Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅོ་ལྔ་པ།

5 occurrences of གཡོན་དུ་
[Clear Hits]


  
  
 
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར། མཁན་ཆེན་ཡོན་ཏན་རྒྱ་མཚོ།


5 occurrences of གཡོན་དུ་
[Clear Hits]

 
previousཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར། མཁན་ཆེན་ཡོན་ཏན་རྒྱ་མཚོ།no next

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར། མཁན་ཆེན་ཡོན་ཏན་རྒྱ་མཚོ།

སྨད་ཆ།
སཱུ རྱ ར སྨི ནཱ མ གུ ཎ རཏྣ ཀོ ཥ སྱ ཊཱི གྒ རྦྷཱ རྠ བྷཱ ས ཏི བི ཧ ར ཏི སྨ། །
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ད་ནི་ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེའི་ཐེག་པ་ལྟར་འཆད་པར་བྱ་སྟེ། འདི་ལ་གསུམ། ཁུངས་ལ་ཡིད་ཆེས་ནས་དོན་ལ་སྤྲོ་བ་བསྐྱེད་པའི་ཕྱིར་ལོ་རྒྱུས་བརྗོད་པ་དང་། ལོ་རྒྱུས་དང་ལྡན་པའི་ཆོས་དེ་ཇི་ལྟར་འཆད་པའི་ཐབས་བཤད་པ་དང་། བཤད་བྱ་གཞུང་གི་རང་བཞིན་དངོས་བཤད་པའོ། །དང་པོ་གསང་སྔགས་རྡོ་རྗེའི་ཐེག་པའི་ཆོས་ཀྱི་རྣམ་གྲངས་ཇི་ལྟར་བྱུང་བའི་ལོ་རྒྱུས་བརྗོད་པ་ནི། སྐལ་བ་དང་ལྡན་པ་རྣམས་ཀྱིས་རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་ཐུན་མོང་མ་ཡིན་པ་དག་ཐོས་པ་ཙམ་གྱིས་ཀྱང་མོས་པ་རྒྱ་ཆེན་པོ་ཐོབ་པ་འགྱུར་བས་ཐེ་ཚོམ་མི་ཟ་ནའང་། སྐལ་བ་དམན་པ་རྣམས་ཀྱིས་ནི། སངས་རྒྱས་སྤྲུལ་པའི་སྐུས་དངོས་སུ་མ་གསུངས་པ་དང་། འཕགས་པའི་ཡུལ་ཁོ་ན་ནས་མ་འགྱུར་བ་ཙམ་ལ་དཔག་ནས་ཡིད་མི་ཆེས་པ་འབྱུང་སྲིད་པའི་ཕྱིར་ན་ཇི་ལྟར་བྱུང་བའི་ལོ་རྒྱུས་བརྗོད་པར་བྱ་སྟེ། ཇི་སྐད་དུ་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང་། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱིས། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པས་ནང་རྒྱུད་ཡོ་ག་གསུམ་གཙོ་བོར་གྱུར་པའི་རྒྱུད་སྡེ་རྣམས་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱིར་སྔ་འགྱུར་རྙིང་མའི་རྒྱུད་སྡེ་བཀའ་མ་ཐམས་ཅད་བརྒྱུད་པ་གསུམ་ལྡན་དང་། གཏེར་མ་རྣམས་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་སུ་ངེས་པ་ལས། དང་པོ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པ་སྟེ་གསུམ་མོ། །གཉིས་པ་ནི། དེའི་སྟེང་དུ་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ་དྲུག་གོ། །གསུམ་པ་ནི། དྲུག་པ་དོར་ཏེ་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་དང་། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གཉིས་བསྣན་པས་བདུན་ནོ། །བཞི་པ་ནི། དེའི་སྟེང་དུ་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང་། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་དགུའོ། །དེ་དག་ལས་དང་པོའི་དབང་དུ་བྱས་ན། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པ་ལྟར་རྒྱལ་བ་རིགས་དྲུག་པ་ནས་ད་ལྟའི་བླ་མ་དམ་པ་རྣམས་ཀྱི་བར་དུ་བརྒྱུད་པ་གསུམ་གྱི་ཚུལ་དུ་བརྒྱུད་པའི་ཟམ་མ་ཆད་ཅིང་། བྱིན་རླབས་ཀྱི་དགོངས་བཅུད་མ་ཉམས་པ་ཞིག་གོ། །དེ་ལ་དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། གདོད་ནས་ཡེ་སངས་རྒྱས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཐུགས་རྗེའི་རྣམ་པར་འཕྲུལ་པ་ཚད་མེད་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་དང་། གནས་དང་། སྟོན་པ། སྐུ་བཞིར་སྣང་སྟེ། ཉིད་ལས་མི་གཞན་པའི་འཁོར་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་དང་རྒྱལ་བ་རྒྱ་མཚོའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ལ་ཆོས་ཐམས་ཅད་ཚིག་དང་བརྡའི་སྒོ་ནས་མ་གསུངས་ཀྱང་། ཐུགས་རྗེ་ཆེན་པོ་རང་རིག་པ་ཡེ་ཤེས་ཀྱི་རང་གདངས་འབད་མེད་ལྷུན་གྲུབ་ཏུ་གསལ་བ་ཉིད་ལས། སྟོན་པས་མི་གསུང་བར་གསུངས་པ་ན། འཁོར་རྣམས་ཀྱི་དོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་ཏེ་སྤངས་རྟོགས་ཀྱི་ཡོན་ཏན་དབྱེར་མེད་པར་གྱུར་པའོ། །དེ་ལྟར་སྟོན་འཁོར་དགོངས་པ་གཉིས་སུ་མེད་པར་བཞུགས་པ་དེའི་ངང་ལས་མ་གཡོས་བཞིན་དུ་གདུལ་བྱའི་ཁམས་སུ་ཆོ་འཕྲུལ་ཆེན་པོ་རྣམ་པ་གསུམ་སྣང་བར་མཛད་དེ། དེ་ཡང་སྐུའི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ནི། རང་བཞིན་དང་། འགྲོ་འདུལ་དང་། སྣ་ཚོགས་སྤྲུལ་པ་གསུམ་གྱི་བཀོད་པས་གདུལ་བྱའི་སྐལ་བ་དང་འཚམས་པར་དོན་མཛད་ཅིང་། གསུང་གི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ཡང་། སྟོན་པ་ཉིད་ཀྱི་གསང་གསུམ་དབྱེར་མི་ཕྱེད་པའི་དབྱིངས་ལས་སྐྱེ་མེད་མཚོན་པའི་ཡི་གེ་ཨ་ཉིད་རང་སྣང་བའི་རྣམ་པར་འཕྲུལ་པ་ཨཱ་ལིི་དང་ཀཱ་ལིའི་ཚོགས་རྣམས་ལས་མཚོན་བྱ་དང་མཚོན་བྱེད་ཐ་མི་དད་བཞིན་དོན་གྱི་དགོངས་པ་མཚོན་བྱེད་ཀྱི་ཡི་གེའི་ཚོགས་སུ་སྣང་ནས་གདུལ་བྱའི་དོན་ལྷུན་གྲུབ་ཏུ་འབྱུང་སྟེ། དེ་ཡང་སྒྲར་སྣང་རུང་ཙམ་སྟོན་པ་རིགས་དྲུག་པའི་དགོངས་པའི་ཀློང་ན་རང་གསལ་བ་རྒྱལ་བ་རིགས་ལྔ་ལ་སོགས་པའི་ཐུགས་སུ་ཆུད་པར་མཛད་པ་ཉིད། གསང་བདག་ལ་སོགས་པའི་གཞན་སྣང་གི་སྟོན་པས་སྒྲར་གྲགས་པའི་སྒོ་ནས་སྣང་བར་མཛད་པ་དེ། བློ་གྲོས་ཐབས་ལྡན་ལ་སོགས་པས་བརྡར་གྱུར་པའི་ཡི་གེའི་ཚོགས་སུ་བྱས་ནས་རིམ་པར་བརྒྱུད་དེ། ད་ལྟ་ཡང་ཡི་གེའི་ཕྱི་མོ་བརྡར་གྱུར་པའི་ཚུལ་དུ་ཡོད་པ་སོགས་ལས་འཆད་པ་པོའི་བློ་ལ་བརྗོད་བྱའི་དོན་མཚོན་པའི་སྒྲ་སྤྱི་སྣང་ནས་སྒྲར་གྲགས་པའི་ཚུལ་གྱིས་བཤད་པས་ཉན་པ་པོའི་བློ་ལའང་དེ་ལྟར་སྣང་བ་ནི་དེ་བཞིན་གཤེགས་པའི་གསུང་གི་ཆོ་འཕྲུལ་ཡི་གེའི་འཁོར་ལོའི་མཛད་པ་རྨད་དུ་བྱུང་བའོ། །ཐུགས་ཀྱི་སྤྲུལ་པ་ལྟར་སྣང་བའི་ཆོ་འཕྲུལ་ནི། ཡི་གེས་མཚོན་པར་བྱ་བའི་གནས་ལུགས་མ་འཁྲུལ་པའི་ཡེ་ཤེས་དེ། ཉིད་ཀྱི་ཐུགས་ལ་མངའ་བཞིན་རང་ལས་མི་གཞན་པའི་འཁོར་རྣམས་ཀྱི་ཐུགས་སུ་ཆུད་པར་བྱིན་གྱིས་བརླབས་ནས། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ཀྱི་ཀུན་རྟོག་གི་རྒྱུན་ཆོས་ཉིད་དེ་བཞིན་དུ་ངལ་གསོ་བར་བྱ་བའི་ཕྱིར་གསང་ཆེན་བླ་ན་མེད་པའི་ཐེག་པ་རྣམས་ཉིད་ཀྱི་དགོངས་པའི་ཀློང་ནས་ཉིད་ཀྱི་ཐུགས་ལ་མཁྱེན་པར་མཛད་ནས། དེ་ཉིད་དངོས་སུ་གོ་རྟོགས་ཀྱི་སྐལ་པ་དང་མི་ལྡན་པ་རྣམས་ལ་ལམ་སྟེགས་ཀྱི་ཐེག་པ་སྣ་ཚོགས་པར་སྣང་བས་དོན་ཟབ་མོ་མཚོན་ཏེ་ངོ་སྤྲོད་པར་བྱེད་པའོ། །གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ནི། སྐལ་བ་བཟང་པོ་དང་ལྡན་པའི་ལྷ་དང་མི་ལ་སོགས་པའི་གདུལ་བྱ་རྣམས་ལ་རིམ་གྱིས་བརྒྱུད་པ་སྟེ། དེ་ཡང་རིག་འཛིན་མི་མ་ཡིན་ལ་བརྒྱུད་པའི་ཚུལ། འཇམ་དཔལ་གཞོན་ནུར་གྱུར་པས་ལྷ་གྲགས་ལྡན་ཕྱོགས་སྐྱོང་ལ་བཤད། སྤྱན་རས་གཟིགས་ཀྱིས་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། ཕྱག་ན་རྡོ་རྗེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད་དེ། རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོར་གསུངས་པ་རྣམས་རིམ་གྱིས་དར་རོ། །རིག་འཛིན་མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། བསྐལ་པ་བཟང་པོའི་དུས་འདིར་སྟོན་པ་རིགས་དྲུག་པ་ཉིད་རྣམ་འདྲེན་སྟོང་གི་རྣམ་པར་འཕྲུལ་པ་ལས་བཞི་པ་བདག་ཅག་གི་སྟོན་པས་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཤིན་ཏུ་སྐལ་བ་དང་ལྡན་པའི་གདུལ་བྱ་འགའ་ཞིག་ལ་གསང་བ་སྔགས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱང་བསྟན་མོད་ཀྱི་ཁྱབ་བརྡལ་དུ་མ་གྲགས་པར་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ་འཁོར་འདུས་པའི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ཆོས་འདི་བར་གཏོགས་པའི་ངའི་སློབ་མ་ཇི་སྙེད་ཡོད་པ་རྣམས་སྡུས་ཤིག་དང་། ངེས་པར་བཞག་པར་བྱ་བ་དག་ཡོད་དོ་ཞེས་གསུངས་པ་དང་། རྫུ་འཕྲུལ་ཅན་དེས་ཐམས་ཅད་ཀྱིས་གོ་བར། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་བར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་བསྒྲགས་པས་དམ་པའི་རིགས་ཅན་ལྔ་མ་གཏོགས་པ་ཐམས་ཅད་འདུས་པར་གྱུར་ཏོ། །དེ་ལ་སྟོན་པས་ང་ཡོངས་སུ་མྱ་ངན་ལས་འདའ་བས་སུ་ལ་ཐེ་ཚོམ་མ་ཆོད་པ་ཡོད་པ་རྣམས་དྲིས་ཤིག་ཅེས་བཀའ་སྩལ་བ་དང་། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུ་ཛ་ར་ཞེས་བྱ་བ་དེ་རང་གི་སྟན་ལས་ལངས་ཏེ་སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་དུ་བལྟས་ནས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བ་དགོངས། །ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལེགས་པར། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་ཆེན་དཔག་གིས་མི་ལང་བ། །ངེས་པའི་ཐེག་པ་ཡོངས་མ་གསུངས། །ཞེས་པ་ལ་སོགས་པ་ཞུས་པའི་ལན་དུ། སྟོན་པའི་ཞལ་ནས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་ལྟས་བཟང་པོས་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་ཅན་དམན་པའི་རིགས། །ལང་ཀའི་བདག་པོ་ལ་སོགས་པར། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་དང་། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་གནས་སྐབས་བཅུ་གཉིས་སུ་འབྱུང་སྟེ། རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་། དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་། གདུལ་བྱ་སྐབས་ལ་བབས་པ་ན་ཡང་འབྱུང་། བྱིན་གྱིས་བརླབས་ལས་སྣང་བ་ན་ཡང་འབྱུང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། གང་གིས་ཆེད་དུ་མཛད་པ་ན་ཡང་འབྱུང་། ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་། ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། དགོངས་པ་རྣམ་པར་བགྲོ་བ་ན་ཡང་འབྱུང་། ཞེས་གསུངས་པས། ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཞེས་དང་། རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། ཞེས་ལུང་བསྟན་པ་ལྟར། མ་ཧཱ་ཡོ་གའི་རྒྱུད་སྡེ་རྣམས་སྟོན་པ་གཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། རྒྱལ་པོ་ཛཿལ་རྨི་ལྟས་བདུན་བྱུང་སྟེ། རང་གི་ཁང་སྟེང་དུ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻ་ཞུན་མས་ཡི་གེར་བྲིས་པའི་གསང་སྔགས་རྒྱུད་སྡེའི་པུསྟི་མང་པོ་དང་། ཕྱག་རྡོར་གྱི་སྐུ་ཁྲུ་གང་པ་ཞིག་བབས་པ་རྙེད་དེ། གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་ནས་དེ་དང་། ཕྱག་རྡོར་གྱི་སྐུ་ལ་བརྟེན་ཏེ་ཟླ་བ་དྲུག་ཏུ་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ་བྱིན་གྱིས་བརླབས་པས། གླེགས་བམ་རྣམས་ཀྱི་དོན་མ་ལུས་པ་མཁྱེན་ཏེ་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་གསུངས། དེས་སེང་ཧ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་ལ་གསུངས་པ་སྟེ་དེ་ཡན་ཆད་ཚོམ་བུའི་འཁོར་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་ཤིང་རིག་པ་ཁྱད་པ་ཅན་གྱི་བརྒྱུད་པ་ཟམ་མ་ཆད་པས་རིག་འཛིན་རིག་པའི་བརྒྱུད་པར་འདྲེན་པ་ཡིན་ནོ། །ལུང་ཨ་ནུ་ཡོ་གའི་བྱུང་ཚུལ་ནི། ཡང་དུས་དེའི་ཚེ་དམ་པའི་རིགས་ཅན་དྲྭ་མ་ལྔས་རི་མ་ལ་ཡའི་རྩེ་མོར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་གསལ་བྱེད་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ་བསྐུལ་ཏེ། གསང་བདག་གིས་རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་དྲྭ་མ་ལྔ་ལ་མདོ་དགོངས་པ་འདུས་པ་ལ་སོགས་པ་གསུངས་ཤིང་། དེའི་བྱིན་རླབས་ལས་ལུང་ཨ་ནུ་ཡོ་གའི་རྒྱུད་སྡེ་རྣམས་ལང་ཀའི་ཡུལ་ཞེས་གྲགས་པ་སིང་ག་ལའི་ནགས་ཚལ་དུ་བབས་པ་རྒྱལ་པོ་ཛཿནས་བརྒྱུད་པའང་ཡོད་ལ། གཞན་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཥའི་གླིང་དུ་ལག་ན་རྡོ་རྗེས། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་དཔལ་གསང་བའི་རྒྱུད་དང་མན་ངག་དང་། ཕུར་པ་དང་། མ་མོའི་རྒྱུད་ལ་སོགས་པ་གསུངས་ཏེ། དེ་དག་ཀྱང་ཨོ་རྒྱན་པདྨ་ཐོད་ཕྲེང་ལ་བཀའ་བབས་ནས་རིམ་པར་དར་རོ། །མན་ངག་ཨ་ཏི་ཡོ་ག་ཡང་དང་པོ་ལྷའི་ཡུལ་དུ་དར་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་བསྐུལ་བས་ཤྲཱི་བཛྲ་ས་ཏྭའི་ཐུགས་ཀ་ནས་རིན་པོ་ཆེ་རང་འབར་གྱི་འཁོར་ལོ་བྱུང་སྟེ། སེམས་དཔའ་རྡོ་རྗེ་ལ་གཏད་ནས། འདི་སྐད་དུ། གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་རྩོལ་མེད་ཡེ་སངས་རྒྱས། །དབུ་མ་ཆེན་པོ་གྲགས་པའི་ལམ། །འདུས་པའི་འཁོར་ལ་བསྟན་པར་གྱིས། །ཞེས་བསྐུལ་བས། སེམས་དཔའ་རྡོ་རྗེས་བཤད་པར་དམ་བཅས་པ། བཛྲ་སཏྭ་ནམ་མཁའ་ཆེ། །ཚིག་སྤྱོད་ཡུལ་མ་ཡིན་པ་ལ། །བདག་གིས་སྒྲོགས་པར་ཤིན་ཏུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་པས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པ་ཡི་རྣལ་འབྱོར་སྒྲོལ། །ཞེས་ཞལ་གྱིས་འཆེས་ནས་རིགས་ལྔའི་རྒྱལ་བ་རྣམས་ལས་རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་རང་བྱུང་གི་དགོངས་པ་རྒྱུ་འབྲས་ལས་འདས་པའི་ཆོས་ཨ་ཏི་ཡོ་གའི་དོན་རྣམས་སྒྲོ་འདོགས་བཅད་ཅིང་། རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་བླངས་ནས་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩེར་ལྷ་དེ་བ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ཞེས་བྱ་བ་ལ། རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བརྡའི་སྒོ་ནས་བསྐུར། །རྒྱུད་དང་མན་ངག་མང་པོ་དུས་མཐའི་སྐད་ཅིག་ལ་རྫོགས་པར་བསྟན་ནས་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོག །ཅེས་གསུངས་ཏེ། བསྟན་པ་ལྷ་གནས་གསུམ་དུ་རྒྱས་པར་གྱུར་ཏོ། །དེ་ནས་མི་ཡུལ་དུ་བྱུང་ཚུལ་ནི། རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་མཁའ་འགྲོའི་གླིང་དུ། རྒྱལ་པོ་ཨུ་པ་རཱ་ཛ་དང་། བཙུན་མོ་སྣང་གསལ་འོད་ལྡན་མ་གཉིས་ཀྱི་སྲས་མོ་མེ་ཏོག་གསལ་ཞེས་བྱ་བ་དགེ་སློང་མའི་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞིག་དགེ་སློང་མ་ལྔ་བརྒྱའི་འཁོར་དང་བཅས་ནས་གནས་པའི་ཚེ། ཕྱག་ན་རྡོ་རྗེ་བྱའི་རྒྱལ་པོ་ངང་པ་ཞིག་ཏུ་སྤྲུལ་ནས་ལྷའི་བུ་སེམས་ལྷག་ཅན་ཡི་གེ་ཧཱུྃ་དུ་བསྡུས་ནས་སྲས་མོའི་ཐུགས་ཀར་བསྟིམས་པ་ན། དེ་སྦྲུམ་མའི་རྣམ་པ་མེད་པར་ལོ་དུས་ན་ཐུགས་ཀ་ནས་རྡོ་རྗེ་རྩེ་དགུ་འོད་འབར་བ་ཞིག་བྱུང་སྟེ་ཞུ་བ་ལས་ཁྱེའུ་ཆུང་མཚན་དཔེས་བརྒྱན་པ། ཕྱག་གཡས་རྡོ་རྗེ་དང་།  གཡོན་རིན་པོ་ཆེའི་ཕྱག་ཤིང་ཐོགས་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ལ་སོགས་པ་ཞལ་འདོན་དུ next hit་མཛད་པ་ཞིག་བྱུང་བ་དེ་ལ་ཐམས་ཅད་དགའ་བའི་རབ་ཏུ་གྱུར་ཅིང་ཕྱག་ན་རྡོ་རྗེ་བསྣམས་པས་དགའ་རབ་རྡོ་རྗེ་ཞེས་བཏགས། ཐམས་ཅད་ཀུན་དགྱེས་པས་དགྱེས་པ་རྡོ་རྗེ། བཞད་པས་བཞད་པ་རྡོ་རྗེར་བཏགས་ལ། དེ་ཉིད་ཀྱིས་རྒྱལ་སྲིད་བཟུང་བ་ལ་ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར། ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྒྱུད་དང་མན་ངག་ཐམས་ཅད་དུས་མཐའི་སྐད་ཅིག་ལ་རྫོགས་པར་མཛད་དེ་བསྟན་པའི་བདག་པོར་དབང་བསྐུར་ཞིང་། དམ་ཅན་རྣམས་ལ་བསྟན་པའི་སྲུང་མར་གཉེར་གཏད་དོ། །སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བརྡ་བསྟན་པ་ཙམ་གྱིས་སྐད་ཅིག་ལ་རྟོགས། རྒྱུད་དང་མན་ངག་ཡོངས་སུ་རྫོགས་པ་གཏད་དོ། །དེས་ཤྲཱི་སིང་ཧ་ལ་གནང་ནས་རྟོགས་པ་མངོན་དུ་གྱུར། དེ་ནས་ཨོ་རྒྱན་སངས་རྒྱས་གཉིས་པ། མཁས་པ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མ་ལ་མི་ཏྲ་རྣམས་ཀྱིས་ཞུས་ཏེ། དེ་རྣམས་ཀྱང་བརྡ་ཐབས་བསྟན་པ་ཙམ་གྱིས་རྟོགས་པ་ཀློང་དུ་གྱུར་ཏེ་རིག་པ་འཛིན་པའི་ས་མཆོག་ལ་གནས་པར་གྱུར་པས་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ། །གསུམ་པ་གང་ཟག་རྣ་བར་བརྒྱུད་པ་ལ། རྒྱུད་མ་ཧཱ་ཡོ་ག་རྣམས། སྲས་མོ་གོ་མ་ས་ལས། ཀུ་ཀུ་རཱ་ཛ་ཕྱི་མ། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ་གསུམ་ལ་བཤད། ཕྱི་མ་འདི་གཉིས་ཀྱིས་བི་མ་ལ་མི་ཏྲ་ལ་བཤད་ནས་རིམ་བཞིན་དར་ཞིང་། ལུང་ཨ་ནུ་ཡོ་ག་རྒྱལ་པོ་ཛཿནས་བརྒྱུད་པའི་ཚུལ་འདི་དང་ཅུང་མི་འདྲ་བར་སྣང་ལ། བོད་དུ་བརྒྱུད་ཚུལ་ཡང་གནུབས་ཆེན་སངས་རྒྱས་ཡེ་ཤེས་རྒྱ་གར་དུ་བྱོན་ཏེ་སློབ་དཔོན་གསལ་བའི་རྒྱན་ལས་མདོའི་དབང་དང་གདམས་ངག་སོགས་ཞུས་ཤིང་། དྷ་ན་རཀྵི་ཏ་སོགས་ལས་གཙོ་བོར་གཞུང་བཤད་སོགས་ཞུས་ཏེ་བོད་དུ་བྱོན་ནས་གནུབས་ཡོན་ཏན་རྒྱ་མཚོ་ལ་བཤད་དེ་བརྒྱུད་པ་དང་། ཡང་སྲུ་ལེགས་པའི་སྒྲོན་མེ་སོགས་ནས་རིམ་གྱིས་ཟུར་གྱི་རིགས་ལ་བརྒྱུད་པའི་ཚུལ་ནི་རྒྱུད་དང་ཕལ་ཆེར་འདྲའོ། །དེ་ནས་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་བོད་དུ་ཇི་ལྟར་དར་བའི་ཚུལ་ནི། རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པའི་སྲས་བོད་དུ་འོང་བ་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས་པ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་དེ་བོད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་སྔ་བར་ཕེབས་པ་ནས་རྒྱལ་རབས་མང་ཞིག་སོང་བའི་ཚེ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་འཕགས་ཡུལ་གྱི་པཎྜི་ཏ་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་མདོ་སྔགས་ཀྱི་ཆོས་ཐམས་ཅད་བསྒྱུར་ཏེ། མཁན་པོས་འདུལ་བ་དང་མདོ་སྡེའི་སྲོལ་བཟུང་། སློབ་དཔོན་པདྨ་དང་བི་མ་ལ་མི་ཏྲས་སྔགས་ཀྱི་སྲོལ་བཙུགས་ནས་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་དར་རྒྱས་སུ་མཛད་པ་ཡིན་ནོ། །དེའི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། པཎ་ཆེན་བི་མ་ལ་མི་ཏྲ་གཉིས་ཀྱིས་ཐུགས་སྲས་རྗེ་འབངས་གྲོགས་གསུམ། ཉང་བན་ཏིང་འཛིན་བཟང་པོ་ལ་སོགས་པ་སྣོད་དང་སྐལ་བ་ལྡན་པ་རྣམས་ལ་ཤན་འབྱེད་ལ་བཟླ་རང་གྲོལ་མངོན་སུམ་དུ་སྟོན་པ་རྫོགས་ཆེན་ཨ་ཏི་ཡོ་ག་ལ་སོགས་པ་ནང་རྒྱུད་སྡེ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་རིམ་བཞིན་བདག་ཅག་གི་བླ་མ་རྣམས་ཀྱི་བར་དུ་བརྒྱུད་པ་ཡིན་ལ། ཁྱད་པར་དུ་བསྟན་བཅོས་འདི་ཉིད་མཛད་པ་པོ་རིག་འཛིན་འཇིགས་མེད་གླིང་པ་ནི། འཕགས་པ་སེམས་ཉིད་ངལ་གསོ་དངོས་སུ་དགེ་བའི་བཤེས་གཉེན་གྱི་ཚུལ་བཟུང་ནས་པདྨ་སཾ་བྷ་ཝ་དང་བི་མ་ལ་མི་ཏྲ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པ་ལས་དགོངས་བརྡའ་སྙན་བརྒྱུད་ཀྱི་བརྒྱུད་གསུམ་ཆིག་རྫོགས་སུ་བླངས་ཏེ་ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས་ལ་བསྟན་པ་ཡོངས་རྫོགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མངོན་པར་རྫོགས་པར་སངས་རྒྱས་སུ་བཞུགས་པ་ཡིན་ཏེ། ཇི་སྐད་དུ། ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་དམ་པ་སངས་རྒྱས་དངོས། །ཞེས་པ་ལྟར་རོ། །དེ་ཡང་མན་ངག་གི་བསྟན་བཅོས་ཀྱི་གཞུང་འདི་ཉིད་དམ་པ་དེ་ཉིད་ལས། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསན་ཞིང་། དེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་གནང་སྟེ། དེ་ལས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་གསན་ཞིང་། དེ་ལས་བཀའ་དྲིན་མཚུངས་པ་མེད་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན༧་ཨོ་རྒྱན་བསྟན་འཛིན་ནོར་བུས་གསན་ཏེ། དེས་ཐུགས་བརྩེ་བ་ཆེན་པོས་བདག་ལ་རྗེས་སུ་སྩལ་བ་ཡིན་ནོ། །གཉིས་པ་ལོ་རྒྱུས་དང་ལྡན་པའི་ཆོས་དེ་ཇི་ལྟར་འཆད་པའི་ཐབས་བཤད་པ་ལ་གསུམ་སྟེ། སློབ་དཔོན་གྱིས་འཆད་ཚུལ། སློབ་མས་ཉན་ཚུལ། དཔོན་སློབ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་བཤད་པའོ། །དང་པོ་ནི་སྤྱིར་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད་དེ་སྔར་བཤད་པ་ལྟར་རོ། །ཐུན་མོང་དུ་ནི་སྤྱི་དོན་གྱིས་ཁོག་དབུབ། དཀྱུས་ཀྱིས་ས་བཅད། ཚིག་གི་འབྲུ་གཉེར་བའི་སྒོ་ནས་འཆད་ཅིང་དེར་དགོས་པ་ཤེས་པར་བྱ་བ་དང་། ཚིག་ཕན་ཚུན་མཚམས་སྦྱར་བ་དང་། མི་འཐད་པར་དོགས་པ་ལ་བརྒལ་བའི་ལན་སྟོན་པ་དང་། རིགས་པའི་འཐད་པ་དང་བཅས་པའི་སྒོ་ནས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་དང་བྲལ་བར་ངེས་པའི་ཤེས་པ་ཡང་དག་པ་བསྐྱེད་པའི་ཚུལ་དུ་བཤད་པར་བྱ་བ་ནི་སྤྱིར་བཏང་ངོ་། །བྱེ་བྲག་ཏུ་བཤད་པ་ལ་སྤྱིར་འཇིག་རྟེན་ལས་འདས་པའི་ཐེག་པ་དམ་པའི་ཆོས་ཀྱི་སྒོ་ཐམས་ཅད་ཐེག་པ་རིམ་པ་དགུར་བསྡུས་ནས་དེ་དག་གི་རིམ་པ་དང་མཐུན་པར་སོ་སོའི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྒོ་ནས་དེ་དག་རེ་རེའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཁྱད་པར་རྣམས་མ་འདྲེས་པར་འཆད་པ་དང་། ཕྱི་པ་དང་ནང་པའི་གྲུབ་པའི་མཐའ་སྣ་ཚོགས་པ་སོ་སོར་དབྱེ་ཞིང་འཆད་པར་བྱ་བ་ཡིན་ནོ། །ཁྱད་པར་དུ་གསང་བ་སྔགས་ཀྱི་ཐེག་པ་མཐའ་དྲུག་དང་ཚུལ་བཞིས་བཅིངས་པའི་དོན་ཕྱིན་ཅི་མ་ལོག་པར་རང་གིས་རྟོགས་ནས་གཞན་ལ་མོས་པ་དང་འཚམས་པར་སྟོན་པ་སྟེ། འདི་དག་མ་ཧཱ་ཡོ་གའི་འཆད་ཐབས་སུ་གསུངས་པའི་རྒྱན་བདུན་ལས་གསུམ་པ་དང་བཞི་པ་ཡིན་མོད་ཀྱི། གསང་སྔགས་ནང་གི་རྒྱུད་སྡེ་སྤྱི་དང་། དེར་གཏོགས་པའི་མན་ངག་གི་བསྟན་བཅོས་རྣམས་ཀྱང་ཚུལ་འདི་དང་མི་འགལ་བར་འཆད་དགོས་པ་ཡིན་ནོ། །དེ་ལ་མཐའ་དྲུག་ནི་གལ་པོ་ལས། རྒྱས་བཤད་མཐའ་ནི་རྣམ་པ་དྲུག །དྲང་དོན་ངེས་དོན་དགོངས་པས་བཤད། །དགོངས་མིན་སྒྲ་ནི་ཇི་བཞིན་པ། །ཇི་བཞིན་མ་ཡིན་ཉིད་དུ་བཤད། །ཅེས་པ་ལྟར་དྲུག་གི། དོན་གྱི་མཐའ་ལ་བརྟེན་པ་ནི་དྲང་ངེས་གཉིས་སོ། །ཚིག་གི་མཐའ་ལ་བརྟེན་པ་ནི་དགོངས་དགོངས་མིན་གཉིས་སོ། །གཉིས་ཀའི་མཐའ་ལ་བརྟེན་པ་ནི་སྒྲ་ཇི་བཞིན་ཡིན་མིན་གཉིས་སོ། །དེ་ཡང་དང་པོ་གཉིས་ནི་རྡོ་རྗེའི་ཚིག་གཅིག་གིས་གདུལ་བྱ་ཡང་དག་པའི་སྐལ་བ་དངོས་སུ་མེད་པ་དང་ཡོད་པ་གཉིས་ལ་དོན་ཐ་དད་དུ་སྟོན་པ་ཏེ། བསྐྱེད་རིམ་ཡན་ལག་དང་བཅས་པ་སྟོན་པ་དྲང་དོན་དང་། རྒྱུ་རྒྱུད་དང་རྫོགས་རིམ་སྟོན་པའི་ཕྱོགས་ངེས་དོན་ཏེ། དཔེར་ན་རྒྱུད་ཀྱི་གཞུང་གཅིག་ལ་ཕྱི་ནང་གི་བཤད་ཚུལ་ཐ་དད་དུ་བྱུང་བ་ལྟ་བུའོ། །བར་པ་གཉིས་ནི། རྡོ་རྗེའི་ཚིག་ཐ་དད་པས་བསྐྱེད་རྫོགས་ཀྱི་དོན་གཅིག་དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་བཤད་དེ། འདི་ལྟར། གསང་སྙིང་ལས། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །སོར་ནི་བཞི་ཡི་ཚད་དུ་བྱ། །ཞེས་པ་ཡུམ་མཁའ་དང་དགའ་བཞི་ལ་གོ་དགོས་པ་ལྟ་བུའོ། །རྗོད་བྱེད་དངོས་བསྟན་གྱིས་བརྗོད་དོན་དགོངས་གཞི་ལ་ལྟོས་མི་དགོས་པར་གསལ་བར་གོ་བ་ནི་དགོངས་པ་ཅན་མིན་པའི་བཤད་པའོ། །ཐ་མ་གཉིས་ནི། ཕྱི་དཀྱིལ་སྦྱིན་སྲེག་སོགས་ཆོ་ག་རྣམས་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་ཚིག་གིས་གསུངས་པ་ནི་སྒྲ་ཇི་བཞིན་པ་དང་། ཐུན་མོང་མ་ཡིན་པའི་སྤྱོད་པ་བརླངས་པོ་སོགས་འཇིག་རྟེན་དང་བསྟན་བཅོས་གཞན་ལ་མ་གྲགས་པའི་བརྡས་བཅིངས་ཏེ་གསུངས་པ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ། དཔེར་ན་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་དང་། དམར་ཆ་ཐབས་ཀྱིས་ལྡོག་པ་ལ། ཐལ་རྒྱུད་ལས། མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཅེས་གསུངས་པ་ལྟ་བུའོ། །ཚུལ་བཞི་ནི། གལ་པོ་ལས། ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། །ཞེས་གསུངས་པ་ལྟར་བཞི་ལས། ཚིག་གི་དོན་ནི་ཡི་གེའི་འབྲུ་བསྣོན་མཚམས་ལ་གཞལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་འཆད་པའོ། །སྤྱིའི་དོན་ནི་སྔགས་ལམ་བདེ་ཞིང་མྱུར་བ་ལ་མ་ཞུགས་པར། མདོ་ལམ་བུལ་ཞིང་དཀའ་ཐུབ་ཀྱི་ལམ་ལ་ཞུགས་པར་འགྱོད་ན་དེ་ཡང་སྔགས་ཀྱི་ལམ་སྟེགས་ཡིན་པའི་ཚུལ་འཆད་པ་དང་། ཡང་སྔགས་ལམ་གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུ་དང་། སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན་མདོ་ལམ་དུའང་གཙང་སྨེར་ཞེན་འཛིན་མ་སྤངས་ན་མཉམ་པ་ཉིད་ཀྱི་དོན་མི་མཐོང་བར་བཤད་པ་དང་། དགེ་བའི་སེམས་ཀྱིས་གང་སྤྱོད་ཀྱང་ཞེན་འཛིན་མེད་ན་བསོད་ནམས་ཀྱི་ཚོགས་སུ་འགྱུར་བར་གསུངས་ཏེ་དེད་དཔོན་སྙིང་སྟོབས་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་ལ་སོགས་པ་བསོད་ནམས་འཕེལ་བའི་རྒྱུར་སོང་ཚུལ་དུ་བཤད་པ་སྟེ་མདོ་སྔགས་ཀྱི་བསླབ་པ་ཐུན་མོང་བའི་ཕྱིར་སྤྱི་དོན་ནོ། །ཡང་རྟེན་དང་བརྟེན་པ་གཞལ་ཡས་ཁང་དང་ལྷར་བསྒོམ་པ་སོགས་ནི་བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པའི་ཕྱིར་སྤྱི་དོན་ནོ། །སྦས་པའི་དོན་ནི། གཞན་ལུས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་དང་། རང་ལུས་རྩ་རླུང་ཐིག་ལེའི་བྱེད་བཅིངས་སོགས་སྦས་དོན་དུ་འཆད་པའོ། །འདི་སྤྱི་མཐར་གཉིས་ཀྱི་དབུས་སུ་ཚུད་པས་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པའོ་ཞེས་ཀྱང་གསུངས་སོ། །མཐར་ཐུག་གི་དོན་ནི། དོན་དམ་འོད་གསལ་གྱི་དགོངས་པ་དང་། བདེན་གཉིས་ཟུང་འཇུག་གི་གནས་ལུགས་རྟོགས་པ་ལམ་དང་འབྲས་བུའི་མཐར་ཐུག་ཡིན་ཚུལ་དུ་འཆད་པ་སྟེ་ཚིག་དེའི་བརྗོད་བྱ་ལྷག་མ་མ་ལུས་པར་མུར་ཐུག་པས་ན་མཐར་ཐུག་གོ། །དེ་དག་གང་ལ་བཤད་པའི་ཡུལ་ཡང་། སྒྲ་ཇི་བཞིན་པ་དང་། དེ་དང་ཐུན་མོང་བའི་དགོངས་མིན། དྲང་དོན། ཚིག་དོན། སྤྱིའི་དོན་ཏེ་བསྐྱེད་རིམ་འཁོར་བཅས་ནི་ཚོགས་བཤད་ཡིན་ལ། སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན། དགོངས་བཤད། སྦས་དོན། མཐར་ཐུག་གི་དོན་རྣམས་ཏེ་རྫོགས་རིམ་འཁོར་བཅས་ནི་སློབ་བཤད་དོ། །ཐུན་མོང་མ་ཡིན་པའི་དགོངས་མིན་ནི་སྦས་མཐར་གཉིས་སུ་འདུས་པ་ཡིན་ནོ། །དེས་ན་སློབ་མའི་རྒྱུད་ཚོད་དང་བསྟུན་ཏེ་འཆད་ཚུལ་དེ་ལྟ་བུའི་སྒོ་ནས་བཤད་དགོས་ཀྱི། གཞན་དུ་ན་དེའི་དོན་དུ་མི་འགྱུར་ཞིང་གསང་སྒོ་འཆོལ་བར་འགྱུར་བས་གར་བབ་བབ་ཏུ་ཅི་དགར་འཆད་པར་མི་བྱའོ། །གཉིས་པ་སློ་མས་ཉན་ཚུལ་ལ་གཉིས་ཏེ། ཀུན་སློང་དང་། ཀུན་སྤྱོད་དོ། །དང་པོ་ཀུན་སློང་ལའང་གཉིས་ཏེ། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ངོ་། །དང་པོ་ནི་འདི་ལྟར་འཁོར་བ་ན་རྒྱུ་བའི་སེམས་ཅན་འདི་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་ཡིན་ཀྱང་། གློ་བུར་འཁྲུལ་རྟོག་གིས་བསྒྲིབས་ནས་སྡུག་བསྔལ་རྒྱུ་འབྲས་ཀྱི་མཐའ་ལ་གཅུར་བ་འདི་རྣམས། རླབས་ཆེན་པོའི་ཕྲིན་ལས་ཀྱིས་འཁོར་བ་མིང་མེད་པར་བྱས་ནས་གདོད་མའི་ས་ལ་དགྲོལ་བར་བྱ་བའི་ཕྱིར། མྱུར་ལམ་ཟབ་མོ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ། བསྐྱེད་རྫོགས་ཟབ་མོའི་གནད་ལ་བརྟེན་ནས་སྔགས་ཀྱི་ཕྱིན་དྲུག་ལ་བསླབ་ཏེ་བསྒོམ་པས་ཉམས་སུ་བླང་བར་བྱའོ་སྙམ་དུ་སྙིང་ཐག་པ་ནས་བསམ་པར་བྱའོ། །གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱིི་ཀུན་སློང་ནི། སྔགས་ཀྱི་ཐེག་པ་ནི་ཐབས་མང་ཞིང་ཟབ་པ་ལ་སོགས་པའི་ཕྱིར་མྱུར་བའི་ལམ་སྟེ། དེའི་རྩ་བ་ཡང་གནས་ཚུལ་དང་མཐུན་པར་བློ་ཞུགས་ནས་འདུན་པ་བསྒྱུར་བ་ལ་ཐུག་པས་ན། ཆོས་འཆད་ཉན་བྱེད་པའི་གནས་ལ་སོགས་པ་མ་དག་པའི་སྣང་བ་འདི་ལྟར་མི་ལྟ་བར། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། རིག་འཛིན་བརྡའི་བརྒྱུད་པའི་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མའི་རང་བཞིན། ཆོས་ཕུན་སུམ་ཚོགས་པ་ཐེག་པ་བླ་ན་མེད་པ་རང་བཞིན་འོད་གསལ་བའི་དགོངས་པ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར་གསལ་གདབ་པར་བྱ་སྟེ། དེ་ཡང་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པ་ཙམ་ལས། མ་ཡིན་པ་ཞིག་ཡིན་པར་གཟོད་གསལ་འདེབས་པ་མ་ཡིན་ཏེ། བླ་མ་ནི་སྐུ་གསུམ་གྱི་བདག་ཉིད་མཆོག་གསུམ་རྩ་བ་གསུམ་གྱི་ངོ་བོར་བཞུགས་པས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་སྙིགས་མའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་ཅིང་། ཡོན་ཏན་གྱི་ངོས་ནས་སངས་རྒྱས་རྣམས་དང་མཉམ་པ་ཡིན་ལ། ཆོས་ཉན་པའི་འཁོར་རྣམས་ཀྱང་། གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་གིས་ཟིན་པས་མ་འོངས་པའི་སངས་རྒྱས་སུ་གདོན་མི་ཟ་ལ། གནས་དུས་ཆོས་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་སྟེ། རྒྱུད་ལས། ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་སངས་རྒྱས་ཞིང་། །སྙིགས་མ་ང་ཉིད་བདེ་ལྡན་གནས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཞེས་པ་ལྟར་རོ། །གཉིས་པ་ཀུན་སྤྱོད་ནི། སྔར་བཤད་བྱའི་ཡན་ལག་གི་སྐབས་སུ་བཤད་པ་ལྟར་སྤང་བླང་མ་འཛོལ་བར་བྱས་ཏེ། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་ལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་པ་ལ་སོགས་པ་ལྟར་གུས་པའི་སྤྱོད་ལམ་དང་བསམ་པས་མཉན་པར་བྱའོ། །གསུམ་པ་དཔོན་སློབ་དེ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ནི། །རྡོ་རྗེ་ཐེག་པའི་ཆོས་ནི་དབང་ཐོབ་ཅིང་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཉེས་པའི་སྐྱོན་མ་བྱུང་བའམ། གལ་ཏེ་བྱུང་ཡང་ཕྱིར་བཅོས་པའི་ཐབས་ཀྱིས་དཔོན་སློབ་གཉིས་ཀའི་རྒྱུད་རྣམས་པར་དག་པ་ཞིག་མ་བྱས་ན་དོན་དང་ལྡན་པར་མི་འགྱུར་བས། གཞུང་འདི་ཉིད་འཆད་པའི་སྐབས་སུ་ཡང་། བླ་མ་རྣམས་ཀྱི་བཀའ་སྲོལ་ལ་སྔགས་ཀྱི་མགོར་དྲི་མེད་བཤགས་པའི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བའི་བཤགས་པ་ཕུལ་བ་བདེ་གཤེགས་སྤྱི་བཤགས་སུ་གྲགས་པ་དེའི་དོན་འགྲེལ་ཞིང་ཉིན་རེ་བཞིན་བཤགས་པའི་ཚིག་དེ་དང་། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་བར་མཛད་པས་དེ་བཞིན་དུ་བྱ་ཞིང་རྒྱུད་དག་པར་བྱས་ནས། སྔར་བཤད་པའི་ཆིངས་ཆེན་པོ་ལྔའམ་གསུམ་གྱིས་བཅིངས་ཏེ་འཆད་ཉན་བྱ་ཞིང་། དེའི་ཚེ་ནའང་ཉལ་བ་དང་རྐང་ལག་རྐྱོང་བ་སོགས་ལུས་ཀྱི་གནས་ངན་ལེན་དང་། རྩེད་མོ་དང་ཀྱལ་ཀ་དང་ཅ་ཅོ་དང་ཞེ་སྡང་བའི་བརྒལ་ལན་དང་། ཧ་ཅང་རྟོག་གེར་འཆེལ་བའི་རྩོད་ངོར་ཐལ་བ་དང་། མན་ངག་མེད་པ་དང་། རྫུན་གྱི་མན་ངག་དང་། མ་སྨིན་པའི་སྐྱེ་བོའི་ཐོས་པ་དང་། རྙེད་གྲགས་ཀྱི་སེམས་དང་། འགྲན་སེམས་ཏེ་སྒོ་གསུམ་གྱི་སྐྱོན་བཅུ་གཅིག་པོ་དཔོན་སློབ་གཉིས་ཀས་སྤངས་ཏེ་བཤད་མ་ཐག་པ་ལྟར་སློབ་དཔོན་སྨྲ་བའི་རྒྱན་དང་ལྡན་པའི་སྒོ་ནས་འཆད་ཅིང་། ཉན་པ་པོས་ཀྱང་བསམ་སྦྱོར་ཕུན་སུམ་ཚོགས་པས་ལེགས་པར་ཉན་ལ་རྗེས་སུ་བཀའ་དྲིན་དྲན་པ་དང་། དགེ་བ་བསྔོ་བ་ལ་སོགས་པ་བྱའོ། །གསུམ་པ་བཤད་བྱ་གཞུང་གི་རང་བཞིན་དངོས་བཤད་པ་ལ་གསུམ་སྟེ། མདོ་སྔགས་ལམ་གྱི་ཁྱད་པར། གསང་སྔགས་རྒྱུད་སྡེའི་དབྱེ་བ། བླ་ན་མེད་པའི་ཐེག་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་མདོ་སྔགས་ལམ་གྱི་ཁྱད་པར་བཤད་པ་ནི། སྤྱིར་རྒྱལ་བས་སེམས་ཅན་རྣམས་ཀྱི་བློ་དང་འདུ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཐེག་པའི་རྣམ་དབྱེ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་མཐའ་དག་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ཐེག་པ་དམན་པ་དང་། ཐེག་པ་ཆེན་པོའོ། །ཆེན་པོ་ལའང་རྣམ་པ་གཉིས་ཡོད་པ་སྟེ། ཐེག་ཆེན་ཚུལ་སྒྲུབ་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། །ཞེས་སོ། །དེའི་རྒྱུ་མཚན་ཐེག་ཆེན་གྱི་གདུལ་བྱ་བྱང་ཆུབ་སེམས་དཔའ་དེ་ལའང་དབང་པོ་རྣོན་པོ་དང་ཤིན་ཏུ་རྣོན་པོའི་རིགས་ཅན་གཉིས་ཡོད་པའི་གཉིས་ཀའང་སྙིང་རྗེ་ཆེན་པོའི་གཞན་དབང་གིས་བླ་མེད་བྱང་ཆུབ་བསྒྲུབ་པར་མཚུངས་ཀྱང་སྒྲུབ་ཚུལ་མཚན་ཉིད་ཐེག་པ་ལས་བདེ་གཤེགས་སྙིང་པོ་ས་བོན་དུ་ཡོད་པ་ཙམ་ཚོགས་གཉིས་ཀྱི་རྐྱེན་ལས་གོང་འཕེལ་དུ་སོང་ནས་སངས་རྒྱས་ཐོབ་པར་འདོད་ཅིང་། རྒྱུ་འབྲས་སྔ་ཕྱི་འབྲེལ་བས་རྒྱུའི་ཐེག་པ་ཞེས་བྱ་ལ། སྔགས་སུ་སྙིང་པོ་དེ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྦྱང་གཞི་ཉི་མ་ལྟ་བུ་དེ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་འདུས་བྱས་ཀྱི་སེམས་གློ་བུར་བ་སྤྲིན་དང་འདྲ་བས་བསྒྲིབས་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱིས་སྦྱངས་པས། སྦྱངས་འབྲས་རང་ངོའི་ཡོན་ཏན་ཇི་བཞིན་པ་མངོན་དུ་འགྱུར་བར་འདོད་པ་སྟེ། དེས་ན་སྔགས་ཀྱི་ཐེག་པ་ཞེས་པའི་དོན་ནི། མ་ན་ཡིད་དང་ཏྲ་ཡ་སྐྱོབ་པའི་སྒྲ་བསྡུས་པས་མནྟྲ་ཞེས་བྱ་སྟེ། གང་སྐྱོབ་ན་ཡིད་ཤེས་ཏེ། དེ་ཡང་རིག་པ་ལ་བརྗོད་དེ། འབྲས་བུའི་གནས་སྐབས་སུ་ཡང་། རིག་པའི་ཡེ་ཤེས་ལ་ཡིད་ཅེས་བརྗོད་པའི་ཚུལ། གསང་སྙིང་ལས། བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའི། །ཞེས་སོ། །གང་ལས་སྐྱོབ་ན་གཟུང་འཛིན་དང་བཅས་པའི་ཚོགས་བརྒྱད་ལས། ཇི་ལྟར་སྐྱོབ་ན་བདེ་མྱུར་གྱི་ཚུལ་དུ་སྐྱོབ་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་སྟེ། དེའི་དོན་ནི་གཞི་གཏན་ལ་དབབ་པའི་དུས་སུ་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སེམས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་འབྲས་བུ་གཞི་ལ་གནས་པར་འདོད་པ་དང་། ལམ་ཉམས་སུ་ལེན་པའི་དུས་སུ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་དང་མཐུན་པའི་ལམ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་དང་། འབྲས་བུ་མངོན་དུ་བྱེད་པའི་དུས་སུ་ཚེ་ལུས་གཅིག་གིས་འབྲས་བུ་མངོན་དུ་བྱེད་པས་འབྲས་བུའི་ཐུས་ཀ་སྟེ་དཔེར་ན་སྨན་ཐམས་ཅད་ཀྱི་ནུས་པ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུ་ལམ་གྱི་མན་ངག་གི་ནུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་དོན་གྱིས་ན་དེ་སྐད་ཅེས་བྱ་བའམ། ཡང་ན་ནི་མཚོན་བྱེད་དཔེའི་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཆོས་ཉིད་དོན་དམ་པའི་རྡོ་རྗེ་བདེ་གཤེགས་སྙིང་པོའི་ཡིན་ལུགས་བླ་མས་ངོ་སྤྲད་པ་དེ་ཉིད་ཕར་མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པ་ལ་ཐོགས་པ་མེད་པ་དང་། ཚུར་མཚན་མའི་རྣམ་རྟོག་ཐམས་ཅད་ཀྱིས་གླགས་མི་རྙེད་པས་ན་རྡོ་རྗེ་སྟེ། དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་པས་ན་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་དང་། ཡང་སྦྱིན་པ་ལྟ་བུ་སྤྱོད་པའི་སྒོ་རེ་རེ་ཡང་ཐབས་དུ་མའི་སྒོ་ནས་སྒྲུབ་པས་ཐབས་མང་བ་དང་། ཉོན་མོངས་ལྔ་ཡང་ལམ་དུ་བྱེད་པས་ཐབས་མཁས་པ་དང་། འདོད་ཡོན་ལྔ་པོ་སྤང་མི་དགོས་པར་ལམ་དུ་བྱེད་པས་ཐབས་བདེ་བ་དང་། སྐལ་བ་དང་ལྡན་པའི་གང་ཟག་དབང་པོ་ཤིན་ཏུ་རྣོན་པོ་ཞིག་མ་གཏོགས་ཁོང་དུ་མི་ཆུད་པས་ཐབས་ཟབ་པ་དང་། ཚེ་གཅིག་གིས་ཀྱང་འབྲས་བུ་འགྲུབ་པས་ཐབས་མྱུར་བའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་ཀྱང་བྱ་ལ། རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་བླ་མས་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་རིག་འཛིན་ནི་གསང་སྔགས་ཉམས་སུ་ལེན་པའི་གང་ཟག་རྣམས་ཡིན་ལ། དེ་དག་གི་ཉམས་སུ་བླང་བྱའི་སྡེ་སྣོད་ཡིན་པས་ན་རིག་པ་འཛིན་པ་ཡི་སྡེ་སྣོད་ཞེས་གྲགས་ཤིང་། སྤྱིར་སྡེ་སྣོད་ཅེས་པའི་དོན་ཚིག་དང་དོན་གྱི་སྡེ་ཚན་དུ་མའི་སྣོད་ཡིན་པས་དེ་སྐད་བརྗོད་པ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར། འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ན་ཡང་བསྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་ཡོད་དེ་མཚན་ཉིད་ཐེག་པ་ལས། ཕྱི་སྣང་བའི་བདེན་ཞེན་ལྡོག་པ་ལ་སྒྱུ་མར་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས། ནང་ཕུང་པོ་ལྷར་མ་ཤེས་པས་གནས་པའི་དོན་ལ་རྨོངས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད། སྔགས་སུ་ཕྱི་འབྱུང་བར་སྣང་བ་ཡུམ་ལྔ། ནང་ཕུང་པོར་སྣང་བ་ཡབ་ལྔ། གསང་བ་རྟོག་ཚོགས་ཀུན་བྱང་ཆུབ་སེམས་དཔའ་སེམས་མ་ཡེ་ཤེས་ལྔའི་རང་བཞིན། ཐམས་ཅད་བདེན་པ་དབྱེར་མེད་དག་མཉམ་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས་བསྒོམ་ཞིང་། བླང་དོར་དང་འཛིན་ཞེན་མེད་པའི་ཐབས་མཁས་ཀྱི་སྤྱོད་པ་གོང་དུ་བཤད་པ་ལྟ་བུའི་སྒོ་ནས་འབྲས་བུ་ལ་མྱུར་དུ་སྦྱོར་བའི་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པའི་ལམ་ཡིན་པའི་ཕྱིར་རོ། །ཡང་རྒྱུན་ཆགས་པ་སྟེ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་ཡོད་པའི་དོན་གྱི་ངོས་ནས་བཤད་ན། ཏནྟྲ་ཞེས་པའི་སྒྲ་ལས་རྒྱུད་དེ། དེ་ཡང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཞེས་པས་རྒྱུད་ཅེས་པ་ནི་རྒྱུན་ཆགས་པའི་དོན་ཏེ། གང་ཞིག་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང་། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང་། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དེ་ལ་དང་པོ་གཞི་ཡི་རྒྱུད་ནི། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གནས་ལུགས་དོན་དམ་པའི་ཡེ་ཤེས་རང་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་འཆིང་གྲོལ་མེད་པར་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་པའི་དོན་ལ་བྱ་སྟེ། གསང་སྙིང་ལས། བཅིང་མེད་རྣམ་པ་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་སོ། །དེ་ལ་ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་ཅེས་བྱ་ཞེ་ན། དེ་ཉིད་ཐབས་ཀྱི་རྐྱེན་གྱིས་མ་ཟིན་ན་འཁོར་བ་དང་། ཟིན་ན་མྱང་འདས་སུ་སྣང་བས་དེ་གཉིས་ཀའི་འབྱུང་གཞིའམ་རྒྱུ་ལྟ་བུར་གྱུར་པས་དེ་སྐད་ཅེས་བརྗོད་དེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང་། མ་ཕམ་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐ་སྙད་ཙམ་དུ་དབྱེ་ན། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་སྦྱང་གཞི་ནོར་བུ་ལྟ་བུ་ཡིན་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་ལ། ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི། སྦྱང་བྱ་འདམ་རྫབ་ལྟ་བུ་སྟེ་མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་པ་བརྟགས་པའི་གཞི་ཞེས་གསུངས་ཏེ། འདི་འབྲས་བུའི་ཉེར་ལེན་གྱི་རྒྱུ་རྒྱུད་མཚན་ཉིད་པ་མ་ཡིན་པར་ཤེས་དགོས་སོ། །གཉིས་པ་ལམ་གྱི་རྒྱུད་ནི་གཞི་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པའི་ལྟ་བ་དང་། རང་བཞིན་ཡོངས་ཤེས་ཀྱི་དོན་བསྒོམ་པའི་ཏིང་ངེ་འཛིན་གྲོགས་སྤྱོད་པ་དང་བཅས་པ་ལ་བྱ་སྟེ། རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །དེ་ལ་ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་ཅེས་བྱ་ཞེ་ན། ཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང་། གང་གིས་གང་དུ་བགྲོད་པའི་རྟེན་ཡིན་པས་ལམ་སྟེ། མདོའི་དོན་བསྡུས་ལས། བགྲོད་དང་དེ་ཆོས་ལྡན་པ་དང་། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཡང་རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་འབྲས་བུ་ལ་ཉེ་བའི་ལམ་རྒྱུད་ཡིན་ལ། ཕྱི་རྒྱུད་རྣམས་ནི་རིང་བའི་ལམ་རྒྱུད་དོ། །ལམ་དེ་ལ་རྒྱུད་ཅེས་སྨོས་པའི་དོན་ནི། གཞི་ཤེས་བྱ་དང་ལམ་ཤེས་བྱེད་དུ་དང་། འབྲས་བུ་ཐོབ་བྱ་དང་ལམ་ཐོབ་བྱེད་དུ་འབྲེལ་བའི་ཕྱིར་དང་། ལམ་དང་པོ་བསྒྲུབ་པ་ནས་འབྲས་བུའི་བར་དུ་བར་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །གསུམ་པ་འབྲས་བུའི་རྒྱུད་ནི། གཞིའི་གནས་ལུགས་ལ་སྒྲིབ་པར་བྱེད་པའི་དྲི་མ་གློ་བུར་བ་རྣམས་ལམ་གྱིས་ཡང་དག་པར་སྦྱངས་ནས་གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ལ་བྱ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། གྲུབ་པའི་རྣལ་འབྱོར་རྣལ་འབྱོར་ཆེ། །ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང་། །བཏགས་པ་ཙམ་སྟེ་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །དེ་ཡང་གཉིས་པ་མེད་ཅེས་པ། གཞི་འབྲས་ངོ་བོ་བདག་གཅིག་གིས་འབྲེལ་བས་གཞི་ལས་ཐ་དད་པའི་འབྲས་བུ་མེད་པའི་དོན་ནོ། །དེ་ལ་ཅིའི་ཕྱིར་འབྲས་བུའི་རྒྱུད་ཅེས་བྱ་ཞེ་ན། བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པས་འབྲས་བུ་དང་། ནམ་ཡང་རྒྱུན་མི་འཆད་པས་རྒྱུད་དུ་བཞག་པ་ཡིན་ནོ། །དེས་ན་སྤྱིར་རྒྱུད་གསུམ་གྱི་རྣམ་གཞག་དེ་ལྟར་ཡིན་པའི་གནད་ཀྱིས་བྱེ་བྲག་ལམ་རྒྱུད་ཀྱི་དངོས་པོ་རྣམས་ཀྱང་མཚན་ཉིད་ཐེག་པ་ལས་འཕགས་ཆོས་དུ་མ་དང་ལྡན་པ་ཡིན་ལ། དེ་ལའང་ནང་གསེས་ཀྱི་དབྱེ་བ་བྱས་ན། རྗོད་བྱེད་སྒྲའི་རྒྱུད་དང་། བརྗོད་བྱ་དོན་གྱི་རྒྱུད་གཉིས་དང་། སྔ་མ་ལའང་། ལས་ཕྲ་མོ་སྒྲུབ་པའི་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དང་། མཆོག་དངོས་སྒྲུབ་པའི་ཐབས་སྟོན་པའི་སྒོ་ནས་དབྱེ་བ་དང་། རྩ་བའི་རྒྱུད་དང་ཡན་ལག་གི་རྒྱུད་ཀྱི་དབྱེ་བ་དང་། ཕྱི་ནང་གི་དབྱེ་བ་སོགས་མང་ན་ཡང་བསྡུ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ་དང་། གདུལ་བྱ་རྣམས་ཀྱི་སེམས་ལ་སྣང་བ་སྒྲར་སྣང་བའི་དང་། སྔར་གསང་བའི་བདག་པོས་གསུངས་པ་སོགས་ནས་སྨྲ་བ་པོས་དངོས་སུ་བརྗོད་པ་སྒྲར་གྲགས་པའི་དང་། བློ་གྲོས་ཐབས་ལྡན་གྱིས་རྒྱུད་སྡེ་རྣམས་ཡི་གེར་བཏབ་པ་སོགས་ནས། རྒྱ་བོད་སོགས་ཀྱི་ཡི་གེའི་གཟུགས་སུ་བཀོད་དེ་གླེགས་བམ་གྱི་བར་དུ་ཡོད་པ་སོགས་ལ་བརྡར་གྱུར་པའི་རྒྱུད་ཅེས་བརྗོད་པ་ཡིན་ནོ། །ཕྱི་མ་བརྗོད་བྱ་དོན་གྱི་རྒྱུད་སྡེ་ལའང་དབྱེ་བ་མང་དུ་སྣང་མོད། དོན་གྱི་སྙིང་པོ་གཞིའི་གནས་ལུགས་ལྟ་བས་གཏན་ལ་འབེབས་ཚུལ་གྱིས་རྒྱུའི་ཐེག་པ་ལས་ཁྱད་དུ་འཕགས་པའི་སྟོབས་ཀྱིས་ལམ་ཉམས་སུ་ལེན་ཚུལ་ཡང་སྤྱིར་ཐེག་ཆེན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྟེན་ནས་ཐབས་ཤེས་ཟུང་འབྲེལ་དུ་བསྒྲུབ་པ་ཙམ་དུ་མཚུངས་ནའང་། གསང་བ་སྔགས་ཀྱི་སྐབས་སུ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་ཡང་ཕུང་སོགས་ཀྱི་ཆོས་ཀུན་རྫོབ་པ་རྣམས་ལ་མ་དག་པའི་མཚན་མར་བལྟས་ཏེ་སྦྱིན་སོགས་ལ་སློབ་པ་མ་ཡིན་པར་རང་བཞིན་ཡེ་ནས་དག་པའི་རྣམ་པ་ལྷར་གསལ་བའི་བསྐྱེད་རིམ་གྱི་ངང་ནས་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་སྦྱིན་པ་དང་། མཚན་འཛིན་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་མཚོན་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་དང་འབྲེལ་བའི་སྒོ་ནས་བསྒྲུབ་པ་དང། ཡེ་ཤེས་ཀྱི་ཚོགས་ཀྱང་རྗེས་སུ་དཔག་པའི་ཤེས་རབ་ཀྱིས་སྤྲོས་བྲལ་སོགས་སུ་ལྟ་བ་ཙམ་མ་ཡིན་པར་བླ་མའི་མན་ངག་གི་ཐབས་ཀྱིས་ངོ་སྤྲད་པའི་རང་གནས་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་རྫོགས་རིམ་གྱི་སྒོ་ནས་སྒྲུབ་པ་སྟེ། ཚུལ་དེ་གཉིས་ལ་བརྟེན་ནས་ཐབས་དང་ཤེས་རབ་ཁྱད་པར་ཅན་ཟུང་དུ་འབྲེལ་བས་ཉམས་སུ་ལེན་པ་ལ། མཚན་ཉིད་ཐེག་པ་ལྟར་ཐབས་ལ་མི་མཁས་པས་མགོ་དང་ཡན་ལག་གཏོང་བ་སོགས་དཀའ་ཐུབ་ཀྱི་མཐུ་ཡིས་ཡུན་རིང་པོར་མི་གདུང་བར་འཁོར་བའི་རྒྱུ་འབྲས་ཐམས་ཅད་གང་ཡང་སྤང་མི་དགོས་པར་ལམ་དུ་བྱེད་ཅིང་། མཚོན་རྟུལ་བོས་མ་ཆོད་པའི་དངོས་པོ་གང་ཞིག་རྣོན་པོས་ཡུད་ཙམ་གྱིས་གཅོད་ནུས་པ་བཞིན་ཐབས་དམན་པ་འོག་མའི་ལམ་གྱིས་གདུལ་མ་ནུས་པའི་གང་ཟག་སྡིག་པ་དང་སྒྲིབ་པ་སྟོབས་ཆེན་པོས་ནོན་པ་ཡང་ལམ་འདི་རུ་འཇུག་ཏུ་ཡོད་པས་སྒོ་ཡངས་ཤིང་། གང་ཟག་དབང་པོ་ཤིན་ཏུ་རྣོན་པོའི་ཉམས་སུ་ལེན་པའི་དབང་དུ་བྱས་པའི་ལམ་ཡིན་པས་ཤེས་རབ་ཟབ་མོས་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་སྒྲ་ཇི་བཞིན་པར་ཉམས་སུ་བླང་ན་དེ་ལྟ་བུའི་སྡིག་པ་ཅན་ཞིག་ཡིན་ཀྱང་མི་གོས་པར་ཟུང་འཇུག་གི་འབྲས་བུ་མཐར་ཐུག་པ་ལ་ཚེ་གཅིག་ལ་སོགས་པ་ལས་མི་འགོར་བར་སྦྱོར་བས་ན་ལམ་བགྲོད་པའི་བརྟུལ་ཞུགས་ཏེ་ཚུལ་གཞན་ལས་མྱུར་བ་ཡིན་ནོ། །གཉིས་པ་གསང་སྔགས་རྒྱུད་སྡེའི་དབྱེ་བ་བཤད་པ་ལ་གསུམ་སྟེ། སྤྱིར་རྒྱུད་སྡེ་བཞིར་དབྱེ་བ། དེ་ལས་ཕྱི་རྒྱུད་བཤད་པ། ནང་རྒྱུད་བཤད་པའོ། །དང་པོ་སྤྱིར་རྒྱུད་སྡེ་བཞིར་དབྱེ་བ་ནི། དེ་ཡང་འདི་ལྟར་གསང་སྔགས་ཀྱི་ཆོས་ནི་ལོངས་སྐུའི་བསྟན་པ་ཡིན་པས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་པོས་དུས་ཐོག་མ་མེད་པ་ནས་འཁོར་ཚད་མེད་པའི་ནང་དུ་གསུངས་པའི་ཕྱིར་སེམས་ཅན་མཐའ་ཡས་པའི་བློ་དང་ཆོས་ཀྱི་དབྱིངས་འབྱམས་ཀླས་པའི་རྗེས་སུ་འགྲོ་བས་ན། གདུལ་བྱ་བྱེ་བྲག་པའི་ངོར་སྣང་བའི་སྤྲུལ་སྐུའི་བསྟན་པ་ལྟར། དུས་ཀྱི་ཐོག་མཐའི་ཚད་དང་། རྒྱུད་སྡེའི་གྲངས་ལ་སོགས་པ་མཐའ་གཅིག་ཏུ་ངེས་གཟུང་བྱ་རྒྱུ་མེད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་དང་གསང་ཆེན་ཤིན་ཏུ་གསང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། །རྗེས་སུ་རྣལ་འབྱོར་ཆེན་པོ་དང་། །ཞེས་དང་། གསང་དང་གསང་ཆེན་ཤིན་ཏུ་གསང་། །རྒྱུད་རྣམས་ཀུན་གྱི་སྤྱི་བོ་སྟེ། །ཞེས་པས་ཤིན་ཏུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་ལ་སོགས་པ་གསལ་བར་བསྟན་ལ། དེ་བཞིན་དུ་དཔུང་བཟང་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གསལ་བར་རྒྱལ་བས་གསུངས། །ཞེས་སོ། །དེ་དག་ཀྱང་སྡེ་ཚན་དུ་སྣང་བའི་ཚུལ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁུ་རྡུལ་གཉིས་དང་རླུང་གི་འདུ་བ་ལས་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཅིག་གདུལ་བྱའི་བློ་ལ་བདེ་བར་གཤེགས་པའི་བདག་རྐྱེན་ལས་རང་བཞིན་གྱིས་འཆར་བའི་ཚུལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་པ་དང་མཐུན་པར་རྒྱུད་སྡེའི་གྲངས། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་འགྲེལ་པ་ལས། གསང་སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྔགས་ཀྱི་རྒྱུད་སྡེ་ཡོད་དོ་ཅོག་ཐམས་ཅད། འདོད་ཡོན་དང་ཉོན་མོངས་ལམ་དུ་བྱེད་ཚུལ་དང་། གདུལ་བྱའི་བློ་རིམ་སོགས་ཀྱིས་སྒྲུབ་ཚུལ་གྱི་རྣམ་གྲངས་དང་སྡེ་ཚན་གྱི་གྲངས་འཛིན་སླ་བའི་ཕྱིར་ཆིངས་ཆེན་པོ་བཞིས་བཅིངས་ཏེ་སྟོན་པ་ནི། གསང་བ་གྲུབ་པ་ལས། གདུལ་བྱ་དུས་དང་འདུལ་བྱེད་ཀྱི། །སྐལ་པ་ཅན་རྣམས་དོན་གྱི་ཕྱིར། །གསང་སྔགས་ཚུལ་ཆེན་རྣམ་པ་བཞི། །འཇིག་རྟེན་ཁམས་སུ་བསྒྲགས་པ་ཡིན། །ཞེས་སོ། །དེ་ཡང་དུས་དང་རིགས་དང་དབང་པོ་སོགས་ལ་དགོངས་ཏེ་གསུངས་པའི་དུས་ལ་དགོངས་པ་ནི། འཛམ་བུའི་གླིང་པ་རྣམས་ལ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་རིམ་གྱིས་བྱུང་བས་ཏེ། ཚེ་ལོ་ས་ཡ་དྲུག་འབུམ་ཡན་ཆད་དུ་ཉོན་མོངས་མངོན་གྱུར་མེད་ཅིང་། ཚེ་དང་འོད་དང་རྫུ་འཕྲུལ་དང་། བདུད་རྩིའི་ཟས་ཏེ་རྣམ་པ་བཞི་པོ་ཡོད་པ་རྫོགས་ལྡན་ཏེ་འདིའི་དུས་ན་ཉོན་མོངས་འདོད་ཆགས་ཅུང་ཟད་ལངས་ཀྱང་ཤས་ཆུང་བས་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པ་དང་། ཡོན་ཏན་དེ་དག་ལས་གཅིག་ཉམས་ཏེ་གསུམ་ལྡན་གྱི་དུས་ན་བགད་པས་ཚིམ་པ་དང་། ཡང་གཅིག་ཉམས་ཏེ་གཉིས་ལྡན་གྱི་དུས་ན་ཕན་ཚུན་རེག་པ་དང་ལག་པ་བཅངས་ཙམ་གྱིས་ཚིམ་པའི་འདོད་ཆགས་དང་ནི། ཡོན་ཏན་ཐམས་ཅད་ནུབ་སྟེ་ཕན་ཚུན་རྩོད་པར་བྱེད་ཅིང་འཁྱུད་སྦྱོར་གྱི་འདོད་ཆགས་དང་ལྡན་པ་སྟེ་བཞི་ཡི་གཉེན་པོར་གསུངས་པ་ཡང་། བསྡུས་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པར་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཞེས་སོ། །རིགས་ལ་དགོངས་པ་ནི་སྤྱོད་པའི་སྒོ་ནས་དབྱེ་སྟེ་འདི་ལྟར་བྲམ་ཟེ་རྣམས་གཙང་སྦྲ་དང་དཀའ་ཐུབ་ལ་སྤྱོད་པ་དང་། རྗེའུའི་རིགས་རྣམས་ནི་སྒོ་གསུམ་ཆ་མཉམ་པ་ལ་གཟོ་བ་དང་། རྒྱལ་པོའི་རིགས་རྣམས་རྒྱ་ཆེན་པོ་ལ་མོས་ཤིང་སེམས་ཀྱི་ལས་གཙོ་བོར་སྤྱོད་པ་དང་ནི་དམངས་རིགས་སམ་གདོལ་པ་རྣམས་ནི་གཙང་སྦྲ་ཆུང་ཞིང་ཉོན་མོངས་པའི་བརྟུལ་ཞུགས་ཤས་ཆེ་བས་དེ་རྣམས་དང་མཐུན་པར་བསྟན་པའོ། །དེ་ལྟར་ཡང་བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེའུ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང་། །གཞི་རྨོངས་གདོད་ནས་གྲོལ་བ་སྟེ། གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཞེས་སོ། །དབང་པོ་བཞིར་དགོངས་པ་ནི། དབང་པོ་རྟུལ་པོ་རྣམས་ཀྱིས་སེམས་ཀྱི་ཀུན་ཏུ་བརྩམ་པ་ཆེན་པོ་ཉམས་འོག་ཏུ་མི་ཆུད་པས་ལུས་ངག་གི་བྱ་བ་ལ་ཆེ་ཐང་དུ་མཐོང་བ་དང་། འབྲིང་གིས་སེམས་ཀྱི་བརྩམ་པ་ཆེན་པོ་ཡང་རྟོགས་སུ་རུང་ལ་ལུས་ངག་གི་བྱ་བ་དང་སེམས་ཀྱི་བརྩམ་པ་ཆ་མཉམ་པར་བལྟ་བ་དང་། རྣོན་པོས་སེམས་ཀྱི་བརྩམ་པ་གཙོ་བོར་བལྟ་ཞིང་ལུས་ངག་གི་སྤྱོད་པ་དེའི་གྲོགས་ཙམ་དུ་བརྟེན་པ་དང་། དབང་པོ་མཆོག་གིས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ལ་མཚན་མ་དང་བླང་དོར་དུ་མི་བལྟ་བར་ཟུང་དུ་ཚུད་པར་ཤེས་པས་དེ་དག་གི་ཕྱིར་གསུངས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །དེ་དག་འདུལ་བྱེད་གསང་སྔགས་ཀྱི་ཆོས་ནི་རིམ་པ་བཞིན་གདུལ་བྱ་དེ་རྣམས་དང་མཐུན་པར་སྟོན་པ་སྟེ་བྱ་བའི་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ཡང་། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་བྲི། དེའི་previous hit གཡོནདུ next hit་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ། །ཞེས་དང་། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང་། །མོ་ཡང་ཕོ་ལ་བལྟ་བ་བྲི། །ཞེས་སོ། །སྤྱོད་པ་ཡང་ཁྲུས་དང་གཙང་སྦྲ་དང་། དཀར་གསུམ་ཟ་བ་དང་གོས་གསུམ་བརྗེ་བ་ལ་སོགས་པའི་བྱ་བ་ལྷུར་ལེན་པ་དང་། སེམས་ཀྱི་བསྒོམ་པ་ཡང་མེད་པ་མིན་ཀྱང་གཙོ་བོ་ལུས་ངག་གི་བྱ་བ་ལ་ཆེ་ཐང་དུ་བརྩོན་ནོ། །སྤྱོད་པའི་རྒྱུད་དུ་ཆགས་པ་ལམ་དུ་བྱེད་པའི་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། །ཞེས་དང་། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །ཞེས་པ་ལ་སོགས་པ་ལྟར་རོ། །སྤྱོད་པ་ཡང་སྒོ་གསུམ་གྱི་བྱ་བ་ཆ་མཉམ་པར་བྱེད་ལ་བསྒོམ་པ་ཡང་སེམས་ཀྱི་བརྩམ་པ་ཆེན་པོ་བྱེད་ནུས་པས་ལུས་ངག་གི་ཀུན་སྤྱོད་གཙོར་མི་འདོན་ནོ། །རྣལ་འབྱོར་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་སུ་ལྷ་བྲི་ཞིང་བསྒོམ་པ་ནི། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་དང་། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་སྒྲེང་དང་བཅས། །ཞེས་པ་ལ་སོགས་པ་གསུངས་པས་ལྷ་ཐམས་ཅད་ཕྱག་རྒྱ་སྦྲེལ་བར་འབྱུང་ངོ་། །སྤྱོད་པ་ཡང་ལུས་ངག་གི་བྱ་བ་གྲོགས་ཙམ་དུ་སྟོན་ལ། བསྒོམ་པ་ནི་ལྷའི་རྣལ་འབྱོར་དང་། མཚན་མེད་པའི་དོན་བསྒོམ་པ་ལྷུར་ལེན་པས་གཙོ་བོར་བྱེད་དོ། །བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ནི། ཆགས་པ་ལམ་དུ་བྱེད་པའི་ཐབས་ཤེས་ཀྱི་ལྷ་རྣམས་ཟུང་འབྲེལ་ཏེ། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡི། །དངོས་པོ་ཐམས་ཅད་བརྟག་པར་བྱ། །ཞེས་དང་། གསང་སྙིང་ལས། རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་པ་ལ་སོགས་པའོ། །སྤྱོད་པ་ཡང་གཙང་སྨེ་དང་ཉོན་མོངས་སོགས་ལ་བླང་དོར་མེད་པར་སྤྱོད་ཅིང་། བསྒོམ་པ་ནི་མཉམ་ཉིད་བླང་དོར་དང་བྲལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པའི་དོན་ལ་མཉམ་པར་འཇོག་པར་བྱེད་ནུས་པའོ། །གཞན་ཡང་ལྷ་བཞིའི་རྗེས་སུ་འཇུག་པའི་ཕྱིན་ཅི་ལོག་བཞི་དང་། གྲུབ་མཐའ་སྨྲ་བ་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ཕྱེ་བའང་། མདོ་སྔགས་གཉིས་མཐར་ཐུག་དགོངས་པ་གཅིག་ཏུ་འབབ་པ་དང་། སངས་རྒྱས་རྣམས་ནི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པས་གདུལ་བྱར་མ་གྱུར་པའང་མེད་ལ། འདུལ་ཚུལ་ཡང་རང་རང་གི་མོས་པ་དང་མཐུན་པར་སྟོན་པས་མི་འཐད་པ་མེད་དོ། །ལྷ་བཞི་ནི། གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་དང་། ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་དང་། ང་རྒྱལ་ཅན་བརྒྱ་བྱིན་རིགས་དང་འབྱོར་བས་རྒྱགས་པ་དང་། ཆགས་པ་ཅན་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྣམས་སོ། །གཉིས་པ་ཕྱི་རྒྱུད་སྡེ་གསུམ་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་སྤྱིར་བཤད་པ་ནི། དེ་ལྟར་གསང་སྔགས་ཀྱི་རྒྱུད་སྡེ་བཞི་པོ་དེ་དག་གི་ནང་ནས་དང་པོ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་ནི་གསང་སྔགས་ཕྱི་པ་ཞེས་བྱ་སྟེ། ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་པའི་མཚན་ཉིད་ཐེག་པ་དང་གཙང་སྦྲ་བྱེད་པ་དང་། ཉེས་སྤྱོད་སྡོམ་པའི་ཚུལ་གྱི་ཀུན་ཏུ་སྤྱོད་པ་ཕལ་ཆེར་མཚུངས་པའི་ཕྱིར་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ། ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱའོ། །དེས་ན་འདི་དག་གི་ཉམས་ལེན་ཐབས་ཤེས་གཉིས་ཀའི་སྒོ་ནས་མཚན་ཉིད་ཐེག་པ་ལས་ཁྱད་པར་དུ་འཕགས་ནའང་སྤྱིར་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ཉམས་སུ་བླང་བྱ་ཐམས་ཅད་སྙིང་རྗེ་དང་སྟོང་ཉིད་ཟུང་དུ་འཇུག་པའི་ལམ་དུ་གཅིག་ཅིང་། ཉོན་མོངས་དང་ཁ་ན་མ་ཐོ་བ་རང་མཚན་པས་མི་གོས་པར་བྱེད་པ་ལ་མཚུངས་པས་ཐུན་མོང་གི་ཐེག་པའི་ཉམས་ལེན་དང་སྡོམ་པས་རྒྱུད་སྦྱང་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་གཞི་བཟུང་བ་ཞིག་མེད་ན་རང་གར་སྔགས་ལམ་དུ་ཞུགས་པ་ཙམ་གྱིས་ལམ་གོང་མའི་ཁྱད་ཆོས་རྒྱུད་ལ་མི་འབྱུང་བར་མ་ཟད་རྒྱུད་ཆུད་ཟོས་སུ་འགྱུར་རོ། །སྔགས་ཕྱི་པ་འདི་དག་གིས་ནི་སྔར་བཤད་པ་ལྟར། རྩོད་པའི་དུས་ཀྱི་དབང་པོ་གཉིས་སྦྱོར་དང་འགལ་བའི་བལྟས་བགད་ལག་བཅངས་ཀྱིས་ཚིམ་པའི་འདོད་ཆགས་ཀྱི་ཀུན་སྤྱོད་ལམ་དུ་བྱེད་པས་ན་ལྷ་ཡང་དེ་དང་མཐུན་པར་བྲི་བ་དང་བསྒོམ་པའི་ཚུལ་སྟོན་གྱི་ཡབ་ཡུམ་ཟུང་འབྲེལ་གྱི་ཚུལ་དུ་སྟོན་པ་མིན་ལ། དཀར་གསུམ་གྱི་ཟས་དང་། རས་གོས་ལ་སོགས་པའི་གཙང་ཞིང་གསར་པར་གྱུར་པའི་གོས་དང་ལོངས་སྤྱོད་རྣམས་བསྟེན་པར་བྱ་བ་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་། ཞིང་ལྤགས་དང་རུས་རྒྱན་སོགས་ལ་ལོངས་མི་སྤྱོད་དོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། བྱ་སྤྱོད་ཀྱི་ཁྱད་པར་བཤད་པ། བྱ་རྒྱུད་བཤད་པ། སྤྱོད་རྒྱུད་བཤད་པ། རྣལ་འབྱོར་རྒྱུད་བཤད་པའོ། །དང་པོ་བྱ་སྤྱོད་ཀྱི་ཁྱད་པར་བཤད་པ་ནི། དེ་ལ་སྤྱིར་སྔགས་ཀྱི་དབྱེ་བ་བྱས་ན་ནི། རིག་སྔགས་དང་། གཟུངས་སྔགས་དང་། གསང་སྔགས་ཞེས། ཐབས་དང་། ཤེས་རབ་དང་། གཉིས་སུ་མེད་པའི་ངོ་བོ་གསུམ་དུ་གནས་པའི་ཚུལ། །དགོངས་པ་གྲུབ་པའི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ཡིན། །གཟུགས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་པས་སྔགས་ཕྱིི་པ་ནི་ཐབས་ཤེས་རིམ་ཅན་དུ་བསྒོམ་པས་བསྐྱེད་རྫོགས་ཙམ་པོ་བ་ཉིད་ཡིན་ལ། འདི་ལ་འགའ་ཞིག་གིས་ཐབས་ཀྱི་རྣལ་འབྱོར་དང་ཤེས་རབ་ཀྱི་རྣལ་འབྱོར་ཙམ་ལས་བསྐྱེད་རྫོགས་ཀྱི་ཐ་སྙད་མི་བཏགས་གསུངས། དེའང་བྱ་བ་དང་ནི་སྤྱོད་པའི་རྒྱུད་དུ་ནི། ཐབས་ཀྱི་ཆ་ལྷར་ཤར་བ་སེམས་དཔའ་དང་། ཤེས་རབ་ཀྱི་ཆ་ལྷར་ཤར་བ་སེམས་མ་དང་། ཤེས་རབ་དང་ཡེ་ཤེས་འབྲེལ་བའི་ངོ་བོ་ལྷར་ཤར་བ་རིག་སྔགས་ཀྱི་ལྷ་དང་། ཤེས་རབ་དང་དྲན་པ་འབྲེལ་བའི་ངོ་བོ་ལྷར་ཤར་བ་གཟུངས་སྔགས་ཀྱི་ལྷ་སྟེ། དེ་བསྒྲུབ་པའི་ཚུལ་བྱ་བའི་རྒྱུད་ལས་ལྷ་ཡེ་ཤེས་པ་རྗེ་བོ་དང་བདག་ཁོལ་པོའི་ཚུལ་གྱིས་དང་། སྤྱོད་རྒྱུད་པས་ལྷ་ཡེ་ཤེས་པ་དང་། བདག་དམ་ཚིག་པ་གཉིས་མཆོག་དམན་མེད་པར་སྤུན་དང་གྲོགས་པོའི་ཚུལ་དུ་བལྟས་ཏེ་སྒྲུབ་པར་བྱེད་དོ། །གཉིས་པ་བྱ་རྒྱུད་བཤད་པ་ནི། དེ་ལ་བྱ་བའི་རྒྱུད་ཀྱི་ལམ་ནི་དཔུང་བཟང་གི་འགྲེལ་པར་སྤྱོད་པའི་སྒོ་བཞིར་བསྡུས་ཏེ་འཇུག་པའི་སྤྱོད་པ་དབང་གིས་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་རྫས་དང་ཆ་རྐྱེན་འཛོམ་པས་བཟླས་བརྗོད་ལ་བརྩོན་པ། གྲུབ་པའི་སྤྱོད་པ་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་གྲུབ་ནས་མཐར་འབྲས་ལ་སྦྱོར་བར་བཤད་པའི་སྤྱོད་པ་བཞི་ལས། དང་པོ་འཇུག་པའི་སྤྱོད་པ་དབང་ནི་འོག་ཏུ་དབང་གི་སྐབས་སུ་འཆད་པར་འགྱུར་ལ། གཉིས་པ་སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྐྱེད་པ་ནི། བྱ་བས་རྗེ་བོ་དང་ཁོལ་པོའི་རྣམ་པར་བསྒྲུབ་པ་ཡིན་པར་བཤད་པ་དེ་ཡིན་པས་དེ་ལའང་། བདག་ལྷར་བསྐྱེད་པ་མེད་པར་རང་ཉིད་དམན་པར་བལྟས་ཏེ་ཐ་མལ་བའི་ཚུལ་དུ་བཞག་པ་ལ་ནི་བྱ་རྒྱུད་ཙམ་པོ་བའམ་རང་རྒྱུད་པ་ཞེས་བྱ་ལ། བྱ་རྒྱུད་ལ་ལར་བདག་ལྷར་བསྐྱེད་པ་ཡོད་དེ་དེ་ལ་ནི་བྱ་རྒྱུད་ཁྱད་པར་བ་ཞེས་ཟེར་ཞིང་། འོན་ཀྱང་གཙོ་བོར་མདུན་བསྐྱེད་བྱས་ནས་དེ་ལ་དངོས་གྲུབ་ཞུ་བའི་ཚུལ་དུ་སྟོན་ཏོ། །འདི་ལ་སྡོམ་གསུམ་རབ་དབྱེར། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །བྲིས་སྐུ་བཀོད་ནས་གསོལ་བ་འདེབས། །བདག་བསྐྱེད་སྒྲུབ་ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་སུ་བྱས་པ་ཡིན། །ཞེས་གསུངས་ཀྱང་། ཐམས་ཅད་ཀྱིས་བྱ་རྒྱུད་དངོས་གནས་པར་བཞེད་པ། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། བདག་ཉིད་འགྲོ་ཡང་རུང་། འདུག་ཀྱང་རུང་ལྷའི་སྙེམས་པ་དང་མ་བྲལ་ན་དངོས་གྲུབ་ཐོབ་པར་འགྱུར། ཞེས་གསུངས་པ་དང་། བྱ་རྒྱུད་འབའ་ཞིག་ཏུ་འདོད་པ་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས། བདག་ཉིད་ཕྱག་རྡོར་དུ་བསྐྱེད་པར་གསུངས་པས་བྱ་རྒྱུད་ཡིན་ཚད་ལ་བདག་བསྐྱེད་མེད་པ་མིན་ནོ་གསུངས། དེས་ན་བདག་ཉིད་ལྷར་བསྐྱེད་པའི་ཚུལ་ནི་དེ་ཁོ་ན་ཉིད་བཞིའི་སྒོ་ནས་ཏེ། དེ་ལ་དང་པོ་བདག་གི་དེ་ཁོ་ན་ཉིད་ནི་རྒྱུད་འདིའི་ལྟ་བའི་ངང་ལ་འཇོག་པ་སྟེ། དེ་ཡང་ཆོས་ཉིད་དག་པའི་ལྷ་ཞེས། སེམས་ཉིད་དོན་དམ་སྟོང་གསལ་གྱི། ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་དུ་རྟོགས་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལྷར་བསྒོམ་ན་སྟོང་ཉིད་ཡིན་པའི་གནས་ཀྱིས་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་རྟེན་འབྲེལ་གྱི་སྣང་ཆ་ཐམས་ཅད་མཐར་ཐུག་སངས་རྒྱས་པའི་ཚེ་ལྷར་ཡོངས་སུ་དག་པར་འདོད་དོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་ལྷ་དྲུག་གོ། །ཞེས་གསུངས་པས། དང་པོ་སྟོང་པའི་ལྷ་ནི་ལྟ་བ་སྟེ་བདག་གི་དེ་ཁོ་ན་ཉིད་བསྒོམ་པའོ །གཉིས་པ་ཡི་གེའི་ལྷ་ནི། སྟོང་ཉིད་དེ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་བསྒོམ་པའོ། །གསུམ་པ་སྒྲའི་ལྷ་ནི། ཟླ་དཀྱིལ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོགས་པ་འགོད་པའོ། །བཞི་པ་གཟུགས་ཀྱི་ལྷ་ནི། ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོས་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་སྟེ་ཟླ་བ་སྔགས་ཕྲེང་དང་བཅས་པ་ཡོངས་སུ་གྱུར་པ་ལས་རིགས་གསུམ་གྱི་ལྷ་དེ་དང་དེའི་གཟུགས་སུ་སྒོམ་པའོ། །ལྔ་པ་ཕྱག་རྒྱའི་ལྷ་ནི་དེ་ལ་རིགས་གང་ཡིན་གྱི་ལྷ་དེའི་དམ་རྒྱས་འདེབས་པའོ། །དྲུག་པ་མཚན་མའི་ལྷ་ནི་སྤྱོད་ལམ་ཀུན་ཏུ་ལྷ་དེའི་མཚན་མ་དང་མི་འབྲལ་བའོ། །དེ་ནས་རང་གི་མདུན་དུ་ཡང་དག་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཞིང་ཁམས་ཕོ་བྲང་དང་བཅས་གསལ་བཏབ་པའི་ནང་དུ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་པ་བདག་ལྷར་བསྐྱེད་པ་ལ་མི་བསྟིམ་པར་ཕོ་བྲང་དེར་བཞུགས་སུ་གསོལ་བ་རྗེ་དང་། དེ་ཉིད་ལྷར་བསྐྱེད་པ་བྲན་གྱི་ཚུལ་དུ་བལྟས་ཏེ་མཆོད་བསྟོད་དང་རྒྱུན་བཤགས་བྱའོ། །རྒྱུད་སྡེ་ལ་ལར་ཡེ་ཤེས་པ་བསྟིམ་པར་བཤད་དེ་དེའི་དགོངས་པ་ཀླུ་སྒྲུབ་ཀྱིས་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱི་སྒྲུབ་ཐབས་ལས་བདག་བསྐྱེད་ལ་ཡེ་ཤེས་པ་གཞུག་པ་དང་། དབང་བསྐུར་བ་དང་བཅས་པ་གསུངས་པ་བཞིན་ནོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ནི། དེ་ཁོ་ན་ཉིད་ཕྱི་མ་གཉིས་པོ་ཡིན་ཏེ། དེ་ཡང་གསུམ་པ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པས། གཞི་ནི་བདག་མདུན་ལྷར་བསམ་པ། སེམས་ནི་དེ་དག་གི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ནི་དེའི་སྟེང་དུ་སྔགས་ཕྲེང་རང་སྒྲ་སྒྲོགས་པར་བསམ་ལ་བཟླས་པ་ཚུལ་བཞིན་བྱའོ། །བཞི་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ཉིད་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲས་མཐས་ཐར་པ་སྟེར་བར་བྱེད། །ཅེས་པས་མེར་གནས་ནི། རང་ཉིད་ལྷར་གསལ་བའི་སྙིང་གར་མེ་འབར་བའི་ནང་དུ་ཟླ་བ་ལ་སྔགས་ཕྲེང་བཀོད་ནས་སྲོག་བསྡམ་པའི་སྦྱོར་བས་བསྒོམ་པའོ། །དེ་ནི་ལས་བཞི་འགྲུབ་པའི་གཞིའོ། །སྒྲར་གནས་ནི་དེ་ལས་སྔགས་ཀྱི་ཡི་གེ་རྣམས་རང་སྒྲ་དྲིལ་བུའི་སྒྲ་ལྟར་བསམ་པའོ། །དེ་ནི་རྣལ་འབྱོར་ཞེས་པ་ཞི་གནས་སྐྱེ་བའི་རྟེན་ཡིན་ནོ། །སྒྲ་མཐས་ཐར་པ་སྟེར་བ་ནི། སྒྲ་ཡི་རྒྱུན་ཇེ་ཕྲར་སོང་ནས་མི་དམིགས་པར་འཇོག་པའོ། །འདིས་ནི་ཐར་པ་སྟེར་བ་སྟེ་ལྷག་མཐོང་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པར་བྱེད་པའོ། །དེ་ལྟར་ནང་གི་སྒོམ་པ་དང་ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་ལ་གཙོ་བོར་བརྟེན་པས་བདག་མདུན་མཆོག་དམན་གྱི་ཚུལ་དུ་བསྒྲུབས་པ་སྟེ། ཁྲུས་དང་གཙང་སྦྲ་བྱེད་ཚུལ་ཡང་ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བར་གསུངས་ཏེ་ཕྱིའི་ཁྲུས་ཡན་ལག་ལྔ་ཁྲུས། ནང་གི་ཁྲུས་རྩ་ལྟུང་དག་པར་བྱེད་པ། གསང་བའི་ཁྲུས་མཚན་རྟོག་དག་པར་བྱེད་པའོ། །ཕྱིའི་གོས་གསར་པ་གྱོན་པ། ནང་གི་གོས་སྡོམ་པ་བསྲུང་བ། གསང་བའི་གོས་ལྷ་བསྒོམ་པ་སྟེ། དེ་ལྟར་ན་ནང་གི་གཙང་སྦྲ་ཏིང་ངེ་འཛིན་གྱི་གྲོགས་སུ་ཕྱིའི་དཀའ་ཐུབ་སོགས་འགྲོ་བའི་ཐབས་མ་འགགས་པས། རབ་དབྱེར། དེ་ལྟར་བྱེད་ན་སྨྱུང་གནས་མེད། །བདག་ཉིད་ལྷ་རུ་བསྐྱེད་པ་ལ། །མཆོད་ན་བསོད་ནམས་བརྙས་ན་སྡིག །གལ་ཏེ་སྨྱུང་གནས་བྱེད་འདོད་ན། །རང་ཉིད་ཐ་མལ་ང་རྒྱལ་གྱིས། །ཞེས་སོགས་གསུངས་ཀྱང་། རང་གི་བླ་མ་རྣམས་ཀྱིས་ལྷར་བསྐྱེད་ནས་སྨྱུང་གནས་བྱེད་པ་སོགས་དགག་མི་ནུས་གསུངས། དེ་ཡང་ཡིན་ཏེ་དོན་གྱི་གནས་ཚུལ་ལས་ཕྱིན་ཅི་ལོག་གི་བློས་བརྙས་སེམས་མེད་ན་འགལ་བ་མེད་དེ། གལ་ཏེ་ཡོད་ན་བསྐྱེད་རིམ་པའི་ལམ་པས་སྡིག་བཤགས་སོགས་ཀྱང་བྱེད་པར་མི་འོས་སོ། །དེ་ཡང་བདག་ཉིད་ཆེན་པོ་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་དོན་དགོངས་པ་ཅན་ཡིན་པས། མི་འཐད་པའི་ཕྱོགས་སུ་སེམས་པ་ཙམ་ཡང་མི་ཕོད་མོད། འོན་ཀྱང་གསར་རྙིང་གི་སྨྱུང་གནས་ཀྱི་ཆོ་ག་དུ་མ་བདག་བསྐྱེད་ཅན་ཡིན་པས་གཞན་དག་གི་ཐེ་ཚོམ་བསལ་བའི་ཕྱིར་དེ་ལྟར་བྲིས་པ་ཡིན་ནོ། །བཞི་པ་གྲུབ་པའི་སྤྱོད་པ་ནི་མཁའ་སྤྱོད་ཀྱི་རིག་འཛིན་གྲུབ་པའི་རྟེན་དེ་ལ་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་ནས་མཐར་ཐུག་གི་འབྲས་བུ་མཆོག་གི་དངོས་གྲུབ་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པར་འདོད་པ་སྟེ། ཧེ་རུ་ཀ་གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། །དེ་ཡང་རིག་འཛིན་གྲུབ་པའི་ཚེས་བསྐལ་བ་རེར་གནས་པས་འདིའི་མི་ཚེ་བདུན་དང་། བྱ་རྒྱུད་རང་གཞུང་ནས་བཤད་པའི་བསྐལ་ཆེན་བརྒྱད་ན་འབྲས་བུ་ཐོབ་པར་བཤད་པ་སྦྱོར་ཤེས་པར་བྱའོ། །གསུམ་པ་སྤྱོད་རྒྱུད་བཤད་པ་ནི། བྱ་བའི་རྒྱུད་ལས་བཤད་པའི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་ཐབས་དང་ནང་གི་ལྟ་བ་དང་སྒོམ་པའི་རྣལ་འབྱོར་ཡོ་གའི་རྒྱུད་ལྟར་བྱས་ནས་དེ་གཉིས་ལ་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས་པ་ཡིན་ཏེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲྀ་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། དཀའ་བ་དཔལ་བརྩེགས་ཀྱི་ལྟ་རིམ་སྣང་བ་བཅུ་བདུན་པ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། ལྟ་སྤྱོད་གོང་འོག་རྗེས་སུ་མཐུན། །ཞེས་སོ། །ལམ་སྡུད་པའི་ཆིངས་ནི། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། གྲུབ་པའི་སྤྱོད་པ་གསུམ་ལས། དང་པོ་འཇུག་པའི་སྤྱོད་པ་ལ་ཕྱི་ནང་གཉིས་ལས་ཕྱི་འཇུག་ནི་དབང་གི་སྣོད་རུང་དུ་བྱེད་པ་སྟེ་འཆད་པར་འགྱུར་བ་ལྟར་ལ། ནང་འཇུག་ལ་མཚན་བཅས་མཚན་མེད་གཉིས་ལས། དང་པོ་མཚན་བཅས་ཀྱི་རྣལ་འབྱོར་སྒོམ་པའི་རིམ་པ་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར་བདག་གནས་རྣལ་འབྱོར་བསྲུང་བ་སོགས་སྔོན་དུ་འགྲོ་བས། ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་ཀྱི་ངང་ལས་དེའི་སྣང་ཆ་ཟླ་དཀྱིལ་གྱི་རྣམ་པར་བསྒོམ་པ། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོགས་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་གཞི་དང་པོ་རང་ཉིད་དམ་ཚིག་སེམས་དཔའི་ལྷར་བསྐྱེད་པ་ལ་སྔགས་རྒྱ་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་བསྐྱེད་ཅིང་བཞུགས་པའི་ཡེ་ཤེས་ཀྱི་ལྷའི་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས་སྲོག་བསྡམ་ཞིག་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་དེ། དེ་ཡང་བདེན་པ་དབྱེར་མེད་ཀྱི་དོན་ལ་ལྟ་བ་ཇེ་བཟང་དུ་སོང་བས་དམ་ཡེ་གཉིས་ལ་དམན་མཆོག་མེད་པར་སྤུན་དང་གྲོགས་ལྟར་བལྟས་ཏེ་དངོས་གྲུབ་ལེན་པར་བྱེད་པ་ཡིན་ནོ། །འདི་ལའང་ཡེ་ཤེས་པ་འཇུག་པ་ཡོད་མེད་ཀྱི་ཕྱོགས་གཉིས་ཡོད་དོ། །གཉིས་པ་མཚན་མ་མེད་པའི་རྣལ་འབྱོར་ནི། ཕུང་སོགས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་པས་སྐྱེ་མེད་དུ་རྟོགས་པ་འཇུག་པའི་སེམས། དེ་མི་རྟོག་པའི་ངོ་བོར་མངོན་དུ་གྱུར་པ་གནས་པའི་སེམས། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོས་རྗེས་སུ་འཇུག་པ་ལྡང་བའི་སེམས་ཏེ། དེ་ལྟར་འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ་ཕྱི་ནང་གཉིས་ལས། ཕྱི་ནི་བཟླས་བརྗོད་ཡན་ལག་བཞི་ལྡན་གྱི་སྒོ་ནས་མཚན་མའམ་གྲངས་ཀྱི་བསྙེན་པ་བྱེད་པ་ཡིན་ལ། ཡན་ལག་བཞི་ནི། བདག་མདུན་ལྷར་གསལ་བ་ཡན་ལག་དང་པོ་དང་གཉིས་པ། ཡེ་ཤེས་པའི་ཐུགས་ཀར་ཟླ་དཀྱིལ་བསྒོམ་པ་བྱང་ཆུབ་སེམས་ཀྱི་ཡན་ལག །དེ་ལ་སྔགས་ཕྲེང་བཀོད་པ་སྒྲའི་ཡན་ལག་སྟེ་བཞིའོ། །ནང་ནི། རང་ཉིད་དམ་ཚིག་སེམས་དཔའ་ལྷར་གསལ་བའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཟླ་བ་ཁོང་སྟོང་གི་ནང་དུ་ཡེ་ཤེས་སེམས་དཔའ་གསལ་བའི་ཐུགས་ཀར་སྔགས་ཕྲེང་བཀོད་དེ་བཟླས་པ་བྱེད་དོ། །གསུམ་པ་གྲུབ་པའི་སྤྱོད་པ་ནི་ཐུན་མོང་བ་སྤྱོད་པ་མཐར་ཕྱིན་ནས་རྫས་སྔགས་ལ་བརྟེན་པའི་རིག་འཛིན་སྒྲུབ་པ་དང་། ཐུན་མོང་མ་ཡིན་པ་འབྱུང་བཞིའི་དཀྱིལ་འཁོར་ལ་བརྟེན་ནས་རླུང་གི་སྦྱོར་བ་བསྒོམས་པ་ལས་རྫུ་འཕྲུལ་དང་མངོན་ཤེས་བསྒྲུབས་ཏེ་རིག་པ་འཛིན་པའི་ནང་དུ་འགྲོ་བ་སོགས་གནས་སྐབས་ཀྱི་འབྲས་བུ་འགྲུབ་ལ། འདིའི་རླུང་གི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས་བཤད་པ་དང་མི་འདྲ་སྟེ་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་རྒྱུ་ཙམ་མོ། །རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་མི་ཚེ་ལྔའམ་ཇི་ལྟར་བུལ་ཡང་བསྐལ་པ་གསུམ་མམ་གཅིག་གིས་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་དེ། རིགས་བཞི་ནི་སྔར་གྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་སྟེང་རིན་ཆེན་རིགས་བསྣན་པ་སྟེ། དེ་ཡང་རིགས་གསུམ་གྱི་ཚེ་ཡོན་ཏན་དང་ལས་ནི་རིགས་གསུམ་པོ་དེར་བསྡུ་ཞིང་། འདིར་ཡང་ལས་རིགས་ཡོན་ཏན་དུ་བསྡུས་པ་ཡིན་ནོ། །ཡང་ན་དེ་བཞིན་གཤེགས་པའི་རིགས་ཀུན་ལ་ཁྱབ་བྱེད་ཡིན་པས་ལོགས་སུ་མ་བགྲངས་པས་བཞིར་འདོད་དེ་དོན་ལ་ནི་ལྔ་ག་ཡོད་པར་གསུངས་སོ། །བཞི་པ་རྣལ་འབྱོར་རྒྱུད་བཤད་པ་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་འཇུག་སྒོའི་དབང་ནི་འོག་ཏུ་འཆད་པར་འགྱུར་བ་ལྟར་ལ། ལྟ་བ་ནི་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བ་སྟེ། དེ་ཡང་ཆོས་ཐམས་ཅད་མཚན་མ་དང་བྲལ་བའི་སེམས་ཀྱི་སྣང་བ་ཡིན་པས་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན་ཇི་ལྟར་བསྒོམ་པའི་ལྷ་མངོན་དུ་འགྲུབ་རུང་བས་མཐོང་ལམ་ཐོབ་པའི་ཚེ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ངོ་བོར་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་དག་པར་འགྱུར་བའི་ངེས་པ་དང་ལྡན་པའོ། །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ནི། ཐབས་ཀྱི་རྣལ་འབྱོར་དང་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཏེ། དང་པོ་ལའང་རགས་པ་ལྷ་ལ་དམིགས་པ་དང་། ཕྲ་བ་ཕྱག་མཚན་ལ་དམིགས་པ་གཉིས་ཡོད་ཅིང་། ལྷའི་རྣལ་འབྱོར་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་གཞལ་ཡས་ཁང་གི་གྲུ་ཆད་མན་ཆད་ཀྱི་ཁྱམས་དང་སྒོ་ནས་ཕྱི་རོལ་གྱི་སྲུང་བའི་བར་ཕལ་ཆེར་ལ་བཀོད་པ་ཆེན་པོ་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དང་གཞལ་ཡས་ཁང་ལྟར་བསྟན་ན་ཡང་། ནང་གི་ལྷ་ཡི་གདན་འཁོར་ལོ་སོགས་དང་། གཞལ་ཡས་ཁང་གི་དབུས་ཕྱུར་བུའི་རྣམ་པ་དང་རྩེ་མོ་དང་རྒྱན་གྱི་རྣམ་གྲངས་རྣམས་ལ་མི་འདྲ་བའི་ཁྱད་པར་དུ་མ་ཡོད་ལ། ལྷ་རྣམས་ཀྱང་སྔར་བཤད་པ་ལྟར་ཡབ་ཡུམ་ཟུང་འབྲེལ་མ་ཡིན་ལ། ལྷ་བསྐྱེད་ནས་དེ་ལ་སེམས་གཏད་པ་དང་། རྫོགས་རིམ་མི་རྟོག་པ་བསྒོམ་པའི་ཐབས་ཀྱི་རྣལ་འབྱོར་དང་ཤེས་རབ་ཀྱི་རྣལ་འབྱོར་གཉིས་རིམ་ཅན་དུ་བསྒོམ་པས་སོ་སོ་བ་ཡིན་ཏེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པར་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །ཐབས་ཤེས་རིམ་ཅན་དུ་བསྒོམས་པས། །བསྐྱེད་རྫོགས་སོ་སོ་བ་ཉིད་དེ། །ཞེས་སོ། །ལམ་བསྒྲུབ་པའི་གང་ཟག་ནི། བྱང་ཆུབ་ཀྱི་སེམས་ཚུལ་བཞིན་རྒྱུད་ལ་བསྐྱེད་པ་དང་། ཐེ་ཚོམ་དང་ཡིད་གཉིས་མེད་པ་དང་། བདེ་བར་གཤེགས་པ་དང་བླ་མའི་བཀའ་ལས་མི་འདའ་བ་དང་། བླ་མ་དང་གསང་སྔགས་ལ་དད་པ་ཤིན་ཏུ་བརྟན་པ་སྟེ་འདི་དག་ནི་རྒྱུད་སྡེ་གོང་འོག་གང་ཉམས་སུ་ལེན་ནའང་མེད་དུ་མི་རུང་ངོ་། །དེ་ལྟར་ཡང་རྡོ་རྗེ་རྩེ་མོ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་དང་། ཐེ་ཚོན་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་དང་། །དད་པ་མེད་པས་འགྲུབ་མི་འགྱུར། །ཞེས་སོ། །གང་ཟག་དེས་ཇི་ལྟར་བསྒྲུབ་པའི་ཚུལ་ཡང་ནང་གི་རྣལ་འབྱོར་བསྒོམ་པ་གཙོ་བོར་སྤྱོད་ཅིང་། ཁྲུས་དང་གཙང་སྦྲ་སོགས་ལུས་ངག་གི་བྱ་བ་རྣམས་གྲོགས་སུ་སྟོན་པ་ཡིན་ལ། །དེ་ཡང་ཐབས་ཀྱི་རྣལ་འབྱོར་ནི་མངོན་བྱང་ལྔ་དང་། ཆོ་འཕྲུལ་བཞིའི་སྒོ་ནས་བསྒོམ་སྟེ། དང་པོ་མངོན་བྱང་ལྔ་ནི། ཧེ་རུ་ཀ་གལ་པོ་ལས། མི་རྟོག་ཟླ་བ་རྡོ་རྗེ་གཟུགས། །སྤྲོ་བསྡུ་བསྒོམས་པས་སྐུ་རུ་གསལ། །ཞེས་པ་ལྟར། སྤྱིར་ལྷའི་རྣལ་འབྱོར་བསྒོམ་པ་ལ་སྲིད་པ་བསྐྱེད་པའི་རིམ་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་བསྟུན་ནས་བསྒོམ་པ་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་མ་ཡིན་ཀྱང་རྣམ་བྱང་གི་ཕྱོགས་དང་བསྟུན་ནས་མངོན་བྱང་ལྔ་ཡི་རིམ་པས་བསྒོམ་པའི་ཚུལ། དང་པོ་རྣམ་པར་མི་རྟོག་པའི་སྟོང་ཉིད་བསྒོམ་པ་དང་། གཉིས་པ་སྟོང་ཉིད་ཀྱི་སྣང་ཆ་ཟླ་བ་ཚེས་པ་ལྟ་བུར་བསྒོམ་པ་དང་། གསུམ་པ་དེ་ཉིད་ཉ་བ་ལྟ་བུར་བསྒོམ་པ་དང་། བཞི་པ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་མཚན་བསྒོམ་པ་དང་། ལྔ་པ་དེ་ལས་འོད་ཟེར་སྤྲོ་བསྡུ་བྱས་ཏེ་ཡོངས་སུ་གྱུར་པ་ལས་རིགས་ཀྱི་ལྷ་གང་ཡིན་གྱི་སྐུར་བསྒོམ་པའོ། །ཡང་ན། ཞིང་དང་གནས་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ་གདན་པད་ཟླ་ལ་མངོན་པར་བྱང་ཆུབ་པ་དང་། ཆོས་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ་གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པ་དང་། དུས་ཕུན་སུམ་ཚོགས་པ་བརྟག་པ་བསམ་མི་ཁྱབ་པར་གནས་པའི་རྒྱུ་ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ་དང་། འཁོར་དང་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་སྐུ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ལ་མངོན་པར་བྱང་ཆུབ་པ་དང་། སྐུའི་ངོ་བོའམ་ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱུ་ལྷ་ཡེ་ཤེས་སེམས་དཔའ་ལ་མངོན་པར་བྱང་ཆུབ་པ་སྟེ་མངོན་བྱང་ལྔའི་སྒོ་ནས་བསྐྱེད་པའོ། །གཉིས་པ་ཆོ་འཕྲུལ་བཞི་ཡང་དེ་ཉིད་ལས། ཏིང་འཛིན་བྱིན་རླབས་དབང་བསྐུར་མཆོད། །ཅེས་པས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི་གཙོ་འཁོར་ཡོངས་རྫོགས་བསྒོམ་པའོ། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། ལྷ་དེ་དག་རང་རང་གི་རིགས་ཀྱིས་བྱིན་གྱིས་བརླབས་པའོ། །དབང་བསྐུར་བའི་ཆོ་འཕྲུལ་ནི་རང་རིགས་ཀྱི་སྐུ་དང་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་དབང་བསྐུར་བའོ། །མཆོད་པའི་ཆོ་འཕྲུལ་ནི་དེ་དག་ལ་ཕྱག་དང་མཆོད་པ་བསྟོད་པ་རྣམས་བྱ་བའོ། །དེ་ལྟར་བདག་ལྷར་བསྐྱེད་པ་ལ་དབྱིངས་ནས་ཡེ་ཤེས་པ་དགུག་ཅིང་བདག་དང་ལྷ་དོན་ལ་མཉམ་པར་ཤེས་པའི་ངེས་ཤེས་ཀྱིས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་བསྟིམས་ནས། སྐུ་ཡི་རྣམ་པ་ཕྱག་རྒྱ་ཆེན་པོ། གསུང་གི་རྣམ་པ་ཆོས་ཀྱི་ཕྱག་རྒྱ། ཐུགས་ཀྱི་རྣམ་པ་དམ་ཚིག་གི་ཕྱག་རྒྱ། འོད་ཟེར་འཕྲོ་འདུ་ལ་སོགས་པས་ལས་བསྒྲུབ་པ་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ཡིས་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ངོ་བོར་རྒྱས་བཏབ་སྟེ་དབྱེར་མེད་དུ་བཅིང་ཞིང་། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་གཅིག་པའི་ངང་ནས་བཟླས་པ་ལ་བརྩོན་ཞིང་དངོས་གྲུབ་རྣམ་པ་གཉིས་ལེན་པ་ཡིན་ནོ། །དེ་ལྟར་བསྒྲུབ་ཅིང་དངོས་གྲུབ་བླང་བའི་བཟླས་བརྗོད་པའི་མཐའ་ལ་གཤེགས་གསོལ་བྱ་བ་སྟེ་འདིའི་ཆོ་ག་ལ་གཞི་དཀྱིལ་འཁོར་རྒྱལ་མཆོག་དང་། དེ་ལ་བརྟེན་ནས་ལས་རྒྱལ་མཆོག་སྒྲུབ་པའི་རིམ་པས་འདོད་པའི་དངོས་གྲུབ་མ་གྲུབ་ཀྱི་བར་དུ་ཏིང་ངེ་འཛིན་ལ་རྣལ་འབྱོར་དུ་བྱ་བའོ། །ཕྲ་བ་ཕྱག་མཚན་ལ་དམིགས་པ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཤིན་ཏུ་ཕྲ་བ་སྣ་རྩེ་སོགས་སུ་བསྒོམས་ནས་མཐར་མི་རྟོག་པར་འཇོག་པའོ། །གཉིས་པ་ཤེས་རབ་ཀྱི་རྣལ་འབྱོར་ནི། དོན་དམ་མཚན་མ་མེད་པའི་ཡེ་ཤེས་དང་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་སྣང་གཉིས་ཀ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ནོ། །དེ་ལྟར་བསྒོམས་ཤིང་བསྒྲུབས་པས་འཇིག་རྟེན་པའི་དངོས་གྲུབ་མཁའ་ལ་སྤྱོད་པའི་རིག་འཛིན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་ཚེ་གསུམ་ན་སྔར་གྱི་རིགས་བཞིའི་སྟེང་དུ་ལས་རིགས་བསྣན་པའི་རིགས་ལྔ་སྟུག་པོ་བཀོད་པར་མངོན་བྱང་ལྔའི་ཐབས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བར་འདོད་པ་ཡིན་ནོ། །དེ་སྐད་དུའང་ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །གསུམ་པ་ནང་རྒྱུད་བཤད་པ་ལ་གཉིས་ཏེ། སྤྱི་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྟ་སྒོམ་སྤྱོད་པ་གསུམ་པོ་ཕྱི་རྒྱུད་ལས་ཁྱད་པར་འཕགས་ཤིང་འདི་དག་གི་གོང་ན་རྒྱུད་སྡེ་གཞན་མེད་པས་བླ་ན་མེད་པ། ཐབས་ཤེས་སམ་བསྐྱེད་རྫོགས་དབྱེར་མེད་དུ་ཉམས་སུ་ལེན་པའི་ཕྱིར་གསང་སྔགས་ནང་པ་ཞེས་བྱ་ལ། ནང་རྒྱུད་སྡེ་གསུམ་པོ་འདིར་ནི་བསྐྱེད་རྫོགས་གཉིས་མེད་ཀྱི་ལམ་སྟོན་ཡང་གཙོ་ཆེ་ཆུང་ཙམ་དུ་བསྐྱེད་པའི་རིམ་པ་རྒྱ་ཆེར་སྟོན་ཞིང་ལྷའི་རྣམ་པ་ཕོ་ཤས་ཆེ་ལ། དར་དང་རིན་པོ་ཆེའི་རྒྱན་མང་བ་དང་། རྫོགས་པའི་རིམ་པ་ཚང་བར་སྟོན་ཞིང་། ལྷའི་རྣམ་པ་མོ་ཤས་ཆེ་ལ་གཅེར་བུ་རུས་པའི་རྒྱན་དང་གཡང་གཞི་དང་ཐལ་ཆེན་གྱི་བྱུགས་པ་སོགས་མང་བ་དང་། ཡང་ཐབས་ཤེས་ཟུང་དུ་འཇུག་པ་འོད་གསལ་བའི་ཡེ་ཤེས་གསལ་བར་སྟོན་པ་སྟེ་དེ་གསུམ་གྱི་དབང་ལས་ཐ་སྙད་ཀྱི་དབྱེ་བ་ཕ་རྒྱུད་དང་མ་རྒྱུད་དང་གཉིས་མེད་ཀྱི་རྒྱུད་གསུམ་དུ་རྣམ་པར་བཞག་པ་ཡིན་ལ། ཕ་མ་གཉིས་པོའི་འཇོག་མཚམས་དེ་ཙམ་དུའང་མ་ངེས་ཏེ། གཙོ་བོ་གོ་འཕོ་ལ་གཙོ་མོ་མི་འཕོ་བ་ཐབས་ཕའི་རྒྱུད་དང་། གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་བ་ཤེས་རབ་མའི་རྒྱུད་དེ། གོ་འཕོ་དགོས་པ་ནི། མེ་ཏོག་གང་ལ་ཕོག་པའི་རིགས་དེ་གཙོ་བོར་བྱས་ན་འགྲུབ་ཐག་ཉེ་བའི་ཕྱིར་རིགས་གང་གཙོ་བོར་བྱེད་དགོས་པའི་རིགས་ཀྱི་ཡབ་དེའི་གཙོ་བོ་བརྗེ་ཞིང་ཡུམ་རང་གི་གོ་ས་ནས་མི་འཕོ་བ་དང་དེ་ལས་ལྡོག་པའི་ཁྱད་པར་རོ། །ནང་རྒྱུད་ཀྱི་ལྷ་ཐམས་ཅད་ནི་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཚུལ་དང་། དམ་ཚིག་གི་རྫས་ཀྱང་འོག་མས་བསྟེན་དུ་མི་ནུས་པའི་ཁྱད་པར་ཅན་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པ་ལ་ལོངས་སྤྱོད་ནུས་ཤིང་། དེ་ཡང་ལྟ་བ་དག་མཉམ་ཆེན་པོ་རྟོགས་པའི་གནད་ཀྱིས་གཙང་བཙོག་སོགས་གཉིས་ཆོས་ཐམས་ཅད་ལ་བཟང་ངན་གྱི་གཉིས་འཛིན་མེད་པས་འགའ་ཞིག་སྤོང་བ་དང་འགའ་ཞིག་དང་དུ་ལེན་པ་མེད་པར་རོ་མཉམ་དུ་བལྟ་ཞིང་སྤྱོད་པའི་རང་བཞིན་ཅན་ནོ། །དེ་ལ་སྤྱིར་མདོ་དང་སྔགས་ཀྱི་ལྟ་བ་ལ་ཁྱད་ཞུགས་སྟོབས་ཀྱིས་རྒྱུད་སྡེ་འོག་མ་བྱ་རྒྱུད་པའི་ལྟ་སྤྱོད་ཀྱང་དབུ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ནའང་ཕྱོགས་མཐུན་པ་ཙམ་དུ་གྲུབ་མཐའ་སྨྲ་བ་བཞི་པོ་དང་རྒྱུད་སྡེ་བཞིའི་ལྟ་སྤྱོད་རྣམས་འདྲ་ཆོས་རེ་ཡོད་ཅིང་གོང་འོག གི་ཁྱད་ཀྱང་དེ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། དེ་ལ་བླ་ན་མེད་པའི་རྒྱུད་སྡེ་འདིར་འཁོར་བའི་རང་བཞིན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་པོ་དངོས་སུ་རྣམ་བྱང་གི་བདེན་པ་གཉིས་ཀྱི་ངོ་བོར་ལམ་དུ་བྱས་ནས་སངས་རྒྱས་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་ཡི་རང་བཞིན་དུ་ད་ལྟ་ནས་སྒྲུབ་པར་བྱེད་པས་དེའི་ཚུལ་ལ་སེམས་ཀྱི་སྤྲོས་པ་རྒྱ་ཆེན་པོའི་སྒོ་ནས་སྒོམ་པར་བྱེད་པས་རྣལ་འབྱོར་ཆེན་པོ་ཕ་ཡི་རྒྱུད་དེ། འདིས་ནི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་ལ་གཟུང་འཛིན་གློ་བུར་བའི་རྟོག་པའི་དབང་གིས་ཕུང་སོགས་ཀྱི་ཆོས་སྣོད་བཅུད་ཀྱི་རྣམ་པར་སྣང་ཞིང་དེར་སྒྲོ་བཏགས་པའི་ཀུན་བརྟགས་ཀྱི་ཆ་སྦྱང་བའི་ཕྱིར་རང་བཞིན་ཡོངས་ཤེས་ཀྱི་ལྟ་བའི་ངང་ནས་སྣོད་བཅུད་ཐམས་ཅད་ཞིང་དང་གཞལ་ཡས་ཁང་དང་ལྷ་དང་ལྷ་མོར་གསལ་བའི་ལམ་བསྐྱེད་པའི་རིམ་པ་གཙོ་བོར་བྱས་ནས་བསྒོམ་ཞིང་། རྫོགས་རིམ་ནི་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར་འབྱུང་བའི་དྭངས་མའི་རླུང་ལྔ་དབུ་མའི་དབྱིངས་སུ་དག་པར་བྱེད་པ་ལ་སོགས་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སྒྲུབ་པར་བྱེད་དོ། །བསྐྱེད་རིམ་ལ་གོམས་པ་བརྟན་པའི་རྗེས་སུ་སྒོམ་པར་བྱེད་པས་སམ། རྗེས་ཆགས་ཀྱི་ཡེ་ཤེས་བསྐྱེད་པ་གཙོ་བོར་འདོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་མ་རྒྱུད་དེ། འདིས་ནི་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་དངོས་སུ་གནད་དུ་བསྣུན་ནས་གཞན་དབང་གི་ངོ་བོ་སེམས་དང་སེམས་བྱུང་གི་རྟོགས་ཚོགས་ཐམས་ཅད་དབྱིངས་ཀྱི་རང་བཞིན་ཤེས་རབ་སྟོང་པ་ཉིད་ཀྱི་ངང་དུ་དག་པའི་སྟོབས་ཀྱིས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་བསྐྱེད་པའི་ལམ་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས་གཞན་ལུས་ཕྱག་རྒྱ་བསྟེན་པའི་རྫོགས་རིམ་གཙོ་བོར་བྱེད་ཅིང་ཁམས་ལས་སུ་རུང་ཞིང་ཞུ་བ་ལས་དགའ་བཞི་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་སོགས་དངོས་གྲུབ་རྣམ་པ་གཉིས་དམིགས་པ་གོམས་པ་ཁོ་ན་ལ་མི་ལྟོས་པར་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལས་སྒྲུབ་པར་བྱེད་དོ། །ཤིན་ཏུ་ཉམས་སུ་མྱོང་དཀའ་བའི་རང་གནས་ཀྱི་ཡེ་ཤེས་ཇི་བཞིན་པ་རྗེན་པར་བསྒོམས་པས་ཤིན་ཏུ་རྣལ་འབྱོར་ཏེ། འདིས་ནི་བསྐྱེད་རྫོགས་སམ་ཐབས་ཤེས་གཉིས་གཙོ་ཆེ་ཆུང་མེད་པར་ཡོངས་གྲུབ་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱེད་པའི་ལམ་ལ་གོམས་པས་གཅིག་དང་དུ་མའི་མཐའ་དང་བྲལ་བའི་ཆོས་ཉིད་འོད་གསལ་ལྷུན་གྲུབ་ཆེན་པོར་སྦྱོར་ཞིང་ཕུང་པོའི་སྙིགས་མ་དྭངས་མའི་འཇའ་འོད་དུ་དྭངས་པར་བྱེད་དོ། །དེ་དག་གི་རང་བཞིན་རྒྱས་པར་ནི་འོག་ཏུ་སྟོན་ནའང་འདིའི་སྐབས་སུ་རང་རང་གི་གོ་དོན་བསྡུས་ཏེ་འཛིན་ཤེས་པར་བྱ་དགོས་གསུངས། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་བས་ནི། རྣལ་འབྱོར་ཕ་མ་ཞེས་པའི་རྣལ་འབྱོར་གྱི་དོན་ཐབས་ཤེས་ཕྱོགས་རེ་བ་མིན་པར་ཐབས་ཤེས་སྦྱར་བར་གསུངས་པའི་ཐབས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དང་། ཤེས་རབ་ནི་བདག་མེད་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་བློ་ཡིན་པས་དེས་དབང་དུ་བྱས་ན་བླ་མེད་ཀྱི་རྒྱུད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་གནས་པས་གཉིས་མེད་ཀྱི་རྒྱུད་ནི་ཕ་མ་གཉིས་ཀྱི་དབྱེ་གཞིར་བྱ་ཡི་དབྱེ་བའི་ཡ་གྱལ་མིན་ཞེས་བཞེད་ཅིང་། ཐབས་ཤེས་སོ་སོ་བའི་རྒྱུད་དུ་འཇོག་བྱེད་ཀྱི་ཐབས་ཤེས་ནི་དྲི་མེད་འོད་ལས་གསུངས་པ་ལྟར། ཕུང་པོ་དག་པ་ལས་ཐབས་སུ་བཞག་པའི་ལྷ་ཕོ་དང་། ཁམས་དག་པ་ལས་ཤེས་རབ་ཏུ་བཞག་པ་ལྷ་མོའི་སྒོ་ནས་ཕ་མ་སོ་སོའི་རྒྱུད་སོ་སོར་འཇོག་པ་དང་། ཡང་རྡོ་རྗེ་གུར་ལ་སོགས་པ་ལས་གསུངས་པ་ལྟར། གཙོ་བོར་རྫོགས་རིམ་གྱི་སྒོ་ནས་རྒྱུད་གཉིས་སོ་སོར་ཕྱེ་ཞིང་། དེ་ལྟར་ཕྱེ་བའི་ཐབས་ཤེས་ཡང་། དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཤེས་རབ་དང་། ཀུན་རྫོབ་སྒྱུ་མའི་སྐུ་ནི་ཐབས་ཏེ། དེའང་དེ་ཁོ་ན་ཉིད་སྟོང་པ་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་འཇུག་པའི་ཚུལ་སྟོན་པས་གུར་ལ་སོགས་པ་མ་རྒྱུད་དང་། འོད་གསལ་འཆར་བའི་གནས་སྙིང་གར་རླུང་སྡུད་རིམ་ལས་ལུགས་འབྱུང་གི་སྟོང་པ་བཞི་དང་། ཕྱིར་ལ་ལྡང་བའི་རིམ་པས་ལུགས་ལྡོག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང་། འོད་གསལ་གྱི་རླུང་འོད་ཟེར་ལྔ་པ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་པ་གཙོ་བོར་སྟོན་པ་ནི་ཕ་རྒྱུད་དོ་ཞེས་བཞེད་པ་ཡིན་ནོ། །འོ་ན་འདིར་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱི་དབྱེ་བས་རྒྱུད་གསུམ་དུ་བཞག་པ་དང་དེ་གཉིས་མི་འགལ་ལམ་ཞེ་ན། འགལ་བར་མ་མཐོང་སྟེ། རྗེ་ཉིད་ཀྱིས་རྒྱུད་སྡེ་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གསུངས་པའི་ཐབས་ཤེས་གཉིས་ཀྱི་དབྱེ་གཞི་བྱས་ཏེ། ཕ་མ་གཉིས་སུ་དབྱེ་ཚུལ་གཉིས་གསུངས་པ་དེའང་གཙོ་ཆེ་ཆུང་ཙམ་ལས་ལྷ་ཕོ་མོ་དང་། བདེ་ཆེན་ཡེ་ཤེས་དང་། སྒྱུ་མའི་སྐུ་དེ་དག་དོན་དམ་པའི་ཐབས་ཤེས་དབྱེར་མེད་ལས་གཞན་ཞིག་མིན་ཞིང་དེ་གཉིས་ལམ་དུ་བྱེད་དུས་རྟགས་ཀྱི་ཕྱག་རྒྱ་ལྷ་ཕོ་མོ་དང་བདེ་བའི་ཡེ་ཤེས་དང་སྒྱུ་མའི་སྐུའི་རྣམ་པར་སྒྲུབ་ཚུལ་ཙམ་གྱིས་འཇོག་ལ། གཉིས་མེད་ཀྱི་རྒྱུད་ཡ་གྱལ་བ་མེད་པར་གསུངས་པའང་། འོད་གསལ་གཙོ་བོར་སྟོན་པའི་རྒྱུད་སྡེ་དུས་འཁོར་སོགས་ནས་ཀྱང་རྒྱུད་སྡེ་གཉིས་སུ་འཇོག་བྱེད་ཀྱི་ཐབས་ཤེས་དངོས་སུ་བསྟན་པ་ཙམ་ལ་དགོངས་པ་ཡིན་ཞིང་། འདིར་ཡང་བསྐྱེད་རིམ་ཐབས་ཀྱི་ཆ་དང་རྫོགས་རིམ་ཤེས་རབ་ཀྱི་ཆས་བཞག་ཀྱང་དོན་དམ་པའི་བདེ་སྟོང་དབྱེར་མེད་ལམ་དུ་བྱེད་ཚུལ་ལ་ཐབས་ཤེས་དེ་གཉིས་གཙོ་ཆེ་ཆུང་ཙམ་མ་གཏོགས་སྒྲུབ་གཞི་ཐབས་ཤེས་དབྱེར་མེད་དེ་ལས་གཞན་ན་འཇོག་བྱེད་ཐ་དད་པ་ཞིག་ཡོད་པར་མི་འདོད་ཅིང་། གཉིས་མེད་ཀྱི་རྒྱུད་ཅེས་གཞན་དུ་གསུང་པར་བཞག་པ་དེའང་ཐབས་ཤེས་དེ་གཉིས་གཙོ་ཆེ་ཆུང་མེད་པར་མཉམ་པར་སྦྱོར་བའི་ཡེ་ཤེས་རང་གི་ངོ་བོ་ལམ་དུ་བྱེད་ཚུལ་གཙོ་བོར་སྟོན་པའི་རྒྱུད་ལ་འཇོག་གི། །དེ་གཉིས་ལས་ཐ་དད་པ་ཞིག་ནི་ཡོད་པ་མི་བཞེད་དོ། །ཁྱད་པར་སྔ་འགྱུར་གྱི་རྒྱུད་སྡེ་ཡོ་ག་གོང་མའི་དགོངས་དོན་བླ་ན་མེད་པ་རྣམས་ཐབས་ཤེས་ཕྱོགས་རེ་བ་མ་ཡིན་པར་ཟུང་འཇུག་གི་ཡེ་ཤེས་ཉག་གཅིག་གཙོ་བོར་སྟོན་པའི་རྒྱུད་ཡིན་པའི་ཕྱིར་ཕ་མ་གཉིས་ལས་ཐ་དད་པར་བཞག་པ་ནི་ཆེས་འཐད་པ་དང་བཅས་པའོ། །གསུམ་པ་བླ་ན་མེད་པའི་རྒྱུད་སྡེ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ལམ་གྱི་སྤྱི་ཆིངས་མདོར་བསྟན་པ་དང་། ཉམས་ལེན་གྱི་ལམ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། འདི་ལྟར་སེམས་ཅན་ཐམས་ཅད་ནི་བདེ་གཤེགས་སྙིང་པོའི་རང་བཞིན་དྲི་མའི་སྦུབས་ན་གནས་པ་འཁོར་འདས་ཐམས་ཅད་ཀྱི་འཆར་གཞི་ཅན་ཡིན་པས། དེ་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་སྦྱང་བ་བྱས་པས་ཚེ་གཅིག་ལ་སོགས་པར་མྱ་ངན་ལས་འདའ་བའི་ཚུལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་པ་ལྟར་བླ་ན་མེད་པའི་རྒྱུ་སྡེ་ཀུན་གྱི་ནང་ནས་བཤད་པའི་བསྐྱེད་པ་དང་རྫོགས་པའི་རིམ་པས་གནད་དུ་བསྣུན་པའི་གཞི་ནི་གང་ཡིན་ཞེ་ན། སྤྱིར་ཁམས་གོང་མ་རྣམས་ལྟ་བུ་ལའང་ཁམས་དྲུག་གམ་རྩ་རླུང་ཐིག་ལེ་ཕྲ་བའི་རང་བཞིན་རྡོ་རྗེ་གསུམ་གྱི་བསྒྲུབ་གཞི་གཏན་ནས་མེད་པ་མ་ཡིན་ཀྱང་། དང་པོ་གསང་སྔགས་ཉམས་སུ་ལེན་པར་བྱེད་པའི་རྟེན་འབྱུང་བ་ལྔ་རྣམ་པར་ཤེས་པ་དང་བཅས་པའི་ཁམས་དྲུག་པོ་རགས་པ་མངོན་གྱུར་པ་དང་ལྡན་པའི་ལུས་འདོད་ཁམས་པ་དང་། ཁྱད་པར་དུ་མིའི་འགྲོ་བ་ཡིན་པར་བཤད་དོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་སྣང་བའི་གཞི་རགས་པའི་རྩ་ཐིག་རླུང་གསུམ་དང་རོ་གཅིག་པའི་གཉུག་མ་དྲི་བཅས་ཀྱི་ཁམས་དང་བཅས་པ་རྣམས་ནི་ཟུང་འཇུག་ཨེ་ཝྃཿགྱི་རང་བཞིན་སྟོང་པ་བཞི་དང་སྣང་བ་བཞིའི་ཡེ་ཤེས་དང་གཉིས་སུ་མེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་ནས་གནས་པ་ཡིན་ཏེ། དམ་པ་དང་པོའི་རྒྱུད་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་གཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་སོ། །དེས་ན་རྟེན་ལ་གནད་དུ་བསྣུན་པས་བརྟེན་པ་ལས་སུ་རུང་བ་ལས་བསྐྱེད་རིམ་གྱིས་རྩ་དག་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་དང་། རྫོགས་རིམ་གྱིས་རླུང་དག་པ་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དང་། ཟུང་འཇུག་གི་ལམ་གྱིས་ཐིག་ལེ་དག་པ་ཡེ་ཤེས་ལྔའི་རང་བཞིན་ཐུགས་རྡོ་རྗེ་གསུམ་གྱི་ཡོན་ཏན་མ་ལུས་པ་ཀུན་མྱུར་དུ་བསྐྱེད་པར་བྱེད་པ་ནི་རྡོ་རྗེ་ཐེག་པའི་ལམ་ཡིན་པའི་ཕྱིར་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་རྒྱས་པར་བཤད་པ་ལ་གཉིས་ཏེ། ཀུན་གཞི་རྒྱུ་རྒྱུད་དུ་ལྟ་སྒོམ་སྤྱོད་འབྲས་བཞི་ཉམས་སུ་བླང་བ། ལམ་ཐབས་རྒྱུད་དུ་སྨིན་གྲོལ་ཡན་ལག་དང་བཅས་པ་ཉམས་སུ་ལེན་ཚུལ་བཤད་པའོ། །དང་པོ་ཀུན་གཞི་རྒྱུ་རྒྱུད་དུ་ལྟ་སྒོམ་སྤྱོད་འབྲས་བཞི་ཉམས་སུ་བླང་བ་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་ཉམས་སུ་བླང་བར་བྱ་བའི་ངོ་བོ་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ་གནས་པ་ཉིད་ཡིན་ལ། དེའི་རང་བཞིན་མངོན་སུམ་དུ་རྟོགས་ཤིང་ཉམས་སུ་མྱོང་བ་ནི། མོས་གུས་ཀྱི་ཕ་ཕོག་ཐོབ་པའམ། དབང་དུས་སུ་ངོ་འཕྲོད་པའམ། བསྐྱེད་རྫོགས་ཀྱི་ལམ་གོམས་པའི་རྟེན་འབྲེལ་ལ་བརྟེན་ནས་འབྱུང་བ་ལས། སྒྲ་རྟོག་གི་ཡུལ་དུ་བྱས་ཏེ་བདེན་གཉིས་སམ། སྣང་སྟོང་སོགས་ཀྱི་ཐ་སྙད་ལ་བརྟེན་ནས་ཇི་བཞིན་པར་མི་རྟོགས་ནའང་། སྔགས་བླ་མེད་ཀྱི་ལམ་དུ་ཞུགས་པའི་ཐོས་བསམ་པ་དག་གིས་གཞིའི་རང་བཞིན་ནམ་གནས་ལུགས་དེ་ཉིད་དང་པོ་ཐོས་བསམ་གྱི་ལྟ་བས་ཐག་བཅད་པར་མ་བྱས་ན། འདོན་རྒྱུའི་ཆོ་ག་དང་། བསྒོམ་རྒྱུའི་བསྐྱེད་རྫོགས་དེ་བླ་མེད་དུ་གཏོགས་པ་ཞིག་ཡིན་པ་ཙམ་གྱིས་དེར་མི་འགྱུར་བས་ན་ཤི ན་ཏུ་གལ་ཆེ་སྟེ་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་ཐུན་མོང་མ་ཡིན་པའི་བསླབ་པ་ཐམས་ཅད་ཀུན་དེའི་རྗེས་སུ་འབྲང་དགོས་པའི་ཕྱིར་རོ། །དེ་ལྟ་བས་ན་སྣང་སྲིད་དག་མཉམ་ཆེན་པོར་ངེས་པའི་བློ་ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག །ལམ་ཐམས་ཅད་ཀྱི་སྐྱེལ་སོ་བླ་ན་མེད་པའི་ལུགས་ཀྱི་ལྟ་བ་ཇི་ལྟར་གཏན་ལ་དབབ་པའི་ཚུལ་བླ་མ་རྣམས་ཀྱི་གསུང་ལ་བརྟེན་ནས་རང་ལུགས་ལྟར་ཅུང་ཟད་བཤད་ན། འདི་ལྟར་ཐ་སྙད་ཀྱི་ཡུལ་ཅན་ཆོས་ཅན་ལྟ་བའི་ལྟ་བ་དང་། དོན་དམ་པའི་ཡུལ་ཅན་ཆོས་ཉིད་ལྟ་བའི་ལྟ་བ་དང་། བདེན་གཉིས་དབྱེར་མེད་པར་ངེས་པའི་ཡུལ་ཅན་རང་རིག་ལྟ་བའི་ལྟ་བ་སྟེ་གསུམ་ནི་སྤྱིར་ལྟ་བ་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་ནའང་། འདིར་ཐུན་མོང་མ་ཡིན་པའི་ལྟ་བས་གཏན་ལ་འབེབས་པའི་ཚུལ་ནི། དེ་གསུམ་གྱིས་ཆོས་ཐམས་ཅད་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་རང་བཞིན་དུ་གཏན་ལ་འབེབས་པར་བྱེད་དེ། དེ་ཡང་ཆོས་ཅན་གྱི་ལྟ་བས་ལྷག་པའི་ཀུན་རྫོབ་ཀྱི་བདེན་པ་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པར་གཏན་ལ་འབེབས་པར་བྱེད་ཅིང་། ཆོས་ཉིད་ཀྱི་ལྟ་བས་ལྷག་པའི་དོན་དམ་པའི་བདེན་པ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་མཛོད་ཁང་འབྲས་ཆོས་ལྔ་དང་དབྱིངས་ཡེ་གཉིས་ཏེ་དཀོར་བདུན་ངོ་བོ་ཉིད་མེད་པའི་དབྱིངས་སུ་མཉམ་པར་ཤེས་ནས། རང་རིག་གི་ལྟ་བས་ལྷག་པའི་བདེན་པ་དེ་གཉིས་དབྱེར་མེད་མཉམ་པ་ཆེན་པོར་ཡུལ་མེད་རང་གསལ་གྱི་ཚུལ་དུ་ཉམས་སུ་མྱོང་བའོ། །དེའི་ཕྱིར་མདོ་སྔགས་ཀྱི་ལྟ་བ་གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཙམ་ལ་ཁྱད་མེད་ཀྱང་། ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་པར་ཡོད་པས་ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་དགོས་པའི་ཕྱིར་ཁྱད་ཤིན་ཏུ་ཆེ་གསུངས། དེ་ཡང་སྔགས་ཀྱི་ལམ་པས་མཉམ་གཞག་ཏུ་བདེན་པ་དབྱེར་མེད་ཀྱི་དོན་ལ་གསལ་སྣང་ཐོབ་ཚུལ་དང་། རྗེས་ཐོབ་ཏུ་ངེས་པ་སྐྱེ་ཚུལ་གཉིས་ཀ་མདོ་ལམ་ལས་འཕགས་ཤིང་། དེར་མ་ཟད་སྔགས་ལམ་དུ་དང་པོར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་དུས་ནས་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་དག་མཉམ་ཆེན་པོའི་རང་བཞིན་དུ་ལྟ་བས་ན་ལྟ་བ་ལ་མ་རྨོངས་པ་ཡིན་པའི་ཕྱིར་ཀུན་འབྱུང་ལམ་བདེན་དང་སྡུག་བསྔལ་འགོག་བདེན་གྱི་ངོ་བོར་ཤར་བས་ཉོན་མོངས་ཡེ་ཤེས་དང་སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཕྱིར་རྒྱུ་འབྲས་དབྱེར་མེད་དུ་སྟོན་པས་འབྲས་བུའི་ཐེག་པ་དང་རྡོ་རྗེའི་ཐེག་པ་ཞེས་པའི་མཚན་ཡང་དོན་གྱིས་ཐོབ་པ་ཡིན་ནོ། །དེ་ལ་དང་པོ་ཆོས་ཅན་ལྟ་བའི་ལྟ་བས་ཆོས་ཐམས་ཅད་དག་པར་བསྒྲུབ་པའི་དབང་དུ་བྱས་ན་སྣང་བ་ལྷ་དང་ཉོན་མོངས་པ་ཡེ་ཤེས་སུ་དག་པར་བསྒྲུབ་པ་ཡིན་པར་གསུངས་པས་ན། །ཕྱི་དོན་ཁས་ལེན་པ་རྣམས་ཀྱི་ངོར་སྣང་བ་ལྷར་བསྒྲུབ་ན། ད་ལྟ་མ་དག་པར་སྣང་བའི་དངོས་པོ་འདི་ཐམས་ཅད་གནས་ཚུལ་ལ་དག་པ་ལྷ་དང་གཞལ་ཡས་ཁང་ལ་སོགས་པའི་རང་བཞིན་ཡིན་ཏེ། དཔེར་ན་ཆུ་གཅིག་ལ་ཡི་དྭགས་རྣམས་ཀྱིས་རྣག་ཁྲག་ཏུ་མཐོང་བ་ནས། མི་དང་ལྷ་དང་རིག་པ་འཛིན་པ་རྣམས་ཀྱིས་མཐོང་ཚུལ་ཕྱི་མ་ཕྱི་མ་རྣམས་དག་ཅིང་། བག་ཉལ་ཡོངས་སུ་ཟད་པ་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་གཟིགས་ངོར་དག་མ་དག་གི་སྤྲོས་པ་ཐམས་ཅད་ཞི་བས་གང་ཡང་མི་གཟིགས་ལ། ཇི་སྙེད་པའི་གཟིགས་ངོར་ཤིན་ཏུ་རྣམ་པར་དག་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚད་མེད་པར་སྣང་བས་སྒྲིབ་པ་ཐམས་ཅད་དག་པའི་ཡུལ་ཅན་དེ་ཚད་མ་མཐར་ཐུག་ཡིན་པས་དེས་ཇི་ལྟར་མཐོང་བ་དེ་ཡུལ་གྱི་གནས་ཚུལ་དངོས་ཡིན་པར་གྲུབ་པ་ཡིན་ནོ། །དེས་ན་སྣང་བ་ཐམས་ཅད་ཆོས་ཅན། གནས་ཚུལ་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ཏེ། ཕྱིན་ཅི་ལོག་གི་བསླད་པ་དང་བྲལ་བའི་འཕགས་པ་རྣམས་ཀྱིས་དག་པར་གཟིགས་པའི་ཕྱིར། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོར་མཐོང་བ་བཞིན་ནོ། །འཕགས་པས་མཐོང་བ་རང་སྣང་ཡིན་པས་ད་ལྟའི་མ་དག་པའི་སྣང་བ་འདི་མ་ཡིན་ནོ་སྙམ་ན་སྤྱིར་བལྟ་བྱ་ཐུན་མོང་བ་ཞིག་ཕྱི་དོན་དུ་གྲུབ་པ་མེད་པས་མ་དག་པ་ཐམས་ཅད་སེམས་ཀྱི་རང་སྣང་དང་། དག་པ་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ཡིན་ནའང་རྟེན་འབྲེལ་གྱི་སྣང་བ་ཙམ་ལ་ཐ་དད་པ་ནི་མེད་དེ། ཤཱ་རིའི་བུས་སངས་རྒྱས་ཀྱི་ཞིང་འདི་མ་དག་པར་མཐོང་ཞིང་། ཚངས་པ་རལ་པ་ཅན་གྱིས་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཚུངས་པ་ཙམ་དུ་དག་པར་མཐོང་བའི་ཚེ། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པར་མཐོང་བའི་ཚེ་བཅོམ་ལྡན་འདས་ཀྱིས་ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ་ཁྱོད་རྣམས་ཀྱིས་མི་མཐོང་ངོ་ཞེས་གསུངས་པ་ལྟར་རོ། །དེས་ན་འཁྲུལ་ངོར་སྣང་ཚུལ་ལ་མཁྲིས་ནད་ཅན་གྱིས་དུང་ལ་སེར་པོར་མཐོང་བ་བཞིན་མ་དག་པར་སྣང་ཡང་། གནས་ཚུལ་ལ་དུང་གི་ཁ་དོག་གི་གནས་ཚུལ་དཀར་པོ་ཡིན་པ་བཞིན་དག་པ་ཡིན་ནོ། །ཆོས་ཅན་གྱི་རིགས་པ་འདིས་ཆོས་ཐམས་ཅད་མཉམ་པར་ཡང་རྟོགས་ནུས་ཏེ། ཐམས་ཅད་དག་པའི་རང་བཞིན་དུ་མི་མཉམས་པ་གཅིག་ཀྱང་མེད་པར་ཤེས་པའི་ཕྱིར་རོ། །ཡང་དོན་དམ་དཔྱོད་པའི་ཚད་མས་ཀྱང་དག་པར་སྒྲུབ་ནུས་ཏེ་འདི་ལྟར་སྡུག་ཀུན་གྱིས་བསྡུས་པའི་ཆོས་མ་དག་པར་སྣང་བ་འདི་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པ་ཡིན་ཏེ། དོན་དམ་པར་བརྟགས་ན་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཏེ། སྟོང་པ་དང་དབྱེར་མེད་པའི་སྣང་བ་ནི་དག་པར་གྲུབ་སྟེ་སྟོང་པའི་རང་བཞིན་ལ་མ་དག་པ་མེད་པའི་ཕྱིར་རོ། །འོ་ན་སྟོང་པའི་ངོ་བོ་ལ་དག་མ་དག་གཉིས་ཀ་མེད་པས་སྣང་བ་དག་པར་མི་འགྲུབ་བོ་སྙམ་ན། ད་དུང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བདེན་པ་དབྱེར་མེད་ཀྱི་དོན་བསྒྲུབ་པས་འགྲུབ་པར་འགྱུར་རོ། །ཡང་བལྟ་བྱ་ཐུན་མོང་པའི་ཕྱི་དོན་མི་འདོད་པར་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་ཁས་ལེན་པ་རྣམས་ཀྱི་ངོར་ཉོན་མོངས་ཡེ་ཤེས་སུ་དག་པར་བསྒྲུབ་ན། ཆོས་ཐམས་ཅད་སེམས་སྣང་ཙམ་ཡིན་པ་འདི། སེམས་ཅན་ཕལ་པ་ལ་མ་དག་པ་དང་། ལམ་པ་ལ་དག་པ་དང་། སངས་རྒྱས་ལ་ཤིན་ཏུ་དག་པར་སྣང་བས་སྒྲིབ་པ་དང་བཅས་པའི་གནས་སྐབས་ཀྱི་ཉོན་མོངས་དང་དེས་བསྐྱེད་པའི་འབྲས་བུ་དང་བཅས་པའི་སེམས་སྣང་ཐམས་ཅད་ནི་འཁྲུལ་སྣང་ཡིན་ལ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་རང་སྣང་དེ་ནི་སེམས་ཀྱི་གཤིས་ལུགས་ཡིན་དགོས་པས་སེམས་དང་ཉོན་མོངས་པའི་རང་བཞིན་དག་པར་གྲུབ་བོ། །དེ་ཡང་དཔེར་ན་གསེར་དང་དངུལ་ཆུ་འདྲེས་པའི་གོང་བུ་མར་གསར་གྱི་ཁ་དོག་ལྟ་བུར་སྣང་བ་དེ་ལ་མི་ཤེས་པ་རྣམས་ཀྱིས་མར་གསར་གྱི་གོང་བུར་འཛིན། དེའི་རང་བཞིན་ཤེས་པ་རྣམས་ཀྱིས་དཀར་པོར་སྣང་བ་འདི་དངུལ་ཆུ་དང་འདྲེས་པས་དེའི་ཁ་དོག་ཏུ་སྣང་གི་དོན་ལ་གསེར་ཡིན་ནོ་སྙམ་དུ་ཤེས། དེ་མེ་ལ་ཅུང་ཟད་རེག་ན་ཟངས་ལ་སོགས་པའི་མདོག་ཏུ་སྣང་། མེས་ཆེར་གདུང་བར་བྱས་ན་གསེར་གྱི་མདོག་ཇི་ལྟ་བ་བཞིན་དུ་སྣང་སྟེ་དེ་ཕན་ཆད་ནི་འགྱུར་བ་མེད་དོ། །དེ་བཞིན་དུ་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོའི་ཁམས་འདི་གཟུང་འཛིན་གྱི་སེམས་ཀྱིས་བསླད་པས་མ་དག་པར་སྣང་ཞིང་མི་ཤེས་པ་དག་གིས་མ་དག་པ་དེ་ལྟར་གྲུབ་པར་འཛིན། དག་མཉམ་ལ་ངེས་པ་རྙེད་པ་རྣམས་ཀྱིས་སེམས་ཀྱིས་བསླད་པས་འདི་ལྟར་སྣང་གི་དོན་ལ་དག་པའོ་སྙམ་དུ་ཤེས། སྒྲིབ་པ་ཅུང་ཟད་དག་པའི་ལམ་པ་རྣམས་ལ་སྣང་བ་དེ་ཇེ་དག་ཏུ་འགྲོ། སྒྲིབ་པ་ཤིན་ཏུ་དག་པའི་སངས་རྒྱས་ལ་ཡེ་ཤེས་ཀྱི་རང་སྣང་ཤ ིན་ཏུ་རྣམ་པར་དག་པའི་ངོ་བོ་ཇི་ལྟ་བ་བཞིན་སྣང་བས་དེ་ཕན་ཆད་འགྱུར་བ་མེད་དོ། །དེ་ལྟར་དག་པར་བསྒྲུབ་པའི་ལྷའི་ངོ་བོ་ནི་ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་དང་། ཆོས་ཅན་རྟགས་ཀྱི་ལྷ་རྟེན་དང་བརྟེན་པའི་ཕྱག་རྒྱར་ཤར་བའོ། །འོ་ན་སངས་རྒྱས་ཀྱི་གཟིགས་སྣང་ལ་མ་དག་པ་ཡོད་པ་མིན་ན། སེམས་ཅན་གྱི་འཁྲུལ་སྣང་མ་དག་པ་འདི་མཁྱེན་ནམ་མི་མཁྱེན། མཁྱེན་ན་གཟིགས་སྣང་མ་དག་པ་ཡོད་པར་འགྱུར་ཞིང་། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ་ཞེ་ན། བདེན་ཞེན་ཅན་གྱི་ངོར་ཡུལ་བདེན་པར་སྣང་བ་དང་། ཡུལ་ཅན་བདེན་འཛིན་འདི་སངས་རྒྱས་ཀྱིས་གཟིགས་སམ་མི་གཟིགས། །གཟིགས་ན་སངས་རྒྱས་ལ་བདེན་སྣང་ཡོད་པ་དང་། བདེན་གྲུབ་ཀྱི་ཆོས་གཟིགས་པར་ཐལ་ལ། མི་གཟིགས་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རོ་ཞེས་འདྲི་ན་ལན་ཅི་ཡོད། སངས་རྒྱས་ཀྱིས་དེ་ཇི་ལྟ་བ་བཞིན་གཟིགས་ཀྱང་སངས་རྒྱས་རང་ལ་ནི་བདེན་སྣང་ཡང་མེད་ལ། སངས་རྒྱས་ཀྱིས་བདེན་པར་གྲུབ་པའི་ཆོས་ཀྱང་མ་གཟིགས་ཏེ་ཡུལ་གྱི་གནས་ཚུལ་ལ་མི་སྲིད་པའི་ཕྱིར་ཞེ་ན། འོ་ན་སངས་རྒྱས་ཀྱིས་འགྲོ་བའི་འཁྲུལ་སྣང་མ་དག་པ་འདི་ཇི་ལྟ་བ་བཞིན་དུ་ཡང་གཟིགས་ཤིང་། སངས་རྒྱས་རང་ལ་མ་དག་པར་སྣང་བ་ཡང་མེད་ལ། མ་དག་པའི་ཆོས་ཀྱང་མ་གཟིགས་ཏེ་དོན་ལ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ཆོས་ཉིད་ལྟ་བའི་ལྟ་བས་ཆོས་ཐམས་ཅད་མཉམ་པ་ཆེན་པོར་བསྒྲུབ་པ་ལ། གང་ཟག་ཅིག་ཆར་བའི་རིགས་རྣམས་ལ་ནི་མན་ངག་གི་ཐབས་ལ་སོགས་པས་རྟོགས་པར་འགྱུར་བས་དཔྱད་པ་མང་པོ་མི་དགོས་ཀྱང་། མཉམ་པ་ཉིད་ཀྱི་དོན་ལ་ངེས་པ་རིམ་གྱིས་བསྐྱེད་པའི་དབང་དུ་བྱས་ན། སྟོང་པ་དང་། ཟུང་འཇུག་དང་། སྤྲོས་བྲལ་དང་། མཉམ་པ་ཉིད་བཞི་པོ་སྔ་མ་སྔ་མ་ཤེས་པ་ལས་ཕྱི་མ་ཕྱི་མ་འབྱུང་བར་འགྱུར་བས་འདི་ལྟར། གཅིག་དུ་བྲལ་ལ་སོགས་པ་དབུ་མ་ནས་ཇི་སྐད་བཤད་པའི་གཏན་ཚིགས་རྣམས་ཀྱིས་ཕུང་སོགས་མ་གྲུབ་པར་དཔྱད་པས་མ་གྲུབ་པའི་རྣམ་པ་འཆར་བ་སྟོང་པ་དང་། མེད་པ་ཉིད་ཀྱང་མ་གྲུབ་པས་སྟོང་བཞིན་དུ་སྣང་བའི་ཆུ་ཟླ་ལྟར་ཤེས་པ་ཟུང་འཇུག་དང་། དེ་གཉིས་བརྗོད་ཚུལ་ཙམ་ལས་རོ་གཅིག་པར་ངེས་པས་དགག་གཞི་སྣང་བ་དང་དགག་བྱ་གཅད་པའི་སྟོང་པ་གཉིས་སྦྱོར་དུ་འཛིན་པའི་རྟོག་པ་རང་སར་ཞིག་སྟེ་དགག་སྒྲུབ་མེད་པར་འཇོག་ནུས་པ་སྤྲོས་བྲལ་དང་། དེ་ལ་གོམས་ནས་ཆོས་ཅན་སོ་སོ་བའི་ཆོས་ཉིད་འཛིན་པའི་བློ་ཐམས་ཅད་ཆོས་ཉིད་གཅིག་གི་ངང་དུ་ནུབ་སྟེ་མཉམ་པ་ཉིད་དུ་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་ཆོས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པ་དེ་ཡང་། དབུ་མའི་སྐབས་ཀྱི་དཔྱད་པ་དང་ཚུལ་མཐུན་པར་བསྟན་པ་ནི་གཏན་ལ་དབབ་དོན་སྤྲོས་བྲལ་དུ་འདྲ་བ་ཙམ་གྱིས་ཡིན་ཀྱང་། སྐབས་འདིར་ནི་སྣང་བ་ཐམས་ཅད་དག་པ་རབ་འབྱམས་ལྷའི་འཁོར་ལོར་བསྟན་པའི་གནད་ཀྱིས་དེའི་སྣང་གཞི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐར་ཕྱིན་པར་གཏན་ལ་ཕེབས་དགོས་པར་སེམས་སོ། །གསུམ་པ་རང་རིག་ལྟ་བའི་ལྟ་བས་དེ་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་བསྒྲུབས་ནས་མངོན་སུམ་དུ་མཐོང་བའི་ཚུལ་ནི། དེ་ལྟར་སྣང་ངོས་ནས་དག་པར་གྲུབ་པ་དང་། སྟོང་ངོས་ནས་མཉམ་པར་གྲུབ་པ་དེ་གཉིས་པོ་ཆོས་ཐམས་ཅད་ལ་དབྱེར་མེད་རོ་གཅིག་པའི་ཚུལ་གྱིས་གནས་པ་ནི་སྔ་མ་གཉིས་པོའི་ཤུགས་ལས་གྲུབ་སྟེ། གང་སྣང་བ་དེ་མཐའ་ཀུན་གྱིས་སྟོང་། གང་སྟོང་པའི་ངང་དུ་མཉམ་པ་དེ་དག་པ་སྐུ་དང་ཡེ་ཤེས་སུ་འཆར་བས་དེ་གཉིས་དབྱེར་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་སྟེ་མངོན་སུམ་པའི་སྤྱོད་ཡུལ་ལོ། །དེ་ལྟར་དག་མཉམ་དབྱེར་མེད་གསུམ་པོ་སོ་སོར་བསྒྲུབས་ནས། ད་ནི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བདེན་པ་དབྱེར་མེད་དུ་སྟོན་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ཀྱི་དངོས་བསྟན་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཐུན་མོང་དུ་གཏན་ལ་འབེབས་པར་བྱེད་པ་ནི། རྩ་རྒྱུད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབ་དང་མངོན་སུམ་པར། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་ལྟར། གཞལ་བྱ་ཞེན་སྣང་ཉིད་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་གཞལ་བས་རང་རང་གིས་གཏན་ལ་ཕེབས་པའི་དོན་ནི་གྲུབ་མཐའ་འོ། །གཞལ་བྱ་ཞེན་སྣང་ཉིད་ཅེས་པའི་དོན་ནི་རྒྱུ་གཅིག་པའི་རྟགས་ཀྱིས་གཞལ་བྱ་འཁོར་འདས་གཉིས་ཡིན་ཞེས་པ་སྟེ། དེ་ཡང་འཁོར་འདས་ཀྱི་རང་མཚན་ལ་གཞལ་དུ་མེད་དེ་འཁོར་བ་མེད་སྣང་ཡིན་པས་གཞལ་བྱའི་ཡུལ་དུ་མ་གྲུབ་ལ། མྱང་འདས་བློ་ཡུལ་ལས་འདས་པས་གཞལ་བྱའི་ཡུལ་དུ་མི་རུང་ཞིང་། གཞལ་ཡང་མི་དགོས་ཏེ་མི་འཆིང་བའི་ཕྱིར་རོ། །དེས་ན་ལམ་རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་དང་། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟགས། །ཞེས་པ་ལྟར། འཁོར་འདས་ཞེས་དག་མ་དག་གཉིས་སུ་བློ་ལ་དོན་སྤྱིའི་ཚུལ་དུ་སྣང་བ་དེ་གཞལ་བྱར་བྱེད་པ་ཡིན་པས་འདི་ལྟར་གཏན་ཚིགས་དང་པོ་ནི། འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པ་འདི་ཆོས་ཅན། ཇི་ལྟར་སྣང་ཞིང་ཞེན་པ་ལྟར་མ་གྲུབ་པར་སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་གཉིས་སུ་སྣང་བའི་ཕྱིར། །དཔེར་ན་རྒྱལ་བུ་དྭའུ་དམངས་སུ་འཛིན་པའི་སྒྲོ་འདོགས་དང་། རྒྱལ་བུར་ངེས་པའི་ཚད་མ་གཉིས་ངོ་བོ་རྒྱལ་བུར་གཅིག་པ་བཞིན་ནོ། །དེའང་རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་པས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་སོ། །གྲུབ་མཐའ་ནི་རང་བཞིན་སྐྱེ་མེད་དོ། །གཏན་ཚིགས་ཕྱི་མ་རྣམས་ཀྱི་གཞལ་བྱ་སྔ་མ་རྣམས་ཀྱིས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་ཡིན་པས། གཉིས་པ་ནི། རང་བཞིན་སྐྱེ་མེད་དེ་ཆོས་ཅན། ཅི་ཡང་མེད་པའི་སྟོང་པ་ཕྱོགས་གཅིག་པ་མ་ཡིན་པར་གདངས་འགག་མེད་ལས་ལྷའི་སྐུ་གསུང་ཐུགས་སུ་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་གནས་དང་བྱེད་པ་ལ་སོགས་པའི་རྐྱེན་གྱིས་མཚོན་བྱེད་ཡི་གེ་དུ་མར་མ་འགགས་པའི་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། དཔེར་ན་མཛུབ་མོས་རི་བོང་ཅན་བཞིན་ནོ། །དེའང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡིས། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་བཏབ་པའོ། །ཞེས་སོ། །གྲུབ་མཐའ་ནི་རོལ་པ་འགགས་མེད་དོ། །གསུམ་པ་ནི། རོལ་པ་འགག་མེད་དེ་ཆོས་ཅན། རང་བཞིན་སྐྱེ་བ་མེད་པ་དང་དབྱེར་མེད་དེ། རོལ་པ་འགག་མེད་དུ་འཆར་རུང་གི་བྱིན་རླབས་སམ་སྟོབས་ཀྱིས་རང་བཞིན་སྐྱེ་མེད་དུ་གྲུབ་ཅིང་། རང་བཞིན་སྐྱེ་བ་མེད་པ་ཡིན་པའི་བྱིན་རླབས་སམ་སྟོབས་ཀྱིས་རོལ་པ་འགགས་པ་མེད་པར་སྣང་བའི་ཕྱིར། དཔེར་ན་ཆུ་ཟླ་བཞིན་ནོ་ཞེས་པའམ། ཡང་ན་རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་དངོས་སུ་རྟོགས་པའི་མཐུས་དེ་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལ་འབྱུངས་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། དཔེར་ན་གསེར་དང་དེའི་ཁ་དོག་བཞིན་ནོ། །དེའང་རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེ་ཡི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ངོ་མཚར་བསམ་མི་ཁྱབ། །ཅེས་སོ། །གྲུབ་མཐའ་ནི་ངོ་བོ་དབྱེར་མེད་དོ། །བཞི་པ་ནི། བདེན་གཉིས་ངོ་བོ་དབྱེར་མེད་དེ་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། འདིའི་རང་རིག་ཞེས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་སོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ཏེ། འཕགས་པ་རྣམས་ཀྱིས་དེ་ལྟར་གཟིགས་པའི་ཕྱིར། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོར་མཐོང་བ་བཞིན་ནོ། །དེའང་རྒྱ་མཚོ་ལས། རང་བྱུང་རང་ཤར་སེམས་འདི་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་སུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་སོ། གྲུབ་མཐའ་ནི་མཚན་ཉིད་བློ་བྲལ་ཏེ་མཐར་ཐུག་གོ། །དེ་ལྟར་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་ནས་སྔགས་ལམ་ཉམས་སུ་ལེན་པ་ནི་དོན་དང་ལྡན་པ་ཡིན་ཏེ། བདེན་པ་དབྱེར་མེད་ཀྱི་རང་བཞིན་ཇི་བཞིན་པ་ནི་རྟོག་དཔྱོད་ཁོ་ནས་རྟོགས་པ་མ་ཡིན་ཀྱང་། རྟོག་དཔྱོད་རྗེས་དཔག་གི་སྒོ་ནས་ངེས་ཤེས་རྣམ་དག་རྙེད་ནས་ལམ་བསྒོམ་ན་ཡང་དག་པའི་གནས་ལུགས་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ལྟ་བ་དེ་ལྟ་བུའི་ངང་ནས་བསྒོམ་པས་ཉམས་སུ་བླང་བ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པར་གསལ་འདེབས་ཤིང་བསྒོམ་པ་སྟེ། སྡོམ་འབྱུང་ལས། ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་བ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་པ་ལྟར་ཕྱི་དོན་དུ་འཛིན་པའི་སྣང་བ་སངས་རྒྱས་ཀྱི་ཞིང་ཁམས་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ་སྒོ་རྒྱན་རྟ་བབས་ལ་སོགས་པ་ཡོངས་སུ་རྫོགས་པ་དང་། ནང་ཕུང་པོ་ལྔ་དང་འབྱུང་བ་ལྔ་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པ་སྟང་དཔྱལ་ལྔའི་ངོ་བོ་ལ། དབང་ཡུལ་དང་རྣམ་པར་རྟོག་པའི་ཚོགས་བྱང་ཆུབ་སེམས་དཔའ་སེམས་མ་རྣམས་དང་སྒོ་བ་ཡབ་ཡུམ་ལ་སོགས་པར་བསྒོམས་པས་གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲགས་སྟོང་། དྲན་རྟོག་ཐམས་ཅད་རིག་སྟོང་སྒྱུ་མའི་རང་བཞིན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་དུ་གསལ་བ་དེ་ཡང་སྣང་བའི་ཆ་ནས་བསྐྱེད་པ། དེ་རང་བཞིན་མེད་པའི་ཏིང་ངེ་འཛིན་གྱི་ངང་དུ་རྫོགས་པའི་ཆ་ནས་རྫོགས་རིམ་སྟེ་བདེན་པ་དབྱེར་མེད་ཆེན་པོར་ཉམས་སུ་ལེན་པ་ཡིན་ལ། རྒྱས་པར་ནི་འོག་ཏུ་བསྐྱེད་རྫོགས་ཀྱི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལྟར་བསྒོམ་པས་ཉམས་སུ་ལེན་པ་དེ་ཡི་ཚེ་གྲོགས་སྤྱོད་པས་གཟུང་འཛིན་གྱི་ལ་དོར་བར་བྱེད་པ་ནི་ཕྱི་ནང་གི་སྣང་བ་དང་། བློའི་འགྲོ་ལྡོག་བཟང་ངན་ཐམས་ཅད་ལ་ཐ་མལ་གྱི་སྣང་བས་མི་དཔྱད་ཅིང་། འདོད་ཡོན་ལ་རང་དགར་ཞེན་པས་དུག་ལྔ་རང་རྒྱུད་དུ་ཤོར་བ་མ་ཡིན་པར་ཐབས་ཀྱིས་ཟིན་པའི་མཉམ་རྫོགས་ཆེན་པོས་རོལ་པ་སྟེ་དམ་ཚིག་གི་སྐབས་སུ་འཆད་པར་འགྱུར་རོ། །དེ་དག་གི་གནད་དོན་རྫོང་འཕྲང་སྲོག་གསུམ་སྟེ། སྐྱབས་རྗེ་བླ་མ་བཀའ་དྲིན་ཅན་གྱི་གསུང་ལས། ལྟ་བའི་རྫོང་ཟིན་ཅིང་། སྒོོམ་པའི་འཕྲང་ལས་གྲོལ་བས། སྤྱོད་པའི་སྲོག་མཁར་ཚུགས་པ་ཞིག་ལ་སྔགས་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་སྤྱིར་མདོ་དང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དགོངས་དོན་ལྟ་སྒོམ་སྤྱོད་པའི་ཁོངས་སུ་འདུ་བ་ལ། ངོས་འཛིན་ཇི་ལྟར་གནང་ན། ལྟ་བ་ནི་སྟོང་ཉིད་བཅོ་བརྒྱད་ཡིན། །ཐེ་ཚོམ་དང་བྲལ་བའི་རྫོང་ཞིག་དགོས། །སྒོམ་པ་ནི་ཕྱོགས་ཆོས་སོ་བདུན་ཡིན། །བྱིང་རྒོད་ཀྱི་འཕྲང་ལས་འདའ་བ་དགོས། །སྤྱོད་པ་ནི་ཕ་རོལ་ཕྱིན་དྲུག་ཡིན། །རང་འདོད་དང་བྲལ་བའི་སྲོག་ཚུགས་དགོས། །ཞེས་གོང་མ་དག་གིས་གསུངས་པ་ལྟར། འདིར་ཡང་ལྟ་བ་ལ་ཡིན་པ་མེད་པའི་དོན་ཆོས་ཅན་བློས་བཏགས་ཀྱི་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཀློང་དུ་རང་བཞིན་མེད་པར་སངས་ཚེ་ཆོས་ཉིད་བློ་འདས་ཀྱི་རྫོང་ཆེན་རྙེད་པ་ཞེས་བྱ་བའོ། །དེ་ལྟར་རྟོགས་པའི་ལྟ་བ་དེའི་ངང་ལ་རྒྱུན་དུ་མཉམ་པ་བཞག་པ་ནི་སྒོམ་པ་ཞེས་བྱ་སྟེ། བྱིང་རྒོད་དང་གསལ་འགྲིབ་ཀྱི་འཕྲང་ལས་གྲོལ་བས་འབད་རྩོལ་ལ་མ་ལྟོས་པར་བསྒོམ་མེད་རྒྱུན་གྱི་རྣལ་འབྱོར་ཅན་ལ་སྣང་སེམས་གཉིས་སུ་མ་གྲུབ་པས་ཡུལ་སྣང་བསྒོམ་དུ་ཤར་བའམ། སྣང་སྲིད་དཔེ་ཆར་ཤར་བའི་ཚེ་སྒོམ་པ་ལ་མིན་པ་མེད་པའི་ཐ་སྙད་བརྗོད་པའོ། །དེ་ལྟར་ལྟ་སྒོམ་ཀློང་དུ་གྱུར་པའི་སྐབས་ཙམ་ན་སྤང་བླང་རང་གྲོལ་དུ་སོང་བས་ཡིན་མིན་མེད་པའི་སྤྱོད་པ་ཞེས་མི་བསྲུང་བའི་བསྲུང་བ་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་སྲོག་མཁར་ཚུགས་པ་ནི་སྤང་ཐོབ་ཞིག་པའི་འབྲས་བུ་རེ་དོགས་དང་བྲལ་བའི་བྱང་ཆུབ་སེམས་ཀྱི་ཡིན་ལུགས་གཤིས་ཕྱིན་པ་སྟེ། རྫོང་འཕྲང་སྲོག་གསུམ་འདི་རྣལ་འབྱོར་པ་གཅིག་གིས་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་ཐོབ་པ་ནས་ས་ལམ་མཐར་ཕྱིན་པའི་བར་གྱི་ཆིངས་ཡིན་པར་ཤེས་དགོས་སོ་ཞེས་དང་། གཞན་ཡང་བདག་ཉིད་ལྷའི་རྣལ་འབྱོར་དུ་གསལ་ཐེབས་པ་བསྐྱེད་རིམ་གྱི་རྫོང་། སྣང་སྟོང་ཟུང་དུ་འཇུག་པའི་གནས་ལུགས་འདུས་མ་བྱས་པའི་ཆོས་ཉིད་ཀྱི་ངང་ལ་འཇོག་པ་ནི་རྫོགས་རིམ་གྱི་སྲོག །བྱིང་རྒོད་དང་དམན་པའི་སེམས་སོགས་གཉིས་ཀའི་འཕྲང་རྣམས་བསལ་བ་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བཞེད་དོ། །ཞེས་གསུངས་པ་འདི་དག་གི་དོན་ངེས་པར་བྱས་ནས་ལྟ་སྒོམ་སྤྱོད་གསུམ་ཟུང་དུ་ཆུད་པར་བྱའོ། །དེ་ལྟར་སྔགས་བླ་མེད་ཀྱི་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་ཉམས་སུ་ལེན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དོན་དུ་གཉེར་བྱ་ནི་གཞན་དོན་ཕུན་སུམ་ཚོགས་པ་ཁོ་ན་ཡིན་ན་དེ་རང་དོན་མཐར་ཕྱིན་པ་ལ་རག་ལས་པས་ལྟ་བས་གཏན་ལ་ཕབ་པའི་དོན་རྫོགས་རིམ་གྱིས་འབྲས་བུ་རང་དོན་ཆོས་ཀྱི་སྐུ་མངོན་དུ་བྱས་ནས་བསྐྱེད་རིམ་མཐར་ཕྱིན་པའི་འབྲས་བུ་གཞན་དོན་གཟུགས་སྐུའི་བཀོད་པ་རྩོལ་མེད་དུ་སྣང་ཞིང་། སྤྱོད་པ་མཐར་ཕྱིན་པས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་པ་སྟེ་དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་མྱུར་དུ་ཚེགས་མེད་པར་གྲུབ་པ་ཡིན་ནོ། །དེ་ཡང་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལྟ་བས་གཏན་ལ་ཕབ་སྟེ། ལམ་བསྐྱེད་རྫོགས་ཟུང་འཇུག་གི་དོན་སྒོམ་པས་ཉམས་སུ་བླང་ཞིང་སྤྱོད་པས་གྲོགས་བྱས་པས་འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་སྣང་བར་འགྱུར་བས་དེ་གསུམ་ལ་ཡང་དག་པར་བརྟེན་པ་ཡིན་ནོ། །གཉིས་པ་ལམ་ཐབས་རྒྱུད་དུ་སྨིན་གྲོལ་ཡན་ལག་དང་བཅས་པ་ཉམས་སུ་ལེན་ཚུལ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟ་བུའི་གསང་སྔགས་ཀྱི་ལམ་དེ་ལ་དབྱེ་ན། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག །མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པ་ལྟར། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག །གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ། མི་གཡོ་བ་ཏིང་ངེ་འཛིན། རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པའོ། །འདི་དག་ལ་རྒྱུད་ཀྱི་དངོས་པོ་བཅུའམ། སྔགས་དང་ཕྱག་རྒྱ་གཉིས་སོ་སོར་བགྲང་ན་བཅུ་གཅིག་ཅེས་བྱ་སྟེ། ཤེས་བྱའི་གཤིས་ཀྱི་བཞུགས་ཚུལ་མ་ནོར་བར་རྟོགས་པ་དང་། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་སྤྱད་བྱ་ལ་ཚུལ་བཞིན་དུ་སྤྱད་པས་གཟུང་འཛིན་གྱི་ལ་དོར་བ་དང་། གཞི་ལམ་འབྲས་བུའི་གནས་སྐབས་ཀྱི་རང་བཞིན་དང་སྣང་བ་ཐམས་ཅད་ཀྱི་བཀོད་པ་ལྷའི་ངོ་བོར་རྫོགས་པ་དང་། གནས་སྐབས་དང་མཐར་ཐུག་གི་ཐོབ་བྱའི་ཆོས་གོ་འཕང་གི་རིམ་པ་བགྲོད་པ་ལ་དབང་བ་དང་། བསྲུང་བྱ་ཁྱད་པར་ཅན་གྱི་མཚམས་ལས་མི་འདའ་བ་དང་། སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་ཤར་བ་ལྷའི་གནས་དང་ཆོས་ཉིད་ཀྱི་ངོ་བོར་སྟོབ་པ་དང་། ཡིན་པ་གསུམ་དང་གྲུབ་པ་བཞིའི་དེ་ཉིད་ཤེས་པས་འགྱུ་བའི་རླུང་ཁམས་སྔགས་སུ་སྒྲུབ་པ་དང་། སྣང་སྤྱོད་ཐམས་ཅད་ལ་རིག་པ་ཕྱག་རྒྱ་བཞི་རྫོགས་ལས་མི་འདའ་བར་རྒྱས་འདེབས་པ་དང་། བསྐྱེད་རྫོགས་ཟབ་མོའི་དོན་ལས་མི་གཡོ་བ་དང་། ལྟ་དགོངས་དབྱེར་མེད་ཀྱི་རོལ་པ་ཚད་མེད་བཞིར་ཤར་བའི་ལས་ཀྱིས་རང་གཞན་ལ་ཕན་པའི་དོན་འབྱུང་བ་དང་། འདོད་བྱའི་དངོས་གྲུབ་ཇི་ལྟ་བ་བཞིན་སྒྲུབ་པ་རྣམས་ལ་གོ་རིམ་བཞིན་དུ་ཤེས་པར་བྱའོ། །དེ་དག་ཀྱང་བསྡུ་ན་འདི་ལྟར་འཇུག་པའི་སྒོ་ནི་སྐུ་གསུང་ཐུགས་ཡེ་ཤེས་ཏེ་རྡོ་རྗེ་བཞིའི་ངོ་བོ་རང་ཉིད་ལ་ཉེ་ལེན་གྱི་རྒྱུའི་ཚུལ་དུ་ཡོད་ཀྱང་འབྲས་བུའི་ངོ་བོར་མངོན་དུ་མ་སྨིན་པ་དེ་ཉིད་མངོན་གྱུར་དུ་སྨིན་པར་བྱ་བའི་ལྷན་ཅིག་བྱེད་པའི་རྐྱེན་ནི་དབང་ཡིན་ཏེ། ལམ་བཞི་བསྒོམ་པ་དང་འབྲས་བུ་བཞི་ཐོབ་རུང་དུ་བྱེད་པའི་ནུས་པ་འཇོག་པ་སྟེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །དེ་ལྟར་དབང་ཐོབ་པ་ཙམ་གྱིས་མི་འོང་སྟེ། དབང་དུས་སུ་གྲོལ་ནུས་པའི་སྐལ་བ་མཆོག་དང་ལྡན་པ་ཞིག་ཡིན་ན་མ་གཏོགས། རང་ལ་གནས་པའི་ཡེ་ཤེས་ཀྱི་རང་ཞལ་སྒྲིབ་པར་བྱེད་པའི་སྒོ་གསུམ་བག་ཆགས་དང་བཅས་པ་ལས་གྲོལ་བར་བྱེད་པའི་ཐབས་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་རྣམ་པ་གཉིས་པོ་ཡིན་པས་ཡང་ཡང་བསྒོམ་དགོས་ལ། བསྐྱེད་རྫོགས་བསྒོམས་ཀྱང་དམ་ཚིག་མ་བསྲུང་ན་དངོས་གྲུབ་རྣམ་པ་གཉིས་མི་འགྲུབ་པས། ལམ་དེ་དང་ཚུལ་མཐུན་པའི་གྲོགས་སུ་སྔགས་ཀྱི་གཞུང་ནས་ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་ཡང་དག་པར་བསྲུང་བའི་སྤྱོད་པ་དང་གསུམ་པོ་དེ་ཚང་ན་གསང་སྔགས་ཀྱི་ལམ་ཕར་ཕྱིན་ཐེག་པའི་ལམ་ལས་ཁྱད་པར་དུ་འཕགས་པས་མཆོག་མ་ནོར་བ་ཡིན་པས་རྣལ་མར་ངེས་པ་ཡིན་གྱི་དེ་ལས་གཞན་དུ་དབང་མ་ཐོབ་བཞིན་བསྐྱེེད་རྫོགས་བསྒོམ་པ་དང་། བསྐྱེད་རྫོགས་བསྒོམ་པ་ལྟར་སྣང་ཡང་དམ་ཚིག་མི་བསྲུང་བ་སོགས་ནི་སྔགས་ལམ་གྱི་གཟུགས་བརྙན་ཙམ་ལས་མཆོག་དང་མ་ནོར་བ་ནི་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་བསྐྱེད་རྫོགས། མཐུན་པའི་གྲོགས་དམ་ཚིག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དབང་ཐོབ་དགོས་པའི་རྒྱུ་མཚན། སློབ་དཔོན་དང་སློབ་མའི་མཚན་ཉིད། དབང་བསྐུར་བ་དངོས་བཤད་པའོ། །དང་པོ་དབང་ཐོབ་དགོས་པའི་རྒྱུ་མཚན་བཤད་པ་ནི། གསང་སྔགས་ལམ་གྱི་འཇུག་སྒོ་དང་པོ་དབང་བསྐུར་ཐོབ་དགོས་པ་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དབང་མ་ཐོབ་བཞིན་སྔགས་ལམ་ལ་ཅི་ཙམ་བརྩོན་ཀྱང་དངོས་གྲུབ་གང་ཡང་ཐོབ་པར་མི་འགྱུར་ཏེ་རྒྱུད་སྨིན་པ་མེད་པའི་ཕྱིར། དཔེར་ན་བྱེ་མ་བཙིར་བའི་བྱ་བ་ལ་ཇི་ཙམ་འབད་ཀྱང་དེ་ལས་ཞུན་མར་འབྱུང་བ་མེད་པས་འདོད་པའི་དོན་མི་ཐོབ་པ་བཞིན་ཏེ། རྣམ་སྣང་མངོན་བྱང་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང་། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །དངོས་གྲུབ་མི་ཐོབ་པར་མ་ཟད་གསང་སྔགས་ཀྱི་ཆོས་ལ་དབང་ཟོས་པ་དང་། གསང་སྒྲོགས་ཀྱི་ཉེས་པས་སྔགས་ཀྱི་རྒྱུད་དང་གདམས་ངག་གཞན་ལ་འཆད་པ་དང་། རང་གིས་ཉན་པ་དང་། བསྐྱེད་རྫོགས་ཀྱི་ལམ་སྒོམ་པ་དང་། བླང་དོར་མེད་པའི་སྤྱོད་པ་ལ་བརྩོན་ཀྱང་ཕྱི་མ་དམྱལ་བའི་གནས་སུ་ངེས་པར་འགྲོ་སྟེ། དུས་འཁོར་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་དང་། གསང་བ་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །དབང་ཐོབ་པའི་ཕན་ཡོན་ནི། དབང་བསྐུར་བའི་སྔོན་དུ་དཀྱིལ་འཁོར་དུ་ཞུགས་ཏེ་ཕྱི་ཕན་པའི་དབང་ཙམ་ལས་མ་བསྐུར་ཀྱང་། དེའི་སྔོན་དུ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་དགོས་པས། དེ་ལྟར་སེམས་བསྐྱེད་པའི་སྐྱེས་བུ་དེ་དཔེར་ན་རྒྱལ་པོའི་བུ་ཐམས་ཅད་ཀྱི་ནང་ནས་མཚན་དང་ལྡན་པ་དེ་ནི་རྒྱལ་སྲིད་ལ་མངའ་གསོལ་བའི་སྲས་ཀྱི་མཆོག་ཡིན་པར་ཤེས་པ་དེ་བཞིན་དུ་བྱང་སེམས་ཕར་ཕྱིན་གྱི་ཐེག་པ་བ་རྣམས་ལས་ཀྱང་། རྒྱལ་བ་རྣམས་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །དེར་མ་ཟད་དབང་བསྐུར་དངོས་སྦྱིན་པའི་སྣོད་དུ་མ་གྱུར་བའི་གང་ཟག་ཞིག་ཡིན་ཀྱང་དེ་ལ་ཕན་གདགས་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཙམ་བྱེད་རུང་བར་གསུངས་པས་དེ་ལྟར་བྱས་པ་ན། དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ལས་རྣམ་པར་གྲོལ་བར་བཤད་དེ། ཡོ་ག་དེ་ཉིད་འདུས་པ་ལས། སྡིག་པ་བགྱིས་པར་གྱུར་བ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །ཞེས་དང་། གདན་བཞིའི་བཤད་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །ཞེས་སོ། །ཡང་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཐོབ་ན་ལམ་ལ་ཆེར་བརྩོན་མ་ནུས་ཀྱང་དམ་ཚིག་ཙམ་བསྲུངས་ན། གང་དུ་སྐྱེས་ཀྱང་སྡིག་པ་དང་ཕྱིན་ཅི་ལོག་གིས་མ་བསླད་པའི་གཙང་མའི་རིགས་སུ་སྐྱེས་ནས་གསང་སྔགས་ཀྱི་ཆོས་དང་འཕྲད་པར་འགྱུར་ཏེ། དེ་ཉིད་ལས། དཀྱིལ་འཁོར་བཅུག་དང་དབང་བསྐུར་བ། །གཙང་མའི་རིགས་སུ་སྐྱེ་བར་འགྱུར། །ཞེས་སོ། །དེ་ལྟ་བུའི་གཙང་མའི་སྐྱེ་བ་བརྒྱུད་པའི་ཚེ་ཡང་ཡང་དབང་བསྐུར་ཐོབ་པའི་ཡོན་ཏན་གྱིས་སྐྱེ་བ་བདུན་ཕན་མི་འགྱང་བར་སྐྱེ་བ་དེ་དག་གི་ཚེ་ན་ལམ་གོམས་པའི་མཐུས་རྩོལ་བ་ཆེན་པོས་བསྒྲུབ་མ་དགོས་པར་བསྐྱེད་རྫོགས་ཀྱི་ཡོན་ཏན་ངེས་པར་འགྲུབ་ཅིང་འཕགས་པའི་ས་བཅུ་པོ་བགྲོད་ནས་སངས་རྒྱས་ཀྱི་ས་འཐོབ་པར་བཤད་དེ། གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒྲུབ་པར་ཡང་འགྲུབ་པར་འགྱུར། །ཞེས་དང་། སྒྲུབ་སྡེ་གསང་འདུས་ལས། དབང་བསྐུར་བས་ནི་ས་བཅུ་ནོན། །ཞེས་སོ། །དེ་ཡང་བུམ་དབང་གིས་ལས་སྒྲིབ་དང་། གསང་དབང་གིས་ཉོན་མོངས་པའི་སྒྲིབ་པ་སྟེ་མཐོང་སྤང་དང་། དབང་གོང་མ་གཉིས་ཀྱིས་ཤེས་བྱའི་སྒྲིབ་པ་རགས་ཕྲ་གཉིས་སུ་ཕྱེ་བའི་སྒོམ་སྤང་དག་པའི་ཚུལ་གྱིས་ས་བཅུ་ནོན་པ་ནི་སྤྱིར་བཏང་དང་། །དམིགས་བསལ་སྔགས་ལམ་གྱིས་ས་བཅུ་བསྒྲོད་ཚུལ་དུས་མྱུར་བ་སོགས་ཁྱད་པར་འཕགས་པའི་ཚུལ་ནི། ཐེག་ཆེན་སྤྱིའི་ལུགས་ལ་དང་པོ་སེམས་བསྐྱེད་ནས་རྒྱལ་བའི་སྲས་སུ་མིང་ཐོབ་ཅིང་། ས་ཐོབ་ནས་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་ནི་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་རྒྱལ་བའི་སྲས་པོར་དངོས་སུ་འགྱུར་བར་གསུངས་ལ་དེ་ཡན་ཆད་དུ་གྲངས་མེད་གཉིས་ལ་སོགས་པའི་ཡུན་ལ་ས་བཅུ་རིམ་གྱིས་བགྲོད་དགོས་པར་བསྟན་ཏོ། །སྔགས་སུ་ནི་དབང་གི་སྔོན་དུ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཚེ་རྒྱལ་སྲས་ཀྱི་མིང་ཐོབ་ཅིང་དབང་གི་དངོས་གཞི་རྣལ་མ་ཐོབ་ནས་རིག་པ་འཛིན་པ་དངོས་ཀྱི་ས་ཐོབ་སྟེ་ལྟ་སྒོམ་གྱི་ནུས་པ་ཁྱད་པར་ཅན་ཐོབ་པས་ཡུན་རིང་པོར་མི་ཐོགས་པར་ས་བཅུའི་ཡོན་ཏན་མཐར་ཕྱིན་པར་འགྱུར་ཏེ། དེ་འདྲ་བ་དེ་དཔེར་ན་ཉ་ལྕགས་ཀྱུས་ཟིན་ན་གནས་སྐབས་ཆུར་གནས་ཀྱང་མྱུར་དུ་སྐམ་སར་ཐོན་པ་བཞིན་གནས་སྐབས་རྣམ་སྨིན་གྱི་ལུས་འཁོར་བའི་སས་བསྡུས་པ་ལྟར་སྣང་ཡང་རྟོགས་པའི་ཡོན་ཏན་ལ་ཁྱད་པར་གྱི་སའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་ཏེ་དེའི་སྟོབས་ཀྱིས་མྱུར་དུ་མཐར་འབྲས་ལ་སྦྱོར་བའི་ནུས་པ་དང་ལྡན་པ་སྟེ། དེ་དག་གི་དོན་ནི་གསང་སྙིང་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པ་ལྟར། །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གཉིས་རྒྱུད་ལ་འབྱོར་བ་ནི་འབྲས་བུ་ཐོབ་བྱེད་ཀྱི་ཐབས་ཀྱི་ངེས་པ་མི་གཏོང་བའི་གཟུངས་ཀྱང་ཡིན་ལ། འབྲས་བུ་སྨིན་པར་བྱེད་པའི་རྒྱུ་ལྟ་བ་དང་རྐྱེན་ཏིང་ངེ་འཛིན་གཉིས་པོ་ཕར་ཕྱིན་ཐེག་པའི་ལྟ་སྒོམ་ལས་ཁྱད་དུ་འཕགས་པས་དེ་གཉིས་ནུས་པ་མཐུ་ཅན་དུ་གྱུར་པ་ན་རིག་པ་འཛིན་པ་མིང་འདི་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་རྡོ་རྗེའི་མིང་གི་དབང་ཐོབ་ཅིང་ལུང་ཡང་སྟོན་པ་སོགས་ཀྱིས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གྲགས་པར་འགྱུར་རོ། །དེས་ན་ས་བཅུ་པོའི་སྐབས་ཀྱི་ཕར་ཕྱིན་བཅུའི་ཡོན་ཏན་ཐམས་ཅད་རིག་པ་འཛིན་པའི་ས་དེ་ལ་ཅིག་ཅར་དུ་རྫོགས་པར་འགྱུར་ཏེ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པར་ཤེས་ནས་བཀག་པ་མེད་པ་ནི་སྦྱིན་པ། མཉམ་ཉིད་དུ་རིག་པས་བསྲུང་མཚམས་ཀྱི་འདུ་ཤེས་མི་གནས་པ་ནི་ཚུལ་ཁྲིམས། འཁྲུལ་པ་མེད་པས་བཟང་ངན་གྱི་བྱེ་བྲག་མི་ཕྱེད་པ་ནི་བཟོད་པ། བླང་དོར་མེད་པ་དང་སྤྱོད་ཡུལ་ཚོགས་སུ་གྱུར་པ་ནི་བརྩོན་འགྲུས། དབང་པོ་ཡུལ་ལ་འཇུག་ཀྱང་ཆགས་པའི་སྐྱོན་གྱིས་མ་གོས་པ་ནི་བསམ་གཏན། གཤིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པས་འཁོར་འདས་ཀྱི་གཉིས་ཆོས་ཐམས་ཅད་དབྱིངས་ནས་མྱ་ངན་ལས་འདས་པ་ནི་ཤེས་རབ། དེ་ལས་བདག་དང་གཞན་གྱི་དོན་བསྒྲུབ་པ་ལ་མཁས་པ་ནི་ཐབས། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པར་འགྱུར་བ་ནི་སྨོན་ལམ། དེ་ལ་མི་མཐུན་པའི་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་བརྟུལ་ཞུགས་ནི་སྟོབས། དཔེ་དང་ཐ་སྙད་ཀྱི་རྗེས་སུ་དཔག་པ་ཙམ་མ་ཡིན་པར་སངས་རྒྱས་རྣམས་ཀྱི་ཆོས་སྐུའི་བཞུགས་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་རྡོ་རྗེའི་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ། །ཞེས་གསུངས་སོ། །དེ་ལྟར་ས་དང་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོ ན་ཏན་ཐམས་ཅད་མཐར་ཕྱིན་པས་འབྲས་བུ་མི་སློབ་པའི་ཡོན་ཏན་ལ་ལྡོག་པས་དབྱེ་བའི་སྐུ་གསུམ་གྱིས་མངོན་དུ་འགྱུར་ཏེ། དེ་ཡང་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས་སྟེ་འོད་ཟེར་ཀུན་ཏུ་བཀྱེ་བས་རྣམ་པར་འཕྲུལ་པའི་སྤྲུལ་པ་དང་ཕྲིན་ལས་ཀྱིས་འགྲོ་བ་འདུལ་བར་བྱེད་པ་སྟེ། མདོ་ལས། འོད་ཟེར་བཀྱེ་བས་གདུལ་བྱ་སྣོད་དུ་རུང་བར་བྱེད་པའི་ཕྱིར་ཀུན་ཏུ་འོད་ཀྱི་སའོ། །ཞེས་སོ། །བཅུ་གཉིས་པདྨ་ཅན་ལོངས་སྐུའི་ས་སྟེ་སྒྲིབ་པ་མེད་པའི་ཤེས་རབ་དང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཟུང་དུ་འཇུག་པ་ལས་ལྷུན་སྟུག་པོ་བཀོད་པའི་ཞིང་ཆོས་ཀྱི་དབྱིངས་དང་མཉམ་པར་སྣང་ཡང་གཟུང་འཛིན་གྱིས་གོས་པ་མེད་པའི་ཕྱིར་ཏེ། ཀུན་གསལ་ལས། པདྨ་ཅན་ལ་ལོངས་སྤྱོད་རྫོགས། །ལྷུན་གྲུབ་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །བཅུ་གསུམ་འཁོར་ལོ་ཚོགས་ཆེན་ཆོས་སྐུའི་ས་སྟེ་གཅིག་དུ་མ་དང་བྲལ་བའི་རང་བྱུང་ཡེ་ཤེས་ཆེན་པོའི་ངང་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་འཆར་རུང་གི་གདངས་འགག་པ་མེད་པར་གནས་པ་སྟེ། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །འདི་ལ་མཁས་མཆོག་འགའ་ཞིག་གིས། ཀུན་ཏུ་འོད་ཆོས་སྐུ་དང་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུའི་ས་ཡིན་ཏེ། ཧེ་རུ་ཀ་གལྤོ་ལས། དབྱིངས་ལ་ཡེ་ཤེས་ཤར་བ་ཀུན་ཏུ་འོད། །པདྨའི་སྤྱན་འདྲ་མི་འགག་ལོངས་སྤྱོད་རྫོགས །ཡི་གེ་འཁོར་ལོའི་གདུལ་བྱར་སྤྲུལ་པ་འགྱེད། །དེ་བཞིན་གཤེགས་པའི་ས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་བཞེད་ཀྱང་དེ་གཉིས་འགལ་བ་མེད་པར་སེམས་ཏེ། རྒྱུད་ཀྱི་ཚིག་ནི་ཤིན་ཏུ་བརླིང་བས་མཁས་པ་རྣམས་ཀྱི་རྣམ་དཔྱོད་ཀྱིས་དངོས་དོན་དང་མི་འགལ་བར་གང་ལྟར་འགྲེལ་ཡང་རུང་སྟེ། འཁོར་ལོ་ཚོགས་ཆེན་ཆོས་སྐུའི་སར་འཇོག་པ་ལྟར་ན། ཀུན་མཁྱེན་གྱིས། སྤྲུལ་པ་ཚད་མེད་པས་ཀུན་ཏུ་འོད་དང་། སྣང་བ་ཚད་མེད་པས་པདྨ་ཅན་དང་། ཡེ་ཤེས་ཚད་མེད་པས་འཁོར་ལོ་ཚོགས་ཆེན་ཏེ། དབྱིངས་སྐྱེ་བ་མེད་པ་ན་རང་བྱུང་གི་ཡེ་ཤེས་འགག་པ་མེད་པ་ཡི་གེའི་ས་བོན་ལྟར་འཕྲོ་གཞིར་གནས་པས་ཡི་གེ་འཁོར་ལོ་ཚོགས་ཆེན་ཞེས་བཤད་དོ། །ཞེས་གསུངས་པས་འདིའི་ལྟར་ན་གོང་གི་ལུང་དོན་ཡང་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་ཡི་གེ་འཁོར་ལོའི་འཕྲོ་གཞིར་ཨའི་རང་བཞིན་སྐྱེ་མེད་ཆོས་སྐུའི་ཡེ་ཤེས་ཀྱི་གདངས་འགག་པ་མེད་པ་ལས་གདུལ་བྱར་སྤྲུལ་པ་འགྱེད་པའི་ཕྱིར་ཆོས་སྐུའི་སའོ་ཞེས་འགྲེལ་ཀྱང་རུང་བའི་ཕྱིར་རོ། །དེ་ལྟ་ནའང་གསར་རྙིང་གི་རྒྱུད་སྡེ་དུ་མ་ནས་ལམ་བསྒྲོད་ཚུལ་རྡོ་རྗེའི་ཚིག་གིས་བཅིངས་ནས་བསྟན་པ་ལ་རྒྱ་བོད་ཀྱི་སློབ་དཔོན་རྣམས་ཀྱིས་དགོངས་པ་ལེན་ཚུལ་ཡང་ཐ་དད་པ་དུ་མ་སྣང་སྟེ། གསང་བ་འདུས་པ་ལ་མཚོན་ན། རིམ་ལྔར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱུད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །ཞེས་གསུངས། དེ་ལ་ཁ་ཅིག་ནི་མཚན་ཉིད་ཐེག་པའི་ལམ་གྱིས་ས་བཅུའི་བར་དུ་བགྲོད་དེ། དེ་ནས་སྔགས་ལ་འཇུག་པ་སྟེ་ས་བཅུ་པ་ལ་གནས་པ་སྲིད་པ་ཐ་མ་བས་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་བསྐྱེད་མི་དགོས་པར། སྲོད་ལ་གསང་དབང་བསྐུར་སྒྱུ་ལུས་མངོན་དུ་བྱས། ནམ་ཕྱེད་དབང་གསུམ་པ་བསྐུར་འོད་གསལ་མངོན་དུ་བྱས། ཐོ་རངས་བཞི་པ་བསྐུར་མི་སློབ་པའི་ལམ་ཟུང་འཇུག་མངོན་དུ་བྱས་ཏེ་འཚང་རྒྱ་བར་འདོད། དེའང་མཚན་ཉིད་ཐེག་པ་རང་ལམ་གྱིས་ས་བཅུའི་བར་དུ་བགྲོད་པ་དེས་བསྐྱེད་རིམ་ནས་བརྩམས་ཏེ་སེམས་དབེན་གྱི་བར་རྒྱུད་ལ་སྐྱེ་བའི་དོད་ཐུབ་པར་འདོད་པ་ལ་ནི་རིགས་པས་གནོད་པ་ཡོད་ལ། ཕྱི་འགྱུར་གྱི་ཆོས་སྐད་ནང་མཐུན་པར་སྨྲ་བ་དག་ཀྱང་སོ་སྐྱེའི་རྣལ་འབྱོར་དང་། འཕགས་པ་ས་མཐོན་པོའི་རྣལ་འབྱོར་སྟོབས་ནུས་ཆེ་ཆུང་གི་ཁྱད་པར་གནམ་ས་ལྟ་བུར་ཁྱད་ཞུགས་པ་ལ་དོད་ཐུབ་བྱེད་པ་ཧ་ཅང་ཐལ་ལོ་ཞེས་ལུང་རིགས་རྒྱ་ཆེན་པོས་དགག་ཅིང་། སྔགས་ལ་མ་བརྟེན་པའི་འཕགས་པའི་རྟོགས་པ་མེད་པར་ཚད་མས་གྲུབ་པའི་ཤེས་བྱེད་དུ། རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱིན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་གང་། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །ཞེས་པ་འདི་ངེས་དོན་དུ་འདོད་པའི་ཕྱོགས་ལེགས་པ་ཡིན་ནོ། །དེས་ན་དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ལམ་གྱི་བསྟི་གནས་ས། །ཞེས་དང་། རྒྱུ་ཡིས་བགྲོད་པའི་ཀུན་དུ་འོད། །ཐབས་ཆེན་ལམ་གྱི་ཆོས་སྐུ་སྟེ། །ཞེས་པ་ལ་སོགས་རྒྱུའི་ས་ལམ་ཐམས་ཅད་སྔགས་ཀྱི་ལམ་སྟེགས་སུ་བསྟན་པ་འདིའི་དགོངས་པ་ནི། དྲན་པ་ཉེ་བར་བཞག་པ་བཞི་ཡང་དག་པར་སྤོང་བ་བཞི་དང་བརྒྱད། རྫུ་འཕྲུལ་གྱི་རྐང་པ་དང་པོ་གསུམ་དང་བཅུ་གཅིག་གི་བར་ལ་གདུལ་བྱ་དྲང་བའི་ཕྱིར་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག་ཏུ་བཏགས་པ་དེ་ནི་མཚན་ཉིད་ཐེག་པ་རང་ལམ་གྱིས་བགྲོད་ནུས་ལ། དེ་ནས་ནི་གདོན་མི་ཟ་བར་སྔགས་ཀྱི་ཐེག་པ་ལ་འཇུག་པའི་མཚམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་པ་ནས་ཡིན་ཏེ། མཚན་བརྗོད་ལས། རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་མཚན་ཉིད་ཐེག་པའི་ལམ་གྱི་རིམ་པ་དང་མི་འདྲ་བའི་སྒྲས་བསྟན་ཅིང་། གཞན་ཡང་མདོ་ལས། རང་སངས་རྒྱས་མང་པོ་ཐེག་ཆེན་ལ་ཞུགས་ནས་འགའ་ཞིག་གིས་ས་བརྒྱད་པ་ཐོབ་ནས་ཕྱིར་ལོག་པར་གསུངས་པའི་སའི་ངོས་འཛིན་ཡང་བཤད་མ་ཐག་པ་དེ་ལས་གཞན་འཕགས་པའི་ས་བརྒྱད་པ་དངོས་ཡིན་ན་ཤིན་ཏུ་མི་འཐད་དོ། །དེས་ནས་སྤྱོད་བསྡུས་ཀྱི་འགྲེལ་བ་ལས་ཀྱང་། འདི་ལྟར། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་དབང་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་པའོ། །ཞེས་དང་། རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གི་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གིས་ནི་སྦྱོང་བར་བྱེད། །ཅེས་སྦྱོར་ལམ་བཅུ་གཉིས་ལ་སར་བཏགས་པ་གང་ཞིག །རྡོར་བཟླས་ཀྱིས་བརྒྱད་པ་བཟོད་འབྲིང་དང་། སེམས་དབེན་གྱིས་བཅུ་པ་དང་བཅུ་གཅིག་པ་ཆོས་མཆོག་ཆུང་ངུའམ་འབྲིང་དང་། སྒྱུ་ལུས་ཀྱིས་བཅུ་གཉིས་པ་ཆོས་མཆོག་ཆེན་པོ་ཐོབ་ནས། འོད་གསལ་གྱིས་འཕགས་པའི་ས་རབ་ཏུ་དགའ་བ་སྦྱོར་ལམ་གྱི་ས་བཅུ་གཉིས་ལ་ལྟོས་ནས་བཅུ་གསུམ་པ་ཐོབ་ཅིང་། ཟུང་འཇུག་གིས་ཐོབ་ཟིན་རྣམས་སྦྱོང་བར་གསུངས་པ་དང་ཚུལ་མཐུན་ནོ། །གལ་ཏེ་ས་བཅུ་པ་ཐོབ་ཀྱི་བར་དུ་སྔགས་ལ་འཇུག་པའི་ངེས་པ་མེད་དོ་ཞེས་པ་མི་འཐད་དེ། ཆོས་ཉིད་མངོན་དུ་གཟིགས་པའི་འཕགས་པ་སྔགས་ཀྱི་སྣོད་མ་ཡིན་པར། སོ་སྐྱེ་འཆིང་བ་ཀུན་ལྡན་སྔགས་ཀྱི་སྣོད་ཡིན་པ་རྣམ་གཞག་འགལ་བའི་ཕྱིར། སྣོད་ཡིན་ཀྱང་སངས་རྒྱས་ཀྱིས་དེ་ལ་སྔགས་མི་སྟོན་ཞེ་ན། སངས་རྒྱས་ཀྱིས་སྣོད་དང་འཚམས་པར་ཆོས་སྟོན་པར་གསུངས་པ་དང་། སངས་རྒྱས་ཐེག་པ་དམན་པས་འཁྲིད་མི་མཛད། ཅེས་པའི་ལུང་དང་འགལ་ལོ། །ཡང་མཚན་ཉིད་ཐེག་པའི་ལམ་ཐམས་ཅད་སྔགས་ཀྱི་ལམ་སྟེགས་སུ་འགྲོ་དགོས་ན། སྔགས་ཀྱི་ཐེག་པ་མྱུར་ལམ་ཡིན་ཞེས་པ་མིང་ཙམ་སྟེ། ཐག་རིང་པོར་བགྲོད་པ་ལ་རུས་སྦལ་གྱི་ནུད་འགྲོས་ཀྱིས་སོང་སྟེ་སླེབ་ཁར་ཁྱུང་གི་ལྡིང་སྟངས་ཀྱིས་སོང་ཟེར་བ་དང་འདྲའོ་གསུངས། དེས་ན་དབང་པོའི་ཁྱད་པར་གྱིས་སྔགས་ལ་འཇུག་པའི་ཚུལ་མང་ཡང་། བསྡུ་ན། གཞི་རིགས་གཅིག་དང་ལམ་རིགས་བཞི། །གསང་ཆེན་བླ་མེད་མི་ལྡོག་བརྟེན། །ཞེས་པ་ལྟར། དབང་རྣོན་ཁ་ཅིག་རྒྱུའི་ཐེག་པ་གསུམ་པོ་གང་ལ་ཡང་མ་ཞུགས་པར་དང་པོ་ནས་སྔགས་ལ་འཇུག་པ་གཞི་ནས་འཇུག་པ་དང་། ཉན་རང་བྱང་སེམས་ཕྱི་རྒྱུད་ཀྱི་ལམ་བཞི་ལ་བསླབ་བཞིན་པ་ནས་བླ་མེད་དུ་འཇུག་པ་ལམ་ནས་འཇུག་པ་ཞེས་བྱ་ལ། དེ་དག་ལས་བྱང་ཆུབ་སེམས་དཔའ་རྣམས་ནི་ཚོགས་ལམ་དུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང་པོ་ཐོབ་པ་ནས་འཇུག་སྟེ། མདོ་སྡེའི་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་དང་། བསམ་གཏན་ལས་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབ་པའི་སྒོ་ནས་ནི། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་རྫོགས་པའི་སངས་རྒྱས་ལས་འགྱུར་བ་མེད་པའི་ཏིང་ངེ་འཛིན་དང་། བློས་དཔག་ཏུ་མེད་པའི་ཡེ་ཤེས་ཐོབ་པ འི་ཕྱིར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སོང་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་ཐབས་ལ་མཁས་པའི་གདམས་ངག་རྒྱ་ཆེན་པོ་རྙེད་པར་འགྱུར་བར་བཤད་པས་ནི་དོན་གྱིས་སྔགས་བླ་མེད་བསྟན་ཅིང་འཕངས་པ་ཡིན་ནོ། །དེ་ལྟར་ན་རྒྱུའི་ཐེག་ཆེན་དང་ཕྱི་རྒྱུད་གསུམ་ནས་ལམ་དང་འབྲས་བུ་ཁ་ཚང་རེ་བསྟན་ནའང་རང་རང་གི་ལམ་དངོས་བསྟན་དེས་འབྲས་བུ་དེ་ཐོབ་མི་ནུས་ཏེ། དཔེར་ན་སེམས་ཙམ་པའི་ལྟ་བ་དེ་དང་ལྡན་པས་ལམ་བསྒྲུབ་ཀྱང་མཐོང་ལམ་ཙམ་ཡང་མི་ཐོབ་པར་བཤད་པ་བཞིན་ནོ། །དེས་ན་འཕགས་ས་ཐོབ་ན་གྲངས་མེད་གཉིས་ལ་སོགས་པར་མགོ་དང་ཡན་ལག་ལ་སོགས་པ་གཏོང་དགོས་པར་བཤད་པ་ནི། དང་པོ་སེམས་བསྐྱེད་པ་རྣམས་དུས་རིང་པོ་དཀའ་སྤྱད་དེ་ལྟ་བུ་གཞན་དོན་དུ་བྱེད་པར་དམ་བཅའ་བའི་སྤོབས་པ་བསྐྱེེད་པའི་ཕྱིར་དང་། སྔགས་ལམ་ལ་ཞུགས་ན་དེ་ཐམས་ཅད་མི་དགོས་པར་བདེ་མྱུར་གྱི་ལམ་འདི་འདྲའོ་སྙམ་དུ་བྲོད་པ་བསྐྱེད་པའི་ཕྱིར་ཡིན་ཞིང་། དོན་ལ་འཕགས་ལམ་གྱི་ཡེ་ཤེས་དང་སྔགས་ཀྱི་ཏིང་ངེ་འཛིན་ངོ་བོ་གཅིག་པའི་རྣམ་པར་འཕྲུལ་པས་གདུལ་བྱ་རྣམས་ལ་སྐད་ཅིག་བསྐལ་པར་སྟོན་ནུས་པས་གྲངས་མེད་མང་པོར་ཚོགས་བསགས་པར་སྟོན་པ་དང་། མགོ་སོགས་གཏོང་བར་སྟོན་པ་ཡང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པས་དེ་ལྟར་བསྟན་པ་ལས་རང་མཚན་པ་མེད་དོ། །དེ་བས་ན་དོན་གྱི་ཆ་ནས་སྔགས་ཀྱི་ལམ་ཁོ་ན་ངེས་དོན་ཡིན་པའི་ཚུལ། འཕགས་པ་ཡབ་སྲས་ཀྱི་རིམ་ལྔར་ཡང་། བསྐྱེད་རིམ་མེད་པར་རྫོགས་རིམ་སྒྲུབ་མི་ནུས་ལ། དབེན་གསུམ་མེད་པར་ཀུན་རྫོབ་ཀྱི་བདེན་པ་རྟོགས་མི་ནུས་ཤིང་། དེ་མེད་པར་དོན་དམ་པའི་འོད་གསལ་རྟོགས་པར་མི་ནུས་ལ། དེ་མེད་པར་ཟུང་འཇུག་སྒྲུབ་མི་ནུས་པར་བཤད་པ་ཡིན་ནོ། །དེའི་ཕྱིར་ལུགས་འདི་ལ་འོད་གསལ་ནི་འཕགས་པའི་བདེན་མཐོང་གི་ལམ་དང་ཟུང་འཇུག་ནི་མི་སློབ་པའི་ལམ་མོ། །གཉིས་པ་སློབ་དཔོན་དང་སློབ་མའི་མཚན་ཉིད་བཤད་པ་ནི། དེ་ལ་གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ནི་བླ་མའི་བྱིན་རླབས་འབའ་ཞིག་ལ་རགས་ལས་པས་སློབ་དཔོན་གྱི་མཚན་ཉིད་ཤེས་པའི་ཚུལ་ལ་གཉིས་ཏེ། སྤང་བྱ་ནི། དེ་ལ་དབང་བསྐུར་བ་ནི་སངས་རྒྱས་སྐུ་བཞིའི་ས་བོན་སློབ་མའི་རྒྱུད་ལ་འཇོག་པ་ཡིན་ན། སློབ་དཔོན་ངན་པས་དེ་ལྟ་བུ་མི་ནུས་པས་ལམ་གྱི་གེགས་ཆེན་པོ་ཡིན་ཏེ། དེ་ཡང་རང་ཉིད་ཀྱིས་དབང་མ་ཐོབ་པར་གསང་སྔགས་རང་དགར་ལེན་ཞིང་བརྒྱུད་པ་གསུམ་གང་དང་ཡང་མི་ལྡན་པའི་བཅོས་མའི་ཆོས་ཀྱིས་དད་ལྡན་བསླུ་བའི་བླུན་པོ་གཟུ་ལུམ་ཅན་དང་། ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཀྱི་དོན་ཁོང་དུ་མ་ཆུད་ཅིང་ཉམས་ལེན་གྱི་གདེང་དང་བྲལ་བཞིན་རྡུལ་མཚོན་གྱི་ལས་དང་ཆོ་གའི་རིམ་པ་ཙམ་ཤེས་པ་ལ་མཁས་པར་རློམ་པ་དང་། རང་གི་ཆེ་བའམ་གྲགས་པ་ཉམས་སུ་དོགས་ནས་གདམས་པ་ནོད་པའི་ཡུལ་དེ་བྱ་བྲལ་བའམ་རི་ཁྲོད་པ་ལ་སོགས་པ་ཞིག་ཡིན་ན་དེ་རང་གི་བླ་མ་ཡིན་པར་མི་བརྗོད་པར་སྦ་བར་བྱེད་ཅིང་། ཐོབ་དང་མངའ་ཐང་ཅན་ཞིག་རང་གི་བླ་མ་ཡིན་པར་སྒྲོགས་པ་སྟེ། རྒྱུད་ལས་ཕྱི་ནང་གི་དབང་མ་བསྐུར་བར་སློབ་དཔོན་བྱེད་པ་ནི་དམ་ཚིག་ཉམས་པའི་སྤྱོད་པའོ། །མཁས་པ་ལ་མི་མཁས་པར་སྒྲོ་འདོགས་པ་ཡང་དམ་ཚིག་ཉམས་པའི་སྤྱོད་པའོ། །མི་མཁས་པ་ལ་མཁས་པར་ཆེ་བ་འབྱིན་པར་བྱེད་པར་ཡང་དམ་ཚིག་ཉམས་པའི་སྤྱོད་པའོ། །བཀའ་ནོད་པའི་སློབ་དཔོན་གྱི་ཁུངས་བསུབས་ནས་རང་དད་པའི་ཕྱོགས་ལ་ཁུངས་འབྱིན་པར་བྱེད་པ་ཡང་དམ་ཚིག་ཉམས་པའི་སྤྱོད་པའོ། །ཞེས་སོ། །དེ་བཞིན་དུ་རིགས་རུས་དང་ཆོ་འབྲང་སོགས་ཀྱིས་རྒྱགས་ནས་རང་གི་བསྟི་གནས་ཏེ་འདུག་གནས། དགོན་སྡེ་དང་གྲོང་ཁྱིམ་དང་བླ་བྲང་སོགས་ཀྱི་འགོ་འཛིན་དང་བྱ་བྱེད་ཀྱིས་གཡེང་ཞིང་། གཙུག་ལག་ཁང་དང་དགེ་འདུན་གྱི་དཀོར་རྫས་ལ་བྱུང་རྒྱལ་དུ་སྤྱོད་པ་དང་། སྡོམ་པ་གསུམ་གྱི་བསྲུང་མཚམས་མི་ཤེས་ཤིང་བསླབ་པ་ལ་མི་གུས་པས་སྒོ་གསུམ་མ་བསྡམས་ཤིང་བསྲུང་སྡོམ་འཆལ་བ་དང་། ལས་འབྲས་ལ་ཡིད་མི་ཆེས་ཤིང་ལོངས་སྤྱོོད་ལ་ཞེན་ཆགས་ཆེ་བས་སྦྱིན་བདག་སོགས་ཀྱི་ཁྱིམ་ལ་ཆགས་ཤིང་གསོན་གཤིན་གྱི་ལོངས་སྤྱོད་སྡུད་པ་དང་། ཉོན་མོངས་དང་གདུག་རྩུབ་ཆེ་བས་བྱམས་པ་དང་སྙིང་རྗེ་ཆུང་བ་དང་། རྒྱུད་དང་སྡེ་སྣོད་ཀྱི་གནས་ལ་ཤེས་རབ་ཀྱི་མིག་ཟུམ་པས་ལྟར་སྣང་རྟོག་གེ་ཟོལ་མས་ཟིལ་གྱིས་ནོན་ནས་གང་ལ་ཡང་ཕོད་པ་ཆེ་བ་དེས་ནི་དབང་བསྐུར་བར་བྱས་ཀྱང་། དཔེར་ན་བེའུ་སྦྲེལ་མ་གཅིག་གཡང་དུ་ལྷུང་ན་གཅིག་ཤོས་ཀྱང་དེས་དྲུད་ནས་ལྷུང་འགྲོ་བ་བཞིན་སློབ་མ་དད་ལྡན་ཞིག་ཡིན་ཡང་དེའི་སྐྱོན་གྱིས་སྐྱོན་ཅན་དུ་གྱུར་ཏེ་གཉིས་ཀ་ངན་སོང་གི་གཡང་སར་ལྟུང་བར་འགྱུར་ཏེ། ཇི་སྐད་དུ། དཀོན་མཆོག་དཀོར་ལ་རྔམ་སེམས་ཅན། །ཁྱིམ་ལ་ཆགས་ནས་ནག་ཆང་བརྟེན། །སློབ་མ་འཆལ་ཞིང་ལས་ལ་བརྩོན། །ཚོང་དང་ཁེ་སྤོགས་ལྷུ་རུ་ལེན། །སྙིང་རྗེ་མེད་ཅིང་སྲོག་ཆགས་གསོད། །རབ་བྱུང་འབེབས་ཤིང་བསླབ་པ་འཆལ། །དེ་བསྟེན་དམྱལ་བར་འཕེན་པར་བྱེད། །ཅེས་དང་། ཡེ་ཤེས་འཁོར་ལོའི་རྒྱུད་ལས། དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་པས། །སྡིག་པ་ཤིན་ཏུ་ཆེ་བར་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། །ཅེས་སོ། །བསྟེན་པར་བྱ་བ་ནི། ཐོག་མར་གསང་སྔགས་ཀྱི་དབང་བསྐུར་ཞིང་ལམ་སྟོན་པའི་བླ་མ་དེ། ༡ལྟ་༢སྒོམ་༣སྤྱོད་པའི་མཛོད་དང་ལྡན་པ་དང་། དབང་བཞི་ཆུ་བོ་ཡོངས་སུ་རྫོགས་༤པ་དང་། བློ་རིམ་དང་འཚམས་པར་སློབ་མ་རྗེས་སུ་འཛིན་པའི་དོན་གཉེར་དང་ལྡན་༥པ་དང་། གཞི་ལམ་འབྲས་བུའི་རྒྱུད་དོན་དང་ལས་བཞིའི་ཕྲིན་ལས་སྒྲུབ་པ་ལ་མཁས་༦པ་དང་། ལག་ལེན་གྱི་མན་ངག་ཤེས་༧པ་དང་། ཉམས་མྱོང་གི་དྲོད་དང་ལྡན་༨པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་དགོས་པར་གསུངས་ཏེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་སོ། །ཡང་སྤྱི་མདོ་ལས། བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །ཞེས་པའི་དེ་ཉིད་བཅུ་ལ་ཕྱི་ནང་གསང་གསུམ་གྱིས་དབྱེ་བས་སུམ་ཅུ་སྟེ། དེ་ལ་ཕྱི་ཡི་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དཀྱིལ་༡་འཁོར་ཏིང་འཛིན་༢ཕྱག་༣རྒྱ་དང་། །སྟངས་སྟབས་༤འདུག་སྟངས་༥་བཟླས་༦བརྗོད་དང་། །སྦྱིན་༧སྲེག་མཆོད་པ་༨་ལས་༩སྦྱོར་དང་། །སླར་བསྡུད་༡༠པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལྟར་ཕྱི་རྒྱུད་དང་བསྟུན་པའི་དཀྱིལ་འཁོར་བྲི་བ་ལ་སོགས་པ་དང་། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། ལག་པའི་ཕྱག་རྒྱ་དང་། རྐང་པའི་སྟངས་སྟབས་དང་། ལས་བཞི་ལ་སོགས་པའི་འདུག་སྟངས་དང་། སྙིང་པོ་བཟླས་བརྗོད་བྱེད་པའི་ཚུལ་དང་། ལས་བཞིའི་སྦྱིན་སྲེག་གི་རིམ་པ་དང་། ཕྱི་ནང་གསང་བའི་མཆོད་པ་དང་། བསྙེན་སྒྲུབ་ཀྱི་མཐར་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་ལས་ལ་སྦྱོར་བའི་ཚུལ་དང་། བསྐྱེད་པའི་ལྷ་ཐམས་ཅད་བསྡུ་རིམ་གྱིས་མི་དམིགས་པར་འཇོག་པ་སླར་སྡུད་པའི་རྣམ་པ་སྟེ་བཅུའོ། །ནང་གི་དེ་ཉིད་བཅུ་ནི། དཀྱིལ་འཁོར་བྲི་བ་ལ་སོགས་པ་དེ་དག་ནང་རྒྱུད་དང་བསྟན་པ་ལ་ཟེར་བ་ཡིན་ནོ། །གསང་བའི་དེ་ཉིད་བཅུ་ནི། དེ་ཉིད་ལས། ཕྱིར་༡ཟློག་གཉིས་༢ཀྱི་ཆོ་ག་དང་། གསང་༣དང་ཤེས་རབ་ཡེ་ཤེས་༤དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་༥དང་། །གཏོར་༦མ་རྡོ་རྗེའི་ཟླས་༧པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་༨དང་། །རབ་ཏུ་གནས་༩དང་དཀྱིལ་༡༠འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་པས་རྣམ་པ་བཅུ་སྟེ། བླ་ན་མེད་པ་གསང་བའི་རྒྱུད་འདིར་འཇིག་རྟེན་པ་དང་གྲུབ་མཐའ་ཕལ་ཆེར་གྱི་བློ་ཡུལ་དུ་མི་ཆུད་པའི་ལས་ཀྱི་རང་བཞིན་ཤེས་ན་ཐབས་ཟབ་ལ་རྒྱ་ཆེ་བས། ཁྲོ་བཅུ་ལ་སོགས་པའི་སྲུང་འཁོར་བསྒོམས་ནས་བར་ཆད་ཕྱིར་བཟློག་པ་དང་། བྲིས་པའི་སྲུང་འཁོར་གྱིས་ཕྱིར་བཟློག་པའི་མངོན་སྤྱོད་ཀྱི་ལས་རྣམ་པ་གཉིས་དང་། ལྟར་སྣང་འཇིག་རྟེན་པའི་ཀུན་སྤྱོད་དང་མཐུན་པས་མ་དད་པ་སྐྱེ་བའི་ཕྱིར་ཤིན་ཏུ་གསང་ཞིང་སྦ་བའི་གནས་གསང་བའི་དབང་བསྐུར་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཉིས་ལ་བརྟེན་པའི་སྦྱོར་བ་དང་། དེ་བཞིན་དུ་ཁ་སྦྱོར་འབྱེད་པའི་ཆོ་ག་སྟེ་སྒྲོལ་བ་དང་། གཏོར་མ་སྦྱང་རྟོག་སྦར་གསུམ་གྱིས་འཁོར་འདས་ཀྱི་མགྲོན་ལ་མཆོད་པ་སོགས་དང་། འབྱུང་འཇུག་གནས་གསུམ་དང་བསྟུན་པའི་རྡོ་རྗེའི་བཟླས་པ་བྱ་བ་སོགས་དང་། ལས་མ་གྲུབ་པས་བཙན་ཐབས་སམ་སྤོགས་པའི་ཆོ་གས་ལྷ་ལ་དྲག་ཤུལ་བསྒྲུབ་པ་དང་། རྟེན་དང་དཀྱིལ་འཁོར་ལ་རབ་གནས་བྱེད་པ་དང་། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ཡང་འཁོར་བ་དང་རྣམ་པ་མཐུན་པ་སྲིད་པ་སྐྱེ་བའི་རིམ་པ་དང་སྦྱར་ནས་འདོད་པ་བསྟེན་པ་དང་མངལ་འབྱིན་ལ་སོགས་པའི་སྒོ་ནས་བྱེད་པ་སྟེ་བཅུའོ། །ཚུལ་དེ་རྣམས་ཇི་ལྟ་བ་བཞིན་རིག་ཅིང་ཁོག་དུ་ཆུད་པ་ནི་གསང་སྔགས་ཀྱི་དབང་བསྐུར་བྱེད་ནུས་པའི་རྡོ་རྗེ་སློབ་དཔོན་ཡིན་ལ། དེ་ཡང་དེ་ཙམ་གྱི་གཟུགས་བརྙན་ཤེས་པས་མི་ཆོག་སྟེ། གསང་སྔགས་ཀྱི་ལྟ་བ་རྟོགས་ཤིང་སྒོམ་པས་རང་ཉིད་ཀྱི་རྒྱུད་གྲོལ་བ་ཞིག་ལ་བསྟེན་པ་གཅེས་ཏེ། ཅིའི་ཕྱིར་ན། རང་མ་སྨིན་པས་གཞན་སྨིན་མི་ནུས་ཤིང་། རང་མ་གྲོལ་བས་གཞན་གྲོལ་བར་མི་ནུས་པས་སོ། །དེ་སྐད་དུ་སམྦུ་ཊ་ལས། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་དང་། རྒྱ་གར་དམ་པས། རང་ཐ་མལ་དུ་བསྡུད་པས་གཞན་སྨིན་པར་མི་ནུས། ཞེས་གསུངས་སོ། །སྨིན་པའི་ཚད་ནི། རྒྱུད་ལ་ཡོན་ཏན་སྐྱེ་བའི་ས་བོན་ཐེབས་ནས་ཆོས་དང་བླ་མ་ལ་རྐྱེན་གང་གིས་ཀྱང་མི་འཕྲོག་པའི་ཡིད་ཆེས་སྐྱེ་ཞིང་། དལ་འབྱོར་རྙེད་དཀའ་ནས་བརྩམས་ཏེ་ལམ་གྱི་ཡོན་ཏན་རྣམས་བཅོས་མིན་དུ་སྐྱེས་ནས། དབང་པོའི་ཁྱད་པར་གྱིས་ཉིན་ཞག་གམ། ལོ་ཟླ་ལ་སོགས་པ་སྔ་ཕྱིའི་བློ་ལ་ཁྱད་པར་ཆེན་པོ་ཐོབ་པ་ཡིན་ལ། དེ་ལས་གཞན་དུ་སློབ་མའི་རྒྱུད་གོང་ནས་གོང་དུ་དཀྲི་བའི་རྒྱུ་རང་གི་ཡོན་ཏན་དབང་དོན་གྱི་ཡེ་ཤེས་རྟོགས་པ་ལྟ་ཅི་སྨོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྔགས་སྡོམ་གྱི་མཚན་ཉིད་ཙམ་ཡང་མི་ཤེས་པས་སྤང་བླང་བགྱིད་པའི་བློ་ཙམ་ཡང་མེད་བཞིན། དགེ་སློང་རྡོ་རྗེ་འཛིན་པ་དང་། སྔགས་འཆང་ངམ་གྲུབ་ཐོབ་ཀྱི་མིང་བཏགས་ན་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་འཛིན་པ་རྣམས་ཀུ་ཤའི་ཆུན་པོ་དང་། དར་སྣའི་ཕུར་མ་སོགས་རྟེན་དང་ཡོ་བྱད་ཀྱི་ཤོམ་ར་ཆེ་བ་དང་། ཆོ་གའི་བཤད་སྦྱར་དང་ལག་ལེན་ལ་བྱང་བ་ཙམ་གྱིས་གཞན་རྒྱུད་སྨིན་པར་རེ་བ་ནི། རྫིང་བུ་ན་མ་མཆིས་པ་ཡུར་བར་འདྲེན་པ་ལ་རེ་བ་བཞིན་བཞད་བགད་ཀྱི་གནས་སོ། །དེས་ན་གོང་དུ་ཇི་སྐད་བཤད་པ་དེ་ལྟ་བུའི་བླ་མ་ཡིས། གང་ལ་དབང་བསྐུར་བའི་སློབ་མའི་མཚན་ཉིད་རྒྱས་པར་སྔར་བསྟན་པ་བཞིན་ལ་མདོར་བསྡུ་ན། དད་པ་མེད་ན་བླ་མའི་ཐུགས་རྗེ་དང་བྱིན་རླབས་འཇུག་པའི་གོ་སྐབས་མེད་པས་བླ་མ་དང་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་ཀྱི་དད་པ་དང་མོས་གུས་ཡོད་པ་དང་། ངོ་ཚ་ཤེས་པ་མེད་ན་དབང་དུས་སུ་ཐོབ་པའི་སྡོམ་པ་དང་དམ་ཚིག་ལ་ཉེས་ལྟུང་གིས་སྒྲིབས་ཏེ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཞིང་ཉམས་པ་གསོར་མི་ཆུད་པས་ངན་སོང་གི་གཏིང་རྡོར་འགྱུར་བས་ངོ་ཚ་དང་ཁྲེལ་ཡོད་ཤེས་པ་ལ་སོགས་པའི་སྣོད་ཀྱི་ཡོན་ཏན་སློབ་མའི་རྒྱུད་ན་ལྡན་ནམ་མི་ལྡན་བརྟག་པ་གལ་ཆེ་སྟེ། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་རིན་ཆེན་བརྡར་བ་དང་། །གསེར་ནི་བསྲེག་དང་བཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་ཏུ་ནི་དེ་ལྟར་བརྟག །གཞན་དུ་གེགས་ནི་འབྱུང་འགྱུར་ཞིང་། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །ཞེས་གསུངས་པ་ལྟར། །གལ་ཏེ་མ་བརྟག་པར་ཐུག་ཕྲད་དུའམ་གསར་ངེས་ཀྱིས་སྣོད་ངན་ལ་དབང་བསྐུར་ན་སློབ་མའི་དོན་འཆོར་བའི་ཚུལ་སྔར་ཡང་བཤད་ལ། སློབ་དཔོན་གྱི་དངོས་གྲུབ་ཉམས་ཤིང་ཇི་ལྟར་བསྒོས་ཤིང་གཉེར་དུ་གཏང་པའི་དམ་ཚིག་རྣམས་བསྲུང་མི་ནུས་པས་དངོས་གྲུབ་ཀྱི་རྩ་བ་ཆད་ནས་ཚེ་འདིར་ཕྱི་ནང་གི་འཚེ་བ་དང་ཚེ་ཐུང་བ་ལ་སོགས་པ་དང་། ཕྱི་མར་ངན་སོང་དུ་འགྲོ་བའི་ཕྱིར་ན་སྣོད་དང་སྣོད་མིན་ལེགས་པར་བརྟགས་ལ། དབང་བསྐུར་བ་ཡང་བློ་དང་འཚམས་པར་བྱ་སྟེ། དབང་དངོས་གཞི་བསྐུར་བའི་སྣོད་དུ་མི་རུང་བ་ལ་དཀྱིལ་འཁོར་དུ་འཇུག་པ་ཙམ་བྱེད་པ་དང་། དད་བརྩོན་དང་ནི་ལྡན་ཀྱང་ཟབ་དབང་བསྐུར་བའི་སྣོད་དུ་ནི་མི་རུང་བ་ལ་བུམ་དབང་ཙམ་དང་། ཡང་ཟབ་མོའི་དབང་གི་ལམ་གྱི་བརྟུལ་ཞུགས་ལ་སློབ་ནུས་པ་རྣམས་ལ་དབང་གོང་མ་གསུམ་དང་བཅས་པ་བསྐུར་བ་དང་། དེ་ལྟར་ཟབ་དབང་གི་སྣོད་དུ་རུང་བ་ཞིག་ཡིན་ནའང་ཐོད་རྒལ་དུ་བུམ་དབང་མ་བསྐུར་བའམ་གོ་རིམ་འཆོལ་བ་མ་ཡིན་པར་དཀྱིལ་འཁོར་དུ་བཅུག་སྟེ་བུམ་དབང་ནས་དབང་བཞི་པོ་རིམ་པ་བཞིན་མ་ནོར་བས་སྦྱིན་པར་བྱ་དགོས་ཀྱི། དེ་ལྟར་མ་བྱས་ན་སློབ་བུ་དད་ཅན་ཡིན་ཡང་རྒྱུད་ཆུད་ཟོས་པར་འགྱུར་ཏེ། གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་ཟུང་། །ཞེས་སོ། །གསུམ་པ་དབང་བསྐུར་དངོས་བཤད་པ་ལ་གསུམ་སྟེ། དབང་གི་ཡན་ལག་བཤད་པ། དབང་གི་དངོས་གཞི་བཤད་པ། དབང་ཐོབ་པའི་ཕན་ཡོན་བཤད་པའོ། །དང་པོ་དབང་གི་ཡན་ལག་བཤད་པ་ནི། ཐོག་མར་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱི་རྒྱུད་དག་ཅིང་སློབ་མ་སྨིན་ནུས་པར་བྱ་བའི་ཕྱིར་བསྙེན་པ་བྱ་བ་དང་ནི། བདག་པོའི་གཞི་ལ་དབང་མི་ཟ་ཞིང་ས་དང་སར་འཛིན་གྱི་རྟོག་པ་དབྱིངས་སུ་མཉམ་པར་བྱ་བའི་ས་ཡི་ཆོ་ག་དང་། དཀྱིལ་འཁོར་དང་སློབ་མའི་ལས་ལ་ཐོད་རྒལ་དུ་མི་འཇུག་པ་སྟ་གོན་གྱི་རིམ་པ་དང་ནི། སློབ་མའི་རྒྱུད་རིམ་གྱིས་དག་ཅིང་སྨིན་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བར་བྱེད་ཅིང་། ཞུགས་པ་དེ་ལ་སྨིན་བྱེད་ཀྱི་དབང་དངོས་བསྐུར་བ་སྟེ་ཆོ་གའི་མངོན་རྟོགས་བཞི་པོ་དེ་རེ་རེ་ཉིད་ལ་ཡང་། ཡན་ལག་བཞི་རེ་བཞི་རེར་ཡོངས་སུ་ཚང་ཞིང་རྫོགས་དགོས་པའི་ཕྱིར། དང་པོ་བསྙེན་པའི་ཡན་ལག་བཞི་ནི། གསང་སྙིང་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོའོ། །ཞེས་པ་ལྟར། བསྙེན་པ་དང་། ཉེ་བར་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་བཞི་ཡིན་ལ། དེ་ཡང་སྤྱིར་ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡིས། །ཞེས་པ་ལྟར། ལམ་དུས་ཀྱི། སྒྲུབ་དུས་ཀྱི། སྦྱོར་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་སྟེ་རྣམ་པ་གསུམ་གསུངས་པ་ལས། དང་པོ་ནི་ཟག་བཅས་ལམ་གྱི་རྣལ་འབྱོར་ལྔ་པོ་མོས་སྒོམ་ཙམ་མ་ཡིན་པར་ངེས་རྫོགས་ཀྱི་ཚུལ་དུ་བསྒོམ་པའི་རིམ་པ་དང་སྦྱར་ཏེ་སྟོང་པ་ཆེན་པོའི་༡རྣལ་འབྱོར་དང་། སྙིང་རྗེ་༢སྒྱུ་མའི་རྣལ་འབྱོར་གཉིས་བསྙེན་པ་དང་། ཕྱག་རྒྱ་༣གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་༤གཉིས་ཉེ་བསྙེན་དང་། ཚོམ་བུ་ཚོགས་སྒྲུབ་༥ནི་སྒྲུབ་པ་དང་། དེའི་འབྲས་བུ་མཐོང་ལམ་ཐོབ་མ་རག་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་ཉིད་ལས། བྱང་ཆུབ་སེམས་རྟོགས་འགྲུས་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་ལེན། །ཞེས་སོ། །སྦྱོར་དུས་ཀྱི་ཡན་ལག་བཞི་ནི་འདིར་མ་བཤད་ཅིང་། སྐབས་འདིར་ནི་སྒྲུབ་དུས་ཀྱི་ཡན་ལག་བཞི་བཤད་པར་བྱ་བ་ཡིན་ལ། དེ་ཡང་ལམ་རིམ་ལས་རྣལ་འབྱོར་ལྔའི་ཚོགས་སྒྲུབ་ཀྱི་དབང་དུ་བྱས་ནས་གསུངས་པ་ཡིན་ཞིང་། འདིར་སློབ་མ་ལ་དབང་བསྐུར་བའི་སྔོན་དུ་སློབ་དཔོན་གྱིས་བྱ་བ་སྟེ། དེ་ལ་གཞི་བསྙེན་དང་ལས་བསྙེན་གཉིས་ལས། དང་པོ་གཞི་བསྙེན་ལ། གྲངས་དུས་མཚན་མའི་བསྙེན་པ་གསུམ་གསུངས་པ་ལས་ད་ལྟ་ཕྱི་མ་གཉིས་པོ་གང་རུང་དགོས་པར་བཤད་དོ། །དེ་ལ་གྲངས་བསྙེན་ནི། བྱེ་བ་ཡིན་པར་ཡང་གསུངས་ལ། སྡོམ་འབྱུང་ལས་ནི། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །ཞེས་གསུངས་པ་ལ་སོགས་པའོ། དུས་བསྙེན་ནི། དུས་ཤིན་ཏུ་སྙིགས་མར་གྱུར་པས་དེའི་བཞི་འགྱུར་རོ། །མཚན་མའི་བསྙེན་པ་ནི་གྲུབ་པའི་རྟགས་མཚན་ཐོན་པའོ། །དེ་ལྟར་གཞིའི་བསྙེན་པ་ཅི་ཙམ་བྱེད་པའི་ཞག་གྲངས་ཀྱིས་བསྙེན་སྒྲུབ་ཡན་ལག་བཞི་ཚང་བ་ཡིན་ཏེ། ཞག་དང་པོ་སྒྲུབ་རྫས་དང་ཡོ་བྱད་སྟ་གོན་བྱས་ནས་ཆོ་ག་ཚར་གཅིག་གཏོང་བ་བསྙེན་པ། དེ་ནས་སྒྲུབ་པ་ཅི་ཙམ་བྱེད་པ་པའི་ཞག་གྲངས་ཀྱི་ཕྱེད་སྔ་མ་ལ་འོད་ཟེར་དཀར་པོའི་སྤྲོ་བསྡུས་སྡིག་སྒྲིབ་སྦྱོང་བའི་དམིགས་པ་གཙོ་བོར་བྱེད་པ་ཉེ་བསྙེན། དེ་ཕྱིན་ཆད་ཕྱེད་ཕྱི་མ་ལ་འོད་ཟེར་དམར་པོའི་སྤྲོ་བསྡུས་མཆོག་ཐུན་མོང་གི་དངོས་གྲུབ་རང་ལ་བསྡུ་བའི་དམིགས་པ་གཙོ་བོར་བྱེད་པ་སྒྲུབ་པ། ཞག་ཐ་མ་ལ་འོད་ཟེར་མཐིང་ག་ཚུར་བསྡུ་བས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོ་སྟེ། ལམ་རིམ་ལས། ཟླ་ཕྱེད་ཕྱེད་གཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བླང་སྒྲུབ་ཆེན་པོ། །ཞེས་གསུངས་པ་དང་ཕྱོགས་མཐུན་ནོ། །ལས་བསྙེན་ནི་སློབ་མ་ལ་དབང་བསྐུར་བའི་དུས་སུ་བསྙེན་པ་ཁ་གསོ་བའོ། །དེ་གཉིས་ཀ་ལ་ཆོ་གའི་ཐུན་གཅིག་དང་སྦྱར་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བའི་ཚུལ་ནི། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྤྱིར་ན་གསང་སྔགས་ངེས་པ་ལ། །ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཏེ། །ཡུམ་བསྐྱེད་སྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོ་ཡིན། །ཞེས་པ་ལྟར། ཏིང་འཛིན་གསུམ་བསྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། ཡུམ་བསྒོམས་ཏེ་མཁའ་གསང་བརླབས་པ་དང་འཁོར་གྱི་ལྷ་ཚོགས་ཚང་བར་སྒོམ་པ་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོའོ། །གཉིས་པ་ས་ཆོག་གི་ཡན་ལག་བཞི་ནི། དེ་ལྟར་སློབ་དཔོན་རང་ཉིད་ཀྱིས་བསྙེན་པ་སྔོན་དུ་གྲུབ་ནས་གཞན་ལ་ཕན་གདགས་པ་ལ། དཀྱིལ་འཁོར་བཞེངས་སྒྲུབ་སོགས་ཀྱི་ལས་རིམ་ནི། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚང་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་བསྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་རྣམ་པ་བཅུ་གསུངས་པ་ལས་ལྷག་མ་རྣམས་འཆད་འགྱུར་ལྟར་ལས། །དང་པོ་ས་གཞི་མཉམ་པའི་དོན་ནི། དེ་ཉིད་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་གཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་པ་ལྟར་རྣམ་གྲངས་བདུན་གསུངས་པ་ལས། དང་པོ་ས་དེར་དཀྱིལ་འཁོར་བྱ་རུང་མི་རུང་བརྟག་པ་ནི། རྡོ་རྗེ་མཁའ་འགྲོ་ལས། གྲོང་དང་དུར་ཁྲོད་ཚོང་འདུས་དང་། །ཚལ་དང་ལྷ་ཁང་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་གཞི་ཤིས། །ལྷོ་དང་ནུབ་ཕྱོགས་དེ་ལྟ་མིན། །ཞེས་གནས་དྲུག་དང་། དེ་ནས་གཞལ་བའི་ཕྱི་རོལ་གྱི་ཤར་དང་བྱང་གི་གཞི་ཤིས་པའི་སར་གསུངས་པ་དང་། སྤྱི་གནམ་ས་བར་གསུམ་ལ་དཔྱད་དེ་སའི་གཞི་ལ་བརྟག་པ་དང་། བྱེ་བྲག་ས་རང་གི་མཚན་ཉིད་ལ་བརྟག་པ་སོགས་མང་དུ་གསུངས་པས་དཔྱད་དཀའ་ཡང་། རྣལ་འབྱོར་པའི་ཡིད་ལ་རང་བཞིན་གྱིས་བདེ་བ་སྟེར་བ་ལ་བཀག་པ་མེད་དེ། ཡང་ན་ཡིད་ནི་གང་དགའ་བ། །དེ་རྣམས་སུ་ནི་དཀྱིལ་འཁོར་བྲི། །ཞེས་དང་། སྤྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང་། །མདངས་སྣུམ་ཤར་དུ་གཞོལ་བ་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང་། །བདག་གི་ཡིད་ནི་མགུ་བ་དང་། །འཚེ་མེད་ཟུག་རྔུ་སྤང་བ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་སོ། །གཉིས་པ་ས་བསླང་བ་ནི། བརྟགས་ནས་རུང་བར་མཐོང་ན། ས་དེའི་བདག་པོ་རྒྱལ་པོ་ལ་སོགས་པ་ལ་རིན་འཇལ་བའམ་ཚིག་གིས་བཀྲོལ་ནས་ས་གཞི་དེ་ལ་རང་དབང་ཐོབ་པར་བྱ་བ་སྣང་བ་མི་ལ་བསླང་བ་དང་། དཀྱིལ་འཁོར་གྱི་ལྷ་ལ་འདོད་དོན་གསོལ་ཞིང་། སའི་ལྷ་མོ་ས་བདག་གཞི་བདག་གི་འཁོར་དང་བཅས་པ་ལ་གཏོར་མ་ཕུལ་ནས་གནང་བ་ཞུ་བ་ནི་མི་སྣང་བ་ལྷ་ལ་བསླང་བའོ། །གསུམ་པ་དབང་དུ་བྱ་བ་ནི། ཟངས་སམ་ཤིང་དམར་པོ་ལས་བྱས་པའི་ཕུར་བུ་པདྨ་ཀཱི་ལ་ཡར་བསྐྱེད་པའི་དབང་མཆོག་གི་ཕུར་བུ་གདབ་པས་དབང་དུ་བྱ་བའོ། །བཞི་པ་སྦྱང་བ་ནི། རྡོ་རྗེ་ལས་རིམ་ལས། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་གྱིས་དག་པར་བྱ། །ཞེས་པས་རྣམ་པ་བཞི་སྟེ། དང་པོ་ལས་དང་བྱ་བས་སྦྱང་བ་ནི། །ས་གཞི་ཐིག་གིས་གྲུབ་བཞིར་བཅད་པའི་ཕྱོགས་རེ་རེར་ཟླ་བ་གསུམ་གསུམ་གྱི་ཞག་གྲངས་དང་མཐུན་པའི་རེའུ་མིག་དགུ་བཅུ་རེ་ཕྱེ་ལ་ལྟོ་འཕྱེའི་ཐིག་ལེགས་པར་བཏབ་ནས། སྟོན་ཟླ་ར་བའི་ཚེས་གཅིག་ལ་དབང་ལྡན་གྱི་མཚམས་ཀྱི་རེའུ་མིག་ཏུ་མགོ་བོ་དང་། སྲིན་པོའི་ཕྱོགས་ཀྱི་རེའུ་མིག་ཏུ་མཇུག་རྩེ་བཞག་ནས་ཉལ་བའི་མཚན་ཉིད་ཀྱིས་ཉི་ཞག་རེ་ལ་རེའུ་མིག་རེར་གདོང་ངོས་ནས་བགྲོད་པའི་གཡས་སྐོར་གྱི་འཕོ་བས་ལོ་གཅིག་ལ་རྫོགས་པར་འཁོར་བའི་ཚུལ་ཤེས་པས་ལྟོ་བའི་ཐད་ནས་ས་བརྐོས་ལ་ཆུ་དང་སའི་སྒོ་ནས་པྲ་བརྟག་ཅིང་གཏེར་བཅུག་སྟེ། སྟེགས་བུ་དབུས་བགས་ཀྱིས་མཐོ་ཞིང་ཤར་དང་བྱང་ཡིད་ཙམ་གཞོལ་བ་བརྩིགས་པ་ལ་བ་བྱུང་དང་རྫས་སུམ་ཅུས་སྐྱང་ནུལ་བྱ་བའོ། །གཉིས་པ་མེས་སྦྱང་བ་ནི། མཚན་མ་ངན་ན་ཞི་བའི་སྦྱིན་བསྲེག་བྱ་བའོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། མཚན་མ་འབྲིང་ན། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའི་སྔགས་དང་། ལག་པ་ཏྲི་ཤཱུ་ལའི་ཕྱག་རྒྱའམ། རྡོ་རྗེའི་རང་བཞིན་ལས་འཕྲོས་པའི་འོད་ཀྱིས་ས་གཞི་རྡོ་རྗེར་བྱིན་གྱིས་བརླབས་པར་བསམ་པའོ། །བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། སྦྱང་བྱ་སྦྱོང་བྱེད་ཀྱི་སྤྲོས་པ་ཞི་བའི་ཆོས་ཉིད་ལ་མཉམ་པར་འཇོག་པ་མཚན་མེད་སྟོང་པ་ཉིད་ཀྱིས་སྦྱོང་བ་དང་། དེའི་ངང་ལས་གཞི་དེར་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་མཚན་བཅས་ཀྱི་ཏིང་ངེ་འཛིན་ཏེ་དེ་གཉིས་ཀྱི་སྒོ་ནས་སྦྱང་བའོ། །འདི་ཡན་ཆད་ཕལ་ཆེར་དཀྱིལ་འཁོར་གྱི་ཁང་པ་གསར་དུ་བསྒྲུབ་པ་ལ་དགོངས་པ་ཡིན་ལ། དཀྱིལ་འཁོར་གྱི་ཁང་པ་རྙིང་པར་རྡུལ་ཚོན་གྱིས་བཞེངས་ན། མི་མངོན་པ་ལ་བསླང་བ་དང་། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་དང་། གཟུང་བ་སྟེ་བྱིན་གྱིས་བརླབས་པ་དང་། བསྲུང་བ་དང་བཞི་པོ་བྱ་ལ། རས་བྲིས་ཡིན་ན་གཟུང་བ་བྱིན་གྱིས་བརླབས་པ་དང་། བསྲུང་བ་ཙམ་གྱིས་ཆོག་པར་གསུངས་སོ། །ལྔ་པ་བྱིན་གྱིས་བརླབས་པ་ནི། སློབ་དཔོན་རྡོ་རྗེའི་འགྲོས་ཀྱིས་ཤར་སྒོ་ནས་ཞུགས་ཏེ་དབུས་སུ་གནས་པས་བདག་ཉིད་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་སེམས་སྤྲིན་ལས་འཁོར་རྣམས་སྤྲོ་ཞིང་། མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་མཆོད་ནས། ཡུམ་བཞིའི་ང་རྒྱལ་འཛིན་པའི་ཕྱོགས་བཞིའི་སློབ་མ་བཞིས་སློབ་དཔོན་ལ་མཆོད་ཅིང་གསོལ་བ་བཏབ་རྗེས། སློབ་དཔོན་གྱིས་རྒྱལ་བ་རྣམས་བསྐུལ་ཞིང་བྱིན་བསྡུས་ནས་རང་ཉིད་ཞེ་སྡང་རྡོ་རྗེའི་སྙེམས་པས་འབར་བའི་སྤྱན་དང་རྡོ་རྗེའི་འགྲོས་ཀྱིས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པའོ། །དྲུག་པ་བསྲུང་བ་ནི། ལམ་རིམ་ལས། ནམ་མཁའ་ཁྱབ་པའི་རྩིབས་བཅུ་ལ། །ཉི་སྟེང་སུམྦྷས་ལྷ་རྣམས་མནན། །ཁྲོ་བཅུ་ཐུགས་ལས་ངེས་བྱུང་དགོད། །ཅེས་པ་ལྟར་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་ནས་ཁྲོ་བཅུའི་ཕུར་བུ་གདབ་པ་དང་། མཚོན་ཆ་ལྔའི་རྭ་བས་བསྲུང་བར་བྱ་བའོ། །བདུན་པས་གཟུང་བ་ནི། ལྷ་སྟ་གོན་དང་གཅིག་པས་འོག་ཏུ་འཆད་པར་འགྱུར་རོ། །འདིར་ས་ཆོག་ཡན་ལག་བཞིར་བསྡུ་བ་ནི། དཀྱིལ་འཁོར་ཁང་པ་རྙིངས་པར་བྱེད་པ་མང་བས། ས་བརྟག་པ་དོར་ལ། ས་བཟུང་བ་ཞེས་པ་སྐབས་འདིར་ས་གཞི་བྱིན་གྱིས་བརླབས་པ་ལ་བཤད་པས་དེ་གཉིས་དོན་གཅིག་པར་སོང་ལ། དབང་དུ་བྱ་བ་ཡང་དེར་འདུ་རུང་བས་ན། བསླང་བ་དང་། སྦྱང་བ་དང་། གཟུང་བ་དང་། བསྲུང་བ་སྟེ་བཞིའོ། །གསུམ་པ་སྟ་གོན་ལ་ཡན་ལག་བཞི་སྟེ། ས་ལྷ་དང་། དཀྱིལ་འཁོར་བའི་ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་ནོ། །དང་པོ་ནི། ས་ལྷ་སྤྱན་དྲངས་ཏེ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ་ནི། སྔར་ས་ཆོག་གི་སྐབས་སུ་ཡོད་པས་འདིར་མི་བྱེད་པ་མང་བས་མེད་ཀྱང་རུང་ལ། བྱས་ཀྱང་ལྷག་པའི་ཉེས་པ་མེད་དེ། རྡོ་རྗེ་ཕྲེང་བ་ལས་དེ་ལྟར་གསུངས་པའི་ཕྱིར་རོ། །གཉིས་པ་ལྷ་སྟ་གོན་ནི་དེ་མ་བྱས་ན་ལྷ་ལ་དབང་ཟ་ཞིང་བརྙས་པའི་ཉེས་པ་ཡོད་པས་སྙན་གསན་དབབ་པའི་དོན་དུ་སྟེ། འདིའི་སྐབས་སུ་སྔར་རྡོ་རྗེ་ལས་རིམ་ནས་བཤད་པའི་དོན་བཅུའི་ནང་ནས་དཀྱིལ་འཁོར་གྱི་ཚད་ལ་སོགས་པའང་བཤད་པར་བྱ་སྟེ། དེ་ལ་གཉིས་པ་ཚད་ནི། ལྷའི་རིགས་ཀྱི་སྒོ་ནས་བཞག་ན། རྡོ་རྗེ་དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། གར་དབང་དང་། དོན་གྲུབ་ཀྱི་རིགས་རྣམས་ལ་ཇེ་ཆེར་སྤར་བའི་ཚུལ་ཏེ། རྡོ་རྗེ་གུར་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །ཁྲུ་ལྔ་པ་ནི་སྣང་བྱེད་ལའོ། །གར་གྱི་དབང་ཕྱུག་ཁྲུ་དྲུག་པ། །རྟ་ཡི་རྒྱལ་པོ་ཁྲུ་བདུན་པའོ། །ཞེས་སོ། །གནས་ཁང་ཡངས་དོགས་ལ་སོགས་པའི་སྒོ་ནས་བཞག་ན། གསང་སྙིང་ལས། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཞེས་པ་ཆུང་ཚད་གཉིས་དང་། ཡང་ན་ལུས་ནི་གསུམ་གྱི་ཚད། །ཡང་ན་ཁྲུ་ནི་བཅུ་དྲུག་དང་། །ཞེས་པ་འབྲིང་ཚད་གཉིས་དང་། ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། །ཞེས་པ་ཆེ་ཚད་གཉིས་ཏེ་དྲུག་གསུངས་སོ། །སྦྱིན་བདག་གི་འབྱོར་བའི་སྒོ་ནས་བཞག་ན། བཅོམ་ལྡན་འདས་ཀྱིས། འཛམ་བུའི་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཀུན་ནས་དཔག་ཚད་མཐའ་རུ་ནི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ། །ཞེས་པས། རྒྱལ་པོ་ལ་སོགས་པས་ཡོན་སྦྱར་ན་དཔག་ཚད་ཙམ་ཡང་མ་བཀག་ལ། གདུལ་བྱའི་ཁམས་དང་འབྱོར་བའི་དབང་དུ་ལག་མཐིལ་ཉིད་དུའང་བྲི་བར་གསུངས་སྟེ། རང་གི་འདོད་པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲིས་བྱས་ནས། །ཞེས་ལག་གིས་བྲི་བར་མ་ནུས་པ་རྣམས་ཡིད་ཀྱིས་བྲི་བར་གསུངས་སོ། །གསུམ་པ་ཐིག་ནི། རྒྱུ་ཚད་ཁ་དོག་ལ་སོགས་པའི་མཚན་ཉིད་ལེགས་པར་ཚང་བའི་ཐིག་སྐུད་རབ་གནས་ཀྱིས་བྱིན་གྱིས་བརླབས་པའི་དམ་ཐིག་ཡེ་ཐིག་གཉིས་བྱས་ལ། ཐིག་གཡོག་རིག་མ་དངོས་སམ་དེར་མོས་པ་ལ་ཐིག་སྣ་གཏད་དེ་ཡབ་ཡུམ་ལྷར་གསལ་བའི་ངང་ནས་དམ་ཐིག་སྔོན་དུ་བཏབ་སྟེ་སྐུ་གསུང་ཐུགས་ཀྱི་ངོ་བོར་མོས་ཏེ། དེ་ནས་ཡེ་ཐིག་ནམ་མཁའ་བཏབ་པས། དམ་ཚིག་པའི་རང་བཞིན་ལ་ཡེ་ཤེས་ལྔ་ལྔས་རྒྱས་འདེབས་པའི་ཚུལ་གྱིས་སམ། ཡང་ན་ཡེ་ཐིག་སྔོན་དུ་བཏབ་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་སྤྲུལ་པའི་ཚུལ་དུ་དམ་ཚིག་གི་དཀྱིལ་འཁོར་འཆར་བའི་དོན་དུ་དེ་ནས་དམ་ཐིག་གདབ་པར་བྱ་བ་སྟེ། གང་ལྟར་ཡང་ཐིག་སྣ་མ་ཤོར་བ་སོགས་གདབ་ཚུལ་གྱི་ཉེས་པ་ཐམས་ཅད་སྤངས་ཏེ་གདབ་པར་བྱ་བ་སོགས་ཞིབ་པར་ཐིག་གི་ཆོ་ག་སོ་སོ་ལས་ཤེས་པར་བྱའོ། །དེ་ལྟར་ལས་ཐིག་གི་བྱ་བ་སྔོན་དུ་བཏང་ནས། ལྷ་སྟ་གོན་དངོས་ནི། ཐིག་གིས་མཚོན་པའི་ལྷའི་གནས་སོ་སོར་དྲི་བཟང་དང་། བདུད་རྩི་ལྔས་གཙོ་བོའི་གནས་སུ་གྲུ་བཞི་དང་། འཁོར་གྱི་གནས་སུ་ཟླུམ་པོ་བྱས་ལ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་བཀོད་ནས་རྟེན་དུ་དམིགས་པ་བྱས་ལ། མཐར་མཆོད་པས་བསྐོར་ནས་བྱིན་གྱིས་བརླབས་སྤྲོ་ཞིང་ནུས་ན་དམ་ཚིག་གི་འཁོར་ལོ་ཇི་ལྟ་བ་བཞིན་བསྐྱེད་ནས་ཡེ་ཤེས་པ་གཞུག་ཅིང་གོམས་པ་བརྟན་པས་ནི་ས་བོན་གྱིས་བསྐྱེད་པས་ཀྱང་རུང་ལ། སྔར་ས་ཆོག་གི་སྐབས་སུ་བསྐྱེད་ནས་ནམ་མཁར་བཏེག་པ་ཡིན་ན་དེ་ཉིད་ཕབ་པས་ཀྱང་ཆོག་སྟེ། ཧེ་རུ་ཀ་འདུས་པ་ལས། ཐིག་གདབ་ཆོ་ག་ཇི་བཞིན་བྱ། །དྲི་ཡི་ཐིག་ལེས་མཚན་མ་དགོད། །ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། །ཅེས་པས་གསལ་ལོ། །དེ་ལ་ལྷ་གྲངས་དང་མཉམ་པའི་མཆོད་པས་མཆོད་ནས་སྟ་གོན་ལ་གནས་པར་གསོལ་བ་གདབ་པའི་མཐར་གཞི་དེ་ཉིད་དུ་ཐིམ་པར་མོས་ལ་ཚོམ་བུ་ཡང་བསྡུ་བར་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། རྒྱུ་དབྱིབས་ཚད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བུམ་པ་མགུལ་ཆིངས་ཁ་རྒྱན་དང་ལྡན་པ་ལྷ་གྲངས་སམ། གཙོ་བུམ་ཙམ་ཡིན་ཀྱང་རུང་སྟེ། ཕྱི་རྒྱུད་དང་ཐུན་མོང་གི་རྫས་ཉེར་ལྔ་དང་། བླ་མེད་ཐུན་མིན་གྱི་རྫས་བཅུ་སྟེ་བཅུད་སོ་ལྔས་གཏམས་པའི་བུམ་པ་ལྷ་གྲངས་ཡོད་ན་ལྷ་གནས་སོ་སོར་རམ། དགུ་ཡོད་ན་སྒོ་མཚམས་བརྒྱད་དང་དབུས་སུ་དང་། གཅིག་ལས་མེད་ན་དབུས་སུ་བཞག་པར་བྱ་སྟེ། དེ་ལྟ་བུའི་བུམ་པའི་དངོས་པོས་སྤྲུལ་སྐུ། བཅུད་ཀྱིས་ལོངས་སྐུ། ནང་གི་བསིལ་བའི་ངོ་བོར་ཆོས་སྐུ། །ལྷ་བསྒོམ་པས་ངོ་བོ་ཉིད་སྐུ་རྣམས་མཚོན་ནོ། །དེ་ནས་བསང་སྦྱངས་བྱས་ཏེ་ལྷ་བསྐྱེད་ཚུལ་ཡང་དེ་བཞིན་དུ་གྲངས་དང་བསྟུན་ལ། རྣམ་བུམ་གཅིག་པུ་ལས་མེད་ན་ཐམས་ཅད་དེར་བསྐྱེད་པར་བྱའོ། །ལས་བུམ་ཤར་སྒོའི་previous hit གཡོནདུ next hit་འགོད་པ་རྒྱ་གར་བའི་ལུགས་ཡིན་ལ། ཡང་ན་རང་གི་མདུན་དུའོ། །བཞི་པ་སློབ་མ་སྟ་གོན་ནི། སྦྱོར་བ་ནི་སློབ་མ་ཁྲུས་བྱས། མཎྜལ་ཕུལ་ནས་འདུག་པ་ལ་བློ་བཅོས་ནས། དངོས་གཞི་ནི་ནང་དབང་བསྐུར་ནས་སྡོམ་པ་བཟུང་བ་དང་། ལྟས་བརྟག་པ་ཕྱི་ནང་གཉིས་རྣམས་ལས་དང་པོ་ནང་དབང་གི་དོན་པོ་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལ་དེའི་རིགས་ཀྱི་བུར་བསྐྲུན་པ་ཞིག་དགོས་པ་དང་འདྲ་བར། རྡོ་རྗེ་སློབ་དཔོན་གྱི་ཆོས་སྲིད་ལ་དབང་བསྐུར་ཕྱིར་སློབ་མ་ཉིད་རྡོ་རྗེའི་བླ་མའི་སྲས་སུ་བསྒྲུབ་དགོས་པས། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་རྣམ་པར་ཤེས་པ་སྲས་སུ་བསྐྲུན་པའི་སྦྱོར་བ་བྱས་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པ་ནི་སློབ་མ་ལ་བུ་ཞེས་འབོད་པའི་དོན་ཡང་འབྱོར་བའོ། །དེ་ནས་སློབ་མས་གསོལ་བ་བཏབ་སྟེ་སློབ་དཔོན་གྱིས་དེ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྡོམ་པ་སྦྱིན་པར་བྱ་བ་སྟེ། སྐབས་འདི་དང་དངོས་གཞིའི་མགོར་འབོགས་པ་ལ་ཁྱད་པར་མེད་པར་གསུངས་པའི་ཕྱིར་རོ། །དེ་ནས་བདུད་རྩི་འཁྱིལ་བའི་སྔགས་དང་ཆུས་བསྲུང་ལ། སློབ་མ་ལྷར་བསྐྱེད་པའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་སོགས་བྱས་ལ་འདོད་ཡོན་ལྔས་མཆོད་ཅིང་འདོད་ཡོན་ལ་སྲེད་པ་སྤངས་ཏེ་བསོད་ནམས་ཀྱི་ཚོགས་སུ་གྱིས་ཤིག་པར་བསྒོའོ། །དེ་ནས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ་དང་འབྲེལ་བར་ལྟས་བརྟག་པའི་ཕྱིར་དང་པོ་སོ་ཤིང་དོར་བ་ངག་གི་སྒྲིབ་པ་དག་པའི་ཆེད་དང་། ཁྱོར་ཆུ་སྦྱིན་པ་ཡིད་ཀྱི་སྒྲིབ་པ་དག་པའི་ཆེད་དང་། སྲུང་སྐུད་བཅིང་བ་ལུས་ཀྱི་སྒྲིབ་པ་དག་པའི་ཆེད་དུ་སྟེ་དེ་རྣམས་ནི་ཕྱི་ལྟར་རོ། །ཕྱི་མ་འདི་གཉིས་རྨི་ལམ་གསལ་བ་དང་། བར་ཆད་མི་འབྱུང་བའི་ཕྱིར་ཡང་བཤད། དེ་ནས་རྨི་ལྟས་བརྟག་པ་ནི་གྲིབ་གདོན་ལ་སོགས་པས་མི་འཁྲུགས་པའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པར་བྱ་བ་ནི་ནང་ལྟར་རོ། །དེ་ནས་སྤྲོ་བ་བསྐྱེད་དེ་དབུགས་དབྱུང་བར་བྱའོ། །དེ་ལྟར་སྟ་གོན་གྱི་ཆོས་རྣམས་སྔོན་དུ་སོང་ནས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བའི་ཕྱིར་ཐིག་གི་བྱ་བ་རྣམས་ལེགས་པར་གྲུབ་པར་བྱས་ནས། བཞི་པ་ཚོན་ནི། རྒྱུ་རབ་འབྲིང་ཐ་གསུམ་གྱི་རང་བཞིན་ལས་བྱུང་བའི་ཚོན་སྣ་ལྔའམ་ཉི་ཤུ་རྩ་ལྔ་བྱིན་གྱིས་བརླབས་ཏེ་ཚོན་དགྱེ་ཚུལ་གྱི་སྤང་བླང་རྣམས་མ་འཛོལ་བས་དཀྱིལ་འཁོར་རྒྱས་བསྡུས་གང་རུང་གི་ལུགས་བཞིན་བྲི་བར་བྱ་བ་ནི་གཞན་ལས་ཤེས་པར་བྱའོ། །ལྔ་པ་བྲི་བ་ཡང་ཚོན་གྱི་ཁོངས་སུ་སོང་ངོ་། །དྲུག་པ་རྣམ་པ་དགོས་པ་ནི། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་པ་ལྟར་རམ། ཡང་ན་རང་མདོག་དང་མཚུངས་པའི་ཐིག་ལེའི་རྣམ་པ་དགོད་པར་བྱའོ། །དེ་ནས་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སྤོས་རོལ་གྱིས་སྣ་དྲངས་ཏེ་དཀྱིལ་འཁོར་ལ་གཡས་སུ་ལན་གསུམ་བསྐོར་ནས། རྣམ་རྒྱལ་གཙོ་བོའི་མདུན་ནམ། མདུན་གྱི་ལྷ་སྣམ་མམ་ཤར་སྒོའི་ཕྱི་རོལ་གྱི་གཡས་ལོགས་ཅི་བདེ་བར་དགོད་ལ། གཞན་བརྒྱད་ལ་སོགས་པ་ཡོད་ན་དེས་མཚོན་ནས་ལྷ་སོ་སོའི་གནས་ཀྱི་མདུན་ནམ་སྒོ་མཚམས་བརྒྱད་དམ། ཉུང་ན་ཤར་སྒོའི་གཡོན་ལོགས་སམ་རྡོ་རྗེའི་རྭ་བའི་ནང་ཁོངས་སུ་ཆུད་པར་བཞག་སྟེ། དཱ་རི་ཀ་པས། རྡོ་རྗེ་རྭ་བའི་ཕྱི་རོལ་དུ། །བགེགས་བསྐྱེད་འགྱུར་བས་མི་དགོད་དོ། །ཞེས་སོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་བཞིར་མདོ་བཞི་གདོད་པར་བྱ་བ་དང་། གདུགས་དང་རྒྱལ་མཚན་སོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་ཅིང་། ཕྱི་ནང་གི་མཆོད་པ་དང་ཡོ་བྱད་ཀྱི་ཚོགས་རྒྱ་ཆེན་པོས་བསྐོར་བར་བྱའོ། །བདུན་པ་རབ་གནས་ནི། སྤྱིར་སྐུ་གསུང་ཐུགས་རྟེན་སོགས་དང་དཀྱིལ་འཁོར་ལ་རབ་གནས་བྱེད་ཚུལ་ནི་རབ་གནས་ཀྱི་ཆོ་ག་ལས་ཤེས་པར་བྱ་ཞིང་། འདིར་དཀྱིལ་འཁོར་རབ་གནས་དང་དཀྱིལ་འཁོར་སྒྲུབ་པ་དོན་གཅིག་སྟེ་རྡུལ་ཚོན་ལ་སོགས་པའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དེ་ཉིད་ཏིང་ངེ་འཛིན་ལ་སོགས་པའི་སྟོབས་ཀྱིས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ངོ་བོ་གཅིག་པར་བྱིན་གྱིས་བརླབས་ནས་རང་དང་སློབ་མ་རྣམས་ཀྱི་རྒྱུད་ལ་དངོས་གྲུབ་འབྱུང་བའི་གཞིར་འགྱུར་བའི་ཕྱིར་ཏེ། རྒྱུད་ལས། ས་ལ་སོགས་ལས་ཕྱག་རྒྱར་བྱས། །རྣམ་གྲོལ་རིམ་པ་ཐོབ་འགྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོན་ཅི་དགོས་ཏེ་འདི་ཉིད་ཡིན། །ཞེས་སོ། །ཇི་ལྟར་བསྒྲུབ་པ་ནི། བདག་མདུན་ཐ་དད་པ་དང་། ཐ་མི་དད་པའི་ལུགས་གང་ལྟར་ཡང་། །ཇི་སྐད་དུ་རྒྱུད་ལས། ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པར། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཞེས་པ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱངས་ནས། ཏིང་འཛིན་རོམ་མོ་མཐའ་ཡས་མཆོག །ཅེས་པ་ལ་སོགས་པ་ལྟར། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་ལ། གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་བསྐྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས་རང་སྣང་གི་ངོ་བོར་དབྱེར་མེད་པའི་དམ་ཚིག་གི་དཀྱིལ་འཁོར་དེ་ལ། ཡེ་ཤེས་པའི་དཀྱིལ་འཁོར་སྤྱན་དྲངས་ནས་དབྱེར་མེད་དུ་བསྟིམ་པ་ལ་སོགས་པའི་སྒོ་ནས་བསྒྲུབ་པ་སྟེ། རྒྱུད་ལས། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ལྟར་རབ་གནས་མ་བྱས་པའི་དཀྱིལ་འཁོར་ལ་སོགས་པས་ནི་ཚོགས་རྫོགས་པ་དང་སྡིག་སྒྲིབ་བྲི་ཞིང་འདག་པའི་དགོས་པ་མྱུར་དུ་མི་འགྲུབ་སྟེ། རྔམ་གློག་ལས། དཀྱིལ་འཁོར་ལ་སོགས་གང་བྱས་ཀྱང་། །རབ་གནས་ཡེ་ཤེས་མི་ལྡན་ན། །ཚོགས་དང་བྲི་བའི་ནུས་པ་མེད། །ཅེས་སོ། །བྱས་པའི་ཕན་ཡོན་ནི། །ཡེ་ཤེས་དག་པའི་བྱིན་རླབས་དང་། །རྣལ་འབྱོར་ཏིང་འཛིན་མཐུ་བྱིན་དང་། །རྒྱལ་བ་བཞུགས་པའི་ནུས་མཐུ་ཡིས། །སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགས། །ཞེས་སོ། །བརྒྱད་པ་སྦྱིན་སྲེག་ནི། རྡོ་རྗེ་ལས་རིམ་ལས། ས་དང་རབ་གནས་རྣམ་གཉིས་དང་། །བདེ་བ་སྦྱིན་པའི་དུས་ཉིད་དོ། །ཞེས་པས་ས་ཆོག་གི་ཚེ་མཚན་མ་ངན་ན་ཞི་བ། རབ་གནས་ཀྱི་ཚེ་རྒྱས་པ། །དབང་བསྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་ཚེ་ཀུན་གྱི་རྨི་ལྟས་ངན་ན་དྲག་པོ་བྱ་བར་བཤད་པ་ལ་སོགས་པས་མཚོན། བསྙེན་པའི་ཁ་སྐོང་སོགས་སྐབས་སུ་གང་བབ་པ་དེ་བྱེད་པའི་ཚུལ་ནི། སྦྱིན་སྲེག་རྩ་བར། གནས་༡རྫས་༢ཐབ་ཀྱི་རྣམ་པ་༣དང་། །གཟུངས་༤དང་གཙོ་སེམས་༥བསྒྲུབ་༦བྱ་དང་། །ཕུར་༧་བུ་ལྷ་༨དུས་༩ལས་རིམ་༡༠དང་། །ལྷག་མ་༡༡བཅུ་གཅིག་ཤེས་པར་བྱ། །ཞེས་པ་ལྟར་སྤྱི་དང་བྱེ་བྲག་གི་སྒོས་ཆོས་རྣམས་ཤེས་པར་བྱའོ། །བཞི་པ་སློབ་མ་འཇུག་ཅིང་སྨིན་པའི་ཡན་ལག་བཞི་ནི། སློབ་དཔོན་རང་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གནང་བ་ནོད་པ་དང་། ནོད་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ཞུགས་པ་ལ་དབང་བསྐུར་བའོ། །དེ་ལ་དང་པོ་གསུམ་ནི། རྡོ་རྗེ་ལས་རིམ་གྱིས་སྟོན་པའི་དོན། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་དང་། བཅུ་པ་ཞུགས་པའི་ཕན་ཡོན་གཉིས་ཏེ། དང་པོ་སློབ་དཔོན་རང་ཉིད་འཇུག་པ་ནི་རྟོགས་པ་མཆོག་དང་ལྡན་པ་ཞིག་ཡིན་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་འཇུག་པའི་གོ་ཆོད་དེ། ཡེ་ཤེས་པའི་དཀྱིལ་འཁོར་གྱི་འབྲས་ཆོས་ལྔ་དང་། དམ་ཚིག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དབྱེར་མེད་དུ་རྟོགས་པ་བསྐྱེད་པས་འཇུག་པའི་དོན་ཚང་བའི་ཕྱིར། འདི་ལ་སོ་སོ་མ་ཡིན་པར་རིག་པ་འདུན་པའི་ཕྱག་དང་། རང་སྣང་གི་དཀྱིལ་འཁོར་ལ་འཇུག་པའི་ཚུལ་ཞེས་ཀྱང་བྱའོ། །དེ་ལྟ་མ་ཡིན་པའི་སོ་སོ་སྐྱེ་བོའི་སློབ་དཔོན་ཕལ་པ་རྣམས་ནི། དེ་ཙམ་གྱིས་འཇུག་པའི་གོ་མི་ཆོད་ཅིང་སློབ་མ་ལའང་ཕན་ཐོགས་དཀའ་བས་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་དུ་རང་གིས་བདག་འཇུག་བླང་བར་བྱ་སྟེ། རིམ་པ་གསལ་བ་ལས། སློབ་མ་འཇུག་པའི་ཚུལ་གྱིས་ནི། །དང་པོ་སློབ་དཔོན་འཇུག་པར་བྱ། །ཞེས་སོ། །དེ་ཡང་རང་གི་རིག་པའི་ངོ་བོ་བླ་མ་དང་ཐ་མི་དད་པའི་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པ་ལ་རྣམ་སྨིན་བག་ཆགས་ཀྱི་རྟེན་གློ་བུར་བའི་ཀུན་རྟོག་ཆ་དང་བཅས་པ་སློབ་བུའི་རྣམ་པར་བྱེད་པའམ། རྒྱུ་དབང་ཐོབ་པའི་བླ་མས་ལས་ཀྱི་སློབ་དཔོན་མཛད་པར་མོས་ཀྱང་རུང་སྟེ། པདྨའི་ཞབས་ཀྱིས། རང་ཉིད་དབང་ལེན་བླ་མ་ཡིས། །ལས་ཀྱི་སློབ་དཔོན་བྱེད་པར་བསམ། །ཞེས་སོ། །གཉིས་པ་སློབ་མ་འཇུག་པར་གནང་བ་ནོད་པ་ནི། སློབ་དཔོན་གྱིས་ཐལ་མོ་སྦྱར་ལ། རྡོ་རྗེ་ཡེ་ཤེས་སོགས་དང་། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཅེས་པ་ལ་སོགས་པ་ལན་གསུམ་བརྗོད་པས་གནང་བ་བྱིན་པར་བསམ་པའོ། །གསུམ་པ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ནི། རྡོ་རྗེ་ལས་རིམ་ལས། ཁྲུས་༡དགབ་༢དྲི་དང་༣ལུས་དབུལ་༤དང་། བགེགས་བསྐྲད་༥ལྷར་རློབ་༦དམ་ཚིག་སྦྱིན༧། །དེ་ཉིད་དབབ་༨དང་ཆུ་ནན་༩དང་། །བསྒྲག་༡༠དང་རིན་ཆེན་དོར་བ་༡༡དང་། །ལྷ་དབབ་༡༢པ་དང་ནན་ཏན་༡༣དང་། །མིག་༡༤དབྱེ་དཀྱིལ་འཁོར་ལེགས་བསྟན་༡༥དང་། ཞེས་པའི་གོ་རིམ་ལྟར་དང་པོ་སློབ་མ་རྣམས་ཕྱི་རོལ་དུ་ལས་ཐམས་ཅད་པའི་ཆུས་ཁྲུས་བྱ་བ་དང་། གཉིས་པ་གདོང་བཅིངས་ཏེ་སྙིམ་པ་མེ་ཏོག་གིས་བཀང་ལ་གསོལ་བ་གདབ། གསུམ་པ་འདོད་དོན་དྲི་ལན་བྱས་ནས་སློབ་དཔོན་གྱི་དྲུང་དུ་དྲང་། བཞི་པ་དུས་གསུམ་གྱི་རྒྱལ་བ་ལ་ལུས་དབུལ། ལྔ་པ་སློབ་བུའི་ཚེ་བསྲུང་ལ་བགེགས་བསྐྲད། དྲུག་པ་སྒྲིབ་པ་ཕྲལ་ནས་ལྷར་བསྐྱེད་དེ་གོ་བགོ་ལུས་བསྲུང་བྱ། །བདུན་པ་རྡོ་རྗེ་གསུམ་གྱི་དམ་ཚིག་སྦྱིན། བརྒྱད་པ་དམ་ཚིག་དེ་ཉིད་ཚིག་གིས་དབབ། དགུ་པ་ཁེ་ཉེན་གྱི་སྒོ་ནས་ཆུ་ནན་བྱ། །བཅུ་པ་སྐྲག་པ་དང་དོགས་པ་མེད་པའི་བརྟུལ་ཞུགས་ཀྱིས་རྨད་དུ་བྱུང་བའི་དམ་ཚིག་གཞུང་བཞིན་སྤྱོད་ཅིག་བར་བསྒྲག །བཅུ་གཅིག་པ་ལྷ་དང་ལས་འབྲེལ་བརྟག་པའི་ཕྱིར་མེ་ཏོག་དོར། བཅུ་གཉིས་པ་མེ་ཏོག་དེ་སྤྱི་བོར་བཅིངས་ལ་འོག་མིན་ནས་ཡི་དམ་གྱི་ལྷ་བཀུག་པ་སྔར་ཆུ་ནན་གྱི་ལྷ་དང་གཉིས་མེད་དུ་བསྟིམ་པ་ནི་ཕྱིའི་ལྷ་དབབ་པ་སྟེ་ཕེབས་རྟགས་བྱུང་བ་དང་བརྟན་པར་བྱ། ནང་གི་ལྷ་དབབ་པ་ནི། གསང་མཚན་གདགས་ཤིང་ལྷའི་སྒོམ་ཐབས་སྟོན་པའོ། །བཅུ་གསུམ་པ་ལྷ་དེ་བསྒོམ་པ་ལ་ནན་ཏན་བྱེད་པར་གདམས་པ། བཅུ་བཞི་པ་མིག་ཐུར་གྱིས་གདོང་གཡོགས་ཕྱེ་ནས་མིག་དབྱེ་བ། བཅོ་ལྔ་པ་དཀྱིལ་འཁོར་གྱི་དོན་རྟགས་བཤད་ཅིང་ལྷ་ངོ་བསྟན་པ་རྣམས་ཏེ་མེ་ཏོག་དོར་བ་ཡན་ཆད་ཕྱི་འཇུག་དང་། མེ་ཏོག་སྤྱི་བོར་བཅིངས་ནས་ལྷ་དབབ་པ་མན་ཆད་ནང་འཇུག་གོ། །དེ་ཡན་ཆད་ཀྱིས་འཇུག་པའི་ཆོས་སོ། །དེ་ལྟར་ཞུགས་པའི་ཕན་ཡོན་ནི། གནས་སྐབས་སྒྲིབ་པ་འདག་ཅིང་དངོས་གྲུབ་ལ་ཉེ་བ་དང་། མཐར་ཐུག་མཐར་ལམ་པ་འོག་མིན་དུ་ཞུགས་པ་དང་སྐལ་བ་མཉམ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོ་སྔོན་དུ་མཐོང་བ་ཡིས། །བསོད་ནམས་བརྟན་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་སོ། །བཞི་པ་ཞུགས་པ་ལ་དབང་བསྐུར་བ་ནི་འཆད་པར་འགྱུར་རོ། །དེ་ལྟ་བུའི་ཆོ་གའི་ཡན་ལག་བཅུ་དྲུག་པོའི་གང་རུང་མ་ཚང་ན། སོ་སོ་སྐྱེ་བོའི་སློབ་དཔོན་ལ་ནི། ཆོ་གའི་ཡན་ལག་ཕྲ་མོ་ཉམས་པས་ཀྱང་དངོས་གྲུབ་དང་བྱིན་རླབས་ཀྱི་གནས་ལ་བསྒྲིབ་པར་འགྱུར་བས། སློབ་མའི་རྒྱུད་སྨིན་པར་ནུས་པ་མ་ཡིན་པའི་ཕྱིར་རྟོགས་པ་མཆོག་དང་ལྡན་པ་ཞིག་ཡིན་ཡང་སློབ་མའི་དབང་པོ་དམན་མཆོག་དང་བསྟུན་དགོས་པར་གསུངས་ན། སོ་སྐྱེ་རྣམས་ཀྱིས་ནི་གཞན་ལ་དབང་བསྐུར་བྱེད་པ་ལ། རང་གིས་བསྙེན་པ་ཚད་དང་ལྡན་པར་གཏོང་བ་དང་། དཀྱིལ་འཁོར་བཞེངས་སྒྲུབ་སོགས་ཅི་མི་སྙམ་དུ་མི་བྱེད་པར་བསྐྱེད་རྫོགས་ཀྱི་གདེང་མེད་ཀྱང་དེ་དག་ནི་སླ་ཆོས་སུ་མ་སོང་བར་ཞིབ་ཆ་བྱེད་དགོས་ཤིང་། དཀྱིལ་འཁོར་ཡང་རས་བྲིས་ཙམ་ཞིག་ནི་མེད་དུ་མི་རུང་ངོ་སྙམ་མོ། །གཉིས་པ་དབང་ནི་དངོས་གཞི་བཤད་པ་ལ་གཉིས་ཏེ། དབང་སྤྱིའི་རྣམ་བཞག་མདོར་བསྟན་པ་དང་། དབང་བཞིའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་དབང་སྤྱིའི་རྣམ་བཞག་མདོར་བསྟན་པ་ལ་གསུམ་སྟེ། རྒྱུད་སྡེ་བཞིའི་དབང་གི་དབྱེ་བ་བཤད་པ། དབང་ཐོབ་པའི་རྒྱུ་རྐྱེན་བཤད་པ། དབང་གི་གྲངས་ངེས་བཤད་པའོ། །དང་པོ་རྒྱུད་སྡེ་བཞིའི་དབྱེ་བ་བཤད་པ་ནི། གོང་དུ་ཇི་སྐད་བཤད་པ་བཞིན་རྒྱུད་སྡེ་བཞི་པོ་གདུལ་བྱ་རྣམས་ཀྱི་བློ་ཡི་རིམ་པ་ལ་དགོངས་ཏེ་བསྟན་པ་ཡིན་པས་སོ་སོར་འཇུག་སྒོ་དབང་གིས་སྨིན་པར་བྱ་བའི་ཚུལ་ཡང་ཐ་དད་པའི་རིགས་ཀྱི་དབྱེ་བ་མང་དུ་མཆིས་ལ། མདོར་བསྡུ་ན། བྱ་བའི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་ཞུགས་ནས། གཟུངས་དང་དབང་སྔགས་བཟླ་བཞིན་པར་དབང་བུམ་གྱི་ཆུའི་དབང་དང་། རིགས་གང་ཡིན་གྱི་དམ་ཚིག་གི་ཕྱག་རྒྱས་ཅོད་པན་གྱི་དབང་གཉིས་ཀྱིས་དབང་གི་དངོས་གཞི་གྲུབ་ལ། མཐའ་རྟེན་བཟླས་ལུང་། བྱབ་བཀྲུ་བསྲུང་གསུམ། བཀྲ་ཤིས་རྫས་བརྒྱད་སྦྱིན་པ་རྣམས་ཀྱང་བྱེད་དོ། །སྤྱོད་པའི་རྒྱུད་ལ་གཉིས་པོ་དེ་ཡི་སྟེང་དུ་རྡོ་རྗེ་མིང་གི་དབང་བསྣན་པ་དངོས་བསྟན་ཡིན་པར་ཡང་གསུངས་ལ། ཡང་རྡོ་རྗེ་དང་། དྲིལ་བུ་དང་། མིང་དབང་རྣམས་དང་། མེ་ལོང་། ཐུར་མ། ཆོས་འཆད་ཀྱི་རྗེས་གནང་སོགས་ཀྱི་དབང་འཁོར་བཅས་བསྐུར་བར་བཤད་པ་སྟེ་རྗེས་གནང་སོགས་ཀྱི་མང་ཉུང་རྒྱུད་དང་སློབ་དཔོན་སོ་སོའི་གཞུང་གི་ཁྱད་པར་ཡོད་དོ། །རྣལ་འབྱོར་གྱི་རྒྱུད་ལ་རིགས་རྐྱང་དང་། རིགས་བསྡུས་ཆེ་ཆུང་གང་ཡིན་ཀྱང་། དཀྱིལ་འཁོར་དུ་ཞུགས་ལ་དམ་ཚིག་དང་སྡོམ་པ་བཟུང་། ཡེ་ཤེས་པ་ཕབ། མེ་ཏོག་དོར་བས་ལྷག་པའི་ལྷ་ངེས་པར་བྱས་ནས། སློབ་མའི་དབང་གཙོ་བོར་གྱུར་པ་རིག་པའི་དབང་ལྔ་བསྐུར་བར་བྱ་སྟེ། དེ་ཡང་གང་བུམ་གྱི་ཁྲུས་སྔོན་དུ་འགྲོ་བས། ལྷག་ལྷའི་བུམ་པ་དང་། རྣམ་རྒྱལ་སོགས་ལྷ་བུམ་གྱི་ཆུའི་དབང་དང་། རིགས་གང་ཡིན་གྱི་ཅོད་པན་དང་། རིགས་ཀྱི་རྡོ་རྗེ་དང་། དེ་རྣམས་ཀྱིིས་མཚན་པའི་དྲིལ་བུ་དང་། ལྷག་པའི་ལྷ་དང་མཐུན་པའི་མིང་དབང་རྣམས་དང་། དེ་ནས་སློབ་དཔོན་གྱི་དབང་། ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་གཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ། ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པ། བཀའ་ཡི་དབང་ཞེས་ཡོ་ག་རང་གི་ཐུན་མོང་མ་ཡིན་པའི་ཆོས་འཆད་རྗེས་གནང་དང་། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་སློབ་དཔོན་གྱི་དབང་དྲུག་དང་བཅས་བཅུ་གཅིག་པོ་མཐའ་རྟེན་དང་བཅས་པ་རྫོགས་པར་བསྐུར་བར་བྱེད་པའོ། །དེ་ལྟར་ཡང་ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་སོ། །རྣལ་འབྱོར་བླ་ན་མེད་པའི་དབང་ནི། གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །ཞེས་པ་ལྟར་རིག་པའི་དབང་ལྔ་དང་། དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་སློབ་མའི་དབང་དྲུག་གི་སྟེང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་བུམ་དབང་དངོས་གཞི་ལ་བདུན། དེའི་ཡན་ལག་རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་བཅུ་གཅིག་དང་། གསང་བའི་དབང་དང་། སྦྱོར་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དོན་དམ་ཚིག་གི་དབང་བཞི་པོ་ནང་གསེས་ཀྱི་དབྱེ་བས་བཅུ་བཞི་སྟེ། བཤད་རྒྱུད་རྡོར་ཕྲེང་ལས། དང་པོའི་དབང་ནི་གཙོ་བོར་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་སོ། །དེ་ལྟར་ན་རྣལ་འབྱོར་རྒྱུད་ཀྱི་དབང་རྣམས་སྤྱི་ཙམ་དུ་བླ་མེད་ཀྱི་བུམ་དབང་གི་ཕྱོགས་དང་མཐུན་ཀྱང་བླ་མེད་ལ་ཐུན་མིན་གྱི་ཆོས་དུ་མ་ཡོད་པས་ཁྱད་པར་འཕགས་སོ། །དེ་ལྟར་ཕྱི་ནང་གི་རྒྱུད་ཀྱི་ཐུན་མོང་བ་བུམ་དབང་གི་སྟེང་དུ་བླ་མེད་རང་གི་ཐུན་མོང་མ་ཡིན་པ་མཆོག་དབང་གོང་མ་གསུམ་བསྣོན་མའི་ཚུལ་དུ་བྱས་པ་ནི། ཡེ་ཤེས་ཐིག་ལེའི་རྒྱུད་སྔར་དྲངས་པའི་འཕྲོར། རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དེ་ལ་སྤྱིར་རྒྱུད་སྡེ་དང་སྒྲུབ་སྡེ་སོ་སོའི་དབང་གི་གྲངས་ནི་མ་ངེས་པ་སྣ་ཚོགས་པ་སྟེ། དུས་འཁོར་ལས། བྱིས་པ་འཇུག་པ འི་དབང་བདུན་དང་། གོང་མ་ལ་འཇིག་རྟེན་པ་གསུམ་དང་། འཇིག་རྟེན་ལས་འདས་པའི་བཞི་པ་སྟེ་བཅུ་གཅིག་ཏུ་གསུངས་པ་སོགས་དང་། སྔ་འགྱུར་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ལ། རྒྱུད་ལུགས་མན་ངག་སྒྲུབ་སྡེ་བཞི་ལས། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། ཕྱི་ཕན་པའི་དབང་བཅུ། སྙིང་པོ་ལྔ་དང་དབུ་རྒྱན་དང་། །བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་པ་རྣམས་སོ། །མཆན། ནང་ནུས་པའི་དབང་ལྔ། རང་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་དབང་དང་སྒོམ་དབང་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་དབང་དང་ཕྲིན་དབང་གཉིས། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྟེ་ལྔའོ། །མཆན། གསང་བ་ཟབ་མོའི་དབང་གསུམ་སྟེ་གསང་ཤེར་བདེ་བ་ཆེན་པོའི་དབང་སྟེ་གསུམ་མོ། །མཆན། དབང་ཆོག་བཅོ་བརྒྱད་དང་། ལུང་ཨ་ནུ་ཡོ་ག་ལ་ཀུན་འདུས་རིག་པའི་མདོར། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། བཀའ་རྟགས་རིགས་ལྔའི་སྐུ། རྟགས་ཀྱི་མཚན་མ་རྡོ་རྗེ་སོགས། རིག་ཙཀ་གམ་དྲིལ་བུ། བུམ་པ། རྫས་བརྒྱད། སྣ་བདུན། རིན་ཆེན་པདྨ་སེང་གེའི་ཁྲི་སོགས། ཅོད་པན་སོགས་རྒྱན་བརྒྱད། མིང་དབང་། འཁོར་ལོའོ། །མཆན། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག །ཉན་པ་དང་སློབ་མའི་དབང་རྫས་གླེགས་བམ། ཕྲིན་དབང་སྣ་ཚོགས་རྡོ་རྗེ། འཆད་དབང་འཁོར་ལོ། རྡོ་རྗེ་རྒྱལ་པོའི་དབང་རྡོ་རྗེ་རྩེ་དགུ། གདན་ཁྲི། ཐུན་མིན་གྱི་རིན་ཆེན་བདུན། ཕྱག་རྒྱའི་དབང་ལྷ་ཙཀ་ཡོངས་རྫོགས། ཐོད་རྒྱན། སྐུ་གསུང་ཐུགས་ཀྱི་ལྷ་ཙཀ །བདུད་འདུལ་རྫས་རྟགས་བརྒྱད། མིང་དབང་ངོ་། །མཆན། སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། ཤེས་རབ་རིག་པའི་དབང་སྒྲོན་མེ། སྙིང་རྗེ་རྟགས་ཀྱི་དབང་ཉི་ཟླ། ཧཱུྃ་ལས་བྱུང་བའི་ཐོང་གཤོལ། དུག་གསུམ་དཀྲུགས་པའི་དུང་དམར། སྲིད་གསུམ་སྒྲོལ་བའི་མཚོན་ཆ། སྐྱོན་གྱིས་མ་གོས་པདྨ། ལས་བཞི་རྫོགས་པའི་བམ་དབྱུག །གཉིས་མེད་འཁྲིལ་བའི་སྦྲུལ་ཆུན། གསང་བ་སྦྱོར་བའི་རིག་མ། འདོད་ཡོན་ལོངས་སྤྱོད་འདོད་ཡོན། སྒྲུབ་དབང་ཞི་ཁྲོའི་གཙོ་ཙཀ །སྒྲུབ་རྫས་ཕྱི་ནང་གསང་གསུམ། རྟགས་ཀྱི་མིང་དབང་ངོ་། །མཆན། གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ། བདུད་རྩིའམ་གསང་དཀྱིལ་མཚོན་བྱེད་ཆོས་འབྱུང་། རིག་པ་རྩལ་གྱི་དབང་ངོ་། །མཆན། སུམ་ཅུ་རྩ་དྲུག་གི་དབྱེ་བ་སོགས་དང་། ཐེག་པའི་རྩེ་མོ་མན་ངག་ཨ་ཏི་ཡོ་གའི་དབང་གི་རིམ་པ་ནི། གསུམ་པའི་དཔེའི་ཡེ་ཤེས་ལ་ལྟོས་མི་དགོས་པར་ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་རུང་བའི་སྐལ་ལྡན་ལ་རིག་པའི་རྩལ་དབང་བསྐུར་བ་སྟེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་མན་ངག་སྡེའི་ལུགས་ལྟར་ན་དབང་བཞི་པ་ལ་བྱེ་བྲག་ཏུ་དབྱེ་བ་བྱས་པ། སྤྲོས་བཅས་བུམ་པའི་དབང་དང་། སྤྲོས་མེད་གསང་བའི་དབང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་། རབ་ཏུ་སྤྲོས་མེད་ཚིག་གི་དབང་སྟེ་བཞི་པོ་ལ་དག་བྱ་དག་བྱེད་སོགས་ཀྱིས་དབྱེ་བས་ཤིན་ཏུ་མང་པོ་ཡོད་ཅིང་། མདོར་བསྡུ་ན་ལུས་ངག་ཡིད་གསུམ་དང་ཤེས་བྱ་ལ་རྨོངས་པའི་དྲི་མ་སྦྱོང་། སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འཇུག །ཐུན་མོང་མ་ཡིན་པ་ཨ་ཏིའི་ལམ་གྱི་བསྐྱེད་རིམ་དང་། གཏུམ་མོ་དང་། བདེ་སྟོང་ཟུང་འཇུག་བསྒོམ་ཞིང་ཀ་དག་གི་ཡེ་ཤེས་རྟོགས་པ་དང་། མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་བཞི་ལ་དབང་། སློབ་པའི་ལམ་བཞི་རྫོགས་པའི་རྟེན་བྱེད་ཅིང་། མཐར་འབྲས་མགོན་པོ་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཡེ་ཤེས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ་འདིའི་དབང་བཞི་པོའི་གྲངས་བླ་མེད་ཐུན་མོང་གི་དབང་དང་འདྲ་ཡང་དོན་མི་འདྲ་བ་ཤེས་དགོས་སོ། །ཡང་སྒྲུབ་སྡེ་ལ་མཚོན་ན། སྤྱི་བཀའ་བདེ་འདུས་ལྟར་ན། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་འཁྱེར་བའི་ཕྱིར་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་ཕྱི་དབང་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་འཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་འ ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་སྟེ་བཞི་དང་། སྒྲུབ་སྡེའི་དགོས་བཀའ་ཡང་ཕུར་སོགས་ལ་ཐུན་མོང་བ་བླ་མེད་སྤྱི་བཀའ་ལྟར་དབང་བཞི་བསྐུར་བ་དང་། ཟབ་ཁྱད་སྒྲུབ་དབང་གི་ལུགས་སུ་བསྐུར་བ་སོགས་སྤྱིར་ན་བླ་མེད་ཀྱི་རྒྱུད་སྡེ་དང་སྒྲུབ་སྡེ་སོ་སོའི་དག་བྱ་དང་དག་བྱེད་སྦྱོར་ཚུལ་སོགས་ཀྱི་དབང་གི་དབྱེ་བསྡུ་མཐའ་ཡས་པ་ཞིག་ཡོད་པ་ཡིན་ཀྱང་། དེ་དག་གི་ཚུལ་ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ལས་བྱུང་བའི་དབང་དང་། ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་པའི་དབང་དང་། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང་། རང་གི་སེམས་ཉིད་ཀྱི་རྩལ་ལས་ཐོབ་པའི་དབང་དང་བཞིའོ་ཞེས་པ་ལྟར། དང་པོ་ནི་དབང་གི་ཆོ་ག་སྒྲ་ཇི་བཞིན་པར་ལྟོས་པ་དག་དང་། གཉིས་པ་ནི་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་བབས་པ་ལྟ་བུ་དང་། གསུམ་པ་ནི་སློབ་དཔོན་ཀླུ་སྒྲུབ་དང་། འགྲོ་བཟང་གིས་ཨོ་རྒྱན་དྷརྨ་གཉྫོ་ནས་བརྟག་གཉིས་དང་། མ་ཧཱ་མཱ་ཡཱ་གཉིས་མ་བྱིན་བླང་བས་བདག་གིར་བྱས་པ་ན་མཁའ་འགྲོ་མས་བསྙགས་ཏེ་རྗེས་ལ་ཟིན་པའི་ཚེ་ཆོས་དེའི་བདག་པོ་གྱིས་ལ་ཤོད་ཅེས་རྗེས་སུ་གདམས་པ་ལྟ་བུ་དང་། བཞི་པ་ནི་ཆོས་ཉིད་ཀྱི་ལྟ་བས་ཐོབ་པ་རིག་པའི་རྩལ་དབང་སྟེ་དེ་ལ་བརྟེན་ནས་བསྐུར་བྱའི་སློབ་མས་དངོས་གྲུབ་ཐོབ་པ་ནི་དབང་གི་འབྲས་བུ་ཡིན་པས་ཐ་སྙད་ཕྱོགས་གཅིག་པ་ལ་ཞེན་ནས། དབང་གི་གྲངས་དང་། བསྐུར་ཚུལ་དང་། ཐོབ་ཚུལ་ཐ་དད་པ་དག་ལ་མི་འཐད་པར་མི་སེམས་ཏེ་ཀུན་ལ་དག་སྣང་བྱེད་པ་གལ་ཆེའོ། །དེས་ན་བླ་མེད་ཀྱི་དབང་གི་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་གང་ལས་དབྱེ་བ་དང་གང་དུ་བསྡུ་བའི་གཞིར་གྱུར་པའི་གྲངས་ངེས་པའི་ས་ཟིན་གྱི་འཇོག་མཚམས་ནི་འཆད་འགྱུར་ལྟར་དག་བྱ་དག་བྱེད་དག་འབྲས་སོགས་ཀྱི་དབང་གིས་བུམ་གསང་ཤེས་རབ་ཚིག་དབང་སྟེ་རྣམ་པ་བཞི་པོར་འདུ་ཞིང་དེར་ངེས་པ་ཡིན་ནོ། །གཉིས་པ་དབང་ཐོབ་པའི་རྒྱུ་རྐྱེན་བཤད་པ་ནི། དེ་ལ་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་དབང་དུ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་འཆར་གཞི་བདེ་གཤེགས་སྙིང་པོའི་རང་བཞིན་གཉུག་མའི་སྒོ་གསུམ་ཡེ་ཤེས་དང་བཞི་བུམ་དབང་ལ་སོགས་པའི་དབང་གི་ངོ་བོར་ཡེ་ནས་གནས་པ་ནི་གཞིའི་དབང་བཞི་དང་། དེ་ཉིད་དབང་བཞི་བསྐུར་བའི་ཐབས་ལ་བརྟེན་ནས་སྨིན་པའི་ནུས་རུང་དུ་བྱེད་པ་དང་། ལམ་དབང་གིས་བོགས་འདོན་པར་བྱེད་པ་ནི་ལམ་གྱི་དབང་བཞི་དང་། འབྲས་བུ་སྐུ་བཞིའི་ངོ་བོར་མཐར་ཕྱིན་པ་འབྲས་བུའི་དབང་བཞི་སྟེ། དེ་དག་ཀྱང་གནས་སྐབས་གསུམ་དུ་བཞག་པ་ཙམ་ལས་རང་བཞིན་ཆོས་ཉིད་གཅིག་གི་ངོ་བོར་དབྱེར་མེད་པ་རུ་སེམས་ཅན་ཐམས་ཅད་ལ་གདོད་མ་ནས་གྲུབ་པ་ཡིན་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །འོ་ན་དབང་གི་སྣོད་དུ་མི་རུང་བའི་སེམས་ཅན་གང་ཡང་མེད་པར་འགྱུར་རོ་ཞེ་ན། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ཡིན་པས་མཐར་ཐུག་འཚང་རྒྱ་བར་མི་འགྱུར་བའི་སེམས་ཅན་དེ་ནི་འགའ་ཡང་མེད་ཅིང་གསང་སྔགས་ལ་མ་བརྟེན་པར་ཡང་སངས་མི་རྒྱ་བས་མཐར་ཐུག་ནི་ཐམས་ཅད་སྔགས་ཀྱི་སྣོད་རུང་ཡིན་པར་ལུང་རིགས་གཉིས་ཀས་གྲུབ་པ་ཡིན་མོད། འོན་ཀྱང་གནས་སྐབས་དབང་གི་རྟེན་དུ་རུང་བའི་བུམ་དབང་གི་རྟེན་རྩ་དང་། གསང་དབང་གི་རྟེན་རླུང་དང་། ཤེར་དབང་གི་རྟེན་ཁམས་ལྔ་རྫས་ཀྱི་ཐིག་ལེའི་རང་བཞིན་ཁམས་དཀར་དམར་དང་། དབང་བཞི་པའི་རྟེན་འཁྲུལ་པ་མ་རིག་པའི་ཐིག་ལེའི་ངོ་བོ་སེམས་རྟོག་རགས་པ་སྟེ་རྟེན་དེ་རྣམས་མངོན་གྱུར་དུ་ཡོད་པའི་ཁམས་དྲུག་ལྡན་ཁོ་ན་ཡིན་ཏེ། གཞན་ཡིད་ཀྱི་ལུས་ཅན་གཟུགས་མེད་དང་། འདོད་སྲེད་རགས་པ་བཅོམ་པའི་གཟུགས་ཁམས་པ་དང་། ཁམས་གཅིག་ནས་ལྔའི་བར་ལས་དྲུག་ཀ་མི་ལྡན་པའི་འགྲོ་བ་ཡོད་པར་བཤད་པ་རྣམས་ནི་རྟེན་མ་ཡིན་ཏེ། བརྟག་གཉིས་ལས། གཟུགས་མེད་པ་ཡི་རྟེན་རྣམས་ལ། །དབང་རྣམས་བསྐུར་བའི་བརྟེན་མེད་དེ། །རྩ་རླུང་རྟོག་པ་མི་དམིགས་པས། །ཡེ་ཤེས་དབང་བསྐུར་ག་ལ་ནུས། །གཟུགས་ཁམས་རྩ་དང་རླུང་ཡོད་ཀྱང་། ཁམས་ཀྱི་ཟས་དང་བྲལ་བས་མིན། །དེས་ན་འདོད་ཁམས་གནས་རིགས་ནི། །དབང་རྣམས་བསྐུར་བའི་རྟེན་ཡིན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཁོང་ཁྲོ་ཕྲག་དོག་གིས། །གདུང་ནས་འདོད་པའི་འདོད་ཁམས་འདི། །དབང་གི་སྣོད་དུ་རུང་བ་ཡིན། །ཞེས་སོ། །གཞན་ཡང་ལྷ་མིན་ལྷ་སྒྲ་མི་སྙན་གསུམ་དང་། ངན་སོང་གི་འགྲོ་བ་ནི་འབྲས་བུ་ལ་སྤྱོད་པས་རྒྱུད་དམན་པ་ཡིན་ལ། གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་ནི་ཁྱད་པར་བ་དང་། དེ་ལས་ཀྱང་འཛམ་བུའི་གླིང་པ་ནི་ལས་ཀྱི་ས་པར་གྲགས་པས་མཆོག་ཏུ་གསུངས་སོ། །དེ་ལྟ་ནའང་དམ་པའི་རིགས་ཅན་བཞི་ལ་སོགས་པ་དང་། ཉན་རང་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་འགའ་ཞིག་ཡིད་ལུས་ཀྱི་སྔགས་ལམ་ལ་འཇུག་པ་ཡོད་པ་ནི་བསམ་པའི་རྟེན་ཁྱད་པར་ཅན་ཡིན་པས་མ་ངེས་སོ། །དེས་ན་རྟེན་ཁམས་དྲུག་དང་། །བརྟེན་པ་བདེ་གཤེགས་སྙིང་པོ་གཉིས་ཀ་རང་ཆས་སུ་ཡོད་པ་ཉིད་དེ་ནི་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། ལམ་རིམ་ལས། གནས་རྟེན་རྩ་དང་ཐིག་ལེ་ལ། །བཅུ་དབང་ལྔ་གསུམ་དབང་རྣམས་ལྡན། །ཞེས་སོ། །དེ་ལྟར་སློབ་མའི་རྒྱུད་མཚུངས་ལྡན་གྱི་རྒྱུ་དང་ལྡན་པ་དེ་སྨིན་པར་འགྱུར་བའི་ལྷན་ཅིག་བྱེད་པའི་རྒྱུ་ནི་རྡོ་རྗེ་སློབ་དཔོན་གྱིས་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་དབང་རྫས་དང་རིག་མ་རྣམས་ཏེ་རྒྱུ་རྣམ་པ་གཉིས་ཡིན་ལ། དེའི་སྟེང་དུ་དད་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་དབང་གི་སྣོད་དུ་རུང་བའི་སློབ་བུ་ནི་རྒྱུ་ཡི་རྐྱེན་ཡིན་ཏེ་མཚན་ཉིད་དང་མི་ལྡན་ན་ས་བོན་རུལ་བ་བཞིན་སྨིན་མི་ནུས་པའི་ཕྱིར་རོ། །ལྟ་བ་རྟོགས་ཤིང་བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་དགོངས་པ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ནི་བདག་པོའི་རྐྱེན་ཡིན་ཏེ། ལྟ་དགོངས་དང་མི་ལྡན་ན་རླན་དང་བྲལ་བའི་རྡོ་ཡིས་ས་བོན་སྐྱེ་བ་ལ་མི་ཕན་པ་བཞིན་བྱིན་རླབས་འཇུག་ཏུ་མེད་པའི་ཕྱིར་རོ། །མན་ངག་ཇི་ལྟ་བ་བཞིན་སློབ་མའི་རྒྱུད་སྨིན་ནུས་པའི་ཆོ་ག་སྟེ་ལྷག་པ་ཏིང་ངེ་འཛིན་གྱི་བྱ་བ་ཐམས་ཅད་མ་ནོར་བར་མཁྱེན་པ་དམིགས་པའི་རྐྱེན་ཡིན་ཏེ། དེ་དང་མི་ལྡན་ན་བྱིས་པའི་རྩེད་མོ་བཞིན་དབང་རྫས་གནས་སུ་གཏུགས་པ་ཙམ་གྱིས་མི་ཐོབ་པའི་ཕྱིར་རོ། །དཀྱིལ་འཁོར་དུ་ཞུགས་ནས་བུམ་དབང་བསྐུར་ཏེ། དེ་ལ་གསང་དབང་བསྐུར་བ་སོགས་སྔ་མ་སྔ་མའི་རྟེན་ཅིང་འབྲེལ་འབྱུང་གིས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་རྣམས་རྒྱུད་ལ་ཐོབ་པ་ནི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། སྔ་མ་མ་ཐོབ་པར་ཕྱི་མ་མི་འབྱུང་སྟེ་རྨང་མ་བཏིང་བ་ལ་གྱང་དང་། གྱང་མེད་པ་ལ་རི་མོ་བཞིན་ནོ། །འོན་ཀྱང་ཚེ་སྔོན་དབང་སྔ་མས་རྒྱུད་སྨིན་ནས་ད་ལྟ་གོང་མ་ལ་མོས་ཤིང་ཐོབ་པར་འགྱུར་བ་དང་། དབང་རྣོན་ཅིག་ཆར་བའི་རིགས་ལ་རིག་པ་རྩལ་གྱི་དབང་ཁོ་ན་དང་པོ་ནས་བསྐུར་ཏེ་རྟོགས་པ་རྒྱུད་ལ་སྐྱེ་བ་ཡོད་པ་སོགས་ལ་ནི་མ་ངེས་སོ། །དེ་ལྟ་བུའི་རྒྱུ་གཉིས་དང་རྐྱེན་བཞི་སྟེ་དྲུག་པོ་ཚོགས་པ་ལས་སློབ་བུའི་རྒྱུད་ལ་དངོས་གྲུབ་ཐོབ་རུང་གི་ནུས་པ་སྨིན་ནས་ལམ་དང་འབྲས་བུའི་ཆོས་མཐའ་དག་པའི་ཡོན་ཏན་བསྐྱེད་པའི་དབང་བསྐུར་འགྲུབ་པ་ཡིན་ཏེ། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡན་ལག་བསྙེད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །གཞན་དུ་དེ་དག་ལས་གང་ཡང་རུང་བ་མ་ཚང་ན་སྨིན་པའི་དོན་མི་འགྲུབ་སྟེ། དཔེར་ན་ཡི་གེ་འབྲུ་གཅིག་ཙམ་ཞིག་འབྲི་དགོས་ན་ཡང་དེ་ལ་ཤོག་བུ་སྣག་ཚ་སྨྱུག་གུ་སྐྱེས་བུའ་ིལག་པ་དེས་དེ་འབྲི་ཤེས་པ་སོགས་མང་པོ་ལས་གཅིག་ཙམ་ཞིག་མ་ཚང་ན་ཡིག་འབྲུ་དེ་ཡོད་མི་རུང་བ་བཞིན་ནོ། །གསུམ་པ་དབང་གི་གྲངས་ངེས་བཤད་པ་ནི། དེ་ལ་གཉེན་པོ་མཆོག་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱིས་མ་དག་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་དག་པ་ཡེ་ཤེས་ཆེན་པོའི་ངོ་བོར་དག་པར་བྱེད་པ་ལ་དག་བྱེད་ཀྱི་ཐབས་ཚུལ་དཔག་ཏུ་མེད་པ་ཡོད་ཀྱང་གྲངས་ངེས་པའི་སྒོ་ནས་བསྡུས་ཏེ་རྣམ་པར་བཞག་པ་ནི། སྤྱིར་འགྲོ་བ་རྣམས་རང་རང་གི་ལས་དང་འཁྲུལ་པའི་དབང་གིས་གནས་རིགས་དྲུག་ཏུ་འཁོར་བ་ལས། ཁྱད་པར་མཐོ་རིས་ཀྱི་རྟེན་ཁམས་དྲུག་ལྡན་རྣམས་དང་། བྱེ་བྲག་མིའི་འགྲོ་བ་མངལ་ནས་སྐྱེས་པ་རྣམས་ཐོག་མར་ལྟེ་བའི་རྩ་མདུད་ནས་རིམ་པ་བཞིན་ལུས་ཆགས་ཤིང་། དེ་ལྟར་ལུས་སུ་སྣང་བའི་བག་ཆགས་དེའི་དབང་གིས་ཕྱིའི་ལུས་སྣོད་དང་། བར་གྱི་ལུས་འགྲོ་བ་གཞན་གྱི་ལུས་རྣམས་ཀྱང་སྣང་བ་ཡིན་པས་ལུས་ཀྱི་དག་བྱའི་གཙོ་བོར་གྱུར་པ་ནི་རྩ་ཡིན་ཏེ། དེས་ན་དེ་དག་བྱེད་ཀྱི་གཉེན་པོ་ནི་སྐུ་རྡོ་རྗེ་བུམ་པའི་དབང་བསྐུར་ནས་དེའི་ལམ་ཕྱི་ནང་བར་གསུམ་གྱི་ལུས་སུ་སྣང་བ་ཐམས་ཅད་ལྷའི་རང་བཞིན་དུ་བསྒོམ་པའི་བསྐྱེད་རིམ་རྣམས་ཉམས་སུ་ལེན་པར་བསྟན་ལ། རྩ་ཡི་རྣམ་པ་དག་བྱ་དང་དག་བྱེད་ཀྱི་ཡི་གེ་དུ་མའི་གཟུགས་སུ་གནས་པ་དེ་ལ་གཡོ་བྱེད་ཀྱི་རླུང་བརྟེན་ནས་ད་ལྟ་འཁྲུལ་པའི་གནས་སྐབས་སུ་བྱེད་ལས་སྣ་ཚོགས་སུ་ཤར་ཞིང་འཁོར་བའི་སྒྲ་ཚིག་རང་རྒྱུད་པར་སྣང་བའི་ཕྱིར་ངག་གི་དག་བྱའི་གཙོ་བོར་རླུང་ཡིན་པས། དེ་དག་བྱེད་ཀྱི་གཉེན་པོ་གསུང་རྡོ་རྗེ་གསང་བའི་དབང་བསྐུར་ནས། དེའི་ལམ་ངག་བསྐྱེད་བྱེད་རླུང་གི་བྱེད་བཅིངས་ལ་གཙོ་བོར་བསླབ་པའི་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་ལ། རླུང་དེ་ཡིས་ནི་རྩ་ཁམས་ཐམས་ཅད་ལ་ཁྱབ་པར་བཀོད་པ་བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་དྭངས་མ་ཆེན་པོ་རྣམས་འགྲོ་འོང་ཅན་དུ་ཁྲིད་ཅིང་གནས་པའི་སྒོ་ནས་བརྟེན་པ་དེའི་སེམས་ཀྱི་རྟེན་བྱེད་པས། སེམས་དག་པ་ལ་རྩ་བ་ཁམས་ལ་གནད་དུ་བསྣུན་དགོས་པས། དེ་དག་བྱེད་ཀྱི་གཉེན་པོ་ཐུགས་རྡོ་རྗེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། དེའི་ལམ་སེམས་ཀྱི་རྟེན་ཁམས་ལས་སུ་རུང་བར་བྱེད་པ་གཞན་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་པ་དང་། ཁམས་དེ་ལ་སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་དམ་དོན་དམ་བྱང་ཆུབ་ཀྱི་སེམས་སམ། དྲི་བཅས་ཡེ་ཤེས་ཀྱི་ཁམས་བརྟེན་པའི་ཚུལ་དུ་ཡོད་པས་དེ་མངོན་དུ་འགྱུར་བ་ལ་སེམས་ཀྱི་བག་ཆགས་སྒྲིབ་བྱེད་ཀྱི་རྣམ་པར་ཡོད་པ་ཉིད་དག་དགོས་པས། དེ་དག་བྱེད་ཀྱི་གཉེན་པོ་ཡེ་ཤེས་རྡོ་རྗེ་ཚིག་གི་དབང་བསྐུར་ནས། དེའི་ལམ་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བའི་ཟུང་འཇུག་གི་རྫོགས་རིམ་འོད་གསལ་བའི་ཡེ་ཤེས་བསྒོམ་པར་བསྟན་པས་དབང་བཞི་པོ་ལམ་དང་བཅས་པ་དེ་རྣམས་སུ་གསང་སྔགས་ཀྱི་ཉམས་ལེན་ཐམས་ཅད་འདུ་བ་ཡིན་ནོ། །གཉིས་པ་དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། དབང་བཞིའི་ངོ་བོ་དངོས་བཤད་པ། དབང་གི་སྒྲ་དོན་བཤད་པ། རྒྱུ་ལམ་འབྲས་བུའི་དབང་བསྟན་པ། སྡོམ་པའི་ཐོབ་མཚམས་བཤད་པའོ། །དང་པོ་དབང་བཞིའི་ངོ་བོ་དངོས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ལམ་དུ་བྱེད་པའི་ཐབས་མཁས་ཅན་ཡིན་པས་འདོད་པའི་ཁམས་ཀྱི་གང་ཟག་འཕགས་པའི་སྤྲུལ་པ་ལྟ་བུ་མ་ཡིན་པའི་རང་རྒྱུད་པ་ཀུན་ལ་འདོད་ཆགས་རང་མཚན་པ་སོགས་ཉོན་མོངས་རྣམས་ཡོད་པ་དང་དེས་བསྐྱེད་པའི་ལས་རྣམས་ཀྱིས་སྲིད་པའི་གནས་སུ་འཆིང་བར་བྱེད་ཅིང་། འཆིང་བ་ཐམས་ཅད་ཀྱི་རྩ་བ་ནི་སྲེད་པ་ཡིན་པས་དེ་ལ་ནང་གསེས་ཀྱི་དབྱེ་བ་བལྟས་དགོད་ལག་བཅངས་གཉིས་སྦྱོར་གྱི་འདོད་ཆགས་རྣམ་པ་བཞིར་གནས་པ་སོགས་དག་བྱ་དང་། དག་བྱེད་བུམ་པ་ལ་སོགས་པ་དབང་བཞི་པོ་ལམ་དང་བཅས་པ་ལ་བརྟེན་ནས་གྲངས་ངེས་པ་ཅན་དུ་འཇོག་པ་ཡང་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་ངོ་། །དང་པོ་བུམ་པའི་དབང་བཤད་པ་ནི། དབང་རེ་རེ་ལའང་འདོད་ཆགས་ཀྱི་འཇུག་ཚུལ་བཞི་ལས། གང་གི་གཉེན་པོར་ཆེ་བ། དཀྱིལ་འཁོར་གང་ལ་བརྟེན་པ། དབང་གང་བསྐུར་བ། སྒྲིབ་པ་གང་འདག་པ། ལྟ་བ་གང་རྟོགས་པ། ལམ་གང་བསྒོམ་པ་ལ་དབང་བ། གྲུབ་མཐའ་གང་སྙོགས་པ། འདའ་ཀ་མའི་མན་ངག་གང་ཡིན་པ། འབྲས་བུ་གང་ཐོབ་པ་སྟེ་དགུ་རེར་ཡོད་པ་ལས། དབང་དང་པོ་འདི་ལ་གང་གི་གཉེན་པོར་ཆེ་བ་ནི། ཕོ་མོ་ཕན་ཚུན་གཅིག་གིས་གཅིག་ལ་འདོད་པའི་སེམས་ཀྱིས་བལྟས་པ་ཙམ་གྱིས་ཚིམ་པར་འགྱུར་བའི་འདོད་ཆགས་ནི་ལྷ་གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ་དེའི་གཉེན་པོ་བྱེད་པ་ཡིན་ལ། འཁྱུད་སྦྱོར་གྱི་འདོད་ཆགས་ཅན་ལ་ནི་སྔ་མ་གསུམ་པོ་དེ་ཙམ་གྱིས་ཚིམ་པར་མི་འགྱུར་ཡང་གནས་པ་ཉིད་ཡིན་ཏེ། ཆགས་སེམས་ཀྱིས་བལྟ་བ་དང་། དགོད་པ་དང་། ལག་པ་ལ་སོགས་པས་རེག་པར་བྱེད་པའི་ཕྱིར་རོ། །དཀྱིལ་འཁོར་གང་ལ་བརྟེན་པ་ནི། སྤྱི་རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞིར་གསུངས་ཏེ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའོ། །དང་པོ་ནི་སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས། སློབ་མ་མཐར་ཕྱིན་པའི་ལམ་པ་ལ། ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་དང་། ཡེ་ཤེས་ཀྱི་ལྷ་མོ་ལ་བརྟེན་ནས་དབང་བསྐུར་བར་མཛད་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་དེས། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོ་ལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་བརྟེན་ནས། །ཡེ་ཤེས་ཆེན་པོས་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་གྱུར། །ཞེས་སོ། །གཉིས་པ་ནི་སློབ་དཔོན་མཐར་ཐུག་སངས་རྒྱས་ཀྱི་ས་ལ་ཉེ་བ་དེས། སློབ་མ་མཐོང་སྒོམ་གཉིས་ལ་གནས་པའི་རིག་འཛིན་ལ། ལྷག་པ་ཏིང་ངེ་འཛིན་དང་རིག་པའི་ལྷ་མོ་ལ་བརྟེན་ནས་དབང་བསྐུར་བར་མཛད་དེ། དེ་ཉིད་ལས། དང་པོ་ནས་བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང་འཛིན་ཆུ་བོས་དབང་བསྐུར་བས། །ས་དང་ཡེ་ཤེས་ཞིང་ཁམས་དང་། །རྫུ་འཕྲུལ་མཛད་པའི་རིམ་པ་འཕེལ། །ཞེས་གསུངས་ཏེ། སྔོན་སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་རྡོ་རྗེེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ཏེ། དབས་མཉྫུ་ཤྲཱི་སོགས་ལ་དབང་བསྐུར་བ་དང་། སློབ་དཔོན་ཆེན་པོ་པདྨས་སྟག་ཚང་སེང་ཕུག་ཏུ་མཚོ་རྒྱལ་ལ་ཕུར་པའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་བསྟན་ནས་དབང་བསྐུར་བ་ལྟ་བུའོ། །དཀྱིལ་འཁོར་དེ་ལ་སྤྲུལ་པའི་དཀྱིལ་འཁོར་ཞེས་ཀྱང་གསུངས་ལ། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ཞེས་ཀྱང་གསུངས་ཏེ། རྡོ་རྗེ་ལས་རིམ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲགས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱ་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །ཞེས་སོ། །གསུམ་པ་ནི་སློབ་དཔོན་མཐོང་ལམ་པས་སློབ་མ་ཕྱག་རྒྱ་གཅིག་སྤྲོས་ལས་སུ་རུང་བའི་སྦྱོར་ལམ་པ་ལ། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང་། །རིག་པ་རྩལ་གྱི་གཟུངས་མ་ལ་བརྟེན་ནས་དབང་བསྐུར་ཏེ། རྡོ་རྗེ་ལས། མཐོང་ལམ་རྡོ་རྗེའི་སྐུ་ཐོབ་པས། །ངེས་འབྱེད་རྣལ་འབྱོར་ཉམས་ལྡན་ལ། །རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ། །རིག་པ་རྩལ་གྱི་གཟུངས་བརྟེན་ནས། །ཟག་མེད་རྡོ་རྗེའི་སྐུ་ལ་སྦྱོར། །ཞེས་སོ། །འདི་གསུམ་གྱིས་དཀྱིལ་འཁོར་དེ་རྣམས་ལ་བརྟེན་ནས་དབང་ཐམས་ཅད་བསྐུར་བ་ལས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་མི་དགོས་ཏེ་སློབ་མའི་དབང་གིས་སོ། །བཞི་པ་ནི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་སློབ་དཔོན་གྱིས་སྐལ་བ་དང་ལྡན་པའི་སློབ་མ་ལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ལས་རྒྱ་མཚན་ལྡན་ལ་བརྟེན་ནས་དབང་བསྐུར་བ་སྟེ། དེ་ཉིད་ལས། རིག་པ་བརྟན་ཐོབ་རྣལ་འབྱོར་པས། །ལས་དང་སྐལ་ལྡན་རྣལ་འབྱོར་ལ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །རིག་མ་ཕྱག་རྒྱ་མཛེས་མ་ལ། །དབང་བསྐུར་བྱིན་རློབས་བརྟན་བྱས་ནས། །ཆོ་ག་ཐབས་ཀྱིས་དབང་བསྐུར་ཞིང་། །བརྒྱུད་པ་དབང་གི་མན་ངག་གིས། །སྦྱོར་བ་ཉམས་ལྡན་རྣལ་འབྱོར་ཐོབ། །ཅེས་སོ། །དེ་དག་ལས་སྐབས་འདིར་ནི་སློབ་དཔོན་སྐྱེ་འཕགས་ཅི་ཡིན་ཀྱང་། །སློབ་མ་དཀྱིལ་འཁོར་སྔ་མ་གསུམ་ལ་འཇུག་པའི་ནུས་པ་མེད་པའི་སོ་སྐྱེས་ཀྱི་དབང་དུ་བཏང་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཕྱག་རྒྱ་ལ་བསྟེན་པར་གསུངས་ལ། དེ་ཡང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་རྡུལ་ཚོན་ཁོ་ནའི་ངེས་པ་ཡང་མེད་དེ། ལས་དང་པོ་པ་ཡིན་ཀྱང་དབང་པོའི་ཁྱད་པར་གྱིས་མཆོག་དང་རབ་འབྲིང་ཐ་གསུམ་ལས་མཆོག་ཏུ་གྱུར་པས་ནི། རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་མོས་པ་བརྟན་པས་དེར་ཐོག་མ་ནས་འཇུག་རུང་སྟེ། ལུས་ལ་དཀྱིལ་འཁོར་དུ་འདུ་ཤེས་པའི་མཁས་པ་དེས་ཕྱི་དཀྱིལ་ལ་བརྟེན་དགོས་པའི་རྒྱུ་མཚན་མེད་དེ། སློབ་དཔོན་དྲིལ་བུ་པས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་ཙམ་མིན་ཡང་དབང་པོ་རབ་ཚོམ་བུའི་དཀྱིལ་འཁོར་ཙམ་ལ་བརྟེན་རུང་བར་ཡང་གསུངས་ཏེ། བདེ་འདུས་དབང་གི་རྩ་བ་ལས། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡིས། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་སོ། །འབྲིང་རས་བྲིས་ལ་བརྟེན་པར་ཡང་། །བི་མ་ལའི་ཐིག་གི་པིཎྜཱིརྠར། བརྟན་ཞིང་ངོས་འཇམ་ཁང་བུ་དང་། །རས་སམ་གྲོ་གའམ་ཤིང་ཤུན་ནམ། །ཏ་ལའི་ལོ་མའམ་དུར་ཁྲོད་རས། །ཞིང་ཆེན་རས་ལ་སོགས་པ་ལ། །ཕྱག་རྒྱ་མཉམ་རྫོགས་བྲིས་པ་ནི། །མཚན་མ་འབྱུང་བའི་རྟེན་ཡིན་ནོ། །ཞེས་ཁང་བུའི་ལྡེབས་རིས་དང་། རས་བྲིས་ལ་སོགས་པ་གསུངས་པ་དང་། ཁྱད་པར་ཨ་ཙཱརྱ་རྒྱལ་བའི་སྡེས། །རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་གཟུགས་བརྙན་བཅས་པ་བྲི། །ཞེས་པ་ལ་སོགས་པའོ། །འོན་ཀྱང་དབང་པོ་ཐ་མ་རྣམས་ནི་ངེས་པར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་དགོས་ཏེ། རྒྱུད་སྡེ་དུ་མ་ནས་གསུངས་ཤིང་། སྔོན་ཕྱིས་ཀྱི་མཁས་གྲུབ་མང་པོས་ཕྱག་ལེན་ལ་དེ་ལྟར་མཛད་པའི་ཕྱིར་རོ། །དེས་ན་རྒྱུ་མཚན་ཅི་ཡང་མི་ཤེས་བཞིན། །དབང་པོའི་རྣོ་རྟུལ་སོགས་གང་ལ་ཡང་མི་སེམས་པར་ཐམས་ཅད་སྤྲོས་མེད་སླ་ཆོས་སོགས་ཅི་བབ་བབ་ཏུ་བྱས་པས་ནི་དོན་ཅི་ཡང་མི་འགྲུབ་པར་མ་ཟད་སྔགས་ལ་དབང་ཟོས་པའི་ཉེས་པ་ཡང་ཆེ་བར་སྣང་ངོ་། །དེས་ན་འདིར་དཀྱིལ་འཁོར་གང་ལ་བརྟེན་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དབང་གང་བསྐུར་བ་ནི། འདིའི་དངོས་གཞི་ཀུན་གྱི་རྗེས་སུ་བུམ་ཆུའི་བྱ་བ་འགྲོ་དགོས་པས་བུམ་པའི་དབང་ཞེས་བྱ་ལ་དེ་ཉིད་བསྐུར་བར་བྱེད་པ་སྟེ། དེ་ཡང་སློབ་མ་རྣམས་འཁྲུས་ནས་བྱུང་བ་སོགས་སྔོན་དུ་འགྲོ་བ་རྣམས་དབང་ཆོག་སོ་སོའི་ལུགས་བཞིན་བྱས་ལ་དབང་དོན་དུ་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ལ་དངོས་སུ་བཞག་པའམ། མ་བདེ་ན་མོས་པས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བྱའོ། །དེ་ནས་དབང་བསྐུར་བ་དངོས་ནི་སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ལྷས་བུམ་དབང་བསྐུར་བའི་དགོངས་པ་གཏད་ནས་ཐུགས་ཀ་ལ་སོགས་པ་ནས་རིགས་ལྔ་སོ་སོའི་ངོ་བོ་ཉིད་ཀྱི་དབང་རྫས་རྣམས་བྱུང་བར་མོས་ཤིང་སློབ་མ་ཡང་ལྷག་པའི་ལྷ་གང་ཡིན་དུ་གསལ་ནས་བསྐུར་བའམ། སྤྲོ་ཞིང་ནུས་ན་སློབ་མ་ལ་སྔར་ལྟར་ནང་དབང་བསྐུར་བའི་དམིགས་པས་རྡོ་རྗེའི་ལམ་ནས་བརྒྱུད་རིག་པའི་པདྨར་བཞག་པ་མི་དམིགས་པའི་ངང་ལས་ཆོ་ག་གསུམ་གྱིས་དབང་རྫས་དང་མཐུན་པའི་ལྷར་བསྐྱེད་ནས། དབང་བསྐུར་བའི་དོན་དུ་སློབ་དཔོན་གྱིས་དབང་ལྷ་ལ་གསོལ་བ་གདབ་ཅིང་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེང་གི་ནམ་མཁའ་ལ་གསར་དུ་སྤྱན་དྲངས་པས་དབང་གི་བྱ་བ་བྱེད་པར་མོས་པའི་ཕྱོགས་གཉིས་ཡོད་པས། ཕྱི་མ་ལྟར་ན། གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། །རིག་པའི་ལྷ་མོ་རྣམས་ཀྱིས་ནི་བཞེངས་ནས་བུམ་པ་ཡོ་བར་བཟུང་སྟེ་དབང་བསྐུར། སེམས་དཔའ་སེམས་མ་རྣམས་ཀྱིས་ནི་བཀྲ་ཤིས་པའི་ཚིག་གིས་མེ་ཏོག་གཏོར་ཞིང་ཤིས་པ་བརྗོད། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་ནི་བགེགས་བསྐྲད་དེ་ལྷ་ཚོགས་ཐམས་ཅད་དབང་གི་བྱ་བ་ལ་དགྱེས་པའི་སྒོ་ནས་དབང་བསྐུར་ཏེ་སོ་སོའི་མཇུག་ཏུ་དབང་ལྷ་ཡང་སློབ་མ་ལ་བསྟིམ་པ་ཡིན་ནོ། །དེ་ལྟར་སྤྱན་དྲངས་པའི་དབང་ལྷ་ལ་རྣམ་པ་དང་གྲངས་མ་ངེས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུང་ནས་ནི། །ཞེས་གསུངས་པ་ལ་སོགས་པའི་ཕྱིར་རོ། །འོ་ན་དབང་ལྷ་གསར་དུ་སྤྱན་དྲངས་པ་ལས་དབང་ཐོབ་པ་ལྟར་ན་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་ལས་དབང་ཐོབ་པར་ཅིས་འགྱུར་སྙམ་ན། དེ་དང་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བའི་དགོངས་པ་གཏད་པས་དབང་ནི་དེ་ལས་ཐོབ་པ་ཁོ་ན་སྟེ། དཔེར་ན། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། ཤཱ་རིའི་བུས་དྲིས་ཏེ་སྤྱན་རས་གཟིགས་ཀྱིས་ཤེས་རབ་སྙིང་པོ་བསྟན་པ་ལྟ་བུའོ། །དོན་འདི་ཁོང་དུ་ཆུད་ན་ཆོས་ཐམས་ཅད་རྒྱལ་བའི་དགོངས་རྒྱུད་གཅིག་ཏུ་གནས་པ་ཡིན་ཏེ། སྒྲོན་མ་རྣམ་པར་བཀོད་པ་ལས། དགོངས་པ་བརྡའ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །ཞེས་སོ། །དེ་ཡང་དང་པོ་མི་བསྐྱོད་པ་ཆུའི་དབང་ལ་སོགས་པ་རིག་པའི་དབང་ལྔ་བསྐུར་བར་བྱ་སྟེ། དེ་ལ་ཅིའི་ཕྱིར་རིག་པའི་དབང་ཞེས་བྱ་ཞེ་ན། མ་རིག་པའི་རང་བཞིན་ཕུང་པོ་ལྔ་དང་། དུག་ལྔ་ལ་སོགས་པའི་འཁོར་བའི་ཆོས་ཐམས་ཅད་ཀྱི་ངོ་བོ་རིག་པའི་ཆོས་ཉིད་སངས་རྒྱས་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པ་མྱ་ངན་ལས་འདས་པའི་དབྱིངས་སུ་དག་ཅིང་སད་པར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་སྐུར་ལྔ་ཐོབ་རྒྱུ་ལས་ནི། །མ་རིག་པ་དང་བྲལ་བས་ན། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། ཞེས་སོ། །དམིགས་བསལ། སློབ་མ་མེ་ཏོག་གང་ལ་ཕོག་པའི་ལྷར་བསྐྱེད་ནས་རང་རིགས་ཀྱི་ཆུས་དབང་བསྐུར་བ་ནས་རང་རིགས་ཀྱི་མིང་འདོགས་པ་ལ་སོགས་པ་དང་། སློབ་མ་དེས་ཀྱང་རང་གི་བབས་པའི་ལྷ་གང་ཡིན་པ་དེའི་རིགས་ཀྱི་དམ་ཚིག་གཙོ་བོར་བསྲུང་བ་ལ་སོགས་པའི་ཚུལ་ཡང་ཤེས་པར་བྱའོ། །དེ་ལྟར་དག་བྱ་དང་དག་འབྲས་སུ་གསུངས་པ་དེའང་དྲི་མའི་དངོས་པོ་རང་མཚན་པ་ཞིག་དག་ནས་འབྲས་བུ་གསར་དུ་ཐོབ་པ་ཡང་མིན་ལ། ཕུང་སོགས་འདི་འབྲས་བུ་དེའི་ངོ་བོར་གནས་འགྱུར་བ་ཡང་མ་ཡིན་ཏེ། ཕུང་སོགས་འཁོར་བའི་ཆོས་འདི་ཐམས་ཅད་ཀྱི་སྣང་ཚུལ་མ་དག་པ་ལྟར་སྣང་བ་འདི་ཡོད་མ་མྱོང་བའི་སྣང་བ་གློ་བུར་བ་ཞིག་ཡིན་པས་ན་དྲི་མ་གློ་བུར་བ་དེ་ཐམས་ཅད་དབྱིངས་སུ་སངས་ནས་དག་བྱ་དག་བྱེད་ཀྱི་སེམས་རྟོག་ཐམས་ཅད་ཟད་པ་ན་རང་རིགས་ཀྱི་ཡོན་ཏན་མངོན་དུ་འགྱུར་ལ། ད་ལྟ་ནི་རིགས་སད་རུང་གི་ནུས་པ་ཙམ་བཞག་ནས་ལམ་ལ་བསླབ་པའི་རྟེན་འབྲེལ་གྱིས་རིགས་ཀྱི་ཡོན་ཏན་ཐོབ་པའི་རྐྱེན་དུ་འགྱུར་བ་སྟེ་གནས་སྐབས་ཀུན་རྫོབ་པའི་ཆོས་ཙམ་མོ། །དེ་ལྟར་རིག་པའི་དབང་ལྔའི་སྟེང་དུ་དྲི་བཅས་ཡེ་ཤེས་ཀྱི་ཁམས་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་དུ་སྦྱང་བའི་ཕྱིར་ཐ་མལ་གྱི་སྤྱོད་པ་བརྟུལ་ནས་རྡོ་རྗེ་སེམས་དཔའི་ཚུལ་ལ་འཇུག་པ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ཐུན་མོང་བ་དང་། ཁྱད་པར་སྤྱོད་པའི་བརྟུལ་ཞུགས་ཌཱ་མ་རུ་དང་ཁ་ཊྭཱཾ་ལ་སོགས་པ་ཡོད་པའི་ཕྱོགས་ལ་དེ་ཡང་བསྐུར་བར་བྱ་སྟེ་སློབ་མའི་དབང་དྲུག་གོ། །ཐབས་དེ་ལས་བྱུང་བ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། སློབ་དཔོན་དུ་འོས་པ་གང་ཞིག་ལ་སྔར་ལྷག་གནས་ཀྱི་སྐབས་སུ་སློབ་དཔོན་གྱི་སྡོམ་པ་བྱིན་ན་དེས་འཐུས་ལ། མིན་ན་གནས་སྐབས་འདིར་བྱ་སྟེ་གཞན་དོན་ལ་མཐུ་བསྐྱེད་པའི་ཕྱིར་བུམ་པ་བྱ་བ་གཙོ་བོར་བྱ་ཞིང་། དེའི་རྗེས་འབྲེལ་དུ་ལྷ་དབང་ཡང་བསྐུར་བར་བྱ་བ་དང་། དམ་ཚིག་གསུམ་འཛིན་པ་གཙོ་བོར་བྱ་བ་སྟེ་གཉིས་ལས། ཕྱི་མ་འདི་ལ་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ་དཔེར་ན་མདོ་ལམ་དུ་སྦྱོར་ལམ་ཐོབ་པ་ན་ཕྱིར་མི་ལྡོག་པར་བཤད་པ་བཞིན་ནོ། །དེ་སྐད་དུའང་བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་སོ། །འདི་ནི་རིག་དབང་ལྔ་ལྟ་བུའི་རིགས་ཉི་ཚེ་བ་ཙམ་མ་ཡིན་པར་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་དབང་སྟེགས་ལ་བཞག་ནས་རྣལ་འབྱོར་ཆེན་པོའི་ལྷ་ལུས་ལ་བཀོད་དེ་དམ་ཚིག་གསུམ་བཟུང་ལ། ཡེ་ཤེས་པ་དྲངས་ནས་བསྟིམ་སྟེ་རིགས་བདག་གིས་རྒྱས་བཏབ། མཆོད་པས་ཞལ་བསྲོ། ལྷ་དང་གཞལ་ཡས་ཁང་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན་པ་སོགས་ཏེ་བུམ་དབང་གི་དངོས་བཞི་བདུན་ཡན་ལག་དང་བཅས་པ་བསྐུར་བས་སྒྲིབ་པ་གང་འདག་ན། གཙོ་བོར་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་སྔར་བསགས་པའི་སྒྲིབ་པ་འདག་ཅིང་། བུམ་དབང་གི་དམ་ཚིག་ལས་མི་འདའ་ཞིང་ལུས་ཐ་མལ་དུ་བལྟ་བའི་འཛིན་པ་དོར་ནས་ལྷ་བསྒོམ་པ་ལ་སོགས་པ་བྱས་པས་ཕྱིན་ཆད་ཀྱི་ལས་རྒྱུན་གཅོད། ལས་ཀྱི་སྒྲིབ་པ་དང་། གནས་སྐབས་བཞི་ལས་སད་པའི་གནས་སྐབས་སྣང་བ་རགས་པ་དང་བཅས་པ་དང་། ལུས་ཀྱི་ཐིག་ལེའི་སྒྲིབ་པ་འདག །ཕུང་པོའི་འདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན་སྣང་བ་སྣོད་ཀྱི་འཇིག་རྟེན་དང་། སྲིད་པ་བཅུད་ཀྱི་སེམས་ཅན་ཏེ་རྟེན་གྱི་རང་བཞིན་བརྟན་པ་དང་། བརྟེན་པའི་རང་བཞིན་གཡོ་བར་སྣང་བས་བསྡུས་པའི་ཕུང་པོ་ལྔ་དང་ཁམས་ལྔ་གཤེགས་པ་གཤེགས་མའི་གདན་དང་། ཕྱི་ནང་གི་སྐྱེ་མཆེད་ཀུན་སེམས་དཔའ་དང་སེམས་མའི་གདན། ཡན་ལག་གམ་ལུས་ཀྱི་དབང་ཡུལ་ལ་སོགས་པ་ཁྲོ་བོ་དང་ཁྲོ་མོའི་གདན་ཏེ་གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་ཤེས་ནས་རང་རྒྱུད་དུ་བལྟ་བ་ལས་གྲོལ་ཏེ་རྒྱུད་སྡེ་སོ་སོའི་གཞུང་ནས་བྱུང་བའི་དག་བྱ་དག་འབྲས་ཀྱི་ལྷའི་འཁོར་ལོ་དབྱིབས་ཀྱི་ལམ་བསྒོམས་པས། གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲགས་སྟོང་། སེམས་ཐམས་ཅད་རིག་སྟོང་ཟུང་འཇུག་སྒྱུ་མའི་རྣམ་རོལ་དུ་ཤར་བའི་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །ལྟ་བ་གང་རྟོགས་ན་ངོ་བོ་ཉིད་གསུམ་རྟོགས་ཏེ། དེའང་སྣང་བ་ལྷའི་དཀྱིལ་འཁོར་དུ་གསལ་བ་སྣང་བའི་ངོ་བོ་ཉིད་བསྐྱེད་པའི་རིམ་པ་དང་། དེའི་རང་བཞིན་སྟོང་ཉིད་དུ་ཤེས་པས་མ་ཞེན་པ་སྟོང་པའི་ངོ་བོ་ཉིད་རྫོགས་པའི་རིམ་པ་དང་། དེ་གཉིས་ལ་ཆེད་དུ་རྩོལ་མི་དགོས་པར་ལྷུན་གྱིས་གྲུབ་ཅིང་ཟུང་དུ་འཇུག་པ་ཟུང་འཇུག་གི་ངོ་བོ་ཉིད་དེ་བསྐྱེད་རིམ་རང་གི་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱི་རང་བཞིན་དུ་རྟོགས་པ་སྟེ། དང་པོ་གཉིས་རྒྱུ་དུས་ཀྱི་ལྟ་བ་དུག་ཅན་དང་། ཕྱི་མ་འབྲས་དུས་ཀྱི་ལྟ་བ་དུག་མེད་དོ། །དུག་ཡོད་མེད་ཀྱི་དོན་ནི། སྔ་མ་གཉིས་ཀྱི་དུས་སུ་སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཞེན་པ་ཡོད་ལ། ཕྱི་མ་ལ་དེ་མེད་པའི་དོན་ནོ། །འོན་ཀྱང་རྫོགས་རིམ་གྱི་ལྟ་བ་ལ་ལྟོས་ན་གསུམ་ཀ་དུག་ཅན་ནོ། །བསྐྱེད་རིམ་གྱི་དུས་ནས་རིམ་པ་གསུམ་གྱི་ཟླས་ཕྱེས་པའི་རྫོགས་རིམ་དང་ཟུང་འཇུག་གི་ལྟ་བ་སྐྱེས་ན་ནི་ལམ་ཕྱི་མ་ཆེད་དུ་མ་བསྒོམ་ཡང་བསྐྱེད་རིམ་གྱི་དུས་ཀྱི་ལྟ་བ་དེ་དུག་མེད་དོ། །དེ་ཡང་མི་སློབ་པའི་ཟུང་འཇུག་མངོན་དུ་མ་གྱུར་གྱི་བར་དུ་ཞེན་པའི་དུག་གཏན་ནས་མེད་པ་ནི་མ་ཡིན་ནོ། །ཚུལ་དེས་དབང་གོང་མ་དག་གི་ལྟ་བ་ལ་དུག་ཡོད་མེད་ཀྱང་ཤེས་པར་བྱའོ། །གྲུབ་མཐའ་གང་སྙོགས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དག་པ་དང་སྐྱེ་བ་མེད་པའི་རང་བཞིན་དུ་གཉིས་སུ་མེད་པར་མཉམ་པ་ཉིད་ཆེན་པོའི་ངང་དུ་རྟོགས་པ་ཡིན་ལ། དེ་ཡང་སྐབས་འདི་དག་ཏུ་གྲུབ་མཐའ་སྙོགས་ཞེས་པ་ནི་རང་རང་གི་ལྟ་བ་མངོན་སུམ་དུ་རྟོགས་པ་ཡིན་པས་ས་ཐོབ་པའམ་རིག་འཛིན་གྲུབ་པ་ཡིན་ནོ། །འདའ་ཀ་མའི་མན་ངག་གང་ཡིན་ན་སྣང་བ་བསྒྱུར་བའི་འཕོ་བ་ཞེས་སྔར་གྱི་བསྐྱེད་རིམ་དེ་ཉིད་གསལ་བཏབ་ནས་དེའི་ངང་ལ་འཕོ་བ་དང་། རྣམ་ཤེས་འོད་ཀྱི་ཐིག་ལེར་དམིགས་ནས་འཕོ་བ་འོད་ཀྱི་གོང་བུས་འཕོ་བ་དང་། ཕཊ་དང་ཧི་ཀ་ལ་སོགས་པའི་སྒྲ་ཡིས་འཕོ་བ་སྟེ། འཕོ་བ་དེ་དག་ལ་བརྟེན་ནས་དག་པའི་ཞིང་ངམ། སྔགས་ལ་སྤྱོད་པའི་རྟེན་ཅན་དུ་སྐྱེས་ནས་ལམ་གྱི་འཕྲོ་མཐུད་པའོ། །དེ་ཡང་ཚེ་འདིར་གྲུབ་མཐའ་མ་སྙོགས་ན་བྱ་བ་སྟེ། སྙོགས་ན་ནི་མི་དགོས་སོ། །འབྲས་བུ་གང་ཐོབ་ན། དེ་ལྟར་བསྐྱེད་རིམ་གྱི་ལམ་དེ་ཉིད་རྫོགས་རིམ་ཟབ་མོའི་ཡེ་ཤེས་དང་འབྲེལ་ཏེ་གོམས་པ་མཐར་ཕྱིན་པས་མ་དག་པའི་སྣང་བ་ཕྲ་རགས་ཐམས་ཅད་ཀྱི་སྣང་གཞིར་གྱུར་པ་རྩ་ཡི་མ་དག་པའི་འགྲོས་བར་མ་ཆད་པར་ཡོད་པ་དེ་ཉིད་དག་པ་ཡེ་ཤེས་ཀྱི་ངང་དུ་ཐིམ་པ་སྟེ་དག་ནས། བསྐྱེད་རིམ་གྱིས་འབྲས་བུ་གཟུགས་ཀྱི་སྐུ་ཇི་ལྟར་ལམ་དུ་བྱས་ཤིང་གོམས་པ་དེ་བཞིན་སྤྲུལ་པའི་སྐུ་ཡི་རྣམ་རོལ་ནམ་མཁའ་ཁྱབ་པར་སྣང་ཡང་སྐུ་ཡི་ངོ་བོ་རྡོ་རྗེ་ལྟར་འཕོ་འགྱུར་མེད་ཅིང་རང་བཞིན་ནམ་མཁའ་ལྟར་འདུས་མ་བྱས་པ་དེ་མངོན་དུ་འགྱུར་བའོ། །དེ་ལྟར་ཡང་གླང་པོ་རབ་འབོགས་ལས། རྩ་ཡི་འགྲོས་ཐིམ་དབྱིབས་ཀྱི་ལམ་དག་པ། ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྤྲུལ་པའི་སྐུ། །ཞེས་སོ། །གཉིས་པ་གསང་དབང་ནི། དཀྱིལ་འཁོར་གང་ལ་བརྟེན་ན་བླ་མའི་ཡུམ་ཤེས་རབ་མའི་རྩ་ཡི་གེ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་ཏེ། ཀློང་གསལ་ལས། ཡུམ་མཁའ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཟབ་མོའི་དཀྱིལ་འཁོར་ཏེ། །ཡེ་ཤེས་བཞི་ཡི་རང་བཞིན་དུ། །གཉིས་སུ་མེད་པར་དབང་བསྐུར་རོ། །ཞེས་པ་ལྟར་རོ། །དབང་གང་བསྐུར་ན་སྐལ་མེད་རྣམས་ཀྱིས་མཐོང་དུ་མི་རུང་བར་མ་ཟད་ཐོས་པ་ཙམ་ཡང་མི་རུང་བས་གསང་བའི་དབང་ཞེས་བྱ་ལ་དེ་ཉིད་བསྐུར་བ་སྟེ། དེ་ཡང་དཀྱིལ་འཁོར་གྱི་ལྷོ་སྒོར་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བླ་མ་ལ་ཕུལ་ནས་མིག་དར་དང་བཅས་གསོལ་བ་བཏབ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་ངོ་བོ་བླ་མ་ཡབ་ཡུམ་འདུ་ཤེས་གསུམ་ལྡན་གྱི་ངང་ནས། ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ཏེ་ཕུང་ཁམས་སྐྱེ་མཆེད་གདོད་ནས་ལྷའི་དཀྱིལ་འཁོར་དུ་རྫོགས་པ་ཏིང་ངེ་འཛིན་གྱིས་གསལ་བཏབ་ནས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་སྟེ་རྗེས་ཆགས་ཀྱི་མེས་ཞུ་བ་གསང་དཀྱིལ་དུ་བབས་པ་དེ་ཡབ་ཀྱི་གསང་རྩེ་ནས་ལེན་པ་ཐབས་ཀྱི་གསང་དབང་དང་། ཡུམ་གྱི་པདྨའི་ཟེའུ་འབྲུ་ནས་ལེན་པ་ཤེས་རབ་ཀྱི་དང་། གཉིས་ཀའི་མཁའ་གསང་ནས་ལེན་པ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ཞེས་བྱ་ཞིང་། ཡང་ན་མེ་ལོང་ཡུ་བ་ཅན་ལ་སོགས་པས་བླང་བ་བདུད་རྩི་དང་བསྲེས་ནས་སློབ་མའི་ལྕེར་བཞག་པ་སྙིང་གར་བསྟིམ་སྟེ། རླུང་གི་ཁམས་དང་བསྲེ་བར་བྱའོ། །ད་ལྟ་ནི་ཡོངས་གྲགས་ལ་དགག་བྱ་དང་དགོས་པའི་དབང་གིས་དམིགས་པ་དེ་ལྟ་བུའི་སྒོ་ནས་བདུད་རྩིའི་རྫས་ཙམ་ལ་བརྟེན་ཏེ་བསྐུར་བ་ཡིན་ནོ། །གང་གི་གཉེན་པོར་ཆེ་བ་ནི། དགོད་པ་ཙམ་གྱིས་ཚིམ་པ་ལྟར་ལྷ་འཕྲུལ་དགའ་བའི་འདོད་ཆགས་ཀྱི་གཉེན་པོ་བྱེད་པ་དང་། སྒྲིབ་པ་གང་འདག་པ་ནི། རྫུན་ལ་སོགས་པ་ངག་གི་ལས་སྔར་བསགས་ཀྱི་སྒྲིབ་པ་ཐམས་ཅད་སྦྱང་ཞིང་། རང་གི་དམ་ཚིག་ངག་འཕེལ་བྱེད་ཀྱི་རྩ་བ་རླུང་གི་བྱེད་བཅིངས་དང་། གཏུམ་མོ་བསྒོམ་ཞིང་བཟླས་བརྗོད་སོགས་ལ་བརྩོན་པས་ཕྱིན་ཆད་ཀྱི་ལས་རྒྱུན་གཅོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། གནས་སྐབས་བཞི་ལས་རྨི་ལམ་དང་། དེའི་སྣང་བ་ཕྲ་བ་དང་བཅས་པ་དང་། བརྗོད་འདོད་ཀྱི་རྩ་བ་ངག་གི་ཐིག་ལེའི་སྒྲིབ་པ་འདག །ཉོན་མོངས་པའི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན། ཐབས་ལ་མཁས་པའི་མན་ངག་ལ་བརྟེན་ནས་བདག་ཉིད་ཀྱི་རྩོལ་བས་རྩ་ཐིག་རླུང་གསུམ་ལས་སུ་རུང་ཞིང་ཡེ་ཤེས་ཁྱད་པར་ཅན་གྱི་ངོ་བོར་སྒོ་གསུམ་བྱིན་གྱིས་རློབ་པར་བྱེད་པའི་ལམ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་བ་སྟེ། དེ་ཡང་རྣམ་ཤེས་འགྲོ་འོང་གི་ནུས་པ་ཅན་མ་ཡིན་པ་དེ་རླུང་གི་ལས་ཀྱིས་སྣ་ཚོགས་སུ་འཕྲོ་བར་འགྱུར་བས་ལུས་དང་རྩའི་གནད་ལ་བརྟེན་ནས་རླུང་ཟིན་ན་རྣམ་པར་ཤེས་པ་ཡང་ཟིན་པར་འགྱུར་བའི་ཕྱིར་རླུང་ཟིན་པ་ནི་གལ་ཆེ་ཞིང་། རླུང་ལ་རྣམ་གྲངས་མང་དུ་གསུངས་ཀྱང་འདིར་གནས་པ་དང་། རྒྱུ་བ་དང་། ལྡང་བ་དང་། འཇུག་པ་སྟེ་བཞི་པོའི་བྱེད་ལས་ཙམ་བཤད་ན་ཐོག་མར་སྐྱེ་སྲིད་འཛིན་པའི་དུས་ན་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་མངལ་དུ་ཞུགས་པ་གང་ཞིག་ཁུ་ཁྲག་ལ་བརྟེན་ནས་གནས་པར་གྱུར་བས་རྣམ་པར་ཤེས་པ་ཡང་བརྒྱལ་ལོ། །དེའི་ཚེ་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་དུ་གནས་པ་ཡིན་ནོ། །དེ་ནས་སྲོག་གི་རླུང་ནས་བརྩམས་ཏེ་རླུང་བཅུ་རིམ་གྱིས་སྐྱེས་པས་ལུས་རྒྱས་པར་བྱེད་ལ། རྒྱས་པ་དེ་རྒྱུ་བའི་རླུང་གིས་ཇི་སྲིད་གསོན་པའི་བར་དུ་རུལ་མྱགས་སུ་མི་འགྱུར་བའི་བྱ་བ་བྱེད་དོ། །དེ་ཡང་ལྡང་བ་དང་འཇུག་པའི་སྒོས་དྲན་བསམ་དང་ཚོར་བ་སྣ་ཚོགས་སུ་བསྐྱེད་པར་བྱེད་པས་ལམ་དུས་སུ་རྣལ་འབྱོར་གྱི་ལས་ཀྱང་དེས་བྱེད་པ་ཡིན་ལ་འཆི་བའི་དུས་སུ་ནི་རླུང་དེ་དག་འགགས་པས་སྲིད་པ་དེ་ཉིད་ཞིག་པ་ཞེས་བྱའོ། །སྤྱི་རླུང་བཅུ་པོ་རང་རང་གི་གནས་ནས་རང་རང་གི་བྱ་བ་བྱེད་པ་དག་ཀྱང་རླུང་རྒྱུ་བའི་རང་བཞིན་ཡིན་མོད་ཀྱང་། རེ་ཞིག་སྲོག་རྩོལ་རྒྱུ་བའི་དབྱེ་བས། འཇུག་པ་དང་། གནས་པ་དང་། ལྡང་རྒྱུའི་སྦྱོར་བ་རྣམ་པ་གསུམ་གྱི་དབྱེ་བས་བཞག་པ་ནི། རྒྱུད་ལས། གསུམ་ཉིད་སྦྱོར་བ་རྣམ་པ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་བཞག །ཅེས་སོ། །དེ་ལ་སྲོག་གི་རྒྱུ་བ་ནི་སྣ་སྒོ་ཁོ་ན་ཡིན་ལ། རྣམ་ཤེས་ཀྱི་རླུང་ནི་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་དེ་མཐར་ཐུག་དེ་ལ་རྒྱུ་བ་མེད་པའི་ཆ་ནས་གནས་པ་ཉིད་དུ་བཤད་ཀྱང་། དུས་འཁོར་ལས། དབུགས་ཕྱེད་བཅས་སོ་གཉིས་ཀྱི་མཚམས་སུ་རྒྱུ་བར་བསྟན་པ་བཞིན། རྡོ་རྗེ་ཕྲེང་བ་ལས་ཀྱང་ཐུན་བཞིའི་མཚམས་སུ་རྒྱུ་བར་བཤད་དོ། །ནམ་མཁའི་རླུང་ནི་ད་ལྟ་ཁྱབ་པའི་ཚུལ་གྱིས་རྒྱུ་ཞིང་། དངོས་སུ་རྒྱུ་བ་ནི་འཆི་བའི་གནས་སྐབས་ཁོ་ན་སྟེ་དེངས་པའི་ཚུལ་གྱིས་སོ། །དེ་ཡང་ཡེ་རླུང་ཨ་ཐུང་ལ་གནས་པ་དེ་གཟུང་འཛིན་གྱི་རྩ་གཉིས་ཀྱི་དབང་ལས་སྲོག་དང་རྩོལ་བ་གཉིས་སུ་བྱུང་ཞིང་། དེ་ལས་འཁོར་ལོ་བཞིའི་རྩ་འདབ་རྣམས་སུ་ནང་གི་ཡུལ་ཉེར་བཞི་འབྱུང་ཞིང་། དེའི་རྟེན་འབྲེལ་གྱིས་ཕྱི་རོལ་དུའང་གནས་ཡུལ་གྱི་བཀོད་པ་སོགས་སྣང་བ་ཡིན་ལ། ནང་གི་རླུང་རྒྱུ་ཚུལ་གྱིས། ཕྱིར་ལོ་ཟླ་དང་། ཉིན་ཚེས་ཁྱིམ་ཞག་གསུམ་དང་། ཆུ་ཚོད་ལ་སོགས་པ་དེ་དང་མཐུན་པར་སྣང་བ་ཡིན་པས། ཇི་སྲིད་རླུང་སེམས་ཀྱི་རྒྱུ་བ་མ་དག་པ་དེ་སྲིད་དུ་དེའི་དབང་གིས་སྣང་བའི་སྲིད་པའི་འཁྲུལ་འཁོར་མཐའ་ཡས་པ་འདི་ཡང་རྒྱུན་འཆད་པར་མི་འགྱུར་བས་རང་ལ་ནི་ཐེག་པ་གོང་འོག་གང་གིའང་ཉམས་ལེན་གྱི་སྐལ་བ་ཆད་ནས་འདུག་ཀྱང་། འདི་ཉིད་ལས་དང་པོ་བ་གཞན་རྣམས་ལ་ཕན་པའི་བློས་བྲིས་པར་རློམ་པས་ན། ད་ལྟ་མཚན་བཅས་ཀྱི་རྫོགས་རིམ་ཟབ་མོའི་ཁྲིད་རྒྱུན་ཕྱོགས་སོ་སོ་ན་རེ་ཟུང་ཙམ་ལས་མེད་པ་ལ་སོགས་པའི་རྐྱེན་གྱིས་འདི་ལ་ཉམས་ལེན་བྱེད་པ་དཀོན་ནའང་། ཕྱི་ནང་གི་རྟེན་འབྲེལ་མཚུངས་པའི་ཚུལ་མདོར་བསྡུས་པ་འདི་དག་འགྲེལ་པར་ཡོད་པ་འདིར་བྲིས་ན་གལ་ཆེ་བར་སེམས་ཏེ། ཅིའི་ཕྱིར་ན། མཚན་ཉིད་ཐེག་པར་སྲིད་པའི་རྩ་བ་བདག་འཛིན་ལ་བཤད་པ་དེ་ཡང་། རྩ་བ་ལས་རླུང་གི་རྒྱུ་བ་ལ་ཐུག་ཅིང་རླུང་སེམས་བྱེད་པ་གཅིག་པས་མཉམ་དུ་དག་དགོས་པའི་ཕྱིར་སྔགས་ལ་མ་བརྟེན་པར་འཁྲུལ་སྣང་ཕྲ་བ་རྩད་ནས་ལྡོག་པར་མི་འགྱུར་བར་བཤད་པའི་གནད་ཀྱང་དེ་ཡིན་ལ། རླུང་སེམས་ཀྱི་རྒྱུ་བ་འགོག་པའི་ཐབས་ཀྱང་བརྒྱུད་ནས་འགག་པའི་ཐབས་སུ་འགྲོ་བ་དང་དངོས་སུ་བྱེད་པ་བཅིངས་ཏེ་བཙན་ཐབས་སུ་འགོག་པ་དང་། དེ་འདྲའི་རྩ་བ་ལ་ལྟོས་མི་དགོས་པར་མན་ངག་མཆོག་གི་ལམ་གྱིས་རང་དྭངས་སུ་འགྲོ་བ་དེ་ཐམས་ཅད་མཐར་ཐུག་པའི་དོན་དུ་གནད་མཐུན་པར་འདུག་པས་ན། དབུ་མའི་དཔྱད་རིགས་རྣོན་པོ་ལྟ་བུ་ཞིག་མེད་ན་ལྷག་མཐོང་ཡང་དག་པ་སྐྱེ་མི་སྲིད་པས་ལམ་རྣམ་དག་མིན་སྙམ་པ་དང་། ཡང་དངོས་སུ་རྩ་རླུང་གི་བྱེད་པ་བཅིངས་པའི་ཐབས་ལ་མ་བརྟེན་ན་ལས་རླུང་གི་རྒྱུ་བ་འགག་པའི་ཐབས་གཞན་མེད་པས་འདི་ཁོ་ན་ལས་གཞན་ལ་དགོས་པ་ཆུང་སྙམ་པ་དང་། ཡང་རྩོལ་མེད་རང་གཞག་གི་ཉམས་ལེན་འདི་མ་གཏོགས་རྩོལ་བཅས་ཀྱི་ལམ་ཐམས་ཅད་ནི་ཐ་ཆད་པའོ་སྙམ་པ་ལ་སོགས་པ་རང་གང་ལ་མོས་པའི་ལམ་དེ་ལ་ཞེན་ཞིང་མཆོག་ཏུ་གཟུང་ནས་གཞན་དག་དམན་པར་ལྟ་བ་དེ་ནི་ལམ་གྱི་གེགས་ཆེན་པོ་ཞིག་ཡིན་པར་འདུག་པས། དེ་ལྟར་མི་སེམས་པར་རང་ཉིད་གང་ལ་མོས་པ་ཡོད་ཅིང་རྒྱུད་ལ་ཕན་པ་དེ་ཉམས་སུ་ཅི་ལོན་བྱེད་ཅིང་། མན་ངག་གི་ཉམས་ལེན་གཞན་ཐམས་ཅད་ཀྱང་རང་གི་ཉསམ་སུ་ལེན་རྒྱུ་དེའི་ནང་དུ་དངོས་བརྒྱུད་གང་རུང་གིས་འདུ་ཞིང་མཐུན་པའི་ཚུལ་ཤེས་པ་ལ་འབད་ཅིང་། གལ་ཏེ་ཉམས་སུ་མ་ལོན་ནའང་བུ་རམ་ཐམས་ཅད་མངར་བའི་རོར་གཅིག་པ་ལྟར། བསྟན་པ་ཐམས་ཅད་རྣམ་གྲོལ་གྱི་ལམ་དུ་གཅིག་པར་ཤེས་པས་ཀུན་ལ་གུས་པ་བསྐྱེད་པ་འདི་ནི་གནད་གལ་པོ་ཆེ་ཡིན་པས་ཀུན་གྱི་ཐུགས་ལ་ཞོག་ཅིག །ཉམས་ལེན་སྙིང་པོའི་སྟོང་པའི་ཁ་བཤད་ཀྱི། །ལྡིར་སྒྲས་གཞན་ལ་ཕན་དུ་རེ་བ་འདི། །མདོ་ཤོར་བདག་གི་རང་གཤིས་ཡིན་མོད་ཀྱང་། །དམ་པའི་ཞལ་རྒྱུན་ཡིན་རློམ་འདིར་བྲིས་སོ། །དེས་ན་འདིར་གཏུམ་མོ་བསྒོམ་ཐབས་ཀྱི་མན་ངག་གིས་རྩ་རླུང་གི་བྱེད་པ་བཅིངས་པ་དང་། བར་འཛག་གི་དམིགས་པ་སོགས་ལ་བརྟེན་ནས་གཟུང་འཛིན་གྱི་རླུང་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མར་འཛུད་པའི་ཐབས་རྒྱུད་དང་མན་ངག་སོ་སོ་ནས་ཇི་ལྟར་བསྟན་པའི་ཚུལ་ལ་བསླབ་ཅིང་། སོ་སོའི་འཁྲུལ་འཁོར་གྱི་ལག་ལེན་རྣམས་ཀྱང་བྱས་ན། རླུང་ལ་བརྟེན་ནས་རྩ་མདུད་གྲོལ། གཏུམ་མོ་ལ་བརྟེན་ནས་བྱང་སེམས་ཞུ། །འཁྲུལ་འཁོར་ལ་བརྟེན་ནས་རྩ་གནས་ཐམས་ཅད་ལ་བྱང་སེམས་ཀྱིས་ཁྱབ་པས་གཟུང་འཛིན་གྱི་རྟོག་པ་འགག །ཟད་པར་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ། ཕྲིན་ལས་བཞི་ལ་མངའ་དབང་འབྱོར་བ་སོགས་ལམ་རྟགས་ཀྱི་ཡོན་ཏན་དུ་མ་དབྱར་གྱི་ཆུ་བོ་བཞིན་དུ་རྒྱས་པར་འགྱུར་རོ། །ལྟ་བ་གང་རྟོགས་ན་རང་བྱུང་གི་ཡེ་ཤེས་རྟོགས་ཏེ། འདི་ལ་བཞི་སྟེ། དང་པོ་སྙིང་གའི་ཉོན་མོངས་པའི་རྩ་འཁོར་དུ་རླུང་སེམས་འདུས་པས་ཉོན་མོངས་པ་སྔར་བས་རགས་པ་ལྟར་གྱུར་པ་ཉོན་མོངས་རང་བྱུང་ཡེ་ཤེས། དེ་ནས་རོ་རྐྱང་རྣམ་རྟོག་གི་རྩ་ལ་རླུང་སེམས་འདུས་པས་རྣམ་རྟོག་སྔར་བས་རགས་པ་ལྟར་གྱུར་པ་རྣམ་རྟོག་རང་བྱུང་ཡེ་ཤེས། དེ་ནས་དབུ་མའི་རྩ་འཕྲེད་བསྟན་འགའ་ཞིག་ཏུ་རླུང་སེམས་འདུས་པས་ཤེས་པ་སྔར་བས་རྨོངས་པ་ལྟར་གྱུར་པ་སྣྲེལ་གཞི་རང་བྱུང་ཡེ་ཤེས། དེ་ནས་དབུ་མར་རླུང་སེམས་འདུས་ནས་རིག་པ་གསལ་དྭངས་སྔར་བས་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེས་པ་གསལ་ཞིང་ཡངས་པ་རང་བྱུང་ཡེ་ཤེས་སོ། །སྔ་མ་གསུམ་ལྟ་བ་དུག་ཅན་དང་ཕྱི་མ་དུག་མེད་དོ། །གྲུབ་མཐའ་གང་སྙོགས་ན། ངག་དག་པ་ཨཱ་ལི་ཀཱ་ལི་ལ་རང་དབང་ཐོབ་པས་འགྲོ་དྲུག་གི་སྒྲ་སྐད་ཆེ་ཆུང་བཟང་ངན་ཐམས་ཅད་མ་འདྲེས་པར་སངས་རྒྱས་ཀྱི་གསུང་རྣམ་པར་དག་པའི་རང་བཞིན་དུ་ཡོངས་སུ་རྫོགས་ཤིང་རྟོགས་པའོ། །འདའ་ཀ་མའི་མན་ངག་གང་ཡིན་ན། ཚེ་འདིར་གྲུབ་མཐའ་དེ་མ་སྙོགས་ན་འཆི་ཁའི་སྡུད་རིམ་གྱི་རྐྱེན་གྱིས་རླུང་ཐམས་ཅད་དབུ་མར་ཐིམ་པ་ལ་ཕྱོགས་པ་ན་སྔར་གྱི་ལྟ་བ་དེའི་ངང་མ་ཤོར་བར་མི་རྟོག་པའི་ཏིང་ངེ་འཛིན་དཔེ་ཡི་འོད་གསལ་ཆེན་པོའི་ངང་དུ་འཕོ་བའོ། །འབྲས་བུ་གང་ཐོབ་པ་ནི། རྩ་ཁམས་ཀྱི་ཡི་གེ་རླུང་གིས་བསྐྱོད་ནས་རྣམ་རྟོག་ཡི་གེའི་རྣམ་པར་སྐྱེ་ཞིང་བརྗོད་པའི་སྒྲར་སྣང་བ་དང་གྲགས་པའི་མ་དག་པའི་འགྲོས་འདུས་བྱས་པ་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་ནས་འདུས་མ་བྱས་པའི་རང་གདངས་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་ལ་སོགས་པའི་གསུང་གི་ཡོན་ཏན་ཐམས་ཅད་རིག་པའི་ངོ་བོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་གསུང་རྡོ་རྗེ་མངོན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་གླང་པོ་རབ་འབོགས་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། །ངག་གི་སྒྲིབ་བྱང་རྫོགས་རིམ་ལོངས་སྤྱོད་རྫོགས། །ཞེས་སོ།། །།གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་གང་ལ་བརྟེན་ན། ཕུང་ཁམས་ལ་སོགས་པ་གདན་གསུམ་ལྷ་ཡི་རང་བཞིན་དུ་གདོད་ནས་གྲུབ་ཅིང་ཏིང་ངེ་འཛིན་གྱིས་ཀྱང་བྱིན་གྱིས་བརླབས་ཏེ་ལྷའི་མངོན་རྟོགས་ཇི་ལྟ་བ་བཞིན་ངོམ་ཞིང་རྒྱུད་ནས་གསུངས་པའི་མཚན་ཉིད་དང་ལྡན་པའི་མཛེས་མ་ཡི་གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ཏེ། དཔེར་ན་དངུལ་ཆུ་བཞུ་བཏུལ་གྱི་སྦྱོར་བ་མེད་ན་གསེར་འགྱུར་མི་འགྲུབ་པ་ལྟར། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པ་ལ་ཞུ་བདེ་བསྒྲུབ་དགོས་ཤིང་དེ་རྗེས་ཆགས་ལ་བརྟེན་དགོས་ཏེ། གཏུམ་པོའི་རྩ་རྒྱུད་ལས། ཨེ་མ་བདེ་བ་སྐྱེས་ཙམ་གྱི། །བྱང་ཆུབ་མཆོག་ནི་ཐོབ་བྱེད་པའི། །བྱེད་པོ་བུད་མེད་དང་སྦྱོར་ལས། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྒྱུ་མའི་དེ་ཉིད་ཐམས་ཅད་ལས། །བུད་མེད་སྒྱུ་མའི་དེ་ཉིད་བསྔགས། །ཞེས་སོ། །འདི་ལ་བརྟེན་ནས་དབང་གསུམ་པ་སྒྲ་ཇི་བཞིན་པར་ཞུ་བའི་གང་ཟག་ནི་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས་རྩ་དྲང་རླུང་བྱང་ཐིག་ལེ་གནས་སུ་འཆུན་ཅིང་། དབང་དང་པོ་གཉིས་ཀྱི་ལྟ་བ་ལ་གོམས་པས་འཛག་བདེ་ལ་མི་ཞེན་པར་ལྟ་སྒོམ་ཁྱད་པར་ཅན་གྱིས་ལམ་དུ་བྱེད་ནུས་པ་ཞིག་དགོས་པར་གསུངས་ལ། དེས་ན་དེ་འདྲ་བའི་ནུས་པ་མེད་པའི་ལས་དང་པོ་པའི་གང་ཟག་རྣམས་ནི་སྔགས་ལ་ཁ་གཡར་ནས་ཆགས་པ་རང་མཚན་པར་སྤྱད་ན་ངན་སོང་གི་རྒྱུ་ལས་མི་འདའ་བའི་རང་ལ་རབ་བྱུང་གི་སྡོམ་ཁྲིམས་ཞུ་བ་དང་བསྲུང་བའི་སྐལ་བ་མེད་ཀྱང་ལས་འབྲས་ལ་ཡིད་ཆེས་དང་དཀོན་མཆོག་ལ་དད་པ་རེ་ཅི་ནུས་སུ་ཨེ་འོང་བལྟས་ནས་རང་ཚོད་ཀྱི་ཉམས་ལེན་ཞིག་བྱས་ན་དགའ་ཡི། དེ་ལྟར་མི་བྱེད་པར་ད་དུང་སྔགས་པར་རློམ་ནས་མཆོག་འཛིན་གྱིས་རྙེད་གྲགས་སོགས་བསྒྲུབ་པ་ནི་ལོག་པའི་ང་རྒྱལ་ཅན་ཞེས་བྱ་ཞིང་། དེས་འཚོ་བ་བསྒྲུབ་པའང་ལོག་པའི་འཚོ་བ་འབའ་ཞིག་ཏུ་ཟད་པས་ཆོས་ཟབ་མོ་ལ་བརྟེན་ནས་རང་གཞན་ཕུང་ལ་སྦྱོར་བ་དེ་ལྟ་བུ་ལས་ནི། དགེ་སྡིག་ལ་བླང་དོར་ནུས་ཚོད་རེ་བྱས་ནས་ཉམ་ཆུང་དུ་འདུག་པའི་ཁྱིམ་པ་ཕལ་པ་རྣམས་དགའ་བར་སེམས་སོ། །ཡང་འདུལ་བ་ནས་བཤད་པའི་སོར་སྡོམ་ཙམ་ཚུལ་བཞིན་དབང་པོའི་སྒོ་བསྡོམ་པ་ལ་སོགས་པའི་སྒོ་ནས་བསྲུང་ནུས་ནའང་སྔགས་ལམ་གྱི་ཐབས་མཁས་པ་ཇི་བཞིན་སྤྱོད་པའི་ནུས་པ་མེད་པ་རྣམས་ཀྱིས་ཀྱང་། གསང་སྔགས་ལ་དད་མོས་ཀྱིས་གྲོལ་ལམ་གཙོ་བོར་གྱུར་པའི་ཉམས་ལེན་ལ་བརྩོན་པ་ལས་ཐབས་ལམ་ལ་དངོས་བསྟན་ལྟར་བསླབ་ན་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་ལམ་གྱི་གེགས་སུ་འགྱུར་བས་དེ་ལྟ་བུ་ལ་དགོངས་ཏེ། ལམ་སྒྲོན་དུ། གསང་བ་ཤེས་རབ་དབང་བསྐུར་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་སོ། །འོན་ཀྱང་ཇི་སྐད་བཤད་པའི་ཐབས་མཁས་ལ་བརྟེན་ནུས་པའི་རིགས་ལ་ནི་དབང་གསུམ་པའི་ལམ་གྱི་ཕྱག་རྒྱ་བསྟེན་པ་ལ་སོགས་པ་བཀག་པ་ནི་མེད་དེ། རྡོ་རྗེ་འཛིན་པའི་རྟེན་མཆོག་ནི་ཚངས་པར་སྤྱོད་པའི་རབ་བྱུང་ཡིན་པར་བསྔགས་པའི་ཕྱིར་ཏེ། ཕུར་པའི་རྒྱུད་དང་། དུས་ཀྱི་འཁོར་ལོ་གཉིས་མཐུན་པར། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། དགེ་ཚུལ་ཞེས་བྱ་དེ་ལས་གཞན། ཁྱིམ་ན་གནས་པ་ཐ་མའོ། །ཞེས་དང་། རྡོ་རྗེ་གདན་པས། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨ་ཀཱ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དགེ་ཚུལ་ལུས་ལ་གདོལ་པའི་རིགས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །ཀུ་ཀུ་རཱི་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རྒྱ་བོད་ཀྱི་གྲུབ་ཐོབ་ཕལ་མོ་ཆེ་ལྟ་བུའི་གསུམ་ལྡན་རྡོ་རྗེ་འཛིན་པ་རྣམས་ལ་སྙིང་ནས་གུས་པ་བསྐྱེད་ཅིང་། རང་ཉིད་ཀྱང་ཚེ་རབས་ཕྱི་མ་རྣམས་སུ་ཐེག་པ་འོག་མའི་བསྟན་དོན་ཙམ་ཁོ་ན་ལ་གཅིག་ཏུ་ཞེན་ཞིང་མངོན་པར་རློམ་པར་མི་བྱེད་པར་ནམ་མཁའ་ལྟ་བུའི་ཆོས་ཐེག་པ་ཆེན་པོ་སྤྱི་དང་། ཁྱད་པར་རྡོ་རྗེ་ཐེག་པའི་དགོངས་སྤྱོད་རྨད་དུ་བྱུང་བ་ཉམས་འོག་ཏུ་ཚུད་ནས། སྣང་བ་བདེན་མེད་དུ་ཤེས་པས་འཁོར་འདས་རོ་མཉམ་དུ་རྟོགས་ཏེ། ཉོན་མོངས་ཡེ་ཤེས་སུ་འཆར་བའི་ཐབས་མཁས་ལ་ཚུལ་བཞིན་དུ་སྤྱོད་ནུས་པ་དང་། ཕུང་སོགས་སུ་སྣང་བའི་ཆོས་ཐམས་ཅད་གདོད་ནས་དག་པ་ལྷའི་འཁོར་ལོར་མཐོང་ཞིང་། ཁྱད་པར་ཤེས་རབ་ཀྱི་རང་བཞིན་ཕྱག་རྒྱ་མ་ནི་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་སྟོན་པའི་གྲོགས་ཡིན་པས་གུས་པས་དང་དུ་བླང་སྟེ་བསྟེན་ནུས་པ་ཞིག་འོང་ན་ཅི་མ་རུང་སྙམ་དུ་སྨོན་པར་བྱེད་པ་ལས། དམན་པར་བལྟས་ན་སྨོད་པ་ལ་སོགས་པ་ནི་ལམ་འདི་དང་ཆེས་འགལ་བ་ཡིན་པས་མི་རུང་ངོ་། །དབང་གང་བསྐུར་ན། ཤེས་རབ་ཀྱི་རང་བཞིན་ཕྱག་རྒྱ་ལ་བརྟེན་ནས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ལ་དབང་བར་བྱེད་པས་ན་ཤེར་དབང་ཞེས་བྱ་སྟེ་དེ་ཉིད་བསྐུར་བར་བྱ་བའོ། །དེ་ཡང་རིག་མ་བརྟག་འགུགས་སོགས་བྱས་ཏེ་སྡོམ་པས་རྒྱུད་སྦྱངས་ཤིང་། དབང་དང་མན་ངག་གིས་སྨིན་པར་བྱས་ནས། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་རྡོ་རྗེ་སློབ་དཔོན་ཡབ་ཡུམ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་ལ། མཎྜལ་ཕུལ་ནས་གསོལ་བ་བཏབ་པས། མཚན་ལྡན་གྱི་ཕྱག་རྒྱ་སློབ་བུ་ལ་གཏད་པ་ན། སློབ་བུ་ཡབ་ཡུམ་གྱིས་ཐབས་ཤེས་གཉིས་ཀ་ལྷའི་འདུ་ཤེས། གསང་བར་ཕྱག་མཚན་དང་ཡིག་འབྲུ་བཀོད་པ་ལ་སྔགས་སམ་ཡི་གེའི་འདུ་ཤེས། །ཐབས་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་པ་ཆོས་ཀྱི་འདུ་ཤེས་ཏེ་དེ་ལྟ་བུའི་ངང་ནས་སྙོམས་པར་ཞུགས་པ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ་བསྟིམ་པ་རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་དང་རོ་གཅིག་ཏུ་ཞུ་བའི་རྒྱུན་ཡས་བབས་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་རྡོ་རྗེ་ནོར་བུའི་བུམ་པར་འཛག་མེད་དུ་བཟུང་ནས་ཞུ་བདེ་ཉམས་སུ་མྱོང་བའི་རྐྱེན་ལས་སྣང་མཆེད་ཐོབ་གསུམ་གྱི་རིམ་པས་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་བདེ་བ་ཆེན་པོའི་ངོ་བོ་ཤར་བས་ཡིད་བྱིན་གྱིས་བརླབས་ཏེ་ཐུགས་རྡོ་རྗེ་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་ཐོབ་པའོ། །དེ་ཡང་དབང་གསུམ་པའི་ཡེ་ཤེས་འདི་མཐོང་ལམ་གྱི་ཡེ་ཤེས་མིན་གྱི་དོན་ལ་འཕགས་ཡུལ་གྱི་གྲུབ་ཆེན་དག་ཀྱང་དགག་གཞག་མཛད་མོད། སྤྱི་གང་ཟག་གི་སྦྱང་པ་དང་དབང་པོའི་རིམ་པས་དབང་ཐོབ་ལུགས་དུ་མ་ཡོད་དེ་གསུམ་པའི་དུས་ནས་དོན་གྱི་ཡེ་ཤེས་ངོ་འཕྲོད་པའི་གང་ཟག་ཀྱང་ཡོད་དེ། དེ་ནི་མཐོང་ལམ་གྱི་ཡེ་ཤེས་ལས་མི་འདའ་ལ། ཡང་དཔེའི་ཡེ་ཤེས་ཙམ་སྐྱེས་ནའང་དེ་ལ་མཆོག་དམན་དུ་མ་ཡོད་པས། དེ་ལ་བརྟེན་ནས་དོན་གྱི་འོད་གསལ་ངོ་འཕྲོད་མི་འཕྲོད་མཐའ་གཅིག་ཏུ་མ་ངེས་ཤིང་། ཡང་དབང་པོ་ཤིན་ཏུ་རྟུལ་པོས་ཐབས་ལམ་ཟབ་མོའི་ཆོ་ག་ལ་བརྟེན་ནས་བདེ་བ་དང་བཅས་པའི་མི་རྟོག་པ་ཡུད་ཙམ་རེ་ཉམས་སུ་མྱོང་བ་ཡོད་ཀྱང་འདོད་ཆགས་བདེ་ཆེན་ཡེ་ཤེས་སུ་འཆར་མ་ནུས་པས་གཤིས་ཀྱི་གནས་ཚུལ་དང་འགལ་བས་དཔེའི་འོད་གསལ་ཙམ་ཡང་ཉམས་སུ་མྱོང་བ་མེད་པས་མཐའ་གཅིག་ཏུ་མ་ངེས་ནའང་། སྤྱི་ཙམ་དུ་གང་ཟག་རིམ་གྱིས་པ་རྣམས་ལ་དབང་ལ་བརྟེན་ནས་ཡེ་ཤེས་སྐྱེ་ཚུལ་གྱི་རིམ་པ་ནི་གསུམ་པའི་ལམ་དུ་དཔེའི་ཡེ་ཤེས་ཞེས་བྱ་བ་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་བདེ་བས་ཐབས་བྱས་པའི་ལྷན་ཅིག་སྐྱེས་དགའི་ཤེས་རབ་ལ་གོམས་པར་བྱས་པ་ལས། བཞི་པའི་དུས་ན་རང་བཞིན་ཅི་ཡིན་པ་མཐོང་བའི་ཐབས་བྱུང་འབྲས་བུའི་ལྷན་སྐྱེས་མངོན་སུམ་དུ་སྐྱེ་བ་ཡིན་ཏེ། རྡོ་རྗེ་ཁྲོས་པའི་རྩ་རྒྱུད་ལས། དེ་ཡི་ཤེས་རབ་ཡེ་ཤེས་ཀྱི། །དབང་གི་རྡོ་རྗེ་ཐུགས་ཉིད་དང་། །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པར་མཐོང་། །ཞེས་སོ། །དེ་ལྟར་དབང་གསུམ་པ་བསྐུར་ཐོབ་སྒྲ་ཇི་བཞིན་པ་ཐམས་ཅད་ལ་ཡོངས་གྲགས་སུ་ཤིན་ཏུ་དཀའ་བས་ད་ལྟ་རིག་ཙཀ་སོགས་ལ་བརྟེན་ནས་དམིགས་པ་འབོགས་པར་བྱེད་པ་འདིས་ཀྱང་སློབ་མ་དབང་པོ་རྣོ་ཞིང་དད་མོས་ཅན་ལ་ནི་སྐལ་བ་བཟང་པོར་བྱེད་དོ། །གང་ལྟར་ཡང་གསུམ་པའི་ཉམས་མྱོང་དང་རྫོགས་རིམ་གྱི་ཡེ་ཤེས་དེ་བདེ་བ་དང་སྟོང་པ་དབྱེར་མེད་པ་ཙམ་དུ་བཞེད་པ་ལ་འདྲ་ཡང་། རང་ལུགས་ལ་ཐབས་ལས་སྐྱེས་པའི་ཚོར་བ་དེ་སེམས་དང་མཚུངས་ལྡན་དུ་ཡོད་པ་ལ་དཔྱད་རིག་རྣོན་པོས་སྟོང་པའི་ངེས་ཤེས་ཀྱིས་རྒྱས་འདེབས་པ་ལྟ་བུ་མ་ཡིན་པར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་རྟོག་པ་ཐམས་ཅད་དབྱིངས་སུ་ཞི་བའི་གཤིས་ཀྱི་བཞུགས་ཚུལ་ཇི་བཞིན་པའམ་དེ་དང་རྗེས་སུ་མཐུན་པ་ཞིག་ལ་ངོས་འཛིན་མཛད་པར་འདུག་སྙམ་མོ། །གང་གི་གཉེན་པོར་ཆེ་བ་ནི། དེ་ལྟར་གསུམ་པའི་དབང་གིས་སྨིན་པར་བྱས་པས། ཕོ་མོ་ཕན་ཚུན་ཆགས་པས་ལག་པ་བཅངས་པ་སོགས་རེག་པ་དང་བཟུང་བ་ཙམ་གྱིས་ཚིམ་པར་འགྱུར་བའི་ལྷ་དགའ་ལྡན་པ་ལ་ཡོད་པའི་འདོད་ཆགས་དེ་དག་པར་འགྱུར་རོ། །སྒྲིབ་པ་གང་འདག་ན། བརྣབ་སེམས་ལ་སོགས་པ་སྔར་བསགས་པའི་ཡིད་ཀྱི་སྒྲིབ་པ་སྦྱང་ཞིང་། རང་གི་དམ་ཚིག་སེམས་བདེ་སྟོང་གི་ཡེ་ཤེས་ལ་གོམས་པར་བྱས་པས་ཕྱིན་ཆད་ཀྱི་ལས་རྒྱུན་གཅོད། ཡེ་ཤེས་ཀྱི་སྒྲིབ་པ་ཞེས་ཤེས་སྒྲིབ་རགས་པ་དང་། གནས་སྐབས་བཞི་ལས་ཚོགས་དྲུག་སྣང་བ་དང་བཅས་པ་འགགས་པའི་གཉིད་འཐུག་གི་གནས་སྐབས་དང་། ཡིད་འཛིན་པའི་ཐིག་ལེ་འདག །འཆི་བདག་གི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན་གཞན་ལུས་སྣ་ཚོགས་གཟུགས་ཅན་མའམ་ཕོ་ཉའི་ལམ་ལ་བརྟེན་ནས་བྱང་སེམས་ཡས་བབས་དང་མས་བརྟན་གྱིས་མཐར་ཐབས་སྣང་བའི་ཡེ་ཤེས་དང་། ཤེས་རབ་མཆེད་པའི་ཡེ་ཤེས་དང་། ཟུང་འཇུག་ཉེར་ཐོབ་ཀྱི་ཡེ་ཤེས་གསུམ་གྱིས་དྲངས་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་དང་། ལྟ་བ་གང་རྟོགས་ན་བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་ཁམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཞུ་བདེའི་ཐབས་ལ་བརྟེན་ནས་འགྲུབ་པ་ཡིན་ཞིང་། དེ་ཡང་དང་པོ་གསུམ་དུག་ཅན་དང་། ཕྱི་མ་དུག་མེད་དོ། །སྣང་བ་གསུམ་དང་དགའ་བ་བཞི་པོ་འདི་དག་གི་དོན་ནི་རྫོགས་རིམ་གྱི་སྐབས་སུ་འཆད་པར་འགྱུར་རོ། །གྲུབ་མཐའ་གང་སྙོགས་ན་བདེ་སྟོང་དབྱེར་མེད་པའི་ལྟ་བ་དེ་ཡི་ངང་ལ་ཕྱག་རྒྱ་མ་བསྟེན་པའི་ཚེ་ནའང་རྟག་ཏུ་གནས་ཤིང་ཉམས་སུ་མྱོང་བ་དང་། ཐིག་ལེ་འབྱོངས་པའི་རྟགས་སུའང་། ཀུནྡ་ཆུ་ལྟར་དྭངས་པ་དང་། ལུས་ལ་སྐྲ་དཀར་དང་གཉེར་མ་མི་འབྱུང་བ་དང་། ཁ་ཟས་དང་གོས་མི་དགོས་པ་དང་། རི་བྲག་ཟང་ཐལ་བ་དང་། ཕྱི་ནང་གི་གནས་ཡུལ་དང་། དཔའ་བོ་མཁའ་འགྲོ་མ་རྣམས་དབང་དུ་འདུ་བ་ལ་སོགས་པའོ། །འདའ་ཀ་མའི་མན་ངག་གང་ཡིན་ན། འདིར་གྲུབ་མཐའ་མ་སྙོགས་ན། འཆི་ཁའི་སྡུད་རིམ་གྱིས་རྐྱེན་བྱས་ནས་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་ཅིག་ཏུ་ཚོགས་ཤིང་དབུ་མར་ཅུང་ཟད་ཞུགས་པས་གནས་སྐབས་དེར་སྣང་ལ་མ་གྲུབ་པའི་ཡེ་ཤེས་རྡོ་རྗེ་སྟོང་པ་དང་སེམས་བདེ་བ་སྟེ། བདེ་སྟོང་རྡོ་རྗེ་སེམས་དཔའ་གཞི་དུས་ཀྱི་འོད་གསལ་ངོ་འཕྲོད་ནས་གྲོལ་བ་སྟེ་དེ་ཡང་སྙིང་གའི་རྩ་མདུད་གྲོལ་བའི་སྟོབས་ཀྱིས་དཔེའི་ཡེ་ཤེས་ཤར་བ་དེ་ཉིད་གཞིའི་འོད་གསལ་དང་མ་བུ་འདྲེས་ནས་གྲོལ་བ་ཡིན་ནོ། །འབྲས་བུ་གང་ཐོབ་ན་མཐར་ཐུག་གྲོལ་བའི་ཚེ་རྩ་ཁམས་ཀྱི་དྭངས་མའི་ཐིག་ལེ་རླུང་གིས་འཕོ་བའི་འགྲོས་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ངང་དུ་ཐིམ་སྟེ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐར་ཁྱབ་པ་སྟེ་ཚད་ལས་འདས་ཤིང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཟུང་འཇུག་ཐུགས་ཀྱི་རྡོ་རྗེ་སེམས་བྱུང་གི་རྙོག་པ་ཞི་བའི་དྭངས་མའི་ཡེ་ཤེས་ཆོས་ཀྱི་སྐུ་མངོན་དུ་འགྱུར་རོ། །དེ་ལྟར་ཡང་གླང་པོ་རབ་འབོགས་ལས། བདུད་རྩི་ཁམས་ཀྱི་འགྲོས་ཐིམ་བཅུད་ཀྱི་ལམ། །སེམས་ཀྱི་སྒྲིབ་སྦྱངས་དྭངས་མ་ཆོས་ཀྱི་སྐུ། །ཞེས་སོ། །བཞི་པ་དབང་གི་མཆོག་ཚིག་དབང་རིན་པོ་ཆེ་བཤད་པ་ལ། དཀྱིལ་འཁོར་གང་ལ་བརྟེན་པ་ནི། སྔར་སྣ་ཚོགས་གཟུགས་ཅན་མ་ལས་བརྙེད་པའི་དཔེའི་འོད་གསལ་དེ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་མྱུ་གུ་ལྟ་བུ་ཡིན་ཏེ་དེ་ཉིད་དོན་གྱི་འོད་གསལ་དུ་ངོ་སྤྲད་པ་ཡིན་པའི་ཕྱིར། གཏུམ་པོའི་རྒྱུད་ལས། མདོ་སྡེ་ཆོས་མངོན་ཐམས་ཅད་ནས། །བུད་མེད་རྣམས་ནི་སྨོད་མཛད་པ། །སྣ་ཚོགས་སློབ་མའི་སྣོད་ཕྱིར་བཤད། །དེ་ཁོ་ན་ཉིད་སྦས་ནས་གསུངས། །ཕུང་པོ་ལྔ་དང་རྣམ་བྲལ་བའི། །མྱ་ངན་འདས་པ་བལྟ་བར་བྱ། །ཞེས་ཕར་ཕྱིན་མན་ཆད་དུ་དེ་ཁོ་ན་ཉིད་ཟབ་མོ་རྗེས་དཔག་ཙམ་ལས་སྟོན་པར་མ་ནུས་པ་སྔགས་ལམ་དུ་ཐབས་ལ་བརྟེན་ནས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་གློ་བུར་དུ་བཅོམ་ནས་སྣང་བ་གསུམ་གྱིས་དྲངས་པའི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཇི་བཞིའི་པའི་ངོ་བོ་མངོན་དུ་མཐོང་ཞིང་དེ་ལ་གོམས་པས་མཐའ་གང་དུའང་མ་རེག་པའི་གཤིས་ཀྱི་གནས་ལུགས་རྣམ་ཐར་བཞི་ལྡན་གྱི་ཡེ་ཤེས་སམ། བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་དུ་མཐར་ཕྱིན་ཏེ་ཕུང་པོའི་སྙིགས་མ་ཐམས་ཅད་དྭངས་མ་མི་ཤིགས་པའི་ཐིག་ལེའི་ངོ་བོར་དེངས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མངོན་པར་བྱང་ཆུབ་པར་འགྱུར་རོ། །དེ་ལྟ་བུའི་དཔེའི་ལྷན་སྐྱེས་འོད་གསལ་བའི་ཡེ་ཤེས་དེའི་ངང་ལ་སློབ་བུ་མཉམ་པར་གཞག་པ་ན་ཡེ་ཤེས་དེ་ལ་དཀྱིལ་འཁོར་ཞེས་བྱ་སྟེ། གསང་སྙིང་ལས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་བས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །ཅེས་པ་ལྟར་རོ། །དེ་ལ་བརྟེན་ནས་དབང་གང་བསྐུར་ན། བླ་མ་ངོ་བོ་ཉིད་ཀྱི་སྐུ་ཡེ་ཤེས་རྡོ་རྗེའི་ངོ་བོར་བཞུགས་ཏེ། སློབ་བུའི་དབང་གསུམ་པའི་དུས་ཀྱི་ཡས་བབས་ཀྱི་དགའ་བཞི་རྫོགས་ནས་ཐབས་ཀྱི་ལྡོག་པ་ལས་མས་བརྟན་གྱི་དགའ་བཞིའི་མཐར་ཉམས་སུ་མྱོང་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་གཞག་པ་ན་དེ་དང་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རོ་གཅིག་ཏུ་ངོ་སྤྲད་པ་སྟེ། དེ་ཡང་། བདེ་བའི་ངང་དེ་ཉིད་གང་དུའང་མ་གྲུབ་པའི་རང་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྫོགས་པ་ཆེན་པོའི་ངོ་བོར་སློབ་དཔོན་གྱིས་ཚིག་གིས་མཚོན་པའི་སྒོ་ནས་ངོ་སྤྲད་པ་བདེ་བ་ཆེན་པོའི་དབང་དམ་ཚིག་གི་བཞི་པ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་དབྱེར་མེད་བདེ་བ་ཆེན་པོ་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དོན་གྱི་བཞི་པ། ཡེ་ཤེས་ངོས་མ་ཟིན་ན་ལས་རྒྱ་ལ་བརྟེན་ནས་ཉམས་མྱོང་འདྲེས་པ་རྟེན་ཅན་གྱི་བཞི་པ། དེ་ལས་ལམ་གོམས་པར་བྱེད་པ་ལམ་གྱི་བཞི་པ། དགའ་བཞིའི་འགྲོས་རེ་རེ་ལའང་དགའ་ཆུང་བཞི་བཞིར་ཕྱེ་བའི་བཅུ་དྲུག་གི། །བཞིས་ཚོགས་ལམ། དེ་ནས་རེ་རེས་སྦྱོར་མཐོང་དང་། དགུས་སྒོམ་ལམ། ཐ་མ་བཅུ་དྲུག་པ་མི་སློབ་པའི་ལམ་སྟེ། ཡས་བབས་རྒྱུ་དང་མས་བརྟན་འབྲས་བུའི་ས་ལམ་དང་སྦྱར་ཏེ། མས་བརྟན་གྱི་དགའ་བ་བཅུ་དྲུག་པའི་མཐར་ཁུ་རྡུལ་སྟེང་འོག་ཏུ་ཐིམ་པའི་སྐད་ཅིག་ལ་རླུང་འགགས་པས། དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་ཀྱང་རྒྱུན་ཆད་དེ་སྐུ་བཞི་མངོན་དུ་བྱེད་པ་ནི་འབྲས་བུའི་བཞི་པའོ། །དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། གནས་ནི་ཡེ་ཤེས་བཅུ་དྲུག་པོ། །ཚོགས་སྦྱོར་ལ་སོགས་དང་པོ་ནས། །མཐར་ཕྱིན་སངས་རྒྱས་ས་ཉིད་དེ། །གནས་བཞི་དེ་བཞིན་དབྱེ་བ་ལས། །གཉིས་པའི་གཉིས་པ་རབ་དགའ་སོགས། །ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་སོ། །གང་གི་གཉེན་པོར་ཆེ་བ་ནི། ལྷ་འཐབ་བྲལ་མན་ཆད་ཀྱི་འདོད་ཁམས་པ་རྣམས་ལ་ཡོད་པའི་འཁྱུད་སྦྱོར་གྱི་འདོད་ཆགས་ཀྱི་གཉེན་པོ་བྱེད་པ་དང་། སྒྲིབ་པ་གང་འདག་ན། སྒོ་གསུམ་ཕྲ་བའི་སྒྲིབ་པ་དག་སྟེ་དེ་ཡང་སྒོ་གསུམ་ཐ་དད་དུ་འཛིན་པའི་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བ་ཆ་མཉམ་པར་སྦྱོང་ཞིང་རྒྱུན་གཅོད། ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཆ་དང་བཅས་པ་དང་། གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་ཏེ། དེ་ཡང་འཛག་བ དེའི་སྲེད་པ་ཡིན་པས་ཁུ་རྡུལ་རླུང་གསུམ་ལས་འཁོར་བའི་ལུས་ངག་ཡིད་གསུམ་དང་། བདེ་སྡུག་བཏང་སྙོམས་གསུམ་འཆར་བས་ཁུ་རྡུལ་རླུང་གསུམ་ལ་ཆ་མཉམ་དུ་འཇུག་པའི་རྟོག་པ་དང་། སྒོ་གསུམ་ཕྲ་བའི་བག་ཆགས་འཛིན་པའི་ཐིག་ལེའི་སྒྲིབ་པ་རྣམས་དག །ལྷའི་བུའི་བདུད་འཇོམས་པའོ། །ལྟ་བ་གང་རྟོགས་ན། ངོ་བོ་སྤྲོས་པ་དང་བྲལ་བའི་སྟོང་པའི་ཐིག་ལེ་རང་བཞིན་གསལ་བ་རིག་པའི་གདངས་མ་འགགས་པ་ལས་ཐུགས་རྗེའི་རོལ་པ་སྐུ་དང་ཡེ་ཤེས་སུ་འཆར་བའི་སྙིང་པོ་ཅན་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་རིག་སྟོང་བསམ་གྱིས་མི་ཁྱབ་པའི་དོན་རྟོགས། ལམ་གང་བསྒོམ་པ་ལ་དབང་ན། འོད་གསལ་ཕྱག་རྒྱ་ཆེན་པོའམ། རིག་སྟོང་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། དེ་ཡང་ནང་རྒྱུད་ཐུན་མོང་བའི་དབང་བཞི་པ་ཐོབ་པས་ནི། རང་རང་གི་སྐབས་ཀྱི་ཟུང་འཇུག་གི་རྫོགས་རིམ་བསྒོམ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ལ། ཐེག་རྩེའི་བཞི་པ་བྱེ་བྲག་པ་ཐོབ་ན་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཐུན་མོང་མ་ཡིན་པར་སྒོམ་པ་ལ་དབང་བ་ཡིན་ནོ། །གྲུབ་མཐའ་གང་སྙོགས་ན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བདེ་སྟོང་ཕྱག་རྒྱ་ཆེན་པོ་རྟོགས་པ་ཡིན་ཏེ་འཁོར་འདས་ཐམས་ཅད་བླང་དོར་དང་སྤང་གཉེན་མེད་པར་རྟོགས་པའོ། །འདིར་གྲུབ་མཐའ་མ་སྙོགས་ན། འདའ་ཀ་མའི་མན་ངག་ནི། གསང་ཆེན་ཕྱག་རྒྱ་ཆེན་པོ་སྔར་གྱི་ལྟ་བ་དེའི་ངང་ལ་འཕོ་བར་བྱེད་པ་ཡིན་ལ། དེ་ཡང་སྦྱང་བ་དང་། གོམས་སུ་འཇུག་པ་དང་། ལས་ལ་སྦྱར་བ་གསུམ་སྟེ་འདའ་ཀའི་མན་ངག་ཐམས་ཅད་མཚུངས་པར་ད་ལྟར་ཡང་ཡང་གོམས་ཆ་སོང་བ་དེ་ཉིད། འཆི་བར་ངེས་པའི་ཚེ་ལས་ལ་སྦྱར་ཏེ་གསལ་འདེབས་བྱེད་མཁན་གཞན་ཡོད་ན་དེའི་ཚེ་དང་། མེད་ཀྱང་རང་ཉིད་ཀྱིས་སྡིག་ལྟུང་ཐམས་ཅད་སྙིང་ནས་བཤགས་ཏེ། བླ་མ་ལ་མོས་གུས་དྲག་པོ་དང་བཅས། ད་ལྟའི་འཆི་བ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་སེམས་སངས་རྒྱས་སུ་ངོ་འཕྲོད་པ་ཞིག་བྱ་དགོས་སྙམ་དུ་ཉམས་ལེན་གྱི་ངང་བསྐྱངས་ཏེ་འཕོ་བར་བྱེད་དགོས་གསུངས། །འབྲས་བུ་གང་ཐོབ་ན་སྙིང་པོ་ཡེ་ཤེས་རླུང་གི་འགྲོས་ཐིམ་ཞེས་ཡེ་ཤེས་ཀྱི་རླུང་ལས་རླུང་གིས་བསླད་པའི་ཆ་ཤིན་ཏུ་ཕྲ་བ་དང་བཅས་པ་ཐམས་ཅད་དག་ནས་མངོན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེ་མཁའ་ཁྱབ་དབྱིངས་ཀྱི་རང་བཞིན་དང་ཟུང་དུ་འཇུག་པའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །དེ་ལྟར་ཡང་གླང་པོ་རབ་འབོགས་ལས། རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་སྐུ། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །སྐབས་འདི་དག་གི་ལྟ་བ་རྣམས་ཀྱི་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བ་ཞེས་བྱ་སྟེ། མཚན་ཉིད་ཐེག་པར་ཐོས་བསམ་གྱིས་གཏན་ལ་དབབ་པའི་ལྟ་བ་བཤད་པ་དང་མི་འདྲའོ། །རྩའི་འགྲོས་ཐིམ་སོགས་ནི་མ་དག་པའི་རྩ་རླུང་ཐིག་ལེ་རྣམས་དག་པ་ཡེ་ཤེས་ཀྱི་ངང་དུ་ཐིམ་པའོ། །མཐར་ཐུག་གི་འབྲས་བུ་རྣམས་ཐོབ་རུང་གི་ས་བོན་རྒྱུད་ལ་བཞག་པ་ཙམ་ཡིན་གྱི་དབང་དེ་དག་ཐོབ་པ་ཙམ་གྱིས་དངོས་སུ་ཐོབ་པ་ནི་མ་ཡིན་ནོ། །དེ་ཡང་བླ་མ་མཚན་ཉིད་དང་ལྡན་པ་ལས་དབང་ལེགས་པ་ཐོབ་ཀྱང་། དམ་ཚིག་ཙམ་ཡང་མ་བསྲུངས་ན་ཤི་མ་ཐག་ངན་སོང་དུ་སྐྱེ་བར་འགྱུར་ནའང་ཧ་ཅང་ཡུན་རིང་པོར་མི་ཐོགས་པར་གསང་སྔགས་ཀྱི་ཆོས་དང་འཕྲད་ནས་ལམ་བསྒོམ་པའི་སྐལ་བ་ཡོད་པར་འགྱུར་ལ། གལ་ཏེ་དམ་ཚིག་གི་རིམ་པ་བསྲུང་ཡང་ཚེ་འདིར་བསྐྱེད་རྫོགས་ལ་གོམས་པར་མ་བྱས་ན་རིགས་གཙང་མ་རྣམས་སུ་སྐྱེ་བ་བདུན་ལ་སོགས་པར་བརྒྱུད་དེ་ལམ་མཐར་ཕྱིན་ནས་གྲོལ་བར་གསུངས་ཤིང་། དབང་ཐོབ་ཅིང་དམ་ཚིག་ལ་གནས་ནས་ལམ་ལ་འབད་ན་གོང་དུ་ཇི་སྐད་བཤད་པའི་འབྲས་བུ་སྐུ་བཞིའི་ཡོན་ཏན་ཐམས་ཅད་ཚེ་འདིའམ་འཆི་ཁའམ་བར་དོ་གང་རུང་དུ་མངོན་དུ་འགྱུར་བ་ཡིན་ལ། དེའང་དབང་རང་རང་གི་སྐབས་སུ་བཤད་པའི་འབྲས་བུ་དེ་དག་ལམ་གཞན་རྣམས་དང་མ་འབྲེལ་བར་རང་རང་གི་ལམ་རྐྱང་པས་ཐོབ་མི་ནུས་པས་ཟུང་འབྲེལ་དུ་བསྒོམས་པས་སྐུ་བཞིའི་ཡོན་ཏན་དེ་རིམ་ཅན་དུ་ཐོབ་པ་མ་ཡིན་པར་ཅིག་ཅར་དུ་མངོན་དུ་འགྱུར་ཏེ། དཔེར་ན་མཚན་ཉིད་ཐེག་པར་ཚོགས་གཉིས་ཀྱི་རྒྱུ་ལས་སྐུ་གཉིས་འགྲུབ་པར་བཤད་ཀྱང་། བསོད་ནམས་ཀྱི་ཚོགས་དེ་ཡེ་ཤེས་དང་མ་འབྲེལ་བར་དེ་རྐྱང་པས་གཟུགས་སྐུ་མི་ཐོབ་པས་ཚོགས་གཉིས་ཟུང་འབྲེལ་དུ་བསགས་པས་སངས་རྒྱས་པའི་ཚེ་སྐུ་གཉིས་ཅིག་ཅར་དུ་ཐོབ་པར་བཞེད་པ་བཞིན་ནོ། །གྲུབ་མཐའ་ཡང་ལམ་དེ་བསྒོམས་པས་ད་བཟོད་གྲུབ་པའོ། །གཉིས་པ་དབང་གི་སྒྲ་དོན་ནི། དབང་ཞེས་པའི་སྐད་དོད་ཀྱི་སྒྲ་དོན་དང་སྦྱར་ན་དྲི་མ་འཁྲུད་པ་དང་ནུས་པ་འཇོག་པ་གཉིས་ལ་འཇུག་སྟེ་འདི་ལྟར་ཨ་བྷི་ཥིཉྩ་ཞེས་པའི་སྒྲས་གློ་བུར་གྱི་དྲི་མ་གཏོར་བའི་དོན་སྟོན་ཏེ། །དེ་ཡང་གོང་དུ་བཤད་པའི་དབང་བཞི་རང་རང་གི་དག་བྱ་རྣམས་རང་གནས་ཀྱི་ཡེ་ཤེས་ལ་སྒྲིབ་པར་བྱེད་པའི་དྲི་མ་ཡིན་ཞིང་ཆོས་ཉིད་ཀྱི་གཤིས་ལ་མ་ཞུགས་པས་གློ་བུར་བ་སྟེ། དེ་ཉིད་དབང་ཐོབ་པ་ཙམ་གྱིས་སྐལ་བ་མཆོག་དང་ལྡན་པ་རྣམས་མ་གཏོགས་མི་སྤོང་ཡང་དབང་རང་རང་གི་ལམ་གྱིས་ནི་དངོས་སུ་སྤོང་བས་དབང་ཐོབ་པའི་དུས་ནས་འདག་རུང་དུ་བྱས་པས་གཏོར་བ་དང་ཥེ་ཀ་ཏ་ཞེས་པའི་སྒྲས་སྐལ་བ་བླུགས་པ་སྟེ། ཆོས་ཉིད་ལ་སྐུ་བཞིའི་ཡོན་ཏན་རང་ཆས་སུ་ཡོད་པ་དེ་དབང་རང་རང་གི་ལམ་གྱིས་སྒྲིབ་པ་བསལ་བའི་སྟོབས་ཀྱིས་དངོས་སུ་མངོན་དུ་འགྱུར་བའི་ཕྱིར་དབང་ཐོབ་པའི་དུས་ནས་ལམ་སྒོམ་རུང་དང་། ཡོན་ཏན་སྐྱེ་རུང་དུ་སོང་བའི་ཕྱིར་ཏེ། མདོར་ན་སྒྲིབ་པ་མཐའ་དག་སྤང་བ་ལ་དབང་བ་དང་། ཡོན་ཏན་མཐའ་དག་ཐོབ་པ་ལ་དབང་བ་རྣམ་པ་གཉིས་སུ་འཇུག་པས་དབང་གི་ངེས་ཚིག་གྲུབ་པ་ཡིན་ནོ། །གསུམ་པ་རྒྱུ་ལམ་འབྲས་བུའི་དབང་བསྟན་པ་ནི། དབང་བཞིའི་ངོ་བོ་མཆོག་གི་ཡོན་ཏན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་རང་བཞིན་རང་ལ་ལྷན་སྐྱེས་སུ་སྨན་གྱི་རོ་དང་ནུས་པ་དང་། དྲི་དང་ཞུ་རྗེས་ལྟར་གནས་པ་ཡིན་ཏེ། དེ་ཡང་ཁམས་དྲུག་གི་ནང་ནས་སེམས་ནི་མིང་བཞིའི་ཕུང་པོ་ཅན་ཡེ་ཤེས་ཀྱི་རྟེན་དང་། ཕུང་པོའི་རྟེན་ནི་འབྱུང་བ་ལྔ་དང་། འབྱུང་བའི་རྟེན་རྩ་དང་། རྩའི་བརྟེན་པ་སྲོག་གི་རླུང་དང་། རླུང་གི་བརྟེན་པ་བྱང་ཆུབ་ཀྱི་སེམས་ཡིན་པས་དབང་བཞིའི་མཚུངས་ལྡན་གྱི་རྒྱུ་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་མངོན་གྱུར་དུ་ལྡན་ཞིང་དེ་ཐམས་ཅད་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ལ་དབང་བཞིའི་ཡོན་ཏན་འབྱོར་པ་དེ་ནི་རྒྱུའམ་གཞི་ཡི་དབང་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་འབར་བའི་རྒྱུད་ལས། སེམས་ནི་མིང་བཞིའི་ཕུང་པོ་སྟེ། །ཕུང་པོའི་རྟེན་ནི་འབྱུང་བ་ལྔ། །འབྱུང་བའི་རྟེན་ནི་རྩ་རྣམས་སོ། །རྩ་རྣམས་བརྟེན་པ་སྲོག་གི་རླུང་། །སྲོག་རླུང་བརྟེན་པ་བྱང་ཆུབ་སེམས། །ཞེས་དང་། རྡོ་རྗེ་ཕུར་པའི་བཤད་རྒྱུད་ལས། །སེམས་ཉིད་རྟོགས་ན་དབང་ཡིན་ཏེ། །ཐམས་ཅད་རང་རིག་ཕུར་བུ་མཆོག །ཅེས་སོ། །དེ་ལྟར་རྒྱུ་དབང་རང་ལ་གནས་པ་མངོན་དུ་བྱེད་པ་ཐབས་སུ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཉིད་ཀྱིས་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་ཞིང་རྣམ་པར་དག་པས་བསྐུར་བ་དང་། དེ་ལས་གཞན་པ་བདག་འཇུག་དང་། རྣལ་འབྱོར་ཟབ་མོའི་དབང་བཞི་དང་། བྱིན་རླབས་འཕོ་བའི་རྒྱུན་ལ་རང་གི་དམིགས་པས་ཡང་ཡང་འདྲིས་ཤིང་གོམས་པར་བྱེད་པ་ཐམས་ཅད་ལམ་གྱི་དབང་ཡིན་ལ། རྒྱུ་མཚན་ཉིད་ཐེག་པའི་སྐབས་སུ་སློབ་ལམ་མཐར་ཕྱིན་ནས་ས་བཅུའི་རྒྱུན་མཐའི་དུས་སུ་འོད་ཟེར་ཆེན་པོའི་དབང་ཐོབ་པར་བཤད་པ་བཞིན་དུ་རང་གི་སེམས་ཉིད་ལ་ལྡན་པའི་དབང་གི་དེ་ཁོ་ན་ཉིད་ཉི་མའི་དཀྱིལ་འཁོར་ལྟ་བུ་དེ་འཁོར་བའི་རང་བཞིན་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་དྲི་མ་གློ་བུར་བ་སྤྲིན་སྦུབས་ལྟ་བུས་བསྒྲིབས་ཏེ་མི་མངོན་པར་གྱུར་བ་དེ་ཉིད་ལམ་དུས་ཀྱི་དབང་དང་། མངོན་རྟོགས་བསྐྱེད་རྫོགས་རྣམས་ཀྱི་བྱེད་ལས་རླུང་ལྟ་བུ་དེས་དྲི་མ་གློ་བུར་བ་བསལ་བའི་མོད་ལ་གཞི་ན་ཡོད་པའི་ཡོན་ཏན་སྐུ་བཞིའི་ངོ་བོར་སྨིན་པ་སྟེ་མངོན་དུ་འགྱུར་བ་ཡིན་ཞིང་། དེའི་ཚུལ་མཐར་ལམ་པ་ལ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་དུ་སྣང་བས་ཟབ་མོའི་དབང་གསུམ་བསྐུར་བས་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བ་དག་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་འགྱུར་བར་ཡང་བཤད་ལ། དོན་དུ་རང་རིག་གི་ངོ་བོ་ལ་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་དག་ནས་ནམ་སངས་རྒྱས་པ་དེའི་ཚེ་འབྲས་བུའི་ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བས་འབྲས་བུའི་དབང་ཞེས་བྱའོ །དེ་ཡང་ཕར་ཕྱིན་ཐེག་པ་ལྟར་རྒྱུ་འབྲས་སྔ་ཕྱི་ཅན་མ་ཡིན་ཡང་གནས་སྐབས་ཙམ་དུ་རྒྱུ་ལམ་འབྲས་བུའི་དབང་གི་ཐ་སྙད་བཏགས་པ་ཡིན་ནོ། །དེ་དག་ཀྱང་བསྡུ་ན་རྣམ་པ་གཉིས་སུ་འདུ་སྟེ། དབང་སྔ་མ་གསུམ་འདུས་བྱས་ཀུན་རྫོབ་པའི་ཆ་ཡིན་ཏེ་ངོ་སྤྲོད་ཚུལ་དང་ལམ་ཉམས་སུ་ལེན་ཚུལ་གཉིས་ཀ་སེམས་དང་བཅས་པའི་ཕྱིར། ཕྱི་མ་ནི་འདུས་མ་བྱས་དོན་དམ་པའི་བདེན་པའི་རང་བཞིན་ཡིན་ཏེ། ངོ་སྤྲོད་ཚུལ་དང་ཉམས་སུ་ལེན་ཚུལ་གཉིས་ཀ་སེམས་ལས་འདས་པའི་ཡེ་ཤེས་ཡིན་པའི་ཕྱིར། དང་པོའི་སངས་རྒྱས་ལས། གསུམ་པོ་འཇིག་རྟེན་ཀུན་རྫོབ་སྟེ། །བཞི་པ་དོན་གྱི་དམ་པ་ཡིན། །ཞེས་སོ། །བཞི་པ་སྡོམ་པའི་ཐོབ་མཚམས་བཤད་པ་ནི། དེ་ལྟར་དབང་བཞི་པོ་མཐའ་རྟེན་དང་བཅས་པ་རྫོགས་པའི་ཚེ་ན་རིག་འཛིན་གྱི་སྡོམ་པའང་ཐོབ་པ་ཡིན་ཏེ། དེའང་སློབ་བུའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ནས་བརྩམས་ཏེ་རྒྱུད་སྡེ་འོག་མ་གསུམ་ལ་རང་ལུགས་ཀྱི་དངོས་གཞི་རྫོགས་ནས་སློབ་དཔོན་གྱི་དབང་བསྐུར་བའི་མཐའ་དང་། བླ་མེད་ལ་བུམ་དབང་གི་མཐར་བསྐྱེད་རིམ་གྱི་སྔགས་སྡོམ་དངོས་བསྟན་དང་། དབང་གོང་མ་གསུམ་ལ་དེ་དང་ངོ་བོ་གཅིག་པའི་རྫོགས་རིམ་གྱི་སྡོམ་པ་སྟེ་སོ་སོའི་མཚམས་སུ་གསར་དུ་ཐོབ་པ་ན་འོག་མའི་ངོ་བོ་ཇེ་བཟང་དུ་སོང་ཞིང་ལྡོག་པ་ཐ་དད་པར་ཡོད་པས་རང་རང་ལ་ལྟོས་པའི་ཡོན་ཏན་དང་། རྩ་ལྟུང་གཉིས་ཀ་བསྐྱེད་པའི་རྟེན་དུ་འགྱུར་བ་ཡིན་ནོ། །དེ་ནས་དམ་ཚིག་བསྲུང་བར་དམ་བཅས་ནས་ཡོན་དབུལ་བར་བྱ་སྟེ། གསང་སྙིང་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཞེས་པ་ལྟར་རོ། །དེ་ལྟར་ཕུལ་བའི་ཕན་ཡོན་ཡང་། དེ་ཉིད་ལས། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པར་འགྱུར། །ཞེས་སོ། །གསུམ་པ་དབང་ཐོབ་པའི་ཕན་ཡོན་ནི། དེ་ལྟར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། དད་མོས་ཅན་གྱི་སློབ་མ་ཆོ་ག་ཕུན་སུམ་ཚོགས་པ་ལ་བརྟེན་ནས་དབང་བསྐུར་བ་ན་རབ་དབང་དོན་གྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ། འབྲིང་ཉམས་མྱོང་གི་སྣེ་ཟིན། ཐ་མ་གོ་བས་ངོ་འཕྲོད་པ་གང་ཡང་རུང་བས་དབང་རྣལ་མ་ཞིག་ཐོབ་ན། སྐྱེས་བུ་དེའི་རྒྱུད་ནི་དཔེར་ན་གཤོལ་གྱིས་རྨོ་བ་ལ་སོགས་པའི་སྒོ་ནས་ཐ་བའི་སྐྱོན་ལེགས་པར་སྦྱངས་བའི་ཞིང་ས་གཤིན་པོ་དེར་ནས་ལ་སོགས་པའི་ས་བོན་བཞག་པ་སྟེ་བཏབ་ན་དེ་ཆུ་ལུད་དྲོད་གཤེར་གྱི་རྐྱེན་དང་འཛོམ་པས་སྐད་ཅིག་རེ་རེ་བཞིན་མྱུ་གུའི་དངོས་པོ་ཆེར་འཕེལ་ནས་འབྲས་བུ་ཡོངས་སུ་རྫོགས་པར་སྨིན་པ་མཐར་ཐུག་པར་འགྱུར་བ་ཇི་ལྟ་བ་བཞིན་དུ། སྔར་ཡོན་ཏན་སྐྱེར་མི་རུང་བའི་ཐ་བ་ལྟ་བུ་དེ་དབང་གིས་ལེགས་པར་སྦྱངས་ནས་སྐུ་བཞིའི་ས་བོན་བཞག་པས་སྨིན་རུང་དུ་བྱས་པ་དེ་དབང་སོ་སོའི་ལམ་བསྐྱེད་རྫོགས་ལ་གཞོལ་བའི་རྐྱེན་དང་འཛོམ་ན་སྐད་ཅིག་རེ་རེ་བཞིན། སྒོ་གསུམ་དང་ཐ་དད་དུ་འཛིན་པ་སྟེ་བཞི་དང་། ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་ཀྱི་སྒྲིབ་པ་དང་། གནས་སྐབས་བཞིའི་སྒྲིབ་པ་སོགས་རིམ་གྱིས་དག་སྟེ་སློབ་ལམ་བཞིའི་ངོ་བོར་གྱུར་པའི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཚོགས་གཉིས་ཀྱི་ཡོན་ཏན་ཐམས་ཅད་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ཀྱི་སྒོ་ནས་བགྲོད་ཅིང་གོང་ནས་གོང་དུ་འཕེལ་ཏེ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་དང་། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་ལ་སོགས་པ་བཞི་ལ་གནས་པའི་རང་བཞིན་སྒྲིབ་པ་བྲལ་སྟོབས་ཀྱིས་འབྲས་བུའི་ཆོས་སུ་རྣམ་པར་བཞག་པའི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་ནོ། །དེ་ལྟར་ཡང་འདུས་པ་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོའི་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། གསང་བ་སྙིང་པོ་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །མ་ཐོབ་པའི་ཉེས་དམིགས་ནི། །མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང་། སངས་རྒྱས་ཐོད་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པ་ཡིན། །དེ་བཞིན་དབང་དང་བྲལ་བའི་དུས། །ཡེ་ཤེས་ཀུན་གྱིས་སྟོངས་པ་ཡིན། །དཔེར་ན་པི་ཝཾ་སྦྱོར་སོགས་ཀུན། །རྒྱུད་དང་བྲལ་ན་བརྡུང་མི་ནུས། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ། །དེས་ན་བྱང་སྔགས་ཀྱི་སྡོམ་པ་འདི་ནི་སོར་སྡོམ་ལྟ་བུ་ལན་ཅིག་ལས་ཞུ་རྒྱུ་མེད་པ་མ་ཡིན་པར། ལན་གྲངས་མང་པོར་ཞུས་ན་ཡོན་ཏན་གྱི་ཚོགས་གོང་དུ་འཕེལ་ཞིང་ཉམས་ལེན་ལ་བོགས་ཐོན་པ་དང་། ཉེས་པའི་ཚོགས་ཐམས་ཅད་དག་པར་འགྱུར་བ་ཡིན་པས་ཡང་ཡང་ལེན་པ་ལ་འབད་པར་བྱའོ། །ཁྱད་པར་དུ་དབང་ནི་གསང་སྔགས་ཀྱི་ལམ་བསྒྲུབ་པ་ལ་མེད་དུ་མི་རུང་ཞིང་ཤིན་ཏུ་གལ་ཆེ་བའི་ཚུལ། སྤྱི་དོན་འོད་གསལ་སྙིང་པོ་ལས། མདོར་ན་རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མའི་འཇུག་སྒོ་གཅིག་པུར་གྱུར་པ་དབང་ཞེས་བྱ་བ་ནི། ལམ་བསྒོམ་པ་དང་། འབྲས་བུ་ཐོབ་པ་ལ་དབང་བར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་པས་ན། འདི་ལ་བརྟེན་ནས་སྔགས་ཀྱི་ལྟ་བ་རྒྱུད་ལ་སྐྱེ་བ་དང་། དེའི་དོན་བཞིན་བསྒོམ་པ་དང་། སྤྱོད་པ་ལ་ནུས་པ་ཐོབ་པ་དང་། སྒྲུབ་པ་དང་མཆོད་པ་ཕྲིན་ལས་སྔགས་དང་ཕྱག་རྒྱ་རྣམས་དོན་ཡོད་པ་དང་། དམ་ཚིག་ཐོབ་པར་བྱེད་པས་ན་དབང་ནི་ཀུན་གྱི་འབྱུང་གནས་ལྟ་བུ་དང་། གོ་འཕང་གི་རིམ་པ་ཐོབ་པར་བྱེད་པ་ལ་རྒྱལ་པོ་ལྟ་བུ་ཡིན་པས་ན་ཐམས་ཅད་འདི་ལ་བརྟེན་པར་གྱུར་ཅིང་མཐར་ཐུག་གི་དོན་ལ་བསྐུར་ཐོབ་མེད་པར་ཡེ་ནས་ཆོས་སྐུ་ཆེན་པོར་རྫོགས་པའི་དོན་མཐོང་ན་རང་རིག་པ་རྩལ་གྱི་དབང་ཐོབ་པ་སྟེ་རྫོགས་པ་ཆེན་པོའི་ཚུལ་ཉིད་དུ་ནི་དབང་ཐམས་ཅད་མཐར་ཕྱིན་པ་ཡིན་ནོ། །ཞེས་སོ། །གཉིས་པ་གྲོལ་བྱེད་བསྐྱེད་རྫོགས་ཀྱི་ལམ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། མཇུག་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་དབང་གིས་རྒྱུད་ལེགས་པར་སྨིན་པར་བྱས་ནས། གཉིས་པ་རང་བཞིན་ཡེ་ནས་དག་པའི་ཆོས་ཉིད་ལ་གློ་བུར་དུ་ཀུན་རྟོག་མཐུ་བརྟས་པའི་དབང་གིས་འཁྲུལ་བའི་འཁོར་ལོར་འཕྱན་པ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་གྲོལ་བར་བྱེད་པའི་ལམ་གཞན་ལས་ཆོས་ཁྱད་པར་དུ་འཕགས་པ་གསང་སྔགས་ནང་རྒྱུད་གསུམ་གྱི་ཉམས་ལེན་ལ་རྣམ་གྲངས་དཔག་ཏུ་མ་མཆིས་པ་ཞིག་ཡོད་ཀྱང་མདོར་བསྡུ་ན་ཐེག་པ་ཆེན་པོའི་ལམ་གྱི་མདོ་ཆིངས་ཐབས་ཤེས་གཉིས་སམ་ཚོགས་གཉིས་པོ་ལྟ་དགོངས་ཟབ་མོ་དང་ཐབས་ལ་མཁས་པའི་སྒོ་ནས་མ་དག་པའི་སྣང་ཞེན་སྦྱོང་ཕྱིར་གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་བསྐྱེད་པའི་རིམ་པ་ཁྱད་ཆོས་བཞི་དང་ལྡན་པ་དང་། སྒོ་གསུམ་གྱི་སྙིགས་མ་གཅོད་པ་དང་། སྙིང་པོའི་དོན་ལ་འཇུག་པའི་ཕྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་སུ་འཇུག་པ་རྫོགས་པའི་རིམ་པ་ཁྱད་ཆོས་གསུམ་དང་ལྡན་པ་སྟེ་རྣམ་པ་གཉིས་སུ་འདུ་བ་ལས། བསྐྱེད་རིམ་གྱི་ཁྱད་ཆོས་བཞི་ནི། ཆོ་གའི་ཁྱད་པར་རྒྱུད་ནས་གསུངས་པའི་བསྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །རྫོགས་རིམ་གྱི་ཁྱད་པར་གསུམ་ནི། རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་པར་བྱེད་པ། རྣམ་པའི་ཁྱད་པར་ལྷན་སྐྱེས་ཀྱི་བདེ་བ་སྟོང་གཟུགས་དང་ངོ་བོ་གཅིག་ཏུ་གྱུར་པའི་བདེ་སྟོང་ཟུང་འཇུག་གོ། །དེ་ལྟ་བུའི་བསྐྱེད་རྫོགས་གཉིས་པོ་འདི་དབང་རྣོན་གྱིས་ནི་དང་པོ་ནས་ཟུང་འཇུག་ཏུ་བསྒོམ་ནུས་ཀྱིས། དེ་ལྟར་མི་ནུས་པ་རྣམས་ཀྱིས་དང་པོ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་གཟོད་རྫོགས་རིམ་ལ་བསླབ་དགོས་ཏེ། ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་གསུངས། །ཞེས་སོ། །ལམ་འདི་དག་མཚན་ཉིད་ཐེག་པའི་ལམ་ལས་ཁྱད་པར་དུ་འཕགས་པའི་ཚུལ་མདོར་བསྡུ་ན་སྤང་རྟོགས་ཀྱི་ཡོན་ཏན་བསྐྱེད་པའི་ཚུལ་གྱིས་ཏེ། དེ་ལ་སྤང་བྱ་སྤོང་བའི་ཚུལ་ཡང་སྒྲིབ་པ་གཉིས་ལས་གཙོ་བོར་བསྐྱེད་རིམ་གྱིས་ལྷའི་ང་རྒྱལ་བརྟན་པ་དང་། འདོད་ཡོན་དང་ཆོས་ཀྱི་ཕྱག་རྒྱ་ལ་རོལ་བར་བལྟ་བ་དང་། བླང་དོར་མེད་པའི་སྤྱོད་པ་སྐྱོང་བ་སོགས་ཉོན་མོངས་པ་ལམ་དུ་བྱེད་ཅིང་དེ་ཐམས་ཅད་ཆོས་ཉིད་ཀྱི་ལྟ་བས་ཟིན་པར་བྱེད་པས་ཤེས་སྒྲིབ་ཀྱང་མི་སྤོང་བ་མ་ཡིན་ལ། སྡུག་ཀུན་གཉིས་ལས་ཀུན་འབྱུང་ནི་ཉོན་མོངས་ལམ་དུ་བྱེད་པ་དེ་ཉིད་ཀྱིས་སྲིད་པར་འཕེན་བྱེད་ཀྱི་ལས་ཐམས་ཅད་ཡང་དག་པའི་ལམ་དུ་བསྒྱུར་བར་བྱེད་ལ། སྡུག་བསྔལ་བདེན་པའི་གཙོ་བོ་སྐྱེ་ཤི་གཉིས་ལས་སྐྱེ་བ་ལམ་དུ་བྱེད་དོ། །རྫོགས་རིམ་གྱིས་ནི་གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ཅིག་ཅར་དུ་དབྱིངས་སུ་དེངས་པར་བྱེད་པས་གཙོ་བོ་ཤེས་སྒྲིབ་ཀྱི་གཉེན་པོ་བྱེད་ལ། མཚན་བཅས་རྫོགས་རིམ་གྱི་སྐབས་སུ་ཕྱག་རྒྱ་ལ་སོགས་པའི་ཐབས་ལ་བརྟེན་ནས་ཆགས་པའི་རོ་དགའ་བ་བཞིའི་ཡེ་ཤེས་སོགས་སུ་ལམ་དུ་བྱེད་པས་ཉོན་སྒྲིབ་ཀྱི་གཉེན་པོར་ཡང་འགྱུར་བས་ཀུན་འབྱུང་སྤོང་ལ་སྡུག་བདེན་སྐྱེ་ཤི་གཉིས་ལས་འཆི་བ་ལམ་དུ་བྱེད་པ་ཡིན་ནོ། །ལམ་ལ་ལྟོས་ན་བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་དང་། རྫོགས་རིམ་གྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་སྒོ་ནས་ལམ་ལྔ་མཐར་ཕྱིན་པར་བྱེད་ཅིང་། འབྲས་བུ་ལ་ལྟོས་ན་བསྐྱེད་རིམ་གྱིས་གཟུགས་སྐུ་དང་། རྫོགས་རིམ་གྱིས་ཆོས་སྐུ་ལམ་དུ་བྱས་ནས་མྱུར་དུ་དེ་གཉིས་མངོན་དུ་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསྐྱེད་རིམ་བཤད་པ་དང་། རྫོགས་རིམ་བཤད་པའོ། །དང་པོ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་ལམ་རིམ་པ་གཉིས་སུ་ཡོད་པ་དེ་ལས་དང་པོ་ཐབས་གཙོ་ཆེ་བ་བསྐྱེད་པའི་རིམ་པ་ནི། སྐྱེ་བ་ལམ་དུ་བྱེད་པའི་ཐབས་ཡིན་པས་རིགས་དྲུག་གི་སེམས་ཅན་འདི་ཐམས་ཅད་འཁོར་བར་སྐྱེ་བ་ལེན་པ་ནི་སྐྱེ་གནས་རྣམ་པ་བཞི་པོ་གང་ཡང་རུང་བ་ལ་བརྟེན་ནས་སྐྱེ་སྟེ། སྤྱིར་མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ག་སྲིད་ཅིང་། ཞིང་དག་པའི་བྱང་ཆུབ་སེམས་དཔའ་དང་། ལྷ་དང་། དམྱལ་བ་དང་། བར་དོའི་འགྲོ་བ་རྣམས་བརྫུས་ནས་སྐྱེས་ལ། ཡི་དྭགས་ནི་མངལ་སྐྱེས་ཀྱང་སྲིད་ལ། ཕལ་མོ་ཆེ་བརྫུས་སྐྱེས་སོ། །མཁའ་ལ་རྒྱུ་བའི་ཡི་དྭགས་བདུན་དང་གནོད་སྦྱིན་དང་སྲིན་པོ་སོགས་འགའ་ཞིག་ནི་སྒོ་ང་ལས་སྐྱེའོ། །ས་རྡོ་ཆུ་ཤིང་ལས་སྐྱེ་བ་ནི་དྲོད་གཤེར་སྐྱེས་སོ། །དེ་ལྟར་སྐྱེས་པ་དེའི་ཚེ་ཡང་སྔ་མའི་ལས་ཀྱིས་འཕངས་པའི་གནས་དོན་ལུས་ཀྱི་སྣང་བ་རྒྱ་ཆེན་པོ་དང་། ཕྱི་མར་འཕེན་པར་བྱེད་པའི་ལས་ཀྱང་སྣ་ཚོགས་པ་གསོག་པར་བྱེད་པའི་ཕྱིར་དེ་ལྟ་བུའི་བག་ཆགས་དེ་དག་སྦྱོང་བའི་ཕྱིར་སྐྱེ་གནས་བཞི་པོ་དེ་དང་ཚུལ་མཐུན་པར་རྒྱས་པ་ཆེན་པོའི་བསྐྱེད་རིམ་སོགས་རྣམ་པ་བཞི་སྟོན་པ་ཡིན་ནོ། །འདི་ལྟ་བུའི་ཟབ་མོའི་ལམ་འདི་ལ་སྔོན་སྦྱངས་ཅན་དང་། དབང་པོ་ཤིན་ཏུ་རྣོན་པོ་ཅིག་ཆར་བའི་རིགས་ལྟ་བུ་སྐལ་བ་བཟང་པོ་དང་ལྡན་པ་རྣམས་མ་གཏོགས། གང་ཟག་རིམ་གྱིས་པ་རྣམས་ཀྱིས་ཐུན་མོང་ཐེག་པའི་ལམ་གྱིས་རྒྱུད་ལེགས་པར་མ་སྦྱང་བར་འཇུག་སྔ་བྱས་ན་རང་རྒྱུད་ཆུད་ཟོས་སུ་འགྱུར་བ་ལས་མེད་པས། ལམ་གནད་ཐམས་ཅད་མདོར་བསྡུ་ན་ཐེག་དམན་གྱི་ལམ་ལ་བརྟེན་ནས་འཁོར་བ་ལས་ཡིད་འབྱུང་བ་དང་། ཐེག་ཆེན་ཐུན་མོང་བའི་ལམ་ལ་བརྟེན་ནས་གཞན་ཕན་གྱི་བློ་གཏིང་ནས་སྐྱེས་པའི་གཉིས་པོ་དེ་ལ་ལམ་གྱི་གཞུང་ཤིང་ཐམས་ཅད་ཚང་བ་ཡིན་པས་ལམ་གྱི་ཡན་ལག་གཞན་ཐམས་ཅད་གཉིས་པོ་དེར་ངང་གིས་འདུའོ། །དེས་ན་དེ་འདྲ་བའི་གང་ཟག་དེས་མཚན་ཉིད་དང་ལྡན་པའི་བླ་མ་བསྟེན་ནས་སྔགས་ལ་ཞུགས་ན་སྔགས་ལམ་པ་རྣལ་མ་ཞིག་འོང་གིས། དེ་ལྟ་མ་ཡིན་པར་འཁོར་བ་སྤྱི་དང་ཚེ་འདིའི་སྣང་ཤེས་ལས་བློ་མ་ལོག་ཅིང་། གཞན་ལ་ཕན་འདོད་ཀྱི་བསམ་པ་བཟང་པོ་གང་ཡང་མེད་བཞི ན་སྔགས་ལ་ཞུགས་ཏེ་དབང་དང་བསྐྱེད་རྫོགས་སོགས་ལ་བསླབ་པར་བྱེད་པ་དེ་ནི་གཟུགས་བརྙན་ཅི་ཙམ་བཟང་། ཁ་ལྟ་ཇི་ལྟར་མཐོ། ལག་ལེན་ཇི་ཙམ་མཁས་ཀྱང་རུང་། དེར་མ་ཟད་ཐུན་མོང་གི་དངོས་གྲུབ་བྱ་ལྟར་ནམ་མཁའ་ལ་འཕུར། རི་བྲག་ལ་ཟང་ཐལ་དུ་འགྲོ་ནུས་པ་སོགས་བྱུང་ཡང་ལམ་གྱི་གནད་འཕྱུགས་ཟིན་པས་སྲིད་པའི་རྒྱུ་ལས་མི་འདའ་བས་ལམ་གནད་མ་འཕྱུགས་པ་ནི་གལ་ཆེ་སྟེ། འཇམ་དབྱངས་ས་པཎ་གྱི་ཞལ་ནས། གནད་རྣམས་མིན་པའི་ཆོས་གཞན་འགའ། །མ་ཚང་བ་དང་ལྷག་པ་དང་། །ཅུང་ཟད་འཁྲུལ་པར་གྱུར་ནའང་། །ཉེས་པ་ཆེན་པོ་བསྐྱེད་མི་ནུས། །ཆོས་ཀྱི་གནད་རྣམས་བཅོས་གྱུར་ན། །ཆོས་གཞན་བཟང་ཡང་འཚང་མི་རྒྱ། །དཔེར་ན་འགྲོ་བའི་སྲོག་རྩ་དང་། །ལྗོན་ཤིང་རྣམས་ཀྱི་རྩ་བ་དང་། །ས་བོན་གྱི་ནི་སྐྱེ་ས་དང་། །ཐགས་རྣམས་ཀྱི་ནི་སྲོག་ཤིང་དང་། །བཅུད་རྣམས་ལེན་གྱི་རྩ་བ་དང་། །དབང་པོ་རྣམས་ཀྱི་གནད་རྣམས་ནི། །འཕྱུགས་ན་བསྒྲུབ་ཏུ་མི་རུང་བཞིན། །དེ་བཞིན་ཆོས་ཀྱི་གནད་འཕྱུགས་ན། །ལེགས་ལེགས་འདྲ་ཡང་འབྲས་བུ་མེད། །དེས་ན་ལ་ལ་འཁྲུལ་ཡང་སླ། །གནད་རྣམས་འཁྲུལ་མེད་དཔྱད་དགོས་སོ། །ཞེས་གསུངས་པ་ལྟར་རོ། །རྒྱུ་མཚན་དེ་ལྟ་བུ་ལ་དགོངས་ནས་སྙིགས་མའི་སྔགས་བཙུན་རྣམས་ཀྱིས་ལམ་གནད་མི་འཕྱུགས་པའི་ཕྱིར། །རིགས་འཛིན་ཆེན་པོ་པདྨ་བཛྲ་གྱི་ཞལ་སྔ་ནས་ཀྱང་བསྐྱེད་རིམ་གྱི་ལམ་གནད་བཅུ་གསུངས་པའི་ཐོག་མར། མ་རིག་ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི། །ཁམས་གསུམ་འབར་བའི་མེ་འོབས་ལྟར་མཐོང་ནས། །ངེས་འབྱུང་བསམ་པས་སོ་ཐར་གང་རུང་བླང་། །ཡོན་ཏན་གཞི་རྟེན་ལམ་གནད་དང་པོ་ཡིན། །ཐོག་མེད་དུས་ན་སྐྱེ་འཆིའི་འཁོར་ལོ་འདིར། །འཁྱམས་པའི་ཚེ་ན་ཕ་མར་མ་གྱུར་མེད། །ལུས་ཅན་འདི་ཀུན་སྲིད་ལས་འདོན་པའི་བློས། །བྱང་ཆུབ་སེམས་བསྐྱེད་ལམ་གནད་གཉིས་པ་ཡིན། །ཚེ་ལུས་གཅིག་གིས་སངས་རྒྱས་སྒྲུབ་པ་ལ། །ཉེ་ལམ་མཐར་ཐུག་རྡོ་རྗེེ་ཐེག་པ་སྟེ། །བླ་མར་མི་བསྟེན་དེ་འགྲུབ་ཐབས་གཞན་མེད། །ཚུལ་བཞིན་བསྟེན་པ་ལམ་གནད་གསུམ་པ་ཡིན། །ཞེས་པ་ལ་སོགས་པ་གསུངས་ཏེ། དེའང་བཞི་པ་དབང་ཐོབ་པར་བྱ་བ། ལྔ་པ་དམ་ཚིག་བསྲུང་བ། དྲུག་པ་ཉམས་ལེན་ལ་རང་རྐྱ་ཐུབ་ཕྱིར་ལྟ་སྒོམ་ལ་སྒྲོ་འདོགས་གཅོད་པ། བདུན་པ་དབེན་པར་སྒྲུབ་པ་ལ་དམ་བཅའ་བ། བརྒྱད་པ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ། དགུ་པ་ཏིང་ངེ་འཛིན་སྐྱོན་མེད་དུ་སྒྲུབ་པ། བཅུ་པ་མཚན་རྟོག་སྡོམ་པའི་བསྐྱེད་རིམ་རྣམ་དག་བསྒོམ་པའི་ཚུལ་རྣམས་ཚང་དགོས་པར་གསུངས་སོ། །དེ་ལྟར་བསམ་པ་དག་ཅིང་དབང་ཐོབ་ལ་དམ་ཚིག་དང་ལྡན་པ་དེས་ཆོ་ག་རྣམ་པར་དག་པ་ཞིག་ལ་བརྟེན་ནས་བསྐྱེད་པའི་རིམ་པ་རྣམས་བསྒོམས་ཏེ་བསྙེན་སྒྲུབ་བྱེད་པ་ནི། དཀྱིལ་འཁོར་གྱི་ལས་དང་སྒྲུབ་རྫས་དང་མཆོད་རྫས་སོགས་སྔར་བཤད་པ་བཞིན་མ་ཚང་བ་མེད་པར་འདུ་བྱས་ལ། རྒྱུད་སྡེ་བཀའ་མའི་ཆོ་ག་སྒྱུ་འཕྲུལ་ཞི་བ་ལྟ་བུ་ལ་མཚོན་ན། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས། དང་པོ་སྔོན་འགྲོ་ལ་བདུན་ཏེ། དང་པོ་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ། གཉིས་པ་ཡན་ལག་བརྒྱད་པས་རྒྱུད་སྦྱང་བ། གསུམ་པ་མཚོན་ཆ་དམ་ཚིག་ལས་རྒྱལ་པོ་ལྔའི་ཕྱག་རྒྱས་མཚམས་གཅོད་པ། བཞི་པ་བརྗོད་མེད་ཀྱི་བཤགས་པ་བྱ་བ། ལྔ་པ་པུཎྜ་རཱི་ཀའི་རྒྱུད་ལས་གསུངས་པ་ལྟར་དམ་བཅའ་ཉི་ཤུ་པ་བྱ་བ། དྲུག་པ་བབས་དྲུག་འདས་བཞིའི་དགོངས་པས་བདག་གནས་ཡོ་བྱད་རྣམས་ལ་བྱིན་དབབ་པ། བདུན་པ་ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་རློབས་པའོ། །གཉིས་པ་དངོས་གཞི་ལ་ཁྱད་པར་གྱི་སྦྱོར་བ་ཀུན་རྫོབ་དང་དོན་དམ་པའི་སེམས་རྣམ་པ་གཉིས་བསྐྱེད་ནས། ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི་སྣང་བའི་ཞེན་པ་སྦྱོང་ཕྱིར་སྟོང་ཆེན། སྟོང་བའི་ཞེན་པ་སྦྱོང་ཕྱིར་སྙིང་རྗེ་སྒྱུ་མ། སྣང་སྟོང་སོ་སོར་ཞེན་པ་སྦྱོང་ཕྱིར་རྒྱུའི་ཏིང་འཛིན་བསྒོམ་ཞིང་བརྟན་པའི་ཡན་ལག་ཏུ་ཡི་གེའི་སྤྲོ་བསྡུ་ལ་སེམས་སྦྱོང་བ་རྣམས་སོ། །གཉིས་པ་ལ་འབྱུང་ལྔའི་ཞེན་རྟོག་སྦྱོང་ཕྱིར་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ། མ་དག་པའི་སྣོད་བཅུད་ཀྱི་སྣང་ཞེན་སྦྱོང་ཕྱིར་བྷྲཱུྃ་ལས་རྟེན་གཞལ་ཡས་ཁང་། ཡི་གེ་ཞེ་གཉིས་ལས་ཆོ་ག་གསུམ་གྱིས་བརྟེེན་པ་ལྷའི་དཀྱིལ་འཁོར་རྣམས་བསྐྱེད་དེ། རིགས་མཐུན་གྱི་ལས་ལ་དབང་བསྒྱུར་བའི་ཞེན་པ་སྦྱོང་ཕྱིར་དབང་བསྐུར་བ་དང་། སྒོ་གསུམ་སྟོབས་འཕེལ་བའི་ཞེན་རྟོག་སྦྱོང་ཕྱིར་བྱིན་གྱིས་བརླབས་པ་རྣམས་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་འཁོར་འདས་ཐ་དད་ཀྱི་ཞེན་པ་སྦྱོང་ཕྱིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྙན་གསན་དབབ་ཅིང་སྤྱན་དྲངས་པ་ལ་རིག་པའི་མེ་ཏོག་དོར་ནས་དབྱེར་མེད་དུ་བསྟིམ་པ་དང་། གཉིས་པ་ཚོགས་གཉིས་རྫོགས་པའི་ཕྱིར་ཕྱག་དང་མཆོད་པ་བཅུ་གསུམ་འབུལ་བ་དང་། གསུམ་པ་རྒྱུད་དག་ཕྱིར་བཤགས་པ་བྱ་བ། བཞི་པ་དངོས་གྲུབ་གསོལ་བ། ལྔ་པ་དམ་བཅའ་བ། དྲུག་པ་འཛབ་ཁ་ཕྱེ་ནས་དམ་ཡེ་འཕྲོ་འདུ་གསུམ་གསལ་བས་ངག་གི་ཞེན་པ་སྦྱོང་བ་དང་། ལྷའི་ཐུགས་དམ་བསྐུལ་བའི་ཕྱིར་འཛབ་བཟླ་ཞིང་སྐབས་ཀྱི་མཇུག་བསྡུ་བ་རྣམས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་སྟེ། དང་པོ་བསོད་ནམས་སྤེལ་ཕྱིར་ཚོགས་ཀྱི་མཆོད་སྦྱིན། གཉིས་པ་ལས་འཆོལ་ཕྱིར་བསྟན་མ་སྐྱོང་བ། གསུམ་པ་རྟག་ཆད་ཀྱི་མཐའ་བསལ་ཕྱིར་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་བ། བཞི་པ་བར་ཆད་ཀྱི་རྒྱུན་གཅོད་ཕྱིར་གོ་བགོ་ལུས་བསྲུང་བྱ་བ། ལྔ་པ་སྤྱོད་པ་རྣམ་པར་དག་པའི་ཕྱིར་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་བསྐྱང་བ་རྣམས་སོ། །དེ་དག་གིས་སྤྱིའི་འགྲོས་ཙམ་ཞིག་ཤེས་པར་བྱས་ནས། གཞན་སྒྱུ་འཕྲུལ་ཁྲོ་བོ་ལྟ་བུ་ལ་ཁྲོ་བོ་རང་གི་སྒོས་ཆོས་དམིགས་བསལ་རྣམས་དང་། ཆོ་ག་གཞན་ལའང་རྒྱས་བསྡུས་སོགས་མི་འདྲ་བ་ཅི་རིགས་པ་ཡོད་པའང་ཤེས་པར་བྱའོ། །ཡང་གཏེར་མའི་ཆོ་ག་རྣམས་ལའང་རྒྱས་བསྡུས་སོགས་མི་འདྲ་བ་མང་དུ་ཡོད་ཀྱང་། སྤྱི་ཙམ་དུ་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལ་བདུན་ལས་ཐོག་མར་རང་ཉིད་གཉུག་མའི་ལྷར་གསལ་བཞིན་པའི་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་ཉིད་སྔར་དབང་དུས་སུ་དམ་ཚིག་གི་ཆུ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པ་དང་དབྱེར་མེད་དུ་བྱས་ནས་བྱིན་འབེབས་ཀྱིས་དམ་ཡེ་གཉིས་སུ་མེད་པར་བརྟན་པར་བགྱིས་པ་དེ་ཧཱུྃ་ཡིག་གི་ངོ་བོར་གསལ་བ་ལས་འོད་ཟེར་འཕྲོས་པས། རང་བཞིན་སྤྲོས་པ་དང་བྲལ་བ་ཆོས་སྐུའི་དབྱིངས་ནས་བླ་མ་དང་གཉིས་སུ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཟུགས་སྐུ་ཡེ་ཤེས་སྒྱུ་མའི་རྣམ་རོལ་དུ་ཐུགས་རྗེའི་དབང་གིས་བཞེངས་ཏེ་གང་སྒྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཞུགས་པར་བསམས་ལ། བདག་ཅག་གི་སྟོན་པས་སློབ་པ་ལམ་གྱི་གནས་སྐབས་ན་དང་པོ་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ལྟར། རང་རིག་གི་ངོ་བོ་མཆོག་གསུམ་གྱི་རང་བཞིན་ཡིན་པས་དོན་ལ་སྐྱབས་སུ་འགྲོ་བྱ་དང་འགྲོ་བྱེད་མེད་པར་ཤེས་པའི་ངང་ནས་ཐ་སྙད་ཙམ་དུ་བླ་མ་དང་ཡི་དམ་ལ་སངས་རྒྱས། མཁའ་འགྲོ་དང་ཆོས་སྐྱོང་ལ་དགེ་འདུན། བསྐྱེད་རྫོགས་ཟབ་མོ་ལ་ཆོས་སུ་ཤེས་ནས་སྐྱབས་སུ་འགྲོ་བ་དང་། གཉིས་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་བྱ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་དང་། དུས་ཀྱི་ཁྱད་པར་ཚེ་འདི་ཉིད་ལ། ཐབས་ཀྱི་ཁྱད་པར་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་པ་དང་། གསུམ་པ་སྟོན་པ་བཅོམ་ལྡན་འདས་ཀྱིས་བར་དུ་ཚོགས་གཉིས་ཟུང་འཇུག་གི་ལམ་ལ་བསླབ་པ་ལྟར་བསོད་ནམས་མཐའ་ཡས་པ་བསྡུད་པའི་ཏིང་ངེ་འཛིན་བདེན་གཉིས་ཟབ་མོའི་དོན་ལས་མི་འདའ་བའི་སྒོ་ནས་ཡན་ལག་བདུན་པས་རྒྱུད་སྦྱང་ཞིང་ཚོགས་བསགས་ཏེ་རྒྱུད་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པ་དང་། བཞི་པ་སྔོན་སྟོན་པ་ཐོ་རངས་འཚང་རྒྱ་བའི་སྔ་ལོགས་སུ་སྲོད་ལ་བདུད་བཏུལ་བ་བཞིན། མ་རིག་གཉིས་འཛིན་ལས་བྱུང་བའི་ལོག་པར་འདྲེན་པའི་ཚོགས་རྣམས་ཆོས་ཉིད་ངང་གིས་ཁྲོས་པའི་རིག་པ་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་དང་མཚོན་ཆ་འཆོལ་བའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་ཕྱིར་བསྐྲད་པས་གཞི་མེད་རྩ་བྲལ་གྱི་ངང་དུ་དེངས་བར་བསམ་པ་དང་། ལྔ་པ་ཕྱི་རོལ་ཀུན་ཏུ་ཁྲོ་མཚོན་མེ་དཔུང་གི་རྭ་གུར་ཡངས་ཤིང་རྒྱ་ཆེ་བས་གཏམས་ཏེ་རྣམ་རྟོག་འཁྲུལ་པའི་གདོན་བགེགས་ཐམས་ཅད་རིག་པ་སྐུ་གསུམ་གྱི་ངང་དུ་མཚམས་བཅད་པ་སྟེ། དེ་ལྟར་བགེགས་བསྐྲད་པ་དང་། མཚམས་གཅོད་པ་འདིས་ཀྱང་སྣང་སྲིད་དག་མཉམ་གྱི་ལྟ་བ་དང་། མངོན་སྤྱོད་དྲག་པོའི་ཕྲིན་ལས་དང་། མཚན་རྟོག་སྡོམ་པའི་རྣམ་པ་སོགས་སྔགས་ཀྱི་ཁྱད་ཆོས་དུ་མ་ཞིག་སྟོན་ཏོ། །དྲུག་པ་ནི། དམ་ཚིག་གཙང་ཞིང་སྒྲུབ་པ་ལ་གཞོལ་བའི་བདག་སྒྲུབ་པ་པོ་དང་། བཀྲ་ཤིས་ཤིང་བྱིན་ཆགས་པའི་གནས་དང་། གྲངས་ཚོགས་ཤིང་རྣམ་པར་དག་པའི་མཆོད་རྫས་དང་སྒྲུབ་རྫས་སོགས་ཡོད་བྱད་རྣམས་ལ་བྱིན་དབབ་པ་སྟེ། དེ་ཡང་དེ་དག་ཐམས་ཅད་གདོད་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་ཟིན་ཀྱང་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་བསླད་དེ་མ་དག་པར་སྣང་བ་འདི་དག་ལ། བརྒྱུད་གསུམ་གྱི་བླ་མ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་ཕབ་ཅིང་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དང་རོ་གཅིག་ཏུ་བྱེད་པ་དང་། བདུན་པ་ནི། ཕྱི་ནང་གསང་བའི་མཆོད་རྫས་རྣམས་སྣང་སྲིད་རང་བྱུང་གི་མཆོད་པའི་གསང་བ་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་ལ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་སྐུ་གསུམ་གྱི་ལྷ་ཚོགས་རྣམས་ཟག་མེད་དགྱེས་པ་ཆེན་པོ་བསྐྱེད་པའི་རྫས་སུ་མངོན་དུ་གྱུར་པར་བྱེད་པའོ། །གཉིས་པ་དངོས་གཞི་ནི། སྔོན་སྟོན་པ་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་མངོན་པར་སངས་རྒྱས་ཏེ་འཇིན་རྟེན་གསུམ་གྱི་མཆོད་གནས་སུ་གྱུར་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གདུལ་བྱའི་དོན་མཛད་པ་ལྟར། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་ཁོག་དབུབ་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང་། སྤྱན་འདྲེན་ཞིང་ཕྱག་དང་མཆོད་པ་སོགས་འབུལ་བ་དང་། བཟླས་པ་བྱ་བ་རྣམས་སོ། །དང་པོ་ནི་དུས་གསུམ་གྱི་རྟོག་པས་མི་ཤིགས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་གཞག་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནམ་ཀུན་སྣང་གི་ཏིང་ངེ་འཛིན་ཞེས་བྱ་སྟེ། དེ་གཉིས་ཟུང་དུ་འཇུག་པའི་ངང་ལས་རྒྱུའི་ཏིང་ངེ་འཛིན་རང་རིག་གི་ངོ་བོ་ཧཱུྃ་ཡིག་ལ་སོགས་པར་གསལ་ལོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ནང་རྒྱུད་སྡེ་གསུམ་པོའི་སྐབས་འདིར་བདག་མདུན་དབྱེར་མེད་དུ་སྒྲུབ་པ་ཡིན་པས། ཕྱི་རྒྱུད་ལྟར་བདག་མདུན་གཉིས་ལ་མཆོག་དམན་དང་ཐ་དད་དུ་མི་བལྟ་བས་བསྒྲུབ་གཞི་ནི་རང་རིག་གམ་གཉུག་མའི་སྒོ་གསུམ་ཡིན་པ་ལ་ཁྱད་པར་མེད་ལ། བསྒྲུབ་ཚུལ་བདག་མདུན་གྱི་བསྐྱེད་ཆོག་སོ་སོར་ཡོད་པའི་ཆོ་ག་ལ་དེ་བཞིན་དུ་བསྐྱེད་ཅིང་དམ་ཚིག་གི་དཀྱིལ་འཁོར་བདག་མདུན་གཉིས་པོ་ལ་ཡེ་ཤེས་པ་བསྟིམ་པ་དང་། ཡང་བདག་མདུན་སོ་སོར་མི་བསྐྱེད་པ་ལྟར་ན་བསྒྲུབ་རྟེན་དཀྱིལ་འཁོར་དང་རང་གཉིས་དབྱེར་མེད་པའི་ངོ་བོ་དམ་ཚིག་པའི་འཁོར་ལོར་བསྐྱེད་ནས་ཡེ་ཤེས་པ་བསྟིམ་ལ་བཟླས་པའི་ཚེ་དམ་ཡེ་སོ་སོར་དབྱེ་བ་ཡིན་ནོ། །གང་ལྟར་ཡང་རྒྱུའི་ས་བོན་ལས་འབྱུང་བ་རིམ་བརྩེགས། གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས་བརྟེན་པ་ལྷ་བསྐྱེད་པ་ནི། ཆོ་ག་རང་རང་བསྐྱེད་ཚུལ་བཞི་པོ་གང་གི་ལུགས་ལྟར་ཡིན་པ་དེ་བཞིན་དུ་བསྐྱེད་པར་བྱ་སྟེ་གཞུང་དུ་རྒྱས་པར་འཆད་པར་འགྱུར་བ་ལྟར་ཤེས་པར་བྱའོ། །གསུམ་པ་སྤྱན་འདྲེན་པ་སོགས་ནི། གདོད་ནས་དམ་ཡེ་དབྱེར་མེད་ཀྱི་དོན་ལ་ངེས་པ་བརྟན་པོ་ཡོད་ན་སྤྱན་འདྲེན་དང་བཞུགས་གསོལ་ཆེད་དུ་མ་བྱས་ཀྱང་རུང་མོད། ལྷ་དང་རང་རྒྱུད་ཐ་དད་དུ་ལྟ་བ་ཡོད་ན་དེ་གཞོམ་པའི་ཕྱིར་དེ་གཉིས་བྱས་ཏེ་དམ་ཡེ་དབྱེར་མེད་པར་ངེས་ཤེས་བརྟན་པར་བྱ་དགོས་གསུངས། ཕྱག་མཆོད་བསྟོད་པ་རྣམས་ནི་མཆོད་པའི་རྣམ་གྲངས་ཡིན་ལ། བྱེད་པའི་ཚུལ་ཡང་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པ་བྱུང་ནས། དེ་དག་གིས་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཆེན་པོ་སྤྲོས་ཏེ་རང་ལ་མཆོད་པས་མཉེས་པར་བྱེད་པ་འཕྲུལ་དགའི་ལྷ་རྣམས་ཀྱིས་འདོད་ཡོན་ལ་ལོངས་སྤྱོད་པའི་ཚུལ་ལྟ་བུ་དང་། ཕྱོགས་བཅུའི་འཇིག་རྟེན་ན་ཡོད་པའི་འདོད་ཡོན་ཐམས་ཅད་གཟུགས་རྡོ་རྗེ་མ་ལ་སོགས་པའི་ཕྱི་ནང་གསང་བའི་ལྷ་མོའི་རང་བཞིན་དུ་འཕྲུལ་བ་རྣམས་ཀྱིས་རང་རང་གི་བྱེད་ལས་དང་མཐུན་པའི་སྒོ་ནས་མཆོད་པའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པས་མཆོད་པ་དང་། གཙོ་བོའི་ཐུགས་ཀ་ནས་རང་གི་རིག་པའི་ངོ་བོ་ལས་ཀྱི་སེམས་དཔའི་རྣམ་པར་ཐོན་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་དེ་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་པས་མཉེས་པར་བྱེད་པ་གསུམ་ལས་རང་བློར་གང་འཚམས་བྱེད་པ་ལས་ཁྱད་མེད་གསུངས། གང་ལྟར་ཡང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཆོད་པ་དང་རོལ་པའི་བྱ་བྱེད་ལྷ་ལ་ལྷ་རོལ་པའི་ཚུལ་དང་། དོན་དམ་པར་བྱ་བྱེད་ལས་འདས་པ་ཆོས་ཉིད་ལ་ཆོས་ཉིད་རོལ་པའམ་ཐིམ་པའི་ཚུལ་གྱིས་ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པར་བྱེད་པའོ། །བསྟོད་པའང་དེ་ལྟར་ལས། ཁྱད་པར་ནམ་མཁའི་དབྱིངས་ལས་བསྟོད་པའི་གླུ་དབྱངས་རང་གྲག་ཏུ་བྱུང་བ་དང་། འཁོར་རྣམས་ཀྱིས་གཙོ་བོ་ལ་བསྟོད་ཅིང་། གཙོ་བོས་འཁོར་རྣམས་ལ་བསྔགས་པ་བརྗོད་པ་དང་། རྡོ་རྗེའི་ལྷ་མོ་རྣམས་ཀྱིས་བྲོ་གར་དང་སྦྱར་ཏེ་བསྟོད་པའི་ཚུལ་ཇི་ལྟར་བྱས་ཀྱང་འགལ་བ་མེད་དོ། །བཞི་པ་བཟླས་པ་བྱ་བ་ནི། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་གསལ་བ་ལས་སྤྲོ་བསྡུའི་སྦྱོར་བས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་བལྟ་ཞིང་སྒྲ་གྲག་ཐམས་ཅད་སྔགས་ཀྱི་རང་སྒྲར་ཤེས་པས་བཟླས་པ་སྤྱིའི་ལུགས་སུ་བྱ་བ་དང་། གཞན་ཡང་། འགོག་བཟླས་དང་། ཡིད་བཟླས་དང་། ངག་བཟླས་རྣམས་རིམ་གྱིས་བྱེད་པ་དང་། སྔགས་ཕྲེང་གི་འཁོར་ཚུལ་དང་། གཙོ་བོ་དང་། འཁོར་དང་། སྤྱི་དྲིལ་གྱི་སྔགས་རྣམས་ལ་བཟླས་པའི་གྲངས་འགྲོ་ཚུལ་དང་། ཤམ་བུ་གདགས་ཚུལ་སོགས་རང་རང་གི་གཞུང་ལས་ཤེས་པར་བྱ་ཞིང་། བཟླས་པའི་མཇུག་ཏུ་མཆོད་ཅིང་བསྟོད་ནས། བསྙེན་རྐྱང་ལ་མི་དགོས་ཀྱང་། བསྒྲུབ་པ་ལ་སོགས་པའི་དུས་སུ་འཛབ་ཁ་ཕྱེས་ནས་ཡོད་ན་དམ་ཡེ་དབྱེར་མེད་དུ་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི་བསོད་ནམས་སྤེལ་བའི་ཕྱིར་ཚོགས་དང་ལྷག་མའི་མཆོད་སྦྱིན་བྱ་བ་དང་། བར་ཆད་བསྲུང་ཞིང་མཐུན་རྐྱེན་བསྒྲུབ་ཕྱིར་ཆད་ཐོ་བྱ་ཞིང་། བསྟན་མ་སྐྱོང་ལ་བྲོ་བརྡུང་བྱ་བ་དང་། གཏང་རག་ཏུ་མཆོད་ཅིང་བསྟོད་ལ་དངོས་གྲུབ་ལེན་པ་དང་། ལྷག་ཆད་ལ་སོགས་པའི་སྐྱོན་འདག་ཕྱིར་བཟོད་གསོལ་བྱ་བ་དང་། རྟག་ཆད་ཀྱི་མཐའ་བསལ་ཕྱིར་བསྡུ་རིམ་བྱ་ཞིང་རྗེས་ཐོབ་ཀྱི་ལྷར་ལྡང་བ་དང་། ཚོགས་གཉིས་ཀྱི་འབྲས་བུ་ཇི་ལྟར་འདོད་པ་བཞིན་མངོན་དུ་འགྱུར་ཕྱིར་དགེ་བ་བསྔོ་བ་དང་། གནས་སྐབས་དང་མཐར་ཐུག་ཐམས་ཅད་དུ་དགེ་ལེགས་ཀྱི་སྣང་བ་རྒྱུན་མི་འཆད་པའི་ཕྱིར་ཤིས་པ་བརྗོད་པ་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དག་རྫོགས་སྨིན་གསུམ་གྱི་གོ་བ་སྤྱིར་བཤད་པ། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་བྱེ་བྲག་ཏུ་བཤད་པ། བསྐྱེད་གཞི་ཏིང་ངེ་འཛིན་རྣམ་པ་གསུམ་བཤད་པ། ས་ལམ་རིམ་པར་བགྲོད་ཚུལ་བཤད་པའོ། །དང་པོ་དག་རྫོགས་སྨིན་གསུམ་གྱི་གོ་བ་སྤྱིར་བཤད་པ་ནི། གོང་དུ་ཇི་སྐད་བཤད་པ་བཞིན་སྔགས་ཀྱི་ལྟ་བ་ལ་ཡིད་ཆེས་ཤིང་ངེས་པ་རྙེད་ནས་བསྒོམ་དགོས་ཏེ། ཀློང་ཆེན་རབ་འབྱམས་ཀྱིས། དེ་ལ་དང་པོ་གནས་ལུགས་ཤེས་པ་གཅེས། །ཐེག་པའི་དབང་གིས་རྣམ་པ་མང་ན་ཡང་། །ངེས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ། །སངས་རྒྱས་རྣམས་ཀྱི་གསང་བའི་མཛོད་ཁང་ཡིན། །ཞེས་གསུངས། དེ་ཡང་རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང་། མཁས་པས་ཉམས་སུ་བླངས་ཤིང་གྲོལ་བའི་དབང་པོ་ཡོད་པའི་མན་ངག་ཚད་མ་དང་། གཉིས་ཀ་དང་རྗེས་སུ་མཐུན་པའི་རིགས་པ་ཚད་མ་སྟེ་གསུམ་གྱིས་གཏན་ལ་ཕེབས་པ་ཞིག་དགོས་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དང་རིགས་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་སོ། །དེ་ལྟར་ངེས་པར་བྱས་ནས་ལྟ་བ་དང་ཟུང་དུ་འབྲེལ་བའི་བསྒོམ་པས་ཇི་ལྟར་བསྐྱེད་པའི་ཚུལ། འཆི་སྲིད་དང་མཚུངས་པའི་སྟོང་ཉིད། བར་སྲིད་དང་མཚུངས་པའི་སྙིང་རྗེ། དྲི་ཟ་ཉེ་བར་ལེན་པའི་ཤེས་པ་དང་མཚུངས་པའི་ས་བོན་དབང་པོ་ཡོངས་སུ་རྫོགས་ནས་སྐྱེ་བ་ལ་སོགས་པ་དང་མཚུངས་པའི་ལྷ་ཡོངས་རྫོགས་བསྒོམ་པ་དང་། དེ་ཡང་སྐྱེ་གནས་བཞི་པོ་རང་རང་རིག་སྐྱེ་ཚུལ་དང་མཚུངས་པར་རང་རང་སྦྱོང་བྱེད་ཀྱི་གཉེན་པོ་བསྒོམ་པ་སོགས་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་། སྐྱེ་གནས་བཞི་ལ་སོགས་པའི་རྣམ་པ་དང་མཐུན་པར་བསྒོམ་པས། བསྐྱེད་ཚུལ་བཞི་པོ་རེ་རེ་ཡང་སྒོ་གསུམ་འཇུག་པ་གཅིག་པའི་སྣང་ཞེན་དང་རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་ཀུན་ཀྱི་སྦྱོང་བྱེད་དུ་འགྱུར་བས། ལུས་སྣང་བ་འདོད་པའི་སྲིད་པ། ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ། ཡིད་མི་སྣང་བ་གཟུགས་མེད་པའི་སྲིད་པ་སྟེ་སྒོ་གསུམ་པོའི་བག་ཆགས་བཅས་དང་། ཕྱི་རོལ་དུ་སྣང་བའི་ཁམས་གསུམ་པོ་མ་ལུས་པའི་སྣང་ཞེན་ཐམས་ཅད་སྦྱོང་ཞིང་འདག་པར་འགྱུར་བ་དང་། ཡང་མྱ་ངན་ལས་འདས་པ་དང་བཞུགས་ཚུལ་མཐུན་པ་ཡི། ཏིང་འཛིན་རྣམ་པ་གསུམ་པོ་སྐུ་གསུམ་དང་འདྲ་བ་ལམ་དུ་བྱས་པ་དང་། ཞིང་དང་གཞལ་ཡས་ཁང་དང་མཚན་དང་དཔེ་བྱད་དང་འོད་ཟེར་ལ་སོགས་པའི་ལྷ་ཡི་རྣམ་པ་ལམ་དུ་བྱས་ཤིང་བསྒོམས་པས་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་གཞི་ལ་ཡེ་ནས་གནས་པ་ཡོངས་སུ་རྫོགས་ཤིང་། མངོན་དུ་སད་རུང་གི་ནུས་པ་ཁྱད་པར་ཅན་ལ་གསོས་ཐེབས་པ་དང་། དེ་ལྟར་དག་རྫོགས་གཉིས་ཀ་ཚང་བ་དེའང་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་བརྒྱུད་ནས་གནད་དུ་བསྣུན་པའི་ཐབས་ཡིན་པ་དང་། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོའི་གནས་ལུགས་དང་རྗེས་སུ་མཐུན་པར་བསྒོམ་པ་ཡིན་པས་དེ་ལྟ་བུའི་བསྐྱེད་རིམ་བརྟན་ནས་རྫོགས་པའི་རིམ་པ་རྣམས་བསྒོམ་ན་དེའི་ཡེ་ཤེས་དཔེ་དང་དོན་གྱི་འོད་གསལ་སྐྱེ་མ་རག་པར་འགྱུར་བས་རིམ་པ་གཉིས་པའི་སྨིན་བྱེད་དུ་འགྲོ་བའི་ཕྱིར་ན་དག་རྫོགས་སྨིན་གསུམ་པོ་འདི་ནང་རྒྱུད་ཀྱི་བསྐྱེད་རིམ་སྤྱི་ལ་གཅེས་པའི་ཆིངས་གལ་པོ་ཆེ་ཡིན་པས་ཚུལ་བཞིན་དུ་ཤེས་པར་བྱ་དགོས་སོ། །གཉིས་པ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་རྒྱས་པར་བཤད་པ་ལ་བཞི་སྟེ། སྒོང་སྐྱེས་སྦྱོང་བ། མངལ་སྐྱེས་སྦྱོང་བ། དྲོད་གཤེར་སྐྱེས་སྦྱོང་བ། རྫུན་སྐྱེས་སྦྱོང་བའོ། །དང་པོ་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་ལ་གཉིས་ཏེ། རྒྱས་པ་དང་། བསྡུས་པའོ། །དང་པོ་རྒྱས་པ་ལྟར་བཤད་པ་ནི། དེ་ལ་འཁོར་བའི་རྣམ་པ་གྲུབ་ཚུལ་ཇི་ལྟར་ན་སྤྲོས་པ་ཅན་སྒོང་སྐྱེས་རྣམས་ནི་ཐོག་མར་བྱ་ལ་སོགས་པ་ལས་སྒོ་ང་དང་། སྒོང་ང་དེ་ལས་གཟུགས་སུ་སྨིན་པ་སྟེ་ལན་གཉིས་སུ་སྐྱེ་བ་ལྟར། ཕུར་པའི་རྒྱུད་ལས། སྲས་དང་བཙུན་མོར་བཅས་པ་ནི། །འཁོར་བའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱི་ནི་སྲས་སུ་བྱ། །ཞེས་བདག་སྲས་དང་། ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱིས་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལས། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་གཞན་སྲས་ཏེ་རྣམ་པ་གཉིས་སུ་གསུངས་པའི་བསྐྱེད་ཚུལ་རྒྱས་པ་ནི་ལས་དང་པོ་བ་རྣམས་ལ་བསྔགས་ཤིང་། ལས་དང་པོ་བའི་ཚད་ནི་དཀྱིལ་འཁོར་རགས་པ་ཡུད་ཙམ་གྱིས་མངོན་དུ་བྱེད་ནུས་པ་ཚུན་ཆད་ལ་བཤད་ཅིང་། བསྐྱེད་རྫོགས་སོ་སོའི་ཆ་ནས་བསྐྱེད་རིམ་གྱི་གནས་སྐབས་ཐམས་ཅད་ལས་དང་པོ་པ་དང་། རྫོགས་རིམ་ནི་དེ་ལས་ལྡོག་པར་རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་དོ། །བསྐྱེད་ཚུལ་འདི་ལ་སྒྲུབ་སྡེའི་ལུགས་དང་། རྒྱུད་སྡེའི་ལུགས་གཉིས་ཡོད་པ་ལས། དང་པོ་སྒྲུབ་སྡེའི་ལུགས་རིག་འཛིན་ཆེན་པོ་པདྨ་སམྦྷ་ཝའི་དགོངས་པ་རྒྱལ་པོའི་བླ་དཔེ་བཀའ་བརྒྱད་གསང་རྫོགས་ལྟར་བཤད་ན། བདག་སྲས་དང་གཞན་སྲས་གཉིས་ལས། དང་པོ་བདག་གི་སྲས་སུ་གཞན་བྱ་བ་ཞེས་པའི་གོ་དོན་རང་གི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པས་ན་རིག་པའི་ངོ་བོ་དེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས་དེས་སྲས་སུ་གཞན་དེ་བཞིན་གཤེགས་པ་རྣམས་བསྐྲུན་ཏེ་འཁོར་དུ་བཀོད་པའི་དོན་གྱིས་ཡིན་ཏེ། འདི་ལ་ལྔ་རང་གི་རྣམ་སྨིན་གྱི་ལུས་ལ་སོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱང་བ་སོགས་བསམ་གཏན་གསུམ་གྱི་མན་ངག་ལ་བརྟེན་ནས་རང་རིག་གི་ངོ་བོ་ས་བོན་ཡིག་འབྲུའི་རྣམ་པར་བསྒོམ་པ་ལས་འབྱུང་བའི་ས་བོན་རྣམས་སྤྲོས་ཏེ་འབྱུང་བ་རིམ་བརྩེགས་བསྒོམ། བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་འཕྲོས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམས་ནས། དབུས་ཀྱི་གདན་སྟེང་དུ་བར་སྣང་ནས་ས་བོན་གྱི་ཡི་གེ་བབས་པ་ཡོངས་སུ་གྱུར་པ་ལས་ནི་གཙོ་བོ་རྒྱུའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྨུག་ནག་ཅིར་ཡང་འགྱུར་བ་ཞིག་ཏུ་བསྐྱེད་པ་དང་། ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བ་ཆེན་པོའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ནས་ཡབ་ཀྱི་སྤྱི་བོ་ནས་ཞུགས་ཏེ་ཡུམ་གྱི་མཁར་བསྟིམ་པ་དང་། ཡང་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་བཀུག་ནས་སྒྲིབ་པ་སྦྱོང་ཞིང་མཁར་བསྟིམ་པར་བྱ་བ་དང་། དེ་ནས་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་ནི་ངའོ་ཞེས་འཁོར་འདས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ལ་ཆེ་བའི་ང་རྒྱལ་བསྐྱེད་པ་དང་། ལྷ་ཚོགས་ཐམས་ཅད་མཁའ་གསང་ནས་བཏོན་ནས་སོ་སོའི་གདན་ལ་འགོད་པར་བྱེད་པའོ། །གཉིས་པ་གཞན་གྱི་སྲས་སུ་བདག་བྱ་བ་ཞེས་པའི་དོན་བདག་སྲས་ཀྱི་སྐབས་སུ་གཞན་དེ་བཞིན་གཤེགས་པ་ཐམས་ཅད་རང་ལ་བསྟིམ་ནས་མངལ་འབྱིན་གྱི་སྒོ་ནས་སྲས་ཀྱི་རྣམ་པར་འཁོར་དུ་བཀོད་པ་དེ་རྣམས་གཙོ་བོའི་ཐུགས་སུ་གྱུར་ནས་བདག་གི་རྟོག་ཚོགས་ཡི་གེའི་རྣམ་པར་ཡོད་པ་མཁའ་རུ་ཕབ་སྟེ་སྲས་སུ་བསྐྲུན་ནས་འཁོར་དུ་བཀོད་པའི་དོན་ཏེ་འདི་ལ་རྣམ་པ་བརྒྱད་ཡོད་དེ། དཔེར་ན་སྒོང་སྐྱེས་རྣམས་དང་པོ་སྒོ་ང་སྨིན་པ་དེ་དང་། དེ་ནས་སྒོང་ཁྱིམ་བརྡོལ་ནས་དབང་པོ་དང་ཡན་ལག་ཡོངས་སུ་རྫོགས་པ་ཕྱིར་སྨིན་པ་དེར་འགྱུར་བ་བཞིན་དུ། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེ་མཐིང་ནག་གི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་བ་དང་། དེ་ཉིད་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་པ་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ཏུ་བསྐྱེད་པ་དང་། དེའི་ཚེ་ཡབ་ཀྱི་རྟོག་པ་ཐམས་ཅད་ཡི་གེའི་ངོ་བོར་གྱུར་ནས་སྲས་འདོད་ཀྱི་ནུས་པ་མེད་པར་བསམ་པ་དང་། ཡུམ་ལས་འོད་ཟེར་འཕྲོས་པས་བསྐུལ་ཏེ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྲས་བསྐྱེད་པའི་དོན་དུ་གསོལ་བ་གདབ་པ་དང་། དེ་ནས་འཁོར་གྱི་ལྷ་ཚོགས་ཀུན་ཀྱང་དགྱེས་པ་ཆེན་པོའི་ངང་ནས་འོད་དུ་ཞུ་སྟེ་རང་ཉིད་གཙོ་བོར་ཡོད་པ་དེའི་ཐུགས་ཀར་བསྟིམ་སྟེ་ཐུགས་སུ་གྱུར་ནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡེ་ཤེས་ཆེན་པོའི་བདག་ཉིད་ངའོ་ཞེས་ང་རྒྱལ་བཟུང་བ་དང་། དེ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ནས་ཡུམ་མཁའ་རུ་བྱང་ཆུབ་སེམས་ཀྱི་འོད་ཟེར་ལན་གསུམ་ཕབ་པས་དང་པོས་ཐིག་གདབ། གཉིས་པས་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། གསུམ་པས་རྟོག་པ་ཞེ་གཉིས་ཡི་གེའི་ངོ་བོར་ཡོད་པ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་ཏེ་ཡུམ་མཁའ་ནས་ཕྱིར་གདོན་པ་དང་། ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཏེ་ལྕགས་ཀྱུ་མས་དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྟེན་ལ་རེག་ཙམ་གྱིས་བསྐུལ་ཏེ། ཞགས་པ་མས་གནས་ནས་བསྐྱོད་ལ་སྤྱན་དྲངས་ནས། ལྕགས་སྒྲོག་མས་དམ་ཚིག་པའི་དཀྱིལ་འཁོར་དེར་གཉིས་མེད་དུ་བསྟིམ་ལ། དྲིལ་བུ་མས་དགྱེས་པ་བསྐྱེད་པ་ཡི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བརྟན་པ་བཅིངས་པ་དང་། གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་གདབ་པར་བྱས་ཏེ་འཁོར་རྣམས་སོ་སོའི་གདན་དུ་འཁོད། གཙོ་བོ་འབྲས་བུའི་ཧེ་རུ་ཀ་ལ་བསྟིམ། གཞལ་ཡས་ཁང་གཞལ་ཡས་ཁང་དང་། གདན་རྣམས་གདན་སོ་སོ་ལ་བསྟིམ་པའོ། །གཉིས་པ་རྒྱུད་སྡེའི་ལུགས་བཤད་པ་ནི། སྤྱིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལྟ་བུ་ལ་མཚོན་ན་དཀྱིལ་འཁོར་བསྐྱེད་ཚུལ་གྱི་ཆོ་ག་ལ་སྔོན་གྱི་སློབ་དཔོན་རྣམས་དགོངས་པ་མི་མཐུན་ཏེ། འགྲེལ་པ་ཉི་སེང་མར་ཆོ་ག་ལྔ་བསྐྱེད་དང་། དྲྭ་བ་ཆེ་ཆུང་ལ་བརྟེན་ཏེ་བདག་སྲས་གཞན་སྲས་དང་། ཆོ་ག་གསུམ་བསྐྱེད་ཀྱི་ཚུལ་རྣམས་ཡོད་པ་ལས། དང་པོའི་ལུགས་ཆོ་ག་ལྔ་བསྐྱེད་པ་ནི། ཐོག་མར་སེམས་བསྐྱེད་དེ་ཡུད་ཙམ་གྱིས་ཀུན་ཏུ་བཟང་པོར་བསྒོམས་ནས། འོག་གི་ཕྱོགས་སུ་ཡེ་ཤེས་ཀྱིས་གཞི་ནས་བཟུང་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ཚར་བ་དང་། ཉི་ཟླའི་གདན་ལ་སེམས་དཀྱིལ་གྱིས་འདུག་པར་མོས་ཏེ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་དོན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་ཆོ་ག་དང་པོའོ། །དེའི་ངང་ལས་རང་སེམས་ཨའི་ངོ་བོར་བསྒོམས་ནས་འཕྲོ་འདུས་བྱ་བས། ཨ་ལས་ཟླ་དཀྱིལ་གྱི་དབུས་སུ་མཚན་གྱི་ས་བོན་ཨཱ་ལི་དང་། ཨཱ་རིང་ལས་ཉི་དཀྱིལ་གྱི་དབུས་སུ་དཔེ་བྱད་ཀྱི་ས་བོན་ཀཱ་ལི་སྟེ། གཉིས་གཉིས་རིམ་དུ་བསྐོར་བའི་རང་བཞིན་ཆོ་ག་གཉིས་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་ནི། ཆོ་ག་གསུམ་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འོད་ཀྱི་གོང་བུ་ལས་ཧཱུྃ་དུ་གྱུར་ནས་དེའི་རྒྱུ་མཐུན་པའི་འབྲས་བུ་རྡོ་རྗེར་བྱིན་གྱིས་རློབས་པ་ཆོ་ག་བཞི་པ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོའི་སྐུར་བསྐྱེད་པ་ནི་ཆོ་ག་ལྔ་བ་སྟེ་བྱ་གྲུབ་ཡེ་ཤེས་སོ། །དེ་ནས་ཡུམ་བསྐྱེད་དེ་སེམས་སྤྲིན་ལས་སོ་སོའི་སྐུར་བསྐྱེད་པ་རང་རང་གི་སྔགས་ཀྱིས་ཕྱིར་ཕྱུང་ནས་དཀྱིལ་འཁོར་དུ་འགོད་པར་མཛད་དོ། །རྗེ་རོང་ཟོམ་དང་ཀུན་མཁྱེན་ཆེན་པོ་ཆོ་ག་ལྔའི་བསྐྱེད་ཚུལ་དེ་དང་འདྲ་བ་ལས། ཁྱད་པར་ཏིང་འཛིན་རྣམ་གསུམ་སྔོན་དུ་འགྲོ་བས། ཏིང་འཛིན་དང་པོ་གཉིས་སྟོང་ཉིད་ཡེ་ཤེས་ཏེ་ཆོ་ག་དང་པོ་དང་། རྒྱུའི་ཨ་ཡིག་ལས་ཉི་ཟླའི་དཀྱིལ་འཁོར་གྱི་ཆོ་ག་གཉིས་པ་བསྐྱེད་པར་མཛད་ནས། ཇི་སྲིད་ཆོ་ག་ལྔ་པས་སྐུར་བསྐྱེད་པ་རྫོགས་པ་དང་གཞལ་ཡས་ཁང་བསྐྱེད། དེ་ནས་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལ་འཇུག་པར་མཛད་དེ་འདི་ལྟར། ཨེ་མ་མཚར་ལྔས་སེམས་བསྐྱེད་ནས། དེ་ཏིང་དང་ཀུན་སྣང་སྔོན་དུ་སོང་ནས། བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་དཀར་པོ་ལས་ཨའི་འཕྲོ་འདུ་བྱས་ཏེ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཚན་བཟང་པོའི་ས་བོན་སྒྲ་ཡིག་གམ་དབྱངས་ཡིག་བཅུ་དྲུག་གི་ཕྲེང་བ་རིམ་པ་གཉིས་སུ་སྐོར་བ་ཨའི་སྙིང་པོ་ཅན་བསྒོམ། དེ་ནས་ཨ་དེ་ལས་མིང་གི་ཡི་གེ་རྣམས་འཕྲོས་ཤིང་འདུས་པས། ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་ན་དཔེ་བྱད་བཟང་པོའི་ས་བོན་དུ་གྱུར་པ་མིང་གི་ཡི་གེ་སུམ་ཅུ་རྩ་བཞི་ཕྲེང་བའི་རིམ་པ་གཉིས་སུ་བསྐོར་བ། ནང་རིམ་ཨ་བཅུ་གཉིས་ཀྱི་ཕྲེང་བ་ཅན་སྙིང་པོ་ཡི་གེའི་ཀྵའོ། །ཀུན་མཁྱེན་ཆེན་པོས་གསལ་བྱེད་སོ་བཞིའི་སྟེང་ཡ་ར་ལ་ཝ་སོགས་དྲུག་བསྣན་པའི་ཉིས་རིམ་དུ་གསུངས། །དེ་ནས་དེ་ཐམས་ཅད་འོད་ཀྱི་གོང་བུ་གཅིག་ཏུ་འདྲིལ་བ་ལས་ཧཱུཾ་གིས་མཚན་པའི་རྡོ་རྗེར་གྱུར། དེ་ཡོངས་སུ་གྱུར་པ་ལས་རང་བཞིན་གཞིའི་ཀུན་ཏུ་བཟང་པོ་མཐིང་ག་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུ་འོད་ཟེར་གྱི་ཕུང་པོ་འབར་བ་ལས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བསྒོམ་མོ། །དེའང་མངོན་བྱང་དང་པོ་དེ་བཞིན་ཉིད་དང་ཀུན་ཏུ་སྣང་བ་ནི་སྟོང་བ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་དང་དེ་བཞིན་གཤེགས་པའི་རིགས་སོ། །གཉིས་པ་ཉི་ཟླའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྡོ་རྗེའི་རིགས་སོ། །གསུམ་པ་འོད་ཀྱི་གོང་བུ་ནི་མཉམ་པ་ཉིད་དང་རིན་པོ་ཆེའི་རིགས་སོ། །བཞི་པ་རྡོ་རྗེ་ཧཱུྃ་གིས་མཚན་པ་ནི་སོ་སོར་རྟོག་པ་དང་པདྨའི་རིགས་སོ། །ལྔ་པ་སྐུ་ནི་བྱ་བ་གྲུབ་པ་དང་ལས་ཀྱི་རིགས་ཏེ་སངས་རྒྱས་ཀྱི་ཆོས་ཀུན་ཡོངས་སུ་རྫོགས་པར་བསྒོམ་པ་ཉིད་དོ། །འདི་ལྟར་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཀྱི་ས་བཅུ་གཉིས་གསུངས་པ་ཡང་། རིགས་ལྔ་དང་ཡེ་ཤེས་ལྔ་དང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུངས་པ་ལྟ་བུའོ། །དེ་ལ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་མཚན་དང་དཔེ་བྱད་ཀྱི་ས་བོན་དུ་ཇི་ལྟར་རུང་བའི་ཚུལ་ནི་སྤྱིར་ཡི་གེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ། མཚན་དཔེ་ཡང་ཡེ་ཤེས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་དེའི་རིགས་དང་ས་བོན་དུ་རུང་ལ། དེ་ཡང་དབྱངས་ཡིག་མཚན་དང་། གསལ་བྱེད་དཔེ་བྱད་དུ་སྦྱོར་བ་ནི་རིགས་མཐུན་པ་ཡིན་ཏེ། དབྱངས་ཡིག་གཞི་མ་ལ་གསལ་བྱེད་འབྲས་བུར་གནས་པ་དེ་བཞིན་དུ་མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་གནས་པ་ཡིན་ནོ། །དེ་ནས་གལ་ཕྲེང་ལས། སྣོད་ཀྱི་རིམ་པ་བྱུང་ཚུལ་གྱིས། །རིམ་བརྩེགས་གཞལ་ཡས་གཞུང་བཞིན་བསྐྱེད། །ཅེས་པ་ལྟར། སྣོད་ཀྱི་འཇིག་རྟེན་གྱི་བག་ཆགས་སྦྱོང་བའི་ཕྱིར་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་ཀྱང་རུང་མ་བསྐྱེད་ཀྱང་རུང་སྟེ། ཡེ་ཤེས་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་དོ། །དེ་ནས་བཤད་རྒྱུད་རྒྱ་མཚོ་ལས། རང་བྱུང་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལས་མ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། བདག་སྔོན་གྱི་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་རྣམས་བྱ་བ་སྟེ། དེ་ཡང་བདག་ཅེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། དེ་ནི་ཐོག་མ་དང་ཐ་མ་མེད་པའི་སངས་རྒྱས་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་དེ་ལས་སྤྲུལ་པར་བྱ་བ་བདག་སྲས་ཀྱི་ཚུལ་ལ་འཇུག་པ་སྟེ། རང་ཉིད་ཀུན་ཏུ་བཟང་པོའི་གཡོན་ཕྱོག་སུ་ཡི་གེ་ཨ་ལས་ཀུན་ཏུ་བཟང་མོ་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་བསྐྱེད་དེ་ཡབ་ཡུམ་ཐབས་ཤེས་སུ་ཚོགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཡི་གེའི་རང་བཞིན་དུ་སྤྲོས་ནས་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་དུ་གྱུར་ནས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་སླར་འདུས་ནས་དཀྱིལ་འཁོར་ཆེན་པོར་ཞུགས་པར་བསམ་ཞིང་མི་བསྐྱོད་པ་ནི་ཀུན་བཟང་ཡབ་ཡུམ་ལ་ཐིམ་པར་གྱུར་ཏོ། །ཀུན་མཁྱེན་ཡབ་སྲས་ནི་གཙོ་བོ་རྣམ་སྣང་དུ་བཞེད་པས་རྣམ་སྣང་ཀུན་བཟང་ལ་ཐིམ་པར་བསམ། དེ་ནས་བཤད་རྒྱུད་རྒྱ་མཚོ་ལས། གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེས་བྱིན་རླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་པར་དབྱེར་མེད་ན། །སྲས་གྱུར་དགོངས་པ་ཅི་ལ་གནས། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཡིན་ཀྱང་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་མ་བརླབས་ཤིང་། རང་རིག་པའི་ཡེ་ཤེས་ཅན་དུ་མ་གྱུར་ན་སངས་རྒྱས་ཉིད་དུ་སྣང་བར་མི་འགྱུར་བས་རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་གཞན་སྲས་ཀྱི་ཚུལ་ལ་འཇུག་པར་བྱ་བ་ནི། དང་པོ་དངོས་པོར་ཞེན་པ་སྣང་བའི་བག་ཆགས་སྦྱོར་བའི་ཕྱིར། །གཙོ་བོའི་ཐུགས་ཀ་ནས་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་ཀྱི་བདག་ཉིད་རྣམ་སྨིན་གྱི་ལུས་འཛིན་པ་སེམས་དཔའི་རྒྱན་དང་ལྡན་པ་ཞིག་བྱུང་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་བསྐོར་བ་བྱས་ཏེ་དཀྱིལ་འཁོར་གྱི་ནུབ་སྒོར་རྐང་པའི་ལོང་བུ་སྤྲད་ཅིང་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པས། ལྷ་རྣམས་ཀྱིས་གནང་སྟེ་ཐབས་དང་ཤེས་རབ་ཀྱི་འོད་ཟེར་བདག་ལ་འཕྲོས་པས་སེམས་ཀྱི་རྟོག་པ་དང་། དེ་ལས་གྱུར་པའི་ལུས་ངག་རྣམས་སྦྱངས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་གཟུང་འཛིན་དང་བྲལ་བའི་རང་བཞིན་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པར་བྱའོ། །དེ་ལྟར་དྲི་མ་དག་པར་བྱས་ནས་ཡོན་ཏན་གྱི་ཚོགས་བསྒྲུབ་ཅིང་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར། །ཡང་ལྷ་རྣམས་ལས་འོད་ཟེར་ཡིག་འབྲུ་གསུམ་གྱི་རྣམ་པར་འཕྲོས་ཏེ་ཕོག་པས་རྡོ་རྗེ་གསུམ་གྱི་རང་བཞིན་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་པ་རིམ་བཞིན་ཧཱུྃ་དུ་བསྡུས་ཏེ། ཧཱུྃ་ཡིག་ཟླ་དཀྱིལ་ལ་གནས་པ་རླུང་གིས་བཏེག་སྟེ་གཙོ་བོའི་ཐུགས་ཀར་ཐིམ་པའི་རྐྱེན་གྱིས་ཡབ་ཡུམ་བདེ་བའི་རོལ་མོས་ཚིམ་ནས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་གོང་བུར་གྱུར་པ་ཡུམ་གྱི་མཁའ་ལ་གནས་པ་ལ། ལྷ་ཚོགས་ཐམས་ཅད་རང་རང་གི་གསང་སྔགས་ཀྱི་སྒྲ་དང་བཅས་ནས་ཐིམ་པར་གྱུར་པས་གཙོ་བོ་ཡབ་ཡུམ་ཀྱང་རྗེས་ཆགས་ཆེན་པོའི་བདེ་བའི་ངོ་བོར་ཞུ་སྟེ་ཐམས་ཅད་གཅིག་ཏུ་འདྲེས་པའི་གོང་བུར་བསམ་མོ། །དེ་ནས་ཆད་པའི་མཐའ་ལ་ཞེན་པ་སྟོང་པའི་བག་ཆགས་སྦྱོང་ཕྱིར། འོད་གོང་དེ་ཉིད་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་བསྐྱོོད་ནས་ཧཱུྃ་དང་མཱུྃ་དུ་གྱུར་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་དྲིལ་བུར་གྱུར་པ་ལས་མི་བསྐྱོད་པའམ། ཀུན་མཁྱེན་ཡབ་སྲས་ལྟར་ན་རྣམ་སྣང་ཡབ་ཡུམ་དུ་གསལ་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཡུམ་མཁར་སྤྲོས་ཏེ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ནང་ན། ལྷ་རྣམས་ཀྱི་སྙིང་པོ་ཧཱུྃ་དང་ༀ་ལ་སོགས་པ་སོ་སོའི་ས་བོན་རྣམས་གསལ་བཏབ་ལ་ལྷ་སོ་སོའི་གསང་སྔགས་བརྗོད་པ་ཙམ་གྱིས་སོ་སོའི་སྐུར་བསྐྱེད་ལ། ཛཿཞེས་ཡུམ་མཁའ་ནས་མདུན་གྱི་ནམ་མཁར་བཏོན་ཏེ། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་སྟེ་རང་རང་གི་གནས་སུ་བཞུགས་པར་བསམ་ཞིང་། ཀུན་བཟང་ཡབ་ཡུམ་ནི་གཙོ་བོའི་ཐུགས་ཀར་དང་། ཐུབ་དྲུག་ནི་ཁྱམས་ལ་བཞུགས་པར་བྱའོ། །དེ་ནས་སྤྱན་འདྲེན་སོགས་སྤྱིི་འགྲོ་ལྟར་རོ། །ཡང་དྲྭ་བ་ཆེ་ཆུང་ལ་བརྟེན་པའི་བདག་སྲས་གཞན་སྲས་ཀྱི་བསྐྱེད་ཚུལ་བཀའ་སྡེ་ཟུར་པ་རྣམས་ཀྱི་བཞེད་པ་ནི། བདག་སྲས་ཀྱི་དུས་སུ་ཡང་ཆོ་ག་གསུམ་གྱི་ལྷ་བཞི་བཅུ་རྩ་གཉིས་བསྐྱེད་ལ། དེ་ནས་གཞན་སྲས་ཀྱི་ཆོ་ག་སྔ་མ་དང་ཕྱོགས་འདྲའོ། །ཡང་ཆོ་ག་གསུམ་བསྐྱེད་ཀྱི་ལུགས་ལྟར་ན་བདག་སྲས་གཞན་སྲས་ལ་མི་སྦྱོར་བར་ཡི་གེ་ཞེ་གཉིས་ལས་ཕྱག་མཚན་ཞེ་གཉིས་དང་། དེ་ལས་ལྷ་བཞི་བཅུ་རྩ་གཉིས་པོ་བསྒོམ་སྟེ། དབང་བསྐུར་བ་སོགས་གཞུང་བཞིན་བྱའོ། །གཉིས་པ་བསྡུས་པ་ལྟར་བཤད་པ་ནི། དེ་ལྟར་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གྱི་ཁྱད་པར་ནི་ལན་གཉིས་སུ་སྐྱེ་བ་དང་མཐུན་པ་ཁོ་ནར་སྦྱོར་ཏེ་སྦྱོང་བ་ཡིན་པས་ན་སྤྲོས་པ་ཆུང་ངུའི་དབང་དུ་བྱས་ན། འདི་ལྟར་མདོར་བསྡུ་ན་ཐོག་མར་རང་ཉིད་གཉུག་མའི་ལྷར་གསལ་བའི་མདུན་གྱི་ནམ་མཁར་གང་བསྒོམ་པའི་དཀྱིལ་འཁོར་གྱི་ལྷ་གསལ་གདབ་པ་དང་། རང་གི་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོ་བ་དང་། དབྱིངས་ནས་སྤྱན་དྲངས་ཤིང་མདུན་མཁར་བཞུགས་པར་དམིགས་པ་སྟེ་གསུམ་དུ་ཡོད་པ་གང་ལྟར་ཡང་དེ་ལྟར་བྱས་ནས། དེའི་མདུན་དུ་རྒྱུན་བཤགས་ཡན་ལག་བདུན་པའམ་བརྒྱད་པའམ་བཅུ་པ་རྣམས་གང་རུང་བྱས་མཐར། བདག་དང་ཚོགས་ཞིང་གཉིས་ཀ་མི་དམིགས་པའི་ངང་ནས་སླར་ཡང་ལྷ་སོ་སོའི་དཀྱིལ་འཁོར་གྱི་མངོན་རྟོགས་སྐྱེ་གནས་གང་སྦྱོང་བའི་ཆོ་ག་ཡིན་ཀྱང་དེ་ཇི་ལྟ་བ་བཞིན་སྒོམ་པར་བྱེད་པའོ། །དེ་ཡང་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་སོགས་སྟོན་པའི་ཆོ་ག་ཕལ་ཆེ་བར་ཚོགས་ཞིང་གསལ་ནས་ཚོགས་བསགས་ཀྱི་རིམ་པ་རྣམས་སོང་ནས་རང་ལ་བསྡུ་བ་དང་། དེ་ནས་བགེགས་བསྐྲད། མཚམས་གཅོད། བྱིན་འབེབས། མཆོད་པ་བྱིན་རླབས་རྣམས་བྱས་ཏེ། བདག་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནས་རིམ་བཞིན་ལྷ་བསྐྱེད་པས་ཚུལ་དེ་ལྟ་བུ་ལ་ཡང་ཟེར་རོ། །སྒོང་སྐྱེས་སྦྱོང་བའི་བསྐྱེད་ཚུལ་རྒྱས་བསྡུས་གཉིས་པོ་འདི་དག་གི་སྐབས་སུ་དག་རྫོགས་སྨིན་གསུམ་བྱེ་བྲག་ཏུ་སྦྱར་ནས་གསུངས་པ་མི་དྲན་ཡང་། མདོར་བསྡུ་ན་འདི་གཉིས་པོ་གང་ཡིན་ཀྱང་སྣང་སྟོང་གི་ཞེན་པ་སྦྱོང་བའི་ཕྱིར་ཡང་ཡིན་པས། རྒྱས་པའི་དུས་སུ་བདག་སྲས་ཀྱི་གཙོ་འཁོར་ཐམས་ཅད་འོད་ཞུ་བྱ་བ་དང་། བསྡུས་པའི་ཚེ་གཉིས་ཀ་མི་དམིགས་པའི་ངང་ལ་འཇོག་པ་གཉིས་ཀས་ཕྱི་ནང་གི་སྣང་བ་དང་རྟོག་ཚོགས་ཐམས་ཅད་རེ་ཞིག་འགགས་པའི་འཆི་སྲིད་དག །བག་ཆགས་མཐའ་དག་དབྱིངས་སུ་དག་པའི་ཆོས་སྐུ་གཞི་ལ་རྫོགས། གཉིས་སྣང་གི་སྤྲོས་པ་འགགས་པའི་ཡེ་ཤེས་ཀྱི་ངང་ལ་གནས་པའི་འོད་གསལ་བའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་དང་། ཡང་རྒྱས་པའི་ཚེ་སླར་ཡང་གཞན་སྲས་ཀྱི་གཙོ་བོ་དང་འཁོར་གྱི་ལྷ་ཚོགས་ཐམས་ཅད་གསལ་བ་དང་བསྡུས་པའི་དུས་རང་རང་གི་གཞུང་གི་མངོན་རྟོགས་བསྒོམས་པས། འཆི་སྲིད་ཀྱི་རྗེས་སུ་སླར་ཡང་རླུང་སེམས་རིམ་གྱིས་མཆེད་ནས་བར་སྲིད་དང་། དེ་ནས་སྐྱེ་སྲིད་ཀྱི་སྣང་བ་རྒྱ་ཆེན་པོར་འབྱམས་པ་མཐའ་དག་དག །མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཆོས་སྐུའི་ངང་ལས་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་དང་མཉམ་པར་འབྱམས་ཀླས་སུ་འཆར་བ་གཞི་ལ་རྫོགས། རྫོགས་རིམ་པའི་རྣལ་འབྱོར་པ་འོད་གསལ་ལས་སློབ་པའི་ཟུང་འཇུག་གི་ལྷ་སྐུར་ལྡང་ནུས་པའི་སྨིན་བྱེད་དུ་འགྲོ་ཞེས་སྦྱར་ན་ཁྱབ་ཆེ་ཞིང་། ནང་གསེས་སྦྱོར་དངོས་རྗེས་གསུམ་གྱི་སྐབས་ཐམས་ཅད་ཀྱི་དག་རྫོགས་སྨིན་གསུམ་པོ་ཡང་དེའི་ཁོངས་སུ་མ་འདུས་པའང་མེད་ལ་སོ་སོར་བྱེ་བྲག་ཏུ་སྦྱར་ཡང་ཆོག་གམ་སྙམ་མོ། །ཡང་དག་རྫོགས་སྨིན་གསུམ་གྱི་གོ་བ་སྦྱིར་བཤད་པ་དེ་ཙམ་གྱིས་གོ་བ་ལེགས་པོ་ཞིག་ལོན་ན་བསྐྱེད་ཚུལ་བཞི་པོ་སོ་སོར་སྦྱར་ཡང་རུང་ལ་མ་སྦྱར་ཡང་རུང་སྟེ། དེས་མ་འཐུས་པ་མེད་ཅིང་། སོ་སོར་སྦྱོར་ན་ནི་བསྐྱེད་ཚུལ་དངོས་གཞི་ཙམ་དུ་མ་ཟད་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་སོགས་ལའང་སྦྱར་དུ་ཡོད་པར་མངོན་ནོ། །གཉིས་པ་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་བཤད་པ་ལ་གསུམ་སྟེ། མངོན་བྱང་བཞི་བསྐྱེད། རྡོ་རྗེའི་ཆོ་ག་གསུམ་བསྐྱེད། མངོན་བྱང་ལྔ་བསྐྱེད་དོ། །དང་པོ་མངོན་བྱང་བཞི་བསྐྱེད་ནི། སྤྱིར་བསྐྱེད་ཚུལ་གཅིག་གིས་ཀྱང་སྐྱེ་གནས་བཞི་ཀའི་བག་ཆགས་སྦྱོང་བ་ཡིན་མོད་གཙོ་ཆེར་སྐྱེ་གནས་རང་རང་གི་སྐྱེ་ཚུལ་གྱི་རྣམ་པ་དང་དངོས་སུ་མཐུན་པར་བསྒོམ་པའི་ཚུལ་གྱིས་དེ་དང་དེའི་བག་ཆགས་གཙོ་བོར་སྦྱོང་བས་ན་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བའི་ཕྱིར་དེ་དང་རྣམ་པ་མཐུན་པར་མངོན་བྱང་བཞིའི་སྒོ་ནས་བསྐྱེད་པའམ། རྡོ་རྗེའི་ཆོ་ག་གསུམ་གྱི་སྒོ་ནས་སམ། མངོན་བྱང་ལྔའི་སྒོ་ནས་བསྐྱེད་པ་རྣམ་པ་གསུམ་པོ་ལས། དང་པོ་མངོན་བྱང་བཞི་བསྐྱེད་ཀྱི་ཚུལ་འདི་ནི། རྒྱུད་ཁྲག་འཐུང་གལ་པོའི་དགོངས་པ་ལྟར་བཤད་པ་སྟེ། ཧེ་རུ་ཀ་གལ་པོའི་རྒྱུད་དེ་ཉིད་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་པས། སྦྱོར་བའི་རིམ་པ་རྣམས་སོང་ནས། དངོས་གཞིའི་དུས་སུ་མངོན་བྱང་དང་པོ་ནི། སྦྱང་བྱའམ་དག་བྱ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་འཁྲུལ་སྟོབས་ཀྱིས་ནུབ་པའི་འཆི་སྲིད་དང་། སླར་ཡང་ལས་རླུང་མཆེད་པའི་སྟོབས་ཀྱིས་བར་དོར་སྣང་བ་ཡད་ཡུད་དུ་འབྱུང་བ་དང་བཅས་པ་དག་པའི་ཕྱིར། རིམ་པ་བཞིན་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཆེན་པོའི་ངང་ལ་མཉམ་པར་གཞག་ནས་དེ་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཞེན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཆོས་སྐུ་དང་ལོངས་སྐུ་གཉིས་གཞི་ལ་རྫོགས། འོད་གསལ་དང་སྒྱུ་ལུས་གཉིས་ཀྱིས་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་གཉིས་པ་ནི། དྲི་ཟ་ཉེ་བར་ལེན་པ་བར་དོའི་རྣམ་པར་ཤེས་པ་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ་འདྲེས་པའི་ཆ་ནི། ངོ་བོ་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས། རྣམ་པ་བསྐྱེད་བྱའི་ལྷ་ཡི་ས་བོན་ཧཱུྃ་ལ་སོགས་པར་ལམ་གྱིས་གསལ་བས་སྦྱོང་ཞིང་དག །སྤྲུལ་སྐུ་གཞི་ལ་རྫོགས། དཔེའི་འོད་གསལ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་གསུམ་པ་ནི། སྦྱང་བྱའམ་དག་བྱ་རྣམ་ཤེས་ཁུ་ཁྲག་དང་འདྲེས་པ་དེ་རླུང་བཅུས་རིམ་གྱིས་བསྐྱེད་ནས་གཟུགས་ཀྱི་རྣམ་པ་རྫོགས་པའི་བར་དེར། རླུང་བཅུ་ནི། །སྲོག་འཛིན་སོགས་རྩ་བའི་རླུང་ལྔ་དང་། འབྱུང་བ་ལྔའི་རླུང་དམ། ཡན་ལག་གི་རླུང་རྒྱུ་བ་མིག །རབ་ཏུ་རྒྱུ་བ་རྣ་བ། ཤིན་ཏུ་རྒྱུ་བ་ལུས། །མངོན་པར་རྒྱུ་བ་སྣ། ངེས་པར་རྒྱུ་བ་ལྕེ་སྟེ་དབང་པོ་ལྔ་བྱེད་ལས་དང་བཅས་པ་བསྐྱེད་པར་བྱེད་པའི་རླུང་ལྔ་དང་བཅུའོ། །དེའང་ནང་གསེས་ཀྱི་དབང་དུ་རླུང་བཅུ་པོའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ་རྡོ་རྗེའི་ཆོ་ག་བཞིས་སྦྱོང་བའི་ཚུལ་ནི། གསུང་རྡོ་རྗེ་ས་བོན་གྱིས་སྦྱོང་ཚུལ་ནི་མངོན་བྱང་གཉིས་པར་སོང་ནས། རྣམ་ཤེས་དེ་ཉིད་ཀྱང་ཁུ་བ་དང་རྡུལ་ཏེ་ཁྲག་དང་རླུང་གསུམ་དང་འདྲེས་པའི་ཆ་དེ་རླུང་གི་བྱེད་ལས་ཀྱིས་མེར་མེར་དང་ནུར་ནུར་གྱི་གནས་སྐབས་སུ་གྱུར་བ་དེ། ས་བོན་གྱི་ཡི་གེ་ཉིད་ལས་ཐུགས་རྡོ་རྗེ་ཕྱག་མཚན་གྱི་རྣམ་པ་རྡོ་རྗེ་ལ་སོགས་པར་གྱུར་པས་སྦྱོང་ལ། དེ་ནས་ལྟར་ལྟར་དང་མཁྲང་གྱུར་དུ་སོང་བའི་གནས་སྐབས་ནི། ཡེ་ཤེས་རྡོ་རྗེ་ཕྱག་མཚན་དེ་འོད་གོང་དུ་གྱུར་པས་སྦྱོང་ཞིང་། དེ་ནས་རིམ་གྱིས་བརྟས་ཏེ་ཁྱབ་འཇུག་ཉ་དང་རུས་སྦལ་གྱི་རྣམ་པ་དང་། མིག་ལ་སོགས་པའི་དབང་པོ་དང་ཡན་ལག་ཡོངས་སུ་རྫོགས་པའི་གནས་སྐབས་ནི། སྐུ་རྡོ་རྗེ་ལྷ་ཡི་རྣམ་པ་ཞལ་ཕྱག་སོགས་ཡོངས་སུ་རྫོགས་པར་གྱུར་བས་སྦྱོར་བའོ། །དེ་ལྟར་བསྒོམས་པས་ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ་གཞི་ལ་རྫོགས། དོན་གྱི་འོད་གསལ་ལས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་བཞི་པ་ནི། སྦྱང་བྱ་བཙས་ནས་དབང་པོ་ཡུལ་ལ་སད་དེ་སྣ་ཚོགས་པའི་དངོས་པོ་ལ་ལོངས་སྤྱོད་པའི་ཞེན་པ་དག །སྦྱོང་བྱེད་ལྷ་མངལ་འབྱིན་གྱི་ས་བོན་སྤྲོ་བའམ། གནས་གསུམ་ལ་སོགས་པར་ཡི་གེ་བཀོད་དེ་རྒྱས་གདབ་པ་ལའང་སྦྱར་དུ་རུང་བར་གསུངས་པས། འདིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཞི་ལ་རྫོགས། རྫོགས་རིམ་པ་སློབ་པའི་ཟུང་འཇུག་གི་ལྷ་སྐུར་ལྡང་ནས་འདོད་ཡོན་གྱི་སྣང་བ་ལ་ཞེན་མེད་དུ་རོལ་བས་རིག་པའི་རྒྱན་དུ་འཆར་བའི་སྨིན་བྱེད་དུ་འགྱུར་རོ། །དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་སོགས་དངོས་གཞིའི་ཏིང་ངེ་འཛིན་གྱི་རིམ་པ་ལྷག་མ་རྣམས་དང་རྗེས་ཀྱི་རིམ་པ་རྣམས་རང་རང་གི་གཞུང་ལྟར་རོ། །གཉིས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི། དེ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཡིན་ལ། ས་བོན་གྱི་ཡིག་འབྲུ་བསྒོམ་པ་ནི་གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་ངོ་བོ་ཉིད་ནི་ཕྱག་མཚན་ཡིག་འབྲུས་མཚན་པ་ཉིད་དུ་སྦྱོར་བ་ལ་བཤད་པ་ཡིན་ནོ། །འདིའི་སྒོམ་ཚུལ་གྱི་གོ་རིམ་ནི། ཏིང་འཛིན་རྣམ་གསུམ་ཡན་ཆད་སྔོན་དུ་སོང་ནས། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་པར་བསྒོམས་པས། མངལ་དུ་ཁམས་དཀར་དམར་ཚོགས་པ་ལ་དྲི་ཟའི་རྣམ་ཤེས་ཞུགས་པ་སྦྱོང་། དེ་ནས་ཕྱག་མཚན་དེ་ཉིད་ཡི་གེར་གནས་གྱུར་བའམ། གསུང་གི་རང་བཞིན་ཨཱཿདང་ཧཱུྃ་ལ་སོགས་པས་མཚན་པར་བསྒོམས་པས་ཁུ་ཁྲག་སེམས་གསུམ་འདྲེས་པའི་གནས་སྐབས་ལྔ་ཉམས་སུ་མྱོང་བ་སྦྱོང་། དེ་ལས་འོད་ཟེར་གྱི་སྤྲོ་བསྡུས་དོན་གཉིས་བྱས་ཏེ་སྐུའི་ངོ་བོ་ལྷའི་རྣམ་པ་ཐམས་ཅད་རྫོགས་པར་བསྒོམས་པས་དབང་པོ་དང་ཡན་ལག་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གནས་སྐབས་རྣམས་སྦྱོང་བ་ཡིན་ནོ། །འདི་ལ་ཆོ་ག་ཕལ་ཆེ་བར་ཡིག་འབྲུ་དང་པོ་བསྒོམས་ནས་ཕྱག་མཚན་དུ་འགྱུར་བར་གསུངས་ཀྱང་། འདིར་བཤད་པ་ལྟར་ན་གོང་གི་སྦྱང་བྱའི་གོ་རིམ་དང་། སྤྱིར་སྦྱང་བྱ་སྲིད་པའི་མཆེད་ཚུལ་ཡང་སེམས་རྟོག་ཕྲ་བ་ལས་ངག་དང་ལུས་སེམས་སྣང་བ་རགས་པ་མཆེད་པ་དང་། སྦྱངས་འབྲས་ཀྱང་ཐུགས་ཆོས་སྐུའི་ངང་ལས། གསུང་དང་སྐུའི་རང་བཞིན་ལོངས་སྐུ་དང་སྤྲུལ་སྐུར་སྣང་བ་སོགས་དང་བསྟུན་ན་ཆེས་མཆོག་ཏུ་གྱུར་པའི་ལམ་གནད་ཅིག་སྟོན་པར་འདུག་སྙམ་དུ་སེམས་སོ། །འདིའི་དག་རྫོགས་སྨིན་གསུམ་ནི། ཇི་སྐད་བཤད་པའི་སྦྱང་བྱ་དེ་དག་དང་སྒོ་གསུམ་གྱི་སྣང་ཞེན་ཐམས་ཅད་དག །འབྲས་བུ་རྡོ་རྗེ་གསུམ་གྱི་ཡོན་ཏན་ཐམས་ཅད་གཞི་ལ་རྫོགས། དབེན་གསུམ་གྱི་སྨིན་བྱེད་དུ་འགྱུར་རོ། །དེ་ནི་ལྷ་བསྐྱེད་ཚུལ་གྱི་དངོས་གཞི་བྱེ་བྲག་པ་སྟེ་ལྷག་མ་རྣམས་ནི་རང་རང་གི་གཞུང་ལྟར་ཤེས་པར་བྱའོ། །འདི་ལ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དོ་ཞེས་ཡོངས་སུ་གྲགས་པ་སྟེ་ཕ་རྒྱུད་སྤྱིའི་ལུགས་སོ། །གསུམ་པ་མངོན་བྱང་ལྔ་བསྐྱེད་བཤད་པ་ལ་གཉིས་ཏེ། གཞི་འབྲས་ལྟོ་སྦྱར་ཏེ་སྤྱིར་བཤད་པ། ལམ་གྱི་མངོན་བྱང་ལྔ་བྱེ་བྲག་ཏུ་བཤད་པའོ། །དང་པོ་གཞི་འབྲས་ལྟོ་སྦྱར་ཏེ་སྤྱིར་བཤད་པ་ནི། འདི་ལ་སྤྱིར་སྦྱང་གཞི་འཁོར་བའི་ངོ་བོར་གནས་པ་དང་། སྦྱོང་བྱེད་ལམ་གྱི་བྱེད་རྩོལ་ལ་བརྟེན་ནས་རྒྱུད་ལ་བསྐྱེད་པ་དང་། སྦྱངས་འབྲས་མཐར་ཐུག་གི་འབྲས་བུ་མངོན་དུ་གྱུར་པའི་གནས་སྐབས་གསུམ་གྱིས་དབྱེ་བས་གཞིའི་མངོན་བྱང་། ལམ་གྱི་མངོན་བྱང་། འབྲས་བུའི་མངོན་བྱང་གསུམ་སྟེ། དོན་དུ་སྟོང་བཞིའི་འོད་གསལ་ཟུང་འཇུག་དང་བཅས་པའི་ལྔ་པོ་ཉིད་ཡིན་པས་གསང་སྔགས་ཀྱི་ལམ་ཐམས་ཅད་ཀྱི་དོན་པོ་ཡིན་གསུངས། དེ་ཡང་ལུས་ངག་ཡིད་གསུམ་ཚོགས་པ་དང་བཅས་པའམ། དཀར་དམར་རླུང་སེམས་ཚོགས་པ་དང་བཅས་པ་ཡེ་ནས་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པ་ནི་གཞི་དུས་ཀྱི་མངོན་བྱང་། ཚོགས་སྦྱོར་དུ་དཔེའི་ཡེ་ཤེས་དང་། མཐོང་སྒོམ་དུ་དོན་གྱི་འོད་གསལ་མངོན་དུ་བྱས་པའི་སྟོང་བཞི་ཟུང་འཇུག་དང་བཅས་པ་ལམ་གྱི་མངོན་བྱང་ཡིན་པས། དེ་རྒྱུད་ལ་བསྐྱེད་བྱེད་བསྐྱེད་རིམ་དུ་ཟླ་ཉི་སོགས་ལྔ་བསྒོམ་པ་དང་། རྫོགས་རིམ་དུ་དཀར་དམར་རླུང་སེམས་ཆ་དང་བཅས་པ་ལ་གནད་དུ་བསྣུན་པའི་ཡེ་ཤེས་ལྔ་པོ་དང་བཅས་པའང་ལམ་གྱི་མངོན་བྱང་། མཐར་ཐུག་སྐུ་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པ་མི་སློབ་པའི་ཟུང་འཇུག་གི་ཡོན་ཏན་ཐམས་ཅད་ནི་འབྲས་བུའི་མངོན་བྱང་ཡིན་ནོ། །དེས་ན་མཐར་འབྲས་ལ་སྒྲིབ་བྱེད་ཀྱི་སྦྱང་གཞི་ཤིན་ཏུ་ཕྲ་བ། སྒོ་གསུམ་ཕྲ་བའི་བག་ཆགས་སམ། དཀར་དམར་རླུང་སེམས་ཀྱི་རྒྱུ་བ་ཕྲ་བ་ནི་རྡོ་རྗེ་ཐེག་པའི་ལམ་མ་གཏོགས་གཞན་གྱིས་སྦྱོང་མི་ནུས་པས་ན་གསང་སྔགས་བགྲོད་པ་གཅིག་པུའི་ལམ་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་པས་འདི་དག་གི་སྦྱང་གཞི་དང་སྦྱོང་བྱེད་སྦྱངས་འབྲས་རྣམས་ལྟོ་སྦྱར་ནས་ལེགས་པར་ཤེས་ན་རྡོ་རྗེ་ཐེག་པའི་ལམ་གནད་ཐུན་མོང་མ་ཡིན་པ་རིག་པར་འགྱུར་རོ་གསུངས། དེ་ལ་མངལ་ཞུགས་ཀྱི་རིམ་པ་དང་ལམ་དང་འབྲས་བུའི་ཆོས་མཐུན་པའི་ཚུལ་ནི། འདི་ལྟར་འཆི་བ་ཆོས་སྐུའི་འོད་གསལ་ལུགས་ལྡོག་ཏུ་མཆེད་བའི་ཡིད་ལུས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་མི་ནུས་པའམ་ནུས་ཀྱང་གཞན་དོན་དུ་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་ལ་འཇུག་པ་དག་གིས་བར་མ་དོ་ནས་སེམས་བསྐྱེད་དང་ལྡན་པས་ལུས་འཚོལ་བ་ཚོགས་ཀྱི་ལམ་དང་། ཆོས་ལྡན་གྱི་ལུས་རྟེན་ཐོབ་པའི་མངལ་སྒོ་འདམས་ནས་མའི་མངལ་དུ་རྣམ་ཤེས་ཧཱུྃ་ཡིག་ལ་སོགས་པས་རྣམ་པས་འཇུག་པ་སྦྱོར་བའི་ལམ་སྟེ། ལྷུམས་སུ་ཞུགས་དུས་ཀྱི་ཁུ་༡བ། རྡུལ་༢། རླུང་༣། སེམས་༤། འདྲེས་པའི་ཆ་༥སྟེ་བྱང་ཆུབ་ལྔ་པོ་མེར་ནུར་ལ་སོགས་པའི་གནས་སྐབས་ལྔའི་རིམ་པས་རྒྱས་པར་བྱེད་པའི་བྱེད་ལས་རང་རྒྱུད་པ་རྣམས་སྦྱོང་བ་མཐོང་སྒོམ་གྱི་ལམ་དང་། དེའི་ཚེའི་ཟླ་བ་བཅུའི་ཡུན་ནི་སློབ་པའི་ས་བཅུ་དང་རབ་ཏུ་སྦྱར་ནས་བཙའ་བ་ན་ལྷག་པའི་ལྷ་གང་ཡིན་པའི་སྐུར་བཞེངས་པ་མི་སློབ་པའི་ལམ་དུ་གྱུར་ནས་ཟུང་འཇུག་སྐྱེ་བ་སྤྲུལ་པའི་སྐུར་འགྲུབ་པའི་ཚུལ། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེ་བ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་སོ། །དེ་ལྟར་མི་ནུས་པའི་ཕལ་པ་ཞིག་ཡིན་ན་ཡང་རིམ་པ་དེ་དག་ནི་ལམ་དང་འབྲས་བུའི་ཆོས་དེ་རྣམས་དང་རང་བཞིན་གྱིས་ཚུལ་མཐུན་པར་ཡོད་དེ་གཞི་འབྲས་ངོ་བོ་གཅིག་པའི་རྟེན་འབྲེལ་གྱི་སྣང་ཚུལ་ལོ། །དེ་ཡང་བར་དོར་ལུས་རྟེན་ཚོལ་བ་དང་། ཚོགས་ལམ་དུ་ཐོས་བསམ་གྱིས་ལམ་ཡང་དག་ཚོལ་བ་གཉིས་མཚུངས་ཤིང་། དེ་བཞིན་དུ་རྣམ་ཤེས་མངལ་དུ་ཞུགས་ནས་ཕྱིར་མི་ལྡོག་པ་དང་། སྦྱོར་ལམ་དུ་རིགས་ངེས་ཐོབ་པ། རྣམ་ཤེས་ཁུ་ཁྲག་སོགས་དང་འདྲེས་ནས་མིང་གཟུགས་ཀྱི་ཚོགས་པ་ཚང་བ་དང་། མཐོང་ལམ་དུ་བདག་མེད་པའི་རྟོགས་པ་ཚང་བར་རྙེད་པ། མེར་ནུར་སོགས་གནས་སྐབས་ལྔའི་རིམ་པས་ཟླ་བ་བཅུར་གོང་དུ་འཕེལ་བ་དང་། སྒོམ་ལམ་དུ་རྟོགས་པ་དེ་གོང་དུ་འཕེལ་བའི་རིམ་པས་ས་བཅུ་བགྲོད་པ། ལུས་ཡོངས་སུ་རྫོགས་ཤིང་ཕྱིར་བཙས་ནས་དབང་པོ་ཡུལ་ལ་སད་དེ་ཚོགས་དྲུག་གི་ཡུལ་སོ་སོ་ལ་དབང་བསྒྱུར་བ་དང་། མི་སློབ་པའི་ལམ་དུ་རྟོགས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་སད་དེ་གདུལ་བྱའི་འགྲོ་བ་དྲུག་གི་དོན་སོ་སོ་ལ་མངའ་དབང་འབྱོར་པ་རྣམས་ཆོས་མཚུངས་པ་ཡིན་ནོ། །གཉིས་པ་ལམ་གྱི་མངོན་བྱང་ལྔ་བྱེ་བྲག་ཏུ་བཤད་པ་ནི། རྒྱུད་སྡེ་སྤྱི་ཁྱབ་དང་བསྟུན་པ་སྟེ། དེ་ཡང་སྦྱོར་རྗེས་ལ་སོགས་པའི་ཏིང་ངེ་འཛིན་གྱི་རིམ་པ་གཞན་རྣམས་རང་གཞུང་གིས་བསྟན་པ་ལྟར་ལ། དངོས་གཞིའི་དུས་སུ་ལམ་བྱེད་བཞི་ལ་བརྟེན་ནས་བསྒོམ་པའི་སྦྱང་བྱ་དང་སྦྱོང་བྱེད་སོགས་སྦྱར་ཏེ་བཤད་ན། སྦྱོང་བྱེད་མངོན་བྱང་དང་པོ། རྣམ་སྣང་གི་ངོ་བོ་ཨཱ་ལི་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་ཆོས་སྐུའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད། ལམ་བྱེད་གསུམ་ལ་བརྟེན་ནས་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་དུ་འགྱུར་བའི་བྱིན་རླབས་ལམ་བྱེད་ཅེས་བྱ་སྟེ། ལམ་བྱེད་ཕྱི་མ་འདི་ནི་འོག་མ་རྣམས་ལའང་འགྲེའོ། །སྦྱང་བྱ་ནི། གཟུགས་ཀྱི་ཕུང་པོ། སའི་ཁམས། ལུས། ཀུན་གཞིའི་རྣམ་ཤེས། གཏི་མུག །མངལ་སྐྱེས་ཀྱི་ཕའི་ཁུ་བ་དྲོད་གཤེར་སྐྱེས་ཀྱི་གཤེར་ཏེ་རླན་གྱི་ཆ། སྒོང་སྐྱེས་ཀྱི་ཕའི་ཆ་དང་རྫུས་སྐྱེས་ཀྱི་སྟོང་པའི་ཆ་རྣམས་སྦྱོང་བ་ཡིན་ནོ། །དེ་བཞིན་དུ་སྦྱོང་བྱེད་མངོན་བྱང་གཉིས་པ་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པ་ཡང་རྣམ་པ་ལམ་བྱེད། མངོན་བྱང་དང་པོ་འདི་གཉིས་ཀྱི་སྐབས་སུ་མཚན་གྱི་ས་བོན་ཨཱ་ལི་དང། དཔེ་བྱད་ཀྱི་ས་བོན་ཀཱ་ལིའི་ཕྲེང་བ་ཉིས་རིམ་རེ་ཟླ་ཉི་སོ་སོའི་ཁོང་སེང་དུ་སྒོམ་པར་ཡང་གསུངས། ཉི་མའི་དཀྱིལ་འཁོར་དེའི་ངོ་བོ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་དངོས་པོ་གཅིག་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་ནི། ཚོར་བའི་ཕུང་པོ། མེའི་ཁམས། ངག །ཉོན་ཡིད། ང་རྒྱལ། མངལ་སྐྱེས་ཀྱི་མའི་རྡུལ་དང་། དྲོད་གཤེར་སྐྱེས་ཀྱི་དྲོད། སྒོ་སྐྱེས་ཀྱི་མའི་ཆ་དང་། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་བ་ཡིན་ནོ། །ཡང་སྦྱོང་བྱེད་མངོན་བྱང་གསུམ་པ་འོད་དཔག་མེད་ཀྱི་ངོ་བོ་ས་བོན་ཕྱག་མཚན་དང་བཅས་པའི་རྣམ་པར་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། །དེ་ཡང་ཆོས་ཐམས་ཅད་མ་བསྒྲིབས་པར་གསལ་ཞིང་མཁྱེན་པའི་ཡེ་ཤེས་སོ་སོར་རྟོག་པ་ནི་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་ནི། འདུ་ཤེས་ཀྱི་ཕུང་པོ། ཆུའི་ཁམས་ཡིད། ཡིད་ཀྱི་རྣམ་ཤེས། འདོད་ཆགས། མངལ་སྐྱེས་ཀྱི་ཁུ་རྡུལ་གཉིས་ཀྱི་བར་དུ་བར་དོའི་རྣམ་ཤེས་ཞུགས་པ་དང་། དེས་མཚོན་ནས་སྐྱེ་གནས་གཞན་གསུམ་དང་བཅས་བཞི་པོའི་བར་དོའི་རྣམ་ཤེས་སྐྱེ་གནས་སོ་སོར་ཞུགས་པ་རྣམས་སྦྱོང་བ་ཡིན་ནོ། །དེ་བཞིན་དུ་སྦྱོང་བྱེད་མངོན་བྱང་བཞི་པ་དོན་གྲུབ་ཀྱི་ངོ་བོ། ཟླ་བ་དང་། ཉི་མ་དང་། ཕྱག་མཚན་ས་བོན་གྱི་མཚན་པ་སྟེ་རྣམ་པ་གསུམ་པོ་རོ་གཅིག་ཏུ་འདྲེས་པའི་ཐིག་ལེ་གོང་བུའི་རྣམ་པ་ཅན་དུ་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་སེམས་ཅན་གྱི་བྱ་བ་ཐམས་ཅད་གྲུབ་པའི་ཡེ་ཤེས་ནི་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་ནི། འདུ་བྱེད་ཀྱི་ཕུང་པོ། རླུང་གི་ཁམས། སྒོ་གསུམ་གྱི་བྱ་བ། སྒོ་ལྔའི་རྣམ་ཤེས། ཕྲག་དོག །མངལ་སྐྱེས་དང་སྒོང་སྐྱེས་གཉིས་ལ་མཚོན་ན་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པའི་ཆ་དང་། དྲོད་གཤེར་སྐྱེས་ཀྱི་དྲོད་གཤེར་གཉིས་དང་རྣམ་ཤེས་འདྲེས་པ་དང་། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པའི་ཆ་ཙམ་དང་བར་དོའི་སྲིད་པ་སྟེ་རྣམ་ཤེས་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན་ནོ། །ཡང་སྦྱོང་བྱེད་མངོན་བྱང་ལྔ་པ་མི་བསྐྱོད་པའི་ངོ་བོ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་རུ་བསྐྱེད་ཅིང་གྲུབ་པ་ནི་རྣམ་པ་ལམ་བྱེད། དེ་ཉིད་འབྲས་བུའི་ཡོན་ཏན་ཐམས་ཅད་དབྱིངས་སུ་རྫོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་རོ་གཅིག་པ་ནི་འབྲས་བུ་ལམ་བྱེད་དེ། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་སོ། །སྦྱང་བྱ་ནི། རྣམ་ཤེས་ཀྱི་ཕུང་པོ་དང་། ནམ་མཁའི་ཁམས་དང་། སྒོ་གསུམ་ཆ་མཉམ་པའི་བག་ཆགས་དང་། ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ་དང་། ཞེ་སྡང་དང་། སྐྱེ་གནས་བཞི་པོའི་རང་རང་གི་ཡན་ལག་དང་ཉིང་ལག་དང་སྐྱེ་མཆེད་ཀྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་ནས་ཕྱིར་བཙས་ཏེ་རེག་པའི་ཡུལ་གཟུགས་ལ་སོགས་པ་ལ་མིག་ལ་སོགས་པའི་དབང་པོ་མངོན་སུམ་དུ་སད་དེ་ལོངས་སྤྱོད་པ་ཡི་འཁོར་བའི་འཁྲུལ་སྣང་གི་རྣམ་པར་བྱ་བྱེད་ཀྱི་ཆ་དང་བཅས་པ་མཐའ་དག་སྦྱོང་བར་བྱེད་པ་ཡིན་ནོ། །དེ་ལྟར་བསྐྱེད་པ་དེ་ཡི་རང་འབྲས་སྔགས་ཀྱི་ཡོན་ཏན་བསྐྱེད་པའི་ཚུལ་ནི། ཇི་སྐད་བཤད་པ་ལྟར་སྐྱེ་སྲིད་བཞིའི་བག་ཆགས་དང་། ཁམས་ལྔ་དང་། ཕུང་པོ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། ཉོན་མོངས་པ་ལྔ་དང་བཅས་པའི་ཆ་ཐམས་ཅད་མངོན་བྱང་ལྔའི་སྦྱོང་བྱེད་ཀྱིས་སྦྱངས་ཤིང་གནས་སུ་དག་པའི་གདན་གསུམ་ཚང་བའི་ལྷ་རུ་རྫོགས་པ་ནི་མཚན་དང་དཔེ་བྱད་ཀྱི་རང་བཞིན་གཞན་ལ་ཕན་པ་བརྒྱ་ཆེན་པོ་འགྲུབ་པའི་མྱ་ངན་ལས་འདས་པ་ཡོན་ཏན་དང་ཡེ་ཤེས་ཐམས་ཅད་མཐར་ཕྱིན་པའི་དེ་བཞིན་གཤེགས་པ་དང་བཞུགས་ཚུལ་མཐུན་པར་ལམ་དུ་བྱེད་པ་སྟེ། དེའི་ཚུལ་ནི་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེར་གྱུར་པ་ལས་འཁོར་གྱི་ལྷ་མོས་ཞུ་བ་གླུས་བསྐུལ་གྱི་སྒྲའི་རྐྱེན་གྱིས་འབྲས་བུའི་ཧེ་རུ་ཀའི་སྐུར་བཞེངས་པ་དང་དོན་གཉིས་སྒྲུབ་པའི་ཕྲིན་ལས་ལ་འཇུག་པ་ལ་སོགས་པ་ཉིད་དོ། །དེ་ལྟར་ཡང་ངེས་བརྗོད་བླ་མ་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །བསྒོམས་པ་རྣམས་ནི་ཡོངས་སུ་བརྟག །སྒོང་སྐྱེས་གླུ་ནི་མེད་པ་སྟེ། །ཞེས་སོ། །འདིའི་དག་རྫོགས་སྨིན་གསུམ་ནི། འགྲོ་བའི་ལུས་རྟེན་ཁྱད་པར་ཅན་ལ་ཁམས་ཀྱི་སྦྱང་གཞི་རྩ་ཐིག་རླུང་སེམས་རགས་པའི་ཆ་མངོན་གྱུར་དུ་ཡོད་པ་ཐབས་ཀྱིས་ཟིན་པས་གྲོལ་བར་འགྱུར་ཏེ་དང་པོ་དབང་གིས་སྨིན་པར་བྱས་ཏེ། རྟོག་བཅས་ཀྱི་ལམ་བསྐྱེད་རིམ་གྱི་དུས་སུ་མངོན་བྱང་ལྔ་བསྒོམ་པའི་ཚེ་ནའང་གནད་དུ་བསྣུན་བྱའི་གཙོ་བོ་ནི་དཀར་དམར་སེམས་གསུམ་ཡིན་པའི་ཕྱིར་འཁོར་བ་དང་མཐུན་པའི་རྣམ་པ་ལམ་བྱེད་ཀྱིས་ནི་སྦྱང་བྱ་སྲིད་པའི་རང་བཞིན་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་ཐམས་ཅད་རྣམ་པར་དག །རྒྱལ་བའི་བཞུགས་ཚུལ་དང་མཐུན་པའི་མོས་པ་ལམ་བྱེད་པ་བསྒོམས་པས་འབྲས་ཆོས་ལྔ་དང་ཡེ་ཤེས་ལྔའི་ཡོན་ཏན་ཐམས་ཅད་གཞི་ལ་རྫོགས། དེ་གཉིས་ཀ་སྣང་བ་དང་། མཆེད་པ་དང་། ཉེར་ཐོབ་དང་། འོད་གསལ་དང་། ཟུག་འཇུག་ལ་སོགས་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའི་འབྲས་བུ་ལམ་བྱེད་ཀྱིས་མཚན་དཔེ་ལ་སོགས་པའི་བདག་ཉིད་དུ་སྨིན་པར་བྱེད་པ་ཡིན་ནོ། །འདིའི་བསྐྱེད་ཚུལ་གྱི་རིམ་པ་གོ་བདེ་བར་ཆོ་གའི་འགྲོས་དང་སྦྱར་ནས་མདོར་བསྡུས་སུ་བརྗོད་པ་ལ། ཀྱཻ་རྡོར་ལྟ་བུ་ལ་མཚོན་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རྡོར་སེམས་ཧེ་རུ་ཀའི་བསྒོམ་བཟླས་བྱས་རྗེས། རང་ཉིད་སྐད་ཅིག་གིས་གཙོ་བོའི་སྐུར་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ལ་མཆོད་ཅིང་། ཚོགས་བསགས་སྡོམ་བཟུང་རྣམས་བྱས་ནས་ཚད་མེད་པ་བཞི་བསྒོམ་ལ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་ནས། པད་ཉིའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གནས་པའི་འོད་ཟེར་གྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེས་གཏམས་པའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ་དང་། ཡང་སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་ཉིའི་སྟེང་བྷྲཱུྃ་ལས་འཁོར་ལོ་རྩིབས་བཅུ་པར་གྱུར་པའི་དབུས་ཀྱི་ཉི་སྟེང་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ་འཛིན་པ་དང་། རྩིབ་བཅུར་ཁྲོ་བཅུ་གསལ་བ་སོགས་ཀྱིས་གནོད་བྱེད་བརླགས་ཤིང་མཚམས་བཅད་དེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ཞུ་བ་ལས་ཆོས་འབྱུང་གི་ནང་དུ་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་སྟེང་འཁོར་ལོ། དེའི་སྟེང་འབྲུ་གསུམ་ཧོཿགཉིས་ཀྱིས་མཐའ་བརྟེན་པའི་བར་དོའི་རྣམ་ཤེས། དེ་རྣམས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ་སྟེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པ་ལས་གཞལ་ཡས་ཁང་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གསལ་བའི་དབུས་ཀྱི་གདན་སྟེང་མཚན་བཟང་གི་ངོ་བོ་ཨཱ་ལི་དཀར་པོ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་དཀྱིལ། དེའི་སྟེང་དུ་དཔེ་བྱད་ཀྱི་ངོ་བོ་གསལ་བྱེད་སོ་བཞིའི་སྟེང་དུ། ཡ་ར་ལ་ཝ་ཌ་ཌྷ་བསྣན་པའི་ཡི་གེ་དམར་པོ་བཞི་བཅུ་པོ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་ཐམས་ཅད་ཞུ་བའི་ཐིག་ལེ་དམར་སྐྱ་ལས་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་གསལ་ནས་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་པར་ཞུགས་པའི་མཁའ་གསང་ནས་ཧ་སི་ལ་སོགས་པའི་བདེ་བ་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་མཁར་ཐིག་ལེ་བརྒྱད་དུ་གྱུར་པ་ལས་ས་བོན་བརྒྱད་དུ་གྱུར་པ་འོད་ཞུའི་ལྷ་མོ་བརྒྱད་དུ་གྱུར་པས་གདན་སོ་སོར་བཀོད ། སླར་ཡང་ཡབ་ཡུམ་སྙོམས་པར་ཞུགས་པས་བར་སྣང་ནས་འབྲུ་གསུམ་ཧོཿགཉིས་ཀྱིས་མཐའ་བརྟེན་པའི་བར་དོའི་རྣམ་ཤེས་ཡབ་ཀྱི་ཞལ་ནས་ཞུགས་པ་ཡུམ་གྱི་མཁར་སླེབས་པའི་རྐྱེན་གྱིས་ཡབ་ཡུམ་འོད་ཀྱི་ཐིག་ལེར་གྱུར་པ་ལ་རང་གི་ཤེས་པ་མཚམས་བཞིའི་ལྷ་མོ་བཞིར་འཕོས་ཏེ་གླུས་བསྐུལ་བའི་རྐྱེན་གྱིས་ཐིག་ལེ་ས་བོན་དུ་གྱུར་པ་ཞུ་བ་ལས་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་ཏེ་གཙོ་འཁོར་ཐམས་ཅད་ཀྱི་དབང་པོའི་སྒོ་སོ་སོར་ལྷའི་ཕྱག་རྒྱས་རྒྱས་བཏབ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཡེ་དབྱེར་མེད་དུ་བསྲེས་ཏེ། སླར་ཡང་དབང་ལྷ་སྤྱན་དྲངས་པས་དབང་བསྐུར། དེ་ནས་བདུད་རྩི་བརླབས་ཏེ་མྱོང་། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་ནས། དག་པ་དྲན་པར་བྱས་ལ། བཟླས་པའི་རྣལ་འབྱོར་ལ་འཇུག །དེ་ནས་འདོད་དོན་གསོལ་ཏེ་ཉེར་བསྡུ་བྱ་ཞིང་། ཤིས་བརྗོད་དང་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །གསུམ་པ་དྲོད་གཤེར་སྐྱེས་སྦྱོང་བའི་བསྐྱེད་རིམ་བཤད་པ་ནི། དབང་པོ་རྣོ་ཞིང་བློ་ལས་སུ་རུང་བ་རྣམས་ཀྱིས་དང་པོ་ནས་བསྒོམ་དུ་མེད་པའང་མ་ཡིན་མོད། སྤྱིར་བསྐྱེད་རིམ་སྤྲོས་པ་ཅན་གཉིས་ལ་གོམས་པ་ཆེར་ཐོབ་པ་རྣམས་ཀྱིས་ནི་དྲོད་གཤེར་སྐྱེས་སྦྱོང་བ་ཨ་ནུ་ཡོ་གའི་བསྐྱེད་རིམ་གཙོ་ཆེ་བར་བསྒོམ་སྟེ། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་རུ་བསྒོམ། །ཞེས་པ་ལྟར། དྲོད་གཤེར་ལས་སྐྱེས་པ་རྣམས་ནི་གཉིས་པོ་ལྷན་དུ་འདུས་པ་ལ་རྣམ་པར་ཤེས་པ་ཞུགས་པའི་མོད་ལ་མངལ་སྐྱེས་ལྟར་ཡུན་རིང་པོར་སྨིན་མི་དགོས་པར་གཟུགས་ཀྱི་དངོས་པོ་ཡོངས་སུ་རྫོགས་པར་འགྲུབ་པ་བཞིན་དུ། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ལྟ་བའི་ངང་ལས་སྙིང་རྗེ་ཆེན་པོའི་རྩལ་སྣང་གི་འཕེན་པ་གཏད་ཙམ་གྱིས་མངོན་བྱང་ལྔ་ལ་སོགས་པའི་རྣམ་པ་དང་ཚིག་གི་སྤྲོས་པ་ལ་མ་བརྟེན་པར་གནས་ལུས་ལ་སྲེད་པ་དང་ལེན་པའི་བག་ཆགས་སྦྱང་ཕྱིར། གང་བསྐྱེད་པར་བྱ་བའི་ལྷ་ཡི་སྙིང་པོ་བརྗོད་པས་མཚན་དང་མངོན་རྟོགས་ཀྱི་རྣམ་པ་དྲན་ཙམ་ལས་ཤེས་རབ་ཀྱི་དབྱིངས་སྟོང་པ་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་རྟེན་དང་བརྟེན་པའི་ལྷའི་ཕྱག་རྒྱ་ཡོངས་སུ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ་པ་ནི་བདེ་སྟོང་དབྱེར་མེད་ཀྱི་བསྐྱེད་རིམ་ཆེན་པོ་སྟེ། རང་ཤར་ལས། རིམ་གྱིས་འཇུག་པ་གང་ཞེ་ན། དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །ཞེས་པ་ལྟར་རོ། །དེས་ན་འདི་ལ་ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ་ཞེས་ཀྱང་བྱའོ། །བཞི་པ་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་བཤད་པ་ནི། འདི་ལྟར་སེམས་ཅན་བརྫུས་ཏེ་སྐྱེ་བ་རྣམས་ནི། གསལ་སྟོང་གི་ཆ་ལ་རྣམ་ཤེས་ཞུགས་པ་ཙམ་གིས་ལུས་ཡོངས་སུ་རྫོགས་པར་གྲུབ་པ་ནི་དྲོད་གཤེར་ལས་སྐྱེ་བ་ལས་ཀྱང་མྱུར་བ་ལྟར་སྐད་ཅིག་གིས་ལྟ་བ་གོམས་པའི་ངང་ལས་སྙིང་པོ་ཙམ་དྲན་པའི་མོད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་ཏེ་མིང་ངམ་སྙིང་པོ་བརྗོད་པ་དང་ལྷའི་གཟུགས་ཀྱི་རྣམ་པ་ལ་རིམ་གྱི་སེམས་གཏད་པ་སོགས་ཀྱི་སྤྲོས་པ་ལ་མ་བརྟེན་པར་ཆུ་ལས་ཉ་འཕར་བ་བཞིན་རྟེན་དང་བརྟེན་པ་ཐམས་ཅད་ཝལ་གྱིས་གསལ་བ་སྟེ། རང་ཤར་ལས། ཅིག་ཆར་འཇུག་པ་གང་ཞེ་ན། ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །ཞེས་དང་། སྡོམ་འབྱུང་ལས། སྐད་ཅིག་ཙམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་བ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འ ཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་པ་ལྟར་རོ། །སྐད་ཅིག་དྲན་རྫོགས་འདི་ལ་བསྐྱེད་རིམ་གྱི་ཡན་ལག་མ་ཚང་བས་རྒྱལ་བའི་བཀའ་ལས་གཞན་དུ་གྱུར་བའོ་སྙམས་ན། མངོན་བརྗོད་བླ་མའི་རྒྱུད་ལས། ཅིག་ཆར་འཇུག་པའི་སྦྱོར་བ་ཡིས། །བདག་གི་ལུས་ནི་རྣམ་པར་བསམ། །ཞེས་དང་། གསང་བ་མཆོག་ནི་བླ་ན་མེད། །སྐད་ཅིག་གིས་ནི་བདག་བསྒོམ་པ། །ཧེ་རུ་ཀ་དཔལ་གཟུགས་སུ་བྱ། །ཞེས་དང་། སྡོམ་འབྱུང་ལས། དབང་པོ་རྣོན་པོས་སྐད་ཅིག་གིས། །རྣམ་པས་སེམས་ཙམ་དཀྱིལ་འཁོར་བསམ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། སེམས་ཅན་བརྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་པ་ལ་སོགས་པ་གསུངས་པས་རྣམ་པ་ཐམས་ཅད་དུ་སྤྲོས་པ་དང་བཅས་པའི་བསྐྱེད་རིམ་གྱི་ཡན་ལག་ཚང་བར་ཡོད་དགོས་པ་མ་ཡིན་ནོ། །སྤྱིར་བསྐྱེད་རྫོགས་ཟུང་འཇུག་གསུམ་པོ་རེ་རེ་ལའང་བསྐྱེད་རིམ་གྱི་བསྐྱེད་རིམ་ནས་ཟུང་འཇུག་གི་ཟུང་འཇུག་གི་བར་གསུམ་རེ་ཡོད་པར་གསུངས་པས་ལྷའི་རྣམ་པ་ཞིག་གསལ་བ་ཐམས་ཅད་བསྐྱེད་རྫོགས་གཉིས་ཀྱི་ཟླས་ཕྱེ་བའི་བསྐྱེད་རིམ་ཡིན་མི་དགོས་སོ། །དེས་ན་རིམ་པ་གཉིས་སུ་ཕྱེ་བའི་བསྐྱེད་རིམ་ནི་རིམ་པ་གཉིས་པའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པའི་གང་ཟག་གིས་དེའི་སྨིན་བྱེད་དུ་དང་པོ་བསྒོམ་པ་སྟེ་སྔགས་ཀྱི་ལྟ་བ་ལ་ངེས་པ་རྙེད་ནས་རྟོག་པའི་གཟུགས་བརྙན་ལྷའི་རྣམ་པར་ཤར་བ་ལ་གོམས་སུ་འཇུག་པ་ཡིན་ལ། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེས་ནས་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་རྣམ་པར་ཤར་བ་ཡིན་པས་སློབ་པའི་ཟུང་འཇུག་གི་དངོས་རྒྱུའོ། །རྒྱུ་མཚན་དེ་ལྟ་བས་ན་ལས་དང་པོ་པས་བསྐྱེད་རིམ་བསྒོམ་པ་རྣམ་རྟོག་གི་གཟུགས་བརྙན་ཙམ་ཞིག་ཡིན་ཡང་ལྟ་བའི་གདེང་གིས་ཟིན་ནས་ཡེ་ཤེས་དངོས་དང་རྗེས་སུ་མཐུན་པ་ཞིག་མེད་ན་དེའི་རྒྱུ་དང་སྨིན་བྱེད་དུ་མི་འགྱུར་བས་ན་དེ་ཏིང་དང་དགོངས་པའི་གཟེར་གལ་ཆེ་བའི་ཚུལ་འཆད་མ་རག་པ་ལྟར་རོ། །དེས་ན་ཉམས་སུ་ལེན་རྒྱུའི་ཆོས་རིམ་པ་གཉིས་པོ་གཞུང་དང་ཆོ་གར་བསྟན་པ་དེ་ཙམ་གྱིས་དེ་དང་དེ་ཁོ་ནར་མི་འགྱུར་ཏེ་ལས་དང་པོ་པས་རྫོགས་རིམ་གྱི་ཡེ་ཤེས་ལ་མཉམ་པར་བཞག་ནའང་སེམས་ཀྱི་དམིགས་པ་ལས་མི་འདའ་ལ། རྟོགས་པ་མཆོག་ལྡན་གྱིས་བསྐྱེད་རིམ་གྱི་སྤྲོས་པ་བསྒོམས་ཀྱང་ཡེ་ཤེས་ཀྱི་རང་རྩལ་ཡིན་པའི་ཕྱིར་རོ། །རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པའི་གང་ཟག་གིས་རྩ་རླུང་དང་གཏུམ་མོ་སོགས་ཀྱི་སྐབས་སུ་ལྷའི་རྣམ་པ་གསལ་བ་ནི་དངོས་སུ་ལྷན་སྐྱེས་ཡེ་ཤེས་འཆར་བྱེད་ཡིན་པས་རྟོག་པའི་གཟུགས་བརྙན་ཡིན་ཡང་རྫོགས་རིམ་གྱི་ལྷ་སྐུར་བསྡུའོ། །ལྟ་དགོངས་མཐོན་པོར་གྱུར་པ་རྣམས་ཀྱིས་བསྐྱེད་རིམ་གྱི་སྤྲོས་པ་ཆེན་པོ་དག་བསྒོམ་པ་ནི་གདུལ་བྱའི་དབང་དང་། ཁྱད་པར་དཀྱིལ་འཁོར་དེ་དང་དེར་སློབ་མ་འཇུག་ཅིང་སྨིན་པའི་རྟེན་འབྲེལ་ཁྱད་དུ་མི་གསོད་པས་ཡིན་གྱི་རང་ལ་ཆེད་དུ་དགོས་ནས་ནི་མ་ཡིན་ནོ། །སྐབས་འདིར་འཕྲོས་དོན་ཅུང་ཟད་བཤད་པ་འདི་ཡང་བླ་མའི་ཞལ་རྒྱུན་ཡིན་སྣང་ཤར་ཡང་དོན་ཟབ་པས་ཇི་བཞིན་མི་ངེས་པའི་ཕྱིར་བློ་གསལ་རྣམས་ཀྱིས་དཔྱད་པར་བྱའོ། །གཉིས་པ་མཇུག་བསྡུ་བ་ནི། དཔེར་ན་གང་ཟག་གཅིག་ལའང་བྱིས་པ་དང་། དར་བབས་དང་། རྒན་པོའི་གནས་སྐབས་གསུམ་ཡོད་པ་བཞིན། བསྐྱེད་རིམ་གྱི་བསྒོམ་ཚུལ་སྐྱེ་གནས་བཞི་སྦྱོང་བྱེད་དུ་བསྟན་པ་བཞི་པོ་དེའང་དང་པོའི་ལས་ཅན་གསར་དུ་བསྐྱེད་རིམ་ལ་གོམས་སུ་འཇུག་པ་རྣམས་ཀྱིས་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ་ཞིང་། དེ་ནས་རིམ་པ་བཞིན་གོམས་པ་ཅུང་ཟད་བརྟན་པ་དང་། བརྟན་པ་ཆེན་པོ་ཐོབ་པ་དང་། ཤིན་ཏུ་བརྟན་པའི་གནས་སྐབས་ཀྱི་བློའི་མཐུ་དང་མཐུན་པར་སློབ་པ་སྟེ་རགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱེད་མི་ནུས་པའི་བར་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་དང་། ཕྲ་བ་དེའི་སྤྱན་གྱི་དཀར་ནག་ཚུན་ཆོད་ལ་གསལ་སྣང་ཐོབ་པའི་བར་དྲོད་གཤེར་སྐྱེས་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཡུད་ཙམ་ལ་རྫོགས་པའི་ཚེ་བརྫུས་སྐྱེས་ལྟར་བསྒོམ་པ་སྟེ་དེ་ལྟར་བཞི་པོའི་སྔ་མ་གཉིས་བྱིས་པ་དང་། དེ་ནས་གཉིས་དར་བབས་དང་། རྒན་པོའི་གནས་སྐབས་ལྟ་བུ་ཏིང་ངེ་འཛིན་ལ་གོམས་ཆ་མ་སོང་བ་དང་སོང་བའི་བྱེ་བྲག་གིས་སོ། །དེ་སྐད་དུའང་སྡོམ་འབྱུང་ལས། བསྐྱེད་པའི་རིམ་པས་དཀྱིལ་འཁོར་བསྒོམ། །རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣལ་འབྱོར་སྐད་ཅིག་རྣམ་པ་ཡི། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་སོ། །གསུམ་པ་བསྐྱེད་གཞི་ཏིང་ངེ་འཛིན་རྣམ་པ་གསུམ་སྒོམ་པའི་ཚུལ་བཤད་པ་ནི། དེ་ལྟ་བུའི་བསྐྱེད་རིམ་ཡང་སྣང་བའི་ཕྱོགས་ཐབས་སུ་བྱས་པའི་ཆ་ཙམ་ལས་དོན་ལ་བསྐྱེད་རྫོགས་ཡ་མ་བྲལ་བར་ཉམས་སུ་ལེན་པའི་ཚུལ་ནི། སྔགས་བླ་མེད་ཀྱི་བསྐྱེད་རིམ་བསྒོམ་པ་རྣམས་ཐོག་མར་སྤྲོས་པ་ཅན་གྱི་བསྐྱེད་རིམ་དང་པོ་གཉིས་ནས་རིམ་པར་འཇུག་དགོས་པས་དེ་གཉིས་ཀྱི་སྔོན་དུ་འགྲོ་བ་ཏིང་འཛིན་རྣམ་པ་གསུམ་པོ་ཡིན་པ་ནི་སྔ་འགྱུར་རྙིང་མའི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཏེ། དེ་ཡང་སྐྱེ་སྲིད་ཕྱི་མ་གཉིས་སྦྱོང་བྱེད་ཀྱི་བསྐྱེད་རིམ་གཉིས་ལ་ནི་སྔོན་དུ་ཏིང་འཛིན་གསུམ་པོ་རིམ་ཅན་དུ་མ་བསྒོམ་ཡང་གོམས་པའ་ིསྟོབས་ཀྱིས་སྟོང་ཉིད་དང་སྙིང་རྗེ་ངང་གིས་ཟུང་འཇུག་ཏུ་ཡོད་དོ། །དེས་ན་གསང་སྔགས་ནང་པའི་བསྐྱེད་རིམ་ཀུན་ཀྱང་ཏིང་འཛིན་རྣམ་པ་གསུམ་གྱི་ངང་ལས་ཤར་བ་ཞིག་དགོས་པས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་རང་བཞིན་ཤེས་པའི་ཤེས་རབ་ཀྱི་དོན་ལ་མཉམ་པར་འཇོག་པ་ཡིན་པས། ཐོག་མར་གཞི་རང་བཞིན་ལྷུན་གྲུབ་ཀྱི་གནས་ལུགས་དེ་དབང་དུས་སུ་བླ་མའི་བྱིན་རླབས་འཕོ་བ་ལ་སོགས་པའི་སྟོབས་ཀྱིས་ཤེས་ན་སྨོས་ཅི་དགོས་ཀྱང་གཞན་དུ་ཐོས་བསམ་ལ་བརྟེན་ནས་ངེས་པ་རྙེད་དགོས་པས་དེའི་ཚུལ་སྔར་ཡང་བཤད་ལ། འདིར་མདོར་བསྡུས་ཏེ་སྨོས་ན་གསང་བ་སྙིང་པོ་ལས། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། །ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་པ་ལྟར། །གདོད་མའི་སེམས་ཉིད་དེ་ནི་སྟོང་པ་ཆོས་སྐུའི་སྙིང་པོ་ཅན་ཡིན་པས་ནམ་མཁའ་ལྟར་གོ་ཕྱེད་པ། གསལ་བ་ལོངས་སྐུའི་རང་བཞིན་ཅན་ཡིན་པས་ཉི་ཟླ་ལྟར་རང་འོད་གསལ་བ། འཆར་ཚུལ་སྤྲུལ་སྐུའི་བདག་ཉིད་ཅན་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་འདོད་དགུ་ལྷུན་གྱིས་གྲུབ་པས་བདེ་བར་གཤེགས་པའི་སྙིང་པོ་ཅན་ནམ་རྒྱལ་བའི་སྐུ་གསུམ་གྱི་འཆར་གཞིར་ཡེ་ནས་རང་ཆས་སུ་ཡོད་པ་ཉིད་དོ། །དེའི་ངང་ལས་སེམས་ཅན་འཁྲུལ་ཚུལ་ཡང་། དེ་ཉིད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །ཞེས་སོ། །དེ་ལྟར་འཁྲུལ་དུས་ནས་སེམས་ཀྱི་རང་བཞིན་ལ་ཉམས་པ་མེད་པའི་ཚུལ། རྔམ་གློག་ལས། སྲིད་གསུམ་ཡེ་ནས་དག་པའི་རང་བཞིན་ལ། །བདག་ཏུ་རྟོག་པ་སྲིད་རྩའི་ཉེས་དམིགས་ཀྱིས། །ཡུན་རིང་དུས་ནས་འཁྱམས་པའི་འགྲོ་བ་རྣམས། །མི་མཐུན་བདེ་སྡུག་གནས་རྣམས་སོ་སོར་བཟུང་། །ལོག་རྟོག་གོམས་པའི་དབང་གིས་ཀུན་བརྟགས་ཀྱང་། །རང་བཞིན་ཉིད་ལས་ཉམས་པ་རྡུལ་ཙམ་མེད། །ཅེས་སོ། །དེ་ལྟར་གཏན་ལ་ཕབ་པའི་དོན་དེ་ལ་མཉམ་པར་འཇོག་པའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི་སོ་སོ་སྐྱེ་བོའི་ས་ལ་རྗེས་དཔག་ཙམ་ཡིན་པས། ཆོས་ཐམས་ཅད་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཙམ་དུ་སྣང་བའི་ཏིང་ངེ་འཛིན་ལྟར་གྱུར་པ་དེ་བཞིན་ཉིད་དེའི་གདངས་ཀུན་སྣང་སྙིང་རྗེ་ཆེན་པོར་ཤར་བའི་འཕེན་པས་གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་བསྐྱེད་རིམ་སྐྱོན་མེད་དུ་ཤར་བ་ནི་ཐེག་པ་ཆེན་པོའི་ཐབས་ཀྱི་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་སྔགས་ཀྱི་ཐབས་མ་ནོར་བ་ཡིན་ཞིང་། དེ་ལྟར་བསྒོམ་པ་དེ་ནི་མར་མ་དག་འཁོར་བའི་དུས་ན་ཡང་སྐྱེ་གནས་གང་དུ་འཕེན་བྱེད་ཀྱི་ལས་དེ་སྲེད་ལེན་གྱིས་གསོས་མ་བཏབ་ན་མངལ་དུ་འཇུག་མི་ནུས་པས་སྲེད་ལེན་གྱིས་གསོས་བཏབ་ནས་འཇུག་པ་ལྟར་སྙིང་རྗེའི་འཕེན་པས་གསོས་བཏབ་ནས་འོད་གསལ་སྟོང་ཉིད་ཀྱི་ངང་ལས་དཀྱིལ་འཁོར་གྱི་ལྷའི་སྐྱེ་བ་འཛིན་པས་སྦྱང་བྱ་དང་མཐུན། མཐར་ཐུག་འབྲས་བུའི་གནས་སྐབས་ན་ཡང་རྟོག་པ་བྲལ་བའི་ཐུགས་རྗེ་ཆེན་པོ་ཆོས་སྐུའི་ངང་ལས་གཟུགས་སྐུར་བཞེངས་ནས་ནམ་མཁའ་མཐར་ཁྱབ་ཀྱི་འགྲོ་དོན་མཛད་པ་དང་ཆོས་མཐུན་ནོ། །འདི་ལྟ་བུའི་ཏིང་འཛིན་གསུམ་པོ་ཡང་ལམ་ངེས་རྫོགས་ལྟར་བསྒོམ་ན་དང་པོ་དབང་དང་དམ་ཚིག་ལ་གནས་པས་ཤེས་བྱ་ལྟ་བའི་དེ་ཉིད་ངོ་སྤྲོད་དང་། གཏན་ཚིགས་ལ་བརྟེན་ནས་ཡིད་ཆེས་པར་བྱས་ཏེ་མཐོང་བའི་རྗེས་ལ་འཇོག་པ་དང་། རིག་པ་སྤྱི་བླུགས་སུ་འཇོག་པའི་བཞག་ཐབས་གཉིས་པོ་གང་རུང་གིས་སེམས་མ་བཅོས་སྤྲོས་བྲལ་རང་བབས་སུ་ལྷོད་ཀྱིས་གློད་པ་དྲན་རྟོག་གི་འགྱུ་བའི་སྤུན་ཐག་བཅད་དེ་བྱིང་རྒོད་ཀྱི་སྐྱོན་དང་བྲལ་བར་བཞག་ཅིང་དེ་ཉིད་གོམས་པས་རླུང་སེམས་དབུ་མར་འདུས་ཏེ་རྟགས་བཅུའི་མཐོང་སྣང་རྫོགས་ཤིང་རབ་ཀྱིས་སྣང་གསུམ་ལ་བརྟེན་པའི་དཔེའི་ཡེ་ཤེས་ཀྱང་བསྐྱེད་ནུས་ལ། དེ་ལྟར་མིན་ཀྱང་སྟོང་ཉིད་སྤྲོས་པ་དང་བྲལ་བའི་གོ་ཡུལ་དང་ལྡན་པའི་སེམས་གནས་ལ་བརྟན་པ་ཐོབ་ཚེ་མེད་བཞིན་དུ་སྣང་བའི་འཁོར་བ་ལ་བལྟས་ནས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ལ་བློ་སྦྱང་། དེ་ཉིད་གོམས་པས་སྟོང་ཉིད་ལ་བློ་བཞག་ཚེ་དེ་ལྟར་མ་རྟོགས་པའི་སེམས་ཅན་མེད་སྣང་འཁྲུལ་པས་བསླུས་པ་ལ་སྙིང་རྗེ་རྩོལ་མེད་དུ་སྐྱེ་ཞིང་། སྙིང་རྗེ་གོམས་ཀྱང་བདག་གཞན་ཨ་འཐས་སུ་མི་གོལ་ཞིང་རྟེན་འབྱུང་སྒྱུ་མ་ལྟ་བུའི་སྣང་བ་ལས་དོན་དུ་རང་བཞིན་མ་གྲུབ་པའི་སྟོང་ཉིད་ཀྱི་ངེས་ཤེས་སྐྱེས་པ་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱ་ལ། དེ་ལ་གོམས་པར་བྱ་བ་ནི་འདིར་དེ་ཏིང་དང་ཀུན་སྣང་གཉིས་ཀའི་དོན་ཡིན་པས་ལམ་འདི་གཉིས་རེ་རེ་དང་བྲལ་བས་ཀྱང་རྫོགས་པའི་བྱང་ཆུབ་བསྒྲུབ་མི་ནུས་ན་གཉིས་ཀ་དང་བྲལ་བས་ལྟ་ཅི་སྨོས་ཏེ། ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །ཞེས་གསུངས་པ་ལྟར་རོ། །དེས་ན་མོས་སྒོམ་དུ་བྱེད་པའི་ཚེ་ན་ཡང་། ཐུན་ཐམས་ཅད་ཀྱི་འགོར་ཚིག་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཆོ་གའི་ཡན་ལག་རྣམས་རྫོགས་པ་དང་བློ་ལྷོད་ཀྱིས་གློད་ལ་དེ་ཏིང་དང་ཀུན་སྣང་ལ་སེམས་ཟིན་གྱི་བར་དུ་མཉམ་པར་བཞག །དེ་ནས་རྒྱུ་ཏིང་སོགས་རིམ་པ་ལྟར་བསྒོམ་ཞིང་ཉམས་ལེན་གྱི་གཙོ་བོ་སྟོང་ཉིད་སྙིང་རྗེ་གཉིས་དང་མ་བྲལ་བའི་བསྐྱེད་རིམ་མ་བརྟན་གྱི་བར་དུ་བཟླས་པ་དང་སྤྲོ་བསྡུ་སོགས་ལ་དོ་གལ་མི་བྱའོ། །དེ་ལྟར་མོས་སྒོམ་དང་ངེས་རྫོགས་གང་ལྟར་བསྒོམ་ཡང་བསྐྱེད་རིམ་གྱི་སྐབས་ཐམས་ཅད་དུ་ཏིང་འཛིན་གསུམ་ཡ་མ་བྲལ་བར་བསྒོམ་པ་ལས་རེས་འཇོག་ལྟ་བུས་མི་འཐུས་ལ། དེ་ཡང་དཔེར་ན་རྩིག་ངོར་རི་མོ་བྱེད་པའི་ཚེ་རྩིག་པ་ནི་གཞི་ཡིན་པས་དེ་མེད་ན་རི་མོ་གང་ལ་བྱེད། རྩིག་པ་ཡོད་ཀྱང་ཞལ་བ་མེད་ན་རྩིག་ངོར་རི་མོ་འདྲི་མི་ནུས་པས་ཞལ་བ་ནི་རི་མོ་དང་རྩིག་པ་ལྷན་ཅིག་བྱེད་པའི་རྐྱེན་ཡིན། རི་མོ་བྲིས་ཟིན་པའི་གནས་སྐབས་ན་ཡང་རྩིག་པ་དང་རི་མོ་ཞལ་བ་དང་བཅས་པ་གསུམ་པོ་ཚོགས་ནས་ཡོད་པ་ལྟར་རྒྱུ་ཏིང་ལས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པར་བསྒོམ་པའི་གནས་སྐབས་ནའང་སྟོད་ཉིད་སྙིང་རྗེའི་རྩལ་སྣང་ལྷར་ཤར་བས་གསུམ་ག་ཡ་མ་བྲལ་བར་ཡོད་དགོས་ཏེ་ཐ་མལ་གྱི་སྣང་བ་སྟོང་པ་ཉིད་དུ་མ་དག་ན་དཀྱིལ་འཁོར་གྱི་འཁོར་ལོ་གང་དུ་བསྒོམ། དེས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པ་དང་། འཁོར་འདས་དབྱེར་མེད་ཡིན་པའི་རྒྱུ་མཚན་གྱིས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམས་ནས་མངོན་དུ་བྱེད་ནུས་པ་ཡིན་ཞིང་སྟོང་ཉིད་ནི་བསྐྱེད་རིམ་གྱི་གཞི་ཡིན་ཏེ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་སོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཞིང་ཐ་མལ་གྱི་སྣང་བ་བདེན་པར་གྲུབ་ན་ནི་བསྐྱེད་རིམ་བསྒོམ་པ་དོན་མེད་དེ། བྲ་སྲན་འབྲས་བུ་དབང་བསྐུར་ཡང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་པ་ལྟར་རོ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ཀྱང་། སྙིང་རྗེ་ཆེན་པོའི་འཕེན་པ་དང་བྲལ་ན་ནི་གཞན་དོན་དུ་གཟུགས་ཀྱི་སྐུར་བཞེངས་མི་ནུས་ཏེ་ཉན་རང་འགོག་པར་ཞུགས་པ་ལ་གཟུགས་སྐུའི་འགྲོ་དོན་མཛད་པ་མི་འབྱུང་བ་བཞིན་ནོ། །འོ་ན་དེ་གཉིས་ཁོ་ན་ཆོག་གི་བསྐྱེད་རིམ་བསྒོམས་པས་ཅི་བྱ་སྙམ་ན། རྟེན་འབྲེལ་གྱི་སྣང་ཆ་སྒྱུ་མ་ལྟ་བུ་འདི་གདོད་མ་ནས་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་མྱུར་དུ་མངོན་དུ་བྱེད་པའི་ཐབས་གསང་སྔགས་ཀྱི་ལམ་ཡིན་པས་དེ་གཉིས་ཀྱིས་ཟིན་པའི་བསྐྱེད་རིམ་ནི་ཐབས་རྨད་དུ་བྱུང་བའོ། །དེ་ལྟར་ན་སྟོང་ཉིད་དང་སྙིང་རྗེ་གཉིས་པོ་ནི་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་ཡིན་པས་མདོ་སྔགས་གང་གི་ལམ་ཉམས་སུ་ལེན་པར་བྱེད་ན་ཡང་མེད་དུ་མི་རུང་བ་ཡིན་ཡང་། ད་ལྟ་སྙིགས་དུས་ཀྱི་སྔགས་ལམ་པ་ཕལ་ཆེར་གྱིས་རྒྱུ་མཚན་དེ་ལྟ་བུ་མི་ཤེས་པར་སྔགས་ཀྱི་ལམ་ཞེས་སྟོང་ཉིད་དང་སྙིང་རྗེ་གང་ཡང་མི་དགོས་པར་རང་ལ་གཅེས་པར་བཟུང་ནས་ལྷ་བསྒོམ་པ་དང་། སྔགས་བཟླ་བ་ལ་སོགས་པས་རང་ཕྱོགས་ལ་ཕན་པ་བསྒྲུབ་པ་དང་། གཞན་ཕྱོགས་ལ་སྡང་སེམས་ཀྱིས་མཐུ་དང་ངན་སྔགས་སོགས་བྱེད་ཅིང་། དེས་རང་ཉིད་མཆོག་ཏུ་རློམ་པར་བྱེད་པ་དེ་ནི་སྔགས་ལོག་བདུད་ཀྱི་བསྟན་པ་ཡིན་པ་ལ་དགོངས་ནས་བླ་མ་དམ་པ་རྣམས་ཀྱིས་ཀྱང་ཁྱད་པར་སྔགས་ཀྱི་གཞུང་རྣམས་ལ་བཤད་པ་མཛད་པའི་ཚེ་ན་དངོས་གཞི་བསྐྱེད་རྫོགས་གཉིས་པོ་བས། འདི་གཉིས་རྩལ་དུ་བཏོན་ཏེ་ནན་ཆེར་ཡང་ཡང་གསུངས་འདུག་པ་ནི་ཁོ་བོས་ཀྱང་མ་བརྗེད་པར་ཡོད་པ་དང་། བསྐྱེད་རིམ་གྱི་དཀའ་འགྲེལ་སོགས་གསུང་ཆོས་རྣམས་ནའང་སྣང་བ་འདིར་བྲིས་པ་ཡིན་པས་རང་སྡེ་སྔགས་སུ་ཞུགས་པའི་ལས་དང་པོ་བ་ཀུན་གྱིས་ཐུགས་ཉམས་སུ་བཞེས་ཤིག །དེ་ལྟར་དེ་བཞིན་ཉིད་བསྒོམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྙིང་རྗེ་བསྒོམ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་གཉིས་ཀྱི་ངང་ནས་ལྷ་གང་ཡང་རུང་བའི་བསྐྱེད་རིམ་གྱི་རྒྱུའི་ས་བོན་བསྒོམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་ཏིང་འཛིན་གསུམ་གྱི་གཞི་བྱས་པའི་བསྐྱེད་རིམ་ཐམས་ཅད་སྒོ་གསུམ་བྱ་བ་དང་བཅས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་གསུམ་ཕྲིན་ལས་དང་བཅས་པའི་ངང་དུ་སྡོམ་པར་བྱེད་པའི་སྲོག་སྡོམ་གཟེར་བཞིའི་མན་ངག་ལ་བརྟེན་ཏེ་ཉམས་སུ་བླང་ཞིང་དང་པོ་ཉིད་ནས་བསྙེན་སྒྲུབ་དང་འབྲེལ་བར་མོས་བསྒོམ་བྱེད་པ་རྣམས་ཀྱང་། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས་ཞེས་པ་ལྟར་བློ་ཚོད་དང་བསྟུན་པའི་ཡོན་ཏན་ཅི་རིགས་པ་ཞིག་རྒྱུད་ལ་འབྱུང་དགོས་པས་ན། ཆོས་རྗེ་བླ་མ་བཀའ་དྲིན་ཅན་གྱི་གསུང་། ཚིག་ཉུང་ལ་གནད་འདུས་པ། གོ་བདེ་ལ་ཆོད་ཆེ་བ། བྱིན་རླབས་ཆེ་བས་སྣང་བ་སྒྱུར་ནུས་པ། དམན་པ་ཐ་ཤལ་བ་བདག་ལྟ་བུས་ཀྱང་དད་པས་བག་ཕབ་སྟེ་མཇལ་བར་བྱས་ན་དངོས་པོར་ཞེན་པ་དང་ཉོན་མོངས་པས་རྟག་ཏུ་གདུང་བའང་རེ་ཞིག་ཐུགས་རྗེས་བྱིན་གྱིས་བརླབས་པའི་གསུང་གི་བསིལ་ཟེར་གྱིས་ངལ་བསོའི་དབུགས་འབྱིན་ཐོབ་ཏུ་ཡོད་ན་སྐལ་བ་དང་ལྡན་པ་གཞན་དག་ནི་ལྟ་ཡང་ཅི་སྨོས་པས། སྲོག་སྡོམ་གཟེར་བཞིའི་གནད་ཉུང་ངུར་དྲིལ་བའི་མན་ངག་སྐབས་འདི་དག་ཏུ་དངོས་ཤུགས་གང་ཡང་རུང་བས་ཕལ་ཆེར་དགོད་པར་བྱ་སྟེ། འདི་ལྟར་ལྟ་སྒོམ་སྤྱོད་འབྲས་བཞིའི་དབང་དུ་བྱས་ན། དགོངས་པ་མི་འགྱུར་བའམ་ཆོས་ཉིད་ཀྱི་གཟེར་དང་པོར་བཤད་ཀྱང་ཆོག་མོད། སྐུ་གསུང་ཐུགས་ཕྲིན་ལས་བཞིའི་དབང་དུ་ན། ལྷ་སྔགས་ཆོས་ཉིད་ཕྲིན་ལས་ཀྱི་གཟེར་རྣམ་པ་བཞི་ལས། དང་པོ་ཏིང་འཛིན་ལྷའི་གཟེར་ནི། སྐྱེ་གནས་བཞི་གང་རུང་གི་བག་ཆགས་སྦྱོང་བ་དང་འབྲེལ་བར་ཕྱི་སྣོད་གཞལ་ཡས་ཁང་དང་ནང་བཅུད་ལྷ་དང་ལྷ་མོ་རང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་ཏེ་སྣང་ཆ་ནས་དབུས་ཀྱི་གཙོ་བོ་ནས་མཐའི་མེ་རིའི་བར་ཐམས་ཅད་སོ་སོར་མ་འདྲེས་པར་ན་བཟའི་རི་མོ་ཡན་ཆད་ཡོངས་སུ་རྫོགས་པར་གསལ་ཡང་སྣང་དུས་དེ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པའི་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་ལ། ཡེ་ཤེས་ལྔས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱིས་རྒྱས་གདབ་པ་སོགས་ཡན་ལག་ཚང་བར་བྱེད་པ་ཡིན་ཏེ། དེ་ཡང་ཞི་བ་ཡིན་ན་ཚུལ་དགུ་དང་། ཁྲོ་བོ་ཡིན་ན་གར་གྱི་ཉམས་དགུ་དང་ལྡན་པ་སྟེ། ཞི་ཚུལ་དགུ་ནི། སྐུ་དང་ཞལ་ཕྱག་སོགས་གྱོང་ཁེངས་ཀྱི་རྣམ་པ་ཤིང་ལ་སོགས་པ་ལྟ་བུ་མ་ཡིན་པས་མཉེན་པ། ཕྲ་སྦོམ་སོགས་རིམ་པར་སྐབས་ཕྱེད་པས་ལྕུག་པ། སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཚིགས་མཚམས་སོགས་འཕྲུལ་ལྡེམ་དང་ལྡན་པས་ལྡེམ་པ། སྐུ་ཤ་རྒྱས་ཤིང་པགས་པ་སྲབ་པས་གཞོན་ཚུལ་ཅན། ཁ་དོག་མ་འདྲེས་པས་གསལ་བས་གསལ་བ། དེ་དག་ཀྱང་མུ་མེད་པའི་འོད་ཟེར་འཕྲོ་བ་དང་ལྡན་པས་འཚེར་བ། སྐུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའི་བརྗིད་བག་གིས་མཛེས་པས་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བྱིན་དང་ལྡན་པ་སྟེ་དགུའོ། །གར་གྱི་ཉམས་དགུ་ནི། ཆགས་ཉམས་ཀྱིས་སྒེག་པ། ཁྲོ་ཉམས་ཀྱིས་དཔའ་བ། རྨོངས་ཉམས་ཀྱིས་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། བཞད་པའི་གད་མོ་འབྱིན་པས་དགོད་པ། བསྡིག་པའི་ང་རོ་སྒྲོགས་པས་གཤེ་བ། སྒྲ་གདངས་ཆེ་ཞིང་བཟོད་པར་དཀའ་བས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ་དང་། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་རྔམ་པ། ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་བཅས་དགུའོ། །དེ་ལྟ་བུའི་ལྷ་དེ་རྣམས་ཞི་བ་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས། དར་མཐིང་ཁྲའི་གཟིལ་ལྡིར། སྣ་ལྔའི་ཅོད་པན། གར་གྱི་ཕུ་དུང་། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་གུས་སྨད་དཀྲིས་ཏེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་སྟེ་རྒྱན་བརྒྱད་དང་བཅས་པའི་བཅུ་གསུམ་དང་། སྤྲུལ་སྐུའི་རྣམ་པ་ཅན་ལ་ཆོས་གོས་རྣམ་པ་གསུམ་ལ་སོགས་པས་བརྒྱན་པ་དང་། ཁྲོ་བོ་རྣམས་ལ་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་པ་ལ་སོགས་པས་བརྒྱན་པ་སྟེ། དེ་ཡང་དང་པོ་གསུམ་ནི། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་རྣམས་སོ། །གཉིས་པ་གཉིས་ནི། ཐོད་པ་སྦྲུལ་གྱི་རྒྱན་གཉིས་ཏེ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། རྙིད་པའི་སེ་རལ་ཁ་ཞེས་པའང་འགའ་ཞིག་ན་སྣང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན་དང་། ཕྱག་ཞབས་ཀྱི་གདུ་བུ་སོགས་སོ། །ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིང་། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་གུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པའི་རིགས་ནག་པོའི་དོ་ཤལ་ཏེ་ཐམས་ཅད་གདུག་པ་སྦྲུལ་གྱི་རྣམ་པ་ཅན་ནོ། །གསུམ་པ་གསུམ་ནི། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་རྣམས་སོ། །གཞན་ཡང་གཞལ་ཡས་ཁང་གི་སྟེང་རྒྱན་དང་ལོགས་རྒྱན་ལ་སོགས་པའི་བཀོད་པའི་རྣམ་པ་ཐམས་ཅད་དང་བཅས་པ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པར་བསྒོམ་པ་སྟེ། དེ་ལ་གསལ་བའི་ཚད་བཞི་ནི། སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་སལ་ལེ། རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁོང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ། །དེ་ལྟ་བུའི་ལྷ་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང་ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངེས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོས་ཀྱང་མི་བརྗི་བས་མངོན་པར་མི་འགྱུར། སྐུ་མདོག་དང་ཞལ་ཕྱག་དང་། བྱོན་བཞུགས་དང་འོད་ཟེར་གྱི་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་ཡང་དེ་ལྟར་འབྱུང་བ་སྟེ་བཞིའོ། །དེ་དག་ལ་རྣམ་པ་གསལ་བ་ཞེས་ཀྱང་བཤད་དོ། །དེ་ལྟར་ཡང་ཡང་གོམས་པས་ཉམས་ལྔ་མཐར་ཕྱིན་ཏེ་ཡུལ་གསུམ་གྱད་དུ་གྱུར་པ་ན་གྲུབ་པ་ཡིན་ནོ། །དེ་ལ་ཡུལ་གསུམ་གྱད་དུ་གྱུར་པ་གང་ཞེ་ན། དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐར། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི། །ལུས་སེམས་ཤིན་སྦྱང་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་སུམ་གསལ། །ཞེས་པ་ལྟར། དང་པོ་ལྷར་སྣང་ལ་གོམས་པ་མ་སྐྱེས་པའི་གནས་སྐབས་ན་བསམ་པའི་བློ་རྟོག་གམ་ཡིད་ཀྱིས་བརྗོད་པ་ཙམ་གྱིས་བདག་ལྷ་ཡིན་ནོ་ལྷ་ཡང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་དུ་རྟོག་དཔྱོད་ཀྱི་བློ་ངོར་གསལ་བས་ན་བསམ་པའི་ཡུལ་དུ་གསལ་བའམ་ཡིད་ཀྱི་ཡུལ་དུ་གསལ་བ་ཞེས་བྱ། དེ་ལྟར་གོམས་པས་ལྷར་སྣང་ལ་བརྟན་པ་ཐོབ་ནས་འདི་ལྟར་ཡིན་ནོ་བའི་རྟོག་དཔྱོད་ཀྱི་རྒྱས་གདབ་མི་དགོས་པར་མིག་གི་དབང་པོ་སྐྱོན་མེད་ཀྱི་ཡུལ་ལ་བལྟས་པ་ལྟར་རྟོག་མེད་གཞི་གནས་ཀྱི་རྩི་དང་མ་བྲལ་བའི་ངང་ནས་མ་འདྲེས་པར་གསལ་བ་ནི་མཐོང་བའི་ཡུལ་དུ་གསལ་བའམ་དབང་པོའི་ཡུལ་དུ་གསལ་བ་ཞེས་བྱའོ། །མཐར་བསྐྱེད་རིམ་གྱད་དུ་གྱུར་ཏེ་རྣམ་སྨིན་རིག་འཛིན་ལ་སྦྱོར་བའི་དུས་སུ་སྣང་ཆ་ལྷའི་དཀྱིལ་འཁོར་དང་འདྲེས་ནས་རང་ངོར་ཐ་མལ་མ་དག་པའི་སྣང་བ་གཏན་དུ་མི་འཆར་ཞིང་སྒྱུ་ལུས་སམ་ཟུང་འཇུག་གི་ལྷ་སྐུ་མངོན་དུ་གྱུར་པའི་གནས་སྐབས་ནི་ལུས་ཀྱི་ཡུལ་དུ་གསལ་བའམ་རེག་པའི་ཡུལ་དུ་གསལ་བ་ཞེས་བྱའོ། །དེ་ལྟར་དང་པོ་ཡིད་ཀྱི་ཡུལ་དུ་གསལ་བའི་གནས་སྐབས་ན་རྣམ་དག་དྲན་པ་ནི། རྟེན་ཞིང་ཁམས་དང་གཞལ་ཡས་ཁང་རྣམས་བེམ་པོ་རང་རྒྱུད་པ་དང་། བརྟེན་པ་ལྷ་རྣམས་གང་ཟག་རང་རྒྱུད་པར་མི་བལྟ་སྟེ། ཐམས་ཅད་ཡེ་ཤེས་ཉག་གཅིག་གི་རང་བཞིན་མཚན་མ་རྟགས་ཀྱི་ཕྱག་རྒྱར་ཤར་བའི་ཚུལ་ལ་བལྟ་བར་བྱ་བ་ནི་གཞལ་ཡས་ཁང་གི་འོག་གཞིའི་འཁོར་ལོ་ཡེ་ཤེས་ལྔས་ཉོན་མོངས་པ་གཅོད་པའི་རྟགས་སུ་ཤར་བ་ནས་རྡོ་རྗེ་རིན་པོ་ཆེའི་ཏོག་གི་བར་གྱི་དག་པ་དང་། ནང་གི་ལྷ་གཙོ་བོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་ལྟ་བུ་ལ་མཚོན་ན། རྣམ་ཐར་སྒོ་གསུམ་མམ་སྐུ་གསུམ་དང་། ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞིའམ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ཀྱི་རྟགས་སུ་ཤར་བ་སོགས་ནས་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ཕྱག་དང་བཞུགས་ཚུལ། རྒྱན་དང་ཆ་ལུགས་ལ་སོགས་པའི་དག་པ་དྲན་པའོ། །ང་རྒྱལ་བརྟན་པ་ནི། བསྐྱེད་པའི་ལྷ་གང་ཡིན་ཡང་བདག་ལྷ་མིན་གྱི་བདག་གིས་ལྷ་དེ་བསྒོམ་པ་ཡིན་ནོ་སྙམ་པ་དང་། ལྷ་དེ་དངོས་མ་ཡིན་གྱི་ལྷ་དེའི་རྣམ་པ་ཙམ་ཞིག་བདག་གི་ཡིད་ཡུལ་དུ་བྱས་པ་ཡིན་ནོ་སྙམ་པ་ལྟ་བུ་མ་ཡིན་པར་རང་རིག་སྣང་སྟོང་གཉིས་སུ་མེད་པའི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དང་རོ་གཅིག་པ་དེ་ཡེ་ནས་ཆོས་ཉིད་དོན་གྱི་ལྷ་ཡིན་ཞིང་དེའི་རང་རྩལ་འགག་པ་མེད་པ་རྟེན་དང་བརྟེན་པའི་འཁོར་ལོར་ཤར་བ་ཡིན་སྙམ་པའི་ངང་ལ་དྲན་པ་ཉེ་བར་འཇོག་པའོ། །རྣམ་དག་དྲན་པ་དང་ང་རྒྱལ་བརྟན་པ་འདི་གཉིས་བསྐྱེད་རིམ་ཤིན་ཏུ་བརྟན་པར་གྱུར་པ་ན་རྟོག་དཔྱོད་ཀྱིས་ཆེད་དུ་བསམ་མི་དགོས་པར་མངོན་ནོ། །དེ་ལྟར་ཏིང་འཛིན་ལྷའི་གཟེར་དེས་ནི་མར་འཁོར་བའི་གནས་སྐབས་ན་སྐྱེ་གནས་བཞིའི་ལུས་ཀྱི་བག་ཆགས་སྦྱོང་ཞིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་ན་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞལ་ཕྱག་མཚན་མ་ལས་འདས་པ་དང་། སྐུ་རྣམ་པ་ཐམས་ཅད་པ་གང་ལ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་གནས་སྐབས་ན་རྩ་ཡི་དྲྭ་བ་ཐམས་ཅད་དག་པ་ལྷ་རུ་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གཉིས་པ་སྙིང་པོ་སྔགས་ཀྱི་གཟེར་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོ་སྙིང་པོ་སྔགས་ཀྱི་བཟླས་པ་ལ་བརྟེན་ནས་སྒྲ་རུ་གྲག་པ་ཐམས་ཅད་སྔགས་ཀྱི་རང་བཞིན་དུ་སྣང་ཞིང་སྣང་བའི་དུས་ཉིད་ནས་བརྗོད་བྲལ་སྟོང་པའི་གཤིས་སུ་གྲོལ་བར་བྱེད་པའི་གནད་ལ་བྱ་སྟེ། དེ་ནི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཏིང་འཛིན་སེམས་དཔའི་ཐུགས་སྲོག་ཡི་གེའི་རྣམ་པར་གནས་པའི་མཐའ་སྐོར་དུ་མདུན་ནས་བརྩམས་ཏེ་སྔགས་ཕྲེང་གིས་བསྐོར་བ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ངག་བཟླས་གྲངས་དུས་མཚན་མ་དང་སྦྱར་ཞིང་། ཁྱད་པར་འབྱིན་འཇུག་གནས་གསུམ་སྔགས་སུ་ཤེས་པས་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱེད་པ་ཡིན་ཏེ། དེས་ནི་མར་འཁོར་བའི་གནས་སྐབས་ན་བརྗོད་པ་སྒྲའི་རང་བཞིན་འགྲོ་བའི་ངག་གི་བག་ཆགས་དག་པར་བྱེད། ཡར་དག་པ་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་སྒྲ་ཚིག་བརྗོད་པ་ལས་འདས་པ་དང་། གསུང་རྣམ་པ་ཐམས་ཅད་པ་ཐེག་པ་བསམ་གྱིས་མི་ཁྱབ་པར་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་དུ་ལམ་ཉམས་སུ་ལེན་པའི་གནས་སྐབས་ན་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་ཀྱི་རོལ་པར་སྦྱངས་པས་རླུང་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ནི། ཐབས་ཀྱི་ཆ་སྣང་གྲག་ཐམས་ཅད་ལྷ་དང་སྔགས་ཀྱི་རང་བཞིན་དུ་གསལ་བ་དེའང་ཤེས་རབ་ཁྱད་པར་ཅན་ཆོས་ཉིད་ཀྱི་ལྟ་བའི་རྩིས་ཟིན་པ་ལ་བྱ་སྟེ། དེ་ལྟར་སྣང་གྲགས་སྣོད་བཅུད་ཐམས་ཅད་ལྷ་སྔགས་གཞལ་ཡས་སུ་ལྷུན་གྱིས་གྲུབ་པར་གསལ་བ་དེ་ཡང་འདུས་བྱས་བློས་སྤྲུལ་གྱི་བཀོད་པ་མིན་པར་དོན་དམ་པའི་ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོའི་རང་རྩལ་སྣང་སྲིད་བཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལ་བདག་གཞན་དང་དམ་ཡེ། བསྒྲུབ་བྱ་དང་སྒྲུབ་བྱེད། དག་པ་དང་མ་དག་པ་ལ་སོགས་པའི་གཉིས་ཆོས་སུ་འཛིན་པ་ཅུང་ཟད་ཀྱང་མེད་པར་གཉིས་མེད་མཉམ་པ་ཆེན་པོའི་ཀློང་དུ་འཁོར་འདས་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ན་བདག་དང་ལྷ་ཞེས་ཐ་དད་དུ་འཛིན་པ་མེད་དེ། བདག་གི་ཆོས་ཉིད་རྣམ་པར་དག་པ་ལྷའི་རང་བཞིན་དུ་དབྱེར་མེད་པར་གནས་པའི་དོན་མཉམ་ཉིད་རྡོ་རྗེའི་དབྱིངས་ཀྱི་དཀྱིལ་འཁོར་ལ་བསླབ་པ་སྟེ་འདིའི་ཚུལ་ཚིགས་སུ་བཅད་དེ་གསུངས་པ། གང་གི་རང་བཞིན་གཉིས་མེད་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ལྟ་བུའི་ཀློང་། །ནམ་མཁས་མི་མཚོན་མཚོན་པ་ཐ་སྙད་ཙམ། །དོན་འདི་རྟོགས་ན་འཁོར་འདས་གཉིས་མེད་དེ། །ཡེ་ནས་སངས་རྒྱས་སྲིད་པ་མིང་ཙམ་ལུས། །སྐྱེ་མེད་ཀློང་ན་རྒྱལ་ཀུན་ཐུགས་རྡོ་རྗེ། །འདུ་འབྲལ་མེད་པའི་ཆོས་ཉིད་དབྱིངས་དག་པ། །སྣང་བ་ལྷ་ཡིན་ལྷ་ལས་སྣང་མི་དམིགས། །གྲག་པ་སྔགས་ཡིན་སྔགས་ལས་སྒྲ་མེད་དོ། །ལྷ་སྔགས་མ་གྲུབ་དག་མཉམ་ཆོས་སྐུའི་ངང་། །བདག་དང་གཞན་དུ་འཛིན་པ་ཡོད་མིན་ཏེ། །སྟོང་དང་མི་སྟོང་འདི་ལ་ཅི་ཞིག་ཡོད། །བློ་ལས་འདས་སོ་ཐེག་པའི་རྒྱལ་པོའི་ལམ། །འདི་དང་རྣམ་པ་ཀུན་ཏུ་འབྲལ་མི་བྱ། །འདི་འབྲལ་བསྐྱེད་པའི་ལྷ་དེ་འཆིང་བའི་རྒྱུ། །ཞེས་པའོ། །འདིས་མར་འཁོར་བའི་གནས་སྐབས་ན་སེམས་ཀྱི་བག་ཆགས་གསལ་ཙམ་པའི་ངོ་བོར་གནས་པ་དང་། དེ་ལས་འཕྲོས་པའི་རྟོག་ཚོགས་ཐམས་ཅད་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དམིགས་བསམ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་དང་ཐུགས་རྣམ་པ་ཐམས་ཅད་པ་མངོན་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་ཉམས་སུ་ལེན་པའི་གནས་སྐབས་ན་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་བདེ་གསལ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི། ལྷ་སྔགས་ཆོས་ཉིད་གསུམ་པོ་དེ་དང་འབྲེལ་བའི་སྒོ་ནས་མཆོག་ཐུན་གྱི་ཕྲིན་ལས་སྒྲུབ་པའི་བྱེ་བྲག་ལ་བྱ་སྟེ། སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་བ་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་དགོངས་པ་ལས་གཡོ་འགུལ་མེད་པ། གསུང་སྙིང་པོ་སྔགས་ཀྱི་སྒྲ་གདངས་གཞོམ་མེད་ཡན་ལག་དྲུག་ཅུའི་དབྱིངས་སུ་བསྒྱུར་ཞིང་། སྐུ་ཞི་བ་ཚུལ་དགུ་དང་ཁྲོ་བོ་གར་དགུའི་རྣམ་རོལ་དུ་བཞུགས་པའི་སྐུའི་ཆ་དང་། ཐུགས་ཀའི་སྔགས་ཕྲེང་ལས་འོད་དང་འོད་ཟེར་གྱི་ཕུང་པོ་དཀར་ལ་འཚེར་བ། སེར་ལ་སྣུམ་པ། དམར་ལ་བཀྲག་པ། ལྗང་ལ་གནག་པ། མཐིང་ལ་གསལ་བ་དཔག་ཏུ་མེད་པ་འཕྲོས། དུས་གསུམ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་ལ་མཆོད་བྱ་དང་མཆོད་བྱེད་ཐ་དད་དུ་མེད་པ་འཕྲུལ་དགའི་རྣམ་རོལ་དུ་མཆོད་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་རོས་ཚིམ། རང་སྣང་ཡེ་ཤེས་ཀྱི་སྣང་ཆར་འཁོར་བ་མིང་ཙམ་ཡང་མི་དམིགས་ཀྱང་། གཞན་སྣང་སེམས་ཀྱི་སྣང་བར་ཡུལ་དོན་ལུས་སུ་ཨ་འཐས་པའི་མེད་སྣང་སྒྱུ་མའི་འགྲོ་ཁམས་རིགས་དྲུག་གི་གནས་རིས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཡོད་པ་ཀུན་ཏུ་ཐབས་ལ་མཁས་པའི་འོད་ཟེར་དེས་རེག་པས་འཁྲུལ་འཛིན་མ་རིག་པའི་ཆ་ཐམས་ཅད་སྐད་ཅིག་ལ་སངས་ཏེ། ལུས་ཐམས་ཅད་ལྷ་སྐུ། ངག་ཐམས་ཅད་སྙིང་པོ། ཡིད་ཐམས་ཅད་ཆོས་སྐུའི་དགོངས་པ་འཕོ་འགྱུར་མེད་པར་སངས་རྒྱས་པ་སྟེ་སྲིད་པ་ཞེས་བྱ་བའི་མིང་ཡང་མེད་པར་ཤེས་པ་ནི་མཆོག་གི་དངོས་གྲུབ་གཙོ་བོར་བྱེད་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་ཞེས་བྱའོ། །ཡང་འོད་ཟེར་དེ་དག་གི་བྱེད་པ་གནས་སྐབས་སུ་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུས་དྲག་པོའི་ཕྲིན་ལས་སྒྲུབ་པ་དང་། དམིགས་པའི་སྤྲོ་བསྡུ་དང་ཕྲིན་ལས་ཀྱི་མདེ་ཁ་བསྒྱུར་བས་ཐུན་མོང་གི་གྲུབ་པ་བརྒྱད་ལ་སོགས་པ་བསྒྲུབ་པ་སྟེ་འདིས་མར་འཁོར་བའི་གནས་སྐབས་ན་ལུས་ངག་ཡིད་ཀྱི་བྱ་བའི་ཆ་ཐམས་ཅད་སྦྱོང་ཞིང་དག །ཡར་དག་པ་སངས་རྒྱས་ཀྱི་གནས་སྐབས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་ཉམས་སུ་ལེན་པའི་གནས་སྐབས་ན་དོན་གཉིས་ལྷུན་གྱིས་གྲུབ་པའི་བྱ་བ། བྱེད་རྩོལ་དག་པའི་ལམ་ལ་བསླབས་པས་རྫོགས་རིམ་གྱི་གནས་སྐབས་ན་ལུས་ངག་ཡིད་ཀྱི་བྱེད་ལས་ལ་ལྟོས་པའི་དམིགས་བཅས་ཐུན་མོང་གི་ལམ་དང་། དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་མངོན་སུམ་འོད་གསལ་གྱི་རྣལ་འབྱོར་སྣང་སྲིད་འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །དེའང་འདི་སྐད་དུ། ཐ་དད་མ་ཡིན་གཞི་ལམ་འབྲས། །ཟུང་དུ་འཇུག་པ་སངས་རྒྱས་ལམ། །དང་པོ་ཉིད་ནས་དུ་མར་མེད། །རོ་གཅིག་ཉིད་དུ་འབྲས་བུ་རྫོགས། །འདིས་ཅི་བསྟན་ན། ལྟ་བ་དགོངས་པ་མི་འགྱུར་གཞི་སྟེ་སྒོམ་པ་ལམ། །ལྷ་དང་སྔགས་ཡིན་སྤྱོད་པ་ཤུགས་ཡིན་ཏེ། །ཕྲིན་ལས་མཆོག་ཐུན་འབྲས་བུ་གང་གནས་པ། །དང་པོ་ཉིད་ནས་ཟུང་འཇུག་ལམ་ཞེས་བྱ། །ཞེས་སྨོས་ཏེ། འདི་ལྟར་དགོངས་པ་མི་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་ན་གཞི། ཏིང་འཛིན་ལྷའི་གཟེར་ནི་སྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་སྒོམ་པ་ཡང་ཡིན་ལ་ཤུགས་ཀྱིས་སྤྱོད་པ་ཡིན་པས་དེ་གཉིས་ལམ། འཕྲོ་འདུ་དམིགས་པའི་གཟེར་ནི་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་ཅིང་སངས་རྒྱས་ཀྱི་ཕྲིན་ལས་ད་ལྟ་ནས་བྱེད་པའི་འབྲས་བུ་ཡིན་ཏེ། དེ་ལྟར་སྲོག་སྡོམ་གཟེར་བཞིའམ། ལྟ་སྒོམ་སྤྱོད་འབྲས་སམ། གཞི་ལམ་འབྲས་བུ་གང་ཡིན་པ་དེ་དག་ཀྱང་ཐ་དད་དམ་ཡ་བྲལ་ལམ་རེས་འཇོག་ཅན་ནམ་རིམ་པ་ཅན་དུ་མི་བལྟ་སྟེ། དང་པོ་ཉིད་ནས་གཅིག་དང་དུ་མ་མེད་པར་དབྱེར་མེད་ཟུང་འཇུག་ཏུ་ཤེས་དགོས་ཏེ། འདི་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་དག་མཉམ་ཆེན་པོའི་དབྱིངས་སུ་ཡེ་ནས་སངས་རྒྱས་པའི་རང་རྩལ་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་ཤར་བའི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ངང་ནས་གྲག་སྟོང་སྔགས་ཀྱི་རང་སྒྲ་ཅིར་ཡང་བསྒྱུར་ཞིང་འཕྲོ་འདུ་ཕྲིན་ལས་ཀྱི་རོལ་པ་ལ་སློབ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་སྤྲོས་པ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་འབྲས་བུ་ད་ལྟ་ནས་ལམ་དུ་བྱེད་པའི་རྡོ་རྗེའི་ཐེག་པའམ་འབྲས་བུའི་ཐེག་པ་ཞེས་སྨོས་པ་ཡིན་ལ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོ་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་དབང་བསྒྱུར། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ་ཐབས་ཤེས་ཟུང་དུ་འཇུག་པས་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་། འབྲས་བུ་རྩོལ་མེད་ཆོས་ཉིད་ཀྱི་འཁོར་ལོ་དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ། དཔེར་ན་སྒྲ་གཅན་གྱི་ཁས་ནམ་མཁའི་ཟླ་བ་བཟུང་བས་ཆུ་ནང་གི་ཟླ་བ་ཇི་སྙེད་པ་ཐམས་ཅད་རང་ཟིན་པ་ལྟར་སྲོག་སྡོམ་གཟེར་བཞིའི་མན་ངག་གཅིག་ཤེས་པས་མདོ་རྒྱུད་བསམ་གྱིས་མི་ཁྱབ་པའི་དགོངས་གནད་དུས་གཅིག་ལ་ཉམས་སུ་ལོངས་པས་ན་རེ་རེའང་གནད་ཀྱི་ཁྱད་པར་དུ་མ་དང་བཅས་པ་སྟེ། དང་པོ་དགོངས་པ་མི་འགྱུར་བའི་གཟེར་གྱིས། འཁོར་འདས་མཉམ་ཉིད་དུ་ཤེས་པས་སྤང་བླང་གཞི་ལས་དག་པའི་གནད། རོ་མཉམ་སྟོང་པ་ཉིད་དུ་ཤེས་པས་དངོས་འཛིན་བདེན་ཞེན་འཇིག་པའི་གནད། སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་ཚོགས་གཉིས་མཉམ་དུ་རྫོགས་པའི་གནད། ལྟ་བའི་རྩིས་ཟིན་པས་བསྐྱེད་རྫོགས་ཡ་བྲལ་དུ་མི་འགྱུར་བའི་གནད། དགོངས་པའི་ངང་ལས་མི་གཡོ་བས་ལྟ་ཐོག་ཏུ་སྒོམ་པ་འཁྱོལ་བའི་གནད། གྱ་ནོམ་ལྷར་ཞེན་ལས་གྲོལ་བས་བསྐྱེད་རིམ་གྱི་གོལ་ས་སྤོང་བའི་གནད། སྣང་སྲིད་གཞིར་བཞེངས་སུ་རྫོགས་པས་བདག་གཞན་གྱི་གཉིས་འཛིན་མེད་པའི་གནད། །ཡེ་གྲོལ་གཞི་རྫོགས་སུ་རྟོགས་པས་དུག་ལྔའི་གོལ་ས་མེད་པའི་གནད། ཆོས་སྐུའི་དགོངས་པ་བརྙེས་པས་སྐུ་གསུམ་རང་ལ་རྫོགས་པའི་གནད། གཞི་འབྲས་རོ་གཅིག་ཏུ་ཤེས་པས་ལམ་གྱི་རྩོལ་སྒྲུབ་མི་དགོས་པའི་གནད། སྒོམ་པ་འབྲས་བུར་འཁྱོལ་བས་སངས་རྒྱས་གཞན་ནས་མི་འཚོལ་བའི་གནད། འབྲས་བུ་གཞི་ལ་འཁྱིལ་བས་ཐོབ་བྱའི་ཞེན་འཛིན་གྲོལ་བའི་གནད། ཆོས་ཉིད་ཀློང་དུ་གཅིག་པས་དམ་ཡེའི་འཛིན་པ་དག་པའི་གནད། རིགས་བརྒྱའི་ཁྱབ་བདག་རྟོགས་པས་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པའི་གནད། མཆོག་གི་དངོས་གྲུབ་བརྙེས་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་གནད། བཟང་ངན་སྤང་བླང་ལས་འདས་པས་གཙང་སྦྲའི་ཀུན་སྤྱོད་ལ་མ་ལྟོས་པའི་གནད། བྱར་མེད་ཡེ་ཟིན་དུ་ཤེས་པས་ཆོ་གའི་ཁྲིགས་རིམ་མི་དགོས་པའི་གནད། གྲུབ་མཐའི་འཛིན་པ་དག་པས་ཐེག་པའི་རྩེ་མོར་ཕྱིན་པའི་གནད་དེ་གནད་ཆེན་པོ་བཅོ་བརྒྱད་དང་ད་དུང་ཡང་དུ་མ་དང་ལྡན་པས་འདི་ནི་སྲོག་གི་སྲོག་སྟེ་སྲོག་གཞན་གསུམ་གྱི་སྲོག་ཀྱང་འདིས་སྡོམ་པས་མེད་ཐབས་མེད་པ་ཉིད་དུ་དང་པོར་བཞག་ལ། གཉིས་པ་བསྐྱེད་རིམ་ལྷའི་གཟེར་གྱིས། སྣང་ཆ་ལྷ་རུ་གསལ་བས་སྟོང་པ་ཕྱོགས་གཅིག་ཏུ་མི་གོལ་བའི་གནད། ཀུན་རྫོབ་ལམ་དུ་བྱེད་པས་བདེན་གཉིས་ཟུང་དུ་འཇུག་པའི་གནད། དངོས་པོའི་ཨ་འཐས་སྦྱོར་བས་ཐ་མལ་གྱི་བདེན་ཞེན་སྤོང་བའི་གནད། ཆོ་གའི་ཡན་ལག་རྫོགས་པས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པའི་གནད། སྐུའི་རྣམ་པ་གསལ་བས་གཟུགས་སྐུའི་ཉེ་རྒྱུར་གྱུར་པའི་གནད། འབྲས་བུའི་བཞུགས་ཚུལ་དང་མཐུན་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནད་དེ་དྲུག་དང་། གསུམ་པ་སྙིང་པོ་སྔགས་ཀྱི་གཟེར་ལའང་། གསུང་རྡོ་རྗེ་ལམ་དུ་བྱེད་པས་ངག་གི་སྒྲིབ་པ་སྦྱོང་བའི་གནད། སེམས་དཔའ་སུམ་བརྩེགས་སུ་བསྒོམས་པས་སྒོ་གསུམ་མཉམ་དུ་གྲོལ་བའི་གནད། དམིགས་པ་སྔགས་ཕྲེང་ལ་གཏད་པས་ཐ་མལ་གྱི་རྟོག་པ་སྤོང་བའི་གནད། ཟླ་བ་སྐར་ཕྲེང་ལྟར་བཟླས་པས་རང་བབས་ཀྱི་ཏིང་འཛིན་ལ་གནས་པའི་གནད། མགལ་མེའི་འཁོར་ལོ་ལྟར་བཟླས་པས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་གནད། བུང་བ་ཚང་ཞིག་ལྟར་བཟླས་པས་སྒྲ་གྲག་སྔགས་སུ་གྲོལ་བའི་གནད། །སྙིང་པོའི་སྲོག་ནས་བགྲངས་པས་ལྷའི་བྱིན་གྱིས་རློབས་པའི་གནད། །ངག་གི་ནུས་པ་འཕེལ་བས་ཅི་སྨྲས་གཞན་དོན་དུ་འགྱུར་བའི་གནད། རིག་སྔགས་ཀྱི་བདེན་ཚིག་གྲུབ་པས་སྨོན་ལམ་གང་བཏབ་འགྲུབ་པའི་གནད། རྒྱལ་བའི་གསུང་ལ་དབང་བས་སྣང་སྲིད་ལྷ་འདྲེས་བཀའ་བཞིན་སྒྲུབ་པའི་གནད་དེ་བཅུ་དང་། བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་གྱིས་མཆོག་གི་དངོས་གྲུབ་འགྲུབ་པས་ཐུན་མོང་ཤུགས་ཀྱིས་འབྱུང་བའི་གནད། དམིགས་པའི་མདེ་ཁ་བསྒྱུར་བས་ལས་ཚོགས་གཞན་ལ་མི་ལྟོས་པའི་གནད། ཕྲིན་ལས་མཐའ་རུ་ཕྱིན་པས་གཞན་དོན་འབད་མེད་དུ་འབྱུང་བའི་གནད། འགྲོ་དོན་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་འགྲུབ་པའི་གནད། སེམས་བསྐྱེད་ཀྱི་འཕེན་པས་འཕངས་པས་ཐེག་པ་དམན་པར་མི་གོལ་བའི་གནད། གདུལ་བྱ་སྨིན་ཅིང་གྲོལ་བས་གདུང་བརྒྱུད་འཛིན་པའི་གནད་དེ་དྲུག་དང་ལྡན་པ་ཡིན་ལ། དེ་ལྟར་རྩ་བ་བཞི་ལ་གནད་ཀྱི་ཁྱད་ཆོས་བཞི་བཅུ་དང་ལྡན་པས་ན། གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་གནད་མ་ལུས་པ་འདིར་འདུ་ཞིང་། འདི་དང་མི་ལྡན་པའི་ལམ་ནི་ཤི་བའི་རོ་དང་འདྲ་བར་ངེས་པས་ན་སྲོག་སྡོམ་གཟེར་བཞི་ཞེས་བྱ་སྟེ། གཉིས་འཛིན་གྱི་ཆ་ཐམས་ཅད་གཉིས་མེད་ཡེ་ཤེས་ཆེན་པོར་གཅིག་ཏུ་སྡོམ་པའི་གཟེར་བུའང་ཡིན་ནོ། །དེས་ན་དེ་ལྟ་བུའི་སྲོག་སྡོམ་གཟེར་བཞིའི་མན་ངག་དང་ལྡན་པའི་བསྐྱེད་རིམ་ནི་སྔགས་ཀྱི་ལམ་རྣམ་པར་དག་པ་ཡིན་ལ། དེ་ལས་ལྡོག་སྟེ་སྦྱང་གཞི་སྦྱོང་བྱེད་ཀྱི་རྟེན་འབྲེལ་མི་ཤེས་ཤིང་མན་ངག་དང་མི་ལྡན་པས་ཞེན་མེད་ཀྱི་ལྟ་བ་དང་སྙིང་རྗེའི་སེམས་དང་མི་ལྡན་པ་ནི་ཐེག་པ་ཆེན་པོ་དང་འགལ་བའི་ཕྱིར་གསང་སྔགས་ཀྱི་ལམ་མིན་པར་མ་ཟད་རྣམ་གྲོལ་གྱི་ལམ་ཙམ་དུའང་འགྱུར་དཀའ་བས་དེ་འདྲ་བའི་ལམ་སྣང་ཕྱོགས་ཀྱི་དམིགས་པ་ལ་ཞེན་པ་དང་བཅས་པའི་བསྐྱེད་རིམ་ནི་མུ་སྟེགས་བྱེད་དག་ལའང་ཡོད་དེ་རང་རང་གིས་འདོད་པའི་ལྷ་བསྒྲུབ་ཅིང་འགྲུབ་པས་རང་ཕྱོགས་ལ་གནས་སྐབས་ཀྱི་ཕན་པ་སྒྲུབ་པ་དང་གཞན་ཕྱོགས་ལ་གནོད་པ་སྐྱེལ་བ་དུ་མ་ཡོད་པར་བཤད་པའི་ཕྱིར་དང་། ཡང་ཞི་བའི་ལྷའི་རྣམ་པ་ལ་གོམས་ཀྱང་ཞེན་པར་གྱུར་ན་གཟུགས་ཁམས་སུ་གོལ་བར་བཤད་པ་དང་། ཡང་བསྒོམ་ཞིང་བསྒྲུབ་རྒྱུ་དེ་འཇིག་རྟེན་ལས་འདས་པའི་ལྷ་དཔལ་ཆེན་པོ་ལྟ་བུ་ཞིག་ཡིན་ཡང་བསྒྲུབ་ཚུལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་འབྲེལ་བར་ལྷ་རང་རྒྱུད་པར་བཟུང་ནས་ལྷ་སྣང་གོམས་པ་དང་དྲག་སྔགས་བཟླ་བ་སོགས་གཞན་ལ་གནོད་པའི་བསམ་སྦྱོར་དང་བཅས་པས་བྱས་ན་རཱུ་ཏྲའམ། གདོན་གྱི་རིགས་མཁའ་ལ་རྒྱུ་བའི་ཡི་དྭགས་མཐུ་བོ་ཆེ་གཞན་གྱི་སྲོག་ལུས་ལ་འཚེ་བར་བྱེད་པ་དག་ཏུ་འགྱུར་ཞིང་དེའི་ཚེ་ནའང་དེ་སྔགས་པ་ནུས་ལྡན་རྣམས་ཀྱིས་སྙིང་རྗེ་མ་གཏོགས་བསྐྱེད་རིམ་དང་དྲག་ལས་སོགས་ཀྱིས་འདུལ་མི་ནུས་པར་ཁོ་རང་ཡང་དེ་འདྲ་བའི་དྲག་པོའི་ང་རྒྱལ་གྱི་གནས་ཐུབ་པ་ཡོད་པར་བཤད་པས་ཏེ། རྒྱུད་ལས། དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རཱུ་ཏྲར་གོལ། །ཞེས་སོ། །དེས་ན་སྟོང་ཉིད་ཀྱི་གོ་ཡུལ་ཡོད་པ། བསྐྱེད་རིམ་གྱི་གསལ་སྣང་ཐོན་པ། བཟླས་པའི་གྲངས་འཁྱོལ་བ་དུ་མ་རྒྱལ་འགོང་དུ་སྐྱེས་པ་ནི་ཡོད་ལ། སྙིང་རྗེ་ཆེན་པོའི་རྩི་དང་མ་བྲལ་བའི་གདུག་འདྲེ་ནི་གང་ནའང་ཡོད་པར་མ་ཐོས་སོ། །བཞི་པ་ས་ལམ་བགྲོད་ཚུལ་ནི། དེ་ལ་ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྣམ་པ་གཉིས་ཏེ་དབང་རྟུལ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ལ་དང་པོ་ནས་འཇུག་མི་ནུས་པ་དང་། དབང་རྣོན་དང་པོ་ནས་འཇུག་ནུས་པ་གཉིས་ཡོད་ལ། དེའང་དབང་རྟུལ་སྔགས་ལ་འཇུག་པའི་མཚམས་ཀྱང་གཞུང་འདིའི་དགོངས་པ་ནི་ཚོགས་ལམ་ཆེན་པོ་ནས་ཡིན་པར་བཤད་ཟིན་པ་ལྟར་ལ། སྔ་འགྱུར་བ་འགའ་ཞིག་གིས་འཕགས་ལམ་ནས་ངེས་པར་འཇུག་པར་བཤད་པས་དེའི་ལུགས་ལྟར་ན་དེ་གཉིས་ཀའི་རྒྱུད་ལ་མཐོང་ལམ་གྱི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་མདོ་སྔགས་སོ་སོའི་ལམ་གྱིས་རང་རང་གི་རིགས་ཀྱི་ནུས་པ་གསོས་ནས་ལམ་སྦྱངས་པ་ལས། ནམ་ཞིག་མཐོང་ལམ་ཐོབ་པ་ན་དེ་གཉིས་ཀྱི་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ་ལ་ཁྱད་པར་མེད་པར་གསུངས་པས་ན་སྔགས་སུ་ཞུགས་པའི་གང་ཟག་དེའི། བྱང་ཆུབ་སེམས་དཔའི་ལམ་མཚན་ཉིད་ཐེག་པ་ལས་བཤད་པའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བར་གསར་རྙིང་གི་རྒྱུད་ཐམས་ཅད་དུ་ཤིན་ཏུ་གྲགས་པ་དེ་ཉིད་མྱུར་དུ་མངོན་དུ་བྱེད་པའི་ཐབས་གསང་སྔགས་ཀྱི་ལམ་ནི་ཐབས་ཕྱོགས་རེ་བ་ཙམ་ཡང་མ་ཡིན་ལ། སྤང་གཉེན་གཉིས་སུ་བྱེད་པའི་དཀའ་ཐུབ་ཀྱིས་ཡུན་རིང་པོར་གདུང་ཡང་མི་དགོས་པར་ཐབས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་ཏེ། དེ་ཡང་ལྷག་པའི་ལྷའི་བསྐྱེད་རིམ་གང་བསྒོམ་ཡང་། ཕོ་བྲང་རྣམ་པར་སྣང་མཛད། རྗེས་ཆགས་རྡོ་རྗེ་འཆང་། དབང་བསྐུར་མི་བསྐྱོད་པ། མཆོད་པ་དོན་གྲུབ། བསྟོད་པ་རིན་འབྱུང་། བདུད་རྩི་མྱོང་བ་འོད་དཔག་མེད་དེ་ཡན་ལག་དྲུག་རྫོགས་སུ་བསྒྲུབ་པ་དང་། བསྐྱེད་རིམ་རྒྱས་པ་གཉིས་ལ་ཕྱག་རྒྱ་བཞིས་བཅིང་བ་དང་། དབང་བསྐུར་བ་དང་རྒྱས་གདབ་པ་གསུམ་ལས། དང་པོ་ནི་ཕྱག་རྒྱ་བཞིས་ཡེ་ཤེས་པ་དགུག་ཅིང་དམ་ཚིག་པར་གཞུག་ལ་དབྱེར་མེད་དུ་བྱས་ནས་དགྱེས་པ་བསྐྱེད་པ་སྟེ། འདི་ལ་སྦྱོར་བའི་ཏིང་ངེ་འཛིན་ནམ་སྙོམས་འཇུག་གི་ཐ་སྙད་ཀྱང་ཐོབ་ལ། འཁོར་གྱི་ལྷ་རྣམས་རྫོགས་པར་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་། མཆོད་བསྟོད་ཕྲིན་ལས་ལ་སོགས་པ་ལ་ལས་རྒྱལ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་བཤད་ཅིང་སྐུ་གསུམ་ལམ་དུ་བྱེད་པར་གསུངས་པ་དང་། གཉིས་པ་ནི། དབང་ལྷ་སྤྱན་དྲངས་ནས་དབང་བཞི་ཀ་བསྐུར་བར་བཤད་པའང་ཡོད་ལ། ཕལ་ཆེར་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་དབང་བསྐུར་ནས་བག་ཆགས་འཁྲུད་པ་ལ་སོགས་པ་བྱེད་དོ། །གསུམ་པ་ནི་རིགས་བདག་གིས་རྒྱས་འདེབས་པ་སྟེ། འདི་ནི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་མཚོན་དོན་ཏེ། དེ་ལ་ཐུགས་རིགས་ཀྱིས་རིགས་གཞན་བཞི་ལ་རྒྱས་འདེབས་པ་ནི་ཕུང་པོ་གཞན་བཞི་སེམས་ཀྱི་རང་བཞིན་དུ་ཤེས་པའི་དོན་དེ་རང་བཞིན་ལ་རང་བཞིན་གྱི་རྒྱ་ཞེས་ཀྱང་བྱའོ། །དབྱེ་ན་གཙོ་བོ་ཡབ་ཡུམ་རང་སེམས་སུ་ཤེས་པ་ལ་ཡིད་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི་ངོ་བོ་ལ་ངོ་བོ་ཉིད་ཀྱི་རྒྱ་དང་། ལུས་ཀྱི་ངོ་བོ་རྣམ་སྣང་ལ་སེམས་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ལུས་ལ་སེམས་ཀྱི་རྒྱ་དང་། ཡིད་དག་པ་མི་བསྐྱོད་པ་ལ་ལུས་དག་པ་རྣམ་སྣང་གིས་རྒྱས་འདེབས་པ་སེམས་ལ་ལུས་ཀྱི་རྒྱ་དང་། རྒྱུ་འདོད་ཆགས་དག་པ་འོད་དཔག་མེད་ལ་འབྲས་བུ་སེར་སྣ་དག་པའི་རིན་འབྱུང་གིས་རྒྱས་འདེབས་པ་རྒྱུ་ལ་འབྲས་བུའི་རྒྱ་དང་། འབྲས་བུ་ཕྲག་དོག་དག་པ་དོན་གྲུབ་ལ་རྒྱུ་འདོད་ཆགས་དག་པ་སྣང་མཐས་རྒྱས་འདེབས་པ་འབྲས་བུ་ལ་རྒྱུའི་རྒྱའོ། །ཚུལ་དེ་རྣམས་ནི་སྣང་ཤེས་དང་། ལུས་སེམས་དང་། རྒྱུ་འབྲས་དག་ལ་སོ་སོར་ཞེན་པ་སྦྱོང་བའི་ཕྱིར་གཙོ་བོར་བསྟན་ཏེ་དེས་མཚོན་ན་རིན་འབྱུང་ལའང་རྒྱས་འདེབས་ཚུལ་ཡོད་པར་སེམས་སོ། །སྤྱིར་མ་དག་པའི་ཕུང་སོགས་ལྷར་བསྒོམ་པ་ཀུན་བརྟགས་ལ་གཞན་དབང་གི་རྒྱ་དང་། ལྷ་རྣམས་ཀྱི་སྤྱི་བོར་སོ་སོའི་རིགས་བདག་གིས་རྒྱས་འདེབས་པ་གཞན་དབང་ལ་གཞན་དབང་གི་རྒྱ་དང་། རིགས་བདག་དེ་རྣམས་ཀྱི་སྤྱི་བོར་རང་རང་གི་རིགས་ཀྱི་ཕྱག་མཚན་གྱིས་རྒྱས་གདབ་པ་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱའོ །དེ་བཞིན་དུ་སྐྱེ་མཆེད་རྣམས་ལ་རྒྱས་འདེབས་ཚུལ་ཡང་སོ་སོར་གསུངས་མོད་དཀྱིལ་འཁོར་གྱི་ལྷ་གང་ཡིན་ཡང་གཙོ་འཁོར་ཐམས་ཅད་རིགས་གང་ཡིན་སོ་སོར་ཤེས་པར་བྱས་ནས་རང་རིག་ཀྱིས་རྒྱས་འདེབས་པ་ནི་སྤྱིའི་ལུགས་སོ། །དེ་ལྟ་བུའི་ཐབས་ཀྱིས་སྣང་ཆ་ཐམས་ཅད་ལྷ་སྐུར་གསལ་བའི་སྒོ་ནས་གཟུགས་སྐུ་ཕྲིན་ལས་དང་བཅས་པ་ལམ་དུ་བྱས་པས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། དེ་ཐམས་ཅད་ལ་རང་བཞིན་ཡོངས་ཤེས་ཀྱི་ཤེས་རབ་ཀྱིས་ཟིན་ཏེ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་ཆོས་སྐུ་ལམ་དུ་བྱས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན་ཏེ། དེ་ཡང་ཐབས་ལ་མཁས་པས་འབྲས་བུ་ལ་མྱུར་དུ་སྦྱོར་བར་བྱེད་པའི་ལམ་ཡིན་པའི་ཕྱིར་ན་སྤྱིར་གསང་སྔགས་ཐམས་ཅད་ཉེ་བའི་རྒྱུ་ཡིན་ཞིང་དེ་ལས་ཀྱང་ནང་རྒྱུད་སྡེ་གསུམ་གྱི་ལམ་ཐམས་ཅད་ཤིན་ཏུ་ཉེ་བ་ཚེ་འདི་ཉིད་ལ་ཟུང་འཇུག་གི་འབྲས་བུ་མངོན་དུ་བྱེད་པའི་ལམ་ཁྱད་པར་ཅན་ཡིན་པས། གྲོལ་ལམ་བསྐྱེད་རིམ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་ལ་སྦྱོར་བའི་ཕྱིར་ཚོགས་གཉིས་ཉེ་བའི་རྒྱུར་བསྟེན་པའི་སྒོ་ནས་སམ། དབང་པོ་རྣོན་པོ་ཐབས་ལམ་པ་དག་ལས་རྒྱ་ལ་བརྟེན་ནས་རྫོགས་རིམ་གྱི་རྟོགས་པ་མཐར་ཕྱིན་པའི་བར་གྱི་ལམ་ལྔ་པོ་བགྲོད་པར་བྱེད་པའི་ཚུལ་དག་ནི་མཚན་ཉིད་ཐེག་པར་ཡུན་རིང་མོ་ཞིག་ནས་ལམ་ལྔ་དང་ས་བཅུའི་ཡོན་ཏན་ཐམས་ཅད་རིམ་གྱིས་ཐོབ་པར་བཤད་པ་དེ་སྔགས་ལམ་གྱིས་མྱུར་དུ་བགྲོད་པར་འགྱུར་བའི་ཁྱད་པར་ཙམ་ལས། ལམ་གྱི་གོ་རིམ་དང་ཡོན་ཏན་གྱི་རྣམ་གྲངས་ཐམས་ཅད་ནི་མཚུངས་པར་ཡོད་པས་ན་འདིར་སྔགས་ཀྱིས་ལམ་ཇི་ལྟར་བགྲོད་པའི་ཚུལ་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ལ་ལམ་གྱི་ངོ་བོའི་ཆ་ནས་བསྐྱེད་རིམ་ཞེས་སྨོས་པ་དེ་ཉམས་སུ་ལེན་ཚུལ་གྱི་ཆ་ནས་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་ཞེས་བྱ་སྟེ། གྲོལ་ལམ་པ་དེའི་ཐོས་བསམ་གྱིས་སྔགས་ཀྱི་ལྟ་བ་ལ་ངེས་པ་རྙེད་ནས་ལམ་བསྒོམ་པ་ན་བསྐྱེད་རིམ་རྐྱང་པའི་ལམ་གྱིས་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་རིག་འཛིན་དང་གཟུགས་ཀྱི་རིགས་འཛིན་གཉིས་གྲུབ་སྟེ་འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་འོག་མིན་གྱི་བར་དག་དང་སྐལ་པ་མཉམ་པར་འགྱུར་ཞིང་དེ་ནས་རྫོགས་རིམ་དང་འབྲེལ་བའི་ཐབས་ཀྱིས་གྲོལ་བ་ཡོད་ཀྱིས་བསྐྱེད་རིམ་དེ་ཁོ་ནས་འདས་ལམ་མངོན་དུ་བྱེད་པ་མེད་དོ། །འོན་ཀྱང་སྐལ་བ་དང་ལྡན་པའི་དབང་རབ་ཁ་ཅིག་དང་པོ་ནས་དབང་དང་མན་ངག་བསྟན་པ་ཙམ་གྱིས་བསྐྱེད་རྫོགས་ཟུང་དུ་ཚུད་དེ་རྟོགས་གོམས་ཆིག་ཆོད་དུ་གྱུར་ནས་གྲོལ་བ་ཡོད་དེ། དེ་ལ་ནི་གྲོལ་ལམ་ཅིག་ཅར་བ་ཞེས་བྱ་སྟེ་ས་ལམ་གྱི་ཡོན་ཏན་ཅིག་ཅར་དུ་སྐྱེ་བས་སོ། །གྲོལ་ལམ་རིམ་གྱིས་པ་ནི། དག་མཉམ་གྱི་ལྟ་བ་དང་མཐུན་པའི་ལམ་ཟག་བཅས་ཀྱི་རྣལ་འབྱོར་ལྔའི་ཏིང་འཛིན་ལ་རྩལ་སྦྱང་བའི་མཉམ་རྗེས་ཀྱི་རྣལ་འབྱོར་ལ་བརྟེན་ནས་དཔེར་ན་རིན་པོ་ཆེ་ཀོསྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ཐ་མལ་འཁྲུལ་པའི་རྟོག་པ་རྣམས་རིམ་གྱིས་རང་གྲོལ་དུ་འགྱུར་ལ། དེ་གྲོལ་ན་དེ་དང་དབྱེར་མེད་པར་འཇུག་པའི་རླུང་ཁམས་ཀྱི་འཕོ་བ་ཡང་ཡེ་ཤེས་ཀྱི་དབྱིངས་སུ་གྲོལ་བར་མི་འགྱུར་བའི་གནས་མེད་དེ་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་ཐམས་ཅད་འགག་པ་ཡིན་ནོ། །དེ་ལྟར་གཟུང་འཛིན་འཁྲུལ་སྣང་གི་ཀུན་རྟོག་རྐྱེན་དང་བཅས་པ་ཆབ་རོམ་ཆུར་ཞུ་བ་བཞིན་རང་ཞི་རང་གྲོལ་དུ་སོང་ནས་གནས་ལུགས་དོན་དམ་པའི་བདེན་པ་མཐོང་ལམ་གྱི་ཡེ་ཤེས་མངོན་དུ་བྱས་ཏེ་མི་སློབ་པའི་འབྲས་བུ་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ཡང་། རྩ་རྒྱུད་གསང་བ་སྙིང་པོ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་སོ། །ཡང་ལམ་གྱི་ངོ་བོ་རྫོགས་རིམ་ཉམས་སུ་ལེན་པའི་ཆ་ནས་ཐབས་ཀྱིས་ངེས་པའི་ལམ་ཞེས་བྱ་སྟེ། གཙོ་བོར་ཐབས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་རང་གནས་ཀྱི་ཡེ་ཤེས་བཙན་ཐབས་སུ་འཆར་བར་བྱེད་པ་སྟེ་དཔེར་ན་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་ཡུད་ཙམ་གྱིས་གསེར་དུ་བསྒྱུར་བ་བཞིན་ནོ། །དེ་ལ་ཡང་ཐབས་ལམ་རིམ་གྱིས་པ་སྟེང་སྒོ་ལ་བསླབ་པ་སྟེ་འཁོར་ལོ་དྲུག་སོགས་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་བདེ་བའི་ཡེ་ཤེས་བསྐྱེད་པ་དང་། ཐབས་ལམ་ཅིག་ཆར་བ་འོག་སྒོ་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་སྟེ། དེ་ཡང་བརྩོན་འགྲུས་ཅན་ཐབས་ཀྱི་སྒོ་ནས་སྤྲོས་བྲལ་བློ་འདས་ཀྱི་དོན་མཉམ་གཞག་ཏུ་ཅི་རིགས་པར་མྱོང་བའི་སྟོབས་ལས་རྗེས་ཐོབ་ཏུ་སྣང་སྲིད་དག་མཉམ་ཆེན་པོའི་ཚུལ་ལ་ངེས་པ་ཤུགས་ཀྱིས་འདྲོངས་ཤིང་རྣམ་རྟོག་གི་བཞོན་པར་གྱུར་བའི་རླུང་དང་རྐྱེན་དུ་གྱུར་པའི་ཁམས་ཕྲ་རགས་རྣམས་རྩ་ཡི་གནད་ལ་བརྟེན་ཏེ་བཅིངས་པས་གཡོ་བྱེད་ཀྱི་རླུང་འཆིང་བ་ན་ཡིད་ཀྱང་རང་བཞིན་གྱིས་འཆིང་བ་ནི་དཔེར་ན་རྐང་པ་བཅིངས་ན་ལུས་འགྲོ་བ་མེད་པ་བཞིན་ཡིན་པས་ཀུན་རྟོག་བཞོན་པ་དང་བཅས་པ་དབུ་མའི་དབྱིངས་སུ་ཐིམ་པས་ཁམས་དང་རྩའི་འགྲོ ས་དག་ནས་རང་ལ་རང་བཞིན་གྱིས་གནས་པའི་ཡེ་ཤེས་ཀྱི་སྣང་བ་རིམ་གྱིས་འཕེལ་ཏེ་མཐར་འཕོ་བའི་བག་ཆགས་ཤིན་ཏུ་ཕྲ་བའང་དག་ནས་བདེ་བ་ཆེན་པོའི་སྐུ་འགྲུབ་པར་འགྱུར་ཏེ། དེ་ཉིད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །དེ་ལྟ་བུའི་ཐབས་ཀྱི་ལམ་སྟེང་འོག་གི་སྒོ་གཉིས་ལ་བརྟེན་པའི་ཚུལ་རྒྱས་པར་ནི་འོག་ཏུ་འཆད་པར་འགྱུར་ལ། སྐབས་འདིར་ནི་ས་ལམ་རིམ་གྱིས་བགྲོད་པར་འགྱུར་བ་དེ་བསྐྱེད་རྫོགས་སམ་ཐབས་གྲོལ་གཉིས་པོའི་ཐུན་མོང་གི་བྱེད་ལས་ཡིན་པས་གཉིས་ཀ་གང་ལ་བསླབ་པ་དེའི་ས་ལམ་ཐམས་ཅད་མཐར་ཕྱིན་པར་བྱེད་པའི་ཕྱིར་དེ་གོ་བའི་དོན་དུ་སྨོས་པ་ཡིན་ནོ། །དེ་ལྟར་གྲོལ་ལམ་དང་ཐབས་ལམ་གཉིས་པོ་བསྐྱེད་རྫོགས་གཉིས་ཀའི་ལམ་ཉམས་སུ་ལེན་ཚུལ་ཡིན་པར་བཤད་པ་དེའང་ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གི་སྒོ་ནས་བཞག་གི་གཅིག་ལ་གཅིག་མེད་པ་ནི་མ་ཡིན་ཏེ་བསྐྱེད་རིམ་ལའང་རྩ་རླུང་ཐིག་ལེ་ཐམས་ཅད་ངང་གིས་དག་སྟེ་རྫོགས་རིམ་གྱི་ཡེ་ཤེས་འདྲེན་པའི་ཐབས་ཡོད་ལ། རྫོགས་རིམ་ལའང་ཐབས་ཀྱི་སྒོ་ནས་ཤེས་རབ་ཁྱད་པར་ཅན་གྱི་ལྟ་བ་དང་རྟོག་ཚོགས་ཐམས་ཅད་ལྷར་འཆར་བ་ཡོད་པའི་ཕྱིར་རིམ་པ་གཉིས་པོ་གང་གི་ལྟར་ཡང་གཉིས་ཀ་ཟུང་འཇུག་ཏུ་མེད་པ་ནི་ལམ་བགྲོད་དུ་མེད་པས་ཟུང་འཇུག་གི་ལམ་ཡིན་པ་དང་། གནས་ལུགས་ཀྱི་དོན་མཐོང་བ་ལ་ཁྱད་པར་མེད་པར་ཤེས་པར་བྱའོ། །ཐབས་དེ་དག་ལ་བརྟེན་ནས་ལམ་བགྲོད་ཚུལ་གྱི་རིམ་པ་དངོས་ནི་སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་སྤྱི་དོན། དང་པོ་དཀྱིལ་འཁོར་བཞེངས་སྒྲུབ་ནས་མཐར་མི་སློབ་པའི་ལམ་གྱི་བར་ཐམས་ཅད་ཕྱག་རྒྱ་བཞིའི་ཆིངས་ཀྱིས་བཅིངས་ནས་བཤད་པའང་ཡོད་དེ། སྒྲུབ་གཞི་ལས་ཀྱི་ཕྱག་རྒྱ། སྒྲུབ་བྱེད་དམ་ཚིག་གི་ཕྱག་རྒྱ། བསྒྲུབ་བྱ་ཆོས་ཀྱི་ཕྱག་རྒྱ། བསྒྲུབས་འབྲས་ཕྱག་རྒྱ་ཆེན་པོའོ། །དང་པོ་ནི། དཀྱིལ་འཁོར་གྱི་ལས་རིམ་རྣམས་ཆོས་བྱ་བ་མོ་ཡུམ་གྱི་མཁའ་ཀློང་དང་འབྲེལ་བའོ། །གཉིས་པ་ནི་དེ་ཐམས་ཅད་ཡིད་བྱེད་པ་པོ་དམ་ཚིག་སྡོམ་པའི་ཀུན་སྤྱོད་དང་འབྲེལ་བའོ། །གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་པ་རིག་འཛིན་རྣམ་པ་བཞིའི་ཆོས་ཉིད་དང་འབྲེལ་བའོ། །བཞི་པ་ནི་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་རང་བཞིན་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་འབྲེལ་བའོ། །ཡང་བསྙེན་སྒྲུབ་ཡན་ལག་བཞིའི་ཁོངས་སུ་རིགས་འཛིན་རྣམ་པ་བཞིའི་ས་ལམ་བགྲོད་ཚུལ་དང་སྦྱར་བའང་ཡོད་དེ། དེའང་ཟག་བཅས་ཀྱི་རྣལ་འབྱོར་ལྔ་པོ་དང་སྦྱར་ཏེ་ལམ་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལམ་རིམ་ལྟར་བཤད་པ་ནི་སྔར་ལྟར་ཡིན་ལ། འདིར་ནི་ཚོགས་ལམ་ནས་མཐར་ལམ་གྱི་བར་ཐམས་ཅད་ཡན་ལག་བཞི་པོ་འདིའི་ཁོངས་སུ་བསྡུ་བའི་ཚུལ་ཏེ། དེ་ཡང་ཚོགས་ལམ་དུ་དབང་བསྐུར་གྱི་ལྷ་ངོ་བསྟན་ནས་རིགས་གཏད་དེ་དམ་ཚིག་དང་མི་འགལ་བར་ཡི་དམ་གྱི་ལྷ་དང་རང་རྒྱུད་དབྱེར་མེད་དུ་བསྙེན་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི་རྫོགས་ནས། སྦྱོར་ལམ་དུ་སྤྱོད་པའི་བོགས་འདོན་ལ་བརྟེན་ནས་དྲོད་རྩེ་བཟོད་གསུམ་གྱི་ལམ་སྟེགས་མངོན་དུ་བྱས་ནས་ཆོས་མཆོག་ཆེན་པོར་རྣམ་སྨིན་རིགས་འཛིན་མངོན་དུ་བྱས་པ་ནི་བསྙེན་པ། མཐོང་ལམ་དུ་ཐོག་མར་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་གྱུར་ཏེ་སྐྱེ་འཆི་མེད་པ་ཚེ་དབང་རིགས་འཛིན་བསྙེས་པ་ནི་ཡི་དམ་གྱི་ལྷ་དང་སྔར་བས་ཉེ་བར་ཉེ་བསྙེན། སྒོམ་ལམ་དུ་ཡི་དམ་གྱི་ལྷ་དང་རྣམ་པ་འདྲ་བའི་ཕྱག་རྒྱ་ཆེན་པོའི་རིགས་འཛིན་མངོན་དུ་བྱས་ཏེ་རང་གཞན་གྱི་དོན་གཉིས་མཉམ་དུ་བསྒྲུབ་པས་སྒྲུབ་པ། མཐར་ལམ་དུ་རང་དོན་ལམ་གྱི་རྩོལ་བ་ཆད་དེ་རྗེས་ཐོབ་དེ་བཞིན་གཤེགས་པ་དང་མཉམ་པའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པ་ནི་སྒྲུབ་པ་ཆེན་པོ་ཡིན་པར་གསུངས་སོ། །ཡང་དེ་དག་གི་ཚེ་ལྷ་སྣང་གོང་དུ་འཕེལ་ནས་ལམ་ལྔ་མཐར་ཕྱིན་པའི་ཚུལ་ཡང་བཤད་དེ། སེམས་ཉིད་ཡི་གེ་ཨའི་རང་བཞིན་སྐྱེ་བ་མེད་པར་གནས་པ་ལས་རྩ་གནས་འཁོར་ལོར་ཡི་གེའི་སྤྲིན་ཆགས་ཏེ་གསུང་སྔགས་ཀྱི་དཀྱིལ་འཁོར་དུ་གྲུབ་པ་ལས་འགྲོ་བའི་སྒྲ་སྐད་ཀུན་འབྱུང་ཞིང་། ཡི་གེ་ཕྱག་མཚན་དུ་གྱུར་པ་ལས་སྐུ་སྒྱུ་མ་ལྟ་བུ་དང་འགྲོ་བའི་ལུས་འབྱུང་ཞིང་། ཡི་གེའི་ངོ་བོ་སྐྱེ་བ་མེད་པ་ལས་ཐུགས་ཆོས་ཀྱི་སྐུ་མི་ཕྱེད་རྡོ་རྗེ་དང་འགྲོ་བའི་ཡིད་རྟོག་མེད་དང་རྟོག་བཅས་ཐམས་ཅད་འབྱུང་བ་ཡིན་པའི་ཕྱིར་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་ཡི་གེའི་སྒོ་ལ་གནས་ཏེ། གསང་སྙིང་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་དང་། ཡུམ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ། །ཡི་གེ་དེ་ལའང་གསུམ་སྟེ། རང་བཞིན་ལྷུན་གྲུབ་ཀྱི་ཡི་གེ་འོད་གསལ་བའི་སེམས་ཉིད་དང་། ལུས་གནས་རྩ་ཡི་ཡི་གེ་དབྱངས་གསལ་ལྷའི་ས་བོན་དང་། སྒྲ་དོན་རྟགས་ཀྱི་ཡི་གེ་སྒྲ་སྤྱི་དང་དོན་སྤྱིའི་རྣམ་པ་ཡི་གེར་བཏགས་པ་དང་། དེའི་ཕྱི་མོ་བྲིས་པ་ལཉྩ་དང་ན་ག་ར་དང་བོད་ཀྱི་ཡི་གེ་ལ་སོགས་པའོ། །དེས་ན་སྐྱེ་མེད་ཀྱི་གདངས་ལས་འགག་མེད་ཀྱི་ཡི་གེ་ལ་བསླབ་པ་ནས་རིམ་པར་ལྷ་ཚོགས་ཡོངས་རྫོགས་འོད་ཟེར་གྱི་སྤྲོ་བསྡུ་དང་བཅས་པ་བསྒོམ་པ་དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་ཏེ་ཚོགས་ལམ་གསུམ་རྫོགས། དེ་ནས་གཞལ་ཡས་ཁང་གི་དབུས་ཕྱུར་བུ་དང་། ཤར་ལྷོ་ནུབ་གསུམ་གྱི་སྒོའི་སྟེང་བཞིར་རྣམ་སྣང་ལ་སོགས་པ་རིགས་བཞིའི་དཀྱིལ་འཁོར་སྤྲོས་ཏེ་བསྒོམས་པས་སྦྱོར་ལམ་བཞི་བགྲོད་ནས་བྱང་སྒོའི་སྟེང་དོན་གྲུབ་ཀྱི་དཀྱིལ་འཁོར་བསྒོམས་པས་མཐོང་ལམ་ཐོབ་སྟེ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་མངའ་དབང་འབྱོར། དེ་ལྟ་བའི་དཀྱིལ་འཁོར་སྟོང་ཕྲག་བཅུ་གཉིས་རྫོགས་པས་ས་གཉིས་པ་ནས། མཐར་གྲངས་མེད་ཀྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རྫོགས་ནས་ས་བཅུ་པ་ནོན་ཏེ། རྡོ་རྗེ་འཆང་ཀུན་ཏུ་བཟང་པོ་ཧེ་རུ་ཀའི་དབང་ཕྱུག་རྣམས་ཀྱིས་དབང་བསྐུར་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབང་རྫོགས་པའོ་ཞེས་གསུངས་སོ། །ཡང་དེ་དག་གི་ཚེ་གསང་སྔགས་གསར་རྙིང་གུང་མཐུན་པར་འཁོར་ལོ་བཞིའི་རླུང་སེམས་རིམ་པ་བཞིན་ལས་སུ་རུང་བ་ལས་སློབ་ལམ་བཞིའི་ཡོན་ཏན་མདོ་ལམ་ནས་བཤད་པའི་བྱང་ཕྱོགས་སོ་བདུན་གྱི་རྣམ་པར་འཆར་ཞིང་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་ཏེ་ས་བཅུའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པར་བཤད་དེ། དེ་ཡང་རླུང་སེམས་ལས་སུ་རུང་བ་དང་། འབྱོངས་པ་གཉིས་ལས། དེར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོངས་པ་ནི་དེ་དག་གི་རྩ་བྲན་དང་བཅས་པའི་མདུན་པ་གྲོལ་དགོས་སོ། །དེ་ལ་དང་པོ་ལྟེ་བ་སྐྱེད་བྱེད་ཀྱི་རྩ་འཁོར་དུ་རླུང་སེམས་ལས་སུ་རུང་བའི་ཚེ་ཚོགས་ལམ་གསུམ་གྱི་ཡོན་ཏན་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་བ་སོགས་འཆར་ཏེ། འདི་རྣམས་ཀྱི་དུས་སུ་མངོན་རྟོགས་སྒོམ་ཚུལ་ནི། རང་གཞན་གྱི་ལུས་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོར་ཡེ་ནས་དག་པ་བཞིན་དུ་བསྒོམ་ཞིང་། དེ་ཡང་སྟོང་ཉིད་སྤྲོས་བྲལ་མཉམ་པ་ཆེན་པོ་དང་ཟུང་དུ་འཇུག་པའི་ཚུལ་ལ་བློ་གཞག་པ་ནི་ལུས་དྲན་པ་ཉེ་བར་བཞག་པ། བྱུང་ཚོར་གྱི་རྟོག་པ་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སུ་བསྒྱུར་བ་ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་སེམས་བྱུང་གི་སྤྲོས་པ་མ་ལུས་པ་འོད་གསལ་གཉུག་མའི་དབྱིངས་སུ་སྡོམ་པ་སེམས་དྲན་པ་ཉེར་བཞག །འཁོར་འདས་སྣང་བཏགས་ཀྱི་ཆོས་ཐམས་ཅད་དག་མཉམ་བླང་དོར་དང་བྲལ་བར་སྤྱོད་པ་ཆོས་དྲན་པ་ཉེར་བཞག་སྟེ་ཚོགས་ལམ་ཆུང་ངུའི་དུས་དང་། དེ་གོང་དུ་འཕེལ་ཏེ་དགེ་སྡིག་སྤང་བླང་ལས་འདས་པའི་ཚུལ་གྱིས་ཡང་དག་སྤོང་བཞིའི་རང་བཞིན་ཅན་གྱི་ཚོགས་ལམ་འབྲིང་པོ་དང་། དེ་ཉིད་སྟོབས་སུ་གྱུར་ནས་བསྐྱེད་རྫོགས་ཀྱི་དོན་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ཅན་གྱི་ཚོག་ལམ་ཆེན་པོ་རྣམས་སོ། །ཆོས་ཀྱི་འཁོར་ལོའི་རླུང་སེམས་ལས་སུ་རུང་བས་སྦྱོར་ལམ་བཞིའི་ཡོན་ཏན་འཆར་ཏེ། འདི་དག་གི་དུས་སུ་བསྐྱེད་རྫོགས་ཀྱི་དོན་ལ་སྒོམ་པའི་ཉམས་མྱོང་ལྷག་པར་འཕེལ་ཏེ་མཚོན་བྱ་དོན་གྱི་གནས་ལུགས་དོན་སྤྱིའི་ཚུལ་དུ་བསྒོམས་པས་མཐོང་ལམ་གྱི་ཡེ་ཤེས་མེ་ལྟ་བུ་འབྱུང་བའི་སྔ་ལྟས་སུ་མཚོན་བྱེད་དཔེའི་ཡེ་ཤེས་རྒྱུད་ལ་དང་པོར་སྐྱེས་པ་ལ་དྲོད་ཅེས་བྱ་སྟེ། དག་མཉམ་གྱི་གནས་ལུགས་རྟོགས་པའི་ཤེས་རབ་དང་དེའི་གྲོགས་དད་སོགས་དང་བཅས་པའི་དབང་པོ་ལྔ་ཡོད་ལ། དེ་གོང་དུ་འཕེལ་བས་དགེ་རྩ་གཡོ་བའི་ནང་ནས་རྩེ་མོར་གྱུར་པ་རྩེ་མོའི་རྟོགས་པ་སྐྱེའོ། །དེ་ནས་དད་སོགས་མི་མཐུན་པའི་ཕྱོགས་ཀྱིས་བརྗི་མི་ནུས་པའི་སྟོབས་ལྔའི་རང་བཞིན་ཅན་བཟོད་པ་སྐྱེ་ཞིང་། དེ་ཡང་སྟོབས་སུ་གྱུར་ནས་དོན་གྱི་ཡེ་ཤེས་མཐོང་ལམ་གྱི་དངོས་རྒྱུ་དཔེའི་ཡེ་ཤེས་མཐར་ཐུག་པ་སྐྱེས་པ་ཆོས་མཆོག་སྟེ་དེ་རྣམས་ཀྱི་ཡེ་ཤེས་ནི་རིམ་པ་བཞིན། སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་ཀྱི་ཡེ་ཤེས་སོ། །དེ་ལ་སྦྱོར་ལམ་ཡིན་མིན་གྱི་མཚམས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་མ་སྐྱེས་ཀྱི་སྒོ་ནས་འཛིན་དགོས་ཀྱི། བསྐྱེད་རིམ་ཚོགས་ལམ་དང་། རྡོར་བཟླས་སོགས་རྫོགས་རིམ་སྦྱོར་ལམ་ནས་ཉམས་སུ་ལེན་པར་བཤད་པའང་། རིམ་གྱིས་པ་ལ་དེ་ལྟར་འོང་བ་ཡོད་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། དབང་དུས་སུ་ཡེ་ཤེས་ངོ་འཕྲོད་པ་སོགས་རྟོགས་གོམས་ཅིག་ཅར་བ་སྲིད་པའི་ཕྱིར་དང་། དང་པོ་ནས་བསྐྱེད་རྫོགས་ཟུག་འབྲེལ་དུ་ཉམས་སུ་ལེན་པ་ཡོད་པའི་ཕྱིར་དང་། བསྐྱེད་རིམ་ཟབ་མོའི་དཔེའི་ཡེ་ཤེས་འདྲེན་པ་སྲིད་པའི་ཕྱིར་དང་། རྫོགས་རིམ་གྱི་རྣལ་འབྱོར་བསྒོམ་ཡང་དཔེའི་ཡེ་ཤེས་ཙམ་ཡང་སྐྱེ་མི་ནུས་པ་སྲིད་པའི་ཕྱིར་ན་རྒྱུད་སྡེ་སོ་སོར་བསྟན་པའི་བསྐྱེད་རྫོགས་གང་ཉམས་སུ་བླངས་ཀྱང་དཔེའི་ཡེ་ཤེས་རྒྱུད་ལ་ན མ་སྐྱེས་པ་དེ་ལ་སྔགས་ཀྱི་སྦྱོར་ལམ་ཞེས་ངོས་འཛིན་དགོས་ཤིང་། དེའང་སྦྱོར་ལམ་སྔ་མ་གཉིས་སུ་རི་མོར་བྲིས་པའི་ཟླ་བ་ལྟ་བུ་རྗེས་མཐུན་པ་དང་། ཕྱི་མ་གཉིས་སུ་ཆུ་ནང་གི་ཟླ་བ་ལྟ་བུ་མཚན་ཉིད་པ་གཉིས་སུ་ཡོད་དོ་ཞེས་ཆོས་རྗེ་མི་ཕམ་པས་གསུངས། དེ་ནས་ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་སུ་རུང་ཞིང་དབུ་མའི་མར་སྣར་རོ་རྐྱང་གི་མདུད་པ་གཉིས་གྲོལ་བས་མཚོན་བྱ་དོན་གྱི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོ་རང་མཚན་པ་གནམ་ཟླ་དངོས་ལྟ་བུ་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཐོབ་སྟེ་ཆོས་ཉིད་ཀྱི་དོན་རྣམ་པར་འབྱེད་པའི་ཤེས་རབ་སོགས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མངོན་རྟོགས་དང་ལྡན་ནོ། །དེ་ནས་བདེ་ཆེན་འཁོར་ལོའི་རླུང་སེམས་ལས་སུ་རུང་བའི་ཚེ་མས་རིམ་ནས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་ཏེ་སྒོམ་ལམ་ས་དགུའི་ཡོན་ཏན་རིམ་གྱིས་འཆར་ཞིང་སྣང་སྲིད་དག་མཉམ་ཆེན་པོ་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་སྟོབས་སུ་གྱུར་པའི་ཡང་དག་པའི་ལྟ་བ་སོགས་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཡོན་ཏན་རྣམས་གོང་དུ་འཕེལ་བར་འགྱུར་རོ། །དེ་ལྟར་སྒོམ་ལམ་ས་དགུའི་གནས་སྐབས་སུ་མི་སློབ་པའི་ཟུང་འཇུག་ལ་སྒྲིབ་པར་བྱེད་པའི་དྲི་མ་རྣམས་རིམ་གྱིས་དག་སྟེ་རྩ་མདུད་ཐ་མ་གྲོལ་བས་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་འགྲུབ་བོ། །དེ་ལྟར་གནས་ལུགས་མཐོང་ཚུལ་གྱིས་ལམ་ལྔར་བཞག་པ་ན། དེ་དང་དེའི་གནས་སྐབས་ཀྱི་ཆོས་ཉིད་མཐོང་བའི་ཡེ་ཤེས་ལ་འོད་གསལ་གྱི་ཐ་སྙད་འཇོག་པར་གསུངས་ཏེ། ཚོགས་ལམ་ན་གོ་ཡུལ་ཙམ་གྱི་འོད་གསལ་དང་། སྦྱོར་ལམ་ན་དཔེའི་འོད་གསལ་དང་། མཐོང་ལམ་ན་དོན་གྱི་འོད་གསལ་དང་། སྒོམ་ལམ་ན་སློབ་པའི་འོད་གསལ་དང་། མི་སློབ་པའི་ལམ་ན་མཐར་ཐུག་གི་འོད་གསལ་རྣམས་ཡོད་ཅིང་། དེ་ལྟར་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གསལ་སྣང་གི་འོད་གསལ་ཇེ་བཟང་དུ་སོང་བ་དེ་བཞིན་དག་པའི་སྣང་བ་ཡང་གོང་དུ་འཕེལ་ཏེ་ཚོགས་ལམ་ན་མོས་པའི་ལྷ་སྐུ། སྦྱོར་ལམ་ན་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་ན་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་ན་སློབ་པའི་ཟུག་འཇུག་གི་ལྷ་སྐུ། སངས་རྒྱས་ཀྱི་ས་ན་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་རྣམས་ཡོད་པར་ཤེས་པར་བྱའོ། །དེ་ལྟར་ལམ་ལྔ་པོ་དེར་འབྲེལ་བ་རིག་འཛིན་རྣམ་པ་བཞིའི་སྐབས་ཀྱི་དག་མཉམ་རྟོགས་པའི་ཡོན་ཏན་གོང་ནས་གོང་དུ་ཐེམ་སྐས་བགྲོད་པ་བཞིན་འཕེལ་བ་ཉིད་དུ་གྱུར་པ་ལས་གནས་ངེས་པ་སོགས་ལེའུ་བཅུ་གསུམ་པར་འཆད་འགྱུར་ལྟར་ངེས་པ་ལྔ་ལྡན་སོགས་སྐུ་ལྔའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པའི་འོག་མིན་གྱི་ཞིང་དུ་རིང་པོར་མི་ཐོགས་པར་ཐབས་ཤེས་ཁྱད་པར་ཅན་གྱི་སྟོབས་ཀྱིས་མིག་འཕྲུལ་ལྟ་བུར་འགྲོ་བ་ཡིན་ནོ། །རིག་འཛིན་བཞི་པོ་དེས་ལམ་གང་བསྡུས་པའི་ཚུལ་ནི། ཀུན་མཁྱེན་ཆེན་པོས་ལམ་ལྔ་ག་རིག་འཛིན་བཞིས་བསྡུས་པར་བཞེད་དེ། དེ་ཡང་དང་པོ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་སེམས་ཉིད་ལྷར་སྨིན་ཡང་འབྱུང་བའི་སྙིགས་མ་ཉེ་རྒྱུའི་སྤྱོད་པས་སྦྱོང་བར་མ་ནུས་པ་རྣམས་ལ་ནི་ཚོགས་སྦྱོར་གྱི་ལམ་ལ་གནས་པ་རྣམ་པར་སྨིན་པའི་རིག་འཛིན་ཞེས་བྱ་སྟེ། དེས་སྦྱོར་ལམ་ཆོས་མཆོག་མ་ཐོབ་པར་རྣམ་སྨིན་གྱི་ལུས་རྟེན་ཞིག་ན་སྲིད་པ་ཕྱི་མ་ལ་ཉིང་མཚམས་སྦྱོར་མི་དགོས་པར་བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སེམས་ལྷ་སྐུ་སྒྱུ་མའི་སྟོང་གཟུགས་ཙམ་དུ་སྨིན་ཟིན་པས་རྣམ་སྨིན་གྱི་ལུས་དོར་མ་ཐག་མཐོང་ལམ་ཐོབ་པར་འགྱུར་རོ། །རྟེན་དེས་ཆོས་མཆོག་ཐོབ་ན་ནི་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་གྱི་དམ་པ་འགྲུབ་པ་ཞེས་བྱ་སྟེ། ལུས་རྟེན་དེ་ཉིད་ཀྱང་དྭངས་མའི་ལུས་རྡོ་རྗེ་ལྟ་བུར་འགྱུར་ཞིང་སེམས་ཀྱང་མཐོང་ལམ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་རྟེན་གྱི་ཚེ་བཅུ་དྲུག་མཐུད་པའི་མཐར་སངས་རྒྱས་པར་གསུངས་ཏེ། ལམ་རིམ་ལས། དོན་མཐོང་འཇུག་པའི་མཐར་ཕྱིན་པའི། །ཚོགས་སྤྱོད་སྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིག །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །ཞེས་སོ། །ཚེ་མཐུད་པའི་ཚུལ་ཡང་། རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་སོ། །ཟག་གསུམ་ཟག་པ་དེ་ལ་མེད། །ཅེས་སོ། །ཟག་པ་གསུམ་ནི། ལུས་རང་དབང་མེད་པར་འདོར་བ་དང་ན་ཚ་ལ་སོགས་པ་རང་དབང་མེད་པར་འབྱུང་བ་ལུས་ཀྱི་ཟག་པ་དང་། བསམ་གཏན་གྱི་སེམས་གྲུབ་ནས་བསམ་བཞིན་དུ་འདོད་ཁམས་སུ་སྐྱེ་བ་འཛིན་མི་ནུས་པ་ཁམས་ཀྱི་ཟག་པ་དང་། སྐྱེ་གནས་བཞི་གང་རུང་དུ་རང་དབང་མེད་པར་འཇུག་པ་སྐྱེ་གནས་ཀྱི་ཟག་པའོ། །མཐོང་ལམ་གྱི་འོད་གསལ་དེ་ལས་ལངས་པའི་སློབ་པའི་ཟུང་འཇུག་ས་གཉིས་པ་དྲི་མ་མེད་པ་ལ་སོགས་པའི་ལྷག་མ་དགུ་ནི་ཟུག་འཇུག་ཡེ་ཤེས་སྒྱུ་མའི་སྐུ་ཅན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། ཞུས་ལན་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། །ཞེས་སོ། །རིག་འཛིན་དེས་བསྡུས་པའི་སྒོམ་ལམ་དུ་རིགས་ཀྱི་འཁོར་ལོས་སྒྱུར་བ་དང་མཚུངས་པར་བགྲོད་པའི་ཚུལ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །ཐུན་མོང་མཆོག་གི་མཚན་དཔེ་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་རིག་འཛིན་འགྱུར། །ཞེས་སོ། །འདི་ལ་སྒྱུ་འཕྲུལ་པའི་བཤད་སྒྲོས་སུ་ས་གཉིས་པ་ནས་ལྔ་པའི་བར་ལ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་བཅོམ་པའི་ཕྱིར་རྡོ་རྗེའི་རིག་འཛིན། དྲུག་པ་ཤེར་ཕྱིན་གཙོ་བོར་སྟོན་པའི་ཆོས་འཁོར་བསྐོར་ལ། བདུན་པར་ཡང་ཐབས་ལ་མཁས་པ་འཁོར་ལོ་ལྟར་གྱུར་པས་དེ་གཉིས་ལ་འཁོར་ལོའི་རིག་འཛིན། བརྒྱད་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བས་རིན་པོ་ཆེའི་རིག་འཛིན། དགུ་པར་ཆགས་པ་མེད་པའི་ཚུལ་གྱིས་སྦྱོང་ཞིང་གཞན་དོན་མཛད་པས་པདྨའི་རིག་འཛིན། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིག་འཛིན་ཞེས་བྱའོ། །དེ་ནས་རྒྱུན་མཐའི་ཡེ་ཤེས་རྣམ་གྲོལ་དང་། ཁྱད་པར་གྱི་ལམ་ནི་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པས་ལྷུན་གྲུབ་རིག་འཛིན་གྱིས་བསྡུས་ཤིང་། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱིས་ནི་ལྷུན་གྲུབ་རིག་འཛིན་དངོས་ཡིན་ཏེ། རྡོ་རྗེ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་སོ། །བཀའ་སྡེ་ཟུར་བ་རྣམས་ཀྱིས་ནི་རིག་འཛིན་བཞིའི་མཐོང་སྒོམ་མཐར་ལམ་གསུམ་སྟེ་འཕགས་པ་སློབ་པའི་ས་བཅུ་བསྡུས་པ་བཞེད་དེ། དེ་ཡང་རིག་འཛིན་སྔ་མ་གཉིས་མཐོང་ལམ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་ཡེ་ཤེས་ཀྱི་མེས་རྣམ་སྨིན་གྱི་ལུས་སྦྱོང་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། སྦྱོར་བར་ནུས་ནས་དྭངས་མའི་སྐུ་སྐྱེ་ཤི་མེད་པར་གྱུར་པ་ཚེ་དབང་རིག་འཛིན་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་ལས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེས་ན་ལམ་མཐར་ཆགས་ཀྱི་སྐབས་སུའང་གང་ཟག་གཅིག་གིས་རིག་འཛིན་སྔ་མ་གཉིས་པོ་གང་རུང་ལས་གཉིས་ཀ་ཐོབ་པ་མེད་པར་བཞེད་ཅིང་། སྒོམ་ལམ་ཕྱག་ཆེན་རིག་འཛིན་དང་། མཐར་ལམ་པ་ལྷུན་གྲུབ་རིག་འཛིན་དུ་བཞེད་དོ། །བཞེད་པ་དེ་གཉིས་ཀྱང་ཚོགས་སྦྱོར་ལ་རིག་འཛིན་དང་པོའི་ཐ་སྙད་བཏགས་མ་བཏགས་ཙམ་ལས་དོན་ལ་མཐུན་ཏེ། སྔ་མའི་ལུགས་ལའང་ཚོགས་སྦྱོར་གྱི་རྟེན་དེ་ལ་སྦྱོར་ལམ་བཞི་པ་མ་ཐོབ་ན་རྟེན་དེའི་ཚེ་ལ་དབང་བསྒྱུར་མི་ནུས་པས་བར་དོར་མཐོང་ལམ་ཐོབ་ནས་ཕྱག་རྒྱ་ཆེན་པོའི་ཐ་སྙད་གདགས་པས་མཛད་ལ། དེ་ཡང་རུང་སྟེ་མཐོང་ལམ་ཡན་ཆད་སློབ་པའི་ལམ་ཐམས་ཅད་ལས་འཕགས་པའི་ཡེ་ཤེས་ཀྱི་ཆ་ནས་ཕྱག་ཆེན་དང་། སྐྱེ་ཤི་མེད་པའི་ཆ་ནས་ཚེ་དབང་དུ་བཏགས་པ་ཡིན་ཞེས་ཀུན་མཁྱེན་ཉིད་ཀྱིས་གསུངས་པས་མཐོང་སྒོམ་སོ་སོར་ཕྱེ་ནས་རྣམ་པ་ཐམས་ཅད་དུ་ཚེ་དབང་བ་ཡིན་ན་མཐོང་ལམ་དང་། ཕྱག་ཆེན་པ་ཡིན་ན་སྒོམ་ལམ་པ་ཁོ་ན་ཡིན་མི་དགོས་པའི་ཕྱིར་རོ། །དེས་ན་འདིའི་ལུགས་ལའང་། ལམ་ཆུང་གི་ལུང་དོན་ཇི་བཞིན་འདྲེན་ནུས་ལ། བཞེད་པ་ཕྱི་མས་ཀྱང་རྣམ་སྨིན་གྱི་ལུས་སྦྱོང་མ་ནུས་པའི་རྟེན་དེའི་མཐོང་ལམ་གྱི་ཡེ་ཤེས་བསྐྱེད་ནུས་ཀྱི་དཔེའི་འོད་གསལ་གྲུབ་ནས། རྟེན་དེ་བོར་མ་ཐག་མཐོང་ལམ་དངོས་སྐྱེ་བ་ལ་དགོངས་ནས་དེ་ལྟར་བཤད་རུང་བའི་ཕྱིར་ཏེ། ཤེར་ཕྱིན་རྒྱན་དུ་ས་བཅུ་པ་ལ་སངས་རྒྱས་ཀྱི་ས་ཞེས་བཏགས་པ་ལྟ་བུའོ་སྙམ་མོ། །གཉིས་པ་རྫོགས་པའི་རིམ་པ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གཉིས་པ་ཤེས་རབ་གཙོ་ཆེ་བ་རྫོགས་པའི་རིམ་པ་ཉིད་བཤད་པ་ལའང་། སྤྱིར་རྫོགས་རིམ་གྱི་ངོ་བོ་ནི་རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ་དམིགས་པ་དང་བཅས་པའི་ཐབས་ལ་བརྟེན་པའམ། དམིགས་པ་མེད་པའི་ཤེས་རབ་ཀྱིས་འགོག་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་སོ། །དེའང་དབྱེ་ན་ཐབས་ཕ་ཡི་རྒྱུད། གསང་བ་འདུས་པ་དང་། གཤིན་རྗེའི་གཤེད་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་ནི་འབྱུང་བ་ལྔ་ཡི་རླུང་དབུ་མར་ཞུགས་ཏེ་རྣམ་པར་དག་པ་ལས་ཟབ་གསལ་ལམ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་བྱེད་དོ། །དེ་ལ་འདུས་པའི་དབང་དུ་བྱས་ན། སློབ་དཔོན་འཕགས་པའི་ལུགས་དང་། ཡེ་ཤེས་ཞབས་ཀྱི་ལུགས་གཉིས་ལས། དང་པོའི་ལུགས་ལ་རིམ་ལྔ་ལས། བདག་བྱིན་བརླབས་པའི་ཏིང་འཛིན་དང་། དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་པ་ལྟར་སྔོན་དུ་སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་བསྒྲུབ་ནས་འོད་གསལ་དོན་དམ་པའི་བདེན་པ་ལ་འཇུག་པ་སྟེ་བདེན་པ་གཉིས་ཀྱི་རྫོགས་རིམ་དང་། རླུང་འཇུག་གནས་ལྡང་གསུམ་ༀ་ཨཱཿཧཱུྃ་གསུམ་དུ་མོས་པས་གནས་པ་རྒྱུན་བསྲིང་ཞིང་བུམ་པ་ཅན་དུ་བསྒོམ་པ་རྡོ་རྗེའི་བཟླས་པ་དང་། སྙིང་གར་ཡི་གེའམ་ཕྱག་མཚན་ཕྲ་མོ་ལ་སེམས་རྩེ་གཅིག་ཏུ་འཛིན་པ་སེམས་ལ་དམིགས་པ་དང་། སྣང་བ་ཐམས་ཅད་སྒྱུ་མའི་ལྷ་དང་གཞལ་ཡས་ཁང་དུ་གསལ་འདེབས་པ་དག་བྱིན་གྱིས་བརླབ་པ་སྟེ་དབེན་པ་གསུམ་དང་། དེ་ནས་རིམ་གྱིས་སྟོང་པར་བཅུག་ནས་སྣང་བ་གསུམ་དུ་སྟོང་པ་ཆེན་པོའི་འོད་གསལ་བསྒོམ་པ་འོད་གསལ། དེ་ལས་སླར་ཡང་སྣང་སྟོང་གཉིས་སུ་མེད་པའི་ལྷའི་སྐུར་བཞེངས་པ་ནི་ཟུང་འཇུག་སྟེ་རིམ་པ་ལྔའི་རྫོགས་རིམ་བསྒོམ་ཚུལ་གསུངས་ཤིང་། ཕྱི་མ་ནི། ཧེ་རུ་ཀ་གལྤོ་ལས་ཀྱང་། རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་བརླབས་དང་འོད་གསལ་དང་། །ཟུང་དུ་འཇུག་པ་འདི་ལྔ་ལ། །ཞེས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་སྟོང་བཞི་དང་དགའ་བཞི་བསྐྱེད་ནས་སད་རྨིའི་བསྲེ་བ་གསུམ་གསུམ་དང་བདག་བྱིན་གྱིས་རློབས་པའི་རིམ་པ་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལྷ་སྐུ་དག་པའི་སྒྱུ་ལུས་བསྒྲུབ་པ་དང་། ལས་རྒྱ་ལ་བརྟེན་ནས་དེ་ཉིད་འོད་གསལ་དུ་དག་སྟེ་བར་ཆད་མེད་ལམ་མངོན་དུ་གྱུར་ཏེ་ཟུང་འཇུག་གི་སྐུར་ལྡང་བའི་ཚུལ་རྡོ་རྗེའི་ཚིག་གིས་བཅིངས་པ་ཡིན་ནོ། །གཉིས་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཞེད་པ་ནི། སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བའི་བདག་ཉིད་ཅན་དང་། དེ་ཁོ་ན་ཉིད་ལ་ཞུགས་པའི་ཐུགས་ཟབ་ཅིང་ཏིང་དཔག་དཀའ་བ་གཉིས་དབྱེར་མེད་དུ་སྦྱོར་བ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྫོགས་རིམ་སྟེ། གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །ཞེས་སོ། །ཡང་བཀའ་བརྒྱད་ཡོངས་རྫོགས་ལས་ཀྱང་། སྔགས་སེམས་སྒྱུ་ལུས་འོད་གསལ་དང་། །ཟུང་འཇུག་རྫོགས་རིམ་འབྲས་བུའོ། །ཞེས་རིམ་པ་ལྔ་གསུངས་ཤིང་། སྒྲུབ་སྡེ་བདེ་གཤེགས་འདུས་པ་ལས་ཀྱང་། བསྒོམ་ཚུལ་གྱི་རྣམ་པ་ཅུང་མི་འདྲ་ཡང་རིམ་པ་ལྔར་གསུངས་པ་ལ་སོགས་པའོ། །ཡང་ཤེས་རབ་མའི་རྒྱུད་ཡང་ཕུར་དང་། ཀུན་འདུས་རིག་པ་དང་། འཁོར་ལོ་སྡོམ་པ་དང་། དགྱེས་རྡོར་ལ་སོགས་པ་རྗེས་སུ་རྣལ་འབྱོར་གྱི་རྒྱུད་རྣམས་ལས་ནི་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་གཙོ་བོར་གནད་དུ་བསྣུན་ཏེ་ཞུ་བདེ་ཡི་ཡེ་ཤེས་བསྐྱེད་པའི་ཕྱིར་དུ་གཏུམ་མོ་འབར་འཛག་གི་སྦྱོར་བ་ལ་སོགས་པའི་ཐབས་ཀྱིས་གཞན་རྐྱེན་ལ་མི་ལྟོས་པར་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པར་བྱེད་པ་གཞན་ལུས་ཐབས་ལྡན་གཉིས་ཀ་སྟོན་པ་སྟེ། དེ་ཡང་ཕྱག་རྒྱ་བཞིར་བསྡུ་བའི་ཚུལ་ལྟར་ན། རླུང་ལ་དབང་ཐོབ་པས་པདྨ་ཅན་སོགས་ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ། གཏུམ་མོ། །སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས། ཕྱག་རྒྱ་ཆེན་པོ་འོད་གསལ་བ་དང་ལྷན་ཅིག་སྐྱེས་སྦྱོར་རོ། །ཆོས་དྲུག་གི་དབང་དུ་བྱས་ན། རྨི་ལམ་སྒྱུ་ལུས་ཀྱི་ཡན་ལག །འཕོ་བ་བར་དོ་གཉིས་ཕྱི་མའི་མཚམས་སྦྱོར་ཏེ་ཡན་ལག་གསུམ། རྩ་བ་ནི་གཏུམ་མོ། །སྒྱུ་ལུས། འོད་གསལ་གསུམ་སྟེ་དྲུག་གོ། །ཟུང་འཇུག་ནི་འབྲས་བུ་ཡིན་པས་མ་བགྲངས་སོ། །གཞན་ཡང་བདག་བྱིན་གྱིས་བརླབས་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛཱ་ལནྡྷ་རའི་རིམ་པ། བསམ་གྱིས་མི་ཁྱབ་པའི་རིམ་པ་ལྔ་ལས། དང་པོ་ནི་སྙིང་གའི་ཐིག་ལེ་ལ་དམིགས་ནས་འབྱུང་བ་ལྔའི་ཁ་དོག་དང་སྦྱར་བའི་རླུང་འབྱུང་འཇུག་གིས་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་བསྡུ་བའོ། །གཉིས་པ་ནི་འཁོར་ལོ་ལྔའི་དབུས་སུ་རིགས་ལྔའི་ཕྱག་མཚན་ལ་དམིགས་པའོ། །གསུམ་པ་ནི་རོལ་པ་ཆེན་པོའི་ངང་ནས་རྩ་འཁོར་བཞིར་དགའ་བཞིའི་ཡེ་ཤེས་ངོས་འཛིན་པའོ །བཞི་པ་ནི་རིགས་ལྔའི་ཕྱག་མཚན་སྐུར་གྱུར་པ་ལས་བདུད་རྩིའི་འབེབས་ཤིང་གཏུམ་མོའི་མན་ངག་དང་བསྲེ་བའོ། །ལྔ་པ་ནི་སྙིང་ག་ནས་འོད་ཟེར་སྤྲོས་ནས་བརྟན་གཡོ་འོད་ཞུའི་རྫོགས་རིམ་མོ། །ཁྱད་པར་དུ་དགྱེས་རྡོར་གྱི་དགོངས་པ་སྣང་གསུམ་དང་རྒྱུད་གསུམ་གྱི་དཀྲི་ཚུལ་ལམ་འབྲས་བུ་དང་བཅས་པ་སྟེ། དེ་ཡང་ཉམས་སུ་ལེན་ཚུལ་གྱིས་སྣང་གསུམ་དང་། གནས་ཚུལ་གྱིས་རྒྱུད་གསུམ་ཞེས་བཞག་པར་གསུངས་ལ། མན་ངག་གི་ཁྲིད་ཡིག་ལས་ནི་སྣང་གསུམ་ལམ་འབྲས་ཀྱི་སྔོན་འགྲོ་དང་། རྒྱུད་གསུམ་དངོས་གཞིར་གསུངས་སོ། །དེ་དག་གི་དོན་གླང་པོ་ཆེ་རབ་འབོགས་ཀྱི་བཀོལ་རྒྱུད་དང་། མ་མོའི་རྒྱུད་ལུང་རྣམས་ལས་ཀྱང་གསལ་བར་བསྟན་ཅིང་། ཧེ་རུ་ཀ་གལྤོ་ལས་ཀྱང་། འཁོར་འདས་ཐུན་མོང་མཚམས་དང་འདས། །འཇིག་རྟེན་པ་དང་འཁོར་ལོ་བསྐོར། །ཞེས་མདོར་བསྟན་པ་སྟེ། དེ་ཡང་འཁོར་འདས་ཐུན་མོང་གི་གཞི་དང་། གཞི་འབྲས་མཚམས་སྦྱོར་བའི་ལམ་དང་། འདས་པ་འབྲས་བུ་སྟེ་སྣང་བ་གསུམ་དང་། འཇིག་རྟེན་པ་དང་ཞེས་གཞི་ལམ་གཉིས་དང་། འཁོར་ལོ་བསྐོར་ཞེས་རྡོ་རྗེ་འཆང་གི་གོ་འཕང་འབྲས་བུ་སྟེ་རྒྱུད་གསུམ་མོ། །ཡང་འཁོར་འདས་ཐུན་མོང་ལམ་བཤད་ན། སྣང་བ་གསུམ་དུ་བསྟན་པའི་ལམ། །ཀུན་གཞི་ལུས་དང་ཕྱག་རྒྱ་ཆེ། །རྒྱུ་རྒྱུད་ཐབས་དང་འབྲས་བུའི་རྒྱུད། ཅེས་པས། ཀུན་གཞི་ཞེས་པས་གཞི་དང་། ལུས་ཞེས་པས་ལུས་ལ་གནད་དུ་བསྣུན་པའི་ལམ་སྟོན་པའམ། ཡང་ན་དཔེ་ལ་ལར། འདུས་དང་ཞེས་སྣང་བས་གཞི་འབྲས་གཉིས་ཀ་འདུས་པ་སྟེ་བསྡོམས་ནས་ལམ་དུ་བྱེད་པས་ལམ། ཕྱག་རྒྱ་ཆེ་ཞེས་པ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་འབྲས་བུ་སྟེ་སྣང་བ་གསུམ་དང་ཚིག་རྐང་ཕྱི་མས་རྒྱུད་གསུམ་བསྟན་ཏེ་གོ་སླའོ། །དེ་དག་ནི་གསུང་རྒྱུན་ཡིན་སྣང་ཤར་ནས་བྲིས་པ་ཡིན་ཀྱང་ལོག་བཤད་དུ་སོང་ཨེ་ཡོད་མི་ཤེས་པས། མཁས་པ་རྣམས་ལ་འདྲི་བ་དང་། རྒྱུད་འདིའི་འགྲེལ་བ་སོགས་ལ་བལྟ་བ་ལས་ཡིད་རྟོན་དུ་མི་རུང་ངོ་། །གཉིས་སུ་མེད་པའི་རྒྱུད་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་། དུས་ཀྱི་འཁོར་ལོ་དང་། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ལས་ཞུ་བདེས་དྲངས་པའི། གསལ་བ་དང་མི་རྟོག་པ་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཅིག་དང་དུ་བྲལ་གྱི་ཐིག་ལེ་ཆེན་པོའི་འོད་གསལ་གཙོ་བོར་བསྒོམ་པར་བྱེད་པ་སྟེ། དེ་ཡང་བདེ་བའི་འོད་གསལ་ནི་དབུ་མར་དྭངས་མ་བབས་ཏེ་ཁམས་ལས་སུ་རུང་བ་ལས་ཟག་མེད་ཀྱི་བདེ་བའི་ཏིང་ངེ་འཛིན་སྐྱེའོ། གསལ་བའི་འོད་གསལ་ནི་རླུང་ལྔའི་དྭངས་མ་སྟོབས་སུ་གྱུར་ཏེ་དབུ་མར་ཆུད་པ་ལས་ནང་དུ་དྭངས་གསལ་སྒྲིབ་པ་མེད་པའི་བསམ་གཏན་དང་། ཕྱི་རོལ་དུ་སྣ་སྒོར་རླུང་ལྔའི་ཁ་དོག་མངོན་པ་དང་། ཡེ་ཤེས་ལྔའི་འོད་གདངས་སྐུ་དང་ཐིག་ལེའི་རང་བཞིན་དུ་འཆར་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་མཚོན་ནོ། །མི་རྟོག་པའི་འོད་གསལ་ནི། བདེ་བ་དང་གསལ་བ་གང་གི་ཡང་ངོ་བོར་མི་རྟོག་པར་འཛིན་མེད་དུ་གནས་པ་སྟེ། དེ་ཡང་རང་བཞིན་གཤིས་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་འོད་གསལ་ཆེན་པོའི་ངང་དུ་གྲོལ་བར་འགྱུར་ཏེ། སྒྱུ་འཕྲུལ་རྔམ་གློག་ལས། དངོས་པོ་ཐམས་ཅད་རྣམ་བྲལ་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་བཞིན་དུ་དུས་འཁོར་རྩ་རྒྱུད་དང་། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་དང་། གལ་པོ་ལས་ཀྱང་། སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །ཞེས་པ་ལྟར། ཉིན་མོའི་རྣལ་འབྱོར་ནམ་མཁའ་དང་། མཚན་མོའི་རྣལ་འབྱོར་མུན་ཁང་ལ་བརྟེན་ནས་དབང་པོ་ལྔ་ཡུལ་ལ་མི་གཡེང་བར་བསྒོམ་པ་སོར་སྡུད། དེ་ལས་རྟགས་བཅུའི་སྟོང་གཟུགས་མངོན་དུ་གྱུར་ནས་ཡུལ་སེམས་གཉིས་སུ་མེད་པའི་མཉམ་བཞག་སྐྱེས་པ་བསམ་གཏན་ཏེ། འདི་གཉིས་ཀྱིས་མ་གྲུབ་པ་བསྒྲུབ་ཅིང་གྲུབ་ཟིན་བརྟན་པར་བྱ་བའོ། །དེའང་དུ་བ་ལ་སོགས་པའི་སྟོང་གཟུགས་ནི་མཐར་མཚན་དཔེས་སྤྲས་པའི་སྐུར་འགྱུར་ལ། སྟོང་གཟུགས་ཀྱི་རྣམ་པ་དེ་ཉིད་ཀུན་རྫོབ་ཀྱི་བདེན་པ་དང་། རང་བཞིན་མེད་པ་དོན་དམ་པའི་བདེན་པའོ། །དེ་ནས་གཡས་གཡོན་དང་སྟེང་འོག་གི་རླུང་གཅིག་ཏུ་འདྲེས་པ་སྲོག་རྩོལ་དང་། འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་སྟེ་གཟུང་འཛིན་དབུ་མར་ཐིམ་པ་འཛིན་པ་སྟེ། འདི་གཉིས་ཀྱིས་ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱས་ནས་རྒྱལ་བའི་གསུང་བསྒྲུབ་པའོ། །དེ་ནས་ལས་དང་ཡེ་ཤེས་ཕྱག་རྒྱ་ཆེན་པོ་གསུམ་གང་རུང་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པའི་ཡེ་ཤེས་སྐྱེས་པ་རྗེས་དྲན་དང་། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱས་པ་ཏིང་ངེ་འཛིན་ཏེ་སྔ་མ་ཉེ་རྒྱུད་དང་། ཕྱི་མ་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ཏེ་རྒྱལ་བའི་ཐུགས་སྒྲུབ་པར་བྱེད་དོ། །དེ་ལྟར་ཡང་། རྒྱུད་ཀྱི་ལེའུ་ལྔ་པ་ལས། ལུས་ནི་དྭང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་དུ་མའི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་སོ། །དེ་ལྟར་ཕ་མ་གཉིས་མེད་ཀྱི་རྒྱུད་ལས་བསྟན་པའི་རྫོགས་རིམ་གསུམ་ལས། སྔ་མ་རླུང་དང་ཐིག་ལེའི་རྫོགས་རིམ་གཙོ་བོར་སྟོན་པ་གཉིས་ནི་སྣང་བཅས་ཏེ་དམིགས་རྣམ་དང་བཅས་པའི་ལམ་ཡིན་ཞིང་། ཕྱི་མ་ཟུང་འཇུག་གི་ཡེ་ཤེས་གཙོ་བོར་འཇུག་གི་ཡེ་ཤེས་གཙོ་བོར་སྟོན་པའི་རྫོགས་རིམ་གཅིག་ནི་ཡུལ་དང་ཡུལ་ཅན་གྱི་སྣང་བ་གཉིས་སུ་མེད་པ་འོད་གསལ་བའི་རྫོགས་རིམ་ཏེ་དེ་གཉིས་ལ་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་ཀྱང་ཟེར་ཏེ་རྫོགས་རིམ་གྱི་རྣམ་གྲངས་ཐམས་ཅད་དེ་གཉིས་སུ་འདུས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྣང་བཅས་ཀྱི་རྫོགས་རིམ་དང་། སྣང་མེད་ཀྱི་རྫོགས་རིམ་བཤད་པའོ། །དང་པོ་སྣང་བཅས་ཀྱི་རྫོགས་རིམ་བཤད་པ་ལའང་གཉིས་ཏེ། རྡོ་རྗེའི་ལུས་ཀྱི་གནས་ལུགས་བཤད་པ་དང་། རྫོགས་རིམ་དངོས་བཤད་པའོ། །དང་པོ་རྡོ་རྗེའི་ལུས་ཀྱི་གནས་ལུགས་བཤད་པ་ལ་གཉིས་ཏེ། རྒྱུད་སྡེ་སྤྱིའི་ལུགས་བཤད་པ་དང་། སྒྱུ་འཕྲུལ་གསང་ཐིག་གི་ལུགས་བཤད་པའོ། །དང་པོ་རྒྱུད་སྡེ་སྤྱིའི་ལུགས་བཤད་པ་ལའང་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་ནི། དེ་ལ་དང་པོ་སྣང་བ་དང་བཅས་པའི་རྫོགས་རིམ་ནི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་སྒོ་ནས་ཡེ་ཤེས་བསྐྱེད་དགོས་པས་དེའི་ཕྱོགས་ཉམས་སུ་ལེན་པ་ལ་དེ་དག་གི་གནས་ཚུལ་ཤེས་པ་གལ་ཆེ་བས་ན། འདི་ལྟར་རྣམ་པར་གྱུར་པའི་ལྷའི་བདག་ཉིད་དུ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ་ཞེས་བྱ་སྟེ། སམྦུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ཞེས་སོ། །དེ་ལ་རྩའི་གཙོ་མོ་གསུམ་དང་འཁོར་ལོ་ལྔ། བྱེད་ལས་ཀྱི་སྒོ་ནས་ནི་ཐ་དད་དུ་བཞག་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཡོད་དེ། སངས་རྒྱས་ཐོད་པ་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །རྩ་རྣམས་ཀྱི་ནི་འགྲོས་བཤད་དོ། །ཞེས་སོ། །དེའི་ནང་ནས་ཀྱང་གནད་དུ་བསྣུན་བྱའི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་ཞིང་ལུས་ཅན་ཀུན་གྱི་སྲོག་ཏུ་གྱུར་པ་ནི་ཨ་ཝ་དྷཱུ་ཏཱིའོ། །དེ་ལྟ་བུའི་རྩ་རྣམས་དང་རྟེན་དང་བརྟེན་པའི་ཚུལ་དུ་འབྲེལ་ཞིང་། ཕྲ་བ་དང་བསྐྱོད་པའི་བྱེད་ལས་ཅན་རྣམས་པར་ཤེས་པའི་བཞོན་པར་གྱུར་པ། ཁམས་གསུམ་ཐམས་ཅད་ཀྱང་འདུ་བྱེད་པས་ན་གཡོ་བ་རླུང་ཞེས་བྱ་ལ། དེ་གཉིས་ཀའི་བརྟེན་པ་ལྟ་བུར་གྱུར་ཞིང་རླུང་གིས་གང་དུ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པས་ན་བཀོད་པ། རང་བཞིན་དྲི་མ་དང་བྲལ་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པས་བྱང་ཆུབ་ཀྱི་སེམས་ཏེ། དབྱེ་ན་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་རིག་པའི་ཡེ་ཤེས་དང་། འཁྲུལ་པ་མ་རིག་པའི་ཐིག་ལེ་སེམས་དང་། ཁམས་ལྔ་རྫས་ཀྱི་ཐིག་ལེ་ཁམས་དཀར་དམར་རྣམས་སོ། །དེ་ཡང་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་ཅན་ཡིན་པས་གཉུག་མའི་སྒོ་གསུམ་དང་འབྲལ་བ་མེད་ཀྱང་། གནས་སྐབས་སུ་ཁམས་གོང་ལྟ་བུ་ཁམས་དྲུག་རགས་པ་མེད་པ་རྣམས་སྔགས་ལམ་གྱི་དང་པོའི་རྟེན་དུ་དམན་པས་ན་རྩ་རླུང་ཐིག་ལེ་རགས་པའི་རྣམ་པ་གསུམ་དུ་གནས་པ་ནི་རྟེན་ཁྱད་པར་ཅན་ཏེ་དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་དོན་ཏེ་སྐུ་གསུང་ཐུགས་གསུམ་མམ་སྐུ་གསུམ་གྱི་རང་བཞིན་དང་དབྱེར་མི་ཕྱེད་པའོ། །ཕུང་པོ་ནི་དུ་མ་སྤུངས་པའི་དོན་ཏེ་རང་བཞིན་རྣམ་པར་དག་པའི་རྩལ་སྣང་གཟུགས་ལ་སོགས་པ་འདུས་པའི་བདག་ཉིད་ཅན་ནོ། །དེ་དག་རང་བྱུང་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་ཡིན་པས་གྲོང་ཞེས་བྱའོ། །དེས་ན་རྟེན་དེ་དག་ལ་གནད་དུ་བསྣུན་ན་བརྟེན་པ་སྐུ་གསུམ་གྱི་དགོངས་པ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བས་ཐབས་རྨད་དུ་བྱུང་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གནས་པ་རྩ་བཤད་པ། གཡོ་བ་རླུང་བཤད་པ། བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པའོ། །དང་པོ་གནས་པ་རྩ་བཤད་པ་ལ་གཉིས་ཏེ། རྩ་གཙོ་མོ་གསུམ་བཤད་པ། རྩ་འཁོར་གྱི་རྣམ་གྲངས་བཤད་པའོ། །དང་པོ་རྩ་གཙོ་མོ་གསུམ་བཤད་པ་ནི། དེ་ལ་ཀུན་གཞིའི་རྟེན་སྲོག་རླུང་དང་བཅས་པའི་བར་སྲིད་ཀྱི་རྣམ་པར་ཤེས་པ་ཁམས་གསུམ་གྱི་སྐྱེ་བར་སྦྱོར་བ་ན་གླིང་གསུམ་དུ་སྐྱེས་པའི་མི་ཡི་ལུས་རྟེན་ཐོབ་པ་རྣམས་བར་དོའི་རྣམ་ཤེས་དེ་མངལ་གནས་སུ་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ་དེ་ཉིད་རྟེན་དུ་འཛིན་པའི་ཐོག་མ་རུ་རྩ་ཁམས་གྲུབ་པའི་ཚུལ་མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་དེ་གསུམ་པོ་སྒྲོག་མདོ་ལྟར་ཆགས་ཤིང་། དེ་ལས་སྣོད་ཀྱི་འཇིག་རྟེ་ཆགས་པའི་དུས་དྭངས་མ་རྣམས་དབུས་སུ་རི་རྒྱལ་ལྷུན་པོར་སོང་བ་ནས་རིམ་གྱིས་གསེར་རི་དང་། སྙིགས་མ་རྣམས་གླིང་དང་ཁོར་ཡུག་སོགས་སུ་གྱུར་པ་དང་ཚུལ་མཐུན་བར་རིམ་པ་བཞིན་ལུས་བསྐྱེད་པའི་ཚུལ་ནི་ཁམས་གྱི་དྭངས་མར་གྱུར་པ་ཡི་རྩ་དབུ་རྐྱང་རོ་གསུམ་ལུས་ཀྱི་དབུས་ན་ཀ་བ་ལྟ་བུར་གནས་པའི་ནང་ན། ཕྱི་རུ་ལུས་ངག་ཡིད་གསུམ་དང་། ནང་དུ་ཉོན་མོངས་དུག་གསུམ་དང་། གསང་བར་སྐུ་གསུང་ཐུགས་གསུམ་གནས་པ་དང་སྣང་བ་སོགས་ཀྱི་རྟེན་བྱེད་པའི་ཡི་གེ་གསུམ་གཙོ་འཁོར་ལྟར་གནས་ཏེ། དེ་ཡང་སོ་སོར་གནས་པའི་ཚུལ་རྒྱུད་དང་མན་ངག་རང་གིས་མཐོང་བ་རྣམས་ནའང་མི་འདྲ་བར་སྣང་ཡང་། རྩ་གསུམ་པོའི་བྱེད་ལས་ཀྱིས་མཚོན་ན་རོ་མར་ༀ། རྐྱང་མར་ཨཱཿ དབུ་མར་ཧཱུྃ་ཡིག་རྣམས་གནས་པར་བཤད་ཀྱང་ཆོག་པར་སྣང་ངོ་། །དེ་ལ་དབུ་མ་ཞེས་པའི་དོན་གནས་ཚུལ་གྱི་དབང་དུ་བྱས་ན་དེ་གཉིས་ཀྱི་དབུས་ན་ཡོད་པའི་ཕྱིར་དང་། ཆོས་ཉིད་ཀྱི་དབང་དུ་བྱས་ན་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བའི་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཡིན་པས་དེ་སྐད་ཅེས་བརྗོད་དོ། །རྩ་དེའི་ཡར་སྣ་ན་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐབས་ཀྱི་རང་བཞིན་ཧྃ་ཡིག་གི་རྣམ་པར་གནས་པ་དང་། མར་སྣ་ན་མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཤེས་རབ་ཀྱི་རང་བཞིན་ཨ་ཐུང་གི་རྣམ་པར་གནས་པ་གཉིས་པོ་རིམ་པ་བཞིན་སྤྱི་བོ་ཚངས་པའི་སྒོ་དང་ལྟེ་འོག་གསང་བའི་གནས་གཉིས་ལ་ཟུག་པའི་བར་ན་གཉིས་མེད་ཀྱི་རང་བཞིན་ཀུན་གཞིའི་རྟེན་སྲོག་རླུང་གི་རྣམ་པར་གནས་ཏེ་ནམ་མཁའ་བཞིན་ནོ། །དེའི་གཡས་དང་previous hit གཡོན་ན་རིམ་བཞིན་རོ་མ་ཞེས་རང་བཞིན་དུ next hit་བཞག་ན་དོན་བྱེད་མི་ནུས་པས་རོ་དང་འདྲ་ཞིང་གནད་དུ་བསྣུན་ན་བདེ་བའི་རོ་མྱོང་བར་བྱེད་པའི་རྩ་དང་། རྐྱང་མ་ཞེས་རང་བཞིན་དུ་བཞག་ན་གཞན་དང་མི་འབྲེལ་བར་རེང་བུ་ལྟར་གནས་པ་དང་། གཅུད་པའི་མན་ངག་ལས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བས་རྟོག་པའི་ཡན་ལག་དང་མི་ལྡན་པར་བྱེད་པའི་རྩ་གཉིས་གནས་པའི་ཁ་དོག་ནི་རིམ་པར་དཀར་བ་དང་དམར་བ་ཉིད་དོ། །བུད་མེད་ཉིད་ལ་ཐབས་ཤེས་ཀྱི་རྟེན་འབྲེལ་ལས་དེ་གཉིས་གོ་ལྡོག་ཏུ་གནས་པས་རྐྱང་མ་གཡས་སུ་ཡོད་དོ། །དེ་གསུམ་ནི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་སྒྲ་ཞུགས་སོ། །བྱེད་ལས་ཀྱི་སྒོ་ནས་གཞལ་ན་རོ་མ་ནས་ཁྲག་དང་ཆུ་སེར་དང་བྱང་སེམས་རྒྱུ་བས་ཐིག་ལེའི་ལས་ལ་མཁས་ན་ལུས་ཀྱི་ལས་ཟད་པར་བྱེད། ཟས་ཀྱི་ཞེན་པ་ཆོད་ཅིང་བསམ་གཏན་གྱི་ཟས་ཀྱིས་འཚོ། །རྐྱང་མ་ལས་འབྱུང་བའི་དྭངས་མ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བས་རྩའི་གནད་ལ་མཁས་ན་ངག་གི་ལས་དང་། གོས་ཀྱི་ཞེན་པ་ཆོད། གནད་དུ་བསྣུན་པའི་ངོ་བོ་དོན་དམ་གྱི་དབུ་མ་ནི་སྟོང་པ་ཟང་ཐལ་འོད་ཀྱི་རང་བཞིན་ཅན་ཡིན་པས་རླུང་གི་གནད་ལ་མཁས་ན་སེམས་ཀྱི་ལས་སྦྱོང་། སྐོམ་གྱི་ཞེན་པ་དག །རྨི་ལམ་རྒྱུན་ཆད། མཐར་ཐུག་མཐའ་གཉིས་ལ་མི་གནས་པའི་ཆོས་ཉིད་འོད་གསལ་གྱི་དོན་ལ་སྦྱོར་བར་བྱེད་དོ། །དབུ་མའི་མདོག་ནི་སྔོ་སྐྱ་ཡིན་ལ། དེར་རོ་རྐྱང་གཉིས་པོས་ལྟེ་བ་ནས་གྱེས་ཏེ་མཁལ་མར་གཅེར་བ་སོགས་སྤྱི་བོའི་བར་ལུག་རྒྱུད་དུ་ཕན་ཚུན་བསྣོལ་ཞིང་གཅུ་བའི་ཚུལ་གྱིས་མདུད་པ་ཉི་ཤུ་རྩ་གཅིག་གི་ཚུལ་དུ་བྱས་པ་ནི་དུས་འཁོར་ཡེ་ཤེས་ཀྱི་ལེའུར ། ལུ་གུ་རྒྱུད་དུ་བཅིངས་པའི་རྩ། །སྲོག་དང་ཐུར་སེལ་གྱི་ལམ་གསུམ། །ཞེས་སོ། །དེ་ལ་ཐུར་སེལ་གྱི་ལམ་གསུམ་ལྕགས་སྒྲོག་ལྟར་བཅིངས་པའི་རྩ་ལས་གྱེས་པའི་རྩ་ཆེན་ཉེར་བཞིའི་སྣ་ཟུག་པའི་རྩ་མདུད་ཡིག་འབྲུའི་རྣམ་པར་ཡོད་པ་ལ་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས་གནས་སུ་ཉེ་བར་བརྗོད་ཅིང་། དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་དང་བཅས་པ་སྤྱི་བོ་ན་ཛཱ་ལནྡྷ་ར་སོགས་ནང་གི་ཡུལ་ཉེར་བཞི་ཧེ་རུ་ཀའི་གནས་བཅུའི་བྱེ་བྲག་ཏུ་གནས་པ་ལ་སོགས་པའི་གནད་ཀྱིས་ཐབས་ཁྱད་པར་ཅན་ལ་བརྟེན་ནས་གནད་དུ་བསྣུན་ན་མཐར་གྱིས་རྩ་ཐམས་ཅད་ཆོས་ཉིད་ཀྱི་དབུ་མར་གྱུར་ནས་དྭངས་མ་ཡེ་ཤེས་ཀྱི་སྐུ་འགྲུབ་ཅིང་ཕྱི་ནང་གི་གནས་ཡུལ་ཐམས་ཅད་རང་སྣང་གི་ངོ་བོར་ཐ་དད་མེད་པར་རང་དབང་བསྒྱུར་བར་བྱེད་པ་ལ་སོགས་པ་སྟེ། དེ་ཡང་རྒྱུད་སྡེ་གསར་རྙིང་འགྲོས་མཐུན་པར་ཡུལ་ཉེར་བཞི་པོ་ཧེ་རུ་ཀའི་གནས་བཅུ་དང་སྦྱར་ནས་ས་ལམ་བགྲོད་པའི་རིམ་པ་དང་བསྟུན་ན། བརྟག་གཉིས་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚནྡྷོ་ཉེ་བའི་ཚནྡྷོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གསུམ་ཡིན། །ཞེས་ཐ་མ་གཉིས་བསྣན་ཏེ་བཅུ་གཉིས་གསུངས་ལ། དེ་ཡང་འཐུང་གཅོད་རྣམ་གཉིས་ལས་གཞན་པའི་གནས་དང་ཉེ་གནས་ལ་བཞི་བཞི་དང་ལྷག་མ་བརྒྱད་ལ་གཉིས་གཉིས་སྦྱར་བས་ཡུལ་ཉེར་བཞི་དང་། ས་བཅུའི་དབང་དུ་བྱས་ན། སམྦུ་ཊར། གནས་ནི་རབ་ཏུ་དགའ་བའི་ས། །ཞེས་པ་ནས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། །ཞེས་སོ། །བཅུ་གསུམ་པའི་ཚེ་འཐུང་གཅོད་གཉིས་པོ་ཡེ་ཤེས་དང་སྦྱོར་བའི་ཚུལ། རྒྱུད་རྒྱས་པ་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། །ཞེས་སོ། །ཡང་ཐ་མ་དུར་ཁྲོད་གཉིས་པོ་མ་སྨོས་པར་གནས་བཅུར་བྱས་ཏེ་ལེགས་བློ་ཆོས་སྤྲིན་གཉིས་འཐུང་གཅོད་གཉིས་ལ་སྦྱར་ཏེ། ཡེ་ཤེས་གཉིས་གནས་དང་མ་སྦྱར་བར་གསུངས་པ་ཡང་སྣང་། དེ་ལ་སྦས་པའི་རྩ་ལྔ་སྙིང་གར་གནས་པ་སྒྲིབ་བྲལ་དུ་གྱུར་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་སྟེ་འདི་ལྟར་དྭངས་མ་རྣམས་ཀྱིས་འཁོར་ལོ་སོ་སོ་གང་བའི་འགྲོས་ཀྱིས་མཐར་གཙུག་ཏོར་མཆོག་གྲུབ་སྟེ། དེར་བརྟན་པའི་སྐད་ཅིག་ཐ་མ་ལ་མཚན་དཔེའི་མེ་ཏོག་རྒྱས་པའི་སངས་རྒྱས་སུ་མངོན་པར་བྱང་ཆུབ་པ་ཡིན་ནོ། །གཉིས་པ་རྩ་འཁོར་གྱི་རྣམ་གྲངས་བཤད་པ་ནི། དེ་ལ་འཁོར་ལོ་རྣམས་བརྟེན་པའི་སྲོག་ཤིང་ལྟ་བུ་ནི་དབུ་མ་ཡིན་པས། དེ་ཉིད་དངོས་པོའི་གནས་ཚུལ་ལ་གཏན་ནས་མེད་པའང་མ་ཡིན་ནོ། །གཞན་དུ་ན་དེ་ལ་གནད་དུ་བསྣུན་པས་ཡོན་ཏན་འབྱུང་བ་ཡང་མི་རིགས་སོ། །ཡང་སྲོག་པ་རྩ་དང་། རྒྱུངས་པ་ཁོ་ནའང་མ་ཡིན་ཏེ། །དེ་དག་རགས་པའི་རྩ་ཡིན་པ་དང་། སྲོག་རྩར་རླུང་ཞུགས་པས་སྨྱོ་འབོགས་སོགས་འབྱུང་བར་བཤད་པས་དབུ་མའི་མཚན་ཉིད་དང་འགལ་བའི་ཕྱིར་རོ། །དེ་གཉིས་ལ་མ་ལྟོས་པའམ་མ་བརྟེན་པའི་དབུ་མ་ཞེས་པ་ཞིག་ཀྱང་མེད་དེ། ས་ར་ཧས། རླུང་དང་ཤེས་པ་རྩར་བརྟེན་ཕྱིར་ན་སྲོག་པ་རྩར། །གཅུད་ན་ཐ་མལ་ཤེས་པ་ངང་གིས་འགག་པ་འགྱུར། །ཞེས་དང་། མཁའ་འགྲོ་སྙིང་ཐིག་ལས། ཐབས་ཀྱི་དབུ་མ་ནི་ཨ་ཝ་དྷུ་ཏཱི་ཞེས་བྱ་སྟེ། ཐ་མལ་པ་རྣམས་རྒྱུངས་པ་ཞེས་ཟེར། ཤེས་རབ་ཀྱི་དབུ་མ་ནི་ཀུན་འདར་མ་ཞེས་བྱ་སྟེ། ཐ་མལ་དུ་མིང་སྲོག་རྩ་ཞེས་ཟེར། ཐབས་ཤེས་དབྱེར་མེད་ཀྱི་དབུ་མ་ནི་སྒལ་ཚིགས་ཀྱི་མདུན་སྲོག་རྩའི་རྒྱབ་ན་ཟུག་པ་ཁྲག་དང་ཆུ་སེར་མེད་པའོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་གནས་པའི་དབུ་མ་དང་། ཆོས་ཉིད་ཀྱི་དབུ་མ་དང་། དོན་དམ་པའི་དབུ་མ་གསུམ་ལས། དང་པོ་ནི་གནས་ཚུལ་གྱི་ངོས་ནས་སྲོག་འཛིན་པའི་རྩ་ཡིན་ལ། གཉིས་པ་ནི་མཚན་ཉིད་ཀྱི་རྩ་མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཐོགས་རེག་དང་བྲལ་བའི་སྲིད་དུ་ལུས་སེམས་དབུགས་གསུམ་གྱི་ཚོགས་པ་ཡོད་པ་དེ་སྲིད་དུ་ཡོད་པས་མེད་པའང་མིན་ལ། དེ་གསུམ་སོ་སོར་གྱེས་པའི་ཚེ་དེ་ཡང་མི་སྣང་བར་འགྱུར་བས་ཡོད་པའང་མིན་ཏེ་དཔེར་ན་རྐྱེན་ཚོགས་པ་དེ་སྲིད་དུ་འཇའ་ཚོན་སྣང་ཡང་ཚོགས་པ་གྱེས་པ་ན་མི་སྣང་བ་བཞིན་ནོ། །སྒོམ་དུས་སྲོག་རྩའི་དབུས་སུ་སྟེ། དེའི་རྒྱུ་མཚན་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ལ་བརྟེན་པས་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་ཏུ་འགྱུར་པའི་ཕྱིར་རོ། །གསུམ་པ་ནི་འབྲས་བུའི་ངོ་བོ་ཉིད་དེ་ངོ་བོ་མེད་པའོ། །དེ་ལྟར་གནས་པ་སྲོག་གི་དབྱུག་གུ་དང་བཅས་པའི་རྩ་དབུ་མ་རོ་རྐྱང་གི་ཡན་ལག་ཅན་ལ། རིམ་པ་བཞིན་སྦྱང་བྱ་དུག་གསུམ་དང་། སྒོ་གསུམ་གྱི་སྒྲིབ་པ་དང་། སྦྱངས་འབྲས་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་མངོན་དུ་བྱེད་པའི་ཕྱིར་སྦྱོང་བྱེད་ལྟེ་བ། མགྲིན་པ། སྙིང་གའི་འཁོར་ལོ་གསུམ་བསྒོམ་པར་གསུངས་པའི་གྲངས་སམ། དེ་བཞིན་དུ་སྦྱང་བྱ་སྒོ་གསུམ་བྱ་བ་དང་བཅས་པ་དང་། སྦྱངས་འབྲས་སྐུ་བཞིའམ། སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་ཐོབ་པའི་ཕྱིར་སྦྱོང་བྱེད་དེའི་སྟེང་དུ་སྤྱི་བོའི་འཁོར་ལོ་བསྒོམ་པར་གསུངས་པ་དང་། ཡང་སྦྱང་བྱ་ཕུང་ལྔ་དང་དུག་ལྔ་སྦྱངས་ནས། སྦྱངས་འབྲས་སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ་ཕྱིར་དེའི་སྟེང་གསང་གནས་ཀྱི་འཁོར་ལོ་བསྣན་པ་དང་། ཡང་སྦྱང་བྱ་དུག་ལྔ་སེར་སྣ་དང་བཅས་དྲུག་དང་། ཕུང་པོ་ལྔ་བག་ཆགས་དང་བཅས་པ་སྦྱངས་ནས་སྦྱངས་འབྲས་ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གམ། ཕྱིན་དྲུག་གམ། སྐུ་ལྔ་བདེ་པ་ཆེན་པོའི་སྐུ་དང་དྲུག་ཐོབ་པའི་ཕྱིར་སྦྱོང་བྱེད་སྔ་མ་ལྔ་པོའི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོ་བསྣན་ཏེ་དྲུག་གི་གྲངས་ཀྱི་འཁོར་ལོ་སོ་སོའི་རྩ་འདབ་རྣམས་ཕྲི་སྟེ་གསུམ་དུ་བྱས་པ་ནས་དྲུག་གི་བར་དུ་བསྣན་པར་གྱུར་པ་དང་དེ་ལ་ཡི་གེ་འགོད་པ་ལ་སོགས་པའི་རྣམ་གྲངས་ལ་རྒྱུད་སྡེ་སོ་སོའི་ལུགས་མི་མཐུན་པ་ནི་སྦྱང་གཞི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་དང་། རྩ་དང་། དབང་པོ་ལ་སོགས་པ་ཐ་དད་པས་དེ་སྦྱོང་བྱེད་ཀྱི་མན་ངག་བསྒོམ་པའི་ཚུལ་ཐ་དད་ཀྱང་། དེ་ལྟར་བསྒོམས་པས་རྩ་འཁོར་དེ་དང་དེའི་དབུས་སུ་རླུང་ཐིག་གི་དྭངས་མ་ཐིམ་པའི་ཚེ་འབྲས་བུ་ལ་ཁྱད་པར་མེད་དེ་ལམ་ཐ་དད་ནས་གནས་གཅིག་ཏུ་སླེབ་པ་བཞིན་ནོ། །འཁོར་ལོ་དེ་རྣམས་སོ་སོའི་མིང་གི་ཐ་སྙད་འདོགས་པའི་རྒྱུ་མཚན་དང་རྩ་འདབ་ཀྱི་གྲངས་ནི། ལྟེ་བའི་འཁོར་ལོ་ནི་དང་པོ་ལུས་ཆགས་པའི་ཚེ་དེ་ལས་གྱེས་པ་དང་། དེར་རླུང་སེམས་ཞུགས་ན་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཚད་མེད་པ་འཆར་བས་སྤྲུལ་པའི་འཁོར་ལོ་ཞེས་བྱ་སྟེ། དེར་ནི་རྩ་འདབ་དྲུག་ཅུ་རྩ་བཞི་ཡོད་ལ། མགྲིན་པའི་འཁོར་ལོའི་མན་ངག་གིས་འདོད་ཡོན་གྱི་སྣང་བ་མ་འགགས་པར་ལོངས་སྤྱོད་པས་ལོངས་སྤྱོད་ཀྱི་འཁོར་ལོ་ཞེས་བྱ་སྟེ་དེ་ལ་བརྒྱད་ཚན་གཉིས་ཏེ་རྩ་འདབ་བཅུ་དྲུག་ཡོད་པ་དང་། སྙིང་གར་རླུང་སེམས་ཀྱི་དྭངས་མ་ཞུགས་པས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་མངོན་དུ་བྱེད་པས་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ་དེ་ལ་རྩ་འདབ་བརྒྱད་དང་། སྤྱི་བོར་ཧྃ་ཡིག་གནས་པ་བདེ་བའི་འབྱུང་གནས་ཡིན་པས་བདེ་ཆེན་གྱི་འཁོར་ལོ་ཞེས་བྱ་སྟེ་རྩ་འདབ་སུམ་ཅུ་རྩ་གཉིས་སོ། །གསང་གནས་ནི། ལྷན་སྐྱེས་ཀྱི་བདེ་བ་སྐྱོང་བའི་རྐྱེན་གྱི་གནས་ཡིན་པས་བདེ་སྐྱོང་གི་འཁོར་ལོ་ཞེས་ཏེ་དེ་ན་རྩ་འདབ་བདུན་ཅུ་རྩ་གཉིས་ཡོད་དོ། །དེ་བཞིན་དུ་གཙུག་ཏོར་ལ་ནི་རླུང་སེམས་ཐིག་ལེ་དང་བཅས་པ་ཐིམ་པའི་ཚེ་སྙིགས་མ་ཐམས་ཅད་ནམ་མཁའ་ལྟར་དྭང་བའམ། རགས་པའི་རྩ་མ་ཡིན་པས་རྩ་འདབ་ཀྱི་གྲངས་མེད་པས་ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་བྱ་བ་རྣམས་སུ་གྲགས་པ་ཡིན་ནོ། །གཙུག་ཏོར་གྱི་འཁོར་ལོ་འདི་ལ་འགའ་ཞིག་རྩ་འདབ་བཞི་དང་། ལ་ལ་གསང་གནས་དང་གྲངས་མཚུངས་པར་སྨྲ་བའང་ཡོད་དོ། །གཞན་ཡང་རྩ་འཁོར་ལོ་དྲུག་པོ་རེ་རེའི་ལྟེ་བ་དང་། སོ་སོའི་བར་མཚམས་རྣམས་སུ་རླུང་གི་འཕོ་བ་བཅུ་གཉིས་ཀྱིས་རྩ་གནས་རྣམས་སུ་དཀར་དམར་གྱི་དྭངས་མ་ཁྲིད་ཅིང་བཀོད་པའི་རྟེན་འབྲེལ་ལས་ཕྱི་རོལ་དུ་གོ་ལའི་རླུང་གི་སྟེང་དུ་ཉི་ཟླ་གཉིས་རང་འགྲོས་ཀྱིས་བགྲོད་པའི་གནས་དུས་སྦྱོར་ཏེ་ཁྱིམ་བཅུ་གཉིས་དང་། དེ་བཞིན་དུ་ནང་གི་སེམས་ཅན་རྣམས་ལས་ཉོན་གྱིས་འཁོར་བར་བགྲོད་ཅིང་འཁོར་བ་ནའང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཁ་བརྒྱུད་དེ་འཁོར་བར་སྣང་བའི་གཞིའམ་རྩ་བར་གྱུར་པས་ན་གནས་ཞེས་བྱའོ། །དེས་ན་རྣལ་འབྱོར་པས་རྩ་རླུང་གི་བྱེད་པ་བཅིངས་ནས་ཁམས་ལ་གནད་དུ་བསྣུན་ཏེ་མ་དག་པའི་རྩ་གནས་སུ་འཕོ་བ་དེ་སྤངས་པའི་ཐབས་ཀྱིས་རོ་རྐྱང་གི་ལམ་བརྒྱུད་དེ་དབུ་མའི་མར་སྣ་ནས་བཅུད་པའི་མས་ནས་ཡར་ལུགས་ལྡོག་གི་འགྲོས་ཀྱིས་གསང་གནས་ཡེ་ཤེས་ཀྱི་འཁོར་ལོར་ཕྱིན་པ་དང་མཉམ་དུ་རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག་འགགས་ནས་དང་པོའི་ས་ཡི་རྟོགས་པ་དང་ཡོན་ཏན་རྣམས་འཆར་ཞིང་། །དེ་ལྟར་རིམ་པ་བཞིན་དུ་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར་དུ་འཁོར་ལོ་རེ་དང་བར་མཚམས་རེར་རླུང་གི་འཕོ་བ་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས་ས་ནི་གཉིས་པ་སོགས་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར་རླུང་སེམས་ཐིག་ལེ་དང་བཅས་པ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ་འཁོར་བའི་རྟེན་འབྲེལ་ཕྱི་དང་ནང་དུ་སྣང་བ་ཐམས་ཅད་རྒྱུན་ཆད་ནས་མི་འགྱུར་བའི་བདེ་བ་ཆེན་པོའི་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ནི་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་སོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། རྟེན་དང་བརྟེན་པའི་འབྲེལ་པ་ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། །སེམས་ཀྱི་མི་འགྱུར་ཉིད་ཐོབ་ན། །རྟེན་དང་བརྟེན་པའི་འབྲེལ་བ་མེད། །ཅེས་སོ། །དེ་ཡང་རྩ་འཁོར་ལོ་དྲུག་གི་རང་བཞིན་དོན་སྤྱི་ལ་དམིགས་པ་རྒྱུད་སྡེ་ཐ་དད་པའི་རྫོགས་རིམ་གྱི་དོན་ཤེས་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བའི་གཞུང་དང་བསྟུན་ན། རྣམ་པ་ཐམས་ཅད་དུ་རྫོགས་པའི་རིམ་པ་གང་བསྒོམ་ནའང་མོས་གུས་དང་ལྡན་ཞིང་། བསྐྱེད་རིམ་གྱིས་སྨིན་པར་བྱས་ཤིང་ཚོགས་གཉིས་ཀྱིས་རྒྱུད་སྦྱངས་ནས་རླུང་སེམས་ལས་སུ་རུང་བས། གོང་དུ་བཤད་པ་དེ་དང་རྣམ་པའི་གྲངས་དྲུག་ཏུ་མཐུན་པའི་རྩ་འདབ་ལ། ལམ་གྱིས་སྦྱང་བའི་གཞིར་གནས་ཤིང་སོ་སོའི་བག་ཆགས་འཛིན་པའི་རིགས་དྲུག་གི་ས་བོན་མ་རིག་པ་གཉིས་ལས་བྱུང་བའི་མ་དག་པའི་རླུང་ཐིག་དང་ཡིག་འབྲུའི་རྣམ་པར་གནས་པ་རྣམས། སྦྱོང་བྱེད་རིག་པའི་རང་བཞིན་དག་པ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ལ་གནད་དུ་བསྣུན་པས་རིགས་དྲུག་གི་བག་ཆགས་ཐམས་ཅད་ཐུལ་བས་ཐུབ་པའམ་སྐྱེས་བུ་རྣམ་པ་དྲུག་གིས་སྦྱོང་སྟེ། ཐལ་རྒྱུད་ལས། ས་བོན་ཟུང་གསུམ་དེ་བདེ་བ། །ངེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས ། །ཞེས་པ་ལྟར་དང་། དེར་གནད་དུ་བསྣུན་པས་སེར་སྣ་ལ་སོགས་པ་དག་ཅིང་ཕྱིན་དྲུག་གི་ཡོན་ཏན་རང་བཞིན་གྱིས་རྫོགས་པར་འགྱུར་བས་འཁོར་ལོ་དྲུག་གི་དག་པའི་རླུང་ཐིག་དང་དེ་བསྒོམ་པའི་མན་ངག་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་སྟེ་སྦྱོང་བྱེད་དེ་དག་གིས་སྦྱངས་པར་བྱས་པ་ལས། སྦྱངས་འབྲས་མེ་ལོང་ལྟ་བུ་ལ་སོགས་པ་ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ་དང་། དེ་ཐམས་ཅད་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་རང་བྱུང་གི་ཡེ་ཤེས་གཅིག་དང་དྲུག་འཐོབ་བོ་ཞེས་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལ་སྒྱུ་འཕྲུལ་རྩ་བའི་རྒྱུད་ཀྱི་རང་ལུགས་ནི་འདི་བཞིན་ཏེ་སྙིང་ག་ན་རང་བྱུང་གི་ཡེ་ཤེས་ཡེ་ཤེས་ལྔའི་རང་རྩལ་འགག་པ་མེད་པ་ལས་རྟོག་ཚོགས་ཐམས་ཅད་ལྷར་དག་པའི་རྟེན་གྱི་རྩ་དང་ཐིག་ལེ་གནས་པས་ཞི་བའི་འཁོར་ལོ་དང་། སྤྱི་གཙུག་ན་ཞི་བའི་གཏིང་མདངས་འཆར་བའི་གཞིའི་རྩ་ཐིག་གནས་པས་ཁྲོ་བོའི་འཁོར་ལོ་སྟེ། རྣམ་པ་གཉིས་པོ་དེ་ལ་ཞི་ཁྲོའི་ལྷ་དང་རྣམ་གྲངས་མཉམ་པའི་སྙིང་གར་རྩ་འདབ་བཞི་བཅུ་རྩ་གཉིས་དང་། དུང་ཁང་ན་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའི་གྲངས་དང་མཉམ་པར་གནས་སོ། །ཕྲ་བ་ནི་བསམ་གྱིས་མི་ཁྱབ་ཀྱང་ཁམས་དང་རླུང་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། འབུམ་ལྔ་དང་སངས་རྒྱས་ཐོད་པ་ལ་སོགས་པ་སྤྱི་དང་མཐུན་པར་ཡོད་དེ། སྒྱུ་འཕྲུལ་ཆེན་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། །ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་གའི་འདབ་མ་གྲངས་ལས་འདས། །ཁམས་དང་རླུང་ནི་འབབ་པ་ཡི། །ཡེ་ཤེས་རྩ་ནི་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་བསྒྲེས་པ་ཡི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །འགྱུ་བ་ཆེན་མོར་འདོད་པ་སྟེ། །ཞེས་སོ། །དེ་ཡང་རྒྱུད་གདམས་ངག་ལྟར་བཤད་པའི་དབང་དུ་བྱས་ན་རྩ་རྒྱུད་ལེའུ་བཞི་པ་ནས་ཉེར་གཅིག་པ་ཡན་ཆད་ཀྱིས་བསྟན་པའི་ཐབས་ལམ་དང་གྲོལ་ལམ་གཉིས་བསྒོམ་པའི་མན་ངག་བཀྲལ་བ་ནི་གྲོལ་ལམ་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་ཞི་ཁྲོ་སོ་སོའི་སྒྲུབ་ཐབས་ལྟར་ཡིན་ལ། ཐབས་ལམ་ལ་སྟེང་སྒོ་རྣམ་གྲོལ་གྱི་ལམ་དང་། འོག་སྒོ་ཁམས་གསུམ་རོལ་པའི་ལམ་གྱི་སྒོ་གཉིས་སུ་ཡོད་པ་ལས་དང་པོ་སྟེང་སྒོ་ལའང་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བ་ལ་བསླབ་ཚུལ་དང་། མན་ངག་བཞི་ལ་བསླབ་ཚུལ་གཉིས་སུ་ཡོད་པ་ལས། དང་པོ་ནི་སྒྱུ་འཕྲུལ་རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །གཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་སྤྱི་མགྲིན་སྙིང་ག་ལྟེ་བའི་འཁོར་ལོ་བཞི་གསལ་བཏབ་ནས་བྱེད་པ་བཅིངས་པས་སྒྲོམ་མདོ་རླུང་གི་འཁོར་ལོ་བསྐྱོད་པ་ལས། སུམ་མདོ་མེའི་འཁོར་ལོའི་སྦར་ཏེ་དབུ་མར་གྱེན་དུ་སོང་བས་འཁོར་ལོ་བཞིའི་ཐིག་ལེ་ཞུ་བ་ལས་བྱུང་བའི་ཐབས་ཀྱིས་སོ་སོའི་དྭངས་མ་ཟིན་ཅིང་དགའ་བཞི་དང་འབྲེལ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་ཐུན་མོང་གི་ལམ་ཞེས་བྱའོ། །མན་ངག་བཞི་ལ་བསླབ་པ་ནི། ཀུན་ཏུ་བཟང་པོའི་མན་ངག་སྙིང་ལ། བདེ་ཆེན་ཐིག་ལེའི་མན་ངག་ལྟེ་བར། སྦྱོར་བ་དག་པའི་མན་ངག་མགྲིན་པར། ཁྱབ་གདལ་ཆེན་པོའི་མན་ངག་སྤྱི་བོའི་འཁོར་ལོར་བསྒོམ་པའི་ཚུལ་རྩ་རྒྱུད་ལེའུ་བཅུ་གསུམ་པར་བསྟན་པ་ལྟར་བསྒོམས་པས་འཁོར་ལོ་བཞིའི་ལྟེ་བའི་དྭངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་དྭངས་མའི་དྭངས་མ་རྣམས་ཐིམ་པས་མཆོག་ཏུ་མི་འགྱུར་བའི་འོད་གསལ་སྐུ་བཞིའི་དགོངས་པ་ཇི་བཞིན་པ་འཆར་བའོ། །འོག་སྒོ་ཁམས་གསུམ་རོལ་པའི་ལམ་ལ་ནམ་མཁའི་རྡོ་རྗེའི་ལམ་ཞེས་ཀྱང་བྱ་སྟེ། དང་པོ་ལྟར་ན་གསང་བའི་ཡུལ་དབང་ཤེས་པའི་ཁམས་གསུམ་ལ་བརྟེན་ནས་རྟོག་ཚོགས་ཐམས་ཅད་རང་གྲོལ་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རོལ་པའི་ཕྱིར་དེ་སྐད་སྨོས་ལ། ཕྱི་མ་ལྟར་ན། ནམ་མཁའ་ནི་ཤེས་རབ། རྡོ་རྗེ་ནི་ཐབས་ཏེ་ཐབས་ཤེས་གཉིས་མེད་ཕྱག་རྒྱ་བཞིས་རོལ་པས་རྣམ་སྨིན་གྱི་ལུས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པས་ཐ་མལ་གྱི་འདོད་ཆགས་སུ་རྟོག་པའི་བདུད་བཅོམ། བདེ་བའི་ཡེ་ཤེས་ཀྱི་རྩི་རྒྱས། འདུ་བའི་ནད་སེལ། ཁམས་འཛག་མེད་ཀྱིས་འཁོར་བའི་གཡུལ་ངོ་བཅོམ། རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གྱུར་པས་མྱ་ངན་ལས་འདའ་བའོ། །དེ་ལྟར་གཉིས་སུ་མེད་པ་ཟུང་འཇུག་གི་རྫོགས་རིམ་ཟབ་མོའི་ཐབས་ལ་བརྟེན་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་འབྲས་ཆོས་ལྔའི་རང་བཞིན་འོད་གསལ་བའི་དགོངས་པ་དུས་གཅིག་ལ་མངོན་དུ་གྱུར་པར་འདོད་པའི་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞིར་གྱུར་ཞིང་མན་ངག་ཐམས་ཅད་ལ་དབང་བསྒྱུར་བའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་ཏེ། རྩ་རྒྱུད་ལས། ཕྱོགས་བཅུ་དུས་བཞིར་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་ཞིང་། །དབང་བསྒྱུར་མཆོག་ཉིད་དམ་པ་ཡིན། །ཞེས་སོ །གཉིས་པ་གཡོ་བ་རླུང་བཤད་པ་ལ་གསུམ་སྟེ། ཕྱིའི་རླུང་། ནང་གི་རླུང་། གསང་བའི་རླུང་བཤད་པའོ། །དང་པོ་ཕྱིའི་རླུང་བཤད་པ་ནི། གཡོ་བ་རླུང་གི་རང་བཞིན་ཇི་ལྟར་རྒྱུ་བའི་ཚུལ་ལ། འབྱུང་བ་ས་ཆུ་མེ་རླུང་གི་རླུང་ཆེ་བ་དང་ཆུང་བ་གཉིས་སུ་རྒྱུ་བ་ལས་ཆེ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་གསུམ་དུ་བསྒྲེས་པའི་འགྱུར་འབྱུང་བ་བཞི་སོ་སོའི་རླུང་ལ་ལྔ་སྟོང་བཞི་བརྒྱ་པོའི་འགྱུར་ཚད་བསྡོམས་པས་སྐྱེས་བུ་དར་ལ་བབས་པ་ནད་ཀྱི་སྐྱོན་དང་བྲལ་བ་ཞིག་ལ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ་བ་སྟེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་མོའི་རླུང་དུ་འདོད། །ཅེས་སོ། དེ་ལ་རྒས་པ་རྣམས་ལ་ནི་འབྱུང་བའི་གྲལ་ཉམས་པས་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་ལ། འབྱུང་བ་མ་རྒྱས་པའི་གཞོན་ནུ་རྣམས་ལ་ནི་སུམ་ཅུ་རྩ་གཉིས་ཀྱིས་མ་ཚང་ངོ་། །འབྱུང་བ་ཆུང་བའི་རླུང་ནི་ཀུན་ཏུ་རྟོག་པ་ཅན་གཙོ་ཆེ་བའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གྲངས་དང་མཉམ་པའི་རྟོག་པ་དེ་དག་གི་བཞོན་པ་ལྟ་བུར་རྒྱུན་མི་འཆད་པར་གནས་པ་སྟེ། སྒྱུ་འཕྲུལ་ལས། གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་སོ། །དེ་ཡང་ཁ་སྣ་ནས་འགྱུ་བ་མ་གཏོགས་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བའི་རླུང་ལོངས་སྤྱོད་འཁོར་ལོ་ལས་གྱེས་པའི་འཕར་རྩ་ནས་འགྱུ་བ་རྣམས་བསྡོམས་པས་ཆིག་འབུམ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ་ནང་དུ་འགྱུ་བར་གསུངས་སོ། །འབྱུང་བ་ཆེ་ཆུང་གི་རླུང་ཐམས་ཅད་ཀྱི་རྩ་བར་གྱུར་བའི་རླུང་ནི་སྲོག་འཛིན་གྱི་རླུང་དང་། མེ་མཉམ་གྱི་རླུང་དང་། ཁྱབ་བྱེད་ཀྱི་རླུང་དང་། གྱེན་རྒྱུའི་རླུང་དང་། ཐུར་སེལ་གྱི་རླུང་དང་ལྔར་གནས་པའི། བྱེད་ལས་ནི་རིམ་པ་བཞིན་དུ་སྲོག་འཛིན་ནི་སྙིང་ག་ན་གནས་ཏེ་སྲོག་བརྟེན་པར་བྱེད་དོ། །མེ་མཉམ་ནི་ལྟོ་བ་ན་གནས་ཏེ་དྲོད་བསྐྱེད་པར་བྱེད་དོ། །ཁྱབ་བྱེད་ནི་ལུས་བྱིངས་ན་གནས་ཏེ་ལུས་ཉམས་བརྟས་པར་བྱེད་པ་དང་། གྱེན་རྒྱུས་དབུགས་ཀྱི་འགྲོ་འོང་གི་བྱ་བ་བྱེད་པ་དང་། ཐུར་སེལ་གྱིས་ནི་འགྲོ་འདུག་དང་བཤང་གཅི་སྡོམ་པ་དང་འཕེན་པའི་བྱ་བ་བྱེད་ལ། དེའང་ཕོ་རླུང་གྱེན་རྒྱུ་ནི་སྟོད་ན་གནས་ལ། མོ་རླུང་ཐུར་སེལ་ནི་སྨད་ན་གནས་པ་དང་། མ་ནིང་གི་རླུང་གཞན་གསུམ་ནི་སྟོད་སྨད་མཉམ་པར་གནས་པ་ཡིན་ལ། སྣ་ནས་རྒྱུ་བའི་གནས་སྐབས་ན། གཡས་ནས་ཕོ་རླུང་། གཡོན་ནས་མོ་རླུང་། མཉམ་པར་མ་ནིང་གི་རླུང་རྒྱུ་བ་ཡིན་ཞིང་དེ་དག་ནི་ཕྱིའི་རླུང་སྟེ་རགས་པའི་ཆའོ། །གཉིས་པ་ནང་གི་རླུང་བཤད་པ་ནི། སྔ་མ་དེ་དག་ལས་ཕྲ་ཞིང་ནང་གི་བྱེད་པ་གཙོ་ཆེ་བའི་རླུང་ནི་ས་རླུང་སེར་པོ། །ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་མཐིང་ག་སྟེ་འབྱུང་བ་ལྔའི་རང་བཞིན་ཁ་དོག་ཀྱང་འབྱུང་བ་སོ་སོ་དང་མཐུན་པ་ཅན་ཡིན་ལ། བསྒོམ་ཚུལ་གྱི་དབང་དུ་བྱས་ན་དབྱིབས་ཀྱང་རིམ་པ་བཞིན་གྲུ་བཞི། ཟླ་གམ། གྲུ་གསུམ། གཞུ་བདུངས་པ་ལྟ་བུ། ཟླུམ་པོ་རྣམས་སོ། །གནས་ནི་སྙིང་གའི་རྩ་འཁོར་ན་གནས་པར་བཤད་པ་དང་། རྩ་འཁོར་ལྔ་གའི་དབུས་ན་ཡོད་པར་བཤད་པ་སོགས་ཐ་དད་དོ། །བྱེད་ལས་ནི་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རླུང་དེ་དག་ལས་རླུང་གི་རང་བཞིན་དུ་གནས་ཤིང་མ་ཐིམ་པ་དེ་སྲིད་དུ་སྣང་ཞིང་གནས་པའི་རྟེན་བྱེད་ལ། འཆི་སྲིད་སོགས་ཀྱི་དུས་དེ་དག་ཐིམ་པས་ཕུང་སོགས་རེ་ཞིག་མི་སྣང་བར་འགྱུར་ཡང་ཡེ་རླུང་གི་ངོ་བོ་གཏན་དུ་མ་དག་པས་སླར་ཡང་རླུང་དེ་དག་ལངས་པས་རིམ་གྱིས་བར་སྲིད་དང་ཕྱི་མའི་སྐྱེ་སྲིད་ཀྱིས་བསྡུས་པའི་ཕུང་སོགས་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བར་འགྱུར་བས་ན་འཁོར་བ་ཇི་སྲིད་དུ་འཁྲུལ་སྣང་གི་རྟེན་བྱེད་དོ། །སེམས་དང་ཡེ་ཤེས་ཀྱི་རྟེན་བྱེད་ཚུལ་བྱེ་བྲག་ཏུ་བཤད་ན་འདི་ལྟར་མ་དག་པ་སེམས་ཀྱི་གནས་སྐབས་ན་རླུང་ལྔ་པོ་དེའི་ཉོན་མོངས་པ་དུག་ལྔ་རང་རང་གི་རྐྱེན་ཉེ་བར་གནས་པའི་ཚེ་རྩོལ་བ་མེད་པར་མཆེད་པར་འགྱུར་བའི་རྟེན་དང་ནི། དག་པ་ཡེ་ཤེས་ཀྱི་དུས་སུ་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ལ་མངོན་སུམ་པའི་ཡེ་ཤེས་རྣམ་པ་ལྔ་པོ་སྣང་བའི་གཞི་ཡིན་པས་ན་རླུང་ལྔ་རྒྱུ་ལྟ་བུ་ལས་སེམས་དང་ཡེ་ཤེས་འབྲས་བུ་ལྟ་བུར་མཆེད་པའི་རྟེན་བྱེད་དོ་ཞེས་བརྗོད་ཀྱང་ངོ་བོ་ཐ་དད་པ་མེད་དེ་ཤེལ་ལས་འཇའ་ཚོན་བཞིན་ནོ། །དེ་དག་རྒྱུ་ཚུལ་གྱི་དབང་དུ་བྱས་ན། དབྱར་མེ། སྟོན་རླུང་། དགུན་ཆུ། དཔྱིད་སའི་རླུང་རྒྱུ་བས་དེའི་གཉེན་པོ་གོ་ལྡོག་ནས་བསྒོམ་པའམ། ཡང་ན་ཀུན་ལ་ཤེས་པ་ནམ་མཁའི་རླུང་འབའ་ཞིག་གམ། ནད་ཁམས་དང་བསྟུན་ནས་གང་འཕྲོད་བསྒོམ་པའོ། །དེ་དག་སྣ་ནས་རྒྱུ་ཚུལ་གྱིས་གསུམ་དུ་བསྡུ་བ་སྔར་དང་འདྲ་ཞིང་། གསུམ་པོ་འབྱུང་ལྔའི་རླུང་གི་ངེས་པས་དུས་བཞིའི་འཕོ་དུས་ལ་སྦྱར་ཏེ། སྐྱེས་པས་མོ་རླུང་དང་། བུད་མེད་ཀྱིས་ཕོ་རླུང་དང་། གཉིས་ཀས་མ་ནིང་གི་རླུང་ལ་གཙོ་བོར་སྦྱངས་ན་གསང་བ་ཡེ་ཤེས་ཀྱི་རླུང་ལྔ་འབྱོངས་བར་སླའོ །དེའང་གྱེན་རྒྱུ། ཐུར་སེལ། མཉམ་གནས་གསུམ་གྱི་གནད་ལས། སྟེང་རླུང་མནན་པ་དང་། འོག་རླུང་བསྡུ་བ་དང་། བར་རླུང་བསྐྱིལ་བ་གསུམ་གྱི་གནད་ལ་མཁས་པར་བྱའོ། །གཞན་ཡང་མདའ་ལྟར་འཕང་བ་དང་། གཞུ་ལྟར་དགུག་པ་དང་། བུམ་པ་ཅན་དུ་བསྐྱིལ་བ་དང་། ཆུ་སྲིན་ཆིངས་སུ་བསྡམ་པ་དང་། རི་བོ་ལྟར་མནན་པ་དང་། སྦུབས་ཆུ་ལྟར་བསྡུ་བ་དང་། རྩ་གནས་སུ་དགྲམ་པ་དང་། རང་གནས་སུ་གཞིལ་བ་དང་། ནམ་མཁའ་ལྟར་ཆོས་ཉིད་དུ་ཁྱབ་པར་གདལ་བའི་གནད་དགུ་ལ་མཁས་པར་བྱའོ། །དེའང་རླུང་གི་རང་བཞིན་ནི་གཉིས་ཏེ། ལས་དང་ཡེ་ཤེས་ཀྱི་རླུང་ངོ་། །གཉིས་པོ་དེ་ཤེས་པའི་གདངས་དང་རྩ་ནས་འགྱུ་བའི་རླུང་ཙམ་དུ་གཅིག་ཀྱང་། གནད་དུ་བསྣུན་པ་དང་མ་བསྣུན་པ་དང་ལམ་དུ་སོང་མ་སོང་གི་ངོས་ནས་ཡེ་ཤེས་དང་སེམས་ཀྱི་རྒྱུར་འགྱུར་རོ། །དེས་ན་རླུང་གི་སྦྱོར་བ་ལ་བསླབ་པར་བྱས་ན་སྤྱིར་ཁམས་ལས་སུ་རུང་བ་ལ་སོགས་པའི་ཡོན་ཏན་དང་། ཁྱད་པར་དུ་འབྱུང་བ་དྭངས་མའི་རླུང་ལྔ་པོ་རླུང་སེམས་ཀྱི་བྱེད་པ་གཅིག་ཏུ་བཅིངས་པའི་ཐབས་ཀྱིས་དྷཱུ་ཏཱི་སྟེ་དབུ་མར་ཆུད་པ་ན་རླུང་ལྔ་ལས་སུ་རུང་བའི་རྟགས་སྣང་དུ་མ་འཆར་ཏེ། གཡས་རླུང་དབུ་མར་ཆུད་པས་previous hit དུ་བ་ལྟ་བུ་དང་། གཡོན ་རླུང་ཆུད་པས་སྨིག་རྒྱུ། མེ་རླུང་ལས་འོད་འབར་བ། ཆུ་རླུང་ལས་སྤྲིན་དང་མཐོངས་ཁོང་གི་ཟླ་འོད་ལྟ་བུ། ས་རླུང་ལས་གསེར་གྱི་ཁ་དོག་ལྟ་བུ་དང་གློག་ལྟ་བུ། ནམ་མཁའི་རླུང་ལས་དང་པོ་མཐིང་ག་དང་དེ་ནས་འོད་ལྔའི་ཐིག་ལེ། ཐམས་ཅད་དབུ་མར་ལས་སུ་རུང་བ་ལས་འོད་ལྔ་དང་། གཞའ་ཚོན། ཐིག་ལེ། ལྷ་སྐུ་ལ་སོགས་པ་དུ་མ་འཆར་ཞིང་། ཁྱད་པར་དུ་ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི་ཏིང་ངེ་འཛིན་གྲུབ་ནས་དངོས་པོ་ཐམས་ཅད་ས་ལ་སོགས་པར་བསྒྱུར་བའི་རྫུ་འཕྲུལ་གྱི་བཀོད་པ་སྟོན་ནུས་པ་དང་། ཉོན་མོངས་ལྔ་དག་པ་དང་། འོད་ལྔ་གསལ་བ་དང་། ཞིང་ཁམས་ལྔར་བགྲོད་པ་དང་། ཡེ་ཤེས་ལྔ་མངོན་དུ་འགྱུར་བ་ལ་སོགས་པའི་ཡོན་ཏན་དང་རྫུ་འཕྲུལ་སྣ་ཚོགས་པ་འགྲུབ་པར་འགྱུར་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། རླུང་ལྔའི་དྭངས་མ་སྟོབས་གྱུར་ན། །འོད་ལྔ་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་འཐོབ་པར་འགྱུར། །ཞེས་སོ། །གསུམ་པ་གསང་བའི་རླུང་བཤད་པ་ནི། ཤིན་ཏུ་ཕྲ་ཞིང་རྟོགས་དཀའ་བའི་གསང་བའི་རླུང་ནི་ཆོས་ཉིད་དོན་གྱི་ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་ཅན་ཡིན་པའི་ཕྱིར་དབྱིབས་དང་ཁ་དོག་ལ་སོགས་པའི་རགས་པའི་ཆོས་དང་རྣམ་པ་འགལ་བ་ཅན་ཡིན་པས། གོང་དུ་བཤད་པའི་ནང་གི་རླུང་ལྔ་དབུ་མར་ཞུགས་ཏེ་ཕྱི་ནང་གསང་བའི་རླུང་ཐམས་ཅད་དབྱེར་མེད་དུ་གྱུར་ནས། ཤེས་པ་གསལ་དྭངས་ཕྱེད། ངོ་བོ་སྤྲོས་པ་དང་བྲལ། འགྱུ་དྲན་ཡེ་ཤེས་སུ་དེངས་པའི་ཚེ་ལྷག་མཐོང་རྣམ་པར་མི་རྟོག་པའི་རང་བཞིན་ཆོས་ཉིད་འོད་གསལ་བའི་དགོངས་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པ་ནི། དེ་ལ་གསུམ་པ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཁམས་དྭངས་མ་ཆེན་པོ་ཁུ་རྡུལ་གཉིས་ཀྱི་རྣམ་པར་ཡོད་དེ། དེ་ཡང་རླུང་གིས་རྩ་གནས་རྣམས་སུ་བཀོད་པའི་བྱང་ཆུབ་སེམས་ཀྱི་ཁམས་ཇི་ལྟར་འབབས་པའི་ཚུལ་ནི་རོ་མའི་ཡར་སྣ་ལས་ནི་སྤྱི་བོའི་ཧྃ་ཡིག་གི་རྒྱུན་ཟླ་བའི་བདུད་རྩི་སྟེ་ཁམས་དཀར་ཆ་འབབ་ཅིང་དེ་ལས་ལུས་ཀྱི་ཆ་ཐམས་ཅད་ལ་ཁྱབ་པ་དང་། རྐྱང་མའི་མར་སྣ་ལས་ནི་གསང་གནས་ཀྱི་ཨ་ཤད་ལས་ཉི་མའི་རྡུལ་ཏེ་ཁམས་དམར་ཆ་མཆེད་དེ་རྩ་གནས་ཐམས་ཅད་དུ་འབབ་ཅིང་ཁྱབ་པར་འགྱུར་ལ། ཐབས་ཤེས་ཀྱི་རྟེན་འབྲེལ་གྱིས་ཕོ་ཡི་ཤེས་རབ་ཀྱི་རྩ་རྐྱང་མ་དང་། མོ་ཡི་ཐབས་ཀྱི་རྩ་རོ་མའི་སྣ་གཉིས་པོ་མདུད་པར་གྱུར་པས་ཕོ་རྣམས་ལ་ཁམས་དམར་པོ་དང་། མོ་རྣམས་ལ་དཀར་པོ་གཉིས་པོ་ཕྱིར་འཛག་པ་བསྲུང་སྟེ་མི་འཕོའོ། །རོ་རྐྱང་དུ་རྒྱུ་བ་དེ་ལས་གཞན་དུ་དེ་གཉིས་པོ་ལས་མཆེད་པར་གྱུར་བའི་འཁོར་ལོ་སོ་སོའི་རྩ་འདབ་སོགས་རྩ་མདུད་ཡི་གེའི་རྣམ་པར་ཡོད་པའི་ཡུལ་ཉེར་བཞིའི་རང་བཞིན་དུ་བརྗོད་པ་ལ་སོགས་པ་ཀུན་ན་ཁམས་ཀྱི་དྭངས་མ་དཀར་ཆ་ཐབས་དང་དམར་ཆ་ཤེས་རབ་ཀྱི་ངོ་བོར་གནས་པ་གཉིས་དཔའ་བོ་ཡབ་དང་ནི་རྣལ་འབྱོར་མ་དེའི་ཡུམ་གྱི་ཚུལ་དུ་ཞེས་སྣང་སྟོང་གཉིས་སུ་མེད་པའི་སེམས་ཀྱི་རྩལ་མདངས་ཐབས་ཤེས་དབྱེར་མེད་ཀྱི་ངོ་བོར་བཞུགས་ནས་འཁྲིལ་ཞིང་སྦྱོར་བས་ཞུ་བདེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་རྣམས་ལས་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་ལེན་པས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་ཏེ། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་དང་། ངེས་བརྗོད་བླ་མ་ལས། དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། ཁ་སྦྱོར་གཉིས་སུ་མེད་པ་ཉིད། །ཅེས་སོ། །དེ་ཡང་འཁོར་བའི་རྩ་བ་འཛག་བདེ་ཡིན་པས་དེའི་རང་བཞིན་འཕོ་མེད་དུ་འཆིང་བའི་བསམ་པས་ཡིད་ནང་དུ་ཆུད་པ་ལས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཞུ་བདེའི་མཚན་ཉིད་ལ་རྒྱས་ཐེབས་ནས་འཁོར་གསུམ་ཡོངས་དག་གི་ཚོགས་སུ་སྦྱོར་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་བྱེད་པ་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཇི་བཞིན་ཤེས་རབ་སྙོམས་ཞུགས་པའི། །ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡི། །གནས་སྐབས་སུ་ནི་མཉེས་པར་བྱ། །ཞེས་སོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། དེ་དག་གི་གནས་ཚུལ་དང་དེ་ལ་གནད་དུ་བསྣུན་པའི་ཚུལ་མདོར་བསྡུས་ཏེ་བརྗོད་ན། རྩ་གནད་དུ་འགྲོ་བ་ལ་ལུས་གནད། རླུང་གནད་དུ་འགྲོ་བ་ལ་འཁྲུལ་འཁོར། ཐིག་ལེ་གནད་དུ་འགྲོ་བ་ལ་རྩོལ་བ་གལ་ཆེ་བ་ནི་སྤྱིར་གཅེས་ལ། བྱེ་བྲག་ཏུ་ལུས་ཀྱི་རྟེན་གནས་པ་རྩ་ནི་ཞིང་སར་ཆུ་འཁྲིད་པའི་ལམ་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་ལ་བརྟེན་ནས་རྩ་ལམ་སྦྱང་བར་བྱའོ། །ངག་གི་རྟེན་གཡོ་བ་རླུང་ནི་འཁོར་འདས་གཉིས་ཀར་འགྲོ་བ་དང་འོང་བའི་ཁ་ལོ་བ་ལྟ་བུ་ཡིན་པས་འཁོར་བའི་བྱེད་པ་བཅིང་བའི་ཐབས་ལ་མཁས་པར་བྱའོ། །ཡིད་ཀྱི་རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་རླུང་གི་གནད་ལ་བརྟེན་ན་ཆུ་དང་འདྲ་བར་ཁྲིད་སར་འདུ་ཞིང་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཡང་ཡིན་པས་རྣམ་པས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་གཙུག་ཏོར་གྱི་རྩེ་མོར་བཅིང་བར་བྱའོ། །ཇི་ལྟར་ན་ལུས་བསྲངས་པས་རྩ་དྲང་། །དེ་ལས་རླུང་དྲང་། དེ་ལས་ཆོས་ཉིད་མཐོང་བར་འགྱུར་བས། ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་ནམ། རྩ་རླུང་བསྒོམ་པའི་མན་ངག་རྣམས་ནས་གསུངས་པ་བཞིན་ལུས་ཀྱི་གནད་ལེགས་པར་བཅོས་ཏེ་མ་འཕྱུག་ན་རླུང་དང་རྣམ་རྟོག་གཡོ་མེད་དུ་གྱུར་ནས་ཡེ་ཤེས་སྐྱེ་སླའོ། །དེ་ནས་རྩ་གསུམ་འཁོར་ལོ་དང་བཅས་པ་གསལ་གདབ་པར་བྱ་སྟེ། དེ་ཡང་འཁོར་ལོ་དྲུག་པོ་སྟེང་འོག་ཏུ་བརྩེགས་པའི་སྲོག་ཤིང་ལྟ་བུ་དབུ་མ་སྟེ། དེ་ལ་ཆོས་ཉིད་ཀྱི་དབུ་མ་ནི་ཡོད་ལ་རྫས་སུ་མ་གྲུབ་པས་སྒྲ་གཅན་ཏེ། ཕྱི་སྣང་བའི་སྒྲ་གཅན་གྱི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་ཟ་བ་ལྟར། ནང་དུ་དཀར་དམར་གྱི་རང་བཞིན་ཨ་ཧྃ་གཉིས་དབུ་མའི་ཡས་མར་གྱི་སྣ་རྩེར་གནས་པའི་འབར་འཛག་གི་ཏིང་འཛིན་གོམས་པ་ལས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང་། ཉི་མ་དང་ཟླ་བའི་རང་བཞིན་ཁམས་དཀར་དམར་གཉིས་རྒྱུན་མི་འཆད་དུ་དབུ་མའི་དབྱིངས་སུ་འབབ་པར་བསྒོམ་པའི་བྱེད་བཅིང་ལ་ནུས་པ་ཐོབ་ན་ཕྱི་རོལ་ཏུ་ཉི་ཟླ་གཟས་འཛིན་པར་མི་ནུས་ཤིང་། གཏོད་ལ་གནོན་པ་སོགས་ནུས་པའོ། །དེ་ཇི་ལྟར་བསྒོམ་པའི་མན་ངག་ལ་མང་ཡང་འདིར་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོ་དང་། བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོ་དང་། རྩ་སྦྱོང་བོགས་འབྱིན་འཁོར་ལོ་གསུམ་དུ་དབྱེ་བ་ལྟར་ན། དང་པོ་ནི། རྟ་གདོང་གི་མེས་རྒྱ་མཚོ་ཟ་བ་ལྟར། ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་ཟ་བར་བྱེད་པས་ན་གཏུམ་མོ་ཞེས་བྱ་སྟེ། དེའི་མན་ངག་གི་དབུ་མ་སྒྲ་གཅན་གྱི་དབྱིངས་སུ་སྲོག་ཅེས་པ་རླུང་དང་རྩོལ་བ་ནི་སེམས་ཏེ། དེ་གཉིས་དབྱེར་མེད་དུ་བཅིང་བའི་ཤིང་རྟསའཁོར་ལོ་སོ་སོའི་གནས་ན་རྒྱུ་བའི་རླུང་རིམ་གྱིས་དྲངས་པ་ལས་ཨ་ཤད་ལས་མེ་འབར་ཏེ་སྤྱི་བོའི་ཧྃ་ཡིག་ཐུར་བསྟན་ལ་རེག་པས་བདུད་རྩི་བབས་ཏེ་དབུ་མའི་ནང་ཐམས་ཅད་གང་ནས་བདེ་བ་སྐྱེས་པའི་ངང་ལ་དར་ཅིག་གློད། དེ་ནས་དབུ་མའི་ཡས་མར་གྱི་སྣ་གཉིས་ནས་དཀར་དམར་གཉིས་ཞུགས་པ་སྙིང་གར་འདྲེས་པའི་ཨེ་ཝྃ་ཟུང་འཇུག་བདེ་གསལ་གཉིས་སུ་མེད་པའི་ངང་བསྐྱང་། དེ་ནས་འོད་ལྔའི་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་སེམས་གཏད་ནས་མཐར་མི་རྟོག་པའི་ངང་ལ་འཇོག་པར་བྱ་སྟེ། རྒྱུད་ལས། རྟག་ཏུ་སྙིང་ལ་གང་གནས་པའི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་བསྒོམ་བྱེད་པའི་སྐྱེས་བུ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །གཉིས་པ་ནི་གཏུམ་མོ་འབར་ཚུལ་འདྲ་བ་ལས། སྙིང་གར་ཨེ་དང་། སྤྱི་བོའི་བྃ་ཡིག་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་ནས་མཐར་མི་དམིགས་པར་བསྒོམ་མོ། །གསུམ་པ་ནི་ཆགས་བྲལ་རྣམས་རླུང་ཁམས་གཉིས་དུས་མཉམ་པར་ཟུང་དུ་འཇུག་པས་ལྟེ་བར་མེ་རླུང་ཨེའི་རྣམ་པས་ཧྃ་ཡིག་ཞུ་ནས་དབུ་མ་དང་འཁོར་ལོ་ཐམས་ཅད་ཁྱབ་པའི་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་དུ་བབས་པ་དང་དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པའི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་དུ་འཆར་བའི་ངང་ལ་གློད་པ་ཡིན་ནོ། །ཆགས་ལྡན་རྣམས་ཡབ་ཡུམ་སྦྱོར་བའི་དགའ་བཞིའི་མཐར་སྤྲོས་བྲལ་དུ་འཇོག་པའོ། །ཐབས་དེར་གྲུབ་པའི་འབྲས་བུ་ནི་བདེ་གསལ་མི་རྟོག་པའི་ཉམས་ལས་འདས་པའི་རང་བཞིན་སྤྲོས་པ་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་ཏེ། གསང་འདུས་ལས། བསྒོམ་པ་མེད་པ་སྒོམ་པའི་དངོས། །བསྒོམ་པ་ཉིད་ནི་སྒོམ་པ་མིན། །དེ་ལྟར་དངོས་དང་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་སོ། །དེ་ཡང་སྤྱིར་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་གོམས་པའི་སྟོབས་དང་། ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་མཐུ་དང་། འཆི་བའི་དུས་གསུམ་པོར་དབུ་མར་རླུང་ཞུགས་ཏེ་སྣང་མཆེད་ཐོབ་གསུམ་གྱི་མཐར་འོད་གསལ་འཆར་བར་འགྱུར་བ་ལས། དེ་ལྟ་བུའི་མན་ངག་བསྒོམས་པའི་སྟོབས་ཀྱིས་འཁོར་ལོ་སོ་སོའི་རླུང་སེམས་ལས་སུ་རུང་བས་ཚོགས་སྦྱོར་གྱི་ལམ་མཐར་ཕྱིན་ཏེ་རིམ་གྱིས་འཕགས་པའི་ས་ལ་སྦྱོར་པར་འགྱུར་ཏེ་སྤྲུལ་པའི་འཁོར་ལོར་རླུང་སེམས་ལས་སུ་རུང་བས་སྤྲུལ་པའི་སྐུའི་ཞལ་མཐོང་། ཏིང་ངེ་འཛིན་དང་རྫུ་འཕྲུལ་ཐོབ་པ་ལ་སོགས་པའི་ཚོགས་ལམ་གྱི་ཡོན་ཏན་མངོན་དུ་འགྱུར་ཞིང་། སྣང་བ་ལྷར་འཆར་བས་ལུས་དྲན་པ་ཉེར་བཞག་དང་། ཚོར་བ་བདེ་ཆེན་དུ་གྲོལ་བས་ཚོར་བ་དྲན་ཉེ་དང་། སེམས་དང་སེམས་བྱུང་རགས་པ་ཞི་བས་སེམས་དྲན་ཉེ་དང་། སྣང་བཏགས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་ཆོས་དྲན་པ་ཉེ་བར་བཞག་པ་སྟེ་ཚོགས་ལམ་ཆུང་ངུའི་རྟོགས་པའི་ཡོན་ཏན་འབྱུང་བས་མཚོན་བྱང་ཆོས་སོ་བདུན་གྱི་ཡོན་ཏན་ཐམས་ཅད་ལམ་རང་རང་གི་སྐབས་སུ་སྐྱེ་བའི་ཚུལ་ཤེས་པར་བྱ་ལ། རླུང་སེམས་འབྱོངས་ནས་རིམ་གྱིས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང་། རླུང་དང་ཁམས་ཀྱི་དྭངས་མ་རྣམ་པ་གཉིས་རེ་སྒྲ་གཅན་གྱི་ལྟོར་ཞུགས་པ་དང་མཉམ་དུ་དང་པོའི་ས་ཡི་རྟོགས་པ་དང་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་པ་ནས་བཟུང་ས་བཅུའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་ཐམས་ཅད་ཀྱི་ཐ་མ་རྩ་མདུད་ཉེར་གཅིག་པ་གྲོལ་བའི་ཚེ་རླུང་སེམས་ཀྱི་དྭངས་མ་ཐིག་ལེ་དང་བཅས་པ་གཙུག་ཏོར་དུ་འགྲོ་ཞིང་རྡོ་རྗེ་འཆང་འགྲུབ་པའི་ཚུལ། ངེས་བརྗོད་རྩེ་མོ་ལས། རོ་མ་རྐྱང་མ་ཀུན་འདར་མ། །མདུད་པ་གྲོལ་བའི་འཁྲུལ་སྣང་སྟེ། །གྲོལ་བས་ཡེ་ཤེས་མྱ་ངན་འདས། །ཞེས་སོ། །གཉིས་པ་སྒྱུ་འཕྲུལ་གསང་ཐིག་གི་ལུགས་བཤད་པ་ནི། དེ་ལྟར་སྔགས་རྒྱུད་འགྱུར་སྔ་ཕྱིའི་རྫོགས་རིམ་རྣམས་སྤྱིར་བཤད་ནས། ཁྱད་པར་དུ་སྔ་འགྱུར་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་དོན་སློབ་དཔོན་ཆེན་པོ་བི་མ་ལའི་གསང་ཐིག་གིས་བཀྲལ་བའི་ལུགས་མདོ་ཙམ་བསྟན་པའི་དོན་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་པོ་རླུང་ལ་བརྟེན་ནས་ཆུ་ཆགས། ཆུས་ས་བརྟེན། ས་ལས་དྲོད་འབྱུང་ཞིང་ཤིང་དང་ལྕགས་ལ་སོགས་པ་མེའི་རྒྱུར་སོང་བ་ལས་འབྱུང་བཞིའི་རང་བཞིན་དུ་གྲུབ་པ་ལྟར། རླུང་སེམས་དྭངས་མར་འདུས་པ་ཁྲག་གི་རང་བཞིན་ཆུས་གཅིག་ཏུ་བསྡུས་པ་ལས་སེམས་ཅན་གྱི་ལུས་སུ་ཆགས་ཏེ་དེ་ཡང་སའི་རང་བཞིན་ཤ །དེ་ལས་མེའི་རང་བཞིན་ལུས་ཀྱི་དྲོད་སྐྱེས་ནས་དབང་པོ་དང་། ཁ་དོག་བསྐྱེད། མེས་རླུང་བསྐྱེད་པས་དབུགས་དང་བཀྲག་མདངས་རྒྱས་པར་བྱེད་ཅིང་། ཕྱི་ནང་གི་འབྱུང་བ་དེ་དག་བག་ལ་ཉལ་དང་ཀུན་ནས་ལྡང་བའི་ལས་ཀྱིས་བརྟན་གཡོ་ཆགས་གནས་འཇིག་སྟོངས་བྱེད་པ་དང་མཐུན་པར་ནང་ལུས་སེམས་ཀྱི་ཚོགས་པའང་འབྱུང་བ་སོ་སོའི་བྱེད་ལས་ཀྱིས་སྐྱེ་རྒ་ན་འཆི་བྱེད་པས་སྣོད་བཅུད་ཀྱི་རང་བཞིན་ནི་རང་གི་ལུས་སེམས་ལ་རྫོགས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལས་ཀྱང་། ཕྱི་འཇིག་རྟེན་གྱི་ཁམས། ནང་སེམས་ཅན་གྱི་ལུས། གཞན་ཆོས་ཉིད་ཀྱི་དབྱིངས་ཞེས་རྟེན་འགྲེལ་གནད་མཚུངས་པར་སྦྱོར་བས་ན། ལུས་ལ་བརྟེན་ནས་འབྱུང་བ་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་གྱིས་སེམས་ཆོས་སྐུར་གྲོལ་བར་བྱེད་པ་ནི་རྫོགས་རིམ་གྱི་ཐབས་མཁས་ཡིན་པས། རྒྱུད་སྡེ་འདིའི་མན་ངག་ནི་འདི་ལྟར་ཕྱི་རོལ་དུ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་འཛམ་བུའི་གླིང་གི་ཡུལ་དབུས་མ་ག་དྷའམ་རྡོ་རྗེའི་གདན་དུ་མངོན་པར་སངས་རྒྱས་ཤིང་རྒྱ་བར་འགྱུར་བ་བཞིན། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་དབུས་ནི་རང་བཞིན་རྣམ་པར་དག་པ་ཆོས་སྐུའི་བཞུགས་གནས་ཏེ། དེ་ཇི་ལྟར་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟ་བའི་དུས་གསུམ་ཅར་དུ་ལུང་དུ་མ་བསྟན་པའི་སེམས་ཀྱི་ཆོས་ཉིད་ནི་བདེ་གཤེགས་སྙིང་པོ་སྟེ། རྣམ་སྣང་མངོན་བྱང་ནས། སེམས་ལ་ནི་དུས་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི་མཚན་མ་དང་བྲལ་བའོ། །ཞེས་དང་། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་གསལ་བས་མི་གཡོ་བའི་དུས་ཏེ་ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་མ་འོང་གང་དུ་ཡང་མ་སོང་། གར་ཡང་མི་གནས་པས་ན་མ་ངེས་པ་སྟེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །ཞེས་དང་། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་སོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོའི་གནས་ལུགས་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ཁོ་ནས་དུས་གསུམ་གྱི་སངས་རྒྱས་མཐའ་དག་མངོན་པར་རྫོགས་པར་སངས་རྒྱས་ཤིང་། འཚང་རྒྱ་བར་འགྱུར་བ་ཡིན་ལ། དེ་ཉིད་མངོན་དུ་བྱེད་པའི་ཐབས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལུགས་འདིར་འཁོར་འདས་སྐྱེད་སྡུད་ཀྱི་ས་བོན་སྙིང་ག་ན་གནས་པ་ལ་གནད་དུ་བསྣུན་པའི་རྫོགས་རིམ་འཆད་དོ། །དེ་ཡང་མི་ཕྱེད་པའམ་མི་འགྱུར་བའི་དོན་གྱིས་རྡོ་རྗེའི་གདན་དང་། དབྱིངས་ཟབ་པས་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་དཔལ་གྱི་བེའུ་ཞེས་སྨོས་ནས། དེའི་ཁོངས་སེང་ན་འཁྲུལ་སྣང་དང་། ཡེ་ཤེས་སྐྱེད་བྱེད་རྩ་ཡི་དྭངས་མ་བརྒྱད་དུ་གནས་པའི་དབུས་ན་སྦྱང་གཞི་སྦྱོང་བྱེད་ལྟར་གནས་པའི་ས་བོན་ལ་གནད་དུ་བསྣུན་པའི་ཚུལ། སློབ་དཔོན་བི་མ་ལའི་གསང་ཐིག་ལས། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་དང་། འགྲེལ་པར། གང་ལ་ཡོད་ན་སྙིང་ཁོང་སྟོང་གི་དཀྱིལ་ན་རྩའི་དྭངས་མ་རྩ་ཕྲན་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ་སྟེ་དེ་ལྟར་བརྒྱད་དུ་ཤེས་པར་བྱའོ་ཞེས་སོ། །དེ་དག་ལས་དབུས་མ་གསུམ་ནི་སྐུ་གསུམ་དང་ཆོས་ཉིད་མི་འགྱུར་བའི་རྟེན་ཡིན་ལ། དེའི་མདུན་མ་ན་ཡོད་པའི་རྩ་གཅིག་ནི་ཡེ་ཤེས་གཞི་འཆར་བར་འགྱུར་བའི་རྟེན་གྱི་རྩ་ཡིན་ཞིང་། རྒྱབ་ན་ནི་ཡོན་ཏན་གྱི་རྩ་གནས་པ་ལས་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དག་པའི་སྣང་བ་མུ་མེད་པར་འཆར་རོ། །གཡོན་ན་རང་རྒྱུད་པའི་རྩ་གསུམ་དུག་གསུམ་དང་ཁམས་གསུམ་རང་མཚན་པའི་འཁྲུལ་སྣང་མཐའ་དག་འཆར་བའི་རྟེན་ཏེ་དེ་ལྟར་གནས་ཚུལ་ལ་བརྒྱད་ཡོད་ཀྱང་བྱེད་ལས་ནི་བཞི་པོ་ཉིད་དེ། སྔ་མ་ལས་ཀྱང་། རྣམ་བཞི་བྱེ་བྲག་དྲུག་དང་བརྒྱད་དཀྱིལ་ན། །ཞེས་སོ། །རྩ་བཞི་པོ་སོ་སོའི་དབུས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཡིག་འབྲུ་དང་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ནི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་དུ་གནས་པ་ཡིན་ཏེ་འདི་ལྟར་ཆོས་ཉིད་ཀྱི་རྩ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཅན་གྱི་དཀྱིལ་ན་ལྷ་མིན་དང་བྱོལ་སོང་གི་ས་བོན་སུ་དང་ཏྲིའི་སྟེང་དུ་སྐུ་རྡོ་རྗེའི་སྙིང་པོ་ༀ་རང་འོད་ཟ་འོག་གི་གུར་ཁང་ལྟ་བུར་གསལ་བ་དང་། ཀུན་གཞིའི་རྣམ་པར་ཤེས་པ་གནས་སོ། །ཡེ་ཤེས་ཀྱི་རྩ་མཐིང་ག་གྲུ་བཞི་པའི་སྦུབས་ན་ལྷ་དང་མིའི་ས་བོན་ཨ་དང་ནྲྀ་དཀར་དམར་གྱི་སྟེང་ན་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་ག་དང་། ཡིད་ཀྱི་ཤེས་པ་གནས་སོ། །རང་རྒྱུད་པའི་རྩ་དམར་པོ་ཟླ་གམ་གྱི་དཀྱིལ་ན་དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་པྲེ་དང་དུའི་སྟེང་ན་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་པདྨ་རཱ་ག་ལྟར་འཚེར་བ་དང་། ཉོན་མོངས་པ་ཅན་གྱི་ཡིད་གནས་སོ། །ཡོན་ཏན་གྱི་རྩ་དམར་ནག་གྲུ་གསུམ་གྱི་དབུས་ན་སྒོ་ལྔའི་ཤེས་པ་གནས་སོ། །དེ་ལྟར་གནས་པའི་དྭངས་མ་རྒྱུ་ཚུལ་ནི་འོད་སེར་པོ་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ལ་རྒྱུའོ། །མཐིང་ག་དབུགས་ཀྱི་དྭངས་མ་ལའོ། །དམར་པོ་ཁྲག་གི་དྭངས་མ་ལའོ། །དམར་ནག་སྒོ་ལྔའི་རྩའི་དྭངས་མ་ལ་རྒྱུ་བ་ཡིན་ནོ། །རིགས་དྲུག་གི་ས་བོན་རྣམས་ཀྱང་རང་རང་གནས་པའི་འོད་གང་ལ་རྒྱུ་བ་དེའི་སྙིགས་མ་ལ་རྒྱུའོ། །དེས་ན་འཁོར་བའི་གནས་རིས་དྲུག་པོར་འཕེན་པའི་ལས་ཀྱི་བག་ཆགས་ནི་སྦྱང་བྱའི་ཡིག་འབྲུ་དྲུག་པོ་རང་རང་གི་སྟེང་དུ་བསོགས་ནས་དེ་དང་དེའི་འཁྲུལ་པའི་སྣང་བ་བསྐྱེད་ལ། ཐར་པའི་འབྲས་བུ་ཐོབ་བྱེད་སྒོ་གསུམ་གྱི་དགེ་བ་སྤྱི་དང་། བྱེ་བྲག་རྡོ་རྗེ་གསུམ་གྱི་ལམ་བྱེད་རྣམས་ནི་སྐུ་གསུང་ཐུགས་ཀྱི་ཡི་གེའི་སྟེང་དུ་བཞག་ནས་ལམ་དང་འབྲས་བུའི་ཡོན་ཏན་སྣང་བར་འགྱུར་ཞིང་། ཁྱད་པར་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་རྣམས་དངོས་སུ་གསལ་བཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང་འབྲུ་གསུམ་གྱི་བཟླས་པ་སོགས་བྱས་པས་སྐུ་གསུང་ཐུགས་ཀྱི་ཡི་གེ་རྣམས་སྟོབས་འཕེལ་བས་འཁོར་བའི་ས་བོན་གྱི་ཡི་གེ་དང་། དེས་བཟུང་བའི་བག་ཆགས་ཐམས་ཅད་དག་སྟེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་བྱེད་དོ། །སྙིང་གའི་རྩ་འདབ་ཀུན་གྱི་དབུས་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ཡོད་དེ། རྩ་བརྒྱད་པོའི་དབུས་མ་ནི་རྒྱུད་སྡེ་གཞན་ལྟར་ན་ཡང་དག་པའི་དབུ་མ་ཡིན་ལ། དབུ་མའི་རླུང་གི་དྭངས་མ་ཡང་ཡེ་ཤེས་ཀྱི་རྩ་ལ་འཇུག་དགོས་པས་དྭངས་མའི་འོད་རྩ་དཀར་པོ་ཤེལ་དཀར་གྱི་སྐུད་པ་ལྟ་བུ་ཕྲ་བའི་ཆ་ནས་རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་ན་རྡུལ་ཏེ་ཁྲག་དང་དབུགས་ཀྱི་དྭངས་མ་འདྲེས་པ་ལ་བརྟེན་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་སྣང་ཆ་མ་འགགས་པའི་གདངས་འོད་ཀྱི་ཐིག་ལེ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་ལྡན་ཤིན་ཏུ་ཕྲ་བ་ཉིད་ཡོད་ལ། དེ་ཡང་འབྱུང་བ་ལྔ་ཀའི་དྭངས་མ་ཡིན་ཏེ་སའི་དྭངས་མ་ནི་དར་དཀར་གྱི་སྐུད་པ་ལྟ་བུའོ། །ཆུའི་དྭངས་མ་ནི་ཁྲག་གི་རང་བཞིན་རྒྱ་མཚལ་གྱི་ཁུ་བ་ལྟ་བུའོ། །མེའི་དྭངས་མ་ནི་མེ་ལོང་ཉི་མ་ལ་བཞག་པའི་ངད་ལྟ་བུའི་དྲོད་དོ། །རླུང་གི་དྭངས་མ་ནི་གསེར་ས་འོག་ན་ཡོད་པའི་རླངས་ལྟ་བུའོ། །ནམ་མཁའི་དྭངས་མ་ནི་གོ་འབྱེད་པའི་ཆ་ཙམ་མོ། །དེ་རྣམས་ནི་རྣམ་པར་ཤེས་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་ཞིང་འདུས་མ་བྱས་པའི་བྱང་ཆུབ་སེམས་ཀྱི་རྟེན་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། སྙིང་གའི་པདྨོའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །ཞེས་སོ། །རྒྱུ་མཚན་དེ་བས་ན་སྙིང་ག་ཆོས་ཀྱི་འཁོར་ལོ་ནི། རིག་པའི་ཡེ་ཤེས་སྣང་སྟོང་གཉིས་སུ་མེད་པ་ཀུན་བཟང་ཡབ་ཡུམ་དང་། དེའི་གདངས་ཡེ་ཤེས་ལྔའི་ངོ་བོར་མ་འགགས་པ་ནི་རིགས་ལྔ་སྟེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དེ་ལ་རང་གི་ངོ་བོའི་རྟེན་དང་བརྟེན་པ་མེད་ནའང་ཐ་སྙད་དུ་དེ་ལ་བརྟེན་པ་ལྟར་ཡོད་པས་བཞུགས་པའི་གཞལ་མེད་ཁང་ཞེས་བྱ་ལ། སྙིང་གའི་འཁོར་ལོའི་དབུས་གང་དུ་རྫོགས་རིམ་གྱི་ཐབས་ཟབ་མོ་ལ་བརྟེན་ནས་རླུང་སེམས་ཀྱི་དྭངས་མ་རྣམས་འདུས་པའི་ཚེ་ན་མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་རང་གདངས་ཞིང་དང་གཞལ་ཡས་ཁང་དང་སྐུ་དང་འོད་ཟེར་དང་། ཡེ་ཤེས་དང་ཡོན་ཏན་གྱི་སྣང་བ་མཐའ་དག་ལམ་དུས་སུའང་འཆར་ལ། མཐར་ཐུག་སྣང་ཆའི་འོད་ལྔ་པོའི་རྩལ་ལས་རླུང་གིས་བསླད་དེ་ཕུང་ཁམས་སྐྱེ་མཆེད་མ་དག་པའི་ཆོས་སུ་སྣང་པའི་ཆ་ཐམས་ཅད་དང་བྲལ་བ་ན་རང་བཞིན་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཆའི་ཆོས་ཀྱི་སྐུ་མངོན་དུ་གྱུར་ཏེ། དེ་གཉིས་དོན་ལ་དབྱེར་མེད་པས་གཅིག་ཏུ་འདྲེ་བ་མེད་ཀྱང་འཁྲུལ་བའི་སྣང་བ་བག་ཆགས་དང་བཅས་པ་ཐམས་ཅད་དབྱིངས་སུ་ལྡོག་ནས་སྣང་སྟོང་རོ་གཅིག་ཏུ་འདྲེས་པས་ལམ་གྱི་ཚོགས་གཉིས་འབད་མེད་དུ་རྫོགས་ཏེ། ཆོས་སྐུ་སྐྱེ་མེད་ཀྱི་དབྱིངས་སུ་མངོན་པར་སངས་རྒྱས་ནས་ཆོས་ཀྱི་དབྱིངས་དང་མཉམ་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱམས་ཀླས་པར་སྣང་བ་ཡིན་པས་ན། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། ། ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་པ་ལྟར། སངས་རྒྱས་རྣམས་མངོན་པར་འཚང་རྒྱ་བའི་གནས་འོག་མིན་རྣམ་པར་དག་པ་ཚད་དང་བཀོད་པ་མཐའ་ཡས་པས་བརྒྱན་པའི་ཞིང་ཁམས་སྟུག་པོ་བཀོད་པ་ཞེས་བྱ་བ་དེ་ཁམས་གསུམ་གྱི་གནས་འདི་ལས་སམ་རང་གི་སེམས་ཉིད་ལས་གཞན་དུ་གནས་རང་མཚན་པ་ཞིག་མི་གནས་ཏེ། དབྱིངས་ལ་སྒྲིབ་པར་བྱེད་པ་ནི་དྲི་མ་རླུང་སེམས་མ་དག་པའི་ཆ་མཐའ་དག་བ་ནམ་ཞིག་སྤངས་པར་གྱུར་པའི་དུས་དེར་ཡེ་ཤེས་ཀྱི་རང་སྣང་དུ་ལྷུན་གྱིས་གྲུབ་པར་འགྱུར་བ་ཡིན་ནོ། །དེ་ཡི་ཕྱིར་ན་ལུས་འདི་ནི་རིག་པའི་ཡེ་ཤེས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཁྱབ་གདལ་ཆེན་པོའི་རྟེན་ཡིན་པས་འདི་ལ་གནད་དུ་བསྣུན་ན་མྱ་ངན་ལས་འདས་པ་འབྲས་བུའི་ཆོས་ཐམས་ཅད་རང་གི་གམ་ན་འདུག་ལ། མ་རྟོགས་པའི་སེམས་ཅན་རྣམས་ནི་དེའི་ངང་དུ་འཁོར་བར་འགྱུར་ཏེ། དཀོན་མཆོག་སྤྲིན་ལས། འདི་དག་ནི་བདག་མེད་པ་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་བདག་ཏུ་འཛིན་པ་ལ་ཞེན་པ་དག་ནི། བདག་གི་ཕུང་པོ་རྣམས་ལ་བདག་ཡོད་དོ་ཞེས་མངོན་པར་ཞེན་པས་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །ཁོང་དུ་མ་ཆུད་པས་མགལ་མེའི་འཁོར་ལོ་ལྟར་འཁོར་བའི་འཁོར་ལོར་འཁྱམ་མོ་ཞེས་སོ། །དེ་ལྟར་འཁོར་ཞིང་འཁྲུལ་བའི་དུས་ཉིད་ནའང་སེམས་ཉིད་རང་གི་ངོ་བོའི་བཞུགས་ཚུལ་རང་བཞིན་གྱིས་རྣམ་པར་དག་ཅིང་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མ་ཚང་བ་མེད་པར་ལྷུན་གྱིས་གྲུབ་པ་ལ་ཉམས་ཏེ་གྲངས་ཉུང་བར་གྱུར་ནས་འབྲས་བུའི་ཆོས་མ་ཚང་བ་དང་། དམན་དེ་རང་བཞིན་ཞན་པར་གྱུར་པ་གཉིས་ཀ་མེད་དེ་དཔེར་ན་དངུལ་ཆུ་ཐལ་བའི་གསེབ་ཏུ་ལྷུང་ཡང་དེ་དང་མི་འདྲེ་བ་བཞིན་ནོ། །དེ་སྐད་དུའང་གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ཡེ་ཤེས་གྲུབ་པ་ལས། སེམས་ཀྱི་དམ་པ་འོད་གསལ་བ། །ཀུན་ཏུ་དང་པོའི་སངས་རྒྱས་ཏེ། །སུས་ཀྱང་མ་བྱས་རང་བྱུང་བ། །ཡེ་ནས་ཉིད་ནི་གནས་པའོ། །ཞེས་སོ། །དེའི་རང་བཞིན་ཏིང་ངེ་འཛིན་ལ་བརྟེན་ནས་མངོན་དུ་འགྱུར་བའི་ཚུལ་ཡང་། སྟུག་པོ་བཀོད་པའི་མདོ་ལས། ཇི་ལྟར་ཤིན་ཏུ་བཟང་པོའི་གསེར། །གསེར་གྱི་དབྱིབས་ལ་མི་སྣང་སྟེ། །བཙལ་ནས་ཤིན་ཏུ་ཞིབ་བཏགས་ནས། །ཡོངས་སུ་སྦྱངས་ན་སྣང་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །རྣམ་ཤེས་བདུན་དང་བཅས་པ་ཡང་། །ཏིང་ངེ་འཛིན་གྱིས་ཡོངས་སྦྱངས་པའི། །རྣལ་འབྱོར་ཅན་གྱིས་རྟག་ཏུ་མཐོང་། །ཞེས་སོ། །དེའི་རང་བཞིན་ཐོས་བསམ་གྱིས་རྗེས་སུ་དཔག་སྟེ་ཡིད་ཆེས་པ་ཙམ་ལས། ཇི་བཞིན་པར་ཤེས་པ་ནི། དད་པ་དང་བསྒོམ་པའི་རྐྱེན་ལ་རག་ལས་ཏེ། མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པ་ཁོ་ན་ཡིན་ནོ། །ཞེས་པ་ལ་སོག་པ་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་འགྱུར་བ་མེད་པའི་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་འཇག་མའི་སྲིན་བུ་ཡན་ཆད་སེམས་རྒྱུད་ཀྱིས་བསྡུས་སོ་ཅོག་ཐམས་ཅད་ལ་མ་ཁྱབ་པ་མེད་དེ། དཔེར་ན་ཏིལ་ཡིན་ནོ་ཅོག་ཐམས་ཅད་ལ་མར་གྱིས་ཁྱབ་པ་ཇི་ལྟ་བ་བཞིན་ནོ། །ཚུལ་དེ་ནི། སྔགས་ཀྱི་རྒྱུད་སྡེ་རྣམས་དང་། ངེས་དོན་གྱི་མདོ་སྡེ་དགོངས་འགྲེལ་དང་བཅས་པ་རྣམས་ལས་གསུངས་ཏེ། རྔམ་གློག་ལས། ཨེ་མ་ཧོཿ །ཡུན་རིང་དུས་ནས་རྨོངས་པའི་འགྲོ་བ་རྣམས། །ཡེ་ནས་དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྨོངས་པའི་དབང་གིས་འཁོར་བའི་འཁོར་ལོར་འཁྱམས། །ལོག་རྟོག་ཉིད་ནས་དངོས་མེད་བྱང་ཆུབ་སེམས། །འཁྲུལ་འཁོར་ཉིད་ཀྱང་མི་ཟད་རྒྱན་དུ་ཆེ། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས་སུ་གསལ། །ཕུང་པོ་ལྔ་ཉིད་མངོན་པར་རྫོགས་པའི་སྐུ། །སྲིད་རྩའི་ཉེས་དམིགས་བྱང་ཆུབ་སྙིང་པོར་གསལ། །ཕྱི་ནང་སྣོད་བཅུད་ཡབ་ཡུམ་ངང་དུ་གསལ། །ཞེས་དང་། སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལ་སོགས་པ་དཔག་ཏུ་མེད་དོ། །དེས་ན་ཟབ་མོའི་དོན་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་ནི་ཚུལ་འདི་ལ་སོམ་ཉི་ཟ་བར་མི་བྱའོ། །གཉིས་པ་རྫོགས་རིམ་དངོས་བཤད་པ་ལ་གཉིས་ཏེ། རང་ལུས་ཐབས་ལྡན་དང་། གཞན་ལུས་ཐབས་ལྡན་ནོ། །དང་པོ་རང་ལུས་ཐབས་ལྡན་ནི། དེ་ལྟར་རྟེན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་སོགས་པའི་གནས་ལུགས་དང་། བརྟེན་པ་སེམས་ཀྱི་རང་བཞིན་གདོད་མ་ནས་གནས་པའི་ཆོས་ཉིད་གཞི་ཡི་བཞུགས་ཚུལ་དག་ཤེས་པར་བྱས་ནས་རྫོགས་རིམ་ཟབ་མོའི་མན་ངག་ལ་བརྟེན་ཏེ། རྟེན་ལ་གནད་དུ་བསྣུན་པས་བརྟེན་པའི་ཡེ་ཤེས་མྱུར་དུ་མངོན་དུ་འགྱུར་པར་འདོད་པས་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཇི་སྙེད་ཅིག་བསྟན་པའི་རྫོགས་རིམ་གྱི་མན་ངག་ཐམས་ཅད་ཆོས་དྲུག་པོ་འདིར་མ་འདུས་པ་མེད་པས་འདི་རྣམས་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱའོ། །ཇི་ལྟར་འདུས་ཞེ་ན། རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་ནི་གཏུམ་མོ་ཡིན་ཏེ། ཐབས་ཀྱི་ཆ་སྣང་བ་ཐམས་ཅད་ཤེས་རབ་སྐྱེ་བ་མེད་པའི་ངང་དུ་དག་དགོས་པ་དང་། དེའི་ཐབས་ཟབ་མོ་ནི་ཐབས་ཤེས་ཀྱི་རང་བཞིན་དཀར་དམར་གྱི་འདུ་འཕྲོད་ལས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་དག་པར་བྱེད་པ་ཡིན་པའི་ཕྱིར་རོ། །ལམ་གྱི་གཞི་མ་ནི་སྒྱུ་ལུས་ཡིན་ཏེ་དག་བདག་གི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མ་གོམས་ན་དངོས་པོ་ཞེན་པ་དང་བཅས་པའི་ལམ་གྱིས་གྲོལ་མི་ནུས་པའི་ཕྱིར་རོ། །ལམ་གྱི་དྲོད་ཚད་ནི་ཉིང་འཁྲུལ་རྨི་ལམ་གྱི་ལམ་ལ་སྦྱང་བ་ཡིན་ཏེ། ཚེ་འདིའམ། འཆི་སྲིད་དམ། བར་དོ་ལ་སོགས་པར་གྲོལ་ནུས་མི་ནུས་ཀྱི་ཚད་ནི་རྨི་ལམ་འོད་གསལ་དུ་བསྡུ་བ་དང་། སྒྱུ་མར་སྦྱོང་བ་ལ་སོགས་པ་ནུས་མི་ནུས་ཀྱིས་ཤེས་པས་དེ་ལ་བསླབ་དགོས་པའི་ཕྱིར་རོ། །ལམ་གྱི་སྙིང་པོ་ནི་འོད་གསལ་ཡིན་ཏེ་བསྒོམ་པར་བྱ་བ་དང་དོན་དུ་གཉེར་བར་བྱ་བའི་དོན་པོ་ཡིན་པའི་ཕྱིར་རོ། །ལམ་གྱི་སུན་མ་ནི་བར་དོ་ཡིན་ཏེ་ལམ་གྱི་ཉམས་ལེན་འབྲས་བུ་ལ་སྦྱོར་བའི་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་ཕྱིར་རོ། །ལམ་གྱི་བློ་ཆོད་ནི་འཕོ་བ་ཡིན་ཏེ་ཚེ་འདིར་ལེ་ལོ་ལ་སོགས་པས་ལམ་མཐར་མ་ཕྱིན་པའམ། གློ་བུར་དུ་འཆི་རྐྱེན་བྱུང་བ་ལ་སོགས་པའི་ཚེ་མན་ངག་གི་ཐབས་ཀྱིས་བཙན་ཐབས་སུ་རྣམ་ཤེས་དག་པའི་ཞིང་ལ་སོགས་པར་འཕོ་བར་བྱས་ནས་ལམ་གྱི་འཕྲོ་མཐུད་དགོས་པའི་ཕྱིར་རོ། །དེས་ན་དེ་དག་ཏུ་འདུས་པ་ཡིན་ནོ། །རྣམ་པ་དྲུག་པོ་དེ་ནི་སྐྱེས་བུ་གང་གིས་ལམ་བསྒོམ་པའི་རྩོལ་བ་དང་བཅས་པས་རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལ་གནད་དུ་བསྣུན་པའི་ཐབས་ཁོ་ནས་འགྲུབ་ཀྱིས་གཞན་ཕྱག་རྒྱའི་ལུས་ཀྱི་རྐྱེན་ལ་རག་མ་ལུས་པའི་ཕྱིར་རང་ལུས་ཐབས་ལྡན་ནམ་སྟེང་སྒོ་རྣམ་པར་གྲོལ་བྱེད་ཀྱི་ལམ་ཞེས་བྱའོ། །དེ་ལ་དང་པོ་ལམ་གྱི་རྩ་བ་གཏུམ་མོ་ལ། ལས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། །མཆོག་གི་གཏུམ་མོའོ། །དང་པོ་ལས་ཀྱི་གཏུམ་མོ་ནི། ལུས་ཀྱི་བྱེད་པ་བཅིངས་ཏེ་ཆོས་བདུན་གཡོ་མེད་དུ་བྱེད་པ། ངག་གི་བྱེད་པ་བཅིངས་ཏེ་རླུང་ཁ་སྦྱོར་དུ་འཆིང་བ་དང་། སེམས་ཀྱི་བྱེད་པ་བཅིངས་ཏེ་གཏུམ་མོ་འབར་འཛག་བསྒོམ་པ་སོགས་སོ། །ཉམས་ཀྱི་གཏུམ་མོ་ནི་དེ་ལྟར་བསྒོམས་པས་རླུང་སེམས་དབུ་མར་འདུས་པའི་རྟགས་སུ་དུ་བ་སྨིག་རྒྱུ་མེ་ཁྱེར་ལ་སོགས་པ་སྣང་ཞིང་སེམས་བདེ་སྟོང་གི་ཉམས་སྐྱེ་བའོ། །མཆོག་གི་གཏུམ་མོ་ནི། རླུང་སེམས་འདུ་ཚུལ་ལས་སྣང་བ་གསུམ་གྱིས་དྲངས་པའི་འོད་གསལ་མངོན་དུ་གྱུར་ནས་རྣམ་པར་མི་རྟོག་པ་མཆོག་གི་གཏུམ་མོ་རྒྱུད་ལ་སྐྱེ་བའོ། །གཉིས་པ་ལམ་གྱི་གཞི་མ་སྒྱུ་ལུས་ལའང་། མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་སོ། །དང་པོ་མ་དག་སྒྱུ་ལུས་ནི། ཕྱི་ནང་གི་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་བསྒོམ་པའོ། །དག་པའི་སྒྱུ་ལུས་ནི་སྣང་བ་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟར་བསྒོམ་པའོ། །སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་ནི། དེ་ལྟར་སྣང་བ་ལྷར་བསྒོམ་པ་དང་། དེ་ཉིད་འོད་གསལ་དུ་འཇུག་པའི་བསྡུ་རིམ་གཉིས་ཀ་སྤེལ་ནས་གོམས་པས་བསྡུ་རིམ་གྱི་ཚེ་ཐ་མལ་གྱི་ལུས་རགས་པའི་འཛིན་པ་དང་བྲལ་ནས། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་པ་དེ་ཉིད་རང་ངོ་ལ་རྟག་པར་སྣང་ཞིང་གཞན་སྣང་དུ་སྔར་གྱི་ལུས་རགས་པ་དེ་ཉིད་མི་སྣང་བ་སྟེ་དེའི་ཚེ་སྒྱུ་ལུས་གྲུབ་པ་ཞེས་བྱའོ། །གསུམ་པ་ལམ་གྱི་དྲོད་ཚད་རྨི་ལམ་ནི། སྒྱུ་ལུས་ཀྱི་ཡན་ལག་སྟེ། དང་པོ་འདུན་སྟོབས་དང་རླུང་སྟོབས་གང་རུང་གིས་རྨི་ལམ་བཟུང་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་ལ་སྦྱང་། དེ་ནས་རྨི་ལམ་གྱི་སྣང་བ་སྤྲུལ་བསྒྱུར་བྱེད་པ་དང་རྨི་ལམ་བཟུང་ནས་སངས་རྒྱས་ཀྱི་ཞིང་དང་སེམས་ཅན་གྱི་གནས་ལ་སོགས་པ་ཉུལ་བ་དང་། འཇིགས་སྐྲག་གི་གནས་མེ་དང་ཆུ་དང་གཡང་ས་ལ་སོགས་པ་ལ་ཐོག་བརྫིས་བྱ་བ་དང་། མཐར་རྨི་ལམ་གྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་བལྟས་ནས་སྒྱུ་མར་སྦྱོང་བ་དང་། མཐར་སྒྱུ་མའི་ལྷ་སྐུ་ཡང་བསྡུ་རིམ་གྱིས་བསྡུས་ནས་འོད་གསལ་དུ་འཇུག་པ་སྟེ་མཐར་རྨི་ལམ་དབྱིངས་སུ་ནུབ་པའི་ཐབས་ལ་སློབ་པའོ། །བཞི་པ་ལམ་གྱི་སྙིང་པོ་འོད་གསལ་ནི། སྔར་སྒྱུ་ལུས་ཀྱི་སྐབས་ཀྱི་སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཡང་བསྡུ་རིམ་གྱིས་འོད་གསལ་དུ་བསྡུ་བ་དང་། གཏུམ་མོ་རང་ལུས་དང་གཞན་ལུས་ཕྱག་རྒྱའི་ལམ་གང་རུང་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ལ་གོམས་པ་ལས། སྟོང་པ་བཞིའམ་དགའ་བ་བཞིས་དྲངས་པའི་འོད་གསལ་རྒྱུད་ལ་སྐྱེ་བའོ། །དེ་ཡང་སྟོང་པ་བཞི་ནི། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། ཕྱི་རྟགས་སུ་སྟོན་གནམ་ཟླ་འོད་ཀྱིས་བསླད་པ་ལྟར་དཀར་ལམ་པའི་སྣང་བ་དང་། ནང་རྟགས་སུ་གསལ་བའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་སྟོང་པ་ཞེས་བྱ། དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ཕྱི་རྟགས་སུ་སྟོན་གནམ་ཉི་འོད་ཀྱིས་བསླད་པ་ལྟ་བུའི་དམར་ལམ་པ་དང་། ནང་རྟགས་སུ་བདེ་བ་མུ་མཐའ་མེད་པར་འཆར་ཏེ་སྟོང་པ་ཆེན་པོ་ཞེས་བྱ། དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགགས། །ཕྱི་རྟགས་སུ་སྟོན་གནམ་སྨག་གིས་བསླད་པ་ལྟ་བུའི་ནག་ལམ་པ་དང་། ནང་རྟགས་སུ་རྣམ་པར་མི་རྟོག་པའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་ཤིན་ཏུ་སྟོང་པ་ཞེས་བྱ། དེ་ནས་ཉེ་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཟེར་ཡང་། དོན་དུ་སྔར་ཉེར་ཐོབ་ཀྱི་སྐབས་ཀྱི་མི་རྟོག་པ་དེ་ཉིད་ཅུང་ཟད་སངས་ནས་རང་བཞིན་གཞིར་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་དུ་ཤར་བ་ནི་སྟོན་གྱི་དུས་སུ་ཐོ་རངས་ཀྱི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་སྟེ་ཐམས་ཅད་སྟོང་པའི་འོད་གསལ་ཞེས་བྱའོ། །དེ་དག་གི་སྐབས་སུ་བཤད་པའི་ཞེ་སྡང་གི་རྟོག་པ་སོ་གསུམ་ནི། ཡུལ་མི་འདོད་པའི་རྣམ་པ་ཅན་ལ་ཤས་ཆུང་ངུ་འདོད་ཆགས་དང་བྲལ་བ་དང་། འབྲིང་འདོད་ཆགས་དང་བྲལ་བ་བར་མ་དང་། ཆེན་པོ་ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། ནང་གི་ཡུལ་ལ་ཚུར་འཇུག་པ་གང་ཡིད་ཀྱི་འོང་དག་དང་། ཕྱིའི་ཡུལ་ལ་ཕར་འགྲོ་བ་ཡིད་ཀྱི་འགྲོ་བ་དང་། ཡུལ་གྱི་རྗེས་སུ་སོང་བ་དང་། ཡུལ་ཡིད་དུ་འོང་བ་དང་བྲལ་བའི་སེམས་ཀྱིས་གདུང་བ་ཆུང་ངུ་མྱ་ངན་དང་། འབྲིང་མྱ་ངན་བར་མ་དང་། ཆེན་པོ་ཤིན་ཏུ་མྱ་ངན་དང་། སེམས་ཞི་བར་གནས་པའམ་ཡང་ན་སེམས་རྣལ་དུ་འདུག་པས་དལ་བ་ཞི་བ་དང་། རྒོད་པར་གནས་པའམ་ཡང་ན་སེམས་རྩིང་པར་རྟོག་པ། རྣམ་པར་རྟོག་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པ་ཆུང་ངུ་འཇིག་པ་དང་། འབྲིང་འཇིགས་པ་བར་མ་དང་། ཆེན་པོ་ཤིན་ཏུ་འཇིགས་པ་དང་། ཡུལ་ལ་ཞེན་པ་ཐ་མ་སྲེད་པ་དང་། འབྲིང་སྲེད་པ་བར་མ་དང་། རབ་ཤིན་ཏུ་སྲེད་པ་དང་། འདོད་ཡོན་གྱི་ཡུལ་རྣམས་ལ་ཀུན་ཏུ་འཛིན་པ་ཉེ་བར་ལེན་པ་དང་། དགེ་བའི་ལས་ལ་ཡིད་གཉིས་ཟ་བའམ་ཡང་ན་རང་གི་སེམས་མི་གསོད་པའོ། །མི་དགེ་བ་དང་། ཟས་འདོད་པ་བཀྲེས། བཏུང་བ་འདོད་པ་སྐོམ་དང་། བདེ་སྡུག་བཏང་སྙོམས་གསུམ་ལ་ཡུལ་གྱི་སྒོ་ནས་ཆུང་ངུ་ཚོར་བ་དང་། འབྲིང་ཚོར་བ་བར་མ་དང་། ཆེན་པོ་ཤིན་ཏུ་ཚོར་བ་དང་། རིག་པ་དང་། རིག་པ་འཛིན་པའི་གཞི་དང་། འདི་ལ་རིག་པ་པོ་དང་། རིག་པར་བྱེད་པ་དང་། རིག་བྱའི་ལས་ཏེ་དེ་གསུམ་ལ་རྟོག་པ་གསུམ་དུ་གསུངས་པ་ལྟར་ན། གོང་གི་སོང་བ་ཞེས་པ་མི་བགྲངས། ཡང་ན། རིག་པ་དང་རིག་བྱ་གཉིས་ལ་རྟོག་པ་གཉིས་སུ་བྱས་ནས་སོང་བ་བགྲངས་པ་ཡིན་ནམ། སོ་སོར་རྟོག་པ་དང་། རིགས་པ་དང་མི་རིགས་པ་དཔྱོད་པ། ངོ་ཚ་ཤེས་པ་དང་། རང་ངམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམ་པ། སྙིང་རྗེ་བ་དང་། སྡུག་བསྔལ་དང་བྲལ་བར་འདོད་པ། བརྩེ་བ་དང་། དམིགས་བྱ་ཡོངས་སུ་བསྲུང་བ་དང་སྡུག་པ་དང་ཕྲད་པར་འདོད་པ་སྟེ་གསུམ་ལ། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། ཡིད་འཕྲིག་པའི་སེམས་ངེས་པར་མི་གནས་པ་དོགས་པ་དང་བཅས་པ་དང་། ཡོ་བྱད་སྡུད་པའི་སེམས་སྡུད་པ་དང་། འདི་ལ་བསགས་པ་ཞེས་པའང་སྣང་སྟེ་འདྲའོ། །ཡོ་བྱད་ཀུན་ཏུ་འཛིན་པའི་སེམས་སེར་སྣ་རྣམས་སོ། །འདི་ལ་ཕྲག་དོག་ཅེས་འབྱུང་བ་ལྟར་ན་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུག་པའོ། །འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། འདི་ལ་ཞེན་པ་ཞེས་ཐོབ་པའི་ཡུལ་ལ་ཡིད་ཆགས་པར་གསུངས་པ་འདོད་ཆགས་པ་དང་། མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པ་དང་། ཡིད་དུ་འོང་བ་མཐོང་ནས་སེམས་དགའ་བ་དང་། ཆུང་དུ། འབྲིང་དགའ་བ་བར་མ་དང་། ཆེན་པོ་ཤིན་ཏུ་དགའ་བ་དང་། འདོད་དོན་འགྲུབ་པས་བདེ་བའི་སེམས་པ་རངས་པ་དང་། དེའི་རྣམ་པ་སེམས་ཀྱིས་ཡང་དང་ཡང་དུ་མྱོང་བ་རབ་ཏུ་མགུ་བ་དང་། གཏམ་སྣ་ཚོགས་པས་ཅི་འདི་ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་ཟ་བའམ། ཡང་ན་སྔར་མ་བྱུང་བའི་དོན་ལ་སེམས་པ་མཐོ་བ་ངོ་མཚར་བ་དང་། ཡིད་དུ་འོང་བ་མཐོང་ནས་སེམས་གཡེང་བ་རྒོད་པ་དང་། བདེ་བའི་རྣམ་པ་མྱོང་བའམ་ཡང་ན་ཡུལ་དེས་ངོམས་པའི་རྟོག་པ་ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། སྟེ་དེ་རྣམས་བྱ་བར་འདོད་པའི་སེམས་གསུམ། རྒྱུད་མི་འགྱུར་བའི་སེམས་བརྟན་པ་དང་། དགེ་བ་ལ་གཞོལ་བ་བརྩོན་པ་དང་མཐོ་བར་སེམས་པ་ཁེངས་པ་དང་། བྱ་བ་རྫོགས་པར་བྱེད་པ་དང་། ནོར་འཕྲོག་པར་འདོད་པ་འཕྲོག་པ་དང་། གཞན་གྱི་དཔུང་འཇོམས་པར་འདོད་པ། སྟོབས་དང་། དགེ་བའི་ལམ་ལ་གོམས་པར་བྱེད་པའི་སེམས་སྤྲོ་བ་དང་། དྲེགས་པའི་དབང་གིས་མི་དགེ་བ་སྤྱོད་པའམ་ཡང་ན་ཡུལ་ལ་འབད་པས་སྦྱོང་བ་ཆུང་ངུ་ཚམ་ཚོམ་མེད་པ་དང་། འབྲིང་ཚམ་ཚོམ་མེད་པ་བར་མ་དང་། ཆེན་པོ་ཤིན་ཏུ་ཚམ་ཚོམ་མེད་པ་དང་། རྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་འདོད་པ་དྲེགས་པ་དང་། ཡིད་འོང་མཐོང་བས་འགྱིང་བའམ་རྩེ་བར་འདོད་པ་རྣམ་པར་སྒེག་པ་དང་། འཁོན་དུ་འཛིན་པའི་སེམས་ཞེ་འགྲས་པ་དང་། དགེ་བའི་ལས་ལ་རྩོལ་བར་འདོད་པ་དགེ་བ་དང་། གཞན་གྱིས་གོ་བར་སྨྲ་འདོད་པ་ཚིགས་གསལ་བ་དང་། འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་པ་བདེན་པ་དང་། འདུ་ཤེས་བསྒྱུར་ཏེ་སྨྲ་འདོད་པ་མི་བདེན་པ་དང་། ཡིད་དམ་ཤིན་ཏུ་བརྟན་པ་ངེས་པ་དང་། ཡུལ་ཡོངས་སུ་འཛིན་པར་མི་འདོད་པ་ཉེ་བར་མི་ལེན་པ་དང་། བདོག་པ་གཏོར་བར་འདོད་པ་སྦྱིན་པ་པོ་ཉིད་དང་། གཞན་ལེ་ལོ་ཅན་སྐུལ་བར་འདོད་པ་བརྟུལ་བ་དང་། ཉོན་མོངས་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པ་དཔའ་བ་དང་། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་མི་འཛེམ་པར་མི་དགེ་བ་བཅུ་ལ་འཇུག་པ། ངོ་ཚ་མེད་པ་དང་། བཅོས་མས་གཞན་བསླུ་བ་གཡོ་ཅན་དང་། འདི་ལ་སྒྱུ་ཞེས་ཀྱང་བྱ། ལྟ་བ་ངན་པ་ལ་བྱང་བ་གདུག་པ་ཅན་དང་། གཞན་ལ་མཐོ་འཚམ་པ་མི་སྲུན་པ་དང་། རྒྱུད་མི་དྲང་བ་གྱ་གྱུ་ཆེ་བ་རྣམས་སོ། །གཏི་མུག་གི་རྟོག་པ་བདུན་ནི། དོན་དུ་གཉེར་བྱའི་ངོ་བོ་ཇི་བཞིན་དུ་མི་ཤེས་པ་འདོད་ཆགས་བར་མ་དང་། དྲན་པ་ཉམས་པ་བརྗེད་ངེས་དང་། སྨིག་རྒྱུ་ལ་ཆུར་འཛིན་པ་སོགས་འཁྲུལ་བ་དང་། སྨྲ་སྙིང་མི་འདོད་པ་མི་སྨྲ་བ་དང་། ཡིད་སུན་པ་སྐྱོ་བ་དང་། དགེ་བ་ལ་མི་སྤྲོ་བ་ལེ་ལོ་དང་། བདེན་པ་རྣམས་ལ་ཡིད་གཉིས་ཟ་བའམ། ཡང་ན་ལས་འབྲས་དང་ཆོས་ཉིད་ལ་ཡིད་གཉིས་ཟ་བ། ཐེ་ཚོམ་རྣམས་སོ། །འདི་རྣམས་མཆན་ཡིན། །དེ་ལྟར་སྣང་གསུམ་མམ། ཡང་ན་དགའ་བ་བཞིས་དྲངས་པའི་འོད་གསལ་གང་ཡིན་ཀྱང་འདྲ་སྟེ་དེ་ལ་འོད་གསལ་ཙམ་དུ་འདྲ་ཡང་། དཔེ་དོན་གྱི་འོད་གསལ་དུ་མ་དང་། དཔེའི་འོད་གསལ་ལ་ཡང་མཆོག་དམན་གྱི་རིམ་པ་དུ་མ་ཡོད་ཀྱང་། དེས་ན་མཐོང་ལམ་མ་སྐྱེས་ཚུན་ཆད་དུ་དཔེའི་འོད་གསལ་ཡིན་ལ། མཐོང་ལམ་གྱི་བདེན་པ་མཐོང་བ་ནི་དོན་གྱི་འོད་གསལ་ཡིན་ཏེ། དེ་ཡན་ཆད་དོན་གྱི་འོད་གསལ་ལ་འགྱུར་བ་མེད་དོ། །འཆི་དུས་ཀྱི་ཐིམ་རིམ་རྫོགས་པའི་མཐའ་དང་། གཉིད་དུས་སོགས་སུ་འོད་གསལ་ཤར་བ་ནི་གཞིའི་འོད་གསལ་ཡིན་ལ། རྣལ་འབྱོར་པས་ལམ་གོམས་པའི་སྟོབས་ཀྱིས་དེ་ཉིད་ངོ་ཤེས་པར་བྱས་ནས་དཔེ་དོན་གྱི་འོད་གསལ་གང་རུང་ལ་སྦྱོར་རོ། །ལྔ་པ་ལམ་གྱི་སུན་མ་བར་དོ་ནི། རབ་འབྱུང་འཁྲུག་འཆི་ཁའི་བར་དོ་ལ་སྣང་གསུམ་གྱིས་དྲངས་པའི་གཞིའི་འོད་གསལ་འཆར་བའི་ཚེ་སྔར་འདྲིས་ཀྱི་གདེང་ལ་བརྟེན་ནས་ངོས་བཟུང་སྟེ་འོད་གསལ་ཆོས་སྐུའི་ངང་དུ་གྲོལ་ལོ། །འབྲིང་སྣང་མུན་སྲིད་པའི་བར་དོར་སྒྱུ་ལུས་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་། ཐ་མ་སྲེད་ལེན་སྐྱེ་གནས་ཀྱི་བར་དོར་མངལ་སྒོ་བཟང་པོ་འདམ་པ་དང་། མངལ་སྒོ་ངན་པ་འགེགས་པ་དང་། དག་པའི་ཞིང་ཁམས་སུ་འཕེན་པ་གཏོད་པ་སོགས་ཀྱིས་གསང་སྔགས་ཀྱི་ཆོས་ལ་སྤྱོད་པའི་སྣོད་རུང་དུ་སྐྱེས་ནས་ལམ་གྱི་འཕྲོ་མཐུད་པའོ། དྲུག་པ་ལམ་གྱི་བློ་ཆོད་འཕོ་བ་ནི། གང་ཟག་རབ་ཚེ་འདིར་ལྟ་བ་རྟོགས་པ་དང་། གྲུབ་མཐའ་སྙོགས་པ་ཡིན་ན་འཕོ་བ་མི་དགོས་ཀྱང་། ཇི་སྐད་དུ། ལམ་སྦྱངས་པ་དམན་ན་འཕོ་བས་བསུ། ཞེས་གསུངས་པ་ལྟར་ལམ་གྱི་སྦྱང་བགྲོད་དམན་པ་དག་གིས་འཆི་ལྟས་བརྟགས་པས་འཆི་བར་ངེས་ཤིང་མི་བསླུབ་བར་ཤེས་ནས། ཐིམ་རིམ་མ་བྱུང་གོང་དུ་སྔར་བཤད་པའི་འོད་ཀྱིས་གོང་བུས་འཕོ་བ་དང་། སྒྲ་ཡིས་འཕོ་བ་སོགས་ཀྱིས་རྣམ་ཤེས་དག་པའི་ཞིང་དུ་འཕོ་བའོ། །གཉིས་པ་གཞན་ལུས་ཐབས་ལྡན་ནི། རྒྱུད་ལས། བྱེད་བཅིངས་ཉིན་མཚན་རྣལ་འབྱོར་སོ་ནམ་བྱ། །རྩ་ནི་ཡུར་བ་འདྲ་སྟེ་བྱང་བར་དགོས། །བྱང་སེམས་ཆུ་འདྲ་ཁྲིད་སར་འོང་བ་དགོས། །རླུང་ནི་ཁྲོན་སྐྱོགས་འདྲ་སྟེ་སྐྱོན་མེད་དགོས། །དེ་ལྟར་རྩ་རླུང་འབྱོངས་ནས་རྗེས་ཆགས་སུ། །འདོད་ཆགས་ཆེན་པོ་བདེ་ཆེན་ནམ་མཁའ་གང་། །ཞེས་པ་ལྟར་རང་ལུས་ཐབས་ལྡན་ལ་བརྟེན་ནས་རྩ་དྲང་ཐིག་ལེ་གནས་སུ་འཆུན་རླུང་བྱང་སྟེ་གསུམ་ག་ལ་གནད་དུ་སོང་ནས་ལས་སུ་རུང་བར་གྱུར་པ་ན་སླར་ཡང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅིག་ཅར་དུ་ངོ་འཕྲོད་ནས་འཕགས་པའི་ལམ་དུ་སྦྱོར་བར་བྱེད་པ་ནི་གཞན་ལུས་ཐབས་ལྡན་ནམ་འོག་སྒོ་ཁམས་གསུམ་རོལ་པའི་ལམ་ཕྱག་རྒྱ་ལ་བསྟེན་པ་ཡིན་ཏེ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་བསྟེན་འཚང་མི་རྒྱ། །ཞེས་སོ། །དེས་ན་རྒྱུའི་ཐེག་པའི་སྡེ་སྣོད་གསུམ་དུ་ཉོན་མོངས་པའི་འབྱུང་གནས་སུ་བསྟན་པའི་བུད་མེད་ནི་འདིར་སྟོང་པ་ཉིད་ཀྱི་འབྱུང་གནས་རྒྱལ་བ་བསྐྱེད་པའི་ཡུམ་མམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་དུ་བལྟས་ཏེ་ཐབས་ལ་མཁས་པས་བསྟེན་ན་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བར་འགྱུར་ཞིང་། དེ་ཡང་བསྟེན་བྱ་རྒྱུད་ནས་གསུངས་པའི་མཚན་ཉིད་ཚང་བ་རིགས་ལྔའི་རིགས་ཅན་གྱི་མི་མོའམ། ཁྱད་པར་དོན་གྱི་འོད་གསལ་ཐོབ་པའི་ལྷན་སྐྱེས་མ་དང་། དབང་དང་བསྐྱེད་རིམ་གྱིས་རྒྱུད་སྦྱངས་པའི་སྔགས་བསྐྱེད་མ་དང་། ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པའི་ཞིང་སྐྱེས་མ་ནི་དངོས་གྲུབ་མྱུར་ཏེ་བསྟེན་པ་ཙམ་གྱི་ཐབས་དང་ཤེས་རབ་ཏུ་འབྲེལ་བའི་རྟེན་འབྲེལ་ལས་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ནས་འགྱུར་བ་མེད་པའི་བདེ་ཆེན་སྟེར་ཞིང་། མཐར་གྱིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུ་བ་འཕོ་བ་གཅིག་ཏུ་ཐུབ་ནས་ལམ་གྱི་ཡོན་ཏན་མཐའ་དག་པ་བཙན་ཐབས་སུ་འཕེལ་བའོ། །དེ་ལྟར་བསྟེན་རུང་གི་ཕྱག་རྒྱ་གང་ཡང་རུང་བ་ལ་འདུ་ཤེས་གསུམ་གྱིས་བསྟེན་ནས་དབབ་གཟུང་ལྡོག་ཁྱབ་ཀྱི་མན་ངག་བཞི་ལ་མཁས་པར་བྱས་ན་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་ཏེ། ཐིག་ལེ་རིམ་གྱིས་སྤྱི་བོ་ནས་མགྲིན་པ། སྙིང་ག །ལྟེ་བ། གསང་བའི་གནས་ཏེ་བཞིར་བབས་པ་ན་དབང་བཞིའི་ཡེ་ཤེས་ཀྱི་ངོ་བོ་དགའ་བ་བཞི་ཉམས་སུ་མྱོང་། སད་པ་ལ་སོགས་པའི་གནས་སྐབས་བཞི་དང་། སྒོ་གསུམ་དང་བག་ཆགས་ཀྱི་ཆ་འཛིན་པའི་ཐིག་ལེ་དང་། སྒོ་གསུམ་དང་ཆ་མཉམ་གྱི་སྒྲིབ་པ་རྣམས་དག་སྟེ་ཉམས་དང་བྲལ་བའི་འོད་གསལ་གྱི་དགོངས་པ་ཉམས་སུ་མྱོང་ཞིང་རྡོ་རྗེའི་བུམ་པར་འཛག་མེད་དུ་བཟུང་ལ་སླར་ཡང་ལྡོག་པའི་མན་ངག་གིས་གཙུག་ཏོར་གྱི་རྩེར་བསྐྱིལ་ཞིང་། རླུང་དང འཁྲུལ་འཁོར་གྱིས་ལུས་གནས་ཐམས་ཅད་ལ་ཁྱབ་པར་དགྲམ་པར་བྱེད་པ་དང་། ཁྱད་པར་དབྱིངས་རིག་དབྱེར་མེད་ཀྱི་ལྟ་བས་འགྲེམས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའོ། །ཕྱི་མ་འདི་གསུམ་ལ་འཛིན་འདྲེན་དགྲམ་གསུམ་གྱི་མན་ངག་ཞེས་ཀྱང་ཟེར་རོ། །དེ་ལྟར་བྱས་པས་རྩ་ཐམས་ཅད་ཆོས་ཉིད་ཀྱི་དབུ་མར་གྱུར་ནས་དབྱིངས་ཀྱི་ངོ་བོར་དག །རླུང་སེམས་ཐིག་ལེ་དང་བཅས་པ་ཐམས་ཅད་རིག་པའི་ཡེ་ཤེས་ཆེན་པོར་རོ་གཅིག་ཏུ་གྱུར་ནས་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པའི་ངང་དུ་རྒྱུ་འབྲས་ཀྱི་ལམ་ཐམས་ཅད་རྫོགས་པར་འགྱུར་བས་ན་འཁོར་བའི་ཆོས་སུ་སྣང་བ་ཀུན་གྱི་གཞི་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱང་འོད་གསལ་ཆེན་པོར་གྲོལ་བའི་ལམ་དུ་འགྲོ་བས་ཐབས་སྨད་དུ་བྱུང་བ་ནི་ཐབས་ཀྱི་ལམ་ཅིག་ཅར་བའམ་གཞན་ལུས་ཕྱག་རྒྱའི་ལམ་འདི་ཉིད་ཡིན་ནོ་ཞེས་པའམ། ཡང་ན་བསྐྱེད་རིམ་ལ་བརྟེན་ནས་སྦྱོར་ལམ་གྱི་མཐའི་བར་དུ་ཕྱིན་པ་ལ་སོགས་པས་ཀྱང་ཉེ་རྒྱུའ ི་སྤྱོད་པ་ཕྱག་རྒྱ་ལ་བསྟེན་ནས་ཟག་མེད་ཀྱི་ལམ་ལ་སྦྱོར་བ་དང་། རང་ལུས་ཐབས་ལྡན་གྱི་རྫོགས་རིམ་གོམས་པ་རྣམས་ཀྱི་ཡང་འབོགས་འདོད་ན་བསྟེན་པས་ན་བསྐྱེད་རྫོགས་ཀུན་ཀྱང་ཡང་དག་པའི་ལམ་དུ་འགྲོ་བ་ཐབས་ཀྱི་ལམ་ཁྱད་པར་བ་འདི་ཡིད་ནོ་ཞེས་པའོ། །གཉིས་པ་སྣང་མེད་ཀྱི་རྫོགས་རིམ་བཤད་པ་ནི། དེ་ལྟར་སྣང་བ་དང་བཅས་པའི་རྫོགས་རིམ་ལ་གོམས་པར་བྱས་པ་དེ་ཡང་གཉིས་པ་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྣང་བ་མེད་པའི་རྫོགས་རིམ་དུ་དག་པར་བྱེད་དགོས་པས་དེའི་ཚུལ་ནི། མཚན་མ་ཞལ་ཕྱག་ལ་སོགས་པའི་རྣམ་པར་གྱུར་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ལྷ་གང་ཡིན་ན་ཡང་མཐར་དམིགས་མེད་དུ་འཇོག་པ་སྟེ། དེ་ཡང་མ་དག་པའི་དངོས་ཞེན་སྦྱངས་ཏེ་དག་པར་བསྒོམས་པའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཞིང་དང་གཞལ་ཡས་ཁང་དང་ལྷ་དང་ལྷ་མོ་ལ་སོགས་པའི་རང་བཞིན་གྱི་བརྟན་གཡོར་སྣང་བ་ཀུན་ཀྱང་བསྡུ་རིམ་བྱེད་པ་ལ་བསྐྱེད་རིམ་གྱི་དུས་ལྷར་ཞེན་པ་མེད་ན་རིལ་འཛིན་དང་། ཡོད་ན་རྗེས་གཞིག་གི་སྒོ་ནས་བྱ་བ་སྟེ་ཕྱི་མའི་དབང་དུ་བྱས་ན་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ་སྟེ། དེ་ནས་རིམ་པ་བཞིན་འཁོར་རྣམས་དང་། གཙོ་བོ་དང་། ཡེ་ཤེས་སེམས་དཔའ་དང་། སྙིང་གའི་ས་བོན་གྱི་བར་རྣམས་ལ་ཐིམ་ཞིང་། ས་བོན་ཧཱུྃ་ཡིག་ལྟ་བུ་ཡིན་ན་ཞབས་ཀྱུ་ནས་ཐིག་ལེའི་བར་ཐིམ་པ་དེ་ཡང་མས་རིམ་ནས་ནཱ་དའི་བར་དུ་ཐིམ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བར་འཇོག་པ་ཡིན་ནོ། །དེ་ཡང་ནཱ་ད་ཞེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡོད་པ་ལ་བཤད་པས་བསྒོམ་དུས་ནའང་ཁམས་གསུམ་གྱི་བག་ཆགས་འཛིན་པའི་ཆ་མཚོན་པའི་སུམ་འཁྱོག་ཏུ་ཡོད་པ་ཞིག་སྟེ་དག་པ་ན་སྐུ་གསུམ་གྱི་ངོ་བོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའོ། །ཆོ་ག་འགའ་ཞིག་ན་ཉེར་བསྡུ་སོགས་མི་འབྱུང་བ་ནི་ཟུང་འཇུག་ལྷུན་གྱིས་གྲུབ་བ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་ཐུན་མཚམས་ཀྱི་རྩིས་གདབ་བྲལ་བ་རྣམས་ལ་དགོངས་ཏེ་དེའི་དབང་དུ་བྱས་ཀྱི། དེ་ལས་གཞན་དུ་ནི་གལ་ཆེ་བར་གསུངས་ཏེ། བསྡུ་རིམ་ནི་འཆི་བའི་བག་ཆགས་སྦྱོང་ཞིང་ཆོས་སྐུའི་རྟེན་འབྲེལ་བསྒྲིག་པ་དང་། རྫོགས་རིམ་སྒྱུ་ལུས་འོད་གསལ་དུ་བསྡུ་བའི་སྨིན་བྱེད་ཡིན་པར་མ་ཟད། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་རྩ་རླུང་ཐིག་ལེ་དབུ་མར་འདུས་པའི་བྱེད་པ་ལས་སྐྱེ་བ་ཤ་སྟག་ཡིན་ཞིང་། དཔེ་དོན་གྱི་འོད་གསལ་གང་རྒྱུད་ལ་བསྐྱེད་ཀྱང་འབྱུང་བའི་སྡུད་རིམ་ལས་རྟགས་བཅུའི་སྣང་བ་འཆར་ཞིང་། རང་བཞིན་གྱི་ཐིམ་རིམ་ལས་སྣང་གསུམ་གྱི་འོད་གསལ་ཤར་བའི་ཀློང་དུ་ཐ་མལ་གྱི་འཁྲུལ་སྣང་ཐམས་ཅད་ནུབ་ནས་སྣང་གསུམ་འོད་གསལ་དུ་ཐིམ་པའི་གནས་སྐབས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འཆར་བ་ཤ་སྟག་ཡིན་པས། མཚན་མོ་གཉིད་འཐུག་དང་རྨི་ལམ་གྱི་དགེ་སྦྱོར་ལ་བརྩོན་པར་འདོད་པ་དང་། ཉིན་མོ་རླུང་སེམས་དབུ་མར་འདུས་པའི་ཐབས་ལ་སྤྲོ་བ་ཡོད་པ་དང་། ཐུན་མོང་མ་ཡིན་པའི་རྫོགས་རིམ་སྒྱུ་ལུས་ལ་བརྟེན་ནས་འོད་གསལ་མངོན་དུ་བྱེད་འདོད་པ་དང་། དེ་ལས་ཐ་མལ་གྱི་ལུས་རྟེན་དོར་ནས་སློབ་པའི་ཟུང་འཇུག་གི་ལྷ་སྐུར་བཞེངས་འདོད་པ་དང་། མཐར་ཐུག་མ་རིག་བག་ཆགས་ཀྱི་ས་པའི་ཡིད་ལུས་ཀྱང་འོད་གསལ་དུ་བསྡུས་ནས་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འདོད་པ་དང་། གལ་ཏེ་ཚེ་འདིར་མ་གྲོལ་ཀྱང་བར་དོ་དང་པོའི་འོད་གསལ་ཆོས་སྐུའི་དགོངས་པ་ལ་མཉམ་པར་བཞག་ནས་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་བཞེངས་པར་འདོད་པ་རྣམས་ཀྱིས་ནི་བསྐྱེད་རིམ་ལས་ཀྱང་བསྡུ་རིམ་ལ་དོ་གལ་དུ་བྱེད་དགོས་ཞེས་ཆོས་རྗེ་བླ་མ་བཀའ་དྲིན་ཅན་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཆན། གྱིས་གསུངས་སོ། །དེ་ལྟར་བསྐྱེད་པའི་ལྷ་བསྡུ་རིམ་བྱེད་པ་དེ་བཞིན་དུ་རྫོགས་རིམ་གྱི་ལྷ་སྐུ་ཡང་དམིགས་པ་དང་བཅས་པ་ཡིན་པས་ནམ་མཁའ་ལ་འཇའ་ཚོན་དེངས་པ་བཞིན་སྟོང་པར་གྱུར་པ་ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀུན་རྟོག་གི་སྤྲོས་པ་དང་བྲལ་བའི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག་པར་བྱ་བ་སྟེ་དེ་ནི་རྫོགས་རིམ་ཀུན་གྱི་རྒྱལ་པོ་སྟེ། དེ་ལས་གཞན་དུ་རླུང་གི་ཐབས་ལས་སྐྱེས་པའི་གསལ་ལ་སྟོང་པའི་ཉམས་ཅན་དང་། ཐིག་ལེ་ལ་བརྟེན་པའི་བདེ་སྟོང་ཙམ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདྲེན་བྱེད་ཀྱི་ཐབས་གནས་སྐབས་པ་ལས་མཐར་ཐུག་པའི་དོན་དུ་ནི་བཟུང་བར་མི་བྱ་སྟེ། ཡེ་ཤེས་གྲུབ་པ་ལས། ལུས་ཀྱི་སྦུད་པ་གང་ཡིན་དང་། །སྦུད་པ་འབུད་པར་བྱེད་པ་དག །དེ་དག་ཁྱད་པར་མ་མཐོང་སྟེ། །དེ་ཉིད་མཐོང་བའི་རྣལ་འབྱོར་པས། །སྦུད་པ་ཡི་ནི་བྱ་བ་ནོན། །ཞེས་དང་། དབང་པོ་གཉིས་བྱུང་བདེ་བ་ནི། དེ་ཉིད་ཡིན་ཞེས་སྐྱེ་ངན་སྨྲ། །དེ་ནི་བདེ་བ་ཆེ་ཡིན་ཞེས། །རྒྱལ་བ་མཆོག་གིས་མ་གསུངས་སོ། །བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །མཆན་ཁུང་གཡའ་འཕྲུག་ལས་བྱུང་བ། །ཅི་ཡི་ཕྱིར་ན་བདེ་ཆེན་མིན། །ཞེས་སོ། །དེས་ན་མཚན་བཅས་ཀྱི་སྐབས་སུའང་གསལ་བདེ་ལ་སྟོང་པས་རྒྱས་འདེབས་པའི་ཡིད་དཔྱོད་ཙམ་མ་ཡིན་པར་རང་བཞིན་གཤིས་ཀྱི་ངང་ལ་མཉམ་པར་བཞག་ན་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་འདྲེན་པའི་ཐབས་སུ་འགྱུར་གྱི་དེ་ལས་གཞན་དུ་ནི་དཀའ་སྟེ་རྣམ་པ་འགལ་བའི་ཕྱིར་རོ། །དེས་ན་མཐར་ཐུག་གི་དོན་དུ་གཉེར་བྱ་མི་འགྱུར་བའི་བདེ་བ་ཆེན་པོ་ནི་འདུས་བྱས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ལ་བདེ་བ་ཆེན་པོ་ཞེས་བྱ་སྟེ། དགེ་སྡིག་ལས་འདས་པའི་དབྱིངས་ལ་དགེ་བ་ཞེས་བཏགས་པ་བཞིན་ནོ། །དེ་ལྟ་ནའང་བསྐྱེད་རྫོགས་ཐུན་མོང་བ་རྣམས་མཐར་ཐུག་པའི་རྫོགས་རིམ་ཟབ་མོའི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་འདོར་བར་ནི་མི་བྱ་སྟེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱི་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བསྒོམས་ནས། །སྤྲོས་པ་ཉིད་ཀྱིས་སྤྲོས་མེད་བྱེད། །ཅེས་སོ། །གསུམ་པ་བྱེད་ལས་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། དེ་ལྟར་བསྐྱེད་པའི་རིམ་པས་ཕྱི་སྣོད་ཞིང་དང་གཞལ་ཡས་ཁང་ནང་བཅུད་ལྷ་དང་ལྷ་མོར་གསལ་ནས། ལུས་ལྷ་ངག་སྔགས་དྲན་རྟོག་ཐུགས་ཀྱི་ལམ་འཁྱེར་གྱིས་ནི། གནས་དོན་ལུས་ཀྱི་བག་ཆགས་སམ་སྒོ་གསུམ་དུ་སྣང་བ་མ་དག་པའི་བདེན་ཞེན་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་ངོ་བོར་འགོག་པར་འགྱུར་ལ། མཚན་བཅས་དང་མཚན་མ་མེད་པའི་རྫོགས་རིམ་གྱིས་ནི་གྱ་ནོམ་ལྷར་ཞེན་ཏེ་སྣང་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷ་སྐུར་གསལ་བ་ལ་ཞེན་རྟོག་ཕྲ་བ་ཡོད་པའང་སྤོང་ཞིང་ཐིག་ལེ་ལ་བརྟེན་ནས་བདེ་བ་དང་། རླུང་ལ་བརྟེན་ནས་གསལ་བ་དང་། རྩ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་འདུས་བྱས་པ་རྣམས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་མ་བྱས་པ་རྣམས་འཆར་ཞིང་། བསྐྱེད་རྫོགས་གཉིས་ཀས་ཚོགས་གཉིས་རྫོགས་པ་དང་། སྒྲིབ་གཉིས་སྤོང་བ་དང་། སྐུ་གཉིས་འཐོབ་ཚུལ་སོགས་ནི་མདོར་བསྟན་དུ་བཤད་ཟིན་ཏོ། །དེ་ལྟར་ཤིན་ཏུ་ཟབ་པའི་བསྐྱེད་རིམ་དག་རྫོགས་སྨིན་གསུམ་ཚང་བ་དང་། རྫོགས་པའི་རིམ་པ་རྩ་ཐིག་རླུང་གསུམ་ལ་དངོས་སུ་གནད་དུ་བསྣུན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བར་བྱེད་པའི་ཐབས་བླ་ན་མེད་པ་རྣམས་ནི་བླ་ན་མེད་པའི་རྒྱུད་སྡེ་ནང་པ་རྣམས་ལས་འོག་མ་ཕྱི་རྒྱུད་སྡེ་གསུམ་པོར་ཐུན་རྗེས་བསྡུ་བ་ཙམ་དང་། མི་རྟོག་པ་བསྒོམ་པ་ཙམ་ལས་གསུངས་པ་མེད་དོ། །དེས་ན་དབང་པོ་ཤིན་ཏུ་རྣོན་པོ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་ལམ་བར་མ་ཆད་དུ་བསྒོམ་ན་ཚེ་གཅིག་ལ་རྡོ་རྗེ་འཆང་གི་སར་འགྲོ་བར་བྱེད་པའི་ཉེ་བའི་ལམ་སྣོད་མིན་ལ་སྦས་ཤིང་སྐལ་བ་མེད་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཤིན་ཏུ་ཟབ་མོ་ཡིན་ཞེས་པའོ། །གསུམ་པ་མཐུན་གྲོགས་དམ་ཚིག་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་དབང་ཐོབ་ཅིང་ལམ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་པོ་བསྒོམ་པར་བྱེད་པ་ལ་གསུམ་པ་དེའི་མཐུན་པའི་རྐྱེན་རིམ་པ་གཉིས་པོ་དེ་ཡང་དག་པའི་ལམ་དུ་འགྲོ་ཞིང་དེ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་འགྲུབ་པའི་གྲོགས་སུ་གྱུར་པ་ནི་དམ་ཚིག་བསྲུང་བ་ཁོ་ན་ལ་རག་ལས་ཏེ། དེ་མ་བསྲུངས་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་ཐམས་ཅད་ཀྱིས་བྱ་བ་བྱེད་མི་ནུས་པ་བཞིན་ལྷ་བསྒོམ་པ་དང་སྔགས་བཟླ་བ་དང་རྫོགས་རིམ་བསྒོམ་པ་སོགས་སྔགས་ཀྱི་བསླབ་པ་ཐམས་ཅད་དོན་མེད་པར་འགྱུར་བས་ན་ཇི་ལྟར་བསྲུང་བའི་ཚུལ་ནི། དང་པོ་གསང་སྔགས་ལ་ཞུགས་ཏེ་དབང་ཞུས་ཤིང་ཐོབ་པའི་དུས་སུ་ཇི་ལྟར་ཁས་བླངས་པའི་སྔགས་ཀྱི་བརྟུལ་ཞུགས་སྤང་བླང་གི་གནས་ཐམས་ཅད་ཤེས་པར་བྱས་ནས་མིག་གི་འབྲས་བུའམ་སྙིང་བཞིན་དུ་མི་ཉམས་པར་བསྲུང་དགོས་ལ། དེ་ཡང་གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ཐམས་ཅད་ལམ་དུ་བྱེད་པའི་ཐམས་ཁྱད་པར་ཅན་ཡིན་པས་ཐེག་པ་འོག་མ་ལྟར་སྤང་བླང་ལ་དོན་དམ་པར་རྫས་སུ་མི་བལྟ་བར་མ་ཟད་ཐ་སྙད་ཙམ་དུའང་མཚན་མར་མ་ཞེན་པའི་སྒོ་ནས་སྔགས་ལམ་གྱི་ཁྱད་ཆོས་དང་ལྡན་པས་གང་ཟག་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་ལྟ་སྒོམ་གྱིས་ཟིན་ནས་ལམ་དུ་བྱེད་ཅིང་ཉོན་མོངས་རང་མཚན་པའི་གཉེན་པོར་འགྲོ་བའི་རྟེན་འབྲེལ་མི་འཆོལ་བར་བྱ་སྟེ་དཔེར་ན་རྨ་བྱའི་མགྲིན་པར་གཞན་དག་འཆི་བར་འགྱུར་བའི་བཙན་དུག་ཞུགས་ན་བཅུད་ལེན་དུ་གྱུར་ནས་འདབ་མ་བལྟ་ན་སྡུག་པར་འགྱུར་བ་ལྟར་རང་གི་ལམ་གྱི་གྲོགས་སུ་གྱུར་ཏེ་ལྟ་སྒོམ་འབོགས་ཐོན་པའི་ཐབས་སུ་སྤྱད་པར་བྱ་དགོས་སོ། །གལ་ཏེ་རང་གི་རྒྱུད་ཚོད་དང་མ་བསྟུན་པར་སྤང་བླང་མེད་པའི་སྤྱོད་པ་ལ་མངོན་པར་འཆེལ་ན་ནི་ཐར་པའི་ལམ་ལ་གེགས་སུ་དེ་ལས་ཆེ་བ་མེད་པས་གཟབ་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དམ་ཚིག་གི་རྣམ་གྲངས། ཉམས་ན་ཕྱིར་བཅོས། ཉམས་པའི་ཉེས་དམིགས། བསྲུངས་པའི་ཕན་ཡོན་བཤད་པའོ། །དང་པོ་དམ་ཚིག་གི་རྣམ་གྲངས་བཤད་པ་ལ་གསུམ་སྟེ། བླ་མེད་སྤྱིའི་སྡོམ་པ། མདོ་སྒྱུ་སེམས་གསུམ་གྱི་ཁྱད་པར། བརྟུལ་ཞུགས་ཉེར་ལྔ་དང་རིགས་ལྔའི་སྡོམ་པ་བཤད་པའོ། །དང་པོ་བླ་མེད་སྤྱིའི་སྡོམ་པ་བཤད་པ་ལ་དྲུག་སྟེ། དམ་སྡོམ་གྱི་ཁྱད་པར། །རྟེན་གྱི་གང་ཟག །ལྟུང་བའི་ཡན་ལག །སྲུང་བྱེད་ཀྱི་ཐབས། བསྲུང་བྱ་དངོས། ཉམས་ན་ཕྱིར་བཅོས་པའི་ཐབས་བཤད་པའོ། །དང་པོ་དམ་སྡོམ་གྱི་ཁྱད་པར་ནི། གསང་སྔགས་ཀྱི་བསྲུང་བྱ་དེ་ལ་དམ་ཚིག་དང་ནི་སྡོམ་པ་ཞེས་པའི་ཐ་སྙད་འདོགས་ཚུལ་གྱི་ཁྱད་པར་ནི་ས་མ་ཡ་ཞེས་པའི་སྒྲ་ལས་དམ་ཚིག་སྟེ། དེ་ཡང་བསྲུངས་ན་ཉེས་པའི་ཕྱོགས་ཐམས་ཅད་ཚིག་པར་བྱེད་པའི་ཕན་ཡོན་ཐོབ་པས་ན་དམ་ཚིག་ཏུ་བཤད་དེ། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིན། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཕྱོགས་རྣམས་ཚིག་པར་འགྱུར། །ཞེས་སོ། །མ་བསྲུངས་ན་དམྱལ་བའི་མེས་བསྲེག་པའི་ཉེས་དམིགས་བསྐྱེད་པས་ཀྱང་དམ་ཚིག་ཏུ་བཞག་སྟེ། དེ་ཉིད་ལས། དམ་པ་རྣམས་ཀྱི་བཀའ་བཅག་ཅིང་། །བྱིན་རླབས་དམོད་བོར་རང་བཞིན་གྲུབ། །དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་སོ། །དེའི་ཕྱིར་ཐུན་མོང་དུ་ཇི་ལྟར་དམ་བཅས་པའི་ཚིག་དེ་ལས་འདའ་བར་བྱ་བ་མ་ཡིན་པ་ལའང་དེ་སྐད་ཅེས་བྱ་སྟེ། ཡེ་ཤེས་དམ་པ་ལས། རྒྱལ་བའི་གསང་ཆེན་རྨད་ཀྱི་ཆོས། །མ་ཉམས་དམ་དུ་འཛིན་པའི་ཕྱིར། །བླ་མས་ཇི་སྐད་བསྟན་པ་བཞིན། །དམ་བཅས་ཚིག་ནི་བརྟན་འཛིན་པ། །དམ་ཚིག་གཅེས་སུ་བཤད་པ་ཡིན། །ཞེས་སོ། །སྡོམ་པ་ནི་གནང་བ་བཀག་ལ་དཔྱད་དེ་གང་ཞིག་བླང་བར་བྱ་བ་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ངོ་བོར་སྡོམ་པར་བྱེད་པ་དང་། བླང་བར་མི་བྱ་བའི་དངོས་པོ་མཚན་མའི་རྟོག་པ་ཆ་དང་བཅས་པ་ལས་ཀྱང་རྒྱུད་སྡོམ་པའི་མཚམས་ངེས་པར་བྱ་བ་སྟེ། གུར་ལས། དེ་ལྟར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བས་སྡོམ་པ་སྟེ། །ཞེས་སོ། །དེས་ན་དེ་གཉིས་ངོ་བོ་སྔགས་སྡོམ་གཅིག་པུ་ལ་འདའ་མི་རུང་བ་དང་རྒྱུད་སྡོམ་པར་བྱེད་པའི་ལྡོག་ཆ་ནས་དབྱེ་བ་བྱས་པའོ། །དེ་ལྟར་ཡང་གསང་སྙིང་གི་རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལས་མི་འགོང་། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །དེ་ལྟར་དམ་ཚིག་དང་སྡོམ་པའི་རྣམ་པར་བཞག་པ་ལ། སྐབས་སྦྱོར་བདུན་པའི་རྒྱུད་ལས། སངས་རྒྱས་ཀྱི་དམ་ཚིག་གང་ཡིན་པ་སེམས་ཅན་གྱི་སྡོམ་པ་ཡིན་ལ། སེམས་ཅན་གྱི་དམ་ཚིག་གང་ཡིན་པ་སངས་རྒྱས་ཀྱི་སྡོམ་པ་ཡིན་ཏེ། ཞེས་པའི་དང་པོ་ནི་སངས་རྒྱས་ཀྱི་ས་ན་མཉམ་པ་ཆེན་པོའི་དམ་ཚིག་གི་རང་བཞིན་ལས་འདའ་བ་མ་ཡིན་པ་གང་ཞིག་སེམས་ཅན་གྱི་ཁམས་ལ་སྤང་གཉེན་དང་བཅས་པས་ལམ་དུས་ཀྱི་སྡོམ་པའི་རང་བཞིན་དུ་ཡོད་དེ། ཐམས་ནི་བདེ་བས་སྡོམ་པ་སྟེ། །ཞེས་དྲངས་མ་ཐག་པ་ལྟར་རོ། །གཉིས་པ་ནི་སེམས་ཅན་གྱི་དུས་ན་འདའ་བར་མི་རུང་བའི་དམ་ཚིག་སངས་རྒྱས་རྣམས་ལ་ཆོས་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་ངོ་བོར་སྡོམ་པའི་འབྲས་རྒྱུད་ཀྱི་སྔགས་སྡོམ་དུ་གནས་ཏེ། རྒྱུད་ལས། དེ་ནས་ཆོས་ཀུན་སྡོམ་གཅིག་པའི། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་དང་། རྔམ་གློག་ལས། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། །ལོག་རྟོག་ཡེ་ནས་རྣམ་པར་དག །དེ་བས་སྡོམ་པ་རྣམ་པར་དག །ཅེས་སོ། །གཉིས་པ་རྟེན་གྱི་གང་ཟག་ནི། སྔགས་ནི་བསླབ་པ་ཀུན་གྱི་སྤྱི་དོན་ཏེ་རྟེན་གཞི་ནི་སྔགས་སྡོམ་ཡིན་པས་དེ་ཉིད་རང་ཐོབ་བྱེད་ཀྱི་དབང་ཆོག་རྣམ་པ་དག་པ་ལ་བརྟེན་ནས་ཇི་བཞིན་མ་ཐོབ་པ་ལ་ལྟུང་བ་དང་དངོས་གྲུབ་གཉིས་ཀ་མེད་དེ་སློང་མོས་འཚོ་བ་རྣམས་ལ་མངའ་དབང་དང་དཔྱ་ཁྲལ་གཉིས་ཀ་མེད་པ་བཞིན་དང་། ཀུན་དཀྲིས་ཚང་བའི་ལྟུང་བས་ཉམས་ན་ཕྱིར་མ་བཅོས་པ་དང་། བསླབ་པ་ཕུལ་བ་ལ་སོགས་པས་བཏང་བ་ཡང་དེ་བཞིན་ནོ། །སྨྱོ་བ་ལ་སོགས་པའི་རྐྱེན་དབང་གིས་འདུ་ཤེས་རང་བཞིན་དུ་མི་གནས་པ་ལའང་ལྟུང་བར་བྱུང་བར་མི་འགྱུར་ཏེ། ལྟུང་ལྟུང་མིན་གྱི་མཚམས་མི་ཤེས་པའི་ཕྱིར་དགེ་སློང་སྨྱོན་པས་མི་བསད་ཀྱང་ཕམ་ལྟུང་དུ་མི་འགྱུར་བར་གསུངས་པ་བཞིན་ནོ། །དེས་ན་དེ་རྣམས་ལ་ནི་ལྟུང་བ་ཡང་མེད་དེ་མི་དགེ་བ་གཟུགས་ཅན་དུ་གྲུབ་པར་འདོད་པ་བདག་ཅག་གི་སྟོན་པའི་ལུགས་མ་ཡིན་པའི་ཕྱིར་དང་། དངོས་གྲུབ་ཀྱང་མེད་དེ་དངོས་གྲུབ་བསྒྲུབ་པའི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སྔགས་སྡོམ་དང་ལྡན་ཞིང་མ་ཉམས་པ་དང་། བསླབ་པ་མ་བཏང་ལ་ཤེས་པ་རང་བཞིན་དུ་རྣལ་དུ་གནས་ཏེ་ལྟུང་ལྟུང་མིན་གྱི་མཚམས་ཤེས་ཤིང་དྲན་ནུས་པ་དེ་ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀ་འབྱུང་བའི་སྣོད་ཡིན་ནོ། །གསུམ་པ་ལྟུང་བའི་ཡན་ལག་ནི། སྤྱིར་ཀུན་དཀྲིས་ཞེས་བྱ་བ་བྱང་སེམས་ཀྱི་རྩ་ལྟུང་གི་ཡན་ལག་ཏུ་གསུངས་པ་འདིར་སྔགས་ཀྱི་ལྟུང་བའི་ཡན་ལག་ཏུ་ཡང་སྦྱར་བར་བྱས་ན། རྩ་ལྟུང་ལྔ་པ་བྱང་ཆུབ་ཀྱི་སེམས་བཏང་བ་ནི་ཡན་ལག་བརྩི་བ་ལ་མི་ལྟོས་པར་དང་པོ་ནས་ཕམ་པར་གྱུར་པའི་རྩ་ལྟུང་ཡིན་ཞིང་། ཡང་མཁས་པ་འགའ་ཞིག་གིས་བཞི་པ་བྱམས་པ་འདོར་བ་ཡང་ཀུན་དཀྲིས་ཚང་བ་ལ་མི་ལྟོས་པར་རྩ་ལྟུང་དུ་འགྱུར་བར་བཞེད་ལ། དེའང་ཡིན་ཏེ། སྤྱོད་འཇུག་ལས། གང་ཞིག་གཞན་འབྱོར་ཁྲོ་དེ་ལ། །བྱང་ཆུབ་སེམས་ནི་ག་ལ་ཡོད། །ཅེས་པ་ལྟར་གཞན་ཡོན་ཏན་གྱི་འབྱོར་པ་དང་ལྡན་པ་ལ་ཡིད་གདུང་བས་དེ་དང་བྲལ་བར་འདོད་ན་བྱམས་པ་འདོར་བར་འགྱུར་བས་དེ་ལ་སེམས་ཅན་བློས་བཏང་གི་རྩ་ལྟུང་ཡང་འབྱུང་ཉེ་བ་ལ་དགོངས་སོ། །དེ་ལས་གཞན་པའི་རྩ་ལྟུང་བཅུ་གསུམ་མམ་བཅུ་གཉིས་པོ་ལ། རྩ་ལྟུང་གི་དངོས་གཞིར་གྲུབ་བྱེད་ཀྱི་ཀུན་དཀྲིས་ཞེས་བྱ་བའི་ཡན་ལག་བརྩི་ཚུལ་ནི། སློབ་དཔོན་སྨོད་པ་ལྟ་བུའི་ཉེས་པ་ཞིག་བྱེད་བཞིན་པ་ན་ད་དུང་བྱ་བ་དེ་བྱེད་འདོད་མ་ལོག་པ་༡དང་། བྱ་བ་དེ་ལ་ཉེས་དམིགས་སུ་བལྟས་པའི་འགྱོད་པ་མེད་པ་༢དང་། རང་ངོར་ལྟོས་ཏེ་བདག་ལ་གསང་སྔགས་ཀྱི་སྡོམ་པ་དང་འགལ་བའི་ཉེས་པ་འདི་བྱུང་བ་ནི་ཤིན་ཏུ་གནོང་ངོ་སྙམ་པའི་ངོ་ཚ་ཤེས་པ་དང་། གཞན་ངོར་ལྟོས་ཏེ་རྡོ་རྗེ་སློབ་དཔོན་སོགས་གོང་མ་རྣམས་ཀྱི་ཐུགས་ཀྱིས་ཁྲེལ་བ་དང་། འཇིག་རྟེན་ཕལ་པ་རྣམས་ཀྱི་སེམས་མ་དད་ཅིང་སུན་པར་འགྱུར་བའི་བྱ་བ་འདི་མ་ལེགས་སོ་སྙམ་པའི་ཁྲེལ་ཡོད་མེད་པ་༣སྟེ་ཆོས་གསུམ་མམ། དེའི་སྟེང་དུ་ཉེས་པ་དེ་དག་ལ་དགའ་ཞིང་མགུ་བ་༤བསྣན་ནས་བཞིར་བྱེད་པའང་ཡོད་ཅིང་དེ་དག་ཚང་བའི་ཀུན་སློང་ངན་པ་དེ་སྐྱེས་པའི་སྐད་ཅིག་གཉིས་པ་ནས་བྱ་བ་དེ་ཡོངས་སུ་རྫོགས་པའི་མཐར་གཏུགས་པ་དེ་སྲིད་དུ་རྒྱུན་ཆགས་སུ་བར་མ་ཆད་པར་ཡོད་པར་གྱུར་ན་ཀུན་དཀྲིས་ཚང་བའི་ལྟུང་བ་ཆེན་པོ་བསྐྱེད་པས་མཐུན་ཕྱོགས་སྡོམ་པ་གཅོད་ཅིང་གཉེན་པོའི་ཕྱོགས་ཕམ་པར་གྱུར་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། ཅེས་སོ། །གལ་ཏེ་རྩ་ལྟུང་བསྐྱེད་པའི་ཀུན་སློང་སྐྱེས་པ་ནས་དངོས་གཞི་མ་རྫོགས་པའི་བར་དེར་དུས་ཀྱི་བར་ཆད་ནས་རྒྱུན་ཆགས་སུ་མེད་པའམ། འདི་ལ་ཉེས་པ་འདི་ལྟ་བུ་ཡོད་དོ་སྙམ་ནས་སྤྱོད་ལོག་པ་༡དང་། ངོ་ཚ་ཁྲེལ་ཡོད་ཀྱི་བློ་སྐྱེས་པ་༢དང་། དགའ་མགུ་ལོག་པའི་ཡིད་ཅུང་ཟད་སྐྱེས་པ་༣སྟེ། ཆོས་གསུམ་པོ་དེའི་གང་ཡང་རུང་བ་ལས་ཅིག་ཤོས་མ་ཚང་ན་ལྟུང་བའི་དངོས་གཞི་བསྐྱེད་པར་བྱ་བའི་ཡན་ལག་ཐམས་ཅད་མ་ཚོགས་པས་ཕམ་པའམ་རྩ་བའི་ལྟུང་བ་དངོས་མིན་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །ཀུན་དཀྲིས་ཀྱི་ཡན་ལག་བཞིར་དབྱེ་བའི་དབང་དུ་བྱས་ན། བཞི་པོའི་ནང་ནས་ཉེས་དམིགས་སུ་ལྟ་བ་ཡོད་ན་ལྷག་མ་གསུམ་ཆར་ཚང་བ་དང་། གཉིས་དང་གཅིག་ཚང་བ་རྣམས་ཆུང་ངུ་དང་། ཉེས་དམིགས་སུ་མི་ལྟ་བ་ཡོད་ན་ལྷག་མ་གསུམ་ཆར་མེད་ཀྱང་འབྲིང་ཡིན། ཆེན་པོ་ནི་ཤུགས་ལས་ཤེས་སོ། །བཞི་པ་སྲུང་བྱེད་ཀྱི་ཐབས་ནི། འདི་ལྟར་རྡོ་རྗེ་ཐེག་པའི་ལྟུང་བ་ནི། གྲངས་མང་ལ་འབྱུང་ཉེ་བས་བསྲུང་མི་ནུས་སོ་སྙམ་དུ་སྒྱིད་ལུག་པར་མི་བྱ་བར་ཆུ་མ་འོང་བའི་སྔ་རོལ་ནས་ཆུ་ལོན་བྱེད་པ་ལྟར། ཀུན་དཀྲིས་བརྩི་བའི་ཚུལ་དེ་ཡིས་ལྟུང་བའི་མཚམས་ལེགས་པར་ངེས་ཤིང་ཤེས་པར་བྱས་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་པ་ཀུན། རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་བརྒྱད་ལྟ་བུའི་ནང་དུ་གནད་བསྡུས་ཏེ་འདི་དག་ལ་བླང་དོར་བྱེད་པའི་ནན་ཏན་ནི་བདག་གི་སྲོག་ལ་བབ་ཀྱང་མི་གཏོང་ངོ་སྙམ་དུ་ཡིད་ཀྱིས་བསྲུང་སེམས་མི་སྤོང་ཞིང་། ལུས་ངག་གཉིས་ཀྱི་སྒོ་ནས་དངོས་སུ་བླང་དོར་བྱེད་པའི་བྱ་བ་ཡང་དོར་བར་མི་བྱ་སྟེ། དགྲ་ལ་སོ་འཛུགས་པ་ལྟར། སྲུང་བྱའི་གནས་ཐམས་ཅད་མི་བརྗེད་པའི་དྲན་པ་དང་། ཉེས་པ་བྱུང་མ་བྱུང་དང་། ཉེས་པ་འབྱུང་བའི་རྒྱུ་ལ་སྒོ་གསུམ་བརྩོན་གྱིན་ཡོད་མེད་སོགས་ལ་ཡང་ཡང་བརྟགས་པ་ཤེས་བཞིན། རྟག་ཏུ་སྙིང་ལ་བཅགས་ཏེ་གཟབ་པར་བྱེད་པ་བག་ཡོད་པ་སྟེ་གསུམ་གྱི་སྒོ་ནས་བསྲུང་བར་བྱེད་ལ། དེ་ཡང་ལུས་དང་འབྲེལ་བ་རྣམས་ནི་བྱ་བ་དེ་བྱས་ཟིན་པ་དང་རྩ་ལྟུང་དུ་འགྱུར་ལ། ངག་དང་འབྲེལ་པ་རྣམས་ཕ་རོལ་པོ་གང་རུང་གིས་གོ་བ་དང་། ཡིད་ཁོ་ནས་ལྟུང་བར་འགྱུར་བ་རྣམས་ནི་ཐུན་མཚམས་སོ་སོའི་ནང་དུ་གཉེན་པོས་མ་སླེབ་ན་རྩ་ལྟུང་དུ་འགྱུར་བ་ཡིན་ལ། སྤྱིར་ཡང་ལུས་ངག་གི་གྲོགས་སུ་ཡིད་མི་འགྲོ་བ་ནི་མེད་པས་ན། ཉིན་ཐུན་གསུམ་དང་མཚན་མོ་ཡང་ཐུན་གསུམ་སྟེ་ཆ་དྲུག་ཏུ་བགོས་པ་ལ་ཆ་རེ་རེའི་ནང་དུའང་བདག་ལ་ནི་གཏན་གྱི་འདུན་མ་སྒྲུབ་པའི་རྒྱུ་གཅིག་པུ་ཉམས་ལེན་གྱི་གྲོགས་དམ་ཚིག་བསྲུང་བ་འདི་ཡིན་པས་འདི་ལས་གལ་ཆེ་བ་ཅི་ཡང་མེད་དོ་སྙམ་དུ་རྩ་བའི་ལྟུང་བ་བཅུ་བཞི་པོའི་ཉེས་པ་བྱུང་ངམ་མ་བྱུང་བརྟག་དཔྱད་ཞིབ་ཏུ་བཏང་ནས་སྔོ་བགྲང་བྱ་ཞིང་། དེ་ལྟར་བྱས་པའི་ཚེ་ན་ལྟུང་བའི་ཉེས་པ་གང་ཡང་རུང་བས་གོས་པར་གྱུར་པ་མཐོང་ན་ཅི་མི་སྙམ་དུ་མི་སེམས་པར་སྙིང་ཐག་པ་ནས་ཉེས་དམིགས་ལ་བསམས་ཏེ་འགྱོད་པ་བསྐྱེད་ཅིང་ཕྱི་བཤོལ་མི་བྱེད་པར་ཕྱིར་འཆོས་པའི་ཐབས་ལ་དེ་མ་ཐག་ཏུ་སེམས་ཤིང་བཤགས་པར་བྱའོ། །གལ་ཏེ་ཉེས་པ་གང་གིས་ཀྱང་གོས་པ་མིན་པར་མཐོང་ན་བདག་གི་ལམ་ལ་བར་དུ་མ་ཆད་པས་གོ་བཅད་དོ་སྙམ་དུ་དགའ་བ་བསྒོམ་ཞིང་། དེ་ལྟར་ཉེས་པ་བྱུང་བ་བཤགས་པ་དང་། མ་བྱུང་བའི་དགེ་བའི་རྒྱུན་དེ་དག་གཞན་དོན་དུ་བསྔོ་བར་བྱའོ། །སྔོན་ཆད་ལྟུང་བའི་ཉེས་པས་གོས་སམ་མ་གོས་པ་གང་ཡིན་ཀྱང་རུང་སྟེ་ཕྱིས་མི་བྱེད་པའི་དམ་བཅའ་ནི་གལ་ཆེ་སྟེ། སྔར་བྱུང་བ་ཡིན་ན་ནི་དམ་བཅའ་མེད་ན་ཉེས་པའི་རྒྱུན་མི་ཆོད་ཅིང་བཤགས་པ་བྱས་ཀྱང་ལྷག་མ་མེད་པར་འདག་མི་ནུས་ལ། སྔར་མ་གོས་ནའང་དམ་བཅའ་མེད་ན་ཕྱིས་འབྱུང་ཉེ་བས་ན། ཕྱིན་ཆད་ནི་སྲོག་ལ་བབ་ཀྱང་རྩ་ལྟུང་གི་ཉེས་བྱས་ཀྱི་ལས་ཕྱོགས་མཐུན་དང་བཅས་པས་གོས་པར་མི་བྱ་བའི་སྡོམ་སེམས་ཤིན་ཏུ་སྟེ་སེམས་སྟོབས་དྲག་པོས་ཡང་ཡང་རྒྱུད་ལ་བསྟེན་པར་བྱའོ། །གང་གི་ཚེ་ན་ཉིན་མཚན་གྱི་ཆ་དྲུག་པོ་གང་ཡང་རུང་བ་རེའི་ནང་དུ་སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་ཏེ་བརྗེད་པར་གྱུར་ན། དྲན་ཤེས་ཀྱི་སྒོ་ནས་སྔོ་བགྲང་བྱེད་པ་ལས་འདས་པའི་ཁ་ན་མ་ཐོ་བའི་སྦོམ་པོ་ཞེས་པ་འབྱུང་བར་འགྱུར་ཏེ། ཇི་སྐད་དུ། ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་གྱིས་བཟླ་བར་བྱ། གང་ཚེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པར་འགྱུར། །ཞེས་སོ། །དེ་ལྟར་སྔོ་བགྲང་བྱེད་པའི་དྲན་ཤེས་མ་བྱུང་བར་ཐུན་ཚོད་ཀྱི་ཆ་དྲུག་ཀ་འདས་པར་གྱུར་ན་སྦོམ་པོ་དྲུག་ཏུ་འཕེལ་བར་འགྱུར་རོ། །དེ་ལྟར་འཕེལ་བ་དེ་ཉིན་ཞག་དེའི་ཁོང་དུ་ཡང་དྲན་ཤེས་མ་སླེབ་པས་ཕྱིར་བཅོས་པའི་ཐབས་མ་གྲུབ་ན། ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་ཉེས་པ་སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་པས་ཉེས་པ་ཐམས་ཅད་ཉིན་ཞག་རེ་རེ་བཞིན་འཕེལ་བར་འགྱུར་བའི་ཚུལ་ལ་བསམ་སྟེ་གཟབ་པར་བྱའོ། །ཡན་ལག་གི་དམ་ཚིག་སྦོམ་པོའི་རྣམ་གྲངས་རྣམས་ལ་ཡང་རང་རང་གི་ཡན་ལག་ཚང་མ་ཚང་གིས་སྦོམ་ལྟུང་དངོས་དང་ཉེས་བྱས་སུ་འགྱུར་བའི་ཚུལ་དང་། སྔོ་བགྲང་བྱེད་པའི་ཚུལ་དང་། སྔོ་བགྲང་མ་བྱས་ན་ཉེས་བྱས་འཕེལ་བ་ལ་སོགས་པ་ནི་རྩ་ལྟུང་ལ་བཤད་པ་དེ་ཡིས་འགྲེ་ཤེས་པར་བྱའོ། །ལྔ་པ་བསྲུང་བྱ་དངོས་བཤད་པ་ལ་གསུམ་སྟེ། རྩ་ལྟུང་བཅུ་བཞི་བཤད་པ་དང་། ཡན་ལག་སྦོམ་པོའི་རྣམ་གྲངས་བཤད་པ་དང་། རྩ་ལྟུང་གི་ཁུངས་སྨོས་པའོ། །དང་པོ་རྩ་ལྟུང་བཅུ་བཞི་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལ་རྒྱུད་སྡེ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་རིམ་པ་བཞིན་དུ་བཤད་པ་ལས། ཐོག་མར་བཤད་པར་བྱ་བ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། དུས་འཁོར་དང་། གཤེད་དམར་དང་། དགྲ་ནག་གི་རྒྱུད་ལ་སོགས་པར་རྩ་ལྟུང་བཅུ་བཞི་གྲངས་ངེས་པ་ཅན་དུ་གསུངས་ཤིང་། དེ་དག་ལས་གཞན་པའི་རྒྱུད་སྡེ་རྣམས་ན་གྲངས་དེ་དང་མི་མཐུན་པ་དེ་ལས་ཉུང་བ་དང་། དེ་བས་མང་དུ་ཡོད་པ་རྣམས་ཀྱང་དོན་དུ་མཚུངས་པར་ཡོད་དེ་དངོས་ཤུགས་གང་རུང་གིས་མང་པོ་རྣམས་འདི་ཉིད་དུ་བསྡུ་རུང་ཞིང་། ཉུང་ངུ་རྣམས་ལ་འདི་ཉིད་འདུ་བར་འགྱུར་བས་ན་བླ་ན་མེད་པའི་རྒྱུད་སྡེ་སྤྱིའི་ཉམས་ལེན་ལ་གཅེས་པའི་ཆིངས་ཆེན་པོ་ཡིན་ཏེ། བླ་མ་ལྔ་བཅུ་པ་ལས། རྩ་བའི་ལྟུང་བ་བཅུ་བཞི་ནི། །བཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་སོ། །དེ་ཡང་ཤིང་ལ་སོགས་པའི་རྩ་བ་བཏོན་ན་སྡོང་བུ་དང་། ཡལ་ག་དང་། ལོ་མ་ནས་འབྲས་བུའི་བར་ཐམས་ཅད་མེད་པར་བྱེད་པ་བཞིན་དུ་ཡོན་ཏན་ཐམས་ཅད་བསྐྱེད་པར་བྱེད་པའི་རྩ་བ་ནི་སྡོམ་པ་ཡིན་པ་དེ་རྩད་ནས་གཅོད་པར་བྱས་ན་ཡོན་ཏན་གང་ཡང་མི་འབྱུང་བས་རྩ་བ་དང་། གནས་འོག་མར་ལྟུང་བར་འགྱུར་བའི་རྒྱུ་ཡིན་པས་ལྟུང་བ་ཞེས་བྱ་ཞིང་། གྲངས་ནི་དབང་བཞི་དང་འགལ་བའི་བཅུ་བཞིའི་རབ་ཏུ་དབྱེ་བར་བྱ་བ་སྟེ། དེའང་གཙོ་ཆེ་བའི་དབང་དུ་བྱས་ཏེ། བཅུ་གསུམ་པ་བྱང་སེམས་ཀྱི་རྒྱུད་དམ་རྫས་ཇི་བཞིན་མི་བསྟེན་པ་དང་། ལྔ་པ་འབྲས་བུ་བྱང་སེམས་འདོར་བ་གཉིས་གསང་ཤེར་གྱི་དང་། ཁྱད་པར་བཅུ་བཞི་པ་ཤེས་རབ་མ་ལ་སྨོད་པ་ཤེར་དབང་གི་མི་མཐུན་ཕྱོགས། དགུ་པ་རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་དང་། བཅུ་གཅིག་པ་མིང་བྲལ་ཆོས་ལ་ཚད་མས་གཞལ་བ་གཉིས་དབང་བཞི་པའི་དང་། ལྷག་མ་དགུ་པོ་བུམ་དབང་དང་འགལ་བའི་རྩ་ལྟུང་ཡིན་ཞིང་དབང་ཕྱི་མ་ཕྱི་མའི་ཚེ་ན་སྔ་མ་སྔ་མ་ཐུན་མོང་དང་དབང་རང་སྐལ་གྱི་དེ་ཉིད་ཐུན་མོང་དུ་འགྱུར་ལ། དེས་ན་བུམ་དབང་ཙམ་ཐོབ་པས་རང་གི་དགུ་པོ་སྤྱད་ན་རྩ་ལྟུང་དུ་འགྱུར་གྱི། དེ་ལས་གཞན་པ་ལྔ་ལ་སྤྱད་ཀྱང་རྩ་ལྟུང་དངོས་སུ་མི་འགྱུར་ཏེ་དེ་དག་སྤོང་བའི་སྡོམ་པ་མ་ཐོབ་པའི་ཕྱིར་རོ་གསུངས། །འོ་ན་འདི་དག་གི་གོ་རིམ་དབང་བཞིའི་རིམ་པ་ལྟར་མེད་པ་ཅི་ཡིན་ཞེ་ན། གོ་རིམ་ནི་འདི་ལྟར་སྔགས་ཀྱི་དངོས་གྲུབ་ཀྱི་རྩ་བ་བླ་མ་དང་། དེ་ལ་བརྟེན་ནས་ལུང་གི་ཆོས་དང་། ཆོས་སྒྲུབ་པའི་གྲོགས་སྤོང་བ་སོགས་གཉེན་པོ་སྔགས་ཀྱི་གོ་རིམ་དང་། སྔ་མ་སྔ་མ་ལྕི་ཞིང་ཕྱི་མ་ཕྱི་མ་ཡང་བས་ལྕི་ཡང་གི་གོ་རིམ་ཡང་ཡིན་པས་འདི་ལྟར་བཞག་པ་ཡིན་ནོ། །དེ་རྣམས་སོ་སོའི་ཡུལ་དང་བསམ་པ་དང་བྱ་བའི་དངོས་གཞི་སོགས་ཀྱི་མཐར་ཐུག་ལྟུང་བར་འགྱུར་བའི་མཚམས་ནི་འོག་ཏུ་བཤད་པ་འདི་ལྟར་བརྟག་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་བཞི་ལས། དང་པོ་སློབ་དཔོན་སྨོད་པ་ནི། དེ་ལ་རྩ་ལྟུང་བཅུ་བཞི་པོའི་ནང་ནས་ཉེས་པ་ཤིན་ཏུ་ལྕི་བའི་རྩ་ལྟུང་དང་པོ་ནི། སྤྱིར་བཏང་ཡུལ་བླ་མའི་ངོས་ནས་སློབ་དཔོན་དྲུག་ལ་སོགས་པ་བཤད་པའི་ཕྱིར་སྔགས་ཆོས་ཁོ་ནས་སྦྲེལ་བ་ཞིག་མི་དགོས་ཀྱང་། འདིར་ཡུལ་ཁྱད་པར་བའི་དབང་དུ་བྱས་ན། རང་གི་དབང་ཐོབ་པའི་ཡུལ་གྱི་སློབ་དཔོན་ནི་རང་ལ་རྡོ་རྗེ་ཐེག་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་གཞི་འཛུགས་པ་པོ་ཡིན་པས་དེ་ལ་བརྙས་པ་སོགས་བྱས་ན་ལྟུང་བར་འགྱུར་ཞིང་ཉེས་པ་ཆེ་བ་སྨོས་ཅི་དགོས་ཀྱང་། ཟབ་མོའི་དོན་ལ་ཤེས་རབ་ཀྱི་མིག་འབྱེད་པའི་སློབ་དཔོན་སྔགས་ཀྱི་རྒྱུད་སྡེ་མང་ངམ་ཉུང་ཡང་རུང་ཁ་ཚང་བར་སྟོན་པ་ནས་ཐ་ན་ཚིགས་བཅད་གཅིག་པ་ཡན་ཆད་ཀྱི་དོན་ཕན་སེམས་ཀྱིས་མ་ནོར་བར་བཀྲལ་ནས་སྟོན་པར་མཛད་པ་དང་། སྒོམ་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་གནད་དུ་དྲིལ་བའི་མན་ངག་ཟབ་མོ་ཁྲིད་ཀྱི་ཚུལ་དུ་སྟོན་པ་སྟེ་དེ་གསུམ་ནི་ཡུལ་ཡིན་ལ། དེ་ཡང་གསུམ་ག་བླ་མ་གཅིག་གིས་མཛད་ན་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཞེས་ཤིན་ཏུ་གཉན་ཞིང་། ཡང་དབང་བསྐུར་ནས་རྒྱུད་བཤད་པ་ལྟ་བུ་ནི་གཉིས་ལྡན་དང་། དབང་བསྐུར་བ་ལྟ་བུ་གཅིག་ལྡན་ཏེ་གང་ལྟར་ཡང་དེ་རྣམས་ལ་བྱང་ཆུབ་སྙིང་པོའི་བར་དུ་གསང་སྔགས་ཀྱི་ཆོས་ཀྱི་ལམ་སྟོན་དུ་འབྲེལ་ཟིན་པར་གྱུར་པའི་ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་གཡོ་ཟོལ་མེད་པར་བསྙེན་བཀུར་གྱི་ཁུར་དང་དུ་བླངས་ནས་གསུང་གི་ཟུར་ཙམ་ཡང་མི་བཅག་པར་བཀུར་དགོས་པ་ལ། རང་གི་འདོད་རྒྱུའི་ཆོས་དེ་ཐོབ་ཟིན་ནས་ནི་སྙིང་རིང་བར་གྱུར་ནས་ཇི་མི་སྙམ་དུ་འདུག་སྟེ་བླ་མར་འཛིན་པའི་བསྙེན་བཀུར་གྱི་ཁུར་དེ་བོར་བར་གྱུར་ན་ཡང་བླ་མའི་བྱིན་རླབས་མི་འཇུག་པས་དངོས་གྲུབ་ཀྱི་སྐལ་བ་རྒྱང་རིང་དུ་འགྱུར་ཞིང་། ད་དུང་དེའི་སྟེང་དུ་ཕྲག་དོག་དང་ཞེ་སྡང་གི་ཀུན་སློང་ངན་པས་བརྙས་ཤིང་སྨོད་པར་བྱས་ཏེ་སྙིང་ཐག་པ་ནས་འདི་ལ་མི་རེའོ་སྙམ་པ་བྱུང་ན་ཀུན་དཀྲིས་ཀྱང་ཚང་བར་འགྱུར་བས་རྩ་ལྟུང་གི་ཚད་དུ་སླེབས་ཤིང་ཉེས་པའང་ཤིན་ཏུ་ཆེ་སྟེ་མཚམས་མེད་པ་ལས་ཀྱང་ཐུའོ། །འདི་ལྟར་མཚམས་མེད་པ་བྱས་པས་ཀྱང་གདོད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བླ་མའི་བཀའ་བཞིན་བསྒྲུབ་ན་དངོས་གྲུབ་ཐོབ་པའི་ཚུལ། བདེ་བ་ཆེན་པོའི་རྒྱུད་ལས། ཤན་པ་སྨད་འཚོང་མཚམས་མེད་སྤྱད་པས་ཀྱང་། །རང་རིག་ཤེས་པས་གང་གིས་བསྒྲིབ་མི་འགྱུར། །ཞེས་སོ། །སྙིང་ནས་སློབ་དཔོན་སྨོད་ཅིང་བཤགས་སྡོམ་གྱིས་སོར་ཆུད་པར་མི་བྱེད་པ་དེ་ལ་གསང་སྔགས་ཀྱི་དངོས་གྲུབ་ཇི་ལྟར་བསྒྲུབས་ཀྱང་འཐོབ་པ་ཡོད་པ་མ་ཡིན་པར་མ་ཟད་རྡོ་རྗེའི་དམྱལ་བར་འགྲོ་བར་འགྱུར་ཏེ། ཀོ་ས་ལའི་རྒྱན་ལས། སྙིང་ནས་སློབ་དཔོན་སྨོད་པ་དང་། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་དམོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་བཤད་པས་ཤིན་ཏུ་གཟབ་པར་བྱའོ །གལ་ཏེ་སླར་གསོ་བའི་ཐབས་ལ་འབད་ན་རྣམ་སྨིན་གྱི་ཆ་སྦྱོང་ནུས་ཀྱང་དངོས་གྲུབ་ཐོབ་པ་ལ་ཤིན་ཏུ་འགྱང་བ་ཡིན་པས་དང་པོ་ཉིད་ནས་དེ་འདྲའི་ཉེས་པ་ལ་མི་སྦྱོར་བའི་དམ་བཅའ་ལེན་ཞིང་བླ་མ་རྣམས་ལ་སྙིང་བཞིན་དུ་གཅེས་ཤིང་ཕངས་པར་བལྟའོ། །གཉིས་པ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ནི། ཡུལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཉམས་སུ་བླང་བྱའི་སྙིང་པོ་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་སྤྱི་དང་། བྱེ་བྲག་དེ་རྣམས་ཀྱི་སྤང་བར་བྱ་བ་དང་བླང་བར་བྱ་བའི་བསླབ་པའི་གནས་གང་ཡང་རུང་བ་རང་གིས་ཤེས་བཞིན་དུ་ཁྱད་གསོད་ཀྱི་བསམ་པས་སྟོན་པ་བདེ་བར་གཤེགས་པའི་གནང་བ་དང་བཀག་པ་ཡི་མཚམས་དེ་ལས་འདས་པ་སྟེ་མི་མཐུན་པའི་ཕྱོགས་ལ་ཞུགས་ཏེ་དཔེར་ན་ས་བོན་འཇོམས་པ་འདིས་ཐར་པ་ལ་བར་དུ་གཅོད་པར་མི་འགྱུར་རོ་ཞེས་འཇོམས་པར་བྱེད་པ་ལྟ་བུ་དང་། མཐུན་ཕྱོགས་བླ་གོས་སོགས་ལེགས་པར་བགོ་བ་འདི་ཙམ་ནི་ཐར་པའི་རྒྱུ་མིན་ནོ་ཞེས་མི་བསྒྲུབ་པ་ལྟ་བུས་མཚོན་ནས་བསླབ་པའི་གནས་གང་དང་འགལ་བར་བྱས་ཀྱང་རུང་ལ། དེ་དང་འབྲེལ་བར་གཞན་ལ་བཤད་ཀྱང་རུང་སྟེ་ཀུན་དཀྲིས་ཚང་བ་དང་། དེ་བཞིན་དུ་མདོ་རྒྱུད་མན་ངག་དང་བཅས་པའི་དགོངས་དོན་དང་། ཐབས་སྣ་ཚོགས་པས་གདུལ་བྱ་འདུལ་བའི་དགོས་དོན་ལེགས་པར་ཐུགས་སུ་ཆུད་ཅིང་མཚན་ཉིད་དང་ལྡན་པའི་བླ་མ་ཡིས་གདུལ་བར་བྱ་བའི་ཡུལ་དང་། འདུལ་བའི་དུས་ཚོད་དང་། དབང་པོ་དང་སྐལ་པའི་རིམ་པ་སོགས་ལ་དགོངས་ཏེ་སྔ་ཕྱི་འགལ་བ་ལྟ་བུ་དང་། གནས་སྐབས་དང་མི་འཚམས་པ་ལྟ་བུ་དང་། ཆོས་དང་མི་མཐུན་པ་ལྟ་བུ་ཅི་འདྲ་བ་ཞིག་བཀའ་སྩལ་ཀྱང་འདི་ལ་ངེས་པར་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་དོ་སྙམ་དུ་གསུང་སྣ་ཁྲིད་ན་ཕྱིས་དེའི་དགོས་པ་ཤེས་ཤིང་དོན་དང་ལྡན་པར་འགྱུར་བ་ལ། དེ་ལྟ་མ་ཡིན་པར་འདི་ལ་ནི་དགོས་པ་ཅི་ཡང་མེད་དོ་སྙམ་པ་ལ་སོགས་པ་ལྟ་བུའི་སྒོ་ནས་ཁྱད་དུ་བསད་དེ་མ་བསྒྲུབས་ནའང་ཀུན་དཀྲིས་ཚང་ན་རྩ་ལྟུང་དུ་འགྱུར་ཏེ་དངོས་གྲུབ་ཐམས་ཅད་སངས་རྒྱས་དང་བླ་མའི་བཀའ་རྗེས་སུ་འགྲོ་ཞིང་དེ་ལས་འདས་པ་ནི་བླ་མ་ལ་བརྙས་པའི་འོག་ནས་ཉེས་པ་ཆེ་བས་རྩ་ལྟུང་གཉིས་པར་བཞག་པ་ཡིན་ནོ། །གསུམ་པ་མཆེད་ལ་འཁུ་བའི་རྩ་ལྟུང་ནི། ཡུལ་ནི་དབང་གྲལ་གཅིག་ཏུ་འདུས་ཏེ་བླ་མ་དང་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དབང་ཞུས་ན་ཕ་མ་གཅིག་པའི་སྤུན་བཞིན་ནང་འདྲེས་པའི་མཆེད་ཅེས་བྱ་བས་དེ་ལ་ཀུ་རེ་ལ་སོགས་པའི་ཕྱིར་མ་ཡིན་པར་སྙིང་ནས་ཞེ་སྡང་བའམ། ཁོན་འཛིན་དང་། ཕྲག་དོག་གི་བསམ་པས་སྐུར་བ་འདེབས་པ་དང་། མི་བཀུར་ཞིང་བརྙས་བཅོས་བྱས་པ་ལ་སོགས་པས་བརྩེ་གདུང་རྒྱུན་བཅད་དེ་ལྟོས་མེད་དུ་བློས་དོར་ནས་ཀུན་དཀྲིས་ཚང་བར་གྱུར་ན་ལྟུང་བར་འགྱུར་བའི་ཚུལ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་རྣམ་པར་བཞག་པ་ལས། དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ། །ཞེས་དང་། ཤཱནྟི་པས་ཀྱང་། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལ་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ། དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་པ་ལ་སོགས་པ་སྔ་ཕྱིས་བྱོན་བཞུགས་ཀྱི་མཁས་པ་རྣམས་ཀྱིས་དམིགས་ཀྱིས་བསལ་བར་མཛད་ནའང་། དེ་ནི་ཤིན་ཏུ་གཉན་པ་ཙམ་དུ་ཟད་ཀྱི་གཞན་ལའང་བསྲུང་དགོས་ཏེ། གཞན་གང་ཞེ་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རིགས་གཅིག་གིས་བསྡུས་པའི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དང་། རྒྱལ་བའི་བསྟན་པ་ལ་ཞུགས་སོ་ཅོག་བསླབ་པའི་གནས་ཆེ་ཕྲ་གང་རུང་ཞིག་དང་ལྡན་པས་ཆོས་བརྒྱད་གཅིག་པ་རིང་བའི་མཆེད་དང་། རྡོ་རྗེ་ཐེག་པའི་སྡོམ་པ་ལ་གནས་པ་ཐམས་ཅད་དམ་ཚིག་གཅིག་པ་ཉེ་བའི་མཆེད་ཡིན་པས་དེ་རྣམས་ལའང་། བསྲུང་དགོས་པར་སྔ་མ་དང་མཚུངས་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་སེམས་ཅན་ལ་གནོད་པའི་བསམ་སྦྱོར་སྤོང་དགོས་པར་བསྟན་པའི་ཚུལ་ལ་བསམ་དགོས་ཤིང་། ཁྱད་པར་བསྐྱེད་རིམ་གྱི་དམ་ཚིག་ཏུའང་སྣོད་བཅུད་ལྷ་དང་ལྷ་མོར་བལྟ་དགོས་ན་མ་འོངས་པའི་སངས་རྒྱས་ནི་སེམས་ཅན་རྣམས་ཡིན་པས་དེ་ཀུན་ལ་བརྙས་སོགས་སྤང་དགོས་པ་ལྟ་ཅི་སྨོས་ཏེ། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་དག་བདག་ལས་གཞན་མེད་ཅིང་། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ན། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་བཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །བཞི་པ་བྱམས་པ་འདོར་བའི་རྩ་ལྟུང་ནི་ཡུལ་བྱང་སེམས་སྔགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བླ་ན་མེད་པའི་བུ་གཅིག་པ་བཞིན་དུ་བལྟས་ནས་བློས་ནམ་ཡང་འདོར་དུ་མི་རུང་སྟེ། རྒྱུད་ལས། སེམས་ཅན་ཀུན་ལ་ཕན་པའི་སེམས། །ནམ་ཡང་གཏོང་བར་མི་བྱའོ། །ཞེས་སོ། །དེ་ལྟ་བས་ན་འདི་ལྟར་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པས་ཀུན་ལ་གནོད་ཅིང་འཚེ་བར་བྱེད་པའི་སེམས་ཅན་ཞིག་མཐོང་བའི་ཆོས་ཚེ་འདི་ལ་རང་གི་སྔོན་གྱི་ལས་སམ། ད་ལྟའི་བྱ་བ་ངན་པའི་སྟོབས་ཀྱིས་ལུས་སེམས་སྡུག་བསྔལ་དང་གནོད་པ་དུ་མས་མནར་བར་གྱུར་བ་དེ་ལའང་དགའ་བ་བསྒོམས་ནས་སེམས་ཅན་གཅིག་པུ་དེ་ལ་བྱམས་པའི་སེམས་གཏོང་བ་དེ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་བསྒོམ་པའི་མི་མཐུན་པའི་ཕྱོགས་ཆེན་པོ་ཡིན་ཏེ་སེམས་ཅན་ཐམས་ཅད་ཁམ་ཚང་བའི་ཕྱིར་བྱང་ཆུབ་སེམས་དཔར་ཉེས་པ་རབ་ཏུ་ལྕི་བ་ཡིན་ན་དངོས་སུ་གཞན་བདེ་བ་དང་ལྡན་པ་མཐོང་ནས་དེ་ལ་མི་དགའ་བར་འདི་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་དུ་འདོད་པ་བསྐྱེད་པ་ལ་རྩ་ལྟུང་འབྱུང་བ་སྨོས་ཅི་དགོས་ཏེ་སེམས་ཅན་གཅིག་ཙམ་ལའང་རུང་སྟེ་ཀུན་དཀྲིས་ཚང་ན་དངོས་གཞིའོ། །འདི་དང་ལྡན་པའི་ཁྱད་པར། འདིས་གནས་སྐབས་ཙམ་དུ་བྱམས་པ་འདོར་བ་ཡིན་ཞིང་། གཅིག་ཤོས་ཀྱིས་ནི་གཏན་དུ་བློས་བཏང་བའོ། །འོ་ན་ལྕི་ཡང་གི་གོ་རིམ་དང་འགལ་ལོ་སྙམ་ན། འདི་སེམས་བསྐྱེད་འདོར་བའི་རྒྱུར་འགྱུར་ཉེན་ཆེ་བས་སྔོན་དུ་བཞག་པ་ཡིན་ནམ་སྙམ་མོ། །ལྔ་པ་བྱང་སེམས་འདོར་བའི་རྩ་ལྟུང་ནི། ཡུལ་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་ཏེ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཞིང་དམ་བཅའ་བའི་རྣམ་རིག་དང་དངོས་སུ་འགལ་བའི་བྱང་ཆུབ་སེམས་ཀྱི་ཟུར་གཉིས་གང་ཡང་རུང་བ་ཉམས་ཏེ་སྤངས་པའི་བློ་སྐྱེས་པའི་མོད་ལ་སྨོན་སེམས་རྩ་བ་ནས་གཏོང་བར་འགྱུར་བའི་ཕྱིར། དེ་བཏང་ན་འཇུག་སྡོམ་ཡང་མེད་པར་བྱེད་པས་ཐེག་ཆེན་མདོ་སྔགས་ཀྱི་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཡིན་པས་ད་བཏང་བ་ཙམ་གྱིས་ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་ཡིན་གྱི་ཡན་ལག་གཞན་ཚང་མི་དགོས་སོ། །ཁྱད་པར་གསང་དབང་གི་ལམ་པས་སྐྱུག་བྲོའི་དབང་གིས་ཐབས་ཤེས་ཀྱི་ཁུ་ཁྲག་སྤངས་པ་དང་། ཤེས་རབ་ཡེ་ཤེས་ཀྱི་ལམ་པས་གནང་བའི་སྐབས་བདུན་པོ་གང་ཡང་རུང་བ་མིན་པར་འདོད་ཆགས་ཀྱི་སེམས་ཀྱིས་དབྱུང་འདོད་ཀྱི་ཀུན་སློང་གིས་ཁུ་བ་ཕྱུང་བ་སྟེ་དེ་ཡང་ཀུན་དཀྲིས་ཚང་ན་ལྟུང་བའི་དངོས་གཞི་བསྐྱེད་དོ། །གནང་བའི་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་རྒྱུད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ནོ། །ཞེས་སོ། །དྲུག་པ་གྲུབ་མཐའ་སྨོད་པ་ནི། འདིའི་ཡུལ་ཡང་། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཞེས་གསུངས་པ་ལ་རང་ནང་པ་དང་། གཞན་ཕྱི་རོལ་པ་ལ་བྱེད་པ་དང་། ཡང་ན་རང་གསང་སྔགས་པ་དང་། གཞན་མཚན་ཉིད་ཐེག་པ་ལ་བྱེད་པའི་ཚུལ་གཉིས་ལས་རང་ལུགས་ནི་སྔ་མ་ལྟར་ཏེ། དེ་ལ་མུ་སྟེགས་ཅན་རྣམས་དང་ཐེག་པ་འོག་མའི་གྲུབ་པའི་མཐའ་རྣམས་ལ་བརྟགས་ཤིང་དཔྱད་ནས་ཕ་རོལ་པོའི་དངོས་ཞེན་ཚར་གཅོད་པ་དང་། དེ་ཡང་དག་པའི་ལམ་ལ་དཀྲི་ཞིང་རྗེས་སུ་འཛིན་པ་དང་། ཡང་དག་པའི་ཆོས་ལ་རྒོལ་བ་སེལ་བ་སོགས་པའི་དགོས་པ་ཡོད་ན་ཉེས་པ་མེད་པར་མ་ཟད་དོན་ཆེ་ཞིང་བསོད་ནམས་དང་ལྡན་པར་བཤད་མོད། དེ་ལྟ་མ་ཡིན་པར་མཆོག་དམན་དུ་བལྟས་ཏེ་ཁྱད་གསོད་དང་ཕྱོགས་ཞེན་གྱིས་མུ་སྟེགས་པའི་ལམ་ལའང་སྨད་པར་མི་བྱ་སྟེ། དེ་དག་གི་ལམ་ཕལ་ཆེར་ན་བསྟན་པའི་དཀར་ཆོས་རྣམས་ཀྱང་མངོན་མཐོའི་རྒྱུ་ཡིན་པའི་ཕྱིར་དང་། ཀུན་སློང་ཆགས་སྡང་གིས་བྱས་པ་རྣམས་ལམ་དང་འགལ་བའི་ཕྱིར་དང་། བྱང་སེམས་ཀྱིས་གཞན་སེམས་བསྲུང་དགོས་པའི་ཕྱིར་དང་། ཁྱད་པར་དུ་གསང་སྔགས་པས་སྣང་བ་དག་པ་རབ་འབྱམས་སུ་སློབ་དགོས་པའི་ཕྱིར། རྣམ་སྣང་མངོན་བྱང་ལས། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་མཐོང་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བ། །ང་རྒྱལ་རྒྱགས་པས་བཅོམ་ནས་ལོག་པ་ཡི། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་དང་། ཡེ་ཤེས་ཐིག་ལེར། མུ་སྟེགས་པའམ་ཉན་ཐོས་པ། །དམན་ཀྱང་དེ་ལ་བརྙས་མི་བྱ། །ཞེས་དང་། འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས། ཕྱི་རོལ་པའང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། །ཞེས་གསུངས་སོ། །ཁྱད་པར་དུའང་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་པོ་གང་ཡང་རུང་བ་ལ་ལྟོས་པ་སྟེ་གཏོགས་པའི་རྒྱལ་བའི་བཀའ་ནི་གདུལ་བྱ་སྣ་ཚོགས་པ་འདུལ་བའི་དབང་གིས། མདོ་དང་སྔགས་ཀྱི་རིམ་པ་དང་། དེ་ཡང་བྱུང་བའི་དུས་དང་། སྟོན་པ་པོ་དང་། སྟོན་ཚུལ་གྱི་རྣམ་པ་དང་། ལམ་གྱི་འགྲོས་ལ་སོགས་པ་མི་འདྲ་བ་སྣ་ཚོགས་པར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཐུས་གདུལ་བྱའི་སྐལ་བ་དང་འཚམས་པར་སྣང་བ་ཡིན་པ་ལ་ཚུལ་དེ་ལྟ་བུ་མི་ཤེས་པར་ཕྱོགས་གཅིག་ཏུ་ཞེན་ནས་ངག་གིས་འཕྱ་སྨོད་ཀྱིས་དཔྱས་ཤིང་སྐུར་བ་འདེབས་པ་དང་། འདི་ལ་བཀའ་དང་མི་འདྲ་བའི་རྒྱུ་མཚན་འདི་འདྲ་བ་སྣང་བས་སྟོན་པས་མ་གསུངས་སོ། །བཀའ་མ་ཡིན་ནོ། །ལམ་རྣམ་དག་མ་ཡིན་ནོ་ཞེས་སྨྲ་བ་དང་། གཞན་ཡང་ལས་བཞི་དང་། ལས་ཕྲན་ཚེགས་དང་། དངོས་གྲུབ་རྣམ་པ་གཉིས་གང་ཡང་རུང་བ་འགྲུབ་པའི་རྒྱུར་རུང་བའི་དག་སྣང་དང་། གཏེར་མའི་ཕྱོགས་སུ་གཏོགས་པའི་སྔགས་ཀྱི་ཆོ་ག་དང་། མན་ངག་གི་ཁྲིད་ལ་སོགས་པ་རྣམས་དང་། མདོ་སྔགས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་རྒྱ་བོད་ཀྱི་མཁས་གྲུབ་དག་གིས་མཛད་པ་གཞན་ཐམས་ཅད་ཀྱང་རྒྱལ་བའི་བཀའ་དང་དགོས་པ་མཐུན་ཞིང་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་བཀའ་ཡི་ཕྱོགས་སུ་གཏོགས་པས་ཐར་འདོད་རྣམས་ཀྱིས་ཀུན་ལ་གུས་པར་བྱེད་དགོས་ཏེ། མགོན་པོ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་གུས་པར་མི་བྱེད་པའི་སྟེང་། བཀའ་དང་མཐུན་ཞིང་ཡོན་ཏན་དང་ལྡན་པ་དེ་རུ་མ་བལྟས་པར་བཤད་སྒྲོས་སོགས་རང་ཕྱོགས་དང་མི་མཐུན་པ་ཅུང་ཟད་རེས་སྐྱོན་དུ་བལྟས་ཏེ་བརྙས་ཤིང་སྐུར་བ་བཏབ་ན་ཆོས་སྤོང་བའི་ལས་སུ་འགྱུར་བས་ན་དོན་མེད་པའི་ཉེས་པ་ཆེན་པོ་དེ་ལྟ་བུ་ལའང་གཟབ་པར་བྱ་ཞིང་། ཁྱད་པར་དུ་སྙིང་ཐག་པ་ནས་བཀའ་དང་བསྟན་བཅོས་དེ་དག་གི་ཚིག་དང་དོན་གྱི་ཆ་ལ་བཀའ་མ་ཡིན་ནོ། །བཀའི་ཕྱོགས་སུ་མ་གཏོགས་སོ། །ཐར་པའི་ལམ་མ་ཡིན་ནོ་ཞེས་སྨོད་ཅིང་ཀུན་དཀྲིས་ཚང་ན་ལྟུང་བའི་དངོས་གཞིའོ། །དེས་ན་བདེ་མཆོག་རྩ་རྒྱུད་ལས། ཟབ་མོའི་ཆོས་ནི་འཆད་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ནི་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །བདག་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་གསུངས་པའི་ཚུལ་ལ་བསམ་པར་བྱའོ། །བདུན་པ་གསང་བ་སྒྲོག་པའི་རྩ་ལྟུང་ནི། གསང་བ་སྒྲོག་པའི་ཡུལ། ལོག་པར་ལྟ་བ་གོམས་པས་ལས་འབྲས་སོགས་ལའང་ཡིད་མི་ཆེས་པའི་སྣོད་མིན་པ་ལ་ནི་གཏན་ནས་སྔགས་ཀྱི་ཆོས་སྟོན་མི་རུང་ལ། དབང་གི་ཆོ་ག་མ་བྱས་པ་སྟེ་བུམ་དབང་ཙམ་ཡང་མ་ཐོབ་པ་ལ་བསྐྱེད་རིམ་སྟོན་པ་དང་། ཆོ་ག་མ་རྫོགས་པ་སྟེ་དབང་གོང་མ་རྣམས་མ་ཐོབ་པ་ལ་རྫོགས་རིམ་ཟབ་མོ་སྟོན་པ་དང་། ཉམས་པ་སྟེ་རྩ་ལྟུང་བྱུང་ཡང་ཕྱིར་མི་འཆོས་ཤིང་ཁེ་ཉེན་ལ་ཡིད་ཆེས་པའི་ཤེས་རབ་མེད་པ་དང་། སྣོད་ངན་ཏེ་དབང་ཐོབ་ཀྱང་གསང་སྔགས་ཟབ་མོའི་ལྟ་སྤྱོད་ཐོས་པས་སྐྲག་པའི་རིགས་དང་། སྔགས་ཀྱི་འདུལ་བའི་དུས་ཀྱི་བསྐལ་ཏེ་ཟབ་མོ་སྟོན་པའི་སྐབས་ལ་མ་བབ་པའམ་མ་རན་པ་དང་། གནས་ཀྱིས་བསྐལ་བ་སྟེ་དགག་བྱ་དམིགས་བསལ་ཡོད་པ་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐུན་མོང་མ་ཡིན་པའི་ལྟ་སྒོམ་ཟབ་མོའི་དོན་རྗེན་པར་བཀྲལ་ནས་རྒྱུན་བཤད་ལྟ་བུར་བྱེད་པ་དང་། ཉམས་ལེན་གྱི་དགོངས་པ་བརླིང་པོ་དང་། སྤྱོད་པ་རྨད་དུ་བྱུང་བ་འདི་ལྟ་བུའོ་ཞེས་ཁྲིད་དུ་འདེབས་པ་ལྟ་བུའི་སྒོ་ནས་བསྒྲགས་པ་སྟེ་དེ་རྣམས་ཀུན་དཀྲིས་ཚང་ན་དམིགས་ཀྱིས་བསལ་ཏེ་རྩ་ལྟུང་གི་དངོས་གཞིར་གསུངས་པ་ཡིན་གྱི། གཞན་དུ་རིགས་གཏད་དང་རྗེས་གནང་དང་བཟླས་ལུང་ཙམ་གྱིས་ཀྱང་གསང་སྒྲོག་ཏུ་འགྱུར་བར་ངོས་འཛིན་པ་ཡོད་ནའང་འདིར་ནི་སྣོད་ལ་བརྟག་པར་བྱ་སྟེ་རྩ་ལྟུང་དུ་གྲུབ་པའི་ཚད་ནི་ཕ་རོལ་པོ་སྐྲག་པ་སྐྱེ་བ་ལ་གསུངས་པས་དེ་ཙམ་གྱིས། མ་དད་པ་མི་སྐྱེ་བའི་རིགས་ལ་མི་རུང་བ་མེད་ཀྱང་ཤིན་ཏུ་ལོག་ལྟ་ཆེ་བ་ལ་ནི་གསང་སྒྲོག་ཏུ་འགྱུར་རོ་སྙམ་མོ། །བརྒྱད་པ་ཕུང་པོ་སྨོད་པའི་རྩ་ལྟུང་ནི། འདིའི་ཡུལ་ཕྱི་ནང་གི་གཟུགས་ཀྱི་ཕུང་པོ་ནི་གདོད་མ་ནས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་ལ། སོགས་ཁོངས་ནས་ཚོར་བ་རིན་འབྱུང་། འདུ་ཤེས་སྣང་མཐའ། འདུ་ཤེས་དོན་གྲུབ། རྣམ་ཤེས་མི་བསྐྱོད་པ་སྟེ་རིགས་ཀྱི་ཡབ་ལྔ་དང་། འབྱུང་བ་ལྔ་ཡུམ་ལྔ། དེ་བཞིན་དུ་མིག་ལ་སོགས་པ་ནང་དང་། །གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་སེམས་དཔའ་སེམས་མ་ལ་སོགས་པའི་ལྷའི་སྐུར་ཡེ་ནས་དག་པ་ཡིན་པས་ན། རྣལ་འབྱོར་པས་ཀྱང་དེ་ལྟར་ཡིན་པའི་ཚུལ་ཤེས་ཤིང་གསལ་བཏབ་ནས་ནང་གི་སྦྱིན་བསྲེག་དང་། །ཚོགས་ཀྱི་འཁོར་ལོ་ལ་སོགས་པས་མཆོད་ཅིང་། འདོད་ཡོན་གྱིས་མཉེས་པར་བྱ་རྒྱུ་ལ། ཚུལ་དེ་ལྟ་བུ་མི་ཤེས་པར་ཀུན་འབྱུང་གིས་བསྐྱེད་པའི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཅན་དུ་མངོན་པར་བསྒྲུབ་པར་བྱེད་པའི་ཐེག་པ་འོག་མའི་རྟོག་གེའི་བློས་གཞལ་ཏེ་བརྙས་སེམས་ཀྱིས་ཡན་ལག་གཏུབ་པ་དང་། དུག་འཐུང་བ་དང་། གཡང་སར་འཆོང་བ་དང་། སྨོད་པར་བྱེད་པ་དང་། རྒུད་པར་བྱ་བའི་བསམ་པས་གནས་མ་ཡིན་པ་ཚ་གྲང་སོགས་འབྱུང་དུ་འཇུག་པ་དང་། སྨྱུང་བར་གནས་པ་ལ་སོགས་པ་དཀའ་ཐུབ་ཀྱི་མཐུ་ཡིས་ལྷག་པར་གདུང་བར་བྱེད་ཅིང་ལྷའི་འདུ་ཤེས་ལས་ལོག་སྟེ་བརྙས་སེམས་མཐར་ཐུག་སྐྱེས་ནས་ཀུན་དཀྲིས་ཚང་ན་རྩ་ལྟུང་རྫོགས་པ་ཡིན་ནོ། །དེ་འདྲའི་བརྙས་སེམས་མེད་ན་ཆོས་ཕྱིར་དཀའ་སྤྱད་མི་རུང་བ་མིན་ནོ། །འདི་ལ་འགའ་ཞིག་ཡུལ་སེམས་ཅན་གང་ཡང་རུང་བའི་ཕུང་པོ་མིན་ཏེ། སྔགས་ཀྱི་རྣལ་འབྱོར་པ་རང་གི་ཕུང་པོ་ཉིད་རིགས་ལྔའི་བདག་ཉིད་དུ་ལྷའི་རྣལ་འབྱོར་གྱིས་བྱིན་གྱིས་བརླབས་ཡོད་པས་དེ་ལ་བརྙས་པ་སོགས་བྱས་པ་ཡིན་ནོ་ཞེས་ངོས་འཛིན་མཛད་འདུག་ཀྱང་ལྟ་བའི་འདོད་ཚུལ་གྱི་དབང་གིས་རྒྱུད་སྡེའི་དགོངས་པ་དེ་ལྟར་བཀྲལ་བ་ཡིན་ནམ་སྙམ་མོ། །དགུ་པ་རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བའི་རྩ་ལྟུང་ནི། འདི་ལྟར་གཞི་ལམ་འབྲས་བུས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་རྣམ་པར་དག་ཅིང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་འོད་གསལ་བའི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དང་ཟུང་དུ་འཇུག་པའི་ཚུལ་དུ་བསྟན་པའི་དོན་དེ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཏེ་གནས་ཚུལ་ཉིད་ཡིན་གྱི་དེ་ལས་གཞན་སེམས་ཅན་ཐམས་ཅད་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་འབྲེལ་བར་བཞུགས་པས་གློ་བུར་གྱི་དྲི་མ་དག་མ་དག་ཙམ་ལས་སེམས་ཅན་དང་སངས་རྒྱས་གཉིས་ཁྱད་པར་མེད་ཅེས་པའི་དོན་འདི་ནི་བྱིས་པ་རྣམས་སྐྲག་པ་སྤང་སྟེ་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་རང་བཞིན་མེད་པ་ཙམ་ལ་དགོངས་ནས་གསུངས་པའི་ཕྱིར་ལྡེམ་པོར་དགོངས་པ་ཁོ་ན་ཡིན་ནོ་སྙམ་ནས། ཟབ་མོའི་མདོ་དང་རྒྱུད་སྡེ་རྣམས་དང་། དེ་དག་གི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ཀྱང་དྲང་དོན་གྱི་ཕྱོགས་སུ་བཟུང་ནས་ཆོས་ཉིད་ཟབ་མོའི་དོན་ལ་ཡིད་མི་ཆེས་པ་སྟེ། དེ་ལའང་ཡིན་ཤས་ཆེ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་དང་། མིན་ཤས་ཆེ་སྙམ་པའི་དོན་མི་འགྱུར་གྱི་ཐེ་ཚོམ་དང་། ཡིན་ནམ་མ་ཡིན་སྙམ་པའི་བློ་གཉིས་སུ་འབྱུང་བའི་ཡིད་གཉིས་ཟ་བ་སྟེ་གསུམ་ལས་རྩ་ལྟུང་དུ་གྲུབ་པའི་ཚད་ནི་དོན་མི་འགྱུར་གྱི་ཐེ་ཚོམ་ཟོས་ནས་ཡང་དག་པའི་ལམ་དེ་ལ་བཀྲི་བར་སྤངས་པའི་བློ་སྐྱེས་ནས་ཀུན་དཀྲིས་ཚང་བའོ། །བཅུ་པ་གདུག་པ་ཅན་མི་སྒྲོལ་བའི་རྩ་ལྟུང་ནི། དེ་ལ་སྤྱིར་དཀོན་མཆོག་གསུམ་ལ་མ་དད་ཅིང་སྨོད་ལ་འཚེ་བར་བྱེད་པའི་དཀོན་མཆོག་གི་སྐུ་དགྲ་དང་། བྱེ་བྲག་རང་གི་བླ་མ་ལ་སྨོད་ཅིང་སྡང་བས་གནོད་སྦྱོར་ལ་བརྩོན་པ་སློབ་དཔོན་གྱི་སྐུ་དགྲ་དང་། རྒྱལ་བའི་བསྟན་པ་ལུང་དང་རྟོགས་པའི་བདག་ཉིད་ཅན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གནས་པ་དེ་ཐབས་སྣ་ཚོགས་པས་འཇིག་པར་བྱེད་པ་སྟེ་དེ་ཡང་བསྟན་པ་གནས་ཞེས་པ་འདི་ནི་ཆོས་དང་དགེ་འདུན་ལས་གཞན་མིན་ཏེ་བསྟན་པ་ནི་ཆོས་དང་། བསྟན་འཛིན་ནི་བླ་མ་དང་དགེ་འདུན་ཡིན་པའི་ཕྱིར་རོ། །དེས་ན་དེ་ཉིད་འཇིག་པར་བྱེད་པ་པོ་དེ་སྐུ་དགྲ་གཉིས་ལས་ལོགས་སུ་བརྩི་རྒྱུ་མིན་ཀྱང་དམིགས་ཀྱིས་བསལ་ནས་གསུངས་པ་སྟེ་ནུས་པ་ཅུང་ཟད་ཐོབ་པས་ཀྱང་རང་བཞིན་དུ་འཇོག་པའི་འོས་མ་ཡིན་པས་སོ། །སོགས་ཁོངས་ནས་དམ་ཚིག་ཉམས་ཀྱང་ཇི་མི་སྙམ་པས་སླར་མི་གསོ་ཞིང་ཉམས་པའི་སྤྱོད་པ་མི་གཏོང་བ་དང་། སྔགས་ཀྱི་ཐེག་པར་ཞུགས་པ་ལས་སླར་ལོག་སྟེ་ཁྱད་གསོད་བྱེད་པ་དང་། གསང་སྔགས་ཀྱི་ཆོས་ལ་འཁུ་བ་དང་། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་བརྐུ་ཐབས་སམ་ཤེད་སྤྱོད་ཀྱིས་འོང་བ་དང་། སེམས་ཅན་ཡོངས་ལ་གནོད་པ་བྱེད་པ་དང་། དམ་ཚིག་ཅན་ལ་དགྲ་བྱེད་པ་དང་། མི་དགེ་བ་འབའ་ཞིག་ལ་འཇུག་པ་ངན་པའི་ངང་ཚུལ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ་དང་། འབྲས་བུ་ལ་སྤྱོད་པ་ངན་སོང་གསུམ་པོ་གཅིག་ཏུ་བརྩིས་པའི་བཅུ་པོ་དེ་ནི་དྲག་ཤུལ་གྱི་ཆོ་ག་ཡི་སྒོ་ནས་སྒྲོལ་བའི་ལས་མངོན་དུ་སྤྱོད་པའི་ཡུལ་དུ་གསུངས་ཏེ། གསལ་བཀྲ་ལས། ༡དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་༢ལོག་དང་༤འཁུ་བ་༥དང་། །འདུ་བར་༦འོང་དང་ཡོངས་ལ་གནོད་༧། །དམ་༨དགྲ་ངན་པའི་ངང་ཚུལ་ཅན་༩། །ངན་སོང་གསུམ་༡༠དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་སོ། །དེ་ཡང་སྔགས་ལམ་ལ་ཞུགས་པའི་གང་ཟག་སྤྱིར་བཏང་བས་བླ་མ་དང་དཀོན་མཆོག་ལ་སྨོད་པ་ལ་སོགས་པའི་བསམ་སྦྱོར་མ་རུངས་པ་ཅན་དེ་ལ་སྲན་ཅིང་བཟོད་དེ་ཡི་རང་བའི་སེམས་ཀྱིས་སྤྱོད་ལམ་འདྲིས་ཤིང་ཕན་འདོགས་པའི་བཤེས་སུ་སྦྲེལ་ནས་ལུས་ངག་གིས་བྱམས་པར་བྱས་པ་དང་ཀུན་དཀྲིས་ཚང་བ་སྟེ། སྡོམ་འབྱུང་འགྲེལ་པར། གདུག་ལ་ཐོག་མ་བར་མཐའ་བྱམས། །ཞེས་སོ། །འོན་ཀྱང་སེམས་ཀྱིས་བྱམས་པ་བཏང་ན་རྩ་ལྟུང་བཞི་བར་འགྱུར་བའོ། །བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་རྟོགས་པས་བདག་བསྒྲལ་བའི་གང་ཟག་ནུས་པ་ཐོབ་པའི་དམིགས་བསལ་བ་རྣམས་ཀྱིས་ནི་ལུས་ངག་གིས་བྱམས་པར་མི་བྱེད་པར་མ་ཟད་མ་བསྒྲལ་ན་ལྟུང་བར་གསུངས་ལ། དེའང་སྐུ་དགྲ་གཉིས་དང་། ཁྱད་པར་དུ་རྒྱལ་བསྟན་རིན་པོ་ཆེ་གནས་སུ་མི་འཇུག་པའི་རིགས་རྣམས་ཐབས་གཞན་གང་གིས་ཀྱང་བཟློག་མ་ནུས་ན་ལྟ་དགོངས་དང་ལྡན་ཞིང་རྣམ་པར་ཤེས་པ་དག་པའི་ཞིང་སོགས་སུ་སྤར་ནུས་པ་ཞིག་ཡིན་ན་སྨོས་ཅི་དགོས་ཀྱང་། སྙིང་རྗེ་དང་ལྡན་ཞིང་རང་འདོད་ཀྱི་བློ་མེད་ན་དངོས་སམ་རྫས་སྔགས་ཀྱིས་ཀྱང་དེ་སྒྲོལ་བར་བྱེད་རིགས་ཏེ། བསྟན་འགྲོ་ལ་ཕན་ཐོགས་པ་དང་གདུག་པ་ཅན་དེའི་ལས་ངན་རྒྱུན་ཆོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཤེས་ཤིང་ནུས་བཞིན་དུ་མ་བསྒྲལ་ན་དམ་ཚིག་ཉམས་པར་འགྱུར་ཏེ། གདོང་དྲུག་གི་རྒྱུད་ལས། གདུག་པ་རྣམས་ལས་བཟློག་བྱ་སྟེ། །དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །དེ་ལྟར་མ་བྱས་དེ་ཡིས་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་སོ། །གཞན་ཡང་གཡོ་སྒྱུས་བྱམས་པ་ལྟར་སྟོན་ཞིང་ཁ་འཇམ་ལ་ཞེ་གདུག་པར་བྱེད་ནའང་རྩ་ལྟུང་དུ་འགྱུར་བར་དུས་འཁོར་ལས་བཤད་དོ། །དེ་དག་ལས་གཞན་པ་རྣམས་དང་ངན་སོང་གསུམ་པོ་ནི་སྤྱི་ཙམ་དུ་བསྒྲལ་བའི་ཞིང་དུ་སྨོས་ཀྱང་། དེ་དང་དེའི་རྣམ་པར་ཤེས་པ་ཞིང་ཁམས་རྣམ་དག་ཏུ་གནས་སྤོར་ནུས་པ་དང་། སྔོན་དང་ཕྱི་མཐའ་ཤེས་པས་ངན་འགྲོའི་རྒྱུ་ལ་སྤྱོད་པ་དག་གི་འབྲས་བུ་ངན་པ་འགོག་ཅིང་ཡུན་ཐུང་ངུར་བྱེད་པ་དང་། འབྲས་བུ་ལ་སྤྱོད་པ་དག་གནས་ངན་ལས་སྒྲོལ་ནུས་པ་རྣམས་ལ་དགོངས་ཀྱིས། དེ་ལྟར་མི་ནུས་པས་དེ་རྣམས་ལ་མངོན་སྤྱོད་མ་བྱས་ཀྱང་རྩ་ལྟུང་དུ་མི་འགྱུར་རོ། །བཅུ་གཅིག་པ་མིང་བྲལ་ཆོས་ལ་ཚད་མས་གཞལ་བའི་རྩ་ལྟུང་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་བཏགས་པའི་མིང་དང་། འདྲ་བའི་དཔེ་དང་། མཚོན་པའི་བརྡ་ལ་སོགས་པ་དང་བྲལ་ཞིང་ཐ་སྙད་ཐམས་ཅད་ལས་འདས་ཀྱང་། ཆོས་ཉིད་དེ་ལ་ཐ་སྙད་པའི་བློ་ཚད་མས་སྟོང་པ་བདག་མེད་པ་སོགས་སུ་གཞལ་ནས་མཐར་འཛིན་སྟངས་ཐམས་ཅད་དང་བྲལ་བའི་དབྱིངས་ལ་འཇོག་པའི་གོ་བ་གཤིས་ཐོག་ཏུ་མ་སླེབ་པ་ཙམ་གྱིས་རབ་ཏུ་ཕྱེ་བ་དེ་ལ་མཐར་ཐུག་ཏུ་ཞེན་ཅིང་ཆོས་ཀྱི་བདག་མེད་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་ཐ་སྙད་པའི་བློའམ་རྣམ་ཤེས་དང་རྫས་འགལ་བ་ཡིན་བཞིན་དུ་རྟོག་དཔྱོད་ཀྱི་རིག་པ་རྣོན་པོས་ཕུང་པོ་ལ་སོགས་པའི་ཆོས་རྣམས་སྟོང་པ་ཉི་ཚེ་བར་ཐོས་བསམ་གྱིས་གཏན་ལ་ཕེབས་པ་དེ་གནས་ལུགས་སུ་བལྟ་ཞིང་ལྟ་བ་ལ་མཆོག་ཏུ་འཛིན་པའི་བློས་མཉམ་པར་འཇོག་པའི་དུས་ཉིད་ནའང་སྐྱེ་བ་མེད་པའི་གྲུབ་མཐའ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་རྟོག་པ་རང་མཚན་པས་འཇལ་ཞིང་མངོན་པར་རློམ་པར་བྱས་ནས་ཀུན་དཀྲིས་ཚང་བར་གྱུར་པའོ། །དེ་སྐད་དུ་གུར་ལས། ཆོས་ཉིད་ཚད་ནི་གཟུང་མི་བྱ། །ཞེས་དང་། ཤཱནྟི་པས། ཆོས་ལ་ཚད་མས་གཞལ་མི་བྱ། །ཞེས་སོ། །བཅུ་གཉིས་པ་དད་ལྡན་སེམས་སུན་འབྱིན་པའི་རྩ་ལྟུང་ནི། སྔགས་ཀྱི་སྣོད་རུང་བླ་མའི་མན་ངག་འཛིན་པ་ལ་དབང་བའི་གདུལ་བྱའམ། མིན་ཀྱང་རང་བཞིན་དུ་ཆོས་ལ་དང་བ་དང་། འདུན་པ་དང། ཡིད་ཆེས་པའི་དད་པ་སྟེ་གསུམ་དང་ལྡན་པ་ལ། དེས་དོན་དུ་གཉེར་བའི་ཆོས་རེ་སྟོན་ནུས་བཞིན་དུ་ལེ་ལོ་ལ་སོགས་པའི་དབང་གིས་མི་སྟོན་པ་ཙམ་མ་ཡིན་པར་གཡོ་སྒྱུ་དང་ཆོས་མིན་གྱིས་དེའི་དད་པ་བཟློག་འདོད་ཀྱི་ཀུན་སློང་ངན་པས། གཞན་དེའི་དོན་དུ་གཉེར་བྱ་དེ་དང་འགལ་བའི་ཚིག་སྨྲས་ཏེ་སེམས་སུན་ཕྱུང་ནས་དད་པ་དང་འདུན་པ་ཕྱིན་ཅི་ལོག་ཏུ་སྐྱོགས་པས་དད་འདུན་ལོག་ཅིང་ཀུན་དཀྲིས་ཚང་བའོ། །བཅུ་གསུམ་པ་དམ་རྫས་ཇི་བཞིན་མི་བསྟེན་པའི་རྩ་ལྟུང་ནི། འདི་ལ་སྔགས་བླ་མེད་ཀྱི་རྩ་ལྟུང་དུ་འགྲོ་ཚུལ་དང་། རྣལ་འབྱོར་རྒྱུད་དང་ཐུན་མོང་གི་རྩ་ལྟུང་དུ་འགྲོ་ཚུལ་གཉིས་ཡོད་པ་ལས། དང་པོ་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བས་སྤྱད་པར་བྱ་བའི་དམ་ཚིག་གི་རྫས། ཤ་ལྔ་དང་བདུད་རྩི་ལྔ་དང་ཆང་ལ་སོགས་པ་བཟའ་བཏུང་གི་ཡོ་བྱད་དང་། དར་གོས་ཞིང་ལྤགས་རུས་རྒྱན་ལ་སོགས་པ་བཅངས་པའི་ཡོ་བྱད་དང་། བྲོ་གར་གླུ་ཚིགས་རིག་མ་ལ་སོགས་པ་འདོད་པའི་ཡོ་བྱད་རྣམས་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོ་དང་དཔའ་མོའི་དགའ་སྟོན་ལ་སོགས་པ་བསྟེན་པའི་སྐབས་ལ་བབ་པའི་ཚེ་ན་རང་རང་གི་ལྟ་སྒོམ་གྱི་ནུས་པ་དང་བསྟུན་པའི་དགག་དགོས་བརྩིས་ཏེ་དམ་རྫས་ཁྱད་དུ་མི་གསོད་ཅིང་ཆགས་སྲིད་རང་མཚན་པར་མ་གོལ་བས་མཐར་གཉིས་སུ་མ་ལྷུང་བ་ཞིག་དགོས་པ་ལ། བཟའ་བཏུང་ལ་སོགས་པའི་དངོས་པོ་རང་རྒྱུད་དུ་བལྟས་ནས་རོ་མི་ཞིམ་པ་དང་དྲི་ང་བ་སོགས་ལ་ལ་སྤོང་ཞིང་། དེ་ལས་ལྡོག་པ་ལ་ལར་ཆགས་སྲེད་ཀྱིས་བསྟེན་པར་བྱེད་པའམ། ཆོས་ཉིད་མཉམ་པའི་དོན་རྟོགས་པས་ཡེ་ཤེས་ཀྱི་རྒྱན་དུ་བླང་དོར་མེད་པར་རོལ་པའི་གསང་སྔགས་ཀྱི་བརྟུལ་ཞུགས་ཇི་ལྟ་བ་བཞིན་ལྟ་སྒོམ་གྱི་སྟོབས་ཀྱིས་ཉམས་འོག་ཏུ་མ་ཆུད་པར། ཉན་ཐོས་ཀྱི་སྤྱོད་པ་ཁོ་ན་ལ་ཕྱོགས་གཅིག་ཏུ་ཞེན་པའི་མཆོག་འཛིན་གྱིས་གཏན་ནས་མི་བསྟེན་པའམ། ཡང་ན་ལྟ་དགོངས་ཀྱི་གདེང་མེད་བཞིན་དུ་སྨྱོ་ཐབས་ཀྱིས་བབ་ཅོལ་དུ་སྤྱོད་པས་མཐའ་གཉིས་ཀྱི་མལ་དུ་འཁྱམས་པ་དང་ཀུན་དཀྲིས་ཚང་བའོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་དང་ཐུན་མོང་གི་རྩ་ལྟུང་དུ་འགྱུར་བའི་ཚུལ་ནི། རྡོར་དྲིལ་དང་བཅས་པའི་ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་ནི་ཐབས་དང་ཤེས་རབ་ཀྱི་སྒོམ་པ་ཡོད་ན་ཅི་དགོས་སྙམས་ནས་དགོས་མེད་དུ་སྤང་བའོ། །དེ་ལ་ཁྱད་གསོད་ཀྱི་བསམ་པ་ཡོད་ན་རྩ་ལྟུང་གཉིས་པར་འགྱུར་རོ་ཞེས་གསུངས། ཡང་རྡོར་དྲིལ་སོགས་ཀྱི་དག་པ་མ་དྲན་པར་འཕྱད་སྨོད་དང་བཞད་གད་བྱེད་པ་དང་། དྲན་ཤེས་མེད་བཞིན་བབ་ཅོལ་དུ་དཀྲོལ་བ་སོགས་ཉེས་བྱས་སུ་གསུངས་སོ། །བཅུ་བཞི་པ་ཤེས་རབ་མ་ལ་སྨོད་པའི་རྩ་ལྟུང་ནི། རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དག་ལ་སྨད་ན་ཡོ་ག་དང་བླ་མེད་གཉིས་ཀའི་རྩ་ལྟུང་ཡིན་པར་གསུངས་ལ། མ་མོ་དང་མཁའ་འགྲོ་མ་ལ་སོགས་པ་འཇིག་རྟེན་ལས་འདས་ཀྱང་འཇིག་རྟེན་པའི་ཚུལ་བཟུང་ནས་ལེགས་ཉེས་ཀྱི་སྟངས་འཛིན་ཞིང་དམ་ཚིག་གི་རྗེས་གཅོད་པའི་སྔགས་ཀྱི་རྣལ་འབྱོར་མ་རྣམས་ནི་འཁོར་འདས་ཀྱི་སོ་མཚམས་འཛིན་པ་སྟེ། མེ་ལྕེ་འབར་མའི་རྒྱུད་ལས། མཁའ་འགྲོ་ལྷ་མོ་ནག་མོ་འདི། །བསྐལ་པ་མང་པོའི་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་སྟེ། །དམན་པའི་ཞིང་འདིར་སྤྲུལ་སྐུ་ཡི། །ལྷ་མོའི་ཚུལ་དུ་སྐུར་བསྟན་ནས། །འགྲོ་བའི་དོན་ལ་རབ་ཏུ་བརྩོན། །ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། །ད་ལྟ་ཤེས་བྱའི་སྒྲིབ་པ་སྦྱོང་། །ཞེས་ཨེ་ཀ་ཙ་ཏིའི་སྤྲུལ་པར་བསྟན་པ་བཞིན་འཇིག་རྟེན་པའི་ཚུལ་དུ་ཡོད་པའི་མ་མོ་དང་མཁའ་འགྲོ་ཐམས་ཅད་ལ་སྨོད་པར་བྱེད་པ་དང་། འབྱུང་བ་ལྔ་ཡི་ཁམས་ཡུམ་ལྔ་ཡི་རང་བཞིན་ཡིན་པར་མ་ཤེས་ནས་ས་ལ་སོགས་པ་རང་རྒྱུད་པར་བལྟས་ཏེ་སྙིང་ནས་སྨོད་པར་བྱེད་པ་དང་། སྤྱིར་བུད་མེད་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཡིན་པས་དེ་ལ་སྨད་ན་ལྟུང་བར་གསུངས་ཏེ། དུས་འཁོར་འགྲེལ་ཆེན་ལས། བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི་ངེས་པར་ཏེ་གདོན་མི་ཟ་བར་མ་ནུ་ཞེས་པ་བཅུ་བཞི་པར་འགྱུར་རོ། །ཞེས་དང་། ཤཱནྟི་པས། རྩོད་པའི་དུས་འདིར་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་པས་དེ་རྣམས་འདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ན་གནས་པས་མི་སྨོད། ཞེས་གསུངས་པ་ལྟར་བུད་མེད་ཀྱི་ཁྲོད་ན་རྡོ་རྗེ་ཕག་མོ་ལ་སོགས་པའི་སྤྲུལ་པའང་ཡོད་ན་གང་ཡིན་མི་ཤེས་པས་ཐམས་ཅད་ལ་མི་སྨོད་པར་ཡང་གསུངས་སོ། །ཁྱད་པར་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེཤེས་བསྐྱེད་པར་བྱེད་པའི་ཟབ་མོའི་དབང་གི་རྟེན་དུ་གྱུར་པའི་བུད་མེད་ལ་སྙིང་ནས་སྨོད་པར་བྱེད་པ་གཞན་ནམ་དེས་གོ་ཞིང་དེ་ཐམས་ཅད་ལ་ཀུན་དཀྲིས་ཚང་ན་ལྟུང་བའི་དངོས་གཞིར་འགྱུར་བའོ། དེ་ཡང་དགོངས་གཞི་དང་དགོས་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཐུན་མོང་གི་མདོ་སྡེ་རྣམས་ལས་བུད་མེད་ཀྱི་ཉེས་དམིགས་གསུངས་པ་དང་། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་དེ་དང་ཚུལ་མཐུན་པར་སྨོད་པར་མཛད་པ་ནི། དགོས་ཆེད་དང་ལྡན་པ་ཡིན་ལ་དེ་ལས་གཞན་པ་དག་གིས་ནི་དོན་མེད་པར་བུད་མེད་ཀྱི་རིགས་ཐམས་ཅད་ལ་སྨོད་པར་མི་བྱའོ། །དེ་ཡང་སྨོད་པའི་ཡུལ་བུད་མེད་དེ་སྔགས་བླ་མེད་ཀྱི་སྡོམ་པ་དང་ལྡན་པ་མ་ཡིན་པ་ཞིག་དགོས་ཀྱི། སྔགས་སྡོམ་དང་ལྡན་པ་ཡིན་ན་བླ་མ་དང་མཆེད་གང་རུང་ལས་མི་འདའ་བའི་ཕྱིར་རྩ་ལྟུང་དང་པོ་དང་གསུམ་པར་འགྱུར་རོ་ཞེས་གསུངས་པའང་སྣང་ལ། འབྱུང་ལྔ་སྨོད་པ་ནི་ཕུང་པོ་སྨོད་པའི་ནང་དུའང་གཏོགས་མོད། འདིར་སྔགས་སྡོམ་དང་ལྡན་པའི་མ་མོ་མཁའ་འགྲོ་ལ་སོགས་པ་དང་། འབྱུང་བ་ལྔ་ལ་སྨོད་པ་རྩ་ལྟུང་བཅུ་བཞི་པར་ཡང་བཤད་པ་ནི་དེ་ཐམས་ཅད་ཤེས་རབ་དབྱིངས་ཀྱི་རང་བཞིན་དུ་རྟོགས་པའི་ལྟ་བ་ལས་ལོག་པའི་ཀུན་སློང་གིས་བསྐྱེད་པ་ཡིན་པ་དང་། ལྟུང་བའི་མཚམས་ཀྱང་རང་རང་གི་སྐབས་ནས་བཤད་པ་ལྟར་ཡིན་པས་གཅིག་ཏུ་མི་འགྱུར་པར་སེམས་སོ། །དེ་ལྟར་བཅུ་བཞི་པོ་དེ་ཐམས་ཅད་མདོར་བསྡུ་ན་གསུམ་དུ་འདུ་སྟེ། སྔགས་ཀྱི་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་དང་། སྒྲུབ་པའི་གྲོགས་དང་། ཉམས་སུ་བླང་བྱའི་ཆོས་གསུམ་ལ་བརྟེན་པའི་ལྟུང་བ་གསུམ་གྱི་དབྱེ་བ་ཙམ་མོ། །དེ་ཡང་སློབ་དཔོན་ལ་བརྟེན་ནས་རྩ་ལྟུང་དང་པོ་དང་། གྲོགས་ལ་གཉིས་ལས། ཡང་དག་པའི་གྲོགས་ལ་བརྟེན་ནས་གསུམ་པ་དང་བཅུ་གཉིས་པ་གཉིས་དང་། ཕྱིན་ཅི་ལོག་གི་གྲོགས་ལ་བརྟེན་ནས་བཅུ་པ་དང་། ཉམས་སུ་བླང་བྱའི་ཆོས་ལ་ལུང་དང་སྒྲུབ་པའི་ཆོས་གཉིས་ལས། ལུང་གི་ཆོས་ལ་བརྟེན་ནས་གཉིས་པ། དྲུག་པ། བདུན་པ་རྣམས་དང་། སྒྲུབ་པའི་ཆོས་ལ་ལམ་གྱི་གཞི། ལམ་རང་གི་ངོ་བོ། ལམ་གྱི་ཡན་ལག་གསུམ་ལས། ལམ་གྱི་གཞི་ལ་བརྟེན་ནས་བཞི་པ་དང་ལྔ་པ་གཉིས་དང་། ལམ་གྱི་ངོ་བོ་བསྐྱེད་རིམ་ལ་བརྟེན་ནས་བརྒྱད་པ་དང་། རྫོགས་རིམ་ལ་བརྟེན་ནས་དགུ་པ་དང་བཅུ་གཅིག་པ་གཉིས་དང་། ལམ་གྱི་ཡན་ལག་ལ་བརྟེན་ནས་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་རྣམས་འབྱུང་བ་ཡིན་ནོ། །གཉིས་པ་ཡན་ལག་སྦོམ་པོའི་རྣམ་གྲངས་བཤད་པ་ལ་གཉིས་ཏེ། སྦོམ་པོ་བརྒྱད་བཤད་པ་དང་། དེ་ལས་གཞན་པའི་སྦོམ་པོའི་རྣམ་གྲངས་བཤད་པའོ། །དང་པོ་སྦོམ་པོ་བརྒྱད་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། རྩ་བའི་ལྟུང་བ་བཅུ་བཞི་པོའི་རྗེས་སུ་མཐུན་པ་དང་། འདི་དག་བསྲུང་ན་རྩ་བའི་ལྟུང་བ་རྣམས་ཀྱང་མི་ཉམས་པའི་ཐབས་སུ་འགྲོ་བས་ཡན་ལག་སྟེ། དེ་ཡང་རང་རང་གི་སྐབས་ནས་བཤད་པའི་ཡན་ལག་ཚང་རུང་སྡོམ་པ་གཏོང་བྱེད་ཀྱི་ཕམ་པར་འགྱུར་བ་མིན་ན་ཡང་། དངོས་གྲུབ་མྱུར་དུ་ཐོབ་པ་ལ་གེགས་སུ་ཆེ་བའི་ཉེས་པ་སྦོམ་པོ་རྣམ་པ་བརྒྱད་ཡོད་དེ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། དབང་གིས་རྒྱུད་མ་སྨིན་པ་དང་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྒོ་ནས་རྒྱུད་མ་སྦྱངས་པའི་ཐ་མལ་དུ་གནས་པའི་བུད་མེད་རིག་མར་བསྟེན་པ་ཙམ་ནི་དང་པོའོ། །རྒྱུད་ལས་གསུངས་པའི་མཚན་ཉིད་མ་ཚང་བས་བསྟེན་བྱར་འགལ་བའི་དྲན་པའི་ཁྲོན་པ་སྟེ་མཁའ་གསང་ནས། བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཆོ་ག་ཇི་ལྟ་བ་བཞིན་མ་ཡིན་བཞིན་པས་རིལ་བུའམ་བདེ་བའི་རྒྱུར་བདུད་རྩི་སྟེ་དམར་ཆ་རང་གི་རླུང་སྟོབས་ཀྱིས་ལེན་པ་གཉིས་པའོ། །དབང་མ་ཐོབ་པ་དང་ལྷག་པར་ཡང་གསང་སྔགས་ཀྱི་ཆོས་ལ་དད་པ་མེད་པའི་རིགས་ལ། ཡི་དམ་ལྷའི་སྐུ་གཟུགས་དང་རྒྱུད་དང་མན་ངག་གི་གླེགས་བམ་དང་རྡོ་རྗེ་དང་དྲིལ་བུ་ལ་སོགས་པའི་ཕྱག་མཚན་དང་། བཅའ་བའི་ཕྱག་རྒྱ་སོགས་དགོས་པ་མེད་པར་སྟོན་པ་གསུམ་པའོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་གསང་སྔགས་ཀྱི་ཆོ་གའི་ཚོགས་གྲལ་དུ་འདུས་པའི་དུས་ན་བླ་མའམ་རྡོ་རྗེའི་སྤུན་ལ་མནར་སེམས་པ་མེད་པར་ལུས་ངག་གིས་འཕེན་བཙོགས་དང་ཁ་ཤགས་སོགས་འཐབ་རྩོད་བྱེད་པ་དང་། བབ་ཅོལ་ཏེ་དྲན་ཤེས་ཀྱིས་ངག་མི་སྡོམ་པར་མཚར་གཏམ་སོགས་ཀྱལ་ཀ་སྣ་ཚོགས་སྨྲས་པས་བསམ་གཏན་གྱི་བརྟུལ་ཞུགས་ཐ་མལ་པར་སྦྱར་ནས་གཡེང་བར་བྱེད་པ་བཞི་པའོ། །སྣོད་དུ་རུང་ཞིང་དད་པ་དང་ལྡན་པས་དམ་པའི་ཆོས་ཀྱི་ཚིག་དོན་འདྲི་བ་ལ་དེའི་དོན་ཤེས་བཞིན་དུ་འདུན་པ་དཀྱོགས་འདོད་མ་ཡིན་པར་དོན་དེ་ལས་འགལ་བའི་བསྙོན་དོར་ཏེ་རྣམ་པ་གཞན་དོན་མེད་པ་ཞིག་ལན་དུ་ལྡོན་ཏེ་སྨྲ་བ་ལྔ་པའོ། །སྔགས་ཀྱི་ལྟ་སྤྱོད་ལ་སྐུར་ཞིང་ཉམས་སད་པ་སྟེ་ཚོད་བལྟ་བའི་ཉན་ཐོས་དངོས་སམ་རྟོག་གེ་བའི་ནང་དུ་ཞག་བདུན་དུ་ལོངས་པར་བསྡད་པ་དྲུག་པའོ། །སྔགས་ཀྱི་རྒྱུད་སྡེའི་དོན་དང་། ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་དང་། ཆོ་གའི་དངོས་དོན་སོགས་མི་ཤེས་བཞིན་དུ་བདག་རྡོ་རྗེ་འཛིན་པར་རློམ་ནས་ང་རྒྱལ་ཞིང་གཞན་དག་མགོ་བསྐོར་བའི་རྫུན་དང་འགྲོགས་པ་བདུན་པའོ། །དབང་བསྐུར་ཙམ་ཐོབ་ཀྱང་སྔགས་ཀྱི་ལྟ་དགོངས་ཟབ་མོ་ལ་ཧ་ཅང་མི་དད་པའི་ཐེ་ཚོམ་ཅན་མན་ངག་སློབ་བཤད་ཀྱི་ཡུལ་མ་ཡིན་པ་ཚོགས་བཤད་ཙམ་བསྟན་བྱའི་ཡུལ་དེ་ལ་སླར་ཡང་གསང་བའི་དོན་མན་ངག་གི་ཚུལ་དུ་འཆད་པ་ནི་བརྒྱད་པའོ། །དེ་ལྟ་བུའི་སྦོམ་པོའི་རྣམ་གྲངས་བརྒྱད་པོ་དེ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱུད་ལས་བསྡུས་པའི་དགོངས་པ་ཡིན་ནོ། །གཉིས་པ་དེ་ལས་གཞན་པའི་སྦོམ་པོའི་རྣམ་གྲངས་བཤད་པ་ནི། སྤྱིར་སྦོམ་པོའི་ལྟུང་བ་དེ་ཙམ་གྱིས་ཟད་པ་མ་ཡིན་ཀྱང་རགས་རིམ་བརྒྱད་དུ་བསྡུས་ཏེ་བསྟན་པ་དེ་བཞིན་དུ་དེ་དང་ཆ་མཐུན་པ་སློབ་དཔོན་དཔའ་བོའི་ཞབས་ཀྱིས་ཀྱང་། རྣལ་འབྱོར་གང་ཞིག་རིག་མ་ནི། །དམ་ཚིག་མེད་ལའང་སྟོབས་ཀྱིས་སྤྱོད། །དེ་ལ་འཕྱ་བར་བྱེད་པ་ཡང་། །དེ་ཡི་ལྟུང་བ་དང་པོར་གསུངས། །རྒྱུད་ལས་མ་གསུངས་རང་ཉིད་ཀྱི། །གང་ཞིག་བདུད་རྩི་བསྟེན་པ་ཡང་། །ཞེས་པ་ལ་སོགས་པ་གསུངས་པ་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། གོང་གི་སྦོམ་པོ་བརྒྱད་པོ་ལས། བདུད་རྩི་ལེན་པ་དང་། སྔགས་པར་རློམ་པ་གཉིས་མ་གཏོགས་པའི་ལྷག་མ་དྲུག་དང་མཐུན་པའི་སྦོམ་པོ་དྲུག་བསྟན་ཞིང་། ཡང་དེ་དང་དོན་མཐུན་པའི་སྟེང་དུ། རྣལ་འབྱོར་མ་ལཀྵིཾ་ཀཱ་ར་སྟེ་ཕུན་ཚོགས་འབྱུང་གནས་ཀྱིས་དམ་ཚིག་ཀུན་ལས་བཏུས་པའི་འགྲེལ་བར། དེ་དག་ལས་དོན་གཞན་པ་གཉིས་བསྣན་ནས་སྦོམ་པོ་བརྒྱད་དུ་བྱས་པ་སྟེ། དེའང་གྲངས་དུས་མཚན་མའི་བསྙེན་པ་གང་རུང་ལ་བསྟེན་ནས་ལྷའི་རྣལ་འབྱོར་དག་པར་མ་བྱས་བཞིན་དུ་དབང་བསྐུར་བ་དང་རབ་གནས་དང་སྦྱིན་སྲེག་སོགས་དཀྱིལ་འཁོར་གྱི་བྱ་བ་ལ་ཞུགས་ནས་སློབ་མ་འཁོར་དུ་བསྡུ་བར་རིངས་བ་སྟེ་སྔས་པ་དང་། བཟའ་བཏུང་བྱིན་གྱིས་བརླབས་ནས་ལྷའི་རྣལ་འབྱོར་དང་ལྡན་པས་བཟའ་བའི་དམ་ཚིག་ལ་སྤྱོད་པའི་གནས་སྐབས་ཚོགས་འཁོར་གྱི་དུས་ལས་གཞན་དུ་ཡང་ཕྱི་དྲོའི་ཁ་ཟས་ཟ་བ་སོགས་སོ་ཐར་དང་བྱང་སེམས་ཀྱི་སྐབས་ཀྱི་བཅས་པ་ལ་དགོས་པ་ཆེན་པོ་ཡོད་པར་མི་ཤེས་པར་ཁྱད་གསོད་མེད་ཀྱང་ཅི་མི་སྙམ་དུ་ལུས་ནས་འདའ་བའོ། །དེ་འདྲ་བ་ཡི་སྦོམ་པོ་རྣམས་ཀྱིས་ཀྱང་། བདག་ཉིད་ཀྱི་བསླབ་པ་སུན་འབྱིན་པའི་སྐྱོན་ཅན་དུ་གྱུར་ན་སྔགས་ལ་མོས་པས་སྤྱད་པས་ཡོན་ཏན་གོང་འཕེལ་དུ་སོང་བ་ལས་དངོས་གྲུབ་ཐོབ་པ་འཕྲོག་པ་སྟེ་དེ་ལ་གེགས་བྱེད་པའི་རྒྱུར་གསུངས་པའི་སྦོམ་པོ་དེ་རྣམས་ལའང་བརྟག་པར་བྱ་དགོས་སོ། །གསུམ་པ་རྩ་ལྟུང་གི་ཁུངས་བཤད་པ་གཉིས་ཏེ། གོང་མའི་ཁུངས་དང་། །དེ་ལས་གཞན་པའི་རྩ་ལྟུང་གི་ཁུངས་བཤད་པའོ། །དང་པོ་རྩ་ལྟུང་གོང་མའི་ཁུངས་བཤད་པ་ནི། འདི་ལྟར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་གི་རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷ་སྟེ་སློབ་དཔོན་དཔའ་བོས་བསྡུས་པ་དེ་ནི་བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་ཁྱབ་ཅིང་གསར་རྙིང་ཐམས་ཅད་ལ་ཡོངས་སུ་གྲགས་པ་སྟེ་སྔར་བསྟན་པའི་བཅུ་བཞི་པོ་རྣམས་སོ། །གཉིས་པ་དེ་ལས་གཞན་པའི་རྩ་ལྟུང་གི་ཁུངས་ནི། གོང་དུ་བསྟན་པ་དེ་ལས་གཞན་དུ་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་བཞི་པོ་སོ་སོའི་རང་ལུགས་ཀྱི་རྩ་ལྟུང་བཅུ་བཞིའི་གྲངས་ངེས་པ་ཅན་རེ་ཡོད་དེ། འདི་ལྟར་དུས་ཀྱི་འཁོར་ལོ་དང་། གསང་བ་སྤྱི་རྒྱུད་དང་། རྣམ་སྣང་མངོན་བྱང་སོགས་ལས་གསལ་པོར་གསུངས་པ་ཡིན་ནོ། །དེ་ཡང་བླ་མེད་ཀྱི་རྩ་ལྟུང་དུས་འཁོར་དུ་གསུངས་པ་ནི། དབང་ལེ་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། ཞེས་པ་ནས། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་པའི་བར་ཏེ་འདི་དང་གོང་དུ་བཤད་པ་གཉིས་ཕལ་ཆེར་མཚུངས་སོ། །བྱ་རྒྱུད་ཀྱི་བཅུ་བཞི་ནི། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞེས་པ་ནས། གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། ཞེས་པའི་བར་ཏེ། དཀོན་མཆོག་ལ་དད་པ། སྔགས་ལ་དད་པ། ཐེག་ཆེན་ལ་མོས་པ། བླ་མ་དང་མཆེད་གྲོགས་ལ་གུས་པ། འདས་མ་འདས་ཀྱི་ལྷ་གཞན་ལ་མི་སྡང་བ། རང་གི་ལྷ་དུས་ཚིགས་སུ་མཆོད་པ། གཞུང་གཞན་མི་མཆོད་པ། གློ་བུར་བའི་མགྲོན་མཆོད་པ། བྱམས་པ་མི་གཏོང་བ། སེམས་ཅན་གྱི་དོན་ལ་བརྩོན་པ་མི་འདོར་བ། བཟླས་བརྗོད་ལ་བརྩོན་པ། དམ་ཚིག་གཞན་ཡང་ཅི་ནུས་སུ་བསྲུང་བ། སྣོད་མིན་ལ་སྔགས་རྒྱ་མི་སྦྱིན་པ། རང་གི་སྔགས་རྒྱུད་བསྲུང་ཞིང་རྟོགས་པར་བྱ་བ་རྣམས་ཏེ་བཅུ་བཞི་པོའི་མི་མཐུན་ཕྱོགས་རྣམས་རྩ་ལྟུང་དུ་འགྱུར་བའང་། དེ་ཉིད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེ་ནི་རང་རིག་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ནི། རྣམ་སྣང་མངོན་བྱང་ལས། བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱའོ་ཞེས་དང་། རྩ་བའི་ལྟུང་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱི་སྟེང་དུ་རྩ་བ་བཞི་སྟེ་བཅུ་བཞི་བསྲུང་བར་གསུངས་སོ། །རྩ་བ་བཞི་ནི་དེ་ཉིད་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་བཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱི། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཅེས་པས་དེ་བཞིའི་ལྡོག་ཕྱོགས་དམ་ཆོས་སྤོང་བ་སོགས་བཞིའོ། །འོ་ན་མི་དགེ་བཅུ་སྤོང་ནི་ལྷ་མིའི་ཐེག་པ་དང་ཉན་རང་ལའང་ཡོད་པས་སྔགས་ཀྱི་ཁྱད་པར་གྱི་རྩ་ལྟུང་དུ་ཅིའི་ཕྱིར་འཇོག་ཅེ་ན། དེ་ཉིད་ལས། གང་དག་འདས་དང་མ་བྱོན་དང་། །གང་ཡང་ད་ལྟའི་མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེ་ཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོས་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། །ཞེས་ཐབས་ཤེས་ཀྱིས་ཟིན་པའི་ཁྱད་པར་གྱིས་ཡིན་ནོ། །རྣལ་འབྱོར་རྒྱུད་ཀྱི་བཅུ་བཞི་ནི། དེ་ཉིད་སྣང་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟ་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་པ་ལ་སོགས་པ་རིགས་ལྔའི་སྡོམ་བཟུང་བསྟན་པ་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་ཁྲིམས་ནི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མི་གཏོང་བ་སྟེ་གསུམ། རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་གཟུང་བ་སྟེ་བཞི། །རིན་པོ་ཆེའི་རིགས་ལ། ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་སྦྱིན་པ་སྟེ་བཞི། པདྨའི་རིགས་ལ་དམ་པའི་ཆོས་མ་ལུས་པ་འཛིན་པ་སྟེ་གཅིག །ལས་ཀྱི་རིགས་ལ་སྡོམ་པ་དེ་རྣམས་མི་གཏོང་བ་དང་། མཆོད་པའི་ལས་ལ་བརྩོན་པ་དང་གཉིས་ཏེ་དེ་རྣམས་བསྡོམས་པས་བཅུ་བཞི་ནི་བསྒྲུབ་པའི་བསླབ་བྱ་ཡིན་ལ། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པར་ནི་རབ་ཏུ་བཤད། །སྤོང་བ་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་པ་ལ་ངོས་འཛིན་མི་མཐུན་པ་མང་ཡང་། འདིར་བསྒྲུབ་པའི་བསླབ་བྱ་བཅུ་བཞི་པོ་དེ་ལས་གཞན་པ་སྟེ། དེའི་ལྡོག་ཕྱོགས་བཅུ་བཞི་པོ་ལ་བཞག་པ་ཡིན་ནོ། །དེ་ལྟར་རྒྱུད་སྡེ་སོ་སོའི་ལྟུང་བའི་དབྱེ་བ་དང་མཚམས་རྣམ་པར་བཞག་པ་དེ་ཐམས་ཅད་ཁོང་དུ་ཆུད་པར་བྱས་ཏེ་ཕན་ཚུན་གུང་བསྒྲིགས་ཤེས་ན་བླ་མེད་ཀྱི་བཅུ་བཞི་བོའི་ནང་དུ་ཐམས་ཅད་འདུ་བའི་ཚུལ་གྱིས་བསྲུང་ཆོག་པ་ཡིན་པས་རྣམ་གྲངས་མང་བ་ཙམ་གྱིས་ནི་དཀའ་བ་ཅི་ཡང་མེད་དོ། །དྲུག་པ་ཉམས་ན་ཕྱིར་བཅོས་པའི་ཐབས་བཤད་པ་ལ་གཉིས་ཏེ། ཁེ་ཉེན་བརྗོད་པའི་སྒོ་ནས་ཕྱིར་བཅོས་དགོས་པར་གདམས་པ་དང་། ཕྱིར་བཅོས་དངོས་བཤད་པའོ། །དང་པོ་ཕྱིར་བཅོས་དགོས་པར་གདམས་པ་ནི། དབང་བསྐུར་ཐོབ་ཅིང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པ་དང་ལྡན་པ་རྣམས་ནི་དམ་ཚིག་གི་ཕྱིར་རྒྱལ་པོའི་བཙོན་རར་ཆུད་པ་སོགས་འཆི་བའི་རྐྱེན་ལ་ཕབ་པའམ། སྲོག་གཏོང་དགོས་ཀྱང་སླ་སྟེ། དུས་རྟག་ཏུ་དམ་ཚིག་རྣམས་སྙིང་ནོར་དུ་བཅངས་ཏེ་མངོན་ལྐོག་ཐུབ་པ་ཞིག་བསྲུང་བར་མ་བྱས་ན་དམྱལ་བའི་གནས་སུ་འགྲོ་བ་ལས་འོས་མེད་དེ། སྔགས་ལམ་ལ་ཞུགས་ཤིང་སྤྱོད་པའི་སྐྱེས་བུ་ནི་སྦྲུལ་སྨྱུག་དོང་དུ་བཅུག་པ་བཞིན་དམ་ཚིག་ཉམས་ཤིང་ཕྱིར་བཅོས་པའི་ཐབས་ལ་མ་བརྩོན་ན་ཤི་མ་ཐག་ངན་སོང་དམྱལ་བའི་གནས་སུ་འགྲོ་ངེས་པ་དང་། ཞི་རྒྱས་ལ་སོགས་པའི་ལས་གང་བསྒྲུབ་ཀྱང་མི་འགྲུབ་ཅིང་། སྲུང་མ་རྣམས་མཆོད་ཀྱང་མི་འཁོར་བ་དང་། ནད་གདོན་དང་དགྲས་མནར་བ་སོགས་ཚེ་འདིར་ཡང་སྡུག་བསྔལ་བར་འགྱུར་ཏེ། ཟླ་གསང་ཐིག་ལེ་ལས། སྔགས་ཀྱི་དངོས་གྲུབ་དོན་འདོད་ན། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་གིས། །གསོལ་ཡང་བཞེས་སུ་མི་གནང་སྟེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་ལས་འདས་པ་ཡི། །རྨོངས་པའི་བདག་ཉིད་དེ་ཐོབ་བོ། །ཞེས་སོ། །དམ་ཚིག་རྣམ་པར་དག་པ་ཞིག་བསྲུངས་ན་ཚེ་འདིར་ཇི་སྐད་བཤད་པའི་ཉེས་དམིགས་དེ་ཐམས་ཅད་ལས་ལྡོག་པའི་ཡོན་ཏན་ཐོབ་ཅིང་། ཇི་ལྟར་འགོར་ཡང་སྐྱེ་བ་བཅུ་དྲུག་ཚུན་ཆད་སངས་རྒྱས་ཐོབ་པར་འགྱུར་ཏེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཅེས་སོ། །དེའི་ཕྱིར་ཡར་མར་གང་རུང་དུ་འགྲོ་བ་གཉིས་པོ་དེ་ལས་འགྲོ་ས་གསུམ་པ་བར་མ་ལྟ་བུ་ཞིག་མེད་དོ་ཞེས་དམ་ཚིག་དང་ལྡན་པ་རྣམ་བར་དོ་ཚུན་ཆད་དུ་མ་གྲོལ་ན་གནས་སྐབས་མཐོ་རིས་དང་དག་པའི་ཞིང་སོགས་སུ་འགྲོ་ཡང་སླར་ངན་སོང་སོགས་སུ་ལྟུང་བར་མི་འགྱུར་བར་རིམ་གྱིས་གྲོལ་བར་འགྱུར་བས། མངོན་མཐོའི་རྒྱུ་ཁོ་ན་བསྒྲུབ་པ་རྣམས་སྲིད་རྩེའི་བར་དུ་སོང་ནས་སླར་ལྟུང་བ་ལྟ་བུ་དང་། ཉན་རང་རྣམས་ཀྱིས་ཐར་པའི་འབྲས་བུ་ཉི་ཚེ་བ་ཐོབ་པ་ལྟ་བུ་མ་ཡིན་ནོ། །དམ་ཚིག་ཉམས་པ་རྣམས་ཀྱང་ལས་དེ་སྟོབས་ཆེ་བས་སྔོན་ལ་སྨིན་པ་ལས་མངོན་མཐོ་ཐོབ་བྱེད་ཀྱི་དགེ་བ་ཡོད་ཀྱང་དེ་སྔོན་ལ་སྨིན་མི་ནུས་ཏེ། ལས་ཀྱི་འཁོར་བར་ལྕི་གང་དང་། །ཞེས་པ་ལ་སོགས་པ་ལྟར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་སྔགས་ཀྱི་ལྟུང་བ་གྲངས་མང་བ་དང་རང་གཉེན་པོ་ཆུང་བས་ལྟུང་བའི་ཉེས་པ་ཞིག་བྱུང་ན་དེ་མཐོང་བའི་ཚེ་ན་དེའི་ཉེས་དམིགས་དྲན་ཞིང་འགྱོད་པ་དྲག་པོས་བདག་ཉིད་སུན་ཕྱུང་སྟེ་བསམ་སྦྱོར་གཉིས་ཀའི་ཆ་ལ་སྨད་ནས་ལྟུང་བ་དེ་དང་ལྷན་དུ་སྐད་ཅིག་ཀྱང་གནས་པར་མི་འདོད་པའི་བསམ་པས་ཕྱིར་བཅོས་པའི་ཐབས་ལ་ཕྱི་བཤོལ་མེད་པར་དེ་མ་ཐག་ཏུ་འབད་པར་བྱ་དགོས་པར་གདམས་སོ། །གཉིས་པ་ཕྱིར་བཅོས་དངོས་བཤད་པ་ནི། སྤྱིར་རྩ་བའི་ལྟུང་བ་ཐམས་ཅད་ལ་ཀུན་དཀྲིས་ཚང་བར་གྱུར་ན་སྡོམ་པ་ཉམས་པར་བྱེད་པའི་རྒྱུ་ཡིན་པས་ཕྱིར་བཅོས་ཚུལ་བཞིན་བྱས་ནས་སྡོམ་པ་སླར་གསོ་དགོས་ཤིང་། ཁྱད་པར་རྩ་ལྟུང་དང་པོ་སློབ་དཔོན་ལ་སྨོད་པ་ནི་ཉེས་པ་ཤིན་ཏུ་ལྕི་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་སྔར་དྲངས་པ་ལྟར་ཡིན་པས། ད་ལྟ་རང་ལ་རང་དབང་ཡོད་པས་དེ་ལྟ་བུའི་ཉེས་པ་དེའི་ཕྱོགས་ཙམ་ཡང་མི་འབྱུང་བའི་ཐབས་ལ་འབད་པར་བྱའོ། །གལ་ཏེ་ལྟུང་བ་བྱུང་བར་གྱུར་ན། སྙིང་ནས་འགྱོད་པ་དྲག་པོས་ཁ་ཟས་ཟ་བ་ཡང་ཡི་གར་མི་འོང་བ་ཙམ་དུ་བསྐྱེད་དེ། བླ་མ་ལ་ལྷག་པར་དད་ཅིང་མོས་པས་སྒོ་གསུམ་གྱིས་བསྙེན་བཀུར་ཞིང་འཁོར་གསུམ་ཡོངས་དག་སྟེ་ཡོད་དགུའི་དངོས་པོ་ཐམས་ཅད་འབུལ་ཞིང་བཤགས་པ་བྱས་ལ་ཐུགས་ཟིན་པར་བྱ་ཞིང་། དེའི་རྗེས་སུ་དབང་བསྐུར་བསྐྱར་ནས་ཞུས་ཏེ་སྡོམ་པ་གསོར་གཞུག་ཅིང་། གལ་ཏེ་བླ་མ་མི་བཞུགས་པའམ་ཉེ་བར་མི་གནས་པ་དང་ལམ་འཕྲང་འཚེ་བས་བཀབ་པ་ལྟ་བུས་མི་ནུས་ན་བླ་མ་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཏུ་ཤེས་པས་བདག་འཇུག་ལན་གྲངས་མང་དུ་བླང་ནས་སོར་ཆུད་པར་བྱའོ། །དེ་ཡང་ཕྱིས་ཀྱང་བདག་འཇུག་ལ་སོགས་པས་སོར་ཆུད་པར་འགྱུར་བས་སླའོ་སྙམ་དུ་སྡོམ་སེམས་བརྟན་པོ་མེད་ན་དུག་ནད་ཀྱིས་གཟིར་ནས་སྨན་པ་བསྟེན་ཏེ་སྨན་བཏུང་ནས་སླར་ཡང་དུག་ཟ་བར་བྱེད་པ་བཞིན་ཉེས་པ་རྒྱུན་མི་འཆད་ཅིང་དངོས་གྲུབ་ཐོབ་པའི་དུས་མི་འོང་བས་སྡོམ་སེམས་བརྟན་པ་ནི་གལ་ཆེའོ། །ཚུལ་དེ་ནི་ཉེས་ལྟུང་སྦྱོང་བའི་ཆ་ཐམས་ཅད་ལ་ཤེས་པར་བྱའོ། །དེ་ཡང་ཐོག་མ་ནས་ལྟུང་བས་མ་གོས་པ་དང་། བཅོས་ནས་སོར་ཆུད་པ་གཉིས་ཀྱང་ཁྱད་པར་ཆེ་བའི་ཚུལ། ཐབས་ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉན་ཐོས་ཀྱི་ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང་པོ་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བའི་སྐལ་པ་མེད་དོ། །ཞེས་ཚེ་དེ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་མི་ནུས་པར་གསུངས་པ་དང་། དེ་བཞིན་དུ་བྱང་ས་ལས། བྱང་ཆུབ་སེམས་ཀྱི་རྩ་ལྟུང་བྱུང་ན་ཚེ་དེ་ལས་དང་པོ་ཐོབ་མི་སྲིད་པར་གསུངས་པ་དང་རྣམ་བཞག་མཚུངས་སོ། །ཚུལ་དེ་ལྟ་བུའི་སྒོ་ནས་རྩ་བའི་ལྟུང་བ་ཐམས་ཅད་ཕྱིར་བཅོས་ཤིང་སྡོམ་པ་ནོད་པར་བྱས་ལ། དེ་བཞིན་དུ་གཞན་སྦོམ་པོ་གཙོ་བོར་གྱུར་པའི་ཉེས་ལྟུང་རྣམས་ལ་འགྱོད་སྡོམ་དྲག་པོས་རང་གི་དམིགས་པས་བཤགས་ནའང་འདག་རུང་ལ། དབང་དང་བདག་འཇུག་སོགས་མ་བྱས་ཀྱང་སྔགས་སྡོམ་མེད་པ་མིན་ཞིང་དབང་རྣོན་གྱིས་རྩ་ལྟུང་ཡང་རང་སྟོབས་ཁོ་ནས་སྦྱང་རུང་བ་ནི་འོག་ཏུ་འཆད་པར་འགྱུར་རོ། །འོན་ཀྱང་ཁྲེལ་ཡོད་དང་ངོ་ཚའི་རྟེན་དུ་གལ་ཏེ་བླ་མ་མེད་ན་སྔགས་ཀྱི་སྡོམ་པ་ལ་ཉེས་ལྟུང་གི་སྐྱོན་མེད་ཅིང་རྣམ་པར་དག་པ་དང་ལྡན་པ་ཞིག་གི་མདུན་དུ་བཤགས་པར་བྱ་སྟེ། སྙིང་པོ་རྒྱན་ལས། ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོ་བདག་སེམས་སུན་ཕྱུང་སྟེ། ཡུལ་མདུན་སྙན་གསན་ཕབ་ནས་ཀྱང་། །གསུམ་བླང་གསུམ་འགལ་བཤགས་པ་དང་། །ཞེས་སོ། །དེ་ཡང་འབྱོར་ན་དཔའ་བོའི་སྟོན་མོ་སོགས་བྱས་པའི་རྗེས་སུ། ཕྱག་འཚལ་བ་དང་སྤྱོད་ལམ་ཞི་ཞིང་དུལ་བས་རྒྱལ་བ་སྲས་བཅས་དང་རིག་པ་འཛིན་པ་ཆེན་པོ་ལ་མཁྱེན་པར་གསོལ་ནས། རང་གི་གསང་བའི་མིང་ནས་སྨོས་ནས་བདག་མ་རིག་པ་དང་། ཉོན་མོངས་པའི་དབང་དུ་གྱུར་བས་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་བླ་མ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་འདི་དང་འདི་བྱུང་བས། རྒྱལ་བ་སྲས་དང་བཅས་པ་རྣམས་དང་རིག་པ་འཛིན་པ་ཆེན་པོའི་སྤྱན་སྔར་འཆབ་པ་སྟེ་སྦེད་ཅིང་གསང་ན་ནི་བདག་ཉིད་ཉེས་ལྟུང་དང་བྲལ་བའི་བདེ་བ་ལ་རེག་པར་གནས་པའི་སྐབས་འབྱུང་བར་མི་འགྱུར་བས་འཆབ་པ་མེད་པར་སྙིང་ནས་བཤགས་ཤིང་ཕྱིན་ཆད་ལེགས་པར་སྡོམ་པར་བགྱིའོ་ཞེས་གསོལ་ནས། བཤགས་ཡུལ་གྱིས། དེ་ལ་ཁྱོད་ཀྱིས་ཉེས་ལྟུང་འདི་རྣམས་ལ་མཉེས་པར་ཚུལ་བཞིན་དུ་མཐོང་ངམ་ཞེས་དྲིས་པ་ནི། རང་གིས་ཀྱང་གནོད་འགྱོད་དང་བཅས་ནས་མཐོང་ལགས་ཞེས་བརྗོད། བཤགས་ཡུལ་གྱིས་ཕྱིན་ཆད་ལེགས་པར་སྡོམ་པར་བྱེད་དམ་ཞེས་དྲི་བ་ན། རང་གིས་ཀྱང་སྡོམ་སེམས་བརྟན་པོའི་དམ་བཅའ་དང་བཅས་ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད་ཅེས་སྤྱི་བོའི་གཙུགས་ཏུ་ཁུར་བ་ལྟ་བུའི་སྒོ་ནས་དང་དུ་བླངས་ཏེ་དམ་བཅའོ་ཞེས་པའི་དོན་ནོ། །དེ་སྐད་ཅེས་མཐོང་སྡོམ་དྲི་བ་དང་བཅས་པ་ལན་གསུམ་བརྗོད་ན་ཉེས་པ་མཐོང་ཞིང་དྲན་པ་དང་སྡོམ་སེམས་བརྟན་པར་འགྱུར་བས་རྩ་བའི་ཚིག་གིས་དངོས་བསྟན་ལྟར་བྱས་ན་ལེགས་པར་མངོན་ནོ། །དེ་ལྟར་བྱས་པའི་རྗེས་ལ་བཤགས་ཡུལ་གྱིས་ཐབས་ཡིན་ནོ། །ཞེས་ཉེས་ལྟུང་དག་པའི་ཐབས་ཡིན་པར་བསྟན་པས་རང་གིས་ལེགས་སོ་ཞེས་དེ་ཡིན་པར་ངེས་ཤེས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟ་བུའི་ཕྱིར་བཅོས་ཚུལ་བཞིན་དུ་བྱེད་པ་དེ་ཕྱིར་འགྱངས་པར་འགྱུར་ན་ཞག་རེ་རེ་བཞིན་དུ་ཉེས་པ་དེ་གོང་འཕེལ་དུ་འགྲོ་བར་འགྱུར་ཏེ། སྙིང་པོ་རྒྱན་ལས། རྟག་ཏུ་བག་མེད་པ་གནས་དང་། །ཉེས་པ་ཆུང་དུ་ཕྲ་མོ་ཡང་། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །ཅེས་སོ། །དེས་ན་དེ་ལྟར་འཕེལ་བར་འགྱུར་བ་དེ་ཡི་གཉེན་པོ་རུ་དམིགས་ནས་ཉིན་མཚན་ལན་དྲུག་གམ་གསུམ་ལ་སོགས་པར་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ཏེ་སྟོབས་བཞི་ཚང་བའི་ངང་ནས་ཡི་གེ་བརྒྱ་བ་ཉེར་གཅིག་གམ་བརྒྱ་སྟོང་ལ་སོགས་པ་མ་ཡེངས་པར་ཅི་ནུས་སུ་བཟླས་པས་རྟག་ཏུ་བཤགས་ཤིང་། རྩ་ལྟུང་བཅུ་བཞིའི་སྔོ་བགྲང་བརྗོད་པའི་བཤགས་ཚིག་བྷ་ཝི་ལྷས་མཛད་པ་དང་སྦོམ་ལྟུང་གི་བཤགས་ཚིག་སོགས་ཀྱང་གདོན་པར་བྱའོ། །དེ་ཡང་ཡི་གེ་བརྒྱ་པ་འདོན་ཚུལ་ནི། སྦོམ་པོའི་འགྲེལ་བ་ལས། དེའི་མེའི་སར་མིག་སྤེལ་བར་བྱའོ། །ཞེས་པས་སརྦ་སིདྡྷི་ཆེ་གེ་མོ་པྲ་ཡཙྪ་ཞེས་གདོན་པའི་དོན་ཏོ། །དེས་ནི་ལྟུང་བ་འཕེལ་བའི་རྒྱུན་ཆད་པར་འགྱུར་ཏེ། སྙིང་པོ་རྒྱན་ལས། རྡོ་རྗེ་སེམས་དཔའ་ལ་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱང་བར་བྱ། །འབུམ་ཕྲག་དུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་སོ། །གཉིས་པ་མདོ་སྒྱུ་སེམས་གསུམ་གྱི་ཁྱད་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གསར་རྒྱུད་རྣམས་དང་ཐུན་མོང་དུ་མ་གྱུར་པའི་ཁྱད་པར་བ་སྤྱི་མདོ་དགོངས་པ་འདུས་པ་དང་། རྒྱུད་སྒྱུ་འཕྲུལ་དྲྭ་བ་དང་། སེམས་སྡེ་རྫོགས་པ་ཆེན་པོ་སྟེ་སྔ་འགྱུར་གྱི་རྒྱུད་སྡེ་གསུམ་པོའི་རིང་ལུགས་ཀྱི་བསྲུང་བྱ་དམ་ཚིག་གི་རིམ་པ་ནི། ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྤྱི་མདོ་དགོངས་འདུས་ཀྱི་ལུགས་བཤད་པ་དང་། སྒྱུ་འཕྲུལ་དྲྭ་བའི་ལུགས་བཤད་པ་དང་། སེམས་ཕྱོགས་རྫོགས་པ་ཆེན་པོའི་ལུགས་བཤད་པའོ། །དང་པོ་སྤྱི་མདོ་དགོངས་འདུས་ཀྱི་ལུགས་བཤད་པ་ནི། །སྤྱི་མདོ་དགོངས་པ་འདུས་པར། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་ཤེས་བྱ་བསྒྲུབ་པ་དང་། །ཞེས་པས་རྩ་བའི་དམ་ཚིག་གསུམ་ནི། བསྲུང་བའི་ཡུལ་ལྷ་དང་བླ་མ་གཉིས་སུ་མེད་པར་གཙོ་བོ་ཡིན་ལ། བསྲུང་ཚུལ་ཕན་འདོགས་པ་དང་གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས་སྐུ་ཡི་དམ་ཚིག་ཏུ་བླ་མ་དང་ལྷ་ལ་གུས་པར་བལྟ་ཞིང་། མཆེད་དང་ལྕམ་དྲལ་གྱིས་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུའི་གདུལ་བྱ་ཡིན་པས་གནོད་པ་སྤང་བ་དང་། རྣམ་པར་སྨིན་པའི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱོང་བར་བྱེད་པའོ། །དགེ་མི་དགེའི་རྣམ་འགྱུར་ཐམས་ཅད་ངག་ལ་བརྟེན་ནས་བསྐྱེད་པས་གསུང་གི་དམ་ཚིག་ཏུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་དང་། ངག་གི་ཉེས་པ་སྤང་བའི་ཕྱིར་བླ་མས་ཅི་གསུང་བསྒྲུབ་པ་དང་། མཆེད་ལྕམ་གྱི་ངག་མི་གཅོག་པ་དང་བཅས་པའོ། །འཁོར་བ་བསྐྱེད་པའི་རྒྱུའི་གཙོ་བོ་ཡིད་ཡིན་པས་ཐུགས་རྡོ་རྗེ་ཡི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ་བ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ་བ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྤྱོད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང་། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །དེ་ལྟར་རྩ་བའི་བསྲུང་བྱ་གསུམ་དང་། ཡན་ལག་གི་དམ་ཚིག་ཐབས་ལྡན་དུ་སྤྱད་པར་བྱ་བ་ཏན་གན་སོགས་ལྔ་དང་། ཡིད་འོང་སྟེ་སྤང་བྱར་མི་བལྟ་བས་ལམ་དུ་བྱེད་པ་ཉོན་མོངས་ལྔ་དང་། སྨེ་བར་བལྟས་ནས་མི་འདོར་བ་བདུད་རྩི་ལྔ་དང་། ལྟ་བས་ལྷར་ཤེས་པར་བྱ་བ་ཕུང་པོ་འབྱུང་ཡུལ་སོགས་ལྔ་དང་། བསྒོམས་པས་དབྱེར་མེད་དུ་བསྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔ་སྟེ་རྩ་བའི་གསུམ་དང་བསྡོམས་པས་ཉེར་བརྒྱད་དོ། །ཡན་ལག་ཉེར་ལྔ་པོ་དེ་རྣམས་ནི་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་སྒྱུ་འཕྲུལ་དྲྭ་བའི་ལུགས་བཤད་པ་ནི། རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལུགས་ལ་རྩ་བའི་དམ་ཚིག་རྣམ་པ་ལྔ་གསུངས་ཏེ། གསང་སྙིང་ལས། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཅེས་དང་། ཡན་ལག་གི་དམ་ཚིག་རྣམ་པ་བཅུར་བཤད་དེ། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲ་དོག་མི་སྤོང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་སོ། །དང་པོ་རྩ་བའི་དམ་ཚིག་གི་ཕྱོགས་བཤད་པ་ལ་ནི། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་གསུངས་པས། དང་པོ་བླ་མེད་མི་སྤོང་ཞེས་པ་བྱང་ཆུབ་ཀྱི་སེམས་གཉིས་ཡིན་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་ལྷག་པ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་ངང་དུ་འཇོག་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་ལྷག་པའི་བསམ་པ་སྟེ། འདིར་ཡི་དམ་གྱི་ལྷ་བསྒོམ་པ་ཉིད་ལ་འདུ་བའི་དབང་དུ་མཛད་དེ་ལོགས་སུ་མ་གསུངས་ལ། དེ་ཡང་ཐེག་ཆེན་སྤྱིའི་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། དཀོན་མཆོག་ལ་བསྙེན་བཀུར་མི་འདོར་བ་དང་། སྔགས་ཕྱི་བས་དེའི་སྟེང་དུ་རང་གི་ལྷག་པའི་ལྷ་མཆོད་ཅིང་བསྒོམ་པར་བསྟན་པ་དེ་དག་ཀྱང་འདིར་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་རྟགས་ཀྱི་ལྷ་སྐུ་ཕྱག་རྒྱ་བསྒོམ་པ་ལ་འདུ་སྟེ། སངས་རྒྱས་དང་དགེ་འདུན་ནི་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་པས་བྱང་ཆུབ་ཀྱི་སེམས་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་ཅན་བདག་ཉིད་གཅིག་པ་དང་། དོན་དམ་པར་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་ཡིན་པས་ཟུང་དུ་འཇུག་པའི་ཡེ་ཤེས་དེའི་རྟགས་ཀྱི་ཕྱག་རྒྱ་ལྷ་སྐུ་ཡིན་པ་ནི། དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བླ་མ་དེ་རྒྱ་ལྷག་པའི་ལྷ། །ཞེས་གསུངས་སོ། །དེ་ལྟར་འདུ་བའི་ཚུལ་ཤེས་པར་བྱས་ནས་འདིར་བཤད་པར་བྱ་བ་ནི་བཞི་ཡིན་ཏེ། དེ་ཡང་བླ་མ་བཀུར་བ་ལ་ཡུལ་ནི་སློ་དཔོན་དྲུག་གསུངས་ཏེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆགས་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པས་ཀུན་གྱིས་བཀུར་གནས་སུ་གྱུར་ཞིང་རང་གིས་ཀྱང་ཆོས་འབྲེལ་ཅུང་ཟད་ཐོབ་པ་སྤྱིའི་སློབ་དཔོན་དང་། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི། །དབང་བསྐུར་བ་པོ་དམ་ཚིག་དབང་གི། །ལྟུང་བ་བཤགས་པའི་ཡུལ་ཉམས་ཆག་སྐོང་བའི། རྒྱུད་སོགས་འཆད་པ་པོ་ཤེས་རྒྱུད་འགྲོལ་བའི། ཁྲིད་འཆད་པ་པོ་མན་ངག་ལུང་གི་སློབ་དཔོན་ཏེ་དྲུག་པོ་ཡིན་ཞིང་། དེ་དག་ལས་གསང་སྔགས་ཀྱི་ཆོས་ཀྱི་བཀའ་དྲིན་ཐོབ་པ་ནི་རྡོ་རྗེ་སློབ་དཔོན་དུ་གྱུར་པས་གཉན་ལ། ཁྱད་པར་དུ་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པ་གསུམ་ཤིན་ཏུ་གཉན་པས་དེ་རྣམས་མི་སྤོང་ཞིག་བཀུར་སྟིས་ཇི་ལྟར་བསྙེན་པའི་ཚུལ་ནི། བཀའ་དྲིན་ཐོབ་ཚུལ་གྱིས་དཔེ་དང་སྦྱར་ནས་རིམ་བཞིན་གསུངས་ཏེ། དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། །ཞེས་སོ། །སྔགས་རྒྱུ་རྒྱུན་མི་བཅད་པའི་ཡུལ་ནི། གསལ་བཀྲ་ལས། རྩ་བ་བསྐྱེད་དང་ལས་སྔགས་དང་། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་རབ་ཆུ་བོའི་རྒྱུན་བཞིན་ནམ་ཉིན་མཚན་གྱི་ཐུན་ལ་གནས་པ་དང་། འབྲིང་གིས་ཟླ་བ་ངོ་རེར་དུས་དྲུག་གམ་བཞི་ལ་སོགས་པ་དང་། ཐ་མས་ཀྱང་ལོ་ཟླའི་དུས་མཆོད་ཀྱིས་རྒྱུན་མི་བཅད་པར་བྱ་བ་དང་། མཆེད་ལ་བྱམས་པ་ལ་ཡུལ་ནི། སྔར་གྱི་བཞི་པོ་ཡིན་ལ། དེ་རྣམས་ལས་ཀྱང་ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ཕྱི་མ་གསུམ་དང་། དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ལྷག་པར་གཉན་པར་ཤེས་པའི་རིམ་པས་དེ་རྣམས་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་ཞིང་གདུང་བས་བྱམས་པར་བྱེད་པ་སྟེ། རྔམ་གློག་ལས། རྡོ་རྗེ་སྤུན་ལ་གདུང་སེམས་ཀྱང་། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་དང་བཅས་པའི་སེམས་ཙམ་ཡང་། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་སྒྲུབ། །ཅིའི་ཕྱིར་རྡོ་རྗེའི་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །གསང་བ་མི་སྨྲ་བ་ལ། གང་ལ་གསང་བའི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་ལྟ་བ་ཟབ་མོ་ནི་ཐེག་དམན་སོགས་བློ་འཕང་དམའ་བ་ཐམས་ཅད་ལ་གསང་ཞིང་སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་ངོ་། །ལྷའི་མིང་གཟུངས་སོགས་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པ་ལ་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་ལ་གསང་ངོ་། །གང་ཞིག་གསང་བར་བྱ་བའི་དོན་ནི། དེ་ཉིད་ལས། སྤྱི་དང་བར་གསང་བཞི་བཞི་དང་། འོས་དང་གཉེར་གཏད་རྣམ་པ་བཅུ། ཞེས་གསང་བ་བཅུ་པོ་དེ་རྣམས་རང་རང་གི་ཡུལ་དང་དུས་ཀྱི་དམིགས་ངེས་པས་གཞན་ལ་མི་བསྒྲག་པའོ། །དེ་ལ་སྤྱི་གསང་བཞི་ནི་གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླིང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་རྣམས། །སྤྱི་གསང་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་སོ། །གསང་བར་འོས་པ་ནི། ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྤྱོད་པ་དང་དམ་རྫས་མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་དང་། གཉེར་གཏད་པ་ནི་བླ་མ་དང་མཆེད་ཀྱིས་གསང་བར་བཀའ་རྒྱས་བཏབ་པ་རྣམས་སོ། །རྩ་བའི་དམ་ཚིག་འདི་རྣམས་སྒྲུབ་བསྲུང་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་བཞག་པའི་ཚུལ་ནི་རྒྱུད་འགྲེལ་རྣམས་ལས་གསུང་ཚུལ་མི་འདྲ་བ་ཅུང་ཟད་བྱུང་ཡང་། བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་དང་། གཞན་གསུམ་བསྲུང་བའི་དམ་ཚིག་ཡིན་ལ། ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དབང་དུ་བྱས་ན། །བླ་མ་དང་མཆེད་ལ་བསྲུང་བ་སྐུའི་དམ་ཚིག །སྔགས་རྒྱ་གསུང་གི་དམ་ཚིག །གསང་བཅུ་ཐུགས་ཀྱི་དམ་ཚིག་ཡིན་ཞིང་བྱང་སེམས་ཀྱང་མདོར་བསྡུ་རིགས་ཏེ། བདེ་འདུས་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བའི་དམ་ཚིག་དེ་དག་ལ་དབྱེ་ན་བརྒྱ་དང་དྲུག་ཅུ་སྟེ། དེ་ཡང་ཐེག་པ་འོག་མའི་བསྲུང་སྡོམ་ལྟར་མཚན་མར་བཟུང་ནས་སྤང་བླང་གཉིས་སུ་བྱེད་པ་མ་ཡིན་པར་བསྲུང་བྱའི་ཡུལ་བསྲུང་བ་པོ་སྲུང་བྱེད་ཀྱི་བསམ་སྦྱོར་ཐམས་ཅད་ཆོས་ཉིད་དོན་གྱི་ལྷ་རིག་པའི་ཡེ་ཤེས་ཆེན་པོའི་རོལ་བར་བལྟས་ནས་ཐ་སྙད་དུ་བླང་དོར་བྱེད་ཀྱང་དོན་ལ་བཟང་ངན་དང་བླང་དོར་མེད་པར་ཤེས་རབ་ཀྱིས་ཟིན་པས་བླ་མེད་མི་སྤོང་བ་ལྟ་བུ་གཅིག་ལ་ཐབས་དང་ཤེས་རབ་གཉིས་ཀྱི་ཆ་ཡོད་ལ། དེ་གཉིས་པོ་རེ་རེ་ལ། འགག་པ་མེད་པའི་ཆ་ནས་སྐུ། སྐྱེ་མེད་གསུང་། ཟུང་འཇུག་ཐུགས་གསུམ་རེ་རེར་ཕྱེ་བས་དྲུག །དྲུག་པོ་རེ་རེ་ལ། རྟེན་བྱེད་པའི་ཆ་ནས་སྐུ། ཉམས་སུ་མྱོང་བའི་ཆ་གསུང་། རང་བཞིན་སྤྲོས་པ་དང་བྲལ་བའི་ཆ་ཐུགས། རང་རང་གི་ཆོས་སོ་སོར་སྣང་བའི་ཆ་ཡོན་ཏན། དེ་དག་གིས་དོན་བྱེད་པའི་ཆ་ཕྲིན་ལས་ཏེ་ལྔ་རེར་ཕྱེ་བས་དྲུག་ལྔ་སུམ་ཅུར་འགྱུར་ལ། དེའི་སྟེང་དུ་དབྱེ་གཞི་གཅིག་པོ་དང་། དྲུག་པོ་མ་བསྣན་པར་ཐབས་ཤེས་གཉིས་བསྣན་པས་སུམ་ཅུ་རྩ་གཉིས་ཏེ་བླ་མེད་མི་སྤོང་བ་ལ་སུམ་ཅུ་རྩ་གཉིས་ཡོད་པ་དེ་བཞིན་དུ། བླ་མ་བཀུར་བ་སོགས་གཞན་བཞི་ལའང་སྦྱར་བས་སོ་གཉིས་པ་ལྔ་བསྡོམས་པས་བརྒྱ་དྲུག་ཅུའོ། །རྩ་བ་སྲུང་བྱེད་ཀྱི་ཐབས་སུ་གྱུར་པའི་ཡན་ལག་གི་དམ་ཚིག་ནི་མི་སྤང་བ་དང་མི་དོར་བའི་སྡེ་ཚན་གཉིས་སུ་བསྡུ་བར་བྱ་ཞིང་དང་པོའི་ཕྱོགས་ལ་ནི། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་སྟེ་ཉོན་མོངས་པ་ལྔ་པོ་མི་སྤོང་བ་ཡིན་ལ། དེ་ལ་ལོག་པའི་དུག་ལྔ་དང་། སྦས་དོན་ཡང་དག་པའི་དུག་ལྔ་གཉིས་སུ་ཡོད་པ་ལས་ལོག་པའི་དུག་ལ་ནི་ཉོན་མོངས་པ་དངོས་ཡིན་ཞིང་དེ་མི་སྤང་བའི་ཚུལ་ནི། ཆགས་སོགས་ཀྱི་རང་བཞིན་ཤེས་པས་ཉོན་མོངས་པའི་དེ་བཞིན་ཉིད་དམ་རང་གི་ངོ་བོ་ནི་ངོ་བོ་མེད་པ་ཡིན་པས་སྨིག་རྒྱུའི་ཆུ་ལ་ཆུ་རགས་མི་དགོས་པ་བཞིན་སྤོང་བྱེད་ཀྱི་གཉེན་པོ་མི་དགོས་ལ། ཐབས་ཀྱིས་ཟིན་ན་རྣ་བར་ཆུ་ཞུགས་པ་ཆུས་འགུགས་པའམ་རྨ་བྱས་དུག་ཟོས་པ་དང་འདྲ་བར་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བས་རང་གི་གཉེན་པོར་རང་ཆེ་བས་མི་སྤང་བ་སྟེ་ཉོན་མོངས་པ་ཐབས་ཀྱིས་མ་ཟིན་པར་གཉེན་པོ་གཞན་གྱི་སྟོབས་ཀྱིས་སྤངས་ནས་འདུས་མ་བྱས་པའི་འབྲས་བུ་མངོན་དུ་བྱས་པ་ལས་ས་བོན་མེས་ཚིག་པ་བཞིན་སངས་རྒྱས་ཀྱི་ཆོས་གང་ཡང་འབྱུང་བར་མི་འགྱུར་བས་ན་ཉོན་མོངས་རང་བཞིན་མེད་པར་ཤེས་ཤིང་ཐབས་ཀྱིས་ཟིན་ནས་མ་ཞེན་ཅིང་མི་འགག་པར་སྤྱད་ན་ཐེག་ཆེན་སྤྱི་ཡི་ལམ་གྱི་སེམས་སྟོབས་རྨད་དུ་བྱུང་བ་དང་། ཕྱིན་དྲུག་གིས་བསྡུས་པའི་ཚོགས་ཐམས་ཅད་དང་། སྔགས་ཀྱི་ལམ་གྱི་ཡེ་ཤེས་དང་དངོས་གྲུབ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་རྒྱུ་ས་བོན་དང་རྐྱེན་ཆུ་ལུད་དྲོད་གཤེར་འཛོམ་པ་ལས་འབྲས་བུ་རྩོལ་མེད་དུ་སྨིན་པ་ལྟར་འབྱུང་སྟེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་སྟེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། ཇི་ལྟར་གྲོང་ཁྱེར་སེར་སྐྱ་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ནི་ཡེ་ནས་རིགས་ལྔར་གནས་པའི་ཚུལ་ཤེས་ནས་ལམ་དུ་བྱས་པས་རྨོངས་པའི་སྒྲིབ་པ་དག་ནས་ཡེ་ཤེས་ལྔར་འགྱུར་བ་སྟེ་དཔེར་ན། སྣུམ་འདོད་པས་ཏིལ་བསྒྲུབ་པར་ལྟ་བུའོ། །དེ་ལྟར་ཡང་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །དེ་ཡང་གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཞེ་སྡང་ནི་མི་བསྐྱོད་པའི་དམ་ཚིག་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ང་རྒྱལ་ནི་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཕྲག་དོག་ནི་དོན་ཡོད་གྲུབ་པའི་དམ་ཚིག་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །སྦས་དོན་ཡང་དག་པའི་དུག་ལྔ་ནི། འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག །དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་ཆགས་པ་འདོད་ཆགས། ལོག་པར་རྟོག་པ་རྣམས་སྒྲོལ་བ་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པ་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་ཤོང་བ་ཕྲག་དོག་སྟེ་འདི་རྣམས་ལྟ་བའི་ངང་དུ་སྐྱོང་བ་ལ་ཚང་བས་རྟག་ཏུ་ཉམས་ལེན་ལ་བརྩོན་པར་བྱའོ། །གཉིས་པ་མི་དོར་བའི་ཕྱོགས་ནི་རྡོ་རྗེ་ཟིལ་པ་རཀྟ་དྲི་ཆེན་མཱཾ་ས་དྲི་ཆུ་སྟེ་བདུད་རྩི་ཆེན་པོ་ལྔ་པོ་ཡིན་ལ། དེ་དག་ཀྱང་དང་དུ་བླང་བྱར་ངེས་པ་ཡིན་ཏེ། གྲུབ་པ་བཞི་དང་ཡིན་པ་གསུམ་གྱི་ཕྱིར། དེ་ལ་གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ་བདུད་རྩི་ལྔ་པོ་ཆོས་ཉིད་ཀྱི་ངོས་ན་གཙང་སྨེ་གང་དུའམ་གྲུབ་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངོ་བོར་གྲུབ་པས་དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རོལ་པར་བླང་བར་བྱ་བ་དང་། ཆོས་ཅན་རང་བཞིན་གྱིས་གྲུབ་པ་དེ་དག་ཆོས་ཅན་ལྟར་སྣང་བའང་རང་བཞིན་རྣམ་པར་དག་པ་རིགས་ལྔའི་རང་བཞིན་ཉིད་དུ་གྲུབ་པས་དེ་ལྟར་ཤེས་པའི་སྒོ་ནས་བླང་བར་བྱ་བ་དང་། ནུས་པའི་མཐུས་གྲུབ་པ་དེ་དག་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྒྲུབ་ན་འགྲུབ་པའི་ནུས་པ་དང་ལྡན་པའི་དམ་རྫས་ཡིན་པས་བླང་བར་བྱ་བ་དང་། བྱིན་གྱིས་རླབས་ཀྱིས་གྲུབ་པ་དམ་ཚིག་གི་རྫས་དེ་རྣམས་ནི་སྔོན་དཔལ་ཆེན་པོ་ལ་སོགས་པས་བྱིན་གྱིས་བརླབས་པའི་དབང་གིས་ཚུལ་བཞིན་དུ་བསྟེན་པའི་སྒྲུབ་པ་པོ་དེ་ལ་མ་མོ་མཁའ་འགྲོ་ཐམས་ཅད་འདུ་ཞིང་སྒྲུབ་པའི་གྲོགས་བྱེད་ཅིང་དངོས་གྲུབ་ཐོབ་པ་ཉེ་བས་དང་དུ་བླང་བར་བྱའོ། །ཡིན་པ་གསུམ་ནི། ནད་ལྔ་སེལ་བའི་སྨན་ཡིན་ཏེ། དྲི་ཆེན་གྱིས་དུག་ནད། དྲི་ཆུས་གག་པ། མཱཾ་སས་མཛེ་ནད། རཀྟས་གྲང་བ། བྱང་སེམས་དཀར་པོས་ཚ་བའི་ནད་རྣམས་སེལ་བའོ། །ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དམ་རྫས་ཡིན་པ་ནི། དྲི་ཆེན་གྱིས་མཐུ་ཆེན། དྲི་ཆུས་སྐད་སྙན། མཱཾ་སས་ཚེ་རིང་། རཀྟས་བཀྲག་མདངས་གསལ། བྱང་སེམས་དཀར་པོས་མི་བརྗེད་པའི་གཟུངས་ཐོབ་པའོ། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་ཏེ། དྲི་ཆེན་བུདྡྷའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དྲི་ཆུ་ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས། མཱཾ་ས་རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱིི་ཡེ་ཤེས། རཀྟ་པདྨའི་རིགས་སོ་སོར་རྟོག་པའི་ཡེ་ཤེས། བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་གིས་མཚོན་ནས་ཆོས་ཐམས་ཅད་དག་མཉམ་གྱི་ངོ་བོར་རྟོགས་ནས་བླང་དོར་མེད་པར་སྤྱོད་པ་ནི་སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཏེ་ཚུལ་ཡིན་པས་དེ་བཞིན་དུ་དང་དུ་བླང་ནས་སྤྱོད་པར་བྱའོ། །དེ་ལ་དབྱེ་ན་ཡན་ལག་གི་དམ་ཚིག་བཅུ་པོའི་མི་སྤང་བ་ལྔ་དང་། མི་དོར་བ་ལྔ་ཚན་རེ་ལ་ཐབས་ཀྱིས་ཟིན་པའི་ཆ་དང་། ཤེས་རབ་དང་མ་བྲལ་བའི་ཆ་གཉིས་རེར་དབྱེ་བས་བཅུ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་དབྱེ་བས་ལྔ་བཅུ་རེ་སྟེ་བརྒྱ། དེ་རེ་རེ་ལའང་ཤེས་རབ་ཐབས་སུ་ལྡན་པ་དང་། ཐབས་ཉིད་ཤེས་རབ་དང་ལྡན་པའི་ཆ་ཤས་ཀྱིས་དབྱེ་བ་བྱས་ན་ཉིས་བརྒྱའི་གྲངས་སུ་ངེས་པ་ནི། རྩ་བའི་དབྱེ་གཞི་བཅུ་པོ་ལ་ཐབས་ཤེས་ཀྱི་ཕྱེ་བས་ཉི་ཤུར་བསྡུ་བ་ནི་ཀུན་གཟིགས་རོང་པའི་ལུགས་ཏེ། གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་མ་རྨོངས་པའི་རོང་ཟོམ་ཆོས་ཀྱི་བཟང་པོས་དཀོན་མཆོག་འགྲེལ་དུ་གསུངས་སོ། །ཀུན་མཁྱེན་ཆེན་པོ་ནི། གཏི་མུག་ལྟ་བུ་གཅིག་ལ་ཐབས་ཤེས་གཉིས་སུ་དབྱེ་ཞིང་། ཐབས་ལ་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ། ཤེས་རབ་ལའང་ཡེ་ཤེས་ལྔ་དང་ཡུལ་ལྔ་སྟེ་བཅུ་ཡོད་པ་བསྡོམས་པས་ཉི་ཤུ་སྟེ། དེ་བཞིན་དུ་ལྷག་མ་དགུ་ལའང་ཉི་ཤུ་རེར་དབྱེ་བས་ཉིས་བརྒྱར་མཛད་དོ། །དེའི་དོན་ནི་ཉོན་མོངས་པའི་རྟོག་པ་གང་སྐྱེ་ཡང་དེ་ཉིད་ཐབས་ཤེས་ཁྱད་པ་ཅན་གྱིས་ཟིན་པའི་ཚེ་ན་རིག་པའི་ངང་དུ་གྲོལ་ཏེ་རང་བཞིན་མེད་པ་ནི་ཆོས་དབྱིངས་ཡེ་ཤེས། རིག་པའི་རྩལ་གདངས་མ་འགགས་པ་མེ་ལོང་ཡེ་ཤེས་དང་། གཉིས་སུ་འཛིན་པ་མེད་པ་མཉམ་ཉིད་ཡེ་ཤེས། ཡུལ་སྣང་མ་འགགས་པར་སོ་སོར་སྣང་བ་སོར་རྟོག་ཡེ་ཤེས། དེ་ལ་འཛིན་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་ཚེ་ན་དེ་དག་གི་ཡུལ་དུ་སྣང་བ་དེའི་ངོ་བོ་སྟོང་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ཡུལ། དེ་བཞིན་དུ་ཡུལ་གྱི་རྣམ་པ་མ་འགགས་པར་སྣང་བ་མེ་ལོང་གི། ཡུལ་དེའི་ངོ་བོ་བཟང་ངན་སོགས་གཉིས་ཆོས་སུ་མ་གྲུབ་པ་མཉམ་ཉིད་ཀྱི། སོ་སོར་སྣང་བ་སོར་རྟོག་གི། དགག་སྒྲུབ་དང་བྲལ་བར་སྩོལ་མེད་དུ་སྣང་བ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཡུལ་ལོ། །དེ་ལྟར་དབྱེ་བའི་ཁུངས་ནི། རྩ་རྒྱུད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལས། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །དེ་ལྟར་ན་རྩ་བ་དང་ཡན་ལག་གི་དམ་ཚིག་གཉིས་ཀའི་དབྱེ་བ་བསྡོམས་པས་སུམ་བརྒྱ་དྲུག་ཅུའོ། །དེ་ལ་རོང་ཀློང་རྣམ་གཉིས་ཀྱི་དབྱེ་བ་མཛད་ཚུལ་དེ་ནི་རྣམ་གྲངས་ཀྱིས་དབྱེ་བ་སྟེ་ཉམས་ལེན་ཟབ་མོའི་ཕྱོགས་དང་སྦྱར་བའི་གནད་དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །རྩ་བའི་དམ་ཚིག་ལྔ་པོའི་ནང་གསེས་ཀྱི་དབྱེ་བ་སོ་སོའི་རྣམ་པ་གཞན་ཤེས་པར་འདོད་ན་ཕྲ་རྒྱས་སུ་བལྟ་བར་བྱ་དགོས་སོ། །གསུམ་པ་སེམས་ཕྱོགས་རྫོགས་པ་ཆེན་པོའི་ལུགས་བཤད་པ་ལ་གཉིས་ཏེ། བསྲུང་དུ་མེད་པའི་དམ་ཚིག་དང་། བསྲུང་དུ་ཡོད་པའི་དམ་ཚིག་གཉིས་ལས། དང་པོ་བསྲུང་དུ་མེད་པའི་དམ་ཚིག་ནི། སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ངོ་འཕྲོད་ཅིང་ངང་སྐྱོང་ནུས་པའི་ཕྱོགས་ལ་ནི། ཕྱི་སྣང་བ་རྟེན་མེད་དུ་གོ། ནང་རིག་པ་ཡུལ་མེད་དུ་གོ་བའི་དུས་ན་རིག་པའི་གཤིས་ལ་སྤང་བྱ་གཞི་མ་གྲུབ་པས་བླང་དོར་གྱི་དགག་སྒྲུབ་གང་ཡང་མེད་པར་འཇོག་པ་ནི་མེད་པའི་དམ་ཚིག་སྟེ། ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ང་མི་བསྲུང་བས་མེད་ཅེས་བྱ། །ཞེས་པ་ལྟར་དང་། སྡོམ་པ་དང་སྡོམ་མིན། དངོས་དངོས་མེད། སྐྱེ་འགག་སོགས་གཉིས་ཆོས་དང་རྟོགས་རློམ་ཐམས་ཅད་ཆོས་ཉིད་གཅིག་ཏུ་གྱུར། བལྟས་པས་མ་མཐོང་བས་རང་བཞིན་གཅིག །ཚིག་གིས་མི་མཚོན་པས་ཡེ་ཤེས་གཅིག་གི་ངང་ལ་བསལ་བཞག་མེད་པར་གནས་པའི་ཆ་ནས་ཐ་སྙད་བཏགས་ན་གཅིག་པུའི་དམ་ཚིག་ཅེས་བྱ་སྟེ། དེ་ཉིད་ལས། བསྲུང་དུ་མེད་པའི་དམ་ཚིག་ལས། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་ལ། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །ཞེས་པ་ལྟར་དང་། ཡང་དེ་ལྟར་ཕྱི་ནང་ཡུལ་མེད་དུ་རྟོགས་པ་དེ་གཅིག་པུའི་ངང་ལ་འཇོག་པའི་ཚེ་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙམ་བྱེད་ཀྱི་བློ་ཞེན་མི་འཇུག་པར་ཆོས་ཐམས་ཅད་ཆོས་ཉིད་ཡངས་པར་ལ་བཟླ་བ་ནི་ཕྱལ་བ་ཞེས་བྱ་སྟེ། དོན་ལ་སྒོ་ལྔའི་ཡུལ་ལ་ཤེས་པ་ཆེད་དུ་མ་བཀག་པར་བཞག་ཀྱང་འདི་ཡིན་གྱི་གཏད་སོ་གང་ཡང་མེད་པས་གུད་ཡངས་པ་སྟེ། ཀུན་བྱེད་ལས། དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པ། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །ཞེས་པ་ལྟར་དང་ནི། གཞན་ཡང་དེ་ལྟ་བུའི་ཆོས་ཉིད་ཀྱི་རིག་པ་ཀ་དག་གི་གདངས་ལ་མཁྱེན་ཆ་ཡོན་ཏན་གྱི་ཆོས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཆོས་ཅན་སྣང་བ་བཞིའི་ཉམས་ལེན་དང་མི་འབྲལ་བ་ལ་ལྷུན་གྱིས་གྲུབ་པའི་དམ་ཚིག་ཡིན་ནོ་ཞེས་བྱ་བར་གྲགས་པ་སྟེ་དོན་ལ་ཐོད་རྒལ་གྱི་སྣང་བ་བཞིའི་ཉམས་ལེན་ལ་བརྟེན་པ་མ་ཡིན་ཀྱང་ཀ་དག་གི་རིག་པ་གཅིག་པུའི་ངང་སྐྱོང་བ་ན་ཡང་སྐྱེ་མེད་ཀྱི་ངང་ལས་འགག་མེད་ཀྱི་སྣང་བ་ཅི་ཤར་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པའི་ཕྱི་དེ་ལས་གཞན་ན་བསྒྲུབ་བྱ་ཞིག་བཙལ་དུ་མེད་པས་དེ་སྐད་ཅེས་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡིས་བཤད། །ཅེས་སོ། །དེ་ལྟར་རྣམ་གྲངས་བཞིར་གསུངས་པ་ཡིན་ཡང་རིག་པའི་ངང་ལ་ཡེངས་སྒོམ་དང་བྲལ་བར་བཞག་པ་ལ་ལྡོག་པས་དབྱེ་བ་ཙམ་ལས་ཐ་དད་པ་བཞི་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ལྟ་བུའི་ངང་ན་སྤང་བྱ་དང་གཉེན་པོའི་ཆོས་གཉིས་ཀ་མེད་པས་བསྲུང་མཚམས་དང་བྲལ་བའི་ཆོས་ཉིད་དེ་ལ་རྟག་ཏུ་གནས་པ་རྣམས་ལ་འདའ་བར་བྱ་བའི་ཆོས་རྡུལ་ཙམ་མི་དམིགས་པས་རིག་པའི་ངོ་བོའི་བཞུགས་ཚུལ་ལ་རྟོགས་བྱ་དམ་ཚིག་ཆེན་པོ་བཞིའི་ཆིངས་ཀྱིས་བཅིངས་ནས་གནས་ལུགས་ཀྱི་གཤིས་དེ་ལས་གཞན་དུ་མི་གཡོ་བའི་དོན་དུ་བསྟན་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོ་དང་། །མེད་དང་གཅིག་པུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་སོ། །ཚུལ་དེ་ནི་ཡེ་ནས་ཉམས་པ་མེད་པ་གཟུང་འཛིན་གྱིས་མི་ཕྱེད་པའི་གནས་ལུགས་དོན་གྱི་རྡོ་རྗེའི་ངང་ལ་གནས་པས་སྣང་སེམས་ཐམས་ཅད་ལ་ཆོས་སྐུའི་ཡེ་ཤེས་ཀྱིས་དབང་བསྒྱུར་བའི་ཕྱིར་རྒྱལ་པོའི་ལུགས་ཞེས་བྱ་ལ་འོག་མ་ཁྱད་དུ་གསོད་པའི་ཚིག་ཏུ་འཁྲུལ་བར་མི་བྱ་སྟེ། སློབ་དཔོན་སངས་རྒྱས་གཉིས་པས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན་ལ། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ནས། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་ནས་ཕྱིས་གསོར་མི་རུང་། སྤྱོད་པའི་ཕྱོགས་སུ་ལྟ་བ་འབྲང་ན་དངོས་པོ་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ། མ་འོངས་པ་ན་ཚིག་གི་གདེང་ནི་ཤེས་ཏེ་ལྟ་བའི་གདེང་མ་རྙེད་པ་མང་པོ་ཞིག་ངན་སོང་དུ་འགྲོའོ་ཞེས་གསུངས། དེའི་ཕྱིིར་ཉམས་ལེན་ལ་བརྟན་པ་མ་ཐོབ་གོང་ནས་རྫོགས་ཆེན་གྱི་ཆོས་སྐད་མཐོན་པོ་འབའ་ཞིག་གིས་དགེ་སྡིག་རྒྱུ་འབྲས་མེད། འདུ་འཛིན་དང་ཡུལ་རྐྱེན་གྱིས་མི་གནོད། བསྒོམ་བྱ་སྒོམ་བྱེད་མེད་ཟེར་ནས་ཐ་མལ་དུ་ལུས་པ་ནི་བསྟན་པའི་བླ་བཙོང་ཞིང་རང་གི་ཆོས་སྐལ་ཆད་པ་ཡིན་པས་སྒོ་གསུམ་ཆོས་དང་བསྟུན་པའི་སྒོ་ནས་ཉམས་ལེན་ལ་རྒྱུན་དུ་འབད་པ་ནི་ཤིན་ཏུ་གནད་ཆེའོ་གསུངས། གཉིས་པ་བསྲུང་དུ་ཡོད་པའི་དམ་ཚིག་ལ་གཉིས་ཏེ། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་གོ། །དང་པོ་རྩ་བའི་དམ་ཚིག་ནི། གོང་དུ་བཤད་པ་ལྟ་བུའི་སྒོ་གསུམ་གྱི་སྤྱོད་པ་ལ་བླང་དོར་བྱེད་པའི་བྱ་བ་ལ་ཆེད་དུ་མ་བརྩོན་ཀྱང་ཡེ་བསྲུང་ཆེན་པོའི་དམ་ཚིག་ལ་གནས་པའི་སྟོབས་ཀྱིས་ཁ་ན་མ་ཐོ་བའི་ཉེས་པ་ཐམས་ཅད་ཟིལ་གྱིས་མནན་ནས་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ཉེས་པ་གང་གིས་ཀྱང་གོས་པར་མི་འགྱུར་བའི་རིགས་རྣམས་ལ་དེ་ཁོ་ནས་ཆོག་མོད། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་གསར་དུ་ཞུགས་ཤིང་བླ་མ་མཚན་ཉིད་དང་ལྡན་པ་ལས་གདམས་ཁྲིད་ནོད་ཀྱང་ཉམས་ལེན་ལ་བརྟན་པ་མ་ཐོབ་པས་རྐྱེན་ཁར་འཆོར་བའི་གང་ཟག་ལས་དང་པོ་བ་རྣམས་ཀྱི་རང་རྒྱུད་ཉེས་པས་མི་གོས་ཤིང་ཉམས་ལེན་རྣམ་པར་དག་པར་བྱ་བའི་ཕྱིར། བླ་མའི་བཀའ་བཞིན་བསྒྲུབ་ཅིང་སྤང་བླང་གང་ལའང་མ་ཞེན་པའི་སྒོ་ནས་ཉེས་པ་གང་གིས་ཀྱང་མི་གོས་པའི་ཐབས་ལ་དྲན་ཤེས་བག་ཡོད་དང་བཅས་པས་བརྩོན་ཞིང་། གལ་ཏེ་ཉམས་པར་གྱུར་ན་ཡང་ཕྱིར་བཅོས་སུ་ཡོད་པ་རིན་ཆེན་གྱི་བུམ་པ་བཟང་པོ་ཞོམ་ཡང་བཅོས་སླ་བ་བཞིན་བླ་མས་ཇི་སྐད་གསུངས་པ་བཞིན་ཕྱིར་བཅོས་ན་སོར་ཆུད་པར་སླ་བ་ཡིན་པའི་ཕྱིར་རྟག་ཏུ་འབད་པས་བསྲུང་བ་གལ་ཆེ་སྟེ། འཇམ་དཔལ་བཤད་རྒྱུད་ལས། དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེར་ན་གྱང་ན་རི་མོ་བཞིན། །ཞེས་པ་ལྟར་གཞི་དམ་ཚིག་རྣམ་པར་མ་དག་བཞིན་ཉམས་ལེན་གྱི་རྟོགས་པ་བཟང་པོ་རྒྱུད་ལ་སྐྱེ་བ་ནི་གནས་མེད་དོ། །དབྱེ་བའི་དབང་དུ་བྱས་ན། རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་ཟུང་། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱེད་ལྟ་བའི་དམ་ཚིག་༡༽དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་༢༽། །སྒྲུབ་པ་སྤྱི་ཡི་དམ་ཚིག་༣༽དང་། །ཐུན་མོང་སྤྱི་ཡི་དམ་ཚིག་༤༽དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་༥༽དང་། །ཡན་ལག་གྲངས་ཀྱི་དམ་ཚིག་༦༽དང་། །གལ་མདོ་ངེས་པའི་དམ་ཚིག་༧༽གོ། །ཞེས་བདུན་དུ་གསུངས་པ་དེ་དག་ཀྱང་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་དུ་འདུ་བ་ལས། དང་པོ་སྤྱིའི་དམ་ཚིག་ནི། སོ་བྱང་དང་ཕྱི་རྒྱུད་ཀྱི་བསྲུང་བྱ་རྣམས་ཏེ། ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ནི་བླ་མེད་ཀྱི་རྒྱུད་སྡེ་སྤྱི་ལ་ཁྱབ་པའི་མདོ་སྒྱུ་སེམས་གསུམ་རང་རང་གི་སྐབས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་སོ། །འདིར་གསུམ་པོ་དེ་ལས་ཕྱི་མ་སེམས་ཕྱོགས་ཀྱི་དམ་ཚིག་ཀྱང་སྤྱི་མདོའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་བསྟན་པ་དེ་དང་དོན་གཅིག་ཅིང་དེ་ལ་དབྱེ་བའི་སྒོ་ནས། དམ་ཚིག་རྣམ་པར་བཀོད་པ་ལས། སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པར་ཤེས། །ཞེས་པའི་གྲུབ་མཐའ་སྟེ་ཚུལ་ནི་ཉི་ཤུ་རྩ་བདུན་དུ་དབྱེ་བར་བྱ་བ་སྟེ། དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་དོན་བརྒྱུད་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ནི་བླ་མ་ཁོ་ན་ལ་རག་ལས་ཏེ་དང་པོ་རྟོགས་པ་ངོ་སྤྲད། བར་དུ་གེགས་སེལ་ཞིང་བོགས་འདོན། ཐ་མ་ཆོས་ཉིད་ཟད་སར་སྐྱེལ་བར་བྱེད་པའི་ཕྱིར། དེ་ལྟ་བུའི་བླ་མ་དེ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀུན་འདུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པས་བླ་མ་དང་དགོངས་པ་དབྱེར་མེད་དམ་རྡོ་རྗེ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་བསྒྲུབ་པར་བྱ་བའི་ཕྱིར་བསྲུང་བྱའི་རྩ་བ་ནི་བླ་མའི་སྐུ་གསུང་ཐུགས་གསུམ་ཡིན་ལ། གསུམ་པོ་དེ་རེ་རེ་ལ་ཕྱིའི་ཕྱི་ནང་གསང་གསུམ། ནང་གི་ཕྱི་ནང་གསང་གསུམ། གསང་བའི་ཕྱི་ནང་གསང་གསུམ་གྱི་དམ་ཚིག་གསུམ་ཚན་གསུམ་གྱིས་དབྱེ་བས་ཉེར་བདུན་ནོ། །དེ་ལ་དང་པོ་སྐུའི་ཕྱིིའི་གསང་བའི་དམ་ཚིག་ལ་ནི་སེམས་ཅན་ཡིན་ནོ་ཅོག་གི་སྲོག་གཅོད་པ་སྤང་བ་དང་། དེ་བཞིན་དུ་ཕྱིའི་ནང་ལ་མི་ཚངས་པ་སྤྱོད་པ་སྤང་བ་དང་། ཕྱིའི་ཕྱི་ལ་རྐུ་བ་སྤོང་བ་རྣམས་སོ། །སྐུའི་ནང་གི་ཕྱི་ལ་ཕ་མ་སྤུན་སྲིང་རང་ལུས་རྣམས་སྨོད་པ་དང་། ནང་གི་ནང་ལ་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་འཇུག་པར་འདོད་པ་དང་། ཞུགས་པ་དང་། ཞུགས་ཏེ་གཟུགས་བརྙན་འཛིན་པའི་གང་ཟག་རྣམས་ལ་སྨོད་པ་དང་། ནང་གི་གསང་བ་ལ་རང་གི་ལུས་ལྷའི་དཀྱིིལ་འཁོར་ལ་དུག་མཚོན་སོགས་ཀྱིས་གནོད་པ་བྱེད་པ་རྣམས་སྤང་བའོ། །འདི་ཡང་རྩ་བའི་ཚིག་རང་ལུས་ཞེས་པས་བསྡུ་དགོས་པར་སྣང་ངོ་། །སྐུའི་གསང་བའི་གསང་བ་ལ། བླ་མའི་གྲིབ་མ་འགོང་བ་དང་། སྤྱན་སྔར་མཚོན་ཆ་འཛིན་པ་དང་། རྐང་ལག་རྐྱོང་བ་དང་། སྒེག་ཆོས་བྱེད་པ་སོགས་མ་གུས་བའི་བྱ་བ་དང་། གསང་བའི་ནང་ལ་བླ་མའི་ཡུམ་གཙེ་བ་སོགས་དང་། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་དང་སྲིང་མོ་རྣམས་ཀྱི་ལུས་དང་རྒྱན་སོགས་ལ་སྨད་པ་དང་། དེ་དག་ལ་བརྡེག་གམ་བརྡེག་པར་བརྩམ་མམ། བརྡེག་ཏུ་བཅུག་ཀྱང་རུང་སྟེ་དེ་རྣམས་སྤང་བའོ། །གསུང་གི་ཕྱི་ནང་གསང་གསུམ་གྱི་དམ་ཚིག་ལ། དང་པོ་གསུང་གི་ཕྱིའི་ཕྱི་ལ་རང་འདོད་ཀྱིས་འགྲོ་བ་ཕལ་པ་ལའང་རྫུན་སྨྲ་བ་དང་། ཕྱིའི་ནང་ལ་ཕ་རོལ་དབྱེ་བའི་ཚིག་ཕྲ་མ་སྨྲ་བ་དང་། ཕྱིའི་གསང་བ་ལ་གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་མོ་རྣས་སྤང་བའོ། །གསུང་གི་ནང་གི་ཕྱི་ལ་ཆོས་སྨྲ་རྣམས་དང་། ནང་གི་ནང་ལ་ཆོས་ཀྱི་དོན་སེམས་ཤིང་བསྒྲུབ་པ་རྣམས་དང་། ནང་གི་གསང་བ་ལ། གནས་ལུགས་ཟབ་མོའི་དོན་སྒོམ་པ་རྣམས་ལ་གཤེ་ཞིང་སྐུར་བ་འདེབས་པ་དང་། མི་བཀུར་ཞིང་བརྙེས་པ་རྣམས་སྤང་བའོ། །གསུང་གི་གསང་བའི་གསང་བ་ལ། བླ་མ་དང་། གསང་བའི་ནང་ལ་བླ་མའི་ཡུམ་དང་། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་སྲིང་སྟེ་དེ་རྣམས་ལ་སྨོད་པ་དང་འདི་གྱིས་ཤིག་ཅེས་པ་ལ་སོགས་པའི་ཚིག་རྣམས་དང་དུ་མི་ལེན་ཞིང་ཁྱད་དུ་གསོད་པ་རྣམས་སྤང་སྟེ་མི་བརྙས་པའོ། །ཐུགས་ཀྱི་ཕྱི་ནང་གསང་བའི་དམ་ཚིག་གསུམ་ལ། དང་པོ་ཕྱིའི་ཕྱི་ལ་བརྣབ་སེམས། ཕྱིའི་ནང་ལ་འགྲོ་བ་ཕལ་པ་ཡན་ཆད་ལ་གནོད་སེམས། ཕྱིའི་གསང་བ་ལ་གྲུབ་པའི་མཐའ་རྣམས་ལ་ལོག་ལྟ་སྟེ། ཡིད་ཀྱི་རྣམ་པ་གསུམ་པོ་སྤང་དང་། ནང་གི་ཕྱི་མ་སྤྱོད་པ་ལོག་པ་བག་མེད་དང་ཐོ་ཅོ། ནང་གི་ནང་ལ་སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ་དང་། ནང་གི་གསང་བ་ལ་ལྟ་བ་ལོག་པ་རྟག་ཆད་དང་མཐར་འཛིན་རྣམས་སྤང་བའོ། །གསང་བའི་གསང་བ་ལ་བླ་མ་ལ་མོས་གུས་དང་། གསང་བའི་ནང་ལ་ཡི་དམ་གྱི་ལྷ་དང་རྡོ་རྗེ་མཆེད་རྣམས་དང་། གསང་བའི་ཕྱི་ལ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་གསུམ་སྟེ་དེ་རྣམས་ཉིན་མཚན་ཐུན་དྲུག་ལ་སོགས་པ་དུས་ཀུན་ཏུ་མི་སེམས་པ་རྣམས་སྤངས་ནས་སེམས་ཤིང་དྲན་པར་བྱ་བའོ། །འདི་དག་གི་དོན་ནི་རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་ད་རེས་རང་རེ་རྣམས་འཁོར་བ་ལས་སྒྲོལ་བའི་ལམ་མཁན་བླ་མ་ཡིན་པས། དེའི་སྐུ་གསུང་ཐུགས་དང་འགལ་བར་མི་སྤྱོད་པའི་དོན་དུ་འདུས་པ་ཡིན་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིན་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང་། །ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ་སྟེ། སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ། ཤེས་བྱ་ལྟ་བའི་དམ་ཚིག་ལྔ། བསྒྲུབ་བྱ་སྒོམ་བྱའི་དམ་ཚིག་ལྔའོ། །དང་པོ་སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ་ནི། ཡན་ལག་གི་དམ་ཚིག་འདི་དག་ལ་གནས་པའི་ཚུལ། སྔགས་བླ་མེད་ཀྱི་ལམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་རྟོགས་ནས་སྣང་སྤྱོད་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པ་ལས་མི་འདའ་བར་སྤྱད་ན་ཕལ་པ་རྣམས་འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པ་གང་གིས་ཀྱང་དེ་ལ་མི་གོས་པར་མ་ཟད་རང་གི་ཚོགས་རྫོགས་ཤིང་གཞན་ལ་ཕན་པ་རླབས་པོ་ཆེ་སྒྲུབ་པར་བྱེད་པས། དེ་ལྟ་བུའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བ་དེའི་དབང་དུ་གྱུར་པའི་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་པོ་རྟོགས་གོམས་ཀྱི་གདེང་དང་ལྡན་པ་རྣམས་ཀྱིས་ཐམས་ཅད་སྒྲ་ཇི་བཞིན་པར་སྤྱོད་ཅིང་། ནུས་པ་མེད་པ་རྣམས་ཀྱིས་ནི་སྲོག་གཅོད་པ་ལ་སོགས་པ་སྒྲ་ཇི་བཞིན་པར་མི་ནུས་པ་རྣམས་འཆད་འགྱུར་ལྟར་རླུང་རྟོག་དབུ་མར་གསོད་པའི་ཐབས་སོགས་སྦས་དོན་རྣམས་ལ་སློབ་ཅིང་ལྟ་སྒོམ་གྱི་དམ་ཚིག་བཅུ་པོ་ལ་དངོས་སུ་བསླབ་པར་བྱ་བ་ཡིན་ནོ། །དེ་དག་ལས་དང་པོ་སྤྱོད་པའི་དམ་ཚིག་ལ་ལྔ་ཚན་དང་པོ་ནི། ཏ་ན་ཞེས་པ་སྒྲོལ་བ་སྟེ། དེ་ཡང་གསད་བྱ་སྲོག་དང་སྲོག་ལྡན་གྱི་སེམས་ཅན་དང་། གསོད་པ་པོ་རང་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་གང་དུའང་མ་གྲུབ་ཅིང་ཐ་སྙད་དུ་སྒྱུ་མ་དང་སྨིག་རྒྱུའི་ཚུལ་དུ་རྟོགས་པའི་རྣལ་འབྱོར་པས་གཞན་ལ་ཕན་པའི་བློས་སྔགས་ཀྱི་ཐབས་མཁས་ཀྱིས་བསྒྲལ་བར་བྱས་ན་དོན་ཆེ་སྟེ། ངེས་བརྗོད་བླ་མ་ལས། སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མར་སྨོད་བརྩོན་མ་རུངས་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་དང་། བྱང་ཆུབ་སྤྱོད་འཕེལ་སེམས་ཅན་བདེ། །ལྷ་མཉེས་བདག་གི་དམ་སྐོང་ཞིང་། །ལས་ངན་བར་ཆད་སྡུག་ཡུན་ཐུང་། །ཞེས་སོ། །ག་ན་ཞེས་པ་སྦྱོར་བ་སྟེ། ཆོས་ཐམས་ཅད་ལ་དངོས་པོ་དང་མཚན་མའི་མཐའ་གང་དུའང་མ་ཆགས་ཤིང་གཉིས་མེད་ཀྱི་ཡེ་ཤེས་ཆགས་པ་ཆེན་པོ་ལམ་དུ་བྱེད་ནུས་པ་རྣམས་ཀྱིས་ཇི་བཞིན་དུ་སྤྱད་པའི་ཕན་ཡོན་ནི། རྡོ་རྗེ་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བ་དང་། །གསང་སྔགས་རིག་པས་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །ཞེས་སོ། །མ་བྱིན་པར་ལེན་པ་ཡང་། ལེན་པའི་ཡུལ། བླང་བྱའི་རྫས། ལེན་པ་པོ་རང་དང་བཅས་པའི་ཆོས་རྣམས་རྨི་ལམ་ལྟར་རང་སྣང་ཙམ་ལས་ཐ་དད་པ་མེད་པའི་ཚུལ་ཤེས་པའི་གང་ཟག་གིས་གཞན་གྱི་ཚོགས་རྫོགས་པ་ལ་སོགས་པའི་ཕྱིར་བླང་བར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པ་སྨིན་པ་མེད། །དེ་བཞིན་ཆགས་མེད་ཡེ་ཤེས་འདིར་བསླབས་ཏེ། མྱ་ངན་འདས་པ་དམ་པ་མཆོག་ཞིར་འགྲོ། །ཞེས་གསུངས་པའི་དོན་སྲོག་གཅོད་པ་ལ་སོགས་པའི་ཉེས་པ་ལྟར་སྣང་བ་ཐམས་ཅད་ལ་ཤེས་པར་བྱའོ། །དགོས་པ་ནི་རྡོ་རྗེ་ལས། འཇུངས་པ་རྣམས་ལས་ནོར་བླངས་ལ། །སེམས་ཅན་བཀྲེན་ལ་སྦྱིན་པར་བྱ། །དེ་ཕྱིར་མི་ཡི་བདག་པོ་དང་། །ཕྱུག་པོ་རྣམས་ནི་ནོར་འཕྲོག་གོ། །ཞེས་པ་ལ་སོགས་པའོ། །རྫུན་དུ་སྨྲ་བ་ཡང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་གྲུབ་མ་མྱོང་བའི་བརྫུན་པ་ཉིད་ལ་མིང་གིས་ཇི་ལྟར་བཏགས་པ་ཐམས་ཅད་ཀྱང་རྫུན་དུ་ཟད་པས་ན་དེ་ལྟ་བུའི་ཚུལ་ཤེས་པའི་རྣལ་འབྱོོར་པས་དགོས་པ་ཁྱད་པར་ཅན་གྱི་ཕྱིར་རྫུན་སྨྲ་བར་བྱ་སྟེ། དེ་ཉིད་ལས། རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །ཀྱལ་བའི་ཚིག་ནི་ངག་འཁྱལ་ཏེ། དེ་ཡང་ཡི་གེ་དང་མིང་དུ་མ་འདུས་པའི་ཚིག་དངོས་པོ་མེད་པ་ལ་དེ་ལྟར་མི་ཤེས་པའི་དངོས་ཞེན་ཅན་རྣམས་ལ་ཆགས་སྡང་ལ་སོགས་པ་ཀུན་ནས་སློང་བའི་རྒྱུར་འགྱུར་ནའང་། སྒྲ་ཐམས་ཅད་བྲག་ཆ་ལྟ་བུར་རྟོགས་པའི་རྣལ་འབྱོར་པས་ཇི་ལྟར་སྨྲས་ཀྱང་ཉེས་པས་གོས་པར་མི་འགྱུར་ཞིང་གཞན་ལ་ཕན་པར་ཡང་འགྱུར་ཏེ། འཇམ་དཔལ་དབྱངས་ཀྱིས་ཕྱི་རོལ་པའི་གྲུབ་པའི་མཐའ་ལ་བསྟོད་ཅིང་ནང་པ་ལ་སྨད་པའི་གཏམ་དུ་མ་སྨྲས་པའི་མཐར་ལྟ་བ་ལོག་པ་ཅན་མང་པོ་མཆོག་གསུམ་ལ་སྐྱབས་སུ་སོང་ནས་ཡང་དག་པའི་ལམ་ལ་ཞུགས་པའི་ཐབས་མཛད་པ་ལྟ་བུའོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། ཡང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་འབེབས་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་སོ། །དེ་དག་གི་སྦས་དོན་རྣམས་ལས་སྔ་མ་བཞི་རིགས་ལྔའི་དམ་ཚིག་གི་སྐབས་སུ་ཤེས་པར་བྱ་ལ། ཕྱི་མའི་སྦས་དོན་ནི་ཆོས་རྣམས་རང་བཞིན་མེད་པར་རྟོགས་པའི་ཚེ་ཚིག་ཐམས་ཅད་གབ་སྦས་མེད་པར་སྨྲ་བའོ། །དེ་དག་ནི་ལུས་ངག་གིས་སྤྱད་པར་བྱ་བ་ལྔ་སྟེ་དེ་ནི་གནང་བ་དང་བཀག་པའི་མཚམས་ཇི་ལྟར་བཤད་པ་བཞིན་དུ་ཤེས་པས་སྤྱོད་པར་བྱེད་དོ། །ལྔ་ཚན་གཉིས་པ་ནི། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་ལྔ་པོ་སེམས་རྒྱུད་དང་མི་འབྲལ་བར་བྱ་བས་མི་སྤང་བ་ལྔ་སྟེ་དེ་ནི་ཉོན་མོངས་སྐྱེས་པའི་ཚེ་རང་མཚན་པ་ལ་སྤྱད་པ་ལས་ཅི་ཡང་མེད་ན་ནི་ཐ་མལ་བ་དང་ཁྱད་མེད་པས་ལམ་ཡིན་པའི་རྒྱུ་མཚན་མ་གྲུབ་པས་ན་རང་རྒྱུད་པ་དང་དབྲལ་དགོས་ཤིང་། དེ་ཡང་ཡང་དག་པ་དང་ལོག་པའི་དུག་ལྔ་མི་སྤང་བའི་ཚུལ་སྔར་ཡང་བཤད་ཟིན་ལ། ཁྱད་པར་ལོག་པའི་དུག་ལྔ་པོ་གཏན་ཚིགས་ཀྱིས་གཞིག་ནས་ལམ་དུ་འདོད་ན་ནི། གནད་དུ་མ་སོང་བའི་གོ་བ་ཙམ་གྱིས་རྒྱུས་འདེབས་པས་ནི་ཅི་ཡང་མི་ཕན་ལ། གནད་དུ་སོང་ཡང་ཐེག་ཆེན་པ་སྤྱིའི་ཉོན་མོངས་པ་ཆོས་ཉིད་དུ་སྦྱངས་པ་ཙམ་ཡིན་ཡང་། སྔགས་ལམ་གྱི་ཁྱད་ཆོས་སུ་མི་འགྲོ་ཞིང་། དེ་དང་རྣམ་པ་འ གལ་བའི་གཉེན་པོ་བྱམས་སོགས་བསྒོམ་ན་ནི་གཉེན་པོ་ལམ་དུ་བྱེད་པ་ཡིན་གྱི། །ཉོན་མོངས་པ་ལམ་དུ་བྱས་པ་མ་ཡིན་ལ་ཐེག་དམན་གྱི་ལམ་དང་ཡང་ཐུན་མོང་བའོ། །ཉོན་མོངས་འགགས་པའི་རྗེས་ཀྱི་ཤེས་པ་ཐང་ཆད་པ་ལྟ་བུའི་ངང་དུ་འཇོག་པའང་གཏད་སོ་དང་བཅས་ན་ཀུན་གཞིའམ་ཡིད་རྟོག་མེད་ཙམ་ལས་མི་འདའ་ལ། ཞེན་མེད་དུ་གནས་ཀྱང་ཡེ་ཤེས་ལམ་དུ་བྱས་པ་ཡིན་གྱི་ཉོན་མོངས་པ་ཉིད་ལམ་དུ་བྱས་པའི་དོན་དུ་མི་འགྲོའོ། །དེས་ན་ཉོན་མོངས་གང་སྐྱེས་ཀྱང་སོ་སོའི་རང་བཞིན་མ་འགགས་པའི་ངང་དེ་ཉིད་ཀྱི་རང་བཞིན་ཡེ་ཤེས་ནས་མ་ཞེན་ཅིང་མི་དགག་ན་ཉེ་བར་ལེན་པ་མེད་པས་ལས་དང་བག་ཆགས་མི་གསོག་ཅིང་ལམ་གྱི་གྲོགས་སམ་ངོ་བོར་འགྱུར་ཏེ། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །ངང་གིས་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་སོ། །དེ་ཙམ་མ་རྟོག་ན་ལྷའི་ང་རྒྱལ་འཛིན་པ་དང་། ཆགས་པ་ལམ་དུ་བྱེད་པའི་མཚན་བཅས་ཀྱི་རྫོགས་རིམ་སོགས་ཀྱིས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་རིམ་གྱིས་ཡེ་ཤེས་སུ་བསྒྱུར་བའི་ཐབས་ཀྱིས་ལམ་དུ་བྱེད་པའོ། །གསང་སྔགས་ཀྱི་ལམ་གྱི་གནད་ནི་འདི་ཁོ་ན་ལ་ཐུག་པས་འགྲེལ་བའི་སྒྲོས་དང་། བླ་མ་རྣམས་ཀྱི་གསུང་འོལ་སྤྱི་ཙམ་རེ་སེམས་ལ་ཡོད་པ་རྣམས་ཀྱིས་གཞི་བྱས་ནས་བྲིས་པ་ཡིན་ནའང་རང་ཉིད་ནི་རྟག་ཏུ་ཉོན་མོངས་པའི་ཁོལ་བོར་གྱུར་ནས་སྡོམ་པ་དང་དམ་ཚིག་ཐམས་ཅད་འཆལ་ཞིང་རྟོག་ངན་གཅིག་གི་དབང་དུ་མི་འགྲོ་བའི་ཉམས་ལེན་ཞིག་ཀྱང་མེད་ངེས་ན། གོ་བ་ཙམ་གྱིས་ལམ་གནད་ཟབ་མོ་རྩལ་འདོན་བྱེད་རྒྱུ་ག་ལ་ཡོད་ཀྱང་། འདིར་ངོ་ཚ་མེད་པར་ཅི་དྲན་དྲན་དུ་བྲིས་པ་འདིས་དཔྱད་གཞི་ཙམ་གྱིས་ལ་རང་དང་འདྲ་བའི་ལས་དང་པོ་པ་རྣམས་ཀྱི་མན་ངག་གནད་གཟིགས་པའི་དམ་པ་དག་ལས་དོན་གནད་ཟིན་པར་གྱིས་ཤིག །ལྔ་ཚན་གསུམ་པ་ནི། དྲི་ཆེན་དང་། དྲི་ཆུ་དང་། མཱཾ་ས་སྟེ་ཤ་ཆེན་དང་། རཀྟ་སྟེ་དམར་ཆ། ཟིལ་བ་སྟེ་དཀར་ཆ་རྣམས་ནི་དམ་ཚིག་གི་རྫས་དང་དུ་ལེན་པར་བྱ་བ་ལྔ་སྟེ་དེ་རྣམས་ལ་གཙང་སྨེ་རུ་བལྟ་བའི་གཉིས་སུ་འཛིན་པའི་རྟོག་པ་དང་འབྲལ་བའི་སྒོ་ནས་བསྟེན་པར་བྱ་སྟེ་སྔར་བཤད་ཟིན་ལ་སྦས་དོན་རྣམས་འཆད་པར་འགྱུར་རོ། །གཉིས་པ་ཤེས་བྱ་ལྟ་བུའི་དམ་ཚིག་ལྔ་ནི། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཡུལ་ལྔ་སེམས་མ་ལྔ། དབང་པོ་ལྔ་སེམས་དཔའ་ལྔ། ཁ་ཏོག་ལྔའི་དཀར་པོ་ཐམས་ཅད་མེ་ལོང་ཡེ་ཤེས། སེར་པོ་ཐམས་ཅད་མཉམ་ཉིད་ཡེ་ཤེས། དམར་པོ་ཐམས་ཅད་སོར་རྟོག་ཡེ་ཤེས། ལྗང་གུ་ཐམས་ཅད་བྱ་གྲུབ་ཡེ་ཤེས། མཐིང་ག་ཐམས་ཅད་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་སུ་ཤེས་པར་བྱ་བ་སྟེ་དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་ལྷར་ཤེས་པར་བྱ་བ་ལྔ་ནི་དག་མཉམ་རྟོགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་སྤྱོད་པར་བྱ་བ་སྟེ་གཞི་གཏན་ལ་དབབ་པའ་ིསྐབས་སུ་བཤད་པ་ལྟར་རོ། །གསུམ་པ་བསྒྲུབ་བྱ་སྒོམ་པའི་དམ་ཚིག་ལྔ་ནི། དེ་ལྟར་ཤེས་བྱ་ལྟ་བའི་དམ་ཚིག་གིས་ཇི་ལྟར་གཏན་ལ་ཕེབས་པའི་དོན་རྣམས་མངོན་དུ་འགྱུར་བར་བྱ་བའི་ཕྱིར་རང་རྒྱུད་ལ་བསྒྲུབ་པར་བྱེད་པ་ལ་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་ཐུགས་རྡོ་རྗེའི་རིགས་དང་། ཡོན་ཏན་རིན་ཆེན་རིགས་དང་། གསུང་པདྨའི་རིགས་དང་། ཕྲིན་ལས་ལས་ཀྱི་རིགས་དང་། སྐུ་དེ་བཞིན་གཤེགས་པའི་རིགས་ཏེ་བསྒྲུབ་བྱ་ལྔ་པོ་འདི་རུ་ནི་འདུ་བ་ཡིན་ཞིང་། དེ་ཡང་བསྒྲུབ་ཚུལ་རིགས་གཅིག་ནས་རིགས་བརྒྱའི་བར་དུ་ཡོད་ཀྱང་ལྔ་པོ་དེའི་དབྱེ་བསྡུ་ཙམ་དུ་ཟད་ཀྱི་འདི་ལས་འདའ་བ་ནི་མེད་དོ། །དེ་ཡང་ལྟ་བས་དག་མཉམ་དུ་མ་རྟོགས་ན་སྒོམ་པས་སྒྲུབ་ཏུ་མེད་པའམ་དག་པར་བསྒྲུབས་ཀྱང་ལྟ་སྒོམ་འགལ་བ་ཅན་དུ་སོང་ནས་གཞིའི་གནས་ལུགས་མངོན་དུ་འགྱུར་བའི་སྐབས་མེད་དོ། །དེས་ན་རྟོགས་པའི་དོན་དེ་ཉིད་ཆོ་ག་ལྔ་དང་། ཏིང་འཛིན་གསུམ་ལ་སོགས་པའི་ཐབས་ཀྱིས་གོམས་པའི་མཐུ་ཡིས་བསྒྲུབ་པ་བྱ་སྟེ། དམ་ཚིག་གསུམ་བཀོད་ལས། བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། །ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམས་དང་། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་ཆོ་ག་ལྔ་ཡི་སེམས་རྩོལ་བྱེད། །ཅེས་སོ། །དེ་ལ་ཆོ་ག་ལྔ་ནི། ལམ་མ་ནོར་བར་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་གྱིས་ཟིན་པ། དེ་ལས་ཟབ་མོའི་དབང་ཐོབ་པ། དམ་ཚིག་དང་སྡོམ་པ་ལ་གནས་པ། སྒྲུབ་པའི་མན་ངག་ལ་མཁས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པས་བསྒྲུབ་ནུས་པའོ། །དེ་ལྟར་ལྔ་ཚན་ལྔར་བཤད་པ་འདི་དག་ནི་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། དེ་ཉིད་ལས། སྤྱད་པ་ལྔ་དང་མི་སྤོང་ལྔ། །དང་དུ་བླང་དང་བསྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། །གསུམ་པ་ལྷག་པའི་དམ་ཚིག་ནི། ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཅན་གཟན་རྒྱལ་པོ་སེང་གེ་གསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་དུག་མི་བྱོ། །རིན་པོ་ཆེ་ཡི་ལྕུག་མ་རྩར་མི་བཅད། །གངས་ཀྱི་ཞུན་ཆུ་ཁོལ་མ་ཡོངས་མི་བཏུང་། །པདྨ་རྒྱས་པའི་ཟེའུ་འབྲུ་ཁ་མི་དབྱེ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་ནོར་དང་ཟས་མི་བསྲེལ། །ཤེལ་གོང་དཀར་པོ་རྫབ་ཏུ་བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་ཞོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་ཏུ་བསྲེག་མི་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་མི་བཅག །གནམ་ལྕགས་སྡེར་མོ་ས་ལ་བརྡབ་མི་བྱ། །སྟག་གཟིག་རོལ་པའི་ཟས་ཀྱི་ལྷག་མི་བཟའ། །རྡོ་རྗེའི་གཏམས་པའི་བྲག་རྣམས་ཡོངས་མི་བཤིག །རྡོ་རྗེའི་རྭ་བས་བསྐོར་བའི་གོ་མི་ཧྲལ། །མུན་པ་སེལ་བའི་སྒྲོན་མ་ཡོངས་མི་གསོད། །རྡོ་རྗེའི་ཆུ་བོ་འོལ་ཀ་བཅད་མི་བྱ། རྒྱལ་པོའི་རྟགས་ཀྱི་ཕྱག་རྒྱ་སྦྱིན་མི་བྱ། །རྡོ་རྗེའི་མཁར་རྫོང་གཏམས་པའི་རྨིང་མི་བཟློག །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དབོག་མི་བྱ། །ཞེས་ལྡེམ་དགོངས་ཀྱི་སྒྲས། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་ནས་ཚོགས་ཆེན་གྱི་བསྒྲུབ་པ་ལ་སོགས་པའི་གནས་སྐབས་སུ་བསྲུང་བྱ་ལྷག་པར་དུ་བསྟན་པས་ལྷག་པའི་དམ་ཚིག་ཉི་ཤུ་སྟེ། རིམ་པ་ལྟར་བླ་མ་ལ་མི་བརྙས། ཡུམ་ལ་མི་གཙེ། དད་པ་ཅན་གྱིས་ཚོགས་མི་བཅད། དཀོར་ལ་མི་འབགས་ཤིང་ཕུང་ཁྲོལ་གྱི་རྩ་བ་ཆང་མྱོས་པར་མི་འཐུང་། མཆེད་ཀྱི་རིག་མར་མི་སྤྱད། མཚན་ངན་མི་བསྲེལ། འདྲེ་ཅན་དང་རྩོད་ཅན་གྱི་ནོར་མི་བསྟེན་ཞིང་བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། སེམས་བསྐྱེད་ཉམས་སུ་མི་གཞུག །སྣོད་མིན་ལ་གདམས་པ་མི་སྟོན། སྣོད་ལྡན་གྱི་སློབ་མ་མི་སྤོང་། ཡབ་ཡུམ་མི་འབྲལ་བའི་དོན་བདེ་སྟོང་ལ་སྦྱོར། མཆེད་ལྕམ་ནང་འཐབ་མི་བྱེད། གཞན་གྱིས་འབགས་ལྷག་མི་སྤྱོད། བླ་མའི་གདན་ས་མི་བརླམ། རང་གཞན་གྱི་མཚམས་རྒྱ་མི་དབྲལ། ཏིང་འཛིན་དང་ལྷག་མཐོང་མི་འབྲལ། བཟླས་བརྗོད་དང་ཆོ་གའི་རྒྱུན་མི་ཚིག་གི་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་རྒྱུད་ནས་གསུངས་པའི་བརྡ་གཞན་ལ་མི་བརྗོད། དཀྱིལ་འཁོར་མི་དཀྲུག་ཅིང་ཉམས་པའི་མཐུ་བཟློག་མི་བྱེད། རིགས་ཀྱི་བདག་པོ་བླ་མ་མི་སྤོང་བ་རྣམས་སོ། །གསུམ་པ་བརྟུལ་ཞུགས་ཉེར་ལྔ་དང་རིགས་ལྔའི་སྡོམ་པ་བཤད་པ་ལ་གཉིས་ལས། དང་པོ་བརྟུལ་ཞུགས་ཉེར་ལྔ་བཤད་པ་ནི། གསལ་བཀྲ་ལས་ལྔ་ཚན་ལྔར་བསྟན་པའི་རྣམ་པའི་གྲངས་དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས། བསླབ་པའི་གཞི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་ལྔ་ཚན་ལྔ་སྤོང་བའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བསྟན་པ་ལས་དང་པོ་སྡིག་པ་ལྔ་སྤོང་བ་ནི། སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་སྲོག་ལ་འཚེ་བ་སྨོས་ཅི་དགོས་ཀྱང་ཀུན་མནར་སེམས་པ་དང་། བསླུ་བའི་བསམ་པ་ཅན་རྫུན་དུ་སྨྲ་བ་དང་། དུད་འགྲོ་ཡན་ཆད་ཀྱིས་བདག་གིར་བྱས་པའི་རྫས་བརྐུ་བ་དང་། འདོད་པས་ལོག་པར་གཡེམ་པ་དང་། ཕུང་ཁྲོལ་ཐམས་ཅད་ཀྱིས་འབྱུང་གནས་ཆང་གི་བཏུང་བས་མྱོས་པར་བྱེད་པ་དང་ལྔ་ནི་འཁོར་བའི་གནས་སུ་འཆིང་བ་ལ་རྡོ་རྗེའི་ཞགས་པ་དང་མཚུངས་ཤིང་རང་གཞན་གྱི་དགེ་ཚོགས་ཐམས་ཅད་འཇོམས་པར་བྱེད་པས་དེ་རྣམས་ཕྱོགས་མཐུན་དང་བཅས་པ་སྤང་བའོ། །གལ་ཏེ་དེ་རྣམས་བསྲུང་མི་ནུས་ན་བརྟུལ་ཞུགས་ལྷག་མ་རྣམས་ཀྱང་མི་སྦྱིན་པས་བསླབ་པའི་གཞི་ལྔ་ཞེས་བྱའོ། །གཉིས་པ་ཉེ་བའི་སྡིག་པ་ལྔ་ནི། ཆོ་ལོ་དང་མིག་མང་ལ་སོགས་ཏེ་རྒྱན་པོ་འགྱེད་པ་དང་། བཟའ་བ་དང་རིན་གྱི་དོན་དུ་བཤད་པའི་ཤ་ལ་སོགས་པ་ཁ་ན་མ་ཐོབ་བའི་ཟས་དང་། དམག་འཁྲུག་དང་ཚོང་གི་གཏམ་ལ་སོགས་པའི་ངག་འཁྱལ་གྱི་རིམ་པ་དང་། ཕ་མེས་ཀྱི་ཚུན་གསོལ་བ་དང་ནད་པའི་དོན་དུ་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པ་སོགས་འབྱུང་པོའི་ཆོས་ལུགས་ལ་དགའ་བ་དང་། རང་གིས་བསད་པའི་ཤ་མ་གཏོགས་གཞན་མི་བཟའ་ཞིང་གོས་དཀར་པོ་དང་། བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ་མིན་གྱི་འཇུག་པ་ཅན་ཀླ་ཀློའི་ཆོས་ལུགས་ལ་སྤྱོད་པ་དང་ལྔ་ནི་ཉེ་བའི་སྡིག་པ་ཡིན་པས་སྤང་ངོ་། །གསུམ་པ་གསོད་པ་ལྔ་ནི། མཐོ་རིས་འདོད་པའི་མཆོད་སྦྱིན་ལ་དམིགས་ནས་བ་ལང་གསོད་པ་དང་། མ་མོ་མཆོད་པ་ལ་བྱིས་པ་གསོད་པ་དང་། སྐྱེས་པའི་དོན་དུ་སྐྱེས་པ་དང་། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་སྟེ་མིའི་མཆོད་སྦྱིན་གཉིས། ལྷ་མིའི་བླ་མ་གསོད་པ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་དང་བཀའི་གླེགས་བམ་དང་མཆོད་རྟེན་རྣམས་བསྣུན་ཏེ་བཤིག་པ་ལ་གསོད་པའི་སྒྲས་བཏགས་པ་སྟེ། འདི་དག་ནི་འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་ལ་ཞུགས་པ་རྣམས་སྡིག་པའི་ལས་རྔམ་པོ་ཆེའང་དགེ་བར་འདོད་པའི་སྐབས་ཡོད་པས་སྡིག་པ་ལྔའི་དང་པོ་ལས་ལོགས་སུ་དགར་ནས་དེ་ལས་ལྡོག་པའི་དོན་དུ་བཤད་པ་སྟེ། དེས་ན་དཀོན་མཆོག་བསྙེན་བཀུར་ལ་བསྙད་ནས་ཕྱུགས་ལུག་གསོད་པ་ཡང་ཀླ་ཀློའི་གྲུབ་མཐའ་མ་ཤེས་ཀྱང་སྤྱོད་པ་ལ་མཚུངས་ལྡན་དུ་སློབ་པ་ཡིན་ནོ། །བཞི་པ་འཁུ་བ་ལྔ་ནི། དགེ་བའི་གྲོགས་པོ་དང་། རྗེ་བོ་རྒན་རབས་དང་། སངས་རྒྱས་དང་། དགེ་འདུན་དང་། བླ་མ་དང་མཁན་སློབ་སྟེ་ཡུལ་ལྔ་པོ་དེ་དག་ལ་ཁོང་ཁྲོ་ཞིང་འཁུ་བ་སྟེ་ལྔ་ཚན་བཞི་པོ་ཡིད་ཀྱིས་སྡོམ་ཞིང་སྤྱོད་ལམ་གྱི་སྒོ་ནས་སྤང་བར་བྱའོ། །ལྔ་པ་ཆགས་པ་ལྔ་ནི། ཐེག་པ་ཆེན་པོའི་སྡེ་སྣོད་ཐམས་ཅད་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ཞེས་པ་ནས་ལུས་ཀྱི་བར་གསུངས་པས་མཚོན་ཏེ། དབང་ཤེས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བ་ལས་ཡུལ་ལྔ་ལ་ཞེན་ཅིང་ཆགས་ནས་ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པས་དེ་དག་སྤང་བར་བྱ་སྟེ། སྤང་ཚུལ་ནི་བསྐྱེད་རིམ་གྱི་སྒོ་ནས་དབང་ཡུལ་དང་རེག་བྱ་རེག་ཤེས་སོགས་ལྷ་སྐུར་སྦྱང་ཞིང་རྫོགས་རིམ་སོ་སོར་སྡུད་པའི་རྣལ་འབྱོོར་གྱིས་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པའི་རྒྱུན་གཅོད་པའོ། །དེ་ཡང་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་མ་འོངས་པའི་དུས་ན་དགེ་སློང་མངོན་པའི་ང་རྒྱལ་ཅན་ཁྱི་རྡོ་ལ་བསྙེགས་པ་དང་མཚུངས་པ་འབྱུང་ངོ་། །ཞེས་པ་ལ་སོགས་པ་གསུངས་པ་ལྟར། ཁྱི་རྡོ་ལ་བསྙེགས་པ་དང་འདྲ་བར་ཡུལ་གཟུགས་སོགས་ལ་དཔྱད་ནས་མི་རྟག་པ་སོགས་སུ་བསམ་པ་ཙམ་མ་ཡིན་པར་སེང་གེ་འཕེན་པ་པོ་ལ་བསྙེགས་པ་ལྟར་སེམས་ཀྱི་རྩར་བཅད་དེ་རང་བཞིན་མེད་པར་ཤེས་ནས་གྲོལ་བར་བྱ་བའོ། །དེ་ཡང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་ཞེས་རྒྱུད་འགྲེལ་ལས་གསུངས་པའི་དོན་ནི། དེ་དག་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་དང་། སྒོ་གསུམ་དེའི་ངོ་བོར་སོན་པ་ཉིད་ཀྱིས་ན་བརྟུལ་ཞུགས་ཞེས་གྲགས་པའོ། །གཉིས་པ་རིགས་ལྔའི་སྡོམ་པ་བཤད་པ་ལ་གཉིས་ཏེ། ཐུན་མོང་རིགས་ལྔའི་སྡོམ་པ་དང་། ཁྱད་པར་རིགས་ལྔའི་སྡོམ་པའོ། །དང་པོ་ཐུན་མོང་རིགས་ལྔའི་སྡོམ་པ་ནི་འདིར། གསང་འདུས་སངས་རྒྱས་མཉམ་སྦྱོར་ཟླ་གསང་སོགས། །ཞེས་པ་མཆན་དཀྱུས་སུ་སོང་བ་ཡིན་པ་འདྲ་སྟེ་རྣམ་མཁྱེན་ཤིང་རྟར་མི་འདུག་གོ། །གང་ལྟར་ཡང་སྔོན་བཻ་རོ་སྐ་ཅོག་སོགས་ནས་རིན་བཟང་ལ་ཐུག་གི་བར་བསྒྱུར་བ་ལ་སྔ་འགྱུར་ཞེས་བྱ་བས་དེ་དུས་བསྒྱུར་བའི་རྒྱུད་སྡེ་རྣམས་དང་། ལོ་ཆེན་རིན་ཆེན་བཟང་པོ་ཕྱིན་ཆད་བསྒྱུར་བ་རྣམས་ལ་ཕྱི་འགྱུར་ཞེས་བྱ་སྟེ། དེ་ཡང་མདོ་ཕྱོགས་ལ་ཁྱད་པར་མེད་ཀྱང་། སྔགས་ཀྱི་ཕྱོགས་ནས་སྔ་ཕྱི་གཉིས་པོ་སོ་སོའི་སྲོལ་འཛིན་པ་ལ་གསང་སྔགས་རྙིང་མ་བ་ཞེས་དང་། གསང་སྔགས་གསར་མ་བ་ཞེས་གྲགས་པ་ཡིན་ནོ། །དེ་ལྟར་སྔ་ཕྱི་གཉིས་ཀར་འགྱུར་བའི་རྒྱུད་སྡེ་ཡི་སྤྱི་དོན་དུ་གྱུར་པ་སྟེ། ཕལ་ཆེ་བ་ན་དངོས་བསྟན་དུ་གསུངས་པས་ཐུན་མོང་དུ་གྱུར་པ་ནི་རིགས་ལྔའི་སྡོམ་པ་ཡིན་ལ། དེ་ལའང་ཐུན་མོང་དང་ཁྱད་པར་གཉིས་ལས་དང་པོ་ནི་དངོས་བསྟན་རྣམས་སྔགས་ཕྱི་པ་དང་ཐུན་མོང་བ་སྟེ། དེའང་སྨོན་འཇུག་དང་ཚུལ་ཁྲིམས་གསུམ་སོགས་ཕར་ཕྱིན་ཐེག་པ་དང་ཡང་ཐུན་མོང་པར་འགྱུར་རོ། །སྤྱིར་རིགས་བྱེ་བྲག་པ་ལ་ཞུགས་པས་རིགས་ལྔ་གའི་སྡོམ་པ་བསྲུང་མི་དགོས་པ་མ་ཡིན་ཀྱང་རང་རིགས་གང་ཡིན་པའི་སྡོམ་པ་ལ་ཁྱད་པར་དུ་བྱ་དགོས་པའི་རིགས་ལྔ་སོ་སོའི་སྡོམ་པའི་དམ་ཚིག་ཅེས་གྲགས་སོ། །དེ་ཡང་དང་པོ་སངས་རྒྱས་རྣལ་འབྱོར་ཏེ་དེ་བཞིན་གཤེགས་པའི་རིགས་རྣམ་སྣང་གི་སྡོམ་པ་ནི། སེམས་བསྐྱེད་ཀྱི་ཁྱད་པར། བདག་རྡོ་རྗེ་སེམས་དཔར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་འགོད་པར་བྱའོ་སྙམ་པའི་སྨོན་སེམས་བླངས་ནས་འཇུག་སྡོམ་ནི་ཚུལ་ཁྲིམས་གསུམ་བརྟན་པོར་བཟུང་བས་ཤུགས་ལ་བླང་བར་འགྱུར་ལ། དེ་ཡང་ཚུལ་ཁྲིམས་གསུམ་གྱི་ཁྱད་པར། ཐ་མལ་གྱི་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། འཁྲུལ་སྣང་ཡེ་ཤེས་སུ་སྡུད་པའི་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དོ། །སྡོམ་པ་དེ་ཐམས་ཅད་ཀྱི་རྟེན་སྐྱབས་འགྲོ་ཡིན་པས་དེའི་ཞིང་དཀོན་མཆོག་གསུམ་བཟུང་བས་མཇུག་བསྡུས་པ་སྟེ། རྩེ་མོ་ལས། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། སོ་སོ་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་བྱུང་བའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །ཞེས་སོ། །སྦས་དོན་ལྟར་ན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་གདོད་ནས་རྣམ་པར་དག་པ་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གཟུང་བའོ། །དེ་དག་ཀྱང་རྣམ་པར་སྣང་མཛད་ནི་སྐུའི་རིགས་ཡིན་ལ་སྐུ་ནི་འབྲས་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པ་ལྟར་སེམས་བསྐྱེད་ཚུལ་ཁྲིམས་སྐྱབས་འགྲོ་རྣམས་ནི་ཡོན་ཏན་ཀུན་གྱི་རྟེན་གཞི་ཡིན་པས་དེའི་དམ་ཚིག་ཏུ་བཞག་གོ། །གཉིས་པ་རྡོ་རྗེའི་རིགས་མི་བསྐྱོད་པའི་དམ་ཚིག་ནི་རྒྱུད་སྡེ་ཕྱི་ནང་ཐུན་མོང་དུ། རྟགས་ཀྱི་རྡོར་དྲིལ། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ནས་གསུངས་པའི་ཚད་དང་མཚན་ཉིད་དང་ལྡན་པ་རང་ཉིད་རྣམ་སྣང་ལ་སོགས་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་མོས་ནས་འཛིན་པ་སྟེ། དེ་ཉིད་འདུས་པ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ཀྱི་སྙིང་པོ་བཟླ། །ཞེས་སོ། །དེ་ཉིད་དྲན་པའི་སྒོ་ནས་འཛིན་ཚུལ་ནི། རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་གང་དུའང་མི་འགྱུར་ལ། མཚན་མའི་རྣམ་རྟོག་གིས་མི་ཤིགས་པ་སོགས་རྡོ་རྗེའི་ཆོས་བདུན་དང་ལྡན་པས་ན་རྡོ་རྗེ་སྟེ་མི་བསྐྱོད་པའི་བདག་ཉིད་ཅན་ནོ། །དེའི་མཚན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་དྲན་པའི་སྒོ་ནས་རྟག་ཀྱི་རྡོ་རྗེ་འཛིན་པའོ། །དེ་བཞིན་དུ་དྲིལ་བུའང་། ཐམས་ཅད་ནམ་མཁའི་མཚན་ཉིད་ཅན། །ནམ་མཁའ་ལའང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བའི། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་སྒྲོག་པར་མོས་ནས་དཀྲོལ་ཞིང་དེའི་སྒྲ་ལ་ངེས་ཤེས་དྲངས་བའི་འབྲས་བུ་ནི། རང་སེམས་ནམ་མཁའི་མཚན་ཉིད་ཙམ་དུ་མཚོན་ཀྱང་ནམ་མཁའ་ལའང་མཚན་ཉིད་མེད་པས་དེའི་དཔེས་བསྐྲུན་དུ་མེད་པ འི་ཕྱིར་རྟོག་དཔྱོད་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་མཉམ་པར་འཇོག་པ་ནི་ཤེས་རབ་ཀྱི་རང་བཞིན་དོན་དམ་པའི་དྲིལ་བུའི་དེ་ཁོ་ན་ཉིད་འཛིན་པ་སྟེ། རྟ་མཆོག་རོལ་པ་ལས། སེམས་ཉིད་ནམ་མཁའ་ལ་གནས་ཏེ། །ནམ་མཁའ་ཅི་ཡང་མི་གནས་པས། །དེ་ཕྱིར་དཔྱོད་པའི་བྱ་བྱེད་བྲལ། །བྱར་མེད་བསམ་བྲལ་བརྗོད་བརྡས་རྟོགས། །ཞེས་སོ། །རྒྱུད་སྡེ་ཕྱི་ནང་གཉིས་ཀར་རྡོར་དྲིལ་འཛིན་རེས་ཀྱི་སོ་སོའི་དག་པ་དྲན་པར་མ་བྱས་ན་དམ་ཚིག་ལས་འདའ་བར་གསུངས་སོ། །ཁྱད་པར་གསང་སྔགས་ནང་པ་ལྟར་ན་སྦས་དོན་ནང་གི་རྡོར་དྲིལ་ནོར་བུ་དང་པདྨ་སྟེ་དེ་གཉིས་ཕན་ཚུན་རྒྱས་གདབ་པ་ནི་ཕྱག་རྒྱའི་དམ་ཚིག་གོ། །གསང་བ་ལྟར་ན་དཀར་དམར་ཞུ་བདེའི་རྐྱེན་གྱིས་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་རྡོ་རྗེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དྲིལ་བུ་ཟུང་དུ་འཇུག་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོའོ། །དེ་དག་གི་དོན་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་སྟོན་པར་བྱེད་པའི་བླ་མ་བསྙེན་བཀུར་གྱི་སྒོ་ནས་གཟུང་བར་བྱ་བ་རྣམས་ཏེ། རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུངས་བར་བགྱི། །ཞེས་སོ། །གསུམ་པ་རིན་ཆེན་རིགས་རིན་འབྱུང་གི་དམ་ཚིག་ནི། ཕྱི་ལྟར་ན་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་ནོར་གྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། འགྲོ་བ་ཐམས་ཅད་བླ་ན་མེད་པའི་བདེ་བ་ལ་རེག་འདོད་བྱམས་པའི་སྦྱིན་པ་དང་བཞི་པོ་ཉིན་རེ་བཞིན་ཡང་དུས་དྲུག་ཏུ་སྦྱིན་པ་སྟེ། དེའང་རིན་ཆེན་རིགས་ལས་དགོས་འདོད་འབྱུང་བ་དང་འདྲ་བར་སྦྱིན་པ་ལས་ཀྱང་དགོས་འདོད་འབྱུང་བས་དེར་བཞག་གོ། །དེ་ཡང་ཉིན་རེ་བཞིན་མ་ནུས་ན་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་གཏོང་བའི་སེམས་དང་བྱམས་སོགས་ཅི་ནུས་སུ་བསྒོམ་ན་ལེགས་གསུངས། སྦས་དོན་དུ་རྗེས་ཆགས་ཀྱི་མེས་དགའ་བཞིའི་ཡེ་ཤེས་སྦྱིན་པའོ། །དེ་དག་ཀྱང་། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་སོ། །བཞི་པ་པདྨའི་རིགས་སྣང་མཐའི་དམ་ཚིག་ནི། ཕྱི་ལྟར་ན་ཉན་ཐོས་བྱང་སེམས་སྔགས་ཀྱི་ཐེག་པ་གསུམ་དང་། ཁྱད་པར་བླ་མེད་ཀྱི་ལུགས་ལ། ཕྱི་ཉན་རང་བྱང་སེམས་ཀྱི་ཐེག་པ། ནང་བྱ་སྤྱོད་རྣལ་འབྱོར་གྱི་ཐེག་པ། གསང་བ་ཕ་མ་གཉིས་མེད་ཀྱི་ཐེག་པ་སྟེ་དེ་གསུམ་གྱི་ཚིག་དོན་ཅི་ནུས་སུ་འཛིན་ཞིང་ཆོས་དེ་རྣམས་གཞན་ལའང་སྣོད་དང་འཚམས་པར་བཤད་པར་བྱ་བའོ། །གལ་ཏེ་མ་ནུས་ན་ཡིད་ཀྱིས་མི་གཏོང་ངོ་། །སྦས་དོན་དུ་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་བསྒྲུབ་པའོ། །འདི་ནི་དངོས་སུ་གསུང་གི་ངོ་བོ་ཡིན་པས་དེར་བཞག་གོ། །དེ་ཡང་། བྱང་ཆུབ་ཆེན་པོའི་ལས་འབྱུང་བའི། །པདྨ་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་སོ། །ལྔ་པ་ལས་ཀྱི་རིགས་དོན་གྲུབ་ཀྱི་དམ་ཚིག་ནི། ལས་ཐམས་ཅད་པ་ཡིན་པས་རིགས་བཞི་པོ་ཐམས་ཅད་ལ་གུས་ཤིང་དང་དུ་བླང་བའི་སྟེང་དུ་ཡོ་ག་དང་བླ་མེད་ཀྱི་རྒྱུད་སྡེ་རྣམས་ནས་བཤད་པའི་ཕྱི་ནང་གསང་བའི་མཆོད་པ་དང་། གཏོར་མ་དང་། སྦྱིན་སྲེག་ལ་སོགས་པའི་ཕྲིན་ལས་ཀུན་ལ་གུས་ཤིང་ཅི་ནུས་སུ་དང་དུ་བླང་བར་བྱ་བའོ། །སྦས་དོན་དུ་དེ་ཐམས་ཅད་ཟུང་འཇུག་ཨེ་ཝྃ་གྱི་སྡོམ་པས་རྒྱས་འདེབས་པ་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་བྱེད་པའོ། །དེ་དག་ནི་གཙོ་བོ་བྱ་བའི་ལས་ཀྱི་ཆར་གཏོགས་པས་ལས་རིགས་ཀྱི་དམ་ཚིག་ཏུ་བཞག་པ་སྟེ། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་སོ། །གཉིས་པ་ཁྱད་པར་རིགས་ལྔའི་སྡོམ་པ་ནི། རྟེན་གྱི་གང་ཟག་ཁྱད་པར་བ་རྣལ་འབྱོར་བླ་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནས་གང་ཡིན་པ་གདེངས་སུ་གྱུར་ཞིང་རིགས་ལྔ་སོ་སོའི་དམ་ཚིག་གམ་སྡོམ་པ་བསྟེན་པ་ལ་ནུས་པ་རྙེད་པས་རང་གཞན་གྱི་དོན་དུ་འགྱུར་བ་དག་ལ་སྒྲ་ཇི་བཞིན་པ་དང་། གཞན་དུ་སྔགས་ལམ་ལ་ཞུགས་པ་ཙམ་ལ་དགོངས་པ་ཅན་དུ་གསུངས་པའི་ཁྱད་པར་གཉིས་གཉིས་སུ་སྟོན་པ་ནི། དང་པོ་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་གྱུར་བ་སྲོག་ལ་འཚེ་བ་སྟེ་སྲོག་གཅོད་པར་གསུངས་པའང་། ཕྱི་ནང་གསང་བ་གསུམ་ལས། ཕྱི་ལྟར་ན་ཞིང་བཅུ་ཚང་བའམ་ཉམས་པ་བདུན་དང་ལྡན་པ་རྣམས་ལས་ངན་པའི་རྒྱུན་ཐབས་གཞན་གང་གིས་ཀྱང་གཅད་པར་མི་ནུས་ན་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་གསད་པར་བྱ་བ་དང་། ནང་ལྟར་ན་དེ་ལས་གཞན་དགོངས་པ་ཅན་དུ་བསྟན་པ་སྲིད་པ་བསྐྱེད་པའི་རྒྱུའི་གཙོ་བོ་སྲོག་གི་རླུང་དབུ་མར་གསོད་པ་སྟེ་རོ་རྐྱང་ནས་འཇུག་པའི་གཟུང་འཛིན་ལས་རླུང་གི་རྒྱུན་དབུ་མ་སྒྲ་གཅན་གྱི་སྦུབས་སུ་གཅོད་པ་དང་། གསང་བ་ལྟར་ན་རྣམ་པར་རྟོག་པ་སྐྱེ་མེད་དུ་གསོད་པ་སྟེ། རྟག་གཉིས་ལས། སེམས་གཅིག་སྲོག་ཆགས་གསོད་པ་ནི། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །ཅེས་སོ། །གཉིས་པ་རིན་ཆེན་རིགས་ཀྱི་དམ་ཚིག་ལ་མ་བྱིན་པ་བླང་བྱར་བཤད་པ་ནི། ནང་ལྟར་ན་མཚན་ལྡན་གྱི་གཟུངས་མ་ཐབས་ཀྱིས་དབང་དུ་བྱ་བ་དང་། དེའི་ཁམས་དམར་ཆ་རླུང་གི་སྟོབས་ཀྱིས་མ་བྱིན་པར་ལེན་པ་དང་། ཕྱི་ལྟར་ན་སྦྱིན་གཏོང་སོགས་བསོད་ནམས་ཀྱི་ཚོགས་བསགས་པའི་སྐལ་བ་མེད་པའི་སེར་སྣ་ཅན་གྱི་སྐྱེ་བོའི་ནོར་དང་། གཞན་ཡང་གསང་སྔགས་ཀྱི་དམ་རྫས་ཁྱད་པར་ཅན་སྐལ་བ་མེད་པའི་ལག་ཏུ་འཁྱམས་པ་རྣམས་འཕྲོག་པ་དང་། གསང་བ་ལྟར་ན་རྫོགས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་གཞན་སུས་ཀྱང་མ་བྱིན་པར་རང་གི་སྒོ་སྟོབས་ཀྱི་མཐུ་ཡིས་བླང་བར་བྱ་བ་སྟེ། མདོ་ལས། གང་ཕྱིར་ཐེག་པ་ཆེན་པོ་འདི། །གང་གིས་ཀྱང་ནི་བྱིན་མ་ལགས། །དེ་ཉིད་རྟོགས་པས་མ་བྱིན་བླང་། །ཞེས་སོ། །གསུམ་པ་པདྨའི་རིགས་ཀྱི་དམ་ཚིག་ལ་རི་དྭགས་མིག་ཅན་ཏེ་བུད་མེད་མཆོད་པའམ་བསྟེན་པར་གསུངས་པ་ནི། གསང་བ་ལྟར་ན་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་བུད་མེད་རྣམ་ཀུན་མཆོག་ལྡན་མ་རིག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་ཚུལ་གྱིས་ཀུན་ཏུ་སྤྱོད་པ་སྟེ། རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་བསྟེན་འཚང་མི་རྒྱ། །ཞེས་སོ། །ནང་ལྟར་ན་ཡིད་རིག་ཆོས་ཀྱི་ཕྱག་རྒྱ་དང་། །གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་གཉིས་བསྒོམ་པ་དང་། ཕྱི་ལྟར་ན་དངོས་རིག་ལས་ཀྱི་ཕྱག་རྒྱ་བསྟེན་པ་སྟེ་དེའི་ཡན་ལག་ཏུ་ཆོས་ཀྱི་ཕྱག་རྒྱ་དང་དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་རང་བཞིན་གསུམ་བསྟེན་པའང་འདུ་བ་ཡིན་ཏེ་རིམ་པ་བཞིན། འདུ་ཤེས་གསུམ་ལྡན་གྱི་བསྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་རྟོགས་གོམས་གདེངས་སུ་གྱུར་པའི་ལྟ་བ་སྟེ་ཕྱག་རྒྱ་གསུམ་དང་མཚུངས་པར་ལྡན་པ་ལ་བརྟེན་ནས་ཞུ་བདེས་དྲངས་པའི་དཔེའི་ཡེ་ཤེས་བསྐྱེད་པས་ཀུན་རྫོབ་ཀྱི་ཁམས་འགྱུར་མེད་དུ་བརྟན་ཅིང་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་བ་མེད་པ་མངོན་དུ་བྱེད་པའོ། །བཞི་པ་ལས་ཀྱི་རིགས་ལ་རྫུན་གྱི་ཚིག་སྨྲ་བར་བཤད་པ་ནི། ཕྱི་ལྟར་ན་བླ་མའི་ནོར་རྫས་དང་། སེམས་ཅན་གྱི་སྲོག་དང་། རང་གི་དམ་ཚིག་རྣམས་བསྲུང་བའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ནས་རྫུན་སྒྲོག་པར་བྱ་བ་དང་། ནང་ལྟར་ན་ངག་གི་རྩ་བ་སྲོག་རླུང་སྙིང་གར་ཐིམ་པས་རང་ངོར་ཆོས་ཀྱི་རྣམ་གྲགས་ཚད་མེད་པ་འཆར་བ་དང་། གཞན་ལའང་རང་རང་དང་མཐུན་པའི་ཆོས་སྒྱུ་མ་ལྟར་སྟོན་ནུས་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། གང་གིས་སྲོག་རླུང་ཟོས་པ་ན། །གཅིག་ཅར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་རྫུན་པའི་ཚིག །ཅེས་སོ། །གསང་བ་ལྟར་ན་སེམས་ཅན་ཐམས་ཅད་མེད་སྣང་འཁོར་བ་ལས་སྒྲོལ་བའི་རྫུན་ཚིག་སྒྱུ་མ་ལྟར་སྒྲོག་པ་སྟེ། འཇམ་དཔལ་གྱིས་བསྟན་པའི་མདོ་ལས། བདག་དང་སེམས་ཅན་མི་དམིགས་ལ། །འཁོར་བ་ལས་སྒྲོལ་རྫུན་གྱི་ཚིག །ཅེས་སོ། །ལྔ་པ་འཁོར་ལོའི་རིགས་ཀྱི་དམ་ཚིག་ལ་ཤ་ཆང་སོགས་བསྟེན་པར་གསུངས་པ་ནི། ཕྱི་ལྟར་ན་རིགས་དང་ང་རྒྱལ་གྱི་དྲེགས་པ་དང་། གཙང་སྨེའི་རྟོག་པ་གཞིག་པའི་ཕྱིར་དང་། ཁམས་བྱང་ཆུབ་ཀྱི་སེམས་འཕེལ་བའི་ཕྱིར་དམ་ཚིག་གི་རྫས་སུ་འོས་པ། མི་ཤ་ཁྱི་ཤ་རྟ་ཤ་གླང་གི་ཤ་གླང་པོ་ཆེའི་ཤ་སྟེ་ཤ་ལྔ་པོ་ཡུལ་དབུས་སུ་ཁ་ཟས་ཀྱི་དོན་དུ་བསད་པར་མ་གྱུར་པའི་ཤ་ཡིན་པས་དེ་རྣམས་བཟའ་བ་དང་། བདུད་རྩི་ཆེན་པོ་ལྔ་དང་ཆང་ཡང་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ནས་གདན་གསུམ་ལྷའི་དཀྱིལ་འཁོར་ལ་མཆོད་པའི་བསམ་པས་མྱོས་པར་མི་འགྱུར་བར་བཏུང་བར་བྱ་བ་དང་། གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་འདོད་ཡོན་གྱི་ལྷ་མོ་ལྔ་ལ་སོགས་པའི་རོལ་པར་ཤེས་པས་ཞེན་མེད་སྒྱུ་མ་ལྟ་བུར་སྤྱོད་པའོ། །ནང་ལྟར་ན་ཤ་ལྔ་ནི་དབང་ལྔའི་དྭངས་མ་བཅིངས་པས་རྣམ་རྟོག་གི་ས་བོན་ནི་མི་རྟོག་པའི་ཆོས་ཉིད་ཀྱི་བཟའ་བ་དང་། ཆང་བཏུང་བ་ནི་ཡས་བབས་ཀྱི་ཞུ་བདེ་མས་བརྟན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་བཅིངས་པ་ལས་ཐིག་ལེའི་རྡུལ་ཕྲ་རབ་ཀྱི་ཚོགས་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བཏུང་བའོ། གསང་བ་ལྟར་ན་སྣང་སེམས་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོ་བླང་དོར་རྩོལ་སྒྲུབ་མེད་པའི་ངང་དུ་དག་པར་བྱེད་པའོ། །དེ་ལྟར་ཡང་རྒྱུད་ལས། རྣམ་རྟོག་དང་ནི་ཀུན་རྟོག་གི། །དངོས་དང་དངོས་མེད་སོགས་འཁྲུལ་བ། །རྣམ་རྟོག་དྲྭ་བའི་ས་བོན་ཚོགས། །རྣམ་པར་མི་རྟོག་པ་ཡིས་བཟའ། །སྙིང་རྗེས་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་བཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ཅེས་སོ། །རྣམ་མཁྱེན་ཤིང་རྟར་ནི། འཁོར་ལོའི་རིགས་ཀྱི་དམ་ཚིག་སྔོན་དང་ལས་རིགས་དེའི་རྗེས་སུ་འབྱུང་ལ། དེ་ཡང་། འཁོར་ལོའི་རིགས་ལ་ཤ་ཆེན་ལྔ་དང་ཆང་། །ཞེས་ཚིག་རྐང་གཅིག་ལས་མེད་ཀྱང་འདིར་རྩ་བ་སྤར་མ་ཟུར་དུ་ཡོད་པ་རྣམས་ལྟར་བྱས་སོ། །དེ་ལྟར་སྣོན་འཇུག་གི་སྡོམ་པ་བཟུང་བ་དེ་ཡི་རྗེས་སུ་རིགས་ལྔའི་སྡོམ་བཟུང་གི་ཡན་ལག་སེམས་བསྐྱེད་དེའི་དམིགས་རྣམ་སོ་སོར་ཕྱེ་བ་ཚིག་གིས་གབ་སྟེ་དམིགས་ཕྱེ་ནས་མ་གསུངས་པ་རྣམས་ནི། ཤེས་བྱའི་སྒྲིབ་པ་ལས་མ་བསྒྲལ་བའི་ཉན་རང་དགྲ་བཅོམ་པ་རྣམས་དེ་ལས་བསྒྲལ་བར་དམ་བཅའ་བ་དང་། སོགས་ཁོངས་ནས་མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་འབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་འདས་པ་ལ་འགོད་པའི་དམ་བཅའ་སོ་སོར་བཟུང་བ་ནན་ཏན་བགྱི་བའི་ཚུལ་ནི་བྱང་ཆུབ་སེམས་དཔའི་ས་དང་ཐུན་མོང་བ་ཡིན་པས་ལེའུ་བརྒྱད་པའི་སྐབས་སུ་བཤད་པ་ལྟར་རོ། །གཞན་ཡང་རྩེ་མོ་ལས། ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་བྱ་དང་། །མཚན་མ་འགོམ་པར་མི་བྱའོ། །ཞེས་ལྷ་དང་ལྷ་མིན་དང་གསང་བ་རྣམས་མི་བརྙས་པར་གསུངས་པ་དང་། ཕྱག་རྒྱ་དང་བཞོན་པ་དང་མཚོན་ཆ་དང་མཚན་མ་རྣམས་ལ་སྨད་པར་མི་བྱ་བ་དང་འགོམ་པར་མི་རུང་བར་བསྟན་པའི་དོན་རྣམས་ལས་སྔ་མ་ལྷ་དང་ལྷ་མིན་གཉིས་ནི་དངོས་སུ་བསྟན་ཏེ་དེ་གཉིས་ལ་མི་སྨོད་པ་དང་། གསང་བ་པ་ནི་གནོད་སྦྱིན་ཏེ་སྟོན་པའི་དམ་ཚིག་ཤེས་ཤིང་དེ་ལ་གནས་པས་བསྟན་པ་སྐྱོང་བ་རྣམས་མི་བརྙས་པ་དང་། ཕྱག་རྒྱ་ནི་སྤྱིར་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་སྟེ་བཞི་ཀ་ལ་མི་སྨོད་ཅིང་ཁྱད་པར་ཡི་དམ་ལྷའི་སྐུ་གཟུགས་ཡོངས་སུ་རྫོགས་པ་ལ་སྨོད་པར་མི་བྱ་བ་དང་། བཞོན་པ་བླ་མའི་ཁྲི་སྟན་དང་ཤིང་རྟ་དང་། རྟ་ལ་སོགས་པའི་ཆིབས་པ་དང་དེ་ལ་སོགས་པའི་ཡོ་བྱད་རྣས་ལ་སྨད་པ་སོགས་མི་བྱེད་པ་དང་། མཚོན་ཆ་ནི་རལ་གྲི་དང་གཏུན་ཤིང་སོགས་ལྷ་ཡི་ཕྱག་མཚན་གྱི་ཆེད་དུ་བྱས་པའི་རིགས་ཏེ་དེ་རྣམས་ལ་སྨད་པ་སོགས་མི་བྱེད་པ་དང་། མཚན་མའི་རིགས་ལྔའི་ཕྱག་མཚན་ཏེ་དེ་ལ་སྨད་པ་སོགས་མི་བྱེད་པའི་དོན་དང་། གཞན་ཡང་ལྷའི་སྐུ་གཟུགས་དང་། བླ་མ་དང་། མཆོད་རྟེན་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་ཀྱི་གྲིབ་མ་འགོམ་པ་ལ་སྨད་པའི་སྒྲ་ཡིས་བཀག་པ་ཡིན་པས་མི་འགོམ་ཞིང་དེ་ལ་འདུག་པར་ཡང་མི་བྱ་ལ། གལ་ཏེ་ཐབས་མེད་ཀྱིས་འགོམ་དགོས་པ་བྱུང་ན། བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ་ཞེས་རྡོ་རྗེ་ཤུགས་ཀྱི་ལས་སྔགས་དང་བཅས་པས་ནམ་མཁར་བཏེག་པའི་འོག་ཏུ་འཛུལ་བར་བསམ་སྟེ་འགྲོ་བར་བྱའོ། །དེ་བཞིན་དུ་མེ་ཏོག་དང་མཆོད་ཡོན་ཞལ་ཟས་སོགས་མཆོད་རྫས་ལྷ་ལ་ཕུལ་ཟིན་པའི་རྙིངས་པ་ལ་དམན་མར་གྲགས་ཏེ་དེ་རྣམས་ལ་མི་འགོང་ཞིང་མི་བཟའ། འགོང་བའི་སར་ཁྱབ་གདལ་དུ་མི་འདོར་བ་དང་། མར་དང་ཟན་སོགས་ཀྱིས་ལྷའི་ཕྱག་མཚན་གྱི་རྣམ་པར་བྱས་པའང་བཟའ་བར་བཀག་པ་ཡིན་པས་མི་བཟའ་འོ། །དེ་ལ་ཁྱད་པར་རིགས་ལྔའི་དམ་ཚིག་གི་སྐབས་སུ་བཤད་པའི་དངོས་བསྟན་རྣམས་ཐེག་དམན་དུ་ནི་ཉེས་པ་ཀུན་གྱི་འབྱུང་གནས་སམ་གཞིར་གྱུར་པའི་རྩ་བ་བཞི་ཆང་དང་ལྔ་པོ་སྤང་བྱ་ཡིན་པ་ལ་སོགས་པའི་དོན་རང་རྒྱུད་པར་མ་གོལ་ཞིང་། འགལ་བ་ཅན་དུ་མི་བལྟ་བར་ཚུལ་བཞིན་དུ་ཤེས་པ་གལ་ཆེ་སྟེ། སྤྱིར་ཐེག་ཆེན་གྱི་ཆོས་རྣམས་དྲང་ངེས་ལྡེམ་དགོངས་བཞིར་བསྟན་པས་བཀའི་དོན་ཐམས་ཅད་སྒྲ་ཇི་བཞིན་དུ་འཛིན་པའང་མ་ཡིན་ལ། སྒྲ་ཇི་བཞིན་པ་ལས་འགལ་བ་ཤ་སྟག་གོ་ཞེས་ཀྱང་འཛིན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་གསུང་ནི་སྒྲ་ཚིག་གི་གཞན་དབང་ཅན་མ་ཡིན་པར་གདུལ་བྱའི་བློ་དང་འཚམས་པར་སྣང་བ་ཡིན་པས་རང་རང་དང་འཚམས་པའི་དོན་དེ་ཉིད་ཉམས་སུ་བླང་ན་མཐར་གྱིས་ངེས་དོན་གྱི་དགོངས་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་པའི་ཚེ་ན་ཇི་སྤྱོད་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་འགྱུར་བས་རྣམ་པ་ལ་ལྟོས་པར་མི་འགྱུར་རོ། །ཁྱད་པར་དུ་རྡོ་རྗེའི་ཐེག་པའི་ལམ་ལ་ནི་རིགས་ལྔའི་དམ་ཚིག་ལས། རྡོ་རྗེའི་རིགས་ལ་གསོད་པ་དང་། རིན་ཆེན་རིགས་ལ་མ་བྱིན་པར་ལེན་པ་སོགས་ཇི་སྐད་བསྟན་པ་དེ་རྣམས་རྟོགས་གོམས་དང་ལྡན་པའི་གང་ཟག་ལ་གནང་བའི་དངོས་བསྟན་ཉིད་དང་། མོས་པས་སྤྱོད་པ་ཙམ་ལ་དགོངས་པ་ལུང་སྟོན་གྱི་ཚུལ་དུ་ཡོད་པའི་རླུང་རྟོག་དབུ་མར་གསོད་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་དོན་མ་བྱིན་པར་ལེན་པ་སོགས་རྣམ་དབྱེ་མ་ཕྱེད་པར་མོས་པས་སྤྱོད་པ་ལས་དང་པོ་བ་རྣམས་ཀྱིས་ཀྱང་སྲོག་གཅོད་པ་ལ་སོགས་པ་སྒྲ་ཇི་བཞིན་པར་སྤྱོད་ན་སྔགས་ལ་ལོག་པར་སྤྱོད་པ་དེ་ཡི་ཉེས་པས་ཐུར་ལ་མནར་མེད་པ་ལ་སོགས་པའི་གནས་སུ་ལྟུང་ཞིང་ཡུན་རིང་པོར་སྡུག་བསྔལ་མྱོང་བའི་མཐར་རཱུ་ཏྲའི་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བར་འགྱུར་བའི་ཚུལ་རྒྱུད་སྡེ་རྣམས་ནས་བྱུང་བ་དེ་ལྟ་བས་ན། གསང་སྔགས་མཐའ་དྲུག་དང་ཚུལ་བཞིས་བཅིངས་ནས་བསྟན་པའི་དོན་མ་ནོར་བར་བཀྲལ་ཏེ་སྟོན་པ་ནི། གསང་སྙིང་ལས། ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་པ་ལྟར། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཡིན་པས་དེ་ཉིད་ཀྱིས་ཇི་ལྟར་བསྟན་པ་བཞིན་དུ་ཉམས་སུ་ལེན་པར་བྱེད་པ་ལས་རང་བཟོ་དང་ཕོ་ཚོད་ཀྱིས་འཇུག་ཏུ་ཡོད་པ་མ་ཡིན་ནོ། །མདོར་བསྡུས་ཏེ་བཤད་ན་རང་ལ་ཡེ་ནས་གནས་པའི་སེམས་ཀྱི་གནས་ལུགས་ཉིད་མཁྲིས་ནད་ཅན་ལ་དུང་གི་དཀར་སྣང་གབ་པ་བཞིན་ཐོག་མ་མེད་པ་ནས་ཚོགས་བརྒྱད་ཀྱི་རྟོག་པས་བསྒྲིབས་ཏེ་མ་མཐོང་ཞིང་གབ་པའི་ཚུལ་དུ་ཡོད་པ་ལ་གསང་བ་ཞེས་བྱ་སྟེ། གསང་སྙིང་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་ཚུལ་བཞིའི་སྒོ་ནས་གསང་བའི་དོན་དེ་ཉིད་མངོན་སུམ་དུ་མ་རྟོགས་པ་དེ་སྲིད་ཀྱི་བར་དུ་ནི་སྐལ་དམན་རྣམས་ལ་བརྡ་ལ་སོགས་པའི་སྒོ་ནས་སྦས་པར་བྱས་པའི་གསང་བ་སྦྱོར་སྒྲོལ་ལ་སོགས་པར་རང་གིས་ཇི་བཞིན་སྤྱོད་མི་ནུས་པའི་ཆ་ཐམས་ཅད་ལ་མངོན་པར་འཆེལ་ཏེ་སྤྱོད་པར་མི་བྱེད་པར་དེ་འདྲའི་རིགས་ཀུན་ལ་གཟུར་ཞིང་སྤྱོད་པ་དུས་ཚོད་དང་བསྟུན་པར་བྱའོ་ཞེས་གདམས་པའོ། །གཉིས་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་བཤད་པ་ལ་གསུམ་སྟེ། སྡོམ་པ་སྐྱེ་བའི་རྟེན། །དམ་ཚིག་ཉམས་པའི་རྒྱུ་གཉེན་པོ་དང་བཅས་པ། ཕྱིར་བཅོས་དངོས་བཤད་པའོ །དང་པོ་སྡོམ་པ་སྐྱེ་བའི་རྟེན་ནི། རྡོ་རྗེ་ཐེག་པའི་ལམ་ལ་ཚུལ་བཞིན་ཞུགས་ནས་གནང་བཀག་ཤེས་པས་སྤྱད་ན་ལན་གཞན་ལས་ཁྱད་པར་དུ་འཕགས་ཏེ། ཐེག་པ་གཞན་གྱིས་སྤངས་པའི་ཤིན་ཏུ་ཉེས་པ་ཆེ་བ་ཉིན་རེ་བཞིན་དུ་བྲམ་ཟེ་གསོད་པ་དང་ཕ་མ་གསོད་པ་སོགས་མཚམས་མེད་པའི་ལས་ལ་སྤྱོད་པ་ལྟ་བུའི་སྡིག་པ་ལྡན་པ་ཞིག་ཡིན་ཀྱང་སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བ་ཡིན་ཞིང་། ཇི་སྲིད་དུ་འགྱོད་པ་དང་བཅས་ཤིང་ལས་ངན་པ་དེ་ལས་ལོག་པའི་ཕྱི་ནས་ལམ་སྟོན་གྱི་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་སངས་རྒྱས་དངོས་སུ་བལྟས་ནས་དེའི་བཀའ་བཞིན་བསྒྲུབ་པ་ལས་གཞན་དུ་མ་གཡོས་ན། བླ་མ་ཉིད་ལས་ཀྱང་། ཕ་རོལ་ཏུ་ཕྱིན་པ་མན་ཆད་དུ་འབྱུང་མི་ཤེས་པའི་སངས་རྒྱས་ཀྱི་བྱིན་རླབས་སྔགས་ཀྱི་གནས་སྐབས་སུ་འབྱུང་བ་དང་། དམ་ཚིག་གི་ཆ་རེ་རེ་ལ་གུས་པར་བལྟས་ཤིང་དང་དུ་བླངས་པ་ལས་ཀྱང་སྒྲིབ་པ་དཔག་ཏུ་མེད་པ་འཛད་ཅིང་ཚོགས་ཆེན་པོ་རྫོགས་པ་དང་། ཐབས་ཟབ་ལ་རྣམ་གྲངས་མང་བ་ཡོད་པས་དབང་པོ་རྣོན་པོའི་དབང་དུ་བྱས་ན་ཚེ་གཅིག་ལའང་གྲོལ་བར་འགྱུར་བས་ན་གསང་སྔགས་རྡོ་རྗེའི་ཐེག་པ་འདི་ཐེག་པ་འོག་མ་ལས་ཐབས་ཀྱིས་ཆེ་ཞིང་ཁྱད་པར་དུ་གྱུར་པ་སྨོས་ཅི་དགོས་ཏེ། གདན་བཞི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་སོ། །གཉིས་པ་དམ་ཚིག་ཉམས་པའི་རྒྱུ་གཉེན་པོ་དང་བཅས་པ་ནི། དེ་ལ་དམ་ཚིག་བསྲུང་འདོད་ཡོད་པ་ཙམ་གྱིས་མི་ཆོག་སྟེ་རྩ་བ་དང་ཡན་ལག་གི་ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་ན་ཉེས་པ་ཅི་འདྲ་བ་ཞིག་གིས་ཉམས་པར་འགྱུར་བའི་ངོས་བཟུང་ཅི་ཡང་མེད་པས་ན་དེ་ནི་ལྟུང་བ་འབྱུང་བའི་སྒོ་དང་པོ་དང་། དེ་ལྟར་ཤེས་ཀྱང་བླ་མར་མི་གུས་ན་དེས་འདོམས་པའི་གནད་ལ་ཆེ་ཐང་དུ་མི་བྱེད་པའི་དབང་གིས་ལྟུང་བ་འབྱུང་བར་འགྱུར་བས་གཉིས་པ་དང་། གུས་པ་ཙམ་ཡོད་ཀྱང་བསླབ་པའི་གནས་བསྲུང་བ་ལ་རྟག་ཏུ་གཟོབ་པར་མ་བྱས་ན་བག་མེད་པ་ལ་གོམས་པས་ཉེས་པ་འདོད་རྒྱལ་དུ་བྱེད་པས་ན་གསུམ་པ་དང་། གལ་ཏེ་བག་ཡོད་པར་བྱས་ཀྱང་ཉོན་མོངས་པ་ཤུགས་དྲག་ལ་མཐུ་ཆེ་བས་གཉེན་པོས་མགོ་མི་ནོན་པར་ཉེས་ལྟུང་འབྱུང་བར་འགྱུར་བ་ནི་ལྟུང་བ་འབྱུང་བའི་སྒོ་བཞི་བ་ཡིན་ལ། དེ་ལྟར་ལྟུང་བ་འབྱུང་བའི་སྒོ་བཞི་པོ་དེའི་སྟེང་དུ། ལྟུང་བའི་མཚམས་ལེགས་པར་ཤེས་པ་ཡིན་ཀྱང་བརྗེད་ངས་ཆེ་བས་ཉམས་པར་གྱུར་བ་དང་། དྲན་པ་མི་གསལ་བ་སྟེ་ལྟུང་བ་བྱུང་མ་བྱུང་བརྟག་པར་བྱེད་པའི་ཤེས་བཞིན་གྱིས་སེམས་གྲིམས་ཆ་ལྷོད་པ་གཉིས་བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་པར་ནི། མཁའ་འགྲོ་མ་སྡོམ་པའི་རྒྱུད་ལས། མི་ཤེས་པ་དང་བག་མེད་དང་། ཉོན་མོངས་མང་དང་མི་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་སོ། །དེ་བས་ན་དེ་དག་གི་གཉེན་པོ་བསྟེན་པའི་ཚུལ་ནི། ལྟུང་བའི་མཚམས་ཕྲ་མོ་ཚུན་ཆད་ལེགས་པར་ཤེས་ཤིང་ངེས་པར་བྱས་ནས་བླ་མ་དང་གདམས་ངག་ལ་གུས་པས་བསླབ་པར་བྱ་བའི་གནས་རྣམས་ལ་གཅེས་པར་བལྟ་ཞིང་དྲན་པ་དང་ཤེས་བཞིན་གྱིས་ཉོན་མོངས་པ་གང་ཆེ་བ་དེ་ལ་ཆེད་དུ་གཉེན་པོ་བསྐྱེད་པ་གཙོ་བོར་བྱེད་པ་ཡིས་དཔེར་ན་ཡུན་རིང་པོར་མིག་ལོང་བར་གྱུར་བ་དེ་སྨན་པ་མཁས་པས་ཐུར་དཔྱད་ཀྱིས་དབྱེ་བའི་གནས་སྐབས་ཐོབ་པ་ན་དེའི་ཤིན་ཏུ་སེམས་བསྒྲིམས་ཏེ་བག་ཟོན་དང་བཅས་པས་བསྲུང་བ་ཇི་ལྟ་བ་བཞིན་དུ་སྔར་བཤད་པ་ལྟར་ཉིན་མཚན་ཐུན་དྲུག་ཏུ་བཅད་པའི་ཆ་སོ་སོའི་ནང་དུ་བདག་ནི་ཉེས་པ་འབའ་ཞིག་འཛིན་ཅིང་ཡོན་ཏན་གྱི་རྒྱུན་གང་ཡང་རྒྱུད་ལ་མི་ཆགས་པས་ཇ་ཚགས་དང་འདྲ་བར་གདའ་བས་ད་ལྟ་ཉེས་པ་ཅི་བྱུང་འདུག །དག་སྣང་དང་མོས་གུས་བྱམས་དང་སྙིང་རྗེ་བསྐྱེད་པ་དང་རྫོགས་པའི་ཡོན་ཏན་འདྲ་ཅང་འདུག་གམ་སྙམ་དུ་སྤང་བླང་གི་གནས་ལ་བསྒྲིམས་ཤིང་བསྒྲིམས་ཤིང་ཞེས་བརྩེགས་མར་གསུངས་པ་ནི་རེས་འགའ་བ་ཐང་ལྷོད་ཅན་མ་ཡིན་པར་རྟག་ཏུ་མ་ཡེང་བར་བརྟགས་དཔྱད་བཏང་སྟེ་བསྲུང་དགོས་པར་གདམས་སོ། །གསུམ་པ་ཕྱིར་བཅོས་དངོས་བཤད་པ་ལ་གཉིས་ཏེ། གསོ་སླ་བའི་རྒྱུ་མཚན་བཤད་པ་དང་། ཇི་ལྟར་གསོ་བའི་ཐབས་བསྟན་པའོ། །དང་པོ་གསོ་སླ་བའི་རྒྱུ་མཚན་བཤད་པ་ནི། སྤྱིར་ལུས་ངག་གི་བྱ་བའི་གྲོགས་སུ་སེམས་མི་འགྲོ་བ་མེད་པས་ཉེས་པ་གང་བྱུང་ཡང་གསང་འདོད་ཀྱི་བསམ་པ་དང་བཅས་ན་ནི་མདོ་སྔགས་གཉིས་ཀའི་སྐབས་སུ་ལྟུང་བ་གང་ཡིན་ཀྱང་གསོ་བར་དཀའ་ཡང་། གསང་སྔགས་ཀྱི་སྐབས་སུ་ནི་གལ་ཏེ་ལྟུང་བ་འབྱུང་བའི་རྒྱུ་གང་ཡང་རུང་བའི་དབང་གིས་ཉམས་པའི་ཉེས་པ་བྱུང་ན་སླར་གསོ་བའང་འོག་མ་སོ་བྱང་གཉིས་ཀྱི་བསླབ་པ་ཉམས་པ་གསོ་བ་ལས་སླ་བའི་ཕྱིར་ཁྱད་པར་འཕགས་ཏེ། འདི་ལྟར་ཉན་ཐོས་ཀྱི་སྡོམ་ཁྲིམས་ནི་དངོས་པོར་ཞེན་པ་དང་ལུས་ངག་གིས་བསྡུས་པའི་གཟུགས་ཅན་དུ་བལྟ་བའི་དབང་གིས་ལྟུང་བ་གསོ་དཀའ་ལ། དེ་ཡང་དགེ་སློང་ལ་ཕམ་པ་བཞི་གང་རུང་བྱུང་ནས་འཆབ་སེམས་སམ་གསང་འདོད་ཀྱི་བསམ་པ་སྐད་ཅིག་མ་ཙམ་ལའང་མ་སྐྱེས་ན། ཐེག་དམན་རང་ལ་བསྟན་པའི་མདོའི་དགོངས་པ་ལྟར་ན་ཆད་པ་ལས་ཀྱི་བསླབ་པ་བྱིན་ཏེ་སྤྱོད་པའི་སྒོ་ནས་ཕྱིར་བཅོས་པར་གསུངས་ཤིང་། དེ་འདྲ་བ་དེའི་གང་གི་ཚེ་དགྲ་བཅོམ་པ་ཐོབ་པར་གྱུར་ན་དེ་རང་བཞིན་དུ་གནས་པར་འགྱུར་ཏེ། འཁྲུལ་པའི་རྒྱུ་ཐམས་ཅད་སྤང་བའི་ཕྱིར་རོ། །དེར་མ་ཟད་རྩ་ལྟུང་ཐུན་མིན་བྱུང་སྟེ་བསླབ་པ་སྦྱིན་པ་མཚན་འགྱུར་ནའང་བསླབ་པ་སྤྱད་མི་དགོས་པར་གསུངས་ཤིང་། གལ་ཏེ་དེའི་བསླབ་པ་ཕུལ་ནས་བླང་ན་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་ཞིང་དགེ་ཚུལ་ལའང་བསླབ་སྦྱིན་རུང་བར་གསུངས་ལ། སེམས་ཙམ་ཡན་ཆད་ཐེག་ཆེན་པ་རྣམས་ཀྱིས་ནི་ཕམ་པ་འཆབ་མེད་ཅན་ལ་གསོལ་བཞིའི་ལས་ཀྱིས་དགེ་སློང་གི་སྡོམ་པ་སྦྱིན་རྗེས་ཆད་པ་ལས་ཀྱི་བསླབ་པ་སྟེར་བར་བཞེད་པས་ཕམ་པ་འཆབ་མེད་ཕྱིས་གསོར་ཡོད་པའི་ཚུལ་སྤྱིར་བཏང་ནི་དེ་ལྟར་ཡིན་ཞིང་། འདིར་ལན་བདུན་གསོར་ཡོད་ཅེས་གྲངས་ངེས་པ་ཅན་དུ་གསུངས་པ་ནི། སྤྱིར་ཕམ་པ་འཆབ་མེད་ཅན་བསླབ་སྦྱིན་བྱས་པ་དེའི་བསླབ་པ་ཕུལ་ཏེ་དགེ་སློང་གི་སྡོམ་པ་བླང་དུ་ཡོད་པར་གསུངས་པ་ནི། ཞུ་བ་ལས། བཙུན་པ་བསླབ་པ་བརྩལ་བས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་མཆིས་པ་ལས། དེ་སླར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་འཚལ་བ་དང་། དེ་དགེ་འདུན་གྱིས་བསྙེན་བར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པཱ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི་འདས་པ་དང་བཅས་པའོ། །ཞེས་སོ། །ལན་བདུན་གྱི་ངེས་པ་ནི། ཀརྨ་ཤ་ཏཾ་གྱི་རབ་བྱུང་གི་ཆོ་གའི་བསྙེན་པར་རྫོགས་པའི་སྔོན་དུ་བར་ཆད་དྲི་བའི་སྐབས། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ། ཞེས་དྲི་བར་བྱའོ། །གལ་ཏེ་རབ་ཏུ་བྱུང་ཟེར་ན་ཞེས་པའི་འགྲེལ་བར་སྐྱེས་པ་ནི་རབ་ཏུ་བྱུང་བ་ལན་བདུན་ལེན་དུ་གནང་བའི་ཕྱིར་བྱུང་བ་ལ་སོགས་པའོ། །གལ་ཏེ་ཕམ་པ་བྱུང་ནས་གསང་འདོད་ཀྱི་བློ་སྐད་ཅིག་མ་གཅིག་ཙམ་ལ་སྐྱེས་ན་འཆབ་པ་དང་བཅས་པ་ཞེས་བྱ་བས་དེ་ནི་ལན་གཅིག་ཀྱང་སླར་གསོ་བའི་ཡུལ་མེད་དེ། དཔེར་ན་རྫ་བེའུ་ཆག་པ་སླར་བཅོས་སུ་མེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ནི་ཆོས་ཐམས་ཅད་གཟུགས་བརྙན་དང་སྒྱུ་མ་ལྟ་བུར་བལྟ་ཞིང་སེམས་ཀྱི་ལས་གཙོ་ཆེ་བས་ཉམས་པ་རྣམས་དཔེར་ན་རིན་ཆེན་གྱི་ཉེར་སྤྱད་འགའ་ཞིག་ཆག་གྲུམས་སུ་གྱུར་ན། གཞན་མགར་གྱི་ལས་ཐབས་ལ་གོམས་པ་ཞིག་གིས་སྔར་མ་ཆག་པའི་གནས་སྐབས་དང་འདྲ་བར་བཅོས་སུ་ཡོད་པ་བཞིན་དུ་གཞན་རྐྱེན་དགེ་བའི་བཤེས་གཉེན་སྡོམ་པ་ལ་གནས་པ་ཞིག་ལ་བསྟེན་ནས་ཚུལ་བཞིན་བཤགས་ཏེ་སླར་བླང་ན་སོར་ཆུད་པར་གསོ་རུ་ཡོད་པ་ཡིན་ནོ། །གསང་སྔགས་ཀྱི་སྡོམ་པ་ནི་དཔེར་ན་གསེར་དངུལ་ལ་སོགས་པའི་རིན་ཆེན་གྱི་སྣོད་ཅུང་ཟད་ཞོམ་པར་གྱུར་ན་རང་ཉིད་ཀྱིས་སྲོང་བར་ནུས་པ་ལྟར། ཉམས་པར་གྱུར་པའི་ལྟུང་བ་ཞིག་ཡོད་ན་ཡང་འཁོར་འདས་མཉམ་པ་ཉིད་དང་། བདག་ཉིད་ལྷར་རྟོགས་པའི་སྟོབས་ཀྱིས་དགེ་བའི་བཤེས་གཉེན་ལ་མ་བསྟེན་ཀྱང་རང་གི་སྟོབས་བསྐྱེད་རྫོགས་ལ་སོགས་པའི་མཐུ་ཡིས་སྔ་མ་བཞིན་སོར་ཆུད་པར་གསོ་རུ་བྱར་ཡོད་པ་ཡིན་པས་ན་བསྐྱེད་རྫོགས་ལ་གོམས་ཆ་མེད་པའི་རྒྱུད་ཚོད་དམན་པ་དང་། སློབ་དཔོན་ལ་སྨོད་པ་ལ་སོགས་པ་མ་ཡིན་པར་འཆད་འགྱུར་རྣམས་ལས་རང་སྟོབས་ཀྱིས་སྦྱོང་ཚུལ་དག་ལ་བསྟེན་ནས་གསོ་ཆོག་པ་ཡིན་ནོ། །གཉིས་པ་ཇི་ལྟར་གསོལ་བའི་ཐབས་བསྟན་པ་ལ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་ཕྱིར་བཅོས། ཐུན་འདས་ཀྱི་ཕྱིར་བཅོས། དེ་ལས་གཞན་པའི་ཕྱིར་བཅོས་ཀྱི་རྣམ་གྲངས་སོ། །དང་པོ་སྐུ་གསུང་ཐུགས་ཀྱི་ཕྱིར་བཅོས་ནི། དེ་ལ་རྩ་ལྟུང་དང་པོ་བླ་མ་རྡོ་རྗེ་སློབ་དཔོན་ལ་བརྙས་ཤིང་སྨོད་པ་དང་། རྡོ་རྗེའི་སྤུན་རྣམས་ལ་འཁོན་འཛིན་དང་བརྙས་ཐབས་ཤོར་བ་སོགས་ཀྱིས་གཙོ་བོ་སྐུའི་དམ་ཚིག་ཉམས་པར་གྱུར་པ་ཡིན་པས་ཕྱི་བཤོལ་མི་བྱེད་པར་སྙིང་ནས་འགྱོད་པ་དང་བཅས་འཕྲལ་དུ་སྒོ་གསུམ་གྱིས་གུས་ཤིང་བཀུར་ཏེ་ཚོགས་དང་ཡོ་བྱད་སྟོབ་པ་སོགས་ཀྱིས་ཐུགས་མཉེས་པར་བྱས་ཏེ་སྡོམ་སེམས་དང་བཅས་པས་གསོར་ཆུད་པའམ་སྔར་སྡོམ་པ་རྣམ་པར་དག་པའི་ཆ་དེ་དམ་ཚིག་ཉམས་པའི་ཉེས་པས་ཁ་མ་ཚང་བ་ལྟ་བུར་སོང་བ་དེ་སླར་བསྐང་བར་བགྱིའོ། །དེ་ལྟར་མྱུར་དུ་བཤགས་དགོས་པའི་རྒྱུ་མཚན་ཡང་བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། རྡོ་རྗེའི་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང་། །བརྡ་འ མ་དངོས་པོས་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །བླ་མ་དང་མཆེད་ལ་ངག་གིས་ཉེས་པ་སོང་བའམ་སྔགས་རྒྱ་རྒྱུན་བཅད་པ་སོགས་གསུང་གི་ཐ་ཚིག་ཉམས་པར་གྱུར་ན་རྩ་བའི་བླ་མ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་སངས་རྒྱས་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་ཅན་སྤྱི་བོར་རམ་ཡང་ན་བདག་དང་དབྱེར་མེད་དུ་བསྒོམས་ལ་སྙིང་པོ་པདྨ་ས་ཏྭའམ་དེའི་ཡིག་བརྒྱ་འབུམ་ཐེར་འདོན་ཞིང་བླ་མའི་ཡོན་ཏན་བརྗོད་པ་འབའ་ཞིག་དོན་དུ་གཉེར་བར་བྱའོ། །ཡང་བླ་མ་དང་མཆེད་སོགས་ལ་སྙིང་ནས་གནོད་སེམས་དང་ལོག་ལྟ་སྐྱེས་པ་དང་། གསང་དོན་སྣོད་མིན་ལ་བསྒྲགས་པ་སོགས་ཐུགས་ཀྱི་དམ་ཚིག་ལས་ཉམས་པར་གྱུར་ན་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོར་སེམས་སུ་གསལ་བའི་སྤྱི་བོར་བླ་མ་བསྒོམས་ལ་ཡན་ལག་བདུན་པ་ཕུལ་ནས་དབང་བཞི་བླངས་རྗེས་བླ་མ་རང་ལ་བསྟིམ་སྟེ་ལོ་གསུམ་དུ་སྨྲ་བ་བཅད་ལ་ཐུགས་ཡིད་བསྲེས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པ་ནི་གསོ་བའི་ཐབས་སུ་བཤད་དོ། །དེ་སྐད་དུའང་རྔམ་གློག་ལས། བླ་མ་སྤུན་ལ་སྨད་གྱུར་ན། །ཚེ་འདི་ཉིད་ལ་མཉེས་བྱས་ཏེ། །མཐོལ་བཤགས་དྲག་པོས་འགྱོད་བྱས་ན། །དེ་ནི་བསྐང་བའི་མཆོག་ཏུ་འགྱུར། །གལ་ཏེ་བདག་གམ་བླ་མ་སྤུན། །མ་བསྐངས་བར་དུ་ཚེ་འཕོས་ན། །དེ་ནི་བསྐང་བའི་ཚད་ལས་འདས། །གསུང་གི་དམ་ཚིག་རལ་གྱུར་ན། །རྡོ་རྗེ་ཆོས་སུ་བདག་བསྒོམས་ཏེ། །ཐ་ཚིག་གང་བཀླག་འབུམ་འབུམ་འདོན། །ཐུགས་ཀྱི་དམ་ཚིག་རལ་གྱུར་ན། །རྡོ་རྗེ་སེམས་དཔར་བདག་བསྒོམས་ལ། །ལོ་གསུམ་བར་དུ་མི་སྨྲ་བར། །བསམ་གཏན་སྦྱོར་བ་རབ་ཏུ་བྱ། །ཡན་ལག་དམ་ཚིག་རལ་གྱུ་ན། །སོ་སོ་རང་རང་རིགས་ཀྱིས་བསྐང་། །ཞེས་སོ། །གཉིས་པ་ཐུན་འདས་ཀྱི་ཕྱིར་བཅོས་ནི། དེ་ལ་སྤྱིར་ལྟུང་བ་ཕལ་ལ་ཡན་ལག་བཞི་ལྡན་དགོས་ཏེ། ལྟུང་བ་འབྱུང་བའི་ཡུལ། དེར་འདུ་ཤེས་པའི་བསམ་པ། ལུས་ངག་དང་འབྲེལ་ན་དེའི་སྦྱོར་བ། སྒོ་གསུམ་གང་གིས་གྲུབ་པའི་ལས་ལམ་རྫོགས་པའི་མཐར་ཐུག་བཞི་ཚང་ན་སྔགས་སྡོམ་གཏོང་བའི་ཕམ་པ་ཞེས་བརྗོད་པའི་རྒྱུ་མཚན་སྔར་བཀོད་ཟིན་ལ། ཡིད་ཀྱིས་གྲུབ་པའི་རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་ན་དངོས་གཞི་མི་ཚང་ཡང་དེ་ལ་བཤགས་པ་མ་བྱས་པར་དྲུག་ཆ་འདས་ན་ཐུན་ཚོད་འདས་པའི་ལྟུང་བ་ཞེས་བྱ་སྟེ། ཕས་ཕམ་པའི་འོག་ནས་ལྕི་བ་སྟེ། སློབ་དཔོན་མཚོ་སྐྱེས་ཀྱིས། རྩ་བ་དུས་འདས་ཕམ་པ་འདྲ། །ཚད་ལྡན་ལྟུང་བར་བཤད་པ་ཡིན། །ཡན་ལག་གཙོ་བོ་དུས་འདས་པ། །ལྕི་བ་དུས་ནི་བཤད་པ་སྟེ། །སྦྱོར་བ་མ་རྫོགས་སྦོམ་པོའོ། །ཡན་ལག་ཕྲ་བ་ཉེས་བྱས་སོ། །ཞེས་ཀྱང་བཤད་དོ། །དེའང་ངོ་བོ་ལ་ལྟོས་ནས་རྩ་ལྟུང་དང་། སྦོམ་པོ་དང་། ཉེས་བྱས་རྣམས་ཀྱི་ལྕི་ཡང་གི་ཁྱད་པར་ཤེས་པར་བྱ་ཞིང་། དུས་ལ་ལྟོས་ན་ཉིན་མཚན་ཐུན་དྲུག་ཏུ་བཅད་པའི་ཆ་གང་ཡང་རུང་བ་ཞིག་གི་ནང་དུ་ལྟུང་བ་ལ་སྦྱོར་བའི་བྱ་བ་བརྩམས་ནས་ཐུན་དེའི་ནང་དུ་གཉེན་པོས་མ་སླེབ་པར་དུས་ཚོད་དེ་ལས་ཐལ་ཏེ་ཐུན་ཚོད་འདའ་བའི་མཚམས་ལ་ཐུན་འདས་ཀྱི་ལྟུང་བ་ཞེས་བརྗོད་པ་ཡིན་ལ། དེ་བཞིན་དུ་འགལ་བ་དང་། ཉམས་པ་དང་། འདས་པ་དང་། རལ་བ་ཞེས་པ་བཞི་པོའང་ཞག་གཅིག་དང་། ཟླ་བ་གཅིག་དང་། ལོ་གཅིག་དང་། ལོ་གཉིས་སམ་གསུམ་འདས་ཚུན་ཆད་ལ་བཤགས་པར་བྱས་ན་གསོ་བར་རུང་སྟེ་སྔ་མ་སྔ་མ་བས་ཕྱི་མ་ཕྱི་མ་ལྕི་ཞིང་ལོ་གསུམ་འདས་པར་གྱུར་ན་བཤགས་པ་བྱས་ཀྱང་གསོ་བར་རུང་བ་མ་ཡིན་ཏེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལ་ཁྱད་པར་ངེས་ཕྱེ་བ། །དམ་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གིས་བར་མ་ཆོད་པར་ནི། །དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེས་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །དམ་ལས་འདས་ན་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཉིས་དང་གསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུང་། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནི་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་སོ། །དེ་ལྟར་བཤགས་བྱ་ལ་ལྕི་ཡང་ཡོད་པ་ལྟར་བཤགས་ཚུལ་ཡང་ཇེ་ཆེར་སྟོབས་བསྐྱེད་པའི་ཚུལ། འགལ་བའི་ཉེས་པ་བྱུང་ན་ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ་བར་བྱ་བ་དང་། ཉམས་པའི་ཉེས་པ་བྱུང་ན་རང་ལ་བདོག་དགུ་སྟེ་ལོངས་སྤྱོད་ཡོད་ཚད་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་སོགས་པར་ཕུལ་ནས་བསྐང་བར་བྱེད་པ་དང་། འདས་པར་གྱུར་ན་དེ་ལས་ཀྱང་འཕངས་པའི་བུ་དང་ཆུང་མ་དག་ནོར་གྱི་དབྱིག་རིན་པོ་ཆེ་གང་བཟང་གཏོང་བའི་སྒོ་ནས་ཕྱིར་བཅོས་པ་དང་། རལ་བའི་ཉེས་སྟོང་དུ་གྱུར་ན་ནི་རང་གི་སྲོག་ལའང་མི་བལྟ་བའི་བརྩོན་འགྲུས་དྲག་པོ་དག་གི་སྒོ་ནས་བླ་མའི་བཀའ་བཞིན་བྱས་པས་གསོ་བའི་རྣམ་བཞག་རྣམས་ནི་རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་དེ་ཉིད་ལས་གསུངས་པ་ཡིན་ནོ། །གསུམ་པ་དེ་ལས་གཞན་པའི་ཕྱིར་བཅོས་ཀྱི་རྣམ་གྲངས་བཤད་པ་ནི། རྒྱུད་སྡེ་ཐ་དད་ནས་གསུངས་པ་རྣམས་བསྡུས་ཏེ་བསྟན་པའི་དོན་གོང་དུ་བཤད་པ་དེ་ལས་གཞན་ཡང་འདི་ལྟར་བླ་མ་ལས་དབང་བཞི་པོ་བསྐྱར་ནས་བླང་བར་བྱ་བ་དང་། རང་གི་དམིགས་པས་བདག་འཇུག་བླང་བར་བྱས་ན་སྡོམ་པ་དང་དམ་ཚིག་ལ་ཉེས་པའི་སྐྱོན་བྱུང་བ་ཐམས་ཅད་རྣམ་པར་དག་པར་འགྱུར་བའི་ཚུལ་ཧེ་རུ་ཀ་མངོན་འབྱུང་ལས། དཀྱིལ་འཁོར་རྒྱལ་པོ་མཐོང་བ་ནི། །ཅུང་ཟད་དེ་ནི་མི་འགྲུབ་མེད། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །དེའང་དུས་ཀྱི་འཁོར་ལོ་ལས་ནི་དབང་ཐོབ་མཚམས་ཐ་དད་པ་ལ་ལྟོས་པའི་སྤྱོད་ཚུལ་འདི་ལྟར་རང་ལུགས་ཀྱི་རིགས་དབང་ལྔ་དང་ཐབས་དང་ཐབས་བྱུང་གཉིས་ཏེ་བུམ་དབང་བདུན་ཐོབ་པས་དཀྱིལ་འཁོར་གྱི་ལྷ་གྲངས་རེ་རེ་བཞིན་ནམ་གཙོ་བོའི་བཟླས་པ་སུམ་ཁྲི་དྲུག་སྟོང་གིས་སྦྱང་བ་དང་། དེའི་སྟེང་དུ་བུམ་གསང་ཐོབ་པ་ལས་ཉམས་ན་བླ་མའི་བཀས་བསྒོས་པའི་ཆད་ལས་ཀྱིས་སྦྱང་བ་དང་། ཤེར་དབང་ཡན་ཆད་ཐོབ་པས་དབེན་པར་བསྐྱེད་རྫོགས་བསྒོམ་པ་འབའ་ཞིག་གིས་རང་རྒྱུད་བྱིན་གྱིས་བརླབས་པས་སྦྱང་སྟེ། དེ་གསུམ་གས་ཀྱང་དག་པའི་མཚན་མ་མཐོང་ན་སླར་དཀྱིལ་འཁོར་དུ་ཞུགས་ནས་སྡོམ་པ་བཟུང་སྟེ་དབང་བླང་བར་བྱ་ཞིང་། དེའི་ཚེ་སྔར་དབང་ཐོབ་དུས་ཀྱི་བསླབ་གྲལ་དང་རྙེད་བཀུར་ལེན་པ་སོགས་མི་བྱེད་པའི་ཚུལ་འདུལ་པའི་སྡེ་སྣོད་དང་སྒོ་བསྟུན་པར་ཡང་སྣང་སྟེ་དགེ་འདུན་ལྷག་མའི་སྤོ་སྤྱོད་བཞིན་ནོ། །དེ་བཞིན་དུ་སྤྱི་མདོ་ལས་ཉམས་ཚུལ་ལྔ་ལ་ལྟོས་ནས་ཕྱིར་བཅོས་པའི་ཚུལ་བསྟན་ཏེ། ལངྐའི་བདག་པོ་གང་འདི་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པའི་ཀུན་ཏུ་ཉམས་པ་ཆེན་པོ་ནི་ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའམ་ལན་གྲངས་མང་དུ་སྤྱད་པ་ལ་སོགས་པའོ། །རྩ་བ་དང་ཡན་ལག་ཉམས་པ་ནི་སྤྱི་དང་མཐུན་ལ། ཟླས་ཉམས་ཞེས་པ་གང་ཟག་གང་ཞིག་རང་ཉིད་ཉམས་བཞིན་དུ་གསོ་བ་ལ་མི་བརྩོན་པ་སྟེ། དེ་ལྟ་བུ་དང་སྐད་ཅིག་ཙམ་ཡང་ཕྲད་པ་དང་སྨྲ་བར་བྱ་བའང་མ་ཡིན་ན་དེའི་མགོན་བྱ་བ་དང་ལྷན་ཅིག་མནལ་བ་ལྟ་ཅི་སྨོས་ཏེ། རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་། །སྐད་ཅིག་ཙམ་ཡང་ཕྲད་སྨྲ་མི་བྱ་ཞེས། །ཞེས་པ་ལྟར་རོ། །དེའང་སྔོན་ལེགས་འོང་གི་གཏམ་རྒྱུད་ལྟར། བསོད་ནམས་མེད་པའི་སློང་མོ་བ་གཅིག་དང་འགྲོགས་ཏེ་སོང་ན་སློང་མོ་བ་ཐམས་ཅད་ཀྱི་འཚོ་བའི་སྒོ་འགགས་པ་བཞིན་དང་། སྦལ་པ་རྨ་ཅན་གཅིག་གིས་སྦལ་པ་གཞན་མང་པོ་དང་། འོ་མ་རུལ་བ་ཅུང་ཟད་ཀྱིས་འོ་མ་མང་པོ་མ་རུངས་པར་འགྱུར་བ་ལྟར་གང་ཟག་གཅིག་པོ་དེ་ཉམས་པའི་སྐྱོན་གྱིས་དེ་དང་འགྲོགས་པ་ཐམས་ཅད་སྐྱོན་ཅན་དུ་འགྱུར་ཏེ། ཇི་ལྟར་འོ་མ་རུལ་བ་དག །འདྲེས་པས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་སོ། །ཞར་ཉམས་ནི་རང་གིས་ཆེད་དུ་མ་ཡིན་ཀྱང་གཞན་གྱི་ངོ་དགར་ཐལ་བ་ལ་སོགས་པའོ། །དེ་དག་བསྐང་བའི་ཚུལ་ནི། དེ་ཉིད་ལས། ལས་དང་རྫས་དང་འདུན་པ་དང་། །ཏིང་ངེ་འཛིན་དང་དེ་ཉིད་དོ། །ཞེས་པ་ལས། ལས་ཀྱིས་བསྐང་བ་ནི་སྦྱིན་སྲེག་དང་། གཏོར་མ་དང་བཟླས་བརྗོད་ལ་བརྟེན་པ་རྣམས་ཏེ། དེ་ཡང་ཀུན་ཏུ་ཉམས་པ་ལ་ཆིག་འབུམ་སུམ་ཁྲི། རྩ་བ་ཉམས་པ་ལ་ལྔ་ཁྲི་སུམ་སྟོང་། ཡན་ལག་ཉམས་པ་ལ་ལྔ་སྟོང་སུམ་བརྒྱ། ཟླས་ཉམས་ལ་བརྒྱ་ཕྲག་གསུམ། ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་མོ། །རྫས་ཀྱིས་བསྐང་བ་ནི་རིགས་ལྔ་གང་གི་དམ་ཚིག་ཉམས་པའི་ཁྱད་པར་དང་བསྟུན་ནས་མི་རིགས་ལྔའི་བླ་མའམ། དེར་མོས་པ་ལ་དེ་བཞིན་གཤེགས་པའི་ལྔའི་རང་བཞིན་དུ་བལྟས་ནས་རིན་པོ་ཆེ་ཕངས་པ་མེད་པར་སྟོབ་པའོ། །འདུན་པས་བསྐང་བ་ནི། གལ་པོ་ལས། མི་དག་སྡིག་པའི་བག་ཆགས་རྣམས། །གདུང་བའི་གླུ་དང་བཅས་པས་བཤགས། །ཞེས་པ་ལྟར་གནོང་འགྱོད་ཀྱི་མངོན་རྟོགས་གདུང་བའི་གླུས་ངོམ་པའི་ཚུལ་གྱིས་བཤགས་པའོ། །ཏིང་ངེ་འཛིན་གྱིས་བསྐང་བ་ནི། མན་ངག་དང་ལྡན་པ་དག་གིས་ནི། འཕོ་མེད་ཀྱི་ཚུལ་ཁྲིམས་རྫོགས་རིམ་རང་ལུས་ཐབས་ལྡན་སོགས་སྤྱི་དང་། ཐིག་ལེའི་རྣལ་འབྱོར་བར་འཛག་བསྒོམ་པ་སོགས་ཀྱིས་གསོ་བར་བྱེད་པའོ། །གལ་ཏེ་མན་ངག་མེད་པའི་དང་པོའི་ལས་ཅན་གྱིས་ཉམས་པ་གསོ་དགོས་པ་ཡིན་ན་ནི། བཤགས་ཡུལ་ཉིད་བླ་མའམ་མེད་ན་དེ་ཡི་དམ་ལ་སོགས་པར་བསྒོམས་ནས་སྟོབས་བཞིའི་སྒོ་ནས་བཤགས་པས་དེའི་གནས་གསུམ་གྱི་འོད་ཟེར་ལས་རང་གི་ཉམས་ཆག་ཉེས་ལྟུང་ཐམས་ཅད་སྦྱངས་པར་བསམ་མོ། །དེ་ཁོ་ན་ཉིད་ཀྱིས་སྦྱང་བ་ནི་འཁོར་གསུམ་ཡོངས་དག་ཆེན་པོར་རྟོགས་པའི་ངང་ལ་མཉམ་པར་འཇོག་པའི་ཤེས་རབ་ཀྱིས་སྦྱང་བའོ། །གཞན་ཡང་ཞི་བའི་སྦྱིན་སྲེག་རྒྱས་པའམ། ཟ་བྱེད་རྡོ་རྗེ་མཁའ་འགྲོ་སྦྱིན་སྲེག་ལྟ་བུ་མེ་ལ་བརྟེན་ནས་སྦྱོང་བ་དང་། གཏོར་མ་སྦྱངས་རྟོག་སྦར་གསུམ་གྱིས་བྱིན་གྱིས་བརླབས་པ་འཁོར་འདས་ཐམས་ཅད་འཁོར་ལོའི་དབང་ཕྱུག་གི་རྣམ་པར་སད་པ་ལ་གཏོང་ཞིང་འདོད་དོན་གསོལ་བ་དང་། ཡོ་ག་ནས་བཤད་པའི་དྲལ་བའི་སྔགས་རྒྱ་གཉིས་ཏེ་ལྟུང་བ་སློང་བའི་ཕྱག་རྒྱ་དང་། དེའི་སྔགས་ཀྱི་རིམ་པ་ལ་བརྟེན་ནས་ངན་འགྲོ་དགུག་དྲལ་དང་། དེ་བཞིན་དུ་རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི། །རྐང་མཐིལ་གཉིས་སུ་ཡཾ་གཉིས་བསམ། །གསང་བའི་སྒོ་རུ་རཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་གར་ཕཊཿཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡཾ་ལས་ཡེ་ཤེས་རླུང་བྱུང་སྟེ། །རཾ་ལས་ཡེ་ཤེས་མེ་སྦར་ནས། །རིགས་དྲུག་བག་ཆགས་ཐམས་ཅད་བསྲེག །སྒོ་གསུམ་སྐུ་གསུང་ཐུགས་སུ་གྱུར། །ཕཊཿཀྱིས་ཆོས་ཉིད་དབྱིངས་སུ་འཕང་། །ཞེས་པའང་མན་ངག་ཤིན་ཏུ་ཟབ་པར་གསུངས་ལ། རྣམ་འཇོམས་དང་སྨེ་བརྩེགས་ལ་སོགས་པའི་གཟུངས་ཀྱིས་བསྒྲུབས་པའི་བུམ་པའི་ཆུས་བཀྲུ་བ་དང་། མཁའ་དབྱིངས་སུ་ཤར་བའི་དབང་ལྷ་ལས་རིགས་པའི་དབང་ལྔ་བླངས་ནས་བཀྲུ་བའི་འདུན་པ་དང་། ཆུ་ཀླུང་སོགས་བཾ་ལས་མཱ་མ་ཀཱིའི་བདག་ཉིད་དུ་མོས་ནས་སྤྱོད་པའི་བརྟུལ་ཞུགས་ཀྱིས་ལུས་བཀྲུ་བ་སོགས་བཀྲུ་བའི་རིམ་པ་རྣམས་དང་། གཏུམ་མོའི་མེས་ལྟེ་བར་ཀཾ་ཡིག་དང་སྙིང་གར་ཤ་ཟའི་གཟུགས་ཀྱི་སྡིག་པ་བསྲེག་པ་དང་། རླུང་ལ་བརྟེན་ནས་སྦྱང་བ་ཡང་གཙུག་ལག་ཁང་ལ་སོགས་པར། འཕན་དང་རྔ་ཡབ་སོགས་སྒྲེང་བ་དང་། ཚོགས་པ་མང་པོའི་དབུས་སམ་རྟེན་བྱིན་ཅན་གྱི་དྲུང་དུ་ཉེས་པ་བསྒྲག་པ་དང་། ཚོགས་ཀྱི་འཁོར་ལོ་དང་། ཚོགས་ཀྱི་མཆོད་པ་དང་། དཔའ་བོ་དང་དཔའ་མོའི་དགའ་སྟོན་བྱ་བ་དང་། སྦྲང་རྩིའི་བསླུ་བ། རྙི་ལས་དགྲོལ་བ། རྔོན་པ་ལ་རི་དྭགས་དང་གཅན་གཟན་སོགས་མི་གསོད་པའི་རྔན་པ་སྟེར་བ་སོགས་སྲོག་བསླུ་བའི་ཐབས་ཐམས་ཅད་ལ་འབད་པ་དང་། མདོ་སྔགས་ཀྱི་གསུང་རབ་སྤྱི་དང་། ཁྱད་པར་ཐར་པ་ཆེན་པོའི་མདོ་དང་། དྲི་མེད་བཤགས་པའི་རྒྱུད་ལ་སོགས་པ་བཀླག་པ་དང་། སྡིག་པ་འདག་པའི་གཉེན་པོར་བསྔགས་པའི་གཟུགས་སྔགས་སྤྱི་དང་། ཁྱད་པར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཡིག་བརྒྱ་བཟླ་བ་དང་། ཡན་ལག་བསྐྱོད་པ་ཙམ་ལ་ཕན་ཡོན་ཆེ་བ་མཎྜལ་འབུལ་བ་དང་། ཚོགས་ཐམས་ཅད་ཀྱི་སྒོ་ཡན་ལག་བདུན་པ་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་སྤངས་རྟོགས་ཀྱི་གཟུགས་བརྙན་མཆོད་རྟེན་བཞེངས་པ་དང་། མི་ནུས་ནའང་སཱཙྪ་གདབ་པ་ལ་སོགས་པ་དམ་ཚིག་ཉམས་ཆག་སྦྱོང་བའི་ཐབས་ཀྱིས་དུས་རྟག་ཏུ་བློས་མི་འདོར་བར་སྦྱང་བ་ལ་བརྩོན་པར་བྱས་ན་གཉེན་པོའི་རིམ་པ་ནི་མཐར་གཏུགས་ཤིང་ཟད་པར་འགྱུར་བ་མ་ཡིན་ལ་སྦྱོང་ཚུལ་དེ་རྣམས་ལ་ནི། ཕྱི་ནང་གི་འབྱུང་བ་ལ་བརྟེན་པ་དང་། སྙིང་པོ་རྒྱན་ལས་གསུངས་པའི་སྦྱོང་ཚུལ་ཉེར་ལྔ་ལ་སོགས་པ་འདུ་བ་ཡིན་ནོ། །ཁྱད་པར་དུ་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བའི་སྤྱི་ཁྲུས་རྨད་དུ་བྱུང་བ་ན་རཀ་དོང་སྤྲུག་གི་མན་ངག་ལ་བརྟེན་ནས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མངོན་སུམ་བཞིན་དུ་གསལ་བ་ལ་དད་གུས་གདུང་ཤུགས་དྲག་པོ་བསྐྱེད་པ་དང་། ལྟ་སྒོམ་གྱི་ངང་མདངས་མ་ཤོར་བའི་སྒོ་ནས་ཕྱི་ཡོ་བྱད་ཚོགས་ཀྱི་བསྐང་བ་དངོས་གཙང་ལ་སྤུས་ལེགས་ཤིང་རྒྱུ་ཚོགས་ཚང་བའི་སྨན་རཀ་གཏོར་མ་མར་མེ་རྣམས་རེ་རེ་ལ་བརྒྱ་རྩ་བརྒྱད་རེའམ་ཅི་འབྱོར་བ་བཤམས་པ་སོགས་མཆོད་པའི་ཡོ་བྱད་འབྱོར་ཚད་དང་། ནང་ཕུང་པོ་རྟེན་གྱི་བསྐང་བ་དཀར་ཆ་སྨན། དམར་ཆ་རཀྟ། རྩ་ཁམས་གཏོར་མ། རླུང་སེམས་ཀྱི་ཆ་མར་མེ་དང་། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བ། རང་བྱུང་གི་རིག་པའི་གཤིས་བདེ་བ་ཆེན་པོ་སྨན། ངོ་བོ་སྟོང་པ་རཀྟ། ཟུང་དུ་འཇུག་པ་གཏོར་མ། རང་བཞིན་གསལ་བ་སྒྲོན་མེ་ཡིན་པ་སོགས་ཀྱིས་མཚོན་ནས་ཕྱི་ནང་གསང་བའི་སྨན་རཀ་སོགས་སོ་སོའི་བསྐང་བའི་ཚིག་གིས་གསལ་བཏབ་ནས་ཉ་སྟོང་ཚེས་བརྒྱད་སོགས་ལ་བཤགས་པ་བྱས་ན་དེས་ནི་ཉམས་ཆག་ཐམས་ཅད་གང་ཡང་མི་འདག་པ་མེད་པར་གསུངས་ཤིང་། དེ་ལྟ་མ་གྲུབ་ནའང་ཕྱག་གི་བཀོ་བྱང་ཙམ་རྒྱུན་དུ་ཡིད་དམ་དུ་བགྱིས་པས་ཀྱང་ཉམས་ཆག་ཐམས་ཅད་འདག་པར་འགྱུར་ཏེ། ཇི་སྐད་དུ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཐམས་ཅད་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །དེ་ལྟར་དམིགས་བཅས་ཀྱི་བཤགས་པ་ཀུན་ལ་ཉེས་ལྟུང་ཕྲ་མོ་ཡན་ཆད་ལ་འགྱོད་པའི་སེམས་བསྐྱེད་པ་ནི་ལྷག་པར་གཅེས་ཏེ། འགྱོད་པ་མེད་ན་ཉེས་པ་སུན་འབྱིན་པའི་མཐུ་མེད་ལ། བཤགས་ཡུལ་གྱི་རྟེན་ཀྱང་བསླུས་པར་འགྱུར་ཞིང་། སྡོམ་སེམས་ཀྱང་ནུས་པ་ཆུང་ལ་གཉེན་པོ་ཀུན་ཏུ་སྤྱོད་པའང་སྟོབས་ཞན་པར་འགྱུར་བའི་ཕྱིར་རོ། །དེ་ཡང་སློབ་དཔོན་གྱིས་ཤེས་པ་བཅུས་བསྲུང་ལ་སློབ་མས་དེ་ལྟར་མི་ཤེས་པས་སློབ་དཔོན་གྱི་བཀའ་བཞིན་དུ་བསྲུང་བར་བྱའོ། །དེ་ལ་ཤེས་པ་བཅུ་ནི། ཚིག་དོན་གྱི་གནད་ཤེས་པ་དང་། དྲིས་པའི་ལན་ཤེས་པ་དང་། དབང་དང་མན་ངག་གི་སྐབས་ཤེས་པ་དང་། ལྟ་བ་ཡངས་པར་ཤེས་པ་དང་། བསྒོམ་པ་ངང་ཆེ་བར་ཤེས་པ་དང་། འཁོར་བ་དང་མ་འདྲེས་པར་ཤེས་པ་དང་། ཆོས་ཉིད་ཟབ་པར་ཤེས་པ་དང་། འདས་པའི་ས་ལ་གནས་པར་ཤེས་པ་དང་། རང་དང་སྤྱིའི་མཚན་ཉིད་ཤེས་པ་དང་། །ཆོས་ཅན་དང་ཆོས་ཉིད་ཀྱི་མཚན་ཉིད་ཤེས་པ་སྟེ། རྒྱུད་ལས། ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡི་བསྲུང་ཐབས་འཕགས། །ཞེས་སོ། །གསུམ་པ་ཉམས་པའི་ཉེས་དམིགས་ནི། སྒྱུ་འཕྲུལ་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་པ་ལྟར་ཉེས་པ་བྱུང་ཡང་མ་བཤགས་པར་དེ་དང་ལྷན་དུ་འགྲོགས་ན་ཚེ་འདིར་ཅི་ཙམ་བརྩོན་ཀྱང་དངོས་གྲུབ་མེད་པའི་སྟེང་། ནད་གདོན་སོགས་ཞི་བའི་ལས་བསྒྲུབ་ན་དེ་ཉིད་འཕེལ་བར་འགྱུར་བ་དང་། ཚེ་བསོད་སོགས་རྒྱས་པའི་ལས་བསྒྲུབ་ན་དེ་ཉིད་ཞི་བར་འགྱུར་བ་སོགས་སྒྲུབ་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པས་རིམ་བཞིན། ལུས་ལ་ནད་སོགས་དང་། ངག་དིག་ལྐུགས་སོགས་དང་། སེམས་སྨྱོ་འབོགས་སོགས་སུ་འགྱུར་བས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འགྲིབ་ཅིང་མི་འདོད་པ་དུ་མ་ཁབ་ལེན་ལ་ལྕགས་བཞིན་འདུ་བ་དང་། ཕྱི་མ་དམྱལ་བ་གང་གིས་ཀྱང་དོ་ཟླ་མེད་ཅིང་རྒྱལ་བ་སྲས་དང་བཅས་པས་ཀྱང་སྐྱོབ་པར་མི་ནུས་ཤིང་ཤིན་ཏུ་ཐར་བར་དཀའ་བའི་རྡོ་རྗེའི་དམྱལ་བ་ཞེས་བྱ་བར་ལྟུང་བར་འགྱུར་ཏེ། གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མ་བརྩོན་ན། །རྡོ་རྗེའི་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་། །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་དུང་ཕྱུར་བཅུ། མཆན། ལ་སོགས་སུ། །དེ་ནི་འཐོན་པར་མི་འགྱུར་རོ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །ཞེས་སོ། །བཞི་པ་བསྲུངས་པའི་ཕན་ཡོན་ནི། དེ་ལ་མདོ་སྔགས་གཉིས་ཀའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པའི་ཕྱིར། སྔགས་ཀྱི་ཚུལ་ཁྲིམས་སམ་དམ་ཚིག་རྣམ་པར་དག་པ་བསྲུང་བ་དང་ལྡན་པ་ལས་ནི་བྱིན་རླབས་ཆེ་བས་ལམ་མྱུར་བ། ཐབས་ཟབ་པས་འཇུག་པ་བདེ་བའི་བསྐྱེད་རྫོགས་གཉིས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་སྟེ་དེ་དག་གི་གཞི་རྟེན་དམ་ཚིག་ཡིན་པའི་ཕྱིར། གལ་ཏེ་དམ་ཚིག་ཉམས་ན་དབང་དང་བསྐྱེད་རྫོགས་ལས་བྱུང་བའི་ཡོན་ཏན་གང་ཡང་འགྲུབ་པར་མི་འགྱུར་ཏེ་འབྲས་བུ་འབྱུང་བའི་རྒྱུ་ས་བོན་ཡིན་ཀྱང་གཞི་ས་ལ་མ་བརྟེན་ན་མྱུ་གུ་སྐྱེ་བ་མི་འགྲུབ་པ་བཞིན་ཏེ། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམས་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་སོ། །དེ་བས་ན་དམ་ཚིག་བསྲུང་བའི་གང་ཟག་དེ། གནས་སྐབས་སུའང་བསམ་དོན་ཡིད་བཞིན་དུ་འགྲུབ། ཀུན་གྱིས་ཡིད་དུ་འོང་། འཇིག་རྟེན་པའི་ལྷ་ཆེན་པོ་དག་གིས་བཀུར། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་དགོངས་པར་མཛད་པའི་ཚུལ། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡིས་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །མཐར་ཐུག་གི་འབྲས་བུ་ནི། སྐྱེ་བ་བཅུ་དྲུག་གམ་ཞེས་པས་ལམ་ལ་འབད་པ་ཆུང་ཡང་དེ་ཚུན་ཆད་ན་ཐོབ་པར་འགྱུར་ཏེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལས་འགྲུབ། །ཅེས་སོ། །ཐབས་བརྩོན་ཤེས་རབ་ཀྱི་དབང་དུ་གྱུར་པ་དག་ནི་མྱུར་ན་ཚེ་འདི་ཉིད་ལ་གྲོལ་བའི་ཚུལ། རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང་། །ཤིན་ཏུ་བརྩོན་པས་གང་བསྒྲུབས་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་པས་སྐྱེ་བ་འདི་ལ་ཟུང་འཇུག་གི་སྐུ་བརྙེས་པའམ། འབྲིང་རྣམས་འཆི་ཁའི་སྡུད་རིམ་གྱི་མཐར་དཔེའི་འོད་གསལ་དེ་གཞི་དུས་ཀྱི་འོད་གསལ་དང་འཕྲད་ནས་དོན་གྱི་འོད་གསལ་དུ་གྱུར་ཏེ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ནུས་ལ་གལ་ཏེ་ད་ལྟ་སད་དུས་ན་དོན་གྱི་འོད་གསལ་ལ་འཇུག་ནུས་པ་ཞིག་ཡིན་ན་དེ་གཞི་དུས་ཀྱི་འོད་གསལ་དང་གཉིས་མེད་དུ་འདྲེས་པས་ཡང་དག་པའི་ཡེ་ཤེས་ཀྱི་མཐའ་མངོན་སུམ་དུ་གྱུར་ནས་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བའི་སྒོ་ནས་སངས་རྒྱས་པ་ཡིན་ནོ། །གལ་ཏེ་དཔེའི་འོད་གསལ་ཙམ་ལའང་བརྟན་པ་མ་ཐོབ་པས་འཆི་སྲིད་དེར་གྲོལ་བར་མ་གྱུར་ན་སྲིད་པ་བར་མ་དོར་གདམས་ངག་དྲན་ནས་རང་བཞིན་སྤྲུལ་པའི་ཞིང་སོགས་སུ་སྐྱེས་ཏེ་དེར་ལམ་གྱི་འཕྲོ་སྦྱངས་ནས་གྲོལ་བར་འགྱུར་རོ། །དེའང་གནས་སྐབས་ཀྱི་འབྲས་བུ་རྩ་རླུང་ཐིག་ལེ་གསུམ་ལས་སུ་རུང་ཞིང་སེམས་རྒྱུད་ལ་ཏིང་ངེ་འཛིན་དང་ཟག་མེད་ཀྱི་ཡོན་ཏན་ཇེ་ཆེར་འཕེལ་བས་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ཐོབ་པ་ཡང་། ཇི་སྐད་དུ། མཁའ་སྤྱོད་རལ་གྲི་རིལ་བུ་དང་། །རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །ཞེས་པས་མཁའ་སྤྱོད་ནི་ནམ་མཁའ་ལ་གནས་ནུས་ཤིང་འཆི་བ་མེད་པའོ། །རལ་གྲི་ནི་ཕ་རོལ་ལས་རྒྱལ་བར་བྱེད་པའོ། །རིལ་བུ་ནི་སྨན་གང་དག་བསྒྲུབ་པ་ལག་ཏུ་ཐོགས་པས་ལུས་མི་སྣང་བའོ། །རྐང་མགྱོགས་ནི་མཆི་ལྷྭམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་ཡང་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟད་མི་ཤེས་པའི་འདོད་དགུའི་གཏེར་འབྱུང་བའོ། །གནོད་སྦྱིན་ཁོལ་པོ་ནི་དེའི་བྲན་བྱས་ནས་ཅི་དགོས་པ་བསྒྲུབ་ཅིང་མི་འབུམ་ཕྲག་གིས་བསྒྲུབ་དགོས་པའི་ལས་ཉིན་གཅིག་ལ་ཟིན་པ་རྒྱལ་པོ་མྱ་ངན་མེད་ཀྱི་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་ལྟ་བུའོ། །བཅུད་ལེན་ནི་ཉི་ཟླའི་ཚེ་གླང་པོའི་སྟོབས་པདྨའི་མདངས་དང་ལྡན་ཞིང་། ལྡང་བ་ན་ཤིང་བལ་ལས་ཡང་བ་ལ་སོགས་པའོ། །མིག་སྨན་ནི་མིག་ལ་བྱུགས་པས་ས་འོག་གི་ག ཏེར་མཐོང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུ་དང་བརྒྱད་དོ། །དབང་བཅུ་ནི་སོ་སོའི་ངོ་བོ་ནི་སྔར་མདོ་ལམ་དུ་བཤད་ཟིན་ལ་དེ་རྣམས་མ་དག་ས་བདུན་ན་ཕྱི་དང་དག་ས་གསུམ་ན་ནང་དུ་བཞག་པ་དང་གཉིས་ཡོད་ཅིང་། དེ་ཡང་དག་ས་གསུམ་ན་ཕུལ་དུ་བྱུང་བས་ཏེ། ཇི་སྐད་དུ། འདུལ་བ་ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཞེས་དང་། རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའི་ཚུལ། དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ཐོབ་པ་འོད་ཟེར་གྱི་སྤྲིན་ཆེན་པོའི་དབང་བསྐུར་བས་དབང་བསྐུར་བ། དབང་བཅུ་ཐོབ་པ་ཤ་སྟག་ཏུ་གྱུར་ཏེ། ཞེས་སོ། །དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ། །དབང་ཕྱུག་བརྒྱད་དང་ཞེས་པ་འདིའི་དོན་གཞན་དུ་ཐུན་མོང་གི་དངོས་གྲུབ་དང་སྦྱར་ནས་བཤད་ལ། ཐུན་མོང་ཞེས་པའང་འཇིག་རྟེན་པའི་ལམ་དང་། བསྐྱེད་རིམ་ཁོ་ནའི་ལམ་གྱིས་ཀྱང་འགྲུབ་པས་དེ་དག་དང་ཐུན་མོང་པར་བཞག་ཀྱང་། གཞུང་འདིར་ནི་སློབ་ལམ་མཐར་ཐུག་པའི་ཚེ་ན་གཟུང་འཛིན་གྱི་རྟེན་རྩ་རླུང་ཐིག་ལེའི་རྒྱུ་བ་ཤིན་ཏུ་ཕྲ་བ་དང་ཚོགས་བརྒྱད་རྟོག་པའི་བག་ཆགས་དང་བཅས་པ་རྣམ་པར་དག་ནས་མི་སློབ་པའི་འབྲས་བུ་རྡོ་རྗེ་གསུམ་གྱི་རང་བཞིན་མངོན་དུ་འགྱུར་བའི་སྦྱོར་བ་སློབ་པའི་ལམ་དུ་འཕགས་ལམ་བརྒྱད་ཀྱི་ངོ་བོ་དབང་ཕྱུག་གི་དོན་བརྒྱད་འཆར་བར་གསུངས་ལ། དེ་ཡང་འདི་ལྟར། ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་སྟེ། དེ་ལ་ཕྲ་ཞིང་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡང་བ་ནི་ཡེ་ཤེས་ཀྱི་རླུང་སྟེ་དེའི་སྟོབས་ཀྱིས་མཁའ་ཁྱབ་ཀྱི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་བལྟ་བར་ནུས་པའོ། །ཕྲ་བར་ནུས་པ་ནི་དབུ་མར་རླུང་སེམས་ཞུགས་པས་བདག་གཞན་མཐའ་དག་སྟོང་པ་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་ཐམས་ཅད་ནུབ་པའོ། །སྤྱོད་པར་ནུས་པ་ནི་ནང་གི་བཙུན་མོ་དབུ་མ་ཡིན་པས་དེར་རླུང་སེམས་ཞུགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་ཏུ་གཟུགས་རྡོ་རྗེ་མའི་རང་བཞིན་ཅན་ལ་སོགས་པ་འདོད་ཡོན་ལྔ་ལ་ཆོས་ཉིད་ཀྱི་རོལ་པར་སྤྱོད་པའོ། །བདག་ཉིད་ཆེན་པོ་ནི་མཚན་དཔེ་འབར་བ་ལ་སོགས་པ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བ་དང་མཐུ་སྟོབས་ཀྱི་བདག་པོར་གྱུར་པའོ། །དགའ་མགུར་བྱེད་པ་ནི་འགྲོ་བ་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པར་བྱེད་ནུས་པའོ། །ཐམས་ཅད་དབང་དུ་འགྱུར་བ་ནི་སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་ནུས་པས་གཞན་དོན་དུ་མི་འགྱུར་བ་སྐད་ཅིག་ཀྱང་མེད་པའོ། །ཅི་འདོད་བྱེད་པ་ནི་རང་གཞན་གཉིས་ཀའི་དོན་དུ་རྒྱ་མཚོ་འཁྲུགས་པའི་སྒྲ་དང་། གཅིག་ལས་དུ་མ་དང་། དུ་མ་གཅིག་ཏུ་བྱེད་པ་སོགས་རྫུ་འཕྲུལ་ལ་དབང་བའོ། །དེ་དག་གང་ལ་མངའ་བའི་གནས་སྐབས་རིག་འཛིན་རྣམ་པ་བཞི་སྟེ་སྔར་བཤད་པ་ལྟར་རོ། །དེ་ཡང་རིག་འཛིན་ཞེས་པ་རིག་པ་བདེ་གཤེགས་སྙིང་པོའི་དོན་མ་ནོར་བར་སྔགས་ཀྱི་མན་ངག་ལ་བརྟེན་ནས་འཛིན་པ་དང་དེ་མཐར་ཕྱིན་པ་ལ་བྱའོ། །ཡང་རིགས་འཛིན་ཞེས་པ་ལྟར་ན་སྐུ་དང་ཡེ་ཤེས་གང་གི་རིགས་ལ་གནས་པ་དེས་སྒོ་ནས་བཤད་དོ། །དེ་ལྟར་སློབ་ལམ་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་མཐར་ཐུག་པ་ནི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་སྐུ་སྟེ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་གསུངས་པས། སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་གཟུགས་བརྙན་ཡོད་དགུར་འཆར་བ་ནི་ཁ་སྦྱོར། གསུང་རྣམ་པ་ཐམས་ཅད་ལ་སྒྲ་ཚིག་གི་སྒྲིབ་པ་དང་བྲལ་བ་ནི་ལོངས་སྤྱོད་རྫོགས་པ། ཐུགས་རྣམ་པ་ཐམས་ཅད་པ་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་འགྱུར་བ་མེད་པའི་བདེ་ཆེན་ལ་རོལ་བ་དང་། དེ་ཡང་རང་བཞིན་མེད་པ་སྟེ་མེད་དགག་གི་དཔྱད་མཐའ་ལས་གྲོལ་བའི་སོ་སོ་རང་རིག་པའི་མཚན་ཉིད་ཅན་ཏེ་བཞི་པོ་དེས་རང་དོན་ཕུན་སུམ་ཚོགས་པ་དང་། སྙིང་རྗེས་ཡོངས་སུ་གང་བ་ལས་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་ལྟར་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དེ་ཉིད་དུས་ནམ་དུ་ཡང་རྒྱུན་ཆད་མེད་པས་རྟག་པ་དང་། གདུལ་བྱའི་མོས་པ་དང་དབང་པོ་ལ་འཚམས་པར་གཟུགས་སྐུའི་སྣང་བརྙན་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་ནམ་ཡང་འགོག་པ་མེད་པ་འཆར་བ་དང་གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་ཤུགས་ལ་གྲུབ་པས་སྐུ་ལྔའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ་འོག་མིན་གྱི་ཞིང་དུ་འགྲོ་ཞིང་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་སངས་རྒྱས་ཞེས་བྱ་སྟེ། དེ་ཡང་ཆོས་ཉིད་གང་དུའང་མི་འགྲོ། གང་དུའང་མི་གནས། བརྗོད་དུ་མེད་པ། འཁོར་འདས་ཐམས་ཅད་དུ་ཁྱབ་པར་སོན་པ། གདུལ་བྱའི་ངོར་ཐམས་ཅད་མཁྱེན་པ། རྣམ་པ་དང་དོན་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བརྒྱན་པ་སྟེ། དེ་གང་ལས་བྱུང་ན་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེས་བསྲེགས་ནས་མངོན་དུ་མཛད་པ་ལ། བྱིས་པ་རྣམས་སྐྲག་པ་སྤང་བའི་ཕྱིར་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སུ་བཏགས་པ་སྟེ། མདོ་ལས། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་དང་། འཇིག་རྟེན་འདས་ལེར། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རིག་པ་འཛིན་པའི་སྡེ་སྣོད་བསྟན་པའི་ཚོམས་ཏེ་ལེའུ་བཅུ་པའི་འགྲེལ་པའོ།། །།དོན་གསུམ་པ་ལམ་གྱི་ཉེ་ལམ་རང་བཞིན་རྫོགས་པ་ཆེན་པོ་ལྟར་བཤད་པ་ལ་གསུམ་སྟེ། གཞི་གཏན་ལ་དབབ་པ། ལམ་ཉམས་སུ་ལེན་པ། འབྲས་བུ་ལྷུན་གྲུབ་ཆེན་པོ་བཤད་པའོ། །དང་པོ་གཞི་གཏན་ལ་དབབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། བསྟན་པ་མཐའ་དག་གི་རྩེ་མོར་གྱུར་པ་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བ་དེ་གང་ལ་བརྗོད་པ་ཡིན་ཞེ་ན། དེའི་རང་བཞིན་ངོས་བཟུང་བ་ནི། འདི་ལྟར་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཀྱིས། གདུལ་བྱ་ལས་དང་པོ་བ་དང་། དབང་པོ་དམན་པ་རྣམས་ལ་དགོངས་ནས་བདེན་བཞི་སྤང་གཉེན་དུ་བྱ་བས་འཁོར་བ་ལས་བཟློག་པའི་ཕྱིར་སྤང་བྱ་ལས་རྣམ་པར་གྲོལ་བའི་ཐབས་སུ་བཀའ་འཁོར་ལོ་དང་པོ་གསུངས་ཏེ། དེར་ནི་བརྗོད་བྱའི་གཙོ་བོ་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་སྒོ་ནས་གང་ཟག་གི་བདག་མེད་པ་ཙམ་ཞིག་བསྟན་ལ། གདུལ་བྱ་ཡོངས་སུ་སྦྱངས་པ་བྱས་པ་དང་། དབང་པོ་འབྲིང་པོ་ལ་དགོངས་ནས་གཉེན་པོར་འཛིན་པའི་འཆིང་བ་ལས་གྲོལ་བའི་ཐབས་སུ་འཁོར་ལོ་བར་པར་ནི། ཆོས་ཐམས་ཅད་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་དུ་གསུངས་ཏེ། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དམིགས་པ་མེད་པས་རང་གི་ངོ་བོས་རྣམ་པར་དབེན་པའི་མཚན་ཉིད་ཅན་ཏེ། འདི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་བསྡུས་པའི་ཆོས་ཐམས་ཅད་ནི་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད་པས་རྣམ་པར་རྟོག་པའི་སྤྱོད་ཡུལ་ལས་འདས་པའི་ཕྱིར་ན་དེའི་མི་མཐུན་པའི་ཕྱོགས་སམ་དེ་ལ་སྒྲིབ་པར་བྱེད་པ་ནི་རྣམ་པར་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པའམ་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཞིག་ཡིན་ཕན་ཆད་ཡུལ་དང་བཅས་པ་ཞིག་ཡིན་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་བདེན་པའི་ཡུལ་དུ་མེད་པར་མ་ཟད། ཐ་སྙད་ཀྱི་ཡུལ་ཙམ་དུ་ཡང་མ་གྲུབ་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་ཅན་ཏེ། སྟོང་པའི་རང་རྩལ་རྟེན་འབྱུང་གི་སྣང་བ་འདི་ཐམས་ཅད་སྣང་བའི་དུས་ཉིད་ནས་ཡོད་མེད་ལ་སོགས་པའི་སྤྲོས་པ་དང་། བཟང་ངན་ལ་སོགས་པའི་མཚན་མ་དང་། སྐྱེད་བྱེད་ཀྱི་རྒྱུ་དང་ཕན་འདོགས་པ་དང་གནོད་པར་བྱེད་པའི་རྐྱེན་གང་ཡང་མི་འཇུག་པའི་ཕྱིར་ན་དེའི་མི་མཐུན་པའི་ཕྱོགས་ནི་བདག་གཞན་དང་དག་མ་དག་ལ་སོགས་པའི་མཚན་མའི་སྣང་བ་འདི་དག་ཡིན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་སྟོང་པ་ཉིད་དམ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་དེ་ལྟར་མ་གྲུབ་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་དང་གཏི་མུག་ལས་འདས་པའི་མཚན་ཉིད་ཅན་ཏེ། འདི་ལྟར་སྣོད་དང་བཅུད་དུ་སྣང་བའི་སྡུག་བསྔལ་གྱི་བདེན་པ་དང་། དེའི་རྒྱུ་གཏི་མུག་སྟེ་མ་རིག་པ་དང་། དེས་བསྐྱེད་པའི་ལས་དང་ཉོན་མོངས་པའི་རང་བཞིན་ཅན་ཀུན་འབྱུང་གི་བདེན་པ་སྟེ། མདོར་ན་སྡུག་ཀུན་གྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བའང་དེ་ལས་གཞན་ན་མེད་དོ། སྤྱོད་འཇུག་ལས། དེ་ནི་ཅུང་ཟད་མིན་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་པ་ལྟར་རོ། །དེའི་མི་མཐུན་པའི་ཕྱོགས་ནི་འཁོར་འདས་ཐ་དད་དུ་བལྟས་སྟེ་མྱང་འདས་ལ་ཐོབ་བྱ་ཞེན་པ་དེ་ཡིན་ཏེ་འཁོར་འདས་གཉིས་པོ་ཡུལ་ཅན་སེམས་ཀྱི་ཆོས་ཉིད་དུ་དབྱེར་མེད་པའི་ཕྱིར་རོ། །དེ་སྐད་དུ་འཇུག་པ་ལས། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་དབེན་ཉིད། །མཚན་མ་མེད་པ་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། །གཏི་མུག་མེད་རྣམ་ཐར་རྣམས་ཀྱི། །མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །ཞེས་སོ། །འདི་རྣམས་གཞི་ལམ་འབྲས་བུ་གསུམ་ལའང་སྦྱར་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཡོད་མེད་ཀྱི་མཐའ་ལས་འདས་པས་གཞི། མཚན་མ་མེད་པ་ནི་ད་ལྟར་ཡང་མི་གནས་པས་ལམ། །སྨོན་པ་མེད་པ་ནི་མ་འོངས་པ་ལ་ལྟོས་མི་འཆའ་བས་འབྲས་བུ་སྟེ། དེ་ཉིད་ལས། ད་ལྟ་ན་ནི་མི་གནས་ཤིང་། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །ཅེས་སོ། །དེ་ལྟར་བཀའ་བར་པའི་དངོས་བསྟན་སྟོང་ཉིད་ཀྱི་དགོངས་པ་འགྲེལ་པའི་དབུ་མ་རིགས་པའི་ཚོགས་ལ་སོགས་པ་ནས་ཐལ་འགྱུར་གྱི་རིགས་པ་རྣོན་པོས་གྲུབ་མཐའི་ཁས་ལེན་གྱི་དངོས་ཞེན་ཐམས་ཅད་སུན་ཕྱུང་བར་མཛད་པ་ནི་ལྟ་བ་ཡིད་དཔྱོད་ཀྱིས་གཏན་ལ་ཕབ་ནས་རང་བཞིན་མེད་པའི་དོན་མ་ནོར་བ་ལ་ངེས་པ་འདྲེན་པའི་ཤེས་རབ་ལ་དེ་ལས་མཆོག་ཏུ་གྱུར་པ་མེད་ཀྱང་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བ་ནི་བླ་མའི་བྱིན་རླབས་དང་མན་ངག་གི་ཐབས་ལ་བརྟེན་ནས་རྟོགས་པར་བྱ་བ་ཁོ་ནའོ། །དེས་ན་དེ་དག་གིས་གཏན་ལ་དབབ་པའི་ཚུལ་ནི། དཔེར་ན་ཟླ་བ་མཐོང་མ་མྱོང་བའི་གང་ཟག་ཞིག་ཡོད་ན་དེ་ལ་ཟླ་བའི་དབྱིབས་ནི་གྲུ་བཞི་མ་ཡིན་ཟུར་གསུམ་མ་ཡིན་ལ་སོགས་པ་དང་། ཁ་དོག་ནི་ནག་པོ་མ་ཡིན་དམར་པོ་མ་ཡིན་ཞེས་པ་ལ་སོགས་པའི་སྒོ་ནས་མཚོན་ཏེ་སྟོན་པ་ན་བསྟན་པར་བྱ་བའི་ངོ་བོ་ཕ་རོལ་པོ་དེས་ཤེས་དགོས་རྒྱུ་ནི་ཟླ་བ་རང་གི་དབྱིབས་དང་ཁ་དོག་ཟླུམ་པོ་དང་དཀར་པོ་དེ་ཡིན་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན་མེད་པ་མ་ཡིན་རྟག་པ་མ་ཡིན་ཆད་པ་མ་ཡིན་ཞེས་པ་ལ་སོགས་པའི་སྒོ་ནས་སྟོན་པར་མཛད་དེ། དེ་ལྟར་བསྟན་པ་ནའང་གནས་སྐབས་གདུལ་བྱ་དེའི་གཉེན་པོ་བདག་མེད་པ་སོགས་སྤྲོས་པའི་མཐའ་ལ་ཞེན་པ་གཅོད་པའི་ཕྱིར་དེ་ཙམ་ལས་གཙོ་བོར་མི་སྟོན་ཀྱང་བསྟན་པར་བྱ་བའི་ངོ་བོ་གདུལ་བྱ་དེས་ལམ་དེ་ལ་བརྟེན་ནས་མངོན་དུ་བྱ་དགོས་རྒྱུ་ནི་རྣམ་པར་མི་རྟོག་པའི་རང་བཞིན་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ཡིན་གྱི་དེ་ལས་གཞན་ནི་མེད་དོ། །ཡང་སྦྱངས་པ་མཆོག་ཏུ་གྱུར་པ་དང་། དབང་པོ་རྣོན་པོའི་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པ་དེ་ལྟར་ནི་བཀའ་ཐ་མས་སྟོན་ཏེ། དེ་ཡང་བར་པས་བསྟན་བྱའི་ངོ་བོ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོ་རུ་རང་བཞིན་གྱིས་བཞུགས་པར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པར་གསུངས་ཤིང་། ཇི་ལྟར་ན་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་ཡེ་ཤེས་དེ་ནི་ཡེ་ནས་གནས་པ་འགྱུར་བ་མེད་པ་དེའི་སྣང་ཆ་ལས་གཟུགས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱི་འབྱུང་ཁུངས་དང་། སྟོང་ཆ་ལ་ཆོས་ཀྱི་སྐུ་སྤྲོས་པ་དང་བྲལ་བ་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་ཉིད་ཡོན་ཏན་ལྷུན་གྱིས་གྲུབ་པས་ནོར་བུ་དང་། གཞན་དུ་མི་འགྱུར་བས་ནམ་མཁའ་དང་། སེམས་ཅན་ཐམས་ཅད་ལ་བརླན་ཞིང་ཁྱབ་པས་ཆུ་དག་པའི་དཔེས་བསྟན་ཏེ། རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཅེས་དང་། སྙིང་པོ་རབ་ཏུ་བསྟན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་སོ། །དེས་ན་བཀའ་བར་ཐ་གཉིས་པོ་དེ་ལས་ཀྱང་ངེས་དོན་མཐར་ཐུག་པ་ནི་ཐ་མ་ཡིན་ཏེ། མྱ་ངན་ལས་འདས་པའི་མདོ་ལས་དེ་གཉིས་དཔེའི་བསྟན་ཏེ། དཔེར་ན་བུད་མེད་ཞིག་ལ་བུ་ཆུང་ངུ་ཞིག་ཡོད་པ་ནད་ཀྱིས་བཏབ་པར་གྱུར་ན་སྨན་པས་དེ་གསོ་བའི་ཕྱིར་སྨན་བཏང་ནས། མ་ལ་སྨྲས་པ། བུ་འདི་ལ་སྨན་མ་ཞུའི་བར་དུ་ནུ་ཞོ་མ་བླུད་ཅིག་ཅེས་བསྒོའོ། །མ་དེས་ནུ་མ་ལ་མཁྲིས་པ་བྱུགས་ནས་འདི་ལ་དུག་གིས་བསྐུས་པས་ནུ་མི་རུང་ཟེར་རོ། །བུ་དེ་ནུར་འདོད་ཀྱང་ཁ་བའི་རོ་བྲོ་བ་ཚོར་མ་ཐག་ཏུ་ནུར་མི་བཏུབ་བོ། །སྨན་ཞུ་ནས་ནུ་མ་དག་པར་བཀྲུས་ཏེ་ནུར་བཅུག་པའི་ཚེ་ཁ་བའི་རོ་ལ་སྐྲག་ནས་མ་བཏུབ་པ་ན། རྒྱུ་མཚན་ཇི་ལྟ་བ་བཞིན་བཤད་པས་རིམ་གྱིས་ཉེ་སྟེ་འཐུང་དུ་བཏུབ་བོ། །དེ་ལྟར་བུད་མེད་དེས་ནུ་མ་ལ་མཁྲིས་པ་བསྐུས་པ་བཞིན་དུ་དེ་བཞིན་གཤེགས་པས་སྟོང་པ་ཉིད་བསྒོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་ཅེས་གསུངས་སོ། །ནུ་མ་བཀྲུས་ཏེ་བསྣུན་པ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་སོ་ཞེས་པའི་དཔེ་བསྟན་པའི་རྗེས་ལ། དགེ་སློང་ཁྱོད་ཀྱང་བྱེ་བྲག་ཕྱེད་པར་གྱིས་ཤིག །དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ། །ངས་སྔོན་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་བརྗོད་པ་དག་ལས་སྟོང་པ་ཉིད་དུ་བསྟན་པ་དེ་ཡང་རང་བཞིན་མེད་པ་ཙམ་ལ་དགོངས་ནས་གསུངས་པར་རིག་པར་གྱིས་ཤིག །གཞན་དུ་ན་ཅི་ཡང་མེད་པའི་སྟོང་པ་ཉིད་བསྒོམ་པ་ལས་ནི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱང་འབྱུང་བར་མི་འགྱུར་ཏེ་འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པ་བཞིན་ནོ། །ཞེས་གསུངས་ལ། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང་། འཁོར་ལོ་དང་པོ་གཉིས་སོ་སོར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི་ཞེས་དྲང་དོན་དུ་བསྟན་ནས། ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་སོ། །གཞན་ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་ཞུས་པའི་མདོ་ལས། ནོར་བུ་རིན་པོ་ཆེ་སྦྱོང་བའི་ཚུལ་ལན་ཚྭའི་ཆུས་སྦངས་ནས་སྐྲའི་རེ་བས་ཕྱི་བ་དང་། ཟས་ཀྱི་ཁུ་བས་སྦས་ནས་བལ་གྱི་ལྭ་བས་སྦྱོང་བ་དང་། ཨ་རུ་རའི་ཁུ་བས་སྤངས་ནས་རས་སྲབ་མོའི་ཕྱི་བར་བྱེད་པ་ལྟར་ཁམས་ཀྱི་དྲི་མ་སྦྱོང་བྱེད་འཁོར་ལོ་གསུམ་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཐུ་ཆེ་བར་གསུངས་སོ། །དེ་ལྟར་བར་ཐ་གཉིས་ཀྱིས་བསྟན་བྱའི་སྙིང་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་པ་ཞི་བ་རང་བཞིན་གྱིས་སྤྲོས་པ་དང་བྲལ་ཞིང་འོད་གསལ་བའི་ཆོས་ཉིད་དེ་སེམས་དང་ཡེ་ཤེས་ལོགས་སུ་ཕྱེ་ནས་ཡེ་ཤེས་རང་གི་ངོ་བོ་རྗེན་པར་སྟོན་པ་ལ་རྫོགས་པ་ཆེན་པོ་ཞེས་བྱ་བར་གྲགས་པ་ཡིན་པས་ན་སྟོན་ཚུལ་ཙམ་ལས་མཐར་ཐུག་པའི་དོན་དུ་ནི་ཟུང་འཇུག་དབུ་མ་ཆེན་པོ་དང་ཡང་དོན་གཅིག་གོ། །དེ་ལ་གཞི་རྫོགས་པ་ཆེན་པོ་ནི་རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པས་ན་རྫོགས་པ་ཞེས་བྱ་སྟེ། དེ་ཡང་འཁོར་བའི་ཆོས་ཐམས་ཅད་ནི་རྨི་ལམ་གྱི་སྣང་བ་ལྟར་མེད་སྣང་ཡིན་ཀྱང་རིག་རྩལ་ལ་བདག་ཏུ་བཟུང་བ་ལས་གཞན་ན་མེད་པའི་ཕྱིར་དང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཉི་མ་དང་འོད་ཟེར་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་སོ། །དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །ལམ་རྫོགས་པ་ཆེན་པོ་ནི། །སེམས་དང་སེམས་བྱུང་དབྱིངས་སུ་ཞི་བའི་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བྱ་བྲལ་བློ་འདས་ཆེན་པོའི་རྒྱུན་རང་བཞག་རང་གནས་ལ་བཟོ་མི་འཆོས་པས་རྩལ་སྣང་གློ་བུར་བའི་དྲི་མ་རང་དེངས་ལ་འགྲོ་བའི་ཐབས་ཏེ། དེ་ལ་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པ་དང་། དེ་ཉིད་ཐེག་པ་དང་ལམ་ཐམས་ཅད་ཀྱི་མཐར་ཐུག་ཡིན་པས་ཆེན་པོ་ཞེས་བྱའོ། །འབྲས་བུ་རྫོགས་པ་ཆེན་པོ་ནི། རིག་པའི་ཡེ་ཤེས་ཉིད་སྒྲིབ་བྱེད་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག་པའི་གནས་སྐབས་ཏེ། དེ་ཉིད་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞི་ཡིན་པས་རྫོགས་པ་དང་སྤངས་རྟོགས་ཕྲིན་ལས་ཏེ་ཆེན་པོ་གསུམ་གྱི་རང་བཞིན་ཡིན་པས་ན་ཆེན་པོའོ། །དེ་བས་ན་གདུལ་བྱའི་ཁམས་གང་དུ་སོ་སོའི་མོས་པ་དང་འཚམས་པར་སྟོན་པ་བདེ་བར་གཤེགས་པའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་བའི་སྒོ་ནས་བསྟན་པའི་ལམ་བཟང་པོ་སྲིད་པའི་རྒྱུར་མི་འགྲོ་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་དཀྲི་བར་བྱེད་པས་དམ་པའི་དོན་ཉན་ཐོས་ཀྱི་ཐེག་པ་ནས་ཨ་ནུའི་བར་མཐའ་དག་པ་ཀུན་བློ་ཡི་དྲི་མ་བྱི་དོར་བྱེད་པ་ཁོ་ནའི་ཕྱིར་གསུངས་པ་སྟེ། དེ་ལ་བློ་ཞེས་པ་དྲི་མ་སྦྱང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུ་རིག་པའི་ཡེ་ཤེས་ལ་བྱས་ན་དེ་ཡི་སྒྲིབ་བྱེད་དུ་གྱུར་པའི་དྲི་མ་དག་པར་བྱེད་པའི་ཐབས་སུ་བསྟན་པ་ཡིན་ཞེས་བྱ་ལ། ཡང་ན་བློ་ཞེས་པ་སྦྱང་བྱའི་དྲི་མ་ནོར་བུ་ལ་སྒྲིབ་པའི་འདམ་རྫབ་ལྟ་བུ་རིག་པ་ལ་སྒྲིབ་པའི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་ཆ་ཐམས་ཅད་ལ་བྱས་ནས་དེ་ཉིད་དག་པའི་ཆེད་དུ་བསྟན་པ་ཡིན་ཞེས་འགྲེལ་ཀྱང་རུང་ངོ་སྙམ་མོ། །དེས་ན་ཐེག་པ་དེ་དག་གི་ལམ་གྱི་ཉམས་ལེན་སྡོམ་པ་གསུམ་དང་། ཕར་ཕྱིན་ཐེག་པར་བཤད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གསང་སྔགས་ཐུན་མོང་བའི་ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་སོགས་པ་ཇི་སྙེད་པ་དེ་ཀུན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན་ཏེ། རང་བཞིན་མེད་པའི་ཤེས་རབ་ཡང་དག་པ་ནི་རྫོགས་པ་ཆེན་པོའི་གཞུང་གིས་མངོན་སུམ་དུ་གཏན་ལ་འབེབས་དགོས་པས་སོ། །འོ་ན་ཤེས་རབ་ནི་ཕྱིན་དྲུག་གི་ཁོངས་སུ་འདུ་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ལམ་སྟེགས་སུ་ཇི་ལྟར་འགྱུར་སྙམ་ན། འགྲེལ་པར། རྟོག་དཔྱོད་ཀྱི་ཤེས་རབ་མེ་འབར་བ་ལྟ་བུས་ནི་གཉིས་མེད་རང་བྱུང་གི་དགོངས་པ་དྲན་བསམ་རང་རྒྱུད་པ་ལས་འདས་པའི་ཡེ་ཤེས་རྟོགས་པར་མི་ནུས་ཞེས་མཚམས་སྦྱར་ཏེ་སྡོམ་པ་གསུམ་དང་སོགས་གསུངས་པས། སོ་སྐྱེའི་གནས་སྐབས་ཀྱི་ཕྱིན་དྲུག་སོགས་ལ་བཤད་ཀྱི་ས་ཐོབ་པ་ཡན་ཆད་ཀྱི་ཕར་ཕྱིན་མཚན་ཉིད་པ་ལ་བཤད་པ་མ་ཡིན་ནོ། །དེ་བས་ན་འཕགས་པའི་ཡེ་ཤེས་ཐད་དྲང་དུ་སྟོན་པའི་དུས་ན་ནི་ཤེས་རབ་ཉིད་ཀྱང་དམིགས་བསམ་ལས་འདས་པའི་གཤིས་ཐོག་ཏུ་ཕེབས་དགོས་ཏེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིགས་ནས་རྡུལ་ཙམ་མི་གནས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཁོར་འདས་ཀྱི་སྤྱི་གཞི་བཤད་པ། ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ། མ་དག་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པའོ། །དང་པོ་འཁོར་འདས་ཀྱི་སྤྱི་གཞི་བཤད་པ་ལ་གཉིས་ཏེ། གཞི་བཤད་པ་དང་། གཞི་སྣང་བཤད་པའོ། །དང་པོ་གཞི་བཤད་པ་ལ་གསུམ་སྟེ། གཞིའི་བཞུགས་ཚུལ་སྤྱིར་བཤད་པ། གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ། སྐྱོན་མེད་རང་གཞུང་གི་གཞི་རྒྱས་པར་བཤད་པའོ། །དང་པོ་གཞིའི་བཞུགས་ཚུལ་སྤྱིར་བཤད་པ་ནི། དེ་ལ་ཕར་ཕྱིན་ཐེག་པའི་སྐབས་སུ་འཁོར་འདས་གཉིས་ཀ་རང་བཞིན་མེད་པ་ཙམ་དུ་དབྱེར་མེད་ཀྱང་ཐ་སྙད་དུ་སོ་སོར་སྣང་བ་ཡིན་པར་བཤད་ལ་རང་བཞིན་རྫོགས་པ་ཆེན་པོའི་གཞི་གཏན་ལ་དབབ་པའི་སྐབས་འདིར་ནི་ཕུང་སོགས་སུ་སྣང་བ་འཁོར་བའི་ཆོས་དང་། སྐུ་དང་ཡེ་ཤེས་སུ་སྣང་བ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཐ་སྙད་དུའང་རིག་པའི་ངང་དུ་ཚུལ་གཅིག་པར་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ཏེ་སངས་རྒྱས་ཀྱི་ཆོས་སྐུ་དང་ཡེ་ཤེས་རྣམས་གསར་དུ་བྱུང་བ་མ་ཡིན་ཏེ་རིག་པ་རང་བྱུང་གི་ཡེ་ཤེས་སྐུ་གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པའི་དབྱིངས་ལས་གཞན་དུ་མ་གཡོས་པའི་ཕྱིར། གནས་ལུགས་མ་རྟོགས་པར་འཁྲུལ་ཏེ་འཁོར་བའི་ཕྱི་ནང་གི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི་མ་བྱུང་སྟེ་འཁྲུལ་དུས་ཉིད་ནས་རིག་པའི་རང་བཞིན་ཡེ་ནས་རྣམ་པར་དག་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱིར་འཁོར་བའི་ཆོས་རྣམས་ནི་རི་བོང་རྭ་བཞིན་གང་བྱུང་བའི་ཆོས་ཀྱི་ངོ་བོ་ཅི་ཡང་མེད་དོ། །དེས་ན་འཁོར་འདས་གཉིས་ཀ་མ་གྲུབ་བཞིན་དུ་འཁོར་འདས་སུ་སྣང་བའི་གཞི་རིག་པ་ཡི་ཆོས་ཉིད་ཀྱང་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། རང་བཞིན་ངང་གིས་འོད་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་དུ་ཡེ་ནས་རྫོགས་པ་ཡིན་ཏེ། རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། །རང་བཞིན་ནི་ངང་གིས་འོད་གསལ་བའོ། །ཐུགས་རྗེ་ནི་རིག་པའི་སྙིང་པོར་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ་ཞེས་སོ། །འོ་ན་འཁོར་འདས་གཉིས་སུ་ཇི་ལྟར་སྣང་བ་ཡིན་སྙམ་ན། གཞི་དེ་ཉིད་ཀྱི་ངང་ལས་གཞི་སྣང་ཤར་བའི་དུས་ན་ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བ་རྣམས་རང་སར་དེངས་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པ་སངས་རྒྱས་དང་། གཞི་སྣང་དེ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་བསྒྲིབས་ཏེ་ཀུན་ཏུ་བརྟགས་པ་ཅན་གྱི་མ་རིག་པས་རང་སྣང་ལ་ཡུལ་དུ་བཟུང་བས་གཟུང་འཛིན་གཉིས་སུ་མཆེད་དེ་མ་དག་འཁོར་བའི་རང་བཞིན་རྨི་ལམ་ལྟ་བུར་སྣང་བས་སེམས་ཅན་ཏེ་འཁོར་འདས་གཉིས་ཀྱི་ཆར་སྣང་ནའང་གཉིད་ཀྱི་ངང་ན་རྨི་ལམ་གྱི་སྣང་བ་བཟང་ངན་ཅི་ཤར་ཡང་གཉིད་དེ་ལས་གཞན་དུ་མི་གཡོ་བ་བཞིན་གཞན་ལས་གསར་བྱུང་མེད་པས་གང་ནས་ཀྱང་མ་འོང་ལ། གཞི་ལས་གཡོས་པ་མེད་པས་གཞན་དུ་འཕོ་བའང་མེད་དོ། །གཉིས་པ་གྲུབ་མཐའི་འདོད་གཞུང་བྱེ་བྲག་ཏུ་བཤད་པ་ནི། དེ་ལ་སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་གཞིའི་རང་བཞིན་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་པའི་ཐ་སྙད་ཉེ་བར་བཏགས་ཤིང་རང་བཞིན་ཅི་ཡང་མ་ཡིན་པ་ལས་རོལ་པ་སྣ་ཚོགས་སུ་འཆར་དུ་རུང་ཡང་དངོས་པོ་ཡོད་མེད་ཀྱི་མཐས་མ་རེག་པ་གོང་དུ་ཇི་སྐད་བསྟན་པ་ལྟར་གནས་པ་ལ། རེ་ཞིག་རྫོགས་པ་ཆེན་པོའི་ལམ་ལ་ཞུགས་པ་རྣམས་ཀྱིས་གཞི་དེ་ཡི་བཞུགས་ཚུལ་ཏེ་ཡིན་ལུགས་ལ་དཔྱད་པ་བཏང་སྟེ་རང་རང་གིས་ཇི་ལྟར་འདོད་པའི་ཕྱོགས་གཟུང་ནས་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་ལུགས་ནི་རྣམ་པ་བདུན་ཏེ། དེ་ཡང་རང་བཞིན་ཇི་ལྟ་བ་བཞིན་སྐྱོན་མེད་དུ་མ་རྟོགས་པར་ཕྱོགས་རེར་ཞེན་པའི་གོལ་ས་འབྱུང་བའི་རྣམ་གྲངས་མང་ཡང་བདུན་པོ་འདི་ལས་མི་འདའ་བས་ན་ཀློང་དྲུག་པ་ལ་སོགས་པའི་རྒྱུད་སྡེ་རྣམས་ནས་ཚུལ་འདི་དག་སོ་སོའི་སྐྱོན་བརྗོན་དང་བཅས་པ་བྱུང་བ་ཡིན་ནོ། །དེ་ལ་དང་པོ་གཞི་ཀ་དག་ཏུ་འདོད་པ་ནི། གཞིའི་རང་བཞིན་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཅན་དུ་སྨྲ་བ་ལས་ཡེ་གདངས་འགག་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་ཆ་མ་བཟུང་བའོ། །དེ་ལྟར་ན་ངོ་བོ་སྟོང་པའི་ཆ་ནས་འཐད་ཀྱང་སྤྲོས་བྲལ་ཞེས་པ་ཅི་ཡང་མེད་པའི་ཀ་དག་སྟོང་རྐྱང་དེ་ལ་མ་རིག་པ་མི་ལྡན་པས་འཁོར་བ་འབྱུང་བའི་འཁྲུལ་པ་སྐྱེ་མི་སྲིད་པའི་ཕྱིར་འཁོར་བའི་གཞི་ཡང་མ་གྲུབ་བོ། །འོ་ན་གཞི་ལ་མ་རིག་པ་ལྡན་ནམ་ཞེ་ན། གཞི་རང་གི་ངོ་བོ་ལ་མ་རིག་པ་མེད་ཀྱང་གདངས་འཆར་རུང་དུ་ཡོད་པ་ཤར་བ་ངོ་མ་ཤེས་པས་འཁྲུལ་པ་ཡིན་པའི་ཕྱིར་མ་རིག་པའི་བརྒྱུད་རྒྱུར་འགྱུར་བ་ལ་དེ་ལྟ་བུའི་གཞི་དེ་ནི་བརྒྱུད་རྒྱུར་ཡང་མི་རུང་སྟེ་ནམ་མཁའི་མེ་ཏོག་བཞིན་ནོ། །མ་རིག་པ་གློ་བུར་གྱི་དྲི་མ་ཡིན་པས་སྐྱེ་རུང་ངོ་ཞེ་ན། རྒྱུ་བཀག་ན་འབྲས་བུ་ཁེགས་པས་གློ་བུར་གྱི་དྲི་མ་འབྱུང་མི་རུང་སྟེ། གལ་ཏེ་འབྱུང་ན་འཁོར་བ་རྒྱུ་མེད་དུ་འགྱུར་རོ། །དེ་བཞིན་དུ་མྱང་འདས་ཀྱང་མི་སྲིད་དེ་ཆད་པར་འགྱུར་རོ། །གཉིས་པ་གཞི་ལྷུན་གྲུབ་ཏུ་འདོད་པ་ནི། འཁོར་འདས་གཉིས་ཀ་གཞི་ལས་གཞན་ན་ཡོད་པ་མ་ཡིན་པས་དེ་གཉིས་ཀ་གཞི་ལ་ལྷུན་གྱིས་གྲུབ་པར་འདོད་པའོ། །དེ་ཡང་གདངས་འགག་མེད་ལས་རྩལ་སྣང་སྣ་ཚོགས་སུ་འཆར་བའི་ཆ་ནས་འཐད་ཀྱང་མཐའ་གཅིག་ཏུ་དེ་ལྟར་འདོད་ན་ཡོད་པའི་དངོས་པོ་རྟག་པར་འགྱུར་བས་འཁོར་འདས་གཉིས་སུ་དགྱེས་པའི་རྒྱུར་མི་རུང་སྟེ། འཁོར་བ་ལྷུན་གྱིས་གྲུབ་ན་སོལ་བ་བྱི་དོར་བྱས་པས་དཀར་པོར་འགྱུར་མི་རུང་བ་བཞིན་གྲོལ་བར་མི་རིགས་ལ། མྱང་འདས་ལྷུན་གྱིས་གྲུབ་ན་རང་ངོ་ཤེས་པ་དང་ཚོགས་རྫོགས་པ་ལ་སོགས་པའི་རྐྱེན་ལ་ལྟོས་མི་རིགས་ཤིང་། གཉིས་ཀ་ལྷུན་གྱིས་གྲུབ་ན་ནི། སེམས་རྒྱུད་གཅིག་ལ་འཁོར་བ་ཡང་ཡིན་ལ་མྱང་འདས་ཀྱང་ཡིན་པའི་གཞི་མཐུན་སྲིད་དགོས་པ་ལ་དེ་མི་སྲིད་པའི་ཕྱིར་མི་འཐད་དོ། །སེམས་ཀྱི་རང་བཞིན་མྱང་འདས་ལ་འཁྲུལ་པ་གློ་བུར་བ་ཡིན་ཞེས་པ་ནི་འདི་དང་མི་འདྲ་བར་གོང་འོག་ཐམས་ཅད་དུ་བཤད་པས་ཤེས་སོ། །གསུམ་པ་གཞི་མ་ངེས་པར་འདོད་པ་ནི། གཞི་སེམས་ཀྱི་རང་བཞིན་ནི་འཁོར་འདས་གང་དུ་ཡང་འགྱུར་རུང་བས་མཐའ་གཅིག་ཏུ་མ་ངེས་པར་འདོད་པའོ། །དེ་ཡང་གཞི་སྤྲོས་བྲལ་ལ་འཁོར་འདས་མ་གྲུབ་པའི་ཆ་ནས་མ་ངེས་པ་འཐད་ཀྱང་སེམས་ཀྱི་གཤིས་ལུགས་དེ་གཞི་ཡིན་པས་དེ་ཉིད་དོན་ལ་མ་ངེས་ན། དྲི་མ་དག་ནས་ཀྱང་མ་དག་པར་ལྡོག་པའམ་མ་དག་ཀྱང་དག་པའི་རང་བཞིན་ཉིད་དུ་ཐལ་བར་འགྱུར་ཏེ་ས་ཟིན་མེད་པས་གང་དུའང་འགྱུར་བའི་ཕྱིར། འདོད་ན་སེམས་ཅན་ཀྱང་འབད་མེད་དུ་གྲོལ་བ་དང་། སངས་རྒྱས་ཀྱང་འཁོར་བར་འགྱུར་བས་འཁོར་འདས་འཆོལ་བར་འགྱུར་རོ། །བཞི་པ་གཞི་ངེས་པ་དོན་གྱི་དངོས་གཞིར་འདོད་པ་ནི། གཞིའི་རང་བཞིན་འདུས་མ་བྱས་འཕོ་འགྱུར་མེད་པ་ཞིག་ཏུ་འདོད་པ་སྟེ། འདི་ཡང་བྱུང་ཚོར་གྱི་རྟོག་པ་འདི་མ་ཡིན་པའི་སེམས་ཀྱི་རང་བཞིན་ཞེས་གང་དུའང་མི་འགྱུར་བའི་ཡོད་ཡོད་པོ་ཞིག་ཏུ་ཞེན་པའོ། །དེ་ཡང་གློ་བུར་གྱི་དྲི་མ་མེད་སྣང་ཡིན་པའི་ཆ་ནས་གཞི་ངེས་དོན་ཡིན་པ་འཐད་ཀྱང་། རྣམ་པ་ཐམས་ཅད་དུ་དེ་ལྟར་ངེས་དོན་དུ་འདོད་ན་འཁོར་བ་སྣང་མི་སྲིད་ལ། མྱང་འདས་ཀྱང་རྟོགས་ནས་ངེས་པར་འདོད་ན་རྟོགས་པའི་སྔོན་དུ་རྟོགས་གཞི་མྱང་འདས་དེ་ཡོད་དགོས་པས་མུ་སྟེགས་རྟག་ལྟ་བ་དང་མཚུངས་པས་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ་ལ། མ་རྟོགས་ཀྱང་གཞི་ཡིན་པར་གང་གིས་ཤེས། འཁོར་བའི་ངོ་བོ་མྱང་འདས་ཡིན་པ་ཤེས་སོ་ཟེར་ན་ངོ་བོ་མྱང་འདས་ཡིན་ན་གདོད་གྲོལ་མི་དགོས་ཏེ་ཆུའི་རང་བཞིན་ལ་གཤེར་བ་གཟོད་འཆོས་མི་དགོས་པ་བཞིན་ནོ། །ལྔ་པ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་དང་ནི། གཞིའི་རང་བཞིན་རྐྱེན་གྱིས་འཁོར་འདས་གང་དུ་ཡང་བསྒྱུར་རུང་བར་འདོད་པ་སྟེ། འདི་སེམས་ཀྱི་རང་བཞིན་ལ་རྐྱེན་འཇུག་ཏུ་ཡོད་པར་ཞེན་པའོ། །དེ་ཡང་སྤྱིར་སྟོང་ཉིད་ཡིན་པས་རྟེན་འབྱུང་གི་སྣང་བ་འཆར་རུང་ཞེས་པ་དང་། གཞི་ལས་གཞི་སྣང་འཆར་ཞེས་པ་གནད་གཅིག་པས་གཞི་སྣང་འཆར་བ་ན་ངོ་ཤེས་མ་ཤེས་ལས་གྲོལ་འཁྲུལ་དུ་འགྱུར་བ་ལ་བསྒྱུར་བའི་ཐ་སྙད་ཙམ་བྱེད་ན་འཐད་དུ་རུང་གི། གཞིའམ་སེམས་ཀྱི་ངོ་བོ་བསྒྱུར་དུ་ཡོད་པར་འདོད་ན་ནི་བསྒྱུར་རྒྱུའི་དངོས་པོ་ཞིག་ཡོད་དགོས་པས་དེ་ལྟར་ན་རྟག་མི་རྟག་གང་རུང་ལས་མི་འདའ་བས་ན། རྟག་པ་ཡིན་ན་བསྒྱུར་དུ་མི་རུང་སྟེ་ནམ་མཁའ་ལ་བཅད་བཏུབ་མི་ཕེར་བ་བཞིན་ནོ། །མི་རྟག་པ་བསྒྱུར་མི་དགོས་ཏེ་མ་བསྒྱུར་ཡང་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་རིག་པ་བེམ་པོར་དང་། འབྲས་བུ་མྱང་འདས་ཐོབ་ཟིན་ནས་ཀྱང་འཁོར་བར་བསྒྱུར་དུ་རུང་བ་སྲིད་པའི་ཕྱིར་མི་འཐད་དོ། །དྲུག་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པ་ནི། གཞི་སེམས་ཀྱི་རང་བཞིན་འདི་འཁོར་འདས་དང་ཡོད་མེད་ལ་སོགས་གང་ཡང་ཡིན་རུང་བས་ཅིར་ཡང་ཁས་བླང་དུ་རུང་བར་འདོད་པ་སྟེ་སྤྲོས་བྲལ་གཤིས་ཐོག་ཏུ་ངོ་མ་འཕྲོད་པས་ས་ཟིན་མེད་པའི་འདོད་པའོ། །དེ་ཡང་གཞི་སེམས་ཀྱི་ཆོས་ཉིད་ཀྱི་རྩལ་འཁོར་འདས་གཉིས་སུ་སྣང་བའི་ཆ་ནས་འཁོར་བའི་གཞི་ཡང་ཡིན་ལ་མྱང་འདས་ཀྱི་གཞི་ཡང་ཡིན་ཞེས་དང་། ཀ་དག་གི་ལྡོག་པ་ནས་མེད་པ་དང་། ལྷུན་གྲུབ་ཀྱི་ལྡོག་པ་ནས་ཡོད་པ་དང་། ཟུག་འཇུག་གི་ལྡོག་པ་ནས་གཉིས་ཀ་ཡིན་ཞེས་ཐ་སྙད་ཙམ་དུ་ཁས་བླང་རུང་གིས། རྣམ་པ་ཀུན་ཏུ་གང་རུང་རུང་ཁས་བླང་དུ་བཏུབ་ན། ཁྱད་ཆོས་དྲུག་གིས་གྲོལ་བའི་གཞི་དེ་འཁྲུལ་གཞིའོ་ཞེས་དང་། མ་རིག་པ་དང་མཚུངས་པར་ལྡན་པའི་འཁྲུལ་གཞི་དེ་གྲོལ་བའི་གཞིར་ཁས་བླང་དུ་རུང་དགོས་ཤིང་། དེ་ལྟར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུས་འཁོར་འདས་བྱེད་པར་ཁས་བླང་ཡང་རུང་སྟེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བདུན་པ་གཞི་སྣ་ཚོགས་སུ་འདོད་པ་ནི། གཞི་ལས་འཁོར་འདས་ཀྱི་ཆོས་སྣ་ཚོགས་པ་འཆར་བའི་ཆོས་དེ་རྣམས་གཞིའི་ཆོས་ཉིད་དོ་ཞེས་འདོད་དེ་དོན་ལ་འཁོར་འདས་དང་ཕྱི་ནང་གི་ཆོས་སྣ་ཚོགས་པ་ཅི་སྣང་ཡང་སེམས་ལས་གཞན་དུ་གྲུབ་པ་མེད་པས་ཐམས་ཅད་སེམས་ཉིད་དོ་ཞེས་ཞེན་པའོ། །ལྷུན་གྲུབ་དང་འདི་གཉིས་ཀྱི་ཁྱད་པར་ནི། གཞི་ལ་འཁོར་འདས་གྲུབ་ཅེས་པ་དང་། གཞི་ཉིད་འཁོར་འདས་གཉིས་ཀ་ཡིན་ཞེས་པའི་ཁྱད་པར་རོ། །དེ་ཡང་ཐུགས་རྗེའི་རང་རྩལ་འགག་པ་མེད་པ་ལས་རོལ་པ་སྣ་ཚོགས་སུ་སྣང་བ་སེམས་ཉིད་ལས་གཞན་མ་ཡིན་པའི་ཆ་ནས་འཐད་ཀྱང་རྣམ་པ་ཀུན་ཏུ་གཞི་དེ་ལྟར་འདོད་ན་སེམས་ཉིད་གཅིག་པུ་འདི་དག་མ་དག་གཉིས་ཀ་ཡིན་པར་ཐལ་བ་དང་། ཕྱི་སྣང་བ་ལ་འདོད་ན་གཞི་བེམ་པོར་ཐལ་བ་དང་། ནང་ཤེས་པ་ལ་འདོད་ན་གཞི་སྙམ་བྱེད་དུ་ཐལ་བ་དང་། དེ་གཉིས་ཚོགས་པ་ལ་འདོད་ན་གཞི་གཟུང་འཛིན་ཅན་དུ་ཐལ་བ་དང་། དབྱིངས་གཅིག་གི་རང་བཞིན་ཡིན་པར་མི་རུང་བས་མི་འཐད་དོ། །དེ་ལྟར་འདོད་ཅིང་གྲུབ་པའི་མཐའ་བཟུང་བའི་གཞི་བདུན་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་གཏན་ལ་དབབ་བྱའི་ངོ་བོ་ནི་ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་གཞིའི་རང་བཞིན་གཅིག་པུའི་ཕྱོགས་རེ་རེ་ལ་སོ་སོར་འདི་ཁོ་ན་གཞིའི་གནས་ལུགས་སོ་སྙམ་དུ་བློས་བཏགས་པའི་རང་རང་གི་གཞུང་འཛིན་ལ་སྐྱོན་མེད་པའི་གཞི་སྨྲ་བ་ལས་གཞན་དུ་གྱུར་པ་དེ་རྣམས་ཀྱིས་ནི་གཞིའི་ཕྱོགས་རེ་ཙམ་ལ་མ་རྨོངས་པས་ཤེས་ནའང་རང་བཞིན་ཇི་ལྟ་བ་བཞིན་རྫོགས་པར་མ་ཤེས་པས་སྐྱོན་དང་བཅས་པ་ཡིན་པ་ནི། ད་ལྟ་རང་རེ་ལས་དང་པོ་པ་རྣམས་ཀྱིས་སེམས་ཀྱི་གནས་ལུགས་འཚོ་བ་ལ་ཞུགས་པ་ན་ཡོད་མེད་སོགས་ཕྱོགས་བདུན་པོ་གང་དུ་ཞེན་ཀྱང་འཆིང་བྱེད་ཡིན་པས་མཐའ་གང་ལ་ཡང་མ་ཞེན་པར་བྱ་བའི་དོན་དུ་གོ་དགོས་པ་ཡིན་ནམ་སྙམ་མོ། །དེ་ལྟར་ཕྱོགས་རེ་ཙམ་ལས་མ་རྟོགས་པ་དེ་དཔེར་ན་ཁོང་ནས་སྐྱེ་བའི་དུས་ནས་ཀྱང་མིག་མེད་པའི་དམུས་ལོང་བདུན་གྱིས་གླང་པོ་ཆེའི་སྐྱེ་མཆེད་དེ་གཟུགས་དབྱིབས་ལ ག་ནོམ་བྱས་ནས་བརྟགས་ན་ཕྱོགས་རེ་ཤེས་ཀྱང་ཡོངས་རྫོགས་མི་ཤེས་པ་དང་འདྲ་བའི་ཚུལ་ནི། སྙིང་པོའི་མདོ་ལས། རྒྱལ་པོས་ལོང་བ་དུ་མ་བསགས་ཏེ་གླང་པོ་ཆེ་བསྟན་ནས། གླང་པོ་ཆེའི་མཚན་ཉིད་སོ་སོར་སྨྲོས་ཤིག་ཅེས་བསྒོ་བ་ལས། གླང་པོ་ཆེའི་སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་དང་འདྲའོ་ཞེས་ཟེར་རོ། །མིག་ལ་རེག་པ་རྣམས་ནི་ཕོར་པ་དང་འདྲའོ་ཞེས་ཟེར་རོ། །རྣ་བ་ལ་རེག་པ་རྣམས་ནི་ཞིབ་མ་དང་འདྲའོ་ཞེས་ཟེར་རོ། །རྒྱབ་ལ་རེག་པ་རྣམས་ནི་ཁྱོགས་དང་འདྲའོ་ཞེས་ཟེར་རོ། །མཇུག་མ་ལ་རེག་པ་རྣམས་ནི་ཐིག་གུ་དང་འདྲའོ་ཞེས་ཟེར་རོ། །ལོང་བ་རྣམས་ཀྱིས་གླང་པོ་ཆེ་ལས་གཞན་སྨྲས་པ་མ་ཡིན་ཡང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་དང་སྒྱུ་མ་ལྟ་བུ་དང་འོད་གསལ་བ་ལ་སོགས་པ་ཐ་དད་པར་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ་ཞེས་པ་ལྟ་བུ་དང་། ཡང་དོན་དམ་པའི་བདེན་པ་གཞིའི་གནས་ལུགས་དེ་ཉིད་སྒྲ་རྟོག་གི་བློས་ཇི་ལྟར་གཞལ་ཀྱང་ཇི་བཞིན་པ་ཤེས་པར་མི་འགྱུར་ཏེ། དཔེར་ན་དམུས་ལོང་ལ་ངང་པའི་ཁ་དོག་བརྗོད་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ཡང་དེ་ཉིད་ལས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་སངས་རྒྱས་ཀྱི་སྙིང་པོ་མཐོང་བ་མ་ཡིན་ཏེ་དཔེར་ན་དམུས་ལོང་ཞིག་གིས་གཞན་ཞིག་ལ་མར་གྱི་ཁ་དོག་དྲིས་པ་ལས་ཁ་བ་འདྲའོ་ཞེས་སྨྲས་པ་དང་། དེས་ཁ་བ་ལ་ལག་པ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ་ཁ་བའི་ཁ་དོག་ཅི་འདྲ། སྨྲས་པ་ངང་པའི་གཤོག་པ་དང་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ཁ་དོག་འུར་འུར་པོར་འཛིན་ཏོ། །དྲིས་པ་གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། །དུང་ལ་རེག་པས་འཇམ་པོར་འདུག་པ་ན། དེ་ཡང་འཇམ་པོར་འཛིན་ཏོ། །ཇི་ལྟར་སྨྲས་ཀྱང་དམུས་ལོང་གིས་ཁ་དོག་ཇི་ལྟ་བ་བཞིན་མི་ཤེས་པ་དེ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་མཐོང་བ་རབ་ཏུ་དཀའ་འོ་ཞེས་སོ། །གསུམ་པ་སྐྱོན་མེད་རང་གཞུང་གི་གཞི་རྒྱས་པར་བཤད་པ་ནི། འགལ་བ་འདུ་བའི་སྐྱོན་མེད་པའི་གཞིའི་གནས་ལུགས་གཏན་ལ་དབབ་པའི་སྐབས་འདིར་ནི་རིག་པའི་ངོ་བོ་ཀ་ནས་དག་པ་ལ་རང་བཞིན་ཡོན་ཏན་གྱི་ཆ་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་སྣང་སྟོང་གི་ལྡོག་པ་ཐ་དད་པས་གཅིག་མ་ཡིན་པ་དང་ངོ་བོ་གཅིག་ལས་མེད་པས་རྫས་ཐ་དད་མིན་ཏེ་དཔེར་ན་ཆུ་དང་རླན་བཞིན་ཏེ་འདི་ལྟར་སྟོང་པའི་ངོས་ནས་དབྱིབས་དང་ཁ་དོག་སོགས་ངོ་བོ་འདི་ལྟ་བུའི་ཞེས་ངོས་བཟུང་རྒྱུའི་དངོས་པོའི་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བས་ཀ་དག་ཅེས་བརྗོད་པ་ཡིན་ལ། དེ་ཡང་ནམ་མཁའ་བཞིན་དུ་ཅང་མེད་པ་ཞིག་མ་ཡིན་པར་སྣང་བའི་ངོས་ནས་གཏིང་གསལ་གྱི་ཆ་རང་གདངས་འགག་པ་མེད་པ་ལས་ཐུགས་རྗེའི་རྩལ་ཅི་ཡང་འཆར་རུང་དུ་ཡོད་པས་ལྷུན་གྱིས་གྲུབ་བོ་ཞེས་བརྗོད་པ་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་དང་། གསང་སྙིང་ལས། ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་པ་ལྟར་རྟག་ཆད་ཀྱང་ཞར་ལ་སྤངས་པ་ཡིན་ནོ། །འོ་ན་ཁྱེད་ཀྱིས་ཀ་དག་དང་ལྷུན་གྲུབ་སོ་སོ་བའི་གནས་སྐབས་དེ་སྐྱོན་ཅན་དུ་བསྒྲུབ་ན་འདིར་ཡང་གཉིས་ཀ་ཡིན་པར་བཤད་པས་སྐྱོན་དེ་མི་འདུའམ་ཞེ་ན། འདིར་ནི་གཞི་སེམས་ཀྱི་ཆོས་ཉིད་གཅིག་ལ་ཡོད་མེད་དམ། སྣང་སྟོང་གི་རྫས་ཐ་དད་གཉིས་སུ་ཡོད་པ་མ་ཡིན་པར་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་ཡིན་པའི་ཕྱིར་དེ་འདྲ་བའི་འགལ་བ་འདུ་བའང་མ་ཡིན་ཏེ། འདི་ལྟར་དཔེར་ན་གཉིད་དུ་ཕྱོགས་པ་ནས་རགས་ཕྲའི་རྟོག་པ་ཐམས་ཅད་རིམ་གྱིས་འགགས་ཏེ་གཉིད་འཐུག་ཏུ་གྱུར་པའི་གནས་སྐབས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་ཤེས་ངོ་ལ་རྨི་ལམ་མེད་པ་དང་། མཆེད་པའི་མདངས་རླུང་གི་ཆས་ཁུར་བའི་ཤེས་ངོ་ལ་རྨི་ལམ་དུ་སྣང་བའི་གཉིད་དུས་ཀྱི་ཤེས་པ་གཉིས་གཉིད་གཅིག་གི་ངོ་བོ་ལས་མ་གཡོས་པ་ལྟར། ངོ་བོ་ཀ་དག་གི་ཆ་ལ་འཁྲུལ་པ་གཞི་མ་གྲུབ་པ་ཡིན་པས་འཁོར་བར་འཁོར་མ་མྱོང་མི་མྱོང་མྱོང་བར་མི་འགྱུར་ནའང་རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ་ལམ་གདངས་འགག་པ་མེད་པ་ལས་རོལ་པ་སྣ་ཚོགས་པ་ཅིར་ཡང་སྣང་དུ་རུང་བ་ཡིན་པའི་ཕྱིར་རོ། །འོ་ན་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུ་དང་བཅས་པ་ལ་འདོད། དང་པོ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་འཁྲུལ་པ་དང་བཅས་པར་འགྱུར་ལ། གཉིས་པ་ལྟར་ན་འཁྲུལ་བའི་ངོ་བོ་མི་རྙེད་པར་འགྱུར་རོ་ཞེ་ན། བདེ་གཤེགས་སྙིང་པོ་ལ་འཁྲུལ་པ་མ་གྲུབ་ཀྱང་ལྷུན་གྲུབ་ཀྱི་རྩལ་ལ་ཀུན་གཞི་ཚོགས་བརྒྱད་དང་བཅས་པས་བསྒྲིབས་ཏེ་རང་ངོ་མ་ཤེས་ན་འཁྲུལ་ཞིང་ཤེས་ན་གྲོལ་བ་ནི་འཐད་པ་དང་བཅས་པས་ཚིག་གིས་གནོད་པ་མི་འཇུག་སྟེ། ཀློང་དྲུག་པ་ལས། བརྗོད་པའི་སྒྲ་ཚིག་དང་བྲལ་བས། །ཅི་ཡི་ངོ་བོ་གྲུབ་མེད་ཕྱིར། །ཚིག་གིས་འདི་ལ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་ཐ་སྙད་ཕྱིར། །ཞེས་སོ། །དེ་དག་གི་དོན་མན་ངག་གིས་ཕྱེ་ནས་བྱེ་བྲག་ཏུ་བཤད་པ་ནི། དཔེ་ཇི་ལྟར་ན་ནོར་བུ་བཻཌཱུརྻ་ཡི་རང་འོད་དང་དྭངས་ཤེལ་གཙང་མ་འཇའ་ལྡན་རྣམས་ཀྱི་རང་འོད་ནི་སྣོད་དུ་བཅུག་པ་ལ་སོགས་པའི་ཚེ་གཏིང་གསལ་གྱི་ཚུལ་དུ་ཡོད་ཀྱང་ཉི་མ་ལ་སོགས་པའི་རྐྱེན་གྱིས་མ་བསྐྱེད་པར་ནི་རང་འོད་ཕྱིར་མི་སྣང་བ་མངོན་སུམ་དུ་ཤེས་སུ་རུང་སྟེ་འོད་དང་འཇའ་ཚོན་དེ་ལ་མེད་པ་ནི་མ་ཡིན་ཏེ་རྡོ་བ་ལ་སོགས་པ་ཕལ་པ་དང་མི་འདྲ་བར་ནམ་རྐྱེན་དང་འཕྲད་པའི་ཚེ་འཆར་བར་འགྱུར་བས་འཇིག་རྟེན་པ་རྣམས་ཀྱིས་ཀྱང་འདི་ལ་འོད་དང་འཇའ་ཚོན་ཡོད་ཟེར་གྱི་མེད་པར་མི་འདོད་དོ། །འོན་ཀྱང་གཏིང་ན་གསལ་ཞེས་པ་དེ་དག་གི་ནང་ན་དངོས་སུ་ཁ་དོག་གི་རྣམ་པར་ནི་ཅི་ཡང་མེད་དོ། །དེ་བཞིན་དུ་འཆི་སྲིད་ལ་སོགས་པ་གཞིའི་འོད་གསལ་ལ་གནས་པའི་ཚེ་ན་ཀ་དག་གི་རིག་པ་སྟོན་གནམ་གཡའ་དག་པ་ལྟ་བུ་རྐྱེན་གང་ཡང་མེད་པའི་གནས་སྐབས་ན་དབྱིབས་དང་ཁ་དོག་ལ་སོགས་པའི་གཟུགས་དང་། དེ་བཞིན་དུ་སྒྲ་དང་དྲི་ལ་སོགས་པ་ཡུལ་དང་དེ་དག་འཛིན་བྱེད་ཀྱི་ཚོགས་དྲུག་ལ་སོགས་པ་མ་དག་པའི་སྣང་བ་དང་། སྐུ་དང་འོད་ཟེར་ལ་སོགས་པ་དག་པའི་སྣང་བ་སྟེ་མདོར་ན་དངོས་པོ་མཚན་མར་སྣང་བའི་ཆ་ཐམས་ཅད་སྤངས་པ་སྟེ་དེ་དུས་མེད་ཀྱང་རང་བཞིན་ལྷུན་གྱིས་གྲུབ་པའི་རང་གདངས་ནང་གསལ་གྱི་ཚུལ་དུ་ཡོད་པ་ལྷུན་གྲུབ་ཀྱི་སྣང་བ་ཕྱི་ཤར་དུ་མཆེད་པའི་རྐྱེན་དང་མ་འཕྲད་པས་རྒྱ་མ་རལ་པ་སྟེ་ཕྱིར་མ་ཤར་བ་དེ་ལ་གཞོན་ནུ་བུམ་པའི་སྐུ་ཞེས་པའི་ཐ་སྙད་ཉེ་བར་བཏགས་པ་ཡིན་ཏེ། འདི་ལྟར་རིག་པའི་ངོ་བོ་ནི་འདུས་མ་བྱས་ཡིན་པས་འདུས་བྱས་ཀྱི་དངོས་པོ་ལྟར་རྒུད་པ་དང་འཇིག་པའི་མཚན་ཉིད་ཅན་མ་ཡིན་པས་གཞོན་ནུ་ཞེས་དང་། དབྱིངས་ཀྱི་ངང་ན་སྐུ་གསུམ་གྱི་འཆར་གཞི་མ་འགགས་པས་བུམ་པའི་སྐུ་ཞེས་བྱ་ལ། དེ་ཡང་ངོ་བོ་བསམ་བརྗོད་དང་བྲལ་བས་སྐྱེ་མེད་དུ་སྟོང་ལ་རང་གདངས་ལྷུན་གྲུབ་ཀྱི་ཆ་ལས་སྐུ་གསུམ་གྱི་སྣང་བ་མ་འགགས་པར་འཆར་རུང་དུ་ཡོད་པས། དེ་ལས་གཞི་སྣང་ཤར་བའི་གནས་སྐབས་ན་ངོ་ཤེས་པ་དང་མ་ཤེས་པའི་དབང་གིས་མྱ་ངན་ལས་འདས་པ་དང་འཁོར་བའི་ཆོས་སུ་སྣང་བར་འགྱུར་བའི་ཕྱིར་འཁོར་འདས་ཀུན་གྱི་འཆར་གཞིར་གཞིའི་རིག་པ་དེ་བཞུགས་པ་ཡིན་ཀྱང་ཀ་དག་ལྷུན་གྲུབ་ངོ་བོ་གཅིག་པའི་གཞིའམ་རིག་པ་རང་མལ་ལས་གཡོས་པ་མེད་པའི་གནས་ལུགས་དེ་ལ་ནི་ཕུང་པོ་ལྔའི་དྲི་མས་གདོད་ནས་གོས་མ་མྱོང་བས་བྱང་ལ། སྐུ་གསུམ་ཡོན་ཏན་གྱི་ངོ་བོ་རང་ཆས་སུ་ཡོད་པས་ཆུབ་ཅིང་འཆར་ཚུལ་ཅི་ཡང་མ་འགགས་པས་སེམས་ཞེས་བྱ་ལ། དེ་ལྟ་བུའི་ཕྲ་བའི་ཡེ་ཤེས་ནང་གསལ་གྱི་ཚུལ་དུ་གནས་པ་དེའི་ཚེ་ན་ཁ་དོག་ལ་སོགས་པའི་མཚན་མ་དག་མ་དག་གི་རིས་སུ་ཆད་པ་ཅན་དུ་ཕྱིར་མི་གསལ་བ་ཡིན་ནོ། །དེས་ན་བཻ་ཌཱུརྻ་དང་དྭངས་ཤེལ་གྱི་དཔེའི་སྐབས་སུ་བཤད་པ་བཞིན། གཞོན་ནུ་བུམ་པ་སྐུའི་གནས་སྐབས་ན་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་མེད་པ་ནི་མ་ཡིན་ཏེ་དེ་ལས་གཞི་སྣང་འཆར་རུང་དུ་ཡོད་ཅིང་ཤར་བའི་གནས་སྐབས་ན འང་དག་པ་དང་མ་དག་པའི་སྣང་བ་སྣ་ཚོགས་པ་མ་འདྲེས་པར་མངོན་སུམ་དུ་གྲུབ་པའི་ཕྱིར་རི་རྭ་ལྟ་བུ་ཅི་ཡང་འབྱུང་དུ་མེད་ཀྱང་སྣང་དུ་མི་རུང་བ་མ་ཡིན་ནོ། །ཡོད་པའང་མ་ཡིན་ཏེ་མཚན་མར་གྲུབ་པ་ཅི་ཡང་མེད་པའི་ཕྱིར་རོ། །རྒྱུ་མཚན་དེ་ཙམ་ལ་དགོངས་ནས་བུམ་པའི་སྐུ་ཞེས་པའི་ཐ་སྙད་ཀྱང་བཏགས་པ་ཡིན་ཏེ། དཔེར་ན་བུམ་པའི་ནང་དུ་ཞལ་ཕྱག་སོགས་ཡོངས་སུ་རྫོགས་པའི་སྐུ་གཟུགས་ཡོད་ན་དེ་ལ་སྐུའི་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་ཀྱང་ཕྱི་རོལ་དུ་བུམ་པས་བསྒྲིབས་ནས་དངོས་སུ་མི་མཐོང་བ་དེ་བཞིན་དུ་ཡེ་ཤེས་ནང་གསལ་གྱི་ཆ་ལ་ཡོན་ཏན་གྱི་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་ནའང་ཕྱིར་མི་གསལ་ལོ། །འོན་ཀྱང་དཔེས་བསྟན་པ་ཐམས་ཅད་ཀྱི་དོན་དེ་ཕྱོགས་ཐམས་ཅད་ནས་ཐམས་ཅད་དུ་དཔེ་དེ་དང་འདྲ་དགོས་པ་མ་ཡིན་པས་བུམ་པའི་ནང་གི་སྐུ་ལ་ཞལ་ཕྱག་སོགས་དབྱིབས་དང་ཁ་དོག་གི་མཚན་མ་ཡོད་པ་དེ་འདྲ་བའི་སྐུ་ལ་སོགས་པའི་མཚན་མའི་དངོས་པོ་ཡོད་མི་དགོས་ཏེ་འཆར་རུང་གི་གདངས་འགག་མེད་ཙམ་ལ་བྱའོ། །དེ་དང་ཚུལ་མཐུན་པར་ངེས་དོན་གྱི་མདོ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་རྣམས་ནས་ཀྱང་། བདེ་གཤེགས་སྙིང་པོ་སྒྲིབ་པའི་སྦུབས་ན་ཡོད་པའི་དཔེ་ཡང་གསུངས་ཏེ། དེ་སྐད་དུ་དགེ་རྩ་ཡོངས་སུ་འཛིན་པའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ནི། བུམ་པའི་ནང་གི་མར་མེ་དང་འདྲ་སྟེ་བུམ་པ་ཆག་ནས་གསལ་བ་དང་འདྲའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཀུན་ཏུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་བ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་དང་། རྒྱུད་བླ་མ་ལས། ཇི་ལྟར་པད་ནང་བདེ་གཤེགས་དབང་པོ་ནི། །ལྷ་མིག་དག་པའི་མི་ཡིས་དེ་མཐོང་ནས། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་པ་ལྟར། །དེ་ཡི་སྒྲིབ་པ་རབ་ཏུ་སེལ་བ་ཡིན། །ཞེས་པ་ལ་སོགས་པ་དཔེ་དགུས་བསྟན་ནོ། །དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡིན། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །གཞི་དེ་ལ་མིང་གི་རྣམ་གྲངས་ཐ་དད་པར་བཏགས་པའི་ཚུལ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་ལ་མིང་གི་རྣམ་གྲངས་མང་ཡོད་དེ། །འཁོར་འདས་འབྱུང་བར་དབྱིངས་ཞེས་རབ་བརྗོད་ཅིང་། །ཡེ་ནས་ཡོད་པས་རང་བཞིན་ལྷུན་གྲུབ་ཅེས། །དྲི་མས་སྒྲིབ་ཕྱིར་སྙིང་པོའི་ཁམས་དང་ནི། །གནས་ལུགས་ཡིན་ཕྱིར་དོན་དམ་བདེན་པ་དང་། །གདོད་ནས་དག་ཕྱིར་འོད་གསལ་དྲི་མེད་ཉིད། །མཐའ་གཉིས་གནས་བསལ་དབུ་མའི་རང་བཞིན་དང་། །སྤྲོས་ལས་འདས་ཕྱིར་ཤེས་རབ་ཕ་རོལ་ཕྱིན། །སྟོང་གསལ་རྣམ་དག་བདེན་པ་དབྱེར་མེད་དང་། །འཕོ་འགྱུར་མེད་པས་ཆོས་ཉིད་དེ་བཞིན་ཉིད། །ལ་སོགས་མིག་ལྡན་མཁས་པ་རྣམས་བཞེད་དོ། །ཞེས་སོ། །འོ་ན་དབུ་མ་དང་ཤེར་ཕྱིན་ཞེས་པ་དེ་དང་རྫོགས་པ་ཆེན་པོ་ཞེས་པ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཙམ་ཡིན་ན་ཕར་ཕྱིན་ཐེག་པ་ལས་འདི་ཁྱད་པར་དུ་ཇི་ལྟར་འཕགས་སྙམས་ན། སྔར་བཤད་པ་ལྟར་མཐར་ཐུག་པའི་དོན་དུ་ནི་དེ་ཐམས་ཅད་གཅིག་པ་ཁོ་ན་ཡིན་ཀྱང་། གཞི་གཏན་ལ་དབབ་ཚུལ་དང་ལམ་བསྒོམ་ཚུལ་ལ་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། ཕར་ཕྱིན་ཐེག་པ་ལས་སྙིང་པོ་ས་བོན་གྱི་ཚུལ་དུ་ཡོད་པ་རྐྱེན་ཚོགས་གཉིས་བསགས་པའི་སྟོབས་ཀྱིས་འབྲས་བུའི་ཡོན་ཏན་གསར་དུ་འགྲུབ་པར་འདོད་པས་ལམ་ལ་རྩོལ་བ་དང་བཅས་ལ། འདིར་ནི་སྙིང་པོ་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ད་ལྟ་ནས་ལྷུན་གྱིས་གྲུབ་པར་འདོད་པས་ལམ་ལ་རྩོལ་བ་ཡང་ཞི་བ་ཡིན་ནོ། །དེས་ན་དབུ་མ་པས་སྟོང་དང་རྟེན་འབྱུང་ཟུག་འཇུག་གམ། །བདེན་པ་དབྱེར་མེད་ཅེས་པ་དང་། སྔགས་སྤྱིའི་ལྷག་པའི་བདེན་པ་དབྱེར་མེད་ཅེས་བརྗོད་པ་སོགས་དང་། འདིར་ཀ་དག་ལྷུན་གྲུབ་དབྱེར་མེད་ཅེས་པ་རྣམས་གཏན་ལ་དབབ་ཅིང་ཉམས་སུ་ལེན་ཚུལ་ཐ་དད་པ་དང་། དོན་ལ་གནད་གཅིག་པར་ཤེས་པ་འདི་གལ་ཆེ་བར་སྣང་ངོ་། །དབུ་མའི་སྐབས་སུ་ཕུང་སོགས་རྟེན་འབྲེལ་གྱི་ཆོས་རྣམས་སོ་སོར་རང་རང་གི་ས་ནས་སྣང་སྟོང་དབྱེར་མེད་དུ་གསུངས་ལ། སྔགས་སུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་རམ་གཉུག་མའི་སྒོ་གསུམ་དུ་གནད་བསྡུས་ནས་བདེན་པ་དབྱེར་མེད་དུ་བསྒྲུབ་ཅིང་དེ་ཡང་སྣང་ལྡོག་ལྷར་བལྟ་བ་ཡིན་ནོ། །སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་མོར་གྱུར་པ་ཨ་ཏིའི་གཞིའི་གཏན་ལ་དབབ་པའི་སྐབས་འདིར་ནི་སྣང་བ་ལྷར་བལྟ་བ་དང་། བདེ་སྟོང་ལམ་དུ་བྱེད་པ་ལ་སོགས་པའི་དངོས་ཞེན་ལས་ཀྱང་འདས་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་སྟོང་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོར་མངོན་སུམ་དུ་ངོ་སྤྲད་ནས་རྩོལ་བ་མེད་པར་འཇོག་པ་མ་གཏོགས་དེ་ལས་གཞན་པའི་སྐུ་དང་ཡེ་ཤེས་ལ་སོགས་པའི་བསྒྲུབ་བྱ་ཞིག་ཡོད་པར་མི་བལྟ་བས་གནད་བསྡུ་ཚུལ་འོག་མ་ནས་གོང་མ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟ་བུའི་གཞིའི་གནས་ལུགས་དེ་ཉིད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བའི་ཚུལ་ནི། བཀྲ་ཤིས་མཛེས་ལྡན་ལས། ངོ་བོའི་གནས་ལུགས་ཆེན་པོ་དེ་ཡང་སྐུ་ལྟར་གནས་ལ་ཁ་མིག་རྣ་བར་དོད་པ་ནི་ཅང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་བེམ་སྟོང་ལྟར་ཅང་མི་བཞུགས། །འོད་ལྔར་སྣང་བ་ཆེན་པོ་ལ་ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱ་མ་ཆད་པར་སྣང་བ་ལ་འབྲེལ་བ་ལྟར་ཅང་མི་བཞུགས། །མཐའ་དབུས་མེད་པ་ལྟར་དམིགས་ལ་ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། ཆ་ཡིས་མ་གོས་པ་ལྟར་སྣང་བ་ལ་རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། །རྒྱ་མ་འགགས་པ་ལྟར་སྣང་ཞིང་དཔངས་མཐོ་བ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ་ཞེས་པ་ལ་སོགས་པའོ། །གནས་ལུགས་དེ་ནི་ཀ་དག་གི་ངོས་ནས་གཞལ་ན་སྐུ་དང་ཡེ་ཤེས་སུའང་གྲུབ་པ་མེད་པས་སངས་རྒྱས་མ་ཡིན་ཞིང་། ཕུང་ཁམས་སྐྱེ་མཆེད་སོགས་སུ་གྲུབ་པ་མེད་པས་སེམས་ཅན་མིན་ལ། ཐིག་ལེ་ཉག་གཅིག་ཏུ་བརྗོད་ཀྱང་གཅིག་རྒྱུའི་དངོས་པོ་མེད་པ་དང་། སྐུ་གསུམ་ལ་སོགས་པའི་ཐ་སྙད་བཏགས་ཀྱང་དབྱིངས་གཅིག་གི་ངོ་བོ་ལ་ཐ་དད་དུ་དབྱེ་བ་གྲུབ་པ་མ་ཡིན་ཞིང་། རང་གི་ངོ་བོ་སྤྲོས་པ་དང་བྲལ་བ་ལ་མཐའ་དང་དབུས་སུ་བཞག་ཏུ་ཡོད་པ་མིན་ནོ། །རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གཞལ་ན་སྟོང་པ་ཕྱང་ཆད་པ་མ་ཡིན་པར་སྐུ་དང་ཡེ་ཤེས་ལ་སོགས་པའི་འཆར་གཞི་ནང་གསལ་ཐིམ་ལ་མ་རྨུགས་པའི་ཚུལ་དུ་ཡོད་ཀྱང་དངོས་པོ་རྡོས་ཅན་དུ་གྲུབ་པ་མིན་ནོ། །གཉིས་ཀའི་ཆ་ནས་གཞལ་ན་རང་བཞིན་གྱིས་སྐྱེ་བ་མེད་པའི་གཞི་དེ་ལ་ལྡོག་པས་ཕྱེ་ན་ཞེས་པའམ། དཔེ་ལ་ལར་རྐྱེན་མེད་ཅེས་སྣང་བས་དེ་ལྟར་ན་གྲོལ་འཁྲུལ་གྱི་རྐྱེན་གང་ཡང་མེད་པའི་གནས་སྐབས་དེ་ནི་ངོ་བོ་ལ་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་ཆོས་ཉིད་གང་དུ་ཡང་མ་ཕྱེ་བའི་ཀ་དག །རང་བཞིན་འགག་པ་མེད་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷུན་གྲུབ། ཐུགས་རྗེ་གོ་མ་འགགས་པས་མཛད་པ་ཕྲིན་ལས་ཀུན་ལ་ཁྱབ་པའི་སྣང་བ་གསུམ་དང་ཐབས་གཅིག་གི་རང་བཞིན་ལས་འདུ་འབྲལ་མེད་པའི་བདག་ཉིད་ཅན་དུ་བཞུགས་པ་ནི་གཞི་རྐྱང་བའི་རྣམ་བཞག་གོ། །དེ་སྐད་དུའང་ཐལ་གྱུར་ལས། མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདིར་ལྟར་གཞི་ཞེས་མངོན་པར་གནས། །ཞེས་སོ། །གཉིས་པ་གཞི་སྣང་བཤད་པ་ལ་གཉིས་ཏེ། གཞི་སྣང་འཆར་ཚུལ་སྤྱི་བསྟན་པ་དང་། ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གདོད་མའི་གནས་ལུགས་ཀ་དག་ཆེན་པོ་ནང་གསལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་རང་བཞིན་དུ་རྩེ་གཅིག་རྣམ་པར་མི་རྟོག་པ་ཉིད་དུ་གནས་པ་དེ་ཉིད་ཀྱི་ངང་ལས་གཞི་སྣང་ལྷུན་གྲུབ་ཀྱི་ཆ་ཐམས་ཅད་འཆར་བར་འགྱུར་བ་ཡིན་ལ། དེ་ཡང་འདི་ལྟར་འཕེལ་པའི་ཡེ་ཤེས་ཐུགས་རྗེ་ཉིད་གཞི་ལྷུན་གྲུབ་འོད་གསལ་གྱི་ངང་ན་རིག་པའི་ཡེ་ཤེས་ནང་གསལ་ཕྱོགས་ལྷུང་མེད་པའི་ཤེས་རབ་ཤིན་ཏུ་ཕྲ་བ་སྲོག་གམ་སྙིང་པོའི་བདག་ཉིད་ཅན་དུ་བཞུགས་པ་ལ་གྱེན་དུ་རྒྱུ་ཤེས་རབ་ཀྱི་རྟ་དང་། ཐུར་དུ་སེལ་ཤེས་རབ་ཀྱི་ཟེར་མདངས་འོད་དང་། མེ་དང་མཉམ་པ་སྨིན་པར་བྱེད་པའི་སྟོབས་ཅན་དང་། ཁྱབ་བྱེད་རྫོགས་པར་བྱེད་པའི་སྟོབས་ཅན་དེ་བཞི་པོ་ཡན་ལག་ཏུ་ཡོད་པའི་རླུང་ལྔའི་རང་བཞིན་ནི་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་འཆར་བའི་གཞིའམ་སྙིང་པོའི་ཚུལ་དུ་གདངས་འགག་པ་མེད་པར་གནས་པ་ལས་ནང་གསལ་གྱི་ཐུགས་རྗེ་ཉིད་རིག་ཙམ་ཞིག་གཡོས་པ་རླུང་གི་རྟ་བྱས་པའི་སྟོབས་ཀྱིས་ཕྱིར་འཕགས་པ་སྟེ་བསྐྱེད་པར་བརྩམས་པས་ནང་འོད་གསལ་གྱི་སྐུ་དང་ཡེ་ཤེས་ཐུགས་རྗེ་རྣམས་རླུང་ལྔ་དང་དབྱེར་མེད་རོ་གཅིག་ཏུ་གནས་པ་དངོས་སུ་གྲུབ་པ་མེད་པ་གཞོན་ནུ་བུམ་པའི་སྐུའི་ཚུལ་དུ་ཡོད་པ་དེའི་ཕྱི་རྒྱ་རལ་ནས་དུས་གཅིག་ལ་ཕྱི་གསལ་དུ་གདོད་མའི་གཞི་ཀ་དག་གི་ངང་ལས་གཡོས་པ་མེད་བཞིན་དུ་ཡེ་ཤེས་འོད་ཀྱི་སྦུབས་སམ་གཞི་ཡི་སྣང་བ་ཤར་བ་ནི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱའོ། །གཉིས་པ་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་བྱེ་བྲག་ཏུ་བཤད་པ་ནི། འདི་ལ་དང་པོ་ལྷུན་གྲུབ་ཀྱི་འཆར་ལུགས། གཉིས་པ་གཞི་སྣང་ཆེན་པོའི། །གསུམ་པ་ལོངས་སྐུའི། །བཞི་པ་སྤྲུལ་སྐུའི་སྣང་ལུགས་དང་བཞིར་གསུངས་པ་ལས། དང་པོ་ལྷུན་གྲུབ་ཀྱི་སྣང་བ་ཤར་བ་གང་གི་ཚེ་ན་ངོ་བོའི་གདངས་ནམ་མཁའ་ལྟར་གོ་ཕྱེ་བའི་ཚུལ་དུ་ཡོད་པ་ལ་རང་བཞིན་གྱི་གདངས་འོད་ལྔའི་རྣམ་པར་ཤར་བ་ན་ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ་དེ་ཉིད་ལ་དཔྱོད་པར་བྱེད་པའི་ཤེས་པར་ཤར་བའི་ཚེ་གཞི་ཀ་དག་རང་གི་ངོ་བོ་ན་ནམ་མཁའི་ངོ་བོ་ན་སྤྲིན་མེད་པ་བཞིན་མ་རིག་པ་ཞེས་བྱ་བ་གཞི་མ་གྲུབ་ཀྱང་ཐུགས་རྗེའི་གདངས་རིག་པར་ཤར་བ་ལ་ལྟོས་ཏེ་རང་སྣང་ངོ་མ་ཤེས་པའི་མ་རིག་པ་ཅན་གྱི་ཆ་བཟུང་བའི་སྟོབས་ཀྱིས་དཔེར་ན་སྤྲིན་དང་བྲལ་བའི་ནམ་མཁའ་ཤིན་ཏུ་དྭངས་པ་ལ་སྐད་ཅིག་གིས་སྤྲིན་གྱི་དཀྱིལ་འཁོར་འདུས་ནས་ཁེབས་པ་བཞིན་རྣམ་པའི་སྤྲོས་པ་ཐམས་ཅད་དང་བྲལ་བས་ཤིན་ཏུ་དྭངས་པའི་ཀ་དག་སྐྱེ་བ་མེད་པའི་རང་རྩལ་ལས་ལྷུན་གྲུབ་ཀྱི་སྣང་བ་ཕྱིར་གསལ་དུ་གཡོ་བ་ལ་འཆར་བའི་ཚུལ་དྲུག་དང་སྒོ་གཉིས་ཏེ་རྣམ་པ་བརྒྱད་དུ་ཤར་བར་གསུངས་ཏེ། དང་པོ་འཆར་ལུགས་རྣམ་པ་དྲུག་ནི། ངོ་བོ་མ་གྲུབ་ཀྱང་རྟེན་འབྲེལ་གྱི་སྣང་བ་མ་འགགས་པར་རྩོལ་བ་མེད་པར་འཆར་བའི་གྲུབ་པ་ཆེན་པོ་ལྷུན་གྲུབ་ལྟར་འཆར་བ་དང་། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པས་སེམས་ཅན་གྱི་དོན་བྱུང་། ཡང་ན་ལྷུན་གྲུབ་ལྟར་འཆར་བ་མི་བགྲང་བར་འོད་ལྟར་འཆར་བས་འོད་ཟེར་གྱིས་ཁྱབ་པར་སྣང་། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པས་ཡེ་ཤེས་ཀྱི་རང་འོད་སངས་རྒྱས་ཀྱི་ཞིང་ཁམས་དག་པ་མངོན་སུམ་དུ་གསལ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པས་རིག་པ་སྐུ་རུ་སྨིན་ཏེ་སྣང་བ་ཐམས་ཅད་རིགས་ལྔའི་ཚོམ་བུར་སྣང་། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པས་གཅིག་དང་དུ་མ་ལས་གྲོལ་བའི་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པས་འཁྲུལ་སྣང་རང་རྒྱུད་པར་མི་གནས་ཏེ་ཆོས་ཉིད་ལ་དར་ཅིག་གནས་པའོ། །སྒོ་གཉིས་ནི་དེ་ལྟར་རང་སྣང་གི་ཡེ་ཤེས་སུ་སྣང་བ་དེ་རང་སྣང་ཡིན་པར་རིག་ན་གདོད་མའི་གཞི་ལ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པའི་སྒོ་དང་། མ་རིག་ན་སེམས་ཅན་དུ་འཁྲུལ་བའི་སྒོ་གཉིས་སོ། །འདི་ལ་སྣང་བ་འདིའི་ཡར་འཁྲུལ་མར་འཁྲུལ་ལས་ཀུན་ཏུ་བཟང་པོའི་གྲོལ་གཞི་ཤེས་པར་བྱའོ་ཞེས་གསུངས་པས། ཡར་འཁྲུལ་ཞེས་པ་དེ་ཡང་དག་པའི་སྒོ་ལས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་གྲོལ་མ་ཟིན་པའི་གང་ཟག་རྣམས་ལ་ཐོག་མར་འཁྲུལ་བ་དང་། འཆི་སྲིད་ཀྱི་རྗེས་ཆོས་ཉིད་བར་དོའི་གནས་སྐབས་དང་། རྣལ་འབྱོར་པ་ལ་ལམ་སྣང་དུ་ཤར་བ་གང་ཡིན་ཀྱང་དང་པོ་ནས་མ་རིག་པ་ཅན་གྱི་ཆ་བཟུང་བ་ལས་ཤར་བས་ཡེ་གདངས་ཕྱིར་ཤར་བ་ལས་རླུང་དང་སེམས་ཀྱི་ཆས་བསླད་པས་བཟང་འཁྲུལ་ཙམ་ལས་བག་ཆགས་མཐའ་དག་ཟད་པའི་སངས་རྒྱས་ཀྱི་རང་སྣང་ལྟ་བུ་མ་ཡིན་པའི་ཕྱིར་ད་དུང་ངོ་ཤེས་ནས་དབྱིངས་སུ་ལྡོག་དགོས་པའི་གནད་དེ་ཡིན་ནོ། །མར་འཁྲུལ་ཞེས་པའང་མ་དག་པ་འཁོར་བའི་སྒོ་ལས་རིགས་དྲུག་གི་སྣང་བ་ཤར་བ་དེ་གྲོལ་ཟིན་པའི་སངས་རྒྱས་རྣམས་ལ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ལས་སྣང་བ་དེ་ལ་ཞེན་པའི་སེམས་ཅན་རང་རང་གི་མོས་པ་དང་འཚམས་པའི་ཕྲིན་ལས་འཇུག་པའི་ཡུལ་དུ་སྣང་བ་ཡིན་པས་འཁྲུལ་སྣང་མ་ཡིན་ཀྱང་རང་སྣང་རིགས་དྲུག་གི་སྣང་བ་ལ་ཞེན་པ་ཞུགས་པ་རྣམས་ནི་དེར་འཁྲུལ་བར་འགྱུར་བའི་ཕྱིར་རང་སྣང་དུ་ངོ་ཤེས་ན་སྐད་ཅིག་ལ་སྣང་བ་རང་ལོག་སྟེ་ཀ་དག་གི་ས་ལ་གཏན་སྲིད་ཟིན་པར་འགྱུར་བ་ཡིན་པའི་ཕྱིར་ན་དག་པར་ཤར་བ་ཙམ་གྱིས་ཕན་མི་འདོགས་ཤིང་། མ་དག་པར་ཤར་བ་ཙམ་གྱིས་གནོད་པ་མི་སྐྱེལ་ཡང་སྣང་བ་དེ་དག་རང་སྣང་དུ་རིག་ནས་མ་ཞེན་པ་དང་། རང་སྣང་དུ་མ་ཤེས་པར་ཞེན་པ་གཉིས་པོ་འདི་ལ་གྲོལ་འཁྲུལ་གྱི་རྩ་བའམ་གནད་ཐུག་པ་ཡིན་པས་གནས་སྐབས་ཐམས་ཅད་དུ་གང་སྣང་གང་ཤར་ཐམས་ཅད་ལ་རྩིས་གདབ་གང་ཡང་མི་བྱེད་པར་རིག་པ་རྒྱ་ཡན་དུ་འཇོག་པ་ནི་གཞི་སྣང་འཆར་ཚུལ་གྱི་གནད་ཤེས་པའི་དོན་པོ་ཡིན་ནོ། །འདི་རྣམས་ཀྱང་བླ་མའི་གསུང་རྒྱུན་ཡིན་སྣང་ཤར་ཡང་ཤིན་ཏུ་ཟབ་པའི་གནད་མཐར་ཐུག་པ་འདི་ལྟ་བུ་ནི་སྙིང་པོའི་ཉམས་ལེན་དང་བྲལ་ཞིང་ཤེས་རབ་ཀྱི་མིག་མདོང་བའི་སྐལ་ཆད་བདག་འདྲ་བས་གོ་ཡུལ་ཙམ་དུའང་ཇི་བཞིན་པ་ངེས་དཀའ་བས་དཔྱད་པར་བྱའོ། །གཉིས་པ་གཞི་སྣང་ཆེན་པོའི་འཆར་ལུགས་ནི། སྣང་བ་དེ་རྣམས་རང་སྣང་དུ་མ་རིག་པའི་འོག་ཏུ་སྔ་མ་ནུབ་སྟེ། ཡེ་ཤེས་ཀྱི་སྣམ་བུ་ལ་འོད་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཇའ་ཚོན་བརྩེགས་མ་ཤར་བ་ལྟར་སྣང་བ་ལ་ཁ་དོག་ལྔའི་ཚོམ་བུས་བརྒྱན་པའི་ཡེ་ཤེས་ཀྱི་སྣང་བས་ཁྱབ་པར་འཆར་རོ། །ལ་ལ་སྣང་བ་དེ་རང་ངོ་ཤེས་པས་གདོད་མའི་གཞི་ལ་གྲོལ་བར་གསུངས་སོ། །གསུམ་པ་ལོངས་སྐུའི་འཆར་ལུགས་ནི། སྣང་བ་སྔ་མ་ནུབ་སྟེ་ཕྱོགས་ཐམས་ཅད་འོད་གསལ་གྱི་སྣང་བ་མཚན་དང་དཔེ་བྱད་ཀྱི་འབར་བའི་རིགས་ལྔའི་ཚོམ་བུ་ཡབ་ཡུམ་དུ་གསལ་བ་ལ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ་འཁོར་ལྔ་ལྔས་བརྒྱན་པ་ཐམས་ཅད་ཀྱང་རང་སྣང་གི་འདོད་ཡོན་དྲུག་མ་འགགས་པ་ལ་ལོངས་སྤྱོད་ཅིང་འབྱུང་བ་ལྔའི་བྱེད་ལས་ཀྱང་འཛིན་པའོ། །བཞི་པ་སྤྲུལ་སྐུའི་སྣང་བ་འཆར་ལུགས་ནི། སྔ་མའི་སྐུ་དང་ཡེ་ཤེས་དེ་དག་ནི་སྣང་ཆ་ལས་འོད་ཕྱི་མ་ནང་ལྟར་ཤར་བའི་གཟུགས་བརྙན་སྤྲུལ་པའི་སྐུ་གསུམ་སྣང་བའི་དང་པོ་རང་བཞིན་སྤྲུལ་པའི་སྐུ་ནི་མངོན་དགའ་ལ་སོགས་པའི་ཞིང་ཁམས་གཞི་རྟེན་དང་བརྟེན་པར་བཅས་པ་མེ་ལོང་ལ་ཉི་མ་ཤར་བ་ལྟར་སྣང་ངོ་། །དེའི་སྣང་ཆ་ལས་གཉིས་པ་འགྲོ་འདུལ་སྤྲུལ་པ་ཐུབ་པ་དྲུག་སོ་སོར་སྣང་སྟེ། དེའི་ཚེ་ཡར་སྐུ་དང་ཡེ་ཤེས་ཀྱི་ཞིང་ཁམས་ན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རང་སྣང་། ཐད་ཀར་རང་བཞིན་སྤྲུལ་པའི་ཞིང་ཁམས་འོད་གསལ། མར་འགྲོ་དྲུག་གི་ཡུལ་ཁམས་སོ་སོའི་བདེ་སྡུག་སྣ་ཚོགས་པ་མཐོང་བ་རྣམ་པར་དག་པའི་སྤྱན་ལ་མ་འགགས་པར་གསལ་བས་ན་ཐུབ་པ་དྲུག་གི་སྟོན་པས་འགྲོ་བ་འདུལ་ལོ། །དེའི་སྣང་ཆ་ལས་གསུམ་པ་སྣ་ཚོགས་སྤྲུལ་པ་སོ་སོའི་སྣང་བ་དང་མཐུན་པར་གསལ་ལོ། །ལ་ལ་འགྲོ་དྲུག་གི་སྣང་བ་ལ་འཛིན་པ་ཞུགས་པས་རྨི་ལམ་སད་པ་ལྟར་དེའི་རྗེས་ཐོག་ཉིད་དུ་འཁོར་བར་འཇུག་པར་གསུངས་པས་རང་གང་ལ་ཞེན་པའི་གནས་རིགས་དེ་ལས་གཞན་དག་མ་དག་གི་སྣང་བ་ཐམས་ཅད་ནུབ་པར་འགྱུར་རོ། །དེ་ལྟར་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་སྣང་སྟོང་གཟུགས་ཀྱི་རོལ་པ་ཁོ་ན་ཡིན་པས་སྣང་བ་ཐམས་ཅད་ལ་དགག་སྒྲུབ་གང་ཡང་མི་བྱེད་པར་རང་སོར་བཞག་པས་སྤང་གཉེན་དུ་བལྟ་བའི་ཤེས་སྒྲིབ་ཕྲ་བ་ཡང་རང་དེངས་ལ་འགྲོ་བ་ནི་ལམ་འདིའི་ཁྱད་ཆོས་ཏེ་གཞན་དུ་ཨ་ནུ་མན་ཆོད་ཀྱི་སྔགས་ལམ་གྱིས་ཀྱང་མ་དག་པའི་མཚན་མ་ལ་སྐྱོན་དང་དག་པའི་སྣང་བ་ལ་ཡོན་ཏན་དུ་བལྟས་ནས་ཆེད་དུ་རྩོལ་བ་དང་བཅས་པའི་ཕྱིར་འདིའི་གོལ་སར་བསྟན་པ་ཡིན་ནོ། །མདོར་བསྡུ་ན་ལྷུན་གྲུབ་རིན་པོ་ཆེ་ལ་གཞི་ལམ་འབྲས་བུའི་སྦུབས་གསུམ་སྟེ་གཞིའི་གནས་སྐབས་ན་སྣང་བ་ཕྲ་རགས་ཐམས་ཅད་འཁྲུལ་སྟོབས་ཀྱིས་ཐིམ་སྟེ་ནང་གསལ་དུ་གནས་པ་ལ་ནི་འཁོར་འདས་གཉིས་ཀའི་སྣང་བ་འཆར་རུང་གི་གདངས་ཡོད་པས་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་ལ། དེ་ལས་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་སོགས་བཞིར་ཤར་བ་ནི་འཁོར་འདས་སུ་སྣང་བའི་འཁྲུལ་གཞི་དང་གྲོལ་གཞི་གཉིས་ཀ་ཡིན་པས་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ་ཞིང་། གཞི་སྣང་རང་སྣང་དུ་ངོ་ཤེས་ནས་གྲོལ་སྟོབས་ཀྱིས་ཐིམ་སྟེ་ནང་གསལ་དུ་གནས་པ་ནི་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞི་ཡིན་པས་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ། །དེ་ལྟར་ཐོག་མའི་ཀ་དག་གི་གཞི་ལ་རང་ཆས་སུ་ལྡན་པའི་རང་མལ་གྱི་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་མེད་ན་གཞི་སྣང་འཆར་བའི་རྒྱུ་མེད་ལ། གཞི་སྣང་མེད་ན་ལྷུན་གྲུབ་སྒོ་བརྒྱད་ཀྱི་འཆར་ཚུལ་ལས། ཡེ་ཤེས་ཀྱི་སྣང་བ་ལོངས་སྐུ་དང་། དེའི་རྩལ་ལས་བྱད་དང་མེ་ལོང་ལྟར་འཆར་ཞིང་རྫོགས་པ་ཆེན་པོའི་གདུལ་བྱའི་རང་ངོ་ལ་སྣང་བའི་ཕྱེད་སྤྲུལ་ལོངས་སྐུའམ་རང་བཞིན་སྤྲུལ་པའི་སྐུ་དང་། རང་སྣང་འགྲོ་དྲུག་གི་ཁམས་སྟོན་པ་དང་བཅས་པ་སྟེ་འཁོར་འདས་གཉིས་འབྱུང་བའི་སྒོ་ངོས་མི་ཟིན་ཅིང་། དེ་གཉིས་ཡན་མན་དུ་འབྲེལ་བ་ཆད་དེ་གདུལ་བྱ་འདུལ་བྱེད་དུའང་མི་འཐད་དོ། །སྤྱིར་སེམས་ཅན་གྱི་རང་ངོ་འཁྲུལ་པ་དང་། སངས་རྒྱས་ཀྱི་རང་ངོ་རྣམ་དག་ཡིན་པས་སྣང་བ་མི་གཅིག་ཀྱང་གཞི་ལ་ཐུགས་༡༽རྗེ་ཡོད་པ་གཞི་སྣང་ལས་ཤར་ཏེ་གདུལ་བྱ་འདུལ་བྱེད་དུ་འབྲེལ་བ་སྟེ། གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་སོ། །དེ་ཡང་འགྲོ་དྲུག་གི་སྣང་བ་རང་རང་ལ་སྣང་རུང་གི་འཁྲུལ་པའི་ཆ་ནི་རང་སྒོའི་འཁོར་བས་བཀོད་པས་རང་སྣང་གི་ཆ་དེ་སྦུབས་འཕོ་དུས་རང་ལོག་ཏུ་འགྲོ་ལ། ཐུན་མོང་གི་ཆ་ནི་སྤྱི་མཐུན་གྱི་ལས་དང་སྟོན་པའི་མཛད་པས་བཀོད་པས་རང་ཉིད་མེད་ཀྱང་གཞན་ངོར་ཤུལ་ན་ཡོད་པ་གཉིས་ཀྱང་དབྱེ་བ་ཕྱེད་དགོས་གསུངས། དེ་ལྟར་ཕྱེད་ནས་ལྷུན་གྲུབ་ཀྱི་སྒོ་ལས་ཤར་བའི་རང་སྒོའི་འཁྲུལ་སྣང་མེད་བཞིན་དུ་སྣང་བའི་འགྲོ་དྲུག་གི་ཆ་རྨི་ལམ་ལྟ་བུ་ཀ་དག་གི་ས་ལ་རང་ལོག་ཏུ་གཏོང་དགོས་ལ། དེའི་མཚོན་ནས་བར་དོར་ཡང་རང་ངོར་སྣང་བའི་འགྲོ་དྲུག་ལ་རང་སྣང་གི་སྤྲུལ་པས་དོན་བྱེད་པ་དང་མི་བྱེད་པའི་ཆ་གཉིས་སུ་བཤད་པ་ནི་མ་དག་འཁོར་བའི་སྒོ་མ་ཤར་བའི་གོང་དུ་རང་ངོ་ཤེས་ན་བྱ་བའི་ཡུལ་མེད་ལ། ཤར་ན་དོན་བྱེད་དགོས་པའང་འཁྲུལ་སྣང་སྟོངས་མ་སྟོངས་ཀྱི་རྗེས་སུ་འབྲང་ངོ་། །དེ་བཞིན་རིག་པའི་གཞི་ལ་འབྱུང་ལྔའི་༢༽འོད་མདངས་དང་སྣང་ཆའི་སྒོ་མེད་ན་རིག་པ་ནང་དུ་རྒྱ་ཆད། འབྱུང་བ་ཕྱིར་རྒྱ་ཆད་པས་སྣོད་བཅུད་ཀྱི་སྣང་བའང་མི་འབྱུང་ལ། གཉིས་མེད་ལྟར་༣༽སྣང་བ་མེད་ན་སེམས་ཅན་གྱི་སྒོ་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་འབྲེལ་མི་ཤེས་པས་སེམས་ཅན་སངས་རྒྱས་སུའང་མི་འགྱུར། སྐུ་ལྟར་༤༽སྣང་བ་མེད་ན་འགྲོ་བའི་ལུས་དང་རྒྱལ་བའི་སྐུར་སྣང་བའང་མི་རིགས། ཡེ་ཤེས་ལྟར་༥༽སྣང་བ་མེད་ན་ཤེས་བྱ་རང་མཚན་པར་གྱུར་པས་གཞི་ལམ་འབྲེལ་བའི་མཚམས་མི་སྦྱོར། མཐའ༦༽གྲོལ་ལྟར་སྣང་བ་མེད་ན་འབྲས་བུ་རྒྱུར་ལྡོག་པས་ངེས་པའི་ས་ཟིན་མི་ཐོབ། །མ་དག་འཁོར་བའི་སྒོ་མེད་ན་སེམས་ཅན་དུ་འཁྲུལ་མི་ཤེས་པས་འཁོར་འདས་ཀྱི་བསྟི་གནས་སུ་མི་རུང་། དག་པ་ཡེ་ཤེས་ཀྱི་སྒོ་མེད་ན་རིག་ངོ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་འབྱུང་ངོ་། །དེ་བས་ན་དེ་རྣམས་ཡོད་པ་ནི་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཡོན་ཏན་ནོ། །གཞི་ལ་དག་མ་དག་གཉིས་ཀ་མི་སྲིད་ཀྱང་གཞི་སྣང་ལྷུན་གྲུབ་ལ་འཁོར་འདས་གཉིས་སུ་འཆར་བའི་སྒོ་ཡོད་པ་ལ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཞེས་བྱའོ། །དེ་ལྟར་གཞི་དང་གཞི་སྣང་གི་འཆར་ཚུལ་དེ་དག་ནི་རང་ངོ་རིག་པ་རྣམས་ལ་གྲོལ་རྐྱེན་དུ་སྣང་བས་སངས་རྒྱས་སུ་འགྲུབ་ལ། མ་ཤེས་ན་སོ་སོའི་ཆ་བརྒྱད་པོས་འཁྲུལ་གཞི་རེ་བྱེད་པས་འཁོར་བར་འཕེན་པ་ཡིན་ལ། དེ་ཡང་ལྷུན་གྲུབ་སྣང་ཚུལ་གྱི་ཆ་ལས་སྐྱོན་མེད་དུ་ཤར་ཀྱང་། འཁྲུལ་པ་འཇུག་ཚུལ་གྱི་ཆ་ནས་བདག་གཞན་གཉིས་སྣང་དུ་གྲུབ་ལ། འཁྲུལ་པ་ལྡོག་ཚུལ་གྱི་ཆ་ནས་མཐའ་གྲོལ་རིས་མེད་དུ་རྟོགས་ནས་སངས་རྒྱའོ། །དཔེར་ན་ག་བུར་དེ་ཚ་བའི་ནད་ལ་ཡོན་ཏན་དུ་སྣང་ལ། གྲང་བའི་ནད་ལ་སྐྱོན་དུ་ཤར་ཡང་ག་བུར་གྱི་ངོ་བོ་ལ་སྐྱོན་དང་ཡོན་ཏན་མ་གྲུབ་པ་བཞིན་དུ་མ་རྟོགས་པ་རྣམས་ལ་ལྷུན་གྲུབ་སྐྱོན་དུ་སྣང་ལ། རྟོགས་པ་རྣམས་ལ་ཡོན་ཏན་དུ་འཆར་བས་ན་འཁྲུལ་གྲོལ་གཉིས་ཀའི་སྒོ་ལྷུན་གྲུབ་ལ་ཐུག་པ་ཡིན་ནོ། །ལར་གཞིའི་བཞུགས་ཚུལ་མ་ཤེས་ན་རྫོགས་པ་ཆེན་པོའི་གྲུབ་མཐའ་ཤེས་པ་མ་ཡིན་ལ་དེའི་གནད་ཀྱང་ཡེ་གཞི་ཀ་དག་གི་ངོས་ནས་འཁོར་འདས་གཉིས་ཀ་མ་གྲུབ་ནའང་། ལྷུན་གྲུབ་ཀྱི་སྦུབས་གསུམ་པོ་འདི་ནི་འཁོར་འདས་གཉིས་ཀ་ཕྱོགས་སུ་མ་ཆད་པར་འབྲེལ་བའི་སྒོ་འཕར་ལྟ་བུ་ཡིན་ཏེ། གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་འཁོར་འདས་ཀྱི་སྣང་བ་འཆར་རུང་གི་གདངས་མ་འགགས་པར་ཡོད་པས་གཞི་གཅིག་ཏུ་འབྲེལ་ལ། དེ་ལས་གཞི་སྣང་ཤར་བ་ལམ་ལྷུན་གྲུབ་ཀྱི་སྦུབས་ནི་གྲོལ་འཁྲུལ་གཉིས་ཀའི་རྐྱེན་ཡིན་པས་འཁོར་འདས་ཀྱི་མཚམས་སྦྱོར་དུ་འབྲེལ་ཞིང་། གལ་ཏེ་འཁྲུལ་པར་གྱུར་ནའང་གོང་དུ་བཤད་པ་སྒོ་བརྒྱད་སོ་སོའི་ཡོན་ཏན་གྱིས་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་དུ་ཡང་རུང་ལ་སངས་རྒྱས་སུ་འགྱུར་བར་ཡང་རུང་བ་ཡིན་ནོ། །འབྲས་བུ་ལྷུན་གྲུབ་ཀྱི་སྦུབས་ལ་ཡང་སྐུ་དང་ཞིང་ཁམས་སོགས་འཆར་རུང་དུ་ཡོད་པས། དེ་ལས་དེ་ལྟར་ཤར་ནས་གདུལ་བྱ་ལ་མཛད་པ་སྟོན་ནུས་པས་གདུལ་བྱ་འདུལ་བྱེད་དུ་འབྲེལ་རུང་བའི་གནད་ནི་དེ་ཡིན་ནོ། །འདི་དག་ཀྱང་ཀུན་མཁྱེན་ཡབ་སྲས་གཉིས་ཀྱི་གསུང་ལ་བརྟེན་ནས་ཅུང་ཟད་ཁ་གསལ་བར་བྱས་ནས་བྲིས་པ་ཡིན་ཀྱང་དགོངས་པ་ལོན་མིན་ནི་དཔྱད་པར་གྱིས་ཤིག །ཚུལ་དེ་ལྟ་བུ་ནི་ཤིན་ཏུ་རྟོགས་དཀའ་བའི་གནས་ཏེ་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་དང་། དེའི་དགོངས་པ་འགྲེལ་བར་བྱེད་པའི་འཕགས་ཡུལ་གྱི་རིག་པ་འཛིན་པ་དག་གི་མན་ངག་རྣམས་ན་གསལ་བར་བསྟན་ཀྱང་། དོན་དེ་མ་ནོར་བར་ཕྱེ་སྟེ་སྟོན་པའི་ལྡེ་མིག་ལྟ་བུ་ནི་གངས་ལྡན་རི་ཡི་སྟེ་བོད་གངས་ཅན་གྱི་ལྗོངས་འདིར་སྔོན་ཆད་འཕགས་ཡུལ་ནས་བྱོན་པའི་པཎྜི་ཏ་དང་། བོད་ཀྱི་མཁས་གྲུབ་ཕལ་ཆེ་བས་ནི་རྩལ་དུ་བཏོན་ནས་མ་གསུངས་ལ། ཕལ་ཆེར་གྱིས་ནི་ཇི་བཞིན་པར་སློང་མ་ནུས་པས་ན། བློ་གྲོས་ལ་མ་རྟོགས་པ་ལ་སོགས་པའི་དྲི་མ་མེད་ཅིང་སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་ཟབ་གནད་ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་འོད་ཟེར་སྟོང་མངའ་བས་ཐོགས་པ་མེད་པར་མཁྱེན་པ་དང་ལྡན་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་གཅིག་གིས་གསལ་བར་ཕྱེ་ནས་བསྟན་པས་ན་དེ་ཉིད་ཁོ་ན་ཡིན་ཏེ། ཐེག་མཆོག་རིན་པོ་ཆེའི་མཛོད་ལས། ཚུལ་འདི་ནི་གསང་བ་སྙིང་ཐིག་གི་དཀའ་བའི་གནས་ཏེ། རྒྱུད་དང་མན་ངག་ནས་གསལ་བར་གསུངས་ཀྱང་བོད་འདིར་སྔོན་ཆད་སློང་ནུས་པ་ཙམ་ཡང་མ་བྱུང་བས་ཁོ་བོས་ཤིན་ཏུ་གསལ་བར་ཕྱེ་ནས་བསྟན་པས་ཕྱིན་ཆད་གནས་འདི་ཤེས་པ་བྱུང་ན་ཡི་གེ་འདིའི་མཐུར་ཤེས་པར་བྱའོ། །ཞེས་སོ། །གཉིས་པ་ཀུན་ཏུ་བཟང་པོའི་གྲོལ་ཚུལ་བཤད་པ་ལ་གསུམ་སྟེ། ཆོས་སྐུའི་དབྱིངས་སུ་གྲོལ་ཚུལ། ལོངས་སྐུའི་ཞིང་ཁམས་བཀོད་ཚུལ། སྤྲུལ་སྐུའི་འགྲོ་དོན་མཛད་ཚུལ་ལོ། །དང་པོ་ཆོས་སྐུའི་དབྱིངས་སུ་གྲོལ་ཚུལ་ནི། ཐོག་མའི་དབྱིངས་ལས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ་ཐུགས་རྗེའི་རིག་པ་མ་རིག་པའི་ཆར་ལྡོག་པའི་མགོ་རྩམས་པ་དེ་ཡི་ཚེ་ན་གཞི་སྣང་རང་བཞིན་མེད་པར་མཐོང་བའི་སྐད་ཅིག་མ་དེར་ཁྱད་ཆོས་དྲུག་གི་ཚུལ་དུ་གྲོལ་ཏེ། སངས་རྒྱས་ཐམས་ཅད་ལས་སྔོན་རོལ་བའི་སྟོན་པར་བཞུགས་པའི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས་ཇི་ལྟར་མཐོང་ཞིང་གྲོལ་བའི་ཁྱད་ཆོས་དྲུག་ནི། འདི་ལྟར་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ་རིམ་པ་བཞིན་གཞི་སྣང་ཤར་བ་དེ་ལ་ཤེས་པ་ཁ་ཕྱིར་བལྟས་ཀྱིས་ཞེན་ནས་འཁྲུལ་པ་རྒྱུན་ཆགས་པར་མ་མཆེད་ཅིང་རང་གི་རིག་པའི་ངོར་༡སྣང་བ་དང་། རང་སྣང་དུ་རིག་པས་གྲོལ་འཁྲུལ་གང་དུ་ཡང་ལུང་མ་བསྟན་པའི་རང་བཞིན་གྱི་གཞི་དང་གཞི་སྣང་ལྷུན་གྲུབ་ཀྱི་ཆ་དེ་གཉིས་རང་བཞིན་དེ་ལས་འཕགས་ཏེ་གྲོལ་གཞི་རུ་སོང་བས་ཕྱིས་འཁྲུལ་བའི་གཞི་མི་༢བྱེད་པ་དང་། གཞི་སྣང་གི་རིག་པ་ཉིད་འབྲས་བུར་སྨིན་པ་ཞེས་སྒྲིབ་བྱེད་ཀྱི་དྲི་མ་ཞེན་པའི་བག་ཆགས་དག་པའི་ཤེས་རབ་ཀྱིས་སྐད་ཅིག་མ་གཅིག་པོ་དེ་ཉིད་ལ་དབྱིངས་ལ་ཡོན་ཏན་རང་ཆས་སུ་ལྡན་པ་རང་སྣང་དུ་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྒྲིབ་པ་སངས་ཏེ་ཉི་མ་སྤྲིན་ལས་གྲོལ་བ་བཞིན་བྱེ་བྲག་རབ་ཏུ་༣ཕྱེད་པ་དང་། ཕྱེད་པའི་ཐོག་གམ་༤དེ་མ་ཐག་ཏུ་ཤེས་རབ་ཉིད་ཀྱང་ངོ་བོ་ཉིད་སྐུར་སྨིན་ནས་ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་ཀ་དག་གདོད་མའི་གཞི་ལ་བཙན་ས་ཟིན་ཏེ་རྟག་ཏུ་འཕོ་འགྱུར་མེད་པར་གནས་པ་དང་། དེ་ནི་གཞན་གྱི་བསྟན་པ་སོགས་ལས་བྱུང་བའི་རྐྱེན་ལ་མ་ལྟོས་ཏེ་རང་གི་ངོ་བོ་རང་སྟོབས་ཀྱིས་རིག་ནས་སངས་རྒྱས་པའི་ཕྱིར་དང་༥། གྲོལ་གཞི་གདོད་མའི་ངང་དུ་རང་སར་གནས་ཏེ་འཁྲུལ་པའི་རྐྱེན་མི་འཇུག་པའི་ཕྱིར་རོ། །དེ་ལྟར་ཁྱད་ཆོས་དྲུག་གིས་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་གཞི་སྣང་མཐོང་བའི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་ནི་ཐོག་མའི་སངས་རྒྱས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ལམ་བསྒོམས་པའི་སྟོབས་ཀྱིས་ཁྱད་ཆོས་དྲུག་དང་ལྡན་པར་སངས་རྒྱས་པ་ལའང་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ་སངས་རྒྱས་པའི་ཐོག་མ་ཡིན་པའི་ཕྱིར་རོ། །ཁྱད་ཆོས་དྲུག་པོ་དེ་ལ་བརྗོད་ཚུལ་གཞན་དུ། གཞི་སྣང་དང་པོ་ཤར་དུས། སྣང་བ་༡ལྷུན་གྲུབ། ལྷུན་གྲུབ་རང་སྣང་༢། རང་སྣང་༣ཡེ་ཤེས། ཡེ་ཤེས་༤ཡེ་གྲོལ། ཡེ་གྲོལ་༥རང་རིག །༦རང་རིག་ཆོས་སྐུ་ཡིན་པས་ཐུགས་རྗེའི་རིག་པས་ཕྱིར་སྐད་ཅིག་མ་ཉུག་ཙམ་ཤར་བས་ཆོས་དྲུག་པོ་དེ་རྟོགས་ནས་སངས་རྒྱས་པར་གསུངས་པ་དང་། ཡང་ལུང་ལས་མ་བྱུང་བའི་གདམས་ངག༡ །སེམས་ལས་མ་བྱུང་བའི་སངས་རྒྱས༢། རྒྱུ་ལས་མ་བྱུང་བའི་འབྲས་བུ༣། རང་སྣང་༤། རང་ཤར༥། རང་གྲོལ་དུ་༦སངས་རྒྱས་སོ་ཞེས་གསུངས་པའི་དོན་གཞི་སྣང་ཡེ་ཤེས་སྒྲོན་མེ་ལས། ལུང་ལས་མ་བྱུང་སྟེ་སྟོན་བྱེད་ཀྱི་སློབ་དཔོན་མེད་པས་དཔལ་རང་བྱུང་གི་སངས་རྒྱས་སོ། །སེམས་ལས་མ་བྱུང་སྟེ་ཡེ་ཤེས་ཉིད་རང་གསལ་དུ་སངས་རྒྱས་སོ། །རྒྱུ་ལས་མ་བྱུང་སྟེ་རིག་མཁན་ཉིད་རང་གྲོལ་དུ་སངས་རྒྱས་སོ། །རང་སྣང་སྟེ་དབྱིངས་སེམས་ཉིད་འོད་གསལ་བར་རང་ངོར་ཤར་རོ། །རང་ཤར་ཏེ་རིག་པ་དེ་ཉིད་དེ་ལྟར་སྣང་བའོ། །རང་གྲོལ་ཏེ་རིག་དུས་རིག་པ་རང་འཁྲུལ་མེད་ཡེ་ཡིན་ཆེན་པོར་རྟོགས་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་བརྗོད་ཚུལ་ཐ་དད་པ་དེ་རྣམས་ཀྱང་དོན་ལ་གཅིག་གོ། །དེ་ལྟ་བུའི་སངས་རྒྱས་དེ་ཉིད་ཀྱི་ཕྱིར་གཟིགས་ཀྱི་ཤེས་བྱ་ཡུལ་སྣང་ལ་ཤར་བའི་རྣམ་པ་རང་ངོར་མཁྱེན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་ལ། དེ་ལྟར་མཁྱེན་ཀྱང་རང་ངོ་ནང་གསལ་ལས་མི་གཡོ་བར་དཔྱོད་བྱེད་ཀྱི་སྤྲོས་པ་ཆོས་ཉིད་ཀྱི་ངང་དུ་ཞི་བ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཏེ། དེ་གཉིས་ལྡོག་པ་ཐ་དད་ཀྱང་ངོ་བོ་གཅིག་ལས་མི་འདའ་བའོ། །གཉིས་པ་ལོངས་སྐུའི་ཞིང་ཁམས་བཀོད་ཚུལ་ནི། འདི་ལྟར་གང་གི་ཚེ་དབྱིངས་དག་མཉམ་སྤྲོས་པ་དང་བྲལ་བ་ཀ་དག་གདོད་མའི་གཞི་ལ་གནས་པ་དེའི་ཚེ་ཆོས་སྐུའི་དབྱིངས་དེ་ལས་མ་གཡོས་བཞིན་དུ་སྒྲིབ་བྱེད་ཀྱི་དྲི་མ་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བས་དབྱིངས་ཀྱི་ཡོན་ཏན་ནང་གསལ་དུ་རྒྱས་པའི་རྩལ་ལྷུན་གྲུབ་ཀྱི་སྒོ་ལས་རང་ཤར་ཏེ། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དང་རིགས་ལྔའི་སྐུ་རུ་སྣང་བར་བྱས་ནས། རིགས་ལྔ་པོ་དེ་ཡི་སོ་སོའི་རྩལ་ལས་རིགས་ལྔ་གངས་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་སངས་རྒྱས་དང་སེམས་ཅན་དཔག་ཏུ་མེད་པའི་གནས་མཐའ་ཀླས་པ་ཚངས་ཆེན་གྱི་བསྐལ་པ་ནམ་མཁའ་དང་མཉམ་པར་བཀོད་པར་མཛད་དོ། །གསུམ་པ་སྤྲུལ་སྐུའི་འགྲོ་དོན་མཛད་ཚུལ་ནི། དེ་ལས་གདུལ་བྱའི་སྐལ་པ་དང་འཚམས་པར་ཞིང་ཁམས་དང་སྐུའི་བཀོད་པ་སྟོན་པར་མཛད་དེ། འདི་ལྟར་སྒྲིབ་པ་ཕལ་ཆེར་དག་པ་སར་གནས་ཀྱི་བྱང་སེམས་རྣམས་ལ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་དང་སྟོན་པར་སྣང་བ་དང་། མ་དག་པ་འཁོར་བའི་སྒོ་ལས་ཤར་བའི་སེམས་ཅན་རྣམས་ལ་ཇི་ལྟར་སྣང་བ་ནི་ཁམས་དང་མོས་པ་བསམ་པའི་བྱེ་བྲག་སྣ་ཚོགས་པ་ཅན་གྱི་སོ་སོའི་སྣང་བ་ཉིད་དང་མཐུན་པའི་མཆོག་གི་སྤྲུལ་པའི་སྐུ་ནས་སྣ་ཚོགས་སྤྲུལ་པའི་བར་སྟོན་པ་ཡིས་འཁོར་བའི་འཁྲུལ་སྣང་ཐམས་ཅད་སྟོངས་པར་མཛད་པའི་ཕྲིན་ལས་ཀྱི་འཇུག་པ་ནི་ཇི་སྲིད་ནམ་མཁའི་མཐའ་དང་སྲིད་པའི་མཐའ་མ་ཟད་པ་དེ་སྲིད་དུ་ཟད་མི་ཤེས་པར་སྣང་བ་ཡིན་ནོ། །དེ་ཡང་ཡེ་ནས་རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སམ་ཟག་པ་མེད་པའི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་རང་ངོ་ཤེས་པའི་སྟོབས་ཀྱིས་གློ་བུར་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས་དག་པ་གཉིས་དང་ལྡན་པའི་འབྲས་བུ་མངོན་དུ་གྱུར་ཏེ་རྩོལ་བས་མ་བསྒྲུབས་ཀྱང་རང་བཞིན་ཡོངས་ཤེས་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་དང་དབྱིངས་ན་ལྷུན་གྲུབ་ཏུ་ཡོད་པའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པས་བསོད་ནམས་ཀྱི་ཚོགས་ཏེ་དགེ་བའི་ཚོགས་ཆེན་པོ་གཉིས་ཀྱི་ཡོན་ཏན་ལ་མངའ་དབང་རྫོགས་པའི་ལོངས་སྤྱོད་ཅན་སྟོན་པ་ཆེན་པོ་དེའི་ཞིང་ཁམས་ཀྱི་བཀོད་པ་དང་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་ཀྱི་རོལ་པ་བསམ་མི་ཁྱབ་པ་སེམས་ཅན་གྱི་གྲངས་དང་ཆོས་ཀྱི་དབྱིངས་དང་མཉམ་པར་སྣང་བས་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ནི་དེ་ཙམ་དུ་ཚད་ལས་འདས་པ་ཡིན་པས་མཐའ་གཅིག་ཏུ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དཔོགས་པར་མི་འགྱུར་ན་ཕལ་བའི་བློའི་ཡུལ་དུ་བྱར་རུང་བར་ནི་མི་བསམ་མོ། །དེ་ལྟར་མི་རྟོག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པའི་སངས་རྒྱས་དེ་ལ་སེམས་དང་སེམས་བྱུང་གི་བག་ཆགས་ཕྲ་བའང་ཟད་པས་ན་གཉིས་སུ་འཛིན་པ་ཡོད་པ་མིན་པས་གདུལ་བར་བྱ་བའི་སེམས་ཅན་འདི་དང་འདི་ལ་འདུལ་བྱེད་ཀྱི་སྐུ་དང་མཛད་པ་འདི་དང་འདི་ལྟ་བུ་སྟོན་པར་བྱའོ་ཞེས་རྣམ་པར་མི་རྟོག་ཀྱང་། དགོས་འདོད་འབྱུང་བའི་ནོར་བུ་མཆོག་དང་དཔག་བསམ་གྱི་ཤིང་ཆེན་པོ་ལྟར། རྩོལ་བ་མེད་བཞིན་དུ་མཛད་པའི་ཕྲིན་ལས་ནི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ན་དམིགས་མེད་ཐུགས་རྗེ་ཆེན་པོའི་གདངས་མ་འགགས་པར་ཡོད་པ་ལས་གཞན་ངོར་སྣང་བ་ཡིན་ནོ། །འདིའི་དོན་ཐེག་མཆོག་རིན་པོ་ཆེའི་མཇོད་ལས། དབུ་མ་ཐལ་འགྱུར་བ་དག་སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྐུ་དང་ཡེ་ཤེས་ཙམ་ཡང་མ་གྲུབ་ཅིང་། གཞན་སྣང་ལ་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་སྨོན་ལམ་ལས་གཟུགས་སྐུ་ཕྲིན་ལས་དང་བཅས་པ་སྣང་བ་ནི་ནམ་མཁའ་ལྡིང་གི་མཆོད་སྡོང་དང་། ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་འདོད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་སོ། །འདིར་ཡང་ཀ་དག་གི་རང་ངོ་དེ་དང་འདྲ་རུང་ལས། ཕྲ་བའི་ཡེ་ཤེས་དབྱིངས་ན་ཡོད་པ་ལས་སྐུ་དང་ཡེ་ཤེས་འཆར་ལ། དེས་སེམས་ཅན་སངས་རྒྱས་ཀྱིས་དངོས་སུ་དོན་བྱེད་པར་སྨོན་ལམ་བཏབ་པ་རྣམས་ཀྱི་དོན་བྱེད་ལ། ངོ་བོའི་ཆ་ནས་ལྷུན་གྲུབ་ཡིན་པས་རྒྱུ་སྨོན་ལམ་གྱིས་བསྐྱེད་པར་མི་འདོད་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །ཞེས་སོ། །དེ་ལྟར་གདོད་མའི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་དང་སྐུ་གསུམ་གྱི་དགོངས་པའི་ངང་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཚུལ་ཇི་སྐད་བཤད་པ་དེ་དང་མཐུན་པར་ཐུན་མོང་གི་ཐེག་པ་ལས་ཀྱང་བྱུང་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་དང་། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཐོག་མ་དབུས་མཐའ་མེད་པ་ཡིན། །རང་བཞིན་ཡིན་ཕྱིིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གི་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤངས་ཕྱིར་རོ། །དང་པོ་གསུམ་གྱིས་རང་དོན་ཏེ། །ཕྱི་མ་གསུམ་གྱིས་གཞན་དོན་ཡིན། །ཞེས་སོ། །གསུམ་པ་མ་དག་སེམས་ཅན་གྱི་འཁྲུལ་ཚུལ་བཤད་པ་ལ་གསུམ་སྟེ། འཁྲུལ་པའི་རྒྱུ་རྐྱེན་བཤད་པ། འཁྲུལ་པའི་སྣང་ལུགས་བཤད་པ། སྣང་སེམས་ཀྱི་དབྱེ་བ་བཤད་པའོ། །དང་པོ་འཁྲུལ་པའི་རྒྱུ་རྐྱེན་བཤད་པ་ནི། གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤར་བ་དེ་ཉིད་རང་སྣང་ཡིན་པར་མ་རིག་པས་ཞི་ནས་རྩེ་གཅིག་པའི་སེམས་མིང་བཞིའི་ཕུང་པོ་ལ་བརྟེན་པ་ཅན་གཟུགས་མེད་པའི་ཁམས་དང་། ཡང་དག་པའི་ལྷག་མཐོང་དང་བྲལ་བའི་བསམ་གཏན་གྱི་སེམས་དྭངས་མ་འོད་ཀྱི་ལུས་ལ་བརྟེན་པ་ཅན་གཟུགས་ཀྱི་ཁམས་དང་། སྣ་ཚོགས་སུ་འགྱུ་བའི་རྟོག་པ་རགས་པའི་སེམས་གདོས་བཅས་ཤ་ཁྲག་གི་ལུས་ལ་བརྟེན་པ་ཅན་འདོད་པའི་ཁམས་ཏེ་ཁམས་གསུམ་གྱི་སེམས་ཅན་དེ་རྣམས་སུ་སྣང་བ་ནི། ཐོག་མའི་གཞི་ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་པའི་རང་མལ་ལས་མ་བསྐྱོད་པའི་གནས་སྐབས་དེ་ལ་འཁྲུལ་པའི་སྣང་བ་རྒྱུ་དང་བཅས་པ་མ་མཆིས་ཀྱང་ཞེས་པ་སྟེ་རྒྱུ་མེད་ཅེས་པའི་དོན་གཞི་ལམ་རིག་པ་དངོས་མེད་པའི་དོན་ཡིན་གྱི། གཞི་སྣང་འཆར་རུང་དུ་ཡོད་པའི་གདངས་བརྒྱུད་རྒྱུ་ཙམ་མེད་པའི་བཤད་པ་ནི་མིན་ནོ། །འོ་ན་འཁྲུལ་པའི་རྒྱུ་ཅི་ལས་བྱུང་ཞེ་ན། གཞི་ཡི་གདངས་རང་སྣང་དུ་ཤར་བའི་རྣམ་པ་རང་སྣང་ཡིན་པར་མ་ཤེས་པའམ་མ་རིག་པའི་ཆ་དེ་ཐོག་མའི་གཞི་ལའང་མེད། ཕྱིས་གཞི་ཐོག་ཏུ་ཕྱིན་པའི་དུས་ནའང་མེད་པས་ན་གློ་བུར་བ་ཡིན་ལ། འདི་ལ་བརྟེན་ནས་འཁྲུལ་པའི་རྒྱུ་རྐྱེན་ཐམས་ཅད་འབྱུང་བས་ན་རྐྱེན་ཏེ་དེ་ནི་རིག་པ་རང་གི་རྩལ་རང་ལ་སྒྲིབ་བྱེད་དུ་སོང་བ་ལས་གཞན་མ་ཡིན་པས་ན་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ། འདི་ནི་རིག་པའི་ལྡོག་ཕྱོགས་རང་ངོ་མ་རིག་པའི་རྒྱུའི་ཆར་སོང་བ་ཙམ་གྱི་གནས་སྐབས་སོ། །དེ་ཉིད་ནུས་པ་ཇེ་ཐུར་སོང་ནས་དཔྱོད་བྱེད་ཀྱི་ཤེས་པའི་ནུས་པ་ཕྲ་མོ་ལངས་ནས་རང་ངོ་མ་ཤེས་པ་ཙམ་གྱི་ལྡོག་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ་དེའི་ངང་ལས་རང་རིག་དང་འོད་སྣང་རོ་གཅིག་ཡིན་པར་མ་ཤེས་ནས་བདག་གཞན་གྱི་བློས་གཉིས་སུ་ཕྱེ་བའི་ཆ་ནས་མིང་དང་། དོན་དང་། བདག་ཏུ་རྟོག་པའི་རྟོག་པ་རགས་པ་མ་ཤར་ཀྱང་འཆར་དུ་རུང་བའི་ཆར་སོང་བའི་ལྡོག་པ་ནི་ཀུན་ཏུ་བརྟགས་པ་ཡི་མ་རིག་པ་སྟེ་དེ་གསུམ་ཚོགས་ཤིང་འདུས་པ་ལས་ནི་དཔེར་ན་ཡུལ་དང་མིག་དང་མིག་ཤེས་གསུམ་ཚོགས་པ་ལས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་བ་བཞིན་འཁྲུལ་པའི་རྐྱེན་བཞི་མཆེད་པར་འགྱུར་རོ། །དེ་ལ་རྐྱེན་བཞི་ཇི་ལྟར་མཆེད་པའི་ཚུལ་ནི། གཞི་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡོད་པ་ལས་ངོ་བོའི་གདངས་ནམ་མཁའ་ལྟར་གོ་འབྱེད་པའི་ཆར་སོང་བ་ལ། རང་བཞིན་གྱི་གདངས་ཉིད་འོད་ཁྱིམ་གྱི་རྣམ་པ་ལྟར་ཤར་ཞིང་གནས་པ་འཁྲུལ་པའི་ཡུལ་ཅན་བསྐྱེད་པའི་རྒྱུ་ཡི་རྐྱེན་ཏེ་སྐྱེས་བུ་གཟུགས་དང་ཡན་ལག་དང་ལྡན་པ་ལ་བྱད་རང་ཆས་སུ་འབྱུང་བ་ལྟར་ཏེ། འོད་སྣང་མ་རིག་པའི་གནས་སྐབས་ནས་ཡོད་ཀྱང་མ་རིག་པ་གསུམ་གྱི་ནུས་པས་འཁྲུལ་ཤེས་བསྐྱེད་པའི་རྒྱུའི་ནུས་པ་ཅན་དུ་སོང་བའི་གནས་སྐབས་སོ། །རྒྱུའི་རྐྱེན་དུ་སྣང་བ་དེ་ལ་ཐུགས་རྗེ་རིག་པའི་གདངས་རྟོག་དཔྱོད་ཀྱི་རྣམ་པ་ཕྲ་བར་ཤར་བའི་དབང་གིས་འཁྲུལ་བ་ཕྱི་མ་རྣམས་འབྱུང་བས་བདག་པོའི་རྐྱེན་ཞེས་བྱ་སྟེ་བྱད་འཛིན་པའི་མེ་ལོང་གི་ངོས་ལྟ་བུ་སྣང་ཡུལ་འཛིན་པའི་ཆའོ། །དེ་གཉིས་ལྷན་དུ་ཚོགས་པ་ལས་ཕྱི་ཡུལ་དང་། ནང་ཡུལ་ཅན་ཞེས་ཐ་དད་དུ་གྲུབ་པ་མེད་བཞིན་ཐ་དད་པར་དམིགས་པའི་ཡུལ་དུ་སོང་བ་ནི་གཟུང་བར་རྟོག་པ་དང་། འཛིན་པར་རྟོག་པ་གཉིས་ཀྱི་དམིགས་པའི་རྐྱེན་ཏེ་མེ་ལོང་དང་བྱད་ཚོགས་པ་ལས་གཟུགས་བརྙན་ཤར་བ་ན་མེ་ལོང་དང་གཟུགས་བརྙན་ཐ་དད་མེད་ཀྱང་ཐ་དད་པར་འཛིན་པ་ལྟར་རོ། །རྐྱེན་དེ་གསུམ་པོ་དུས་གཅིག་ཏུ་མཚུངས་པར་ལྡན་པ་ལས་འཁྲུལ་པའི་རྒྱུན་བར་མ་ཆད་པར་འབྱུང་བའི་རྐྱེན་བྱེད་པས་དེ་མ་ཐག་པའི་རྐྱེན་ཏེ་དེ་བཞི་པོ་ལས་རྒྱུ་དང་འབྲས་བུ་དང་། མིང་དང་སྣང་བ་སྣ་ཚོགས་སུ་འཁྲུལ་པའི་ཚུལ་ཡང་། བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་རྐྱེན་བཞི་ཡིས་འཁྲུལ་ཏེ། ཐ་མ་ཡང་རྐྱེན་བཞི་ལ་ཐུག་གོ། །རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ། བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ། དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །ཞེས་སོ། །རྐྱེན་བཞི་པོ་དེ་ལམ་དུ་འགྲོ་ཚུལ་ནི། རྒྱུའི་ངང་དུ་སངས་རྒྱས་དང་སེམས་ཅན་གཅིག་པས་སྤང་བླང་ལས་འདས་པའི་ཡེ་ཤེས་སུ་ངོས་ཟིན་པས་རྒྱུའི་རྐྱེན་རང་སར་གྲོལ། ཡུལ་སྣ་ཚོགས་སུ་ཤར་བ་ཆོས་ཉིད་རང་སྣང་དུ་ལོག་པས་བདག་པོའི་རྐྱེན་ལས་གྲོལ། དེ་ཡང་རང་བྱུང་གི་ཡེ་ཤེས་ལས་མི་འདའ་བར་ཤེས་པས་དམིགས་པའི་རྐྱེན་ལས་གྲོལ། དུས་མེད་ཀུན་ཏུ་བཟང་པོ་ལ་སྔ་ཕྱི་ཕན་ཚུན་གྱི་འགལ་བ་ལས་དེ་མ་ཐག་པའི་རྐྱེན་ལས་གྲོལ་བའོ། །དེ་ལྟར་གྲོལ་བར་མ་གྱུར་བ་རྣམས་ནི་རྒྱུ་རྐྱེན་ཚོགས་པ་ལས་རིམ་པ་བཞིན་འཁྲུལ་པའི་སྣང་བ་འཁྲུལ་འཛིན་དང་བཅས་གོམས་པ་སྟོབས་སུ་གྱུར་ནས་ཚུལ་མིན་ཡིད་བྱེད་ཀྱི་རྟོགས་པ་དང་། ཉོན་མོངས་པའི་ཚོགས་དང་དེ་དག་གི་རྟེན་ལུས་དང་ཡུལ་དང་གནས་སུ་གྱུར་པ་སྣོད་ཀྱི་འཇིག་རྟེན་དང་བཅས་པའི་བག་ཆགས་འཐས་ཤིང་འཕེལ་བའི་དབང་གིས་དོན་ལ་ཡོད་མ་མྱོང་བའི་འཁོར་བའི་གནས་མཐོ་དམན་དང་རིགས་སྣ་ཚོགས་པ་འདི་གྲུབ་པ་ལྟར་སྣང་བ་ཡིན་ཏེ། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་སྣང་། །ཞེས་སོ། །དེ་ལྟར་འཁོར་བའི་གནས་སྐབས་ན་དང་པོའི་མ་རིག་པ་ནས་བཟུང་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་པོ་ཤིང་རྟའི་འཕང་ལོ་བཞིན་དུ་ལུགས་འབྱུང་དུ་བར་མ་ཆད་པར་བརྒྱུད་ནས་འཁོར་བར་འགྱུར་ཏེ་དེ་ཡང་ཐུགས་རྗེའི་རྩལ་རང་ངོ་མ་ཤེས་པའི་མ་རིག་པ་གསུམ་ནི་མ་རིག་པའོ། །དེ་ལས་རྐྱེན་བཞི་ནི་འཁོར་བར་འདུ་བྱེད་པའོ། །དེ་ལས་ཤེས་པ་རགས་པར་འཕེལ་བས་ཡུལ་གྱི་རྣམ་པ་ལ་དཔྱོད་པ་ནི་རྣམ་ཤེས་སོ། །དེ་ལས་ཐ་དད་ཀྱི་མིང་དང་གཟུགས་སུ་འབྱུང་བ་ནི་མིང་གཟུགས་སོ། །དེའི་ཁྱད་པར་འབྱུང་བ་སོ་སོའི་ཆ་དང་ཁ་དོག་ཏུ་གྲུབ་པ་ནི་སྐྱེ་མཆེད་དོ། །དེ་ལས་ཡུལ་ལ་ལོངས་སྤྱོད་པ་ནི་རེག་པའོ། །དེ་ལས་དགའ་གདུང་བར་མ་གསུམ་སྐྱེ་བ་ནི་ཚོར་བའོ། །དེ་ལས་བདེ་བ་ལ་སྲེད་ཅིང་སྡུག་བསྔལ་མི་འདོད་པའི་ཤེས་པ་ནི་སྲེད་པའོ། །དེ་ལས་ཡུལ་དང་དུ་ལེན་པ་ནི་ལེན་པའོ། །དེ་ལས་ལས་དང་ཉོན་མོངས་པ་རྒྱས་ཏེ་ཕྱི་མའི་སྐྱེ་བར་འཕེན་པ་ནི་སྲིད་པའོ། །དེ་ལས་འགྲོ་བ་ཐ་དད་དུ་སྐྱེ་བ་ནི་སྐྱེ་བའོ། །དེ་ལ་བྱིས་གཞོན་གྱི་གནས་སྐབས་མྱངས་ནས་རྒས་པ་དང་ཤི་བ་ནི་རྒ་ཤིའོ། །ཚེ་འདི་ལྟ་བུ་ལ་མཚོན་ན། སྔ་མའི་འཆི་སྲིད་གཞིའི་འོད་གསལ་ནུབ་སྟེ། སྲིད་པ་བར་དོ་སྣང་རུང་གི་སྐད་ཅིག་མ་དང་པོ་རང་ངོ་མ་ཤེས་པ་ནི་མ་རིག་པ་སྟེ་དེ་ནས་བཟུང་ཕྱིས་འཆི་བའི་གནས་སྐབས་ལ་བབ་པའི་ཚེ་ཕྱི་དབུགས་ཆད་དུས་ཤི་བ་སྟེ་དེའི་བར་བཅུ་གཉིས་པོ་དེ་ལུགས་འབྱུང་ཡིན་ལ། དེ་ཕན་ཆད་ཀྱི་ཐིམ་རིམ་རྣམས་རྫོགས་ནས་གཞིའི་འོད་གསལ་གྱི་སྟེང་དུ་སླེབས་པ་ནི་ལུགས་ལྡོག་སྟེ། དེ་ཡང་འཁྲུལ་སྣང་ལུགས་ལས་བཟློག་སྟེ་སྟོངས་ནས་འཁོར་བ་རུ་ལོག་པ་ན་མྱ་ངན་ལས་འདས་པ་རང་བྱུང་གི་གནས་ལུགས་དང་པོ་ཀ་དག་གི་སྣང་བ་ཤར་བ་ནས་ཆོས་ཉིད་བར་དོའི་སྣང་བ་རྣམས་ནི་མྱ་ངན་ལས་འདས་པའི་རྟེན་འབྲེལ་མངོན་དུ་སྣང་བའོ། །དེ་རང་ངོ་མ་ཤེས་ན་ཡང་འཁོར་ལ། ཤེས་ན་གྲོལ་བས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱའོ། །དེའང་གཞི་དང་གཞི་སྣང་གཉིས་ཀ་ལ་མ་རིག་པ་མེད་ཀྱང་སྤྲིན་བཞིན་གློ་བུར་དུ་བྱུང་ནས་རྐྱེན་བྱས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་རྒྱུ་བྱས་ཏེ་ཁམས་གསུམ་རིགས་དྲུག་ཏུ་སོ་སོར་འཁྲུལ་ལོ། །གཉིས་པ་འཁྲུལ་པའི་སྣང་ལུགས་བཤད་པ་ནི། འདི་ལྟར་གཞི་སྣང་ལ་བདག་ཏུ་འཛིན་པ་མཐུ་བརྟས་པ་དེའི་དབང་གིས་འཁོར་བའི་སྣོད་དང་བཅུད་ཀྱིས་བསྡུས་པའི་ཆོས་དཔག་ཏུ་མེད་པ་ཞིག་ཡོད་པ་ཐམས་ཅད་རིགས་བསྡུ་ན་མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ་དྲུག་དང་། དེ་དག་གི་སྐྱེ་བ་འཛིན་པའི་ཚུལ་ཡང་སྐྱེ་གནས་རྣམ་པ་བཞི་པོ་སྟེ་དེ་ལྟ་བུའི་བཅུད་ཀྱི་སེམས་ཅན་སྣོད་དང་བཅས་པ་ཡོད་ཡོད་གྲུབ་གྲུབ་ལྟར་སྣང་བ་འདིའང་རགས་པར་སྣང་བ་མེད་པར་མ་ཟད། འཁྲུལ་གཞི་མ་རིག་པ་ཙམ་ཡང་གཞི་གྲུབ་པ་མེད་བཞིན་དུ་མཁའ་ལ་སྐྲ་ཤད་འཛག་པ་ལྟར་སྣང་བ་དང་གནས་སྐབས་པའི་འཁྲུལ་རྒྱུས་བསྐྱེད་པའི་སྒྱུ་མའི་རང་གཟུགས་ད་ལྟ་སྣང་བཞིན་པའི་དུས་ནས་རང་གི་ངོ་བོ་རྡུལ་ཕྲ་རབ་ཙམ་དུ་གྲུབ་པའང་ཡོད་མ་མྱོང་བའི་སྟོང་གཟུགས་ཉག་གཅིག་སྟེ་སྣང་བ་དེ་ལ་བརྟེན་ནས་ད་ལྟ་འཁྲུལ་བཞིན་པའི་གནས་སྐབས་འདིའི་ཐོག་མ་ལ་མ་རིག་པ་དང་། མ་རིག་པའི་རོལ་པ་ལས་སེམས། སེམས་ཀྱི་རྒྱུན་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་ནས་འཁྲུལ་ལོ། །དེ་ལ་དང་པོ་མ་རིག་པ་ནི་དྲུག་སྟེ། ཐོག་མིའི་རིག་པ་རང་ངོ་མ་ཤེས་པས་རང་ལ་གཞན་དུ་འཁྲུལ་པའི་རྨོངས་པ་རྩ་བ་སེམས་ཀྱི་མ་རིག་པ་དང་༡། སྣང་ཡུལ་གྱི་ངོ་བོ་རང་བཞིན་མེད་པར་མ་ཤེས་པའི་རྨོངས་པ་འཁྲུལ་པ་ཡུལ་གྱི་མ་རིག་པ་དང་༢། རྐྱེན་ལས་ཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུའི་རྨོངས་པ་འཁྲུལ་པ་གཞིའི་མ་རིག་པ་དང་༣། རིག་པའི་ངོ་བོ་ལ་བདག་མེད་བཞིན་དུ་རྣམ་པ་ལ་བདག་ཏུ་རྨོངས་པ་འཛིན་པ་རྟོག་པའི་མ་རིག་པ་དང་༤། ལམ་ལྟར་བཅོས་པ་དང་གཉེན་པོ་དུག་ཏུ་སོང་ནས་གྲོལ་དུ་མི་སྟེར་བའི་རྨོངས་པ་བཅོས་མ་ལམ་གྱི་མ་རིག་པ་དང་༥། རང་བཞིན་གྱིས་འོད་གསལ་བའི་དོན་མ་ཤེས་པས་རྟག་ཏུ་འཁོར་བ་ན་རྨོངས་པ་མི་ཤེས་རྨོངས་པའི་མ་རིག་པའོ༦། །དེ་ལས་བྱུང་བ་སེམས་ཀྱི་དབྱེ་བ་ནི། རང་ཤར་ལས། སེམས་ཀྱི་དབྱེ་བ་འདི་ལྟ་སྟེ། སྣ་ཚོགས་སྡུད་པ་ཆུ་ལྟ་བུའི་སེམས་དང་། གཙང་བཙོག་མེད་པ་ཕག་ལྟ་བུའི་སེམས་དང་། དཔའ་བརྟུལ་ཆེ་བ་སྟག་ལྟ་བུའི་སེམས་དང་། ཡང་བ་སྒྲོ་ལྟ་བུའི་སེམས་དང་། བསྐྱོད་པ་རླུང་ལྟ་བུའི་སེམས་དང་། རབ་ཏུ་མྱོས་པ་འདམ་རྫབ་ལྟ་བུའི་སེམས་དང་། མཆེད་པ་མེ་སྟག་ལྟ་བུའི་སེམས་དང་། འདོད་པ་བྱ་ལྟ་བུའི་སེམས་དང་། རྒྱས་པ་ཡལ་ག་ལྟ་བུའི་སེམས་དང་། འགོག་པར་དཀའ་བ་གར་སྤྱིན་ལྟ་བུའི་སེམས་དང་། གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སེམས་དང་བཅུ་གཅིག་གོ་ཞེས་སོ། །དེ་དག་ཀྱང་རིམ་པ་ལྟར། ཡུལ་དང་བག་ཆགས་སྣ་ཚོགས་སྡུད་པས་ཆུ་དང་། བླང་དོར་ལ་རྨོངས་པས་ཕག་དང་། ཞེ་སྡང་དང་ང་རྒྱལ་རགས་པས་སྟག་དང་། ཡུལ་དུ་མ་ལ་འཇུག་ལ་ས་ཟིན་གཅིག་ཏུ་མ་ངེས་པས་བྱ་སྒྲོ་དང་། འགྱུ་བ་ལ་ཐོགས་པ་མེད་པས་རླུང་དང་། ཡུལ་ལ་སྲེད་པས་མྱོས་པས་འདམ་རྫབ་དང་། རྣམ་རྟོག་གཅིག་ནས་དུ་མར་མཆེད་པས་མེ་སྟག་དང་། ཡུལ་དང་དུ་ལེན་པར་འདོད་པས་བྱ་དང་། ཤེས་པའི་རྩལ་རྒྱས་པས་དོན་ལ་དཔྱོད་པས་ཡལ་ག་དང་། ཡུལ་གྱིས་རིག་པ་བཟུང་ནས་དེའི་དབང་དུ་སོང་བས་གར་སྤྱིན་དང་། ཡལ་མ་ཡུལ་གྱི་ཤེས་པ་གཏད་མེད་དུ་འཕྱོ་བས་སྨྱོན་པ་ལྟ་བུའི་སེམས་སོ། །འདི་དག་ཡུལ་དང་རྐྱེན་གྱིས་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་སུ་འགྱུར་བས་དེ་གསུམ་དུ་འདུས་སོ། །སེམས་ལས་ནི་དཔྱོད་བྱེད་ཀྱི་ཡིད་དྲུག་ལངས་ཏེ། འདི་ལྟར་མ་རིག་པ་དངོས་ལ་ཡིད་ཀྱི་འགྱུ་བ་བཅས་པ་ནི་མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་༡དང་། ཡུལ་ལ་ང་ཡི་བར་བཟུང་བ་ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་༢དང་། དེ་ལ་ཆགས་ཤིང་ཞེན་པ་གཏན་ལ་འབེབས་པའི་ཡིད་༣དང་། ཡུལ་གྱི་དབང་དུ་སོང་ནས་ཉོན་མོངས་པ་ཕྲ་བ་ཐམས་ཅད་ཟླ་ལ་སྡུད་པ་ཀུན་ཏུ་ཚོལ་བའི་ཡིད་༤དང་། ཉོན་མོངས་པ་རགས་པས་སྲོག་གཅོད་པ་སོགས་སློང་པ་རྣམ་པར་རགས་པའི་ཡིད་༥དང་། དེ་རྣམས་ཀྱི་གནས་སྐབས་ལ་བདག་དང་གཞན་དུ་བཟུང་ནས་རྒྱུན་འཛིན་པ་ངེས་པར་འཇོག་པའི་ཡིད་༦དོ། །འདི་རྣམས་འཛིན་པ་རྟོག་པའི་མ་རིག་པ་ལའང་སྡུད་དོ། །དེ་ནས་ཚོགས་དྲུག་གི་རྟོག་པ་ཤིན་དུ་རགས་པ་ཤར་ཏེ་རྩ་བའི་ཉོན་མོངས་དང་། ཉེ་བའི་ཉོན་མོངས་པ་སྣ་ཚོགས་པའི་སྒོ་ནས་ལས་དུ་མ་གསོག་པར་བྱེད་དོ། །དེ་ལྟར་མ་རིག་པ་དང་། སེམས་དང་། ཡིད་དང་། ཚོགས་དྲུག་གི་རྟོག་པ་དང་། ཉོན་མོངས་རྣམས་ཕལ་ཆེར་འདྲ་བ་ལྟར་བྱུང་ཡང་རིམ་གྱིས་མཆེད་པ་ན་ཕྲ་བ་ནས་མཆེད་པས་ཕྱི་མ་རྣམས་རགས་ལ། ཐམས་ཅད་རྩལ་རྫོགས་ཟིན་ནས་ལས་གསོག་པའི་གནས་སྐབས་ནའང་སྔ་མ་རྣམས་ཀྱི་རྒྱུན་ཡོད་ཀྱང་། ངོ་མ་ཤེས་པའི་ཆ་དང་། ནང་དུ་སེམས་པ་དང་། ཕྱིར་དཔྱོད་པ་དང་། ཡུལ་སོ་སོར་འཛིན་པ་དང་། སེམས་གདུང་བར་བྱེད་པའི་ཆ་ནས་འཇོག་པ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །དེ་ལྟར་རྣམ་པར་རྟོག་པའི་དབང་གིས་སྣང་ཞིང་བཏགས་པའི་ཆོས་རྣམས་ལ་བདག་ཏུ་འཛིན་པའི་འཆིང་བ་འདི་ནི་རབ་ཏུ་མཐུ་ཆེ་སྟེ་སེམས་ཀྱི་ཆོས་ཉིད་ནམ་མཁའི་ཁམས་ལྟ་བུ་ངོ་བོ་ཉིད་མེད་ཅིང་སྤྲོས་པ་དང་བྲལ་བ་འདི་ཡང་རབ་ཏུ་བཅིངས་ནས་ཆོས་དང་གང་ཟག་གི་བདག་གཉིས་སུ་བདེན་པར་གྲུབ་པ་ལྟར་སྣང་ཞིང་། ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པར་བཟུང་ནས་དེ་ལ་ཞེན་པ་སྟེ་སྣང་བ་དང་ཞེན་པ་གཉིས་པོ་བར་མ་ཆད་པར་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ཡིན་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཆོས་རྣམས་གང་ལ་རང་བཞིན་འགའ་མེད་དེ། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་འདྲ། །མི་མཁས་བདེན་པར་ཞེན་པས་འཆིང་གྱུར་ཏེ། །རྟག་ཏུ་རྫ་མཁན་འཁོར་ལོ་བཞིན་དུ་འཁོར། །ཞེས་དང་། རིན་ཆེན་ཕྲེང་བ་ལས། འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འདོད། །ཅེས་སོ། །དེ་ཡང་ཁ་ནང་དུ་ཕྱོགས་ནས་རང་གི་རྒྱུད་ལ་བསམ་གཞིག་ལེགས་པར་བཏང་ན་ཉིན་མོ་ནི་ཚོགས་དྲུག་གི་སྣང་བ་ལ་ཞེན། མཚན་མོ་ནི་རྨི་ལམ་གྱི་སྣང་བ་ལ་ཞེན་ནས་ཉིན་མཚན་ཐམས་ཅད་དུ་འཁྲུལ་པའི་རྟོག་པ་བར་མ་ཆད་པ་གཅིག་རྗེས་སུ་གཅིག་མཐུད་ནས་འོང་བ་འདི་འདྲ་བས་ཐོག་མ་མེད་པའི་དུས་ནས་ཀྱང་བསླུས་ལ། ཟབ་མོའི་ཉམས་ལེན་གྱི་སྐལ་བ་མེད་པ་རྣམས་ནི་ཚུལ་དེས་ཐ་མ་མེད་པར་ཡང་འཁོར་བར་འགྱུར་བས་འཁོར་བ་ལ་ཞེན་པ་ལོག་པའི་ངེས་འབྱུང་ཞེས་བྱ་བ་དེ་ཡང་ནང་རང་གི་སེམས་འཁྲུལ་པ་རྒྱ་འབྱམས་སུ་སོང་བ་འདི་ཡི་མཚང་རིག་ནས་འདི་ལ་སུན་པ་སྐྱེ་བ་ལ་ཟེར་བ་ཡིན་པས། ད་ནི་རི་དྭགས་སྨིག་རྒྱུའི་ཆུས་བསླུས་པ་ལྟ་བུའི་ཅི་ཡང་མེད་པའི་སྟོང་གཟུགས་འདི་ལ་ཞེན་རྟོག་གི་འཁྲུལ་པ་རྒྱུན་བཅད་ནས་རྟོག་མེད་བདེ་བ་ཆེན་པོའི་ངང་དུ་བག་ཡངས་པར་ངལ་བསོ་བ་ལ་ཡིད་ཕྱོགས་པར་བྱའོ་གསུངས། སྣང་བ་དེ་དག་ཕྱི་དོན་དུ་མ་གྲུབ་ཅིང་ནང་སེམས་ཀྱི་བག་ཆགས་སྨིན་པ་ལས་ཡིན་པའི་རྒྱུ་མཚན་ངེས་པའི་ཚུལ་ཡང་། སྲིད་པ་འཁོར་བའི་གནས་འདི་ན་ཕྱི་དོན་དུ་སྣང་བའི་དངོས་པོ་འདི་རྣམས་ཀྱི་བྱེ་བྲག་འགའ་ཞིག་གིས་མཚོན་ཏེ་བསམ་ན་ཕྱི་རོལ་དུ་སྣང་བའི་ཉི་མ་གཅིག་པུ་འདིའང་མི་ལ་སོགས་པ་ལ་ལའི་ངོར་གཟུགས་རྣམས་གསལ་བར་བྱེད་པའི་སྣང་བ་ལྟར་གྱུར་ལ། འུག་པ་ལ་སོགས་ལ་ལའི་ངོར་ནི་གཟུགས་རྣམ་པ་བསྒྲིབས་ཏེ་མི་མཐོང་བར་བྱེད་པའི་མུན་པ་ལྟར་འགྱུར་ཞིང་། དེ་བཞིན་དུ་ཆུ་གཅིག་པུ་ལའང་ལྷ་ལ་སོགས་པ་ལ་ལའི་སྣང་བ་ལ་བདུད་རྩིར་སྣང་ཞིང་། མི་སོགས་ལ་ལའི་ངོར་ཆུ་དང་། དམྱལ་བ་པ་རྣམས་ལ་མེར་སྣང་སྟེ་བྱེད་ལས་ཀྱང་བདེ་སྡུག་གི་རྐྱེན་སོ་སོར་བྱེད་དོ། །དེ་བཞིན་དུ་ས་གཅིག་པུ་ལའང་དམྱལ་བ་ལ་མེ་དང་། ཞིང་པ་ལ་ལོངས་སྤྱོད་དང་། རྒྱུད་ཀྱིས་ནོན་པའི་འགྲོ་བ་ལ་སྡུག་བསྔལ་དུ་སྣང་ལ། མེ་ལའང་མེ་ལྷར་ལོངས་སྤྱོད་དང་། ཡི་དྭགས་མེའི་ལུས་ཅན་ལ་གནས་དང་། མེའི་སྲིན་བུ་ལ་ཁ་ཟས་སུ་སྣང་བ་ལ་སོགས་པས་མཚོན་ནས་དངོས་པོའི་ཆོས་ཐམས་ཅད་འགྲོ་བ་སོ་སོ་ལ་ཕན་ཚུན་ཀུན་ནས་རྣམ་པར་འགལ་བ་ཅན་དུ་སྣང་ཞིང་རང་རང་ལ་ཇི་ལྟར་སྣང་བའི་དངོས་པོ་དེ་ལ་དེ་ལྟར་འདུ་ཤེས་པ་ནི་འགྲོ་བ་རྣམས་སོ་སོའི་སེམས་ཀྱི་བག་ཆགས་གོམས་ཚུལ་གྱི་རྗེས་སུ་འགྲོ་བ་ལས་ཡུལ་གྱི་ངོས་ན་རང་གི་རང་བཞིན་འདི་ཡིན་ཞེས་པའི་ངེས་པ་འགའ་ཡང་མེད་དེ་རང་གི་ངོ་བོ་མ་གྲུབ་པའི་ཕྱིར། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་མཐོང་བ་ཡིན། །ཞེས་སོ། །དེ་ཐམས་ཅད་ཀྱང་འགྲོ་བ་རང་རང་གི་ལས་སྣང་དང་བག་ཆགས་འབའ་ཞིག་གི་རྣམ་པར་རྟོག་པས་བཅོས་པའི་ཚུལ། པདྨོ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པོས་བྱས་པའམ། ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ་བག་ཆགས་ཇི་ལྟར་བརྟས་ཀྱང་རི་དང་རྒྱ་མཚོ་དང་ཉི་མ་དང་ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ་གྲོང་ཁྱེར་ཆེན་པོ་ཝཱ་ར་ཎཱ་སི་ན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་ཀྱིས་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོངས་པར་བྱུང་ངོ་། །ཟད་པར་ས་དང་ཆུ་བསྒོམས་པས་ས་དང་ཆུར་སྣང་བ་དང་། རྣལ་འབྱོར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་དང་རུས་གོང་གི་འདུ་ཤེས་བསྒོམས་པས་དེར་སྣང་བ་ཡིན་ན་ཐོག་མ་མེད་པའི་བག་ཆགས་བརྟས་པས་ཇི་སྟེ་མི་སྣང་། ཞེས་སོ། །དེས་ན་སྔ་མའི་བག་ཆགས་སྨིན་པ་ལ་མི་ཞེན་ཅིང་ཕྱིན་ཆད་ཀྱི་བག་ཆགས་མི་གསོག་པའི་ཕྱིར་འཁྲུལ་པའི་སེམས་གདུལ་བ་ལ་འབད་དགོས་པའི་ཚུལ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་གདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་སོ། །གསུམ་པ་སྣང་སེམས་ཀྱི་དབྱེ་བ་བཤད་པ་ནི། ཕྱི་རོལ་དུ་སྣང་བ་ཐམས་ཅད་སེམས་ཀྱི་བག་ཆགས་སྨིན་པ་ལས་གཞན་མེད་པ་དེ་ལྟ་ནའང་སྣང་བ་དང་སྣང་ཡུལ་གྱི་ཟླས་ཕྱེ་བའི་སྣང་ཡུལ་ཕྱི་རོལ་ཏུ་བག་ཆགས་སྨིན་པ་འདི་ནི་ནང་དུ་བག་ཆགས་བཞག་པའི་སེམས་དངོས་ནི་མ་ཡིན་ཏེ་བག་ཆགས་འཇོག་ཚུལ་ཐ་དད་པའི་དབང་གིས་སོ་སོར་སྣང་བའི་ཕྱིར་རོ། །དེ་ཡང་དཔེར་ན་སྐྱེས་བུའི་བཞིན་གྱི་རྣམ་པ་མེ་ལོང་ལ་གཏད་དུས་གཟུགས་བརྙན་མེ་ལོང་གི་ནང་དུ་ཞུགས་པ་ལྟར་བཞིན་གྱི་རྣམ་པ་ཅི་འདྲ་བ་དེ་འདྲ་བར་སྣང་བ་ཡིན་ཀྱང་མེ་ལོང་དྭངས་པ་དེ་ཉིད་ཀྱིས་གཟུངས་བརྙན་འཆར་བའི་རྟེན་བྱས་ཏེ་བཞིན་གྱི་རྣམ་པས་འབྲེལ་བའམ། གཏོད་བྱེད་བྱད་ཀྱི་ནུས་པ་ཚོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་གྱིས་སྣང་བ་ཙམ་ལས་ཕྱི་རོལ་གྱི་བཞིན་དངོས་དེ་དང་མེ་ལོང་གཉིས་གཅིག་ཏུ་ནམ་ཡང་འདྲེས་པ་ནི་ཡོད་མ་མྱོང་བས་གཟུགས་བརྙན་དེ་བཞིན་དངོས་ཀྱང་མ་ཡིན་ལ། བཞིན་ལས་གཞན་པའང་མིན་ཏེ་རྣམ་པ་གཏོད་བྱེད་གཞན་མེད་པའམ། དེ་ལ་མ་བརྟེན་པར་མི་སྣང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་སྒྲ་སོགས་ཕྱི་རོལ་ཡུལ་གྱི་རྣམ་པ་སེམས་ལ་ཤར་བ་ན་ཕྱི་རོལ་གྱི་ཡུལ་དེ་དང་སེམས་གཉིས་གཅིག་ཏུ་འདྲེས་པ་མེད་པས་སེམས་ཉིད་ཇི་ལྟར་ཡིན་ཏེ་མིན་ལ། སེམས་ལ་ཤར་བའི་རྣམ་པ་དེ་ཡང་ཡུལ་དངོས་ཀྱང་མ་ཡིན་ལ། ཡུལ་དེ་ལས་གཞན་པའི་རྣམ་པ་གཏོད་མཁན་མེད་པས་གཞན་ཡང་མ་ཡིན་ནོ། །དེས་ན་བཞིན་ལྟ་བུའི་ཕྱི་རོལ་གྱི་སྣང་ཡུལ་ནི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ཡིན་པས་སེམས་ལས་གཞན་དུའང་མ་གྲུབ་ལ་བག་ཆགས་འཇོག་ཚུལ་ཐ་དད་པས་སེམས་ཉིད་དུའང་མ་གྲུབ་པས་ན་དོན་ལ་གཅིག་དང་ཐ་དད་དུ་མ་གྲུབ་ཀྱང་། ཐ་སྙད་དུ་ནི་སྣང་ཚུལ་ཙམ་ལ་སེམས་མ་ཡིན་ནོ་ཞེས་ཁས་བླང་བར་བྱ་ལ། གཟུགས་བརྙན་ལྟ་བུའི་སེམས་ལ་ཤར་བའི་སྣང་བའམ་རྣམ་པ་ནི་རྟེན་འབྲེལ་ཚོགས་པའི་མེད་སྣང་ཙམ་ཡིན་པས་དོན་ལ་སེམས་དང་གཅིག་ཐ་དད་དུ་བརྗོད་དུ་མེད་ཀྱང་ཐ་སྙད་དུ་སེམས་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །འོ་ན་ཐ་སྙད་དུ་སེམས་ལ་དབྱིབས་དང་ཁ་དོག་ཡོད་པར་འགྱུར་ཏེ་རྣམ་པ་ལ་དེ་ཡོད་པའི་ཕྱིར་སྙམ་ན་སྣང་བའམ་རྣམ་པ་ལ་དབྱིབས་དང་ཁ་དོག་སོགས་སུ་ཞེན་པ་ཡིན་གྱི་ཡོད་པ་ནི་མིན་ནོ། །དེ་ལྟར་ཡང་ཏིང་འཛིན་རྒྱལ་པོ་ལས། མེ་ལོང་ངོས་སམ་འབྲུ་མར་སྣོད་དག་ཏུ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དེ་ན་བཞིན་གྱི་དཀྱིལ་འཁོར་ཀུན་སྣང་ཡང་། །ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་སོ། །དེ་ལྟར་ན་སྲིད་པར་འཆིང་བྱེད་ཀྱི་རྩ་བ་གཟུང་འཛིན་གཉིས་པོ་རང་གི་སེམས་རྒྱུད་ཀྱིས་བསྡུས་པ་ཡིན་པའི་ཚུལ་འཐད་པ་དང་བཅས་པ་སྟེ། སྣང་བའི་མཚན་ཉིད་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་ཤེས་པ་ལྟ་བུ་ལས་མ་འདས་པ་ཡིན་ཀྱང་དེ་ལ་དེར་འཛིན་གྱི་འཁྲུལ་པའི་སེམས་རྟོག་གློ་བུར་བ། དཔེར་ན་ཕྱིའི་ཡུལ་གཟུགས་ཀྱི་ཕུང་པོ་ལ་མཚོན་ན་ཐག་ཁྲ་མཐོང་བའི་ཚེ་མིག་བསླད་པའི་རྐྱེན་གྱིས་སྦྲུལ་གྱི་རྣམ་པ་ཤར་དུས་གཟུང་རྣམ་གྱི་ཆ་གཟུགས་ཕུང་དང་། དེ་ཁོ་ན་མ་ཡིན་པར་སྦྲུལ་དུ་འཛིན་བྱེད་ཀྱི་ཤེས་པ་རྟོག་མེད་ཚོར་བའི་ཕུང་པོས་བསྐྱེད་པའི་སེམས་ཀྱི་ཆ་སྐད་ཅིག་མ་དང་པོ་དེ་ནི་གཟུང་བའི་ཆོས་ཡིན་ལ། དེའི་རྗེས་ལ་སེམས་བྱུང་གིས་རྟོག་དཔྱོད་ཞུགས་ཏེ་སྦྲུལ་དུ་འདུ་ཤེས་པའི་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཅན་ནི་འཛིན་པའི་སེམས་ཡིན་ནོ། །དེའི་ཚེ་སེམས་བྱུང་གཞན་རྣམས་འདུ་བྱེད་ཀྱི་ཕུང་པོ་སྟེ་ཕུང་པོ་ལྔའི་ཉེ་བར་ལེན་པ་དང་བཅས་པའི་གཟུང་འཛིན་གྱི་རྣམ་པར་སྐྱེ་བ་ལྟ་བུའོ། །དེ་ཡང་སྔ་མ་ལ་ཚོར་བའི་ཕུང་པོས་བསྐྱེད་བཅས་པ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་ལྟ་བུ་མ་ཡིན་ཏེ་ཚོར་བས་སྦྲུལ་གྱི་རྣམ་པར་མྱོང་བ་ན་དེའི་སྟོབས་ཀྱིས་གཙོ་སེམས་ཀྱིས་ཀྱང་དེ་ལྟར་འཛིན་པས་གཙོ་ཆེ་བས་སྨོས་ཤིང་། ཕྱི་མ་ལ་འདུ་ཤེས་ཀྱི་བདག་ཉིད་ཅེས་པའི་དོན་ཡང་དེ་དང་མཚུངས་ལ། ལར་སྦྲུལ་གྱི་རྣམ་པར་ཤར་བའི་སྐད་ཅིག་དང་པོའི་གནས་སྐབས་ནའང་གཟུང་འཛིན་གཉིས་ཀའི་ཆ་ཡོད་ཀྱང་འདིར་གོ་སླ་བའི་ཕྱིར་རགས་པར་དཔེས་མཚོན་ཏེ་བསྟན་པ་ལྟར་སྔ་ཕྱི་ཅན་དུ་གསུངས་པ་ཡིན་ནམ་སྙམ་མོ། །ཚུལ་དེ་ལྟ་བུར་ཡང་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། དེ་ལ་གཟུང་བ་ནི་ཡུལ་དུ་འཛིན་པའི་སེམས་དང་། འཛིན་པ་ནི་དེ་ལ་དཔྱོད་པའི་སེམས་ལས་བྱུང་བའོ། །ཞེས་གསུངས། དེ་ལྟ་མ་ཡིན་པར་གལ་ཏེ་ཕྱི་རོལ་གྱི་སྣང་ཡུལ་སྦྲུལ་དངོས་ལ་སྦྲུལ་དུ་སྣང་བ་ཙམ་གཟུང་བ་ཡིན་ལ། འཛིན་པ་ནི་བདག་པོ་ཞེས་པ་དེ་གང་ལ་སྣང་བའི་གང་ཟག་དེའི་དེ་ཤེས་པ་ཙམ་ཞིག་ཡིན་པར་སྨྲ་བར་བྱེད་ན་གཟུང་འཛིན་ལས་གྲོལ་བའི་འཕགས་པ་རྣམས་ལ་སྒྱུ་མ་ལྟ་བུའི་སྣང་བ་ཡང་མེད་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་སོགས་ཤེས་བྱ་ཐམས་ཅད་མཁྱེན་པར་ཡང་མི་རུང་བ་ལ་སོགས་པའི་ཉེས་པ་དུ་མ་ཡོད་ལ། ཁྱད་པར་དུ་སྣང་བ་དང་སྣང་ཡུལ་སོ་སོར་མ་ཕྱེད་པར་སྣང་བ་ཐམས་ཅད་སེམས་ཡིན་ནོ་ཞེས་འདོད་པ་ནི་སྐྱོན་ཆེ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་གསུངས་ཏེ། དེ་ཡང་སེམས་སུ་བག་ཆགས་བཞག་པ་སེམས་ཡིན་གྱི་ལུས་དང་ཡུལ་དུ་བཞག་པ་གཉིས་སེམས་ཡིན་ན་སེམས་མཐོང་ཐོས་སོགས་སུ་འགྱུར་བ་དང་། ཡང་ན་སེམས་བཞིན་དུ་དེ་དག་ལ་མཐོང་ཐོས་སོགས་མེད་པར་འགྱུར་བ་དང་། སྐྱེས་བུ་གཅིག་སངས་རྒྱས་པའི་ཚེ་ཐམས་ཅད་ཀྱང་དེར་འགྱུར་བ་དང་། སྣང་བ་རི་དང་ཁང་ཁྱིམ་ལ་སོགས་པ་ཡོད་དུ་སེམས་དེ་ཡང་སྣང་བ་དེ་ཉིད་དང་ལྷན་ཅིག་ཡོད་པར་འགྱུར་ཞིང་། གནས་དང་ཁང་ཁྱིམ་ཞིག་པ་ལ་སོགས་པས་མེད་པར་གྱུར་ན་སེམས་ཀྱང་མེད་པར་འགྱུར་བས་སྣང་བའི་རྗེས་སུ་འགྲོ་ལྡོག་བྱེད་པ་སོགས་སྐྱོན་མང་ལ། བེམ་པོས་སེམས་རིག་པ་དང་། སེམས་ཕྱི་ན་ཡོད་པར་འགྱུར་བ་སོགས་འཆོལ་ཞིང་རང་མ་སྐྱེས་གོང་དུ་སེམས་འདི་ན་ཡོད་པ་དང་། རང་ཤི་དུས་ས་ཕྱོགས་སོགས་སྣང་བ་ཐམས་ཅད་མེད་པར་འགྱུར་བ་སོགས་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟར་རང་སེམས་གཟུང་འཛིན་དུ་གོལ་བའི་རྩ་བ་སྟོངས་ན་མྱ་ངན་ལས་འདའ་བའི་ཚུལ་ནི་འདི་ལྟར་ཆོས་ཉིད་གང་དུའང་མ་གྲུབ་པའི་དོན་མ་རིག་པའི་དབང་གིས་གཟུང་འཛིན་སྒྲོ་བཏགས་གློ་བུར་བའི་རྐྱེན་གྱིས་ངར་འཛིན་ལྷན་སྐྱེས་བྱུང་ལ། སྲིད་པ་འཁོར་བའི་རང་བཞིན་དང་པོ་བསྐྱེད་པའི་རྩ་བ་དང་བར་དུ་འཛིན་པའི་གནས་སུ་གྱུར་པའི་བདག་པོ་ནི་ངར་འཛིན་པ་དང་ང་ཡི་བར་འཛིན་པ་དེ་ཉིད་ཡིན་ཏེ། འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སོ། །དེས་ན་དོན་ལ་མེད་བཞིན་ཡོད་པར་བཟུང་ནས་འཁོར་བར་འཁྲུལ་པའི་གཞི་གཟུང་འཛིན་གྱི་རྩ་བ་སྟོངས་ཏེ་རྒྱུན་ཆོད་པར་གྱུར་ན། རྣམ་ཤེས་ཚོགས་བརྒྱད་དང་མཚུངས་ལྡན་གྱི་ཀུན་གཞི་ལུང་མ་བསྟན་རིག་པའི་དབྱིངས་སུ་རང་ལོག་སྟེ་གྲོལ་བར་འགྱུར་ལ། དེའི་ཚུལ་ཡང་ཆོས་ཉིད་གདོད་མའི་གཤིས་རིག་པའི་ངང་ལས་རྩལ་གཡོས་པ་རང་སྣང་ཡིན་པར་ངོ་ཤེས་པ་དང་མ་ཤེས་པས་མྱང་འདས་དང་འཁོར་བ་གཉིས་སུ་སྣང་བས་ན་རིག་པ་ལ་ཀུན་བྱེད་རྒྱལ་པོ་ཞེས་སྨོས་ཏེ་འཁོར་བའི་ཆོས་གློ་བུར་བའི་དྲི་མ་ཐམས་ཅད་རྒྱ་མཚོ་ལས་རླབས་ལྟར་སྔར་རིག་པའི་དབྱིངས་རང་ལས་བྱུང་ཞིང་ཕྱིས་སུ་ཡང་རང་གི་དབྱིངས་ལ་ཐིམ་ནས་འཚང་རྒྱ་བར་འགྱུར་ཏེ། མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱི་ས། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དང་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །ཅེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། གཞིའི་བཞུགས་ཚུལ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའི་འགྲེལ་པའོ།། །།དོན་གཉིས་པ་ལམ་ཉམས་སུ་ལེན་ཚུལ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། སྐབས་སྡུ་བའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་ཆོས་ཉིད་ཡིད་དཔྱོད་དང་བྲལ་བའི་དོན་གཏན་ལ་དབབ་པ་དེ་ཉིད་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལ། ལམ་རང་གི་མཚན་ཉིད་བཤད་པ་ནི། སྐལ་བ་དང་ལྡན་པའི་གང་ཟག་གང་ཞིག་འབྲས་བུའི་མཐར་ཐུག་སློབ་པ་མིན་པའི་ཟུང་འཇུག་གི་གོ་འཕང་ལ་དཀྲི་ཞིང་སྦྱོར་བར་བྱེད་པའི་མདོ་སྔགས་ཀྱི་གཞུང་ལམ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཏེ། གནས་སྐབས་ལམ་གྱི་ཚོགས་གཉིས་རྫོགས་པ་དང་། མཐར་ཐུག་འབྲས་བུ་སྐུ་གཉིས་ཐོབ་པར་བྱེད་པའི་ནུས་པ་ནི་རྣམ་པ་ཀུན་ཏུ་ཆོས་རྣམས་ཀྱི་གནས་ལུགས་སེམས་ཉིད་སྤྲོས་པ་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའི་དོན་མ་ནོར་བར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བརྟེན་པ་ཡིན་ཏེ། ཤེས་རབ་འདི་དང་མི་ལྡན་ན་སྦྱིན་པ་ནས་བསམ་གཏན་གྱི་བར་གྱི་ལྔ་དང་རྟོག་དཔྱོད་དང་བཅས་པའི་ཤེས་རབ་ཀྱིས་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པར་བྱེད་པས་ཀྱང་ཟབ་མོའི་མཐར་ཐུག་ཆོས་སྐུའི་དགོངས་པ་རྙེད་པར་མི་འགྱུར་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡང་། དམིགས་བུ་མེད་པས་བྱང་ཆུབ་རེག་པར་འགྱུར་མ་ཡིན། །ཞེས་སོ། །དེས་ན་སོ་སྐྱེའི་སྐབས་སུ་ཐོས་པ་དང་བསམ་པའི་ཤེས་རབ་བསྐྱེད་པ་དང་། སྒོམ་པའི་ཤེས་རབ་ལ་མཉམ་པར་འཇོག་པ་རྣམས་ཀྱང་སྦྱིན་སོགས་ཐབས་ཀྱི་ཆ་རྣམས་ལ་དངོས་པོར་བདེན་པར་མི་ཞེན་པ་དང་། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ཙམ་དུ་འགྱུར་གྱིས་དོན་ལ་སྦྱིན་སོགས་དྲུག་ཀ་ལའང་ཕར་ཕྱིན་གྱི་མིང་གིས་བཏགས་པ་ལས་ཕར་ཕྱིན་དངོས་མིན་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཕར་ཕྱིན་ཐེག་པར་ཡང་ཤེས་རབ་ནི་དམུས་ལོང་གི་སྣ་ཁྲིད་ལྟ་བུར་སྔོན་དུ་འགྲོ་བར་གསུངས་པས། དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་ཉིད་མངོན་སུམ་དུ་རྟོག་པའི་ཤེས་རབ་རང་རྒྱུད་ལ་བསྐྱེད་ནས་བཟོད་སྦྱིན་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་སྒོ་ནས་སྐལ་པ་གྲངས་མེད་པར་གཞན་ཕན་གྱི་སྤྱོད་པ་ལྷུར་བླངས་ཏེ་རྫོགས་མིན་སྦྱངས་གསུམ་མཐར་ཕྱིན་ནས་ཡང་དག་མཐའ་མངོན་དུ་བྱེད་པ་ནི་ལམ་གྱི་འབྲེལ་མ་ནོར་བ་ཡིན་པར་གསུངས་པ་བཞིན་དུ་འདིར་ཡང་མན་ངག་ཟབ་མོའི་ཐབས་ཀྱིས་འཕགས་པའི་ལམ་གྱིས་ཤེས་རབ་མངོན་སུམ་པའི་ཆོས་ཉིད་དེ་ངོ་སྤྲད་ནས་བསྒོམ་པ་ཡིན་པས། ཤེར་ཕྱིན་དང་རྫོགས་ཆེན་མིང་ཐ་དད་ཀྱང་དོན་ལ་གནས་སྐབས་གཏན་ལ་དབབ་ཚུལ་དང་། ཉམས་སུ་ལེན་ཚུལ་ཕར་ཕྱིན་ཐེག་པ་ནས་བཤད་པ་དང་མི་འདྲ་བ་ཙམ་ལས་གཅིག་པ་ཁོ་ན་ཡིན་ནོ། །དེ་ལྟར་ཆོས་ཉིད་ཀྱི་དོན་རྣལ་མ་མཐོང་བའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་དུས་ནམ་དུ་ཡང་མི་སློབ་པའི་ཟུང་འཇུག་ལས་སྲིད་པའི་འཁོར་བའི་རྒྱུའམ། ཞི་བ་ཕྱོགས་གཅིག་པའི་མྱང་འདས་གཞན་གྱི་རྒྱུར་མི་འགྱུར་བས་སྲིད་ཞི་གཉིས་ཀའི་མཐར་གོལ་བར་མི་འགྱུར་བའི་ཚུལ། དེ་ཉིད་ལས། བར་སྣང་འཕུར་བའི་བྱ་ལ་གནས་ཡོད་མ་ཡིན་ཏེ། །དེ་ན་གནས་པ་མ་ཡིན་ས་ལ་ལྟུང་མི་འགྱུར། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམ་ཐར་སྒོར་སྤྱོད་པ། །མྱ་ངན་འདས་ལ་མི་རེག་མཚན་མར་སྤྱོད་མ་ཡིན། །ཞེས་པ་ལྟར་ཏེ་ཤེས་རབ་དེ་ཉིད་མཐའ་གཉིས་ལ་མི་གནས་པའི་ཆོས་སྐུའི་ངོ་བོ་ཡིན་པའི་ཕྱིར་རོ། འོ་ན་རྫོགས་པ་ཆེན་པོའི་ལམ་འདིར་ནི་ཤེས་རབ་གཅིག་པུ་དེ་བསྒོམ་པས་སྦྱིན་སོགས་ཐབས་ཀྱི་ཆ་ལ་མ་བསླབ་པར་ཡང་གྲོལ་བ་མཐར་ཐུག་མི་གནས་པའི་མྱང་འདས་ཐོབ་པར་འདོད་ན་ཉན་རང་རྣམས་ཀྱིས་ཀྱང་དེ་ཅིའི་ཕྱིར་མི་ཐོབ་སྟེ་རྒྱུ་མཚན་མཚུངས་པའི་ཕྱིར་སྙམས་ན། མི་མཚུངས་ཏེ་ཉན་རང་གི་ཤེས་རབ་ཉི་ཚེ་བ་དེ་ལ་ནི་ཆོས་ཉིད་ཀྱི་རྟོགས་པ་ཡོངས་སུ་མ་རྫོགས་པས་དམིགས་མེད་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་འབྱུང་བར་མི་འགྱུར་ཞིང་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་དེ་ལ་ངང་གིས་འདུ་བར་ཡང་མི་འགྱུར་བས་ཞི་བའི་མཐའ་ལ་ཞེན་ནས་མྱང་འདས་ཕྱོགས་གཅིག་པར་འགྱུར་ལ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྣམས་ཀྱིས་དྲི་མ་མེད་པའི་ཤེས་རབ་དེ་ལྟ་བུ་མངོན་དུ་གྱུར་པ་ནི་ཆོས་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་ཡིན་པས་རང་གདངས་འགག་པ་མེད་པའི་རྩལ་ལས་སྙིང་རྗེ་ཆེན་པོ་ཤུགས་འབྱུང་དུ་སྐྱེ་ལ། སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལའང་ཆེད་དུ་མ་བརྩོན་ཀྱང་ཤེས་རབ་དེ་ལ་ངང་གིས་འདུ་སྟེ། དཔེར་ན་ཤེར་ཕྱིན་རྒྱན་ལས། སྦྱིན་པ་ལ་སོགས་རེ་རེར་ནི། །དེ་དག་ཕན་ཚུན་བསྡུས་པ་གང་། །སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་མཐོང་ལམ་རྩེ་མོའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་དྲུག་སུམ་ཅུ་རྩ་དྲུག་གི་རང་བཞིན་མཐོང་ལམ་ཡིན་པར་བཤད་པ་བཞིན་ཀ་དག་གི་རིག་པ་སྤྲོས་པ་དང་བྲལ་བ་ལ་མཉམ་པར་བཞག་པ་ན་ལྷུན་གྲུབ་ཀྱི་སྣང་ཆ་འགག་མེད་དུ་ཡོད་པ་ལ་སྦྱིན་སོགས་ཀྱི་ངོ་བོའམ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་ཏེ། ཤེར་ཕྱིན་ཏུ། རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ། །ཞེས་པ་དང་ཚུལ་མཐུན་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་རྫོགས་པ་ཆེན་པོའི་ལམ་ལ་ཞུགས་པ་རྣམས་ཀྱིས་སྦྱིན་སོགས་ཀྱི་སྤྱོད་པ་ལ་མི་བསླབ་པ་འདོར་བའང་མིན་ཏེ་སྔ་ཕྱིར་གཤེགས་བཞུགས་ཀྱི་ཐེག་རྩེའི་རྣལ་འབྱོར་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་དང་གཞན་ཕན་གྱི་སྤྱོད་པ་རྒྱ་མཚོ་ལྟ་བུས་འགྲོ་བའི་དེད་དཔོན་མཛད་པ་ཐོས་མཐོང་དུ་གྱུར་པ་རྣམས་ཀྱིས་ཤེས་སོ། །དེ་ལྟ་བུའི་ཤེས་རབ་དེའི་མཚན་ཉིད་དངོས་ནི། མཚན་ཉིད་མེད་པ་སྟེ་འདི་ལྟར་དུས་གསུམ་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་བཅོམ་ལྡན་འདས་ཀུན་གྱི་ཐུགས་ཀྱི་གསང་བ་ཐེག་ཆེན་འཕགས་པའི་མཉམ་བཞག་གི་ཡེ་ཤེས། ཟུང་འཇུག་འོད་གསལ་གྱི་རྫོགས་རིམ་མཐར་ཐུག་པའི་ངོ་བོ་ནི་སྟོང་པ་ཉིད་གནས་ལུགས་དོན་དམ་པའི་བདེན་པ་ཡིན་པས་དེ་ལ་དག་མ་དག་ལ་སོགས་པའི་མཚན་མ་མེད་པས་སྤྱི་དང་རང་གི་མཚན་ཉིད་མི་གནས་ཤིང་། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་བློའི་འཇུག་པ་ཞི་བའི་ཚུལ་གྱིས་ཞུགས་པས་དབུ་མར་གཟུང་བའང་མེད་ཅིང་མི་དམིགས་པས་རང་གི་ངོ་བོ་ཉིད་སྤངས་པ་སྟེ་སྟོང་ལ། ལྷུན་གྲུབ་ཀྱི་ཆ་ནས་དྭངས་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགག་པ་ནི་རྫོགས་པ་ཆེན་པོར་གྲུབ་པ་ཡིན་པས་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དེ། དེ་སྐད་དུའང་བཤད་རྒྱུད་དགོངས་པ་འདུས་པ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །མ་བཅོས་མ་བསླད་བྱས་པ་མེད། །ཇི་བཞིན་རང་བཞིན་རྣམ་པར་དག །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །རང་བཞིན་མེད་པའི་རང་བཞིན་ལས། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལམ་གྱི་ཁྱད་པར་བཤད་པ་དང་། ལམ་དངོས་བཤད་པའོ། །དང་པོ་ལམ་གྱི་ཁྱད་པར་བཤད་པ་ལའང་གཉིས་ཏེ། ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་དང་། ནང་གསེས་སྡེ་གསུམ་གྱི་ཁྱད་པར་བཤད་པའོ། །དང་པོ་ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ནི། ཚུལ་དེ་ལྟ་བུ་ཟབ་ཅིང་གཏིང་དཔག་དཀའ་བས་རྟོག་གེ་རིག་པའི་སྤྱོད་ཡུལ་ལས་འདས་ཏེ། འདི་ལྟར་རང་ལུགས་སྒྲུབ་ཅིང་གཞན་ཕྱོགས་སུན་འབྱིན་པར་བྱེད་པའི་སྒོ་ནས་རྩོད་པ་མངོན་པར་འཕེལ་བའི་བསམ་བྱུང་གིས་བསྐྱེད་པའི་རྟོག་གེའི་རིག་པ་རྣོན་པོས་ནི་ཇི་ཙམ་བརྟགས་ཤིང་དཔྱད་ཀྱང་མཐའ་བྲལ་གྱི་དོན་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ཚུལ་གྱིས་རྗེས་སུ་དཔག་པའི་ཀུན་རྟོག་གི་འཐོར་རླུང་གཡོ་བའི་ཕྱི་བཞིན་འབྲང་བས་ན། དོན་དམ་པའི་བདེན་པ་རྟོགས་པར་མི་འགྱུར་ཏེ་རང་བཞིན་སྤྲོས་པ་དང་བྲལ་བ་ཡེ་ཤེས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ནི་དེ་དང་འགལ་བ་ཅན་ཡིན་པའི་ཚུལ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང་། ལང་ཀར་གཤེགས་པ་ལས། བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བར་དེ་དག་བརྟགས། །ཞེས་སོ །དེས་ན་དེའི་རང་བཞིན་ཇི་ལྟ་བ་བཞིན་ནི། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རྟོག་པའི་བུད་ཤིང་བསྲེགས་ཏེ་རང་བཞིན་ཉེ་བར་ཞི་བ། སྤྲོས་པ་དང་བྲལ་བ་བསམ་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཆོས་ཉིད་དང་རོ་གཅིག་ཏུ་གྱུར་ནས་རྣམ་རྟོག་གི་རླུང་གིས་མ་བསྐྱོད་པ་སྟེ། འཇམ་དཔལ་གནས་པའི་མདོ་ལས། རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གིས་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་སོ། །ཁྱད་པར་དུ་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཉེ་བར་ཞི་བའི་ཡེ་གྲོལ་གྱི་ཆོས་ཉིད་ལ་ཡང་གྲོལ་གྱི་སྒྲོ་འདོགས་པའི་དངོས་པོར་སྨྲ་བའི་གྲུབ་པའི་མཐའི་ཚུལ་ལ་ཞེན་པ་རྣམས་ཀྱིས་རང་རང་གི་རྟོག་གེའི་རིགས་པས་སྣང་སེམས་གཉིས་ཆར་རམ་གང་རུང་ཞིག་ཡོད་ཅེས་པའི་སྒྲོ་འདོགས་པ་དང་། དེ་ལས་གཞན་མེད་ཅེས་པའི་སྐུར་འདེབས་ཀྱི་རྟོག་པས་རང་ཉིད་བཅིངས་ནས་མི་རྟོགས་པའི་ཚུལ་རིགས་པ་དྲུག་ཅུ་པའི་འགྲེལ་བ་ལས། ཁྱེད་ཅག་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པའི་འཆིང་བས་བཅིངས་པར་མ་ཟད། ད་དུང་ཡང་རང་གི་གྲུབ་མཐའ་ངན་པས་སྦྱར་བའི་འཆིང་བས་བཅིངས་པ་དར་གྱི་སྲིན་བུ་རང་གི་ཁ་ཆུས་འཆིང་བ་བཞིན་དུ་ཞེས་སོ། །གཞན་ཡང་སྤྱིར་ས་མཚམས་ཀྱིས་དམན་པ་སོ་སོའི་སྐྱེ་བོའི་གནས་སྐབས་ན། རང་གྲོལ་གྱི་གནད་མེད་པའི་གང་ཟག་རྣམས་ཀྱི་རྟོག་གེ་ཡི་ཤེས་རབ་གསུམ་གྱིས་ཆོས་ཉིད་ལ་ཇི་ལྟར་རྟོག་ཅིང་དཔྱོད་ཀྱང་རྟོགས་པར་མི་འགྱུར་ལ། བྱེ་བྲག་རྒྱུའི་ཐེག་པའི་བདེན་བཞི་དང་བདེན་གཉིས་ལ་སོགས་པར་ལྟ་བའི་བློ་དང་། སྔགས་ཀྱི་ཐེག་པར་ཐབས་ཤེས་འབྲེལ་བའི་ལམ་རིམ་པ་གཉིས་ལ་སོགས་པའང་རྒྱུ་འབྲས་སྔ་ཕྱིར་སྨིན་འདོད་སོགས་ཡིད་དཔྱོད་ཀྱི་འཕྲང་དང་གོལ་སྒྲིབ་སྣ་ཚོགས་པའི་ཆ་ལས་མ་གྲོལ་བས་ཆོས་ཉིད་བྱང་ཆུབ་སེམས་ཀྱི་གནས་ལུགས་ཇི་བཞིན་པ་དེ་དག་གི་ཡུལ་ལས་ཀྱང་འདས་པར་ཀུན་བྱེད་ལས་གསལ་བར་བསྟན་ཏོ། །དེས་ན་རྒྱལ་བའི་ཡེ་ཤེས་རང་བྱུང་གི་དགོངས་པ་ནི། གདོད་མ་ནས་གྲོལ་བའི་ཆོས་ཉིད་ཡིན་པས། ད་གཟོད་མ་གྲོལ་བ་གྲོལ་བར་བྱེད་པའི་རྐྱེན་གཞན་མི་འཇུག་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་དུ་དེ་ཉིད་རྗེན་པར་བསྟན་ནས་རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་གློ་བུར་གྱི་དྲི་མ་རང་གྲོལ་གྱི་གནད་ལ་བརྟེན་ནས་དག་པར་བྱེད་པ་ཡིན་ནོ། །གལ་ཏེ་གདོད་ནས་གྲོལ་ཟིན་ན་སེམས་ཅན་ཐམས་ཅད་ལམ་ལ་མ་བརྟེན་པར་རང་གྲོལ་དུ་འགྱུར་རིགས་སོ་ཞེ་ན། སེམས་ཅན་ཡིད་ནོ་ཅོག་གིས་དམ་པའི་བླ་མ་ཡང་མ་བསྟེན། དབང་གིས་སྨིན་པར་ཡང་མ་བྱས། གྲོལ་བྱེད་ཀྱིས་གྲོལ་བར་ཡང་མ་བྱས། ཐབས་ཀྱི་འཇུག་སྒོ་ཡང་མ་རིག །ལམ་གྱི་སྔོན་དུ་འགྲོ་ལྟོས་ནས་དེ་ཉིད་རྟོགས་པའི་ཐབས་སྒྲིབ་པ་སྦྱང་བ་དང་ཚོགས་རྫོགས་པའི་བྱ་བའང་མ་བྱས། དངོས་གཞི་ལ་ལྟོས་ནས་རང་གྲོལ་དང་ཅོག་བཞག་གི་གནད་ཀྱང་མ་གོ། །མོས་གུས་ལ་ལྟོས་ནས་བླ་མའི་བྱིན་རླབས་ཞུགས་པའང་མེད་པས་འབད་མེད་དུ་ག་ལ་གྲོལ་ཏེ། སྤྱི་མདོ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །ཐམས་ཅད་སངས་རྒྱས་ཡིན་པ་ལ། །རྟོག་པས་བསྒྲིབས་པས་ངོ་མ་ཤེས། །ཞེས་སོ། །འོ་ན་དངོས་གཞིའི་སྐབས་སུ་རྟོག་དཔྱོད་ཀྱི་ཤེས་རབ་མེད་ན་ལྷག་མཐོང་མེད་པའི་སྐྱོན་ཡོད་དོ་ཞེ་ན། རྣམ་པར་རིག་པ་ཅན་གྱི་སོ་སོར་རྟོག་པའི་ཤེས་རབ་དེ་ནི་ལས་དང་པོ་བ་རྣམས་ཀྱིས་སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་ཙམ་སྟེ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལ་ཆོས་རྣམས་ཀྱི་སོ་སོར་རྟོག་པའི་ཤེས་རབ་གང་ཞེ་ན། སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ། །ཞེས་སོ། །མཐར་གྱིས་དེ་ལྟར་རྟོག་པའི་ཡུལ་དང་རྟོག་བྱེད་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་བསྲེག་བྱ་ཚིག་ནས་སྲེག་བྱེད་མི་གནས་པ་ལྟར། རང་བཞིན་མེད་པར་སོང་བ་ནི་ཤེས་རབ་ཀྱི་དབང་པོ་ལྷག་མཐོང་དངོས་ཡིན་ཏེ། སྤྱི་མདོ་ལས། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ལས། །མེ་བྱུང་ནས་ནི་དེ་ཉིད་བསྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ནི། །སོ་སོར་རྟོག་པ་དེ་ཉིད་བསྲེག་པར་བྱེད། །ཅེས་སོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པ་ནི་དུས་གསུམ་གྱི་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཀྱང་། སྟོན་པ་རང་ཉིད་ཀྱིས་ཡོངས་སུ་གྲགས་པར་བསྟན་པའི་སྡེ་སྣོད་ཆེན་པོ་རྣམས་དང་མི་འགལ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འཇིག་རྟེན་ལས་འདས་པའི་སྨན་གང་ཡིན་ཞེ་ན། སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། སྣང་བ་མེད་པ། རྣམ་པ་རིག་པ་མེད་པ། གནས་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར། འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། གང་འདས་པ་ཡང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ། །ཞེས་སོ། །དེ་ལྟ་བུའི་རྫོགས་པ་ཆེན་པོའི་གནས་ལུགས་གཏན་ལ་ཕེབས་ན་མཐའ་བྲལ་དབུ་མའི་མན་ངག་གི་ཡང་གཏིང་ཕྱིན་པ་ཡིན་པས། དེའི་ངང་ལ་མཉམ་པར་བཞག་པའི་ཚེ་ན་གཟུང་འཛིན་འབྲེལ་ཆད་དེ་སྣང་སེམས་ཐམས་ཅད་ཆུ་བོ་ལ་རླབས་ཐིམ་པ་ལྟར་ཆོས་ཉིད་དུ་ཕྱམ་གཅིག་གྲོལ་བས་ཤེས་བྱ་གཤིས་ཀྱི་བཞུགས་ཚུལ་ལ་སྣང་བ་ཡུལ་གྱི་རྣམ་པས་མ་བཅིངས་པར་ཕུང་པོ་ལྔའི་ཉེ་བར་ལེན་པས་སྟོང་པའི་རང་བཞིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་པའི་ཐོག་ཏུ་ཕེབས་ལ། སྟོང་པ་དེ་ཡང་རང་བཞིན་འོད་གསལ་བའི་སྙིང་པོ་ཅན་ཏེ་ཟུང་དུ་འཇུག་པའི་བདག་ཉིད་ནི་རིག་པ་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་སྐུའི་དགོངས་པར་བཞུགས་པ་འཆིང་གྲོལ་མེད་པའི་ཆོས་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་མ་ལུས་པ་གདོད་ནས་ཡེ་རྫོགས་ཆེན་པོར་འདུ་འབྲལ་མེད་པར་གནས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་འདུ་འབྲལ་མེད་པ་བཞིན་ཏེ། དེའི་ཚེ་ན་གཟུགས་སོགས་སྣང་ཡུལ་མ་འགགས་པར་ཤར་ཡང་དེ་ཡི་རྣམ་པས་རིག་པ་ལ་མ་གོས་པས་སྟོང་ལ་རིག་པ་ཡུལ་ཐོག་ཏུ་མ་ཤོར་བར་རང་སོ་ཟིན་པས་སྣང་ཡུལ་ལ་བློ་ཡིས་མ་གོས་པའམ་འཛིན་པས་སྟོང་སྟེ་བར་མེད་ཧར་སངས་སུ་སོང་བ་ནི། བསལ་བཞག་དང་བྲི་གང་མེད་པའི་ཆོས་ཉིད་ལ་ཕྱམ་གཅིག་ཏུ་གནས་པ་སྟེ། ནམ་མཁའ་ཀློང་ཡངས་ལས། གང་ཡང་མ་སྤང་ཀུན་ལས་འདས་པའི་དོན། །ཕྱོགས་བྲལ་རིག་པ་གཏད་མེད་རང་ཡན་ཏེ། །འདི་ཞེས་མི་མཚོན་བསམ་པ་ཀུན་དང་བྲལ། །གཉིས་མེད་ཡངས་པ་ཆེན་པོར་ཕྱམ་གཅིག་གོ། །ཞེས་དང་། ཤེས་རབ་སྙིང་པོ་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་དང་། ཕུང་པོ་ལྔ་པོ་འདི་དག་ཀྱང་རང་བཞིན་གྱིས་སྟོང་པར་བལྟའོ། །ཞེས་སོ། །གཉིས་པ་ནང་གསེས་སྡེ་གསུམ་གྱི་ཁྱད་པར་བཤད་པ་ནི། དེ་ལྟར་བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་གནས་ལུགས་གང་ལ་དབྱེ་བ་དང་བཟང་ངན་མ་གྲུབ་ཀྱང་དབང་པོ་དང་བློ་ཡི་རིམ་པས་འཇལ་ལུགས་རྣམ་པ་གསུམ་དུ་གསུངས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ། །ཞེས་པ་ལྟར་རང་གི་སེམས་ཉིད་ལས་གཞན་དུ་གྱུར་པའི་ཆོས་གང་ཡང་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་གནས་པ་སེམས་ཀྱི་སྡེ་པ་རྣམས་ཀྱིས་ནི་འདི་ལྟར་བཞེད་དེ། ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད་ལས། བྱང་ཆུབ་སེམས་ནི་གང་དུའང་མ་གྲུབ་ལ་གང་གིའང་གཞིར་གྱུར་པས་ནམ་མཁའ་ལྟ་བུའོ། །དེའི་རྩལ་ནི་འཆར་ཚུལ་མ་འགགས་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུའོ། །རོལ་པ་ནི་སྣ་ཚོགས་སུ་ཤར་བའི་ཆོས་སྒྱུ་མའི་དཔེ་བརྒྱད་ལྟ་བུའོ། །ཞེས་གསུངས་པ་བཞིན་དུ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་རྣམ་པ་སྣ་ཚོགས་སུ་སྣང་ཡང་རོལ་པ་སྣ་ཚོགས་པའི་འཆར་གཞི་རིག་པའི་རྩལ་འགགས་པ་མེད་པ་དང་། དེ་ལས་ཤར་བའི་རོལ་པ་སྣ་ཚོགས་པ་དང་། དེ་གཉིས་ཀའི་རང་བཞིན་བྱང་ཆུབ་ཀྱི་སེམས་གསུམ་དུ་གཏན་ལ་དབབ་པས་རོལ་པར་ཤར་བའི་ཉོན་མོངས་པ་ལ་སོགས་པའི་བཟང་ངན་གྱི་རྟོག་ཚོགས་གང་ཡང་ཆེད་དུ་མི་དགག་ལ། དེ་ཡང་དབྱིངས་དག་མཉམ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་གཅིག་དང་ཐ་དད་མ་གྲུབ་པས། དེ་ལྟར་གསུམ་དུ་ཕྱེ་བའང་དོན་ལ་གྲུབ་པར་མི་འཛིན་པས་སྣང་བ་སེམས་སུ་བསྒྲུབ་ཅིང་སེམས་ཉིད་ཡོད་པར་འདོད་པའི་ལོག་རྟོག་ལས་འདས་ཤིང་དྲན་རྟོག་རང་བཞིན་མེད་པར་ཤེས་པས་འདི་ནི་སྣང་བའི་ཡུལ་ལོ། །འདི་ནི་འགྱུ་བའི་སེམས་སོ། །འདི་ནི་དེ་མི་བརྗེད་པའི་དྲན་པའོ་སྙམ་པའི་རྟོག་དཔྱོད་རང་མཚན་པའམ་ཐམས་ཅད་སྟོང་པའོ་སྙམ་པའི་རང་མཚན་པ་མ་ཡིན་པའི་བློས་རྒྱས་འདེབས་པའི་ཕྱོགས་ལས་གྲོལ་བ་སྟེ། ཀུན་བྱེད་ལས། མ་སྐྱེས་རྣམ་པར་དག་པའི་ཆོས་ཉིད་ལ། །སྐྱེ་བ་དངོས་པོར་སྣང་བའི་གཟུགས་བརྙན་ཤར། །ཇི་ལྟར་སྐྱེས་པ་རང་བཞིན་གཉིས་མེད་པས། །ཇི་བཞིན་རྩོལ་བྲལ་བདེ་བ་ཆེན་པོར་ཞོག །ཅེས་སོ། །སེམས་ཀྱི་གནས་ལུགས་བྱ་རྩོལ་དང་བྲལ་བའི་དོན་དེ་ལྟ་བུ་ལ་མཉམ་པར་མི་འཇོག་པའི་རྟོག་གེ་སྣ་ཚོགས་པའི་རྗེས་སུ་འབྲང་བ་ནི་དོན་མེད་པར་མ་ཟད་འཆིང་བའི་རྒྱུ་སྟེ། ས་ར་ཧས། གང་ཞིིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བསིལ་བ་ངོམས་པར་མི་འཐུང་བར། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམས་པས་གདུངས་ཏེ་འཆི་བར་ཟད། །ཅེས་སོ། །ཆོས་ཅན་ཕྱི་ནང་གི་སྣང་བ་ཇི་སྙེད་པ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པ་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པས་གཉེན་པོས་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ་པ་རྣམ་ཀྱིས་ནི་ཡིན་མིན་ཕྱོགས་བྲལ་ཆེན་པོའི་དགོངས་པ་ལ་འཆིང་གྲོལ་མེད་དེ། །སྣང་ངོ་ལ་ཕྱི་སྣང་བ་སྣ་ཚོགས་ནང་སེམས་ཀྱི་འགྲོ་ལྡོག་ཇི་ལྟར་སྣང་ཡང་སྟོང་ངོ་ནས་ཡེ་གྲོལ་ཡིན་པས་རིག་པ་ཉིད་ཕྱི་ཤར་དུ་མི་འདོད་ཅིང་སེམས་དང་སེམས་བྱུང་ཐམས་ཅད་རང་སྣང་བ་ཙམ་ལས་ཤར་བྱ་ཤར་བྱེད་དུ་མ་གྲུབ་པས་སྣང་ཕྱོགས་ཡུལ་གྱི་རྐྱེན་དང་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱིས་སྟོང་པ་དོན་དམ་པའི་དེ་ཁོ་ན་ཉིད་ལ་གླགས་མ་རྙེད་པས་སྣང་བ་སྣ་ཚོགས་རང་སྟོང་རང་ཡལ་དུ་ཆ་ལ་ལ། ཇི་ལྟར་སྣང་ཡང་ནམ་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་རང་སྣང་བཀོད་པའི་རྒྱན་ཙམ་ལས་སེམས་སྡེ་ལྟར་རྩལ་དང་རོལ་པར་རིག་པ་ཤར་བར་མི་འདོད་པས་དེ་གསུམ་ཕན་ཚུན་ལྟོས་གྲུབ་དང་ཕྱོགས་ལྷུང་ཅན་དུ་མི་བལྟ་བའི་ཡེ་གྲོལ་ཀློང་འབྱམས་ཆེན་པོ་སྟེ། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་ཟད། །ལྟ་སྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ཅེས་སོ། །རིག་པ་གསལ་བའི་ཆ་དང་སྟོང་པའི་དབྱིངས་སུ་མི་བལྟ་བར་ཡིན་ལུགས་གཤིས་ཐོག་ཏུ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་པ་རྣམས་ཀྱིས་ནི་ངོ་བོ་ཀ་དག་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་རང་ཤར་བས་རྩལ་སྣང་ལ་སྒྲིབ་བྱེད་དང་འཛོལ་ས་མེད་ཅིང་ཆོས་ཅན་གྱི་སྣང་བ་ཆོས་ཉིད་སྤྲོས་བྲལ་དུ་འདུམ་པའི་གནད་ཀྱིས་ཁྱད་པར་དུ་འཕགས་ཏེ། སེམས་སྡེ་བས་སེམས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབས་ཀྱང་གསལ་བའི་རྩལ་ཆོས་ཉིད་དུ་མ་ལྷོངས་ནས་རྩལ་དང་རོལ་པ་ལ་ཡིད་དཔྱོད་ཀྱི་འཛིན་པའང་འབྱུང་ཉེ་ཞིང་། ཀློང་སྡེས་ཟབ་གསལ་ཆ་མཉམ་པར་བསྒྲུབས་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་ལས་སྟོང་ཕྱོགས་ཀྱིས་གོལ་ས་འབྱུང་ཉེ་ལ། དེ་གཉིས་ཀས་ཡུལ་སྣང་དང་ཤེས་པ་ཕྱམ་གཅིག་རོ་མཉམ་ཡོད་མ་མྱོང་མེད་མ་མྱོང་བའི་གཞི་བྲལ་སྤྱི་འབྱམས་སུ་གདེངས་འཆའ་བས་གནད་དུ་མ་སོང་ན་ཤིས་ཤོར་གྱི་གོལ་སྒྲིབ་ཆེ་བའི་ཕྱིར་ཏེ། བཀོད་པ་ཆེན་པོ་ལས། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་དང་། ནམ་མཁའ་ཀློང་ཆེན་ལས། ཐ་མལ་སྣང་འདི་འཁྲུལ་པ་ཉིད་ཡིན་པས། །དེ་ལ་སོར་གཞག་འཁྲུལ་སྣང་ཕྱིར་ཕྱིར་འཕེལ། །དེ་བཞིན་འཁྲུལ་རྟོག་ལམ་དུ་སུས་བྱེད་པ། །འཁྲུལ་པའི་རྒྱུ་འབྲས་ཉིད་ལས་ཐར་དུས་མེད། །དེ་བས་མ་འཁྲུལ་འོད་གསལ་སྣང་བ་དང་། །སེམས་འགགས་ཡེ་ཤེས་ལམ་དུ་བྱེད་པ་གཅེས། །དེ་ཡང་མི་གཡོ་མཉམ་པར་བཞག་པའི་ཚེ། །འོད་གསལ་དམིགས་གཏད་རིག་པ་དྭངས་ཕྱེད་པས། །གནས་ལུགས་གཅིག་ལ་སྣང་ལུགས་ཉམས་གསུམ་སྐྱེ། །ངོ་བོའི་གདངས་ལས་མི་རྟོག་སྤྲོས་དང་བྲལ། །རང་བཞིན་གདངས་ལས་རང་གསལ་གསལ་དྭངས་ཕྱེད། །ཐུགས་རྗེའི་གདངས་ལས་རིག་བདེ་རྒྱུན་མི་འཆད། །སྐུ་གསུམ་ཉམས་ནི་ནམ་མཁའི་མཐའ་དང་མཉམ། །ཞེས་སོ། །དེ་བས་ན་མན་ངག་སྡེ་པ་འདིའི་ཁྱད་པར་འཕགས་ཆོས་ཐོད་རྒལ་ལ་གསུངས་ཀྱང་། ཀ་དག་གི་ལྟ་སྒོམ་ལའང་ཁྱད་པར་ཆེ་བ་ཡིན་ཏེ། འོག་མ་གཉིས་ཀས་རོལ་པ་དང་། རྒྱན་དུ་བལྟ་བའི་སྣང་སེམས་གློ་བུར་བ་ཐམས་ཅད་འདིར་མེད་བཞིན་དུ་སྣང་བས་སྟོང་པའི་གཟུགས་བརྙན་ཉག་གཅིག་ཡིན་པའི་ཕྱིར་རོལ་པ་དང་རྒྱན་ཙམ་དུའང་མི་བལྟ་ཞིང་གསལ་སྟོང་གི་ཕྱོགས་སོ་སོར་བསྒྲུབ་པ་དེ་ཡང་བརྗོད་མེད་བློ་ལས་འདས་པའི་ཆོས་ཉིད་ལ་གསལ་བ་དང་སྟོང་པའི་ཐ་སྙད་ཙམ་ཡང་མེད་པར་ཤེས་ནས་ཆེད་འཛིན་གང་ཡང་མེད་པ་ནི། ནམ་མཁའ་ཀློང་ཡངས་ལས། གང་སྣང་གང་ཤར་ཆོས་སྐུའི་རོལ་པ་ཞེས། །བཟང་རྟོག་གཟེབ་ཀྱང་དོན་ལ་མི་གནས་ཕྱིར། །ཆེད་དུ་འཛིན་ཞེན་བླང་དོར་མེད་པའི་ངང་། །མ་སྤངས་རང་སར་གྲོལ་བའི་ཚུལ་གྱིས་སྤྱད། །ཅེས་སོ། །ཡང་སེམས་སྡེར་གྲོལ་ཚུལ་དང་། ཀློང་སྡེར་བཞག་ཐབས་གཙོ་བོར་བསྟན་པ་ཡིན་གསུངས་པས་དེ་ལྟར་ནའང་། རྣམ་རྟོག་གྲོལ་བ་དང་ངང་ལ་འཇོག་པའི་རྩོལ་བ་ཕྲ་མོ་དེ་ཡང་མན་ངག་སྡེ་པ་ལ་མེད་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གཉིས་པ་ལམ་དངོས་བཤད་པ་ལ་གསུམ་སྟེ། གྲོལ་ལུགས་ཀྱི་གདེང་བཤད་པ། ཤན་འབྱེད་ཀྱི་འཕྱོང་བཤད་པ། ཉམས་ལེན་གྱི་གནད་བཤད་པའོ། །དང་པོ་གྲོལ་ལུགས་ཀྱི་གདེང་བཤད་པ་ལ་གཉིས་ཏེ། དགྲོལ་གཞི་མེད་པའི་གོ་དོན་སྤྱིར་བཤད་པ་དང་། གྲོལ་ཚུལ་སོ་སོའི་འཐད་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལྟ་བུའི་རྫོགས་ཆེན་སྡེ་གསུམ་པོ་དེ་དག་ལ་ནང་གསེས་ཀྱི་དབྱེ་བ་མང་དུ་སྣང་ཡང་ཀུན་ཀྱང་བསྡུ་ན་ཀློང་དགུར་འདུ་བ་ཡིན་ཏེ། དེ་ཡང་སེམས་སྡེ་རྣམས་ནི། ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་དང་། ལྟ་བ་ལ་མིན་པ་མེད་པའི་ཀློང་དང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་གསུམ་དུ་འདུས་སོ། །ཀློང་གི་སྡེ་རྣམས་ནི། སྒོམ་པ་ལ་ཡིན་པ་མེད་པའི་ཀློང་དང་། རང་བཞིན་ལ་བཙལ་དུ་མེད་པའི་ཀློང་དང་། མཚན་ཉིད་ལ་ཐ་དད་མེད་པའི་ཀློང་གསུམ་དུ་འདུས་སོ། །མན་ངག་སྡེ་པ་ཐམས་ཅད་ཀྱང་། རོལ་པ་འགག་པ་མེད་པའི་ཀློང་དང་། བློ་ལ་མ་གྲོལ་བ་མེད་པའི་ཀློང་དང་། ངོ་བོ་ལ་བཟང་ངན་མེད་པའི་ཀློང་གསུམ་དུ་འདུ་བ་ཡིན་ནོ། །དེ་ཐམས་ཅད་ཀྱིས་ཀྱང་ཨ་ནུ་མན་ཆད་ཀྱི་ལམ་འོག་མ་རྣམས་ལྟར་ཉོན་མོངས་པ་སྤོང་བསྒྱུར་ལམ་དུ་བྱེད་པ་སོགས་མ་ཡིན་པར་རང་གྲོལ་དུ་གཏོང་ཡང་། ཁྱད་པར་དུ་མན་ངག་སྡེ་པ་རྣམས་ཀྱིས་གདེང་གྲོལ་ཐོག་ཏུ་བཅའ་བའི་ཚུལ། སྤྱི་རིག་པ་བདེ་བར་གཤེགས་པའི་སྙིང་པོའི་གནས་ལུགས་ཀྱི་རང་ཞལ་རྣམ་པར་རྟོག་པས་བསྒྲིབས་ཏེ་མི་མཐོང་བ་འདི་རང་གྲོལ་གྱི་གནད་ལ་བརྟེན་ནས་གྲོལ་དགོས་པ་ཡིན་ནའང་། གང་ཞིག་དགྲོལ་བར་བྱ་བའི་གཞི་ནི་གང་ཡང་མེད་དེ་དྲི་མས་བསྒྲིབས་པའི་གཞི་རིག་པའི་ངོ་བོ་ལ་བྱ་ན། ཆོས་ཉིད་བྱང་ཆུབ་སེམས་ཀྱི་གཤིས་ནི་ཡོད་དེ་བལྟར་མི་མངོན། མེད་དེ་རྒྱ་མ་ཆད། གཉིས་ཀའི་ཕྱོགས་སུ་མ་ལྷུང་། དབུ་མར་བཟུང་བའང་མེད་པས། ཐོག་མཐའ་དང་། སྐྱེ་འགག་དང་། འགྲོ་འོང་དང་། དུས་གསུམ་དང་། མཐའ་དབུས་སོགས་ལས་འདས་པའི་ཕྱིར་གང་ཞིག་དགྲོལ་བར་བྱ། ཡང་དགྲོལ་གཞི་ཞེས་བྱ་བ་སྒྲིབ་བྱེད་ཀྱི་དྲི་མ་ལ་བྱ་ན་ནི་རྣམ་པར་རྟོག་པ་ཐམས་ཅད་སྐྱེས་ཙམ་ཉིད་ནས་གྲོལ་བར་མི་འགྱུར་བ་མེད་ཅིང་ཆོས་ཉིད་ཀུན་ཏུ་འགྲོ་བའི་ཕྱིར་རྣམ་པར་རྟོག་པ་ཞེས་བྱ་བ་དེ་ཡང་གཞི་མ་གྲུབ་ན་ཐབས་གང་གིས་སྒྲིབ་པ་གང་འགྲོལ་ཞེས་བྱ་བ་ཡང་སྤངས་པའི་ཕྱིར་མངོན་སུམ་པའི་ལྷག་མཐོང་རང་གསལ་གྱི་གདངས་འགགས་པ་མེད་པར་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་རིག་པ་ཀ་དག་གི་ཀློང་ན་རང་གསལ་བའི་ངང་དེར་མ་བཅོས་པར་བཞག་ན་རྣམ་རྟོག་ཐམས་ཅད་རང་སར་ཞིག་སྟེ་རང་བཞིན་གྱིས་བསམ་གཏན་བབས་ཀྱིས་གྲུབ་པ་ཡིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཡེ་ནས་ལྷུན་མཉམ་རིག་པ་བྱང་ཆུབ་སེམས། །ཇི་བཞིན་རང་བབས་ཆོས་ཉིད་ཡངས་པ་ནི། །རང་བཞིན་ཆོས་སྐུ་མཉམ་ཉིད་གདོད་མའི་ཀློང་། །ཀུན་ལ་ཡོད་དེ་སྐལ་ལྡན་འགའ་ཡི་ཡུལ། །ཇི་བཞིན་བཞག་ན་ངང་དེར་བབས་ཀྱིས་འགྲུབ། །ཅེས་སོ། །དེ་ལ་གང་ཟག་གི་བློ་རིམ་གྱི་འཇུག་སྒོའི་དབང་ལས་འབད་བཅས་དང་། འབད་མེད་ཀྱི་རང་གྲོལ་གཉིས་སུ་ཡོད་པ་ལས། དང་པོ་ནི་གཤིས་ཀྱི་གནས་ཚུལ་ལས་གཡོ་བ་མེད་པའི་ངང་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པ་གང་སྐྱེས་ཀྱང་རང་བཞིན་ཤེས་པའི་ལྷག་མཐོང་གིས་ངོས་བཟུང་ལ། ངང་ལས་མི་གཡོ། གཉེན་པོས་མི་འཆིང་། རྗེས་སུ་མི་འབྲང་བ་ཉིད་དུ་བཞག་པས་རིག་པའི་གཞི་ལ་དེ་ལྟར་མ་གྲུབ་པའི་ཕྱིར་ཆུ་མ་རྙོགས་པར་བཞག་ན་དྭངས་པ་ལྟར་འགྱུ་བའི་ཆོ་འཕྲུལ་རང་བཞིན་མེད་པར་དྭངས་པ་ཡིན་ལ། འབད་མེད་ནི་ཤར་ས་དང་ཤར་མཁན་རོ་གཅིག་པས་ཆོས་ཉིད་དང་རྣམ་རྟོག་ངོ་བོ་དང་རྩལ་སྣང་གཉིས་སུ་མ་གྲུབ་པར་ཤར་ཞིང་རང་གིས་རང་གྲོལ་བས་གང་སྐྱེས་ཚུགས་མི་ཐུབ་པའོ། །གཉིས་པ་གྲོལ་ཚུལ་སོ་སོའི་འཐད་པ་བྱེ་བྲག་ཏུ་བཤད་པ་ནི། མུ་ཏིག་ཕྲེང་བ་ལས་འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཞེས་རྣམ་གྲངས་ལྔར་བསྟན་པ་ལས། དང་པོ་ཡེ་གྲོལ་ནི་ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བའི་དབུས་ནའང་རིག་པ་ཉིད་ནམ་མཁའ་ལྟར་རང་བཞིན་མེད་པས་སྲིད་པར་ཀུན་ཏུ་སྦྱོར་བའི་སྐྱོན་དེ་དག་གིས་མ་གོས་ཤིང་རང་ངོ་སྤྲོས་པ་དང་བྲལ་བས་ན་ཕྱི་ནས་གྲོལ་རྐྱེན་གྱིས་བྱས་ཤིང་བཅོས་པ་མེད་པར་དང་པོ་ནས་ཡེ་གྲོལ་དུ་ཡོད་པ་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཉིད་ནས་ནི་གྲོལ་བར་གནས། །ཞེས་དང་། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། །ཅེས་སོ། །དེས་ན་སེམས་ཅན་ཕལ་པ་རྣམས་ནི་ང་དང་ང་ཡིར་འཛིན་པས་ཡིད་མ་མྱོང་བའི་འཁྲུལ་སྣང་གློ་བུར་བ་ལ་ཞེན་ཏེ་བསླུས་པ་ཡིན་པས་རྣལ་འབྱོར་བ་རྣམས་ཀྱིས་རིག་པའི་ངོ་བོ་ཡེ་སྟོང་རྩ་བྲལ་ལྟོས་གཞི་ལས་འདས་པ་རྒྱུ་འབྲས་རྗེས་མེད་ནམ་མཁའ་ལྟ་བུ་དེའི་ངང་ལས་རྩལ་སྣང་ཇི་ལྟར་མཆེད་ཀྱང་མེད་སྣང་སྟོང་པའི་རང་གཟུགས་ཤར་གྲོལ་རིས་མེད་དུ་དྭངས་སུ་བཅུག་པ་ཙམ་ལས་རྣམ་འགྱུར་གཞན་དུ་སོང་མ་མྱོང་བར་ཐག་ཆོད་པར་བྱའོ །དེ་ཡང་དཔེར་ན་སྨིག་རྒྱུ་ཆུ་ཉིད་དུ་སྣང་བའི་དུས་ཆུར་ཡེ་ནས་མེད་པས་ཆུ་མ་ཡིན་པར་གྲོལ་ཟིན་པ་ལ་དེ་ལྟར་ཤེས་ནས་ཐག་ཆོད་པ་ཙམ་ལས་གཟོད་གྲོལ་མི་དགོས་པ་བཞིན་ནོ། །དེ་ལྟར་ཡང་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། །མི་འགྱུར་སྤྲོས་དང་བྲལ་བའི་རིག་པ་ལ། །ཤར་བ་ཡེ་ཤར་གནས་པ་ཡེ་གནས་ལ། །གྲོལ་བ་ཡེ་གྲོལ་ནམ་མཁའི་རང་བཞིན་ནོ། །ཞེས་སོ །གཉིས་པ་རང་གྲོལ་ནི། གཉེན་པོ་ལ་ལྟོས་བཞག་མེད་པའི་དོན་ཏེ། སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་པ་ལྟར། སྣང་གྲགས་ཀྱི་ཆོས་ཐམས་ཅད་རིག་པ་རང་གི་རྩལ་ལས་རང་ཤར་ཞིང་ཤར་བའི་དུས་ཉིད་ནས་ཡོད་མེད་རྟག་ཆད་ལས་འདས་པའི་ཆོས་ཉིད་རང་ལ་གྲུབ་ཟིན་པས་རྐྱེན་གཞན་གྱིས་གྲོལ་བས་བྱས་པ་ཡང་མ་ཡིན། རང་གིས་རང་ལ་གྲོལ་བའི་བྱ་བ་བྱས་པ་ཡང་མ་ཡིན་པར་ཆུ་ཀླུང་འཇམ་པོ་རང་བཞིན་གྱིས་གྲོལ་བར་གནས་པ་བཞིན་རང་གྲོལ་དུ་ཡོད་པ་ལ། བྱིས་པ་རང་ག་བ་རྣམས་ནི་བདག་ཏུ་འཛིན་པས་བཅིངས་ཤིང་། ཕུང་པོ་ལྔ་ལ་སྟོང་པར་ལྟ་བ་ལ་སོགས་པའི་བཅོས་མའི་ལྟ་སྒོམ་སྤྱོད་པའི་འདུ་ཤེས་སྐྱོན་ཅན་གྱིས་ཀྱང་ལྷད་བཅུག་པས་ཆུ་ལ་དར་ཆགས་པ་ལྟར་རང་གྲོལ་གྱི་ངོ་བོ་ལ་སྒྲིབ་པས་ན། དང་པོ་ནས་རང་གྲོལ་གྱི་གནད་མི་རྟོགས་པའི་རིགས་རྣམས་ལ་ལྟ་སྒོམ་སྤྱོད་པའི་ཐ་སྙད་ཅན་གྱི་ལམ་བདེན་འདུས་བྱས་ཀྱི་རང་བཞིན་ཅན་དུ་བསྟན་པའང་མཐར་ཆོས་སྐུའི་དབྱིངས་སུ་རང་གྲོལ་ལ་འགྲོ་དགོས་པ་ཡིན་ནོ། །དེས་ན་རང་གི་ངོ་བོ་ཉིད་མེད་པ་དེ་ཉིད་རང་གྲོལ་གྱི་གནས་ལུགས་ཡིན་པས་རྣམ་པར་རིག་པ་དང་བཅས་པའི་ཐབས་ཤེས་སོགས་ལམ་གྱི་རྐྱེན་གཞན་རྣམས་ནི་དེའི་ལྡོག་ཕྱོགས་སུ་འགྲོ་འདོགས་པ་ཡིན་པས་དེ་ལ་རག་མ་ལུས་པའི་ཕྱིར་ལམ་འདིར་ཞུགས་པའི་སྐལ་བ་དང་ལྡན་པ་རྣམས་ཀྱིས་རིག་པ་ཟང་ཀ་ཆོས་སྐུའི་རང་དབྱིངས་སུ་ཀ་དག་རྗེན་པར་གནས་པ་དེར་ངོ་ཤེས་ནས་རང་ས་ཟིན་ན་རྩལ་ལས་ཤར་བའི་རྣམ་རྟོག་ཐམས་ཅད་སྦྲུལ་གྱི་མདུད་པ་བཞིན་རང་ཡལ་རྗེས་མེད་དུ་དག་པ་སྟེ། སྔ་མ་ལས། མི་གཡོ་མཉམ་པ་ཆེན་པོའི་རིག་པ་ལ། །ཤར་བའི་དུས་ན་རང་ཤར་རང་ས་ཟིན། །གནས་པའི་དུས་ན་རང་གནས་རང་ས་ཟིན། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། ཞེས་སོ། །གསུམ་པ་ཅེར་གྲོལ་ནི། རྟག་ཏུ་རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན་བཞིན་ཡོད་པ་དེའི་རྩལ་མ་འགགས་པ་ལས་ཆགས་ཡུལ་ལམ་སྡང་ཡུལ་སོགས་གང་ཡང་རུང་བ་ཞིག་མིག་གིས་མཐོང་བའི་ཚེ་ཆགས་སྡང་ལ་སོགས་པའི་རྣམ་རྟོག་འཕྲོ་བར་རྩོམ་པ་ན་སེམས་ཀྱི་སྐད་ཅིག་མ་དང་། མིག་གི་ལྟ་སྟངས་ཐོག་བབས་ཆེན་པོའི་གནད་ཀྱིས་གཟིར་ཏེ་དེར་གཅེར་གྱིས་གཏད་ནས་རིག་ཐོག་ཏུ་རྗེན་པར་བཞག་པས་སྐད་ཅིག་དང་པོ་ལ་གཟུགས་ཀྱི་སྤྲོས་པ་ཆོད་དེ། ཤེས་པ་ཡུལ་ལ་མ་ཞེན། སྣང་བས་ཤེས་པ་ལ་མ་གོས་ཀྱང་སྣང་ཡུལ་གང་དུ་མ་སོང་བཞིན་ཤེས་པ་གཏན་ཡལ་དུ་གྲོལ་བ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་དམིགས་པ་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་རྣ་བས་སྒྲ་ཐོས་སམ། སྣས་དྲི་ཚོར་རམ། ལྕེས་རོ་མྱོང་ངམ། ལུས་ཀྱི་རེག་བྱ་ལ་རེག་གམ། ཡིད་ཀྱི་སྒོ་ལྔའི་ཡུལ་དེ་དག་གམ། དོན་སྤྱི་སོགས་གང་ལ་དམིགས་པ་ན་ཆོས་ཅན་ཁོལ་བུའི་སྣང་བ་ཐ་དད་པ་དེ་ཐམས་ཅད་ལ་སྐད་ཅིག་གིས་ཐོག་བབས་ཆེན་པོའི་གནད་ཀྱིས་ཅེར་གྲོལ་དུ་གཏོང་བ་ལ་གོམས་ན་མཐར་གྱིས་སྣང་བ་ཐམས་ཅད་ཅེར་གྲོལ་དུ་དག་པས་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་པའི་དབང་གིས་གཟུང་འཛིན་དུ་འབྲེལ་ནས་འཁོར་བའི་བག་ཆགས་སོགས་པའི་རྒྱུ་འབྲས་ཀྱི་གཞི་ཀུན་དང་བྲལ་ཏེ་ཤར་གྲོལ་རྒྱུན་ཆད་མེད་པར་ཤུགས་ཀྱིས་འབྱུང་བ་སྟེ། ཀློང་དྲུག་པ་ལས། ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀར་རང་སར་དག །ཅེས་དང་། སྔ་མ་ལས། ཤར་གནས་གྲོལ་གསུམ་ཤར་གྲོལ་རྒྱུན་ཆད་མེད། །རྒྱུན་ཆད་མེད་པས་རྒྱུ་འབྲས་བར་མ་ཆོད། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །གཡང་ས་མེད་པས་གོལ་ས་ག་ལ་ཡོད། །ཅེས་སོ། །བཞི་པ་མཐའ་གྲོལ་ནི། རིག་པའི་ངོ་བོ་སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཀྱང་། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་འཆད་པས་མེད་མཐའ་ལས་གྲོལ་ཀྱང་། རྟག་དངོས་མ་ཡིན་པས་ཡོད་མཐའ་ལ་མི་གནས། རྩལ་སྣང་སྣ་ཚོགས་སུ་འཆར་བས་གཅིག་པུར་མ་གྲུབ་པ་དང་། ངོ་བོ་སྤྲོས་པ་དང་བྲལ་བས་དུ་མར་གདགས་པའི་མཐའ་ལས་གྲོལ་བའི་རང་བཞིན་ནི་ཀུན་ཏུ་བཟང་པོ་སྟེ། སྟོང་གསལ་ཟང་ཐལ་བས་རྡོ་རྗེ་སེམས་དཔའི་ཀློང་ཡངས་པ་དེ་ངོ་ཤེས་པའི་ངང་ལ་འཕོ་འགྱུར་མེད་པར་གནས་པས་ཕྱི་ཡུལ་ལ་ཕར་མི་བསམ། ནང་སེམས་ལ་ཚུར་མི་རྟོག །བར་སྐྱེ་མེད་ལ་རང་སར་མི་འཇོག་པར་རིག་པ་རྗེན་ལ་ཕུད་པས་སངས་རྒྱས་རང་ལས་རྙེད་པ་སྟེ། རྩ ལ་རྫོགས་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ། །ཞེས་དང་། སྔ་མ་ལས། ཡེ་ནས་མི་འགྱུར་ཀུན་ཏུ་བཟང་པོའི་ཀློང་། །འཕོ་འགྱུར་མེད་པས་རྡོ་རྗེ་སེམས་དཔའི་ཀློང་། །གནས་ལུགས་རང་ངོ་ཤེས་པ་ཙམ་ཉིད་ལ། །སངས་རྒྱས་ཞེས་པ་མིང་དུ་བཏགས་པར་ཟད། །ཅེས་སོ། །ལྔ་པ་གཅིག་གྲོལ་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ལ་གཅིག་དང་དུ་མ་མ་གྲུབ་ཀྱང་། ཐ་སྙད་དུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ་བར་བཏགས་པའི་ཟང་ཐལ་གྱི་ཡེ་ཤེས་གཅིག་པོ་འོག་མའི་ལམ་གྱི་ཐབས་དང་ཤེས་རབ་ལྟ་བུའི་རྐྱེན་ལ་མ་ལྟོས་པར་རྗེན་པར་རིག་པའི་ངང་དེར་མ་གྲོལ་བའི་ཆོས་གང་ཡང་མེད་པས་དེའི་ངང་མ་ཤོར་ན་ལུས་ཀྱི་འགྲོ་འདུག་དང་། ངང་གི་སྨྲ་བརྗོད་དང་། ཡིད་ཀྱི་བསམ་རྟོག་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་རིག་པའི་ངོ་བོར་མ་གྲུབ་པས་མཚན་ཉིད་མེད་པ་ནི་རྒྱལ་བའི་སྐུ་གསུང་ཐུགས་སུ་རང་ཤར་བ་སྟེ། ཡི་གེ་མེད་པ་ལས། ཐིག་ལེ་ཉག་གཅིག་སྤྲོས་མེད་དེ། །བློ་ཡི་བྱེ་བྲག་བརྗོད་ལས་འདས། །ཞེས་དང་། སྔ་མ་ལས། ཇི་ལྟར་འདུག་ཀྱང་རང་གི་ངང་ལ་འདུག །ཇི་ལྟར་གནས་ཀྱང་རང་གི་ངང་ལ་གནས། །ཇི་ལྟར་འགྲོ་ཡང་རང་གི་ངང་ལ་འགྲོ། །བྱང་ཆུབ་དབྱིངས་ལ་འགྲོ་འོང་ངང་གིས་མེད། །འགྲོ་འོང་མེད་པ་རྒྱལ་བ་རྣམས་ཀྱི་སྐུ། །ཇི་ལྟར་སྨྲས་ཀྱང་རང་གི་ངང་ལ་སྨྲ། །ཇི་ལྟར་བརྗོད་ཀྱང་རང་གི་ངང་ལ་བརྗོད། །བྱང་ཆུབ་སེམས་ལ་སྨྲ་བརྗོད་ངང་གིས་མེད། །སྨྲ་བརྗོད་མེད་པ་དུས་གསུམ་རྒྱལ་བའི་གསུང་། །ཇི་ལྟར་བསམས་ཀྱང་རང་གི་ངང་ལ་བསམ། །ཇི་ལྟར་བརྟགས་ཀྱང་རང་གི་ངང་ལ་རྟོག །བྱང་ཆུབ་སེམས་ལ་བསམ་རྟོག་ཡེ་ནས་མེད། །བསམ་རྟོག་བྲལ་བ་དུས་གསུམ་རྒྱལ་བའི་ཐུགས། །ཞེས་སོ། །དེ་ཡང་དོན་ལ་རིག་པའི་ངང་ལས་མ་གཡོས་པས་རིག་པ་འགྲོ་འོང་སྨྲ་བརྗོད་དྲན་རྟོག་ཐམས་ཅད་ཀྱི་ཡུལ་ལས་འདས་པར་བཞུགས་པའོ། །དེ་ལྟར་རིག་པ་གཅིག་པུའི་ངང་ལས་མ་གཡོས་ན་སྐུ་གསུམ་གྱི་དགོངས་པ་ཡང་དེ་ལས་གཞན་ན་མེད་དེ། དེ་ཉིད་ལས། མེད་ལ་ཅིར་ཡང་འབྱུང་བ་སྤྲུལ་པའི་སྐུ། །ཉིད་ལ་ཉིད་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས། །དེ་ལ་དངོས་གཞི་མེད་པ་ཆོས་སྐུ་སྟེ། །འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་། །ཞེས་སོ། །དེའི་ཕྱིར་གང་ཟག་གི་དབང་པོའི་རིམ་པས་གྲོལ་ལུགས་སྔ་མ་བཞི་པོའང་མཐར་ཐུག་སོ་སོ་རང་གི་རིག་པའི་ཆོས་ཉིད་གཅིག་ཏུ་གྲོལ་བའི་མཚན་ཉིད་ཤེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་གྲོལ་ཡེ་འབྱམས་ཆེན་པོའི་སྟོང་པ་ཉིད་དུ་ལ་བཟླ་བར་འགྱུར་རོ། །ལ་བཟླ་བ་ཞེས་པ་ནི་ཤེས་ཤིང་ཐག་ཆོད་པའི་དོན་ཏེ་འདི་ལྟར་མེ་གཅིག་གི་མཚན་ཉིད་ཤེས་པ་དང་། བུ་རམ་གཅིག་གི་རོ་ཤེས་པས་མེ་ཐམས་ཅད་ཚ་བ་དང་། བུ་རམ་ཐམས་ཅད་མངར་བར་ཤེས་པ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་སོ། །གཉིས་པ་ཤན་འབྱེད་ཀྱི་འཕྱོང་བཤད་པ་ལ་བཅུ་སྟེ། སེམས་རིག་དོན་གྱི། གནས་པ་ངོ་བོའི། འཕྲོ་བ་རྩལ་གྱི། གྲོལ་ཚུལ་གནད་ཀྱི། ཀུན་གཞི་ཆོས་སྐུའི། འཁྲུལ་གྲོལ་སྐབས་ཀྱི། གཞི་འབྲས་ལྷུན་གྲུབ་ཀྱི། ལམ་འབྲས་ཀ་དག་གི། །བར་དོ་ལྷ་ཡི། དབུགས་འབྱིན་ཞིང་གི་ཤན་འབྱེད་བཤད་པའོ། །དང་པོ་སེམས་རིག་དོན་གྱི་ཤན་འབྱེད་བཤད་པ་ནི། གང་དག་ཞེས་པའི་འོག་ཏུ་རྟོགས་པ་ཞེས་དང་། མ་རྟོགས་ཞེས་པ་ག ཉིས་ལ་བསྙེགས་པ་ཡིན་ལ། དེ་ལ་སེམས་ཞེས་བྱ་བ་ནི་བག་ཆགས་སྣ་ཚོགས་པ་འཛིན་པའི་གསལ་རིག་གི་ཤེས་པ་འདུས་བྱས་ཀྱི་ཆ་དང་། དེ་ལས་ཤར་བའི་གཟུང་འཛིན་གྱི་རྣམ་པ་ཅན་ཏེ། དེ་ཡང་བཟུང་བའི་སེམས་ལས་གཟུང་ཡུལ་མེད་པ་གསལ་སྣང་གཟུགས་སྒྲ་དྲི་རོ་རེག་བྱ་ལྔར་སྣང་ལ། འཛིན་པའི་སེམས་ལས་ལས་དང་རྣམ་སྨིན་ཉོན་མོངས་པ་དཔག་ཏུ་མེད་པ་སྣང་བར་འགྱུར་རོ། །དེ་ལས་འདས་པའི་རིག་པ་ནི་སྟོང་གསལ་འདུས་མ་བྱས་པ་ནམ་མཁའ་ལྟ་བུའི་ངང་ན་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གདངས་འགག་པ་མེད་པའི་ཚུལ་དུ་གནས་པ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་རྣམ་དག་ཉིད་མཁའ་ལྟ་བུ་ལས། །ཞེས་སོ། །དེ་ལྟ་བུའི་རིག་པ་ཅར་ཕོག་ཏུ་ངོ་སྤྲད་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ཏེ་རིག་པའི་ཆོས་ཉིད་ཚུལ་བཞིན་དུ་རྟོགས་པ་རྣམས་ནི་གཞི་རིག་པའི་རྩལ་ལས་རོལ་པར་ཤར་དུས་ཕྱི་ཡུལ་དུ་མ་དཔྱད། ནང་སེམས་སུ་མ་བཟུང་བས་སྣང་ཤེས་ཀྱི་འཛིན་པ་ལས་གྲོལ། གཟུང་འཛིན་གྱི་མཁན་པོ་འགྱེལ་ཏེ། ལས་དང་ཉོན་མོངས་པ་སྟོངས་ནས་འཁོར་བའི་ཆོས་ཐམས་ཅད་རིག་པ་རང་བཞིན་མེད་པའི་ངང་དེར་གྲོལ་ཏེ། ཆོས་ཉིད་ཟད་པའི་སར་ཐུག་པ་ན་ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཏེ་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཞེས་བྱ་སྟེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དེ་ཚེ་མཁའ་འདྲ་ཕྱི་ནང་འཁྲུལ་པའི་ཆོས། །གང་ཡང་མི་དམིགས་ཆོས་སྐུའི་དགོངས་པར་ཕྱིན། །ཟད་པའི་སར་ཐུག་འགྲོ་དང་འོང་མེད་པས། །ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་ཞིང་། །ཆོས་སྐུའི་ཕོ་བྲང་མཆོག་ཏུ་ཕྱིན་པ་ཡིན། །ཞེས་སོ། །རིག་པའི་ཆོས་ཉིད་མ་རྟོགས་པ་རྣམས་ཀྱིས་ཀུན་གཞི་ལས་ཤར་བའི་ཕྱི་ནང་གི་དངོས་པོ་རྣམས་ལ་སྣང་སེམས་དང་། བདག་གཞན་དུ་བཟུང་བས་སེམས་ཅན་ཞེས་བྱ་སྟེ། རིག་པའི་དབྱིངས་དེ་ཉིད་ལས་མ་གཡོས་བཞིན་ཀུན་གཞིའི་ངང་དུ་འཁོར་བར་འགྱུར་ཏེ། རྩལ་རྫོགས་ལས། མི་ཤེས་བྱིས་པའི་ངང་ཉིད་ཀྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །ཡུལ་སྣང་མེད་ལ་སྣང་བར་བཟུང་། བདག་དང་གཞན་དུ་མེད་པ་ལ། །བདག་དང་གཞན་དུ་འཁྲུལ་པས་བཟུང་། །ཞེས་སོ། །མདོར་ན་རིག་པ་དང་སེམས་གཉིས་པོ་དེ་དཔེ་ཡི་རྣམ་པས་དབྱེ་བ་ཕྱེ་སྟེ་བསྟན་ན། འདི་ལྟར་རིག་པ་ནི་མ་རིག་པ་ཚོགས་བརྒྱད་དང་བཅས་པའི་རླབས་ཀྱིས་རྣམ་པར་མ་དཀྲུགས་པའི་ཆོས་ཉིད་ཡངས་པ་ཆེན་པོའི་རྒྱ་མཚོའི་ཆུ་ལྟ་བུ་ཡིན་པས་ཐེག་པའི་རྩེ་མོ་ཨ་ཏི་ཡོ་གའི་ལམ་དུ་ཞུགས་པ་རྣམས་ཀྱིས་དེ་ཉིད་ཐད་དྲང་དུ་སྐྱོང་ཤེས་ནས་སེམས་རྟོག་ཆུ་ལ་རི་མོ་བྲིས་པ་ལྟ་བུའི་སྤང་གཉེན་སྣ་ཚོགས་པ་ལ་ལྟོས་མི་དགོས་པར་ཆོས་སྐུའི་དགོངས་པ་ལས་འཕོ་འགྱུར་མེད་པ་དང་། ཉན་ཐོས་པ་རྣམས་ཀྱིས་འཁོར་འདས་ལ་སྐྱོན་ཡོན་དུ་བལྟས་ནས་བདེན་པ་བཞིའི་བླང་དོར་ལ་བརྩོན་པ་ནས། ཨ་ནུའི་ལམ་དུ་བདེ་སྟོང་གི་རྫོགས་རིམ་བསྒོམ་པའི་བར་གྱི་རིམ་པ་བརྒྱད་པོའི་ཐེག་པ་ཐམས་ཅད་དུ་ནི། གདོད་མ་ནས་ཆོས་སྐུའི་གཤིས་ལ་གྲུབ་མ་མྱོང་བའི་སེམས་རྟོག་གློ་བུར་བ་ཆུའི་དབུ་བའམ་ཆུ་ཝུར་བཞིན་མི་རྟག་ཅིང་འགྱུར་བའི་ཆོས་ཅན་དེ་ལམ་དུ་བྱས་ནས་སེམས་ཀྱི་དྲི་མ་དང་བྲལ་ན་ཆོས་སྐུའི་ཡེ་ཤེས་གཟོད་མངོན་དུ་འགྱུར་བར་འདོད་པ་གཉིས་ཀྱི་ཁྱད་པར་ཏེ། རང་ཤར་ལས། རིག་པ་དང་མ་རིག་པའི་དཔེ་ནི་ཆུ་དང་རི་མོའི་ཚུལ་ཏེ། ཞེས་དང་། སེམས་དང་རིག་པའི་དཔེ་ནི་ཆུ་དང་དབུ་བའི་ཚུལ། སེམས་ཀྱི་དབང་དུ་མ་གྱུར་ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱི་ཤེས་པར་བྱ། །སེམས་ཀྱི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཞེས་སོ། །ཡང་མཉམ་པར་བཞག་པའི་གནས་སྐབས་ན་སེམས་རྟོག་གི་འགྱུ་བ་མངོན་འགྱུར་བ་འགགས་ནས་མེད་པ་ཙམ་དུ་སེམས་རྩེ་གཅིག་ཏུ་ཟིན་པ་དང་། རིག་པ་ཡུལ་མེད་དུ་ཟིན་པ་གཉིས་མཚུངས་པ་ལྟར་ཡོད་ནའང་། རིག་པ་ཡུལ་མེད་དུ་ཟིན་པ་ནི་རང་བཞིན་མེད་པའི་ཆོས་ཉིད་ཡོངས་ཤེས་ཀྱི་ངོ་བོར་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བར་ཟང་ཐལ་དུ་གནས་པས་ལྟ་སྒོམ་རྒྱུ་འབྲས་ལས་འདས་པའི་ཕྱིར་དེའི་ངང་ལ་གོམས་ན་ཡང་སྲིད་ལེན་པའི་ལས་དང་བག་ཆགས་ཐམས་ཅད་ཟད་པར་འགྱུར་བ་ཡིན་ལ་སེམས་ནི་མི་རྟོག་པར་བཞག་པའི་ཚེ་རྩེ་གཅིག་ཏུ་ཟིན་ནའང་གཏིང་མཐའ་དང་བྲལ་བའི་ཆོས་ཀྱི་དབྱིངས་དང་རོ་གཅིག་ཏུ་མ་གྱུར་པར་དམིགས་པའི་ཡུལ་བྱེ་བྲག་པ་གཅིག་ལ་བཟུང་བས་རྒྱ་ཆུང་བ་ལྟེང་ཀའི་ཆུ་བྲན་ལྟ་བུར་འཁྱིལ་ཞིང་མ་རིག་པ་དང་མཚུངས་པར་ལྡན་པའི་གཟུང་འཛིན་གྱི་བརྟོད་ཕུར་བག་ཉལ་གྱི་ཚུལ་དུ་ཡོད་པས་རིག་པ་རང་བྱུང་གི་སྒྲོན་མ་ལ་རྨོངས་ནས་སྒྲིབ་པར་འགྱུར་ཏེ། ཀློང་དྲུག་པ་ལས། ལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །ཞེས་སོ། །གཞན་ཡང་དཔེར་ན་རིག་པ་ནི་རྩལ་སྣང་ཡིད་ཤེས་ཀྱི་ཡུལ་ལ་མི་འཇུག་པས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། གནམ་སྟོང་གི་ཟླ་བ་རང་འོད་ཕྱིར་མི་འགྲོ་བར་གཏིང་ན་གསལ་བ་དང་འདྲ་བར་རང་གནས་ཀྱི་རིག་པའི་གསལ་ཆ་མ་འགགས་པ་ལ་ཡེ་ཤེས་ལྔ་པོ་ལྷུན་གྲུབ་ཏུ་ཡོད་ཀྱང་ཡུལ་གྱི་རང་བཞིན་ལ་དང་པོར་མི་རྟོག །རྗེས་སུ་མི་དཔྱོད་རྒྱུན་ཆགས་སུ་མི་འཛིན་པས་རང་ངོ་ལ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་ལ། སེམས་ནི་ཁ་ཕྱིར་བལྟས་སུ་ཡུལ་སྣ་ཚོགས་པའི་རྗེས་སུ་འབྲངས་ནས་དེ་དང་དེར་འཛིན་ཅིང་དཔྱོད་པས་ཚེས་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོ་ཏེ་ས་གཞིའི་བར་གྱི་ཡུལ་ཐམས་ཅད་ལ་ཁྱབ་ཅིང་འདྲེས་པ་དང་མཚུངས་པ་དེས་ན་མངོན་སུམ་པའི་ལྷག་མཐོང་གསལ་བའི་ཆ་ལ་མ་རིག་པའི་རྙོག་པ་མེད་པས་དྭངས་ལ་ཡུལ་གྱི་རྣམ་པས་གོས་པ་མེད་པས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་ཡེ་ནས་བཅོས་པ་མེད་པར་ཟུང་འབྲེལ་དུ་ཡོད་པས་གཟུང་འཛིན་གྱི་གཞི་སྟོངས་པ་ནི་རིག་པའི་ཡོན་ཏན་ཡིན་ཏེ། དེ་ལས་གཞན་པའི་མྱ་ངན་ལས་འདས་པའི་ཆོས་མེད་ལ། ཚོགས་དྲུག་གི་ཡུལ་དང་ཀུན་ནས་འདྲེས་ཏེ་སེམས་བྱུང་དང་བཅས་པའི་རྟོག་པ་རགས་པ་དུ་མ་མཆེད་དེ་དགེ་སྡིག་གི་ལས་དུ་མ་འདུ་བྱེད་པས་སྲིད་པའི་རྒྱུ་སྣ་ཚོགས་པ་སྡུད་པར་བྱེད་པ་ནི་སེམས་ཀྱི་ཁྱད་པར་ཡིན་ལ། དེར་མ་ཟད་ཡོད་མེད་ལ་སོགས་པའི་སྤྲོས་པ་རྟོག་དཔྱོད་ཀྱི་དཔྱད་རིག་རྣོན་པོས་བཅད་ནས། བདག་མེད་པའམ། སྟོང་པའམ། སྤྲོས་པ་དང་བྲལ་ལོ་སྙམ་པའི་ངེས་ཤེས་དེའི་ངང་ལ་མཉམ་པར་བཞག་ནས་རྩེ་གཅིག་པའི་ཆ་ལ་ཞི་གནས་དང་། རང་བཞིན་མེད་པར་དཔྱོད་པའི་ཆ་ལ་ལྷག་མཐོང་ཞེས་ཟུང་འཇུག་ཏུ་བསྒྲུབས་ཀྱང་། གཟུང་འཛིན་དང་བཅས་པས་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར་བའི་ཕྱིར་ཐུན་མོང་བའི་ལམ་དུ་ཡང་དག་པའི་ལྷག་མཐོང་གི་རྒྱུ་ཙམ་དུ་མི་སྤང་མོད་ཀྱང་རིག་པ་ལམ་དུ་བྱེད་པའི་ལམ་འདིར་ནི་གོལ་ས་ཡིན་ནོ། །དེ་ལྟར་ཡང་ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །གཉིས་པ་གནས་པ་ངོ་བོའི་ཤན་འབྱེད་ནི། དེ་བཞིན་དུ་རིག་པ་ཟང་ཐལ་དུ་ངོས་ཟིན་པའི་ངང་ལ་གནས་ན་དེ་ནི་རང་གི་ཆོས་ཉིད་ཀྱི་གཤིས་ལ་ཡེ་ནས་གནས་པའི་ཤེས་རབ་བམ་ལྷག་མཐོང་སྟེ་ངོ་བོ་བསལ་བཞག་དང་བྲལ་བས་བསམ་གཏན་གྱི་ངང་དུ་སེམས་གཅུར་ནས་འཕྲོ་བ་དགག་པ་དང་གནས་པ་སྒྲུབ་པ་སོགས་ཀྱི་ཐབས་ལ་མ་ལྟོས་པར་རང་བཞིན་གྱིས་རིག་པ་གསལ་བའི་ངར་དང་ལྡན་པས་བྱིང་བ་ཡང་མེད་ལ་འགྱུར་བ་རང་གྲོལ་དུ་དག་པས་རྒོད་པ་དང་བྲལ་བ་ཡིན་ཞིང་། སེམས་ལམ་དུ་བྱེད་པའི་བསམ་གཏན་ནི། ལྷ་དང་མི་རྟོག་པ་ལ་སོགས་དམིགས་པའི་ཡུལ་ལ་འཛིན་སྟངས་དང་བཅས་པས་རྩེ་གཅིག་ཏུ་འཇོག་པ་ཡིན་པས། བསྒོམ་པའི་ཏིང་ངེ་འཛིན་དང་སྔར་གཏན་ལ་དབབ་པར་བྱས་པའི་ལྟ་བའི་དོན་དེ་གཉིས་ཡུལ་བསྒོམ་བྱ་ལྟ་བའི་རང་བཞིན་རྟེན་དང་ཡུལ་ཅན་སྒོམ་བྱེད་ཏིང་ངེ་འཛིན་བརྟེན་པ་ལྟ་བུར་ཟུང་དུ་འབྲེལ་བས་ན་གཟུང་འཛིན་དང་བྲལ་བའི་རིག་པའི་སྒྲིབ་བྱེད་དུ་སོང་ནས་གནས་སྐབས་རྣམ་རྟོག་ངལ་གསོ་བའི་བསྟི་གནས་ཙམ་ལས་ཆོད་ཆུང་བ་ཉིད་དེ། རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསམ་གཏན་ཤེས་གཞི་བྱར་མེད་དང་། །རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །ཞེས་སོ། །གསུམ་པ་འཕྲོ་བ་རྩལ་གྱི་ཤན་འབྱེད་ནི། རིག་པ་ནི་ཡུལ་ལ་ཤར་བ་སྟེ་ཐུགས་རྗེའི་རྩལ་མདངས་མ་འགགས་པར་སྣང་བ་ཡིན་ཀྱང་རང་ངོ་དང་རྩལ་ཤར་བ་གཉིས་ཐ་དད་དུ་གྱེས་ཏེ་ཡུལ་གྱི་ཕྱི་བཞིན་རྟོག་པ་རྗེས་མཐུད་ནས་རྩ་བ་མ་ཆོད་པ་མ་ཡིན་པར་ཕྱིར་མ་དཔྱད། ནང་དུ་མ་བརྟགས། བར་དུ་མ་བཞག་པའི་ཆོས་ཉིད་རྗེན་པར་བུད་པ་ལས་གཞན་དུ་མི་འགྱུར་བས་འགྱུ་བ་ཐམས་ཅད་དངོས་མེད་རང་དག་ལ་འགྲོ་བའི་ཕྱིར། སྣང་བ་ཡི་ཆས་ཟིལ་གྱིས་མི་ནོན་པ་དཔེར་ན་དངུལ་ཆུ་སར་ལྷུང་སྟེ་རྡུལ་གྱི་གསེབ་ཏུ་ཚུད་ཀྱང་དེ་རྡུལ་དང་མི་འདྲེ་བས་དེ་ལ་གོས་པ་མེད་པ་དང་འདྲ་བ་ཡིན་ལ། སེམས་ནི་ཡུལ་སྣང་རིག་པ་ལ་སྣང་དུས་རང་སྣང་རང་བཞིན་མེད་པར་ངོ་ཤེས་པའི་ངང་མ་འཁྱོང་ནས་ཡུལ་གྱི་རྣམ་པ་ལ་ཞེན་ཏེ་གཟུང་འཛིན་གྱི་ཆ་དང་བཅས་པ་ཡི་རྣམ་པར་རྟོག་པ་གཅིག་རྗེས་སུ་གཅིག་མཐུད་དེ་གཞི་རྩ་མ་ཆོད་པར་སྲིད་པ་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་ནས་ལས་སོགས་པར་འགྱུར་ཏེ། ཀློང་དྲུག་པ་ལས། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་བསམ་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །འོ་ན་སེམས་འཆར་བ་མི་འགག་པའམ། ཤར་གྲོལ་ཐུགས་རྗེའི་ཆ་དེ་ལམ་དུ་མི་བྱེད་དམ་ཞེ་ན། ཐུགས་རྗེའི་ཆ་འཆར་གཞིའི་རིག་པ་ཟང་མ་རང་མལ་ལས་མ་གཡོས་པ་ལ་ཟེར་བས་དེ་ལམ་དུ་བྱེད་ཀྱི། རྩལ་ལས་སེམས་སུ་ཤར་ཟིན་རྟོག་པའི་ཆ་དེ་རྣམ་པ་ཐམས་ཅད་ནས་ལམ་དུ་མི་བྱེད་དེ། ངོ་བོ་རིག་པ་ལ་བཞག་དུས་སེམས་གར་དགར་རང་སངས་ལ་བསྐྱུར་བ་ཡིན་ནོ་ཞེས་ཡང་ཡང་བཤད་པ་ཡིན་གསུངས། གནད་འདི་ཤིན་ཏུ་གལ་ཆེ་སྟེ། ཐུན་མོང་གི་ཐེག་པར་ཡང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་དང་། ཚིག་གསལ་ལས། སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུད་ཆ ད་པ་དང་། ཞེས་དང་། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལ་སོགས་པའོ། །རྒྱུ་མཚན་དེས་ན་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་དུ། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཞེས་དང་། དེའི་འགྲེལ་པར་ཡང་། དེང་སང་འགའ་ཞིག་གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞེས་དང་། ཏིང་འཛིན་ཡིད་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའོ་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་འདུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་དང་། ཐུན་མོང་གི་ཐེག་པར་ཡང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་དང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམ་ཆེ་བ་ཉིད་དོ། །འདི་ལྟ་བུའི་འདོད་པ་ཐོས་པར་ཡང་མི་བྱ་ན་རྗེས་སུ་ཕྱོགས་པ་ལྟ་ཅི་སྨོས་སོ། །ཞེས་གསུངས། འོན་ཀྱང་ཟབ་མོའི་ཉམས་ལེན་གྱི་སྐལ་བ་དམན་པ་བདག་ལྟ་བུས་ནི། རང་གི་བླ་མ་དམ་པ་རྣམས་ཀྱིས་ཀྱང་། ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ཟུང་འཇུག་དབུ་མ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མཚན་མ་མེད་པའི་རྫོགས་རིམ་དང་། རྫོགས་པ་ཆེན་པོ་རྣམས་གནད་གཅིག་པ་ཡིན་པས་མདོ་སྔགས་ཀྱི་དངོས་གཞིའི་ཉམས་ལེན་ཐམས་ཅད་ཧྲིལ་གྱིས་དྲིལ་ན་ཞེན་མེད་གཅིག་པོ་འདི་ཀ་ཡིན་པས་འདི་ལ་བློ་གཏད་བཅོལ་དགོས་གསུངས་ཀྱང་། ད་དུང་ཞེན་མེད་ཀྱི་གོ་བ་ཕྱིན་ཅི་ལོག་ཏུ་བཟུང་ནས་རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བས་བསླད་དེ་རྟོག་པ་འགྱུས་ཀྱང་སྟོང་པར་ཤེས་ན་ཞེན་མེད་ཡིན་པས་ཅི་གནོད་སྙམས་ཀྱང་། འཆར་ལུགས་སྔར་དང་འདྲ་བ་ལ། །གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །ཞེས་པ་ལྟར། ཞེན་མེད་ཡིན་ན་གང་ཤར་ཐམས་ཅད་རང་གྲོལ་དུ་སོང་ནས་རྒྱུད་མི་འཆིང་བ་ཞིག་དགོས་པ་ལ། ཆགས་སྡང་ལ་སོགས་པའི་རྟོག་པ་གང་སྐྱེས་ཀྱང་རྩུབ་ཧྲག་ཧྲག་དམ་སྦྲང་སྦྲང་དུ་སོང་ནས་ཕྱི་བཞིན་འབྲང་དགོས་པ་ནི་སྔར་ལས་མ་འགྱུར་བར་འདུག །ཡང་གསལ་སྟོང་གི་ངོ་བོར་རྩེ་གཅིག་ཏུ་གནས་ན་དེ་ཞེན་མེད་ཀྱི་རིག་པ་ཡིན་པས་དེ་ན་སྐྱོང་རྒྱུ་ཞིག་འདུག་སྙམས་ཀྱང་། གསལ་བ་དེ་ཡོད་པ་ཡིན་པས་ཡོད་ཚུལ་ཞིག་མཐོང་རྒྱུ་ཡོད་ན་དེ་ཉིད་སྐྱོང་དང་དེ་ནི་མི་འདུག །སྟོང་པ་དེ་མེད་པ་ལ་ཟེར་དགོས་པས་མེད་པའི་ཐག་ཆོད་ཞིག་ཡོད་ན་དེ་གར་གཏོད་དང་དེར་ཡང་ཐག་མ་ཆོད་པས་ཇི་ལྟར་བསམ་ཡང་རྟོག་གེ་ལས་མ་འདས། ཇི་ལྟར་བཞག་ཀྱང་གཏད་སོ་དང་བཅས་པས་རང་གི་ལོག་རྟོག་ལ་རང་ཉིད་ཞེ་ཁྲེལ་ཏེ་ཡི་མུག་ནས་ལན་རེ་བཏབ་ནས་ཐ་མལ་དུ་ལུས་པ་འདི་ནི། ཀུན་མཁྱེན་ཆེན་པོས་འདི་སྐད་དུ། ཨ་ལ་ལ་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམ་ས་ལས་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ། །ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས། ངོ་སྤྲོད་སྔ་མའི་སྟེང་དུ་འཐོགས་པ་རྣམས་ལ་རང་བཞིན་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ལས་འབྲེལ་མེད་པས། ཅི་བྱས་ཀྱང་སངས་རྒྱས་ལ་སྔ་འདྲིས་གཅིག་གིས་ཉེར་མ་སོང་བ་ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ་ཞེས་གསུངས་པའི་དོན་ཐོག་ཏུ་བབས་འདུག་པར་གདའ་བས། བདག་བཞིན་ཧ་ཅང་རྟོག་གེའི་རྗེས་སུ་མི་འབྲང་བར་མོས་གུས་ཀྱི་ཉེ་བར་ལེན་པས་བླ་མའི་མན་ངག་གི་བདུད་རྩིས་སྙིང་སིམ་སྟེ་གུད་ཡངས་ལ་བློ་བདེ་བ་རེ་བྱུང་ན་ཤིན་ཏུ་སྐལ་བ་བཟང་པོ་ཞེས་རང་དང་སྐལ་བ་མཉམ་པའི་ཆོས་ཀྱི་མཆེད་པོ་རྣམས་ལ་རང་མཚང་བཤད་པའི་ཞོར་ལ་ཕན་པའི་གྲོས་འདེབས་བགྱིས་པ་ཡིན་ནོ། །ཀྱེ་མ་ཀྱི་ཧུད་དྲིན་ལྡན་བླ་མ་དེས། །ཟབ་དོན་མན་ངག་བདུད་རྩི་མང་བསྩལ་ཀྱང་། །རྟོག་གེས་མྱོས་ཆུ་འཐུང་བས་མ་ངོམས་བཞིན། །ཆོས་སྐལ་ཆད་པ་བདག་ལ་མི་གཟིགས་སམ། །བཞི་པ་གྲོལ་ཚུལ་གནད་ཀྱི་ཤན་འབྱེད་ནི། །དེ་ལ་སྤྱིར་གང་ཞིག་གྲོལ་བ་དང་། གང་གི་ངང་དུ་གྲོལ་བའི་སེམས་དང་རིག་པ་གཉིས་པོ་བྱེད་ལས་དང་མིང་འདོགས་ཀྱི་ཆ་ནས་དབྱེ་ན། སྡུད་པ་ཆུ་ལྟ་བུའི་སེམས་ཀྱིས་དྲན་བསམ་གྱི་གཞི་འཛིན། བརྟེན་པ་ས་ལྟ་བུའི་སེམས་ཀྱིས་ཚོགས་པ་སྣ་ཚོགས་སྡུད། འཕྲོ་བ་མེ་ལྟ་བུའི་སེམས་ཀྱིས་ཡུལ་ལ་མངོན་དུ་སྤྱོད། ཡང་བ་རླུང་ལྟ་བུའི་སེམས་ཀྱིས་ཀུན་ཏུ་བསྐྱོད་པར་བྱེད་པས་ན་སེམས་ཞེས་མ་རིག་པའི་བདག་ཉིད་ཅན་དུ་བཞག་ལ། སྐྱེ་མེད་ཀྱི་གནས་ལུགས་རྟོགས་པ་དང་། འགག་མེད་ཀྱི་དྲན་པ་མ་ཉམས་པ་དང་། འགྱུར་མེད་ཀྱི་དཔེ་དོན་འདྲེས་པ་དང་། རང་རྫོགས་ཀྱི་དངོས་དོན་གང་དུའང་མ་ཕྱེ་བའི་ཆ་ནས་སེམས་ཉིད་ཅེས་རིག་པའི་བདག་ཉིད་ཅན་དུ་བཞག་གོ། །དེ་བས་ན་འདིར་རིག་པ་རྗེན་པར་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པ་དང་། རིག་པ་དེའི་རྒྱུན་བར་མ་ཆད་པར་བསྐྱངས་པས་རང་བབས་ཀྱི་ཤེས་རབ་རྒྱུན་མི་འཆད་པ་དང་། རིག་གདངས་དབང་པོའི་མངོན་སུམ་པར་གསལ་བས་རྟོག་དཔྱོད་ལ་རག་མ་ལུས་པ་དང་། བློ་དང་སྙམ་བྱེད་ལས་འདས་པའི་རིག་པ་ཟང་ཐལ་དུ་རྟོགས་པས་ཐོས་བསམ་གྱི་ཤེས་རབ་ལ་མི་ལྟོས་པ་དང་། རིག་པ་རྐྱང་པར་དེད་པས་ལྟ་སྒོམ་སྤྱོད་འབྲས་བཅོས་མར་རྟོགས་པ་སྟེ། དོན་དེ་ཉིད་ཇི་ལྟ་བ་བཞིན་རང་བབས་ལྷུན་གྲུབ་ཆེན་པོར་རྟོགས་པའི་གང་ཟག་ནི་གཉིས་ཏེ། ཆོས་ཉིད་དང་མཐུན་པར་བྱ་བྲལ་འབད་རྩོལ་ཞིག་པ་བློ་རྩེ་མི་རྒོད་ཅིང་ཤུགས་དལ་ལ་གླེན་པའི་ལྷོད་ཡོད་པ་དང་། ཡང་ན་ཤེས་རབ་ཤིན་ཏུ་རྣོ་བས་ཐོས་བསམ་གྱི་དཔྱད་པ་རྫོགས་ནས་བཅོས་མ་ལས་འདས་པའི་ལམ་ལ་ངེས་པ་གཏིང་ནས་རྙེད་ནུས་པ་ཞིག་སྟེ། ཁྱུང་ཆེན་ལས། རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་མིན། །མ་བསམ་འཁྲུལ་པ་ཞིག་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་དང་། ཐལ་འགྱུར་ལས། ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་སོ། །དེ་ལྟར་སེམས་དང་རིག་པ་གཉིས་པོའི་ཁྱད་པར་ཤེས་ནས། འཁོར་བའི་རང་བཞིན་སེམས་ཀྱི་ཆ་རང་གྲོལ་དུ་དག་ནས་རིག་པའི་ངོ་བོ་མངོན་དུ་འགྱུར་བའི་ཚུལ་ནི། རིག་པ་ནི་སེམས་ཀྱི་ཆོས་ཉིད་ཡིན་པས་ན་སེམས་ཅན་གྱི་དུས་ན་སེམས་དེ་ཉིད་གཞན་དུ་མ་སྤང་པར་དེའི་ཁྱབ་བྱེད་དུ་ཡོད་ཀྱང་། སེམས་ནི་མ་རིག་པའི་རང་བཞིན་ཅན་ཡིན་པས་དེས་རིག་པ་ལ་མ་ཁྱབ་སྟེ། མ་རིག་པའི་བག་ཆགས་ཟད་པའི་སངས་རྒྱས་ལ་དེ་མི་སྲིད་པའི་ཕྱིར་དང་། གནས་སྐབས་རིག་ཐོག་ཏུ་གནས་པའི་ཚེ་ནའང་འགགས་པར་འགྱུར་བའི་ཕྱིར་དེ་དང་རིག་པ་གཉིས་སྣང་མུན་བཞིན་ལྷན་ཅིག་ཏུ་མི་འདུ་བས། བཅོས་མའི་བློ་ཡིས་གཏན་ནས་མ་བསླད་པར་རིག་པ་རྗེན་པར་ངོ་འཕྲོད་དེ་དེའི་ངང་ལ་རང་བབས་སུ་གནས་པ་རྒྱུན་བསྲིངས་ན་གཟུང་བའི་ཡུལ་དང་། དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་མ་རིག་པ་དང་མཚུངས་པར་ལྡན་པའི་ཤེས་སྒྲིབ་ཀྱི་རང་བཞིན་ཅན་དེ་དང་། དེ་ཉིད་རང་དང་རྫས་གཅིག་པ་སྟེ། དེའི་རྣམ་པར་སྐྱེས་པའི་ཆགས་སོགས་ཉོན་མོངས་རྣམས་ཀྱང་ལྷན་ཅིག་ཅེས་ཅིག་ཅར་དུ་ཕན་ཚུན་སྦྲན་ནས་ཏེ། གཅིག་གིས་གཅིག་ལ་སྐད་བཏང་བ་བཞིན་དུ་བྲོས་པ་སྟེ་ནམ་མཁར་སྤྲིན་དེངས་པ་བཞིན་རང་དེངས་ལ་འགྲོ་བ་ཡིན་ནོ། །དེ་ལྟར་བྲོས་ཤིང་འགགས་པས་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་ཉོན་མོངས་པའི་བཙོན་ར་ཤིན་ཏུ་བརྒལ་དཀའ་བ་འདི་ལས་ཀྱང་ཚེགས་མེད་པར་མྱུར་དུ་ངེས་པར་འབྱིན་པར་བྱེད་པ་ནི། མན་ངག་སྡེ་པ་ཡི་ཁྱད་པར་གྱི་ཆོས་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལམ་འདི་ལས་གཞན་དུ་གྱུར་པའི་ལམ་རྣམས་ནི་ཤིན་ཏུ་ཟབ་པའི་མན་ངག་འདི་ལྟ་བུ་དང་མི་ལྡན་པའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པའི་ཚོགས་ཐམས་ཅད་ལ། ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་སྲིད་པའི་གནས་སུ་འཆིང་བར་བྱེད་པའི་རྟོག་པ་རང་གི་ངོ་བོའི་རྫས་སུ་གྲུབ་པར་བལྟས་ནས་སྤོང་བ་དང་འགག་པའི་ཐབས་སུ་བརྩོན་པ་ལ། འདིར་ནི་ཉོན་མོངས་པའི་རང་བཞིན་རིག་པའི་གཤིས་ལ་ཡོད་མ་མྱོང་བར་ཤེས་ནས་དེ་ལྟར་མི་སྤོང་ཞིང་། བྱང་ཆུབ་སེམས་དཔའ་མཚན་ཉིད་ཐེག་པ་བ་རྣམས་ཀྱིས་དོན་དམ་པར་རྫས་སུ་མ་གྲུབ་པར་ཤེས་ཀྱང་ཐ་སྙད་དུ་གཉེན་པོས་འདུལ་བར་བྱེད་པ་ལ། འདིར་སྤང་གཉེན་ཐམས་ཅད་རིག་པའི་ཆོ་འཕྲུལ་ཙམ་ལས་ཐ་སྙད་དུ་ཡང་རྫས་སུ་མེད་པའི་ངོ་བོར་གཅིག་པར་ཤེས་པས་དེ་ལྟར་མི་འདུལ། ཨ་ནུ་མན་ཆད་ཀྱི་སྔགས་སྤྱིར་ཉོན་མོངས་རང་རྒྱུད་པས་འཁོར་བར་འཆིང་ཞིང་ཐབས་ཀྱིས་ཟིན་ན་ལམ་དུ་འགྱུར་བར་བལྟས་ནས་ལམ་དུ་གཏོང་བར་བྱེད་ཀྱང་། ལམ་དུ་གཏོང་རྒྱུའི་ཉོན་མོངས་རང་རྒྱུད་པ་དང་། གཏོང་བྱེད་ཐབས་མཁས་གཉིས་སེམས་རྒྱུད་གཅིག་ལ་དུས་མཉམ་དུ་ནི་འབྱུང་མི་སྲིད་ལ། མི་མཉམ་ན་ནི་དེས་དེ་ལམ་དུ་བྱེད་པར་ཡང་མི་རིགས་པས་ལམ་དུ་ཡང་མི་བྱེད། སེམས་སྡེར་རྟོག་པ་གང་སྐྱེས་ཐམས་ཅད་ངོས་ཟིན་ནས་རིག་པའི་གཤིས་ཐོག་ཏུ་དགྲོལ་བར་འདོད་ཀྱང་། ངོས་ཟིན་མཁན་དེ་སེམས་ཡིན་དགོས་ན་སེམས་ཀྱིས་སེམས་མི་མཐོང་བས་དེ་ལྟར་མི་དགྲོལ། ཀློང་སྡེར་སྣང་སེམས་ཐམས་ཅད་རིག་པའི་རྒྱན་དུ་བལྟས་ནས་ཆོས་ཉིད་གཅིག་ཏུ་མཉམ་པར་བཞག་ནས་དག་པར་འདོད་ཀྱང་། རིག་པ་ནི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་དེའི་ངང་ལ་བཞག་པའི་ཚེ་མ་རིག་པའི་སེམས་མེད་པའི་ཕྱིར། ཡེ་ཤེས་ཀྱིས་སེམས་མི་མཐོང་བས་དེ་ལྟར་དབྱིངས་ཀྱི་ངང་དུ་འཇོག་པའི་སྒོ་ནས་དག་པར་བྱེད་པའི་རྩོལ་བ་ཡང་མ་དགོས་པར་རིག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་ན་ཆོས་ཅན་རང་ངོས་ནས་སྟོང་པ་དང་། ཆོས་ཉིད་གཞན་ངོས་ནས་སྟོང་པའི་གྲུབ་མཐའ་དང་འདོད་ཞེན་ཐམས་ཅད་ཚུགས་མི་ཐུབ་པར་སྤང་གཉེན་ཀུན་རང་གྲོལ་རྗེས་མེད་དུ་ཞིག་པ་ནི་ཤིན་ཏུ་ངོ་མཚར་བས་ན་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟ་བུའི་མན་ངག་ཟབ་མོ་ལ་བརྟེན་ནས་ཟང་ཐལ་གྱི་རིག་པ་མངོན་སུམ་དུ་རྟོགས་ཤིང་ཚད་དུ་ཕྱིན་པའི་སྔོན་གྱི་བླ་མ་དམ་པ་འོད་གསལ་རྡོ་རྗེ་སྙིང་པོའི་བརྒྱུད་པ་འཛིན་པ་རྣམས་ནི་འདི་ལྟར་ཡིན་པར་གསུངས་ཏེ། ཡུལ་སྣང་རིག་ངོ་ལ་མི་འགག་ཀྱང་རིག་པ་ཡུལ་ཐོག་ཏུ་མི་འདྲེ་བས་གཟུང་འཛིན་འཁོར་བའི་ཆོས་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་བཞིན་རང་གྲོལ་དུ་སོང་བས་སྤང་བྱའི་མཐའ་ཟད། ཡུལ་ཐོག་ཏུ་མ་ཤོར་བའི་རིག་ངོ་ལ་ཆགས་ཞེན་དང་། དགག་སྒྲུབ་མི་མངོན་པར་གཉེན་པོའི་འཛིན་པ་ལས་གྲོལ། རིག་པ་ཆོས་སྐུར་གྲུབ་པ་ལ་ཆོས་ཅན་གྱི་གཏན་ཚིགས་མེད་པས་མཐའ་བྲལ་ཆེན་པོའི་ཡེ་ཤེས་སུ་ཟང་ཐལ། རྣམ་རྟོག་རིག་པར་གྲོལ་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྫུན་ཕུགས་རྡིབ་ནས་ཆོ་ག་དང་ཆོས་སྤྱོད་ཀྱིས་མི་གདུང་ཡང་སྤྲོས་པ་མེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་མི་འབྲལ། ཆོས་བརྒྱད་ཀྱི་རྟོག་པ་མེད་ཀྱང་དཀོན་མཆོག་དང་ལས་འབྲས་ལ་གུས་པ་མི་ལྷོད་པས་བྱ་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་སོང་། རེ་དོགས་ཡུལ་མེད་དུ་སངས་ཀྱང་ཁྲེལ་ཡོད་དང་ངོ་ཚ་ཤེས་པས་ཆགས་སྡང་དང་ཐོ་ཅོའི་སྤྱོད་པས་གཞན་སྣང་སུན་མི་འབྱིན། །ཐ་སྙད་དང་གྲུབ་མཐའ་ལ་མ་སྦྱངས་བཞིན་རིག་པའི་རྩལ་ཡེ་ཤེས་སུ་རྒྱས་པས་ཐ་སྙད་ཀྱི་རྣམ་བཞག་ཀུན་ལ་མ་རྨོངས་ཀྱང་ང་རྒྱལ་དང་འགྲན་སེམས་མེད། ཕ་རོལ་གྱི་དགག་སྒྲུབ་ལ་མི་འཇིགས་ཀྱང་གྲུབ་མཐའི་བློ་ཚོད་ཤེས་པས་ཆོས་དང་གང་ཟག་ཚད་མ་ལ་ཕྱོགས་ལྷུང་མེད། མཉམ་བཞག་ལ་སྐྱོང་སྒོམ་མེད་ཀྱང་རྗེས་ཐོབ་ལ་རིག་ཆ་ཡོད་པས་རི་སུལ་དུ་མི་ཚེ་བསྐྱལ་བ་ཡིན་ཞེས་ཕྱི་རབས་ཀྱིས་བརྒྱུད་འཛིན་རྣམས་ལ་དེ་འདྲ་བ་དགོས་པའི་ཚུལ་ཤུགས་ལ་འདོམས་པར་མཛད་པ་བཞིན། ད་ལྟ་རང་རེའི་བླ་མ་རྣམས་ཀྱང་དེ་འདྲ་བ་ཤ་སྟག་ཏུ་བཞུགས་པ་མངོན་སུམ་ཡིན་ན་རང་ཅག་རྣམས་ཆོས་བརྒྱུད་འདི་ལྟ་བུ་ལ་འཇུག་ཏུ་ཡོད་པ་སྐལ་བ་རེ་བཟང་ཕ་རྗེས་བུ་ཡིས་ཟིན་པ་ཞིག་ངེས་པར་བྱ་དགོས། གལ་ཏེ་ཚེ་འདིར་དེ་ཙམ་མ་འོང་ཡང་ལྟ་སྒོམ་ལ་དྲོད་ཚད་ཐོབ་པ་དང་། སྤྱོད་པ་ཆོས་དང་མཐུན་པ་སོགས་རྗེས་སུ་མཐུན་པ་ཙམ་ཞིག་ནི་འཆི་ཁ་ཚུན་ལ་མ་འོང་ཐབས་མེད་ཡིན་ནོ་སྙམ་དུ་སྙིང་ལ་དམ་བཅའི་རི་མོ་རྡོ་ལ་བྲིས་པ་ལྟ་བུ་ཞིག་དགོས་གསུངས། །ལྔ་པ་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་ནི། སེམས་དང་རིག་པའི་ཁྱད་པར་དབྱེ་བ་དེ་བཞིན་དུ། དེ་གཉིས་ཀྱི་སྤྱིའི་རང་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས་ཀྱི་དབྱེ་བ་ཇི་ལྟར་ཕྱེ་ན་ལྷུན་གྲུབ་ཀྱི་རྩལ་སྣང་རིག་ཐོག་ཏུ་མ་གྲོལ་ཞིང་མ་རིག་པའི་གཞན་དབང་དུ་གྱུར་ནས་སེམས་དང་སེམས་བྱུང་གི་རང་བཞིན་སྣང་བ་དུ་མའི་གཞི། ཁམས་གསུམ་པའི་བག་ཆགས་ཐམས་ཅད་ཐོག་མར་འཇོག་པའི་རྟེན། བར་དུ་འཛིན་པའི་ལམ། ཐ་མ་སྨིན་པའི་སྣོད་དུ་གྱུར་པའི་ཆ་ལ་ཀུན་གཞི་ཞེས་བྱ། ཡང་མ་རིག་པའི་གཞན་དབང་དུ་མ་གྱུར་པའི་ཡེ་ཤེས་ཀྱི་རྟེན་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཟུང་འཛིན་དང་ལྷན་ཅིག་མི་གནས་པ། ལས་དང་བག་ཆགས་ཀྱིས་མ་སྦགས་པའི་ཆ་ནི་ཆོས་སྐུ་ཡིན་ཏེ། ཀློང་དྲུག་པ་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་གཞི་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་སེམས་སུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་ཡུལ་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ཡང་དཔེའི་སྒོ་ནས་དབྱེ་ན་དགོངས་པ་ཟང་ཐལ་གྱི་རྒྱུད་ལས། ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །དེ་ཉིད་རིག་ན་སངས་རྒྱས་ཏེ། །མ་རིག་སེམས་ཅན་འཁོར་བར་འཁྱམས། །ཞེས་གསུངས་པ་ལྟར་རིག་པ་འདུས་མ་བྱས་པའི་དབྱིངས་སུ་ཐ་དད་པ་མེད་པས་གཅིག་ཀྱང་། ཆོས་སྐུ་ནི་ཀ་དག་སྤྲོས་བྲལ་གྱི་རིག་པ་རང་བཞིན་གང་དུའང་མ་གྲུབ་ལ་སྣ་ཚོགས་སུ་འཆར་བའི་གོ་མ་འགགས་ཀྱང་གློ་བུར་གྱི་དྲི་མས་མ་བསླད་ཅིང་རྒྱ་ཚད་དང་བྲལ་བས་རྒྱ་མཚོ་དྭངས་པ་དང་འདྲ་ལ། ཀུན་གཞིའི་རྣམ་ཤེས་ནི་རྩལ་སྣང་ལྷུན་གྲུབ་ཀྱི་རིག་ཆ་ལྡོག་པ་ལས་བྱུང་བའི་མ་རིག་པའི་རང་བཞིན་ཆོས་སྐུ་དེ་ཡི་དོན་ལ་སྒྲིབ་པར་བྱེད་པའི་ཆ་སེམས་དང་སེམས་བྱུང་གིས་བསྡུས་པའི་འདུས་བྱས་ཀྱི་ཆོས་ཐམས་ཅད་དང་པོར་བྱུང་བའི་གནས་སམ་རྟེན་དང་། བར་དུ་ཁྱབ་བྱེད་དང་ངོ་བོར་གནས་པ་སྟེ་གྲུ་ལྟ་བུའི་ནང་དུ་ལུས་དང་བག་ཆགས་ཀྱིས་སྤྲུལ་པའི་རྣམ་པར་ཤེས་པ་ཚོགས་བདུན་གྱི་བྱེད་ལས་ཅན་མི་དུ་མས་གང་པ་བཞིན་དུ་འཁོར་བའི་བག་ཆགས་སྨིན་པས་རིགས་དྲུག་གི་སྣང་བ་སྣ་ཚོགས་པ་དང་། ལམ་གྱི་བག་ཆགས་གོམས་པས་ཉན་རང་རྣམས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཐོབ་ཀྱང་ཀུན་གཞི་ལས་མ་འདས་པས་གཉིས་ཀར་ལྡིང་ཞེས་པའམ། ཡང་ན་འདས་པ་ནི་གློ་བུར་གྱི་མ་རིག་པ་དང་ལྷན་ཅིག་པའི་ཀུན་གཞི་ལྡོག་པས་གྲུ་གཟིངས་སྐམ་ལ་ཕྱིན་པ་ལྟར་ཆོས་སྐུའི་སྒྲིབ་བྱེད་སངས་པས་དག་པ་གཉིས་ལྡན་མངོན་དུ་གྱུར་པའོ། །ཀུན་གཞི་ལ་དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་བཞི་ཡོད་པ་ལས། དང་པོ་ནི་དབྱིངས་དེའི་ངང་ནས་དཔྱོད་བྱེད་ཐོག་མའི་འགྱུ་བ་རིག་པ་ལ་ལྟོས་པའི་མ་རིག་པ་མཚུངས་ལྡན་གྱིས་འཁོར་བའི་གོ་འབྱེད་པའི་ཆ་ནས་བརྗོད་པའོ། །གཉིས་པ་ནི་དཔྱོད་བྱེད་ཀྱི་ཤེས་པ་དེ་ཉིད་རང་མ་རིག་པ་ཁ་ཕྱིར་བལྟས་ཀྱི་འཁོར་བར་སྦྱོར་ལ། རང་གི་རང་བཞིན་རིག་པ་ལས་མྱང་འདས་སུ་སྦྱོར་བའོ། །གསུམ་པ་ནི་དེ་ཉིད་ལ་ལུས་ཀྱི་བག་ཆགས་ཡོད་པས་འབྱུང་བཞི་རགས་པའི་ལུས་དང་ཡིད་ལུས་སོགས་སྣང་བའི་རྟེན་བྱེད་པའི་ཆ་ནས་བརྗོད་པའོ། །བཞི་པ་ནི་དེ་ཉིད་ཀྱིས་སེམས་ཀྱི་བག་ཆགས་སྣ་ཚོགས་བསྟན་པའི་ཆ་ནས་བརྗོད་པའོ། །དེའི་ཕྱིར། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱང་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས་པས་ཀུན་གཞི་ཆོས་སྐུར་འདོད་པ་ནི་མ་ཡིན་ནོ། །སྐབས་འགའ་རེར་ཆོས་སྐུ་ལ་ཀུན་གཞིའི་མིང་གིས་བརྗོད་པ་ཡོད་ཀྱང་། དེ་ནི་འཁོར་འདས་ཀུན་གྱི་སྤྱི་གཞི་ཡིན་པ་ལ་བརྗོད་ཀྱི་བག་ཆགས་འཛིན་པའི་ཀུན་གཞི་དང་གཅིག་ཏུ་བཤད་པ་མིན་ནོ། །ཆོས་སྐུ་ནི་ངོ་བོ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ། རང་བཞིན་གསལ་བ་འོད་ཀྱི་སྙིང་པོ། ཐུགས་རྗེ་འགག་མེད་རིག་པའི་སྙིང་པོ་ཅན་ཡིན་པས་སེམས་ཀྱི་སྒྲིབ་པས་དེའི་རང་བཞིན་ལ་གོས་མ་མྱོང་བའོ། །དེ་ཡང་མིང་གི་སྒོ་ནས་ཆོས་སྐུ་དང་བྱང་ཆུབ་ཀྱི་སེམས་དང་། རང་བྱུང་གི་ཡེ་ཤེས་དང་། དབྱིངས་ལྷུན་གྲུབ་ཆེན་པོ་ལ་སོགས་པའི་བརྡར་བཏགས་ཀྱང་འདོགས་བྱེད་དེ་ཉིད་རྣམ་རྟོག་ཡིན་པས་རང་ངོ་བརྗོད་མེད་བློ་འདས་སྤྲོས་བྲལ་ཉག་གཅིག་ཏུ་སྟོན་པས་ཆོས་སྐུའི་གནས་ལུགས་རྫོགས་པ་ཆེན་པོ་ཞེས་བྱ་སྟེ་གྲུབ་མཐའི་བློས་བཏགས་པའི་གསལ་རིག་དང་། སྟོང་པ་སོགས་དང་མི་མཚུངས་པས་གསལ་སྟོང་ལ་སོགས་པའི་མཐར་བཟུང་ན་གོལ་བར་འགྱུར་རོ། །དེའི་ངོ་བོ་ཡང་ཐོག་མའི་ཀ་དག་གི་གཞི་ལ་གནས་ཚུལ་གྱི་ཆ་ནས་མཚན་ཉིད་རྣམ་པ་གསུམ་དུ་བཞག་ལ། འཁྲུལ་པའི་ཡུལ་ལ་གནས་ཚུལ་གྱི་ཆ་ནས་དེའི་གདངས་ལ་གཞིག་པས་བློ་དངོས་སྤྲོས་བྲལ་ཉག་གཅིག་ཏུ་རྟོགས་པའི་ཉམས་མྱོང་ཆ་དང་བཅས་པས་ཐོག་བཞག་རང་གྲོལ་དུ་རྒྱས་གདབ་པ་སྟེ། ཐལ་འགྱུར་ལས། བཞུགས་ཚུལ་གནས་ལུགས་རྣམ་པ་གཉིས། །ཐོག་མའི་གཞི་ལ་གནས་པ་དང་། །འཁྲུལ་པའི་ཡུལ་ལ་གནས་པའོ། །ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །ཞེས་དང་། འཁྲུལ་པའི་ཡུལ་ལ་རང་བཞག་དང་། །ཅོག་བཞག་རང་གྲོལ་རྒྱས་གདབ་བོ། །ཞེས་སོ། །དེའང་གཞི་ཀ་དག་གི་ངོས་ན་སྐུར་མེད་ཀྱང་ཐོད་རྒལ་གྱི་གནད་ལ་བརྟེན་ནས་སྐུ་གསུམ་ལམ་སྣང་དུ་ཤར་བ་ལ་གསུམ་མཚན་གསུམ་དུ་དབྱེའོ། །མདོར་ན་སེམས་དང་ཡེ་ཤེས་གཉིས་རྟེན་ཀུན་གཞི་ཆོས་སྐུ་དང་བཅས་པའི་དབྱེ་བ་ཕྱེ་ཤེས་ནས་སེམས་ལས་འདས་པའི་ཡེ་ཤེས་ལམ་དུ་བྱེད་པ་ནི་ཐེག་པའི་རྒྱལ་པོ་འདིའི་ཁྱད་ཆོས་ཡིན་པས། ཐེག་པ་འོག་མས་ཐ་སྙད་ཀུན་རྫོབ་པའི་སེམས་ལམ་དུ་བྱེད་པ་ལ་བརྟེན་ནས་གཟོད་ཐབས་དེ་ལས་བྱུང་བའི་དོན་དམ་པའི་དེ་ཁོ་ན་ཉིད་རྟོགས་དགོས་པར་འདོད་པ་དང་མི་འདྲ་བའི་ཁྱད་པར་ཤེས་པ་ནི་གལ་ཆེའོ། །དྲུག་པ་འཁྲུལ་གྲོལ་སྐབས་ཀྱི་ཤན་འབྱེད་ནི། དེ་ལ་སྤྱིར་སེམས་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་རིག་པ་འོད་གསལ་བའི་ཡེ་ཤེས་རང་གི་ངོ་བོ་ན་འཁྲུལ་གྲོལ་གཉིས་ཀ་མེད་དེ། དེ་ཅིའི་ཕྱིར་ན། །འཁྲུལ་པ་མེད་ན་དེར་ལྟོས་ཀྱི་གྲོལ་བའང་ཡོད་པར་མི་འགྱུར་བ་ལ། འཁྲུལ་པ་ནི་མེད་དེ་བཤད་ཟིན་ལྟར་ཚོགས་བརྒྱད་ཡུལ་དང་བཅས་པ་མེད་སྣང་ཉག་གཅིག་ཡིན་པའི་ཕྱིར་རོ། །ཚོགས་བརྒྱད་ཆར་མེད་ན་སེམས་གཏན་ནས་མེད་པས་སངས་རྒྱས་པའི་ཚེ་བེམ་པོ་ལྟ་བུར་འགྱུར་རོ་སྙམ་ན། སེམས་མེད་ཀྱང་གཞིའི་གནས་ལུགས་ནི་སེམས་ཉིད་འོད་གསལ་བའི་ཡེ་ཤེས་ཡིན་པའི་ཕྱིར་དེ་ཉིད་ཡོད་དེ། འཕགས་པ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་དང་། རྒྱུད་བླ་མར། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། ཞེས་སོ། །འོ་ན་འཁྲུལ་གྲོལ་ལྟར་སྣང་བ་འདི་ཇི་ལྟར་ཡིན་ཞེ་ན། ཀ་དག་གི་རིག་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ནས་མ་གཡོས་བཞིན་དུ་སྤྲིན་གྱི་སྐྱེ་འགགས་ལྟར་ལྷུན་གྲུབ་ཀྱི་རྩལ་སྣང་ཤར་བ་ངོ་མ་ཤེས་ཤིང་དེར་ཞེན་པས་ཡོད་པ་ཆོས་ཉིད་ཀྱི་དོན་ནི་མ་མཐོང་། མེད་པ་འཁོར་བའི་འཁྲུལ་སྣང་ཐམས་ཅད་རྒྱུན་མི་འཆད་པར་སྣང་བ་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་གསུངས་པ་ལྟར་རོ། །གཞི་སྣང་དེ་ངོ་ཤེས་ཤིང་མ་ཞེན་ན་འཁྲུལ་པའི་ཆ་ཐམས་ཅད་དབྱིངས་སུ་ལྡོག་ཏེ་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བ་བཞིན་རྟོགས་པ་ནི་གྲོལ་བ་མྱ་ངན་ལས་འདས་པ་སྟེ་ཆོས་དེ་གཉིས་ཀའི་མཚན་ཉིད་ཀྱི་ཁྱད་ཀྱང་དཔེར་ན་རྨི་ལམ་སྣ་ཚོགས་འཆར་བའི་རྟེན་གཉིད་དུ་སོང་བ་དང་རྨི་ལམ་གྱི་སྣང་བ་རྒྱུན་ཆད་ནས་གཉིད་དེ་ལས་སད་པའི་གནས་སྐབས་བཞིན་ཏེ། འདི་ལྟར་ཀུན་གཞིའི་ངང་དུ་འཁྲུལ་བ་ན་ཡེ་ཤེས་ཀྱི་མཁྱེན་ཆ་མ་རིག་པས་སྒྲིབ་པ་ནི་སྒོ་ལྔའི་དབང་པོ་ནང་དུ་སྡུད་དེ་ཉམས་པའི་གཉིད་སྟུག་གི་གནས་སྐབས་ལྟ་བུ་ཡིན་ལ། མེད་སྣང་གི་དངོས་པོ་སྣ་ཚོགས་པ་ལ་སྤྱོད་པ་ནི་རྨི་ལམ་གྱི་སྐབས་བཞིན་ནོ། །སྒྲིབ་པ་ལས་གྲོལ་བ་ཆོས་སྐུའི་ངོ་བོ་མངོན་དུ་གྱུར་པའི་དག་པ་གཉིས་ལྡན་ནི་འཁྲུལ་སྣང་རྒྱུན་ཆད་དེ་མཁྱེན་པའི་རྩལ་རྒྱས་ནས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡིན་པས། གཉིད་དེ་ལས་སད་པའི་ཚེ་སྒོ་ལྔའི་རང་ཡུལ་མངོན་སུམ་དུ་མཐོང་བའི་གནས་སྐབས་དང་འདྲའོ། །བདུན་པ་གཞི་འབྲས་ལྷུན་གྲུབ་ཀྱི་ཤན་འབྱེད་ནི། ཐོག་མ་འཁོར་འདས་གང་དུའང་མ་ཕྱེ་བའི་གནས་སྐབས་ན་གྲོལ་འཁྲུལ་གང་གི་རྒྱུར་ངེས་པ་མེད་པའི་གཞི་ཡི་རིག་པ་ཀ་དག་གི་ངང་ན་ལྷུན་གྲུབ་ཀྱི་གདངས་འགག་པ་མེད་པར་ཡོད་པ་དེ་དང་། ལམ་མཐར་ཕྱིན་པའི་ཚེ་ན་གཞི་སྣང་ཕྱིར་གསལ་གྱི་ཆ་མཁའ་ལ་སྤྲིན་དེངས་པ་བཞིན་དབྱིངས་སུ་ལྡོག་སྟེ་ཁྱད་ཆོས་དྲུག་གིས་གྲོལ་སའི་ཀ་དག་གློ་བུར་གྱི་དྲི་མ་དང་བྲལ་བ་གཉིས་པོ་ནི། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར་རང་བཞིན་གསུམ་ལྡན་གྱི་དབྱིངས་ཀྱི་ངོ་བོ་ལ་འཕོ་འགྱུར་དང་ཐ་དད་མེད་པས་རྫས་སུ་གཅིག་ཅེས་པའི་ཐ་སྙད་འདོགས་ཆོག་ཀྱང་། ཐོག་མའི་ལྷུན་གྲུབ་ནི་འཁོར་འདས་གཉིས་ཀའི་འཆར་གཞི་ཡིན་པས་སླད་ཀྱི་འཁྲུལ་པའི་གཞི་ཡང་བྱེད་ལ། གྲོལ་ས་ནི་དེ་དང་མི་འདྲ་སྟེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པས་སྐུ་གསུམ་གྱི་སྣང་ཆ་མ་འགགས་པར་ཡོད་ཀྱང་མ་རིག་པ་མེད་པས་འཁྲུལ་པའི་གཞི་མི་བྱེད་པས་དེ་གཉིས་ཀྱི་ཁྱད་པར་ཕྱེད་ཤེས་པ་ནི་གཅེས་ཏེ་གཞི་ཞེས་པའི་ཐ་སྙད་འདོགས་ཡུལ་མགོ་ནས་འབྲས་བུ་ཐོབ་ཚེ་གཞི་ཐོག་ཏུ་གྲོལ་ཟེར་བ་ནི་རྫོགས་པ་ཆེན་པོའི་གཟུགས་བརྙན་ཙམ་ཡིན་ནོ་གསུངས། །བརྒྱད་པ་ལམ་འབྲས་ཀ་དག་གི་ཤན་འབྱེད་ནི། ཚུལ་དེ་བཞིན་དུ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པའི་གྲོལ་ས་ཡི་ཀ་དག་ནང་གསལ་གྱི་ཡེ་ཤེས་དེ་དང་། ད་ལྟའི་ལམ་གྱི་གནས་སྐབས་ན་རིག་པ་ཀ་དག་གི་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་གཉིས་ཀྱང་། གཉིས་སྣང་དབྱིངས་སུ་ནུབ་ནས་རང་བཞིན་སྤྲོས་པ་དང་བྲལ་བས་རྒྱ་གར་ཡང་མ་ཆད་ཅིང་སྣང་སྟོང་ལ་སོགས་པའི་ཕྱོགས་སུ་ལྷུང་བ་མེད་པར་མཉམ་པ་ཙམ་དུ་ཡོད་པ་ཡིན་ནའང་། གྲོལ་ས་ཀ་དག་གི་དབྱིངས་ཉིད་ནི་མ་དག་པའི་རླུང་སེམས་བག་ཆགས་ཀྱི་ཆ་དང་བཅས་པ་རྣམ་པར་བྱང་ཞིང་དག་པར་གྱུར་པའི་ཕྱིར། འཁོར་བའི་འཁྲུལ་སྣང་མེད་པར་མ་ཟད་ཡེ་ཤེས་ཕྱིར་གསལ་གྱི་ཆ་ཡང་དབྱིངས་སུ་ཐིམ་ནས་ནང་གསལ་གྱི་ཡེ་ཤེས་ཤིན་ཏུ་ཕྲ་བ་གཞོན་ནུ་བུམ་པའི་སྐུའི་གནས་སྐབས་ཡིན་པས་མྱ་ངན་ལས་འདས་པའི་སྣང་བ་ཡང་མེད་པར་ཀ་དག་གི་རིག་པ་ཆོས་སྐུའི་ངང་དུ་འཕོ་འགྱུར་མེད་པར་རྟག་ཏུ་མཉམ་པར་བཞག་པ་ལས་མི་གཡོ་བ་སྟེ་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཡང་ན་འཁོར་འདས་ཀ་དག་ཞེས་པ་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པས་འཁོར་བའི་མཐའ་ལ་མི་གནས་ཤིང་ལྷུན་གྲུབ་ཀྱི་རང་གདངས་འགག་པ་མེད་པར་གཟུགས་སྐུ་གཉིས་ཀྱི་འཆར་གཞིར་ཡོད་པས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་དབྱིངས་ཀ་དག་སྟེ་ཞེས་འགྲེལ་ཀྱང་རུང་སྟེ་དོན་ལ་འདྲའོ། །ལམ་དུས་སུ་ནི་རླུང་སེམས་མ་དག་པའི་ཆ་གཏན་ཟད་དུ་མ་སོང་བའི་འཁྲུལ་རྐྱེན་དབང་པོ་དང་ཡུལ་ལ་སོགས་པ་དང་འགྲོགས་ཤིང་རིག་པའི་སྒྲིབ་བྱེད་སེམས་དང་སེམས་བྱུང་གི་དྲི་མའི་ཆས་རིག་རྩལ་ལ་བསླད་ཅིང་ཁུར་བས་རིག་པ་ཀ་དག་གི་དབྱིངས་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་དངོས་སུ་གནས་པ་ནི་རེས་འགའ་ཙམ་ལ། རེས་འགའ་ནི་འཁྲུལ་འབྱམས་སུ་འགྲོ་བ་ཡིན་ནོ། །དེ་ཡང་ཤེས་རབ་རང་རྩལ་དུ་རྫོགས་པའི་ཚེ་ན་རིག་པ་སྤྲོས་བྲལ་དུ་ཤེས་བྱེད་དེ་ཉིད་ཀྱང་ཐད་ཀར་ཟང་ཐལ་དུ་ཞིག་ནས་ནང་དུ་མི་འཛིན། ཕྱིར་མི་བཟུང་ཕན་ཚུན་ལྟོས་གྲུབ་ཅན་དུ་མི་གནས་ཀྱང་རིག་ཆ་དེ་རླུང་སེམས་ཀྱི་ཆས་ཁུར་བའི་ཚེ་རང་ངོ་ལས་མ་གཡོས་པར་བཞག་ན་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་མཚུངས་པས་ལམ་གྱི་གེགས་མི་བྱེད་ཀྱང་རྟོག་པའི་ཆ་དེ་ཉིད་ཀྱིས་ཕྱི་རོལ་དུ་ཡུལ་དང་། ནང་དུ་སེམས་ཀྱི་ཚོགས་པ་སྦྲེལ་ནས་གཟུང་འཛིན་གྱི་འདྲ་འབག་ཙམ་དུ་སྣང་བས་ཆོས་ཉིད་ཟད་པའི་བར་དུ་འགག་མི་ཤེས་པ་འདི་ཉམས་མྱོང་གི་ཐོག་ནས་བཤད་པར་རིག་པར་བྱའོ་ཞེས་རང་གི་འགྲེལ་པར་གསུངས་པས་སངས་མ་རྒྱས་ཀྱི་བར་དུ་རྟག་པར་མཉམ་རྗེས་དབྱེར་མེད་དུ་འདྲེས་པ་མེད་པས་གཉིས་སྣང་ཕྲ་བ་མི་འགག་གོ། །གཞིའི་གནས་ལུགས་མཐོང་ཚུལ་གྱི་ཁྱད་པར་ནི། ཐེག་པ་འོག་མའི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་བདག་མེད་དང་སྤྲོས་བྲལ་སོགས་སུ་དཔྱད་པའི་དོན་ལ་མཉམ་པར་འཇོག་པ་ནི། བྱ་རོག་གིས་ཟན་ས་ཁུང་དུ་སྦས་ནས་ཚད་སྤྲིན་ལ་བྱེད་པ་ལྟར་དོན་དངོས་གནས་པའི་ཐོག་ཏུ་མི་ཁེལ་ལ། འདིར་ནི་མངོན་གསུམ་ཡིད་དཔྱོད་དང་བྲལ་བར་རྟོགས་པས་ཁྱད་པར་འཕགས་པའི་ཚུལ་ནི། ཆོས་དབྱིངས་མཛོད་འགྲེལ་ལས། རང་བཞིན་རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་མཐའ་བྲལ་ལ་སོགས་པའི་འཇལ་ཚུལ་ཕལ་ཆེར་དབུ་མ་ཐལ་འགྱུར་བ་དང་མཚུངས་པ་ལས། དབུ་མར་སྟོང་སྟོང་པོ་ནམ་མཁའ་དང་འདྲ་བར་རྩིས་གཞིར་བྱེད་པ་སྟེ། འདིར་རིག་པ་ཀ་ནས་དག་པ་རྗེན་ཟང་ངེ་བ་མ་གྲུབ་ལ་མི་འགག་པ་ཙམ་དེ་ལ་གཞིར་བྱས་ནས་དེའི་ངང་ལས་ཤར་བའི་ཆོས་རྣམས་མཐའ་གྲོལ་ནམ་མཁའ་ལྟར་འཇལ་བ་སྟེ། ཞེས་གསུངས། རང་སྡེ་རྣམས་ཀྱིས་ཀྱང་དཔེ་དོན་རྟགས་གསུམ་གྱིས་གཞལ་ཚུལ་ཙམ་འདྲ་ཡང་། འདིར་དཔྱོད་ལྡན་གྱིས་རྟེན་གསུམ་གཞལ་བའི་ཚེ་སོ་སོར་སྒྲོ་འདོགས་ཆོད་པ་ལྟར་དངོས་དང་གཞི་གཉིས་ཀའི་མཚན་ཉིད་གཏན་ལ་ཕེབས་ལ། གཞན་དུ་ནི་བྱིས་པས་ལྷ་ཁང་ལ་བལྟས་ན་རྟེན་གསུམ་མཐོང་ཡང་སོ་སོར་སྒྲོ་འདོགས་ཆོད་པ་མི་ཤེས་པ་ལྟར་གཞིའི་ངོ་བོ་ཙམ་མཐོང་ཡང་དངོས་གནས་ཇི་བཞིན་པར་གཏན་ལ་མ་ཕེབས་པའི་ཁྱད་པར་ཡོད་གསུངས། དགུ་པ་བར་དོ་ལྷ་ཡི་ཤན་འབྱེད་ནི། དེ་བཞིན་དུ་ད་ལྟ་ལམ་འདིར་ཞུགས་ནས་ཉམས་ལེན་ལ་བརྩོན་ཞིང་ཁྱད་པར་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གོམས་པ་བརྟན་པ་རྣམས་བར་དོ་དང་པོར་མ་གྲོལ་ཀྱང་ཆོས་ཉིད་བར་དོར་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་རིག་གདངས་ལྷུན་གྲུབ་ཆེན་པོའི་སྣང་བ་སོགས་བསམ་གཏན་གྱི་ཞག་གི་གྲངས་སུ་རིམ་གྱིས་འཆར་བ་དང་། ཡང་ད་ལྟ་རྟོག་པ་དང་བཅས་པས་རྫོགས་རིམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་བསླབ་ཅིང་དེ་ཉིད་མི་རྟོག་པར་བསྡུ་བ་ལ་སོགས་པའི་བསྲེ་འཕོ་ལ་གོམས་པའི་སྟོབས་ཀྱིས་སྲིད་པ་བར་དོར་ལྷ་ཡི་སྐུ་སྒྱུ་མ་ལྟ་བུར་ལྡང་ནུས་པའི་སྒྱུ་ལུས་གཉིས་པོ་བར་དོར་ལྷ་སྐུར་སྣང་བ་ཙམ་དུ་མཚུངས་ཀྱང་། སྣང་བ་ཞིང་ཁམས་སུ་ཤར་བ་དེ་གཉིས་ལས་སྔ་མ་ནི་འདུས་མ་བྱས་པའི་ཡེ་ཤེས་ཀྱི་རང་གདངས་རྩོལ་མེད་དུ་ཤར་བ་ཡིན་པས་རྒྱ་ཆེ་ཞིང་རང་སྣང་དུ་ངོ་ཤེས་པ་ཙམ་གྱིས་དབྱིངས་ཐོག་ཏུ་གྲོལ་བར་འགྱུར་བ་དང་། ཕྱི་མ་ནི་བག་ཆགས་བཟང་གོམས་རླུང་སེམས་ཀྱི་རྩལ་ལས་སྣང་བ་ཡིན་པས་རྒྱ་ཆུང་ཞིང་ད་དུང་ལམ་གྱི་ལྷག་མ་མ་བགྲོད་པར་མི་གྲོལ་བའི་ཁྱད་པར་ཡོད་པའང་ཤེས་དགོས་ཏེ། རང་ལམ་གྱི་ཁྱད་ཆོས་ཤེས་ན་སྒོམ་པ་ལ་སྤྲོ་བ་སྐྱེ་བའི་ཕྱིར་རོ། །བཅུ་པ་དབུགས་འབྱིན་ཞིང་གི་ཤན་འབྱེད་ནི། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་ལམ་འདིར་ཞུགས་པའི་གང་ཟག་རྣམས་ནི་ལམ་གྱི་སྦྱངས་བགྲོད་མཐར་མ་ཕྱིན་ཀྱང་ཉིན་མཚན་འོད་གསལ་གྱི་རྣམ་འབྱོར་ལ་ཅུང་ཟད་གོམས་ཤིང་མོས་གུས་དང་ལྡན་ལ་དམ་ཚིག་རྣམ་པར་དག་པ་བསྲུང་བའི་སྐལ་བ་ཅན་ཞིག་ཡིན་ན་གཞན་ལས་ལྷག་སྟེ། ཐེག་པ་འོག་མའི་ལམ་ལ་ཞུགས་པ་རྣམས་ཀྱིས་གྲངས་མེད་ལ་སོགས་པའི་ཡུན་རིང་པོར་ཚེགས་ཆེན་པོས་རིམ་གྱིས་རྒྱུད་སྦྱངས་པའི་མཐར་འདས་ལམ་མངོན་དུ་གྱུར་པའི་ཚེ་ས་དང་པོ་ནས་བཅུ་པའི་བར་གྱི་རང་རང་གི་སྣང་བས་བསྡུས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཞིང་ཁམས་དང་བཅས་པ་མཐོང་བར་འགྱུར་གྱི། རང་ལམ་དེ་ཚེ་གཅིག་ལ་སོགས་པ་ཡུན་ཐུང་ངུར་སྦྱང་བ་ཙམ་གྱིས་ཐོད་རྒལ་དུ་བགྲོད་པ་ནི་མེད་དོ། །གང་ཟག་སྔ་མ་ནི་དེ་ལྟ་བུའི་དབྱིངས་ཀྱི་ལོངས་སྐུ་དེ་མཐོང་བ་ལའང་དེ་འདྲའི་ཡུན་རིང་པོར་འཐོགས་པ་མ་ཡིན་ཏེ། ལོངས་སྐུ་དེ་ཡི་དཔེ་བྱད་ནི་མེ་ལོང་དུ་ཤར་བ་ལྟར་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཐུགས་རྗེས་རང་བཞིན་སྤྲུལ་པའི་ཞིང་ལྔར་བཀོད་པ་ལ་ཚེ་འདི་བརྗེས་མ་ཐག་ཏུ་སྲིད་པ་བར་དོ་ལ་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱི་མཐུས་རྨི་ལམ་སད་པའི་ཚུལ་གྱིས་མྱུར་དུ་འགྲོ་སྟེ། བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོ་དོན་འདི་གདེག་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཞེས་སོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ཆོས་ཉིད་ཀྱི་རླན་དང་མི་བྲལ་ལ། གཞན་དུ་ནི་རྩ་རླུང་གིས་གཅུད་པའི་སྒོམ་ཡིན་པས་རྩོལ་བའི་རྐྱེན་ཁ་ན་ཡོད་དོ། །དེ་བཞིན་དུ་ཐོད་རྒལ་གྱི་དུས་ན་རིག་པ་སྐུར་སྨིན་པ་ལ་སོགས་པས་ནི་ལམ་སྣང་དུ་རྩལ་རྫོགས་པར་ནུས་ལ། རྟོག་བཅས་གོམས་པའི་ལྷ་སྐུས་ནི་རྫོགས་རིམ་གྱི་སྨིན་བྱེད་དམ། འདོད་གཟུགས་ཀྱི་ལྷ་དང་རྗེས་སུ་མཐུན་པའི་ལུས་ཀྱིས་མཁའ་སྤྱོད་དུ་གྲུབ་མཐའ་སྙོགས་པ་ཙམ་ལས་མེད་དོ། །ཡང་འོད་གསལ་ཡེ་གདངས་ཀྱི་ཐིག་ལེ་ནི། དབྱིངས་རིག་གི་སྣང་བ་ཡིན་པས་སྲོག་རྩོལ་གྱི་རྐྱེན་ལ་མ་ལྟོས་པའི་སྣང་ཉམས་མངོན་སུམ་པའི་ཆོས་ཉིད་ཡིད་དཔྱོད་དང་བྲལ་བ་ཡིན་ལ། ལམ་འབྲས་དང་། སྦྱོར་དྲུག་དང་། གསང་འདུས་ཀྱི་ཕྲ་ཏིག་ལ་སོགས་པའི་སྟོང་གཟུགས་ནི་རྩ་རླུང་གི་བྱེད་པ་བཅིངས་པ་ལས་བྱུང་ཞིང་ཤེས་བྱའི་ཉམས་འཕེལ་འགྲིབ་ཅན་དུ་མ་ཟད། སྙིང་ཐིག་ལྟར་ཕྱི་ནང་གི་འབྱུང་བ་དབྱིངས་སུ་དེངས་པས་རྡོ་རྗེའི་སྐུ་བསྒྲུབ་མི་ནུས་སོ། །གསུམས་པ་ཉམས་ལེན་གྱི་གནས་བཤད་པ་ལ་གཉིས་ཏེ། རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་བཤད་པ་དང་། སྣང་བ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་བཤད་པའོ། །དང་པོ་རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་བཤད་པ་ལའང་གཉིས་ཏེ། ཀ་དག་ཁྲེགས་ཆོད་ཀྱི་ལམ་བཤད་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཁྱད་པར་བཤད་པའོ། །དང་པོ་ཀ་དག་ཁྲེགས་ཆོད་ཀྱི་ལམ་བཤད་པ་ལ་བཞི་སྟེ། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། སྒོམ་པ་འཛིན་མེད་རང་གྲོལ། སྤྱོད་པ་སྣང་བ་དབང་བསྒྱུར། འབྲས་བུ་རྩོལ་མེད་ཡོངས་གྲུབ་བོ། །དང་པོ་ལྟ་བ་གྲོང་ཁྱེར་རྒྱུན་གཅོད་ནི། ཁྱད་ཆོས་དང་ལྡན་པ་དེ་ཡི་ཕྱིར་ན། རང་བཞིན་རྫོགས་པ་ཆེན་པོའི་ལམ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱིི་ནང་ནས་ཀྱང་མཆོག་ཏུ་གྱུར་པ་སྟེ། ཐེག་པའི་རྒྱལ་པོ་འདིའི་ལྟ་བ་ནི། རང་བཞིན་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བ་བཞིན་མངོན་སུམ་གྱི་ཚུལ་དུ་རྟོགས་པ་སྟེ། དེ་ཡང་སྔོན་ཆད་བསྡམས་པ་ལས་ཕྱི་ནས་གྲོལ་བ་ལྟ་བུ་མ་ཡིན་པར་གདོད་མ་ནས་གཟུང་འཛིན་གློ་བུར་གྱི་དྲི་མས་གཤིས་ལ་གོས་མ་མྱོང་ཞིང་། རྣམ་པར་གྲོལ་བའི་རིག་པ་ཀ་དག་གི་ངོ་བོ་ནི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པ་ཡིན་ཏེ། གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཟང་ཐལ་རྗེན་པའི་རིག་པ་རང་གི་ངོ་བོ་ནི། ཡེ་ནས་སྟོང་ཞིང་འོད་གསལ་བ་སྤྲོས་བ་ཐམས་ཅད་དང་བྲལ་བས་ངོ་བོ་ཉིད་མེད་པ། བདག་རྟོག་གི་ཡུལ་ལས་འདས་ཤིང་ཐ་སྙད་ཀྱིས་མཚོན་དུ་མེད་པའི་ཕྱིར་བསམ་བརྗོད་ལས་འདས་པ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་བརྡ་ཙམ་བཏགས་པ་ཙམ་མོ། །བརྡ་ཙམ་བཏགས་པ་ཙམ་གང་ཡིན་པ་དེ་ནི་གློ་བུར་བ་སྟེ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ནོ། །ཞེས་པ་ལྟ་བུའི་དོན་དེ་ནི་ཆོས་སྐུ་རང་བབས་ཀྱི་དགོངས་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ཏེ། རང་ཤར་ལས། སྟོང་གསལ་རྡོ་རྗེའི་དཀྱིལ་འཁོར་ནི། །ཆོས་སྐུ་རྟོག་མེད་ཟང་ཐལ་ཉིད། །འཛིན་པ་བཅོས་མའི་མཐའ་དང་བྲལ། །མཐའ་བྲལ་ཆོས་ལ་ཞེ་འདོད་མེད། །ཅེས་སོ། །རིག་པ་དེ་ཡི་རང་བཞིན་གསལ་བའི་ཆ་ལ་སྣང་ཡུལ་མ་འགགས་པར་ཤར་ཡང་མཚན་ཉིད་འདི་ལྟ་བུའོ་ཞེས་ངོས་གཟུང་དང་བྲལ་བའི་ཕྱིར་གཟུང་འཛིན་དང་བཅས་པའི་བློ་ཡི་བརྗོད་པས་མཚོན་དུ་མེད་པས་ཐུག་པ་སྤངས་པ་སྟེ་དེ་ནི་རང་གསལ་ལོངས་སྐུའི་དགོངས་པ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་སྟེ། རྩལ་རྫོགས་ལས། ལོངས་སྐུའི་ཡེ་ཤེས་རྒྱ་ཆེ་རྣམ་པར་རོལ། །རང་གསལ་བྱ་བྱེད་མེད་པར་ལྷུན་གྲུབ་ཡིན། །ཞེས་སོ། །རིག་པ་རང་གནས་ཀྱི་ངང་ལས་ཐུགས་རྗེའི་རྩལ་འཆར་འཆར་འདྲ་བའི་ཟང་མ་རྗེན་པ་དེ་བླང་དོར་དང་བྱ་བཙལ་གྱིས་སྨོན་པ་མེད་པར་རང་བབས་སུ་བཞག་པ་ལ་རིག་པའི་ཡོན་ཏན་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་འཆར་བ་ནི་ཆུ་དྭངས་པ་ལ་གཟུགས་བརྙན་གསལ་བ་བཞིན་ཏེ། སེང་གེ་རྩལ་རྫོགས་ལས། སྟོང་གསམ་རབ་འབྱམས་འཇིག་རྟེན་ནས། །སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲགས་པར་སྟོན། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོགས་པར་སངས། །ཞེས་དང་། ཀུན་བྱེད་ལས། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །ཅེས་སོ། །དེ་ལྟར་རིག་རྩལ་འགག་པ་མེད་པ་ལ་འབྲས་བུའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་རྫོགས་པ་ནི་ལྷུན་གྲུབ་སྤྲུལ་སྐུའི་དགོངས་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་སྟེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མ་བྱེད། །ཅེས་དང་། ཀུན་བྱེད་ལས། ངང་ལ་གནས་ན་གཡོ་མེད་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལྟ་བུའི་རིག་པ་རང་བཞིན་མེད་པར་ཤེས་པའི་ལྟ་བ་དེའང་ཤེས་བྱ་ཤེས་བྱེད་ཀྱིས་བསྡུས་པའི་ལྟ་བ་མིན་ཏེ་ཤེས་བྱའི་ཡུལ་ལ་མི་གནས་པར་ཡུལ་མེད་དུ་ཟང་ཐལ་བས་གཉིས་སུ་མེད་པའི་ཆོས་ཉིད་ལ་གཉིས་ཆོས་འགལ་བའི་ཕྱིར་དང་། ང་དང་ང་ཡི་བར་འཛིན་པའི་ཆོས་དང་བྲལ་བས་སྐད་ཅིག་ལ་བྱ་བྱེད་མ་གྲུབ་པའི་ཕྱིར་དང་། སོ་སོ་རང་གིས་རིག་པས་ན་བལྟ་བྱ་ལྟ་བྱེད་དང་བཅས་པའི་ལྟ་བ་ལ་སོགས་པའི་དོན་མེད་པའི་ཕྱིར་ཏེ། གཏན་ཚིགས་གསུམ་གྱིས་ལྟ་བའི་སྲོག་འཛིན་པ་མེད་པ་སྟེ། རང་ཤར་ལས། གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །ཅེས་དང་། དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །ཅེས་སོ། །དེ་བས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དག་པ་དང་མ་དག་པ་ཞེས་བྱ་བའི་མཚན་མའི་དངོས་པོ་སོ་སོར་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཟང་ཐལ་གྱི་རིག་པ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཅན་ཡིད་དཔྱོད་དང་བྲལ་བར་རྟོགས་པ་དེས་ནི་སེམས་ཀྱིས་བཟོས་པའི་འཁོར་བའི་གྲོང་ཁྱེར་ཐམས་ཅད་རིག་པའི་ངང་དུ་རྒྱུན་གཅོད་པར་བྱེད་པས་ན་ལྟ་བ་གྲོང་ཁྱེར་རྒྱུན་གཅོད་ཅེས་བྱ་སྟེ། ལྟ་བ་དེའི་དོན་རྟོགས་པས་ནི་ཐེག་པ་མཐའ་དག་གི་གནད་དོན་ཐམས་ཅད་ཅིག་ཆར་དུ་ཁོང་དུ་ཆུད་པར་འགྱུར་ལ། །ཐེག་པ་གཞན་རྣམས་ཀྱིས་ནི་འདིའི་དོན་རྟོགས་པར་མི་འགྱུར་བས་དཔེར་ན་རིའི་རྒྱལ་པོ་གླིང་གཞིའི་དབུས་ན་མཆོག་ཏུ་འཕགས་པ་ལྟ་བུ་སྟེ། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཅེས་དང་། ཆོས་དབྱིངས་མཛོད་ལས། ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན། །དམའ་བའི་ལུང་རྣམས་དུས་གཅིག་མཐོང་བ་སྟེ། །ལུང་གི་རྩེ་མོའི་རང་བཞིན་མཐོང་དང་བྲལ། །དེ་བཞིན་ཨ་ཏི་རྡོ་རྗེ་སྙིང་པོ་ནི། །ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་། །འོག་མའི་ཐེག་པས་འདི་དོན་མཐོང་བ་མེད། །ཅེས་སོ། །གཉིས་པ་སྒོམ་པ་འཛིན་མེད་རང་གྲོལ་ནི། དེ་ལྟར་ངོ་འཕྲོད་པའི་ལྟ་བ་དེའི་ངང་ལ་འཇོག་པ་ལ་སྒོམ་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་ཙམ་ལས་སྒོམ་བྱེད་ཀྱི་བློ་དང་བསྒོམ་པར་བྱ་བའི་ལྟ་བ་ཞེས་ཐ་དད་པ་ནི་མེད་དེ། སོ་སོ་རང་གི་རིག་པའི་སྟོང་ཉིད། ཤེས་བྱའི་གཤིས་ལ་མ་ཤོར་བའི་སྤྲོས་བྲལ་རྣམ་རིག་དབུ་མར་མ་བཟུང་བའི་རང་གྲོལ། ཡེ་གྲོལ་རྒྱ་ཡན་དུ་མ་ཤོར་བའི་ངང་བསྒོམ་གནས་བྱ་གནས་བྱེད་ལ་མ་ལྟོས་པའི་ཞི་གནས། ཡུལ་ལ་རྣམ་ཤེས་ཀྱིས་མི་དཔྱོད་པའི་ལྷག་མཐོང་། རང་ངོ་ཀ་དག་ལས་མི་གཡོ་བའི་མཉམ་བཞག །ལྷུན་གྲུབ་འགག་པ་མེད་པའི་རྗེས་ཐོབ། ཀུན་གཞི་དང་མ་འདྲེས་པས་ཐོག་མ་ནས་གྲོལ་བ། རྣམ་ཤེས་དང་མ་འདྲེས་པས་གློ་བུར་དུ་མ་བསྡམས་པའི་ངང་ལ་མ་བཅོས་པར་རྣལ་མར་བཞག་ན་ཟང་ཐལ་དུ་རྗེན་པར་མཐོང་ཞིང་། མཐོང་བ་དེ་ཡི་རང་གི་ངོ་བོ་རྣམ་རྟོག་བཟང་ངན་གྱི་ཕྱོགས་སུ་མ་ལྷུང་ཞིང་། བཏང་སྙོམས་ལུང་མ་བསྟན་དུ་ཡང་མ་སོང་བར་ཤར་གྲོལ་རིས་མེད་དུ་དག་སྟེ་གཞན་དུ་མི་འགྱུར་ན་རྩལ་སྣང་ལ་ཞེན་པའི་མ་རིག་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བཅས་པས་སྲིད་པའི་གནས་སུ་འཕེན་པར་བྱེད་པའི་ལས་གསོག་པར་མི་འགྱུར་བས་འཁྲིད་པར་བྱེད་མི་ནུས་ཏེ། རྩལ་སྣང་འགག་མེད་དུ་འཆར་འཆར་འདྲ་ཡང་རྩ་ཐག་མེས་ཚིག་པའི་ཐལ་བ་ལྟར་རྟོག་པ་རང་རྒྱུད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྒོམ་པའི་ཚེ་ན་ཟང་ཐལ་གྱི་རིག་པ་ངོས་མ་ཟིན་པ་དང་། རྩལ་ལས་ཤར་བའི་རྣམ་རྟོག་གྲོལ་མ་ཐུབ་ན་འཕྲོ་གནས་གང་ལྟར་ཡང་སྲིད་པར་འཆིང་བྱེད་ལས་མི་འདའ་བར་སྣང་སྟེ། འགྲེལ་པར། དེ་ལྟར་བསྒོམ་པའི་ཚེ་རང་སྡེ་ལ་ཞུགས་པའི་ལྟ་སྒོམ་ནོར་བ་དག་རྟོག་པ་གང་ཤར་དེ་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ནོ་ཞེས་ཟེར་བ་ནི། རིག་པའི་ཆོས་ཉིད་ངོས་མ་ཟིན་པའི་རྩལ་དང་རོལ་པ་ཀུན་འབྱུང་གི་ཕྱོགས་སུ་རྣམ་པར་འཁྱམས་པ་ཡིན་ཏེ། རྟོག་པ་ནི་བག་ཆགས་གཞན་བྱུང་ཡིན་པས་ཡུལ་གྱི་རྗེས་སུ་བྱེད་པའི་ཚུལ། ཡུལ་དུ་སྣང་བ་ལས་གཞིག་ཅིང་གཞོམ་དུ་རུང་བས་གཟུགས་སུ་འཛིན། ཚོར་བས་དེ་དང་དེའི་རང་བཞིན་ལ་སྲེད་ཅིང་ཉམས་སུ་མྱོང་། འདུ་ཤེས་ཀྱི ས་གཡོ་ཞིང་རྣམ་པ་ལ་དཔྱོད། འདུ་ཤེས་ཀྱིས་ཟག་བཅས་ཀྱི་སེམས་བྱུང་རྒྱུན་ཆགས། །རྣམ་པར་ཤེས་པས་ཡུལ་དུ་བྱེད་པ་དང་བཅས་རང་བྱུང་གི་ཡེ་ཤེས་ལ་བཀབ་སྟེ་སེམས་དང་སེམས་བྱུང་མུ་མཐུད་པའི་དྲན་རྒྱུན་ལ་མ་ཡེངས་པར་འདུག་གོ་སྙམས་ཀྱང་སེམས་ཀྱིས་སེམས་ལ་རྟོག་དཔྱོད་དང་བཅས་པས་འཁོར་བའི་རང་བཞིན་ལས་ཅུང་ཟད་ཀྱང་འཕགས་པ་མེད་དོ་གསུངས། དེས་ན་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་ཞི་ལྷག་གི་ངོ་བོ་ནི། སྲིད་པའི་ཀུན་རྟོག་ཕུང་ཁམས་སྐྱེ་མཆེད་ཀྱི་ཉེ་བར་ལེན་པ་ཐམས་ཅད་རབ་ཏུ་ཞི་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་འཇོག་པ་ཡིན་ཏེ། རྩ་བ་ཤེས་རབ་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་དང་། ཕལ་པོ་ཆེ་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་པ། །དེས་ནི་བསམ་པ་ཐམས་ཅད་ནམ་མཁའ་ལྟ་བུར་སྦྱངས། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་སོ། །ཡེ་ཤེས་དེ་ལྟ་བུའི་ངང་ལ་བཞག་ན་གཟུགས་སྐུ་གཉིས་ཀྱང་འདུས་བྱས་ཀྱི་རྒྱུ་ལ་མི་ལྟོས་པར་ངང་གིས་འབྱུང་སྟེ། རང་ཤར་ལས། སྟོང་པའི་ངང་ལས་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་སྔར་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་རོལ། །ཞེས་སོ། །དེ་ལྟར་བསྒོམ་པ་དེས་ནི། རང་བྱུང་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ལ་འཛིན་མེད་དུ་བཞག་པས་གློ་བུར་གྱི་ཀུན་རྟོག་ཐམས་ཅད་སྤྲིན་དེངས་པ་ལྟར་རང་གྲོལ་དུ་འགྲོ་བའི་ཕྱིར་སྒོམ་པ་འཛིན་མེད་རང་གྲོལ་ཞེས་བྱའོ། །གསུམ་པ་སྤྱོད་པ་སྣང་བ་དབང་བསྒྱུར་ནི། འདི་ལྟར་ཕྱི་རོལ་གྱི་ཡུལ་སྣོད་བཅུད་དུ་སྣང་བ་ཐམས་ཅད་དང་། ནང་བདག་ཏུ་ཞེན་པའི་མ་རིག་པ་དང་། དེ་ལས་བྱུང་བའི་རྟོག་ཚོགས་ཇི་སྙེད་པ་རྣམས་བྱེད་པ་པོ་གཞན་གྱིས་མ་བྱས་ཏེ་གློ་བུར་དུ་སྐྱེས་པའི་སེམས་རྟོག་གིས་རི་མོ་ལྟར་བྲིས་ཤིང་དེ་ཉིད་ལ་ཞེན་པའི་བག་ཆགས་མཐུ་བརྟས་པ་ལས་གྲུབ་པ་ལྟར་སྣང་བ་འདི་ཐམས་ཅད་གཞི་སེམས་ཉིད་ནམ་མཁའ་ལྟ་བུ་ཅི་ཡང་མ་གྲུབ་པའི་ངང་ལས་རང་གདངས་འགག་མེད་ཀྱི་སྟོང་གཟུགས་ཅི་ཡང་ཤར་བ་དང་རྩ་བ་སེམས་ཉིད་རང་གི་ངོ་བོ་ལ་གྲུབ་པ་མེད་བཞིན་གློ་བུར་དུ་བྱུང་བའི་མ་རིག་པས་བསླད་པ་ལས་ཐམས་ཅད་སྐྱེས་པ་ལྟར་སྣང་ཡང་སྐྱེས་ཙམ་ཉིད་ནས་རིག་པའི་ཆོས་ཉིད་སྐྱེ་བ་མེད་པར་རྫོགས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང་། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང་། །ཞེས་དང་། ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོས་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་སོ། །ཆོས་རྣམས་རང་གི་ངོ་བོ་དེ་ལྟར་ཡིན་པ་བཞིན་རྣལ་འབྱོར་པ་རྣམས་ཀྱིས་སྐྱེ་མེད་ཀྱི་རྩ་བ་ཆོད་པ་ནམ་མཁའ་ལྟ་བུའི་ངང་ནས་འགག་མེད་ཀྱི་རྩལ་ཇི་ལྟར་གཡོ་ཡང་ཆུ་ལ་རི་མོའི་གཟུགས་བརྙན་བྲིས་ཙམ་ཉིད་ནས་ཆུ་རང་གི་ངང་དུ་དེངས་པར་འགྱུར་བ་བཞིན་སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པའི་ཆོས་ཉིད་དུ་གྲོལ་བར་གྱུར་ན་སྒོ་གསུམ་གྱི་བྱ་སྤྱོད་ཅིར་སྣང་ཐམས་ཅད་ལ་ཞེན་མེད་རིག་པའི་ཆོས་ཉིད་ཀྱིས་དབང་བསྒྱུར་བས་ན་སྤྱོད་པ་སྣང་བ་དབང་བསྒྱུར་ཞེས་བྱའོ། །བཞི་པ་འབྲས་བུ་རྩོལ་མེད་ཡོངས་གྲུབ་ནི། དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ཟུང་དུ་འཇུག་པའི་ངང་ལ་གོམས་སུ་འཇུག་པ་ལས་གཞན་པའི་རྟོགས་པར་བྱ་བའི་འབྲས་བུ་ཞིག་ཡོད་པ་མ་ཡིན་པས་བསྒྲུབ་མི་དགོས་ཏེ། དེ་ཉིད་གོམས་པ་ཀློང་དུ་ཕེབས་ཙ་ན། ཕྱི་ཡུལ་མེད་དུ་རྟོག་པས་གཟུང་བའི་ཆོས་རྣམ་པར་དག །ནང་ཡུལ་ཅན་དུ་མི་གནས་པས་འཛིན་པ་གཞི་མེད་རྩ་བྲལ་དུ་སོང་། རྟེན་གཞི་མེད་པའི་རིག་པ་ལ་བློས་མཚོན་དུ་མེད་པས་ནམ་ཡང་འཁྲུལ་མི་ཤེས་པའི་ཚེ་ན། གསུང་རབ་ཀློག་པ་དང་། ཚིག་དོན་བློ་ལ་འཛིན་པ་དང་། དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པ་ལ་སོགས་པའི་བསྒོམ་པ་དང་། བསྟན་བཅོས་ལ་སོགས་པའི་དོན་ལ་སེམས་ཤིང་བརྟགས་པ་ལ་སོགས་པ་མཐའ་དག་པ་ནི་ཀུན་རྟོག་གི་བློ་ཡིས་གློ་བུར་དུ་བཅོས་པའི་ཆོས་ཡིན་པས་དེ་ལྟ་བུའི་གྲུབ་མཐའ་ཡི་ཐ་སྙད་བཅོས་མའི་ཆོས་ལ་ལྟོས་མི་དགོས་པའི་ཕྱིར། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པས་ལྟ་སྒོམ་སྤྱོད་པའི་ཁྲིགས་ཞིག །དྲན་པ་ཆོས་ཉིད་དུ་སངས་པས་གཉེན་པོའི་ཆོས་ཟད། རིག་པ་ཆོས་སྐུར་ཤེས་པས་སེམས་ཅན་དང་སངས་རྒྱས་སུ་མ་གྲུབ་པ འི་གདེང་རྙེད་པར་གྱུར་པ་ན། ཡིད་སྨོན་གྱི་འབྲས་བུ་གུད་ན་ཚོལ་དུ་མེད་དེ། གཟུང་འཛིན་དང་བྲལ་བའི་རིག་པའི་ཆོས་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བས་ན་འབྲས་བུ་ནི་རང་གི་རིག་པ་དེ་ཉིད་དོ། །དེ་ལྟར་ཡང་རྩལ་རྫོགས་ལས། གཉིས་མེད་རིག་པའི་རང་སྣང་ཅི་ཡང་འཆར། །ཆོས་སྐུ་དངོས་བྲལ་ཡེ་ཤེས་གསང་བ་ཉིད། །སྣང་བ་རང་ལུགས་ཡེ་འབྱམས་ཐུགས་ལ་གནས། །ཟག་མེད་རིག་པའི་སྣང་བ་ཅིར་ཡང་སྣང་། །འགག་མེད་རོལ་པའི་རིག་པ་ཅི་ཡང་འཆར། །རྟོག་མེད་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད། །དུས་གསུམ་སངས་རྒྱས་རིག་པ་གཟུང་འཛིན་བྲལ། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས་ཀྱང་། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཞན་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །དེའི་ཕྱིར་ཀ་དག་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ལ་གོམས་ཤིང་བརྟན་པ་རྣམས་ནི། ཕྱི་སྣང་བ། ནང་རང་ལུས། གསང་བ་སེམས་སུ་འདུས་པའི་ཚོགས་པ་གསུམ་ལས་རྡོས་བཅས་ཀྱི་གསལ་སྣང་ཆུ་ཟླ་ལྟ་བུར་རྟོགས་པའི་སྣང་བའི་ཆོས་ཟད། རི་བྲག་དང་རྩིག་པ་ལ་ཐོགས་པ་མེད། སེམས་འཕགས་པའི་བདེན་པ་ལ་གནས་པས་སྤྱན་དང་མངོན་ཤེས་ལ་སོགས་པ་ཐོབ་ཅིང་ཡང་སྲིད་ལས་རྣམ་པར་གྲོལ། །ལུས་ཀྱི་འབྱུང་བཞིའི་རྡུལ་ཕྲན་ཀྱང་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་ན་བུན་ཡལ་བ་ལྟར་ནམ་མཁའི་མཐོངས་སུ་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་གཤེགས། རིག་པ་ཆོས་སྐུའི་དབྱིངས་སུ་འཁྱིལ་ནས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་ཡིན་ནོ། །གཞན་དོན་དུ་འགྱུར་ན་རྡུལ་ཕྲན་དུ་དེངས་པ་དེ་དག་རིང་བསྲེལ་དུ་བྱིན་གྱིས་བརླབས་ནས་འཇོག་པའང་ཡོད་ལ། རྟོགས་པ་ཚད་དུ་ཕྱིན་ནས་གཞན་དོན་གྱི་རྣམ་གཡེང་མེད་པས་རླུང་སེམས་རང་མལ་དུ་དྭངས་སུ་བཅུག་པ་རྣམས་རྡུལ་ཕྲན་དུ་ཅུང་མ་ཕྱིན་ཡང་ཕུང་པོ་ལྟོས་ཆུང་ཞིང་ལྕིད་ཤིན་ཏུ་ཡང་བ་ལ་སོགས་པ་འབྱུང་ལ། དེ་རྣམས་ནི་རིག་པ་ཟང་ཐལ་གོམས་པ་ཀ་དག་ལ་ཐིམ་པ་ལས་བྱུང་སྟེ། མུ་ཏིག་ཕྲེང་བ་ལས། ཀ་ནས་དག་པས་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། །ཅེས་སོ། །དེ་ཡང་རིག་པ་ཀ་དག་གི་ངང་ལ་མ་བཅོས་རྩོལ་མེད་དུ་བཞག་པས་རང་གནས་ཀྱི་ཡེ་ཤེས་ཡོངས་གྲུབ་ཆེན་པོའི་གནས་ལུགས་མངོན་དུ་འགྱུར་པས་འབྲས་བུ་རྩོལ་མེད་ཡོངས་གྲུབ་ཅེས་བྱའོ། །འོན་ཀྱང་ཐུགས་རྗེ་ཡས་སྤྲུལ་རྣམས་ནི་གདུལ་བྱའི་དབང་གིས་སྣང་ཚུལ་སྣ་ཚོགས་པས་ན། ལམ་གྱིས་གྲོལ་ཚད་དག་གིས་དཔག་པར་བྱ་མི་ནུས་སོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཁྱད་པར་བཤད་པ་ལ་གཉིས་ཏེ། ཁྱད་པར་ཅན་གྱི་ལམ་དངོས་བཤད་པ་དང་། ཁྱད་པར་གྱི་ཆོས་ཤེས་དགོས་པར་གདམས་པའོ། །དང་པོ་ཁྱད་པར་ཅན་གྱི་ལམ་དངོས་བཤད་པ་ནི། སྤྱིར་ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་ལམ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོབ་རྒལ་གྱི་ལམ་གཉིས་པོ་འདི་གང་ཡིན་ཡང་ཟང་ཐལ་གྱི་རིག་པ་རྗེན་པར་ངོ་འཕྲོད་ནས་རྩལ་སྣང་གང་ལའང་མ་ཞེན་པར་བྱས་ཏེ་དེའི་ངང་སྐྱོང་བ་ཙམ་དུ་མཚུངས་ཀྱང་ཁྲེགས་ཆོད་ཀྱི་ལམ་གྱིས་ནི་དེ་ལྟར་ཉམས་སུ་ལེན་པའི་ཚེ་ན་གཟུང་ཡུལ་ཐ་མལ་པའི་ཆ་ལ་དབང་ཤེས་ཀྱིས་འབྲེལ་བའི་འཛིན་ཆ་དབང་རྣོན་གྱིས་གཞི་མེད་རྩ་བྲལ་དུ་འགྲོ་ནུས་ནའང་། དབང་རྟུལ་གྱི་སྒྱུ་མ་ལྟ་བུར་རྒྱས་འདེབས་པའི་ཡིད་དཔྱོད་ཙམ་ལས་མེད་པ་ལས་ཁྱད་པར་དུ་འཕགས་ཤིང་ཐེག་རྩེའི་རྣལ་འབྱོར་ཐམས་ཅད་ཀྱི་ཡང་མཐར་ཐུག་པ་ཡིན་པས་འདིའི་གོང་ན་མན་ངག་གི་ལམ་གཞན་མེད་པས་བླ་ན་མེད་པའི་ཐོད་རྒལ་གྱི་ལམ་དུ་ནི་བཞུགས་སྟངས་དང་གཟིགས་སྟངས་སོགས་ཀྱིས་གནད་གཅུན་པས་རྟོག་པ་ཤེད་ཅན་རྣམས་རང་འགགས་ཤིང་། ཤེད་ཆུང་སྟོང་ཡལ་ལ་སོང་སྟེ་ཐོག་མ་ནས་དབྱིངས་ཀྱི་སྣང་བ་འོད་ལྔ་དང་རིགས་གདངས་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དབང་པོའི་མངོན་སུམ་དུ་མཐོང་བས་སྟོང་ཉིད་གཤིས་ཤོར་གྱི་གོལ་སའང་ཉུང་ཞིང་། ཕྱི་འབྱུང་ས་རྡོ་རི་བྲག་ལ་སོགས་ཐ་མལ་པའི་ཡུལ་སྣང་གི་བག་ཆགས་ཐོག་མ་མེད་པ་ནས་བཞག་པའི་རྡོས་བཅས་ལྟར་སྣང་བའི་དྲི་མ་ངང་གིས་ཟད་པར་འགྱུར་ཏེ་ཕྱི་ནང་གཉིས་ཀའི་འཁྲུལ་སྣང་དང་འཁྲུལ་འཛིན་ཐམས་ཅད་མ་སྤངས་རང་དག་ཏུ་གྲོལ་བའི་གནད་ཀྱིས་འབྱུང་ཆེན་ཕྱི་ལྟར་སྣང་བའང་ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ཐབས་ཀྱིས་སྐུ་གསུམ་ལམ་སྣང་དུ་རྫོས་ཤིང་མངོན་དུ་བྱེད་པ་ཡིན་པས་ནང་རང་གི་ཕུང་པོས་བསྡུས་པའི་འབྱུང་བ་རྣམས་ཁྲེགས་ཆོད་ཚད་དུ་ཕྱིན་པའི་སྟོབས་ཀྱིས་རྡུལ་ཕྲན་ཉིད་དུ་འགྲོ་བ་ཙམ་ལས་འོད་ལུས་སུ་དྭངས་པར་མ་ནུས་པའི་ཕྱིར་འཕོ་བ་ཆེན་པོའི་སྐུ་མི་ཐོབ་པའང་། འདུས་བྱས་ལྟར་སྣང་བའི་འབྱུང་བ་སྙིགས་མའི་ཁམས་དེ་ཉིད་འཕོ་བ་ཆེན་པོ་ཟུང་འཇུག་གི་ཡེ་ཤེས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་རྡོ་རྗེའི་སྐུར་སྨིན་ནས་རྟེན་དེས་གཞན་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ནི་རྒྱལ་དབང་པདྨ་ལྟ་བུའོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་འདིའི་ལྟ་སྒོམ་སྤྱོད་འབྲས་བཞི་པོ་ཟུང་འབྲེལ་དུ་ཤེས་པའི་ཕྱིར་ཅུང་ཟད་བཤད་པ་ལ་གཉིས་ཏེ། ཡེ་ཤེས་ཀྱི་རྟེན་སྒྲོན་མ་བཞིའི་རྣམ་པར་དབྱེ་བ་སྤྱིར་བཤད་པ་དང་། ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྒྲོན་མ་བཞི་བཤད་པ་ལའང་སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། ཐོག་མར་ལུས་ཆགས་དུས་ན་ཆུའི་རང་བཞིན་གཤེར་བ་ལ་བརྟེན་ནས་ལྟེ་བའི་རྩ་མདུད་ཀྱི་ནང་དུ་སྒྲོན་མ་དང་འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་པ་ལས། འབྱུང་བའི་སྤྱན་གྱིས་ལུས་བསྐྱེད་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་སྣང་བ་འོད་དང་ཐིག་ལེ་དང་སྐུ་ལ་སོགས་པའི་རང་བཞིན་དོན་དམ་པ་མྱ་ངན་ལས་འདས་པའི་གཞིར་མིག་གཉིས་ཀྱི་ཨ་འབྲས་ཀྱི་དཀྱིལ་དུ་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ལ་རྩེ་མོ་ཆེ་བ་གཉིས་ཆགས་པ་དེ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་ལ། དབུས་མ་གཅིག་ཚངས་བུག་ལ་ཟུག་པའི་ནང་ན་རིག་པ་རྟོག་མེད་ལུ་གུ་རྒྱུད་དང་འོད་ཀྱི་ཐིག་ལེ་བརྩེགས་མ་ལྔ་ལྡན་དགུ་འཆར་བ་ལ་སྒྲོན་མ་བཞི་ཀའི་ཆ་ཡོད་དེ། རྩ་སྣང་ནི་ཆུའི། ཐིག་ལེ་ནི་སྟོང་པའི། འོད་ལྔ་ནི་དབྱིངས། ཤེས་པ་མི་རྟོག་པ་ནི་ཤེས་རབ་སྒྲོན་མའི་ཆའོ། །དེས་ན་ཐ་མལ་བའི་གཟུགས་སྣང་འཛིན་བྱེད་ནི་རྟེན་འབྱུང་བའི་སྤྱན་ཡིན་ལ། བརྟེན་པ་ཆུའི་སྒྲོན་མ་ནི་འོད་སྣང་འཆར་བྱེད་ཀྱི་སྒོ་ཡིན་པས་ཡེ་ཤེས་ཀྱི་སྣང་བ་འཛིན་གྱི། འཁྲུལ་སྣང་མི་འཛིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་ཐིག་ལེ་ཟླུམ་པོ་འོད་ལྔའི་མུ་ཁྱུད་ཅན་ནོ། །དག་པ་དབྱིངས་ཀྱི་སྒྲོན་མ་ནི་འཆར་གཞིའི་ནང་དབྱིངས་ཕྱི་རུ་གསལ་བའི་གདངས་ཡིན་ཏེ། འདི་ལའང་ཕྱི་ནང་གཉིས་ལས། ཕྱི་ནི་ནམ་མཁའ་དག་པའི་དཀྱིལ་ན་འོད་གདངས་སྔོ་རི་བ་གཅིག་ཐོག་མར་སྣང་བའོ། །ཕྱིའི་ནམ་མཁའ་ནི་གོ་འབྱེད་པའི་རྐྱེན་ཙམ་ལས་དབྱིངས་དངོས་མིན་ནོ། །ནང་ནི་དེ་ལས་མཆེད་པ་ལྟར་ཤར་ཏེ་འོད་ལྔའི་མདངས་ཁ་དོག་ལྔར་གསལ་བའོ། །དེ་གཉིས་ལ་ཕྱི་ནང་དུ་བཞག་པ་ནི་དེ་ལས་དེ་བྱུང་བར་སྣང་བས་ཡིན་གྱི། ཕྱི་ནང་དུ་ཡོད་པ་མ་ཡིན་ལ། དེའང་སོ་སོར་བརྗོད་ཀྱང་འཇའ་འོད་ཀྱི་གུར་ཁྱིམ་སྔར་མི་གསལ་བ་ལ་ཕྱིས་གསལ་བར་གོ་འཕོས་པ་ཙམ་ལས་ཐ་དད་པ་མེད་དོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ངོ་བོ་དང་། རྩལ་དང་། གདངས་གསུམ་ལས། ངོ་བོ་ནི་རྒྱང་ཞགས་གཟིགས་སྟངས་ཀྱི་གནད་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ལ་གཏད་དུས་ནང་གི་རིག་པ་དྭངས་སངས་རང་གསལ་ཡུལ་མེད་དུ་འཆར་བ་ཡིན་པས་འདི་ལས་མ་འཁྲུལ་བ་གལ་ཆེ་བ་ཡིན་གསུངས། རྩལ་ནི་ཕྱིར་གསལ་དུ་ཤར་བའི་ཤེས་རབ་རྣོ་བ་མྱུར་བ་ཚིག་དོན་ཀློང་རྡོལ་དུ་འཆར་བ་རྣམས་སོ། །གདངས་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུའོ། །ཤེས་རབ་རང་བྱུང་གི་སྒྲོན་མ་དེ་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན་བཞིར་འགྱུར་ཏེ། རང་ཤར་ལས། རྣམ་པར་སྒྲོན་བྱེད་ཤེས་རབ་༡ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་ངང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་བོ། །རྣམ་པ་བསྐྱོད་བྱེད་ཤེས་རབ་༢ནི། །སྐུ་ལྔ་ཀ་དག་དབྱིངས་སུ་བསྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་བསྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་བསྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་བསྐྱོད་པར་བྱེད། །དེ་ཕྱིར་བསྐྱོད་བྱེད་ཤེས་རབ་བོ། །རྣམ་པར་སྡུད་བྱེད་ཤེས་རབ་༣ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ནང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་བོ། །རྣམ་པར་འབྱེད་བྱེད་ཤེས་རབ་༤ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་དང་མྱང་འདས་གཉིས་སུ་འབྱེད། །རྟོགས་དང་མ་རྟོགས་གཉིས་སུ་འབྱེད། །བཟང་དང་ངན་པ་གཉིས་སུ་འབྱེད། །དེ་ཕྱིར་འབྱེད་བྱེད་ཤེས་རབ་བོ། །ཞེས་སོ། །འདི་ནི་ཐོད་རྒལ་གྱི་ཆིངས་བླ་ན་མེད་པ་ཡིན་ཏེ། འདི་ལྟར་རྟོགས་ན་ཤེས་རབ་ཀྱི་མིག་གིས་མཐོང་བ་ཡིན་པས་སྣང་བ་ལ་གོ་རིམ་མེད་པར་ཅིག་ཅར་དུ་ཟད་པ་ཡང་འབྱུང་ལ། ཆུ་བུར་གྱི་མིག་གིས་མཐོང་བ་ནི་དང་པོར་ཆོས་ཉིད་མངོན་སུམ་ནས་རིམ་པར་འཆར་དགོས། དེ་ལ་ལྷག་མཐོང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ནས་མ་ཞེན་དགོས། དེ་ལ་བརྟེན་ནས་རླུང་གི་ཆ་དག་དགོས། །རིག་གདངས་ཀྱི་ཆ་འཕེལ་དགོས། ཕྱིས་ལས་རླུང་དང་མཉམ་དུ་ཟད་ནས་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་ནང་དབྱིངས་སུ་ཆོས་ཟད་ཀྱི་རང་ས་ཟིན་དགོས་པ་ཡིན་ནོ། །དེ་ལྟར་མ་རྟོགས་པར་དབང་པོ་ཡུལ་རྐྱེན་གྱིས་བསླད་པའི་སྟོང་གཟུགས་ཙམ་ལ་ཆེ་ཐང་དུ་བཟུང་ནས་ལམ་གྱི་མུ་བརྩི་བ་ནི་སྲིད་པའི་གནས་གོང་མར་འཕེན་བྱེད་ཙམ་ལས་རྣམ་པར་གྲོལ་བའི་རྒྱུར་མི་འགྱུར་རོ། །དེ་ལྟར་སྒྲོན་མ་བཞི་པོ་གཞི་ལ་མེད་ན་ལུས་ངག་ཡིད་སེམས་བཞི་རྟག་ཏུ་འཁོར་བར་འཁྱམས་པ་ལས་གྲོལ་བར་མི་འགྱུར་བ་ལ་འདི་བཞི་ཡོད་པས། གཞི་སྨིན་བྱེད་དབང་བཞིས་རྒྱུད་སྦྱངས་ནས་ལམ་སྣང་བཞི་ཚད་དུ་ཕྱིན་ཏེ་འབྲས་བུ་སྐུ་བཞི་དབྱིངས་སུ་འཁྱིལ་བ་འབྱུང་བ་ཡིན་ནོ། །དེའང་རིན་པོ་ཆེ་བུམ་པའི་དགོངས་པ་ཙིཏྟ་རིན་པོ་ཆེ་སྙིང་གའི་བུམ་པ་ན་རང་བྱུང་གི་སྒྲོན་མ་ནམ་མཁའ་ལྟར་གནས་པ། བར་གྱི་ཁའི་འབྲེལ་ཐག་གི་ནམ་མཁའ་ལྟར་སྒྲོན་མ་བཞིའི་མཚམས་སྦྱར་བས། ཕྱིའི་ནམ་མཁའ་ཆེན་པོ་ལྟར་ཀ་དག་དབྱིངས་ཀྱི་གྲོལ་སར་མ་བུ་སྤྲད་དེ་ཚད་ལ་ཕེབས་སམ། བར་དོར་རང་གསལ་གྱི་ཆོས་ཉིད་ཤར་དུས་རྡོས་བཅས་ལུས་ཀྱི་བུམ་པ་ཆག་པས། ལྷུན་གྲུབ་རིན་པོ་ཆེ་གསང་བའི་སྦུབས་ལ་ཟང་ཐལ་བ་ནི་སྒྲོན་མ་བཞིའི་ཆོས་ཉིད་ཉམས་སུ་བླངས་པ་ལས་བྱུང་བའོ། །དེ་ཡང་ཐོག་མ་ནས་གནས་ཚུལ་ནི་གཞི་ཀ་དག་གི་དུས་ན་སྒྲོན་མ་བཞི་ལྷུན་གྲུབ་ཀྱི་ཆ་ལ་ནང་གསལ་ཕྲ་བར་ཡོད་ལ། གཞི་སྣང་དུ་ཤར་དུས་དབྱིངས་འོད་ལྔའི་སྣང་བར་ཤར། ཐིག་ལེ་སོ་སོའི་འོད་ཁྱིམ་ན་སྐུའི་ཆར་ཤར། རྒྱང་ཞགས་རང་གསལ་འོད་ཟེར་གྱི་སྦྲེལ་ཐག་ཏུ་ཤར། ཤེས་རབ་རིག་པར་ཤར་བས་གྲོལ་འཁྲུལ་གཉིས་ཀྱི་མཚམས་རིག་མ་རིག་ཙམ་དུ་གནས་པའོ། །གཉིས་པ་སོ་སོར་བཤད་པ་ལ་བཞི་སྟེ། རྒྱང་ཞགས་ཆུའི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། དབྱིངས་རྣམ་དག་གི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མའོ། །དང་པོ་རྒྱང་ཞགས་ཆུའི་སྒྲོན་མའི་ངོ་བོ་ནི། དག་མ་དག་གཉིས་ཀའི་ཆ་འཛིན་པས་ཡེ་ཤེས་ཀྱི་སྣང་བ་དང་འཁྲུལ་སྣང་མཐོང་བྱེད་དུ་སྐྱེས་པའི་དབང་རྟེན་དྭངས་པ་དང་། དེ་ལ་བརྟེན་པའི་འོད་རྩ་དྭངས་པའོ། །ངེས་ཚིག་ནི་སྣང་བ་གཉིས་རྒྱང་རིང་པོ་ན་འདུག་པ་འཛིན་ཞིང་། རྟོགས་ན་འཁོར་བའི་འཁྲུལ་སྣང་འཁྲུལ་རྟོག་དང་བཅས་པ་རིང་དུ་འཕེན་པས་རྒྱང་ཞེས་བྱ་ལ། མ་རྟོགས་ན་མྱང་འདས་རྒྱང་དུ་འཕེན་པས་རྒྱང་ཞེས་བྱའོ། །རང་སྣང་མཐོང་དུས་མ་དག་པ་འཆིང་བ་དང་། མ་རྟོགས་ན་འཁྲུལ་སྣང་ལ་ཞེན་ནས་རང་རིག་འཆིང་བས་ཞགས་ཞེས་བྱའོ། །ཡང་རང་སྣང་ཡས་སུ་མི་འཇུག་པར་འཆིང་བས་ཀྱང་ཞགས་པའོ། །སྣང་བ་ལ་ཞེན་པ་མེད་པར་ནང་ཏིང་ངེ་འཛིན་གྱི་དགའ་བདེས་བརླན་པར་བྱེད་པ་དང་། ཆུའི་དྭངས་པ་འདུས་པ་ལ་བརྟེན་པས་ཀྱང་ཆུ་ཞེས་བྱའོ། །གཟུགས་སྣང་དབང་ཤེས་ལ་གསལ་བ་དང་། འོད་སྣང་གོང་འཕེལ་དུ་ཤར་བས་སྒྲོན་ཞེས་བྱའོ། །དབྱིངས་རིག་གི་སྣང་བ་བསྐྱེད་པའི་གཞི་མ་ཡིན་པས་མ་ཞེས་བྱའོ། །གཟུགས་ལ་བལྟ་བའི་རྟེན་བྱེད་པས་ཀྱང་མ་ཞེས་བྱའོ། །དབྱེ་ན་གསུམ་སྟེ། འབྱུང་བ་འདུས་པའི་རྒྱང་ཞགས་རླུང་གི་དྭངས་མ་ལས་རྩ་བ་མེན་གྱི་རྭ་འདྲ་བའོ། །ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའོ། །དབང་པོ་འདུས་པའི་རྒྱང་ཞགས་དབང་ལྔའི་དྭངས་མ་མིག་གི་དཀྱིལ་ན་ཡོད་པའི་དབང་རྟེན་དྭངས་མའོ། །དེ་ཡང་སྒྲོན་མ་དངོས་ནི་ཡེ་ཤེས་འདུས་པའོ། །མཚན་ཉིད་ནི་གཟུགས་སྣང་འཛིན་རུང་དུ་སྐྱེས་པ་སྤྱིའི་མཚན་ཉིད་ཡིན་ལ། སོ་སོའི་མཚན་ཉིད་ནི། སྣང་བ་སྡུད་འཛིན་མཆེད་པའི་ཆར་གནས་པ་དང་པོའོ། འོད་གསལ་གྱི་རང་སྣང་གསལ་བར་འཛིན་པ་གཉིས་པའི། སྣང་བ་དང་སྣང་ཡུལ་དང་རང་ཤེས་མིག་གི་རྣམ་ཤེས་འཛིན་པ་གསུམ་པའི་མཚན་ཉིད་དོ། །གཉིས་པ་ཐིག་ལེ་སྟོང་པའི་སྒྲོན་མ་ལ། ངོ་བོ་ནི་ཐོག་མའི་ཀ་དག་གི་རང་བཞིན་ལས་འོད་གསལ་ལྷུན་གྲུབ་ཀྱི་ཐིག་ལེ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་རང་གསལ་ཁ་དོག་དྭངས་པའོ། །ངེས་ཚིག་ནི་རང་གནས་འོད་ཟླུམ་དེ་མི་འགྱུར་བས་ཐིག །ཡུལ་ལ་ཁྱབ་པར་གདལ་བས་ལེ། དངོས་པོ་ངོས་བཟུང་མེད་པས་སྟོང་པ། སྟོང་པའི་རང་འོད་འབར་བས་སྒྲོན་མ་ཞེས་བྱའོ། །དབྱེ་ན་གནས་པ་གཞིའི་ཐིག་ལེ་སྙིང་ག་ན་འཁོར་འདས་ཀྱི་འཆར་གཞིར་གནས་པ་དང་། ལུས་གནས་རྩའི་ཐིག་ལེ་ཁྱད་པར་ཆེན་པོའི་རྩ་བཞིན་རང་གསལ་བས་བདེ་སྡུག་རང་གྲོལ་དུ་གནས་པ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་རོ་མ་ལ་སོགས་པ་ན་ལུས་ཀྱི་ཟུངས་ཙམ་འཛིན་བྱེད་དུ་གནས་པ་དང་། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་རིག་པ་ཀ་ནས་དག་པས་དབྱིངས་རིག་ཟད་པའི་དགོངས་པ་ལ་གནས་པ་དང་། རང་བྱུང་འབྲས་བུའི་ཐིག་ལེ་དབང་པོའི་མངོན་སུམ་དུ་སྣང་བས་ཉིན་མཚན་འོད་གསལ་དུ་འདྲེས་ཏེ་སངས་རྒྱས་ཀྱི་དགོངས་པ་རྒྱ་ཡན་ཡོངས་གྲོལ་ཆེན་པོ་ལ་སྤྱོད་པ་སྟེ་ལྔའོ། །མཚན་ཉིད་ནི། ཟླ་དང་བྲལ་བའི་སྟོང་པ་དབང་པོའི་ཡུལ་དུ་ཤར་ན་མ་བསྒོམ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པར་བྱེད་པའོ། །གསུམ་པ་དབྱིངས་རྣམ་དག་གི་སྒྲོན་མ་ལ། ངོ་བོ་ནི་རང་བཞིན་ཀ་དག་ཏུ་གནས་པ་ལ། གདངས་མཐིང་ག་ལས་ལྔ་ལྡན་དུ་མཆེད་དེ་འོད་ལྔའི་མུ་ཁྱུད་ཟླུམ་པོའི་ནང་ན་པད་འདབ་དང་བཅས་པ་ཟ་འོག་བེར་ཁྱིམ་ལྟར་སྣང་བ་སྟེ། རིག་པ་ལུ་གུ་རྒྱུད་གཟེར་འདེབས་པའི་རྭ་བར་བྱུང་བའོ། །ངེས་ཚིག་ནི་རིག་པའི་རང་ཡུལ་དང་སྣང་བའི་འཆར་གཞི་བྱེད་པས་དབྱིངས། ཡུལ་དུ་སྣང་བ་ལ་དྲི་མ་མེད་པས་རྣམ་པར་དག་པ། ལུ་གུ་རྒྱུད་གོ་རར་བཟུང་ནས་སྣང་རིག་གསལ་བར་བྱེད་པས་སྒྲོན་མ་ཞེས་བྱའོ། །དབྱེ་ན་གཞི་ལ་གནས་པའི་དབྱིངས་ཙིཏྟའི་ནང་ན་ཡེ་ཤེས་དང་འོད་ཀྱི་སྐུ་ལྷུན་གྲུབ་ནང་གསལ་དུ་གནས་པ་དང་། ལམ་ལ་སྣང་བའི་དབྱིངས་མུ་ཁྱུད་ལྔའི་རྭ་བས་བསྐོར་བ་དབུས་ན་པདྨའི་འདབ་མ་ཅན་གྱི་ཐིག་ལེའི་དྭངས་མ་སྡུད་པ་དང་། འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་ལུ་གུ་བརྒྱུད་བརྩོན་དུ་འཛིན་པ་སྟེ། འོད་ལྔའི་དྲྭ་བ་དང་། དྲྭ་ཕྱེད་དང་། ཟ་འོག་རིས་ལ་སོགས་པ་སྟེ་གསུམ་མོ། །མཚན་ཉིད་ནི། ཕྱི་འོད་ཀྱི་དབྱིངས་སྟོང་གསལ་ཟང་མ་དང་ནང་རིག་པའི་དབྱིངས་ཀ་དག་ཟང་མ་གཉིས་ཡེ་ནས་འདུ་འབྲལ་མེད་པར་གནས་པའོ། །བཞི་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ལ། ངོ་བོ་ནི། སྒྲོན་མ་ཀུན་གྱི་ཤེས་བྱེད་དགོངས་པ་ཆོས་ཉིད་སྟོང་གསལ་རང་གནས་ཤེས་པའི་རྩལ་དང་བཅས་པའོ། །ངེས་ཚིག་ནི། ནང་དུ་རང་གནས་ལྷུན་གྲུབ་ཀྱི་དགོངས་པ་ཤེས་དུས་ཕྱིར་སྣང་བ་རང་སྣང་ཟང་ཐལ་དུ་ཤེས་ཏེ། ཆོས་ཐམས་ཅད་ཀྱི་སྤྱི་སྟོང་ཞིང་བདག་མེད་པར་ཤེས་ལ། རང་གི་ཡེ་ཤེས་ཀྱི་ཚད་རྣམས་ཤེས་པས་ཤེས། ཀུན་གྱིས་རྟོག་དཀའ་བའི་དགོངས་པ་མ་བཙལ་རང་ལས་རྙེད་པས་ཆེས་འཕགས་ཤིང་རྩེ་མོར་གྱུར་པས་རབ། ཡེ་ནས་རང་ལ་ཡོད་པའི་ནོར་བུ་རྙེད་པས་རང་། རང་ཤར་འགག་མེད་དུ་བྱུང་བས་བྱུང་། ཆོས་རྣམས་གསལ་བར་ཤེས་པས་སྒྲོན། རང་སྣང་རང་ངོ་རིག་པས་ཁྱབ་ཅིང་ཤེས་པས་མ་ཞེས་བྱའོ། །དབྱེ་ན་ལྔ་སྟེ། གཞི་ནས་རང་བྱུང་གི་ཤེས་རབ་ནི། ནང་གནས་རིག་པའི་མཁྱེན་ཆ་སྟེ་འཆར་གཞི་དང་རྟེན་དུ་གནས་པའོ། །སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི། དབྱིངས་རིག་གཉིས་མེད་ཟུང་འཇུག་གི་ངང་དུས་རང་གསལ་དྲི་མེད་དུ་དག་པས་དགོངས་པ་ཆོས་ཉིད་དུ་སྐྱེལ་བར་བྱེད་པའོ། །དྲན་པ་འགག་མེད་ཀྱི་ཤེས་རབ་ནི། ཤར་རིས་མེད་དུ་ཤར་ཡང་། གྲོལ་རང་ངོ་ཆོས་ཉིད་གཅིག་ཏུ་སྡུད་པའོ། །སོ་སོར་རྟོག་པའི་ཤེས་རབ་ནི། །ཆོས་དང་ཆོས་ཅན་རང་དང་སྤྱིའི་རྣམ་པ་དང་མཚན་ཉིད་ལ་སོགས་པ་ཇི་ལྟར་སྣང་བ་མ་འདྲེས་པར་ཤེས་པའོ། །འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི། རང་བཞིན་བར་དོ་འདིར་ཐོས་པས་གཏན་ལ་འབེབས། །བསམ་པས་ངེས་པར་བྱེད། །སྒོམ་པས་རོ་མྱོང་བས་འཁོར་བ་ལས་ངེས་པས་འབྱིན་པ་སྟེ་ཚིག་དོན་རྟོགས་པར་བྱེད་པའོ། །མཚན་ཉིད་ནི་ཡུལ་སྣང་བས་བསྡུས་པའི་ཆོས་དང་། ཡུལ་ཅན་རིག་པས་བསྡུས་པའི་ཆོས་རྣམས་རང་བཞིན་མེད་པར་ཤེས་པའོ། །དེ་ལྟར་སྒྲོན་མ་བཞིའི་རྣམ་པར་བཞག་པ་མདོར་བསྡུས་པ་འདི་ཙམ་ཞིག་ནི་ངེས་པར་ཤེས་པར་བྱེད་དགོས་ཏེ། ཟུང་འཇུག་གི་རྫོགས་རིམ་མཐར་ཐུག་པ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་བསྒོམ་པ་ལ། བསྒོམ་པར་བྱ་བའི་གཞི་ངེས་པར་བྱ་དགོས་པའི་ཕྱིར་རོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་ངག་གོ། །དང་པོ་ནི། སྔར་ཡང་མདོ་ཙམ་སྨོས་ལ། འདིར་དགོས་ཆེད་དང་བཅས་མདོར་བསྡུས་ཏེ་བསྟན་ན། རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་ནས་འཇིག་རྟེན་འདི་ལ་ཞེན་པ་དང་བྲལ་བ། ཆོས་ཀྱི་དོན་ཅིག་ཅར་དུ་འཐོབ་པར་འདོད་པ་རྣམས་ཀྱིས། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལས་དབང་བསྐུར་རྫོགས་པར་ནོད་པར་བྱ་སྟེ། དེ་ལ་དང་པོ་ཕྱི་སྤྲོས་བཅས་ཀྱི་དབང་དཀྱིལ་འཁོར་དང་བུམ་པ་ལ་བརྟེན་ནས་ལུས་ལ་དབང་བསྐུར་བས། ལུས་ཡི་དམ་ལྷའི་སྐུར་དབང་བས་ཕྱི་སྣོད་གཞལ་ཡས་ཁང་དང་། ནང་ལུས་ལྷ་སྐུར་གསལ་བ་བྱུང་། དེ་ནི་ལུས་རྒྱ་རྡོས་བཅས་ལས་གྲོལ་བར་བྱེད་པའི་གནད་དོ། །དེ་ནས་ནང་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་ངག་ལ་བསྐུར་བས། ངག་ཡི་དམ་ལྷའི་བཟླས་པར་གསལ་བ་དང་། ནང་དུ་བརྗོད་མེད་ཀྱི་དོན་ཡི་གེ་ཨའི་བརྗོད་པ་ལ་བརྟེན་ནས་ཉམས་སུ་མྱོང་བའོ། །དེ་ནས་གསང་བ་ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་སེམས་ལ་བསྐུར་བས། སེམས་དངོས་པོ་གཤིས་ཀྱི་སྟེང་དུ་ཕེབས་པ་དང་། འོད་གསལ་ཆེན་པོའི་དོན་ཉམས་སུ་མྱོང་བའོ། །དེ་ནས་གསང་བ་བླ་ན་མེད་པ་རབ་ཏུ་སྤྲོས་མེད་ཀྱི་དབང་ལུས་ཀྱི་འདུག་སྟངས་དང་ལྟ་སྟངས་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བསྐུར་བས། ལུས་བཞུགས་སྟངས་ཀྱི་གནད་ལ་བརྟེན་ནས་སྐུ་གསུམ་གྱི་བཞུགས་སྟངས་སུ་གྲོལ་བ་དང་། ངག་སྨྲ་བ་བཅད་པ་ལ་བརྟེན་ནས་སྒྲའི་ནུས་པ་ཉམས་པས་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པ་དང་། སེམས་བྱིན་རླབས་བསྐུལ་བ་བརྡའི་གནད་ལ་བརྟེན་ནས་འོད་གསལ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི་སྔགས་ཀྱི་ལམ་སྨིན་པ་ལ་དགོངས་པའོ། །དེ་ལྟར་ལུས་ཀྱི་སྨིན་པ་རྫོགས་པས་བསྐྱེད་རིམ་ཅིག་ཅར་དུ་གསལ་བ་དང་། ངག་གི་སྨིན་པ་རྫོགས་པས་ནུས་པ་ཐུན་མོང་མ་ཡིན་པ་སྐྱེ་བ་དང་། སེམས་ཀྱི་སྨིན་པ་རྫོགས་པས་རྫོགས་པའི་རིམ་པ་རྟགས་ཚད་ལ་ཕེབས་པའོ། །ལུས་ངག་ཡིད་སེམས་ཀྱི་སྨིན་པ་རྫོགས་པས་ཆོས་ཉིད་མངོན་སུམ་གྱི་ལམ་ཉམས་སུ་མྱོང་བ་མངོན་པར་རྫོགས་པའོ། །གཉིས་པ་གྲོལ་བྱེད་གདམས་ངག་བཤད་པ་ལ། སྤྱིར་གདམས་ངག་གི་འདེབས་ལུགས་ཐམས་ཅད་བསྡུ་ན་གསུམ་སྟེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོའི་ནང་དུ་ཕྱི་མ་གཉིས་འདུ་སྟེ། ངོ་སྤྲད་ཅར་ཕོག་ཏུ་གདབ་པ་ཁྲེགས་ཆོད་དང་ཐོད་རྒལ་ཡིན་ལ། ཚང་སྤྲུགས་སུ་གདབ་པ་བར་དོའི་གདམས་ངག་ཡིན་ནོ། །དེས་ན་ཁྲིད་ཀྱི་ལུགས་ལྟར་བཤད་ན། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ནི། དཔེར་ན་འཇིགས་བཅས་ཀྱི་ལམ་དུ་འགྲོ་བ་ལ་སྔོན་དུ་འཇིགས་པའི་སྐུངས་ཉུལ་ནས་ལམ་དུ་བློ་བདེ་བར་འགྲོ་བ་དང་འདྲ་བར་དངོས་གཞི་ལ་བག་ཚ་བ་མེད་པར་འགྲོ་བའི་ཕྱིར། སྔོན་འགྲོ་མེད་ན་སྐྱེས་མ་མེད་པར་འཇིགས་བཅས་ཀྱི་ལམ་དུ་འགྲོ་མི་ནུས་པ་དང་འདྲ་ལ། དངོས་གཞིའི་གནད་མེད་ན་སྔོན་འགྲོ་སྦྱངས་ཀྱང་འབྲས་བུ་མི་འཐོབ་པས་དེ་གཉིས་ཟུང་དུ་འབྲེལ་དགོས་པས་ན། སྔོན་འགྲོ་ལ་གསུམ་ལས། དང་པོ་ནི་སྐུ་གསུམ་གྱི་སྣ་འཁྲིད་པར་བྱེད་པ་འབྱུང་གཞིའི་རྣལ་འབྱོར་ལ་བསླབ་པ་སྟེ། ཐལ་འགྱུར་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གིས། །སྒྲ་ལ་བསླབ་པས་ངེས་པར་འགྲུབ། །ཅེས་སོ། །གཉིས་པ་ནི་རིག་པའི་སྣ་འཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ་སྟེ། དེ་ཉིད་ལས། འཁོར་འདས་རུ་ཤན་མ་ཕྱེད་ན། ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བ་བཤད། །ཅེས་སོ། །གསུམ་པ་ནི་སེམས་ཀྱི་སྣ་འཁྲིད་པར་བྱེད་པ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་སྟེ། འདི་ལ་དངོས་དང་རྣལ་དབབ་གཉིས་ལས། དང་པོ་ནི། དེ་ཉིད་ལས། སྔོན་དུ་འགྲོ་བའི་རིམ་པ་ནི། ལུས་ཀྱི་སྔོན་དུ་འགྲོ་བ་ལ། །སོ་སོའི་བྱེད་པའི་རྒྱུ་འགག་པ། །རྡོ་རྗེ་སྐྱིལ་ཀྲུང་དུ་བྱས་ཏེ། ལུས་སྦྱངས་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །སེམས་ནི་ཐོག་མ་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྤྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། རྣལ་དུ་དབབ་པའི་ཆོ་ག་ཡང་། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་སོ། །དེ་དག་གི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི་བ་དང་། སྡིག་སྒྲིབ་འདག་པ་ཐུན་མོང་གི་དང་། སྐུ་གསུང་ཐུགས་གསུམ་དུ་གྲོལ་བ་མཆོག་གི་དགོས་པའོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། གནད་གཟིར་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། ཉམས་སུ་བླངས་པས་སྣང་བཞིའི་འཆར་ཚུལ་བསྟན་པ་དང་། མཐའ་རྟེན་གྱི་མན་ངག་གོ། །དང་པོ་ལ་བཅའ་བ་ལུས་ཀྱི་གནད་གསུམ། འཆར་བྱེད་སྒོའི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་མོ། །དང་པོ་བཅའ་བ་ལུས་ཀྱི་གནད་གསུམ་ནི། བཞུགས་སྟངས་གསུམ་པོ་གང་འཆའ་ཡང་རུང་སྟེ། ཧ་ཅང་བསྡམས་ཆེས་པ་དང་། བསྒྲིམ་དྲག་པ་དང་། འཆུས་པ་མ་ཡིན་པར་བདེ་ལུགས་བཅའ་བས། རྩ་འཆུས་དང་རླུང་ལོག་འབྱམས་ཀྱི་ཉེས་པ་སེལ་ལ། སེམས་ཀྱི་བཞོན་པ་ལས་རླུང་གི་འགྱུ་བ་ཡང་རང་འགགས་ལ་གཏོང་བའི་ཕྱིར་རླུང་ཁ་སྒོ་ནས་དལ་བུས་དྲངས་ལ་ཕྱིར་ཇི་ལྟར་གནས་གནས་སུ་གློད་དོ། །གནད་དེས་སེམས་ཀྱི་བཞོན་པ་རྟ་ལྟ་བུའི་རླུང་ཕྱིར་གྱེས། དྲན་རྟོག་མི་ལྟ་བུ་རིག་པ་ལ་ཐིམ་པས་རང་བབས་ཀྱི་བསམ་གཏན་ལ་གནས་པ་ནི་རླུང་རིག་གི་གནད་དོ། །གཉིས་པ་འཆར་བྱེད་སྒོའི་གནད་གསུམ་ནི། གཟིགས་སྟངས་གསུམ་གང་བྱེད་ཀྱང་། ཧ་ཅང་གཅུན་པ་མ་ཡིན་པའི་ངོས་ནས་མིག་གི་འགུལ་བའི་ལྟ་སྟངས་གཟིར་བས་སྒྲོན་མ་བཞིའི་དོན་ལ་སྤྱོད་པ་སྟེ། སྙིང་གའི་འོད་གསལ་གྱི་གདངས་ལས་མིག་རྒྱང་ཞགས་ཆུའི་སྒྲོན་མ་གཟིགས་སྟངས་ལས་མི་འགུལ་བས། དབྱིངས་རྣམ་དག་གི་སྒྲོན་མ་འཇའ་འམ་ན་རོ་ལྟ་བུའི་ནང་དུ་རྡོ་རྗེ་ལུ་གུ་རྒྱུད་དང་། ཐིག་ལེ་སྟོང་པའི་སྒྲོན་མ་འོད་དམར་སེར་མུ་ཁྱུད་ལྔ་པ་མཐེ་བོང་ཙམ་ལས་མང་དུ་མཆེད་པ་ལ་གཏད་ནས་བློ་གང་དུ་ཡང་མི་འཛིན་ལ་མ་ཡེངས་པར་བལྟས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་ཏེ། གསལ་སྟོང་མི་རྟོག་པའི་ཡེ་ཤེས་ནང་ནས་སྤྲོས་པ་དང་བྲལ་བ་དང་། ཤེས་རབ་ཀྱི་རྩལ་སྔོན་བས་རྒྱས་པ་འཕྲལ་ལ་སྐྱེས་ནས་ཆོས་ཀྱི་ཚིག་དོན་ལ་དབང་བ་ལ་སོགས་པའི་ཤེས་རབ་དྲི་མ་མེད་པ་འཆར་རོ། །གསུམ་པ་འཁྲིད་པ་དབྱིངས་ཀྱི་གནད་གསུམ་ནི། ཟུར་དང་སྟེང་འོག་གསུམ་དུ་དབྱིངས་སྣང་དལ་བུས་འཁྲིད་པའི་སྐབས་ལས་གཞན་དུ་མིག་མི་འགུལ་བ། ཤེས་པ་དྭངས་ཕྱེད་པ། དྲན་རྟོག་ཐ་མལ་དུ་མ་སོང་བའོ། །བཞི་པ་སྣང་བ་ཡུལ་གྱི་གནད་གསུམ་ནི། ཕྱིའི་ཡུལ་ནམ་མཁའ་སྤྲིན་མེད་ལ་གཏད་པས་དབྱིངས་ཀྱི་དྭངས་ཕྱེད། ནང་གི་ཡུལ་རིག་པ་དབྱིངས་སྒྲོན་ལ་གཏད་པས་གཟུང་བ་རང་འགག །གསང་བའི་ཡུལ་གཏད་མེད་ཆོས་སྐུ་ལ་གཏད་པས་འཛིན་པ་རང་བཞིན་མེད་པར་གྲོལ་བ་སྟེ། དང་པོས་ཡུལ་དང་ཡུལ་ཅན་བསྲེ། གཉིས་པས་ཤེས་བྱ་ནང་དུ་སྡུད། གསུམ་པས་དུ་མ་རོ་གཅིག་ཏུ་བྱེད་པ་ཡིན་ནོ། །གནད་འདི་མ་རྟོགས་པར་ཁ་མིག་གནམ་ལ་བགྲད་ནས་བལྟས་ཀྱང་ཤེས་པ་ཕྱི་རུ་ལུས་པ་གཟུང་ཡུལ་དུ་སོང་། རིག་པ་ནང་དུ་བསྐྱིལ་བ་འཛིན་བྱེད་དུ་གོལ་བས་གཟུང་འཛིན་འཁོར་བའི་རྒྱུ་ལས་མི་འདའོ། །གཉིས་པ་ཉམས་སུ་བླངས་པས་སྣང་བཞིའི་འཆར་ཚུལ་བསྟན་པ་ནི། དེ་ལྟར་བལྟས་པས་ནམ་མཁའི་དབྱིངས་སུ་འོད་ལྔའི་ཐིག་ལེ་དང་བཅས་ཤིང་། རྡོ་རྗེ་ལུ་གུ་རྒྱུད་འཆར་བ་ནི་ཆོས་ཉིད་མངོན་སུམ་མོ། །དེ་ནས་འཕེལ་ཏེ་འོད་སྣང་རྩིབ་ཤར་དང་། གྱེན་འགྲེངས་དང་། དྲྭ་ཕྱེད་དང་། ཟ་འོག་རིས་ལ་སོགས་པ་ཤར་བ་སྣང་ཉམས་དང་བདེ་གསལ་མི་རྟོག་པ་སྐྱེ་བ་ཤེས་ཉམས་དང་བཅས་པ་ནི་ཉམས་གོང་འཕེལ་ལོ། །དེ་ནས་སྐུ་དང་ཞིང་ཁམས་སུ་རྫོགས་པ་ནི་རིག་པ་ཚད་ཕེབས་སོ། །ཕྱི་ནང་གི་རྡོས་བཅས་སེམས་ཀྱི་འཁྲུལ་རྟོག་སྣང་བའི་འཕེལ་དང་བཅས་པ་ཟད་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་གཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེངས་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་གི་སྲོག་གཅོད། མིག་གཟིགས་སྟངས་ལས་མི་འགུལ་བས་ཆོས་ཉིད་ཀྱི་ཡུལ་སྣང་འཛིན། །སེམས་བཟོ་མེད་ལས་མི་འགུལ་བས་སྒྲོན་མ་རྒྱན་དུ་འཆར་བའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ནི། ལུས་བྱ་བ་ལ་མི་གནས་པར་སྡོད་པས་རླུང་སེམས་དབང་དུ་སྡུད། དེས་རིག་པ་གཡོ་མེད་དུ་སྡོད་པས་ཚོགས་བརྒྱད་ཀྱི་འཕེལ་ཟད། ཡེ་ཤེས་ལ་ཆགས་པ་མེད་པས་སྣང་བ་གཡོ་མེད་དུ་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པའོ། །འདིའི་སྐབས་སུ་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ལ་འཆར་བ་གཉིས་ལས། དང་པོ་ནི། བརྩོན་འགྲུས་རབ་ཀྱིས་རྨི་ལམ་གཏན་ནས་འགགས། འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས། ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་པ་ཡིན་ནོ། །གཉིས་པ་ནི། དབང་བཞི་པོའི་ནུས་པ་ལུས། ངག །རྩ་རླུང་། སེམས་བཞི་ལ་ཐེབས་པས་རིམ་པ་ལྟར་ཆོས་ཉིད་མངོན་སུམ་གྱི་དུས་ན་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལ་འབྲལ་མི་ཕོད་པ་དང་། ངག་ལྐུགས་པ་ལྟར་བརྗོོད་དུ་མེད་པ་དང་། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་རྣམ་རྟོག་འཕྲོ་བ་ལྟར་སྣང་ཡང་གཞི་ལས་མ་གཡོས་པའོ། །ཉམས་གོང་འཕེལ་གྱི་དུས་ན་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་དང་བྱི་དོར་མེད་པ། ངག་སྨྱོན་པ་ལྟར་ཟང་ཐལ་རྗེས་མེད་པ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ་ལུས་གླང་པོ་ཆེ་འདམ་ལ་མི་ལྟོས་པ་ལྟར་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ། ངག་གྲུལ་བུམ་གྱི་ཕྲུག་གུ་ལྟར་སྙན་ཅིང་ཡིད་དུ་འོང་། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད་པའོ། །ཆོས་ཉིད་ཟད་སའི་དུས་ན་ལུས་དུར་ཁྲོད་ཀྱི་མི་རོ་ལྟར་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པ། ངག་བྲག་ཅ་ལྟར་གཞན་གྱི་རྗེས་སུ་ཟློ་བ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་རིག་པ་རང་གསལ་དུ་གནས་པའོ། །གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་སར་འགག་པའོ། །བཞི་པ་གདེངས་བཞི་ནི། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱིས་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རེ་བ་དང་སྐྱེ་ཡིས་དོགས་པ་མེད་པའོ། །དེ་དག་གིས་ནི་བརྩོན་འགྲུས་རབ་ཚེ་འདིར་གྲོལ་བའི་གདམས་པ་བཤད་ཟིན་ནས། འབྲིང་བར་དོར་གྲོལ་བའི་གདམས་ངག་ལ་རྣམ་པ་བཞི་སྟེ། རང་བཞིན་གནས་པའི་བར་དོ་ལ་ཤེས་བྱའི་དྲས་ཐག་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག །འཆི་ཁ་བར་དོ་ལ་མི་གསལ་བ་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག །ཆོས་ཉིད་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པའི་བར་དོར་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་རྣམས་དང་། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བའི་གདམས་ངག །རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའི་ཚུལ་རྣམས་ནི་འདིའི་གོང་འོག་རྣམས་སུའང་ཡོད་ལ། ཁྲིད་དུ་བསྡེབས་ནས་ཉམས་སུ་ལེན་པའི་ཚུལ་ནི་ཀུན་མཁྱེན་ཡབ་སྲས་ཀྱི་མན་ངག་གཞན་རྣམས་ལས་ཤེས་པར་བྱའོ། །དེ་ཡང་རྣམ་པ་ཐམས་ཅད་དུ་ཀ་དག་དང་ལྷུན་གྲུབ་ཀྱི་ལམ་གཉིས་པོ་གང་ཉམས་སུ་ལེན་ཡང་བཞག་ཐབས་བཞི་ལས་མི་གཡོ་བ་གལ་ཆེ་བས་ན་དེ་བཤད་པ་ལ། དང་པོ་རྒྱ་མཚོ་ཅོག་བཞག་ནི། འདི་ལྟར་རྒྱ་མཚོ་རླུང་གིས་མ་དཀྲུགས་པ་ལ་གཟའ་སྐར་གཅལ་དུ་བཀྲམ་པ་ལྟར་སྣང་ཡང་ཆུ་ལ་གཟའ་སྐར་གྱིས་མ་གོས་ཤིང་། གཟའ་སྐར་རང་མལ་ལས་མ་གཡོས་པ་ལྟར། རིག་པ་ཟང་ཐལ་ལ་གཏད་པས་ཡུལ་མེད་པ། དབང་པོའི་གདངས་མ་འགགས་ཀྱང་ཡིད་ཀྱི་རྟོག་པར་མ་འགྱུས་པ། སོ་སོ་རང་གིས་རིག་ཀྱང་དཔྱོད་པའི་རྣམ་ཤེས་མེད་པ། སྣང་ཡུལ་གྲྭ་མ་ཆག་ཀྱང་རིས་ཆད་དུ་མེད་པ་སྟེ། ཀློང་དྲུག་པ་ལས། དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མེད་པ་སྟེ། །ཞེས་སོ། །དེ་ཡང་གཤིས་དེའི་ངོ་བོ་ཅིར་ཡང་མི་གནས་ཀྱང་སྟོང་པ་གུད་དུ་མ་བཟུང་བ། རང་བཞིན་བྱ་རྩོལ་དང་བྲལ་ཡང་བཏང་སྙོམས་ལྟེང་པོར་མ་སོང་བ། རྩལ་སྣང་འགག་པ་མེད་ཀྱང་ཞེན་འཛིན་ཡུལ་མེད་དུ་སོང་བ་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་བཞག་དག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །ཅེས་སོ། །གཉིས་པ་རིག་པ་ཅོག་བཞག་ནི། རིག་པ་ངོ་ཤེས་ཕྱིན་ཆད་དབང་པོ་ཅིག་ཅར་བའི་གྲོལ་ལུགས་ལ་བློའི་གྲུབ་མཐའ་ཡོད་མི་སྲིད་ཅིང་ཞེན་འཛིན་མེད་པའི་ཆོས་ཉིད་ཀྱི་རོ་མྱོང་བས་ཁམས་གསུམ་དུ་ལྡོག་པའི་རྟེན་ཟད་པ་ཡིན་ལ། དེའི་ཕྱིར་རིག་པ་ཉིད་ལ་རང་བབས་ཀྱི་བསམ་གཏན་ཡོད་པས་བདེ་གསལ་མི་རྟོག་པའི་བཅོས་མ་ཉེ་བར་བསྒྲུབ་མི་དགོས་པའི་ཚུལ་ཡང་ཀ་དག་གི་རིག་པ་ཟང་ཐལ་ངོས་བཟུང་མེད་པ་ལ་སླད་ཀྱི་བློའི་ཞེན་པས་བྱས་ཤིང་བཅོས་པ་ལ་དགོས་པ་མེད་པས། རང་གྲོལ་ཀློང་ཡངས་ཆེན་པོ་བར་མཚམས་དང་ཕྱི་ནང་མེད་པའི་དགོངས་པ་ལ་རང་གནས་སུ་བཞག་ཅིང་། དེའང་ཐོད་རྒལ་དང་འབྲེལ་ན་རིག་གདངས་ལུ་གུ་རྒྱུད་ཤར་བ་ལྷག་མཐོང་དང་དུ་མ་རོ་གཅིག་ཏུ་ཉམས་སུ་བླང་བ་སྟེ། ཡི་གེ་མེད་པ་ལས། སྣང་བ་ཅིག་ཆོད་དགོངས་པ་ནི། །རིག་པ་ཉིད་ཀྱི་བཞག་ཐབས་བཙལ། །གསང་བའི་གསང་བ་ཆེན་པོ་སྟེ། །སྣང་བའི་སྟོབས་ཀྱིས་ཕ་རོལ་སྒྲོལ། །ཆགས་པས་མ་བཅིང་རང་སྣང་ངོ་། །ཞེས་སོ། །གསུམ་པ་སྣང་བ་གཅེར་བཞག་ནི། རིག་པའི་དྭངས་མེ་ལོང་ལྟ་བུ་དེ་སྣང་བ་ཀུན་གྱི་འཆར་གཞི་ཡིན་པས་བཀག་ཀྱང་མི་ཁེགས་ཏེ་འགག་མེད་ཀྱི་རྩལ་ཡིན་པས་སོ། །བསྒྲུབས་ཀྱང་མི་འགྲུབ་སྟེ་སྐྱེ་མེད་དུ་རང་ལོག་པར་འགྱུར་རོ། །དེ་བས་ན་ཡུལ་རིག་ཅིང་རྣམ་པ་ལ་འཇལ་འཇལ་འདྲ་བ་དེ་ཆེད་དུ་མི་སྡུད། གཉེན་པོས་མི་དགག །རང་ས་རུ་མི་བསྐྱིལ་བར་ཅེར་ཡན་དུ་བཞག་པས་ཆོས་ཉིད་ཀྱི་ངང་ལས་འདའ་མི་ཤེས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། ཆོས་ཅན་མཚན་མར་སྣང་དུས་སུ། །ང་ལ་ཡོན་ཏན་རང་སྣང་བས། །འདི་ལ་བླང་དང་དོར་མི་བྱ། །ཞེས་སོ། །འདིའི་དགོངས་པ་ནི་སྣང་ཤེས་གཉིས་མེད་རོ་གཅིག་ཏུ་ཉམས་སུ་བླང་བའི་དོན་ཏེ། དེ་ལྟར་མ་ཤེས་ནས་གང་ཤར་ལ་ཅེ་རེ་བལྟ་བ་ནི་ཤེས་པ་ཡུལ་འབྱམས་ཀྱི་གདོན་གྱིས་ཟིན་པ་ཞེས་བྱ་སྟེ། རྟོག་པ་ཉིང་འཁྲུལ་དུ་སོང་བའི་གནད་མ་གོ། རང་ས་རུ་བཟུང་ཡང་གཉེན་པོའི་གོལ་སྒྲིབ་སྟེ་སྲིན་བུ་རང་ཉིད་ཀྱི་ཁ་ཆུས་བཅིངས་པ་དང་མཚུངས་ལ། ཡང་གནས་པ་ངོ་བོར་བཟུང་ནས་མི་རྟོག་པར་བསྒྲུབ། འཆར་བ་རྩལ་དུ་བལྟས་ནས་ཤར་གྲོལ་དུ་བསྐྱང་ངོ་ཟེར་བ་ཡང་དངོས་གཅིག་རྫས་སུ་འགལ་བའི་ཉམས་ལེན་ཆ་གཉིས་པར་སོང་བས་སྐྱེ་འགག་ལ་སོ་འཛུགས་པའི་བསམ་གཏན་པ་ཞེས་བྱའོ། །འོ་ན་ཇི་ལྟར་ཡིན་ན་རང་ངོ་དང་རྩལ་ཞེས་བརྗོད་པ་དེ་འཁྲུལ་གཞི་དང་འཁྲུལ་སྣང་འབྱེད་དུས་གཙོ་བོར་སྨོས་ཀྱི། རིག་པ་ངོས་ཟིན་ནས་ལྷག་མཐོང་གི་དེ་ཉིད་ཤེས་པའི་གནས་སྐབས་ན་ཆུ་བོ་དང་རྦ་རླབས་སམ། མེ་ལོང་དང་བྱད་གཟུགས་ལྟར་དངོས་གཅིག་རྣམ་འགྱུར་ལོག་པ་ཙམ་ཡིན་པས། སྣང་ངམ། ཤར་རམ། གནས་སམ། རྟོག་དཔྱོད་དུ་ལངས་པ་གང་གི་ཚེ་ཡང་རིག་པ་རྗེན་པ་ཟང་ཀ་མ་དེ་ཉིད་རང་ངོས་བཟུང་བས། དུས་གསུམ་གྱི་རྟོག་པའི་འབྲེལ་ཐག་ཆོད་པས་ཆོས་སྐུ་རང་གནས་ཀྱི་གནས་ལུགས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྡུན་མ་བླངས། ད་ལྟའི་ཤེས་པ་རང་སོ་ལ་བཞག་ན་ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ནས་གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །ཞེས་སོ། །འདིའི་དྲན་པ་ནི་གཟུང་དྲན་མ་ཡིན་པས་རིག་པ་རྟོད་ཕུར་ལ་མི་གཏད། མ་རིག་པ་ནི་ཡེ ངས་བརྗེད་འབྱམས་འཁྲུལ་ལ་བརྗོད་པས་ལྷག་མཐོང་གི་གདངས་མི་རྣལ། སངས་རྒྱས་ནི་རིག་པ་ཡིན་པས་དུས་གསུམ་གྱི་འབྲེལ་ཐག་བཅད་ལ་བཅས་བཅོས་མི་བྱ་བའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་བཞག་ཐབས་གསུམ་གོམས་པ་ལས། བཞི་པ་རི་བོ་ཅོག་བཞག་ངང་གིས་འབྱུང་སྟེ། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་ནས་རི་བོ་ལྟ་བུ་ལས་མི་གཡོ་བའི་གདེངས་རྙེད་པའི་ཚེ། རྐྱེན་སྣང་སྣ་ཚོགས་རླུང་ལྟ་བུས་མི་གཡོ་བ་སྟེ། ཡི་གེ་མེད་པ་ལས། རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། །ཅེས་སོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། ཕྱིར་མ་འཕྲོས། ནང་དུ་མ་བཟུང་། བར་དུ་མ་བཞག །བློས་མ་བཅོས། ཡེངས་ཐབས་ལ་འཁྲུལ་མི་ཤེས། འཁྲུལ་ཐོག་ཏུ་རང་རིག །སྨྲས་ཚད་ནང་འགལ་བས་ཚིག་ལམ་དུ་ཐ་ཆད། བསམ་ཚད་སྤྲོས་པར་སོང་བས་རང་ངོ་ཁས་ལེན་མི་ཤེས་པའི་ངང་དུ་ལ་བཟླ་བ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོ་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །བཞག་ཐབས་བཞི་པོ་འདི་ནི་འགྲེལ་བའི་ཚིག་ལ་བཅོས་བསླད་མེད་པར་བྲིས་པ་ཡིན་ནོ། །དེ་ལྟར་མ་རྟོགས་པ་ལ་ངོ་སྤྲད་པའི་ཚུལ། སེམས་ཀྱི་ངོ་སྤྲོད་གསུམ་དང་། ཡེ་ཤེས་ཀྱི་ངོ་སྤྲོད་ཉི་ཤུ་རྩ་གཅིག་རྣམས་ནི་འགྲེལ་པ་ལས་ཤེས་པར་བྱའོ། །གཉིས་པ་ཁྱད་པར་གྱི་ཆོས་ཤེས་དགོས་པར་གདམས་པ་ནི། གོང་དུ་ཇི་སྐད་བཤད་ཟིན་པ་དེ་ཡི་ཕྱིར་ན་གསང་བའི་ཐེག་པ་ཐམས་ཅད་ཀྱི་ནང་ནས་ཀྱང་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱི་དོན་དུ་བསྟན་པའི་རིག་པ་རང་སྣང་གི་ལམ་ཡང་གསང་བླ་ན་མེད་པ་འདིར་ཞུགས་པའི་རང་གི་སྡེ་པ་རྣམས་ཀྱིས་འོག་མའི་ཡིད་དཔྱོད་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀུན་དང་ཁྱད་ཞུགས་པའི་ཁྱད་ཆོས་ཀྱི་མཚན་ཉིད་ལེགས་པར་ཕྱེད་ཤེས་པར་བྱས་ནས་དབེན་པར་ཕྱི་ནང་གི་རྣམ་པར་གཡེངས་པ་ཐམས་ཅད་སྤངས་ནས་དད་མོས་དང་བརྩོན་འགྲུས་དྲག་པོས་བསྲན་ཚུགས་པར་བྱས་ཏེ་བསྒོམ་པ་ནི་མན་ངག་ཟབ་མོ་འདི་ལྟ་བུ་དང་འཕྲད་པའི་དོན་པོ་ཡིན་པས་ཚུལ་བཞིན་ཤེས་ནས་འབད་པར་གྱིས་ཤིག་ཅེས་གདམས་པའོ། །དེ་ཡང་ཀུན་མཁྱེན་ཆོས་རྗེས་གནད་རྣམ་པ་བདུན་གྱིས་འཕགས་པར་གསུངས་ཏེ། བརྩོན་འགྲུས་ཆེ་ཆུང་ཙམ་ལས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད་༡དང་། དེ་བཞིན་དུ་མངོན་སུམ་བལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པ་༢དང་། དོན་ཇི་བཞིན་པ་མཐོང་བས་ཚིག་ལ་མི་ལྟོས་པ་༣དང་། རང་གསལ་མངོན་དུ་གྱུར་པས་གཞི་ལམ་འབྲས་བུ་དུས་ལ་མི་ལྟོས་པ་༤དང་། རྒྱུ་འབྲས་བཟང་ངན་ལ་མི་ལྟོས་པས་འབད་རྩོལ་བླང་དོར་མེད་པ་༥དང་། རང་བྱུང་གི་འོད་གསལ་ཁོང་ནས་འཆར་བས་ན་སོ་ལ་རྒན་གཞོན་མེད་པ་༦དང་། སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་༧དེ་བདུན་ཡིན་ནོ། །འོ་ན་འདི་ཨ་ཏི་ཡིན་ན་ཨ་ཏི་ལས་འཕགས་སམ་ཞེ་ན། ཨ་ཏི་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་སེམས་ཀློང་གཉིས་ཀས་གཞི་བྲལ་ལ་གདེང་དུ་བྱེད་ཀྱང་དངོས་སུ་བལྟར་མེད་པས་ཡིད་དཔྱོད་ཙམ་ལས་གནད་ངེས་པ་མངོན་དུ་མ་མཐོང་བ་ལས་འཕགས་ལ། མན་ངག་གི་སྡེའི་ཡང་། ཕྱི་ནང་གསང་བའི་སྐོར་གསུམ་བར་དོའི་དུས་ལ་ལྟོས་འཆའ་བ་ལས། འདི་ལ་ཚེ་འདིར་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་འཕགས་པ་ཡིན་ནོ་གསུངས། གཉིས་པ་སྣང་བ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་བཤད་པ་ལ་གཉིས་ཏེ། མཉམ་བཞག་ཞི་ལྷག་གི་སྐྱོང་ཚུལ་དང་། རྣམ་རྟོག་ལམ་དུ་འཁྱེར་ཚུལ་ལོ། །དང་པོ་མཉམ་བཞག་ཞི་ལྷག་གི་སྐྱོང་ཚུལ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་དང་བཤད་པ་དང་། ཞི་ལྷག་ཟུང་འབྲེལ་གྱིས་དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་རིག་པ་རང་སྣང་གི་བློ་ཅན་རྣམས་ནི་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པ་དེ་གཅིག་པུའི་ངང་སྐྱོང་བ་དང་། གནད་གཅུན་པ་ལ་བརྟེན་ནས་རིག་གདངས་མངོན་སུམ་དུ་མཐོང་བ་ལ་སོགས་པའི་སྟོབས་ཀྱིས་གྲོལ་བར་འགྱུར་བ་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་བདག་དང་བདག་གིར་འཛིན་པ་དང་བཅས་པའི་ཚོགས་བརྒྱད་གློ་བུར་བ་ནང་གི་འཁྲུལ་པའི་རྐྱེན་ཆོས་ཀྱི་དབྱིངས་ཀ་ནས་དག་པའི་ཀློང་དུ་མ་ནུབ་པར་ཏེ་ནུབ་པར་བྱེད་མི་ནུས་པའི་སྣང་བ་ཡུལ་གྱི་བློ་ཅན་རྣམས་ལ་རིག་ངོ་ཅུང་ཟད་རེ་འཕྲོད་ཀྱང་གཤིས་ལ་གྲུབ་མ་མྱོང་བའི་འཁྲུལ་སྣང་གློ་བུར་བ་ཕྱི་ཡུལ་གྱི་རྐྱེན་བཟང་ངན་གྱིས་བསླུ་བར་འགྱུར་བའི་ཕྱིར་ན་རྟོག་ཚོགས་ཐམས་ཅད་གཟུང་འཛིན་གྱི་ཆོས་སུ་སྣང་ཞིང་བསླད་པ་འདི་གདུལ་བའི་ཐབས་ལ་བརྩོན་དགོས་ཏེ། བསགས་པ་དམན་པའི་གང་ཟག་ཐ་མལ་པ་དེ་ཉིད་ཀྱིས་ངོ་སྤྲོད་རེ་ཐོབ་པ་དང་དལ་ཁོམ་རེས་འགའི་ཉམས་ལེན་ཙམ་ལ་དགག་སྒྲུབ་བླང་དོར་ལས་འདས་པའི་ལམ་དུ་རློམ་ནས་ཐ་སྙད་འདོགས་ཀྱང་འཆི་ཁ་དང་བར་དོར་མི་ཕན་ཞིང་རྟོག་པ་དང་ཉོན་མོངས་རང་རྒྱུད་པས་རྒྱུད་བཅིངས་ཏེ་ཐོག་མེད་ནས་རང་ཉིད་འཁོར་བའི་གནས་སུ་འཛིན་པར་བྱེད་པའི་ཚུལ་དེ་ལས་གཞན་དུ་མ་འགྱུར་བས་ན་རང་ལུགས། སྲིད་པའི་རྩ་བར་གྱུར་པས་ན་བདག་པོ་སྟེ་གཟུང་འཛིན་དེ་ཡིས་དང་པོའི་ལས་ཅན་རྣམས་ཀྱི་ངོ་བོ་ལ་སྒྲིབ་པའི་ཕྱིར་ན་ཐུན་མོང་བ་དང་མཐུན་པའི་སེམས་གནས་བསྒྲུབ་ཚུལ་ཡང་འདི་ནས་མ་བཀག་པའི་ཚུལ། ཐལ་འགྱུར་ལས། བསྒོམ་པ་ཞེས་ནི་སེམས་གནས་ལ། །འགྱུ་བ་ཕྱི་ནང་གཅོད་པ་སྟེ། །གཟུང་དང་འཛིན་པ་འགགས་པའོ། །ཞེས་དང་། རྩ་དང་རླུང་དང་ཐིག་ལེ་དང་། །ལུས་གནད་དམིགས་དང་སྟོང་པ་ནི། །བསྒོམ་པ་ཞེས་ནི་འདོད་པ་ཡིན། །ཞེས་ངོ་བོ་དམིགས་གཏད་ལ་བརྟེན་པའི་སེམས་གནས། དགོས་པའི་དེ་ཉིད་བརྟན་པ་ལས་འབྲས་བུར་རེ་བ། བྱེད་ལས་གཟུང་འཛིན་འགོག་འདོད་ཀྱི་ཞི་གནས་དང་ལྷག་མཐོང་འབྲེལ་བར་བསྒྲུབ་པ་སྟེ། འདི་ལ་ཞི་གནས་དང་ལྷག་མཐོང་ངོ་བོ་གཅིག་པའི་འཁྲིད་ཚུལ་དང་། ཞི་ལྷག་སོ་སོ་བ་ཡི་འཁྲིད་ཚུལ་རྣམ་པ་གཉིས་ཡོད་པ་ལས་ཐེག་པ་འོག་མ་དང་ཐུན་མོང་བ་ནི་མདོ་ལམ་དུ་ཡང་བཤད་ཟིན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཞི་ལྷག་ངོ་བོ་གཅིག་པ་དང་། སོ་སོ་བའི་འཁྲིད་ཚུལ་ལོ། །དང་པོ་ཞི་ལྷག་ངོ་བོ་གཅིག་པའི་འཁྲིད་ཚུལ་ནི། འདིར་དང་པོ་ཞི་ལྷག་ངོ་བོ་གཅིག་པའི་ཕྱོགས་འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དགོངས་པ་ལ་སྦྱར་ནས་བཤད་ན། འཁོར་འདས་སུ་འཛིན་པའི་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ་ན། རྩེ་གཅིག་པའི་ངང་ལས་མི་གཡོ་བར་གནས་པའི་ཆའི་བསམ་གཏན་ཏེ་ཞི་གནས་དང་། དེའི་མཚན་ཉིད་དངོས་པོ་མེད་པར་འདུ་ཤེས་པའི་གསལ་ཆའི་སོ་སོར་རྟོག་པའི་ཤེས་རབ་ནི་ལྷག་མཐོང་སྟེ། །ཞི་ལྷག་ཟུང་དུ་འབྲེལ་བའི་དོན་དེ་ལས་གཞན་གཟུང་འཛིན་གཉིས་སུ་འཛིན་པ་མིན་པའི་མཐའ་དང་བྲལ་བའི་ཆོས་ཉིད་ཀྱི་དོན་དེ་ལ་མཉམ་པར་བཞག་པར་བྱ་སྟེ། འཕགས་པ་འདའ་ཀ་ཡེ་ཤེས་ལས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ཡང་ཡང་གོམས་པས་ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེ་བས་རྗེས་ཐོབ་ཐམས་ཅད་སྙིང་རྗེ་ཆེན་པོའི་རང་བཞིན་དུ་འཆར་བའི་ཚུལ། དེ་ཉིད་ལས། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ལྟར་མཉམ་བཞག་ཏུ་སྟོང་ཉིད་དང་། རྗེས་ཐོབ་ཏུ་སྙིང་རྗེ་གཉིས་ཟུང་དུ་འཇུག་པ་ལ་གོམས་པས་ཚོགས་གཉིས་ཅིག་ཅར་དུ་རྫོགས་ཏེ་འོད་གསལ་གྱི་རང་བཞིན་འཕགས་པའི་བདེན་པ་ལ་རེག་པའི་ཚུལ། ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན་དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །དེ་ཡང་དངོས་པོར་ལྟ་བ་ནི་འཁོར་བར་ཟག་བྱེད་དང་ཤེས་བྱའི་སྒྲིབ་པ་ཡིན་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བཅོམ་ནས་སངས་རྒྱས་ཀྱི་རང་བཞིན་རང་སེམས་རྟོགས་པ་ལས་བྱུང་བའི་ཚུལ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་སོ། །རྐང་པ་བཞི་པོ་འདིས་བསྒོམ་པའི་མདོ་ཐམས་ཅད་ཉེ་བར་བསྡུས་པ་ཡིན་ནོ། །འདིའི་འདུ་ཤེས་ནི་ཐོས་བསམ་གྱི་དུས་ན་རྣམ་པར་རིག་པ་ཅན་གྱི་རྟོག་དཔྱོད་ཡིན་ཀྱང་། བསྒོམ་པའི་ཤེས་རབ་ཀྱི་དུས་ན་རྣམ་པར་རིག་པ་ལས་འདས་པའི་ཡེ་ཤེས་ཡིན་པས་བག་ཆགས་ཀྱི་མཐའ་མི་འཛིན་ཏེ། འཇམ་དཔལ་གྱི་ལྟ་བ་མདོར་བསྟན་པ་ལས། ཡེ་ཤེས་ཀྱིས་ནི་ཕུག་པའི་སེམས། །འགའ་ཡང་བག་ཆགས་མེད་པའོ། །ཞེས་སོ། །གཉིས་པ་ཞི་ལྷག་སོ་སོ་བའི་འཁྲིད་ཚུལ་ནི། གཉིས་པ་ཞི་གནས་དང་ལྷག་མཐོང་སོ་སོ་བའི་ཕྱོགས་ལའང་འཁྲིད་ཚུལ་ལམ། བསྒྲུབ་ཚུལ་གྱི་དབྱེ་བ་གཉིས་སུ་གྲུབ་སྟེ། གཙོ་བོ་ཐོས་བསམ་གྱི་ཤེས་རབ་ལས་བྱུང་བ་དང་། གཙོ་བོ་བསྒོམ་ཐབས་ཀྱི་གདམས་ངག་ལས་བྱུང་བ་གཉིས་ཡོད་པར་མདོ་ལས་ཀྱང་བྱུང་ངོ་། །དེ་ལྟར་ཡང་དགོངས་པ་ངེས་པར་འགྲེལ་པ་ལས། ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། ཤེས་རབ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ། །ཤེས་རབ་ལས་བྱུང་བ་ནི་མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །གདམས་ངག་ལས་བྱུང་བ་ནི་མན་ངག་གིས་སེམས་མི་གཡོ་བར་བྱེད་པ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། །ཞེས་སོ། །དེ་ལ་དང་པོ་ཤེས་རབ་ལས་བྱུང་བ་ཞེས་བྱ་བ་ནི་སྒྲ་ཡི་རྗེས་སུ་མཐུན་པའི་དོན་ལ་མཉམ་པར་འཇོག་པ་སྟེ། དེ་ཡང་སྒྲར་གྲགས་པ་གཞན་གྱིས་བཤད་པ་ལ་ཉན་པ་དང་། བརྡར་གྱུར་པ་དཔེ་ཆར་གནས་པ་ལ་བལྟས་པ་ལྟ་བུའི་རྐྱེན་གྱིས་སྒྲར་སྣང་བ་རང་གི་བློ་ལ་སྒྲ་སྤྱིའི་རྣམ་པར་སྣང་བ་གཏན་ཚིགས་ལ་སོགས་པས་དཔྱད་ཅིང་གཞིག་པས་བདག་མེད་པ་ལ་སོགས་པའི་དོན་སྤྱིར་ཤར་ཞིང་བསམ་བྱུང་གིས་སྒྲོ་འདོགས་ནང་ནས་ཆོད་དེ་ངེས་པ་རྙེད་པར་བྱས་པའི་དོན་དེ་ཉིད་བསྒོམ་པ་ཡིན་པས། དང་པོ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་ཇི་ལྟར་ངེས་པའི་དོན་གྱི་དམིགས་པ་དེའི་ངང་ལ་སེམས་གནས་པའི་ཐབས་དགུ་ལ་སོགས་པའི་སྒོ་ནས་རྩེ་གཅིག་ཏུ་ཡང་ཡང་རྒྱུན་བསྲིངས་ཏེ་བཞག་པས་རྣམ་རྟོག་གི་རྒྱུ་བ་ཐམས་ཅད་དམིགས་པ་དེ་ཁོ་ནའི་ངང་ལ་ཞི་བ་དང་སྟེ་དེ་ཉིད་ལ་གནས་པ་ན་དངོས་པོ་ལ་མངོན་པར་ཞེན་པའི་བློ་རྟོག་རགས་པ་ནུབ་ཅིང་སེམས་ལས་སུ་རུང་བའི་ཞི་གནས་གྲུབ་པ་ཡིན་ལ། དེ་ལས་དམིགས་པར་བྱ་བའི་ཡུལ་བདག་མེད་པ་དང་། དམིགས་པ་བྱེད་པའི་བློ་བདག་མེད་དོ་ཞེས་པའི་རྣམ་པ་དེ་ཡང་རང་བཞིན་གྱིས་སྤྲོས་པ་དང་བྲལ་བའི་དོན་དུ་རྟོགས་ཏེ་དམིགས་པའི་འཛིན་སྟངས་ཀུན་དང་བྲལ་བར་གྱུར་པ་ནི་གནས་ལུགས་ཀྱི་དོན་ལ་རབ་ཏུ་ཞུགས་པའི་ལྷག་མཐོང་མཚན་ཉིད་པ་ཡིན་པས་འབད་པས་སྒྲུབ་པར་བྱེད་པ་ཉིད་དོ། །མན་ངག་ལས་བྱུང་བ་ཞེས་བྱ་བ་ནི་དེ་འདྲ་བའི་སྒྲ་ཚིག་གི་རྗེས་སུ་འབྲངས་ཏེ་དཔྱོད་པ་ལ་མི་ལྟོས་པར་དོན་གྱི་རྗེས་སུ་འགྲོ་བ་སྟེ། ཞི་ལྷག་བསྒྲུབ་པའི་ཐབས་བླ་མས་མན་ངག་གི་སྒོ་ནས་ཇི་ལྟར་བསྟན་པའི་དོན་དེ་ལ་མཉམ་པར་འཇོག་པ་སྟེ། དེ་ཡང་ཕྱིའི་དམིགས་པ་སྐུ་གཟུགས་སོགས་ལ་གཏད་ནས་བསྒོམ་པའམ། ནང་གི་དམིགས་པ་རླུང་ཐིག་སོགས་ལ་སེམས་འཛིན་པ་དང་། ལུས་གནད་དང་རྩ་རླུང་སོགས་ཀྱི་གནད་གཅུན་པས་བདེ་གསལ་མི་རྟོག་པ་སྐྱེ་བ་ལ་སོགས་པའི་དམིགས་པ་དེ་དག་གི་ངང་ལ་སེམས་ནི་རྣམ་རྟོག་གིས་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པ་ཞི་གནས་ཡིན་ལ། གང་སྣང་བའི་དམིགས་པ་དེ་དག་སེམས་ལས་གཞན་དུའང་མ་གྲུབ་ལ། སེམས་ཉིད་ཀྱང་མ་ཡིན་པས་རང་བཞིན་མེད་ལ། གང་ལ་སྣང་བའི་སེམས་དེ་ཡི་རང་གི་རང་བཞིན་ཡང་གདོད་མ་ནས་མ་སྐྱེས་ཤིང་མི་འགག་པ་རང་བཞིན་གྱིས་ཟུང་འཇུག་འོད་གསལ་བའི་བདག་ཉིད་ཅན་དུ་ཤེས་ནས་གང་ལའང་འཛིན་པ་མེད་པ་ནི་ལྷག་མཐོང་མཚན་ཉིད་པ་སྟེ། ཀུན་བྱེད་ལས། གཉིས་དང་གཉིས་མེད་དག་པ་ནི། །བསྒོམ་དང་མི་བསྒོམ་མིང་དུ་བཏགས་པ་སྟེ། །ཞེས་སོ། །དེ་ལྟ་བུའི་ཞི་ལྷག་གི་དོན་སྒོམ་པ་ལ་སྙིང་ནས་བྲོད་པ་མ་བསྐྱེད་ན་རྣམ་གཡེང་དང་ཕྱི་བཤོལ་དུ་ལུས་ནས་ནམ་ཡང་བསྒོམ་པའི་དུས་མི་འོང་བས་འདི་ལྟར་བསམ་པར་བྱ་སྟེ། བདག་ནི་ཐོག་མ་མེད་པ་ནས་མེད་སྣང་རྣམ་རྟོག་གི་རྦ་རླབས་གློ་བུར་བ་འདི་ཁོ་ནའི་དབང་དུ་སོང་ནས་སྔར་ཡང་སྡུག་བསྔལ་དེ་ཙམ་ཞིག་གིས་མནར། ད་ལྟ་ཡང་བློ་ལང་ཤོར་གྱི་ངན་གོམས་ཤོག་དྲིལ་དང་འདྲ་བ་འདིའི་དབང་དུ་སོང་ནས་རང་སེམས་སོ་མི་བསོད་ཅིང་སྡུག་བསྔལ་སྣ་ཚོགས་པ་འདུ་བྱེད་པས་ཕྱི་མའི་མུ་མཐའ་མེད་པར་འཁོར་བའི་གཡང་ས་ཉམ་ང་བར་འཁྱམས་དགོས་པ་འདི་རེ་འཇིགས། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི་རྣམ་པར་རྟོག་པའི་གཞན་དབང་དུ་གྱུར་པ་འདི་ལ་ཐུག་པས་ལུས་སྲོག་འདོར་བ་ལ་བབ་ཀྱང་སེམས་སྦྱོང་བའི་དྲན་རྒྱུན་འདི་ནི་གཏོང་བར་མི་བྱ་སྙམ་དུ་ཡང་ཡང་དམ་བཅའ་བར་བྱ་ཞིང་། ཡང་སེམས་ལ་ཕན་པའི་གདམས་ངག་ཉམས་སུ་བླང་ན་ནི་ཐོས་རྒྱ་མི་ཆེ་ཡང་། བློ་རྩེ་མི་རྣོ་ཡང་། ཁ་བཤད་མི་མཁས་ཀྱང་སེམས་ཉིད་རྒྱ་མཚོ་ལྟ་བུ་ཇེ་དྭངས་དང་། རྣམ་རྟོག་རྦ་རླབས་ལྟ་བུ་ཇེ་ཞི་ལ་སོང་ནས་ས་ལམ་གྱི་ཡོན་ཏན་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་ངང་གིས་རྒྱུད་ལ་སྐྱེ་བར་འགྱུར་བས་ན་འདི་ལས་ཆེས་མཆོག་ཏུ་གྱུར་པའི་དོན་ཞིག་ནི་བསྒྲུབ་ཏུ་མེད་དོ་སྙམ་དུ་བཀྲེས་པ་ཟས་ལ་གདུང་བ་བཞིན་དུ་དོན་གཉེར་གྱི་འདུན་པ་དྲག་པོ་བསྐྱེད་པར་བྱའོ། །དེ་ལྟར་བསྐྱེད་ནས་ཀྱང་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་སེམས་རྒྱུད་འདུལ་བ་ལ་འབད་པར་བྱའོ། །དེ་ལྟ་མ་ཡིན་པར་འཇིག་རྟེན་ཚེ་འདིའི་བྱ་བ་ཚོང་སོ་ནམ་སོགས་ཀྱིས་གཡེང་བར་གྱུར་ན་སྨོས་ཅི་དགོས་ཀྱང་། སེམས་རྒྱུད་ལ་མ་སྦྱར་བའི་ཐོས་བསམ་ལ་བརྩོན་ཁུལ་ཆེ་བ་དང་། གདམས་ཁྲིད་ཀྱི་ཞུས་གྲངས་མང་བ་དང་། གཞན་སྣང་དུ་སྤྱོད་ཚུལ་བཙུན་པ་སོགས་ཀྱིས་ནི་ཅི་ཡང་མི་ཕན་ཏེ། མཁས་པའི་གྲགས་པ་ཐོབ་པ་དང་། ཀུན་གྱི་བཀུར་གནས་སུ་གྱུར་པ་ཕལ་ཆེ་བ་ཡང་རྐྱེན་ངན་པ་ཞིག་ཐོག་ཏུ་བབས་ཚེ་འཇིག་རྟེན་ཕལ་པ་རྣམས་དང་ཁྱད་པར་མེད་པར་མཐོང་བ་འདི་ལྟ་བུ་ལ་བསམས་ནས་བློ་སྣ་ནང་དུ་བཀུག་སྟེ་གདམས་ངག་ཡོད་དགུའི་རྣོ་སོ་ཇི་སྙེད་པ་ཐམས་ཅད་སེམས་ཀྱི་ཐ་བ་འདི་ཁོ་ན་ལ་འབེབས་པར་བྱའོ། །གསུམ་པ་ཞི་ལྷག་ཟུང་འབྲེལ་གྱི་དོན་བསྡུ་བ་ནི། མདོར་བསྡུ་ན་གང་ཟག་གི་བློ་རིམ་གྱིས་ཞི་ལྷག་གི་རྣལ་འབྱོར་ལ་བརྟེན་ནས་གཟུང་འཛིན་གྱི་རྣམ་རྟོག་གྲོལ་ཚུལ་རྣམ་པ་གསུམ་སྟེ། གང་ཟག་དབང་པོ་རབ་ཀྱིས་ནི་ཞི་ལྷག་རིམ་གྱིས་བསྒྲུབ་མི་དགོས་པར་རིག་པ་ངོ་འཕྲོད་ཅིང་གདེངས་སུ་གྱུར་པས་ངན་པའི་རྟོག་པ་ཚུལ་མིན་ཡིད་བྱེད་དང་། ཉོན་མོངས་པའི་རྟོག་པ་ཇི་སྙེད་པ་ཐམས་ཅད་ཤར་བའི་རང་དུས་དེ་ཉིད་ན་རྗེས་མཐུད་མེད་པར་གྲོལ་བར་གྱུར་ན་གང་ཤར་ཀུན་ཆོས་སྐུར་ལྷོངས་པ་ཡིན་པས། དེའི་ཚེ་ན་རྣམ་རྟོག་བཟང་པོ་དད་པ་ལ་སོགས་པས་ཕན་འདོགས་མི་དགོས་ཏེ། དགེ་བས་བསྒྲུབ་པར་འདོད་པའི་འབྲས་བུ་ཆོས་སྐུ་རང་གི་ངང་ལ་གནས་པའི་ཕྱིར་དང་། རྣམ་རྟོག་ངན་པ་ཉོན་མོངས་པའི་རྟོག་པ་སྐྱེས་ཀྱང་ཆོས་སྐུ་ཟང་ཐལ་དེ་ཉིད་དུ་ལྷོངས་པ་ལས་འཁོར་བར་འཕེན་པའི་ལས་མི་གསོག་པས་གནོད་པ་མི་སྐྱེལ་བའི་ཕྱིར་དེ་གཉིས་གང་སྐྱེས་ཀྱང་མགོ་མཉམ་པར་གྱུར་པ་ན་གཉེན་པོ་བསྟེན་མི་དགོས་ཏེ། ཡུལ་ཐོག་ཏུ་ཤོར་མ་མྱོང་བའི་ཤེས་པ་རིག་པའི་ངང་དུ་ཤར་གྲོལ་དུས་མཚུངས་པའི་ཕྱིར་ཏེ། ཀུན་བྱེད་ལས། ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོག་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་པས། །བྱ་བཙལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། །ཞེས་སོ། །དབང་པོ་འབྲིང་གིས་ལྟ་བ་སྐྱེ་མེད་དུ་རྟོག་པའི་ངང་མ་ཤོར་བའི་དྭངས་བྱིང་རྒོད་དང་བྲལ་བར་ཞི་ལྷག་ཟུང་འབྲེལ་གྱི་ལམ་གོམས་པས་ཏིང་ངེ་འཛིན་ནམ་མཁའ་ལྟ་བུའི་ཀློང་དུ་སེམས་དང་སེམས་ལས་བྱུང་བའི་བཟང་ངན་གྱི་རྟོག་པ་མཐའ་དག་ནམ་མཁའི་དབྱིངས་སུ་སྤྲིན་དེངས་པ་བཞིན་ནུབ་པར་འགྱུར་བའི་ཕྱིར་ནན་ཏན་བསྐྱེད་ནས་བསྒོམ་པར་བྱ་དགོས་པ་ཡིན་ཏེ། ཏིང་ངེ་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མིང་དུ་མི་ཐོགས་ཉམས་མྱོང་འགྱུར། །དེས་ན་ཏིང་ངེ་འཛིན་ཅེས་བྱ། །ཞེས་སོ། །དེ་ལ་ཏིང་ངེ་འཛིན་གྱི་གེགས་བྱིང་རྒོད་གཉིས་ཀྱི་ངོས་འཛིན་ནི། སྤྱིར་རྨུགས་པ་དང་བྱིང་བ་གཉིས་ལས། རྨུགས་པ་ནི་མཛོད་འགྲེལ་ལས། རྨུགས་པ་གང་ཞེ་ན། ལུས་ལྕི་བ་ཉིད་དང་། སེམས་ལྕི་བ་ཉིད་དང་། ལུས་ལས་སུ་མི་རུང་བ་ཉིད་དང་། སེམས་ལས་སུ་མི་རུང་བ་ཉིད་གང་ཡིན་པའོ། །ཞེས་སོ། །དེ་ཡང་བསྒྲིབས་ལུང་མ་བསྟན་དང་མི་དགེ་བ་གང་རུང་གཏི་མུག་གི་ཆར་གཏོགས་པར་གསུངས་ལ། བྱིང་བ་ནི། ཀཱ་ཤིའི་སྒོམ་རིམ་ལས། དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ་བྱིང་དུ་དོགས་པར་མཐོང་ན། ཞེས་རྨུགས་པ་ལས་བྱུང་བའི་སེམས་མུན་པ་བབས་པ་ལྟ་བུའི་ཡུལ་མི་གསལ་བ་དང་། བློའི་འཛིན་སྟངས་འཕང་དམའ་རུ་སོང་བས་བྱིང་བ་དང་། ཧ་ཅང་ནང་དུ་བསྡུས་པས་ན་ཞུམ་པ་ཞེས་ཀྱང་བྱ་སྟེ། ཕར་ཕྱིན་བསྡུ་བ་ལས། ལྷག་མཐོང་བརྩོན་པའི་སྟོབས་ཀྱི་མཐུས། །ཞུམ་པར་གྱུར་ན་གཟེངས་ཀྱང་བསྟོད། །ཅེས་སོ། །དེ་ཡང་དམིགས་པ་ལ་འཛིན་སྟངས་ལྷོད་ནས་མི་གསལ་བའམ་དམ་པར་མི་འཛིན་དྭངས་ཆ་ཡོད་ཀྱང་བྱིང་བར་འགྲོ་ཞེས་གསུངས་པ་དེ་ནི་ཞི་གནས་རྐྱང་པ་སྒྲུབ་པ་དང་། ཡང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་པ་ལྟར་ལྷག་མཐོང་མཚན་ཉིད་པ་བསྒྲུབ་པའི་སྔོན་དུ་ཆོས་རང་བཞིན་མེད་པའི་ངེས་པ་བརྟན་པར་གོམས་པ་སོགས་ལ་ཤིན་ཏུ་གལ་ཆེ་བར་སྣང་སྟེ། དགེ་བའི་དམིགས་པ་གང་ཡིན་ཀྱང་དེར་སེམས་ཀྱི་རྣམ་པ་ལྷང་གི་ཤར་ནས་དེའི་རྒྱུན་གོམས་དགོས་པའི་ཕྱིར་རོ། །འོན་ཀྱང་དམིགས་པ་དང་བཅས་པའི་སེམས་འཛིན་གྱི་སྒོམ་ཐམས་ཅད་ལ་དེ་ལྟར་བཤད་པ་ཡིན་གྱི། དབུ་མའི་སྒོམ་དོན་དངོས་གཞི་དང་། མཚན་མ་མེད་པའི་རྫོགས་རིམ་ཐུན་མིན་རྣམས་ཀྱི་སྐབས་སུ་ནི་སེམས་རྟོག་ཐམས་ཅད་དབྱིངས་སུ་ནུབ་ཅིང་ཡེ་ཤེས་ཀྱི་དྭངས་ཆ་གསལ་ངར་དང་ལྡན་ན་ཏིང་ངེ་འཛིན་སྐྱོན་མེད་དུ་སོང་བ་ཡིན་པས་འཛིན་སྟངས་ལྷོད་པས་ནི་བྱིང་བར་མི་འགྲོ་བ་རང་ལུགས་སོ། །རྒོད་པ་ནི། ཀུན་ལས་བཏུས་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་པས། ཉོན་མོངས་པ་གཞན་དང་། དགེ་བའི་དམིགས་པ་གཞན་ལ་སེམས་འཕྲོ་བ་རྒོད་པ་མ་ཡིན་པར་གསུངས་ནའང་། མི་དགེ་བ་དང་། ལུང་མ་བསྟན་དང་། གང་ལ་དམིགས་པར་བྱ་བའི་གནས་དེ་ནས་གཞན་པའི་དགེ་བ་ཡིན་ཡང་འདྲ་སྟེ་རླུང་གིས་ཡིད་སྦུར་ནས་ཅུང་ཟད་ཀྱང་གནས་སུ་མི་སྟེར་ན་བསམ་གཏན་གྱི་བར་ཆད་ཡིན་པར་བལྟའོ། །ཡང་དབང་པོ་ཐ་མས་ནི་ཐོས་བསམ་གྱི་དཔྱད་པས་དྲངས་པའི་བདག་མེད་ལ་ངེས་ཤེས་ཅུང་ཟད་ཐོབ་པའམ། ཁྱད་པར་བླ་མའི་མན་ངག་ལ་བརྟེན་ནས་རིག་ངོ་ཅུང་ཟད་རེ་འཕྲོད་ཀྱང་། མི་བསམ་དགུ་བསམ་གྱི་རྣམ་རྟོག་ཤིན་ཏུ་མང་བ་མཚོ་རླབས་འཁྲུགས་པ་ལྟ་བུའམ། རང་དབང་མི་འཐོབ་པ་ཤིང་བལ་རླུང་གིས་ཁྱེར་བ་ལྟ་བུའམ། ལྷག་མཐོང་གི་དོན་ལ་གནས་སུ་མི་སྟེར་ཞིང་ཉམ་ཆུང་བ་རླུང་གསེབ་ཏུ་བཞག་པའི་མར་མེ་ལྟར་འགྱུར་བས་ན། ཐོག་མར་ལྷག་མཐོང་གི་རྟེན་དུ་ཞི་གནས་འབའ་ཞིག་བཙལ་བར་བྱ་བ་ནི། དམིགས་པའི་རྟེན་གང་ཡང་རུང་བ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་སྐད་ཅིག་ཀྱང་མི་ཡེང་བར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བར། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅེས་སོ། །དེའང་རེས་འགའ་ཙམ་དང་ཡུན་ཐུང་དུ་ཙམ་གྱིས་ནི་མི་འགྲུབ་པས་ཉམས་ལྔ་མཐར་ཕྱིན་གྱི་བར་བསླབ་པ་བྱ་སྟེ། ཉམས་ལྔ་ནི། བི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པས། སེམས་རྩེ་གཅིག་ཏུ་བཟུང་བའི་རྒྱུན་བསྲིངས་ཏེ་བསྒོམ་པ་ན། ཐོག་མར་གཡོ་བའི་ཉམས་ཞེས་བྱ་བ་རྣམ་རྟོག་དང་ཉོན་མོངས་ཐམས་ཅད་རི་གཟར་གྱི་འབབ་ཆུ་ལྟར་ལངས་པ་ན་སྒོམ་གྱི་མགོ་ཟིན་པ་ཡིན་ཀྱང་ཤིན་ཏུ་བཟོད་པར་དཀའ་ཞིང་རྣམ་རྟོག་གི་རྐྱེན་ཁར་འཆོར་དུ་ཉེ་བས་རྣམ་རྟོག་དགྲ་རུ་ལངས་པའི་དུས་ཞེས་བྱའོ། །དེ་ལྟར་རྟོག་པ་སྔར་བས་མང་དུ་སོང་བས་སྒོམ་སྙིང་མི་འདོད་པ་ལྟ་བུ་བྱུང་ཡང་འདུན་བརྩོན་སེམས་པ་དཔྱོད་པའི་རྐང་པ་བཞིའི་སྒོ་ནས་བསྲན་བཙུགས་ཤིང་རྒྱུན་བསྲིངས་ཏེ་བསྒོམ་པ་ན། ཐོབ་པའི་ཉམས་ཞེས་བྱ་བ་རོང་ཁུང་དོག་པའི་འབབ་ཆུ་ལྟ་བུ་རྣམ་རྟོག་འཕྲོ་མུ་ནས་ཡུད་ཙམ་རེ་རྟོག་མེད་དུ་ཞི་མེ་རེ་གནས་པ་ཞིག་འབྱུང་ལ། དེའི་རྒྱུན་མཐུད་དེ་བསྒོམས་པས་གོམས་པའི་ཉམས་སམ་རྣམ་རྟོག་ཐང་ཆད་པའི་ཉམས་ཞེས་བྱ་བ་དཔེར་ན་གཡོ་འགུལ་མང་པོ་བྱེད་མི་ནུས་པ་རྒན་པོའི་སྤྱོད་པོ་ལྟ་བུའམ། འདབ་ཆགས་རྙིང་བཟུང་བ་ལྟར་ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་སྟེ། འདི་དག་གི་སྐབས་རྣམ་རྟོག་ཁོང་ཤེད་ཆག་པའི་དུས་ཞེས་བྱ་སྟེ། སྐབས་སྐབས་སུ་རྣམ་རྟོག་སྐྱེས་པ་དེའི་དབང་དུ་འགྲོ་མི་དགོས་པས་བསྒོམ་འདོད་ཀྱི་བྲོད་པ་སྐྱེས་ནས་བསྒོམས་པས་བརྟན་པའི་ཉམས་ཞེས་བྱ་བ་མཚོ་ཆུང་སེར་བུས་བསྐྱོད་པ་ལྟར་ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རྐྱེན་དྲག་པོས་ཅུང་ཟད་གཡོ་ཡང་སྒྱུ་མའི་དམག་དང་སྨིག་རྒྱུའི་ཆུ་ལྟར་ནུས་མེད་དུ་སོང་ནས་གནོད་པར་མི་འགྱུར་རོ། །ད་དུང་ཡང་འབད་དེ་བསྒོམས་པས་མཐར་ཕྱིན་པའི་ཉམས་ཞེས་བྱ་བ་རྒྱ་མཚོ་རླབས་དང་བྲལ་བའམ། རི་བོ་ལྟར་གནས་པ་ལ་རྐྱེན་གང་གྱིས་ཀྱང་མི་གནོད་པར་མ་ཟད་སླར་ལ་བོགས་འབྱིན་ཅིང་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་ནས་རྟེན་གང་དང་གང་ལ་དམིགས་ན་དེ་དང་དེ་ལ་ལྷན་གྱིས་གནས་པའི་བརྟན་པ་ཐོབ་པ་ན་རྣམ་རྟོག་གཉེན་དུ་ཤར་བའི་དུས་ཞེས་བྱ་བ་བྲན་ཁོལ་བཟང་པོ་ལྟ་བུ་རྣམ་རྟོག་རང་དབང་དུ་འདུ་བ་ཡིན་ནོ། །འོན་ཀྱང་ཞི་གནས་རྐྱང་བའི་ལམ་གྱི་ཉམས་ལྔ་མཐར་ཕྱིན་ནས་གནས་སྐབས་རྣམ་རྟོག་གི་གཡུལ་ལས་རྒྱལ་བ་ལྟར་སྣང་ཡང་སྲིད་པའི་ས་བོན་འབྱིན་མི་ནུས་པས་ན། དེ་ནས་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པ་བསྐྱེད་དེ། ཞི་ལྷག་ཟུང་འབྲེལ་ལ་ཡང་ཡང་གོམས་པར་བྱས་ན། མཐར་གྱིས་རྣམ་རྟོག་རང་སར་གྲོལ་བའི་དུས་ཞེས་བྱ་བ། དཔེར་ན་རིན་པོ་ཆེ་གསེར་གྱི་གླིང་དུ་ཕྱིན་ནས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་བཞིན། ཡེངས་ཡུལ་ཆོས་ཉིད་དུ་ཤར་ནས་སེམས་དང་སེམས་བྱུང་གི་རྟོག་པ་གང་སྐྱེས་ཀྱང་རང་གནས་ཀྱི་བསམ་གཏན་ལ་སྤང་གཉེན་གཉིས་ཀ་མི་དགོས་པར་སྣང་སེམས་དབྱེར་མེད་གཞི་གྲོལ་ཀློང་ཡངས་ཆེན་པོར་འཆར་བས་བསམས་གཏན་ཐུན་འཇོག་དང་བྲལ་བའི་ཚུལ། རིན་པོ་ཆེ་སྤུངས་པ་ལས། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ངོ་མཚར་ཆེ། །ཞེས་དང་། རང་ཤར་ལས། འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །རྟོག་མེད་མཁའ་ཁྱབ་ཆོས་ཉིད་ཀུན་ལ་རོལ། །ཞེས་སོ། །གཉིས་པ་རྣམ་རྟོག་ལམ་དུ་འཁྱེར་ཚུལ་ནི། སྤྱིར་རྡོ་རྗེའི་ཐེག་པའི་ལམ་ཐམས་ཅད་རྣམ་རྟོག་མི་སྤོང་བར་ལམ་དུ་བྱེད་པའི་ཐབས་མཁས་ཅན་ཡིན་ཡང་དེའི་ནང་ནས་ཐབས་ཀྱི་ལམ་མཆོག་ཏུ་གྱུར་པ་རང་བཞིན་རྫོགས་པ་ཆེན་པོའི་ལམ་པ་རྣམས་ཀྱིས་ལྷག་མཐོང་གི་ཤེས་རབ་སྐྱེས་པ་ནས་བཟུང་རྟོག་པ་བཟང་ངན་གང་ཤར་ཡང་དེ་ཉིད་ཆེད་དུ་དགག་པར་ཡང་མི་བྱ་ལ། རྩོལ་བས་བསྒྲུབ་པར་བྱ་བ་ཡང་མེད་ཅིང་ཞེན་ནས་རྗེས་སུ་ཡང་མི་འབྲང་སྟེ། འདི་ལྟར་རྟོག་པ་དགག་ན་ཞི་གནས་ཕྱོགས་གཅིག་ཏུ་ལྟུང་། རྩོལ་བས་བསྒྲུབ་ན་ལྷག་མཐོང་གཤིས་ལ་འཆོར། རྗེས་སུ་འབྲངས་ན་རྟོག་པའི་གཞི་རྩ་མི་ཆོད་པས་ཐ་མལ་པ་དང་ཁྱད་པར་མེད་པའི་ཕྱིར། སྐྱེ་མེད་དུ་རྟོག་པའི་རིག་པ་རྣལ་མའི་ངང་དེ་ལས་མ་གཡོས་ཙམ་དུ་རང་སར་གནས་ཏེ་དབང་པོའི་སྒོ་མི་དགག་པར་ཚོགས་དྲུག་ལྷུག་པར་བཞག་ན་ཤའི་མིག་དང་། ལྷ་ཡི་མིག་དང་། ཤེས་རབ་ཀྱི་མིག་སོགས་སྤྱན་ལྔ་དང་། སྔོན་གནས་རྗེས་དྲན་སོགས་མངོན་པར་ཤེས་པ་དྲུག་ལ་སོགས་པ་དབང་པོ་དང་དབང་ཤེས་རང་བཞིན་གྱིས་དྭངས་པའི་ལམ་གྱི་ཡོན་ཏན་མཐའ་དག་པ་སོ་སོར་རྩོལ་བས་བསྒྲུབ་མི་དགོས་པར་ངང་གིས་འཐོབ་པར་འགྱུར་ཏེ། ཀུན་བྱེད་ལས། ཐོག་མ་ཐ་མ་དབུས་ཞི་ཞིང་། །སྲིད་དང་མྱ་ངན་འདས་ཞི་བ། །ལྷུན་གྱིས་གྲུབ་པའི་བདེ་ཆེན་ནི། །མཚུངས་པ་མེད་པའི་ཡེ་ཤེས་ཀྱི། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། །ཞེས་དང་། གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །དེ་ལྟར་རིག་པའི་ངང་སྐྱོང་ཞིང་རྣམ་རྟོག་ཆེད་དུ་དགག་པ་མ་ཡིན་པ་ལ་སོགས་པའི་ཚུལ་བསྟན་པ་དེའི་གོལ་ས་བཅད་པ་ནི། རྟོག་པ་ཆེད་དུ་མ་བཀག་ཀྱང་རང་གྲོལ་དུ་འགྲོ་དགོས་ཀྱི། དེ་ལྟར་མ་ཡིན་པར་ཚོགས་དྲུག་གི་ཡུལ་དང་འབྲེལ་ཏེ་གྱི་ནར་འཕྱན་པར་གྱུར་ན་ནི་ཉོན་མོངས་པའི་རྟོག་པ་རགས་པའི་སྒོ་ནས་ལས་སྣ་ཚོགས་བསགས་ཏེ་གནས་འོག་མ་ངན་སོང་ལ་སོགས་པའི་རྒྱུ་བསྒྲུབ་པ་ལས་མི་འདའ་བས་ནས་སྐྱེ་བོ་ཐ་མལ་བ་དང་ཁྱད་པར་མེད་ལ། གལ་ཏེ་ནང་དུ་སེམས་འཛིན་བརྟན་པའི་ངང་ལ་གོམས་ན་བསམ་གཟུགས་ལ་སོགས་པའི་སྙོམས་འཇུག་ཐོབ་སྟེ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་འགྲུབ་ནའང་ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན་སྙིང་པོ་མེད་ཅིང་ཉམས་པར་འགྱུར་བའི་ཆོས་ཅན་ཡིན་ཞིང་། སྒྲ་རྟོག་དང་ཞེན་ཡུལ་གྱི་བདག་མེད་ལ་སོགས་པའི་ལྟ་བ་ལ་མཆོག་ཏུ་འཛིན་པའང་བློའི་རྣམ་པ་ཉེ་བར་མ་ཞི་བ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། དབུ་མ་ལ་སོགས་པའི་མན་ངག་ཟབ་མོར་སྒྲོ་བཏགས་ཀྱང་། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་དོན་དང་ཤིན་ཏུ་རིང་བ་ཡིན་ཏེ། སྡུད་པ་ལས། རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོངས་ལ། །ནམ་མཁའ་ལྟ་བུའི་ཡིད་ཀྱིས་འདི་ལ་འཇུག་པར་གྱིས། །ཞེས་སོ། །དེ་བས་ན་རིག་པའི་ངོ་བོ་གང་དུའང་མ་གྲུབ་ཅིང་། གང་གིའང་འཆར་གཞིར་གྱུར་པ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་པའི་ཚེ་ན། དེའི་གདངས་སམ་རྩལ་མེ་ལོང་གཡའ་དག་པ་ལྟ་བུར་དྭངས་པའི་ཤེས་པ་ལ་སྣང་ཡུལ་གཟུགས་ལ་སོགས་པ་མ་འགགས་པར་རྒྱ་མཚོ་ལ་གཟའ་སྐར་བཞིན་རོལ་པ་སྣ་ཚོགས་པ་འཆར་འཆར་འདྲ་བའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་བཀྲ་ཡང་སྣང་དུས་ཉིད་ནས་རང་གི་ངོ་བོས་སྟོང་པའི་མེད་པ་གསལ་སྣང་ཙམ་ཡིན་པས། ཤེས་རབ་སྙིང་པོ་ལས་ཀྱང་། གཟུགས་སྟོང་པའོ་ཞེས་བསྟན་ལ། འོན་ཀྱང་ཐ་སྙད་ཙམ་དུ་སྒྱུ་མ་ལ་སོགས་པ་ལྟར་གཟུགས་སུ་སྣང་བ་ནི་རིག་པའི་རྩལ་ལས་རོལ་པ་འགག་མེད་དུ་ཤར་བ་སྟེ། ཕར་ཕྱིན་ཐེག་པའི་ཆོས་སྐད་ལ། སྟོང་ཉིད་ཀྱི་ངང་ལས་རྟེན་འབྱུང་གི་སྣང་བ་འགག་མེད་དུ་འཆར་ཞེས་པ་དེ་དང་དོན་གཅིག་པས་ན། དེ་ཉིད་ལས། སྟོང་པ་ཉིད་གཟུགས་སོ་ཞེས་བསྟན་ཏོ། །དེས་ན་སྣང་ཡུལ་གྱི་རྣམ་པ་ལ་འདི་ལྟ་བུའོ་ཞེས་དེར་འཛིན་པའི་བློ་ཡིས་གོས་པར་མ་གྱུར་ཏེ། ཅིར་ཡང་མི་འཛིན་ན་སྣང་ཙམ་གྱིས་མི་འཆིང་སྟེ་འཆིང་བྱེད་ནི་གཟུང་འཛིན་གཉིས་པོ་ཡིན་ན་གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་ཕན་ཚུན་ཡུལ་ཡུལ་ཅན་དུ་འབྲེལ་བ་ཡུལ་མེད་ཀྱི་རིག་པའི་ངང་དུ་ཆད་པའམ་རྒྱ་མཚོ་ལ་རླབས་ཐིམ་པ་ལྟར་ཞིག་པས་ཆོས་ཅན་གྱི་དངོས་པོ་གཟུགས་སུ་སྣང་བའི་རྗེས་སུ་མི་རྟོག་ཅིང་མི་དཔྱོད་པར་མ་ཟད། ཆོས་ཉིད་རིག་པའི་ངང་ལའང་ཆེད་དུ་མི་བལྟ། གོ་ཡུལ་གྱི་དངོས་མེད་དང་བདག་མེད་སྟོང་པ་ལ་སོགས་པ་ལའང་སེམས་མི་འཛིན་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ཤུགས་འབྱུང་གི་དྲན་པས་བསྐྱངས་པས་ཕྱི་ནང་གི་འབྱུང་བའི་སྙིགས་མའང་རང་དག་ཏུ་འགྲོ་བའི་ཚུལ། ཐལ་འགྱུར་ལས། དངོས་དང་དངོས་མེད་པར་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པས་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཅེས་སོ། །དེ་ལྟ་བུའི་རྟོགས་པ་མཐར་ཕྱིན་པ་ནི་དུས་གསུམ་གྱི་རྒྱལ་བའི་གཤེགས་ཤུལ་ཡེ་ཤེས་བླ་མའི་ས་ལ་ཚེ་རབས་མང་པོ་དང་ཡུན་རིང་པོའི་མཐར་ལྟོས་མི་དགོས་པར་ད་ལྟ་ཉིད་དུ་ཕྱིན་པ་ཡིན་ཏེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གར་ཡང་མ་རྟོག་ཅིར་ཡང་མ་བསམས་ཤིག །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན། །ཞེས་སོ། །རྩ་བའི་ས་བཅད་གསུམ་པ་སྐབས་ཀྱི་མཇུག་བསྡུ་ཞིང་ལམ་ལ་འབད་དགོས་པར་གདམས་པ་ནི། རྒྱུ་འབྲས་དག་གྲོལ་དུ་འཛིན་པ་འོག་མའི་ལམ་ལྔ་པོ་རང་བཞིན་རྫོགས་པ་ཆེན་པོ་བདེན་པ་དབྱེར་མེད་ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་ལམ་ལྔར་མདོར་བསྡུ་ན། ཟབ་མོ་དབུ་མའི་སྐབས་སུ་ལྟ་བས་ཤེས་པར་བྱ་བའི་གཞི་སྟོང་པ་ཉིད་དམ་སྤྲོས་པ་དང་བྲལ་བ་དེ་ལ་འདིར་དབྱིངས་ཀྱི་ལམ་༡ཞེས་རིག་པས་རྟོགས་པར་བྱ་བའི་གཞིར་ཐ་སྙད་བཏགས་ཀྱང་དེའི་རང་བཞིན་ནི་ཐ་སྙད་དང་ཤེས་བྱས་མི་ཐུག་པས་ཟབ་པ། བློ་དང་སྙམ་བྱེད་དུ་མ་ལངས་པས་ཞི་བ། ཡོད་མེད་དང་བདེན་རྫུན་ལས་འདས་པས་སྤྲོས་བྲལ། རང་བཞིན་གྱི་གདངས་མ་འགགས་པས་འོད་གསལ། དུས་གསུམ་འཕོ་འགྱུར་མེད་པས་འདུས་མ་བྱས་པ་སྟེ། ཐུབ་པའི་དབང་པོས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་པས་གསལ་ལོ། །དེ་ལྟ་བུའི་དབྱིངས་དེ་ལ་མན་ངག་གི་རྒྱུད་འདི་ནས་མཚན་ཉིད་གསུམ་དང་ལྡན་པར་བསྟན་ཏེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོའི་ཡུལ་ཉིད་དང་། གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་སོ། །དེ་ཡང་རང་བཞིན་མི་འགྱུར་བས་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན། དབྱིངས་སྣང་རིག་པ་དང་རྟེན་དང་བརྟེན་པར་འབྲེལ་ཡང་ངོ་བོ་ལ་བདག་ཏུ་མི་འཛིན། སྟོང་པ་ཉེ་ཚེ་བ་མ་ཡིན་པ། བློའི་དངོས་པོ་དང་དྲན་པའི་རང་ཡུལ་ཟད་པས་འཁོར་བ་གཞི་མེད་དུ་མཚན་ཉིད་ཆད་ཀྱང་བེམ་སྟོང་ལྟར་མ་སོང་ལ། མྱང་འདས་ཀྱི་གཞི་ཡེ་ནས་ལྷུན་གྱིས་གྲུབ་པས་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོའི་དབྱིངས་ཞེས་བྱ་སྟེ། དེའི་རང་བཞིན་ཁྲེགས་ཆོད་ཀྱི་ལམ་དུ་དབང་རྣོན་གྱིས་ཅིག་ཅར་དུ་རྟོགས་ནས་ངང་ལས་མི་གཡོ་བ་དང་། འབྲིང་དང་ཐ་མས་ཀྱང་རིམ་གྱིས་གོམས་པའི་སྟོབས་ཀྱིས་རྟོགས་ནས་དེའི་ངང་ལ་འཇོག་པའི་བསྒོམ་པ་ནི་རྟོགས་བྱེད་ཀྱི་རིག་པ་རང་དང་ཐ་དད་དུ་མེད་པས་ཆོས་ཉིད་གཅིག་པའི་ལམ་མ་ནོར་བ་ཡིན་པར་རིག་པར་བྱའོ། །ཚུལ་དེ་ལྟ་བུ་ལ་ཐོད་རྒལ་གྱི་གནས་སྐབས་ན་གཞི་ན་གནས་པའི་དག་དབྱིངས་ཞེས་བྱ་སྟེ། དེའི་ངང་ལ་གོམས་པས་འོད་གསལ་གྱི་ལམ་སྣང་ཡང་ཞར་ལ་མཐོང་ཚུལ་སྔར་བཤད་ཟིན་ཏོ། །རིག་པའི་ལམ་༢ནི་ཤེས་རབ་ཁྱད་པར་ཅན་ཡིན་ཏེ། འདི་ལྟར་གཞལ་བྱའི་ཡུལ་དབྱིངས་ཀྱི་རང་བཞིན་ཤེས་པའི་ཤེས་རབ་མེད་ན་བཤད་མ་ཐག་པའི་ནང་དབྱིངས་སྟོང་པ་ཟང་ཐལ་དེ་ཡང་སྟོང་ཆད་ཅང་མེད་པོར་གོལ་བའི་ཉེན་ཡོད་པས། དབྱིངས་ཀྱི་རང་བཞིན་དེ་རང་དང་རོ་གཅིག་པའི་ཚུལ་དུ་རྟོགས་པའི་སོ་སོ་རང་གི་རིག་པའི་ཤེས་རབ་ཁྱད་པར་ཅན་དེ་རིག་པའི་ཆ་ནས་ཆད་པར་མ་སོང་། ངོ་བོ་ཉིད་མ་གྲུབ་པས་རྟག་པར་མ་གོལ། ཡུལ་རིག་པའི་ཆ་ནས་ཡིད་དང་མཚུངས་ཀྱང་ཡུལ་ཕྱིར་མི་འབྲང་ཞིང་རྣམ་རིག་གིས་བསླད་པ་མེད་པས་ལས་དང་བག་ཆགས་འདུ་མི་བྱེད་པས་མྱ་ངན་ལས་འདས་པའི་བདག་ཉིད་ཅན་ནོ། །འོད་གསལ་གྱི་ལམ་༣ཞེས་པ་ནི་ངོ་བོ་ངོས་བཟུང་མེད་པའི་སེམས་ཉིད་ཀྱང་བེམ་སྟོང་ལྟ་བུར་སོང་བ་མེད་པས་ནང་གསལ་ཀ་དག་གི་དབྱིངས་མཐའ་བྲལ་དྲི་མ་མེད་པའི་ངང་ལ་གོམས་པས་དབྱིངས་ལ་ཡེ་ལྡན་དུ་ཡོད་པའི་སྐུ་གསུམ་གྱི་སྣང་ཆ་ལས་རླུང་དག་པའི་ཆ་ལས་འོད་གསལ་གྱི་ལམ་སྣང་དུ་མངོན་པའི་ཚུལ། ངོ་སྤྲོད་སྤྲོས་པ་ལས། ཡེ་ནས་མེད་པའི་སྟོང་པ་ཡིས། །འབྱུང་བ་རང་ཟད་འོད་སྣང་ཟེར། །བྱ་བྱེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །ཅེས་སོ། །དེ་ཡང་ཡེ་ཤེས་འོད་གསལ་གྱི་སྣང་བ་འཛིན་བྱེད་རྒྱང་ཞགས་ཆུའི་སྒྲོན་མ་ལྟ་སྟངས་ཀྱིས་གཟིར་བས་མིག་ཕུགས་ཀྱི་འོད་ཚོན་གང་བ་དབང་པོའི་མངོན་སུམ་པར་གསལ་བའི་འོད་ལྔ་ཟླུམ་སྐོར་རང་གསལ་ཁ་དོག་དྭངས་པ་ཉག་གཅིག་སྤྲོས་པ་དང་བྲལ་བའི་དོན་མཚོན་པར་འཆར་བ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་ཡིན་པས་རྣམ་པ་གཉིས་པོ་དེ་ལ་བརྟེན་ནས་འོད་གསལ་གྱི་སྣང་བ་འཆར་ཞིང་འཕེལ་བ་ཡིན་ནོ། །ཁྲེགས་ཆོད་ཀྱི་ལམ་༤ནི་ངོ་རང་ཐོག་ཏུ་འཕྲོད་དེ་གཞི་ཡུལ་མེད་དུ་རྟོགས་པའི་དུས་ནས་གཤིས་ཀ་དག་གི་ལས་མི་འགྱུར་བའི་དོན་ལ་ཐག་གཅིག་ཐོག་ཏུ་བཅད་པས་རྩལ་སྣང་ཇི་ལྟར་གཡོ་ཡང་སྣང་བ་གཞི་མེད་དུ་གོ། །ཤེས་པ་ཡུལ་མེད་དུ་གོ། །རིག་པ་རྟེན་མེད་དུ་གོ། །ཆོས་ཟད་མིང་མེད་དུ་གོ་བས། རོལ་པ་ཆོས་ཉིད་དུ་རྟོགས་པའི་ཆོས་རབ་ཁྱད་པར་ཅན་དེ་ཉིད་རང་ས་རུ་ཅོག་གིས་བཞག་པས་རང་གིས་རང་གྲོལ་ནས་ངོ་བོ་ཉིད་མེད་པའི་ཆོས་ཉིད་མཐོང་བ་ལ་ཤར་གྲོལ་དུས་མཉམ་དུ་ཐ་སྙད་བཏགས་པ་སྟེ། འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་སོ། །དེའང་རིག་ཆ་རླུང་གིས་སྤུར་བས་ཡིད་འགྱུ་བྱེད་དུ་ལངས་པ་ལས་གྱུར་བའི་སྤང་བྱའི་དྲི་མ་དང་གེགས་དང་གོལ་ས་མཐའ་དག་ཆོས་ཉིད་ཤེས་པའི་ཤེས་རབ་རྣམ་པར་མི་རྟོག་པའི་ངང་དུ་རིག་པའི་གནས་ལུགས་ཆེད་འཛིན་གཟའ་གཏད་མེད་པར་གྲོལ་བ་དེ་ལ་ནི་སེམས་སྐད་ཅིག་རྗེས་མཐུད་ཀྱི་རྣམ་པ་མེད་པས་ཡེ་གྲོལ་ལ་བསྐྱར་གཞི་མེད་ཅིང་རང་གྲོལ་ལ་གཉེན་པོ་ལས་འདས་པའི་དོན་ཏེ། དེ་ལ་ཉམས་ལེན་གྱི་གདེང་བཅའ་བ་ནི་གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་ལ། དེ་ལྟར་གྲོལ་ཚུལ་གྱི་གནད་མ་ཤེས་ན་བསྒོམ་བསྲན་ཆེ་ཡང་ཕན་པ་མེད་དེ། ཇི་སྐད་དུ། བསྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅིས་མི་འདྲ། །ཞེས་སོ། །ཐོད་རྒལ་གྱི་ལམ་ལ་ཕན་ཚུན་རྟེན་དང་བརྟེན་པའི་སྒོ་ནས་སྒྲོན་མ་རྣམ་པ་བཞིར་བཞག་ཀྱང་། ལམ་གྱི་ངོ་བོ་ནི་དབྱིངས་དང་རིག་པ་གཉིས་ཡིན་ཏེ། དབྱིངས་ཀྱི་ར་བར་རིག་པའི་གདངས་འཛུད་པ་ལ་འདུས་པས་སོ། །དེ་ཡང་འདི་ལྟར་སྔོན་དུ་ཐོས་བསམ་གྱི་ཤེས་རབ་ལ་བརྟེན་ནས་རྒྱང་ཞགས་ཀྱི་འཁོར་འདས་ཀྱི་ཆ་གཉིས་འཛིན་པའི་གནས་ལེགས་པར་ཁོང་དུ་ཆུད་པར་བྱས་ནས་ཡེ་ཤེས་འདུས་པའི་རྒྱང་ཞགས་ཀྱིས་འོད་གསལ་གྱི་སྣང་བ་འཛིན་པ་གང་ཞིག་གཟིགས་སྟོངས་ཀྱིས་གཅུན་པས་བསྒོམ་པའི་ཤེས་རབ་ཆོས་ཉིད་མངོན་སུམ་པའི་འོད་གསལ་གྱི་ཀློང་དུ་ཕེབས་ནས་ནང་དབྱིངས་རྣམ་པར་དག་པ་ལ་སྒྲིབ་བྱེད་ཀྱི་ལས་རླུང་དག་པའི་ཆ་ལས་ཕྱི་རོལ་ཏུ་དབྱིངས་དང་ཐིག་ལེའི་སྒྲོན་མ་རོ་གཅིག་པ་མངོན་སུམ་དུ་སྣང་ཞིང་། དེ་ལ་ཤེས་རབ་རང་བྱུང་གི་སྒྲོན་མ་ངོ་བོ་དང་། རྩལ་དང་། གདངས་ཀྱི་ཡོན་ཏན་གསུམ་ལྡན་དུ་འཆར་རོ། །དེ་ལྟ་བུའི་ལམ་དེ་ལ་འབད་དགོས་པ་གདམས་པ་ནི་ལམ་འདི་དག་ལ་དབང་པོ་དང་སྐལ་བ་རབ་ཀྱིས་གཞི་ལྟ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཐུན་མོང་གིས་ལམ་རིམ་གྱིས་བགྲོད་པ་ལ་མ་ལྟོས་པར་རང་བཞིན་རྫོགས་པ་ཆེན་པོ་ཡི་ཐུན་མོང་མ་ཡིན་པའི་ལམ་ལྔར་སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཚེ་གཅིག་ལུས་གཅིག་ལ་འབྲས་བུ་ཁྱད་ཆོས་དྲུག་ལྡན་གྱི་གཞི་ཐོག་ཏུ་མཐར་ཕྱིན་པ་དང་། འབྲིང་དང་ཐ་མ་ཡང་བར་དོ་གང་རུང་དུ་གྲོལ་བར་འགྱུར་བའི་ལམ་གྱི་ཁྱད་ཆོས་མཁྱེན་པར་འཚལ་བ་སྟེ་ཤེས་པར་བྱས་ནས། དེ་ལྟར་གྲོལ་བ་ལ་ཆོས་རྫོགས་པ་ཆེན་པོ་ལ་མོས་པ་གཅིག་པོས་མི་ཆོག་སྟེ་ཚེ་རབས་སྔ་མར་སྐུ་གསུང་ཐུགས་ལ་སྦྱངས་པའི་རྟགས་ལྡན་རྣམས་ཀྱིས་ཀྱང་འདིར་མ་འབད་ན་སྲིད་པ་གཞན་དུ་འཇུག་པར་གསུངས་ན། དང་པོའི་ལས་ཅན་རྣམས་ནི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པ་དང་དེས་བསྐྱེད་པའི་ཀུན་རྟོག་སྣ་ཚོགས་པའི་གྲོགས་དང་འགྲོགས་ནས་མེད་སྣང་འཁྲུལ་པའི་རང་གཟུགས་ཡུལ་གྱི་བསླུ་བྲིད་ཀྱི་དབང་དུ་སོང་ནས། སྡུག་བསྔལ་གཏིང་མཐའ་མེད་པའི་འཁོར་བའི་འབྲོག་དགོན་པ་འཇིགས་སུ་རུང་ཞིང་ཡ་ང་བ་འདིར་སྲིད་པར་འཆིང་བྱེད་ཀྱི་ལས་དང་། དེ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པའི་འདུ་བྱེད་ལྕགས་སྒྲོག་ལྟ་བུ་དག་གིས་དེ་རིང་ཕན་ཆད་དེ་ད་ལྟ་ཡན་བཅིངས་ནས་མ་ཐར་ལ། ད་དུང་ཡང་བདུད་དང་སྡིག་པའི་གྲོགས་ནི་ཐག་ཉེ་ཞིང་། འཁྲུལ་པའི་བསླུ་བྲིད་ནི་གྲངས་མང་ལ་གཉེན་པོ་ཞན། ཆོས་མ་ཡིན་པར་གྲགས་པ་རྣམས་ལ་ངོ་ཚ་དང་ཁྲེལ་ལ་འཇིགས་ནས་ཚུལ་འཆོས་ཀྱང་མན་ངག་གནད་ཐོག་ཏུ་མ་ཕེབས་པ་རྣམས་ལ་བར་ཆད་ཀྱིས་བསླུ་བྲིད། ལུས་ལ་རྫུ་འཕྲུལ་ཡ་མ་ཟུང་དང་། ངག་ལ་ནུས་པ། ཡིད་ལ་མངོན་ཤེས་སོགས་ངེས་པ་མེད་པའི་རྟགས་བརྒྱད་དང་བཅུ་དྲུག་ཏུ་སྐུ་གདུང་འབར་བའི་རྒྱུད་འགྲེལ་ལས་བསྟན་པས། རྟོགས་རློམ་དང་སྟོང་ཞེན་གྱིས་རྒྱུ་འབྲས་ཁྱད་དུ་གསོད་པ་དང་། རང་ཉིད་མ་གྲོལ་བཞིན་གཞན་དོན་བྱེད་པའི་ལྟར་སྣང་སོགས་ཀྱིས་མི་ཚེ་སྟོང་ཟད་དུ་སོང་ན་མཐའ་མེད་པའི་བར་དུ་ཡང་དེ་ལྟར་སྲིད་པའི་གནས་སུ་འཁྱམས་པར་འགྱུར་བས་ཚུལ་དེ་ལ་སྐྱོ་བའི་སེམས་གཏིང་ནས་བསྐྱེད་ནས་ཞི་བ་དམ་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གྲོང་ཁྱེར་ག་ལ་བ་དེར་མྱུར་དུ་མྱ་ངན་ལས་འདའ་ཞིང་གདོད་མའི་ས་ལ་གཏན་སྲིད་ཟིན་ནས་འགྲོ་བའི་དོན་རྩོལ་མེད་དུ་འབྱུང་བའི་མྱུར་ལམ་ཟབ་མོ་མཆོག་འདི་ལ་བསྙེན་པར་མཛོད་ཅིག་ཅེས་གདམས་པའོ། །དེ་ལྟར་ལམ་ཉམས་སུ་ལེན་པའི་ཚེ་ན་བར་ཆད་བདུད་ཀྱི་རྟགས་དང་། ལམ་ལ་གོམས་པའི་རྟགས་རྣམས་འདྲ་བ་ལྟར་འབྱུང་བར་གསུངས་པ་རྣམས་ལའང་བརྟག་པར་བྱ་དགོས་ཀྱང་། མདོར་བསྡུ་ན་རྟགས་སྣང་ཇི་ཙམ་བྱུང་བ་དེ་ཙམ་གྱིས་མངོན་ཞེན་དང་རློམ་སེམས་ཆུང་ཞིང་བྱམས་པ་དང་སྙིང་རྗེ་སོགས་ཇེ་ཆེར་སོང་ན་ལམ་རྟགས་ཡིན་ཞིང་། ཡང་མངོན་ཤེས་དང་ལུང་བསྟན་རྫུ་འཕྲུལ་ཞལ་གཟིགས་སོགས་ཇི་ཙམ་འོང་ཡང་དེ་ལ་མངོན་རློམ་སྐྱེ་ཞིང་བྱམས་སྙིང་རྗེ་སོགས་ལ་བསྒྲིབས་པར་གྱུར་ན་བར་ཆད་ཡིན་པས་གཟབ་དགོས་གསུངས། ལར་ལམ་གྱི་གེགས་སེལ་དང་བོགས་འདོན་ཐམས་ཅད་ཀྱི་སྙིང་པོ་དུས་དང་རྣམ་པ་ཐམས་ཅད་དུ་མོས་གུས་དང་ཞེན་མེད་གཉིས་པོ་འདི་ལ་གདེང་བཅོལ་བ་འདི་ནི་ཤིན་ཏུ་གལ་ཆེ་བར་ཡང་ཡང་གསུངས། གསང་བ་ཟབ་མོའི་ལམ་དེ་ཉམས་སུ་བླངས་པས་ཡང་རབ་ཕུང་པོའི་ཟག་པ་དེངས་པ་རྣམས་ལའང་ཁྲེགས་ཆོད་དུ་གྲོལ་ནས་ལུས་རྡུལ་ཕྲན་དུ་དེངས་པ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས་དང་། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་ནས་འོད་ཕུང་དུ་ཡལ་བ་མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་དང་། རྟོགས་པ་ཚད་དུ་ཕྱིན་ཡང་བསྟན་འགྲོའི་དོན་མཛད་ནས་ལས་རླུང་ཟད་པར་མ་བྱས་ཤིང་། གཞན་དོན་དུ་སྐུ་གདུང་དང་རིང་བསྲེལ་འཇོག་པའི་ཚུལ་དང་། ཡང་ཡུལ་གྱི་མངོན་ཞེན་དག་པས་ན་ན་མོ་སྨན་སོགས་དང་། ཤི་ན་བདུན་ཚིགས་སོགས་ལ་མི་རེ་བར་འབྲོག་དགོན་པ་ཆེན་པོར་སྤྲོ་བ་རི་དྭགས་ལྟ་བུ་དང་། འཆི་བ་ལ་བག་མི་ཚ་བ་སེང་གེ་ལྟ་བུ་དང་། སྤྲང་པོ་ལྟར་བརྒྱ་ལམ་སོགས་སུ་ཤི་ཡང་ཡིད་ཆད་པ་མེད་པ་དང་། འཆི་མི་འཆིའི་གཏད་ར་མེད་པ་བུ་ཆུང་ལྟ་བུ་རྣམས་དང་། གཞན་ཡང་བར་དོ་བཞིའི་རྣམ་བཞག་དང་། དེར་གྲོལ་བའི་ཚུལ་སོགས་ཡོད་ཀྱང་ཡི་གེའི་ཁུར་གྱིས་འཇིགས་ནས་བྲི་བར་མ་ནུས་པས་འགྲེལ་བར་བལྟའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའི་འགྲེལ་བའོ།། །།དོན་གསུམ་པ་འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་བཤད་པ་ལ་གཉིས་ཏེ། འབྲས་བུ་གཞན་ལས་མ་བྱུང་བར་བསྟན་པ་དང་། སྐུ་ལྔའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་འབྲས་བུ་གཞན་ལས་མ་བྱུང་བར་བསྟན་པ་ནི། དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་ལེགས་པར་གཏན་ལ་ཕེབས་ནས་ཀ་དག་ཡེ་བབ་སོར་བཞག་གི་དོན་དང་ལྷུན་གྲུབ་ཐོད་རྒལ་འོད་གསལ་གྱི་ལམ་ཐུན་མོང་མ་ཡིན་པའི་མཚན་ཉིད་ཚུལ་བཞིན་དུ་ལེགས་པར་རྟོགས་ནས། གོམས་པ་མཐར་ཕྱིན་ཏེ་སངས་རྒྱས་པའི་ཚེ་འབྲས་བུའི་དབྱེ་བ་ཤིན་ཏུ་མང་པོ་ཞིག་ཡོད་ནའང་། བསྡུ་ན་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་གཉིས་སུ་འདུ་བ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང་། རང་ཤར་ལས། འགྱུར་མེད་དོན་གྱི་སྐུ་ལྔར་གནས། །ཞེས་སོ། །དེ་ལྟ་བུའི་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དེ་ཡང་སྔར་མེད་པ་ཞིག་ལམ་བསྒོམས་པ་ལ་བརྟེན་ནས་གསར་དུ་ནི་གཞན་ཞིག་ལས་མ་བྱུང་སྟེ། རང་གནས་ཀྱི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་འཁོར་བའི་བག་ཆགས་ཐམས་ཅད་འཛིན་པའི་རྟེན་ཀུན་གཞིའི་རྙོག་པ་དྭངས་པ་ན་དེ་ལ་བརྟེན་པའི་སེམས་དང་སེམས་བྱུང་ཡུལ་དང་བཅས་པའང་ཆོས་ཀྱི་དབྱིངས་སུ་ཞི་བ་ལས་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་ཡོན་ཏན་ཐམས་ཅད་ཇི་བཞིན་པར་མངོན་དུ་འགྱུར་བ་ཡིན་གྱི། སེམས་ཀྱི་གནས་ལུགས་ལ་ནི་འགྱུར་བ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ཡང་འདི་ལྟར་དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་པར་སྣང་བ་ཡང་རྩ་བ་ཉི་མའི་རྩལ་ལ་ཐུག་སྟེ། ཉི་ཟེར་གྱི་རྩལ་ས་གཞི་དང་རྒྱ་མཚོར་ཕོག་པས་དྲོད་སྐྱེས་པའི་རླངས་པ་ན་བུན་ལོང་ལོང་པོ་ནམ་མཁར་འཁྲིགས་པས་སྤྲིན་དུ་སོང་བ་དེས་ཉི་མ་ཉིད་བསྒྲིབས་པ་ལྟར་ཐོག་མར་འཁྲུལ་བའི་དུས་གང་དུ་གཞི་རིག་པ་སྐུ་གསུམ་གྱི་རང་བཞིན་ཅན་དེ་ལས་རང་གི་རྩལ་གཞི་སྣང་དུ་གཡོས་པ་ཡི་ཚེ་ན་རང་སྣང་དུ་ངོ་མ་ཤེས་པར་བདག་དང་གཞན་དུ་འཛིན་པའི་བག་ཆགས་གོམས་པ་ལས་རོལ་པ་ཤེས་བྱ་སྣོད་བཅུད་སྣང་སྲིད་ཀྱི་ཆོས་སུ་ཤར་བའི་ཆ་འཛིན་པའི་ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་སྲིད་པ་ཉེ་བར་ལེན་པའི་རང་བཞིན་ཅན་དེ་ནི་རིག་པའི་ཡེ་ཤེས་ཉི་མ་ལྟ་བུ་རང་ཉིད་ཀྱི་སྒྲིབ་བྱེད་དུ་སོང་བས་སྤྲིན་དང་འདྲ་བ་ཡིན་ལ། ཡང་རྣལ་འབྱོར་པས་ལམ་བསྒོམས་པས་དྲི་མ་གློ་བུར་བ་དེ་རྣམས་རྣམ་པར་དག་པའི་ཚེ་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་བའི་ཚུལ་དཔེར་ན་ཉི་མ་ནི་སྒྲིབ་པ་མེད་པར་ནམ་མཁའི་དཀྱིལ་ན་རང་བཞིན་གྱིས་འོད་གསལ་བ་དེ་ཡང་ཉི་མ་རང་ཉིད་ལ་ཐུག་སྟེ། ཉི་ཟེར་འཕྲོས་པས་ཀུན་ཏུ་གསེང་བྱེད་ཀྱི་རླུང་རང་སོར་གནས་པ་བསྐྱོད་དེ་ལངས་པ་ལས་སྤྲིན་རྣམས་ནམ་མཁའི་ངང་དུ་གར་སོང་མེད་པར་གཏོང་བས་ཉི་མ་རང་ས་ན་འོད་གསལ་བ་ལྟར། རིག་པ་ཆོས་སྐུའི་སྙིང་པོ་ལས་རང་རྩལ་འཆར་སྒོ་མ་འགགས་པས་རང་ངོ་རིག་པར་ཤར་བ་དེས་སྣང་བ་རང་སེམས་ཀྱི་རོལ་པ་གཞི་མེད་རྩ་བ་དང་བྲལ་བ་སྟོང་པའི་རང་གཟུགས་སུ་ཤེས་ཏེ་སྤང་བླང་བྱེད་དོན་མེད་པར་མཐོང་ནས་ཅོག་བཞག་ཏུ་བཏང་བས་སྣང་སེམས་དེ་དག་རང་གིས་རང་གྲོལ་བ་ཡེ་ཤེས་ཀྱི་རྒྱན་དུ་ཤར་ཏེ། མ་སྤངས་རང་སར་དག་པས། གང་དུ་སོང་བ་དང་སོང་བ་པོ་གཞི་མེད་དུ་སངས་པས་སྐུ་གསུམ་གྱི་དགོངས་པ་རིག་པའི་ཡེ་ཤེས་ལ་རང་ཆས་སུ་ཡོད་པ་ཉིད་སྒྲིབ་པ་མེད་པར་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་རང་བཞིན་གྱིས་འོད་དུ་གསལ་བ་ཡིན་ཏེ། རྒྱུད་བླ་མ་ལས། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞི་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོས་བསྒྲིབས་པ་ལས་ནི་གྲོལ་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་པས་འཐོབ། །ཅེས་སོ། །གཉིས་པ་སྐུ་ལྔའི་རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱིངས་ནང་གསལ་གྱི་སྐུ་གསུམ་བཤད་པ་དང་། ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་བཤད་པའོ། །དང་པོ་དབྱིངས་ནང་གསལ་གྱི་སྐུ་གསུམ་བཤད་པ་ལ་གཉིས་ཏེ། སྐུ་གསུམ་སོ་སོར་བཤད་པ་དང་། ཆོས་ཉིད་ཀྱི་ངོས་ནས་དབྱེ་བསལ་མེད་པར་བཤད་པའོ། །དང་པོ་སྐུ་གསུམ་སོ་སོར་བཤད་པ་ལ་གསུམ་སྟེ། མི་འགྱུར་རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ། ཞི་བ་ཆོས་ཀྱི་སྐུ་བཤད་པའོ། །དང་པོ་མི་འགྱུར་རྡོ་རྗེའི་སྐུ་བཤད་པ་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་ངོ་བོ་ཡེ་དག་ཅེས་བྱ་ཞིང་། དེ་ལ་གློ་བུར་གྱི་དྲི་མ་སྒྲིབ་པ་གཉིས་པོ་ཆ་དང་བཅས་པ་སྟེ་བག་ཆགས་དང་བཅས་པ་སྤངས་པ་ན་དག་པ་གཉིས་དང་ལྡན་པ་མཐར་ཐུག་གི་འབྲས་བུ་བྱང་ཆུབ་མཆོག་གི་དངོས་གཞི་ཉིད་ཐོབ་པ་ཡིན་པས་དེ་ནི་སྐུ་རྣམས་ཀྱི་དབྱེ་གཞིའོ། །དེ་ལ་ལྡོག་པས་དབྱེ་ན་གདོད་མ་ནས་སྤྲོས་པ་དང་བྲལ་བའི་སངས་རྒྱས་བདེན་པ་དབྱེར་མེད་དག་མཉམ་ཆེན་པོ་ལ་རང་ངོའི་ཆ་ནས་སྐུ་དང་ཡེ་ཤེས་སུ་གྲུབ་པ་མེད་པས་སྨོན་པ་མེད་པའི་དབྱིངས། དཔེར་ན་ཉ་རྒྱས་ཟླ་བ་འོད་སྣང་གི་སྤྲོས་པ་ཕྱིར་གསལ་ཅན་དེ་ཉིད་སྟོང་གི་ཆ་ལ་བླ་འོག་རིལ་གྱིས་ལོག་ནས་འོད་སྣང་མེད་པ་མ་ཡིན་ཀྱང་དབྱིངས་སུ་ནུབ་པ་སྟེ་སྟེང་དུ་སོང་ནས་ཕྱིར་མི་མངོན་པ་ལྟར་རྣམ་པ་ཀུན་ཏུ་མི་རྟོག་པའི་ཆོས་ཉིད་འཕོ་འགྱུར་དང་བྲལ་བ་རང་བཞིན་མེད་བཞིན་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་དབྱིངས་ཀྱི་ཆར་རྟག་པ་ནི་ཡེ་ཤེས་ཀྱི་སྙིང་པོ་ཅན་མི་འགྱུར་རྡོ་རྗེའི་སྐུ་སྟེ། དེ་ཡང་རྡོ་རྗེ་ནི་མི་ཕྱེད་པའི་དོན་ཏེ་སྐུ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་དབྱེར་མི་ཕྱེད་པའི་ལྡོག་པའོ། །དེ་སྐད་དུའང་། རང་ཤར་ལས། སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། །རང་སྣང་ཆོས་དབྱིངས་རྣམ་དག་ཅིང་། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །ཞེས་སོ། །དབུ་མ་ཐལ་འགྱུར་བ་དག་ནི། ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ཅིང་ནང་གསལ་གྱི་ཡེ་ཤེས་ཕྲ་བ་མི་བཞེད་པས། གཞན་སྣང་ལ་འབྱུང་བའི་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ཀྱང་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་རྣམ་པར་མི་རྟོག་བཞིན་དུ་གདུལ་བྱའི་སྨོན་ལམ་གྱི་དབང་ལས་སྣང་བར་འདོད་ལ། འདིར་ནི་རྣམ་པ་རྟོག་བཅས་མ་ཡིན་ཡང་དབྱིངས་ཀྱི་ངང་ན་ཡེ་ཤེས་ཀྱི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་པས་སྨོན་ལམ་གྱི་རྒྱུ་ལ་མ་ལྟོས་པར་གཞན་སྣང་ལ་ཐུགས་རྗེའི་འཇུག་པ་རྒྱུན་མི་འཆད་ཅིང་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རང་བཞིན་དུ་འབྱུང་བར་འདོད་པ་འདི་རྟོགས་པར་དཀའ་བའི་གནད་གཅིག་ཡིན་པར་གསུངས་པས་སྔར་སྨོས་པ་བཞིན་འདིར་ཡང་བརྗོད་དོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། འདི་ལྟར་མེད་སྣང་གློ་བུར་བ་འཁྲུལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕུང་སོགས་ཀྱི་ཆོས་ཀྱིས་ཆོས་ཅན་བྱས་ནས་དེ་མ་གྲུབ་པའི་སྟོང་ཉིད་ཙམ་དོན་དམ་པའི་བདེན་པ་མཐར་ཐུག་གི་ཐོབ་བྱའི་འབྲས་བུར་ལྟ་བ་ལྟ་བུ་མ་ཡིན་པར། རྣམ་པ་ཀུན་གྱི་མཆོག་རང་བྱུང་འོད་གསལ་བའི་ཡེ་ཤེས་དང་དབྱེར་མེད་པར་ལྡན་པའི་ཆོས་ཉིད་སྤྲོས་པ་མཐའ་དག་ཞི་བའི་དབྱིངས་སུ་སྒྲིབ་བྱེད་གློ་བུར་བའི་དྲི་མ་རང་སར་དག་པས་སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཀུན་སངས་རྒྱས་པའི་སྐད་ཅིག་མ་དེར་མངོན་པར་རྫོགས་པར་བྱང་ཆུབ་བའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཆོས་ཉིད་ཀྱི་ངོ་བོར་ཐ་དད་མེད་ཀྱང་། སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་སྣང་ཆ་རང་རང་གི་ངོ་བོ་སོ་སོར་མ་འདྲེས་པར་ཡོད་པས་ན་སྟོབས་བཅུ། མི་འཇིགས་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། ཕྱོགས་ཆོས་སོ་བདུན་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཆོས་ཚུལ་དཔག་ཏུ་མེད་པ་མངའ་བའི་སྤངས་རྟོགས་ཀྱི་ཆ་ནས་གཞལ་བ་ལ་ནི་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བརྗོད་པ་ཡིན་ཏེ། ཡེ་ཤེས་དྲྭ་བ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་སོ། །འོན་ཀྱང་སྟོབས་ལ་སོགས་པའི་ཡོན་ཏན་ཡོད་ཚུལ་ཡུལ་ལ་འཇུག་པའི་ཡེ་ཤེས་ཇི་ལྟ་དང་ཇི་སྙེད་མཁྱེན་པའི་སྤྲུལ་སྐུའི་ཡེ་ཤེས་ཀྱིས་གཟིགས་ཚུལ་ལྟ་བུ་ལ་གོ་རྒྱུ་མིན་པ་འདྲ་སྟེ། འདི་དབྱིངས་ནང་གསལ་གྱི་སྐུ་ཡིན་པའི་ཕྱིར། དེ་ཡང་སྤྱིར་སྐུ་གསུམ་དུ་བཤད་པའི་གནས་སྐབས་ན་ནང་གསལ་གྱི་སྐུ་གསུམ་ག་ཆོས་སྐུར་བསྡུ་རྒྱུ་ཡིན་ལ། སྐུ་གསུམ་ལ་ཡེ་ཤེས་ལྡན་ཚུལ་གྱི་དབང་དུ་བྱས་ན། ཆོས་སྐུ་ལ་ཡེ་ཤེས་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་མཚན་ཉིད་རིས་ཆད་དུ་མེད་པས་རིག་པའི་གསལ་ཆ་ལས་ངང་ངམ་ཤུགས་ཀྱིས་མཁྱེན་པའི་འཆར་གཞི་བྱེད་པ་དང་། ལོངས་སྐུ་ལ་ཡེ་ཤེས་ལྔ་ལྡན་པ་སྟེ། ཆོས་དབྱིངས་མེ་ལོང་སོགས་རྣམ་པ་ལྔ་ཡུལ་དང་ཡུལ་ཅན་དུ་མ་ཡིན་པར་ཐད་ཀའི་སྣང་བ་རང་གསལ་བ་དང་། སྤྲུལ་སྐུའི་དུས་ན་ཡེ་ཤེས་གཉིས་གནས་ཏེ། ཇི་ལྟ་བ་དང་ཇི་སྙེད་མཁྱེན་པ་སྟེ། དེ་ཡང་བྱ་བྱེད་དང་བཅས་པ་མ་ཡིན་པར་འབད་མེད་དུ་མཁྱེན་པར་གསུངས་པས་ན། མངོན་བྱང་གི་སྐབས་སུ་སྟོན་ལ་སོགས་པའི་ཡོན་ཏན་ནམ་ཡེ་ཤེས་ནི་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལ་བྱས་ན་བདེའམ་སྙམ་སྟེ། ལར་སངས་རྒྱས་ཀྱི་ཡོན་ཏན་ལ་རྟོག་གེའི་བློས་ཁ་ཚོན་བཅད་ནས་འདི་ལྟ་བུའོ་ཞེས་བརྗོད་དུ་མི་འོས་ཀྱང་བླ་མའི་གསུང་རྒྱུན་འོལ་སྤྱི་ཙམ་སེམས་ལ་ཡོད་པ་དང་། ཀུན་མཁྱེན་ཆོས་རྗེའི་གསུང་རྣམས་ལ་དཔག་ནས་བཤད་པ་ཡིན་ལ། ཡང་སྐུ་གསུམ་གྱིས་མཁྱེན་ཚུལ། སྤྲུལ་པའི་སྐུའི་ཕྱིར་སྣང་གི་ཤེས་བྱའི་རྣམ་པ་སྣང་སྟོང་གཉིས་མཁྱེན་པ་ལ་ལྟོས་ནས། ཆོས་ཅན་དོན་གྱི་རྣམ་པ་དང་། ཆོས་ཉིད་ཞི་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལོངས་སྐུའི་ཐད་ཀའི་རང་སྣང་འོད་གསལ་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་རང་གསལ་དུ་མཁྱེན་པ་ལ་ལྟོས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ་རང་མལ་ཀ་དག་གི་དབྱིངས་ན་རང་མཁྱེན་དུ་གསལ་བས་དབྱིངས་རྣམ་པར་དག་པའི་ཆར་གནས་པའི་ཚུལ། སྒྲོན་མ་སྣང་བྱེད་ལས། ཡང་དག་རྫོགས་པའི་སངས་རྒྱས་ལ། །ཡེ་ཤེས་རྣམ་པ་གསུམ་ཡིན་ཏེ། །རྣམ་པ་ཐམས་ཅད་མཁྱེན་པ་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །གཞི་ལ་གནས་པའི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་ནའང་གཞི་ལ་གནས་པའི་ཡེ་ཤེས་འཆར་གཞི་ཙམ་དེ་ཡིན་ཞིང་། སྣང་ཆ་མ་འདྲེས་ཞེས་པས་ཀྱང་མི་འཐད་པ་མེད་དེ་སྣང་ཆ་མ་འདྲེས་པར་འཆར་བའི་གཞིའི་ལྡོག་པ་ལ་གོ་ཆོད་པའི་ཕྱིར་རོ་སྙམ་ཡང་གསུང་རབ་དང་དགོངས་འགྲེལ་ཚད་ལྡན་རྣམས་དང་། ཆོས་སྤྱན་མངའ་བའི་གང་ཟག་ཚད་མ་རྣམས་ལ་གཏུགས་པར་གྱིས་ཤིག །གསུམ་པ་ཞི་བ་ཆོས་ཀྱི་སྐུ་བཤད་པ་ནི། འདི་ལྟར་སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། །དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་པ་ལྟར། ཕྱི་ཤེས་བྱ་གཟུང་བའི་ཡུལ་ལ་བློ་ཡི་སྟེ་སེམས་དང་སྙམ་བྱེད་སེམས་བྱུང་གི་འཇུག་པ་ཞི་བས། ནང་ཤེས་བྱེད་ཀྱི་བློ་ལ་ཡུལ་དེ་འཛིན་པར་བྱེད་པའི་ཀུན་རྫོབ་འཁྲུལ་པའི་ཆ་ཐམས་ཅད་སྐྱེ་འགག་མེད་པའི་ངང་དུ་ཞི་ཞིང་སྤངས་པས་ཁམས་གསུམ་གྱིས་བསྡུས་པའི་འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དག་འགགས་ཤིང་འགག་གཞིའི་དེ་ཁོ་ན་ཉིད་སོ་སོ་རང་གི་རིག་པ་རྟག་ཆད་གང་གིའང་མཐར་མ་ལྷུང་བ་ཡེ་ཤེས་ཕྱིར་གསལ་གྱི་ཆ་ཐམས་ཅད་དབྱིངས་སུ་ཐིམ་པ་སྟེ་ཞི་བའི་ལྡོག་པ་ལ་གནས་ཀྱང་མ་རྨུགས་པ་ཞེས་མཁྱེན་ཆ་གཏན་མེད་དུ་སོང་བ་མ་ཡིན་པར་ཤིན་ཏུ་ཕྲ་བའི་ནང་གསལ་གྱི་ཡེ་ཤེས་ནི་མཁྱེན་ཆ་འགག་པ་མེད་པ་སྐུ་དང་ཡེ་ཤེས་ཕྱིར་གསལ་གྱི་ཆ་ཐམས་ཅད་འཆར་བའི་རྟེན་བྱེད་པ་སྟེ། དེ་ཡང་སངས་རྒྱས་ཀྱི་སར་བེམ་པོའི་ཆོས་ནི་འགའ་ཡང་མེད་པས་སྐུ་ཞེས་ཕྱིར་གསལ་གཟུགས་སྐུའི་རྣམ་པར་ཤར་བའི་ཚུལ་ཐམས་ཅད་ཀྱང་ཡེ་ཤེས་ཉག་གཅིག་གི་རང་བཞིན་ཡིན་པའི་ཕྱིར་ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་དེ་ལས་ལོངས་སྤྲུལ་གྱི་ཡེ་ཤེས་གཉིས་འཆར་བས་འཆར་བྱེད་མ་འགགས་པར་ལྷུན་གྱིས་གྲུབ་པ་སྟེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་པའོ། །ཞེས་སོ། །སྐུ་གསུམ་གྱི་ཡེ་ཤེས་ཀྱི་བྱེད་ལས་ནི། དེ་ཉིད་ལས། གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱིས་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོ། །གཞི་གནས་ཀྱི་ཡེ་ཤེས་གསུམ་པོ་དེས་འཆར་གཞི་བྱེད་པའི་ཚུལ་ཡང་། ངོ་བོས་སྐུ་གསུམ་གྱི་འཆར་གཞི་བྱེད་ལ་སྐུ་གསུམ་ཐ་དད་སྣང་ཆར་མ་གྲུབ་པ་དང་། རང་བཞིན་གྱི་འོད་ལྔའི་འཆར་གཞི་བྱེད་ལ་ཁ་དོག་རང་མཚན་དུ་མ་གྲུབ་པ་དང་། ཐུགས་རྗེས་ཡེ་ཤེས་གཉིས་ཀྱི་འཆར་གཞི་བྱེད་ལ་ཡུལ་དང་རྣམ་པ་ལ་དངོས་སུ་འཇལ་བར་མེད་པའོ། །དེ་ལྟ་བུའི་ནང་གསལ་གྱི་སྐུའམ་ཡེ་ཤེས་དེའི་རང་བཞིན་ཇི་ལྟ་བ་བཞིན་ནི་སྒྲིབ་པ་བག་ཆགས་དང་བཅས་པ་ཤིན་ཏུ་རྣམ་པར་དག་ཅིང་ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མི་གཡོ་བ་སངས་རྒྱས་རྣམས་ཀྱིས་མངོན་སུམ་དུ་མཐོང་གི་གཞན་གྱིས་ནི་མ་ཡིན་ནོ། །དེ་ལྟར་རྟེན་ནམ་འཆར་གཞིའི་ལྡོག་པ་གང་ཡིན་པ་དེ་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ནང་གསལ་གྱི་སྐུ་གསུམ་པོ་དེ་ཡང་ཆོས་ཀྱི་སྐུ་གཅིག་ལ་ལྡོག་པས་དབྱེ་བ་ཙམ་སྟེ། ངོ་བོ་ཆོས་ཉིད་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འགྱུར་བ་མེད་པའི་ཆ་ནས་མི་འགྱུར་རྡོ་རྗེའི་སྐུ་དང་། རང་བཞིན་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པའི་ཆ་ནས་མངོན་བྱང་དང་། ཐུགས་རྗེ་ཕྱིར་གསལ་གྱི་འཆར་གཞི་བྱེད་པའི་ཆ་ནས་ཞི་བ་ཆོས་ཀྱི་སྐུར་བཞག་ཅིང་། གཞན་དུ་ཆོས་སྐུའི་དབྱེ་བ། དངོས་པོ་མཚན་ཉིད་དང་འབྲེལ་བའི་ཆོས་སྐུ། གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུ། རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་ཞེས་ཆོས་ཉིད་དང་། ཀུན་ཁྱབ་ཀྱི་ཡེ་ཤེས་དང་ཡོན་ཏན་གྱི་ཆར་ལྟོས་ནས་གསུམ་དུ་གསུངས་པའང་འདི་དག་དང་དོན་གཅིག་པར་སེམས་སོ། །དེས་ན་དབྱིངས་ནང་གསལ་གྱི་སྐུ་གསུམ་པོ་དེ་གཅིག་ཏུ་བྱས་ནས་ཆོས་སྐུ་དང་། ལོངས་སྤྲུལ་གཉིས་ཏེ་སྐུ་གསུམ་པོ་དེ་རྫོགས་པ་ཆེན་པོའི་ལུགས་ལ་ལམ་སྣང་ཡང་ཡིན་ལ། འབྲས་བུ་ཡིན་པ་ཡང་མི་འགལ་བའི་ཚུལ་ནི། ཐེག་མཆོག་མཛོད་ལས། སྐུ་གསུམ་ལམ་སྣང་དུ་བཤད་པ་དང་འགལ་ལོ་ཞེ་ན། བླ་མ་སྔ་རབས་པ་དག་ན་རེ། འབྲས་བུ་མ་ཡིན་ཟེར་བ་ནི། འབྲས་བུ་སྐུ་གསུམ་དུ་ཞེན་པའི་མཐར་འཛིན་དང་བྲལ་བར་བྱེད་པ་ལ་དགོངས་པའམ། སྒོ་གསུམ་ལས་སྦུབས་གསུམ་མཐར་ཐུག་ཏུ་འདོད་པ་དེ་དགག་པ་ལ་དགོངས་པའོ་ཞེས་འགལ་སྤོང་མཛད་ནས། དོན་ལ་འབྲས་བུར་འཇོག་པའང་ཀ་དག་གི་ནང་དབྱིངས་ཀྱི་ངོ་བོ་མ་དགོངས་པའི་རྣམ་འགྱུར་ཡིན་པས་ཤིན་ཏུ་ནོར་ཏེ་མ་ལེགས་སོ། །འདིར་སྔར་ཁས་བླངས་པ་བཞིན་ལམ་སྣང་ཡང་ཡིན་ལ། འབྲས་བུ་ཡང་ཡིན་པ་མི་འགལ་བར་འདོད་དེ། དང་པོ་ལམ་སྣང་ཡིན་ཏེ། ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དོན་གྱི་འབྲས་བུ་ཁང་པ་ལྟ་བུ་ལས། དེར་འཇུག་པ་དང་། དེ་ནས་ཕྱིར་མཆེད་པ། གཞི་ཀ་དག་ལས་ཕྱིར་སྣང་དུ་འཆར་དགོས་པའི་ཕྱིར་རོ། །འཆར་ཚུལ་ངོ་བོ་སྐུར་གནས་པ་ལས་འཆར་རོ། །ལམ་སྣང་ལ་གཉིས་ཡོད་དེ། རང་ཉིད་སངས་རྒྱས་བསྒྲུབ་པའི་ལམ་འབྲས་བུའི་སྔོན་རོལ་བ་རྣམས་དང་། རང་ཉིད་སངས་རྒྱས་གྲུབ་ཟིན་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་གསུམ་མངོན་པར་སྣང་བས་དོན་མཛད་པའོ། །དེ་ལས་འདིར་མི་སློབ་པའི་ལམ་སྣང་དུ་འདོད་པས་སྐུ་གསུམ་ལམ་སྣང་ཡིན་པ་དང་། འབྲས་བུ་ཡིན་པ་གཉིས་མི་འགལ་ལ་འབྲེལ་བ་གྲུབ་པའི་དོན་ཏོ། །རྣམ་པར་གྲོལ་བའི་ཆོས་སྐུ་ནང་དབྱིངས་ལས་སྐུ་གསུམ་ཕྱིར་སྣང་ལམ་དུ་ཤར་བས་སྐུ་དང་ཡེ་ཤེས་ཀྱི་རྣམ་འཕྲུལ་སྣང་བ་ཡང་། ཆོས་སྐུ་ཡེ་ཤེས་ཀྱི་ཐུགས། ལོངས་སྐུ་དེའི་སྐུ། སྤྲུལ་སྐུ་མཛད་པར་སྣང་བས་དོན་འབྱུང་བའི་ཕྱིར་རོ། །དེའང་ནང་གསལ་འཆར་གཞིའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། དེ་ལས་ཕྱིར་གསལ་དུ་སྐུ་གསུམ་གྱི་ལམ་སྣང་རང་སྣང་དུ་ཤར་བ་གཉིས་རིག་པའི་ངང་དུ་འདྲ་ཡང་། ཕྱི་ནང་གི་ཁྱད་པར་ཕྱེ་ལ་རང་སྣང་གི་ཆ་ལས་གདུལ་བྱའི་སྣང་ངོར་ལོངས་སྤྲུལ་འཆར་བས་དོན་མཛད་པའང་རིག་པའི་རོལ་པར་གཅིག་ཀྱང་རང་སྣང་གདུལ་བྱས་མི་མཐོང་ལ། དེ་ལས་ཤར་བ་དེ་མཐོང་བའི་ཁྱད་ཡོད་པས་འདྲ་གཉིས་ཤན་ཕྱེད་པར་བསྟན་པ་ཡང་། སེང་གེ་རྩལ་རྫོགས་ལས། རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་བཤད་དོ། །དེ་ལྟར་ནང་དབྱིངས་དང་ཕྱི་གསལ་ལམ་སྣང་གི་ཆ་མ་ཕྱེད་པར་སྐུ་གསུམ་རང་སྣང་གི་འབྲས་བུར་འདོད་ན། སྤྲུལ་སྐུ་གདུལ་བྱ་ལ་སྣང་བ་བཞིན། །གྲོལ་སའི་ཀ་དག་གི་ཆོས་སྐུ་གདུལ་བྱ་ལ་སྣང་བར་ཐལ། སྐུ་གསུམ་ངོ་བོ་གཅིག་པའི་ཕྱིར། །ཆོས་སྐུ་འཕྲོ་འདུ་དང་ཁ་དོག་ཏུ་སྣང་བར་ཐལ། ཁྱོད་དང་ངོ་བོ་གཅིག་པའི་ལོངས་སྤྲུལ་ལ་ཆོས་དེ་སྣང་བའི་ཕྱིར། ཡང་ན་སྤྲུལ་སྐུ་གདུལ་བྱ་ལ་མི་སྣང་བར་ཐལ། ཆོས་སྐུ་མི་སྣང་བའི་ཕྱིར་རོ། །དེས་ན་སྐུ་གསུམ་ཡང་རིག་པར་ངོ་བོ་གཅིག་གི། རྣམ་པ་ངོ་བོ་གཅིག་པ་དེ་འདྲ་ཁས་མི་བླང་ཞིང་། སྤྲུལ་སྐུ་ཐུགས་རྗེའི་ཆ་ཡིན་ལ། དེས་སྤྲུལ་པའི་སྣང་བ་དེ་གཟུགས་བརྙན་སྤྲུལ་པ་ཡིན་གྱི། སྤྲུལ་སྐུ་དངོས་མ་ཡིན་ཏེ། ཐུགས་རྗེ་མ་ཡིན་པའི་ཕྱིར་རོ། །གྲུབ་མཐའི་དབྱེ་བ་འདི་ཡང་ཤིན་ཏུ་ཕྲ་བས་ཤེས་རབ་ཅན་རྣམས་ཀྱིས་དཔྱོད་ལ་ཁོང་དུ་ཆུད་པར་གྱིས་ཤིག །གནད་འདི་གལ་པོ་ཆེ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཆོས་ཉིད་ཀྱི་ངོས་ནས་དབྱེ་བ་མེད་པའི་ཚུལ་བཤད་པ་ལ་གཉིས་ཏེ། བློའི་ཡུལ་ལས་འདས་པར་བསྟན་པ་དང་། ཆོས་ཀྱི་དབྱིངས་སུ་བཞུགས་ཚུལ་བཤད་པའོ། །དང་པོ་བློའི་ཡུལ་ལས་འདས་པར་བསྟན་པ་ནི། དེ་ལྟར་ནང་གསལ་གྱི་སྐུ་གསུམ་པོ་ཡོན་ཏན་གྱི་ལྡོག་པ་ནས་སོ་སོར་བཏགས་ཀྱང་རང་བཞིན་ངོ་བོ་ཉིད་མེད་པར་གནས་པའི་ཚུལ་ནི། དབྱིངས་ནང་གསལ་དུ་ཡོད་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ་སོ་རང་གི་རིག་བྱར་གནས་པས་རྒྱལ་བའི་ཁམས་ཞེས་བཏགས་པ་སྟེ། དོན་ལ་གཅིག་དང་དུ་མར་གྲུབ་པ་མ་ཡིན་པས་དངོས་པོ་ཅན་མིན་པ་དང་། ཇི་སྙེད་པའི་མཁྱེན་ཆ་ནང་དུ་གསལ་བས་དངོས་མེད་ལས་ཀྱང་འདས་ལ། རང་བཞིན་གྱི་རྣམ་པར་དག་པ་ནམ་མཁའ་ལྟར་གནས་ཤིང་ཕྱིར་གསལ་གྱི་སྐུ་དང་ཡེ་ཤེས་མ་འདྲེས་པའི་འཆར་གཞིར་ཡོད་པས་རྒྱལ་སྲས་སར་གནས་དང་སེམས་ཅན་གྱི་ཚོགས་ལ་གཟུགས་སྐུ་སྣང་བ་དང་། གསུང་ཐོས་པ་དང་། འཕགས་པའི་ཚུལ་ཁྲིམས་ཀྱི་ངད་ལྡང་བ་དང་། ཆོས་ཀྱི་རོ་མྱོང་བ་དང་། བསམ་གཏན་གྱི་དགའ་བདེས་རེག་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚིག་དོན་འཇལ་བའི་རྒྱུ་བྱེད་ཀྱང་རང་ངོ་ལ་གཉིས་སུ་རྣམ་པར་མི་རྟོག་ལ་དག་མ་དག་གི་མཚན་མས་གོས་པ་མེད་ཅིང་རྣམ་འགྱུར་གྱི་སྤྲོས་པ་ཕྱིར་གསལ་གྱི་ཆ་དབྱིངས་སུ་ཞི་བའི་ཚུལ་ནི། རྒྱུད་བླ་མ་ལས། དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡི། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུ་གྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་ལྟར་རོ། །དེས་ན་དེའི་རང་བཞིན་ནི་ངག་གིས་བརྗོད་པའི་ཡུལ་ལས་འདས་པ་ཡིན་ཏེ། ཆོས་ཉིད་དོན་དམ་པའི་བདེན་པས་བསྡུས་པའི་ཕྱིར་དང་། རྟོག་དཔྱོད་དང་ཐ་སྙད་ཀྱི་དཔེ་དང་གཏན་ཚིག་ཀྱི་སྒྲས་ཇི་བཞིན་པར་མི་མཚོན་ཏེ། ཤེས་བྱེད་ཀྱི་བློ་སྟེ་སེམས་དང་། སྙམ་བྱེད་སེམས་བྱུང་དང་དཔེ་ལ་སོགས་པ་དང་འགལ་བའི་ཕྱིར་ན། ས་བཅུའི་དབང་ཕྱུག་རྒྱུན་མཐའ་བ་དག་གི་ཡང་སྤྱོད་ཡུལ་མིན་ན་གཞན་གྱིས་ལྟ་ཅི་སྨོས་ཏེ། རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་སོ། །དེས་ན་ནང་གསལ་གྱི་ཆ་ལ་ཆོས་དང་ལོངས་སྤྲུལ་གྱི་སྐུ་གསུམ་དང་། ཇི་ལྟ་ཇི་སྙེད་དང་། ཆོས་དབྱིངས་དང་མེ་ལོང་ལྟ་བུ་ལ་སོགས་པར་བརྗོད་པ་རྣམས་ནི་ངོ་བོའམ་དངོས་ཡིན་ལ། ཕྱིར་གསལ་གྱི་ཆའི་སྐུ་དང་ཡེ་ཤེས་ནི་རྩལ་ལས་ཤར་བའི་རོལ་པ་ཡིན་པར་ཤེས་པར་བྱ་སྟེ། ཆོས་དབྱིངས་མཛོད་ལས། ཆོས་སྐུའི་ངོ་བོ་རང་བྱུང་ཡེ་ཤེས་ཏེ། །རོལ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །གདོད་མའི་དབྱིངས་ལ་ཐིག་ལེ་གཅིག་ཏུ་བཞུགས། །ལོངས་སྐུའི་ངོ་བོ་རང་བཞིན་ལྷུན་གྲུབ་སྟེ། །རོལ་པ་རིགས་ལྔ་ཡེ་ཤེས་རྣམ་པ་ལྔ། །ནམ་མཁའི་དབྱིངས་ཀུན་གང་བར་སྣང་བ་ཡིན། །སྤྲུལ་སྐུའི་ངོ་བོ་ཐུགས་རྗེའི་འཆར་གཞི་སྟེ། །རོལ་པ་གང་ལ་གང་འདུལ་དེར་སྣང་ཞིང་། །ཕྲིན་ལས་ཆེན་པོས་མངའ་དབང་འབྱོར་བ་ཡིན། །ཞེས་པས་གསལ་ལོ། །གཉིས་པ་ཆོས་ཀྱི་དབྱིངས་སུ་བཞུགས་ཚུལ་བཤད་པ་ནི། འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ན་ལ་མངོན་སུམ་དུ་གྱུར་བའི་གནས་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་བསམ་གྱིས་མི་ཁྱབ་པས་ཟབ་པ། རང་བཞིན་གྱིས་རྣམ་པར་དག་པས་ཞི་བ། འཕོ་འགྱུར་དང་བྲལ་བས་གཞོན་ནུ། སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་འཆར་བའི་གདངས་མ་འགགས་པས་བུམ་པའི་ཁང་མཛེས་ནང་ཞེས་པའི་ཐ་སྙད་ཉེ་བར་བཏགས་ཏེ། རྒྱུད་ལས། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་པ་ལྟར་རོ། །རང་བཞིན་གྱི་གནས་ཆོས་ཀྱི་དབྱིངས་དེ་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ནི་དགོངས་པ་ལ་སྔ་ཕྱི་དང་མཐོ་དམན་མེད་པར་རྟག་ཏུ་བཞུགས་ཀྱང་རང་སྣང་དབྱིངས་སུ་ཐིམ་པའི་གནས་སྐབས་དེ་ན་རྣམ་པའི་ཆོས་མེད་པས་རྟེན་བརྟེན་པར་ཐ་སྙད་བཏགས་པ་ཙམ་གྱིས་མཚོན་པ་ལས་གནས་རང་མཚན་པ་མེད་དོ། །དེ་ལྟར་རྣམ་པ་མེད་པ་དང་རྒྱུད་ཐ་དད་པས་ཕྱེ་བ་མེད་པ་དེ་ཡི་ཕྱིར། རྣམ་པའི་ཆ་ནས་གཞལ་ཏེ་སངས་རྒྱས་གཅིག་གིས་གཅིག་མི་གཟིགས་ཏེ། རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། །དེ་ཡང་གོ་བདེ་བར་བཤད་ན། ཆོས་རྣམས་ཀྱི་རང་བཞིན་ནི་གཅིག་དང་དུ་མའི་སྤྲོས་པ་དང་བྲལ་བའི་བདག་ཉིད་ཅན་དུ་གནས་ལ། དབྱིངས་དེའི་རང་བཞིན་དུ་རྟོགས་པ་མཐར་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། བི་མ་ལའི་འགྲེལ་ཆུང་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་ལྟར་རོ། །དེའི་ཕྱིར་ཆོས་ཉིད་ཀྱི་ངོས་ན་སངས་རྒྱས་ཐམས་ཅད་དགོངས་ཀློང་རོ་གཅིག་ཏུ་གྱུར་ནས་གཟིགས་བྱ་གཟིགས་བྱེད་མེད་པས་མི་གཟིགས་པར་བཤད་དོ། །གཉིས་པ་ཡེ་ཤེས་ཕྱིར་གསལ་གྱི་སྐུ་གཉིས་བཤད་པ་ལ་གཉིས་ཏེ། ལོངས་སྐུ་བཤད་པ་དང་། སྤྲུལ་སྐུ་བཤད་པའོ། །དང་པོ་ལོངས་སྐུ་བཤད་པ་ལ་ཡང་གསུམ་སྟེ། གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་བཤད་པ་དང་། འབྲས་བུ་ལྷུན་གྲུབ་ཀྱི་ལོངས་སྐུ་བཤད་པ་དང་། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་གཞི་འབྲས་དབྱེར་མེད་ཀྱི་ལོངས་སྐུ་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལ་སྤྱིར་ལོངས་སྐུའི་དབྱེ་བ་ལ་རྣམ་པ་བཞིར་གསུངས་ཏེ། འབྱུང་ཆེན་ངོ་བོའི་སྐུ། གནས་པ་ཁྱབ་ཚུལ་གྱི་སྐུ། སྣང་བ་ལམ་གྱི་སྐུ། གདུལ་བྱར་སྣང་ཚུལ་གྱི་སྐུའོ། །དང་པོ་ནི། ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ་དྲོ་བ་བསིལ་བ་ཡང་བ་ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པ་སྟེ། རང་ཤར་ལས། སྐུ་ལ་འོད་ཀྱི་སྙིང་པོར་གནས། །རྟོག་མེད་རྣམ་དག་ཆོས་ཀྱི་དབྱིངས། །འགྲན་ཟླ་མེད་པའི་ཉག་གཅིག་པོ། །དཀྱིལ་དང་འཁོར་དང་ཕོ་བྲང་དང་། །རིགས་དང་སྟོང་དང་གསལ་བའོ། །ཞེས་སོ། །གསུམ་པ་ནི། གཞི་སྣང་ཆོས་ཉིད་ཀྱི་ལོངས་སྐུ་སེམས་ཅན་ལ་བར་དོར་ལམ་དུ་སྣང་བ་དེ། སྐབས་འདིར་གདུལ་བྱ་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ། འོད་དང་ཁ་དོག་གི་ཀློང་ན་དཀྱིལ་དང་འཁོར་དང་སོ་སོའི་ཚོམ་བུ་དང་སྐུ་དང་ཡེ་ཤེས་དང་ཡབ་དང་ཡུམ་དང་སྐུ་མདོག་དང་ཕྱག་མཚན་ལ་སོགས་པར་གསལ་བ་སྟེ། གསང་བ་ས་བོན་གྱི་རྒྱུད་ལས། ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །དཔེར་ན་རང་དང་གཟུགས་བརྙན་བཞིན། །སྐུ་གསུམ་འོད་གསལ་སྟོང་པ་ཉིད། །རྟག་པ་མ་ཡིན་དངོས་པོ་མེད། །ཆད་པ་མ་ཡིན་འོད་གསལ་སྐུ། །ཐ་དད་མ་ཡིན་ཕྱི་ནང་མེད། །ཅེས་སོ། །བཞི་པ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་སོ་སོ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བའོ། །དེས་ན་འདི་ལྟར་ནང་དབྱིངས་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་ལས་མི་གཡོ་ཡང་རང་བཞིན་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས་ཐུགས་རྗེ་ཕྱིར་གསལ་གྱི་ཆ་རང་གི་ངོ་བོ་ཉིད་ཀྱི་སྣང་བ་ལ། རང་གི་ངོ་བོ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བ་ནི། གནས་འོད་གསལ་སྟུག་པོ་བཀོད་པ་དང་། དུས་གཞིར་རྫོགས་བསམ་གྱིས་མི་ཁྱབ་པ་དང་། སྟོན་པ་རིགས་ལྔའི་སངས་རྒྱས་དང་། ཆོས་རང་བཞིན་རྫོགས་པ་ཆེན་པོ་དང་། འཁོར་ཉིད་ལས་མི་གཞན་པ་སྟེ། ངེས་པ་ལྔ་དང་ལྡན་པར་རང་ཤར་ཞིང་། དེ་ཡང་གཙོ་བོ་དང་འཁོར་ལ་སོགས་པའི་སྐུའི་རྣམ་པ་སོ་སོར་མ་འདྲེས་པར་གསལ་བ་དང་། ཞིང་ཁམས་དང་གཞལ་ཡས་ཁང་གི་བཀོད་པ་ཕུན་སུམ་ཚོགས་ཤིང་། སྟོན་འཁོར་ཐམས་ཅད་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དུ་བཞུགས་པ་དེའི་ཐུགས་ཀྱིས་ཆོས་སྐུའི་ཆ་བཟུང་ལ། ཕྲིན་ལས་ཀྱིས་སྤྲུལ་སྐུའི་ཆ་བཟུང་བས་སྐུ་གསུམ་ཐ་མི་དད་པའི་རང་བཞིན་ཅན་ཡིན་པར་ཡང་། མཚན་བརྗོད་ཀྱི་འགྲེལ་པར། རིག་པ་རང་བཞིན་གྱིས་འོད་གསལ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ། རིག་པ་སྣ་ཚོགས་སུ་འཆར་བ་ནི་སྤྲུལ་པའི་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་ཀྱི་སྐུའོ། །ཞེས་སོ། །དེ་ལྟར་ཡིན་པས་སངས་རྒྱས་ཀྱི་རང་སྣང་ཙམ་ལས་ཕྱོགས་ག་ཤེད་ན་ཡོད་པའི་རྟེན་དང་བརྟེན་པ་རང་མཚན་པར་མི་བཟུང་སྟེ། ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། གནས། དུས། སྟོན་པ། འཁོར། ཆོས་ཕུན་སུམ་ཚོགས་པའོ། །དང་པོ་གནས་ཕུན་སུམ་ཚོགས་པ་ནི་འོག་མིན་ཏེ། སྤྱིར་འོག་མིན་ལ་དབྱེ་ན། སྐུ་གསུམ་གྱི་གནས་ཀྱིས་དབྱེ་བས་གསུམ་སྟེ། དང་པོ་ཆོས་སྐུའི་འོག་མིན་ནི། མཐའ་དབུས་ཕྱོགས་ཆ་གང་དུའང་བཞག་ཏུ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངོ་བོ་སངས་རྒྱས་ཀྱི་མཐར་ཐུག་གི་བགྲོད་བྱ་དམ་པ་སྟེ། ཡང་དག་དོན་གྱི་འོག་མིན་ཞེས་བྱའོ། །དེ་སྐད་དུའང་། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟ་སྟེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་སོ། །གཉིས་པ་ལོངས་སྐུའི་འོག་མིན་ནི། ཆོས་སྐུའི་དབྱིངས་ལས་ཡེ་ཤེས་ཆེན་པོའི་སྣང་བར་རང་བྱུང་བ་འོད་ཀྱི་གཞལ་ཡས་ཁང་དང་གཙོ་འཁོར་དུ་སྣང་བ་ཡེ་ཤེས་ལྔའི་རིགས་སུ་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་དུ་མ་རྣམ་སྤངས་པ། །ཞེས་སོ། །གཙང་མའི་གནས་སྤངས་ཞེས་པ་གཙང་གནས་གྱི་ཡ་རོལ་ན་ཡོད་པའི་དོན་མིན་ཏེ། དེའི་སྣང་བ་ལས་འདས་ཏེ་སངས་རྒྱས་རྣམས་གང་ན་བཞུགས་པའི་རང་སྣང་ཡིན་པས་ཕྱོགས་ཀྱི་རིས་སུ་ཆད་པ་མེད་པར་ཆོས་ཀྱི་དབྱིངས་དང་མཉམ་པའོ། །དེའང་འདི་ལྟར་སྒྱུ་འཕྲུལ་རྒྱ་མཚོ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །ཉིས་འགྱུར་དུ་ནི་སྤགས་པ་ཡི། །ངོ་བོ་མཐའ་གསུམ་ལས་འདས་པ། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །གྲུ་བཞི་སྤྱི་བོ་འཁྱིལ་བར་གནས། །ཞེས་པས་འཇིག་རྟེན་གནས་ཀྱི་འོག་མིན་དང་། སར་གནས་ཀྱི་སྣང་བ་རང་བཞིན་སྤྲུལ་སྐུའི་འོག་མིན་གཉིས་ལས་འཕགས་པའི་དོན་ཏོ། །གསུམ་པ་སྤྲུལ་སྐུའི་འོག་མིན་ལ་གཉིས་ལས། སར་གནས་རྣམས་ལ་སྣང་བ་ནི་རང་བཞིན་སྤྲུལ་སྐུའི་འོག་མིན་ཏེ། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །དེའང་རིགས་ལྔའི་ཞིང་ལྔར་སྣང་ངོ་། །གཉིས་པ་ནི། འདྲེས་མའི་དོན་དུ་སྣང་བའི་གཙང་རིས་ཀྱི་འོག་མིན་ཏེ། དེ་ཡང་འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་ཚེ་སྤྲུལ་པའི་དང་པོ་ལོངས་སྐུ་དང་ཆོས་མཐུན་པ་མཚན་དཔེས་བརྒྱན་པའི་སངས་རྒྱས་སུ་བསྟན་ནས། ལྷ་དང་གྲུབ་པ་དང་རིག་སྔགས་འཆང་གི་དབང་པོ་ཚད་མེད་པ་ལ། བྱ་སྤྱོད་རྣལ་འབྱོར་རྒྱུད་སོགས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་དུ་མས་འདུལ་བར་ཀུན་ཏུ་སྟོན་ཏོ། །དེ་སྐད་དུའང་ལེགས་པར་གྲུབ་པའི་རྒྱུད་ལས། གཙང་མའི་འོག་མིན་རྣམ་མཛེས་པར། །གྲུབ་པ་དབང་པོ་ལ་སོགས་ལ། །རིག་སྔགས་གཟུངས་སྔགས་རྣལ་འབྱོར་དང་། །རྒྱུ་ཆོས་དུ་མས་ཚིམ་པར་མཛད། །ཅེས་སོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བའི་གསུང་ལས་འདི་ལྟར་བྱུང་སྟེ། དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཡིན་ཞིང་དེའི་གོང་ན་ཟབ་པ་གཞན་མེད་པའི་ཕྱིར་རོ། །རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རྟགས་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་ཏུ་སྣང་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ཡིན་ཞིང་ཆོས་ཀྱི་དབྱིངས་མཚོན་བྱེད་ཀྱི་རྟགས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །རིག་པའི་འོག་མིན་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་རིག་པའི་ཡེ་ཤེས་ཏེ། དག་པ་གཉིས་ལྡན་གྱི་ཆོས་སྐུའི་བཞུགས་གནས་ཡིན་ཞིང་དེའི་གོང་ན་རིག་པ་གཞན་མེད་པའི་ཕྱིར་རོ། །གསང་བའི་འོག་མིན་ཡུམ་གྱི་མཁའ་སྟེ་གསང་བ་སྐུའི་བཞུགས་གནས་ཡིན་ཞིང་ལམ་གནས་དང་ཡོན་ཏན་གོང་ན་གཞན་མེད་པའི་ཕྱིར་རོ། །རྟོག་པའི་འོག་མིན་ལས་དང་པོ་པས་འོག་མིན་གྱི་གཞལ་ཡས་ཁང་བསྒོམ་པ་སྟེ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་བཞུགས་གནས་ཡིན་ཞིང་། དོན་སྤྱི་འཛིན་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །འཇིག་རྟེན་གནས་ཀྱི་འོག་མིན་གཙང་མའི་རིས་ལྷ་ལྔའི་ཡ་ཏ་སྟེ། འཕགས་པ་རྣམས་ཀྱི་བཞུགས་གནས་ཡིན་ཞིང་། གཟུགས་ཁམས་ཀྱི་གནས་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །ཞེས་རྣམ་གྲངས་དྲུག་ཏུ་བསྟན་པ་ལས། དོན་དང་རིག་པའི་འོག་མིན་ཆོས་སྐུར་འདུ་ཞིང་། རྟགས་ཀྱི་འོག་མིན་ལོངས་སྐུར་འདུ་ལ། གཞན་གསུམ་སྤྲུལ་སྐུར་འདུ་སྟེ་གནས་ཀྱི་འོག་མིན་དངོས་དང་གསང་བ་དང་རྟོག་པའི་འོག་མིན་སྤྲུལ་སྐུའི་ལམ་ཉམས་སུ་ལེན་པས་དེའི་ཁོངས་སུ་འདུའོ། །དེ་ལྟར་སྐུ་གསུམ་གྱི་འོག་མིན་བཤད་པ་ལས་འདིར་ནི་ལོངས་སྐུའི་འོག་མིན་ཏེ། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་བཞུགས་གནས་ནི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་ལྷུན་རྫོགས་སུ་སྣང་ཞིང་སྣང་བའི་གནས་གང་གིའང་འོག་ཏུ་མ་གྱུར་པའི་འོག་མིན་གྱི་ཞིང་ཡེ་ཤེས་རང་སྣང་གི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་ཕྱིར། སྟུག་པོ་བཀོད་པ་སྟེ་དེ་ན་ཡེ་ཤེས་ལྔ་ཡི་རང་རྩལ་འགག་མེད་དུ་ཤར་བའི་འོད་དང་འོད་ཟེར་ཁ་དོག་སྣ་ཚོགས་པ་གསལ་ཞིང་འཚེར་ལ་བཀྲག་མདངས་འབར་བས་མཁའ་དབྱིངས་ཐམས་ཅད་དབང་པོའི་མཚོན་ཆ་སྟེ་འཇའ་ཚོན་གྱིས་བཀབ་པ་བཞིན་དུ་ཁྱབ་ཅིང་གཞི་ཡེ་ཤེས་རིན་པོ་ཆེ་ལས་གྲུབ་པའི་རང་བཞིན་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལ་སོགས་པ་དེ་ལྟ་བུའི་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པར་བྱས་པའི་ཞིང་ཁམས་རྣམ་པར་དག་པ་ན་གཞལ་ཡས་ཁང་གི་བཀོད་པ་ནི། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དོན་བཅུ་གཅིག་བསྟན་པ་ལྟར་གོ་རིམ་བསྣོལ་དགོས་ཀྱང་རྣམ་པ་འཛིན་བདེ་བའི་ཕྱིར་འདིར་ཡང་དེ་བཞིན་དུ་བཤད་ན། གཞི་ནི་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་རྟགས་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པའི་ལྟེ་བ་ཟླུམ་པོའི་སྟེང་ན་གཞལ་མེད་ཁང་རྫོགས་པར་སྣང་བ་སྟེ། རོལ་པ་ཆེན་པོ་ལས། འཁོར་ལོ་ཆེན་པོའི་ས་གཞི་ལ། །ཁང་པ་གྲུ་བཞིའི་རྣམ་པར་བརྗིད། །ཅེས་སོ། །དབྱིབས་ནི་རང་བྱུང་གི་ཡེ་ཤེས་ལ་ཆེ་བའི་ཡོན་ཏན་རྒྱས་པའི་ཕྱིར་གྲུ་བཞིའི་རྣམ་པར་མཛེས་པའོ། །སྒོ་ཁྱུད་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འདུས་མ་བྱས་ཤིང་འོད་གསལ་བ་སྟེ་བཞི་པོ་ནས་ཀུན་ཏུ་བཟང་པོ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དེར་འཇུག་པ་དང་། འོད་གསལ་བའི་ངང་ནས་རང་བཞིན་ཤུགས་ཀྱི་ཚད་མེད་བཞི་སྣང་བའི་བརྡར་ཕྱོགས་བཞིར་སྒོ་འཕར་རྣམ་པ་བཞི་པོ་རེ་རེར་འཁྱུད་འགྲམ་ལོགས་གསུམ་བསྒྲིགས་རེས་བརྒྱན་པ་དང་ལྡན་པ་སྟེ། ལེ་ལག་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཞེས་སོ། །རྟ་བབས་ནི་རྣམ་པར་ཐར་པ་བརྒྱད་ཀྱི་ཡོན་ཏན་རྫོགས་པའི་བརྡར་སྒོ་བཞིའི་ཕྱི་འགྲམ་གཉིས་ན་ཀ་བ་གཉིས་གཉིས་ཏེ་བཞིས་བཏེག་པའི་སྒོ་སྟེང་ན་རྡོ་རྗེའི་གདུང་བཞིའི་སྟེང་རྟ་རྐང་ལ་སོགས་པའི་རྟ་བབས་བང་རིམ་བརྒྱད་དང་ལྡན་པ་ལ་རིན་པོ་ཆེའི་གདུགས་ཀྱི་རྩ་བར་ཆོས་ཀྱི་འཁོར་ལོ་རི་དྭགས་གཉིས་ཀྱིས་བསྐྱོད་པས་འཁོར་བ་དང་། རྒྱུ་ནི་དབྱིངས་ལས་ཡེ་ཤེས་ལྔར་སྣང་བས་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བའི་བརྡར་ནང་ནས་མཐིང་ལྗང་དམར་སེར་དཀར་བའི་རིན་པོ་ཆེའི་རྩིག་པ་ལྔ་བསྒྲགས་སུ་ཡོད་པའོ། །གློ་འབུར་ནི་ཡེ་ཤེས་དེ་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་ལས་ཕྱི་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་དང་ལྡན་པའོ། །རྒྱན་ནི་རྩིག་པའི་སྟེང་ན་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་བརྡར་ཕ་གུ་སེར་པོ་དང་། ཐུགས་རྗེ་དང་ཕྲིན་ལས་རྒྱུན་མི་འཆད་པའམ་སྐུ་གསུམ་འདུ་འབྲལ་མེད་པའི་བརྡར་ཁ་བད་ཀྱི་གདུང་སྣ་སོགས་ན་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ་ཉི་ཟླའི་རླུང་བསྐྱོད་དང་བཅས་པ་དང་། ཐུགས་རྗེས་འགྲོ་བ་སྐྱོབ་པའི་བརྡར་མདའ་ཡབ་དང་། ཀུན་གྱི་བླ་མར་གྱུར་པའམ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་མཚོན་པའི་པུ་ཤུ་མཆོད་རྟེན་སུམ་བརྩེགས་སུ་བསྒྲིགས་པ་ཅན་དང་། ཕྱི་ནང་གི་རྩིག་འགྲམ་གྱི་སྣམ་བུར་འདོད་པའི་ཡོན་ཏན་ཐམས་ཅད་མ་སྤངས་པར་ཡེ་ཤེས་རང་སྣང་གི་རྒྱན་དུ་རོལ་པའི་བརྡར་མིག་ཡངས་མ་སྟེ་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་ལ་སོགས་པ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པའི་སྤྲིན་སྤྲོ་བས་རྩེ་ཞིང་དགའ་བའི་རྣམ་འགྱུར་སྣ་ཚོགས་གཡོ་བ་ཅན་དང་། གཞན་ཡང་ཐུགས་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་འགག་པ་མེད་པ་ལས་ཡོན་ཏན་དང་ཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་སྣང་བའི་བརྡར་རྔ་ཡབ་དང་འཕན་གདུགས་རྒྱལ་མཚན་ལ་སོགས་པའི་རྒྱན་གྱི་བཀོད་པ་དཔག་ཏུ་མེད་པས་མཛེས་པར་བྱས་པའོ། །རྩེ་མོའི་དོན་ནི་ནོར་བུ་རིན་པོ་ཆེའི་ཏོག་ལ་སོགས་པ་སྟེ། དེ་ཡང་བླ་སྟེ་གཞལ་ཡས་ཁང་གི་སྟེང་ཕུབ་ཆེན་གྱི་དབུས་མཐོངས་ཀའི་རྣམ་པར་ཡོད་པའི་གདུང་ཟླུམ་གྱི་སྟེང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཟླུམ་པའི་བརྡར་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའི་སྟེང་དུ་ནང་གི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞི་བསྣོལ་བའི་སྟེང་བྲེ་མཚོན་པའི་ཀ་ཐུང་བཞིས་བཏེག་པའི་ཕུབ་ཆུང་གི་རྩེར་པདྨ་ལ་གནས་པའི་ཆོས་ཀྱི་འཁོོར་ལོ་རིན་པོ་ཆེའི་ཟར་ཚགས་དང་བཅས་པས་བརྒྱན་པའི་གཙང་ཁང་ཕྱུར་བུར་མཛེས་པའི་སྟེང་ན། དེ་བཞིན་གཤེགས་པའི་ཡོན་ཏན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་ཞིང་ཀུན་གྱི་རྩེ་མོར་གྱུར་པས་ཚད་གཟུང་དུ་མེད་པའི་བརྡར་རིན་པོ་ཆེའི་ཏོག་སྟོང་འོད་ཟེར་འཕྲོ་བ་སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལྟར་མི་མངོན་པས་མཛེས་པའོ། །རྒྱ་ཚད་ནི་ཆོས་ཀྱི་དབྱིངས་རྒྱ་ཚད་དང་བྲལ་བའི་རྟགས་སུ་གཞལ་ཡས་ཁང་དེའི་ཆུ་ཞེང་དང་མཐོ་དམའི་སྲིད་ཚད་དུ་མི་མངོན་པའོ། །མཚན་ཉིད་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རིག་པའི་ངང་ལས་མ་གཡོས་པའི་བརྡར་ཕྱོགས་གང་བལྟས་གང་དུ་ཡེ་ཤེས་ཀྱི་འོད་ལྔ་རབ་ཏུ་དྭངས་པའི་གཞལ་ཡས་ཁང་དེ་ལས་མི་འདའ་བར་སྣང་ཞིང་། ཡེ་ཤེས་རེ་རེ་ལ་ལྔ་རེ་སྟེ་ཉི་ཤུ་རྩ་ལྔ་ལ་སོགས་པའི་ཡེ་ཤེས་དང་ཡོན་ཏན་གྲངས་ཚད་གཟུང་དུ་མེད་པའི་བརྡར་གཞལ་ཡས་ཁང་གི་གྲངས་ཀྱི་ཚད་ཀྱང་མཐས་མི་གཏུགས་པ་མཁའ་དབྱིངས་ཐམས་ཅད་སྣོད་དུ་གྱུར་པ་བཞིན་གསལ་བར་སྣང་བའོ། །གདན་གྱི་རྣམ་པ་ནི་དེ་ལྟར་རྟེན་གཞི་གཞལ་མེད་ཁང་གིས་མཁའ་དབྱིངས་ཐམས་ཅད་ཁྱབ་པར་སྣང་བ་དེ་དག་རེ་རེའི་ནང་དུ། བརྟེན་པ་ལྷའི་དཀྱིལ་འཁོར་གྱི་གཙོ་བོ་རིགས་ལྔ་ཡི་གདན་ཁྲི་ནི། མི་འཇིགས་པ་བཞིས་བདུད་བཞི་འཇོམས་པའི་བརྡར་དབུས་སུ་འཕྲོག་བྱེད་དེ་སེང་གེའི་ཁྲི་དང་། སྟོབས་བཅུས་མི་དགེ་བ་བཅུ་འདུལ་བའི་རྟགས་སུ་ཤར་དུ་གཉིས་འཐུང་སྟེ་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མངའ་བརྙེས་པས་གདུལ་བྱ་རྣམས་འཁོར་བ་ལས་ཐོགས་པ་མེད་པར་མྱུར་དུ་སྒྲོལ་བའི་རྟགས་སུ་ལྷོ་རུ་ཅང་ཤེས་ཏེ་རྟ་མཆོག་གི་ཁྲི་དང་། དབང་བཅུ་མཐར་ཕྱིན་ནས་སྣང་བ་ལ་རང་དབང་ཐོབ་པའི་བརྡར་ནུབ་ཏུ་ཟློས་གར་ཅན་ཏེ་རྨ་བྱའི་ཁྲི་དང་། ཕྲིན་ལས་རྣམ་པ་བཞིས་སྐྱེ་གནས་བཞིས་བསྡུས་པའི་འགྲོ་བ་རྣམས་སྒྲོལ་བའི་རྟགས་སུ་བྱང་དུ་ཤང་ཤང་ཏེའུའི་ཁྲི་རྣམས་ཀྱི་སྟེང་དུ་བཞུགས་པ་སྟེ། རིན་པོ་ཆེ་དབང་གི་རྒྱུད་ལས། སྐུ་ནི་མི་འཇིགས་བདུད་བཞི་རབ་ཏུ་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཐུགས་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་བགྲོད། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་བའི་ཚུལ། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་རྣམ་བཞིས་སྐྱེ་བཞི་སྒྲོལ། །དེ་གྲུབ་རྟགས་སུ་མཁའ་ལྡིང་ཁྲི་ལ་བཞུགས། །ཞེས་སོ། །དེ་ཡང་སྲོག་ཆགས་ཀྱི་གཟུགས་སུ་སྣང་བ་དེ་དག་གིས། །གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་ཁྲི་བཏེག་པའི་སྟེང་ན། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་ཆུ་སྐྱེས་པདྨའི་གདན་དང་། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་བརྡར་ཉི་མ་དང་ཟླ་བའི་གདན་གྱི་སྟེང་ན་བཞུགས་པ འོ། །དེ་ལྟར་དཀྱིལ་འཁོར་གྱི་དོན་རྟགས་བཤད་པ་དེ་རྣམས་ལམ་པའི་གང་ཟག་གིས་བསྒོམ་དུས་རྣམ་དག་དྲན་པའི་ཆེད་དུ་ཡིན་ལ། འདིར་བསྟན་པ་རྣམས་གདུལ་བྱས་དོན་དེ་དག་རྟོགས་པའི་ཆེད་ཙམ་མ་ཡིན་པར། རང་སྣང་ལོངས་སྤྱོད་རྫོགས་པའི་ཡོན་ཏན་ལྷུན་རྫོགས་སུ་ཤར་བ་སྟེ། མེ་ལོང་གི་ངོས་ལ་གཟུགས་བརྙན་སྣང་བ་བཞིན་ནོ། །གཉིས་པ་དུས་ཕུན་སུམ་ཚོགས་པ་ནི། གདུལ་བྱའི་སེམས་སྣང་གིས་བསྡུས་པའི་དུས་གསུམ་དུ་ངེས་པ་འདྲེན་པ་ལས་འདས་པ་ནི་ཆོས་ཉིད་གཞིར་རྫོགས་ཀུན་ཏུ་བཟང་པོ་འདུས་མ་བྱས་པའི་དུས་ཏེ། དཔེར་ན་སངས་རྒྱས་ཀྱི་རང་བཞིན་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པ་ཉིད་ལའང་སངས་རྒྱས་ཀྱི་དུས་ན་ཞེས་གཞལ་ཡུལ་ལ་ལྟོས་ནས་བཞག་པ་བཞིན། འདིར་ཡང་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོ་དང་གནས་འཕོ་འགྱུར་མེད་པ་ངོ་བོ་ཉིད་ཀྱིས་རྟག་པའི་དུས་ལ་བརྡར་བཏགས་པ་སྟེ། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། ཡེ་ཤེས་ཀྱི་སྣང་བ་ཆེན་པོ་རང་གསལ་བས་མི་གཡོ་བའི་དུས་ཏེ། ཞེས་དང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུང་སེམས་དང་ཆོས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། གར་ཡང་མི་གནས་པས་ན་མ་ངེས་པ་སྟེ། བསམ་གྱིས་མི་ཁྱབ་པའི་དུས་སོ། །ཞེས་སོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། ངོ་བོ་ཆོས་ཉིད་ལས་གཡོ་བ་མེད་པས་འཕོ་འགྱུར་དང་བྲལ་བའི་ཡེ་ཤེས་ཀྱི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་གནས་ན་གནས་པ་དང་གསལ་བ་དང་ཡོངས་སུ་རྫོགས་པས་སྤྲས་ཤིང་རང་སྣང་གི་འཁོར་ལ་དགོངས་བརྒྱུད་ཀྱི་སྟོན་པ་ལྔར་སྣང་བ་སྟེ། དེ་ཡང་རིག་པའི་ཡེ་ཤེས་ལ་འབྲས་ཆོས་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཇི་སྙེད་ཅིག་ལྷུན་གྱིས་གྲུབ་པར་ཡོད་པ་རྣམས་སེམས་ཅན་གྱི་དུས་སུ་རིག་རྩལ་ལས་རླུང་གིས་བསླད་པས་མ་དག་པ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣང་ཡང་འབྲས་བུའི་ཆོས་དང་ཚུལ་མཐུན་པར་ཕུང་པོ་ལྔ་དང་དུག་ལྔ་ལ་སོགས་པར་སྣང་བས་ཕུང་སོགས་འདི་ཉིད་འབྲས་བུའི་ཆོས་སུ་སྣང་བ་ཡང་མ་ཡིན་ལ། འདི་ལས་གཞན་ཞིག་ཀྱང་མེད་དོ་ཞེས་གསུངས་པའི་དོན་གདུལ་བྱའི་མོས་པ་དང་འཚམས་པར་བསྟན་པའི་རྒྱུད་སྡེ་འོག་མ་རྣམས་ལས་ལྕགས་ཁམས་གསེར་དུ་འགྱུར་བ་བཞིན་གནས་འགྱུར་ལྟ་བུའི་ཚུལ་དུ་ལྷ་རྟོགས་སྦྱར་བར་བྱས་ཀྱང་། འདིར་ནི་རང་སྣང་ལ་བདག་ཏུ་བཟུང་བའི་མེད་སྣང་གློ་བུར་བའི་ཆོས་རྟོག་ཚོགས་སུ་སྣང་བ་ཐམས་ཅད་རང་བཞིན་མེད་པ་གདོད་མའི་དབྱིངས་སུ་དག་པའི་ཚེ་ན་རང་གནས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བས། དཔེར་ན་རྨི་ལམ་གྱི་སྣང་བ་དང་སད་དུས་ཀྱི་སྣང་བ་གཉིས་ཚུལ་མཐུན་ཡང་དེ་དེར་གནས་འགྱུར་བ་མ་ཡིན་པ་བཞིན་རིག་གདངས་འགག་པ་མེད་པ་ལ་རྟེན་འབྲེལ་གྱི་ཆོས་སུ་སྣང་བའི་ཕུང་སོགས་མ་དག་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཆོས་དག་པར་སྣང་བ་གཉིས་པོ་གྲོགས་ལ་སོགས་པའི་ཆོས་འགའ་ཞིག་མཐུན་པས་རྟོག་པའི་གྲངས་ཀྱི་ལྷར་གསུངས་པ་ལྟར་ཡོད་ཀྱང་དེ་དེར་གནས་འགྱུར་བ་མ་ཡིན་ནོ། །དེ་ལྟར་གོ་བར་བྱས་ནས་ཕྱི་སྣོད་དུ་སྣང་བའི་བག་ཆགས་ཐམས་ཅད་དག་པས་འོག་མིན་གྱི་ཞིང་དང་གཞལ་ཡས་ཁང་དུ་སྣང་བ་དེའི་ཚེ་ནང་བཅུད་དུ་འཛིན་པའི་བག་ཆགས་དག་པས་བརྟེན་པ་ལྷའི་དཀྱིལ་འཁོར་དུ་སྣང་བའི་གཙོ་བོ་ནི། དབུས་སུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འགྱུར་བ་མེད་པས་སྐུ་རྣམ་པར་སྣང་མཛད་སྐུ་མདོག་མཐིང་གར་སྣང་བའོ། །དེ་ཡང་ཀུན་མཁྱེན་ཆེན་པོ་ནི། རྣམ་པར་ཤེས་པའི་རང་བཞིན་ཐ་དད་དུ་འཆར་ཞིང་མེ་ལོང་དུ་གཟུགས་བརྙན་འཛིན་པ་ལྟ་བུའི་ཡེ་ཤེས་དང་ལྡན་པ་རྣམ་པར་སྣང་མཛད་དུ་ཐུན་མོང་མ་ཡིན་པའི་རྒྱུད་སྡེར་འགྲེལ་ཏོ། །དེ་བཞིན་དུ་ཤར་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མའི་སྐྱོན་གྱིས་མ་གོས་པས་ཐུགས་མི་བསྐྱོད་རྡོ་རྗེ་དཀར་པོ། ལྷོ་རུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པས་ཡོན་ཏན་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་ཏུ་སོ་སོར་རྟོག་པའི་ཡེ་ཤེས་འགྲོ་བའི་དོན་ལ་རྗེས་སུ་ཆགས་པས་གསུང་འོད་མཚན་སྟོང་འབར་ལེ་བརྒན་ཏེ་དམར་པོ། བྱང་དུ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་སྣ་ཚོགས་སུ་མཛད་པས་དོན་ཡོད་གྲུབ་པ་ལྗང་གུར་སྣང་བ་སྟེ། ཡབ་ལྔ་པོ་དེ་རྣམས་ནི་ཞལ་གསུམ་ཕྱག་དྲུག་པའོ། །ཕྱག་མཚན་ནི། རྡོ་རྗེ་མེ་ལོང་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་པ་ལྟར་རོ། །དེ་དག་གི་དག་པའང་གསང་སྙིང་ལས། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། ཞེས་པས་མཚོན་ནོ། །ཡེ་ཤེས་ལྔ་པོ་དེ་རྣམས་རང་རང་གི་ཡུལ་དབྱིངས་ལྔའི་རྩལ་སྣང་རང་རིགས་ཀྱི་ཡུམ་དབྱིངས་ཀྱི་དབང་ཕྱུག་མ་དང་། སངས་རྒྱས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོལ་མ་སྟེ། དེ་དག་ཀྱང་སྐུ་མདོག་ཡབ་དང་མཚུངས་ཤིང་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས་དང་གཡོན་དབྱིངས་ཀྱི་ཕྱག་རྒྱ་དྲིལ་བུ་འཛིན་པ་དང་བཅས་པ་རྣམས་རྣམ་པ་ལོངས་སྤྱོད་རྫོགས་ཀྱང་དེས་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཡང་གཟུང་བས་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་ཏེ། འདི་ལྟར་དམིགས་པ་མེད་པའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་གང་བ་དང་། དེའི་ཕྲིན་ལས་ཀྱི་འཇུག་པ་སེམས་ཅན་གྱི་ཁམས་ལ་རྒྱུན་མི་འཆད་པ་དང་། གདུལ་བྱ་ནམ་འདུལ་བའི་དུས་ལ་བབ་པ་དེའི་ཚེ་ཕྲིན་ལས་འགོག་མེད་དུ་འཆར་བ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ། ཡེ་ཤེས་ཀྱི་རང་འོད་ཀྱི་ལྷ་མོ་དང་གཉིས་སུ་མེད་པར་སྦྱོར་བ་དང་། དེ་ལས་ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་མི་འཆད་པ་དང་། ཚིག་དང་ཡི་གེ་མེད་པ་དགོངས་རྒྱུད་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་སྟེ་ལོངས་སྐུའི་ཡན་ལག་གསུམ། རྣམ་པ་དེ་དག་དང་ལྡན་ཡང་རང་གི་ངོ་བོ་སྤྲོས་པ་ཀུན་གྱི་ཕ་རོལ་ཏུ་སོན་པས་རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་གཅིག་སྟེ་བདུན་ནོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ནི། རྒྱུད་མས་སྦྱང་གི་གང་ཟག་སར་གནས་ཀྱི་བྱང་སེམས་ལ་སོགས་པ་ལྟ་བུ་མ་ཡིན་པར་སྟོན་པ་ཉིད་ཀྱི་ཐུགས་རིག་པའི་ཡེ་ཤེས་ཀྱི་རྩལ་ལས་སྣང་བ་ཡིན་པས་རང་ལས་རྒྱུད་ཐ་དད་པ་དང་མཆོག་དམན་མེད་ཅིང་མི་གཞན་པའི་འཁོར་རྒྱལ་སྲས་སེམས་དཔའ་དང་། འཇོམས་བྱེད་ཁྲོ་བོ་གཉིས་སུ་སྣང་བ་ལས། རྒྱལ་སྲས་སེམས་དཔའི་འཁོར་ལ་ཕྱི་ནང་གི་སེམས་དཔའ་བརྒྱད་དང་དེ་དག་གི་ཡུམ་སེམས་མའི་འཁོར་བརྒྱད་དེ་བཅུ་དྲུག་གོ། །དེ་དག་ལས་དང་པོ་ནང་སེམས་ཡབ་ཡུམ་བརྒྱད་ནི། དེ་བཞིན་གཤེགས་པའི་སྤྱན་གྱི་ཡེ་ཤེས་སྒྲིབ་པ་མེད་པ་ཐ་མལ་བའི་མིག་ཤེས་ལྟར་མ་ཡིན་པར། ཡུལ་ལྔ་ག་ལ་འཇུག་པས་ཆོས་ཉིད་དུ་རོ་གཅིག་པར་གཟིགས་པ་ས་ཡི་སྙིང་པོར་སྣང་ངོ་། །དེ་བཞིན་དུ་ཡུལ་ལྔ་ག་ལ་འཇུག་པ་ཀུན་ལ་སྦྱར་ཏེ། སྙན་གྱི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་དུ་རོ་གཅིག་པར་གསན་པ་ཕྱག་ན་རྡོ་རྗེ། ཤངས་ཀྱི་ཡེ་ཤེས་ཀྱི་སྐྱེ་བ་མེད་པར་རོ་གཅིག་ཏུ་ཚོར་བ་ནམ་མཁའི་སྙིང་པོ་དང་། ལྗགས་ཀྱི་ཡེ་ཤེས་ཀྱིས་གཉིས་སུ་མེད་པར་རོ་གཅིག་ཏུ་མྱོང་བས་སྤྱན་རས་གཟིགས་སུ་སྣང་བ་སྟེ་ཡབ་བཞིའོ། །ཆོས་ཉིད་སོགས་བཞི་ནི། དོན་དམ་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུར་དང་། རང་བཞིན་སྐྱེ་བ་མེད་པར་དང་། མཚན་ཉིད་གཉིས་སུ་མེད་པར་མཁྱེན་པས་ཡེ་ཤེས་རེ་རེ་ལའང་བཞི་ཀ་ལྡན་པར་སེམས་སོ། །དེ་དག་གི་ཡུམ་བཞི་ཡང་ཡེ་ཤེས་བཞི་པོ་དེའི་གཟིགས་པའི་ཡུལ་ཐ་མལ་པ་ལ་སྣང་བ་ལས་ཁྱད་པར་དུ་འཕགས་ཏེ་ཡེ་ཤེས་རང་དང་རོ་གཅིག་པར་ཡེ་ཤེས་རེ་རེས་ཀྱང་ཡུལ་ཐམས་ཅད་གཟིགས་པ་ཡིན་ནའང་། མཁྱེན་བྱ་གཙོ་བོའི་དབང་དུ་གཟུགས་རྡོ་རྗེ་སྒེག་མོ། སྒྲ་གླུ་མ། དྲི་ཕྲེང་མ། རོ་གར་མ་སྟེ་བཞིར་སྣང་ངོ་། །ཕྱི་སེམས་ཡབ་ཡུམ་བརྒྱད་ནི། སངས་རྒྱས་ཀྱི་རྡོ་རྗེའི་སྤྱན་གྱི་དབང་པོ་ནི་ཐ་མལ་པ་ལས་ཁྱད་པར་དུ་འཕགས་ཏེ་ཡུལ་ལྔ་ག་ལ་གཟིགས་པའི་ཡེ་ཤེས་ཀྱི་རྟེན་བྱེད་པ་དེ་ཉིད་བྱམས་པར་སྣང་བ་དང་། ཁྱད་ཆོས་དེ་བཞིན་དུ་སྦྱར་ཏེ། སྙན་གྱི་དབང་པོ་ཉམས་པ་མེད་པ་སྒྲིབ་པ་རྣམ་སེལ་དང་། ཤངས་ཀྱི་དབང་པོ་ཀུན་ཏུ་བཟང་པོ་དང་། ལྗགས་ཀྱི་དབང་པོ་འཇམ་དཔལ་རྣམས་སུ་སྣང་ཞིང་། ཡུམ་བཞི་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱན་ལ་སོགས་པའི་དབང་པོ་དེ་རྣམས་ཀྱིས་རྟེན་བྱས་ནས་ཡུལ་མཁྱེན་པའི་ཚུལ་ཐ་མལ་བས་ད་ལྟའི་གཟུགས་སོགས་ཁོ་ན་ཤེས་ལ། དེ་ཡང་ཆགས་ཐོགས་དང་བཅས་པ་ཡིན་པས་དེ་ལས་ཁྱད་པར་དུ་འཕགས་དེ་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་གཅིག་ཅར་དུ་ཆགས་ཐོགས་མེད་པར་གཟིགས་པས་ན། གཟིགས་ཚུལ་དེ་ལྟ་བུས་འདས་པའི་དུས་ལ་གཟིགས་པ་འཇུག་པ་བདུག་སྤོས་མ། ད་ལྟར་གྱི་དུས་ལ་གཟིགས་པ་འཇུག་པ་མེ་ཏོག་མ། མ་འོངས་པའི་དུས་ལ་གཟིགས་པ་འཇུག་པ་སྣང་གསལ་མ། དེ་དག་ཀྱང་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རང་བྱུང་གི་སྣང་བ་ཇི་བཞིན་པའི་ངང་ནས་འཕོ་འགྱུར་མེད་པའི་ཆོས་ཉིད་ལ་ཞུགས་པ་དྲི་ཆབ་མར་སྣང་བའོ། །དེ་དག་ཡུལ་དུས་བཞི་དང་ཡུལ་ཅན་ཡེ་ཤེས་གང་ལ་སྦྱར་ཀྱང་དོན་འདྲ་སྟེ་ཡུལ་དང་ཡུལ་ཅན་རོ་གཅིག་པར་མཁྱེན་པས་སོ། །ཚུལ་འདི་དག་གིས་ནི་གཟུགས་སྐུའི་ཡེ་ཤེས་ཕྱིར་གསལ་གྱི་ཆས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་། དེའི་རང་བཞིན་ཡེ་ཤེས་རང་གི་ཆོས་ཉིད་དང་དབྱེར་མེད་པར་མཁྱེན་པའི་ཇི་ལྟའི་ཡེ་ཤེས་དང་། རང་སྣང་ན་གཟུགས་སྐུ་ཡོད་མེད་ཀྱི་དགག་སྒྲུབ་ཀྱང་མི་དགོས་པར་སྐུ་དང་ཡེ་ཤེས་ཡུལ་དང་བཅས་པ་ཐམས་ཅད་ཐུགས་རང་བྱུང་གི་ཡེ་ཤེས་རང་ལས་ཤར་ཞིང་རང་ལ་མ་འགགས་པར་སྣང་ཡང་ཆོས་ཉིད་ཀྱི་ངོས་ན་རང་གཞན་དང་སྣང་མི་སྣང་ལ་སོགས་པའི་ཐ་སྙད་ཐམས་ཅད་ལས་འདས་པ་རྣམས་ལ་ངེས་ཤེས་ཀྱང་སྐྱེས་པར་རློམ་མོ། །འཇོམས་བྱེད་ཁྲོ་བོའི་འཁོར་ནི། སངས་རྒྱས་རྣམས་ཀྱི་ཐབས་དང་ཤེས་རབ་ཆེན་པོའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པས་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་འཇོམས་ཤིང་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་མཚན་མའི་རྟོག་པ་གང་གིས་ཀྱང་གླགས་རྙེད་པའི་སྐབས་མེད་པའི་རྟགས་སུ་སྒོ་བ་བཞི་དང་། དེ་བཞིན་དུ་སོ་སོའི་ཡུམ་དང་བཅས་པར་སྣང་སྟེ། དེ་ཡང་ཐ་མལ་པའི་ལུས་ཀྱི་ཤེས་པ། ཡུལ་རེག་བྱ། རེག་བྱེད་ལུས་དབང་། དེ་གསུམ་འདུས་པའི་རེག་པ་བཞི་དང་། དེ་བཞིན་དུ་ངག་ལ་སྒྲའི་ཤེས་པ། བརྗོད་བྱ། རྗོད་བྱེད། དེ་གསུམ་འདུས་པ་བཞི་དང་། ཡིད་ལ་ཡིད་ཤེས། ཆོས་ཁམས། ཡིད་དབང་། དེ་གསུམ་འདུས་པ་སྟེ་བཞི་པོ་དེ་དག་གི་སྒོ་ནས་སྒོ་གསུམ་རང་རང་གི་བྱ་བྱེད་དུ་སྣང་བ་ལ་ཁྱད་པར་དུ་འཕགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་གསུམ་གྱི་ཡེ་ཤེས་དང་། ཡུལ་དང་། བྱེད་པ་དང་། དེ་གསུམ་འདུས་པའི་ཆ་བཞི་པོས་ཤེས་བྱ་ཐམས་ཅད་ལ་དབང་བསྒྱུར་བའི་རང་བཞིན་གཤིན་རྗེའི་གཤེད་དང་། སྟོབས་པོ་ཆེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་བ་སྟེ་བཞིར་སྣང་ཞིང་། དེ་ཡང་སྐྱེ་འཇིག་མེད་པ་དང་། བརྗོད་དུ་མེད་པ་དང་། རྣམ་པར་རིག་བྱེད་མེད་པ་དང་། རྣམ་པ་མེད་པར་རྟོགས་པའི་ཡེ་ཤེས་བཞིར་གནས་དག་པའོ། །དེ་དག་གི་ཡུམ་ཡང་ཡེ་ཤེས་དེ་དག་གི་ཡུལ་རྟག་ཆད་བདག་མཚན་བཞི་མ་ཡིན་པའི་དབྱིངས་ཀྱི་ཆ་དང་། དབྱིངས་དེ་ལས་ཤར་བའི་ཚད་མེད་པ་བཞི་དང་། བསྡུ་བ་བཞིའི་སྒོ་ནས་འགྲོ་བ་རྣམས་སྡུད་པའི་རྟགས་སུ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞིར་སྣང་བའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། སྟོན་པས་གསུངས་པ་མེད་བཞིན་འཁོར་གྱི་སེམས་དཔའ་རྣམས་ལ་རང་ངོའི་ཤེས་རབ་ཀྱི་ཆ་ལ་རང་སྣང་བའི་ཚུལ་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ནི་གྲག་པའི་སྒྲ་དང་བརྗོད་པའི་ཚིག་གི་མཚན་མའི་ཡུལ་ལས་འདས་པར་བསྐོར་བ་ནི། ཀློང་དྲུག་པ་ལས། ཉིད་ཀྱི་ཞལ་ནས་མ་གསུངས་པར། །རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་སེམས་དཔའ་རྣམས་ལ་ནི། ཤེས་རབ་རྟོག་དཔྱོད་བློ་ལ་སྣང་། །ཞེས་དང་། དེ་སྐད་དུ་མདོ་ལས་ཀྱང་། རྒྱལ་བའི་སྲས་པོ་ཅང་མི་གསུང་། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་པ་ལྟར་སངས་རྒྱས་རྣམས་ཀྱི་དོན་དམ་པའི་ཆོས་ཀྱི་འཁོར་ལོ་ནི་སྐྱེས་བུའི་རྣམ་རིག་དང་འབྲེལ་བ་མ་གྲུབ་པས་སྒྲ་ཚིག་མཚན་མའི་སྤྱོད་ཡུལ་ལས་འདས་པའི་དོན་རང་བཞིན་རྫོགས་པ་ཆེན་པོའི་ངོ་བོར་གནས་པ་ཡིན་ཏེ། ཀུན་བྱེད་ལས། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། །སྙིང་པོ་ལྷུན་འབྱམས་སྨྲ་བསམ་བརྗོད་ལས་འདས། །ཞེས་སོ། །དེ་ལྟ་བུའི་ཆོས་འཁོར་ལ་འགོག་ལམ་གྱི་བདེན་པ་མཐའ་དག་རྫོགས་པའི་ཚུལ་ཡང་། ཟླ་བ་སྒྲོན་མའི་མདོ་ལས། གང་གིས་ཆོས་གཅིག་པོ་ཡོངས་སུ་བསླབས་པས་ཡོན་ཏན་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཅིག་པོ་གང་ཞེ་ན། གང་དེ་ཁོ་ན་ཉིད་དུ་ཤེས་པའོ། །ཞེས་སོ། །གཉིས་པ་འབྲས་བུ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བཤད་པ་ལ་གཉིས་ཏེ། སྟེང་ཁང་ཞི་བའི་དཀྱིལ་འཁོར་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་རོ། །དང་པོ་སྟེང་ཁང་ཞི་བའི་དཀྱིལ་འཁོར་བཤད་པ་ནི། དེ་ལྟ་བུའི་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་དེ་ལས་རླུང་ཆ་དང་བཅས་པ་དག་ནས་འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཚེ་ན་དཀྱིལ་འཁོར་ཇི་ལྟར་བཀོད་པའི་ཚུལ་ལ། སྤྱིར་ཆོས་ཉིད་སྐྱེ་བ་མེད་པའི་གདངས་ལས་རོལ་པ་འགག་པ་མེད་པར་ཅིར་ཡང་འཆར་དུ་རུང་བས་ན་རྒྱུད་སྡེ་སོ་སོར་རང་སྣང་གི་དཀྱིལ་འཁོར་བཀོད་ཚུལ་གྱི་རྣམ་པ་དང་ལྷའི་གྲངས་ལ་སོགས་པ་མི་འདྲ་བ་དུ་མ་ཡོད་ཀྱང་དེ་དག་ལས་འདི་ནི་ཡིན་ལ་གཞན་ལྟར་ནི་མ་ཡིན་ནོ། །ཞེས་བྱ་བར་ཕྱོགས་གཅིག་ཏུ་གཟུང་བར་བྱར་མེད་ནའང་འདིར་ནི་ཞི་ཁྲོའི་དཀྱིལ་འཁོར་གཉིས་སུ་གསུངས་པས། རང་སྣང་གི་ཁྲོ་བོའང་ཡོད་པར་བཤད་དེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོས་པས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་ཆོས་ཉིད་ཀྱི་ཁྲོ་བོ་དངོས་པོ་དང་མཚན་མར་མེད་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བ་སྟེ་དེའི་ངང་ལས་འོག་མིན་དུ་ཧེ་རུ་ཀའི་དཀྱིལ་འཁོར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་རང་བཞིན་དོན་གྱི་གནས་ལུགས་ཡིན་པར་གསུངས་ཤིང་། དེའི་ཐུགས་རྗེ་ལྷུན་གྱིས་གྲུབ་པས་གང་ལ་གང་འདུལ་གྱི་ཁྲོ་བོའི་རོལ་པ་སྣ་ཚོགས་པར་སྣང་བ་ནི་མཛད་པ་ཕྲིན་ལས་ཀྱི་རང་བཞིན་སྤྲུལ་པའི་ངོ་བོའོ། །དེ་ལྟར་ཞི་ཁྲོའི་དཀྱིལ་འཁོར་གཉིས་པོ་དེ་ལུས་ལ་ཇི་ལྟར་གནས་པའི་ཚུལ་སྔར་བཤད་པ་ལྟར་སྙིང་ག་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་གནས་པའི་གདངས་ལས་ཀླད་པ་དུང་ཁང་གི་གཞལ་ཡས་ན་ཁྲོ་བོའི་ལྷ་ཚོགས་རྣམས་ཡོད་པར་བཤད་པའི་སྟེང་འོག་གི་གོ་རིམ་བཞིན་གཞལ་ཡས་ཁང་གི་ནང་དུ་ཞི་བའི་ལྷ་ཚོགས་རྣམས་གསལ་བའི་རང་འོད་སྟེང་གི་ནམ་མཁར་དབུའི་ཕྱུར་བུའི་ནང་དུ་ཁྲོ་བོའི་ལྷ་ཚོགས་ཀུན་གསལ་བར་གསུངས་པའི་ཚུལ་དེ་ཡང་འོག་མིན་གྱི་ཞིང་གི་རྣམ་པ་ལམ་བྱེད་ཡིན་པས་དེ་ལྟར་ཡང་ཡིན་མོད། སྐབས་འདིར་ནི་འདུས་པ་མདོའི་དཀྱིལ་འཁོར་སྟེང་ཁང་ཞི་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་དང་ལྡན་པའི་འོག་ཏུ་ཁྲོ་བོའི་དཀྱིལ་འཁོར་ཡོད་པའི་ལུགས་ལྟར་ལས། ཞི་བའི་ལྷ་གྲངས་ནི་རྡོར་སེམས་སྒྱུ་དྲྭའི་རྩ་རྒྱུད་ཀྱི་གླེང་གཞིའི་ལེའུའི་དགོངས་པ་གསང་འགྲེལ་མུན་སེལ་གྱིས་ཇི་ལྟར་བཀྲལ་བ་བཞིན་ནོ། །དེ་ཡང་འོག་མིན་རྡོ་རྗེ་དབྱིངས་བྱང་ཆུབ་སྙིང་པོའི་གནས་ལ་མངའ་དབང་མཛད་པའི་རྒྱལ་བ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་གསུངས་པ་ལས། དབྱིངས་དང་རིག་པ་ཟུང་དུ་འཇུག་པ་ལ་དམ་པའི་སྟང་དཔྱལ་དུ་སྨོས་པ་ཀུན་བཟང་ཡབ་ཡུམ་གཉིས་ནི་ལོངས་སྤྲུལ་གཉིས་ཀྱི་སྤྲུལ་གཞི་སྟེ་གཟུགས་སྐུ་ཀུན་ལ་ཁྱབ་པར་བརྡལ་བའི་ཐུགས་དམིགས་བསམ་སྤྲོས་པ་ལས་འདས་པ་ཡིན་པས་ཆོས་ཀྱི་སྐུ་སྟེ། རིན་ཆེན་སྒྲོན་མ་ལས། མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། །ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུར་བཞེངས་པ་ན། །རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་མཛད་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ་། །ཞེས་སོ། །ལྷ་ལ་སོགས་པའི་འགྲོ་བ་དྲུག་པོ་སོ་སོའི་གནས་སུ་རང་རང་གི་མོས་པ་དང་འཚམས་པར་དོན་མཛད་པའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ནི་གདུལ་བྱའི་ངོར་སྤྲུལ་པར་ཤར་བའི་ཕྱིར་གདུལ་བྱ་དེ་དག་གི་བསོད་ནམས་ཀྱི་སྣང་བས་བསྡུས་པ་ཡིན་པས་འོག་མིན་དུ་མི་སྣང་ཡང་། རྒྱལ་པའི་ཐུགས་རྗེ་གདུལ་ཡུལ་དྲུག་ཏུ་འཇུག་པའི་ཕྲིན་ལས་ཀྱི་གཟུགས་བརྙན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྣང་བའོ། །དེ་བས་ན་རང་སྣང་དོན་གྱི་འོག་མིན་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ན་གཟུགས་སྐུའི་རྣམ་པར་དངོས་སུ་སྣང་བ་ནི་རྒྱལ་བ་སུམ་ཅུ་རྩ་བཞི་སྟེ། དེ་ཡང་གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། སྒོ་སྐྱོང་ཡབ་ཡུམ་བརྒྱད་དེ་ཉེར་བཞི་པོ་ནི་འཁོར་གྱི་ཚུལ་དུ་བཞུགས་སོ། །དེ་དག་ཀྱང་རྒྱུད་སྡེ་འོག་མའི་ལུགས་ལྟར་ཕུང་སོགས་གནས་སུ་དག་པའམ། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་ཀྱི་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བ་ཉིད་ནི་རང་བཞིན་གྱི་རྡོ་རྗེ་ཕུང་པོ། དེའི་ཡན་ལག་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རིགས་ལྔ། ནམ་མཁའ་ལ་སོགས་པའི་ཁམས་རིགས་ཀྱི་ཡུམ་ལྔ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་དང་། གཟུགས་ལ་སོགས་པ་ཕྱིའི་དྲུག་སྟེ་སྐྱེ་མཆེད་བཅུ་གཉིས་དང་། དེ་དག་གི་ཁམས་བཅུ་གཉིས་དང་། རྣམ་པར་ཤེས་པའི་ཁམས་དྲུག་སྟེ་བཅོ་བརྒྱད་པོ་ཐམས་ཅད་ཀུན་ཀྱང་ཕྱི་ནང་གི་སེམས་དཔའ་སེམས་མ་སྒོ་སྐྱོང་གི་ཁྲོ་མོའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱི་སྲིད་གསུམ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ་གདོད་ནས་རྣམ་པར་དག་པའི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་གནས་པ་ཡིན་ཏེ། དེ་སྐད་དུའང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཞེས་སོ། །ཚུལ་འདི་དག་ནི་སྒྱུ་འཕྲུལ་དྲྭ་བ་དང་། དཔལ་སངས་རྒྱས་མཉམ་སྦྱོར་དང་། འདུས་པའི་རྒྱུད་སྔ་ཕྱི་གཉིས་ལ་སོགས་པའི་བླ་ན་མེད་པའི་རྒྱུད་སྡེ་ཕལ་མོ་ཆེ་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་ནི་ཇི་སྙེད་ཅིག་བསྟན་པ་རྣམས་རང་སྣང་གིས་བསྡུས་པའི་ཞིང་ཁམས་ཡིན་པས་དེ་རྣམས་དང་རྣམ་དག་ཀྱང་མཚུངས་པ་ཡིན་ལ། གཞན་སྣང་ལ་ཤར་བའི་ཞི་བའམ། ཁྲོ་བོའི་དཀྱིལ་འཁོར་ནི་འོག་མིན་གྱི་ཞིང་ཁམས་ལས་གཞན་དུ་གྱུར་པ་སྟེ། དཔེར་ན་སྒྲུབ་སྡེ་ལས་བགེགས་འདུལ་ཕྱིར་རྨི་ལམ་ལྟར་སྤྲུལ་པ་འཇིག་རྟེན་པའི་འཁོར་གཙོ་བོར་གྱུར་བའི་དཀྱིལ་འཁོར་གསུམ་དུ་བསྟན་པ་བཞིན་ཏེ་འཆད་པར་འགྱུར་རོ། །གཉིས་པ་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ནི། ཞི་བའི་གཞལ་ཡས་ཁང་གི་འོག་ན་རང་བྱུང་གི་ཁང་པ་ཚོགས་ཆེན་པོ་འདུས་པའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་སྣང་བ་ནི། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་འབྱུང་བ་རིམ་བརྩེགས་རུས་པའི་རི་རབ་དང་བཅས་པའི་ཁར་རིན་པོ་ཆེའི་བྲག་གཏམས་པའི་སྟེང་ཡེ་ཤེས་ཀྱི་རང་འོད་མེའི་ཕུང་པོ་རབ་ཏུ་འབར་བའི་ཀློང་ན་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་ཡེ་ཤེས་རང་སྣང་གི་རྒྱན་རབ་ཏུ་རྔམ་ཞིང་འཇིགས་སུ་རུང་བས་བརྒྱན་པ། སྒོ་ཁྱམས་རིམ་པ་དགུ་པའི་བར་ཁྱམས་དགུ་པོ་ནང་ནས་རིམ་པར་དང་པོ་གསུམ་སེར་དཀར་དམར་བ། དེ་ནས་གསུམ་སེར་དམར་དཀར་བ། དེ་ནས་གསུམ་ནག་པོ་ཕྱོགས་མདོག་ལྗང་གུ། སྒོ་ཕྱི་མར་རྒྱུ་འབྲས་ཀྱི་རྟ་བབས་གཉིས་ལས་དང་པོ་སྟེགས་བབས་ཞོན་གྱི་ཚུལ་དུ་ཡོད་ཅིང་། གཉིས་པ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར་ལྡན་པ། ཕོ་བྲང་དབུས་མའི་ནང་དུ་གྲུ་ཆད་བཞི་གློ་འབུར་གྱིས་མཛེས་པའི་སྟེང་ན་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེའི་བྲག་ཆེན་པོ་གཏམས་པའི་ཁར་པདྨ་དཀར་པོ་འདབ་མ་སྟོང་དུ་བརྡལ་བ་ལ་ཐབས་ཤེས་ཀྱི་རང་བཞིན་ཉི་མ་ཉི་ཤུ་རྩ་བཞི་དང་ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱོར་དུ་བཀོད་པར་དྲེགས་པའི་དབང་ཕྱུག་ཁྱོ་ཤུག་ནི་ཉི་ཤུ་རྩ་བཞི་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་དཔའ་གཏུམ་སྟག་དང་། འཇིགས་བྱེད་སེང་གེ་དང་། གདུག་པ་གཟིག་དང་ནི། གཏུམ་པ་དོམ་དང་། སྟོབས་ཆེན་གླང་པོ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་ལྟོ་འགྲོ་སྟེ་བྱོལ་སོང་གི་གཙོ་བོ་བརྒྱད་པོ་རེ་རེས་དྲེགས་པ་ཕོ་རྣམས་ཁ་སྦུབ་ཏུ་ཡོད་པའི་སོག་ཕྲག་དང་། མོ་རྣམས་གན་རྐྱལ་དུ་ཡོད་པའི་ནུ་ཕྲག་ཏུ་བཟུང་ཞིང་བརྫིས་པའི་སྟེང་ན་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་བཅོམ་ལྡན་འདས་འཇིག་རྟེན་ན་ཆེ་བའི་ལྷ་ཆེན་པོ་ལ་སོགས་པ་ལས་ཀྱང་མཆོག་ཏུ་གྱུར་པས་སམ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་གཅིག་ཏུ་རྫོགས་པས་ཆེ་བའི་མཆོག་སྐུ་མདོག་མཐིང་ནག་ཨིནྡྲ་ནཱི་ལའི་མདངས་ཅན་ཉི་མ་བྱེ་བའི་འོད་སྣང་ལྟར་འབར་བའི་གཟི་བྱིན་དང་ལྡན་པ། ཞལ་བདུན་སུམ་ཉི་ཤུ་རྩ་གཅིག་གི་རྩ་ཞལ་སྐུ་ལུས་དང་མཚུངས་པ། གཡས་ཞལ་གསུམ་སེར་དམར་ལྗང་བ། གཡོན་ཞལ་གསུམ་དམར་སྔོ་ལྗང་བ། དེའི་སྟེང་གི་དབུས་ཞལ་སེར་པོ། གཡས་གཉིས་དམར་ལྗང་། གཡོན་གཉིས་མཐིང་དཀར། དེའི་སྟེང་གི་དབུས་ཞལ་མཐིང་ག །གཡས་གཉིས་སེར་ལྗང་། གཡོན་གཉིས་དཀར་དམར། དེའི་སྟེང་གི་དབུས་སྨུག །གཡས་དཀར། གཡོན་ལྗང་། ཀུན་གྱི་སྟེང་ཞལ་དམར་པོ་རྟ་སྐད་མཚེར་བ། ཞབས་བརྒྱད་བགྲད་ཅིང་། ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས་དང་པོ་གཉིས་ན་ཀུན་བཟང་ཡབ་ཡུམ་ཐུགས་ཀར་བསྣོལ་བ། ལྷག་མ་གཡས་ཀྱི་ཉི་ཤུ་ན་རིགས་ལྔ་སེམས་དཔའ་བརྒྱད་ཁྲོ་བོ་བཞི་མཐོ་རིས་ཀྱི་ཐུབ་པ་གསུམ་དང་། གཡོན་ཉི་ཤུ་ན་ཡུམ་ལྔ་སེམས་མ་བརྒྱད་ཁྲོ་མོ་བཞི་ངན་སོང་གི་ཐུབ་པ་གསུམ་སྟེ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས་པ། ཕྱག་རྒྱ་དྲུག་དང་། དུར་ཁྲོད་ཀྱི་ཆས་བརྒྱད་དང་། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་རེ་རེ་ལ་སངས་རྒྱས་ཀྱི་སྐུ་རེས་བརྒྱན་པའི་དབུ་ལ་འཁོར་ལོ་མཆོད་རྟེན་རིན་པོ་ཆེ་བདུན་བདུན་སྣང་བའི་སྟེང་རྒྱལ་བྱེད་དཔའ་རྟགས་ཀྱི་མཚན་མ་བཅུས་བརྒྱན་པའི་རྩེ་མོ་གཅིག་ཏུ་འདུས་པ་ལ་ཏོག་སྟོང་འོད་ཟེར་འབར་བ། གནམ་ཞལ་ཡུམ་མཆོག་དབྱིངས་ཀྱི་དབང་ཕྱུག་མ་སྔོན་མོ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་བགྲད་པ། རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། ལྷག་མ་གཡས་བརྒྱད་ན་གནས་ཀྱི་དང་། གཡོན་བརྒྱད་ན་ཡུལ་གྱི་མ་མོ་དང་ཕྲ་མེན་བརྒྱད་བརྒྱད་བསྣམས་པ། ཡབ་ཡུམ་ཁྲོ་མཁར་ཏེ་དབང་མཆོག་དང་། དབྱིངས་ཕྱུག་མ། ཆེ་མཆོག་རྣམས་ཐོད་བརྩེགས་ཀྱི་ཚུལ་ལམ། ཡང་ན་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་པ། སྲིད་པ་ཁམས་གསུམ་དང་ཞི་བ་ཐེག་རིམ་དགུའི་ལམ་དང་འབྲས་བུའི་ཆོས་ཁམས་མ་ལུས་པ་ཀུན་བཅོམ་ལྡན་འདས་དཔལ་ཆེན་པོ་ཉིད་ཀྱི་ཞབས་ཀྱི་གདན་ཁྲི་ནས་སྟེང་གི་དབུ་རྒྱན་གྱི་འཁོར་ལོའི་རྩེ་མོའི་བར་ལ་རང་བཞིན་གྱིས་རྫོགས་པར་སྣང་སྟེ། དེ་ཡང་འདོད་ཁམས་ཁྲག་གི་རྒྱ་མཚོ་ལ་རྫོགས། གཟུགས་ཁམས་ཞིང་ཆེན་གྱི་ས་གཞི་ལ། གཟུགས་མེད་ཀེང་རུས་ཀྱི་རི་རབ་ལ། ཉན་རང་བྱང་སེམས་གསུམ་རིན་པོ་ཆེའི་བྲག་ལ། ཕྱི་རྒྱུད་གསུམ་རྡོ་རྗེའི་བྲག་ལ། བསྐྱེད་པའི་རྣལ་འབྱོར་པདྨ་དཀར་པོ་ལ། རྫོགས་པའི་རྣལ་འབྱོར་དབུ་རྒྱན་གྱི་སངས་རྒྱས་དང་རྒྱལ་མཚན་བཅུ་ལ། རྫོགས་པ་ཆེན་པོའི་རྣལ་འབྱོར་ཏོག་སྟོང་འོད་ཟེར་འཕྲོ་བ་ལ་རྫོགས་པ་ལ་སོགས་པའོ། །ཡབ་ཡུམ་ཁྲོ་མཁར་གྱི་ཚུལ་ལྟར་ན་དབུས་དང་། མཉམ་པར་སྦྱོར་བའི་ཚུལ་ལྟར་ན་གཙོ་བོ་དཔལ་ཆེན་པོའི་མདུན་དུ་དབང་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་པ་ཡུམ་ཁྲོ་མོ་དབྱིངས་ཕྱུག་མ་དང་ནི་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་པ། སྒོ་གསུམ་ལ་བདག་ཏུ་འཛིན་པ་དང་ཁམས་གསུམ་ས་དགུ་དག་པའི་ཧེ་རུ་ཀ་དཔལ་དགུ་ལས། དབང་མཆོག་གི་མདུན་དུ་བཛྲ་ཧེ་རུ་ཀ་དང་། འཁོར་ལོའི་རྩིབས་བརྒྱད་ཀྱི་ཕྱོགས་བཞིར་བུདྡྷ་སོགས་བཞི་དང་། མཚམས་བཞིར་རཀྟ་སོགས་བཞི་སྟེ་དཔལ་དགུ་པོ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་སོ། །གློ་འབུར་བཞི་དང་གྲུ་ཆད་རྣམ་པ་བཞི་སྟེ་བརྒྱད་ལ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པ་ཀ་རཱི་མ་ལ་སོགས་པ་བརྒྱད་འཁོད་དོ། །དཀྱིལ་འཁོར་དང་པོའི་ཁྱམས་ལ་ཡུལ་བརྒྱད་དག་པའི་རང་བཞིན་ཕྱོགས་བཞིར་སེང་གདོང་མ་ལ་སོགས་པ་མཆེ་བ་ཅན་བཞི་དང་། མཚམས་བཞི་རྒོད་གདོང་མ་ལ་སོགས་པ་གཤོག་པ་ཅན་བཞི་སྟེ་ཕྲ་མེན་མ་བརྒྱད་གནས་སོ། །དེའི་སྒོ་བཞིར་ཆུ་བོ་བཞི་གནས་སུ་དག་པ་རྟ་གདོང་དཀར་མོ་ལ་སོགས་པ་སྒོ་མ་བཞིའོ། །གཉིས་པའི་ཁྱམས་ལ་ཕྱོགས་མཚམས་ཀྱི་དངོས་པོ་གནས་སུ་དག་པ་འབར་མ་ཉི་ཟེར་ཅན་ལ་སོགས་པ་སྤོར་མ་རྣམ་པ་བརྒྱད་དང་། སྒོ་བཞིར་འབྱུང་བཞི་དག་པ་རྒྱས་འདེབས་མ་སོགས་སྒོ་མ་བཞི་དང་། གསུམ་པའི་ཁྱམས་ལ་སྒལ་ཚིགས་ཉེར་བརྒྱད་དག་པ་ཤར་དུ་སྲིན་མོ་སྨུག་ནག་སོགས་དྲུག །ལྷོར་ཞི་བ་དམར་མོ་སོགས་དྲུག །ནུབ་ཏུ་དགའ་བྱེད་དམར་མོ་སོགས་དྲུག །བྱང་དུ་གསོད་བྱེད་ལྗང་ནག་སོགས་དྲུག །སྒོ་བཞིར་ནག་མོ་ཆེན་མོ་སོགས་སྒོ་མ་བཞི་སྟེ་དབང་མོ་ཉི་ཤུ་རྩ་བརྒྱད་དང་བཅས་ཁྱམས་གསུམ་པོ་ཀུན་ལ་རང་རང་གི་སྒོ་མ་བཞི་བཞིར་ལྡན་པའི་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྐུ་མཚན་དང་དཔེ་བྱད་ཀྱི་དཔལ་དང་། གསུང་རྔམ་པའི་གདངས་ཀྱི་དཔལ་དང་། ཐུགས་སྙིང་རྗེ་ཆེན་པོའི་དཔལ་དུ་འབར་བའི་རྣམ་པར་རོལ་པ་ཅན་གར་དགུའི་ཉམས་ཀྱིས་བརྗིད་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་རྟོག་བྲལ་བདེ་བ་ཆེན་པོའི་རང་རྩལ་ལས་རང་ཤར་བའོ །འདི་དག་ལ་རྩ་བའི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ཡང་རང་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ཡིན་ཏེ། གཞི་ཀ་དག་གི་སྣང་ཆ་ཡེ་ནས་ལྷུན་གྱིས་གྲུབ་པ་དོན་གྱི་འོག་མིན་ཡིན་ནོ། །དེས་ན་འདིར་བཤད་པའི་དྲེེགས་པ་ཉེར་བཞི་ལ་སོགས་པའང་། གདུལ་བྱ་དེ་ལྟར་འདུལ་བའི་རྟེན་འབྲེལ་གྱི་སྒོ་དབྱིངས་ལ་ལྷུན་གྲུབ་ཏུ་ཤར་བ་ཡིན་ནོ། །དེའི་ཕྱི་རོལ་དུ་གཞན་སྣང་གིས་བསྡུས་པའི་དཀྱིལ་འཁོར་ལ། ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར། དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར། སྒྲོལ་བ་གིང་གི་དཀྱིལ་འཁོར། ཕོ་ཉའི་དཀྱིལ་འཁོར་དང་བཞི་ལས། དང་པོ་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་ནི། བཞི་པའི་ཁྱམས་ལ་ཤར་དུ་མཁའ་འགྲོ་དགའ་བྱེད་མ་སོགས་བདུན་དང་། ལྷོ་རུ་མཁའ་འགྲོ་འཇོམས་བྱེད་མ་སོགས་བདུན་དང་། ནུབ་ཏུ་མཁའ་འགྲོ་གནོད་སྦྱིན་མ་སོགས་བདུན་དང་། བྱང་དུ་མཁའ་འགྲོ་ཕག་གདོང་མ་སོགས་བདུན་དང་། སྒོ་བཞིར་མཁའ་འགྲོ་བུམ་སྣ་མ་སོགས་བཞི་སྟེ་མཁའ་འགྲོ་སུམ་ཅུ་རྩ་གཉིས་གནས་སོ། །གཉིས་པ་དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་ནི། ལྔ་པའི་ཁྱམས་ལ་བཞུགས་ཏེ། རྡོ་རྗེ་ཀུན་གྲགས་མ་སོགས་མ་མོ་བདུན་དང་། སྒོ་བཞིར་གླིང་བཞི་མགྱོགས་མ་སོགས་སྲིང་མོ་བཞི་རྣམས་སོ། །གསུམ་པ་སྒྲོལ་བ་གིང་གི་དཀྱིལ་འཁོར་ནི། དྲུག་པའི་ཁྱམས་ལ་ཕྱོགས་རེར་གསུམ་གསུམ་དང་སྒོ་བཞི་རེ་རེ་བཀའ་ནོད་པའི་ཚུལ་དུ་ཤར་ནུབ་གཉིས་སུ་རེ་རེ་གནས་ཏེ། གང་ཞེ་ན། རྡོ་རྗེ་འབྱུང་པོ་སོགས་གིང་ཆེན་དྲུག་ཚན་གསུམ་སྟེ་བཅོ་བརྒྱད་དོ། །བཞི་པ་ཕོ་ཉའི་དཀྱིལ་འཁོར་ལའང་གསུམ་ལས། ཁྲོ་བོ་རོལ་པའི་དཀྱིལ་འཁོར་ནི། ཁྱམས་བདུན་པར་བཞུགས་ཏེ། རྣམ་པར་རྒྱལ་བ་དང་སྙེམས་མ། དབྱུག་སྔོན་ཅན་དང་སྡེར་མོ་སོགས་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་པོ་ཕྱོགས་མཚམས་བརྒྱད་དུ་གསུམ་གསུམ་དང་། ཤར་ནུབ་ཀྱི་ནང་དང་སྒོ་བཞིར་རེ་རེའོ། །མྱུར་མགྱོགས་ཡིད་ཀྱི་དཀྱིལ་འཁོར་ནི། ཁྱམས་བརྒྱད་པའི་ཕྱོགས་བཞིར་སྐུ་དང་ཡོན་ཏན་དང་གསུང་དང་ཕྲིན་ལས་ཀྱི་ཕོ་ཉ་དྲུག་ཅུ་རེར་གནས་པས་ཉིས་བརྒྱ་དང་བཞི་བཅུ་སྟེ་ཕྱོགས་ཀྱི་མདོག་ཏུ་སྣང་ངོ་། །དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་ནི། དགུ་པའི་ཁྱམས་ལ་འཁོད་པ་སྟེ། དེ་ཡང་ཕོ་ཉ་མ་མོ་དྲུག་ཅུ་རྣམས་ཕྱོགས་བཞི་པོ་རེ་རེར་བཅོ་ལྔ་བཅོ་ལྔའོ། །ཁྱམས་བཞི་པ་ནས་དགུ་པའི་བར་དུ་བཀའ་ཉན་གྱི་ཚུལ་དུ་འཁོད་པའི་དཀྱིལ་འཁོར་འདི་ལོག་པར་འདྲེན་པའི་མ་རུངས་པ་རྣམས་འདུལ་བའི་ཕྱིར་དུ་སྤྲུལ་པས་བསྡུས་པ་ཡིན་པའི་ཕྱིར་ན་བགེགས་ལ་སོགས་པ་གདུལ་བྱ་སོ་སོའི་རང་ངོར་སྣང་བ་ཡིན་པ་དེ་ཡི་ཕྱིར་ན་རང་སྣང་འོག་མིན་གྱི་དཀྱིལ་འཁོར་མིན་ནོ། །དེས་ན་དེ་དག་དཀྱིལ་འཁོར་དུ་དགོད་པའི་ཚུལ་དེ་ནི། སློབ་དཔོན་སངས་རྒྱས་གསང་བས་འོག་མིན་དྲུག་གསུངས་པ་ལས། རྟོག་པའི་འོག་མིན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་བསྡུའོ། །འོ་ན་འདིར་འབྲས་བུའི་ཡོན་ཏན་བརྗོད་པའི་སྐབས་ཡིན་པས་མ་འབྲེལ་ཏོ་སྙམས་ན་ལམ་དུས་སུ་དེ་ལྟར་བསྒོམས་པ་ལས་བར་ཆད་མེད་ལམ་མངོན་དུ་གྱུར་ནས་འབྲས་བུའི་དུས་གཞི་སྣང་ལྷུན་གྲུབ་རྟགས་ཀྱི་འོག་མིན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དུ་མངོན་པར་སངས་རྒྱས་ཤིང་ཆོས་དབྱིངས་དོན་གྱི་འོག་མིན་ལ་སྦྱོར་བའི་ཆ་ནས་སྐབས་འདིར་དོན་གྱི་འོག་མིན་དུ་སྨོས་པ་ཡིན་པར་གསུངས་སོ། །གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། དེ་དག་རང་སྣང་དུ་བཞུགས་པའི་ཚུལ་ཆོས་སྐུའི་ཡེ་ཤེས་འདུས་མ་བྱས་པ་ངོ་བོ་ཉིད་ཀྱིས་རྟག་པའི་ངང་ལས་ཕྱི་རུ་གསལ་བར་སྣང་བའི་རང་མདངས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ལོངས་སྐུར་རྫོགས་པའི་གནས་རྒྱུན་གྱི་རྟག་པའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་ནས། སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་རྟག་པའི་འཆར་གཞིར་བཞུགས་པ་ནི་སློབ་པའི་ལམ་མཐར་ཕྱིན་པའི་དུས་གང་དུ་ཁམས་ལ་སྒྲིབ་པར་བྱེད་པའི་དྲི་མ་མཐའ་དག་པ་སྤངས་པར་གྱུར་པའི་སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡི་ཡེ་ཤེས་ཀྱི་རོལ་པ་གནས་དང་སྟོན་འཁོར་ལ་སོགས་པ་ཉིད་དུ་སྣང་བ་ཡིན་པའི་ཕྱིར་རྟེན་ཞིང་ཁམས་དང་གཞལ་ཡས། བརྟེན་པ་གཙོ་བོ་དང་འཁོར་དུ་སྣང་ཡང་ཕྱི་ནང་དང་མཆོག་དམན་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་མཉམ་ཞིང་ཐ་དད་མེད་པའི་ཕྱིར་ཏེ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མིན་ལས་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱའི་མཆོག །ཞེས་པའི་ཚིག་རྐང་སྔ་མ་སྐུ་གསུམ་སྣང་ཚུལ་ལ་སྦྱར་རོ། །དེ་ལྟར་ལོངས་སྐུ་གཅིག་ལ་སྐུ་གསུམ་རྫོགས་པའི་ཚུལ། སྐུ་གསུམ་བསྟན་པའི་མདོ་ལས། ཆོས་སྐུ་ནི་ངོ་བོ་ཉིད་ཀྱི་རྟག་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྒྱུན་གྱི་རྟག་པའོ། །སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པའི་རྟག་པའོ། །ཞེས་སོ། །དེ་ལྟ་བུའི་རང་སྣང་གི་ལོངས་སྐུ་ཀུན་གྱི་ཐུགས་ཀྱང་ཆོས་སྐུའི་ངང་ལས་མ་གཡོས་པས་རྣམ་པར་མི་རྟོག་ཅིང་། གསུང་ནི་སྒྲ་ཚིག་རང་མཚན་པ་ལས་འདས་པས་བརྗོད་པ་དང་བྲལ་བ་དང་། སྐུ་ནི་གཟི་བརྗིད་ཆེན་པོར་སྣང་བས་མཚན་དང་དཔེ་བྱད་གསལ་བར་རྫོགས་ཤིང་། རང་སྣང་གི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་མཐོང་བ་དག་པའི་སྤྱན་གྱིས་གཟུགས་སྐུ་ཕན་ཚུན་གཅིག་གིས་གཅིག་གཟིགས་པ་དུས་ནམ་དུ་ཡང་སྒྲིབ་པ་མེད་དེ། དཔེར་ན་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་གོམས་པའི་སྣང་བ་ནི་རང་གི་རིག་ངོ་ལ་མངོན་སུམ་ཡིན་ཡང་སྣང་བྱ་སྣང་བྱེད་མེད་པ་བཞིན་ནོ། །དེ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་སངས་རྒྱས་ལས་གཞན་པའི་སྤྱོད་ཡུལ་མིན་པའི་ཚུལ་ནི། དུས་གསུམ་དུ་གཤེགས་ཤིང་བྱོན་པའི་རྒྱལ་བ་རྣམས་ཀྱི་ཁམས་དང་ཡོན་ཏན་གྱི་སྤྱོད་ཡུལ་ནི་བླ་ན་སྟེ། དེའི་གོང་ན་གཞན་མེད་པའི་ཕྱིར་དང་སྲིད་པ་འཁོར་བས་མ་བསྡུས་པས་དངོས་པོ་རང་མཚན་པ་མེད་པའི་ཕྱིར་རྟག་པའི་མཐར་མ་ལྷུང་ཞིང་། ཞི་བ་མྱ་ངན་ལས་འདས་པ་ཕྱོགས་གཅིག་པས་མ་བསྡུས་པའི་ཕྱིར་ཆད་པའི་མཐར་མ་ལྷུང་བས་ན་ངག་གི་ཡུལ་ལས་འདས་ཤིང་དོན་དམ་པའི་མཐར་ཐུག་པ། རྟོག་པས་གཞལ་བྱ་དང་དཔེ་དང་ཐ་སྙད་ཀྱིས་མི་མཚོན་པས་ས་དང་པོ་ནས་བཅུ་པའི་བར་གྱི་དག་པའི་སེམས་ཅན་ཆེན་པོ་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་མཐོང་བར་མི་ནུས་ཏེ། ཅིའི་ཕྱིར་ན། རྒྱལ་བའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་དང་འགལ་བའི་ཁམས་ཀྱི་སྒྲིབ་པའི་ཆ་ད་དུང་ཡང་མ་སྤངས་པའི་ཕྱིར་ན། རྒྱལ་བ་རྣམས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པའི་ཡོན་ཏན་མཐའ་དག་ལ་གཟིགས་པའི་བློ་མིག་མ་ཐོབ་པའི་ཚུལ། རྒྱུད་བླ་མ་ལས། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། ཞེས་སོ། །དེ་ཡང་འདས་པ་དང་མ་འོངས་པ་དང་ད་ལྟ་སྟེ་འདུས་བྱས་ཀྱི་དུས་གསུམ་ཀུན་རྫོབ་པ་ཀུན་གྱི་ངེས་པ་ལས་འདས་པའི་རང་སྣང་དོན་གྱི་འོག་མིན་ཆེན་པོ་ན་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དུས་བཞིའི་བདག་ཉིད་ཅན་གཙོ་བོ་དང་འཁོར་ཐམས་ཅད་དགོངས་པ་མཉམ་པའི་ཕྱིར་ངོ་བོ་ལ་བཟང་ངན་དང་ཐ་དད་མེད་པའི་ཚུལ་གཅིག་ཏུ་མཐུན་པར་ཤར་བའི་རང་སྣང་ངོ་། །དེ་ལྟར་ཡང་གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་བརྙེས་པ་དང་། །རྒྱ་ཆེན་གསུང་ལ་དོན་འབྱུང་བའམ། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །རྒྱ་ཆེན་གསུང་ཞེས་པ་ནི། གསུང་ལྔ་སྟེ། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། ལོངས་སྐུ་དགོངས་པ་བརྡའི་གསུང་། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། མི་འགྱུར་རྡོ་རྗེའི་དབྱེར་མེད་རྡོ་རྗེའི་གསུང་ངོ་། །གཉིས་པ་སྤྲུལ་སྐུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། རང་སྣང་ལོངས་སྐུ་དེ་ཉིད་ཀྱི་ངང་ལས་དག་པ་དང་མ་དག་པའི་གདུལ་བྱའི་སེམས་ཅན་རྣམས་འདུལ་བའི་ཕྱིར་སྟོན་པའི་ཐུགས་རྗེ་ལས་འདུལ་བྱེད་ཀྱི་སྟོན་པ་གསུམ་དུ་རྩོལ་བ་མེད་བཞིན་བཀོད་པ་ནི། ལོངས་སྐུ་དང་ཚུལ་མཐུན་པར་སྣང་བ་རང་བཞིན་སྤྲུལ་པ་དང་། འགྲོ་དྲུག་གི་སྟོན་པར་སྣང་བ་འགྲོ་འདུལ་སྤྲུལ་པ་དང་། སེམས་ལྡན་དང་བེམ་པོའི་རིགས་སུ་སྣང་བ་སྣ་ཚོགས་སྤྲུལ་པ་སྟེ་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་སྤྲུལ་པ་དང་། སྣ་ཚོགས་སྤྲུལ་པའོ། །དང་པོ་རང་བཞིན་སྤྲུལ་པ་ལའང་གཉིས་ཏེ། བགྲངས་པའི་རང་བཞིན་སྤྲུལ་པ་དང་། གནས་པའི་རང་བཞིན་སྤྲུལ་པའོ། །དང་པོ་བགྲངས་པའི་རང་བཞིན་སྤྲུལ་པ་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། སྤྲུལ་པའི་སྐུ་རྣམ་པ་གསུམ་དུ་སྣང་བ་དེ་དག་ལས་དང་པོ་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ་བ་ནི། རྒྱལ་བ་ཆོས་ཀྱི་སྐུའི་ཡེ་ཤེས་ཕྱིར་གསལ་དུ་སྣང་བ་འོག་མིན་གྱི་ཞིང་ན་དབྱིངས་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་བཞུགས་པའི་དཔེ་བྱད་ནི་དྭངས་ཤེལ་གྱི་ནང་དུ་འཕོས་པ་སྟེ་ཤར་བ་ལྟ་བུའི་རྒྱལ་སྲས་འཕགས་པ་གདུལ་བྱ་མཆོག་རྣམས་ལ་སྣང་བའི་གཟུགས་བརྙན་ནི་རང་སྣང་གི་སྟོན་པ་དང་ཆ་འདྲ་བས་ལོངས་སྐུ་ཡང་བགྲངས་ལ། གདུལ་བྱའི་སྣང་བས་བསྡུས་པས་སྤྲུལ་པའི་ཕྱོགས་སུ་ཡང་བགྲངས་པས་ཕྱེད་སྤྲུལ་ལོངས་སྐུའི་གནས་ཏེ། རང་སྣང་གི་ཞིང་དང་སྟོན་པ་ནམ་མཁའི་ཟླ་བ་དངོས་ལྟ་བུ་ལས་གཞན་སྣང་གི་ཞིང་དང་སྟོན་པ་ཆུ་ཟླ་ལྟར་གཟུགས་བརྙན་དུ་ཤར་བའི་ཚུལ། །རྒྱུད་བླ་མ་ལས། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་སོ། །དེ་ཡང་ཉེ་བའི་འཁོར་གདུལ་བྱ་རྒྱུད་དག་པ་རྣམས་ལ་གཞན་སྣང་ལོངས་སྐུ་དང་། རིང་བའི་འཁོར་རྒྱུད་ཅུང་ཟད་དག་ཀྱང་འཕགས་ས་སོགས་མ་ཐོབ་པ་རྣམས་ལ་མཆོག་གི་སྤྲུལ་སྐུ་སྣང་བའི་ཚུལ་ཡང་། དེ་ཉིད་ལས། མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །དག་ལས་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། གནས་དང་། སྟོན་པ་དང་། ཡེ་ཤེས་དང་། འཁོར་དང་། དུས་དང་། སྦྱང་བྱའི་ཁྱད་པར་རོ། །དང་པོ་གནས་ནི། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་འབྲས་ཆོས་ལྔ་དང་ཡེ་ཤེས་ལྔའི་རྩལ་ལས་སར་གནས་ཀྱི་སེམས་དཔའ་རྣམས་ཀྱི་ངོར་ཞིང་ཁམས་ལྔ་བཀོད་པ་ནི། དབུས་ན་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱི་རྩལ་ལས་དབང་ཕྱུག་ཆེན་པོའི་འོག་མིན་གྱི་ཞིང་དང་། ཤར་ན་ཐུགས་མེ་ལོང་ཡེ་ཤེས་ཀྱི་རྩལ་ལས་མངོན་པར་དགའ་བའི་ཞིང་དང་། ལྷོ་ན་ཡོན་ཏན་མཉམ་ཉིད་ཡེ་ཤེས་ཀྱི་རྩལ་ལས་དཔལ་དང་ལྡན་པའི་ཞིང་དང་། ནུབ་ན་གསུང་སོར་རྟོག་ཡེ་ཤེས་ཀྱི་རྩལ་ལས་པདྨ་བརྩེགས་པའི་ཞིང་དང་། བྱང་ན་ཕྲིན་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་ལས་ལས་རབ་གྲུབ་པའི་ཞིང་དང་རྣམ་པ་ལྔར་སྣང་བ་ཡིན་ནོ། །གཉིས་པ་སྟོན་པ་ནི། ཞིང་ཁམས་ལྔ་པོ་དེར་རིམ་པ་བཞིན། གཟུགས་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་དང་། ལ་སོགས་པའི་ཁོངས་ནས་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ་དང་། ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས་དང་། འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་སྟེ། སྟོན་པ་མཆོག་ལྔ་པོ་མཚན་དང་དཔེ་བྱད་སོགས་ཡོན་ཏན་རྒྱ་མཚོ་ལྟ་བུའི་བདག་ཉིད་ཅན་དུ་སར་གནས་རྣམས་ལ་སྣང་ངོ་། །དེ་ལ་གཟུགས་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པ་ནི། དཔེར་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བརྗོད་ན་མྱ་ངན་ནི་འཁོར་བ་ཡིན་ལ། དེ་ལས་འདས་པ་ལ་མྱང་འདས་ཞེས་བརྗོད་ཅིང་། དེ་ཡང་མཐའ་གཉིས་ལ་མི་གནས་པས་ཆེན་པོ་ཞེས་བརྗོད་པ་བཞིན་དུ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ལས་འདས་ཤིང་དེ་དག་གི་ཕ་རོལ་ཏུ་སོན་ཡང་འབྲས་ཆོས་ལྔའི་རྩལ་འགག་པ་མེད་པར་སྣང་བའི་སྐུ་སོགས་ལ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པར་བརྗོད་པས་ན། དེ་དག་རྟགས་ཀྱི་ཕྱག་རྒྱར་ཤར་བའི་རང་སྣང་དང་། གཞན་སྣང་གི་སྟོན་པ་ལྔ་པོ་ལའང་དེ་དང་དེའི་མིང་གིས་བཏགས་པའོ། །ཀུན་མཁྱེན་ཆེན་པོ་ནི་རྣམ་པར་ཤེས་པའི་རྒྱལ་པོ་རྣམ་པར་སྣང་མཛད་ཅེས་ཐུན་མིན་གྱི་རྒྱུད་སྡེར་འགྲེལ་ཏོ། །དེ་ཡང་རང་སྣང་གི་གཟུགས་སྐུ་བཀོད་པ་དང་ཚུལ་མཐུན་པར་གཞན་སྣང་དུ་ཡང་ཞི་བ་དང་ཁྲོ་བོ་ལ་སོགས་པའི་རྣམ་འགྱུར་དཔག་ཏུ་མེད་ཅིང་མཐའ་ཡས་པར་སྣང་ངོ་། །གསུམ་པ་ཡེ་ཤེས་ནི། དེ་ལྟར་ཞིང་ཁམས་ལྔར་སྟོན་པ་ལྔ་སོ་སོར་སྣང་ཡང་རྒྱུད་ཐ་དད་པ་མ་ཡིན་པར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་ཤར་བའི་རིགས་ལྔའི་ཐུགས་ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང་འདི་ལྟར་རྣམ་སྣང་གི་ཐུགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ཆོས་དབྱིངས་ཡེ་ཤེས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་བཞི་ཡོད་པ་ལྟར། གཞན་མེ་ལོང་ལྟ་བུའི་ཡེ་ཤེས་ལའང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་དབྱིངས་ཡེ་ཤེས་སོགས་བཞི་དང་ལྡན་པས་མཚོན་ལྷག་མ་རྣམས་ལ་ཡང་བཞི་བཞིའི་འཁོར་དང་བཅས་པས་ཡེ་ཤེས་ཉི་ཤུ་རྩ་ལྔར་འགྱུར་ཡང་རྩ་བའི་ཡེ་ཤེས་ལྔ་པོ་ལ་འདུ་བས་ན་དེ་དག་གི་དོན་སངས་རྒྱས་ཀྱི་སའི་མདོ་ལས་བྱུང་བ་ལྟར་བཤད་པ་ལ། ཡེ་ཤེས་དང་པོ་ནི། ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ལ་ཆོས་ཉིད་དུ་ཁྱབ་ཀྱང་རང་གི་ངོ་བོ་ཐ་དད་པ་མེད་པ་ལྟར་དེ་མཁྱེན་པའི་ཡེ་ཤེས་ཀྱང་ཆོས་ཉིད་དེའི་རྗེས་སུ་སོང་བས་གཡོ་བ་མེད་པ་ནི་ནམ་མཁའི་རང་བཞིན་གཟུགས་སུ་གྱུར་པ་ཐམས་ཅད་ན་ཡོད་ཀྱང་རང་གི་ངོ་བོ་དུ་མ་མེད་པར་རོ་གཅིག་པ་བཞིན་ཤེས་བྱའི་ཐམས་ཅད་ཆོས་ཉིད་མཁྱེན་ཡང་བརྗོད་པའི་མཐའ་ལས་འདས་པའི་དབྱིངས་སུ་རོ་གཅིག་པའོ། །ཡེ་ཤེས་གཉིས་པ་ནི། དཔེར་ན་མེ་ལོང་གི་ངོས་ལ་གཟུགས་བརྙན་འཆར་རུང་གི་དྭངས་ཡོད་ཀྱང་དེ་ལ་རྩོལ་བ་དང་མངོན་པར་འདུ་བྱ་བ་མེད་པ་བཞིན་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་གཟུང་འཛིན་གྱི་རྡུལ་དང་བྲལ་བ་ནི་མངོན་པར་འདུ་བྱེད་པའི་གཡོ་རྩོལ་མེད་བཞིན་ཤེས་བྱ་མཁྱེན་ཚུལ་གྱི་ལྡོག་པས་དབྱེ་བའི་ཡེ་ཤེས་ཕྱི་མ་གསུམ་པོ་མཆེད་པའི་གཞིར་གྱུར་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་པ་ལྟར་རོ། །ཡེ་ཤེས་གསུམ་པ་ནི། ཆོས་ཐམས་ཅད་ལ་བཟང་ངན་དང་ཐ་དད་ལ་སོགས་པའི་མཚན་མ་མེད་པ་ནི་མཉམ་པ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་འཁོར་འདས་ཀྱི་ཆོས་ཀུན་བཟང་ངན་དང་བླང་དོར་གྱི་མཚན་ཉིད་མེད་པར་སྲིད་ཞི་དབྱེར་མེད་སྤྲོས་པའི་མཐའ་ཐམས་ཅད་ཞི་བའི་དབྱིངས་སུ་ཐུགས་ཞུགས་པའི་ཚུལ་གྱིས་མཁྱེན་པ་སྟེ། དེ་ཉིད་ལས། མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཆེན་པོར་འདོད། །ཅེས་སོ། །ཡེ་ཤེས་བཞི་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བས་བསྡུས་པའི་ཤེས་བྱའི་ཆོས་ཐམས་ཅད་ཀྱི་སྣང་ཆ་རྒྱུ་དང་འབྲས་བུ་སོགས་མ་འདྲེས་པར་སྣང་བ་ནི་སོ་སོར་རྟོག་པ་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཉིད་ཇི་ལྟ་བ་བདག་མེད་པ་དང་། །ཆོས་ཅན་ཤེས་བྱ་ཕུང་སོགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཇི་སྙེད་པ་ཐམས་ཅད་རྟག་ཏུ་ཐོགས་པ་མེད་པར་མཁྱེན་པ་སྟེ། དེ་ཉིད་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དག་འདྲ་བ་ཁོ་ན་ཡིན། །ཞེས་སོ། །ཡེ་ཤེས་ལྔ་པ་ནི། བྱ་བ་ནི་གཞན་དོན་གྱི་མཛད་པ་ཡིན་ལ་དེ་རྩོལ་མེད་དུ་གྲུབ་ཅིང་མཁྱེན་པའི་ཡེ་ཤེས་ཀྱིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཞན་ངོར་སྣང་སྟེ་སོ་སོའི་མོས་པ་དང་འཚམས་པར་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་སྣ་ཚོགས་པས་གནས་སྐབས་དང་མཐར་ཐུག་གི་ཕན་པ་རླབས་ཆེན་པོ་བསྒྲུབ་པའི་ཚུལ་ཅན་དུ་ཆགས་པ་དང་ཐོགས་པ་སྤངས་པའི་མཛད་པ་ལྷུན་གྱིས་གྲུབ་པར་འཁོར་བ་མ་སྟོངས་ཀྱི་བར་དུ་འཇུག་པ་སྟེ། དེ་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབ་པའོ། །ཞེས་སོ། །ཡེ་ཤེས་དེ་རྣམས་གཉིས་སུ་བསྡུ་ན། ཆོས་དབྱིངས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ། གཞན་བཞི་ཀ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཏེ། དེ་ཡང་མཁྱེན་ཆ་འགག་པ་མེད་པ་ལས་ཤེས་བྱའི་ཡུལ་ལ་ཡེ་ཤེས་འཇུག་པ་ན། མཉམ་ཉིད་བླང་དོར་དང་བྲལ་བར་མཁྱེན་པ་དང་། མ་འདྲེས་པར་མཁྱེན་པ་དང་། འབད་མེད་དུ་མཁྱེན་པའི་ལྡོག་པ་བཞིས་ཕྱེའོ། །དེ་ལྟར་ན་འདིར་སོར་རྟོག་ཡེ་ཤེས་ཀྱི་སྐབས་སུ་ཆོས་ཉིད་ཇི་ལྟ་དང་ཞེས་པ་ཆོས་ཅན་མ་འདྲེས་པར་མཁྱེན་པ་ན་དེའི་རང་བཞིན་བདག་གི་ངོ་བོར་མ་གྲུབ་བཞིན་དུ་སྣང་བ་མཁྱེན་པ་ལ་བཤད་ན་བདེའམ་སྙམ་མོ། །བཞི་པ་འཁོར་ནི། སྟོན་པ་རང་ལས་རྒྱུད་གཞན་གྱིས་བསྡུས་པའི་འཁོར་ནི་ས་དང་པོ་རབ་དགའ་ནས་ཆོས་ཀྱི་སྤྲིན་གྱི་བར་ལ་གནས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་འབའ་ཞིག་དང་ཐབས་གཅིག་ཏུ་བཞུགས་པ་ལ་ཆོས་ཕུན་སུམ་ཚོགས་པ་སྐུ་ཡིས་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱི་དོན་གདུལ་བྱའི་བློ་ལ་འཇལ་བའི་ཐབས་ཀྱི་འོད་ཟེར་བཀྱེ་བས་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བདེ་ལ་ཉེ་བར་སྤྱོད་པའི་ཚུལ། རྒྱུད་བླའི་འགྲེལ་ཆུང་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་དང་ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ལ་ཉེ་བར་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་སོ། །དེའི་ཚུལ་སྒྱུ་འཕྲུལ་པའི་ལུགས་ཀྱི་འདི་ལྟར་རང་གི་བྱད་ཀྱི་དྲི་མ་རང་གིས་མི་མཐོང་བ་དེ་མེ་ལོང་གི་ནང་དུ་གསལ་ནས་སྦྱོང་བ་ལྟར། སར་གནས་ཀྱི་བྱང་སེམས་དེས་སྤྲུལ་པའི་ལོངས་སྐུ་ལ་བལྟས་པས་རང་གི་ས་ལ་སྒྲིབ་པ་ཡོད་པ་ངོས་ཟིན་པས་ད་དུང་བྱང་སེམས་བདག་དང་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཁྱད་པར་ཇི་ལྟར་ཡིན་མཐོང་ནས། བྱང་ཆུབ་ཆེན་པོའི་འབྲས་བུ་ལ་སྒྲིབ་པར་བྱེད་པའི་དྲི་མ་གཏིང་དཔག་དཀའ་བ་སྟེ་ཤིན་ཏུ་ཕྲ་བ་ངོས་ཟིན་དཀའ་བ་དག་རིམ་གྱིས་སྦྱངས་ཏེ། དེ་ཡང་ས་དང་པོར་སེར་སྣ། གཉིས་པར་ཚུལ་འཆལ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང་། དྲུག་པར་ཤེས་འཆལ། བདུན་པར་ཐབས་ལ་མི་མཁས་པ། བརྒྱད་པར་གཞན་དོན་གྱི་སྙིང་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་ལ་གཡེལ་བ། བཅུ་པར་ཡེ་ཤེས་ཀྱི་སྒྲུབ་པ་ཕྲ་མོ་དང་བཅས་པ་དག་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ་བ་སྟེ་མངོན་པར་བྱང་ཆུབ་པའི་ཚུལ། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །ལྔ་པ་དུས་ནི། གཟུགས་བརྙན་ལོངས་སྐུའི་སྟོན་པ་དེ་ཇི་ཙམ་སྣང་བའི་དུས་ནི་འདི་ལྟར་འཁོར་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་མགོན་པོ་སྟོན་པ་བདེ་བར་གཤེགས་པའི་ཆོས་ཀྱི་སྐུ་ངོ་བོ་ཉིད་མེད་པའི་དབྱིངས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་ངང་དུ་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་གྱི་བར་དུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པས་འཆི་བའི་བདུད་བཅོམ་ཞིང་དག་པའི་འཇིག་རྟེན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེག་པ་ཆེན་པོའི་ཡོན་ཏན་གྱི་འབྱོར་བ་ཁྱད་པར་ཅན་བསྒྲུབ་པའི་སླད་དུ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་ཡིན་ཏེ། རྒྱུད་བླ་མར། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་སོ། །དྲུག་པ་སྦྱང་བྱའི་ཁྱད་པར་ནི། སྤང་གཉེན་ཆོས་མཚུངས་པའི་ཞིང་དང་སྟོན་པ་ལ་སོགས་པས་སྦྱངས་ཏེ། དེ་ལ་གདུལ་བྱའི་རྒྱུད་ཀྱི་གཏི་མུག་ལ་སོགས་པའི་སྦྱང་བྱའི་དྲི་མ་ཉོན་མོངས་པ་བག་ལ་ཉལ་ལྔ་པོ་གང་གི་གཉེན་པོར་ཆེ་བའི་འོག་མིན་ལ་སོགས་པའི་ཞིང་ཁམས་ལྔ་དང་། གདུལ་བྱ་དེའི་ངོར་ཞིང་དེར་སྟོན་པར་བསྟན་པའི་སྐུ་རྣམ་པར་སྣང་མཛད་ལ་སོགས་པ་ལྔས་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་སྒྲ་ཚིག་གི་ཐ་སྙད་ལས་འདས་པའི་ཆོས་རབ་ལྔ་བསྟན་པས་གཏི་མུག་གནས་འགྱུར་བ་ཆོས་དབྱིངས་ཡེ་ཤེས་སོགས་རྣམ་པ་ལྔ་པོ་ཐོབ་པའི་ཚུལ་ཡང་། སྒྱུ་འཕྲུལ་བརྒྱད་ཅུ་པར། འདོད་ཆགས་ལ་སོགས་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་སོ། །འདི་ལ་གཏི་མུག་གི་དྲི་མ་སྦྱོང་དུས་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་ལས་ཆོས་དབྱིངས་ཡེ་ཤེས། དེ་བཞིན་དུ་ཞེ་སྡང་ལ་རྣམ་པར་ཤེས་པའི་རྒྱལ་པོས་མེ་ལོང་ཡེ་ཤེས། ང་རྒྱལ་ལ་ཚོར་བའི་རྒྱལ་པོས་མཉམ་ཉིད་ཡེ་ཤེས། འདོད་ཆགས་ལ་འདུ་ཤེས་ཀྱི་རྒྱལ་པོས་སོར་རྟོག་ཡེ་ཤེས། ཕྲག་དོག་ལ་འདུ་བྱེད་ཀྱི་རྒྱལ་པོས་བྱ་གྲུབ་ཡེ་ཤེས་ཀྱི་ཆོས་རབ་ལྔ་བསྟན་པས་གནས་འགྱུར་ལྔ་ཐོབ་པ་ཡིན་པར་གསུངས་པ་འདིའི་དོན་ལ་བསམ་ན། དང་པོ་བྱང་ཆུབ་སེམས་དཔའ་སྦྱོར་ལམ་གྱི་མཐར་གནས་པ་ཞིག་གིས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཐོས་པ་དེ་རྣམ་པར་སྣང་མཛད་ཀྱིས་ཆོས་དབྱིངས་ཡེ་ཤེས་ལས་བརྩམ་པའི་ཆོས་ཐོས་པའི་དོན་ཡིན་པས་གནས་འགྱུར་གྱི་ཡེ་ཤེས་ཀྱང་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་མཐོང་ལམ་ཐོབ་པའི་རྒྱུ་ཡིན་ཀྱང་ད་དུང་རང་གི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་དངོས་སུ་མི་མཐོང་བ་ནི་མཐོང་སྤང་ཤེས་སྒྲིབ་ཀྱི་ཆ་མ་སྤངས་པས་ཡིན་ལ། ནམ་མཐོང་སྤངས་དེ་སྤངས་པ་ན་རང་གི་སྟོན་པ་དེ་མཐོང་བ་དང་། དེ་བཞིན་དུ་ས་འོག་མ་རང་རང་གི་སྐབས་སུ་མཇལ་བའི་སྟོན་པ་ལས་ཆོས་ཀྱི་དོན་ཁོང་དུ་ཆུད་པ་དེས་རང་རང་གི་སྒྲིབ་པའི་གཉེན་པོར་གྱུར་པའི་སྟོན་པ་དེའི་གསུང་ཐོས་པ་དང་འདྲ་བའི་བྱེད་ལས་སུ་སོང་ཡང་ད་དུང་རང་སའི་ཤེས་སྒྲིབ་རྣམ་པར་དག་མ་ཟིན་གྱི་བར་དུ་ས་དེའི་གཉེན་པོར་གྱུར་པའི་རང་གི་སྟོན་པ་དངོས་རིན་འབྱུང་སོགས་མཐོང་བར་མི་འགྱུར་བའི་དོན་ཡིན་ནམ་སྙམ་སྟེ། འདིའི་འགྲེལ་པ་རྣམ་མཁྱེན་ཤིང་རྟ་དང་ཐེག་མཆོག་མཛོད་སོགས་ན་བགྲངས་པ་ནི། ཕ་རོལ་ཏུ་ཕྱིན་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདོད་དེ་སངས་རྒྱས་ཀྱི་སྣང་བ་ཁྱད་པར་ཅན་གྱི་སའོ། །འདིར་སངས་རྒྱས་ཀྱི་གསུང་ནི་ཐོས་ལ། རང་གི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་བྱའི་སྒྲིབ་པས་བསྒྲིབས་ནས་སྐུ་མི་མཐོང་སྟེ། དེ་དག་གི་སྐུ་ནམ་མཐོང་བ་ན་ཤེས་བྱའི་སྒྲིབ་པ་ཟད་ནས་སངས་རྒྱ་བར་འདོད་པའོ་ཞེས་གསུངས་པའི་ཕྱིར་ཏེ་དོན་འདི་ལའང་བློ་ལྡན་རྣམས་ཀྱིས་ད་དུང་དཔྱོད་པར་མཛོད་ཅིག །དེ་ལྟར་ལྔ་ཚན་ལྔ་ཡང་ས་བཅུ་པོ་དང་སྦྱར་ནས་གསུངས་པའི་ཚུལ། མཐོང་ལམ་གྱི་དུས་སུ་ཀུན་བརྟགས་ལས་གྱུར་པའི་གཏི་མུག་གནས་གྱུར། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ས་དང་པོ་རབ་ཏུ་དགའ་བ་ཐོབ། རྣམ་སྣང་མཐོང་། དེ་ནས་བཟུང་རིམ་པ་བཞན་དུ་འཕགས་པའི་བསྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་གྱུར། ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་གསུམ་ཐོབ། རིན་འབྱུང་མཐོང་། འབྲིང་པོ་གསུམ་དུ་རྣམ་པ་ཐམས་ཅད་པའི་ཆགས་རྟོག་གནས་གྱུར། ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་སོ་སོར་རྟོག་པའི་ཡེ་ཤེས་ཐོབ། སྦྱང་དཀའ། མངོན་གྱུར། རིང་སོང་གསུམ་ཐོབ། སྣང་མཐའ་མཐོང་། ཆེན་པོ་གསུམ་ལས་ས་བརྒྱད་པ་ལ་ཞེ་སྡང་གི་ས་བོན་རྟོག་པའི་ཟུག་རྔུ་དང་། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་འཆར་གཞིར་གྱུར་ཀྱང་རྣམ་པར་མི་རྟོག་པའི་བདག་ཉིད་ཐོབ། མི་བསྐྱོད་པ་མཐོང་། ས་དགུ་པ་དང་བཅུ་པར་ཕྲག་དོག་གི་ས་བོན་དག །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་ནས་སོ་སོ་ཡང་དག་རིག་པ་བཞིས་འགྲོ་བ་རྒྱ་མཚོའི་དོན་བྱེད་པའི་ཕྲིན་ལས་རླབས་པོ་ཆེའི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། དོན་ཡོད་གྲུབ་པའི་སྐུ་མཐོང་། དེ་ལྟར་ས་བཅུ་པའི་རྒྱུན་མཐའི་བར་སྒོམ་ལམ་ས་དགུ་པོ་རིམ་གྱིས་རྫོགས་པ་ན་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོས་དབང་བསྐུར་བའི་མོད་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་བརྗོད་དུ་མེད་པ་སྙེད་ཐོབ་པའི་ཚུལ། མདོ་སྡེའི་རྒྱན་ལས། བསྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོའི་དབང་བསྐུར་བ། །ཞེས་པའི་དོན་ས་བཅུ་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །དེའི་ཚེ་རང་ལ་ཡོད་པའི་ལྷུན་གྲུབ་ཀྱི་ཡོན་ཏན་ཅི་ཡིན་པ་མངོན་དུ་གྱུར་ནས་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ་བ་སྟེ་དབྱིངས་ཀྱི་འོག་མིན་དུ་འཚང་རྒྱ་བའི་ཚུལ། སྒྱུ་འཕྲུལ་མངོན་བྱང་ལས། དག་ས་པ་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟ་བུའི་ཞིང་ཁམས་ལ་ཕྱེད་སྤྲུལ་དུ་གདགས་པའི་འཐད་པ་ཡང་འདིར་བཤད་པའི་ཞིང་ཁམས་ལྔ་པོ་འདི་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ལ་སྣང་བ་ལས་སོ་སྐྱེ་དང་ཉན་ཐོས་འཕགས་པ་ལ་སོགས་པའི་གདུལ་བྱ་གཞན་གྱི་སྤྱོད་པའི་ཡུལ་དུ་དངོས་སུ་སྣང་བ་མིན་ཞིང་། དེ་བཞིན་དུ་སྟོན་པ་ལྔ་པོ་དབྱིངས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ལྟར་སྣང་ན་ཡང་འཁོར་དང་ཞིང་ཁམས་ལ་སོགས་པ་སྟོན་པའི་ཐུགས་རིག་པའི་ཡེ་ཤེས་ཀྱི་རང་སྣང་ཐུན་མོང་མ་ཡིན་པ་ཁོ་ན་མིན་ཏེ་རྒྱུད་གཞན་པ་བྱང་སེམས་སར་གནས་རྣམས་ཀྱི་སེམས་དག་པའི་སྣང་བས་བསྡུས་པ་ཡིན་པའི་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པའི་ཞིང་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པ་ཡིན་ནོ། །དེ་དག་ནི་ཕ་རོལ་ཏུ་ཕྱིན་པའི་ས་ལམ་གྱིས་བགྲངས་པའི་རང་བཞིན་སྤྲུལ་པའོ། །གཉིས་པ་གནས་པའི་རང་བཞིན་སྤྲུལ་པ་བཤད་པ་ལ་གཉིས་ཏེ། རང་བཞིན་སྤྲུལ་པ་དངོས་བཤད་པ་དང་། ཞར་བྱུང་འོག་མིན་མཁའ་སྤྱོད་ཀྱི་གནས་བཤད་པའོ། །དང་པོ་རང་བཞིན་སྤྲུལ་པ་དངོས་བཤད་པ་ལ་གཉིས་ཏེ། ཕྱོགས་བཅུའི་སྤྲུལ་པའི་ཞིང་མདོར་བསྟན་པ་དང་། རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་རྒྱས་པར་བཤད་པའོ། །དང་པོ་ཕྱོགས་བཅུའི་སྤྲུལ་པ་ཞིང་མདོར་བསྟན་པ་ནི། ཁྱད་པར་ཐུན་མོང་མ་ཡིན་པའི་ལམ་རང་བཞིན་རྫོགས་པ་ཆེན་པོ་ཡི་གདམས་ངག་དང་ཕྲད་པའི་གང་ཟག་དེ་ནི་དབང་པོ་ཐ་མ་ཡིན་ཡང་ས་ཐོབ་པའི་ངེས་པ་སོགས་ལ་ལྟོས་མི་དགོས་པར། ད་ལྟ་སྙིང་ག་ན་ཡོད་པའི་རིག་གདངས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིད་དཔྱོད་ལ་མ་ལྟོས་པར་མངོན་སུམ་པའི་སྣང་བ་དམ་པ་དེ་རུ་བཞུགས་སྟངས་དང་གཟིགས་སྟངས་ལ་སོགས་པའི་ཐབས་ཀྱིས་གཅུན་ནས། གནས་ལུགས་མཆོག་གི་དོན་གཟིགས་པའི་བླ་མ་དམ་པས་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་ཏེ་ངོ་སྤྲད་ཅིང་བྱིན་གྱིས་བརླབས་པ་དང་། དེའི་སྲོག་དམ་ཚིག་རྣམ་པར་དག་ཅིང་མ་ཉམས་ལ། ཉིན་དུས་སུ་བཞུགས་སྟངས་དང་གཟིགས་སྟངས་ཀྱི་རང་སྣང་མངོན་སུམ་ཟེར་གདངས་ཀྱི་འོད་གསལ་དང་། མཚན་མོ་སྙིང་གའི་འོད་གདངས་ཤེས་བྱ་བུམ་འཇུག་གི་མན་ངག་ལ་གོམས་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་བླངས་ཀྱང་སྣང་བ་ཆེར་ཡང་མ་འཕེལ། རྟོགས་པས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་མ་འཕྲོད་པས་རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ན་ཡང་། མི་དགེ་བའི་འཇུག་པ་སྲབ་སྟེ་རྨི་ལམ་དགེ་བར་གྱུར་བའི་གང་ཟག་སྐལ་ལྡན་དེ་ཆོས་ཉིད་བདེན་པའི་སྟོབས་ཀྱིས་རང་བཞིན་སྤྲུལ་པར་སྐྱེ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང་། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནི་མཐར་ནི་གྲོལ་བར་འགྱུར། །ཞེས་གསུངས་པས་དབང་པོ་ཐ་མའི་ཐ་མ་དེ་ཆོས་ཉིད་ཀྱི་བར་དོ་ཤར་ཡང་བདེན་པའི་སྟོབས་མ་རྙེད་པས་སྲིད་པ་བར་དོ་རྨི་ལམ་དང་འདྲ་བ་ཤར་དུས་ང་ཤི་འདུག་སྙམ་དུ་ངོས་ཟིན། སྲིད་པ་བར་དོར་ཁ་འཁྱལ་བ་དེ་དྲན་ཏེ་བླ་མ་ཡང་དྲན་དེའི་གདམས་པ་ཡང་དྲན་པ་ལས། ད་ནི་རང་བཞིན་སྤྲུལ་པའི་ཞིང་དུ་འགྲོ་བར་བྱའོ་སྙམ་པ་ཙམ་ལས། སྔར་གྱི་ཆོས་ཉིད་བདེན་པའི་བྱིན་རླབས་དང་བླ་མ་དམ་པའི་བྱིན་རླབས་ཀྱིས་སྲིད་པ་བར་དོ་ལ་རང་གར་འཛིན་པའི་དྲི་མ་མེད་པས་སྲིད་པ་ཕྱི་མར་བརྒྱུད་པའི་བག་ཆགས་ཟད་དེ་ས་ཐོབ་པ་རྣམས་ལ་རང་བཞིན་སྤྲུལ་པའི་ཞིང་སྣང་བ་དེ་དང་སྐལ་བ་མཚུངས་པར་གྱུར་ནས། རང་ལ་ཡོད་པའི་གཞི་སྣང་ལྷུན་གྲུབ་ཀྱི་སྒོར་སངས་རྒྱས་ཀྱི་ཐུགས་རྗེས་བཀོད་པའི་ཕྱོགས་བཅུ་སྤྲུལ་པའི་ཞིང་དག་པར་འགྲོ་ཞིང་། དེར་པདྨ་ལས་རྫུས་ཏེ་སྐད་ཅིག་གིས་སྐྱེས་ནས་དབུགས་འབྱིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང་། །དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདེང་དུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། །བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། །ཞེས་སོ། །དེ་ལྟར་ན་ཞིང་འདི་དག་ཏུ་སྐྱེ་བའི་གང་ཟག་ནི། གདམས་པ་འདིའི་སྒོ་མཐོང་བའི་དབང་པོ་ཐ་མའི་ཐ་མ་ལའང་རིགས་གཉིས་ལས། ཡང་ཐ་ནི་མངོན་སུམ་གྱི་སྒོ་མཐོང་ཡང་ཡིད་མ་ཆེས་པས་ཉམས་སུ་མ་བླངས་པའམ། ཡིད་ཆེས་ཀྱང་ཉམས་སུ་བླང་ལོང་སྐད་ཅིག་ཀྱང་མེད་པར་ཚེ་འདིས་གཡེངས་པ་དག་ནི་སྲིད་པ་གཞན་དུ་བརྒྱུད་པར་ཟངས་ཡིག་ཅན་ནས་བཤད་ལ། སྒོ་མཐོང་ནས་ཉམས་སུ་ལེན་པ་རྣམས་ཀྱིས་ནི། སྔར་བཤད་པའི་ཉིན་མཚན་གྱི་མན་ངག་བསྒོམ་དུས། མཚན་མོ་སྙིང་ནང་གི་འོད་ལྔ་སྤྲུལ་པའི་ཞིང་དུ་བལྟ་བའི་ངང་ལ་ཉལ་བ་དང་། ཐུན་བར་འཕོ་བས་རྩལ་སྦྱང་བ་སྟེ་ཡུལ་སྤྲུལ་པའི་ཞིང་དེར། ཡེ་ཤེས་སྙིང་ནས་ཚངས་བུག་གམ་མིག་ནས་གཙོ་བོའི་ཐུགས་ཀར་རྣམ་ཤེས་རླུང་ཞོན་གྱི་གནད་ཀྱིས་འཕངས་པས། བར་དོའི་གཡང་ས་ཆོད་ནས་གྲོང་བཟང་པོ་གཅིག་ནས་གཅིག་ཏུ་འཕོ་བ་ལ་ཉེ་ཞོ་མེད་པ་ལྟ་བུ་སྟེ། དེ་ཡང་འཆི་ཁར་རླུང་ཕར་སོང་ཚུར་མ་འདུས་པའི་སྐབས་དེར་དམིགས་པ་གསལ་བཏབ་ནས་ཧིག་གིས་འཕོ་བ་ནི། ཉི་ཟླ་ཁ་སྦྱོར་ལས། ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །རྣམ་ཤེས་རླུང་ཞོན་དག་ལ་སྦྱངས། །དེ་ཡང་གོང་དུ་འབྱོངས་པ་གཅེས། །རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །ཞེས་སོ། །དེ་ལྟར་བྱས་པས་ཁ་ཅིག་དེ་ཉིད་དུ་དག་པའི་ཞིང་དུ་སྐྱེ་བ་ཡང་ཡོད་ལ། གལ་ཏེ་སྲིད་པ་བར་དོའི་སྣང་བ་ཤར་ཡང་ངོས་ཟིན་པར་ངེས་པས་ཞིང་དེ་དྲན་པ་ཙམ་གྱིས་སྐྱེ་བ་ཡིན་གྱི་གདམས་ངག་གཞན་གབ་པ་ནི་ཅི་ཡང་མེད་དོ་གསུངས། །གཉིས་པ་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་རྒྱས་པར་བཤད་པ་ནི། སྤྱིར་ཞིང་བཅུ་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང་། ཁྱད་པར་དུ་སྲིད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་ཞིང་གདོད་མའི་ས་ལ་དབུགས་ཆེན་པོ་འབྱིན་པར་བྱེད་པའི་ཞིང་ཁམས་ལྔ་པོར་བསྡུས་ཏེ་བསྟན་པ་ནི། ཤར་ནས་རིམ་པ་བཞིན་དུ་ཞིང་ཁམས་བཞི་ཡོད་དེ། དེ་ཡང་ཤར་ན་མངོན་པར་དགའ་བའི་ཞིང་ཁམས་ས་གཞི་དང་གཞལ་ཡས་ཁང་ལ་སོགས་པ་ཐམས་ཅད་ཤེལ་ལས་གྲུབ་པ་དང་། ལྷོ་ན་དཔལ་དང་ལྡན་པའི་ཞིང་ཁམས་ཐམས་ཅད་སུ་ཝརྞ་སྟེ་གསེར་ལས་གྲུབ་པ་དང་། ནུབ་ན་པདྨ་བརྩེགས་པའི་ཞིང་ཁམས་ཐམས་ཅད་པད་རཱག་སྟེ་པདྨ་རཱ་ག་ལས་གྲུབ་པ་དང་། བྱང་ཕྱོགས་ན་རིན་ཆེན་རྣམ་པར་བཀོད་པའམ་ལས་རབ་གྲུབ་པའི་ཞིང་རིན་པོ་ཆེ་ཨིནྡྲ་ནཱི་ལའི་རང་བཞིན་ལས་ས་གཞི་ལ་སོགས་པ་ཐམས་ཅད་གྲུབ་པ་སྟེ། གཞལ་མེད་ཁང་དེ་དག་ཀྱང་སྒོ་འཁྱམས་བཞི་དང་ལྡན་པའི་སྟེང་རྟ་བབས་ཀྱིས་བརྒྱན་པ། ཕྱོག་བཞིར་སྣང་བྱེད་བ་ལང་གི་མིག་ལྟ་བུ་ལས་ཉི་མ་ཤར་བ་ན་ནང་དུ་འོད་ལྔའི་སྣང་བ་འཆར་བ། བྱང་དུ་ནི་འོད་ལྗང་གུའི་སྣང་བ་འཆར་བ། ཟུར་བཞིར་ནི་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དོ། །དེ་བཞི་པོའི་བར་ན་དྲིལ་བུ་དང་གཡེར་ཁས་སྦྲེལ་བའི་དཔྱངས་ཐག་རླུང་གིས་བསྐྱོད་པའི་སྒྲ་ལས་རྣམ་ཐར་སྒོ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱངས་དར་དིར་དུ་སྒྲོག་པ། ཕྱོགས་བཞིར་རླུང་གིས་བསྐྱོད་པས་དྲི་ཞིམ་པོ་སྣ་ཚོགས་འབྱུང་བས་སྤོས་སྤྲིན་གཡོ་བའི་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་པ་གཞལ་ཡས་ཁང་གི་ཕྱི་རིམ་ན་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུའི་འགྲམ་ན། ཏཱ་ལའི་ལྗོན་པ་དྲི་བཟང་པོའི་ངད་དང་ལྡན་པ་ཡལ་ག་དང་ལོ་མ་རྣམས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་ཕྱེད་དང་འཕྱང་འཕྲུལ་གཡོ་བ་ཅན་མང་པོས་བརྒྱན་པ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་པ། དེ་ན་བྱའི་རིགས་འདི་ལྟ་སྟེ། མཐིང་རིལ་དང་། ཤང་ཤང་ཏེའུ་དང་། རྨ་བྱ་དང་། ཀ་ཏ་རི་དང་། ནེ་ཙོ་མི་སྐད་འབྱིན་པ་དང་། ངང་པ་གཞོན་ནུ་དང་། རི་སྐེགས་དང་། ཟེར་མོ་དང་། སྦབ་དང་། ཀང་ཀཱ་རི་དང་། ལྷའི་བྱ་དྲིལ་བུའི་སྒྲ་ཅན་དང་། ཁུ་བྱུག་དང་། གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲྀ་ཏི་པ་ལ་སོགས་ཏེ། གཡུ་ལྟར་སྔོ་བ་དང་། བྱི་རུ་ལྟར་དམར་བ་དང་། ཨིནྡྲ་ནཱི་ལ་ལྟར་ལྗང་བ་དང་། དུང་ལྟར་དཀར་བ་ལ་སོགས་པ་ཁ་དོག་མ་འདྲེས་པར་ཕྱེད་པའི་བྱ་རིགས་སྣ་ཚོགས་པ་རྣམས་ཀྱིས་སྐད་སྙན་པ་དང་ཡིད་དུ་འོང་བ་སྒྲོག་ཅིང་མགྲིན་པའི་རྒྱུད་མང་ཀུན་ཏུ་འཁྲོལ་བས་དགའ་བར་བྱས་པ་དང་། ཞིང་དེ་དག་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ། ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་ཞིང་། ཉོན་མོངས་པའི་གནོད་པ་མེད་ལ་ནད་མེད་པས་མཆོག་ཏུ་བདེ་བ། བྱུང་སྲིད་ན་ཡང་དེ་ཞི་བའི་ནུས་པ་དང་ལྡན་པའི་ཆུ་ཀླུང་ལ་ཁྲུས་བྱས་པ་སོགས་སྤྱད་པ་ཙམ་གྱིས་སེལ་ཞིང་ཕྱིས་འདུ་བའི་ནད་དེ་མི་འབྱུང་བ་དང་། གཞན་ཡང་གོས་རྒྱན་སོགས་ཡིད་ལ་ཅི་དང་ཅི་བསམ་ཐམས་ཅད་དྲན་པའི་མོད་ལ་འབྱུང་ཞིང་། མདོར་ན་ཞིང་སྔ་མ་གསུམ་སུམ་ཅུ་རྩ་གསུམ་པའི་ལྷ་དང་ལོངས་སྤྱོད་མཉམ་ཞིང་། ལས་རབ་གྲུབ་པ་ནི་གཟུགས་ཁམས་ཀྱི་ལྷ་དང་མཉམ་མོ། །ཕྱི་རིམ་ན་རིན་ཆེན་སྣ་བདུན་ལས་གྲུབ་པའི་ལྕགས་རི་ཕ་གུ་ཅན་ཡོད་དོ། དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཆོས་འཆད་པའི་ཁྲི་སྟན་དང་ལྡན་པ་ཡོད་དོ། །ཞིང་མཆོག་དེ་རྣམས་ན་རིགས་བཞིའི་སྟོན་པ་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་གྲུབ་སྟེ་བཞི་པོ་ཡིས་ཉིན་མཚན་གྱི་དུས་བཞིར་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པ་རྒྱུན་མི་འཆད་དེ། དེ་ཡང་རྡོ་རྗེ་སེམས་དཔའ་སོགས་སྟོན་པ་གསུམ་གྱིས། སྲོད་ལ་རྒྱུའི་ཆོས། ནམ་ཕྱེད་ན་སྔགས་ཕྱི་པའི་ཆོས། ཐོ་རངས་ན་སྔགས་ནང་གི་ཆོས། ཉིན་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དོན་ཡོད་གྲུབ་པས། སྲོད་ལ་གདམས་ངག་གི་ཆོས། ནམ་ཕྱེད་ན་དབང་གི་ཆོས། ཐོ་རངས་སྤྱོད་པའི་ཆོས། ཉི་མ་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །ཞིང་ཁམས་དེ་དག་ཀུན་གྱི་དབུས་ཀྱི་བར་སྣང་ན་ཧེ་རུ་ཀ་དཔལ་ཆེན་པོའི་ཞིང་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ན་གཞལ་ཡས་ཁང་འདི་ལྟ་བུ་སྟེ། ཐོད་མཁར་གྲུ་བཞི་པ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤར་རི་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་སུ་དཔག་ཏུ་མེད་དེ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁའི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོས་གྲབ་བཏང་བ། ཉིན་མོ་རླུང་འཚུབས་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་གི་གྲུ་བཞི་ན། ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐབས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུགས་པའོ། །གཞལ་ཡས་ཁང་དེའི་ནང་ན་སྟོན་པ་སྤྲུལ་པའི་སྐུ་ཕྱི་ལྟར་ཤཱཀྱ་ཐུབ་པ་དང་ནང་ལྟར་རྡོ་རྗེ་འཆང་དུ་སྣང་བ་ཉིད་གསང་བ་ལྟར་ན་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བའི་བཅོམ་ལྡན་འདས་ཐུགས་ཞི་བ་ལས་མ་གཡོས་ཀྱང་། སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། ལག་ན་རྡོ་རྗེ་ལ་སོགས་པའི་དཔའ་བོ་དང་མཁའ་འགྲོ་མ་པུརྣ་ཉེ་བར་ཞི་བ་དང་། ཚངས་པ་དུང་མགྲིན་ཅན་དང་། དྲང་སྲོང་ཟླ་འོད་གཞོན་ནུ་དང་། ཡང་འཁོར་མཁའ་འགྲོ་ཨེ་ཀ་ཙ་ཏི་སྤུན་དྲུག་དང་། དེའི་བྲན་མོ་བཅུ་བཞི་དང་། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་པ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བ་དང་། དགའ་རབ་རྡོ་རྗེ་ལ་སོགས་པ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་དབུས་ཉིད་ན་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་འཁོར་གྱི་རྒྱུད་གྲོལ་བར་མཛད་དོ། །ཞིང་ཁམས་དེ་རྣམས་ན་པདྨ་ལས་རྫུས་ཏེ་སྐྱེས་པའི་རྒྱལ་སྲས་དཔག་ཏུ་མེད་པ་ཐམས་ཅད་ཀུན་ཀྱང་ལྷ་དང་ལྷ་མོ་དང་། ཁྱེའུ་དང་བུ་མོའི་རྣམ་པ་སྔགས་བླ་མེད་ཀྱི་བརྟུལ་ཞུགས་མཐར་སོན་པའི་དྲང་སྲོང་དངོས་གྲུབ་རྣམ་པ་གཉིས་གྲུབ་པའི་བདག་ཉིད་ཅན་ནོ། །དེ་རྣམས་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་ཅིང་བག་ཆགས་འཛིན་པའི་ཀུན་གཞི་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། དེ་དག་ལྡན་པའི་སྒོ་ལྔའི་འཇུག་པ་སྟེ་སེམས་གསུམ་ཀྱང་མེད་ལ། འཁྲུལ་པ་སྐྱེད་བྱེད་ཀྱི་དཔྱོད་པར་བྱེད་པའི་ཡིད་དྲུག་དང་ནི་རྩ་བའི་ཉོན་མོངས་པ་དྲུག་ཀྱང་མེད་ཅིང་། མ་རིག་པ་གསུམ་མེད་ལ་རྐྱེན་བཞི་ཡོད་པ་མ་ཡིན་ཞིང་དེ་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་ཀྱང་མེད་དོ། །ཞིང་དེ་དག་ནི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་ཉིད་དུ་བཀོད་པ་ཡིན་པའི་ཕྱིར། རང་བཞིན་ནི་སྤྲུལ་པའི་ཞིང་ཞེས་རྒྱལ་བའི་སྲས་པོ་རིག་པ་འཛིན་པ་རྣམས་ལ་གྲགས་སོ། །ཞིང་ལྔ་པོ་དེ་དག་སྣང་བའི་རྒྱུ་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རིན་པོ་ཆེ་རང་གསལ་བའི་རང་གདངས་དང་། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་པས་ན་རང་བཞིན་རྫོགས་པ་ཆེན་པོའི་མངོན་སུམ་འོད་གསལ་ལ་གོམས་པའི་གསང་ལམ་དུ་སྣང་བ་ཡིན་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན་པ་ཡིན་ནོ། །འདི་དག་ནི་ཡེ་ནས་ལམ་སྣང་དུ་གནས་ཏེ་གཞི་སྣང་ལྷུན་གྲུབ་ཀྱི་སྒོའི་ལོངས་སྐུའི་ཕྱོགས་བཞི་ན་སྣང་བས་གནས་པའི་རང་བཞིན་སྤྲུལ་པའི་ཞིང་ཞེས་བྱའོ། །དེ་བས་ན་འཁོར་ལ་སྣང་བ་དང་། དབང་པོ་ཐ་མས་མཐོང་ནུས་པའི་རྒྱུ་དང་། གྲོལ་ངེས་པའི་རྒྱུ་ཡང་དེ་ཡིན་པར་རིག་པར་བྱའོ། །གཉིས་པ་ཞར་བྱུང་འོག་མིན་མཁའ་སྤྱོད་ཀྱི་གནས་བཤད་པ་ནི། དེ་དག་ལས་གཞན་དུ་དེ་དང་རྣམ་པ་མཐུན་པ་ཙམ་དུ་སྣང་བའི་གནས་གསང་སྔགས་ཐུན་མོང་བ་རྣམས་ལ་གྲགས་པ་ཟངས་མདོག་དཔལ་རི་དང་། ལྕང་ལོ་ཅན་དང་། ཤམྦྷ་ལ་ལ་སོགས་པ་ལྟ་བུ་བདེ་ཆེན་སྔགས་ལ་སྤྱོད་པ་རྣམས་ཀྱི་རང་སྣང་དག་པའི་ཞིང་སྟེ། དེ་ཡང་ཡུལ་ཉེར་བཞི་ལྟ་བུའི་གནས་ཀྱིས་མཚོན་ན་ནམ་མཁའ་ནས་འོང་བའི་ལྷ་དང་དྲི་ཟ་ལ་སོགས་པས་བཟུང་བའི་གནས་བརྒྱད་ལ་མཁའ་ལ་སྤྱོད་པ་ཞེས་གྲགས་པ་དང་། ས་སྟེང་ནས་འོང་བའི་གནོད་སྦྱིན་དང་སྲིན་པོའི་འཁོར་ལ་སོགས་པས་བཟུང་བའི་གནས་བརྒྱད་ལ་ས་སྤྱོད་ཅེས་ཟེར་ཞིང་། ཡང་ཀླུ་དང་རི་རབ་ཀྱི་ཁོང་སེང་ནས་འོང་བའི་ལྷ་མིན་ལ་སོགས་པས་བཟུང་བའི་གནས་བརྒྱད་ལ་ནི་ས་འོག་ལ་སྤྱོད་པ་ཞེས་གྲགས་པ་སྟེ། དེ་ལྟ་བུའི་ཞིང་དེ་རྣམས་སུ་དོན་གྱི་འོད་གསལ་ལ་དབང་ཐོབ་པའི་ལྷན་ཅིག་སྐྱེས་མའི་ཡེས་ཀྱི་ཌཱ་ཀྐི་མ་དང་། དང་པོ་ནས་ཡུལ་ཆེན་པོ་ཉེར་བཞི་པོ་དེར་གནས་ཤིང་སྤྱོད་པའི་ཞིང་སྐྱེས་མ་དང་། སྔགས་ཀྱི་སྒོམ་སྤྱོད་གོམས་པའི་སྟོབས་ཀྱིས་གནས་དེ་དག་ཏུ་བགྲོད་ནུས་པའི་སྔགས་སྐྱེས་མ་ལ་སོགས་པ་རིག་པ་འཛིན་པའི་དཔའ་བོ་དང་རྣལ་འབྱོར་མ་རྡོ་རྗེ་ཐེག་པའི་ལམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་ནུས་མཐུན་པར་སད་པའི་དབང་གིས་རྗེ་བཙུན་མ་ཧཱ་གུ་རུ་དང་། གསང་བདག་ལག་ན་རྡོ་རྗེ་ལ་སོགས་པའི་ཚོམ་བུའི་འཁོར་དུ་ལྷན་ཅིག་པར་ཚོགས་པ་དེ་རྣམས་དང་སྐལ་བ་མཉམ་པའི་ཚོགས་གཉིས་ནུས་པ་མཐུ་ཅན་དུ་གྱུར་ཏེ། རིག་འཛིན་དུ་མ་ཚོགས་པའི་གྲལ་གང་ཡིན་པ་དེ་ཐམས་ཅད་དུ་སོང་ནས་བསྐྱེད་པ་དང་རྫོགས་པའི་ལམ་གྱི་འཕྲོ་སྦྱོང་བ་སྟེ། དེ་ཡང་ད་ལྟ་རང་རང་ལ་ལམ་སྟོན་དུ་གྱུར་པའི་རིག་པ་འཛིན་པ་ཡི་རྡོ་རྗེའི་བླ་མ་རྣམས་ནི་གནས་དང་ཞིང་འདི་ན་བཞུགས་དང་འདི་རུ་མི་བཞུགས་ཞེས་པ་ནི་མེད་དེ་མོས་གུས་དག་པའི་སྣང་ངོར་རང་ཉིད་གང་དུ་སོང་བའི་ཞིང་དེར་རབ་ཏུ་སྟེ་མངོན་སུམ་དུ་བཞུགས་པའི་དྲུང་ནས་གསང་སྔགས་ཀྱི་ལྟ་བ་ཟབ་མོ་བོགས་འདོན་པ་དང་། དེ་ལ་བརྟེན་ནས་ཞེན་མེད་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་ནུས་པའི་མཐུ་ཐོབ་ཅིང་། རིག་འཛིན་གྱི་བླ་མ་དམ་པ་དེ་རྣམས་ཀྱི་ཕྲིན་ལས་ཉེ་བར་བསྒྲུབ་པའི་ཕྱིར་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སུ་རྣམ་འཕྲུལ་གྱི་བཀོད་པ་དུ་མ་སྟོན་པས་སྐལ་མེད་ལོག་ལྟ་ཅན་བསྟན་འགྲོ་ལ་འཚེ་བའི་རིགས་རྣམས་ཚར་གཅོད་པ་དང་། སྐལ་ལྡན་གདུལ་བྱར་གྱུར་པ་རྣམས་ཀྱི་དོན་རང་རང་གི་མོས་པ་དང་འཚམས་པར་བྱེད་ནུས་པ་ཡིན་ནོ། །ཇི་སྐད་བཤད་པའི་ཞིང་འདི་དག་ནི་རང་གི་མོས་གུས་དང་དག་སྣང་ལ་སོགས་པ་དགེ་བའི་ས་བོན་མཐུ་བརྟས་པ་དང་། བསྐྱེད་རིམ་གྱིས་རང་སྣང་དག་པར་ཤར་བ་དང་། རྫོགས་རིམ་གྱིས་རྩ་ཐིག་རླུང་སེམས་ལས་སུ་རུང་བ་ལ་སོགས་པ་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི་གསང་སྔགས་ཀྱི་ནུས་མཐུ་རང་དབང་དུ་གྲུབ་པ་རྣམས་ནི་རང་རང་གི་ཉེ་བར་ལེན་པའི་བསོད་ནམས་ཀྱི་མཐུ་དང་། སངས་རྒྱས་རྣམས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཐུས་ཚེ་འདིར་ཡང་མཁའ་སྤྱོད་ཀྱི་གྲུབ་མཐའ་སྙོགས་ནས་ལུས་མ་བོར་བར་ཞིང་དེ་དག་ཏུ་བགྲོད་ནུས་པ་ཡང་ཡོད་ལ། འཆི་བའི་ཚེ་ན་ཞིང་དེ་དག་གི་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཀྱིས། གདུགས་དང་། རྒྱལ་མཚན་དང་། རོལ་མོའི་སྤྲིན་ཕུང་གིས་བསུ་ཞིང་། རིག་འཛིན་གྱི་ས་ལ་མངོན་སུམ་དུ་བཞུགས་པའི་བླ་མ་དམ་པ་རྣམས་ཀྱིས་ཀྱང་། དེ་ལ་དབུགས་དབྱུང་བ་དང་། གཟེངས་བསྟོད་པ་དང་། གོ་འཕང་ཁྱད་པར་ཅན་ལ་འཇོག་པ་ལ་སོགས་པའི་གནས་ཁྱད་པར་ཅན་དུ་སྣང་བ་ཡིན་ཏེ། རིན་ཆེན་རྒྱ་མཚོ་ལས། སར་བཞུགས་རྣམས་ལ་སྣང་བ་བཞིན། །རིག་པ་འཛིན་ལ་ཁྲོ་བོའི་ཞིང་། མཁའ་སྤྱོད་ཡོན་ཏན་ཚོགས་ཆེན་པོ། །གྲུབ་པའི་མཚན་མས་བརྒྱན་པ་ཞིག །དངོས་གྲུབ་ཡ་མཚན་ཆེན་པོར་སྣང་། །ཞེས་སོ། །དེ་ལས་གཞན་དུ་ཞིང་དེ་རྣམས་སྣང་བའི་རྒྱུ་བསོད་ནམས་མེད་བཞིན་རྟོག་དཔྱོད་རང་རྒྱུད་པས་འདོད་པ་བསྐྱེད་དེ་དངོས་སུ་འགྲོ་བའི་བྱ་བ་ཅན་གྱི་སྒོ་ནས་སོང་ན་ཕྱིན་ཏུ་ཡོད་པ་ཡི་གནས་རིས་སུ་ཆད་པ་ཅན་མཐུན་སྣང་དུ་གྲུབ་པའི་རང་རྒྱུད་པ་ཉིད་དུ་བསམ་པར་མི་བྱ་སྟེ་རང་སྣང་དག་པའི་སྟོབས་ལས་སྣང་བ་ཡིན་པའི་ཕྱིར་ནའོ། །དེ་སྐད་དུའང་གསང་སྙིང་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང་། །ཞེས་སོ། །གཉིས་པ་འགྲོ་འདུལ་སྤྲུལ་པ་བཤད་པ་ལ་གསུམ་སྟེ། འགྲོ་འདུལ་སྤྲུལ་པ་དངོས། དེ་ལས་ཡང་སྤྲུལ་གྱི་རྣམ་གྲངས། དེ་ཉིད་སྒྱུ་མ་ལྟར་སྣང་ཚུལ་ལོ། །དང་པོ་འགྲོ་འདུལ་སྤྲུལ་པ་དངོས་བཤད་པ་ནི། ཆོས་སྐུ་སྤྲོས་པ་དང་བྲལ་བ་དེ་ཉིད་ཀྱི་ངང་ལས་རང་སྣང་བའི་ལོངས་སྤྱོད་རྫོགས་པ་ཡི་སངས་རྒྱས་ཀྱི་སྐུའི་གནས་དྲུག་ལས་ཡི་གེ་ཕྲེང་བའི་སྤྲིན་གྱི་འོད་ཟེར་རབ་ཏུ་འཕྲོས་པས་རིགས་དྲུག་གི་འཇིག་རྟེན་རྣམས་སུ་འགྲོ་བ་འདུལ་བར་བྱེད་པའི་སྤྲུལ་པའི་སྐུ་མཆོག་སྣང་བའི་ཚུལ་ནི། མཁའ་འགྲོ་སྙིང་ཐིག་ལས། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས། འ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་སྒྲ། ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲ། ཧ་ཆོས་ཉིད་རང་བྱུང་གི་སྒྲ། ཤ་ཤེས་རབ་འགག་པ་མེད་པའི་སྒྲ། ས་ཆོས་ཉིད་འགྱུར་བ་མེད་པའི་སྒྲ། མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེ། ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པའི་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བས། ཕྱེད་སྤྲུལ་ཏེ་ལོངས་སྐུའི་དཀྱིལ་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང་། ཐུབ་པ་དྲུག་སྟེ་འགྲོ་འདུལ་སྤྲུལ་པའི་སྐུ་དང་། སོ་སོའི་སྣང་བ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད། ཅེས་པ་ལྟར་མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ། གནས་རིགས་དྲུག་གི་གདུལ་བྱ་སོ་སོའི་སྣང་བ་ལ་དེ་དང་འཚམས་པར་སྤྲུལ་པ་སྟོན་ཏེ། དེ་ཡང་འགྲོ་བ་དྲུག་པོ་རང་རང་གི་རྒྱལ་པོ་ལ་སོགས་པའི་མིང་གི་མངོན་བརྗོད་ལྷ་དབང་བརྒྱ་བྱིན་ལ་སོགས་པ་ལྟ་བུ་སྐལ་པ་དང་མོས་པའི་རྗེས་སུ་འགྲོ་བའི་འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྣང་བ་ཡིན་ལ། དེ་དག་ལས་མི་ཡི་ཐུབ་པ་ན་མཆོག་གི་སྤྲུལ་སྐུ་མཚན་དཔེས་བརྒྱན་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་དུ་སྣང་བ་ཡིན་ཞིང་། ལྷ་ལ་སོགས་པ་གཞན་རྣམས་ལ་ནི་རང་རང་གི་རྒྱལ་པོ་ལ་སོགས་པ་གང་འདུལ་གྱི་གཟུགས་སུ་སྣང་བ་ལ་དེ་དང་དེའི་ཐུབ་པར་བརྗོད་ཀྱི། མཆོག་གི་སྤྲུལ་པའི་སྐུའི་རྣམ་པ་རེ་རེ་སྟེ་དྲུག་ཡོད་པ་མ་ཡིན་ནོ། །དེས་ན་ལྷའི་ཐུབ་པ་དཀར་པོ་པི་ཝཾ་བསྣམས་པ་སོགས་ནི་གསང་སྔགས་ཐབས་ལ་མཁས་པས་རིགས་བསྡུས་ཏེ་རྣམ་དག་སྦྱར་བའི་བསྒོམ་ཚུལ་ལོ། །དེ་དག་གི་གདུལ་ཡུལ་འགྲོ་བའི་བྱེ་བྲག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མཐའ་ཡས་ཤིང་མུ་ཟད་པ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡན་མན་དུ་རྒྱ་ཐེམ་བརྩེགས་པ་ལྟ་བུ་དང་། ཕན་ཚུན་དུ་ཟ་འོག་ཁ་ཕྱེ་བ་ལྟ་བུར་ཚད་མེད་པར་སྣང་བ་དེ་སྙེད་དང་གྲངས་མཉམ་པར་འདུལ་བྱེད་སྤྲུལ་པའི་སྐུ་ཡང་རབ་ཏུ་སྤྲུལ་ནས་གདུལ་བ་བཞི་ཡི་ཚུལ་གྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པར་མཛད་པ་ཡིན་ནོ། །དེ་ཡང་མཆོག་སྤྲུལ་གཅིག་གི་གདུལ་ཞིང་སྟོང་གསུམ་གཅིག་ཡིན་ལ་སྟོང་གསུམ་པོ་དེར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཡོད་པར་མཆོག་གི་སྤྲུལ་སྐུ་ཡང་བྱེ་བ་ཕྲག་བརྒྱ་སྣང་ནས་མཛད་པ་སྟོན་པ་ཡིན་ཞིང་། ལྷ་ལ་སོགས་པའི་གནས་རྣམས་ལའང་རང་རང་འདུལ་བྱེད་ཀྱི་གཟུགས་སྣ་ཚོགས་པ་དེ་སྙེད་དུ་སྣང་ངོ་། །དེ་ལྟར་སྣང་བའི་སྟོང་གསུམ་གྱི་འཇིག་རྟེན་དེ་ཡང་རྒྱ་ཁྱོན་འདི་ལྟ་བུའི་གོ་ན་ཡོད་ཅེས་མཐའ་གཅིག་ཏུ་ངེས་པ་ཡང་མེད་དེ། སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པ་དང་། རྟེན་འབྲེལ་གྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་རྣམ་པ་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་འགྲོ་བ་ལྔ་གནས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་གནས། །འདྲེས་པ་མེད་ཅིང་གནས་པར་གྱུར་པ་མེད། །ཅེས་པ་ནས། དེ་ཡི་གནས་སུ་སངས་རྒྱས་རྣམས་སྐྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང་། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །ཞེས་པ་ལྟར། བདག་ཅག་གནས་པའི་སྟོང་གསུམ་འདི་ཡང་རྣམ་སྣང་གངས་ཆེན་མཚོའི་ཕྱག་ན་རྡུལ་ཕྲ་རབ་གཅིག་གི་ནང་དུ་ཡོད་པ་ལྟར། འབྱུང་བཞིའི་རྡུལ་དང་། ཁབ་མིག་ཙམ་གྱི་ནམ་མཁའ་ནའང་ལས་མཐུན་པར་བསགས་པའི་སེམས་ཅན་སྣོད་བཅུད་དང་བཅས་པ་གྲངས་མེད་པ་སྣང་ལ། དེ་ཐམས་ཅད་དུ་རྒྱལ་བའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པས་དོན་མཛད་པ་ཡིན་ནོ། །དེ་ལྟར་དོན་མཛད་ཡུལ་གྱི་སྟོང་གསུམ་ཡང་ཕྱི་རོལ་བའི་དྲང་སྲོང་དང་། ཉན་རང་དགྲ་བཅོམ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་ཚུལ་གོང་ནས་གོང་དུ་མང་ཁྱད་ཞུགས་པར་མཐོང་བ་ཡང་། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་རྣམས་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་ཁྱོན་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་ཞེས་སོ། །དེ་ལྟ་བུའི་སེམས་ཅན་ཚད་མེད་པ་དེ་དག་གི་དོན་ཇི་ལྟར་མཛད་པའི་ཚུལ་གདུལ་བ་རྣམ་པ་བཞི་པོ་དེ་གང་ཡིན་ཞེ་ན། དེ་ཡང་སྐུ་བསོད་ནམས་ཆེན་པོའི་སྟོབས་ལས་བྱུང་བའི་མཛད་པས་གདུལ་བྱ་རྣམས་འདུལ་བ་ནི། སྐུ་ཡི་རྣམ་པར་འཕྲུལ་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། གཙོ་བོ་དགའ་ལྡན་གྱི་གནས་ནས་འཕོ་བ་ལ་སོགས་པའི་མཛད་པ་ཆེན་པོ་བཅུ་གཉིས་སོགས་སུ་སྟོན་པའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་བར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གསུང་རིག་པས་འདུལ་བ་ནི། གསུང་གི་མཛད་པ་གདུལ་བྱའི་རྣ་བར་ཚིག་སྡེབ་སྦྱོར་ལེགས་པ་དང་། ཚངས་པའི་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པར་ཐོས་པའི་ཚུལ། ཐལ་གྱུར་ལས། གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཅེས་སོ། །དེ་ལྟ་བུའི་གསུང་གིས་བསྟན་པའི་ཐེག་པའི་རྣམ་གྲངས་ནི་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་མམ། བླ་ན་མེད་པའི་ཐེག་པ་གཅིག་སྟེ་སྤྲུལ་པའི་སྐུ་རྣམས་ཀྱིས་ཞིང་ལ་ལ་ན་ཐེག་པ་གསུམ་གསང་སྔགས་དང་བཅས་པ་སྟོན་པར་མཛད་ལ། ལ་ལ་ན་མཚན་ཉིད་ཀྱི་ཐེག་པ་གསུམ་པོ་སྟོན་ལ་གསང་སྔགས་མི་སྟོན་པ་དང་། ལ་ལ་ན་ཐེག་པ་ཆེན་པོ་འབའ་ཞིག་སྟོན་པ་སྟེ། གདུལ་བྱའི་དབང་གིས་ཚུལ་ཐ་དད་ལ། ཐེག་པའི་དབྱེ་བསྡུ་ཡང་། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇིག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་པ་ལྟར་གདུལ་བྱའི་སེམས་ཀྱི་འཇུག་པ་ཡོད་པ་དེ་སྲིད་དུ་ནི་དེ་འདུལ་བྱེད་ཀྱི་ཐེག་པའི་གྲངས་ཡང་། གཅིག་ནས་བཅུ་དྲུག་གི་བར་དང་། གྲངས་མེད་པའི་བར་དུ་ཡང་དབྱེར་ཡོད་ལ། སེམས་ཀྱི་འཇུག་པ་ཞི་བ་ན་ནི་ཐེག་པ་ཞེས་པའང་དམིགས་སུ་མེད་པར་གསུངས་སོ། །དེ་ལྟར་བསྟན་པའི་ཐེག་པའི་གྲངས་དང་ཆོས་ཀྱི་སྒོ་གང་ཡང་གདུལ་བྱ་རྣམས་ཀྱི་འདུ་ཤེས་སྣ་ཚོགས་པའི་རྗེས་སུ་འགྲོ་བ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ཆ་མཉམ་པ་དང་བཅས་པ་རེ་རེ་ལ་ཉི་ཁྲི་ཆིག་སྟོང་རེར་ཕྱེ་བའི་གྲངས་ཀྱི་གཉེན་པོར་དགོངས་ཏེ་གསུངས་པ་ལ། སྡེ་སྣོད་གསུམ་སྔགས་དང་བཅས་པའི་བཞི་པོ་རེ་རེ་ལ་དེ་སྙེད་ཕྱེ་བའི་ཆོས་ཀྱི་སྒོ་འཕར་ཡང་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་གསུངས་པ་ལྟར་སྣང་ཡང་རྣམ་པར་རྟོག་པའི་ཀུན་སློང་གིས་བསྐྱེད་པའི་ལྕེ་མཆུས་རྩོལ་བ་དང་བཅས་པ་ལས་བྱུང་བའི་སྒྲ་ཚིག་རང་མཚན་པ་མ་ཡིན་པར་གདུལ་བྱའི་སེམས་ཅན་གྱི་ཁམས་ལ་རྒྱལ་བའི་ཐུགས་རྗེས་བྱིན་གྱིས་བརླབས་པའི་མཐུས་སོ་སོའི་རྣམ་པར་རིག་པ་ཉིད་དང་མཐུན་པར་ཤར་བ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། འགྲོ་བའི་བསོད་ནམས་ལས་དག་ལས། །རྒྱལ་བའི་གསུང་དབྱངས་གཅིག་སྣང་བ། །མོས་པའི་དབང་གིས་སོ་སོར་ཐོས། །འདི་ཡང་གསུང་གི་གསང་བའོ། །ཞེས་པས་མཚོན་ནོ། །ཐུགས་མངོན་སུམ་པས་འདུལ་བ་ནི། དེ་བཞིན་གཤེགས་པའི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་འདུལ་བའི་དུས་དང་འདུལ་བྱེད་ཀྱི་ཐབས་སོགས་ཤེས་བྱ་ཐམས་ཅད་ལ་མངོན་སུམ་དུ་དབང་བསྒྱུར་བས་འདུལ་བ་ཡིན་ཏེ། དེ་ཡང་དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཆགས་ཐོགས་མེད་པའི་མཁྱེན་ཅིང་གཟིགས་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། དེ་ལྟར་དུས་གསུམ་གྱི་དངོས་པོ་ཐམས་ཅད་མ་འདྲེས་པ་གཟིགས་ཀྱང་འདི་ནི་འདས་པའི་དུས་སོ་ཞེས་པ་ལ་སོགས་པའི་མཚན་མ་ཅན་དུ་སོ་སོར་མི་རྟོག་སྟེ། དུས་གསུམ་སྐྱེ་བ་མེད་པའི་དབྱིངས་སུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པའི་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྱོད་པ་ཡོངས་སུ་རྫོགས་པར་མཁྱེན་པ་ཟག་ཟད་མཁྱེན་པའི་མངོན་ཤེས་དང་། གཞན་སེམས་ཅན་མཐའ་ཡས་པ་ཀུན་གྱི་སེམས་རྣམ་པར་རྟོག་པའི་རྒྱུད་དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་པ་ལ་སོགས་པའི་རྣམ་པ་ཐམས་ཅད་མ་འདྲེས་པར་དུས་གཅིག་ཏུ་མཁྱེན་པ་གཞན་སེམས་མཁྱེན་པའི་མངོན་ཤེས་དང་། དེ་བཞིན་དུ་རྫུ་འཕྲུལ་ཆེན་པོ་གང་གིས་འགྲོ་བ་འདུལ་བ་དེ་ལྟར་སྟོན་པའི་མངོན་ཤེས་ཀྱིས་གདུལ་བྱའི་མོས་པ་དང་མཐུན་པའི་དོན་སྤྱོད་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་། གཟིགས་པ་ལྷའི་སྤྱན་གྱིས་དག་མ་དག་གི་འཇིག་རྟེན་ཀུན་གྱི་སེམས་ཅན་རྣམས་འདི་ནས་འཆི་འཕོ་ཞིང་འདིར་སྐྱེའོ་ཞེས་པ་ལ་སོགས་པ་མཁྱེན་པ་ལྷའི་མིག་གི་མངོན་ཤེས་དང་། གསན་པ་སྙན་གྱི་མངོན་ཤེས་ཀྱིས་འཇིག་རྟེན་ཁམས་ཀྱི་སྒྲ་ཕྲ་རགས་ཐམས་ཅད་ཉེ་རིང་མེད་པར་མཁྱེན་པ་ལྷའི་རྣ་བའི་མངོན་ཤེས་ཏེ་དྲུག་དང་། གཞན་ཡང་མཁྱེན་པའི་སྟོབས་བཅུ་ལ་སོགས་པ་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་ནའང་མདོར་བསྡུ་ན་མངོན་པར་ཤེས་པ་དྲུག་པོ་དེ་རྣམས་ཐུགས་ཀྱི་རྗེས་སུ་འགྲོ་བས་གདུལ་བྱ་རྣམས་ཐབས་གང་གིས་དུས་ནམ་འདུལ་བའི་དུས་ལ་བབ་པ་ན། དེ་ལས་སྐད་ཅིག་ཀྱང་ཡོལ་བ་མེད་པར་དོན་མཛད་པའོ། །ཕྲིན་ལས་བསམ་གྱིས་མི་ཁྱབ་པས་གདུལ་བར་མཛད་པའི་ཚུལ་ནི། གདུལ་བྱ་མཐའ་ཡས་པ་ཀུན་ཏུ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པ་མཚན་དང་དཔེ་བྱད་དུ་གསལ་བ་དང་། རང་རང་གི་སྣང་བ་དང་མཐུན་པའི་གཟུགས་ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བའི་རྣམ་པར་སྟོན་པ་དང་། ཞིང་ཁམས་ཀྱི་བཀོད་པ་རྣམ་སྣང་གངས་ཆེན་མཚོའི་ཕྱག་གི་པདྨའི་སྟེང་ན་ཞིང་ཁམས་ཉི་ཤུ་རྩ་ལྔའི་བཀོད་པ་ཡོད་པར་གསུངས་པ་ལྟ་བུ་བཀོད་པའི་བྱེ་བྲག་མི་འདྲ་བ་མང་པོ་སྣང་བ་དང་། ཀུན་ཏུ་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྤངས་པ་དང་རྟོགས་པའི་རང་བཞིན་ཚད་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྒྱ་མཚོའི་རྣམ་པར་རོལ་པ་མངའ་བརྙེས་པ་དང་། དེ་བཞིན་དུ་སྐུ་གཅིག་ལས་ཀུན་ཏུ་རང་གི་སྣང་བ་དང་མཐུན་པར་ཞལ་གྱི་དཀྱིལ་འཁོར་ཞི་བ་དང་ཁྲོ་བོ་ལ་སོགས་པའི་རྣམ་པ་ཐ་དད་པ་བསྟན་ནས་དེ་ཁོ་ན་ལ་གཟིགས་པ་ལྟར་མཛད་པ་སྟེ། ཡུམ་ཆེན་མོ་ལས། འཛམ་བུའི་གླིང་གི་སེམས་ཅན་དེ་དག་གི་བདག་ཅག་ཁོ་ནའི་མདུན་ན་བཞུགས་ནས་ཐུགས་བརྩེ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་མོ། །དེ་བཞིན་དུ་ལུས་འཕགས་གླིང་དང་། བ་ལང་སྤྱོད་ནས་འོག་མིན་གྱི་བར་དུ་གསུངས་པ་དང་། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་མཛད་དེ། །དེ་ལ་སོགས་པ་མཐའ་ཡས་མཆོག །ཅེས་དང་། དཔུང་བཟང་ལས། གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་། །ཆགས་པ་ཅན་ལ་ཆགས་བཅས་ལྟར་སྟོན་ཅིང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །ཐབས་ཀྱིས་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །ཡང་དུས་ཀུན་ཏུ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ཡན་ལག་རྒྱ་མཚོས་འགྲོ་དྲུག་སོ་སོའི་སྐད་ཀྱིས་ཆོས་སྟོན་པ་དང་། བརྡའི་གསུང་བརྡ་དང་རྣམ་འགྱུར་བསྟན་པས་དོན་མཛད་པ་དང་། མཛད་པ་ཆེན་པོའི་གསུང་སེམས་ཅན་གྱི་མོས་པ་ལྟར་གང་ལ་གང་འདུལ་གྱི་ཆོས་ཀྱི་རྣམ་གྲངས་མང་པོས་གདུལ་བྱའི་རྒྱུད་འགྲོལ་བར་མཛད་པའོ། །དེ་ལྟར་གདུལ་བ་བཞིས་འགྲོ་བའི་དོན་མཛད་པ་ན། སྐུ་གསུང་ཐུགས་གསུམ་གྱིས་ནི་དངོས་སུ་སྟེ་དེ་ཡང་ཐུགས་ཀྱིས་གདུལ་བྱ་འདུལ་བའི་ཐབས་མཁྱེན་པ་བཞིན་སྐུ་མངོན་སུམ་དུ་བསྟན་ནས་གསུང་གིས་དེ་དང་མཚམས་པའི་གདམས་ངག་འདོམས་པས་ལམ་དང་འབྲས་བུ་ལ་དངོས་སུ་དགོད་པའི་སྒོ་ནས་འགྲོ་བའི་དོན་མཛད་ལ། ཕྲིན་ལས་ཀྱིས་ནི་དེ་ལྟར་དངོས་དང་གཞན་ཡང་ཐབས་ཚུལ་སྣ་ཚོགས་པས་སྒྲིབ་པ་མཛད་པ་ལ་སོགས་པའི་སྒོ་ནས་ལམ་གྱི་རྟེན་ལ་འགོད་པ་སོགས་བརྒྱུད་ནས་ཀྱང་མཛད་དེ། མདོར་ན་དུས་ཀུན་ཏུ་འགྲོ་བའི་དོན་ལ་གཡེལ་བ་མེད་པར་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་པའོ། །དེ་ཡང་སྔ་མ་ནི་མིའི་ཐུབ་པའི་མཛད་པ་དང་འབྲེལ་ཆེ་ལ། ཕྱི་མ་ནི་ལྷག་མ་ལྔ་པོའི་གདུལ་བ་གཙོ་བོར་ཤེས་པར་བྱའོ། །དེ་ལྟར་ཆོས་སྐུའི་དབྱིངས་ལས་གནམ་ཟླ་ལྟར་སྣང་བའི་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་མཆོག་ཆུ་ཟླ་ལྟར་སྣང་བ་རྣམས་ཀྱིས། མཁྱེན་བྱ་ཆོས་ཉིད་ལ་ལྟོས་ནས་ཇི་ལྟ་བའི་ཡེ་ཤེས་ཀྱི་ཟབ་མོ་དོན་དམ་པའི་བདེན་པ་དང་། ཆོས་ཅན་ཇི་སྙེད་པ་ལ་ལྟོས་ནས་རྒྱ་ཆེ་བ་གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་ལ་སོགས་པ་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཇི་སྙེད་པ་ཐམས་ཅད་མ་འདྲེས་པར་སོ་སོར་མཁྱེན་པ་ཡི་ཡེ་ཤེས་གཉིས་པོ་དེ་ཉིད་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང་། དེ་ཡང་བརྗོད་བྱ་དོན་དང་ལྡན་པ་དང་། རྗོད་བྱེད་ངག་ཚིག་དྲི་མ་མེད་པ་དང་། བྱེད་ལས་ཉོན་མོངས་ཉེ་བར་སྤོང་བ་དང་། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་སྟེ་ཁྱད་པར་བཞི་དང་ལྡན་པས་ཕྱི་རོལ་པ་ལ་སོགས་པས་བསྟན་པ་དང་མ་འདྲེས་ཤིང་ཐུན་མོང་དུ་མ་གྱུར་པའི་ཆོས་ཀྱི་ཚུལ་བཟང་པོ་སྟོན་པའི་སྒོ་ནས་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་པ་ལྟར་རོ། །གཉིས་པ་དེ་ལས་ཡང་སྤྲུལ་གྱི་རྣམ་གྲངས་བཤད་པ་ནི། འགྲོ་འདུལ་གྱི་སྤྲུལ་པ་དེ་དག་ལས་ཡང་སྤྲུལ་གྱི་རྣམ་པ་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་དེ། འགྲོ་བའི་ཁམས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཅིག་ཡོད་པ་དང་མཉམ་པར་སྤྲུལ་པ་ཡང་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་འགྲོ་བ་དེ་ཐམས་ཅད་རིགས་བསྡུ་ན་གནས་རིགས་དྲུག་ཏུ་འདུ་བས་དེ་དག་གི་གནས་སུ་རང་རང་གི་རིགས་དེ་སྙེད་དུ་རྣམ་པ་རང་དང་མཐུན་པར་སྣང་བའི་ཚུལ་རྒྱལ་ཆེན་རིགས་བཞི་ནས་འོག་མིན་གྱི་བར་ལྷ་རྣམས་འདུལ་བར་བྱེད་པའི་སྤྲུལ་པ་ནི། ཚངས་པ་དང་། དབང་པོ་བརྒྱ་བྱིན་དང་། བདེ་འབྱུང་སྟེ་ཁྱབ་འཇུག་ལ་སོགས་པ་སོ་སོའི་གནས་རིགས་ཀྱི་གཙོ་བོས་འཁོར་རྣམས་ཀྱི་རྒྱུད་ལ་སྡིག་པ་སྤོང་བའི་ཆོས་རང་རང་གི་བློ་དང་མཐུན་པར་སྟོན་པའམ། སྡུག་བསྔལ་སེལ་བར་བྱེད་ལ། དེ་བཞིན་དུ་མི་རྣམས་ལ་སྣང་ཚུལ་ཡང་ཐེག་དམན་གྱི་རིགས་ཅན་རྣམས་ལ་ཉན་ཐོས་དང་། རང་སངས་རྒྱས་སོགས་དང་། ཐེག་ཆེན་གྱི་རིགས་ཅན་རྣམས་ལ། བྱང་ཆུབ་སེམས་དཔའ་དང་། དགེ་བཅུའི་ཁྲིམས་ཀྱིས་འདུལ་བར་འོས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཁམས་ཀྱི་རྒྱལ་ཕྲན་དང་། བློན་པོ་ལ་སོགས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་རྣམས་ལ་ཐགས་བཟང་རིས་ལ་སོགས་པ་དང་། བྱ་རྣམས་ལ་ཤིང་རྟ་མོ་དང་། རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང་། སྲེག་པ་ལ་སོགས་པ་དང་། རི་དྭགས་རྣམས་ཀྱི་ཕྱིར་དུ་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་དང་། ཤ་ར་བྷ་དང་། ཀུནྡ་ལ་སོགས་པ་དང་། མདོར་ན་དམྱལ་བ་དང་ཡི་དྭགས་ཀྱི་འགྲོ་བ་སོགས་སེམས་ཅན་རྣམས་གང་དང་གང་གིས་འདུལ་བར་བྱེད་པ་དེ་དང་དེ་འདྲ་བའི་གཟུགས་སུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ལ་དུས་ནམ་དུ་ཡང་གཡེལ་བ་མེད་དེ། རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏོ། །ཞེས་སོ། །དེ་ལྟ་བུའི་སྤྲུལ་པའི་རྣམ་གྲངས་འདི་ནི་ཕྱོགས་བཅུའི་འཇིག་རྟེན་དྲུག་གི་ཞིང་རབ་འབྱམས་རྣམས་སུ་སྣང་བ་ཡིན་ལ། འཇིག་རྟེན་དྲུག་ནི། གསང་སྙིང་ལས། ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་ལག་གྱི་འཇིག་རྟེན་དྲུག་གི། ཞེས་སྣྲེལ་གཞི་དང་ཡན་མན་གྱི་སེམས་ཅན་གནས་པའི་སྣོད་ཀྱི་བྱེ་བྲག་གྲུ་བཞི་དང་། ཟླུམ་པོ་དང་། ཟླ་གམ་དང་། གྲུ་གསུམ་དང་། གཞི་ཕྱལ་བ་དང་། སྟེང་གཡོགས་མེད་པ་སྟེ་དྲུག་གོ། སྣྲེལ་གཞི་སོགས་ནི་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང་། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མིན་གྱེན་དུ་འགྲོ། །ཞེས་པ་ལྟར་རོ། །དེ་ལྟར་འཇིག་རྟེན་དྲུག་གི་འགྲོ་བ་དེ་དག་རང་རང་གིས་ལས་བསགས་ཚུལ་དང་། ལས་དེས་བག་ཆགས་བཞག་པ་སྨིན་ཚུལ་གྱིས་མ་ངེས་པ་སྣ་ཚོགས་པ་སྟེ། འདི་ལྟར་ལས་གཅིག་ཏུ་དགེ་བ་དང་། གཅིག་ཏུ་མི་དགེ་བ་དང་། དགེ་སྡིག་འདྲེས་མ་དག་བྱས་པའི་རྒྱུ་ལས་ནི། འབྲས་བུའི་དུས་ཀྱི་གནས་རིགས་ཀྱང་ལྷའི་འགྲོ་བ་འགའ་ཞིག་ལྟ་བུ་བདེ་བ་འབའ་ཞིག་ལ་སྤྱོད་པ་དང་། དམྱལ་བའི་སེམས་ཅན་ལྟ་བུ་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་དང་། མི་ལ་སོགས་པའི་འགྲོ་བ་འགའ་ཞིག་ལྟ་བུ་བདེ་སྡུག་འདྲེས་མ་ལ་སྤྱོད་པ་དང་། གནས་ཀྱང་ལྷ་མི་སོགས་སྟེང་དང་། ངན་འགྲོའི་འགྲོ་བ་འོག་སྟེ་མཐོ་དམན་ལྟར་མེད་བཞིན་འཁྲུལ་ངོར་སྣང་བའི་གནས་སྐབས་ན་སངས་རྒྱས་རྣམས་ཀྱི་ཐུགས་རྗེས་རྣམ་པར་འཕྲུལ་པ་ཡང་ཚད་མེད་པར་འགྲོ་བ་རང་རང་གི་སྣང་བ་དང་མཐུན་པའི་སྟོན་པར་བསྟན་པས་སོ་སོའི་དོན་མཛད་ཅིང་རྒྱུན་མི་འཆད་པ་སྣ་ཚོགས་སུ་སྣང་ནའང་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་ཏེ། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། །ཞེས་སོ། །དེ་དག་འདུལ་བྱེད་ཀྱི་ཐབས་ཆོས་ཀྱང་མ་ངེས་པ་སྣ་ཚོགས་སུ་གདུལ་བྱའི་བློ་རྟོག་ལྟར་སྣང་སྟེ། སྤྱིར་བཀའ་ལ། ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ་དང་། རྗེས་སུ་གནང་བའི་བཀའ་རྣམ་པ་གསུམ་དུ་ཡོད་ཅིང་། བྱིན་གྱིས་བརླབས་པ་ལའང་། སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབས་པ་གསུམ་དུ་ཡོད་པར་གསུངས་པས་མཚོན་སྟོན་པ་པོའང་མ་ངེས་ཏེ། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང་། སྡུད་པ་ལས། རྒྱལ་པའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཅིའི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང་། །མངོན་སུམ་བྱས་ནས་བསླབས་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་པ་ལྟར་རོ། །སྟོན་ཚུལ་ཡང་རྣམ་པ་ཀུན་ཏུ་སྒྲ་ཚིག་ཏུ་གྲག་པར་མ་ངེས་ཏེ། དཔེར་ན་སྤོས་ཀྱི་ཡོངས་གང་བརྩེགས་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་རྣམས་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་བྱང་ཆུབ་སེམས་དཔའི་རྒྱུད་ལ་རྣམ་པར་ཐར་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ལ་ལ་ན་ཁ་ཟས་ཟོས་པས། ལ་ལ་ན་ཆོས་གོས་གྱོན་པས། ལ་ལ་ན་སྐུ་ལ་བལྟས་པས། ལ་ལ་ན་རྨི་ལམ་རྨིས་པ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་བསྒྲུབ་པ་ཡོད་དེ་བསམ་གྱིས་མི་ཁྱབ་བོ་ཞེས་དཀོན་མཆོག་བརྩེགས་པ་ལས་བྱུང་བའི་བཞིན་ནོ། །དོན་མཛད་པའི་དུས་ཀྱང་ཡུན་འདི་ཙམ་མོ་ཞེས་དང་། འདིའི་དུས་སུ་ཞེས་མཐའ་གཅིག་ཏུ་མ་ངེས་ཏེ་གདུལ་བྱ་རང་རང་ནམ་འདུལ་བའི་དུས་ལ་བབ་པ་དེའི་ཚེ་སྣང་ཞིང་། དེ་ཡང་ཇི་ཙམ་སྣང་བའི་སྐལ་བ་ཡོད་པ་དེ་ཙམ་དུ་སྣང་ནས་དོན་མཛད་པ་ཡང་དེའི་བསོད་ནམས་ཀྱི་རྗེས་སུ་འགྲོ་བ་ཡིན་ལ། དོན་མཛད་ཚུལ་ཡང་ལམ་གྱི་རྟེན་ལ་འགོད་པ་དང་། ལམ་ལ་འགོད་པ་དང་། འབྲས་བུ་ལ་དགོད་པ་སོགས་དུ་མ་སྟེ་མ་དག་པའི་ཞིང་གི་འགྲོ་བ་རྣམས་ལ་ནི་ཚུལ་དེ་ལྟར་སྣང་བ་ཡིན་ནོ། །གསུམ་པ་དེ་ཉིད་སྒྱུ་མ་ལྟར་སྣང་བའི་ཚུལ་བཤད་པ་ནི། དེ་ལྟར་གདུལ་བྱ་དང་འདུལ་བྱེད་དུ་སྣང་བ་དེ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཚུལ། གདུལ་བྱའི་འགྲོ་བ་གང་ཞིག་བདེ་གཤེགས་སྙིང་པོའི་རང་བཞིན་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་ཡུལ་དོན་སེམས་སུ་བག་ཆགས་ནས་གཟུང་འཛིན་གྱི་རྟོག་པས་བཀོད་པའི་འཁོར་བའི་གནས་རིགས་བདེ་སྡུག་སྣ་ཚོགས་སུ་ཤར་བ་དེ་ཡང་མེད་སྣང་འཁྲུལ་པའི་རང་གཟུགས་ཏེ། དྲན་པ་ཉེ་བར་བཞག་པ་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །སེམས་ལས་གཞན་དུ་ཅུང་ཟད་མེད། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་པ་ལྟར་རོ། །དེར་འདུལ་བྱེད་ཀྱི་སྤྲུལ་པ་སྣང་བ་ཡང་དྲི་མ་མཐའ་དག་དང་བྲལ་བས་རང་གི་རང་བཞིན་ཤེས་པའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང་། སེམས་ཅན་སོ་སོའི་སྨོན་ལམ་དང་དགེ་བའི་ལས་སྣང་འཛོམ་པ་ལས། ནང་གསལ་དབྱིངས་ཀྱི་སྐུ་གསུམ་པོའི་ཐུགས་རྗེ་ཕྱིར་གསལ་དུ་ཤར་བ་ཡེ་ཤེས་དང་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་དང་། ཁྱད་པར་སོ་སོའི་སྐྱེ་བོ་ལའང་མཆོག་གི་སྤྲུལ་སྐུ་རྒྱལ་བ་ཤཱཀྱ་སེང་གེ་ལ་སོགས་པར་སྣང་བ་ནི། འགའ་ཞིག་གཉིད་དུ་སོང་བའི་རྨི་ལམ་གྱི་ནང་དུ་སངས་རྒྱས་མཐོང་བ་ལྟར་རང་རང་གི་སེམས་སྣང་ཙམ་ཡིན་ལ། རྨི་ལམ་དུ་མཐོང་བའི་སངས་རྒྱས་དེས་ཆོས་གསུངས་པ་དང་། རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་བསྟན་པ་ན་དད་པ་སོགས་དགེ་བློ་དུ་མ་སྐྱེ་བར་འགྱུར་བའི་རྐྱེན་བྱེད་པ་ལྟ་བུར། རང་སེམས་དག་པ་ལ་སྣང་བའི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་ལ་སོགས་པས་གདུལ་བྱ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་ལ་དགོད་པར་མཛད་ན་ཡང་། ངོ་བོ་ཉིད་མེད་དེ་གདུལ་བྱའི་སེམས་སྣང་ཙམ་ལས་ཕྱི་རོལ་དུ་སངས་རྒྱས་དང་ཆོས་ལ་སོགས་པའི་དངོས་པོའི་རང་བཞིན་གཉིས་པ་ཞིག་མ་གྲུབ་ལ། གང་ལ་སྣང་བའི་སེམས་དེ་ཡང་རང་བཞིན་གྱིས་བདག་མེད་ཅིང་འོད་གསལ་བའི་ཕྱིར་དང་། གང་ཞིག་སྣང་བའི་སངས་རྒྱས་དེ་ཡང་སྟོང་གཟུགས་དག་པའི་སྣང་བ་ཙམ་ཡིན་པའི་ཕྱིར་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་ཚོགས་པ་ལས་སྣང་ཡང་བདེན་པ་མེད་པས་གསོག་ཏུ་རིག་པར་བྱའོ་ཞེས་ཟབ་མོའི་མདོ་སྡེ་དག་ལས་གསུངས་པ་ཡིན་ཏེ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། ངས་ནི་རྨི་ལམ་ལྟ་བུའི་འགྲོ་བ་ལ། །རྨི་ལམ་ལྟ་བུར་སྤྲུལ་ནས་ཆོས་བསྟན་ཡང་། །ངོ་བོ་མེད་དེ་རང་བཞིན་གཉིས་སུ་མེད། །བདག་མེད་སྟོང་པ་གསོག་ཏུ་རིག་པར་བྱ། །ཞེས་སོ། །དེ་བས་ན་བག་ལ་ཉལ་ཤིན་ཏུ་ཟད་པའི་སངས་རྒྱས་ཀྱི་རང་སྣང་ལ་མ་དག་པ་མེད་ཀྱང་འགྲོ་བ་སོ་སོའི་འཁྲུལ་སྣང་ཐམས་ཅད་ཐོགས་པ་མེད་པར་མཁྱེན་པའི་ཚུལ་ནི། དཔེར་ན་རིན་པོ་ཆེའི་ཁང་བུ་ཞིག་གི་ནང་དུ་སྤྲུལ་པ་དང་མངོན་ཤེས་ཅན་གཉིད་དུ་མ་སོང་བ་གཅིག་དང་། ཡོན་ཏན་དེ་དག་མེད་ཅིང་གཉིད་དུ་སོང་བའི་ཕལ་པ་ཁ་ཅིག་གནས་པ་ལས། གཉིད་དུ་སོང་བ་རྣམས་ཀྱི་རྨི་ལམ་དུ་བདེ་སྡུག་སྣ་ཚོགས་པ་སོ་སོར་སྣང་བ་ན། མ་སོང་བ་དེས་དེ་ཤེས་ཏེ་སྤྲུལ་པ་དུ་མ་བཀྱེ་ནས། ཀྱེ་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་དང་། མི་རྟག་པ་དང་། སྒྱུ་མ་ལྟ་བུ་དང་། རང་བཞིན་གྱིས་དག་པའོ་ཞེས་པ་དང་། ཁྱོད་ནི་གཉིད་ཀྱི་སྣང་བ་ལ་ཞེན་པ་སྟེ་དོན་ལ་ནི་མེད་དོ་ཞེས་བརྗོད་ནས་རིམ་གྱིས་སད་པའི་ཐབས་ལ་སྦྱོར་བ་ལྟར་སངས་རྒྱས་ཀྱིས་མཁྱེན་གྱི་རང་སྣང་དུ་མིན་ཏེ་དེ་དག་རིན་པོ་ཆེའི་ཁང་བུ་ན་གནས་པ་བཞིན་ནོ། །དེ་ལྟར་འཁོར་རང་བཞིན་འཁྲུལ་སྣང་གི་བཀོད་པས་བརྫུན་པའི་རང་བཞིན་ཅན་འདུལ་བྱེད་མྱ་ངན་ལས་འདས་པའི་རང་བཞིན་ཅན་སངས་རྒྱས་དང་དེའི་བསྟན་པ་ལ་སོགས་པར་སྣང་བ་ཡང་སེམས་ཅན་གྱི་འཁྲུལ་ངོ་ཙམ་དུ་དེ་ལྟར་སྟོན་པས་གཉིས་ཀའང་མེད་བཞིན་སྣང་བ་རྨི་ལམ་ལྟ་བུའི་རོལ་པ་ཡིན་པའི་ཕྱིར་དང་། གདུལ་བྱ་ལ་སྣང་བའི་སྤྲུལ་པ་སངས་རྒྱས་ཀྱང་ངོ་བོ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ལས་མ་གཡོས་ནའང་སྤྲུལ་པ་གདུལ་བྱ་རང་ཉིད་དང་མཐུན་པར་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ལྟར་སྣང་བ་ཡིན་པའི་ཕྱིར་ན་རང་བཞིན་མེད་དེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། ཞེས་སོ། །དེ་ལྟར་མ་དག་པའི་འགྲོ་བ་རྣམས་ཀྱི་ངོར་ཚད་མེད་ཐུགས་རྗེས་རོལ་པའི་སྤྲུལ་པ་སྣང་བ་ཡང་ཇི་སྲིད་གདུལ་བར་བྱ་བའི་འཁོར་བ་ཡོད་པ་དེ་སྲིད་དུ་དེའི་རྗེས་སུ་འགྲོ་ཞིང་རྒྱུན་མི་འཆད་པར་སྣང་ལ། དེ་ལྟར་གདུལ་བྱ་འདུལ་བྱེད་གཉིས་ཀྱང་དབྱིངས་གཅིག་ལས་མ་གཡོས་བཞིན་དུ་དྲི་མ་དང་བཅས་པའི་གནས་སྐབས་ན་འཁོར་བ་དང་། དྲི་མ་ལས་གྲོལ་བའི་ཚེ་མྱ་ངན་ལས་འདས་པའི་རྣམ་འགྱུར་དུ་ཤར་བའི་གནས་ལུགས་གཤིས་ཐོག་ཏུ་ཕེབས་པ་ལ་དེ་ཁོ་ན་ཉིད་མཐོང་བའི་སྐྱེས་བུ་ཞེས་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་སུས་ཤེས་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །གསུམ་པ་སྣ་ཚོགས་སྤྲུལ་པ་བཤད་པ་ལ་གཉིས་ཏེ། སྣ་ཚོགས་སྤྲུལ་པ་དངོས་བཤད་པ་དང་། གཟུགས་སྐུའི་སྣང་བ་བསྡུ་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་སྣ་ཚོགས་སྤྲུལ་པ་དངོས་བཤད་པ་ལའང་གཉིས་ཏེ། བེམ་པོ་ལྟར་སྣང་བའི་སྤྲུལ་པ་དང་། སྐྱེ་བ་སྤྲུལ་པའི་སྐུའོ། །དང་པོ་བེམ་པོ་ལྟར་སྣང་བའི་སྤྲུལ་པ་ནི། དེ་ཉིད་ངང་ལས་ཞེས་པ་འགྲོ་འདུལ་སྤྲུལ་པ་དེ་ཉིད་ཀྱི་ངང་ཞེས་བཤད་ཀྱང་འགལ་བ་མེད་དེ་གཅིག་ལས་གཅིག་འཕྲོས་པ་ལྟ་བུ་མ་ཡིན་ནའང་། ཆོས་སྐུ་ལས་སྤྲུལ་པའི་འཆར་གཞི་རང་སྣང་གི་གཟུགས་སྐུ་རང་སྣང་བ་ལས། རང་བཞིན་སྤྲུལ་པ་ནས་སྣ་ཚོགས་སྤྲུལ་པའི་བར་ཆུ་ཟླ་ལྟར་ཅིག་ཆར་དུ་ཤར་ཡང་ཐམས་ཅད་ཆོས་ཀྱི་སྐུའི་ངོ་བོར་ཐ་དད་པ་མེད་པའི་ཕྱིར་རོ། །དེ་ཡང་སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་འཁྲུལ་པའི་སྣང་བ་ལ་སེམས་མེད་བེམ་པོ་དང་སེམས་དང་ལྡན་པ་ལ་སོགས་པའི་རྣམ་པ་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྤྲུལ་པ་ནི། ཡིད་ཀྱིས་བྱེད་པ་པོ་དང་ཆོས་སུ་བྱ་བ་མེད་བཞིན་དུ། རི་བྲག་དང་ཡུལ་ལྗོངས་ལ་སོགས་པར་སྐུ་གསུང་ཐུགས་ཀྱི་རྟེན་རང་བཞིན་དུ་བྱོན་པར་སྣང་བ་དང་། ཡུལ་ཉེར་བཞི་ལ་སོགས་པའི་བཀོད་པ་དང་། མགར་བ་དང་། ལྷ་བཟོ་སོགས་སྐྱེས་བུ་རྣམས་ཀྱིས་རྩོལ་བས་འདུ་བྱེད་པ་ལས་བྱུང་བ་ཡི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྣང་བརྙན་འབུར་དུ་བྱས་པ་དང་། རིས་སུ་བྲིས་པ་དང་། ཐགས་སུ་བཏག་པ་ལ་སོགས་པ་སྟེ། དེ་ཡང་མདོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ཏེ། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུངས་པ་ལྟར་སྐུ་གསུང་ཐུགས་ཀྱི་རྣམ་པ་གང་ཞིག་མཐོང་བ་ཙམ་གྱིས་དད་པའི་རྣམ་འགྱུར་དང་གདུང་ཤུགས་གཡོ་བས། དེའི་རྒྱུད་ཀྱི་སྒྲིབ་པ་འཛད་ཅིང་། བསོད་ནམས་སུ་བྱ་བ་འཕེལ་ནས་ཐར་པའི་ས་བོན་བསྐྲུན་པ་དང་། ཁྱད་པར་དུ་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་པ་ལྟར། གསུང་རབ་ཡི་གེའི་རྣམ་པར་ཡོད་པ་རྣམས་བཀླགས་པ་དང་ཐོས་བསམ་བྱས་པས་སྡིག་སྒྲིབ་འཛད་ཅིང་དད་པ་སྐྱེ་བ་དང་། དགེ་སྡིག་གི་ཡོན་ཏན་དང་སྐྱོན་ཤེས་ནས་བླང་དོར་བྱེད་པ་དང་། གནས་ལུགས་ཟབ་མོའི་དོན་བསྒོམ་ཞིང་རྒྱུད་ལ་སྐྱེ་བའི་ལྷན་ཅིག་བྱེད་པའི་རྐྱེན་བྱེད་པ་ལ་སོགས་པའི་སྒོ་ནས་སངས་རྒྱས་དངོས་སུ་བྱོན་པའི་མཛད་པ་སྒྲུབ་པར་བྱེད་པས་ན་མཆོག་གི་སྤྲུལ་པར་ཡང་བལྟ་རིགས་ཤིང་། གལ་ཏེ་སྐུ་གཟུགས་དང་ཡི་གེ་འདི་དག་ནི་རྒྱུ་འདི་ལྟ་བུ་ཞིག་ལ་བཟོ་བོ་དང་། བྲིས་པ་ལྟ་བུ་གང་ཟག་འདི་དང་འདིས་བྱས་པ་ཡིན་པས་སྤྲུལ་པ་ཇི་ལྟར་ཡིན་སྙམ་དུ་སེམས་ན། དེ་ལྟ་ན་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པའི་གང་ཟག་ཁྱད་པར་ཅན་ཐམས་ཅད་ཀྱང་ཡབ་དང་ཡུམ་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས་དེ་ཀུན་ཀྱང་སྤྲུལ་པ་མ་ཡིན་པར་འགྱུར་དགོས་ན་དེ་མི་རིགས་པས་དེ་གཉིས་ལ་ཁྱད་པར་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་གནྡྷོ་ལ་སྟེ་གཙུག་ལག་ཁང་དང་། ཁང་བཟང་དང་། སྐྱེད་མོས་ཚལ་དང་། མྱ་ངམ་གྱི་ཐང་གནས་ཁང་དང་ཉེར་སྤྱད་སོགས་གང་ཡང་མེད་པར་འཁྱམས་པ་རྣམས་ལ་སྤྲུལ་པའི་གྲོང་ཁྱེར་དུ་སྣང་བ་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་དང་། གྲུ་གཟིངས་དང་། ཟམ་པ་དང་། ཤིང་རྟ་དང་། ཟས་གོས་ལ་སོགས་པ་སེམས་མེད་བེམ་པོའི་སྤྲུལ་པ་སྣ་ཚོགས་པའི་ཚུལ་དུ་སྣང་ནས་སེམས་ཅན་རྣམས་སྡུག་བསྔལ་དང་། འཇིགས་པ་ལས་སྐྱོབ་ཅིང་ཕན་པ་དང་བདེ་བའི་གཞིར་གྱུར་པ་དང་བཅས་པ་རྣམས་སོ། །གཉིས་པ་སྐྱེ་བ་སྤྲུལ་སྐུ་ནི། སྒྱུ་འཕྲུལ་བླ་མ་ལས། སྣ་ཚོགས་སྤྲུལ་པ་རྒྱུན་མི་འཆད། །རྔོན་དང་སྨད་འཚོང་ལ་སོགས་པར། །བསྒྱུར་ནས་སེམས་ཅན་དོན་མཛད་དོ། །ཞེས་པ་ལྟར། འགྲོ་བ་ཕལ་པའི་སྐྱེ་བ་སྣ་ཚོགས་སུ་སྤྲུལ་ནས་དངོས་སམ་བརྒྱུད་ནས་ཕན་འདོགས་པ་སྟེ། འདི་ལྟར་སྐྱེ་བོ་རྣམས་མུ་གེའི་སྡུག་བསྔལ་གྱིས་གདུང་ཞིང་ཉམ་ཐག་པའི་ཚེ་ན་ཉ་བོ་ཆེར་སྤྲུལ་ནས་རང་གི་ཤས་ཚིམ་པར་བྱེད་པ་དང་། སྨན་གྱིས་གསོར་མི་རུང་བའི་ནད་ཀྱིས་གདུང་བའི་སྐྱེ་བོ་མང་པོ་ལ་སྲོག་ཆགས་དེས་པ་ཞེས་བྱ་བར་སྤྲུལ་ནས་རང་གི་ཤ་ཟ་རུ་བཅུག་ནས་ནད་ལས་གྲོལ་བར་བྱེད་པ་དང་། མི་མང་པོ་སྲིན་མོའི་གླིང་དུ་ཚུད་ནས་སྲོག་གི་འཇིགས་པས་མནར་བ་ལ་ཅང་ཤེས་བ་ལ་ཧར་སྤྲུལ་ནས་དེ་ལས་ཐར་བར་བྱེད་པ་དང་། མི་གཙང་འདམ་དུ་སྐྱེས་པའི་སྲིན་བུའི་རིགས་རྣམས་ལ་གསེར་གྱི་བུང་བར་སྤྲུལ་ནས་བུང་བའི་སྐད་ཀྱིས་ཆོས་སྒྲ་བསྒྲགས་པས་ཐམས་ཅད་ཚེ་འཕོས་ཏེ་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཁ་ནས་སྤོས་ཀྱི་དྲི་ངད་ལྡང་བ་ཞེས་ཤ་སྟག་ཏུ་གྱུར་བ་ལ་སོགས་པའི་སྤྲུལ་པའི་རོལ་པ་སྣ་ཚོགས་སུ་སྣང་ནས་རྣམ་པ་ཀུན་ཏུ་ཕན་པ་དང་བདེ་བའི་གཞིར་གྱུར་ན་ཡང་། སྤྲུལ་པའི་གཞི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་ནི་སྤྲུལ་པ་འདི་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དོ་བའི་རྟོག་པ་མེད་ཅིང་བྱེད་རྩོལ་གྱི་གཡོ་བ་མེད་བཞིན་དུ། ཇི་སྐད་བཤད་པ་དེ་ལྟ་བུའི་སྤྲུལ་པའི་རྣམ་གྲངས་དག་གིས་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་ཅིང་མཐུན་པ་དང་ལྡན་པའི་བདེ་བ་ཆེན་པོ་སྟེར་བ་དང་། བརྒྱུད་ནས་བྱང་ཆུབ་གསུམ་གྱི་གོ་འཕང་ལ་འགོད་པ་ལ་སོགས་པའི་དོན་ཆེན་གྱིས་ནི་དཔལ་དུ་ཉེ་བར་གནས་ཏེ། དེ་ཡང་གཟུགས་དང་ཐབས་གང་གིས་གདུལ་བའི་དུས་ལ་བབ་པ་ན་དེ་དང་དེར་སྣང་ནས་དོན་མཛད་པ་ལ་ནི་དུས་ལས་ཡོ་བ་མེད་དེ། ལས་བརྒྱ་བ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོ་མི་མངའ། །ཞེས་སོ། །གཉིས་པ་གཟུགས་སྐུའི་སྣང་བ་བསྡུ་ཚུལ་བཤད་པ་ལ་གསུམ་སྟེ། སྤྲུལ་སྐུ་ལོངས་སྐུར་ཐིམ་ཚུལ། ལོངས་སྐུ་ཆོས་སྐུར་ཐིམ་ཚུལ་ཆོས་སྐུ་དབྱིངས་སུ་འཁྱིལ་ཚུལ་ལོ། །དང་པོ་སྤྲུལ་སྐུ་ལོངས་སྐུར་ཐིམ་ཚུལ་ནི། དེ་ལྟ་བུའི་ཕྲིན་ལས་དེ་དང་པོར་ཡང་དབྱིངས་ལས་བྱུང་ཞིང་མཐར་ཡང་དབྱིངས་སུ་སྤྲོས་པ་ཉེ་བར་ཞི་བའི་ཚུལ། གལ་ཏེ་གདུལ་བར་བྱ་བའི་དུས་ཡོལ་བ་སྟེ། གདུལ་བྱ་བྱེ་བྲག་པ་མཆོག་གི་སྤྲུལ་སྐུ་གཅིག་གི་གདུལ་བྱའི་དབང་དུ་བྱས་ན་རང་གི་སྐུ་དངོས་ཀྱི་གདུལ་བྱར་གྱུར་པ་ཐམས་ཅད་ཀྱི་དོན་མཛད་ཟིན་ནས། མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་མཛད་དེ་སྐལ་པ་དམན་པ་རྣམས་ཀྱི་དོན་དུ་རེ་ཞིག་མི་འགྱུར་བའི་ཕྱིར་རོ། །དེས་མཚོན་ནས་མ་དག་པའི་ཞིང་གི་འགྲོ་བ་རྣམས་ཀྱི་ངོར་སྣང་བའི་སྤྲུལ་པ་ཐམས་ཅད་མི་སྣང་བར་འགྱུར་བའི་ཚུལ་ཤེས་པར་བྱ་ལ། གདུལ་བྱ་སར་གནས་རྣམས་ནི་ཐམས་ཅད་སྐལ་པ་མཉམ་ཞིང་སྣང་བ་དག་པས་དེ་དག་གི་ངོར་སྣང་བའི་གཟུགས་སྐུ་དེ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་མོད་ཀྱང་བྱང་སེམས་རང་རང་སྟོན་པ་དང་དགོངས་ཀློང་དབྱེར་མེད་དུ་གྱུར་ནས་སངས་རྒྱས་པའི་ཚེ་ན་སྔར་གདུལ་བྱ་དང་འདུལ་བྱེད་ཀྱི་གཉིས་སྣང་གི་ཆ་དེ་དབྱིངས་སུ་ཞི་བར་འགྱུར་རོ། །འོ་ན་གདུལ་བར་བྱ་བའི་སེམས་ཅན་གཅིག་ཀྱང་མེད་པའི་གནས་སྐབས་ཞིག་ཡོད་དམ་ཞེ་ན། འཁོར་བའི་སྤྱིའི་མཐའ་འཛད་དུ་ཡོད་པར་ནི་ཐེག་པ་གོང་འོག་གང་ནའང་མ་གསུངས་པས་དེ་འདྲ་བའི་གནས་སྐབས་མེད་ཀྱང་། རྡོ་རྗེ་འཆང་གིས་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་སྤྱིར་སྣང་བ་ཐམས་ཅད་གདོད་མའི་སར་གྲོལ་ཏེ། དེའི་ཚེ་ན་སྤྲུལ་སྐུས་གདུལ་བའི་གནས་འཛམ་བུའི་གླིང་འདིར་ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་ཕྱག་གང་བ་དང་། ལོངས་སྐུའི་བསྟན་པ་དངོས་རང་བྱུང་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་ཡི་གེ་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་གྲག་པ་དང་། སྤྲུལ་སྐུ་བཅུ་གཉིས་པའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་འཁྲུངས་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། བསྟན་པའི་བཙས་གསུམ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚེ་ན། གཟུགས་སྐུའི་བཀོད་པ་ཐམས་ཅད་ཀྱང་དབྱིངས་སུ་བསྡུ་ཞིང་། སླར་འཁྲུལ་པ་མངོན་གྱུར་དུ་ལྡང་བའི་གདུལ་བྱ་རྣམས་འབྱུང་བ་ན་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རྩོལ་མེད་དུ་སྣང་བ་ནི་འཆད་མ་རག་པ་སྟེ། ཚུལ་དེ་ནི་མདོ་རྒྱུད་འོག་མ་རྣམས་ན་གབ་པའི་ཚུལ་དུ་ཡོད་པ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས་གསལ་བར་བསྟན་ཞིང་། དེའི་དགོངས་པ་འགྲེལ་པའི་མན་ངག་རྣམས་ཀྱིས་ཀྱང་བཀྲལ་བ་ཡིན་པས། སྤྱིར་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་ལ་གོ་བ་གཏིང་ཕྱིན་ནས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་མཛོད་ཆེན་བདུན་ལ་སོགས་པ་ལ་མོས་གུས་གྱིས་མཇལ་བར་བྱས་ན་ཡིད་ཆེས་ཤིང་ཐེག་པ་ཐམས་ཅད་ཀྱི་དགོངས་པ་འགལ་མེད་དུ་གོ་བར་འགྱུར་བས་རེ་ཞིག་དེ་ཙམ་མོ། །དེ་ལྟར་ཤེས་པར་བྱས་ནས་གདུལ་བྱ་སྤྱི་དང་བྱེ་བྲག་པ་གང་ཡང་རུང་བ་མེད་པའི་གནས་སྐབས་ན། དེ་འདུལ་བྱེད་ཀྱི་གཟུགས་སྐུ་དབྱིངས་སུ་ནུབ་པར་འགྱུར་བའི་ཚུལ་དེ་མཚོན་པར་བྱེད་པའི་དཔེ་ནི་ཇི་ལྟར་ན་ས་སྟེང་གི་ཆུ་སྣོད་ཐམས་ཅད་དམ། བྱེ་བྲག་པ་གང་ཡང་རུང་བ་མེད་པའི་ཚེ་ན་ཆུ་དེ་དང་དེའི་ནང་དུ་ཤར་བའི་ཟླ་བའི་གཟུགས་བརྙན་དེ་ཡང་། སྤྲུལ་གཞི་སྟེ་དང་པོ་རྣམ་པ་གཏོད་པར་བྱེད་པའི་ནམ་མཁའི་ཟླ་བ་ཉིད་ལ་ཐིམ་པ་ཞེས་དངོས་པོ་གཅིག་ཅིག་ཤོས་ལ་འདྲེས་པ་ལྟ་བུ་མ་ཡིན་ཀྱང་དེ་ལས་གཞན་དུ་གར་ཡང་སོང་བ་མེད་པས་དབྱེར་མེད་དུ་གྱུར་པ་ལྟར། དག་མ་དག་གི་གདུལ་བྱའི་སྣང་བས་བསྡུས་པའི་སྣ་ཚོགས་སྤྲུལ་པ་ནས་རང་བཞིན་སྤྲུལ་པའི་བར་རྣམས་རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་པ་སྟེ་དེ་ལས་གཞན་དུ་མ་སོང་ཞིང་དབྱེར་མེད་དུ་གྱུར་ནས་ཐུགས་རྗེ་ཕྱིར་གསལ་གདུལ་བྱ་སྣང་བའི་ཆ་དེ་མི་མངོན་ནོ། །གཉིས་པ་ལོངས་སྐུ་ཆོས་སྐུར་ཐིམ་ཚུལ་ནི། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་དེའང་ཆོས་སྐུར་ཐིམ་པའི་ཚུལ། དཔེར་ན་གནམ་སྟོང་གི་དུས་སུ་ཕྱིར་གསལ་དུ་ཡོད་པའི་ཟླ་བ་གཅིག་ཤོས་ནས་གཅིག་ཏུ་ཐིམ་པའམ་གཏན་མེད་དུ་སོང་བ་མེད་ཀྱང་ཕྱིར་གསལ་གྱི་གདངས་ནང་དབྱིངས་འོད་སྣང་ཕྱིར་སྤྲོས་པ་མེད་པའི་གཏིང་གསལ་གྱི་ངང་དུ་ཐིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་རང་སྣང་དུ་ཤར་བ་དེ་ཡང་ནང་དབྱིངས་སྤྲོས་པ་མེད་པ་ཆོས་ཀྱི་སྐུའི་ཡེ་ཤེས་ཆེན་པོར་འཁྱིལ་བ་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནི་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེའོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དེ་ལྟ་བུའི་སྐུ་གསུམ་གྱི་དགོངས་པ་རོ་གཅིག་ཏུ་གྱུར་པའི་གནས་སྐབས་དེ་ཉིད་ལ་དབུ་མ་ཐལ་འགྱུར་བ་རྣམས་ནི་སེམས་དང་སེམས་བྱུང་ཡུལ་ལ་འཇུག་པའི་གཉིས་སྣང་གི་བག་ཆགས་ཤིན་ཏུ་ཕྲ་བ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སུ་བུད་ཤིང་ཟད་པའི་མེ་བཞིན་ཞི་བའི་ཚེ་ན་ནི་དམན་ལམ་གྱི་དགྲ་བཅོམ་ཐོབ་པ་ལྟ་བུ་བག་ཆགས་ཕྲ་བ་མ་ཟད་པའི་འགོག་པ་ཉི་ཚེ་བ་ཙམ་མ་ཡིན་པར་མྱང་འདས་མཐར་ཐུག་འགོག་པ་དམ་པ་ཞེས་རྟག་ཏུ་དེ་ལ་མཉམ་པར་བཞག་བཞིན་སྔོན་སྨོན་གྱི་དབང་གིས་གདུལ་བྱའི་ཡུལ་ལ་ཕྲིན་ལས་རྩོལ་མེད་དུ་འབྱུང་བར་འདོད་ལ། དེ་ཡང་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་དུ་མཛད། །ཅེས་སོ། །གསུམ་པ་ཆོས་སྐུ་དབྱིངས་སུ་འཁྱིལ་ཚུལ་ནི། འདིར་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སུ་ནི་གློ་བུར་གྱི་དྲི་མ་ཚོགས་བརྒྱད་དང་བཅས་པའི་ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་ཐམས་ཅད་འགགས་ཀྱང་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ནི་འགགས་པ་མ་ཡིན་ཏེ། དེ་ཡང་འགགས་ན་མྱ་ངན་ལས་འདས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་ཆ་དང་ཡེ་ཤེས་ཀྱི་ཆོས་ཉིད་ཉི་མ་དང་འོད་ཟེར་ལྟར་གནས་པའི་འཆར་གཞི་འགག་པ་མེད་པའང་རྒྱུན་འཆད་པར་འགྱུར་བས་སོ། །དེ་བས་ན་གཞི་དུས་ནའང་དབྱིངས་ལ་ལྷུན་གྲུབ་ཀྱི་རིག་ཆའི་ཡོན་ཏན་ཡེ་ལྡན་དུ་ཡོད་ཀྱང་འཁྲུལ་བས་བསྒྲིབས་ནས་ལྐོག་ཏུ་གྱུར་པའི་ཚུལ། ཀུན་གསལ་ལས། གནམ་སྟོང་ནུབ་མོ་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱིས་མངོན་དུ་མི་སྣང་བས། །ཚེ་གཅིག་གོང་ནས་བཅོ་ལྔར་རྫོགས་གྱུར་ཏེ། །དེ་བས་ཟླ་བ་བསྐྱེད་དུ་མེད་པ་ལྟར། །རིན་ཆེན་སྦུབས་ལ་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་མགོན་དུ་གསལ་མ་ནུས། །ཞེས་སོ། །སློབ་པའི་ལམ་གྱིས་སྒྲིབ་པ་རིམ་གྱིས་བསལ་ནས་སངས་རྒྱས་པའི་ཚེ་ན། ཕྲ་ཞིང་རྟོགས་དཀའ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་དང་འདུལ་འབྲལ་མེད་པ་གཟུགས་སྐུ་ཕྱིར་གསལ་གྱི་ཆ་ཐིམ་ལ་རང་བཞིན་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུ་ཡི་དགོངས་པ་ཇི་ལྟ་བ་བཞིན་མངོན་དུ་གྱུར་ནས་ཟླ་བ་ཉ་གང་བ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དེ་ལས་གོང་དུ་འགྲོར་མེད་པ་སྟེ། དེ་ཉིད་ལས། དང་པོའི་ས་ནས་བཅོ་ལྔར་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་གོང་ལ་ཤུལ་མི་མངའ། །ཞེས་སོ། །དེ་ཡང་གནས་དང་དུས་གང་དུ་གདུལ་བྱའི་འགྲོ་བ་སྣང་བ་ན་དེའི་མོད་ཉིད་ལ་འགག་པ་མེད་པའི་ཐུགས་རྗེའི་གདངས་ལས་ཡེ་ཤེས་ཕྱིར་གསལ་སྐུ་དང་ཕྲིན་ལས་རྒྱུན་མི་འཆད་པ་རྩོལ་མེད་དུ་མཆེད་པའི་གཞི་རུ་གྱུར་པ་སྟེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་མཉམ་པར་བཞག་པ་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་པའི་ཆོས་ཉིད་ནི། འབྲས་བུ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་མཉམ་པར་མ་བཞག་པ་མེད་པའི་ཡོན་ཏན་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན་ལ་དེ་ཡང་དབྱིངས་ནམ་མཁའ་ལྟ་བུའི་ངང་ན། ཉི་མ་དང་འོད་ཟེར་བཞིན་སྐུ་དང་ཡེ་ཤེས་ཐམས་ཅད་རྟག་ཏུ་བྲི་གང་དང་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་པར་བཞུགས་པ་སྟེ། ཀུན་མཁྱེན་ཆེན་པོའི་གསང་འགྲེལ་ལས། རྒྱུད་ཀྱི་མཛད་པ་རྫོགས་ནས་དགོངས་པ་ཆོས་ཉིད་དུ་བཞུགས་པའི་ཚུལ་བརྗོད་པའི་སྐབས་སུ། རྒྱུད་ཀྱི་དོན་དེ་སྐད་ཅེས་བརྗོད་པས་རང་སྣང་འོད་གསལ་དུ་བཀོད་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཏིལ་གྱི་གོང་བུ་ལྟར་ཇི་སྙེད་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་ཁྱབ་པ་དེ་དག་ཐམས་ཅད་གཉིས་སུ་མི་དམིགས་ཤིང་། ངོ་བོ་དབྱེར་མེད་པར་དགྱེས་ནས་དུས་གསུམ་འཕོ་འགྱུར་མེད་པའི་ངང་། གཞིར་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན། དུས་བཞི་ཆོས་ཉིད་ཀྱི་འཁོར་ལོ། མཉམ་པ་ཉིད་ཀྱི་དབྱིངས་མཐའ་དབུས་མེད་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཉིད་དེ། ནམ་མཁའ་བཞིན་དུ་རང་བཞིན་འཕོ་འགྱུར་དང་འཕེལ་འགྲིབ་མེད་པའི་ཚུལ་གྱིས་བཞུགས་སོ། །ཞེས་པ་ལྟར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གསུམ་པའི་འགྲེལ་པས་གཞུང་དོན་ཡོངས་སུ་རྫོགས་སོ།། །།སྤྱི་དོན་གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་བཤད་པ་ལ་གསུམ་སྟེ། བསྟན་བཅོས་རྩོམ་པའི་རྒྱུ། དེས་ཐོབ་པའི་དགེ་བ་བསྔོ་བ། མཇུག་མཛད་བྱང་བརྗོད་པའོ། །དང་པོ་བསྟན་བཅོས་རྩོམ་པའི་རྒྱུ་ནི། སྤྱིར་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་བཀའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཞིག་རྩོམ་པར་བྱེད་པ་ལ། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་དགོས་པས། དེ་ཇི་ལྟར་ཚང་བའི་ཚུལ་ནི། གཞུང་འདི་རྩོམ་པ་པོ་བདག་གི་རྒྱུད་སློབ་མ་བཟང་པོའི་མཚན་ཉིད་འཕགས་ས་ཐོབ་པ་ལ་སོགས་པའི་སྣོད་ཀྱི་དཔྱད་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ་མ་ཚང་བ་མེད་པར་གྱུར་ལ། དེ་ལྟར་ན་བསྟན་བཅོས་རྩོམ་པའི་རྒྱུ་ཡང་ཚང་བ་ཡིན་ཏེ། རྒྱ་བོད་ཀྱི་མཁས་གྲུབ་རྒྱལ་བའི་སྲས་སམ་སློབ་མར་གྱུར་པའི་བསྟན་བཅོས་བྱེད་པ་པོ་ཐམས་ཅད་ལ་དེ་ལྟ་བུའི་ཡོན་ཏན་ལེགས་པར་ཚང་ནས། རྒྱལ་ཚབ་ཏུ་གྱུར་པའི་སློབ་མའི་བྱ་བ་བསྟན་པའི་ཆོས་མཛོད་འཛིན་ཞིང་དགོངས་འགྲེ་གྱི་བསྟན་བཅོས་ཀྱང་མང་དུ་མཛད་པ་བཞིན་འདིར་ཡང་ཆུ་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟར། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་གི་སྒྲུབ་གནས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་ཚེ། བདེ་གཤེགས་རི་རབ་མར་མེའི་རྒྱལ་མཚན་དུ་འགྱུར་བའི་འཇིག་རྟེན་གསུམ་གྱི་མགོན་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐུས་བྱིན་གྱིས་བརླབས་ཏེ་ཡེ་ཤེས་ཀྱི་སྐུའི་ཞལ་མངོན་སུམ་དུ་མཐོང་། གསུང་གིས་བྱིན་གྱིས་བརླབས་ཏེ་བསྟན་བཅོས་རྩོམ་པའི་གནང་བ་བྱིན། ཐུགས་ཀྱིས་བྱིན་གྱིས་བརླབས་ཏེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་པ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་ཐུགས་རྗེས་དབུགས་འབྱིན་པར་མཛད་པས་བསྟན་བཅོས་རྩོམ་པའི་སྤོབས་པ་སྐྱེས་པ་ཡིན་གྱི། གལ་ཏེ་དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་ན། རྣམ་གྲོལ་གྱི་ལམ་མིན་པའི་ལས་སྣ་ཚོགས་པས་འཁོར་བའི་གཡང་སར་རྟག་ཏུ་འཕྱན་པར་འགྱུར་བས་ན་དལ་བའི་རྟེན་བཟང་པོ་ལོན་པ་ཡང་སྟོང་ལོ་བྱས་པར་ཟད་དོ་ཞེས་གསུངས་ཏེ། དམ་པ་འདི་ནི་ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་ཡིན་པར་ཚད་མས་གྲུབ་ཀྱང་གདུལ་བྱའི་ངོར་ལམ་ལ་སློབ་པའི་ཚུལ་བསྟན་ཞིང་རྗེས་འཇུག་རྣམས་ལ་མི་ལུས་ཐོབ་ཚེ་དགེ་བའི་བཤེས་གཉེན་གྱི་ཐུགས་མཛོད་ལོན་པར་མ་བྱས་ན་སྟོང་ལོག་མཁན་དུ་འགྱུར་རོ་ཞེས་ཤུགས་ཀྱིས་གདམས་པའང་ཡིན་ནོ། །གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཡི་ཕྱིར་ན་གཞུང་འདི་ལ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་བས་བཤད་པའི་ཆ་སྐྱོན་མེད་ཅིང་རྣམ་པར་དག་པ་མཆིས་པ་ནི། བླ་མའི་བྱིན་རླབས་དང་རང་གི་བསྒོམས་བྱུང་གི་སྟོབས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་ཞིང་། དེ་ལྟར་མཐོང་བ་དེ་ལ་ཡི་དམ་ལྷག་པའི་ལྷ་ཡང་འདུ་འབྲལ་མེད་ཅིང་། མངོན་སུམ་ལ་ཤེས་བྱ་བདེན་པ་གཉིས་ཀྱི་སྒོ་ནས་རྣམ་པར་བཞག་པའི་ཆོས་ཐམས་ཅད་སོ་སོར་འབྱེད་པའི་ཤེས་རབ་ཀྱང་ངང་གིས་སྐྱེ་བའི་ཕྱིར། རྒྱུ་དེ་རྣམས་ཚང་བ་ལས་བརྩམས་པ་ཡིན་གྱི་དོན་མངོན་སུམ་དུ་མ་མཐོང་བཞིན་རྗེས་དཔག་ཐོས་བསམ་གྱི་རྟོག་གེའི་རིག་པས་རང་ཕྱོགས་ལ་མཆོག་ཏུ་འཛིན་པ་ལ་སོགས་པས་མ་བསྐྱེད་པས་ན། དོན་ལ་འགལ་བའི་ཉེས་པ་ཡིད་ཀྱིས་དོགས་ནས་བཟོད་གསོལ་མི་དགོས་ཀྱང་། སྐྱེས་བུ་དམ་པ་རྣམས་ཀྱིས་རྩོམ་པ་ནི་མཁས་པས་ང་མི་རྒྱལ་ཞིང་རློམ་སེམས་མེད་ལ་སྙིང་རྗེས་བྱས་པའི་བསྟན་བཅོས་ཡིན་པས། གྲུབ་པའི་མཐའ་སོ་སོར་འཛིན་པ་པོ་རྣམས་རང་རང་གིས་འདོད་པའི་གཞུང་གི་ཕྱོགས་དང་འགལ་བ་ལྟར་སྣང་ན་འཆགས་པར་བྱེད་ཀྱིས་བཟོད་པར་མཛོད་ཅིག་ཅེས་པའོ། །དེ་ཡང་རྒྱལ་བས་གདུལ་བྱ་རྣམས་ཀྱི་མོས་པ་དང་འཚམས་པར་བསྟན་པའི་དྲང་ངེས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའི་དོན་ནི། ཆོས་ཉིད་རྣལ་མའི་དོན་ལ་མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། དེའི་རྗེས་ལ་ཐོབ་པ་ཇི་སྙེད་པའི་ཆོས་ཐམས་ཅད་མ་ནོར་ཞིང་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པའི་གནས་ཡིན་གྱི། དེ་ལས་གཞན་དུ་ཕྱོགས་ཙམ་ལས་ཇི་བཞིན་པ་མི་རྟོགས་ལ། ཁོ་བོས་ནི་མཁྱེན་པའི་ཡེ་ཤེས་གཉིས་པོ་མངོན་དུ་གྱུར་བས་གསུང་རབ་ཀྱི་དགོངས་དོན་ཟབ་མོ་ཡང་དག་པར་མཐོང་ནས་བརྩམས་པ་ཡིན་པས་བསྟན་བཅོས་འདི་ལ་ཤེས་རབ་གསུམ་གྱིས་ཞུགས་ཏེ་ཉམས་སུ་བླངས་ན་དུས་ནམ་དུ་ཡང་བསླུ་བ་མེད་དོ་ཞེས་གདམས་པར་མཛད་དོ། །གཉིས་པ་དེས་ཐོབ་པའི་དགེ་བ་བསྔོ་བ་ནི། དེ་ལྟར་བསྟན་བཅོས་ལེགས་པར་བརྩམས་པའི་དགེ་བ་འདི་ཡི་མཐུ་ལ་བརྟེན་ནས་རྩོམ་པ་པོ་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། རྒྱལ་བའི་རིང་ལུགས་ནོར་བ་མེད་པས་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ལམ་བཟང་པོ་སྒྲིབ་པ་གཉིས་ཀྱི་རྙོག་པ་དྭངས་པའི་སྟེ་སྐྱོན་གྱིས་མི་བརྫི་བའི་གཟིངས་ཆེན་པོར་ཞུགས་ནས། འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་མཐའ་གཉིས་ཀྱི་དྲི་མ་ཉེ་བར་ཞི་བ་ཆོས་དང་གཟུགས་ཀྱི་སྐུའི་ཡོན་ཏན་རིན་ཆེན་གྱི་གླིང་དམ་པ་དེར་མྱུར་དུ་ཕྱིན་པར་ཤོག་ཅིག །དེ་མ་ཐོབ་ཀྱི་བར་གནས་སྐབས་ཐམས་ཅད་དུའང་དམ་པ་རྣམས་ཀྱིས་བསྔགས་ཤིང་ཆོས་དང་མཐུན་པའི་དབེན་གནས་ཕུན་སུམ་ཚོགས་པ། གངས་ཁྲོད་དང་གཡའ་ཁྲོད་ལ་སོགས་པ་དང་། ནགས་ཀྱི་མཐོངས་ཉམས་དགའ་བ་རི་དྭགས་སྣ་ཚོགས་ཕན་ཚུན་དཀྱུ་ཞིང་བརྩེ་བའི་སྨན་གྱི་ལྗོངས་ཡིད་དུ་འོང་བ་ན། དུས་བཞིའི་མངོན་རྟོགས་གསར་དུ་ངོམ་པའི་ཤིང་ལྗོན་པ་རྣམས་ནི། དེ་ན་གནས་པའི་དྲང་སྲོང་རྣལ་འབྱོར་པ་རྣམས་ལ་མི་སྙན་པའི་གཏམ་སྒྲོག་པར་མི་བྱེད་ལ། སྙིང་ལ་འབབ་པ་སྟེ་ཤིན་ཏུ་ཡིད་དུ་འོང་བར་སྨྲ་བའི་བྱ་ཡི་ཚོགས་དག་གིས་ཀྱང་། དུག་སྦྲུལ་གདུག་པ་འཁྲི་ཞིང་འཁྱིལ་བའི་ཤིང་གི་དྲུང་ན་འདུག་པ་ལྟ་བུའི་འཁོར་བ་ཡི་གནས་འདིར། སྙིང་ནས་སྐྱོ་བའི་ངེས་འབྱུང་གི་ཤིང་རྟས་རྣལ་འབྱོར་བའི་ཡིད་ཐར་ལམ་དུ་འདྲེན་པར་བྱེད་པའི། སྐད་སྙན་གྱི་ཅ་ཅོ་འཇམ་ཞིང་ཤིན་ཏུ་ཞི་བ་སྒྲོག་པའི་སྒྲ་ཐོས་པ་སོགས་ནགས་ཚལ་གྱི་ཡོན་ཏན་ལ་བརྟེན་ནས། དབང་པོ་ཡུལ་ལ་གཡེང་བའི་ཉེས་པ་ཉེ་བར་ཞི་བའི་བསམ་གཏན་ཞི་ལྷག་ཟུང་དུ་འཇུག་པའི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །མདོར་ན་གནས་ལུགས་རྟོགས་པའི་ལྟ་བ་ནི་རྟོག་གེའི་ཡིད་བྱེད་མཐར་འཛིན་གྱི་རླུང་གིས་མ་དཀྲུགས་ལ། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་རྒྱལ་བའི་ཐུགས་ཀྱི་སྲས་པོ་བྱང་སེམས་དམ་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་རྗེས་སུ་འགྲོ་བས། སྐྱེ་བ་འདི་ནས་བཟུང་ཚེ་རབས་ཀུན་ཏུ་ནམ་ཡང་སེམས་ཅན་གཞན་གྱི་བ་སྤུའི་ཁུང་བུ་གཅིག་ཙམ་ལའང་གནོད་པའི་ཁུར་དུ་མི་འགྲོ་ཞིང་། ཐབས་ལ་མཁས་ཤིང་རླབས་ཆེན་པོའི་ཕྲིན་ལས་ཀྱིས་དངོས་བརྒྱད་གང་ཡང་རུང་བར་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཕན་བདེ་བསྒྲུབ་པའི་དཔལ་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །གསུམ་པ་མཇུག་མཛད་བྱང་བརྗོད་པ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། གཙང་ལ་སྟོད་ཀྱི་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་སམྦྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྫོགས་ཆེན་པ། ཆོས་སྐུའི་དགོངས་པ་རང་བྱུང་དོན་གྱི་རྡོ་རྗེའི་གནས་ལུགས་ནམ་མཁའ་ལྟ་བུ་མངོན་དུ་གྱུར་ནས། ལོངས་སྐུའི་ཡེ་ཤེས་མཁྱེན་བརྩེའི་དཀྱིལ་འཁོར་མཆོག་ཏུ་རྒྱས་ཤིང་། སྤྲུལ་སྐུའི་མཛད་པ་གང་འདུལ་ཕྲིན་ལས་ཀྱི་འོད་ཟེར་སྟོང་དུ་འཕྲོ་བས་ཡིད་ཅན་ཀུན་གྱི་ལམ་སྟོན་དུ་གྱུར་པ་དེ་ཉིད་ལ་མཚན་གཞན་༧རིག་འཛིན་འཛིགས་མེད་གླིང་པ་ཞེས་ཡོངས་སུ་གྲགས་པའི་རིག་སྔགས་འཆང་ཆེན་པོ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་གྲུབ་པའི་བསྟི་གནས་ཚེ་རིང་ལྗོངས་སུ་གྲགས་པའི་དབེན་གནས་འོད་གསལ་གཉུག་མའི་ཕོ་བྲང་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།འདིར་སྨྲས་པ། གང་ཞིག་ལེགས་བཤད་བདུད་རྩི་དངར་པོའི་སྐྱེས། །དོན་གཉེར་སྙིམ་པས་འཐུང་བའི་སྐལ་བཟང་གི། །ཐོས་བསམ་སྒོམ་པའི་ཡི་གེ་ཕྱེ་སྲིད་ན། །ཕུལ་བྱུང་གཏམ་འདི་རོ་་བརྒྱའི་བཅུད་དུ་དངར། །ཐོས་པའི་མཐའ་རྒྱ་གཅོད་པའི་བློ་གསལ་དང་། །བསམ་པའི་དོན་བཅུད་མྱོང་བའི་སྙིང་སྟོབས་དཔལ། །གུས་དང་རྟག་པའི་བརྩོན་འགྲུས་མི་དམན་པའི། །རྣམ་དཔྱོད་ལྡན་པའི་ཡིད་ལ་དཔྱིད་དཔལ་བཞིན། །བློ་གྲུས་གཡེང་བའི་ཁོལ་དུ་རྒྱུག་དགའ་བའི། །རྣམ་རིག་ཡལ་གའི་རི་དྭགས་བཞིན་རྩེན་ལ། །དོན་བཟང་རི་མོ་བཀྲ་བའི་ཟ་འོག་བཀྲག །བཀྲམ་པའི་ལྟས་མོ་ངོམ་དུ་སུ་ཞིག་སྤྲོས། །དོན་གཉེར་དུལ་བའི་ངང་ཚུལ་ལས་རིང་བའི། །སེམས་རྟ་ན་ཚོད་གསར་བའི་ཙབ་ཙུབ་ལ། །ཐོས་བསམ་ཁལ་ཆེན་འགེལ་བའི་ཤོམ་ར་འདི། །འབྲས་མེད་ངལ་ཁུར་རང་གིས་ལེན་པར་ཟད། །མཚན་དཔེའི་བྱད་ལས་ལེགས་འཕོས་རི་མོའི་ལྷ། །རེ་ཆེན་རྒྱལ་བར་རེ་བའི་གདུང་ཡུས་ཀྱིས། །ལེགས་བཤད་ངག་གི་མཎྜལ་ཕུལ་ཕུལ་ཡང་། །ཐུགས་བརྩེས་བདག་གིར་བཞེས་སམ་སུ་ཡིས་ཤེས། །རང་དོན་སྙིང་པོའི་སྒྲུབ་ལ་བློས་བཏང་ནས། །དོན་མེད་འཆད་དང་རྩོམ་པའི་གཟུགས་བརྙན་གྱིས། །རྣམ་གཡེང་སྙིང་པོ་རེ་བའི་ཅོལ་ཆུང་འདི། །ཤེས་མེད་ཤྲཱི་ཧྲལ་པོའི་རང་གཤིས་ལགས། །ཆོས་དོན་ཟབ་པར་བཤད་ཀྱང་ངག་གི་ཁུར། །སྣ་ཚོགས་ཡི་གེར་བྲིས་ཀྱང་ཤོག་བུའི་གྲོན། །བདག་དང་བདག་འདྲ་བྱིས་པའི་བྱེད་སྤྱོད་འདི། །རང་དང་གཞན་བཅས་སུ་ཡི་དོན་དུ་འགྱུར། །ད་ནི་མི་ཚེའི་ལྷག་མ་ཅུང་ཟད་འདི། །དབེན་པའི་རི་ཁྲོད་མི་མེད་ལུང་སྟོང་དུ། །རྣམ་གཡེང་སྤངས་པའི་རྩེ་གཅིག་ཉམས་ལེན་གྱིས། །ཚེ་འདིར་སྙིང་པོའི་དོན་ལ་འདྲིལ་བར་ཤོག །ཐུགས་རྗེས་གཟིགས་ཤིག་དྲིན་ཆེན་བླ་མ་རྗེ། །བྱིན་གྱིས་རློབས་ཤིག་ཡི་དམ་སྤྱན་རས་གཟིགས། །ལས་ངན་བདག་གི་བློ་སྣ་ལ་འུར་བསྟུངས། །གོང་མའི་རྗེས་སུ་སྙེགས་པར་བྱིན་གྱིས་རློབས། །རྒྱལ་བ་ཀུན་ལས་རྒྱལ་བའི་མཛད་པ་ཅན། །སངས་རྒྱས་ཀུན་ལས་བཀའ་དྲིན་ཆེན་ལྷག་པ། །མགོན་མེད་བདག་གི་སྐྱབས་གཅིག་རིན་པོ་ཆེ། །ཡང་དང་ཡང་དུ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཡོན་ཏན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་སུ་དཀའ་གནས་ཁ་ཤས་བརྗེད་ཐོར་བྱས་པའི་ཟིན་བྲིས་འདི་ཉིད་གྲུབ་དབང་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་བདེ་ཆེན་རིག་པའི་རལ་གྲི་དཔོན་སློབ་ཀྱི་ཐུགས་གསོས་སུ་མདོ་མེད་དཔལ་དགེ་ཧྲལ་པོས་བློ་ཐོག་ནས་བྲིས་པའོ། །ཞེས་པ་ནི་དཀའ་འགྲེལ་གྱི་མཇུག་རྩོམ་དང་མཛད་བྱང་ངོ་།། །།སྤྱི་དོན་ས་བཅད་དཀྱུས་ཀྱི་ཁོག་ཕུབ་ནས། །ཚིག་དོན་མ་འཁྲུལ་འབྲུ་རྣམས་ཆོམ་པར་བཤད། །བསྡུས་དོན་མ་ནོར་གནད་དུ་དྲིལ་ཤེས་པའི། །འཆད་པའི་ཚུལ་འདི་མཁས་པའི་རིང་ལུགས་ཡིན། །གཞུང་དོན་ཚིག་ལས་ཕྲལ་ནས་སྤྱི་དོན་སྟེང་། །མ་ཉམས་མེ་ལོང་གཟུགས་བཞིན་འཛིན་ཤེས་ན། །ཐོས་དོན་བསམ་པར་འཆར་བའི་སྔོན་འགྲོ་སྟེ། །དེ་ཕྱིར་ཀུན་གྱིས་འདི་ལ་ནན་ཏན་མཛོད། །ཅེས་པ་འདི་ས་བཅད་ཀྱི་གཤམ་ནའོ།། །།སྨྲས་པ། ཟ བ་དང་རྒྱ་ཆེའི་ཚིག་གི་དོན། །འགྲེལ་པའི་རང་ནུས་མེད་ན་ཡང་། །དམ་པའི་གསུང་གི་སྣང་བ་ལ། །བརྟེན་ནས་གོ་སླ་གསལ་བར་བཀོད། །འོན་ཀྱང་བདག་བློ་རྨོངས་པའི་དྲིས། །བསླད་ནས་ཉེས་པར་བཤད་པའི་ཆ། །རྩ་གསུམ་ལྷ་དང་སྲུང་མ་དང་། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་འཆགས། །རྒྱལ་བསྟན་སྙིགས་མར་གྱུར་པ་ལ། །ཕན་པའི་ལྷག་བསམ་དག་པ་ཡིས། །བརྩོན་པའི་དགེ་བ་ཅི་མཆིས་པ། །སྲས་བཅས་རྒྱལ་བའི་རྗེས་སུ་བསྔོ། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །འཇིག་རྟེན་དུས་ཀྱི་རྒུད་པ་ཞི། །རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག །བདག་དང་བསྐུལ་བའི་གཙོར་བྱས་ཀུན། །མཚུངས་མེད་བླ་མའི་བཀའ་འཁོར་དུ། །ལྷན་ཅིག་ཆོས་ཀྱི་དགའ་སྟོན་ལ། །རོལ་པའི་སྐལ་པ་ཡོད་གྱུར་ཅིག །དེ་ཚེ་མ་བཅོས་གཉུག་མའི་དོན། །དམ་པའི་དྲིན་གྱིས་ལེགས་མཐོང་ནས། །ཡེ་ཤེས་བླ་མའི་ས་མཆོག་དེར། །ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག །མཆོག་གསུམ་བདེན་པའི་བྱིན་མཐུ་ཡིས། །ཇི་ལྟར་སྨོན་བཞིན་འགྲུབ་པ་དང་། །ས་གསུམ་ཕན་བདེའི་དཔལ་འབྱོར་པའི། །བཀྲ་ཤིས་ཆར་གྱིས་འགེངས་གྱུར་ཅིག །དེ་ལྟར་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཉི་ཟླའི་སྒྲོན་མེ་ཞེས་བྱ་བ་འདི་ཉིད་སྔ་མོ་ནས་ཀླུ་ཤུལ་སྤྲུལ་པའི་སྐུ་འཇིགས་མེད་ཡོན་ཏན་དཔལ་བཟང་པོས་གཞུང་འདིའི་རང་འགྲེལ་ནི་རྒྱ་ཆེ་ཞིང་འབྲུ་མནན་མ་མཛད་པས་གསར་བུ་རྣམས་ཀྱིས་གོ་དཀའ་ཞིང་། འགྲེལ་པ་གཞན་རྣམས་ཧ་ཅང་བསྡུས་ཆེས་པས། འདི་ལ་འབྲུ་འགྲེལ་གོ་སླ་ཞིང་བླ་མའི་གསུང་རྒྱུན་སེམས་ལ་ཡོད་པ་རྣམས་ཀྱང་སྐབས་གང་འོས་སུ་སྦྱར་བ་ཞིག་དགོས་ཞེས་ནན་ཆེར་མཛད་ཀྱང་། རང་ཉིད་ནི་ཐོས་རྒྱ་ཆུང་ཞིང་རྒྱུད་ཚོད་དམན་པ་ཉམས་ལེན་གྱིས་དབུལ་བས་རྩོམ་པ་ལྟ་ཅི། འཆད་པའི་ཡོན་ཏན་ཙམ་ཡང་མེད་པས། བླ་མ་དང་མན་ངག་བཟང་པོ་དང་ཕྲད་པའི་དུས་འདིར་རང་རྒྱུད་ལ་ཕན་པའི་ཉམས་ལེན་རེ་ལ་ཅི་ནུས་སུ་བརྩོན་པ་སྐབས་སུ་བབ་ན་ཡང་། ད་ལྟ་རྒྱལ་བསྟན་སྤྱི་དང་རང་ལུགས་ཀྱི་གཞུང་རྣམས་ལ་བཤད་པའི་གཟུགས་བརྙན་ཙམ་ཡང་དཀོན་པ་འདི་ལ་དགོངས་ནས། རང་གི་བླ་མ་དམ་པ་རྣམས་ཀྱིས་བདག་ལྟ་བུའི་བཤད་པའི་གཟུགས་བརྙན་ལས་ཀྱང་ཡང་བརྙན་རང་དོན་འཆོར་ཞིང་གཞན་དོན་མེད་པ་འདི་ཙམ་ལའང་དགྱེས་ཚོར་ཆེ་ཆེ་ལྟར་མཛད་འདུག་པ་ལ་བསམ་ནས་མི་ཚེ་གང་པོ་དེ་འདྲའི་རྣམ་གཡེང་ལ་ཟད་དུ་བཅུག་པ་ལ་མ་གཏོགས། དེ་འདྲ་བྲི་འདོད་ནི་གཏན་ནས་མ་སྐྱེས་པར་ལོ་ཆ་ཤས་སོང་བ་ལ། སྤྲུལ་སྐུ་ཁོང་རང་ནས་ལོ་གསུམ་ལ་བསྟུད་མར་གཞུང་འདིའི་རྩ་བ་དང་། འགྲེལ་པ་ཤིང་རྟ་རྣམ་གཉིས་ལ་བརྩོན་འགྲུས་བསྐྱེད་ནས་གཟིགས་ཤིང་། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་གཞུང་རྣམས་ལ་མོས་འདུན་ཡང་ཆེ་བས་སླར་ཡང་བྲི་གཞིའི་ཤོག་བུ་དང་བཅས་ནན་གྱིས་གསུངས་པ་དང་། ཉེ་ཆར་རྡོ་རྗེའི་མཆེད་པོ་རྣམས་ཀྱིས་ཀྱང་བསྐུལ་བའི་གསུང་བཟློག་མ་ཕོད་པར་བྲི་དགོས་བྱུང་ལ། བྲི་བའི་ཚེ་ན་ནི་བླ་མ་རྣམས་ལ་སྙིང་ནས་གསོལ་བ་བཏབ་ཅིང་རྒྱལ་བསྟན་སྙིགས་མར་གྱུར་པ་དང་འགྲོ་བའི་བདེ་སྐྱིད་ཟད་པའི་དུས་ཚོད་འདི་ལྟ་བུ་ལ་ཕན་པའི་ལྷག་བསམ་གྱི་འདུན་པ་ཡང་ཡང་བཅོས་ནས། འགྲེལ་པ་ཤིང་རྟ་རྣམ་གཉིས་ལ་གཞི་བྱས། ཀུན་མཁྱེན་རྒྱལ་བ་ཡབ་སྲས་ཀྱི་གསུང་གཞན་རྣམས་དང་། རང་གི་བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་སྤྱི་དང་། ཁྱད་པར་ཆོས་རྗེ་བླ་མ་བཀའ་དྲིན་ཅན་༧འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་སྔ་ནས་གསུངས་པའི་ས་བཅད་འབྲིང་པོ་བསྡུས་དོན་དུ་བཞག་ཅིང་། དཀའ་གནས་རྣམས་ཟུར་དུ་འགྲེལ་པ་སྐབས་གང་འོས་སུ་སྦྱར་ནས་དེ་གཉིས་མཇུག་རྩོམ་དང་བཅས་ཁ་ཚང་བར་བཞག་སྟེ། རང་ནུས་ཅི་ཡོད་ཀྱིས་འབྲུ་བསྣན་ཅིང་དཀའ་གནས་རྣམས་བློས་དཔོགས་ཚོད་ཀྱིས་དཔྱད་པ་དང་བཅས་གསལ་བར་བཀོད་པ་པོ་ནི་དགེ་མང་སྐྱབས་རྗེ་རིན་པོ་ཆེའི་དབོན་པོ་བཀའ་དྲིན་མཚུངས་པ་མེད་པ་༧ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞབས་རྡུལ་སྤྱི་བོས་རེག་ཅིང་དམ་པ་དེ་ཉིད་ཀྱི་གཅུང་རིགས་སུ་གྱུར་པ་རྨོངས་རྟུལ་ཤཱཀྱའི་དགེ་སློང་གི་མིང་ཙམ་འཛིན་པ་༧ཡོན་ཏན་རྒྱ་མཚོར་འབོད་པས་ལྷུན་གྲུབ་བདེ་ཆེན་གླིང་གི་གཙུག་ལག་ཁང་བཤད་སྒྲུབ་ནོར་བུའི་དགའ་ཚལ་དུ་གྲུབ་པར་བགྱིས་པ་འདི་ཡང་རྒྱལ་བསྟན་སྤྱི་དང་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།


previousཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར། མཁན་ཆེན་ཡོན་ཏན་རྒྱ་མཚོ།no next