། སོ་སྐྱེའི་བློ་ཐམས་ཅད་ཆོས་ཉིད་ལས་གོལ་བའི་གཟུང་འཛིན་ཅན་ཡིན་པས་འཁྲུལ་ཤེས་ཡིན་པ་ནི་སྤྱིར་བཏང་ལ། བྱེ་བྲག་ཏུ་དེ་ཁོ་ན་ཉིད་ལ་དཔྱོད་པའི་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ལ་བརྟེན་པའི་དཔྱད་ཤེས་རྗེས་དཔག་གིས་ཆོས་ཉིད་དོན་སྤྱིའི་ཚུལ་དུ་གཞལ་བས་དོན་མི་བསླུ་བར་རྟོགས་པས་ཚད་མའོ། །ཡིད་མངོན་དུ་རྟོག་པའི་གཞི་མཐུན་པའི་ཅེས་པ། སྤྱིར་ཚད་མ་ལྟར་ན་མངོན་སུམ་ཐམས་ཅད་ལ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པས་ཁྱབ་པར་བཞེད་ཀྱང་། འདིར་ཐ་སྙད་འཇིག་རྟེན་པར་གྲགས་པའི་རྗེས་སུ་རྣམ་པར་བཞག་པ་སྟེ། འཇིག་རྟེན་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་ངོ་། །ཤེས་སོ། །ཉམས་སུ་མྱོང་ངོ་ཞེས་པ་ལ་སོགས་པ་ལའང་མངོན་སུམ་གྱི་ཐ་སྙད་གདགས་པར་གསུངས་པས་སྒྲ་དོན་འདྲེས་འཛིན་དང་བཅས་པའི་ཡིད་ཀྱིས་དངོས་སུ་ཤེས་པ་ལྟ་བུ་ལ་དེ་གཉིས་ཀྱི་གཞི་མཐུན་ཡིན་པར་རྣམ་པར་བཞག་པ་ཡིན་ནམ་སྙམ་མོ། །ཕྲ་བའི་མི་རྟག་པ་མངོན་སུམ་རྟོགས་པའི་སོ་སྐྱེ་ཡོད་ཅེས་པ་ཡང་། སྔར་བཤད་པ་ལྟར་ཕུང་པོ་མི་རྟག་པར་རྟོགས་པ་ལས་གང་ཟག་གི་བདག་མེད་རྟོགས་པར་འགྱུར་བས་བདག་མེད་མངོན་སུམ་དུ་རྟོགས་པ་ནི་འདས་ལམ་ཁོ་ན་ལ་ཡོད་ཀྱང་། དེའི་གཞིར་གྱུར་པའི་མི་རྟག་པ་མངོན་སུམ་རྟོགས་པ་ཙམ་ཞིག་ནི་སོ་སྐྱེའི་དུས་ནས་ཡོད་དགོས་པའི་དོན་ཡིན་པར་སེམས་སོ། །དུས་གསུམ་དངོས་པོར་འདོད་ཅེས་པའི་དུས་གསུམ་ནི་སྐྱེ་འཇིག་གནས་གསུམ་སྟེ། སྐྱེ་ཞིང་གནས་པ་ཞེས་པའི་དངོས་པོ་ཞིག་དོན་དམ་པར་མེད་ཀྱང་ཐ་སྙད་ཙམ་དུ་རང་རྒྱུད་པ་སོགས་ཀྱིས་རང་མཚན་པར་འདོད་ཀྱང་འཇིག་པ་ནི་དངོས་མེད་དུ་འདོད་དེ་དེའི་རྒྱུ་མཚན་ཐ་སྙད་དུ་དེ་གཉིས་གཞི་གྲུབ་མ་གྲུབ་ཡོད་པར་རྟོག་ནས་དེ་ལྟར་རྣམ་བཞག་བྱེད་ལ་འདིར་ནི། ཚིག་གསལ་ལས། གང་ཞིག་འཇིག་པ་རྒྱུ་མེད་ཉིད་དུ་ཁས་བླངས་ནས་འདུས་བྱས་རྣམས་སྐད་ཅིག་མ་ཉིད་དུ་སྨྲ་བ་དེའི་ལྟར་ན་ནམ་མཁའི་མེ་ཏོག་ལྟར་རྒྱུ་མེད་པས་འཇིག་པ་མེད་པའི་ཕྱིར་དངོས་པོ་རྣམས་སྐད་ཅིག་མ་ཉིད་དང་། འཇིག་པ་དང་བྲལ་བ་རྣམས་འདུས་བྱས་ཉིད་དུའང་འགྲུབ་པར་ག་ལ་འགྱུར། དེའི་ཕྱིར་དེས་ཐམས་ཅད་མི་འགྲིགས་པ་ཉིད་དུ་འགྱུར་རོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་དང་། འདུས་བྱས་ཀྱི་མཚན་ཉིད་རྣམས་ཀྱང་འདུ་བྱེད་ཀྱི་ཕུང་པོའི་ནང་དུ་འདུ་བར་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་འཇིག་པ་རྒྱུ་དང་བཅས་པ་ཉིད་དུ་གསལ་བར་བསྟན་པ་མ་ཡིན་ནམ་ཞེས་པ་ལ་སོགས་པ་ལྟར་དངོས་པོ་ཞེས་པའི་ཐ་སྙད་ཙམ་གདགས་པ་ལ་རང་མཚན་པར་གྲུབ་མི་དགོས་པའི་གནད་ཀྱིས་དེ་གསུམ་མཚུངས་པར་དངོས་པོར་བཞག་པ་ཡིན་ནོ། །དེ་ལྟ་ནའང་ལས་དང་ལས་ཀྱི་འབྲས་བུ་ནི་རྟེན་འབྲེལ་བསླུ་བ་མེད་པའི་དབང་གིས་འབྱུང་བ་ཙམ་ལས་དེ་འདྲ་བའི་དངོས་པོ་དང་རྒྱུན་གྱིས་བསྒྲུབ་དགོས་པར་ནི་མི་བལྟའོ། །རགས་པའི་མི་རྟག་པ་ལ་སོགས་བཅུ་དྲུག་རྟོགས་པ་ཙམ་གྱིས་ཐེག་གསུམ་གང་རུང་གི་སྦྱོར་ལམ་ཙམ་དུ་ཡང་བགྲོད་པར་མི་ནུས་ཞེས་པའི་དོན། ཐེག་གསུམ་གང་རུང་གི་སྦྱོར་ལམ་ཐོབ་པ་ལ་ལྷན་སྐྱེས་ཀྱི་བདག་མེད་པར་དོན་སྤྱིའི་ཚུལ་དུ་རྟོགས་དགོས་པས་རགས་པའི་བཅུ་དྲུག་གི་གཙོ་བོ་རྟག་བདག་མེད་པར་རྟོགས་ཀྱང་དེ་མི་ནུས་པས་སོ། །གསུམ་པ་འགོག་བྱེད་གཏན་ཚིགས་ཀྱིས་ཇི་ལྟར་དཔྱད་པའི་ཚུལ་བསྟན་པ་ནི། གཏན་ཚིགས་ཆེན་པོ་བཞིའམ་ལྔས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་འབེབས་པར་བྱེད་པ་སྟེ། འདི་ལ་གཉིས་ཏེ། གཞལ་ཚུལ་སྤྱིར་བསྟན་པ་དང་། གཏན་ཚིགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ཡང་རང་རྒྱུད་པ་ལྟར་ཀུན་རྫོབ་ཏུ་བདེན་པ་བཀག་ནས་རྫུན་པར་བསྒྲུབ་པའམ། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་བྲལ་བསྒྲུབ་པ་ལྟར་མ་ཡིན་ཏེ། གང་དུ་ཞེན་པ་དེ་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པས་ཕ་རོལ་གྱི་ལོག་རྟོག་བཟློག་པར་བྱེད་པའོ། །དེས་ན་དངོས་ཞེན་དགག་པ་ལ་ཞེན་ཡུལ་སུན་ཕྱུང་དགོས་པས་སྔར་བཤད་པ་ལྟར་དགག་བྱ་བདག་གཉིས་ཀྱི་ངོ་བོ་ངེས་པར་བྱས་ཏེ་དཔྱད་དགོས་ཀྱི་གཞན་དུ་ན་འབེན་མ་མཐོང་བར་མདའ་འཕངས་པ་ལྟར་རང་རྒྱུད་ཀྱི་དངོས་ཞེན་འགོག་མི་ནུས་སོ། །ད་ལྟ་རང་ཅག་རྣམས་ཀྱིས་དབུ་མའི་གཏན་ཚིགས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་ཚོལ་བ་ན་ཕ་རོལ་པོའི་ལོག་རྟོག་ཅེས་པའི་ཚིག་ཙམ་གྱིས་ཁ་ཕྱིར་བལྟས་སུ་ཤོར་ཏེ་གཞན་ཞིག་གི་འདོད་པ་ཁོ་ན་དང་པོ་ནས་དགག་པ་ལྟ་བུར་མ་སོང་བར་ཐོག་མ་མེད་པ་ནས་མ་དཔྱད་བཞིན་དུ་དེ་ཁོ་ན་ཉིད་ལས་ཕྱིན་ཅི་ལོག་ཏུ་གོལ་བའི་ལྷན་སྐྱེས་ཀྱི་རྟོག་པ་དང་། དཔྱད་པའི་སྒོ་ནས་སྒྲོ་བཏགས་པ་ཕྱི་ནང་གི་གྲུབ་མཐའ་འཛིན་པ་རྣམས་ཀྱི་ཞེན་རྟོག་ཐམས་ཅད་རང་རྒྱུད་ལ་མི་གནས་པའི་ཚུལ་དུ་དྲུངས་ནས་ཕྱུང་སྟེ་ཕྱི་ནས་བསྒོམ་པའི་ཚེ་ན་གང་ལའང་མ་ཞེན་པས་གང་ཡང་མི་བསྒོམ་པར་བཞག་ཀྱང་བླུན་བསྒོམ་ཐོམ་ཡོར་དུ་བཞག་པ་ཙམ་མ་ཡིན་པར་རང་བཞིན་མེད་རྟོགས་ཀྱི་ངེས་ཤེས་ཀྱིས་དྲངས་པའི་ལྷག་མཐོང་ཁྱད་པར་བ་དང་ལྡན་པའི་ཞི་ལྷག་ཟུང་འཇུག་གི་དོན་ལ་མཉམ་པར་འཇོག་ཤེས་ཤིང་ཐེ་ཚོམ་མེད་པ་ནི་དཔྱད་པ་གནད་དུ་སོང་བའི་ལག་རྗེས་ཡིན་གསུངས། དེ་ཡང་སྤྱིར་དེང་སང་གི་དབུ་མའི་གྲུབ་མཐའ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྣང་ཚུལ་འདི་ཉིད་རྟོག་པས་བཏགས་ཙམ་ལས་རང་གི་ངོ་བོས་མ་གྲུབ་པ་དང་། སྟོང་པའི་རང་བཞིན་རྟེན་འབྱུང་དུ་ཤར་བས་སྟོང་དང་རྟེན་འབྱུང་ཟུང་འཇུག་ཡིན་ནོ་ཞེས་བཞེད་པ་ཙམ་དུ་ཀུན་མཐུན་ནའང་། རང་ལུགས་ལ་ནི་རྟོག་བཏགས་ཞེས་པ་དེ་ཡང་བདེན་པར་སྒྲོ་བཏགས་པ་ལ་མི་བདེན་པའི་དངོས་པོ་ཞིག་ཡོད་པར་མི་བལྟ་སྟེ། སྐྱེ་བ་མེད་པའི་སེམས་ཀྱི་རྩལ་སྣང་སྟོང་གཟུགས་འབའ་ཞིག་ཏུ་བཞེད་ལ། སྟོང་དང་རྟེན་འབྱུང་དབྱེར་མེད་ཅེས་པའང་སྟོང་པ་དང་དབྱེར་མེད་རྒྱུའི་སྣང་བ་ཞིག་ཚད་མས་གྲུབ་པར་མི་བལྟ་བར་སྣང་བ་ཐམས་ཅད་གཞི་མེད་རྩ་བ་དང་བྲལ་བས་གྲུབ་ཚུལ་གང་ཡང་མེད་ཀྱང་རྟེན་འབྱུང་གི་སྣང་བ་ཐམས་ཅད་འགོག་མེད་དུ་འཆར་བ་འདི་ཙམ་དུ་གོ་བ་ཡིན་ནོ། །དེས་ན་དགག་བྱ་རང་བཞིན་གྱིས་གྲུབ་པའི་བདག་གཉིས་ངོས་འཛིན་རྒྱུ་དེའང་དེ་གཉིས་བཀག་པའི་ཤུལ་ན་དགག་གཞི་གང་ཟག་དང་ཆོས་ཞེས་བྱ་བ་ཞིག་གང་ཡང་མེད་དེ། གང་ཟག་དང་ཆོས་རང་རང་ལ་རང་རང་གིས་སྟོང་གི་དེ་དག་གི་སྟེང་ན་བདེན་པའམ་རང་བཞིན་གྱིས་གྲུབ་པས་སྟོང་ཞིང་། སྟོང་གཞི་རང་རང་གི་ངོ་བོས་ཐ་སྙད་དུ་མི་སྟོང་པ་ལྟ་བུ་མ་ཡིན་པའི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པ་ལ་སོགས་པ་ལྟ་བུ་སྟེ། དེས་ན་ཆོས་གང་ཡང་རང་བཞིན་མེད་པའི་ཕྱིར་དགག་བྱ་རང་མཚན་པ་མེད་ཀྱང་། མེད་པ་ལ་ཡོད་པར་སྒྲོ་བཏགས་པ་ཉིད་འདིར་བཀག་པ་ཙམ་དུ་ཟད་དེ། རྩོད་བཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ། །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་པ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །འོ་ན་སྔར་བདག་གཉིས་བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་ནས། གང་ཟག་དང་ཆོས་ཙམ་ཐ་སྙད་དུ་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་འཁྲུལ་ངོར་བག་ཆགས་མ་ཟད་པའི་རིང་ལ་ཐ་སྙད་པའི་སྣང་བ་རྒྱུན་མི་འཆད་པར་འགོག་མེད་དུ་འཆར་བ་ཙམ་ལ་བྱ་ཡི། རང་གི་ངོ་བོ་ཞིག་ཡོད་པར་བཤད་པ་ནི་མ་ཡིན་ནོ། །གཉིས་པ་གཏན་ཚིགས་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། རྒྱུ་ལ་དཔྱོད་པ་རྡོ་རྗེ་ག་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག །ངོ་བོ་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་དང་། གཅིག་དུ་བྲལ་ལོ། །དང་པོ་ནི། འདི་ལྟར་སྣང་བཞིན་པ་ཐམས་ཅད་ཆོས་ཅན། སྐྱེ་བ་མེད་པར་ཐལ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རང་ལས་སྐྱེ་ཞེ་བྱ་བ་མི་འཐད་དེ། བདག་ལས་སྐྱེ་བ་ཆོས་ཅན། ཡོད་དུས་སྐྱེའམ་མེད་དུས་སྐྱེ་བར་འདོད་གྲང་། དང་པོ་ལྟར་ན་མི་འཐད་དེ། བསྐྱེད་བྱ་སྐྱེད་བྱེད་ཐ་དད་དུ་མེད་པ་དང་། ཡོད་བཞིན་སྐྱེ་བས་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བ་དང་། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཕྱི་མ་ལྟར་ན་མི་འཐད་དེ། སྐྱེད་བྱེད་རང་མེད་ན་རང་གི་ཐ་སྙད་མི་ཐོགས་པ་དང་། རྒྱུ་མེད་པ་ལས་སྐྱེ་བ་དང་མཚུངས་པའི་ཕྱིར་རོ། །གཞན་ལས་སྐྱེ་ཞེས་པའང་མི་འཐད་དེ། འདི་ལྟར་གཞན་ལས་སྐྱེ་བ་ཆོས་ཅན། མི་འཐད་པ་ཐལ། བསྐྱེད་བྱ་རང་མ་གྲུབ་ན་སྐྱེད་བྱེད་གཞན་མི་འགྲུབ་པ་དང་། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །གཉིས་ཀ་ལས་སྐྱེ་ཞེས་པའང་མི་འཐད་དེ། གཞི་གཅིག་ལ་རང་ཡང་ཡིན་ལ་གཞན་ཡང་ཡིན་པ་མ་གྲུབ་པ་དང་། སོ་སོའི་སྐྱེ་བ་བཀག་པའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེ་བའང་མི་འཐད་དེ། རྒྱུ་ལས་འབྲས་བུ་འབྱུང་བ་མངོན་སུམ་པ་དང་འགལ་བ་དང་། ནམ་མཁའ་ལས་པད་མོ་སྐྱེ་བ་སོགས་ཧ་ཅང་ཐལ་བ་དང་། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །གཉིས་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། འདི་ལྟར་འབྲས་བུ་སྣ་ཚོགས་སུ་སྣང་བ་ཆོས་ཅན། སྐྱེ་བ་མེད་པ་ཐལ། འབྲས་བུའི་དངོས་པོ་ཡོད་པ་དང་མེད་པ་གཉིས་ཀ་སྐྱེ་བས་སྟོང་པའི་ཕྱིར་རོ། །དེ་ཡང་འདི་ལྟར་འབྲས་བུ་ཡོད་པ་ལ་སྐྱེ་བ་མེད་དེ། གྲུབ་ཟིན་པའི་ཕྱིར་དང་། མེད་པ་ལ་སྐྱེ་བ་མེད་དེ་གཞི་མ་གྲུབ་པའི་ཕྱིར། རི་རྭ་བཞིན་ཏེ། དེ་ཉིད་ལས། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་སོ། །གསུམ་པ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞིའི་སྐྱེ་འགོག་ནི། རྒྱུས་འབྲས་བུ་བསྐྱེད་པར་སྣང་བ་ཆོས་ཅན། དོན་ལ་མ་གྲུབ་སྟེ། འདི་ལྟར་རྒྱུ་གཅིག་པུ་ཞིག་གིས་འབྲས་བུ་གཅིག་པུ་དང་། རྒྱུ་དུ་མས་འབྲས་བུ་དུ་མ་དང་། རྒྱུ་གཅིག་གིས་འབྲས་བུ་དུ་མ་དང་། རྒྱུ་དུ་མས་འབྲས་བུ་གཅིག་མི་བསྐྱེད་པའི་ཕྱིར་ཏེ། རྒྱུ་འབྲས་གཉིས་ཆར་གཅིག་དུ་མ་དང་བྲལ་བའི་ཕྱིར་སྐྱེ་བར་བཏགས་པ་ནི་ནམ་མཁའ་ལ་དངོས་པོར་གདགས་པ་བཞིན་ནོ། །དེ་སྐད་དུ་བདེན་གཉིས་འཇུག་པ་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་ཉིད་བྱེད་པའང་མིན། །ཞེས་སོ། །བཞི་པ་ཆོས་རང་གི་ངོ་བོ་ལ་དཔྱོད་པ་ལ་གཉིས་ཏེ། དང་པོ་མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་མོ་ནི། སྣང་ཙམ་པ་འདི་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཡང་སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་བདེན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར། དཔེར་ན་ཆུ་ཟླ་བཞིན་ནོ། །དེ་ཡང་ཇི་སྐད་དུ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་དང་། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དུ་བྲལ་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་ཆོས་ཅན། དངོས་པོར་མེད་པར་ཐལ། གཅིག་དུ་མ་དང་བྲལ་བས་ཁྱབ་པ་གང་ཞིག་བདེན་པའི་དངོས་པོས་སྟོང་པས་ཁྱབ་པའི་ཕྱིར་ཏེ། སློབ་དཔོན་འཕགས་པས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་སོ། །དེ་ལྟ་བུའི་གཏན་ཚིགས་རྣམས་ཀྱིས་དཔྱོད་པའི་དུས་ནི་གཉིས་ཏེ། ཕན་ཚུན་གྲུབ་མཐའ་རྣམ་པར་རྩོད་པའི་དུས་དང་། ལམ་ཤེས་རབ་ཀྱིས་གྲོལ་བར་བྱེད་པའི་ཚེ་ནའོ། །དེ་ཡང་གྲུབ་མཐའ་རྩོད་དུས། རང་ཕྱོགས་ལས་ཁས་ལེན་མེད་པས་དམ་བཅའ་སྒྲུབ་པ་དང་། སྐྱོན་སྤོང་བ་མི་དགོས་ལ། དངོས་པོར་སྨྲ་བ་དེ་ཉིད་ཀྱི་གཞུང་ནང་འགལ་བ་བསྒྲིགས་ཏེ་དངོས་ཞེན་ཐམས་ཅད་སུན་ཕྱུང་དགོས་སོ། །ལམ་ཤེས་རབ་ཀྱིས་གྲོལ་བར་བྱེད་པའི་དུས་ནའང་། ཕྱི་སྣ་ཚོགས་སུ་སྣང་བའི་ཡུལ། ནང་རྟོག་པ་དང་མི་རྟོག་པའི་སེམས། ཏིང་ངེ་འཛིན་དང་སྒོམ་པ་ལ་སོགས་པའི་ཉམས་མྱོང་། ཆོས་སྤྱོད་དང་། འགྲོ་འདུག་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་བདག་གཞན་དང་། འཁོར་འདས་དང་། དངོས་དངོས་མེད་དང་། བདེ་སྡུག་དང་། སྤང་བླང་དང་། ཆོས་དང་ཆོས་མིན་ལ་སོགས་པ་ལ་དེ་དང་དེར་འཛིན་པའི་ཁས་ལེན་དང་སྙམ་བྱེད་གང་བྱུང་ཡང་དཔྱད་པར་རེ་རེས་ཀྱང་རྡུལ་དུ་བཤིག་སྟེ་གང་ལའང་མཚན་ཞེན་དང་གཏད་སོ་མེད་པར་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དུ་སོ་ཐུབ་པར་བྱའོ། །དེས་ན་གང་ཟག་གི་བདག་མེད་ཤིང་རྟ་རྣམ་བདུན་གྱི་རིགས་པས་གཏན་ལ་འབེབས་པར་གསུངས་ཀྱང་། གཏན་ཚིགས་འདི་དག་གིས་ཀྱང་བདག་མེད་གཉིས་ཀ་གཏན་ལ་ཕེབས་པར་འགྱུར་རོ། །གཉིས་པ་དེ་གཞན་ལས་འཕགས་པའི་རྒྱུ་མཚན་བསྟན་པ་ནི། དབུ་མ་ཐལ་འགྱུར་པའི་གྲུབ་པའི་མཐའ་འདིར་ནི་དངོས་ཞེན་དང་བཅས་པའི་ཁས་ལེན་གང་ཡང་མེད་པས་སྐྱོན་མེད་ཅིང་རྣམ་པར་དག་པའི་ཕྱིར་གྲུབ་མཐའ་སྨྲ་བ་འོག་མ་གསུམ་པོའི་རང་རང་གི་བློ་ཡིས་ཆོས་རྣམས་ཀྱི་མཚན་ཉིད་ལ་བཏགས་ཤིང་ཤེས་རབ་ཀྱི་ཡུལ་བདག་མེད་དང་། སྐྱེ་མེད་དང་། སྟོང་ཉིད་དང་། མཐའ་བྲལ་སོགས་སུ་དཔྱད་ནས་སྤྲོས་པ་ཕྱོགས་རེ་ཙམ་བཅད་ཀྱང་ད་དུང་དངོས་ཞེན་གྱི་རྣམ་པ་དང་བཅས་པ་ཡིན་པར་མ་ཟད། རང་རྒྱུད་པས་ཐ་སྙད་དུ་གྲུབ་པར་ཁས་ལེན་པ་ལ་སོགས་པ་ཐམས་ཅད་ལའང་བརྩད་ཅིང་བརྟགས་པས་མཐར་འཛིན་གྱི་ཞེན་པ་རེ་རེ་ནས་ཐལ་འགྱུར་གྱིས་སུན་ཕྱུང་ཡང་། རང་ལ་ནི་རྒོལ་བའི་གནོད་པ་གང་ཡང་མི་འཇུག་པས་གྲུབ་པའི་མཐའ་ཐམས་ཅད་ཀྱི་ནང་ནས་གོང་མའམ་རྩེ་མོ་ཡིན་པ་ནོར་བར་མི་འགྱུར་རོ། །དེ་ལྟར་རིགས་པ་བཞི་པོ་གཤིས་ཐོག་ཏུ་གཏན་ལ་ཕེབས་པ་ལ་དབུ་མའི་ལྟ་བར་འདོད་ཀྱི། གཏན་ལ་འབེབས་ཡུལ་གྱི་སྟོང་ཉིད་མཐའ་བྲལ་དབུ་མའི་ལྟ་བར་འདོད་ན་ནི། མཐའ་བཞི་པོ་དེ་ག་མཐར་འཛིན་གྱི་ལྟ་བར་འགྱུར་པས་མཐའ་དང་མཐར་འཛིན་གྱི་ཁྱད་པར་མ་ཕྱེད་པ་ཡིན་པས་མཐའ་དང་བྲལ་བའོ་ཞེས་པ་ཙམ་དུའང་མི་གནས་པ་ཞིག་དགོས་ཏེ། འཕགས་པ་ལྷའི་ཞལ་ནས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དེ་ལྟར་གཏན་ལ་དབབ་པའི་སྒོམ་དོན་ངོས་བཟུང་བ་ནི། དེ་ལ་སྤྱིར་འཕགས་པའི་ཡུལ་ན་ཕྱི་ནང་གི་གྲུབ་པའི་མཐའ་འཛིན་པ་ལ་ནང་གསེས་ཀྱི་དབྱེ་བ་ཤིན་ཏུ་མང་ཞིང་། བོད་འདིར་ཡང་རང་རང་གི་འདོད་ཞེན་གྱིས་སྦྱར་བའི་གྲུབ་པའི་མཐའ་འདྲ་མིན་སྣ་ཚོགས་བྱུང་ཞིང་། དབུ་མ་དང་གསང་སྔགས་ཀྱི་ལམ་སྲོལ་འཛིན་པ་པོོ་རྣམས་ཀྱིས་ཀྱང་དགོངས་པ་ལེན་ཚུལ་དང་བཤད་སྲོལ་ཐ་དད་དུ་སོང་བ་ཤིན་ཏུ་མང་ན་ཡང་། དེ་དག་ཐམས་ཅད་ནི་རང་རང་གི་ངོར་ལྟོས་ཏེ་རང་གི་བློས་བཞག་པའི་ཚུལ་དེ་མཐར་ཐུག་གི་དོན་དུ་གྲུབ་པར་འདོད་ཀྱི། ཞིབ་ཏུ་དཔྱད་ན་ཕྱིན་ཅི་ལོག་པ་དང་ལྟར་སྣང་ཡང་དག་པ་དུ་མ་ཡོད་ཅིང་། འགའ་ཞིག་ནི་ཐབས་ལ་མཁས་པས་གདུལ་བྱའི་དབང་གིས་དེ་ལྟར་བཞག་པའང་ཡོད་ལ། ཕལ་ཆེར་རང རང་གི་བློའི་ནུས་པ་དང་རྗེས་སུ་མཐུན་པའི་རྒྱལ་བའི་ཕྲིན་ལས་ཀྱིས་སེམས་ཅན་ལ་ཕན་པ་ཅན་ཤ་སྟག་ཡིན་པས་ཀུན་ལ་གུས་པ་བསྐྱེད་དགོས་ཏེ་དོན་ཅི་ཡང་མེད་བཞིན་དུ་ཕྱི་རོལ་པའི་གྲུབ་མཐའ་ལ་སྨད་ན་ཡང་སྔགས་ཀྱི་རྩ་ལྟུང་དུ་གསུངས་པས་ཆགས་སྡང་དང་ཕྱོགས་ཞེན་གྱི་ངན་རྟོག་གིས་མ་སྦག་པར་རང་གིས་ཡང་དག་པའི་དོན་ཉམས་སུ་ལེན་ཤེས་པ་དང་། གཞན་ལའང་རང་རང་དང་རྗེས་སུ་མཐུན་པའི་ལམ་སྟོན་ཤེས་པའི་ཕྱིར་གྲུབ་པའི་མཐའ་ཡི་རྣམ་བཞག་ཇི་སྙེད་པ་ཐམས་ཅད་ཀྱི་མཚན་ཉིད་ཐོས་པའི་ཤེས་རབ་ཀྱིས་རང་གི་ཉམས་འོག་ཏུ་ཆུད་དེ་ཤེས་པར་བྱ་དགོས་ཤིང་། དེ་ཡང་བདག་མེད་པའི་དོན་བསྒོམ་པ་དང་གཞན་ལ་སྟོན་པ་ལའང་ཐོག་མར་དེའི་མི་མཐུན་པའི་ཕྱོགས་བདག་སྨྲ་བ་རྣམས་ཀྱི་འདོད་པའི་ཚུལ་ཤེས་ནས་སྤང་བར་བྱ་བ་སྟེ། བྷཾ་ག་ལའི་པཎྜི་ཏས། དེ་ཉིད་འཚོལ་བའི་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་དམ་རྟོགས་ཤིང་ཆགས་མེད་ལ། །དེ་ནས་རྣམ་པར་དབེན་དོན་ཉིད། །ཅེས་བཤད་པ་ལྟར་རོ། །དེ་དག་ལས་བླང་བར་བྱ་བ་རང་སྡེའི་གྲུབ་པའི་མཐའ་བཞི་པོ་ཀུན་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་ཡིན་མོད་ཀྱང་། འཆོས་སྐྱོབ་མཐར་ཐུག་པའི་ཡོན་ཏན་དང་ལྡན་ཞིང་ངེས་དོན་གྱི་མདོ་སྡེའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་གྲུབ་པའི་མཐའ་དངོས་ཐལ་འགྱུར་བ་དང་། དངོས་དོན་དེ་དང་ཆ་འདྲ་བའམ་མཐུན་པར་སྟོན་པ་རང་རྒྱུད་དང་། ཤེས་པ་ཙམ་དང་དོན་ཤེས་གཉིས་ཀའི་ངོ་བོས་མི་སྟོང་བར་སྟོན་པས་མཐའ་བྲལ་དབུ་མའི་ལམ་དངོས་མིན་པ་སེམས་ཙམ་པ་དང་། ཉན་ཐོས་སྡེ་པ་གཉིས་ཡིན་ལ། དེ་ཀུན་གྱིས་ཡང་དག་པའི་དོན་གཏན་ལ་ཕེབས་པའི་ལེགས་པའི་ཆ་དང་། དངོས་པོར་ཞེན་པའི་ཆའི་མཚན་ཉིད་ཐམས་ཅད་མ་འདྲེས་པར་སོ་སོར་ལེགས་པར་ཕྱེད་པས་ཚིག་ཙམ་ལ་མ་ལྟོས་པར་ནང་དུ་ངེས་པ་ཡང་དག་པ་རྙེད་པ་ནི་བསམ་པའི་ཤེས་རབ་ཡིན་ཀྱང་། དེ་འདྲ་བའི་བསམ་བྱུང་གི་ངོ་བོ་ནི་ཐོས་པ་དྲི་མ་མེད་པའི་ཤེས་རབ་ལ་བརྟེན་ནས་འབྱུང་ཞིང་། དེ་ཡིས་རྙེད་པའི་དོན་རང་རྒྱུད་ལ་བཀལ་ཏེ་འདྲེས་ཤིང་གོམས་པར་བྱས་ན་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་དེས་ནང་དུ་ཉོན་མོངས་དང་དངོས་པོ་ལ་མངོན་པར་ཞེན་པའི་རྟོག་པ་ཐམས་ཅད་བཅིལ་བ་སྟེ་སེམས་རྒྱུད་ལ་མི་གནས་པར་བྱེད་ཅིང་། མངོན་པར་ཞེན་པ་དང་ཉོན་མོངས་པ་མེད་པ་ལ་ནི་ཕྱི་རོལ་གྱི་བདུད་དང་། རྒོལ་བ་ངན་པ་གང་ལའང་འཇིགས་པ་མེད་པའི་སྤོབས་པ་རྒྱ་ཆེན་པོ་ཐོབ་པས་དེ་རྣམས་ཀྱིས་གླགས་མི་རྙེད་པས་བརྫི་མི་ནུས་སོ། །དེ་ལྟར་ཡང་། སྲེད་མེད་ཀྱི་བུས་ཞུས་པ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་སོ། །འོ་ན་དེ་དག་གི་ནང་ནས་འདིར་མཐར་ཐུག་པའི་ཉམས་ལེན་དུ་གང་བཟུང་ཞེ་ན་འཕགས་པ་ཤེས་རབ་ཀྱི་མིག་དྲི་མ་མེད་པ་དང་ལྡན་པ་ཐལ་འགྱུར་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྟན་པའི་དོན་ཆོས་རྣམས་ཀྱི་གཤིས་ཀྱི་བཞུགས་ཚུལ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་ལ་ངག་གིས་སྨྲ་བ་དང་། བློས་བསམ་པ་དང་། ཚིག་གིས་བརྗོད་དུ་མེད་པ་བྱང་སེམས་འཕགས་པའི་མཉམ་བཞག་དང་སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བའི་རང་བཞིན་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་ཞི་བའི་དོན་དམ་པའི་བདེན་པ་དེ་ནི་རྟོགས་བྱ་མཐར་ཐུག་པའི་དོན་ཡིན་ལ། དེ་ལྟ་ནའང་རྩལ་སྣང་འགགས་པ་མེད་པ་རྟེན་འབྲེལ་གྱི་སྣང་ཆ་འདི་ལ་བློ་སྟེ་སེམས་སེམས་བྱུང་གི་རྟོག་པ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ་བཏགས་ཤིང་། བཏགས་པ་ཇི་ལྟ་བར་སྣང་བའི་ཆ་འགོག་མེད་དུ་འཆར་བ་རྣམས་ཀུན་རྫོབ་ཀྱི་བདེན་པའི་ཆར་བཞག་ནས་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་ལ་འཇོག་ཅིང་། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་བསོད་ནམས་ཀྱི་ཚོགས་མི་འགོག་པར་བསྒྲུབ་ན་ཡང་བདེན་གཉིས་སོ་སོའི་ཕྱོགས་སུ་ལྟུང་བ་མ་ཡིན་པར་རྗེས་ཐོབ་སྣང་བ་དང་བཅས་པའི་གནས་སྐབས་སུའང་རང་བཞིན་གཤིས་ཀྱི་བཞུགས་ཚུལ་ལས་གཡོ་མི་སྲིད་ལ། མཉམ་བཞག་སྤྲོས་པ་དང་བྲལ་བའི་ངང་ལ་གནས་པའི་ཚེ་ནའང་ཆད་སྟོང་ཅི་ཡང་མེད་པར་འགྱུར་མི་སྲིད་པས་དུས་ནམ་དུ་ཡང་གཉིས་པོ་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་པའི་དོན་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་དེའི་ངོ་བོ་རྟོགས་བྱ་ཡུལ་དང་རྟོགས་བྱེད་ཤེས་པ་ལ་སོགས་པ་བློས་བཏགས་པའི་གཉིས་ཆོས་ཐམས་ཅད་ལས་འདས་པ་ཡིན་པས་གང་ཟག་སུས་ཀྱང་ཤེས་བྱ་ཤེས་བྱེད་ཀྱི་ཚུལ་གྱིས་མངོན་དུ་བྱར་མེད་ལ། དམིགས་རྣམ་ཅན་གྱི་ལྟ་བས་བལྟར་མེད་ཅིང་། རྩོལ་བ་དང་བཅས་པའི་ལམ་བསྒྲུབས་པས་སྔར་མེད་གསར་དུ་ཐོབ་པ་དང་མཐར་ཕྱིན་རྒྱུ་ཡང་རྡུལ་ཙམ་མེད་ལ། ལམ་མ་བསྒྲུབས་པར་རང་གར་ཐ་མལ་དུ་བསྡད་ཀྱང་མ་ཐོབ་པར་ཤོར་བ་ཡང་མེད་དེ། ཆོས་ཉིད་རྣལ་མའི་ངོས་ན་དེ་གཉིས་ཀ་བཟང་ངན་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་འབྲས་བུ་ཐོབ་ཅེས་པ་དང་། ལྟ་བ་རྟོགས་ཞེས་པ་ལ་སོགས་པ་ཅི་ལ་བརྗོད་ཅེ་ན། རྟོགས་ཐོབ་རང་མཚན་པ་ཞིག་ཡོད་ནས་དེ་སྐད་བརྗོད་པ་མིན་ཏེ། ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ནི་དངོས་མཚན་དང་གཉིས་ཆོས་ཐམས་ཅད་ཡོད་མ་མྱོང་བ་ངང་གིས་སྤྲོས་པའི་ཟུག་རྔུ་ཐམས་ཅད་དང་བྲལ་བར་གནས་པ་ལ་དེ་དང་ངེས་པར་རྗེས་སུ་མཐུན་པའི་བློ་མཐར་འཛིན་གྱི་དྲི་མ་ཐམས་ཅད་ཟད་ཅིང་ཡུལ་དང་ཡུལ་ཅན་རོ་གཅིག་པའི་ཚུལ་དུ་སྐྱེས་པ་སྟེ་ལན་ཚྭ་ཆུར་ཞུ་བ་ལྟར་ཆོས་ཉིད་དང་ཐ་དད་མེད་པར་གྱུར་པ་ལ་སྟོང་ཉིད་རྟོགས་པ་དང་། འབྲས་བུ་ཐོབ་པ་ལ་སོགས་པའི་བླ་དྭགས་ཏེ་མིང་གི་ཐ་སྙད་བཏགས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་དང་། ཟླ་བ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་རྟོགས་པ་ནི་མ་ཡིན་ནོ། །ཞེས་སོ། །བཞི་པ་ཁས་ལེན་མི་ལེན་གྱི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ནི། འདི་ལྟར་དབུ་མ་ཐལ་འགྱུར་བ་ལ་དོན་དམ་དུ་ཁས་ལེན་མི་ལེན་གྱི་དཔྱད་ར་མེད་པས་ན་རེ་ཞིག་ཀུན་རྫོབ་ཐ་སྙད་ཙམ་དུ་སྐབས་ཀྱི་དབྱེ་བས་ཁས་ལེན་པ་དང་། མི་ལེན་པ་གཉིས་སུ་གོ་བར་བྱའོ། །དེའང་རྩོད་པ་དང་དོན་དམ་ཡུལ་དུ་བྱེད་པའི་ཚེ་སྣང་བ་གང་ཡང་རང་བཞིན་མེད་པས་གང་ཡང་ཁས་བླང་བར་བྱ་བ་མ་ཡིན་ནོ། །ལམ་རྗེས་ཐོབ་པ་ཐ་སྙད་ཡུལ་དུ་བྱེད་དུས་གསུང་རབ་ལས་བཤད་པ་ལྟར་རྣམ་དབྱེ་དང་བཅས་པ་རྨི་ལམ་སྒྱུ་མའི་གྲུབ་མཐའ་ཙམ་དུ་ཤེས་ནས་རང་གིས་ཀྱང་དཔྱད་དེ་བསམ་ཞིང་། གཞན་ལའང་བསྟན་པས་བླང་དོར་གྱི་དམིགས་ཕྱེད་ནས་ལམ་དབུ་མ་ཚོགས་གཉིས་ལ་ཞུགས་ཏེ་འབྲས་བུ་སྐུ་གཉིས་འགྲུབ་པའི་དགོས་པ་ཡོད་དོ། །དེས་ན་དབུ་མའི་གཞུང་རྣམས་ལས་ཁས་མི་ལེན་པའི་ཚུལ་ཡང་གསུངས་ཏེ། གལ་ཏེ་ངས་དམ་བཅས་འགའ་ཡོད། །ཅེས་པ་ལ་སོགས་པ་སྔར་དྲངས་པ་ལྟར་རོ། །ཁས་ལེན་པའི་ཚུལ་ཡང་གསུངས་ཏེ། ཚིག་གསལ་ལས། ཆུ་འདོད་པས་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ནི་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་པ་དང་། འཇུག་པའི་འགྲེལ་པ་ལས། ཕྱོགས་འདི་ནི་མཁས་པ་དག་གིས་སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པའོ་སྙམ་དུ་བསམ་ཏེ། གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་སོ། །གྲུབ་མཐའ་བཞི་པོ་དེ་ཡང་དོན་བསྡུ་ན། ཕྱི་དོན་འདོད་རང་རིག་མི་འདོད་པ་བྱེ་བྲག་སྨྲ་བ། ཕྱི་དོན་རང་རིག་གཉིས་ཀ་འདོད་པ་མདོ་སྡེ་པ། ཕྱི་དོན་མི་འདོད་རང་རིག་འདོད་པས་སེམས་ཙམ་པ། ཕྱི་དོན་རང་རིག་གཉིས་ཀ་མི་འདོད་པ་དབུ་མ་པའོ། །ཕྱི་དོན་འདོད་མི་འདོད་ནི་ཕྱི་རོལ་གྱི་དོན་དུ་སྣང་བའི་གཟུགས་སྒྲ་ལ་སོགས་པའི་དངོས་པོ་དོན་དམ་པར་ཡོད་མེད་ཡིན་ལ། རང་རིག་འདོད་མི་འདོད་ནི་ཐ་སྙད་དུ་ཤེས་པས་རང་རིག་པར་འདོད་པ་དང་མི་རིག་པར་འདོད་པའི་ཁྱད་པར་རོ། །དེ་དག་ནི་སྤྱིར་བཏང་ཙམ་ཡིན་ལ། དམིགས་བསལ་དུ་ཞིབ་ཆ་ཅུང་ཟད་དགོས་པ་རྣམས་ནི་རང་རང་གི་སྐབས་སུ་ཕྱོགས་ཙམ་བཤད་པ་ཡིན་ནོ། །ས་བཅད་གཉིས་པ་ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་དང་། གསུམ་པ་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་སྟེ་དེ་གཉིས་ནི་བསམ་སྒོམ་གྱི་སྐབས་སུ་འཆད་པར་འགྱུར་བ་དང་དོན་གཅིག་པས་ལོགས་སུ་བཤད་མི་དགོས་སོ། །གཉིས་པ་བསམ་པའི་ཤེས་རབ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གཞི་ལམ་འབྲས་བུས་བསྡུས་པའི་ཆོས་གང་ཞིག་རང་བཞིན་གྱིས་མ་གྲུབ་ལ་བྱེད་པ་པོས་མ་བྱས་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དུ་གནས་པའི་དོན་འདི་ནི། གསུང་རབ་ཀྱི་ཆོས་རྣམས་མ་ལུས་ཀུན་གྱི་བརྗོད་བྱར་གནས་པས་མཛོད་དུ་གྱུར་བའོ། །གང་ཞིག་གནས་དེ་ལྟ་བུ་ཐོས་པས་གཏན་ལ་ཕེབས་པའི་རྗེས་སུ། གནད་དོན་གཅིག་ཏུ་བསྡུས་ཏེ་བསམ་པའི་ཤེས་རབ་ཀྱིས་མཐར་འཛིན་དང་ཕྱོགས་ཞེན་གྱི་དྲི་མས་མ་བསླད་པར་ཡང་དག་པར་འཇུག་པ་ན་གསུང་རབ་ཀྱི་བརྗོད་དོན་ཟབ་མོའི་སྒོ་འཕར་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ནོ། །དེ་ལྟར་ཡང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས། རིགས་ཀྱི་བུ་དགེ་བའི་ཆོས་ནི་མ་བསམ་པར་ན་གཞན་གྱིས་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་གང་གིས་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་པའི་བར་དུ་ཆོས་མཉན་ཀྱང་གལ་ཏེ་མ་བསམ་ན་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གཤིས་ཀྱི་རྟེན་འབྲེལ། འཁོར་བའི་རྟེན་འབྲེལ། མྱང་འདས་ཀྱི་རྟེན་འབྲེལ་བཤད་པའོ། །དང་པོ་ནི། འདི་ལྟར་སྣང་བ་ནི་བསླུ་ཞིང་རྫུན་པ། སྲིད་པ་ནི་གཡོ་ཞིང་འདུ་བྱེད་པ། འཁོར་བ་ནི་ཀུན་འབྱུང་རང་རྒྱུད་ལྡན། མྱ་ངན་ལས་འདས་པའང་རང་བཞིན་པའི་ཆོས་ཉིད་ལ་མིང་གིས་གདགས་པ་ཉིད་དེ། འདི་ལྟར་ཆོས་ཅན་དང་ཆོས་ཉིད་དུ་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན་དང་པོ་གང་ནས་ཀྱང་ནི་མ་འོངས་པས་མ་སྐྱེས་པ་བྱ་སྟེ་འདས་པ་མ་ཡིན་ལ། ཐ་མར་གང་དུའང་མ་སོང་བས་མི་འབྱུང་བ་སྟེ་མ་འོངས་པ་མ་ཡིན་ཞིང་། བར་དུ་གང་ནའང་མི་གནས་པས་རང་བཞིན་མ་མཆིས་པས་ད་ལྟ་བ་མ་ཡིན་པ་སྟེ་དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི་གཤིས་ལ་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཡབ་སྲས་མཇལ་བ་ལས། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། ཞེས་པ་ལ་སོགས་པ་ལྟར་རོ། །ཡང་འདི་ལྟར་ཆོས་ཅན་སྣ་ཚོགས་སུ་སྣང་བ་ཉིད་ཀྱང་སྐྱེ་འགག་ལ་སོགས་པ་ལྟར་སྣང་ཡང་། སྣང་དུས་དེ་ཉིད་ནས་རང་གི་ངོ་བོ་ཉིད་དུ་གྱུར་བའི་འཁྲུལ་གཞི་རྡུལ་ཙམ་ཡང་མེད་དེ་རང་གི་རང་བཞིན་སྟོང་བཞིན་དུ་སྣང་བ་མ་འགགས་པར་ཤར་བས་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་དོན་ལ་ཤེས་རབ་ཀྱིས་ངེས་པ་གཏིང་ནས་རྙེད་ནས་ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པའི་སྟོང་ཉིད་ལ་བརྟེན་ནས་གདགས་པ་ཙམ་དུ་ཤེས་པའི་ལམ་དེ་ནི་མཐའ་བྲལ་དབུ་མའི་ལམ་གྱི་རང་བཞིན་ཉིད་དུ་བསྟན་པ་ཡིན་ཏེ། རྩ་ཤེས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །དེ་ཡང་གཤིས་རྣལ་མའི་ངོ་བོ་ལ་དག་པ་དང་། མ་དག་པ་གཉིས་ཀ་མེད་ཀྱང་སེམས་རྟོག་གློ་བུར་བ་ལངས་པའི་བག་ཆགས་ཀྱི་དབང་གིས་དོན་ལ་མེད་པ་ཡིན་ཀྱང་མེད་བཞིན་དུ་ཕྱི་ནང་གི་སྣང་བ་སྣ་ཚོགས་པ་འདི་སྣང་ཞིང་། སྣང་བ་དེ་ལ་འདི་ནི་ཡུལ་ལོ། །འདི་ནི་ཡུལ་ཅན་ནོ་ཞེས་པ་ལ་སོགས་པའི་ཚུལ་གྱིས་གཟུང་འཛིན་རྣམ་པར་ཀུན་ཏུ་སྒྲོག་བཏགས་ཏེ་བླང་དོར་དང་དགག་སྒྲུབ་ཏུ་ཞེན་པས་ཉེ་བར་ལེན་པའི་སྒོ་ནས་འཁྲུལ་སྣང་དང་འཁྲུལ་རྟོག་ལུ་གུ་རྒྱུད་དུ་བར་མ་ཆད་པར་འཁོར་བ་ཡིན་ལ། ཡང་གཤིས་ཀྱི་ཡིན་ལུགས་ཚོལ་བར་འདོད་པའི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་པོ་དག་གིས་ཚུལ་དེ་ལ་རྟོག་ཅིང་ཡང་ཡང་དཔྱད་པས་མཐའ་བྲལ་གྱི་དོན་ཇི་བཞིན་པ་ཁོང་དུ་མ་ཆུད་པ་རྣམས་ཀྱི་བློས་བཞག་པའི་སྒྲོ་སྐུར་གྱི་མཐའ་བཞི་བྱུང་བ་ཡིན་ཏེ། གང་ཞེ་ན་རང་སྡེ་རྣམས་ཀྱིས་ཕྱི་དོན་དང་རང་རིག་ལ་སོགས་པ་ཡོད་པར་ལྟ་བ་དང་། དངོས་པོ་རགས་པ་དང་གཟུང་འཛིན་ལ་སོགས་པ་མེད་པར་བཀག་པའི་མེད་དགག་སྟོང་རྐྱང་ཙམ་ཆོས་ཉིད་དུ་འདོད་པ་དང་། ཕྱི་རོལ་པ་དག་གཙོ་བདག་ལ་སོགས་པ་བརྟག་པར་འདོད་པ་དང་། ད་ལྟའི་སྣང་བ་འདི་ཙམ་གློ་བུར་དུ་བྱུང་བ་ལས་སྔ་ཕྱིའི་རྒྱུན་ཆད་པར་བལྟས་ཏེ་ལས་འབྲས་ལ་སོགས་པ་མེད་པར་ལྟ་བ་སྟེ་དེ་བཞི་པོའི་ནང་དུ་ཆོས་ཉིད་ལས་གོལ་བའི་མཐར་འཛིན་ཐམས་ཅད་འདུ་བ་ཡིན་པས་གང་ལའང་མ་གོལ་བར་བྱ་ཞིང་། དེར་མ་ཟད་དངོས་ཞེན་དང་མཐར་འཛིན་གཅོད་པ་ཙམ་ལས། མཐའ་དང་བྲལ་བའི་དབུས་ཞེས་བྱ་བ་ཞིག་བློས་བཟོས་ཏེ་འདི་ནི་ཟུང་འཇུག་དབུ་མའི་ལམ་མོ་ཞེས་མཆོག་འཛིན་དང་བཅས་པས་དེ་ལ་གནས་པར་བྱེད་པའང་ཆོས་ཉིད་ཀྱི་དོན་ལ་མཁས་པ་མིན་ཏེ། གཤིས་དོན་ལ་དབུས་ཞེས་བྱ་བའང་མ་གྲུབ་པའི་ཕྱིར་གོལ་བའི་བློ་ཡིན་ནོ། །དེ་སྐད་དུ། ཏིང་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བཏགས། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །མཁས་པ་དབུས་ལའང་གནས་པར་ཡོངས་མི་འགྱུར། །ཞེས་སོ། །དེ་ལྟ་བུའི་གནས་ལུགས་མ་རྟོགས་ན་གཞི་ཐ་དད་པའི་རྟག་ཆད་སེལ་བ་ཙམ་ནི་འཇིག་རྟེན་པའི་ལྟ་བ་ལའང་ཡོད་པས་ཡང་དག་པ་མ་ཡིན་ཏེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཡོད་ཅེས་བྱ་བ་མཐའ་གཅིག་སྟེ། །མེད་ཅེས་བྱ་བ་གཉིས་པ་ཡིན། །དེ་ནི་བདག་དང་བདག་མེད་མཚུངས། །རྟག་པ་དང་ནི་ཆད་པ་མཚུངས། །ཞེས་ཉེས་པ་བསལ་བའི་ཚུལ་བཀའ་སྩལ་པ་ཡིན་ནོ། །དེ་ལྟར་ཆོས་ཉིད་ཀྱི་དོན་ལ་ཡོད་མེད་སོགས་གང་ཡང་མ་གྲུབ་ཀྱང་དངོས་ཞེན་ཅན་དག་གིས་ནི། ཇི་ལྟར་དར་གྱི་སྲིན་བུ་ཞེས་པ་སྡོམ་སྲིན་གྱིས་རང་གི་ཁ་ཆུའི་ཐགས་རྒྱ་བྲན་ཏེ་དེས་རྐང་ལག་བཅིངས་ནས་མི་ཐར་བ་བཞིན་དུ། རང་རང་གིས་འདོད་པའི་གྲུབ་མཐའ་སྒྲ་རྟོག་གིས་བཞག་པ་དེ་ཡིས་རང་ཉིད་བཅིངས་ཏེ་ཡང་དག་པའི་དོན་ལས་རིང་བར་འགྱུར་བ་ཡིན་ཏེ། ལང་ཀའི་མདོ་ལས། དངོས་པོར་ཤེས་པའི་སྒྲ་འཛིན་པ། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །བྱིས་པ་མཚམས་སྦྱོར་མི་མཁས་པ། །རང་གི་གྲུབ་མཐའ་དམན་པས་འཆིང་། །ཞེས་སོ། །དེས་ན་འདི་ལྟར་བག་ཆགས་མཐུ་བརྟས་པའི་སྐབས་འདི་ན་བློ་ཡིས་སྒྲོ་བཏགས་ཤིང་སྣང་ཙམ་པའི་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན། སྐྱེ་མེད་གནས་ལུགས་ཡིན་པས་འགག་མེད་གཤིས་ལ་གྲུབ་སྟེ། སྐྱེ་འགག་སོགས་སུ་སྣང་ཡང་བློས་བཏགས་པ་ལྟར་དང་པོ་སྐྱེ་བ་དང་། མཐར་འགག་པ་དང་། བར་དུ་གནས་པ་དང་། ཕྱི་ནང་དང་ཕན་ཚུན་དུ་འགྲོ་འོང་ཞེས་བྱ་བ་ཡོད་པ་མིན་ཞིང་། བདག་གཞན་དང་དོན་ཤེས་སོགས་དོན་གཅིག་མ་ཡིན་ལ་ཐ་དད་པའང་མིན་ཞིང་། འཕོ་འགྱུར་མེད་པའི་རྟག་པ་མ་ཡིན་ཞིང་། དང་པོ་ཡོད་ནས་མཐར་ཆད་པའང་མིན་པ་སྟེ། དེ་ལྟར་མེད་པ་དྲུག་དང་མ་ཡིན་པ་གཉིས་ཏེ་སྤྲོས་པའི་མཐའ་བརྒྱ་པོ་དག་ཉེ་བར་ཞི་བའི་རང་བཞིན་ཡིན་ཏེ། མགོན་པོ་ཀླུའི་དབང་པོའི་ཞལ་ནས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་སོ། །དེས་ན་དེ་ལྟ་བུའི་གཤིས་ཐོག་ཉིད་དུ་བློ་ཕེབས་ཤིང་ཇི་བཞིན་པའི་གནས་ལུགས་ཤེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་མ་ནོར་བ་ཡིན་ནོ། །གཉིས་པ་འཁོར་བའི་རྟེན་འབྲེལ་ནི། འདི་ལྟར་ལང་ཀར་གཤེགས་པ་ལ་སོགས་པ་ཟབ་མོའི་མདོ་སྡེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་དགོངས་པ་ཅན་གྱིས་གསུངས་པ་དེས། ཐོག་མར་མུ་སྟེགས་ཅན་གྱི་ལུགས་བསལ་བའི་དོན་ཆེན་པོ་འདྲེན་པར་འགྱུར་བ་དང་། ཕྱི་ནས་གསུང་རབ་ཟབ་མོའི་དོན་རིག་པ་རྣམས་ཀྱིས་ཀུན་གཞིའི་རྣམ་ཤེས་ཡོད་པར་འཛིན་པ་སྤོང་བ་ཉིད་དེ། དེས་ན་ཚོགས་དྲུག་ལས་གཞན་པའི་ཀུན་གཞི་ཞེས་བྱ་བ་ཞིག་ཐ་སྙད་དུའང་རྫས་སུ་གྲུབ་པ་མེད་ཀྱང་། ཤེས་པ་རྟོག་མེད་ཡེངས་ཐབས་ཀྱི་དུས་སྣང་ཡུལ་འཛིན་པ་ལ་ཀུན་གཞིར་བཏགས་པ་དང་། གསལ་སྣང་ལ་དེར་འཛིན་མི་འཇུག་པ་དེའི་རྣམ་ཤེས། དེ་སྒོ་ལྔའི་ཡུལ་ལ་དགག་སྒྲུབ་གཟུང་འཛིན་དུ་རྟེན་ཅིང་འབྲེལ་བས་རྣམ་ཤེས་བདུན་དུ་བཏགས་པའི་འཁྲུལ་ངོར་སྤྱིར་ས་དང་ཆུ་དང་མེ་དང་རླུང་སྟེ་འབྱུང་བ་བཞི་པོ་ནམ་མཁའ་གོ་འབྱེད་པ་ཙམ་དུ་ཡོད་པ་ལ་སྣང་ཞིང་། བྱེ་བྲག་ཏུ་རི་དང་ནགས་ཚལ་དང་། ཁང་བུ་བརྩེགས་པ་དང་། བུམ་པ་དང་། སྣམ་བུ་དང་། རེ་ལྡེ་དང་། ས་མྱུག་སོགས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་ལས་ཐམས་ཅད་སྐྱེས་ཏེ་འདི་ལྟར། རྩ་བ། སྡོང་པོ། ཡལ་ག །ལོ་མ། མེ་ཏོག །འབྲས་བུ་སྟེ་དྲུག་པོ་ལ་རྒྱུ་དང་འབྲེལ་བ་དྲུག་ཅེས་བྱ་སྟེ། ལྗོན་པ་ལྟ་བུ་ལ་དེ་དྲུག་པོ་དངོས་དང་། གཞན་བུམ་སྣམ་སོགས་ལའང་དེ་དང་ཆ་འདྲ་བ་བརྩི་རུ་ཡོད་པ་ཡིན་ལ། འབྱུང་བ་ལྔ་དུས་ཀྱི་འགྱུར་བ་སྟེ་དྲུག་པོ་ལ་རྐྱེན་དང་འབྲེལ་བ་དྲུག་ཅེས་བྱ་སྟེ། དེ་ལྟར་བཅུ་གཉིས་ཀྱི་རང་བཞིན་དུ་ཕྱི་དོན་གྱི་བག་ཆགས་མ་ཟད་པ་དེ་སྲིད་དུ་རྒྱུན་མི་འཆད་པར་འཁོར་བ་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །ཡང་མ་རིག་པ་ཡོད་པ་ལས་འཁོར་བར་འཕེན་བྱེད་ཀྱི་ལས་འདུ་བྱེད་དེ་དེ་བཞིན་དུ་རྣམ་ཤེས་སོགས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གཅིག་ལ་གཅིག་བརྟེན་གྱི་ཚུལ་གྱིས་རྒ་ཤིའི་བར་དུ་བར་མ་ཆད་དུ་འབྲེལ་སྟེ། ཐོག་མ་མེད་པ་ནས་འཁོར་བ་ནི་ནང་གི་སེམས་དང་ལུས་ཀྱི་བག་ཆགས་མ་ཟད་ཀྱི་བར་དུ་འབྱུང་བ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །འདི་དག་གི་དོན་ཐེག་ཆེན་གཙོ་བོར་གྱུར་པའི་སྤྱིའི་ལུགས་ནི་སྔར་བཤད་ཟིན་ལ། འདིར་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་དབང་དུ་བྱས་ནས་ཅུང་ཟད་བཤད་ན། མ་རིག་པ་ནི་སྐྱེ་བ་འདི་འགྲུབ་པའི་ཚེ་སྔ་མའི་ཉོན་མོངས་པ་སྤྱོད་དུས་ཀྱི་ཕུང་པོ་ལྔའོ། །འདུ་བྱེད་ནི་ཚེ་འདི་འགྲུབ་པའི་སྔོན་རོལ་གྱི་ལས་གསོག་དུས་ཀྱི་ཕུང་པོ་ལྔའོ། །རྣམ་ཤེས་ནི་མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །མིང་གཟུགས་ནི་མེར་ནུར་ལ་སོགས་པའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་དབང་པོའི་སྒོ་མ་དོད་ཀྱི་བར་གྱི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་དབང་པོའི་སྒོ་དོད་ནས་ཡུལ་ལ་ལོངས་སྤྱོད་མི་ནུས་པའི་བར་ཚུན་ཆད་ཀྱི་ཕུང་པོ་ལྔའོ། །རེག་པ་ནི་དབང་པོ་ཡུལ་ལ་སད་པ་སྟེ་བདེ་སྡུག་གི་ཡུལ་འཛིན་པ་ནས་བཟུང་བདེ་སྡུག་གི་བྱེ་བྲག་དངོས་མི་ཤེས་པའི་བར་གྱི་ཕུང་པོ་ལྔ་སྟེ་འདི་དུས་ཐུང་ངོ་། །ཚོར་བ་ནི་མངལ་དུ་བདེ་སྡུག་རགས་པ་མྱོང་བ་ནས་བཟུང་འཁྲིག་པ་སྤྱོད་མི་ནུས་པའི་བར་གྱི་ཕུང་པོ་ལྔའོ། །སྲེད་པ་ནི་འཁྲིག་པ་སྤྱོད་ནུས་པ་ནས་བཟུང་ནོར་རྫས་སམ། བུད་མེད་དམ། སྐྱེས་པ་བཙལ་བའི་འདུན་པ་མེད་པ་ཚུན་ཆད་ཀྱི་ཕུང་པོ་ལྔ་སྟེ། འདི་ཡང་དུས་ཐུང་ངོ་། །ལེན་པ་ནི་སྲིད་ཡུལ་ཚོལ་ཞིང་མ་རྙེད་པའི་བར་གྱི་ཕུང་པོ་ལྔའོ། །སྲིད་པ་ནི་ཡུལ་དེ་རྙེད་ནས་སྤྱད་པས་ཚེ་ཕྱི་མ་འགྲུབ་པའི་ལས་གསོགས་པ་སྟེ་འཆི་ཁ་ཚུན་ཆད་ཀྱི་ཕུང་པོ་ལྔའོ། །སྐྱེ་བ་ནི་ལས་དེའི་ནུས་པས་ཚེ་ཕྱི་མ་མངལ་དུ་ཞུགས་མ་ཐག་པའི་ཕུང་པོ་ལྔའོ། །རྒ་ཤི་ནི་མངལ་དེར་ཞུགས་ནས་ཕྱི་མའི་མིང་གཟུགས་དང་སྐྱེ་མཆེད་དང་རེག་པ་དང་ཚོར་བ་སྟེ་བཞི་པོ་རྫོགས་པའི་བར་གྱི་ཕུང་པོ་ལྔ་སྟེ་འདི་ནི་འགག་པར་ཕྱོགས་པ་ཡིན་པས་དེར་བཞག་གོ། །དེའི་སྲེད་པ་ནས་རྟེན་ཅིང་འབྲེལ་གཞན་གྱི་མགོ་འཛུག་པ་ཡིན་ནོ། །དེ་དག་གི་ཚུལ་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་པ། །མ་རིག་ཉོན་མོངས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱིའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུད་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱིའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ན་རྒ་ཤིའོ། །སྔོན་དང་ཕྱི་མ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་པ་ལྟར་རོ། །དེ་དག་མངོན་འགྱུར་བ་ཚང་བར་འདོད་ཁམས་པའི་མངལ་སྐྱེས་ཚེ་ཡོངས་སུ་རྫོགས་པ་ཞིག་ལ་ཡོད་པར་བཤད་དོ། །གསུམ་པ་མྱང་འདས་ཀྱི་རྟེན་འབྲེལ་ནི་དེ་ལ་སྤྱིར་ཐེག་པ་ཆེན་པོའི་ལུགས་ཀྱི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཆོས་སྐུའི་རང་བཞིན་ནི་སྔར་བཤད་པ་ལྟར་དོན་དམ་པའི་བདེན་པ་འདུས་མ་བྱས་པའི་ངོ་བོར་གནས་པ་ཡིན་ཏེ། རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་སོ། །དེས་ན་དེ་ལྟ་བུའི་ཆོས་སྐུའི་ཡེ་ཤེས་དེ་ཉིད་རྒྱུ་དང་རྐྱེན་གྱིས་གསར་དུ་འདུས་བྱས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ཀྱང་ལམ་བསྒྲུབ་པའི་རྒྱུ་རྐྱེན་ལ་བརྟེན་ནས་དྲི་མ་གློ་བུར་བ་དག་ལས་མྱང་འདས་མངོན་དུ་འགྱུར་བ་དང་། འདུས་མ་བྱས་པའི་ཡེ་ཤེས་དེའི་རང་རྩལ་འགགས་པ་མེད་པར་འཆར་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བརྗོད་དུ་རུང་བས་དེའི་ཚུལ་ནི། སློབ་ལམ་བཞིའི་གནས་སྐབས་དང་འབྲས་བུ་མི་སློབ་པའི་གནས་སྐབས་གཉིས་སུ་གནས་པ་ཡིན་ལ། དེ་ཡང་སློབ་པའི་ལམ་གྱི་དུས་སུ་ནི་འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་སྔར་བཤད་ཟིན་པ་ལྟར་ལུགས་སུ་འཇུག་པ་བཅུ་གཉིས་ཀྱི་རྩ་བ་ནི། བདེན་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པའི་མ་རིག་པ་ཆེན་པོ་ཡིན་པར་ནི་ཚོགས་ལམ་དུ་གཙོ་བོ་ཐོས་བསམ་གྱིས་ཤེས་པར་བྱས་ནས་དེའི་གཉེན་པོ་བདག་མེད་པའི་དོན་རིག་པའི་ཡེ་ཤེས་ཇི་ལྟ་བ་བཞིན་གཏན་ལ་ཕབ་སྟེ། སྦྱོར་ལམ་དུ་དད་སོགས་ལྔའི་སྒོ་ནས་དོན་སྤྱིའི་ཚུལ་དུ་བསྒོམས་ཏེ་མ་རིག་པ་ཉམས་སྨད་པར་བྱས་ནས། མཐོང་ལམ་དུ་རིག་པའི་ཡེ་ཤེས་དེའི་རང་བཞིན་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་སྟེ་མ་རིག་པའི་སྒོ་ནས་སྲིད་པར་དབང་མེད་དུ་འཕེན་པར་བྱེད་པའི་ཟག་བཅས་ཀྱི་ལས་གསོག་པར་མི་འགྱུར་ཞིང་། སྐྱེ་ཤི་སོགས་སོ་སྐྱེ་ཐ་མལ་པ་བཞིན་རང་མཚན་པ་ཡོད་པ་མིན་ཀྱང་། ད་དུང་མ་རིག་བག་ཆགས་ཀྱི་ས་སོགས་ཡོད་པས་ཟག་མེད་ཀྱི་ལས་ལ་བརྟེན་ནས་སྐྱེ་འཆི་སོགས་སུ་སྟོན་པར་བྱེད་པ་ཡིན་ལ། སྒོམ་ལམ་ས་དགུ་པོར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེའི་རྒྱུན་གོམས་ཤིང་གོང་དུ་འཕེལ་བའི་སྟོབས་ཀྱིས། མ་རིག་པའི་བག་ཆགས་རིམ་གྱིས་ལྡོག་པས་འདུ་བྱེད་ལ་སོགས་པའི་ཡན་ལག་ལྷག་མ་གཞན་རྣམས་ཀྱི་བག་ཆགས་ཀྱང་ལུགས་ལྡོག་ཏུ་འགག་ནས་རྒྱུན་མཐའི་རྡོར་ཏིང་གིས་སྲིད་པའི་རྩ་བ་མ་རིག་པའི་བག་ཆགས་ཤིན་ཏུ་ཕྲ་བ་གཉིས་སྣང་དང་བཅས་པ་སྤངས་པས་རྒྱུན་ཆད་དེ་འབྲས་བུ་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར་ཏེ་འགགས་མེད་ཐུགས་རྗེའི་རོལ་པ་ཅིར་ཡང་འཆར་བར་འགྱུར་བ་ནི་འབྲས་བུའི་རྟེན་འབྲེལ་ཡིན་ནོ། །དེ་དག་ནི་ཐེག་པ་ཆེན་པོའི་ལམ་བགྲོད་ཚུལ་གྱི་རྟེན་འབྲེལ་ཏེ། ཐེག་དམན་གྱི་ལམ་འབྲས་ལ་སྦྱར་ཚུལ་ཡང་དེས་མཚོན་ནས་ཤེས་པར་བྱའོ། །དེ་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣང་ཙམ་ལས་ངོ་བོས་མ་གྲུབ་པའི་མཚན་ཉིད་མ་ནོར་བར་མཐོང་བའི་སྐྱེས་བུ་དེ་ཡིས། སྡུག་བསྔལ་བདེན་པའི་རང་བཞིན་སྣོད་བཅུད་ཐམས་ཅད་ཀུན་འབྱུང་གི་བག་ཆགས་སྨིན་པའི་རྟེན་འབྲེལ་ཙམ་ལས་སྣང་བ་ཡིན་པར་ཤེས་ཤིང་། དེའི་རྒྱུ་ཀུན་འབྱུང་ལས་ཉོན་གྱི་རྩ་བ་མ་རིག་པ་སྤོང་བའི་རྟེན་འབྲེལ་གྱིས་འགོག་པ་མྱ་ངན་ལས་འདས་པ་དམ་པ་མངོན་དུ་གྱུར་བར་ཤེས་ནས་མ་རིག་པའི་དངོས་གཉེན་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་མཆོག་གི་དོན་བསྒོམ་པས་མངོན་དུ་མཐོང་ཞིང་གོམས་པ་མཐར་ཕྱིན་པར་འགྱུར་བས་ན། རྣམ་གྲོལ་གྱི་ལམ་ཐེག་པ་གསུམ་གྱི་བརྗོད་དོན་ཐམས་ཅད་རྟེན་འབྲེལ་ཟབ་མོའི་དོན་ཤེས་པ་འདི་ལ་རག་ལས་པ་ཡིན་ནོ། །གསུམ་པ་བསྒོམ་པའི་ཤེས་རབ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གོང་དུ་ཇི་སྐད་བཤད་པ་དེ་ལྟར་འཁོར་འདས་ལམ་གསུམ་གྱི་སྣང་བ་ཇི་སྙེད་དེ་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་རང་བཞིན་དུ་བསམ་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པས་གཏན་ལ་ཕབ་པ་དེའི་ཚེ་གནས་ལུགས་ཀྱི་རང་བཞིན་ནམ་ངོ་བོ་མ་ནོར་བར་ཤེས་པའི་ཆོས་ཉིད་དེའི་ངང་ལ་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་འཇོག་པ་ལ་ནི་བསྒོམ་པའི་ཤེས་རབ་ཅེས་སུ་ཐུན་མོང་མ་ཡིན་པའི་མདོ་དང་དགོངས་འགྲེལ་རྣམས་སུ་དང་། ཚད་མའི་སྐྱེས་བུ་རྣམས་ལ་གྲགས་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཀུན་ཏུ་རྟོག་པས་མ་བརྟགས་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མེད། །དམིགས་པ་མེད་པ་ཕྱག་འཚལ་འདུད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། དམིགས་པ་མེད་ཅིང་མཚན་མ་མེད། །རྣམ་རྟོག་མེད་ཅིང་སྤྲོས་པ་མེད། །སྐྱེ་མེད་དེ་ནི་དེ་བཞིན་ཉིད། །ཅེས་དང་། རྩ་བ་ཤེས་རབ་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་དང་། འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། དེ་ཚེ་དེ་རྣམས་ལ་བརྟེན་ནས་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་དང་། འབྲོམ་སྟོན་པའི་ཞལ་ནས། དུས་གསུམ་གྱི་སྟོང་པའི་ཆོས་ལུགས་ལ། །ཕར་བལྟར་མེད་ཡུལ་གྱིས་བསླུས་པར་འགྱུར། །ཚུར་བལྟར་མེད་རང་གིས་བསླུས་པར་འགྱུར། །ང་གཉིས་མེད་ཤེས་པ་བལྟར་མེད་པ། །ཞེས་གསུངས་སོ། །འོ་ན་བསྒོམ་པའི་ཚེ་ཅི་ཡང་བསམ་དུ་མེད་ན་ཐོས་བསམ་བྱས་པས་ཅི་ཞིག་བྱ་སྟེ། ཅི་ཡང་མི་ཤེས་པ་རྣམས་ཀྱང་རང་གར་བསྡད་པས་ཆོག་པར་འདུག་གོ་ཞེ་ན། དེ་ནི་མ་ཡིན་ཏེ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་ལ་ཐོས་བསམ་གྱིས་ངེས་པ་གཏིང་ནས་མ་རྙེད་ན་ལྷག་མཐོང་གི་ཡེ་ཤེས་ཁྱད་པར་ཅན་མི་སྐྱེ་བས། ལྷག་མཐོང་གི་རྒྱུར་ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྔོན་དུ་འགྲོ་བ་ནི་གལ་ཆེ་སྟེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཞི་གནས་དང་ལྷག་མཐོང་རྒྱུ་གང་ལས་བྱུང་བ་ལགས། བྱམས་པ་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་དང་། ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ཞེས་དང་། འཕགས་པའི་གཏམ་འདོད་པ་བཞིན་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ། །ཞེས་དང་། དཀོན་མཆོག་སྤྲིན་ལས། དེ་ལྟར་བསམ་པའི་ཤེས་རབ་ཀྱི་ཡང་དག་པའི་དོན་བྱེ་བྲག་ཕྱེད་པར་བྱས་ལ་དེ་མངོན་སུམ་དུ་བྱ་བའི་ཕྱིར་བསྒོམ་པའི་ཤེས་རབ་བསྐྱེད་དོ། །ཐོས་པ་ལ་སོགས་པ་ཙམ་གྱིས་ནི་དོན་མངོན་སུམ་དུ་མི་འགྱུར་རོ། །ཞེས་སོ། །དེ་ལྟར་ཐོས་བསམ་གྱི་ལྟ་བས་དཔྱད་པ་ཀུན་རྫོགས་ནས་བསྒོམ་པའི་ཚེ་ན་འཛིན་སྟངས་དང་བྲལ་དགོས་པར་བཞེད་པ་ཙམ་དུ་གསར་སྙིང་གི་དབུ་མ་པ་ཀུན་མཚུངས་ཀྱང་། རང་ལུགས་ལ་ཡོད་འཛིན་ནམ་བདེན་པའི་འཛིན་སྟངས་མེད་པ་ཙམ་ཁོ་ན་མ་ཡིན་པར་སྤྲོས་པའི་མཐའི་ཞེན་རྟོག་ཐམས་ཅད་དང་བྲལ་བ་ཞིག་དགོས་པར་བཞེད་པ་ཡིན་ནོ། །ཚུལ་འདི་ལ་དམ་པ་འགའ་ཞིག་གིས་དགོངས་འགྲེལ་ལས་གསུངས་པ་ལྟར་ཇི་སྙེད་པ་དང་ཇི་ལྟ་བའི་དམིགས་པ་རྟོག་དཔྱོད་ཀྱིས་དཔྱད་པའི་ཚུལ་དང་། གཞན་ཡང་ཉན་ས་དང་། ཀུན་བཏུས་དང་། ཤེར་ཕྱིན་མན་ངག་སོགས་ནས་བྱུང་བའི་ལྷག་མཐོང་གི་དོན་བཙལ་བའི་ཚུལ་དུ་མའི་སྒོ་ནས་སོ་སོར་རྟོག་པའི་ཤེས་རབ་བསྐྱེད་དགོས་པར་གསུངས་པ་ནི། སོ་སོའི་སྐྱེ་བོ་ལས་དང་པོ་པ་རྣམས་ལ་ངེས་པར་གལ་ཆེ་བར་སྣང་སྟེ་ལྟ་བའི་དཔྱད་པ་མ་རྫོགས་ཀྱི་བར་དང་། སྒོམ་པའི་ཚེ་ནའང་བདག་མེད་པའི་དོན་ལ་ངེས་ཤེས་ཇེ་གསལ་དུ་འགྲོ་བ་དང་བོགས་འདོན་པའི་ཕྱིར་སྐབས་དང་སྐབས་སུ་དཔྱད་པས་ངེས་ཤེས་དྲངས་པར་བྱའོ། །འོན་ཀྱང་རྣམ་པར་ཐམས་ཅད་དུ་བསྒོམ་པ་དངོས་གཞིའི་གནས་སྐབས་སུ་དེ་འདྲའི་དཔྱད་རིག་རྣོན་པོ་དང་། བདག་མེད་པའི་དོན་ལ་ངེས་ཤེས་དང་བཅས་པའི་འཛིན་སྟངས་ཤིག་མེད་ན་ལྷག་མཐོང་གི་ངོ་བོ་སོ་སོར་རྟོག་པའི་ཡེ་ཤེས་མེད་དོ་ཞེ་ན་ནི། དེ་ལྟར་ན་འཕགས་པའི་མཉམ་བཞག་དང་། སངས་རྒྱས་ཀྱི་ས་ནའང་དེ་འདྲའི་དཔྱད་རིག་དེ་ཡོད་པར་འདོད་དགོས་ཏེ་དེ་མེད་ན་ལྷག་མཐོང་གི་ཡེ་ཤེས་མེད་པར་འདོད་པའི་ཕྱིར་རོ། །དེ་མི་དགོས་ཏེ་འཕགས་པ་རྣམས་ཀྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་ལྷག་མཐོང་ཡོད་ལ། སོ་སོའི་སྐྱེ་བོ་ནི་དེ་དང་མི་འདྲ་བའི་ཕྱིར་རོ་ཞེ་ན། རྣམ་པ་ཐམས་ཅད་དུ་འདྲ་དགོས་པ་མ་ཡིན་ཀྱང་། ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་དེ་ལ་མཉམ་པར་བཞག་པའི་ཡེ་ཤེས་དེ་དང་རྗེས་སུ་མཐུན་པ་ཞིག་མེད་ན་སྤྲོས་པའི་རྟོག་པ་དང་བཅས་པའི་རྒྱུ་ཡིས་སྤྲོས་པ་མེད་པའི་ཡེ་ཤེས་འགྲུབ་པ་ནི་གནས་མ་ཡིན་ནོ། །འདི་ལ་འགའ་ཞིག་གིས་དེ་ལྟར་ན་ས་བོན་སྐྱ་བོ་ལས་མྱུ་གུ་སྔོན་པོ་ཡང་འབྱུང་མི་རིགས་ཏེ་རྒྱུ་འབྲས་འདྲ་བ་ཁོ་ན་དགོས་པའི་ཕྱིར་གསུངས་ཀྱང་། དཔེ་དེས་ནི་ཤིན་ཏུ་འཐད་པ་ཁོ་ནར་འགྱུར་བར་རིགས་ཏེ། ས་བོན་སྐྱ་བོ་ལྟ་བུ་སོ་སོའི་སྐྱེ་བོའི་བློ་ཡིན་ཀྱང་ས་བོན་དེ་འབྲས་ཡིན་ན་དེ་དང་འདྲ་བའི་འབྲས་ཀྱི་མྱུ་གུ་སྐྱེ་བ་བཞིན། ད་ལྟ་འཛིན་མེད་དུ་བསྒོམ་ན་དེ་དང་འདྲ་བའི་འཕགས་པའི་ཡེ་ཤེས་སྐྱེ་བ་གནས་ཡིན་གྱི། ས་བོན་དེ་བྲ་བོ་ཡིན་ན་དེ་ལ་འབྲས་ཀྱི་མྱུ་གུ་སྨིན་པ་གནས་མ་ཡིན་པ་བཞིན་དུ། ད་ལྟ་འཛིན་རྟོག་དང་བཅས་པའི་སྒོམ་པ་དེ་ལས་འཕགས་པའི་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི་གནས་མ་ཡིན་ནོ་སྙམ་མོ། །དེ་བཞིན་དུ་བྱང་སེམས་འཕགས་པ་རྣམས་ཀྱིས་སྙིང་རྗེ་ཆེན་པོའི་སྒོ་ནས་ཁྱད་ཆོས་བཞི་དང་ལྡན་པའི་སྦྱིན་སོགས་ཀྱི་སྤྱོད་པ་རླབས་པོ་ཆེས་གཞན་དོན་བྱེད་པ་དང་མཉམ་པ་སོ་སྐྱེ་ལ་མེད་ཀྱང་དེ་དང་རྗེས་སུ་མཐུན་པའི་སྦྱོར་བ་སེམས་བསྐྱེད་དང་། རྗེས་བསྔོ་བའི་ཐབས་ཀྱིས་ཟིན་པའི་སྦྱིན་སོགས་ལ་ད་ལྟ་ནས་སློབ་དགོས་པ་ནི་སུའི་ལུགས་ལ་ཡང་འདོད་པ་ཡིན་ན་དེ་དག་ཀྱང་རྒྱུ་འབྲས་རིགས་མཐུན་པ་ཡིན་ནོ། །ཡང་བྱང་སེམས་འཕགས་པ་རྣམས་ཀྱིས་མཉམ་བཞག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དང་རྗེས་སུ་མཐུན་པའི་མཐར་འབྲས་ཆོས་སྐུ་དང་། རྗེས་ཐོབ་བྱང་ཆེན་གྱི་སྤྱོད་པ་བསླབ་པས་གཟུགས་སྐུ་ཕྲིན་ལས་དང་བཅས་པ་འགྲུབ་པ་ཡང་ཚུལ་དེ་དང་འདྲ་བའོ། །གཞན་ཡང་འདི་སྐད་དུ་གསུངས་ཏེ་བདག་གཉིས་སུ་མཚན་མར་བཟུང་བ་ལ་དེ་ལྟར་མེད་པའི་ངེས་ཤེས་ཀྱིས་འཁྲུལ་བའི་རྫུན་ཕུག་རྡིབ་པ་ཞིག་དགོས་ཀྱི་ངེས་པ་ཅི་ཡང་མ་རྙེད་པར་བདག་གཉིས་སུ་སེམས་མི་འཕྲོ་བར་འཇོག་པ་ནི། དཔེར་ན་མཚན་མོ་རྒྱུས་མེད་པའི་བྲག་ཕུག་ཏུ་སྲིན་པོ་ཡོད་དམ་མེད་སྙམ་དུ་འཇིགས་པ་ན། སྒྲོན་མ་བཏེགས་ནས་རྩར་བཅད་དེ་འཇིགས་པ་མི་སེལ་བར་སྲིན་པོ་ལ་རྟོག་པ་འཕྲོར་མ་བཅུག་པར་སེམས་བཟུང་བ་དང་འདྲ་བ་ཡིན་ནོ། །ཞེས་གསུངས། དེ་ལ་འདི་སྙམ་དུ་སེམས་ཏེ་ངེས་པ་ཅི་ཡང་མ་རྙེད་པར་སེམས་བཟུང་བ་ཙམ་ནི་དེ་ལྟ་ཡིན་པ་ཐུགས་མད་ཀྱང་། རྣམ་པ་ཐམས་ཅད་དུ་སེམས་འཕྲོ་བ་མེད་པ་ལ་སྙད་གདགས་པར་མཛད་པ་ཡིན་ན་ནི། བྲག་ཕུག་ཏུ་སྒྲོན་མ་བཏེགས་ནས་སྲིན་པོ་མེད་པར་ཤེས་ཟིན་ཀྱང་འདི་ན་སྲིན་པོ་མེད་མེད་སྙམ་དུ་ཡང་ཡང་ཡིད་ལ་མ་བྱས་ན་འཇིགས་པ་དེ་མེད་པར་མི་འགྱུར་ཟེར་བ་དང་འདྲ་བས་ན་སྟོང་ཉིད་ལ་ངེས་པ་རྙེད་ཉིད་ཟིན་ཀྱང་སྟོང་འཛིན་འདོར་མི་རུང་བ་ཡིན་པར་ནི་མི་སེམས་སོ། །ཅིའི་ཕྱིར་ན་བདེན་མེད་དང་སྟོང་ཉིད་དང་བདག་མེད་སོགས་ཀྱི་དོན་གནས་ལུགས་མ་ཡིན་པར་མི་བརྗོད་ཀྱང་། སྤྲོས་པ་མཐའ་དག་མ་ཁེགས་པའི་བདེན་མེད་དང་སྟོང་ཉིད་སོགས་སུ་འཛིན་པ་དེ་ཡུམ་ནས་བཤད་པའི་སྟོང་ཉིད་མཐར་ཐུག་མ་ཡིན་ཏེ། རྩ་བ་ཤེས་རབ་ལས། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པ་ལ་སོགས་པའི་ཕྱིར་རོ། །དེས་ན་དངོས་པོ་མེད་པའི་འདུ་ཤེས་ཅན་ལ། མཐུན་པའི་བཟོད་པ་ཙམ་ཡང་མེད་པ་གསུངས་ཏེ། ཁྲི་བརྒྱད་སྟོང་པ་ལས། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པའང་མེད་དོ་ཞེས་སོ། །སྒོམ་རིམ་ཐ་མ་ལས། འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་ན་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི་ཤེས་རབ་སྤང་བར་འགྱུར་རོ། །ཡང་དག་པའི་ཤེས་རབ་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་དེ་སྤང་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྤང་བར་འགྱུར་རོ་ཞེས་པ་ལ་སོགས་པ་གསུངས་པ་ནི་ཐོས་བསམ་སོགས་ཀྱིས་ཆོས་རང་བཞིན་མེད་པར་ངེས་པ་མ་རྙེད་བཞིན་ཙོམ་འཇོག་མུན་ཐོམ་དུ་འདུག་པ་དག་ལ་དགོངས་ནས་གསུངས་ཀྱི། ལྷག་མཐོང་གི་ཡེ་ཤེས་ཁྱད་པར་བ་སྤྲོས་བྲལ་འཛིན་མེད་ཀྱི་ངང་ལ་འཇོག་པ་ལ་གསུངས་པ་ག་ལ་ཡིན་ཏེ། སློབ་དཔོན་ཟླ་བའི་དབུ་མ་ཤེས་རབ་ལ་འཇུག་པ་ལས། དེ་ཡི་དོན་ནི་བསྒོམ་བྱ་སྟེ། །རྟོག་མེད་བློ་ནི་རང་ཞིར་བཞག །ངོས་བཟུང་མེད་ཅིང་ཡེངས་པ་མེད། །མཚན་མ་མེད་ཅིང་གསལ་བར་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སོ་སོ་སྐྱེ་བོའི་སྟོང་ཉིད་བསྒོམ་པ་དེ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན་དེ་འཕགས་པ་ཡིན་པར་ཐལ་ཞིང་། ཕྱི་མ་ལྟར་ན་ལྐོག་གྱུར་གྱི་དོན་རྟོག་བྲལ་གྱིས་འཛིན་པ་བཞད་གད་ཀྱི་གནས་སོ། །མདོར་ན་སྟོང་ཉིད་སྒོམ་པའི་སོ་སྐྱེ་དེའི་ཡུལ་བདག་མེད་ལ་བློ་ཁ་མ་ཕྱོགས་ན་སྒོམ་ཞེས་པ་འགལ་ལ། ཕྱོགས་ན་མངོན་ལྐོག་གང་རུང་ཡིན་དགོས་ན་སོ་སྐྱེ་ལ་ལྐོག་གྱུར་ལས་མེད་པས་སྦྱོར་ལམ་ཆོས་མཆོག་མན་ཆད་དུ་དོན་སྤྱིའི་ཚུལ་དུ་རྟོགས་པ་ཡིན་པ་འདོད་བཞིན་དུ་རྟོག་བྲལ་དུ་སྒོམ་ཞེས་པ་ཤིན་ཏུ་འགལ་ལོ་ཞེས་གསུངས་ན་ཡང་། ཐོས་བསམ་གྱིས་དཔྱད་པའི་ཚེ་ནི་རྟོག་བཅས་ཀྱི་ཡུལ་དུ་བདག་མེད་པའི་དོན་བྱས་ནས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཡིན་པར་ནི་མི་འགལ་བ་སྨོས་མི་དགོས་ལ། བདག་མེད་པའི་ངང་ལ་མཉམ་པར་འཇོག་པའི་ཚེ་ན་ནི་དེ་འདྲ་བའི་འགལ་འདུ་བསྒྲིགས་མི་དགོས་པར་སེམས་ཏེ། སྟོང་ཉིད་དམ་བདག་མེད་པ་ཞེས་པའི་མཚན་མར་གྲུབ་པ་ཅན་ཞིག་ཡོད་ན་ནི་དེ་ལྟར་གསུངས་རིགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་དངོས་དངོས་མེད་སོགས་ཀྱི་མཚན་མ་གང་དུའང་མ་གྲུབ་ན་བློས་ཀྱང་ཅི་ཡང་མི་འཛིན་པ་དེ་གནས་ཚུལ་དང་མཐུན་པ་ཡིན་པས་རྟོག་བྲལ་དུ་འཇོག་པ་ཡིན་ནའང་། ད་དུང་མཉམ་བཞག་གི་ཚེ་ན་ཡང་རྟོག་བྲལ་གྱི་ངོ་བོ་དེ་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བའི་འདུས་མ་བྱས་པའི་ཡེ་ཤེས་སུ་མ་སོན་པས་དོན་སྤྱིའི་ཚུལ་དུ་བསྒོམ་པ་ཡིན་པར་འདོད་ཀྱི་སྟོང་ཉིད་ཞེས་པའི་མཚན་མ་ཞིག་ཡིད་ཡུལ་དུ་བྱས་ནས་རྟོག་པ་དང་བཅས་པས་བསྒོམ་པ་ལ་མི་འདོད་པས་འགལ་བ་མེད་དོ། །ཡང་དགེ་མི་དགེའི་རྟོག་པ་ཐམས་ཅད་འཁོར་བར་འཆིང་བྱེད་ཡིན་པས་རྟོག་བྲལ་གྱི་ངོ་བོ་སྐྱོང་བ་ཁོ་ན་དགོས་ཟེར་བ་ཧྭ་ཤང་གི་ལྟ་བ་དངོས་ཡིན་པས་ཐེག་ཆེན་ཆོས་ཀྱི་རྩ་བ་གཅོད་པའོ་གསུངས་པ་ལ་བརྟགས་ན། སྤྱིར་རྟོག་པ་བཟང་ངན་གང་ཡིན་ཀྱང་དེར་འཛིན་གྱི་ཞེན་པ་ཡོད་ན་འཆིང་བྱེད་ཡིན་པ་ལ་ཁྱད་པར་མེད་དེ། གསེར་སྒྲོག་དང་ཐག་སྒྲོག་གཉིས་ཀ་འཆིང་བྱེད་ཡིན་པ་ལ་འདྲ་བ་བཞིན་ནོ། །འོན་ཀྱང་ཐེག་ཆེན་གྱི་ལམ་དུ་རྟོག་པ་ཐམས་ཅད་ལ་མཚན་མ་ཅན་གྱི་ཆོས་སུ་ཞེན་ནས་དགག་དགོས་པར་ནི་མི་འདོད་དེ། དགེ་བའི་རྟོག་པ་མི་སྤང་བར་མ་ཟད་མི་དགེ་བའི་རྟོག་པར་བཏགས་པའི་ཉོན་མོངས་པ་རྣམས་ཀྱང་ཞེན་མེད་ཀྱི་རྩིས་ཟིན་པར་བྱས་ཏེ་ཆོས་ཉིད་དུ་སྦྱོང་བའི་ཐབས་ཀྱིས་ལམ་གྱི་གྲོགས་སམ་ངོ་བོར་བསྒྱུར་བར་བྱེད་པས་རྣམ་བཅས་ཀྱི་ཏིང་ངེ་འཛིན་བྱམས་པ་ལ་སོགས་པ་བསྒོམ་པ་དང་། སྦྱིན་སོགས་རྗེས་ཐོབ་ཀྱི་སྤྱོད་པའི་སྒོ་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་བསྒྲུབ་དགོས་པར་འདོད་དོ། །དེ་ལྟ་ནའང་དག་པའི་ས་མ་ཐོབ་ཀྱི་བར་མ་དག་ས་བདུན་གྱི་གནས་སྐབས་ནའང་མཉམ་རྗེས་ཀྱི་ཉམས་ལེན་སོ་སོར་ཡོད་པར་བཤད་ན་སོ་སྐྱེའི་གནས་སྐབས་སུ་སྨོས་ཅི་དགོས་པས། སྟོང་ཉིད་གཙོ་བོར་སྒོམ་པའི་དུས་སུ་རྟོག་པའི་འཛིན་སྟངས་མེད་པར་འཇོག་ཅིང་། རྣམ་བཅས་བྱམས་སོགས་སྒོམ་པ་དང་། སྦྱིན་པ་གཏོང་བ་ལ་སོགས་པའི་དུས་སུ་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་གང་ལ་ཡང་མ་ཞེན་པར་བྱས་ཏེ་རྟོག་བཅས་སུ་བསྒྲུབ་པ་ཡིན་པར་གསུངས་སོ། །དེས་ན་ཟབ་མོའི་དོན་གཟིགས་པའི་སྐྱེས་བུ་དམ་པ་དག་གིས་ཀྱང་སྤྲོས་བྲལ་དུ་འཇོག་པ་ལུང་དང་རིགས་པས་བཀག་ནས་མེད་དགག་དང་། སྟོང་འཛིན་ཁོ་ན་རྩལ་དུ་བཏོན་ནས་བསྒྲུབ་པར་མཛད་འདུག་པ་འདི་ཚོ་བཀའ་དང་དགོངས་འགྲེལ་དང་མན་ངག་ཟབ་མོའི་གནད་ཅི་ཡང་མི་ཤེས་པའི་བླུན་སྒོམ་མུན་རྡོ་འཕེན་པ་དག་ལ་དགོངས་ནས་ཡིན་གྱི་དམ་པ་དེ་རྣམས་རང་རང་གི་ཐུགས་ཀྱི་བརྣག་བྱ་མཐར་ཐུག་པ་ནི་ག་ལ་ཡིན་ཏེ། ཐོས་བསམ་གྱི་དཔྱད་པ་ལ་ཡེ་མ་སྦྱངས་པའི་དད་གུས་ཅན་གྱི་སློབ་མ་མང་པོས་སྔགས་སྤྱི་དང་ཕྱག་རྫོགས་ཀྱི་ལམ་གྱིས་གྲོལ་བ་ཐོབ་པ་མངོན་སུམ་པ་དེ་རྣམས་ལ་བསྙོན་དུ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །དེས་ན་རང་ལུགས་འཛིན་པ་དག་གིས་རྩོལ་མེད་ཀྱི་ལམ་བསྒོམ་པའི་གནས་སྐབས་སུའང་ད་དུང་རྟོག་པ་ཡོད་དགོས་སམ་མི་དགོས་སྙམ་དུ་ཐེ་ཚོམ་པ་དང་། གཞན་འགའ་ཞིག་གིས་ཀྱང་ཇི་སྐད་བཤད་པ་འདི་དག་ནི་ཆོས་ཕྱིིན་ཅི་ལོག་པ་ཞིག་གོ་སྙམ་དུ་ལོག་པར་ལྟ་བར་སྣང་བས་དེ་དག་ལ་ཅུང་ཟད་ཕན་པ་སྲིད་དམ་སྙམ་ནས། རང་རྒྱུད་ན་ལྷག་མཐོང་ལྟ་ཅི་སེམས་ལས་སུ་རུང་བའི་ཞི་གནས་ཀྱི་ཉམས་ལེན་ཙམ་ཡང་མེད་ཀྱང་མེད་བཞིན་དམ་པ་རྣམས་ཀྱི་ཞལ་རྒྱུན་ཡང་ཡང་ཐོས་པ་རྣ་བར་བཞག་པ་འདི་ལ་རང་གིས་བེད་མ་ཆོད་ཕྱིན་འཆི་ཁའི་ཁ་ཆེམས་སུ་སྐབས་སྐབས་སུ་བྲིས་པ་འདི་ཙམ་ལས་ཐོས་པ་ལ་དོན་དགོས་མེད་པས་དེ་སྐད་སྨྲས་པ་ཡིན་ནའང་། མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱིས་བརྗོད་ཉེས་པའི་སྐྱོན་དུ་ཐལ་བ་ཡོད་ན་བཟོད་པར་གསོལ་ལོ། །དེ་ལྟར་དོགས་པ་བསལ་ནས། གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བསྒོམ་པའི་ཤེས་རབ་དངོས་བཤད་པ་དང་། ལམ་བགྲོད་ཚུལ་བཤད་པ། འབྲས་བུ་ཐོབ་ཚུལ་བཤད་པ། ཕྱིན་དྲུག་གི་དོན་བསྡུ་བའོ། །དང་པོ་བསྒོམ་པའི་ཤེས་རབ་དངོས་བཤད་པ་ནི། འདི་ལྟར་ནམ་མཁའ་ནི། གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པ། མཐའ་དང་དབུས་མེད་པ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པ་ན་བསྒོམ་པའི་དོན་ཆོས་ཉིད་དང་ཡུལ་ཅན་གྱི་ཡེ་ཤེས་གཉིས་རོ་གཅིག་ཏུ་གྱུར་པ་ལས་ཐ་དད་དུ་ཡོད་པ་མ་ཡིན་ཏེ། འདི་ལ་ཤེར་ཕྱིན་དུ་ཉམས་ལེན་སྦྱོར་བ་བཞི་བསྒོམ་པའི་གནས་སྐབས་སུ་དཀར་ཆོས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་པོ་ཞེན་མེད་ཀྱི་ཚུལ་དུ་བསྒོམ་པ་དང་། སྐྱེ་མེད་དུ་འཇོག་པའི་གནས་སྐབས་ན། མི་གནས་པའི་སྦྱོར་བ་དང་། མི་སྦྱོར་བའི་སྦྱོར་བ་ཞེས་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་ཞེན་སྤྱོད་འགོག་པའི་དོན་དུ་གསུངས་ཤིང་། གཞན་དུ་གནས་པ་དང་རྣལ་འབྱོར་འགོག་པ་ཞེས་ཀྱང་བཤད་ལ། ཡང་བསྒོམ་བྱ་དང་སྒོམ་བྱེད་མེད་ཅེས་ཀྱང་བྱའོ། །ཡང་གང་ཡང་ཡིད་ལ་མི་བྱེད་པ་ཡུམ་གྱི་དོན་དུ་བཤད་པ་དང་། ཡུལ་གང་དུའང་མ་གྲུབ་པས་བློས་ཅིར་ཡང་མི་འཛིན་ཞེས་པ་དག་ཀྱང་འདིའི་དོན་ཡིན་ཏེ། མདོ་སྡེའི་རྒྱན་ལས། བསྒོམ་པར་ལྟ་བ་མེད་རྣམས་ཀྱི། །བསྒོམ་པ་དམ་པར་འདོད་པ་སྟེ། །ཞེས་པ་ལྟར་རོ། །ཆོས་ཉིད་དང་རོ་གཅིག་ཏུ་གྱུར་པའི་སེམས་ཀྱི་གཤིས་ལུགས་དེ་ལ་དངོས་པོའི་མཚན་མ་མེད་པས་གཟུགས་སོགས་ཕུང་པོ་ལྔ་དང་། འདུས་མ་བྱས་ཡིན་པས་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་ཀུན་ཀྱང་ཡོད་པ་མ་ཡིན་ཏེ། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ནམ་མཁའ་བསྒོམ་པ་སྟེ། ནམ་མཁའ་ལ་ནི་གཟུགས་མ་མཆིས། ཚོར་བ་མ་མཆིས། འདུ་ཤེས་མ་ཆིས། འདུ་བྱེད་མ་མཆིས། རྣམ་པར་ཤེས་པ་མ་མཆིས་ཞེས་པ་ནས། སངས་རྒྱས་མ་མཆིས་སོ། །ཞེས་པའི་བར་གྱིས་གསུངས་པ་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་སོ། །དེ་ཡང་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་སྟོན་པ་ཉིད་དབུ་མ་ཐལ་འགྱུར་བའི་བཞེད་པ་ཡིན་ཀྱང་། མེད་ཅེས་ཡོད་མཐའ་བློ་ཡི་བཀག་ནས་མེད་པ་ཞིག་གློ་བུར་དུ་བསྒོམ་པར་བྱར་མེད་དེ་མེད་པ་གཤིས་ལ་མི་གནས་པའི་ཕྱིར་ན་གཤིས་ཀྱི་གནས་ཚུལ་ཤེས་པའི་ཤེས་རབ་ཉིད་དང་ལྷག་པར་ཡང་འགལ་བ་ཡིན་ཏེ། སེམས་ཀྱི་རང་བཞིན་རྣམ་པར་ཐར་བའི་སྒོ་གསུམ་དུ་གནས་པ་འདི་ནི་ཅང་མེད་ཕྱང་ཆད་པ་ཉིད་མ་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་ཡིན་པས་མཛོད་དུ་གྱུར་པ་སྟེ། མ་ཕམ་མགོན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གཞི་ཡི་གཤིས་ལུགས་གཏན་ལ་ཕབ་ནས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་སོ་སོར་རྟོག་པའི་ཤེས་རབ་སོ་སོ་སྐྱེ་བོའི་བློའི་ཡུལ་ལས་འདས་པ་མངོན་དུ་བྱས་པ་ལ་དབུ་མའི་ལྟ་བར་བཞག་པ་ཡིན་ནོ། །དེས་ན་གནས་ལུགས་ཇི་བཞིན་པ་མངོན་སུམ་དུ་མཐོང་བ་ནི་འཕགས་པ་ཁོ་ན་ཡིད་མོད་སོ་སོ་སྐྱེ་བོའི་དུས་ནའང་ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་དུ་རྣམ་པར་དག་ཟིན་པའི་ཡང་དག་པའི་དོན་ཉིད་ལ་བཅོས་མའི་བློ་ཡིས་མ་བསླད་པར་ཡང་དག་པར་བལྟ་བར་བྱེད་པ་ནི་དམུས་ལོང་ལྟར་རྐྱེན་མ་ཚོགས་པའམ། གཉིད་ཀྱིས་ལོག་པ་ལྟ་བུའམ། འདུ་ཤེས་མེད་པའི་སྙོམས་འཇུག་ལྟར་མ་ཡིན་ཏེ་ལྷག་མཐོང་གི་ཡེ་ཤེས་དང་ལྷན་ཅིག་པ་ཡིན་ནོ། །དེ་ལྟར་ཡང་ཡུམ་བར་མ་ལས། གང་གིས་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའོ། །ཞེས་དང་། དོན་དམ་པ་མཐོང་བ་གང་ཞེ་ན་གང་ཆོས་ཐམས་ཅད་མཐོང་བ་མེད་པའོ། །ཞེས་སོ། །བལྟ་ཞེས་བྱ་བ་དེའང་ཐ་སྙད་ཀུན་རྫོབ་ཙམ་དུ་བརྡའ་སྤྲོད་པའི་མིང་སྟེ། རང་བཞིན་མ་བཅོས་པའི་ངང་དེ་ལས་གཞན་དུ་མ་ཡེང་ཞིང་མི་བསྒོམ་པའི་ཚུལ་གྱིས་མ་གཡོས་ན། གནས་ལུགས་ཇི་བཞིན་པ་བསྒོམ་པ་ཡིན་པའི་ཕྱིར་གཞན་ལས་མཆོག་ཏུ་གྱུར་པའོ། །དེ་ལྟར་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡི་མདུན་ཏེ་ཡུལ་ན་བློ་ཞེས་པ་གཙོ་སེམས་དང་ནི་ཡིད་བྱེད་སོགས་སེམས་བྱུང་གིས་བསྡུས་པའི་རྟོགས་ཚོགས་ཡུལ་དང་བཅས་པའི་གཟུང་འཛིན་གྱི་རྣམ་པ་ཐམས་ཅད་གནས་པ་མིན་པ་ནི་དབུ་མའི་ལམ་སོ་སོར་རྟོག་པའི་ཤེས་རབ་ཡང་དག་པ་ཡིན་ཏེ། འོད་སྲུང་གིས་ཞུས་པ་ལས། དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ། །ཞེས་གསུངས་པས། གནས་འདི་ལ་དེ་བཞིན་གཤེགས་པ་ཉིད་ལས་ཚད་མར་གྱུར་པ་གཞན་མེད་པས་དོགས་པ་ཅུང་ཟད་ཀྱང་ཉེ་བར་བསྟེན་པར་མི་བྱའོ། །ལ་ལ་དག་སྔར་བཤད་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་དཔྱད་ཤེས་རྣོན་པོ་ལ་ངོས་བཟུང་ནས་དེ་ལས་ཡེ་ཤེས་འབྱུང་བའི་ཁུངས་སུ། ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ནས་གཙུབས་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་བུད་ཤིང་བསྲེག་གོ། །ཞེས་པ་འདི་འདྲེན་ཡང་། དེའི་དོན་ནི་བློ་དང་ཡིད་བྱེད་ཀྱི་རྐྱེན་མེའི་ས་བོན་ངར་ལྕགས་ལས་བྱུང་བ་ལྟ་བུ་ལ་མ་ལྟོས་པར་གཙུབས་ཤིང་རང་ཉིད་ལས་བྱུང་བའི་མེས་བུད་ཤིང་རང་ཉིད་བསྲེག་པ་དཔེར་མཛད་ནས་བློ་དང་སྙམ་བྱེད་ལ་མ་ལྟོས་པའི་ཡང་དག་པའི་ཤེས་རབ་ཀྱི་སྣང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུ་དེས། བློ་རྟོག་གི་བུད་ཤིང་བསྲེགས་ནས་རང་གི་རང་བཞིན་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་ཉིད་ལ་བརྗོད་དེ། དཔལ་མར་མེ་མཛད་ཀྱིས་དབུ་མའི་མན་ངག་བཀྲལ་བ་ལས། ཅིར་ཡང་མི་འཛིན་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བས་སོ། །དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་པའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཤེས་བྱ་ཤེས་བྱེད་ཀྱིས་བཏགས་པའི་གྲུབ་མཐའི་སྤྲོས་པ་དང་བྲལ་བའི་ཆ་ནས་ཤིང་རྟ་ཆེན་པོ་གཉིས་ཀ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་བཞེད་པ་མ་ཡིན་པའི་ཚུལ། བྷཾ་ག་ལའི་པཎྜི་ཏས། སློབ་དཔོན་འཕགས་པ་ཐོགས་མེད་ནི་ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞེད་དེ། ས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །ཞེས་པས་དེའི་གཞུང་ལུགས་དབུ་མར་གདོན་མི་ཟའོ་གསུངས། སློབ་དཔོན་ཀླུའི་དབང་པོའི་ཞལ་ནས་ཀྱང་། མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམ་སྤངས་པ། །ཟུང་འཇུག་ཡིན་པར་སྟོན་པས་གསུངས། །ཞེས་གསུངས་པས་སོ། །འོན་ཀྱང་སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་མེད་པར་འགྱུར་རོ་སྙམ་ནས་ཆད་ཀྱིས་དོགས་མི་དགོས་ཏེ། རང་བྱུང་གི་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འདུས་མ་བྱས་པ་ལས་གདུལ་བྱའི་ངོ་ལ་སྐུ་དང་མཛད་པ་ཐམས་ཅད་འགོག་མེད་དུ་འཆར་བ་ཡིན་ནོ། །དེ་ལྟར་ཕྱོགས་གཅིག་པའི་ཤེས་རབ་ཙམ་མ་ཡིན་པར་མཐར་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་དེ་འདྲ་བར་བློ་འབྱོར་ཞིང་ཆོས་ཐམས་ཅད་སྒྲོ་སྐུར་དང་བྲལ་བར་ཡོངས་སུ་ཤེས་ན། སེམས་བསྐྱེད་དང་སྦྱིན་སོགས་ཀྱི་ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར་ཏེ། ཤེས་རབ་ཀྱི་སྟོབས་ཀྱི་འཁོར་བར་མི་ལྟུང་ལ། ཐབས་ཀྱིས་སྟོབས་ཀྱིས་མྱ་ངན་ལས་འདས་པར་ལྟུང་བས་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་དམིགས་པ་ལས་སེམས་འབར་གྱི་དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ། །དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལ། དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་འཇོག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་ཡང་སོ་སོར་རྟོག་ལ། སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོས་དམིགས་པ་ཡང་བལྟའོ། །ཞེས་སོ། །དེ་ལྟ་བུའི་ཤེས་རབ་དེ་མེད་པར་དངོས་ཞེན་དང་བཅས་པའི་སྒོ་ནས་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ལ་འབད་རྩོལ་ཆེན་པོས་ཡུན་རིང་པོ་ཇི་ཙམ་ལ་བརྩོན་ཀྱང་དེ་ཉིད་ཀྱིས་ནི་མུ་སྟེགས་ཅན་གྱི་ལམ་བཞིན་དུ་སྲིད་པའི་གནས་སུ་རང་རྒྱུད་བཅིངས་པའི་རྒྱུ་ཉིད་དུ་འགྱུར་བ་ལས་གྲོལ་བའི་སྐབས་མེད་ལ། གལ་ཏེ་ཐབས་སྙིང་རྗེ་ཆེན་པོ་སོགས་དང་བྲལ་བའི་ཤེས་རབ་ཀྱིས་ཀྱང་ཉན་ཐོས་རྣམས་བཞིན་དུ་མྱང་འདས་ཕྱོགས་གཅིག་པ་ལ་གོལ་བར་འགྱུར་བས་ན། ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་ན་ཐབས་ལ་བརྟེན་པ་མི་འབྱུང་དུ་ཟིན་ཀྱང་། སྦྱོར་བའམ་རྗེས་ལ་ཐོབ་པའི་ཚེ་ན་སེམས་བསྐྱེད་དང་བསྔོ་བ་སོགས་ཐབས་ཀྱི་ཆ་ལ་ཞེན་པ་མེད་པའི་ཤེས་རབ་ཀྱིས་ཟིན་པའི་ཟུང་འབྲེལ་ལ་བསླབ་པར་བྱ་དགོས་སོ། །དེ་ལྟར་ན་ཐབས་ཤེས་ཀྱི་ལམ་ཉམས་སུ་ལེན་ཚུལ་དང་། བཀའ་འཁོར་ལོ་གསུམ་གྱི་དགོངས་དོན་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ཐམས་ཅད་འགལ་མེད་དུ་ཤེས་དགོས་ཚུལ་རྣམས་རྗེ་བླ་མ་བཀའ་དྲིན་ཅན་གྱི་ཤེར་ཕྱིན་སྒོམ་པའི་མན་ངག་ལས་དཔེར་ན་སྨན་པ་མཁས་པས་སེམས་ཅན་གྱི་ནད་ཞི་བར་བྱེད་པའི་ཕྱིར་རིན་པོ་ཆེ་དངུལ་ཆུའི་སྦྱོར་བ་བྱེད་པའི་ཚེ། དང་པོར་ཕྱི་བ་དང་། བཀྲུ་བ་དང་། བཙོ་བའི་སྒོ་ནས་དངུལ་ཆུ་ཉིད་དག་པར་བྱས་ཏེ། དུག་དང་བྲལ་བར་གྱུར་ནས་སྨན་སྣ་ཚོགས་དང་སྦྱར་ཏེ་སེམས་ཅན་རྣམས་ཀྱི་ནད་མི་འདྲ་བ་ཀུན་ཀྱང་སེལ་བར་བྱེད་དོ། །དཔེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྲིད་ཞིའི་རྒུད་པ་མ་ལུས་པ་སེལ་བའི་རྒྱུ་གཅིག་པུ་རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པར་བྱེད་དེ། དེ་ཡང་སོ་སྐྱེའི་སར་རང་འདོད་ཀྱི་དུག་དང་བཅས་པ་ཉིད་ཀྱི་ཕྱིར་ཟབ་མོ་སྟོང་པ་ཉིད་ལ་གོམས་པར་བྱེད་ཅིང་། མཐོང་ལམ་དུ་ཆོས་ཉིད་མངོན་དུ་བྱས་པས་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་དེ་རང་འདོད་ཀྱི་དྲི་མ་ཀུན་དང་བྲལ་ནས་དག་པར་གྱུར་བ་ན་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ཀུན་ཀྱང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཚུལ་དང་སྦྱར་ཏེ་རང་དོན་ཡལ་བར་འདོར་བའི་བརྩོན་འགྲུས་རྨད་དུ་བྱུང་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་མ་ལུས་པ་གསོ་བར་བྱེད་པ་ཡིན་ལ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལུང་ནོར་བུ་སྦྱོང་བའི་དཔེ་གསུངས་པ་ཡང་ལམ་གྱི་གོ་རིམ་འདི་ཉིད་ཁོ་ན་བསྟན་པ་ཡིན་ཏེ། དེ་ལས་སྔ་མ་གཉིས་ནི་གོ་བར་སླ་ལ། ཕྱི་མའི་སྐབས་ཀྱི་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་ནི་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ལམ་ཡིན་པར་མདོ་བཏུས་འགྲེལ་པ་སོགས་ལས་བཤད་ཅིང་། འཁོར་གསུམ་ཡོངས་སུ་དག་པ་ནི་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་ཡིན་ཏེ་འཁོར་གསུམ་མི་དམིགས་པའི་ཚུལ་གྱིས་ཉམས་སུ་ལེན་པའི་ཕྱིར་རོ། །དེའང་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་མདོ་བཏུས་སུ་ལུང་འདི་དྲངས་ནས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པར་མཛད་དེ། དང་པོ་མི་རྟག་པ་དང་སྡུག་བསྔལ་སོགས་ཀྱིས་འཁོར་བ་ལ་སྐྱོ་བ་བསྐྱེད་ནས་གཟོད་ཟབ་པ་དང་རྒྱ་ཆེ་བའི་ཐེག་ཆེན་ལ་འཇུག་པར་གསུངས་པས་ཉན་རང་གི་ལམ་ཐེག་ཆེན་གྱི་རྐང་སྟེགས་ཙམ་ཡིན་པར་བསྒྲུབ་བོ། །རྒྱལ་སྲས་ཐོགས་མེད་ཞབས་ནི་རྒྱུད་བླའི་འགྲེལ་པར་ལུང་འདི་ཉིད་དྲངས་ནས་བྱང་ཆུབ་སེམས་དཔའི་རྒྱུད་འདི་ལྟར་རིམ་པ་བཞིན་སྦྱོང་བར་གསུངས་པས་ན་སྦྱང་བྱ་སྙིང་པོའི་ཁམས་རྣམ་པར་དག་པ་ཡོད་པར་གྲུབ་བོ་ཞེས་དེ་བཞིན་གཤེགས་པའི་ཁམས་སྒྲུབ་བྱེད་དུ་མཛད་དོ། །དེ་གཉིས་གང་ལྟར་ཡང་འདྲ་སྟེ་སྐབས་དང་པོར་མི་རྟག་སྡུག་བསྔལ་སོགས་ཀྱིས་བློ་སྦྱང་། སྐབས་གཉིས་པར་རྣམ་ཐར་སྒོ་གསུམ་གྱི་གཏམ་ལ་བརྟེན་ནས་ཟབ་མོ་ལྟ་བའི་ཆོས་ཉིད་མངོན་སུམ་དུ་བྱས། སྐབས་གསུམ་པར་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་དང་། འཁོར་གསུམ་རྣམ་པར་དག་པའི་གཏམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་ལམ་གྱི་གོ་རིམ་འདི་ཁོ་ན་ལྟར་ཤིང་རྟའི་སྲོལ་འབྱེད་གཉིས་ཀ་བཞེད་པས་ན་འཛམ་གླིང་རྒྱན་མཆོག་གཉིས་ཀྱི་གཞུང་དྲི་མ་མེད་པ་རྣམས་ཀྱང་འགལ་བ་མེད་པར་ཟུང་དུ་བསྡེབས་ཏེ་གང་ཟག་གཅིག་གི་ཉམས་ལེན་དུ་ཧྲིལ་གྱིས་དྲིལ་ཤེས་ན་མཁས་པ་ཞེས་བྱ་ཡི། ཕྱོགས་འཛིན་པའི་ཆགས་སྡང་གིས་རྩོད་པ་ལ་བསྒྲིམས་པས་ནི་ཆོས་སྤོང་གི་ལས་ཚབས་པོ་ཆེ་སོགས་པར་འགྱུར་གྱི་ཐོས་པས་རྒྱུད་གྲོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལམ་བགྲོད་ཚུལ་བསྟན་པ་ནི། གོང་དུ་ཇི་སྐད་བཤད་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དོན་དེ་ད་ལྟ་སོ་སྐྱེའི་གནས་སྐབས་སུ་གཙོ་བོར་བསྒོམ་དགོས་ཏེ། ཆོས་རྗེ་བླ་མའི་གསུང་ལས། ཁ་ཅིག་ནམ་མཁའ་ལྟར་སྤྲོས་བྲལ་བློ་ལས་འདས་པའི་སྟོང་ཉིད་ཟབ་མོ་སྟོན་པ་རྣམས་འཕགས་པ་སོགས་གང་ཟག་མཆོག་གི་ཆོས་ཡིན་ཞིང་། འཁོར་ལོ་ཐ་མའི་མདོ་དང་དེའི་དགོངས་འགྲེལ་རྣམས་ལྟ་བུ་སྤྱོད་ཕྱོགས་སྟོན་པ་རྣམས་ལས་དང་པོ་པའི་ཆོས་ཡིན་ཞེས་སྨྲ་བ་རྣམས་ནི་རྒྱལ་བ་སྲས་བཅས་ཀྱི་རིང་ལུགས་ལས་གོ་ལོགས་སུ་སྨྲ་བར་ཟད་དེ། དཔེར་ན་བུ་རམ་མུར་བཞིན་པའི་གང་ཟག་ལ་བུ་རམ་གྱི་རོ་འཆད་ཀྱང་ཅི་ཞིག་དགོས་ལ། མདང་སུམ་བཙས་པའི་བྱིས་པ་ལ་གཡོས་སུ་བྱས་པའི་ཟས་སྣ་མང་པོས་སྟོན་མོ་བཤམས་ཀྱང་ཅི་ཞིག་ཕན་པར་འགྱུར། དཔེ་དེ་བཞིན་དུ་ཟབ་མོ་མངོན་དུ་བྱས་པའི་འཕགས་པ་ལ་ཟབ་དོན་འཆད་ཀྱང་ཅི་ཞིག་དགོས་ལ། མཐོང་ལམ་ཆོས་ཉིད་མ་མཐོང་ཞིང་སྒོམ་ལམ་ཏིང་འཛིན་མ་གོམས་པའི་གང་ཟག་གིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བ་ཐོབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལྟ་ཅི། ཐེག་ཆེན་ལམ་གྱི་ཕྱིན་དྲུག་མཚན་ཉིད་པ་ཙམ་ཡང་སློབ་མི་ནུས་ཏེ། ཞེས་པ་ལ་སོགས་པ་གསུངས་པས། ལམ་གང་དུ་རང་རྒྱུད་ཀྱི་གཟུང་འཛིན་གྱི་འཆིང་བ་གཅོད་ཅིང་ཐབས་ཀྱི་ཆ་རྣམས་ལ་དངོས་པོར་ཞེན་པ་དག་པར་བྱ་བའི་ཕྱིར་གཙོ་བོ་མཉམ་བཞག་ཏུ་སྟོང་ཉིད་སྒོམ་པ་དང་། རྗེས་ཐོབ་ཏུ་སྙིང་རྗེའི་སྒོ་ནས་ཚོགས་བསགས་པའི་སྒོ་རྣམ་པ་གཉིས་དང་པོར་རྒྱུད་ལ་བརྟེན་ནས་རིམ་གྱིས་གོམས་པར་བྱེད་པ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ཡིན་ནོ། །ལམ་འདིའི་རྒྱུ་ནི་སྔོན་དུ་ཚོགས་བསགས་པ་དང་ཐོས་བསམ་ལ་སོགས་པའོ། །འབྲས་བུ་ནི་སྦྱོར་བའི་ལམ་མོ། །རྟེན་ལ་ལུས་རྟེན་ནི་ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་རྟེན་ཏེ་ཀླུ་དང་གཟུགས་ཁམས་ཀྱི་ལྷ་ལའང་སྐྱེ་བར་བཤད་པས་འདོད་ཁམས་པ་དང་མི་ཁོ་ནའི་ངེས་པ་མེད་དོ། །སེམས་རྟེན་ནི་འདི་ལ་སྒོམ་བྱུང་མཚན་ཉིད་པ་ཡོད་པར་ཀུན་བཏུས་ལས་བཤད་པ་ལྟར་ན་བསམ་གཏན་ལའང་བརྟེན་ནོ། །མཚན་ཉིད་ནི་བྲལ་བའི་ཁྱད་པར་ལ་ཕན་འདོགས་བྱེད་གང་རྣམ་བྱང་དབང་པོའི་ངོ་བོར་མ་གྱུར་པའི་གནས་སྐབས་ཀྱི་ལམ་བླ་མེད་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་ལོ། །འདི་དག་གི་དུས་སུ་ཡང་ཐོས་བསམ་གཙོ་ཆེ་བ་ཙམ་ལས། རྣམ་བཅས་དང་རྣམ་མེད་ཀྱི་ཏིང་འཛིན་གཉིས་ཀ་མི་བསྒོམ་པ་ནི་མིན་ཏེ་བྱང་ཕྱོགས་སོ་བདུན་ལས་དྲན་ཉེ་སོགས་སྡེ་ཚན་གསུམ་སྒོམ་པར་བཤད་ཅིང་། ལྷག་མ་རྣམས་ཀྱང་ལམ་ཕྱི་མ་རྣམས་སུ་བསྒོམ་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་མྱུར་དུ་སྦྱོར་བའི་ལམ་འབྱུང་སྟེ། དེ་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ཡོད་པའི་ཆོས་མཆོག་མན་ཆད་བཞི་པོའི་གནས་སྐབས་ཐམས་ཅད་དུ་མཉམ་༡བཞག་གི་གནས་སྐབས་ན་འཇིག་རྟེན་པའི་སྒོམ་བྱུང་གི་སྟོབས་ཀྱིས་༣སྟོང་ཉིད་ལ་སེམས་ཞུགས་པ་དང་༤། རྗེས་༢ཐོབ་ཏུ་སྙིང་༥རྗེའི་བློ་སྔར་ཚོགས་ལམ་གསུམ་དུ་ཡང་ཡང་གོམས་པོའི་སྟོབས་ཀྱིས་ངང་གིས་འཆར་བར་འགྱུར་རོ། །ལམ་འདིའི་རྒྱུ་ནི་ཚོགས་ལམ་མོ། །འབྲས་བུ་ནི་ཐེག་ཆེན་མཐོང་ལམ་མོ། །ལུས་རྟེན་ནི་འགྲོ་བ་ལྔ་གང་རུང་ངོ་། །བསམ་པའི་རྟེན་ནི་བསམ་གཏན་ས་དྲུག་གང་རུང་ངོ་། །མཚན་ཉིད་ནི་ཐེག་ཆེན་ཚོགས་ལམ་གྱི་རྗེས་སུ་སྐྱེས་པའི་ལམ་གང་མོས་སྤྱོད་ཀྱིས་སས་བསྡུས་པའོ། །དེ་དག་ལ་རིམ་བཞིན་ཐེག་པ་ཆེན་པོའི་སྣང་བ་ཐོབ་པ་དང་། སྣང་བ་མཆེད་པ་དང་། ཆོས་ཀྱི་སྣང་བ་ཕྱོགས་གཅིག་པ་ལ་ཞུགས་པ་དང་། དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་རྣམ་པ་བཞི་ལས། དང་པོ་ནི་ཡིད་ཀྱི་སྣང་བ་ཙམ་དུ་མཐོང་བས་ཕྱི་དོན་རྣམ་པར་འཇིག་པའི་ཚུལ་ལ་ཤེས་པའི་སྣང་བ་ཅུང་ཟད་གསལ་བ་དེས་དོན་དུ་འཛིན་པའི་གཉེན་པོ་བྱེད་པས་དྲོ་བར་གྱུར་བ་ཞེས་བྱའོ། །གཉིས་པ་ནི་ཤེས་སྣང་དེ་ཉིད་སྔོན་བས་གསལ་བར་གྱུར་བས་ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར་བརྩོན་འགྲུས་བརྟན་པར་བྱ་བ་ལ་འཇུག་པས་རྩེ་མོ་ཞེས་བྱའོ། །གསུམ་པ་ནི། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པས་ཕྱི་དོན་གཟུང་བའི་རྣམ་པ་མི་སྣང་བས་ཤེས་པའི་རྣམ་པ་འབྱུང་བ་དེའི་ཚེ་སེམས་ཙམ་ལ་གནས་པའི་ཕྱིར་བཟོད་པ་ཞེས་བྱའོ། །བཞི་པ་ནི། གང་ཞིག་འཛིན་པའི་རྣམ་པ་གཉིས་མེད་ཀྱི་ཤེས་པ་དེ་ཡང་རྣམ་པར་འཇིག་པ་དེའི་ཚེ་འཇིག་རྟེན་པའི་སྒོམ་བྱུང་གི་སྣང་བ་ཡོངས་སུ་རྫོགས་པས་ཆོས་ཀྱི་མཆོག་ཅེས་བྱའོ། །དེ་ཡང་དྲོད་རྩེ་གཉིས་ནི་མཐོང་ལམ་སྐྱེ་བ་ལ་དུས་མ་ངེས་པའི་སྦྱོར་ལམ་མོ། །བཟོད་པ་ནི་ཚེ་ཕྱི་མ་ལ་མཐོང་ལམ་སྐྱེ་བར་ངེས་པའི་སྦྱོར་ལམ་མོ། །ཆོས་མཆོག་ནི་ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་ངེས་པའི་སྦྱོར་ལམ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །ཅེས་སོ། །གནས་སྐབས་འདི་ནི་བྱང་ཆུབ་སེམས་དཔའ་སྒྱུ་མ་མཁན་ལྟར་ཕྱིན་ཅི་མ་ལོག་པའི་ཕྱིར་འཇིག་རྟེན་ལས་འདས་པས་ཡེ་ཤེས་ལ་སྦྱོར་བའི་ལམ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བར་འཇུག་ཅིང་མོས་པ་ཤིན་ཏུ་བརྟན་པ་ཙམ་དུ་ཟད་པས། བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པས་མོས་པས་སྤྱོད་པའི་སར་བཞག་སྟེ། ལམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོ་ཡིན་མོད་ཀྱི། འོན་ཀྱང་ཁྱད་པར་གྱི་ཆོས་ལྔ་དང་ལྡན་པར་འཕགས་པ་དཀོན་མཆོག་སྤྲིན་ལས་བཤད་དེ། གཉེན་པོའི་ཁྱད་པར་ལ་བཞི་ལས། སུན་འབྱིན་པའི་གཉེན་པོ་ནི། ཟག་བཅས་རྣམས་ལ་ནད་དང་འབྲས་དང་ཟུག་རྔུ་ལ་སོགས་པའི་རྣམ་པར་ལྟ་ཞིང་སུན་འབྱིན་པའོ། །སྤོང་བའི་གཉེན་པོ་ནི། སྤང་བྱ་སྤོང་བ་ལ་རིམ་གྱིས་སྦྱོར་བའི་ལམ་དང་སྤང་བར་བརྩམ་པ་དེ་བར་ཆད་མེད་ལམ་མཐའ་དག་གོ། །རྟེན་གྱི་གཉེན་པོ་ནི། ཨ་དྷ་ར་ཞེས་རྟེན་ནམ་ཀུན་འཛིན་པ་སྟེ། སྤངས་པའི་ཐོབ་པ་ཀུན་འཛིན་ཞིང་གནས་འགྱུར་ཉམས་སུ་མྱོང་བ་རྣམ་གྲོལ་ལམ་མོ། །ཐག་བསྲིང་གི་གཉེན་པོ་ནི། ཁྱད་པར་གྱི་ལམ་ལ་སོགས་པའོ། །སྤངས་པའི་ཁྱད་པར་ནི་སྒྲིབ་པའི་ས་བོན་དང་མངོན་གྱུར་ཉམས་སྨད་པ་དང་། བྱིས་པའི་ཕོངས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་། རྟོགས་པའི་ཁྱད་པར་ནི་བསྒོམ་བྱུང་གི་ཆ་ནས་བདག་མེད་གཉིས་རྟོགས་པ་དང་། ཡོན་ཏན་གྱི་ཁྱད་པར་ནི་ཏིང་ངེ་འཛིན་དང་། སྤྱན་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པ་དུ་མ་དང་ལྡན་པ་དང་། ཚོགས་ལམ་ལས་འཕགས་པའི་ཁྱད་པར་ནི་ཚོགས་ལམ་ཆེན་པོའི་གནས་སྐབས་དང་བསྒོམ་བྱུང་དུ་འདྲ་ཡང་། མཐོང་ལམ་ལ་ཉེ་རིང་དང་། ཡེ་ཤེས་ལ་དྲོད་བརྟན་མི་བརྟན་གྱི་ཁྱད་པར་ཡོད་པར་གསུངས་སོ། །དེ་ནས་མཐོང་ལམ་ཐོབ་པ་ནས་བཟུང་སྟེ་སྤྱིར་བཏང་ཙམ་དུ་ནི་འཕགས་པའི་ས་ཐམས་ཅད་དུ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་པོ་ནི་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་དེ་སྟོང་ཉིད་ལ་མཉམ་པར་བཞག་པ་ན་སྙིང་རྗེ་ཆེན་པོའི་རྩི་དང་མི་འབྲལ་ཞིང་། རྗེས་ཐོབ་སྦྱིན་སོགས་ཀྱི་སྤྱོད་པ་ལ་བསླབ་པ་ན་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་བསྒྲུབ་པས་སོ། །དེ་ཡང་གང་གི་ཚེ་ཆོས་མཆོག་གི་རྗེས་ཐོག་དེ་ཉིད་དུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཡང་དག་པར་མཐོང་བ་ལ་ཞུགས་པས་མཐོང་ལམ་ཞེས་བྱ་བ་སྟེ་ས་བཅུའི་ནང་ནས་རབ་ཏུ་དགའ་བ་ཞེས་བྱ་བ་དང་པོའི་སར་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའོ། །མཐོང་ལམ་འདི་སྐྱེ་བའི་ལུས་རྟེན་ནི་ཚོགས་སྦྱོར་དང་འདྲ་ལ། སེམས་རྟེན་ནི་བསམ་གཏན་བཞི་པའོ། །རྒྱུ་ནི་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་ཡིན་ཞིང་། དེ་མ་ཐག་པའི་ཉེ་རྒྱུ་ནི་ཆོས་མཆོག་གོ། །འབྲས་བུ་ནི་ཐེག་ཆེན་སྒོམ་ལམ་མོ། །མཚན་ཉིད་ནི་ཟག་མེད་སྒོམ་ལམ་མ་སྐྱེས་གོང་གི་བདག་མེད་གཉིས་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །དེ་ནས་འཕགས་པའི་ལམ་གོམས་པར་བྱེད་པའི་སྒོམ་པའི་ལམ་ལ་མ་དག་ས་བདུན་དུ་ཐབས་ཤེས་ཟུང་འབྲེལ་དུ་ཡོད་ཀྱང་མཉམ་རྗེས་ཀྱི་ཉམས་ལེན་སོ་སོར་ཡོད་ལ་དེ་་ཡང་ཡུལ་དང་ཡུལ་ཅན་གཉིས་སྣང་གི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་ཀློང་དུ་དག་སྟེ་བློའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་དམ་མངོན་དུ་གྱུར་པས་ན་མཉམ་བཞག་སྟེ། འཕགས་པའི་མཉམ་བཞག་གི་ཡེ་ཤེས་དེ་མི་རྟོག་པའི་ཡེ་ཤེས་ཡིན་པར་སྨྲ་བ་ཙམ་དུ་འདྲ་ཡང་། རང་ལུགས་ལ་བདེན་པར་མི་རྟོག་པ་ཙམ་མ་ཡིན་པར་གཉིས་སྣང་གི་རྟོག་པ་ཐམས་ཅད་བྲལ་བ་ཞིག་ཏུ་འདོད་དོ། །རྗེས་ཐོབ་ཞེས་བྱ་བ་ནི་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་མངོན་དུ་བྱེད་པའི་གནས་སྐབས་ལ་བྱ་སྟེ། དཔེར་ན་སྡོང་པོ་བཀོད་པའི་མདོ་ལས། ནོར་བཟང་གི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་རང་གི་ཏིང་ངེ་འཛིན་གྱི་རྣམ་པར་ཐར་པའི་མཐུ་དག་བསྟན་པ་བཞིན་དུ་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་ཀྱང་ཏིང་ངེ་འཛིན་ཁོ་ནའི་སྟོབས་ཀྱིས་སྒྲུབ་པར་བྱེད་པའོ། །དག་ས་ཐོབ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་པ་མེད་པའི་དབྱིངས་སུ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྣམ་པ་ཐམས་ཅད་པ་དང་། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་རྣམས་རིམ་པ་བཞིན་ཐོབ་པས་མཚན་མེད་འབད་རྩོལ་དང་བྲལ་བའི་ལམ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པས་མཉམ་རྗེས་ཀྱི་ཉམས་ལེན་དབྱེར་མེད་དུ་འགྱུར་རོ། །བསྒོམ་ལམ་འདི་དག་སྐྱེ་བའི་ལུས་ཀྱི་རྟེན་ནི། གླིང་གསུམ་གྱི་མི་ཡིན་པར་མ་ངེས་ཏེ་འདོད་གཟུགས་ཀྱི་ལྷ་དང་བཅས་པ་ལ་སྐྱེ་བ་མང་ཞིང་། མདོ་སྡེ་རྒྱན་ལས། བསམ་བཞིན་སྲིད་པ་ལེན་པ་དང་། །ཞེས་གཞན་ལ་ཡང་སྐྱེ་བར་རུང་ངོ་། །བསམ་པའི་རྟེན་ནི་བསམ་གཏན་བཞི་པའོ། །རྒྱུ་ནི་ཐེག་ཆེན་གྱི་ཚོགས་སྦྱོར་མཐོང་ལམ་གསུམ་མོ། །འབྲས་བུ་ནི་ཐེག་ཆེན་མི་སློབ་པའི་ལམ་མོ། །མཚན་ཉིད་ནི་ཐེག་ཆེན་མཐོང་ལམ་གྱི་རྗེས་སུ་སྐྱེས་པའི་ཡེ་ཤེས་གང་ཐེག་ཆེན་སློབ་པའི་ལམ་གྱིས་བསྡུས་པའོ། །ལམ་འདི་དག་གི་དུས་ཀྱི་ས་བཅུའི་རྣམ་བཞག་སོགས་ནི་སྔར་བཤད་ཟིན་ནོ། །ས་ལམ་དེ་དང་དེའི་སྐབས་ཀྱི་ཡོན་ཏན་གྱི་རྣམ་པ་ཇི་སྙེད་ཅིག་བཤད་པ་དེ་ཐམས་ཅད་སྔོན་མེད་གསར་དུ་ཐོབ་པ་དང་། ཁམས་ཀྱི་སྒྲིབ་པ་བྲལ་བའི་སྟོབས་ལས་གཞི་ན་ཡོད་པའི་ཡོན་ཏན་མངོན་དུ་སྣང་བར་བཤད་པའི་ཕྱོགས་གཉིས་སུ་སྣང་བ་ནི་བདེ་གཤེགས་སྙིང་པོ་དྲང་ངེས་གཉིས་སུ་འདོད་པའི་ཕྱོགས་ལས་བྱུང་བར་གསུངས་ཏེ། དེ་ཡང་སློབ་དཔོན་ཟླ་གྲགས་ཀྱིས་བདེ་གཤེགས་སྙིང་པོ་དྲང་དོན་དུ་གསུངས་པ་དེ་ཡང་འགྲོ་བའི་རྒྱུད་ལ་རྟག་བརྟན་ཐེར་ཟུག་གི་སྐུ་མཚན་དཔེ་གསལ་རྫོགས་ཅན་ཡོད་པར་བཤད་པ་དེ་དྲང་དོན་ཡིན་པར་གསུངས་ཀྱི་འོད་གསལ་བའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དང་རོ་གཅིག་པ་ཙམ་ཞིག་མེད་པར་གསུངས་པ་མ་ཡིན་པས་ཤིང་རྟ་ཆེན་པོ་གཉིས་ཀྱི་བཤད་སྲོལ་ཚིག་ཙམ་དུ་ཐ་དད་པར་སྣང་ཡང་དོན་ལ་དགོངས་པའི་ཆུ་བོ་གཅིག་ཏུ་འདྲེས་པའི་ཚུལ་ཤེས་པ་གལ་ཆེ་བར་གསུངས་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་པ། །ཚིག་གི་དམ་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་དང་། ལང་ཀར་གཤེགས་པ་ལས། མང་དུ་ཐོས་པ་ཞེས་བྱ་བ་ནི་དོན་ལ་མཁས་པ་ཡིན་གྱི། ཚིག་ལ་མཁས་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་འབྲས་བུ་ཐོབ་ཚུལ་བཤད་པ་ནི། དེ་ནས་བསྒོམ་པའི་ལམ་ཐམས་ཅད་མཐར་ཕྱིན་ཏེ་ས་བཅུ་པའི་རྒྱུན་གྱི་མཐའ་མ་ལ་ལྷན་སྐྱེས་ཀྱི་སྒྲིབ་པའི་བག་ཆགས་ཤིན་ཏུ་ཕྲ་བ་སྤང་དཀའ་བ་འཇོམས་པ་ལའང་ཐོགས་པ་མེད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཕྲ་བ་དེ་ལྷག་མ་མེད་པར་བཅོམ་ནས་སྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ནི་མི་སློབ་པའི་ལམ་སྟེ། འདིའི་ལུས་ཀྱི་རྟེན་ནི་ཐུན་མོང་བ་འཛམ་བུའི་གླིང་པའི་རྒྱལ་རིགས་སམ། བྲམ་ཟེའི་རིགས་ལས་སངས་རྒྱ་བར་འདོད་ལ། ཐུན་མོང་མ་ཡིན་པ་ལྟར་ན་འོག་མིན་དུ་སངས་རྒྱ་བའི་རྟེན་གང་ཡིན་པའོ། །བསམ་པའི་རྟེན་བསམ་གཏན་བཞི་པའོ། །རྒྱུ་ནི་སློབ་པའི་ལམ་བཞིར་ཚོགས་གཉིས་མཐར་ཕྱིན་པའོ། །འབྲས་བུ་ནི་མངོན་རྟོགས་རྒྱན་ལས། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པ་ལྟར། ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་བ་མཐའ་དག་བྱང་ཆུབ་གསུམ་ལ་འགོད་པའོ། །མཚན་ཉིད་ནི་ཐེག་ཆེན་སྒོམ་ལམ་གྱི་རྗེས་སུ་འབྱུང་བའི་ཡེ་ཤེས་གང་ཞིག་སྤངས་རྟོགས་མཐར་ཕྱིན་པའི་ངོ་བོར་གྱུར་བའོ། །འདིའི་སྐབས་སུ་མཉམ་པར་མ་བཞག་པའི་དུས་མེད་པ་ལ་སོགས་པ་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། གཞན་ཡང་སྟོབས་བཅུ་དང་ནི་མིི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་མཐའ་དག་པ་མངོན་དུ་གྱུར་ཏེ་སངས་རྒྱས་པ་ཡིན་ནོ། །འདི་དག་གི་རྣམ་གྲངས་རྒྱས་པར་བཤད་ན་གསུམ་སྟེ། རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་སོ། །དང་པོ་རྟེན་སྐུ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ནི་གཅིག་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུའོ། །ཡང་ན་སྐུ་གཉིས་ཏེ། ཆོས་སྐུ་དང་གཟུགས་སྐུའོ། །ཡང་ན་སྐུ་གསུམ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའོ། །ཡང་ན་སྐུ་བཞི་སྟེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུའོ། །དང་པོ་ངོ་བོ་ཉིད་སྐུ་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པས་མཐར་ཐུགས་སངས་རྒྱས་ཀྱི་སའི་ཟག་པ་མེད་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་ལ་སོགས་པ་དེ་དག་གི་རང་བཞིན་ནམ་ཆོས་ཉིད་དེ་བཞིན་ཉིད་དག་པ་གཉིས་དང་ལྡན་པ་གང་ཡིན་པའོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ནི་མཁྱེན་ཆ་ཡེ་ཤེས་ཀྱི་རྣམ་གྲངས་སངས་རྒྱས་ཉིད་ཀྱི་ཐུགས་རྒྱུད་ན་བཞུགས་པའི་རྟོགས་པའི་ཆོས་རྣམས་ཏེ། སྔ་མ་ལས། བྱང་ཆུབ་ཕྱོགས་༡མཐུན་ཚད་མེད་དང་༢། །རྣམ་པར་༣ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་༤ཡི་བདག་ཉིད་དང་། །ཟད་པར་བཅུ་༥ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་༦། །ཉོན་མོངས་༧མེད་དང་སྨོན་མཁྱེན་༨དང་། །མངོན་ཤེས་༩སོ་སོ་༡༠ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་༡༡། །དབང་བཅུ་༡༢དང་ནི་སྟོབས་བཅུ་༡༣དང་། །མི་འཇིགས་པ་ནི་བཞི་དག་དང་༡༤། །བསྲུང་བ་མེད་པ་རྣམ་གསུམ་དང་༡༥། །དྲན་པ་ཉེར་བཞག་རྣམ་༡༦གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་༡༧། །བག་ཆགས་ཡང་དག་བཅོམ་པ་དང་༡༨། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་༡༩། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་༢༠བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་༢༡། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་ལྟར་སྡེ་ཚན་ཉེར་གཅིག་ལས། དང་པོ་བྱང་ཕྱོགས་སོ་བདུན་ནི། སྔར་ལམ་གྱི་དུས་ན་ཚོགས་ལམ་ནས་བཟུང་སྟེ་བྱང་ཕྱོགས་རིམ་གྱིས་རྫོགས་པ་རྣམས་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཐུགས་རྒྱུད་ལ་བཞུགས་པ་སྟེ་སྔ་མ་དག་དང་རྣམ་གྲངས་འདྲའོ། །ཚད་མེད་པ་བཞི་ནི་མདོ་སྡེའི་རྒྱན་གྱི་ལུང་དོན་སྔར་བཤད་པ་ལྟར་རོ། །རྣམ་པར་ཐར་པ་བརྒྱད་ནི། སྤྲུལ་པའི་ལམ་རྣམ་ཐར་གསུམ་དང་། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་པར་ཐར་པ་དང་བརྒྱད་དོ། །དང་པོ་སྤྲུལ་པའི་ལམ་ལ་གསུམ་ལས། ནང་གཟུགས་ཡོད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་བལྟས་ནས་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པ་བྱེད་པ་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། ནང་གཟུགས་མེད་པར་འདུ་ཤེས་པས་དེ་ལྟར་བྱེད་པ་གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར། དེ་ལྟར་སྤྲུལ་པར་གོམས་ཀྱང་གཟུགས་མཛེས་པ་དང་ཡིད་དུ་འོང་བ་སོགས་སྤྲུལ་འདོད་ཀྱང་མི་མཛེས་པ་དང་ཡིད་དུ་མི་འོང་བ་སོགས་ལ་སྤྲུལ་མི་འདོད་པ་ལྟ་བུ་བྱུང་ན་སྤྲུལ་པ་མི་རྫོགས་པས་དེའི་ཕྱིར་གཟུགས་མཛེས་པ་དང་མི་མཛེས་པ་གཉིས་ཀའང་ཕན་ཚུན་ལྟོས་པ་ཙམ་དང་བློས་བཏགས་པ་ཙམ་ལས་དོན་ལ་མེད་ཅིང་མཉམ་པར་བལྟ་བ་སྡུག་པའི་རྣམ་པར་ཐར་པ་དང་གསུམ། གཉིས་པ་གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ། ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་ཐར་པའོ། །གསུམ་པ་འགོག་པའི་རྣམ་པར་ཐར་པ་ནི། བསམ་གཟུགས་བརྒྱད་ཀ་ཐོབ་པའི་འཕགས་པས་ཚོགས་བདུན་འཁོར་དང་བཅས་པ་བཀག་ནས། ཀུན་གཞི་མ་གཏོགས་པའི་སེམས་མེད་པའི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ལ་སྙོམས་པར་ཞུགས་པའོ། །འདི་ལ་ཉན་ཐོས་རྣམས་རྣམ་པར་ཤེས་པ་ཚོགས་དྲུག་ལས་མི་བཞེད་པས་ཚོགས་དྲུག་བཀག་པའི་ལུས་ཙམ་མ་གཏོགས་སེམས་ཀྱི་རྒྱུན་མེད་ཀྱང་ཕྱིས་སེམས་འབྱུང་བ་ན་སྔར་འགགས་པའི་སེམས་ཀྱི་ས་བོན་ལས་སྐྱེ་བར་འདོད་པ་དང་། ཁ་ཅིག་ལུས་ལ་སེམས་ཀྱི་ས་བོན་ཡོད་པ་ལས་སྐྱེ་བར་འདོད་པ་དང་། ཡང་འགའ་ཞིག་ཡིད་ཤེས་ཕྲ་བ་མི་འགག་པར་འདོད་པ་ལ་སོགས་ཡོད་ཀྱང་ཐེག་པ་ཆེན་པོ་རྣམས་ཀུན་གཞི་ལས་སྐྱེ་བར་འདོད་དོ། །འདི་ལ་འཇུག་ནུས་པ་ནི་ཐེག་དམན་ལྟར་ན་གཉིས་ཏེ། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། ཕྱིར་མི་འོང་བསམ་གཟུགས་བརྒྱད་ཐོབ་པ་ཞིག་སྙོམས་པར་འཇུག་ནུས་སོ། །དེ་ལས་གཞན་གྱིས་མི་ནུས་ཏེ། སོ་སྐྱེ་ཐམས་ཅད་ནི་དུས་དང་རྣམ་པ་ཐམས་ཅད་དུ་ངར་འཛིན་དང་འབྲལ་མི་ཤེས་པས་ཉོན་ཡིད་དགག་མི་ནུས་ལ། རྒྱུན་ཞུགས་དང་ཕྱིར་འོང་ལ་སྲིད་རྩེའི་སེམས་ཐོབ་པ་མི་སྲིད་པས་དེ་ཤིན་ཏུ་ཕྲ་བའི་འགོག་པ་ལ་སྙོམས་པར་འཇུག་མི་ནུས་སོ། །དགྲ་བཅོམ་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་ཡང་སྲིད་རྩེའི་སེམས་མི་ཐོབ་པས་སྙོམས་པར་འཇུག་མི་ནུས་སོ། །དེས་ན་འགོག་པར་སྙོམས་པར་འཇུག་པ་ལ་ཕྱིས་གོམས་པའི་སྐབས་སུ་བསམ་གཟུགས་གང་རུང་ངམ། འདོད་པའི་སེམས་ལས་ཀྱང་འགོག་སྙོམས་ལ་འཇུག་ནུས་ཀྱང་དང་པོ་གསར་དུ་ཐོབ་པའི་ཚེ་ན། ཕྲ་བ་ཕྲ་བའི་མཇུག་ཐོག་ཏུ། །ཞེས་གསུངས་པས་སྲིད་རྩེའི་སེམས་དེ་འགྱུ་བ་ཕྲ་བས། དེ་ལ་བརྟེན་པའི་འདུ་ཤེས་དང་ཚོར་བའི་འགྱུ་བ་ཕྲ་རགས་འགོག་སླ་བས། དེ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པ་ཅན་གྱི་ཡིད་བཀག་ནས་འགོག་སྙོམས་མངོན་དུ་བྱེད་དོ། །མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ནི། བསམ་གཏན་བཞི། གཟུགས་མེད་བཞི། འགོག་པའི་སྙོམས་འཇུག་དང་དགུའོ། །རྣམ་ཐར་དང་སྙོམས་འཇུག་གི་ཁྱད་པར་ནི། རང་སའི་སྒྲིབ་པ་ལས་རྣམ་པར་ཐར་པས་ན་རྣམ་པར་ཐར་པ་དང་། ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་དང་། སེམས་དང་སེམས་བྱུང་ཆ་སྙོམས་པར་བྱེད་པས་ན་སྙོམས་འཇུག་གོ། །མཐར་གྱིས་གནས་པ་ཞེས་པ་ནི་སྙོམས་འཇུག་དགུ་པོ་འདི་དང་པོ་མངོན་དུ་བྱེད་པའི་ཚེ་མཐར་ཆགས་སུ་རིམ་གྱིས་རྒྱུད་ལ་སྐྱེ་ཡི་བསམ་གཏན་དང་པོ་མ་ཐོབ་གོང་དུ་གཉིས་པ་ཐོབ་པ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ནི། འབྱུང་བའི་ཟད་པ་བཞི། ཁ་དོག་གི་ཟད་པ་བཞི། ནམ་མཁའ་རྣམ་ཤེས་གཉིས་དང་བཅུའོ། །དེ་དག་གི་སྒོམ་ཚུལ་ནི། དང་པོ་ཟད་པར་རང་རང་གི་དམིགས་རྟེན་ལ་བརྟེན་ནས་ས་ས་ཞེས་པ་ལ་སོགས་པ་ལས་སེམས་གཞན་དུ་མི་ཡེངས་པར་རྩེ་གཅིག་ཏུ་ཡིད་ལ་བྱེད་ཅིང་། སེམས་ཟིན་པ་ན་ས་ལ་སོགས་པ་རྒྱ་ཆེན་པོར་སྤྲོས་ཏེ་བསྒོམ་པས་འགྲུབ་པའོ། །དམིགས་རྟེན་ནི་ས་ལ་ཆུའི་སྟེང་ན་གནས་པའི་སའི་ཟམ་པ་ལ་སོགས་པ་དང་། ཆུ་ལ་ནམ་མཁའ་ནས་ཆུ་དྲི་མ་མེད་པ་འབབ་པ། མེ་ལ་འོག་ཏུ་བུད་ཤིང་། བར་དུ་མེད། སྟེང་དུ་དུ་བ་དང་བཅས་པའི་མེ། རླུང་ལ་སྐར་ཁུང་ལ་སོགས་པ་ནས་རླུང་འོང་བས་ལུས་ལ་རེག་པ། ཁ་དོག་བཞི་པོ་མཐིང་ག་ལ་སོགས་པའི་ཚོན་གྱིས་དཀྱིལ་འཁོར་ཟླུམ་པོ་ཁ་དོག་གཞན་གྱིས་མཐའ་ཆོད་དང་བཅས་བྲིས་པ་དང་། ནམ་མཁའ་ལ་རྩིག་པ་ལ་སོགས་པའི་བུག་པའི་ནང་གི་ནམ་མཁའ། རྣམ་ཤེས་ལ་རྩིག་ཁུང་སོགས་ནས་ཉི་ཟླ་དང་སྒྲོན་མེའི་འོད་ཤར་བའི་འོད་ཀྱི་ཐིག་ལེ་རྣམས་སོ། །དེ་ལྟར་བསྒོམས་པས་གྲུབ་པ་ན། ས་གྲུབ་པས་ཆུ་ལ་ས་བཞིན་དུ་བྱེད་པ་དང་། ནམ་མཁའ་སར་བསྒྱུར་བ་དང་། ལུས་སར་བསྒྱུར་བ་སོགས་དང་། ཆུ་གྲུབ་པས་ཆུའི་ཆར་འབེབས་པ་དང་། ས་ལ་ཡང་ཆུ་ལྟར་བྱེའུ་འཛུལ་གྱིས་འགྲོ་བ་དང་། ལུས་ཆུར་བསྒྱུར་བ་སོགས་བྱེད། མེ་གྲུབ་པས་ལུས་མེ་དཔུང་དུ་བསྒྱུར་བ་དང་། དངོས་པོ་གཞན་དང་ཐ་མལ་གྱི་མེ་ལ་སོགས་པའང་སྲེག་པ་དང་། རླུང་གྲུབ་པས་རླུང་ལྟར་ཐོགས་པ་མེད་པར་འགྲོ་བ་དང་། ལུས་རླུང་དུ་བསྒྱུར་བ་དང་། ཁ་དོག་རྣམས་གྲུབ་པས་ལུས་དང་སྣང་བ་ཐམས་ཅད་སྔོན་པོ་སེར་པོ་དཀར་པོ་དམར་པོ་སྟེ་རྩ་བའི་ཁ་དོག་རང་རང་དུ་བསྒྱུར་བ་དང་། ནམ་མཁའ་དང་རྣམ་ཤེས་གྲུབ་པས་ལུས་དང་དངོས་པོ་མི་སྣང་བ་དང་། ལྷའི་མིག་གིས་ཡུལ་སྣང་བར་བྱེད་པ་ལ་སོགས་པའོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་རྣམས་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་དང་། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཐམས་ཅད་ཟིལ་གྱིས་མནན་སོགས་སྔར་ལྟར། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཐམས་ཅད་སོགས་སྔར་ལྟར། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཐམས་ཅད་སོགས་སྔར་ལྟར་ཏེ་དབྱིབས་ཟིལ་གྱིས་གནོན་པ་བཞི། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་ཐམས་ཅད་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་བ་སྟེ། ཁ་དོག་ཟིལ་གྱིས་གནོན་པ་བཞི་དང་བརྒྱད་དོ། །དེ་དག་གི་དོན་རང་གི་ལུས་ལ་གཟུགས་མེད་པའི་འདུ་ཤེས་བཞག་པ་དང་། ཡང་རང་གི་ལུས་ལ་གཟུགས་ཀྱི་འདུ་ཤེས་མི་བཤིག་པ་གཉིས་ཀྱི་སྒོ་ནས་ཕྱི་རོལ་གྱི་གཟུགས་མཛེས་པ་དང་། མི་མཛེས་པ་བཟང་པོ་དང་ངན་པ་སོགས་ལ་མཐའ་གཅིག་ཏུ་མི་ཞེན་པར་བལྟས་ནས་དེ་ལས་ཆེ་བ་དང་ཆུང་བ་སོགས་གཞན་དུ་བསྒྱུར་བས་སྤྲུལ་བསྒྱུར་བྱེད་པ་སྟེ། དེ་ཡང་ཞི་གནས་ཀྱི་སྒོ་ནས་ཟིལ་གྱིས་མནན་ནས་ཤེས། ལྷག་མཐོང་གི་སྒོ་ནས་ཟིལ་གྱིས་མནན་ནས་མཐོང་བའོ། །ནང་གཟུགས་ཡོད་པ་དང་མེད་པར་འདུ་ཤེས་པའི་དོན་ནི་སྤྲུལ་པ་བྱེད་པའི་ཚེ་སྤྲུལ་པ་པོ་རང་ཉིད་གཞན་ལ་སྣང་བ་དང་མི་སྣང་བའི་ཁྱད་པར་རོ། །ཡང་ན་གཟུགས་མེད་པར་འདུ་ཤེས་པ་ནི་གཟུགས་མེད་ཀྱི་སེམས་ཐོབ་པ་ཡིན་ན་ནི་སླ་ལ་མིན་ཀྱང་གཟུགས་མེད་པའི་འདུ་ཤེས་ཙམ་བཞག་དགོས་སོ། །ནང་གཟུགས་སུ་འདུ་ཤེས་པ་ནི་གཟུགས་མེད་པ་མ་ཐོབ་པ་ཡིན་ན་སླ་ལ་མིན་ཀྱང་གཟུགས་མེད་མངོན་དུ་མི་བྱེད་པར་གཟུགས་ཀྱི་འདུ་ཤེས་ཙམ་བཞག་པའོ། །དེས་ན་གཟུགས་མེད་ཀྱི་སེམས་ཐོབ་པ་ཡིན་ན་བསམ་གཟུགས་གང་རུང་ལ་བརྟེན་པ་དང་། གཟུགས་མེད་པ་མ་ཐོབ་པ་ཡིན་ན་བསམ་གཏན་བཞི་པ་ལ་བརྟེན་ནས་ཟིལ་གནོན་རྣམས་སྒོམ་པར་བཞེད་དོ། །ཉོན་མོངས་མེད་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོང་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་གསུངས་པ་ལྟར། ཉན་ཐོས་རྣམས་ཀྱིས་གྲོང་སོགས་སུ་འགྲོ་བའི་ཚེ་རང་ལ་བརྟེན་ནས་གཞན་ཆགས་སྡང་སོགས་སྐྱེ་བར་འགྱུར་མི་འགྱུར་མངོན་ཤེས་ཀྱིས་བརྟགས་ནས་སྐྱེ་བར་འདུག་ན་དེར་མི་འགྲོ་བ་དང་། རྫོགས་པའི་སངས་རྒྱས་ཀྱིས་ནི་དེ་ལྟར་དགོངས་ཚེ་དེར་ཆེད་དུ་གཏད་ནས་ཕེབས་ཏེ་ཆོས་སྟོན་པ་དང་རྫུ་འཕྲུལ་སོགས་ཀྱིས་བཏུལ་ནས་དེའི་རྒྱུད་ལ་ཕྱིན་ཆད་ཉོན་མོངས་པ་རྒྱུན་གཅོད་པའི་ཐབས་མཛད་པའོ། །སྨོན་གནས་མཁྱེན་པ་ནི། ཉན་ཐོས་ཀྱི་ཡིད་ཀྱིས་འདོད་པའི་དོན་གང་ཤེས་པར་འདོད་ཀྱང་དང་པོ་དོན་འདི་དང་འདི་ཤེས་པར་བྱའོ་སྙམ་ནས་རབ་མཐའི་བསམ་གཏན་ལ་སྙོམས་པར་ཞུགས་ནས་བརྟགས་པས་ཤེས་སོ། །སངས་རྒྱས་ཀྱིས་ནི། སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤང་དང་། །ཐོགས་པ་མེད་དང་རྟག་གནས་དང་། །དྲི་བ་ཀུན་ལན་འདེབས་པར་བཞེད། །ཅེས་གསུངས་པ་ལྟར་འབད་རྩོལ་ལ་མ་ལྟོས་པར་ལྷུན་གྱིས་གྲུབ་པ་དང་། ཉོན་སྒྲིབ་སྤངས་པས་མ་ཆགས་པ་དང་། ཤེས་སྒྲིབ་སྤངས་པས་མ་ཐོགས་པ་དང་། རྒྱུན་ཆད་མེད་པས་རྟག་ཏུ་གནས་པ་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྐད་མི་འདྲ་བ་དུ་མའི་སྒོ་ནས་སོ་སོར་དྲིས་ཀྱང་རང་རང་གི་སྐད་དང་བསམ་པ་བཞིན་ལན་མཉ མ་དུ་འདེབས་པ་དང་ཁྱད་ཆོས་ལྔ་ལྡན་ནོ། །མངོན་ཤེས་ལྔ་དང་སོ་སོ་ཡང་དག་པར་རིག་པ་བཞི་ནི་སྔར་བཤད་པ་དང་འདྲའོ། །རྣམ་པ་ཐམས་ཅད་དག་པ་བཞི་ནི། ལུས་ལེན་པ་དང་། གནས་པ་དང་། གཏོང་བ་ལ་མངའ་བརྙེས་པ་རྟེན་ལུས་དག་པ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སོགས་སྒྲུབ་པ་དང་བསྒྱུར་བ་ལ་མངའ་བརྙེས་པས་ལོངས་སྤྱོད་དག་པ་དམིགས་པ་དག་པ་དང་། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཐུགས་དག་པ་དང་། ཤེས་རབ་ལ་མངའ་བརྙེས་པས་ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱའོ། །དབང་བཅུ་སྟོབས་བཅུ་མི་འཇིགས་པ་བཞི་རྣམས་སྔར་དང་འདྲའོ། །བསྲུང་བ་མེད་པ་རྣམ་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཐམས་ཅད་ངང་གིས་དགེ་བས་སྤྱོད་ལམ་ཐམས་ཅད་ལ་གཞན་གྱིས་ཤེས་ཀྱིས་དོགས་ནས་བཅབས་དགོས་པའི་འཁྲུལ་བའི་མི་མངའ་བའོ། །དྲན་པ་ཉེར་བཞག་རྣམ་གསུམ་ནི། སངས་རྒྱས་རྣམས་ཆོས་འཆད་པའི་ཚེ་ཁ་ཅིག་གུས་པ་དང་བཅས་ཞེ་ས་དང་བཅས་རྣ་བ་བླགས་ཏེ་ཆོས་ཉན་པར་བྱེད་ཀྱང་དེ་ལ་རྗེས་སུ་ཆགས་པ་མེད། ཡང་ཁ་ཅིག་མ་གུས་པ་དང་། །ཞེ་ས་མེད་པ་དང་། རྣ་བ་གཏད་དེ་ཆོས་ཉན་པར་མི་བྱེད་ཀྱང་། དེ་ལ་ཐུགས་ཁྲོ་བ་མེད་པ་དང་། ཡང་ཁ་ཅིག་གུས་པས་ཉན་པར་བྱེད། ཁ་ཅིག་གུས་པས་ཉན་པར་མི་བྱེད་ཀྱང་དེ་ལ་ཆགས་སྡང་མི་མངའ་བའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི། སྔོན་བསྐལ་བ་དཔག་ཏུ་མེད་པའི་གོང་དུ་བྱུང་བ་རྣམས་ཀྱང་ཐུགས་ཀྱིས་མི་བརྗེད་པར་ད་ལྟར་བཞིན་དུ་མཁྱེན་པའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི། ཉན་རང་དགྲ་བཅོམ་པ་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་ཉོན་མོངས་པའི་བག་ཆགས་མ་བཅོམ་པའི་དབང་གིས་ལུས་ངག་གི་འཁྲུལ་པ་ཅུང་ཟད་མངའ་ལ། སངས་རྒྱས་རྣམས་ཀྱིས་བག་ཆགས་ཐམས་ཅད་ཟད་པར་བཅོམ་པས་ཉེས་སྤྱོད་འཁྲུལ་པའི་ཆ་ཙམ་ཡང་མི་འབྱུང་བའོ། །སྐྱེ་ལ་ཐུགས་རྗེ་ཆེན་པོ་ནི། སངས་རྒྱས་རྣམས་ནི་ཐུགས་རྗེ་ཆེམ་པོས་སེམས་ཅན་ཐམས་ཅད་ལ་དུས་དང་རྣམ་པ་ཐམས་ཅད་དུ་གཟིགས་ནས། སུ་ནི་དར། སུ་ནི་རྒུད། སུ་ནི་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་མཐོ་རིས་དང་ཐར་པའི་ལམ་དང་བདེ་བ་ལ་འགོད། སུ་ནི་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་དགྲོལ་བར་བྱ་སྙམ་པ་སོགས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དགོངས་པའོ། །མ་འདྲེས་པ་བཅོ་བརྒྱད་ནི་སྔར་བཤད་པ་དང་འདྲའོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཞེས་པའི་དང་སྒྲས་བསྡུས་པ་གཉིས་དང་མཁྱེན་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཐམས་ཅད་མཁྱེན་པ་ཉིད་དང་། གཞི་ཐམས་ཅད་མཁྱེན་པའོ། །དེ་ལ་དང་པོ་ནི། ཤེས་བྱའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐ་དད་པ་མ་འདྲེས་པར་མཁྱེན་པའོ། །གཉིས་པ་ནི། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལམ་གསུམ་ག་དོན་དམ་པར་སྐྱེ་བ་མེད་པ་དང་། ཀུན་རྫོབ་ཏུ་རྒྱུ་ངོ་བོ་འབྲས་བུ་དང་བཅས་པ་མཁྱེན་པའོ། །གསུམ་པ་ནི། གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་ཤེས་པའོ། །དེ་ལྟར་མཁྱེན་པའི་ཡེ་ཤེས་སྡེ་ཚན་ཉི་ཤུ་རྩ་གཅིག་པོ་དེ་དག་ལས་སྟོབས་བཅུ། མི་འཇིགས་བཞི། མ་འདྲེས་བཅོ་བརྒྱད། དྲན་པ་ཉེར་བཞག་གསུམ། བསྲུང་བ་མེད་པ་གསུམ། བག་ཆགས་ཡང་དག་བཅོམ་པ། ཐུགས་རྗེ་ཆེན་པོ་རྣམས་སངས་རྒྱས་ཁོ་ནའི་ཡོན་ཏན་ཡིན་ལ། དབང་བཅུ་སོ་སོ་ཡང་དག་པར་རིག་པ་བཞི་རྣམས་བྱང་སེམས་རྣམས་དང་ཐུན་མོང་དང་། བྱང་ཕྱོགས་སྙོམས་འཇུག་རྣམ་ཐར་སོགས་ཉན་རང་བྱང་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་བའི་ཡོན་ཏན་ནོ། །དེ་དག་ཉན་རང་དང་བྱང་སེམས་ཀྱི་ཐུགས་རྒྱུད་ན་བྱང་ཕྱོགས་སོགས་མཚན་ཉིད་པ་ཡོད་པ་ཙམ་ལ་ལྟོས་ནས་ཆོས་དབང་བཙན་དུ་བྱས་ཏེ་ཐུན་མོང་བའི་ཡོན་ཏན་ཞེས་བཞག་གིས། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ཁྱད་པར་ཅན་ལ་ལྟོས་ནས་རྒྱུད་དབང་བཙན་དུ་བྱས་ན་ནི་སྡེ་ཚན་ཉེར་གཅིག་པོ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནོ། །འདི་ལ་ཟིལ་གནོན་དང་རྣམ་ཐར་ལ་སོགས་པ་དང་པོ་སྒོམ་ཚུལ་དང་། མཐར་ཡང་ཏིང་ངེ་འཛིན་ལ་བརྟེན་ནས་མངོན་དུ་བྱེད་ཚུལ་སོགས་བཤད་པ་རྣམས་ནི་སྤྱིའི་དབང་དུ་བྱས་ཀྱི་སངས་རྒྱས་ཀྱིས་ནི་སྤྲུལ་པ་ལ་སོགས་དེ་དག་བཞེད་པ་ཙམ་གྱིས་ལྷུན་གྱིས་གྲུབ་པར་རྩོལ་བྱུང་གི་དགེ་བ་ཅུང་ཟད་ཀྱང་མི་མངའ་ལ། འགོག་པའི་སྙོམས་འཇུག་གསུངས་པའང་འགོག་པ་ལ་སྙོམས་པར་འཇུག་ནུས་པ་ཙམ་ལ་དགོངས་ཀྱི། དངོས་སུ་རྫོགས་པའི་སངས་རྒྱས་འགོག་པ་ལ་སྙོམས་པར་འཇུག་པ་མི་སྲིད་ཅེས་གསུངས་སོ། །དེ་ལྟ་བུའི་ཡོན་ཏན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་རྣམས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་རྟོགས་པའི་ཆོས་ཡིན་པས་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའོ། །གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པས། འོག་མིན་གྱི་གནས་སུ་བྱང་སེམས་ས་བཅུ་པ་རྣམས་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཅན་དེ་ནི་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་ཐེག་པ་ཆེན་པོ་ཁོ་ན་ལ་ལོངས་སྤྱོད་པའི་ཕྱིར་ན་ལོངས་སྤྱོད་རྫོགས་སྐུའོ། ། མཚན་བཟང་པོ་སོ་གཉིས་ལ་བཅུ་ཚན་གསུམ་དང་གཉིས་ལས། དང་པོ་ནི། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་བ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །ཞེས་པས་རུས་སྦལ་ཞབས་ནི། རུས་སྦལ་གྱི་ལྟོ་བ་ལྟར་ཞབས་ཀྱི་མཐིལ་ཐམས་ཅད་མཉམ་པར་ས་ལ་འཇོག་པས་ཞབས་མཐིལ་གྱི་གཤོངས་བུ་མེད་པ་དང་། བདུན་མཐོ་བ་ནི། ཕྱག་ཞབས་ཀྱི་རྒྱབ་བཞི། ཕྲག་གོང་གཉིས། ལྟག་པ་སྟེ་བདུན་པོར་གཤོངས་བུ་མེད་པར་ཤས་གང་བས་མཐོ་བའོ། །ཞབས་འབུར་མི་མངོན་པ་ནི། ཞབས་ལོང་བུའི་འབུར་མི་མངོན་པའོ། །སྤུ་གྱེན་དུ་ཕྱོགས་པ་ནི། བ་སྤུ་ཐམས་ཅད་གཡས་སུ་འཁྱིལ་བའི་རྩེ་མོ་གྱེན་དུ་ཕྱོགས་པའོ། །གཞན་ནི་གོ་སླའོ། །བཅུ་ཚན་གཉིས་པ་ནི། བྱིན་པ་ཨེ་ན་ཡའི་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་ལྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །ཞེས་པ་རྣམས་སོ། །བྱིན་པ་ཨེ་ན་ཡའི་འདྲ་ཞེས་པས་ཨེ་ན་ཡ་ནི། སེང་གེ་ཤར་བྷའམ། རྐང་པ་བརྒྱད་པའམ། བསེ་ཁ་སྒོ་ཞེས་པ་ཡིན་ཞེས་གཞུང་འགའ་ཞིག་ལས་བཤད། གང་ཡིན་ཀྱང་ཞབས་ཀྱི་བྱིན་པ་བྱིན་གྱིས་ཕྲ་ཞིང་སྙོམས་པའོ། །པགས་པ་གསེར་མདོག་ནི། གསེར་དྲི་མ་མེད་པ་ལྟར་དག་ཅིང་གསལ་བའི་དོན་ཡིན་གྱི་སེར་པོ་ཡིན་པའི་དོན་མིན་ཞེས་གསུངས་སོ། །རོ་སྟོད་སེང་གེ་འདྲ་བ་ནི། རོ་སྟོད་འཕེལ་ཀ་ཆེ་བའོ། །ཐལ་གོང་ཞེས་པ་ནི། ཕྲག་པ་གཡས་གཡོན་གྱི་བར་ཏེ་དེ་ན་སྒྲོག་རུས་ཀྱི་གཤོངས་མེད་པར་ཤས་གང་བའོ། །བཅུ་ཚན་གསུམ་པ་ནི། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐག་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །ཞེས་སོ། །རོ་མཆོག་སྣང་བ་ནི། རྟ་ཆས་ཀྱི་ནས་རུལ་བ་གསོལ་ཀྱང་ཚེམས་པར་དུ་སླེབས་ནས་ལྷའི་ཞལ་ཟས་རོ་བརྒྱ་བ་ལྟར་བསོད་པའོ། །ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་པ་ནི། ཤིང་གི་རྒྱལ་པོ་ནྱ་གྲོ་ཏ་ལྟར་ཆུར་དབུའི་སྤྱི་བོ་ནས་ཞབས་མཐིལ་གྱི་བར་དང་། ཞེང་དུ་ཕྱག་སོར་གྱི་རྩེ་ནས་ཕྱག་སོར་གྱི་རྩེའི་བར་འདོམ་གང་ཚད་ཤིན་ཏུ་མཉམ་ཞིང་རིང་ཐུང་མེད་པའོ། །ལྗགས་རིང་ཞིང་མཛེས་པ་ནི། རྫུ་འཕྲུལ་གྱི་རྣམ་རོལ་མ་མཛད་ཀྱང་ལྗགས་བརྐྱང་པས་ཞལ་གྱི་དཀྱིལ་འཁོར་སྒྲ་མཚམས་ཀྱི་བར་ཁེབས་པའོ། །རྫུ་འཕྲུལ་གྱི་སྤྲུལ་པའི་དབང་དུ་བྱས་ན་ནི་སྟོང་གསུམ་ལ་སོགས་པ་འགེབས་པའོ། །ཚངས་དབྱངས་ནི། གསུང་ཚངས་པའི་སྐད་ལྟར་སྙན་ཞིང་ཡིད་དུ་འོང་བ་དང་། དྲུང་ནས་ཉན་ཡང་གསུང་ཆེ་བར་མི་མངོན་ལ། རྒྱང་རིང་པོ་ནས་ཉན་ཡང་ཆུང་བར་མི་འགྱུར་བའོ། །འགྲམ་པ་སེང་གེ་འདྲ་བ་ནི། འགྲམ་པ་འཁྱིལ་ཆེ་ཞིང་ཟླུམ་པོར་འདུག་པའོ། །ཚད་མཉམ་པ་ནི། ཚེམས་ཐམས་ཅད་ཆེ་ཆུང་དང་རིང་ཐུང་མེད་པའོ། །ཐགས་བཟང་བ་ནི། ཚེམས་ཀྱི་བར་ན་བར་སྟོང་མེད་པའོ། །ལྷག་མ་གཉིས་ནི། སྤྱན་ནི་མཐོང་མཐིང་སྤྱན་རྫི་བ་མཆོག་གི། །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་པ་ལྟར། སྤྱན་རིན་པོ་ཆེ་མཐོན་ཀ་ཆེན་པོ་ལྟར་མཐིང་གར་འདུག་པ་དང་། སྤྱན་གྱི་རྫི་མ་བ་མཆོག་གི་རྫི་མ་ལྟར་མ་འཛིངས་ཤིང་དྲི་མ་མེད་པའོ། །དཔེ་བྱད་བརྒྱད་ཅུ་ནི་བཅུ་ཚན་བརྒྱད་དེ། བཅུ་ཚན་དང་པོ་ནི། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །ཞེས་པས་སོར་མོ་རྣམས་བྱིན་གྱིས་ཕྲ་བ་ནི། ཕྱག་སོར་རྣམས་ཚིགས་མདུད་མེད་པར་རྩ་བ་ནས་རིམ་གྱིས་ཕྲ་བའོ། །མདུད་པ་མེད་པ་ནི། རྩ་མདུད་མེད་པའོ། །ལོང་བུ་མི་མངོན་ཞེས་པའི་སྐབས་མཚན་བཟང་དུ་གཏོགས་པ་ནི་ལོང་བུ་ཆེན་པོ་ཡིན་ལ། དཔེ་བྱད་དུ་གཏོགས་པ་ནི་ལོང་བུ་ཆུང་ངུ་ཡིན་ཞེས་གསུངས་སོ། །ཞབས་མཉམ་པ་ནི། ཞབས་གཡས་གཡོན་གཉིས་རིང་ཐུང་མེད་པར་མཉམ་པའོ། །བཅུ་ཚན་གཉིས་པ་ནི། སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲར་རིམ་པར་འཚམས། །ཞེས་པས་མི་ཟིལ་གྱིས་གནོན་པ་ལ་མཁས་པས་སེང་གེ་ལྟར་གཤེགས་པ་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པས་གླང་ཆེན་ལྟར་གཤེགས་པ་དང་། ནམ་མཁའ་ལ་འགྲོ་བ་བྱའི་རྒྱལ་པོའི་སྟབས་སུ་གཤེགས་པ་དང་། ཚོགས་ཀྱི་སྣ་འདྲེན་པ་ལ་མཁས་པས་བ་གླང་དང་གླང་པོ་ཁྱུ་མཆོག་ལྟར་གཤེགས་པ་དང་སྟབས་གཤེགས་པ་བཞི། གཡས་ཕྱོགས་ནི། ཞལ་བསྐོར་ནས་གཤེགས་པའི་ཚེ་དུས་ནམ་ཡང་གཡས་ཕྱོགས་སུ་བསྐོར་ནས་གཤེགས་པ་དང་། མཛེས་གཤེགས་དང་དྲང་པོར་གཤེགས་པ་ཡན་གཤེགས་སྟབས་སོ། །འཁྲིལ་བག་ཆགས་པ་ནི། སྐུ་ཤ་མི་ལྷོད་པའོ། །རིམ་པར་འཚམས་པ་ནི། ཆེ་ཆུང་དང་སྦོམ་ཕྲ་རིམ་པར་འཚམས་པའོ། །བཅུ་ཚན་གསུམ་པ་ནི། གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཞེས་པས་སྐུ་དྲི་མ་མེད་པས་གཙང་བ་དང་། པགས་པ་འཇམ་པ་དང་། སྐུ་གནག་བག་མེད་པར་དག་པ་དང་། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡངས་པ་དང་། གཤེགས་པའི་ཚེ་གོམ་པ་ཆེ་ཆུང་མེད་པར་གོམ་པ་སྙོམས་པ་དང་། སྤྱན་དྲི་མ་མེད་པས་དག་པ་དང་། སྐུ་ཤ་མི་སྐེམ་པས་ཞུམ་པ་མེད་པ་སོགས་སོ། །བཅུ་ཚན་བཞི་པ་ནི། ཤིན་ཏུ་གྲིམ་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་པ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཞེས་པས་ཡན་ལག་འབྱེས་པ་ནི། ཡན་ལག་གི་སྐབས་ཕྱེད་པ་དང་། གཟིགས་པ་སྒྲིབ་མེད་ནི། སྤྱན་རབ་རིབ་ལ་སོགས་མེད་པ་དང་། དཀུ་ཟླུམ་ནི། ལྟེ་བའི་ཐད་ཀྱི་རྐེད་པ་ཟླུམ་པོར་ཡོད་པ་དང་། རྐེད་པ་ཕྲ་སྦོམ་གྱི་མཚམས་ལེགས་པར་འདོད་པས་སྐབས་ཕྱིན་པ་དང་། རྐེད་པ་མི་རིང་བས་སྐུ་མ་རྙོངས་པ་རྣམས་སོ། །ཕྱང་ངེ་བ་ནི། ཕྱལ་ཕྱང་ངེ་ཞེས་ལྟོ་བའི་ངོས་ཁོད་མི་མཉམ་པ་མེད་པ་དང་། ཀུན་ནས་ལྟ་ན་སྡུག་པ་ནི་སྐུ་ཐམས་ཅད་དོ། །བཅུ་ཚན་ལྔ་པ་ནི། ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །ཞེས་པས་ཕྱག་རིས་མདངས་ཡོད་པ་དང་། ཕྱག་རིས་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། མཆུ་བིམྤ་ཞེས་པས་ཤིང་ཏོག་བིམྤ་ལྟར་དམར་བ་སོགས་སོ། །བཅུ་ཚན་དྲུག་པ་ནི། དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །ཞེས་པས་ལྗགས་དམར་བ་དང་། མཆེ་བ་ཟླུམ་པ་ནས་བྱིན་གྱིས་ཕྲ་བའི་བར་དང་། ཤངས་གཟེངས་མཐོ་བ་དང་། ཤངས་སྣབས་ལུད་མེད་པར་མཆོག་ཏུ་དག་པ་སོགས་སོ། །བཅུ་ཚན་བདུན་པ་ནི། སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །ཞེས་པས། དེ་ཡང་མིག་གི་སྟེང་ན་སྐྱེ་བའི་སྤུ་ནི་སྨིན་མ་ཡིན་ལ། མིག་སྒོར་སྐྱེ་བ་ནི་རྫི་མའོ། །པདྨའི་འདམ་བ་འདྲ་བ་ནི། པདྨ་འདབ་མ་དང་ཟེའུ་འབྲུར་བཅས་ཁ་ཚང་བར་ཡོད་པ་ལྟར་དཀར་ནག་གི་མཚམས་ཕྱེད་ཅིང་མཛེས་པའོ། །སྙན་མཉམ་པ་ནི། སྙན་གཡས་གཡོན་མཉམ་པ་དང་། ཉམས་པ་རྣམ་པར་སྤངས་པས་དྲི་མ་མེད་པའོ། །བཅུ་ཚན་བརྒྱད་པ་ནི། དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་བས་མཚན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་པས་དཔྲལ་བ་ལེགས་པར་འབྱེས་པ་ནི་དཔྲལ་བའི་སྐྲ་མཚམས་ལེགས་པར་འདོད་པ་དང་། དབྱེས་ཆེ་བ་ནི་དབྲལ་བའི་ཁྱོན་ཆེ་བ་དང་། དབུ་སྐྲ་མ་འཛིངས་པ་ནི་དབུ་སྐྲ་ཉག་མ་ཕན་ཚུན་མ་འདྲེས་ཤིང་ནག་ནོག་ཏུ་གྱུར་བ་མེད་པ་དང་། མི་གཤོར་བ་ནི་དབུ་སྐྲ་གྱེན་དུ་མ་བརྫིས་པ་དང་། དབུ་སྐྲ་ལ་དྲི་ཞིམ་པོ་བྲོ་བས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང་། ཐུགས་ཀ་ན་དཔལ་གྱི་བེའུ་དང་ཕྱག་དང་ཞབས་ཀྱི་མཐིལ་ན་རི་མོ་གྲུ་བཞི་པ་བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་བ་ལ་སོགས་པས་བརྒྱན་པའོ། །མཚན་དང་དཔེ་བྱད་འདི་དག་ནི་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ཡིན་ལ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དངོས་ནི་ལོངས་སྤྱོད་རྫོགས་སྐུ་ཡིན་པས། འདི་དག་ལོངས་སྐུ་ལ་བཞག་པ་ཡིན་ལ། སྤྲུལ་སྐུ་ལའང་མཆོག་གི་སྤྲུལ་སྐུ་ལ་མཚན་དཔེ་འདི་དག་ཡོད་མོད་ཀྱང་། སྤྲུལ་སྐུ་གཞན་དོན་གདུལ་བྱར་སྣང་བ་ཙམ་ཡིན་པས་མཚན་དཔེ་དངོས་མ་བཞག་གོ། །མཚན་བཟང་རྣམས་ལས་དབུ་གཙུག་ཏོར་དང་། མཛོད་སྤུ་གཉིས་མ་གཏོགས་གཞན་རྣམས་འཁོར་ལོས་སྒྱུར་བ་ལའང་ཆ་འདྲ་ཙམ་ཡོད་ཀྱང་། སངས་རྒྱས་ཀྱི་མཚན་བཟང་གསལ་བ་དང་མཛེས་པ་སོགས་ཁྱད་པར་ཆེའོ། །མཚན་དང་དཔེ་བྱད་ཀྱི་སྒྲ་དོན་ནི། སྐྱེས་བུ་ཆེན་པོ་མཚོན་པར་བྱེད་པས་ན་མཚན་དང་། ནང་གི་ཡོན་ཏན་གྱི་དཔེ་ལྟ་བུ་ཕྱི་རོལ་ན་སྣང་བས་ན་དཔེ་བྱད་དོ། །བཞི་པ་སྤྲུལ་སྐུ་ནི། གང་གིས་སྲིད་པ་ཇི་སྲིད་དུ། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པས། སྲིད་པ་འཁོར་བའི་འཇིག་རྟེན་མ་སྟོངས་ཀྱི་བར་དུ་ཕན་བདེ་བསམ་གྱིས་མི་ཁྱབ་པར་མཛད་པའི་སྤྲུལ་སྐུ་གྲངས་མེད་པ་དུས་མཉམ་དུ་སྣང་ཞིང་དེ་ཡང་འཁོར་བ་མ་སྟོངས་བར་དུ་རྒྱུན་མི་འཆད་པའོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། ལེའུ་བཅུ་གསུམ་པར་འཆད་པ་ལྟར་མེ་ལོང་ལྟ་བུ་ལ་སོགས་པ་དང་། དེ་དག་ཀྱང་བསྡུ་ན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་དང་། དེ་ཡང་བསྡུ་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གོ། །གསུམ་པ་མཛད་པ་ཕྲིན་ལས་ནི། གདུལ་བྱ་རྣམས་ལམ་གྱི་རྟེན་ལ་འགོད་པ་དང་། ལམ་ལ་འགོད་པ་དང་། འབྲས་བུ་ལ་འགོད་པའོ། །དང་པོ་ལམ་གྱི་རྟེན་ལ་འགོད་པ་ནི། ངན་སོང་གི་སེམས་ཅན་རྣམས་ཐུགས་རྗེའི་འོད་ཟེར་ལ་སོགས་པས་རྒྱུད་སྦྱངས་ནས་མངོན་མཐོ་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཡང་དག་པའི་ཆོས་ཀྱི་སྣོད་དུ་རུང་བ་ལ་འགོད་པའོ། །གཉིས་པ་ནི། རིགས་ཅན་གསུམ་གྱི་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པར་ཐེག་པ་གསུམ་གྱི་ལམ་ལ་འགོད་པའོ། །གསུམ་པ་ནི། ལམ་དེ་དག་གི་འབྲས་བུ་མྱ་ངན་ལས་འདས་པ་ལ་འགོད་པའོ། །ཕྲིན་ལས་དེ་དག་ཀྱང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་དང་། བྱེད་པོ་ཡུལ་ཅན་ལ་ཡོད་པའི་ཕྲིན་ལས་སོ། །དང་པོ་ནི། གདུལ་བྱ་རྣམས་མཐོ་རིས་ཐོབ་པ་དང་ལམ་རྒྱུད་ལ་སྐྱེ་བ་སོགས་གདུལ་བྱའི་རྒྱུད་ཀྱིས་བསྡུས་ལ། གཉིས་པ་ནི། དེ་ལྟར་མཛད་པའི་ཐབས་སམ་ནུས་པ་སྟེ་སངས་རྒྱས་ཉིད་ཀྱི་ཐུགས་རྒྱུད་ཀྱིས་བསྡུས་པའོ། །བཞི་པ་ཕྱིན་དྲུག་གི་དོན་བསྡུ་བ་ནི། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་དང་། དེ་དག་གི་བརྗོད་བྱའི་དོན་རྣམས་ནི་དུས་གསུམ་དུ་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་སློབ་པ་ལམ་གྱི་གནས་སྐབས་ན་ཐོས་བསམ་བྱེད་པའི་གཞུང་དང་ཉམས་སུ་ལེན་པའི་ལམ་སྟེ། དེ་ཡང་སྔར་བཤད་པ་ལྟར་མཐར་འཛིན་དང་བྲལ་བའི་ལྟ་བས་ལམ་བསྒྲུབ་ཚུལ་ལ་མ་རྨོངས་ཤིང་། ཕྱིན་དྲུག་གི་སྤྱོད་པའང་རང་དོན་ཡིད་བྱེད་དང་། འཁོར་གསུམ་དུ་ཞེན་པའི་དྲི་མ་ཤིན་ཏུ་རྣམ་པར་དག་པ་སྟེ། དེ་ལྟ་བུའི་ཚོགས་གཉིས་པོ་དེ་མཐར་ཕྱིན་ནས་ངེས་པ་ལྔ་ལྡན་འོག་མིན་གྱི་ཞིང་དུ་འགྲོ་བ་སྟེ་དེར་མངོན་པར་སངས་རྒྱས་ཏེ་སྐུ་གཉིས་མངོན་དུ་འགྱུར་བའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའི་འགྲེལ་བ་སྟེ་དེ་ཡན་གྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་ཡོངས་སུ་གྲགས་པའི་རྒྱ་ཆེན་སྤྱོད་པ་དང་། ཟབ་མོ་ལྟ་བའི་གྲུབ་པའི་མཐའ་ལེགས་པར་གཏན་ལ་ཕབ་པའོ།།
༈ །།དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་རྫོགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ།། །།