རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་། སྟག་བླ་པདྨ་བློ་ལྡན།
རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ཞེས་བྱ་བ། ༀ་ཨརྱ་མཉྫུ་ཤྲཱི་ཧྲཱིཿདྷཱིཿན་མ། ཆོས་ཀུན་སྟོང་ཉིད་རང་བཞིན་ཟླ་མཛེས་གཞོན་ནུའི་མཁའ་དབྱིངས་ཁྱོན་ཡངས་པར། །སོ་སོར་རྟོགས་པའི་ཡེ་ཤེས་གསལ་བའི་དཀྱིལ་འཁོར་ངག་དབང་རྟ་བདུན་རྒྱས། །མཁྱེན་དང་བརྩེ་བའི་འོད་ཀྱིས་སྲིད་ཞིའི་ཁམས་ཀུན་འགེངས་ལ་བསྙེངས་པ་བྲལ། །སྟངས་དཔྱལ་གཉིས་མེད་ཡང་ཡེ་བདག་བློའི་དབྱིངས་བཞུགས་བརྩམ་ལེགས་མཐར་ཕྱིན་སྩོལ། །གྲངས་མེད་སོ་ཐར་ལྟར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བསྐལ་པར་ཚོགས་གཉིས་ཆུ་གཏེར་བསྲུབས་ལས་སྤང་རྟོགས་ཕུན་ཚོགས་ཡོན་ཏན་ལྷུན་པོ་ཐུབ་དབང་སྤྲུལ་པའི་སྐུ། །ཆོས་ཅན་ཆོས་ཉིད་འགོག་དང་ལམ་བདེན་སྤྲིན་ཆེན་ཆགས་དང་བྲལ་བའི་རྒྱུན་ཟེགས་རབ་འཐུལ་གསུང་རབ་བདུད་རྩིའི་ཆར། །རིགས་བདུན་སྤང་དང་བསྒྲུབ་པའི་པད་ཚལ་ལྡན་གྲོལ་དྲི་བསུང་མཐར་ཁྱབ་ཞུགས་དང་ཞུགས་འབྲས་སྦྲང་རྩིའི་འབྱུང་གནས་མཆོག །སངས་རྒྱས་གསེར་གྱི་ཕུང་པོ་དམ་ཆོས་བདུད་རྩིའི་དཔལ་འབྱོར་འཆལ་པའི་འདམ་གྱིས་རབ་དབེན་ཆོས་གསུམ་ཞབས་ལ་བདུད། །དཔག་བྱང་སེམས་ལྟར་དཀོན་མཆོག་གསུམ་མེད་སྔོན་ནས་མངོན་པར་བྱང་ཆུབ་ཆོས་སྐུའི་དབྱིངས་ལས་སྲིད་པ་ཇི་སྲིད་འགྲོ་བའི་ཁུར་ཆེན་བཞེས་མཛད་དམ་པ་སྐུ་གཉིས་བདག །སྡེ་སྣོད་རབ་འབྱམས་ལུང་གི་རྐང་འཐུང་ས་རབ་དགའ་བའི་དཔལ་ལས་རྟོགས་པའི་འབྲས་སྨིན་ལེགས་གསུང་དམ་པའི་ཆོས་ཁམས་དགེ། །སྒྲིབ་པའི་མུན་བྲལ་གཞན་དོན་འོད་དཀར་མཐར་ཁྱབ་ས་ལམ་ཆ་ཤས་རྫོགས་པའི་བྱང་སེམས་འཕགས་པའི་དགེ་འདུན་མཆོག །མཁྱེན་བརྩེའི་དབང་ཕྱུག་སྐྱེ་དགུའི་རྟེན་མ་ལུང་རྟོགས་དཔག་བསམ་ལྗོན་པ་རྒྱལ་སྲས་ཀུནྡའི་བཤེས་གྱུར་བླ་མེད་མཆོག་གསུམ་ཞབས་ལ་འདུད། །གདོད་གསང་སྔགས་ལྟར་དཀོན་མཆོག་གསུམ། མའི་གཞི་དབྱིངས་སྦུབས་སུ་མངོན་པར་མཐར་ཕྱིན་སྒྱུ་འཕྲུལ་དྲ་བ་སྐུ་ལྔའི་འོད་ཟེར་མུ་མཐའ་མེད་པའི་བདག །སྟོང་ཕྲག་དུ་མའི་རྒྱུད་སྡེ་རྒྱ་མཚོ་ཟབ་དང་རྒྱ་ཆེ་བསྐྱེད་རྫོགས་གྲུབ་པའི་དགོངས་དོན་ཡིད་བཞིན་དབྱིག་གི་མཛོད། །ཐབས་མང་ཚེགས་བྲལ་འབད་མེད་རྩལ་རྫོགས་གྲུབ་པའི་དབང་ཕྱུག་བརྒྱད་ལྡན་རིག་འཛིན་རྣམ་བཞིའི་གངས་རིའི་རྩེར་གནོན་པ། །ཁྱབ་བདག་རིགས་ཀུན་ཉི་མ་མཚོན་བྱ་བྱེད་པའི་རྒྱུད་སྡེའི་ཆུ་གཏེར་དབང་ཐོབ་རིག་འཛིན་སྟོབས་ལྡན་མཆོག་གསུམ་བླ་མར་འདུད། །གསུམ་ལྡན་བླ་མ་དཀོན་མཆོག་གསུམ་དངོས་སྣང་སྲིད་དག་མཉམ་ཡེ་གྲོལ་དབང་དང་དམ་ཚིག་ལྷུན་གྲུབ་སྐུ་ལྔའི་ཁྱབ་བདག་མཁའ་ལྟར་དག་པའི་ཐུགས། མདོ་རྒྱུད་རབ་འབྱམས་རྒྱ་མཚོའི་སྤྲིན་ཆེན་སྤང་ཐོབ་རླབས་ཆེན་བྱང་སེམས་བསླབ་བྱའི་བདུད་རྩིས་ཡོངས་གང་གསུང་། །རྣམ་དཀར་བཟང་པོའི་མཛད་ཕྲིན་བརྟུལ་ཞུགས་བཟང་པོའི་འདུལ་ཁྲིམས་ཕུན་ཚོགས་རྣམ་གྲོལ་སྒྲ་བརྒྱའི་དབྱངས་ལྡན་སྐུ། །མཆོད་དོ་གསུམ་ལྡན་རྡོ་རྗེ་འཛིན་རྒྱལ་སྒོ་གསུམ་མཆོག་གསུམ་རང་བཞིན་དཀོན་མཆོག་བཞི་པ་བླ་མའི་ཞབས། །པད་འབྱུང་སླར་ཡང་དཔལ་ལྡན་རྩ་བའི་བླ་མ་ལ། ཐུགས་རྗེའི་འོད་དཀར་ཉ་གང་ལ། །སྐལ་བཟང་རླན་འཛིན་འཕོ་བའི་ཟློས་གར་ཅན། །མི་གཡོ་ཀུན་ཁྱབ་བདག་བློའི་གཙུག་རྒྱན་མཆོག །མ་ར་ཛི་ཏཾ་བཛྲ་དེས་འདིར་སྐྱོངས། །བཤད་པར་དམ་བཅའ་བ། རྣམ་གྲོལ་མཆོག་གི་རྩལ་རྫོགས་རི་དྭགས་རྒྱལ་པོ་ཡོངས་ཀྱིས་འཁྲ་ས་ཧི་མ་ལ་ཡའི་གནས་དག་ལས། །སྡོམ་གསུམ་བཀའ་དང་བསྟན་བཅོས་སྤྲིན་ཟེགས་དུ་མའི་ཚོགས་ཀྱང་ཐོས་བསམ་སྒོམ་པའི་རྣམ་དཔྱོད་ཚ་ཟེར་བྱེད་པ་དེས། །ལེགས་བཞུས་ཚིག་གི་ལམ་ལས་འཆོས་སྐྱོབས་གཉིས་ལྡན་ཕུ་ཆུའི་རྒྱུན་འབབ་ལྷག་བསམ་དབུ་ཕྲེང་དཀར་པོ་གཡོ་བ་ཅན། །གང་ཞིག་ངེས་ལེགས་བདུད་རྩིས་ཕོངས་པའི་སྲིད་ལམ་མྱ་ངན་དགོན་པར་འཁྱམས་ཀུན་འདིར་སྤྱོན་ལེགས་ཚོགས་ཆུ་འདིར་རོལ། དེ་ལ་གང་གི་ཚེ་དཔལ་ཀུན་ཏུ་བཟང་པོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་སྟེ་སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་སྐུ་གསུང་ཐུགས་མི་འཛད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་བཞུགས་སོ། །དེའི་ཚེ་སྒྱུ་མའི་གྲོང་ཁྱེར་རིགས་དྲུག་གི་ཁམས་ལའང་བདེ་གཤེགས་སྙིང་པོས་མ་ཁྱབ་པ་མེད་ཀྱང་། རང་ངོ་མ་ཤེས་ཏེ་གཟུང་འཛིན་ལས་དང་ཉོན་མོངས་པ་མཐུ་བརྟས་པ་ལས། སྲིད་པའི་གདུང་བས་ཀུན་ནས་ཉོན་མོངས་པར་གྱུར་པ་ལགས། དེ་བཞིན་གཤེགས་པའི་རྣམ་པར་རོལ་བ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་འདྲེན་པར་སྒྲུན་དུ་མེད་པའི་མངའ་དབང་བསྒྱུར་བ་ལས། དེ་ཡང་སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱུང་ཞིང་། དེས་བསྟན་པའི་གསུང་རབ་དམ་པའི་ཆོས་རྣམས་ཀྱང་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་ལས་གནས་པ་དང་། དེ་དག་ཀྱང་བསླབ་པ་གསུམ་སྟེ་སྡོམ་པ་གསུམ་གྱི་མཛོད་འཛིན་ཅིང་རིགས་ཅན་གསུམ་གྱི་འགྲོ་བ་རྣམས་བླ་ན་མེད་པའི་སར་འགོད་པའི་ཕྲིན་ལས་ལ་སྙེམས་པ་དང་བྲལ་བ་འབའ་ཞིག་གོ། །དེ་ལྟ་བས་ན། རང་ཉིད་ཀྱི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་རང་དང་གཞན་གྱི་འགྲོ་བ་རྣམས་ཡོངས་སུ་སྒྲོལ་བའི་ཕྱིར། སྔོན་གྱི་ལམ་ལྡན་ཆེན་པོ་དག་གི་ཚུལ་ལ་དཀྲི་བར་བྱ་བ་ལས་གཞན་མ་ཡིན་ཞིང་། དེ་ཡང་སངས་རྒྱས་ཀྱི་བསྟན་པའི་གཞི་མ་འདུལ་བའི་ཁྲིམས་དང་། བསྟན་པའི་གཞུང་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ། བསྟན་པའི་སྙིང་པོ་གསང་སྔགས་ཀྱི་དམ་ཚིག་སྟེ། སྡོམ་པ་གསུམ་པོ་དེ་དག་གྱ་ཚོམས་སུ་མི་འདོར་བར། ཐ་དད་པར་རམ། གསུམ་ལྡན་དུ་གང་ཟག་གིས་ཉམས་སུ་ལེན་པའི་ཚུལ་རྣམ་པར་ངེས་པའི་བསྟན་བཅོས་སྡོམ་གསུམ་རྣམ་ངེས་ཞེས་བྱ་བ་འདི་ཉིད་ནི་འཆད་པར་བྱ་བའི་ཆོས་སོ། །དེ་ཡང་འདི་སྐད་ཐོས་ཏེ། མདོ་སྡེ་རྒྱན་ལས། གཟུགས་བརྙན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་དག་ན། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་བསྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་པ་དང་། བྱམས་པ་སེང་གེའི་སྒྲས་ཞུས་པའི་མདོ་ལས། སྟོང་གསུམ་འཇིག་རྟེན་ཁམས་འདིར་གསེར་དག་གིས། །བཀང་སྟེ་གཞན་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་སྟོན་པས། །ཅི་ལྟར་ཕན་འདོགས་དེ་ལྟར་གྱུར་མ་ཡིན། །ཞེས་གསུངས་པའི་ཕྱིར། འདིར་འགྲེལ་པ་བརྗོད་པར་བྱ་སྟེ། དེ་ལའང་ངོ་བོ་བཀའ་འགྲེལ། ངེས་ཚིག་འབྲུ་འགྲེལ། དབྱེ་བ་དོན་འགྲེལ་གྲུབ་མཐའ་གསང་འགྲེལ་ཏེ་ཚུལ་བཞི་དང་། གཞན་ཡང་དོན་འགྲེལ། ཚིག་འགྲེལ། འབྲུ་འགྲེལ། རྒྱ་ཆེར་འགྲེལ་ལ་སོགས་འདོད་པ་མཐའ་ཡས་ཀྱང་། འདིར་དོན་འགྲེལ་འབའ་ཞིག་གི་དབང་དུ་བཤད་པར་བྱའོ། །དེ་ལ་གཉིས། མཚན་སྨོས་པས་བསྟན་བཅོས་ངོས་བཟུང་བ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་བསྟན་བཅོས་ཀྱི་རང་བཞིན་ནི། སྟོན་པ་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་དུ་བརྩམ་པ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །དབྱེ་ན་ལྟར་སྣང་བའི་བསྟན་བཅོས་དྲུག་དང་། ཡང་དག་པའི་བསྟན་བཅོས་གསུམ་སྟེ། ཐོས་པ་ལས་བྱུང་བའི་ས་རྣམ་པར་གཏན་ལ་དབབ་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་དང་། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་འབྱིན། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་སོ། །འདིར་ནི་གནས་སྐབས་བདེ་ཞིང་མཐར་ཐུག་གྲོལ་བ་ཐོབ་པའི་དོན་དང་ལྡན་པ་དང་། བྱང་ཆུབ་བསྒྲུབ་པ་དང་། འཁོར་བའི་སྡུག་བསྔལ་འབྱིན་པའི་ཚུལ་ཡང་དག་པ་གསུམ་དང་ལྡན་པའི་བསྟན་བཅོས་སོ། །དེ་ཡང་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི་བསླབ་པ་གསུམ་གྱི་དབང་དུ་མཛད་ནས་སྡེ་སྣོད་གསུམ་གྱི་རྣམ་པར་མཛད་པ་སྟེ། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་པ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བའི་དོན། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །མངོན་དུའི་ཕྱིར་དང་ཡང་དང་ཡང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །དེ་ཡང་རྩིས་འགོ་ཡན་ལག་ལྔས་འཆད་དེ། མཛད་པ་པོ་གང་གིས་མཛད་ཅེ་ན། བསྟན་བཅོས་རྩོམ་པ་པོ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷས་གནང་བ་ཐོབ་པ། ཐ་མའང་རིག་པའི་གནས་ལྔ་ལ་མཁས་ཤིང་བརྒྱུད་པའི་མན་ངག་ཡོད་པ་ཞིག་དགོས་པར་གསུངས་པ་ལས། འདིར་རང་བཞིན་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་ཆོས་ཉིད་མངོན་དུ་གྱུར་ཅིང་། ཡི་དམ་གྱི་ལྷ་དུ་མས་བྱིན་གྱིས་བརླབས་ཤིང་། ཁྱད་པར་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྗེས་སུ་བཟུང་བས། ཟབ་མོའི་གཏེར་རིག་འཛིན་ཡོངས་འདུས་དང་། རྫོགས་ཆེན་པདྨ་སྙིང་ཐིག །གུ་རུ་དྲག་པོ་ཡང་གསང་རྡོ་རྗེ་འབར་བ་ལ་སོགས་པ་གཏེར་ཁ་ཇི་སྙེད་པའི་མཛོད་འཛིན་པ། གངས་ཅན་གྱི་ལྗོངས་ན་མང་དུ་ཐོས་པ་རྣམས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་མངའ་རིས་པ་གཏེར་སྟོན་ཆེན་པོ་པད་མ་དབང་གི་རྒྱལ་པོ་དེ་ཉིད་ཀྱིས་མཛད་པའོ། །ཇི་སྐད་དུ་རྒྱུད་བླ་མ་ལས། གང་ཞིག་སྟོན་པ་རྒྱལ་བ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་སྦྱར། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་གསུངས་པ་ལྟར་རོ། །ལུང་གང་ནས་བཏུས་ཞེ་ན་འདུལ་བ། མདོ་སྡེ། མངོན་པ་སྟེ་སྡེ་སྣོད་གསུམ་དང་། གསང་སྔགས་ཕྱི་ནང་ཀུན་ལས་བཏུས་པའོ། །ཕྱོགས་གང་དུ་གཏོགས་ཞེ་ན། རང་བཞིན་རྫོགས་པ་ཆེན་པོར་གཏོགས་ཏེ་དེའི་ལམ་གྱི་ཆ་ལག་ཡིན་པའི་ཕྱིར་རོ། །དོན་ཆེད་སུའི་དོན་དུ་མཛད་ཅེ་ན། ཕྱི་རབས་ཀྱི་གང་ཟག་རིམ་གྱིས་པ་དང་གཅིག་ཆར་བ་ཐམས་ཅད་སྐྱེལ་སོ་མཐུན་པར་བྱས་པའོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ཞེ་ན། དབུ་མཚན་སྨོས་པས་དབུ་ཞབས་དོན་ཁོང་ཆུད། གསུང་བས་འདིར་མཚན་སྨོས་པས་དོན་ཤེས་པས་སླ་བ་སྟེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །སྟོན་པས་མིང་དུ་གདགས་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་གསུང་རབ་ལ་མིང་གདགས་པའི་ཚུལ་ཡང་། དཔེ་ལ་མཚན་དུ་གསོལ་བ་དཀོན་མཆོག་ཏ་ལ་ལའི་མདོ་ལྟ་བུ། དོན་ལ་མཚན་དུ་གསོལ་བ་གསང་བ་འདུས་པ་ལྟ་བུ། ཤོ་ལོ་ཀ་ལ་མཚན་དུ་གསོལ་བ་སྟོང་ཕྲག་བརྒྱ་བ་ལྟ་བུ། ཡུལ་ལས་མཚན་དུ་གསོལ་བ་ལང་ཀར་གཤེགས་པ་ལྟ་བུ་དང་། ཞུ་བ་པོ་ལས་མཚན་དུ་གསོལ་བ་བྱམས་པས་ཞུས་པ་ལྟ་བུ་ལས། འདིར་མཚན་དུ་གསོལ་བས། རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པ། །ཞེས་བྱ་བ་སྟེ། རང་བཞིན་རྫོགས་པ་ཆེན་པོའི་དབང་དང་བསྒྲུབ་པའི་དུས་སུ་ཐོབ་ཅིང་ཁས་བླངས་བས་ན་དེའི་ལམ་གྱི་རྐང་སྟེགས་སམ། ཆ་ལག་མཁོ་བྱར་གྱུར་པས་ན། འདུལ་ཁྲིམས། བྱང་སྡོམ། དམ་ཚིག་སྟེ་སྡོམ་པ་གསུམ་མོ། །སྡོམ་པ་ཞེས་པ་ནི། རྒྱུད་བསྡོམ་པར་བྱ་བའམ། འདིས་སྡོམ་པར་བྱེད་པའོ། །གསུམ་ནི། སོ་ཐར་གྱི་སྡོམ་པས་གཞན་གནོད་གཞི་དང་བཅས་པ་སྤང་བ་དང་། བྱང་སེམས་ཀྱི་སྡོམ་པས་དེའི་སྟེང་དུ་གཞན་ཕན་གྱི་དགེ་བ་བསྒྲུབ་པ་དང་། དེའི་སྟེང་དུ་སྔགས་སྡོམ་གྱིས་རང་སེམས་ཡོངས་སུ་གྲོལ་བར་བྱེད་པ་སྟེ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གནས་པའོ། །དེ་ཡང་ཐོག་མར་སྡོམ་གསུམ་སྤྱིའི་གནས་ལུགས་བསྟན་ནས། བྱེ་བྲག་དེ་དག་སོ་སོར་བཤད། འགག་གང་ཟག་གཅིག་གིས་ཉམས་སུ་ཇི་ལྟར་བླང་བའི་ཐབས་བཤད་པ་སྟེ། དབུ་ཞབས་ཀྱི་དོན་ནོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པ་ཀླད་ཀྱི་དོན་དང་། བརྗོད་པར་བསྟན་པ་གཞུང་གི་དོན་དང་། མཐར་ཕྱིན་པ་གཞུག་གི་དོན་ནོ། །དང་པོ་ལ་གཉིས། ཕྱག་འཚལ་བ་དང་། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །མཁྱེན་བརྩེའི་འོད་དཀར་ངེས་གསང་གྲུ་ཆར་འབེབས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད། །ཅེས་བྱ་བ་དག་སྨོས་ཏེ། གང་ཞིག་ཚིག་དང་དོན་གྱི་སྐལ་བ་བཟང་པོས་སྙན་པར་བསྟོད་པ་ནི། སྒྲ་དང་སྙན་ངག །ཟློས་གར་དང་། མངོན་བརྗོད་དང་། སྡེབ་སྦྱོར་གྱིས་བསྒྲུབས་ཤིང་། དེ་དག་ཀྱང་མཛེས་པར་བྱེད་པའི་རྒྱན་གྱི་རྣམ་གྲངས་སུམ་ཅུ་རྩ་ལྔ་ཡོད་དེ། གང་ཞེ་ན། སློབ་དཔོན་དཎྜའི་སྙན་ངག་མེ་ལོང་རོལ་མཚོ་ལས། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་ཅན། །འགོག་དང་དོན་གཞན་བཀོད་པ་དང་། །ཟློག་པ་ཅན་དང་སྲིད་པ་ཅན། །སྡུས་དང་ཕུལ་བྱུང་རབ་བརྟག་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན ། །རྣམ་གྲངས་བརྗོད་པ་ཀུན་ཕན་དང་། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་བརྗོད་དང་མཚུངས་པར་སྦྱར། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །དེ་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་རྣམས་བཞེད། །ཅེས་གསུངས་པ་ལྟར། འདིར་ནི། ཚོགས་གཉིས་མཐུ་བརྟས་པའི་སྐུ་གཉིས་ཀྱི་དཔལ་གྱི་ཆར་རྒྱུན་གྱིས་ཡོངས་སུ་གང་བའི་སྤྲིན་ཆེན་ཆུའི་རྒྱུན་དུ་མའི་གཏེར་འཛིན་པ་ཀུན་ནས་གཡོས་ཤིང་བསྲུབས་པ་ལས་བྱུང་བའི་ཆུ་ཤེལ་གྱི་དྭངས་མ། ཆོས་ཉིད་ཇི་ལྟ་བ་མཁྱེན་པ་དང་། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ཐུགས་རྗེ་ཆེན་པོའི་འོད་དཀར་ཀུན་ནས་བསིལ་བ་ག་བུར་གྱི་རྒྱུན་ལྟར་འཕྲོ་ཞིང་། ཐེག་པ་ཐམས་ཅད་དང་ཁྱད་པར་གསང་སྔགས་ཀྱི་སྟོན་པའི་རྣམ་པར་འཕྲུལ་པ་གདུལ་བྱའི་ཆུ་སྣོད་ཇི་སྙེད་པ་དེ་སྙེད་དུ་གྲུ་ཆར་འབེབས་པའི་ཆུ་ཟླའི་ཟློས་གར་མཁན། བོད་ཡུལ་གྱི་སྔ་ཕྱིར་གཤེགས་ཤིང་བྱོན་པའི་མཁས་པ་དང་གྲུབ་པ་བརྙེས་པ་ཐམས་ཅད་ཀྱི་གཙུག་ཕུད་ཀྱི་རྒྱན་དུ་ཀུན་ནས་ཐལ་ལེར་མཛེས་པ་ནི། དྷ་ན་ཀོ་ཤའི་མཚོ་གླིང་དུ་རང་བྱུང་པད་མའི་སྙིང་པོ་ལས་རང་བྱོན་པའི་སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་དེ་ཉིད། དེ་ཡང་ཟླ་བ་ནི་ཆུའི་ཁམས་ཀྱི་དྭངས་མ་ལས་བྱུང་བའི་འོག་གཞི་ཆུ་ཤེལ་ལས་གྲུབ་ཕྱིར་མཚོ་སྐྱེས་ཞེས་པ་དང་དཔེ་དོན་མཉམ་པར་གནས་པ་སྟེ། དེ་ནི་གཟུགས་ཅན་གྱི་རྒྱན་དུ་གནས་པའོ། །འོ་ན་བོད་གངས་ཅན་པའི་བླ་མ་ལས་གཞན་གྱིས་མ་ཡིན་ནམ་ཞེ་ན། དེ་ནི་གངས་རིའི་རྒྱལ་པོ་ལ་ཟླ་བའི་ཟེར་གྱིས་སྦགས་པས་དཀར་ལ་འཚེར་བའི་ཚད་སྒྲུན་དུ་མེད་པ་དཔེར་བཞག་ཅིང་། དོན་བདག་ཅག་བོད་ཀྱི་ཡུལ་འདིར་ཐུབ་པ་བཅོམ་ལྡན་འདས་ལ་སོགས་པས་ཞབས་ཀྱིས་མ་བཅགས་ཞིང་། པདྨ་འབྱུང་གནས་ནི་གཅིག་ཏུ་བདག་ཅག་བོད་ཀྱི་འདྲེན་པ་འབའ་ཞིག་ཏུ་གྱུར་པས་བཀའ་དྲིན་དྲན་པའི་ཆེད་དུ་ཡིན་ཞིང་། འགྲོ་བའི་བླ་མར་འདུད། ཅེས་པས་འགྲོ་དྲུག་ཐམས་ཅད་ཀྱི་སྐྱབས་གནས་ཡིན་པར་དེས་སྟོན་པ་སྟེ། དེ་ཉིད་ལ་གུས་པས་ཕྱག་འཚལ་བའོ། །དེ་ཡང་དཔལ་ལྡན་ཚོགས་གཉིས་ནི། དཔལ་ཞེས་པ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པས ། ཆོས་སྐུའི་དབྱིངས་ལས་མི་གཡོ་བ་རང་གི་དཔལ་དང་། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་གཟུགས་སྐུའི་རྣམ་པར་རོལ་བ་གཞན་གྱི་དཔལ་གཉིས་དང་ལྡན་པ་སྟེ། གླང་ཆེན་རབ་འབོག་གི་རྒྱུད་ལས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །གཟུགས་ཀྱི་སྐུ་ལྔ་ལྷུན་གྱིས་གྲུབ། །དེ་ལས་དོན་གཉིས་ཡོངས་རྫོགས་ཕྱིར། །དཔལ་ནི་ལྷུན་རྫོགས་གཅིག་ཏུ་རོལ། །ཞེས་སོ། །རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་ནི་མདོར་བསྡུས་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རོ། །ཚོགས་གཉིས་རང་གི་ངོ་བོ་ནི། ཕར་ཕྱིར་དྲུག་གིས་བསྡུས་པའི་དགེ་བའི་རྩ་བ་རྣམས་ཏེ། མདོ་སྡེ་རྒྱན་ལས ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ཞེས་སོ། །དེ་ལྟར་ཕྱག་འཚལ་བའི་ཕན་ཡོན་ནི། རང་དང་གཞན་དང་གཉིས་ཀས་ཐོབ་པ་ཉིད་ལས། དང་པོ་རང་གིས་ཐོབ་པའང་། ཡུལ་མཆོག་ཏུ་གྱུར་པ་ལ་བསྟོད་པས་རང་ཉིད་དམ་པར་རྟོགས་ཤིང་དམ་པའི་སྤྱོད་པ་ལ་ཞུགས་པས་བརྩམ་པ་མཐར་ཕྱིན་པའི་དགོས་པ་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས་གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། རང་གི་བརྩོན་པ་ལྷོད་པར་མི་འགྱུར་ཏེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམས་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་སོ། །གཞན་གྱིས་ཐོབ་པའང་། སྟོན་པ་དང་བསྟན་བཅོས་ལ་དམ་པར་རྟོགས་ནས་འདུན་པ་སྟེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྟན་བཅོས་བྱེད་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་སོ། །གཉིས་ཀས་ཐོབ་པའང་། ཚོགས་རྫོགས་པས་སྨོན་པའི་དོན་འགྲུབ་པ་སྟེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་གསུངས་སོ། །གཉིས་པ་བརྩམ་པར་དམ་བཅའ་བ་ནི། དེ་ལྟར་ཕྱག་འཚལ་ནས་ཅི་བྱ་ཞེ་ན། འགྲོ་བློའི་དྲི་མ་འཁྲུད་མཁས་དྲང་སྲོང་གིས། །བློ་གྲོས་ཆུ་གཏེར་བུམ་བཟང་རབ་ཐོགས་ནས། །ལེགས་བཤད་སྡོམ་གསུམ་བདུད་རྩིའི་ཆུ་སྦྱིན་གྱི། །དོན་གཉེར་སྐྱེ་བོའི་ཚོགས་རྣམས་འདིར་འདུས་ཤིག །དེ་ཡང་འགྲོ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོས་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་གནས་པ་ཉིད། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་ཆེ་བ་དང་ཡངས་པ་དང་། །ཡེ་ཤེས་གཟུགས་བརྙན་འཛིན་པའི་ཕྱིར། །དབྱིངས་ནི་དག་པའི་རྒྱ་མཚོ་འདྲ། །མ་རིག་གཟུང་འཛིན་རླུང་དག་གིས། །དཀྲུག་པས་རྙོག་པ་ཅན་དུ་བྱས། །ཞེས་དང་། རྒྱུད་བླ་མར་ཡང་། སངས་རྒྱས་པད་ངན་སྦྲང་མ་སྦྲང་རྩི་སོགས། །དཔེ་དགུས་ཡེ་ཤེས་སྒྲིབ་པར་གསུངས་ཏེ། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཅེས་སྒྲིབ་པའི་དྲི་མ་དེ་དག་བཀྲུ་བའི་ཕྱིར། །འགྲོ་བའི་བླ་མ་སྔོན་གྱི་དྲང་སྲོང་ཆེན་པོ་སྟོན་པ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དེས་གསུངས་པའི་བཀའ་དང་། བསྟན་བཅོས་ཀྱི་ཆུ་གཙང་གིས་ཐོས་བསམ་སྒོམ་པའི་བློ་གྲོས་ཀྱི་བུམ་བཟང་ལེགས་པར་བཀང་བ་དེ་ཉིད་བདག་གི་ལྷག་བསམ་གྱི་ལག་ཏུ་ཐོགས་ནས། འདི་སྐད་དུ། ཀྭའི། ཚིག་དང་དོན་ལེགས་པར་བཤད་པའི་བདུད་རྩི་སྡོམ་པ་གསུམ་གྱི་ཆུ་གཙང་འདི་སྦྱིན་གྱི། ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བའི་སྐྱེ་བོའི་ཚོགས། ལས་དང་ཉོན་མོངས་པས་གདུང་བ་སྒོ་གསུམ་སྒྲིབ་པའི་དྲི་མས་སྦགས་པ་ཀུན་འདིར་འདུས་ལ་ཅི་དགར་ལོངས་སྤྱོད་ཅིག་ཅེས་པ་སྟེ་གཟུགས་ཅན་གྱི་རྒྱན་ནོ། །དེ་ཡང་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལས། རྦ་རླབས་མེད་པའི་མཉམ་ཉིད་མཚོ། །རྙོག་པ་མེད་པ་དྲི་མེད་ཆུ། །གདོད་ནས་དག་པའི་བདུད་རྩི་འདིས། །ཁམས་གསུམ་འཁོར་བའི་དྲི་མ་འཁྲུད། །ཅེས་དང་། འདི་དག་བཤད་ཀྱི་དམ་པའི་ཆོས་ཉན་ཕྱིར་ནི་འདིར་འདུས་ཤིག །ཅེས་གསུངས་པ་བཞིན་ནོ། །དེས་བསྟན་བཅོས་ལ་འཇུག་པའི་ཕྱོགས་དང་པོ་བསྟན་ཟིན་ཏོ། །དོན་གཉིས་པ་བརྗོད་བྱ་བསྟན་པ་གཞུང་གི་དོན་ལ་རིམ་པར་ཕྱེ་བ་ལྔ་སྟེ། སྡོམ་གསུམ་སྤྱིའི་བཤད་གཞི། བྱེ་བྲག་འདུལ་བ་སོ་ཐར་གྱི་ཚུལ་ཁྲིམས་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་བྱ། རིག་འཛིན་སྔགས་ཀྱི་དམ་ཚིག །སྡོམ་པ་གསུམ་གང་ཟག་གཅིག་གིས་ཉམས་སུ་བླང་ཚུལ་ལོ། །དང་པོ་ལའང་། ཆོས་ཐམས་ཅད་ཀྱི་མཐར་ཐུག་པ་ངོས་བཟུང་བ། བྱེ་བྲག་ཐེག་པའི་དབྱེ་བ་བསྟན་པ། སྡོམ་པ་གསུམ་གྱི་འགག་བསྡུ་བ་གསུམ་ལས། དང་པོ་ནི། མཐར་ཐུག་འབྲས་བུའི་བསྐྱེལ་སོ། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་སྟེ། །ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བསྒྲངས་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་ལ་མ་བརྟེན་པར། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་ནས་བཟུང་སྟེ་ཟབ་པ་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་མཐར་ཐུག་འབྲས་བུའི་གྲོལ་ས་ཆེན་པོ་རང་བཞིན་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་མངོན་དུ་བྱ་བ་ལ་ནི། སྨིན་བྱེད་དབང་བཞིའི་རིམ་པ་དང་། གྲོལ་བྱེད་གདམས་པའི་རིམ་པ་གཉིས་ལ་མ་བརྟེན་པར་ཐོབ་པ་མིན་ཏེ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་བས། །སྐལ་ལྡན་འགྲོ་བ་བྱང་ཆུབ་གསུམ་དུ་འདྲེན། །ཀུན་ཀྱང་མཐར་ཐུག་རྡོ་རྗེ་སྙིང་པོའི་དོན། །གསང་ཆེན་རྨད་དུ་བྱུང་འདིར་འཇུག་དགོས་པས། །ཞེས་པ་དང་། རྒྱུད་ཀུན་བྱེད་རྒྱལ་པོ་ལས། བསྟན་པའི་རང་བཞིན་ཐེག་པ་དགུ་པོ་ཡང་། །རང་བཞིན་རྫོགས་པ་ཆེན་པོར་བསྒྲོད་པའི་ལམ། །ཞེས་པ་དང་། གསང་བ་གཅོད་པ་ལས། འདི་མ་མཐོང་བའི་སངས་རྒྱས་ནི། །གཅིག་ཀྱང་འབྱུང་བ་སྔ་ཕྱི་མེད། །ཅེས་སོ། །དེ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་གསང་བ་ཟབ་མོ་ལ་རྨོངས་ཤིང་། སྔགས་ཕྱི་རྒྱུད་གསུམ་ཡང་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་ཡོངས་རྫོགས་མི་བསྐུར་ཞིང་། གྲོལ་བྱེད་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའང་། དགོངས་པ་ཙམ་ལས་མཚན་ཉིད་དང་ལྡན་པ་མེད་ཅིང་། འདིར་དབང་བཞི་རྫོགས་དང་གྲོལ་ལམ་བསྐྱེད་རྫོགས་རྣམ་པར་དག་པ་ལ་བརྟེན་པས་ཐེག་པ་འོག་མ་ལས་འདས་པའི་རང་བཞིན་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱིའི་ཁྱབ་བདག་ཆེན་པོ་མངོན་དུ་བྱེད་པའོ། །དེ་ཡང་ཐེག་པ་ནི་གང་དུ་འདེགས་པའི་ཁྱོགས་ལྟ་བུ་སྟེ། རྫོགས་པ་ཆེན་པོ་ནི་ཐེག་པར་སྨོས་ཀྱང་ཡེ་ཤེས་ཀྱི་སྤྱི་གཟུགས་ཞེས་བྱ་སྟེ། ས་སྐྱ་པཎ་ཆེན་གྱི་ཞལ་སྔ་ནས། རྫོགས་པ་ཆེན་པོའི་ལྟ་བ་ནི། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཐེག་པའི་དབྱེ་བ་བསྟན་པ་ལའང་། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་མཐའ་ལ་ཐུག་པ་མེད། །བསྒྲོད་གཅིག་ལམ་ལ་དཀྲི་བའི་ངལ་སྟེགས་ཏེ། །རང་རང་རྗེས་མཐུན་འབྲས་བུ་བླ་དང་བཅས། །ཐོབ་ཀྱང་ཐེག་པ་སོ་སོའི་ངེས་འབྱུང་ལས། །ཐེག་གཅིག་ལམ་ལ་མ་ཞུགས་འབྲས་ཐོབ་ཅི། །ཞེས་སྨོས་ཏེ། སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བ་རྣམས་ཀྱི་གདུལ་བྱའི་ཉོན་མོངས་པ་ཇི་སྙེད་འདུལ་བའི་ཕྱིར་དེ་སྙེད་ཀྱི་ཆོས་སྟོན་པས་ཐེག་པའི་རྣམ་གྲངས་འདི་ཁོ་ནའོ་ཞེས་གྲངས་སུ་ཆད་པ་འགའ་ཡང་མེད་དེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲོངས་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་པས། གདུལ་བྱ་འགྲོ་བའི་བློོ་རྟོག་མ་ཟད་ཀྱི་བར་ལ་འདུལ་བྱེད་ཀྱི་ཐེག་པའང་ཐུག་པ་མེད་དེ། དེ་ཉིད་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེ་ཡང་རེ་ཞིག་རྫས་སུ་བསྡུ་ན། ཐེག་པ་ཆེ་ཆུང་གཉིས་སུའང་འདུས་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཐེག་པ་ནི་གཉིས་ཏེ། ཆེན་པོ་དང་ཆུང་ངུའོ། །ཞེས་དང་། རྒྱུ་དང་འབྲས་བུ་ལ་དགོངས་ནས་གཉིས་སུའང་གསུངས་ཏེ། དཔལ་འབྱུང་བཞི་ཟད་པའི་རྒྱུད་ལས། །རྒྱུ་ཆོས་རྣམས་དང་འབྲས་བུའི་ཕྱིར། །ཐེག་པ་དེའང་རྣམ་པ་གཉིས། །ཞེས་སོ། །ཡང་ཉན་རང་བྱང་སེམས་གསུམ་དུའང་བཤད་དེ། མདོ་སྡེ་རྒྱན་ལས། སྦྱོར་བ་དང་ནི་ཚོར་དག་དང་། །བསམ་པ་དང་ནི་བཤད་ཉིད་དང་། །སྒྲུབ་པའི་རབ་ཏུ་དབྱེ་བ་ཡིས། །ཐེག་པ་རྣམ་པ་གསུམ་དུ་འདོད། །ཅེས་སོ། །ཡང་ན། གསང་བ་ཐིག་ལེ་ནོར་བུའི་རྒྱུད་ལས། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་བཟུང་། །ཞེས་སོ། །རྒྱུའི་ཐེག་པ་གསུམ་འབྲས་བུའི་ཐེག་པ་དང་བཞིར་ཡང་བཤད་དེ་སྒྱུ་འཕྲུལ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །ལྔར་ཡང་བཤད་དེ་ལང་ཀར་གཤེགས་པ་ལས། །ལྷ་ཡི་ཐེག་དང་ཚོངས་པའི་ཐེག །དེ་བཞིན་དུ་ཡང་ཉན་ཐོས་དང་། །རང་སངས་རྒྱས་ཀྱི་ཐེག་པ་དང་། །ཐེག་པ་ཆེན་པོ་ཞེས་བྱ་བའི། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་སོ། །དྲུག་ཏུའང་བཤད་དེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་སོ། །བདུན་དུའང་བཤད་དེ། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་སོ། །དགུར་ཡང་བཤད་དེ། རྒྱུད་གསང་སྙིང་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གནས་པའི་དོན་ཉིད་དེ། །ཞེས་སོ། །དེ་ལྟར་རྣམ་གྲངས་མཐའ་ཡས་པ་དག་ཀྱང་རང་བཞིན་རྫོགས་པ་ཆེན་པོ་སངས་རྒྱས་ཀྱི་ས་གཅིག་པུ་ལ་དཀྲི་བའི་ངལ་སྟེགས་ཏེ། དམ་ཆོས་པད་མ་དཀར་པོ་ལས། ང་ཡིས་བསྟན་པའི་ཐེག་པ་དགུ་པོ་དག །སེམས་ཅན་དག་གི་མཐུ་དང་མོས་པར་བསྟན། །འདི་ལྟར་ཐབས་ཀྱི་ཡེ་ཤེས་མཆོག་ཆེན་ལ། །རབ་ཏུ་གཟུད་པའི་ཕྱིར་ན་ངས་བཤད་དོ། །ཅེས་སོ། །འོ་ན་ཐེག་པ་གཞན་ལ་འབྲས་བུ་མེད་དམ་ཞེ་ན། རང་རང་གི་རྒྱུ་མཐུན་གྱི་འབྲས་བུ་རེ་ཡོད་དེ། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། །མྱ་ངན་ལས་འདའ་བའི་ཕྱིར་ཉེ་བར་གནས་ཏེ། །ཉན་ཐོས་ཀྱི་ས་ལ་མྱ་ངན་ལས་འདའ་བར་འདོད་ནའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །ཞེས་སོགས་གསུངས་པས་དེ་དག་ཀྱང་ཐེག་པ་སོ་སོའི་ངེས་འབྱུང་ཡིན་ཏེ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། ཞི་བྱེད་ཆུ་ཀླུང་རོལ་པའི་རྒྱུད་ལས། སྣང་སྲིད་འཁོར་འདས་ཆོས་རྣམས་ཐམས་ཅད་ལ། །རང་དགར་སྤྱོད་པ་སྐྱེ་བོ་འཁྲུལ་བའི་ངོ་། །ཡོད་མེད་བརྟག་སྤྱོད་མུ་སྟེགས་འཁྲུལ་བའི་བློ། །དངོས་པོར་འཛིན་པ་ཉན་ཐོས་དམན་པའི་རིགས། །གཉིས་འཛིན་རང་རྒྱལ་ས་མི་ཟིན་པ་སྟེ། །བདེན་འདོད་རྫུན་འདོད་སེམས་ཙམ་འདོད་པས་བཅིངས། །སྒྱུ་མས་ཁས་ལེན་དབུ་མས་སྐྱོན་མི་སྤངས། །ཁས་ལེན་མེད་པའི་ཐལ་འགྱུར་རྟོག་གེ་བ། །ལྷ་རུ་འཛིན་པ་འདྲེ་ཡི་ལྟ་བ་ཡིན། །གསལ་བར་འདོད་པས་གཏི་མུག་ཆེན་པོ་ཡིན། །ཉོན་མོངས་བདེ་བར་འདོད་པས་སྡུག་བསྔལ་རྒྱུ། །སྙིང་པོའི་དོན་ལ་ཚིག་གི་ལྟ་བ་མེད། །བརྗོད་བྲལ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་འདི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་ན་རྨོངས་པར་ཤེས་པར་བྱ། །ཞེས་སོ། །དེས་ན་མཐར་ཐུག་གི་ཐེག་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་སྟེ། པདྨ་དཀར་པོ་ལས་ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། །བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །ཞེས་སོ། །དེ་ཡང་ཐེག་པའི་སྤྲོས་པ་ལས་འདས་པ་རང་བཞིན་རྫོགས་པ་ཆེན་པོ་བྱ་བཙལ་ལས་འདས་པའི་ཡེ་ཤེས་དེ་ཉིད་མཐར་ཐུག་གི་འབྲས་བུ་ཡིན་ཏེ། ལངྐར་གཤེགས་པ་ལས། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་དང་། ཡེ་ཤེས་ཡིན་གྱི་ཐེག་པ་མིན་ཞེས་པའི་དོན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། ཐེག་པའི་དབྱེ་བ་དང་འདོད་ཚུལ་མང་ནའང་། །འདིར་ནི་རྫོགས་པ་ཆེན་པོའི་རིང་ལུགས་ལྟར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལ། །མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་ཞེས་གསུངས། །ཀྲི་ཡ་ཨུ་པ་ཡོ་ག་ཕྱི་པ་གསུམ། །བླ་མེད་ཕ་རྒྱུད་མ་ཧཱ་ཡོ་ག་དང་། །མ་རྒྱུད་ཨ་ནུ་ཡོ་གར་གྲགས་པ་དང་། །གཉིས་མེད་རྒྱུད་སྡེ་ཨ་ཏི་ཡོ་ག་ལ། །ནང་རྒྱུད་གསུམ་ཞེས་ཐེག་པ་རིམ་དགུར་བསྡུ། །དེ་ལྟར་དགུ་ཡོད་པ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པ་བཤད་པ་ལའང་། ཕྱི་རོལ་པ་ལས་འཕགས་ཚུལ་དང་། ཐེག་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། ཏྲི་སིན་དུ་ཨ་པ་ཏ་རིའི་རྒྱུད་ལས། བསྟན་དང་སྟོན་དང་ལྟ་སྤྱོད་ཚུལ་བལྟས་དང་། །ཆོས་རྟག་བཞི་དང་བཤད་པ་ཁྱད་པར་ཆེ། །ཞེས་གསུངས་པས། སྟོན་པ་སྐུ་གསུམ་འཛིན་པ་ནང་པ། དབང་ཕྱུག་ཁྱབ་འཇུག་ལ་སོགས་འཛིན་པ་ཕྱི་པ། སྟོན་པ་སངས་རྒྱས་ནི་ནང་པ། མུ་སྟེགས་དྲུག་སོགས་ཕྱི་བ། ལྟ་བ་སྤྲོས་བྲལ་དུ་འདོད་པ་ནང་པ། རྟག་ཆད་དུ་ལྟ་བ་ཕྱི་བ། སྤྱོད་པ་དགེ་བཅུར་སྤྱད་པ་ནང་པ། མེ་ལྔ་སོགས་བསྟེན་པ་ཕྱི་པ། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ནང་པ། གཙང་རྟག་བདེ་བདག་བཞི་འདོད་པ་ཕྱིའོ། །ཆོས་རྟགས་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། །གཉིས་པ་ནི། སྤྱིར་སྤྲུལ་པའི་ཉན་ཐོས། གྲུབ་མཐའ་འཛིན་པའི་ཉན་ཐོས། འགོག་པའི་ཉན་ཐོས་གསུམ་དུ་འདོད་ཀྱང་། འདིར་རང་རང་གི་གྲུབ་མཐའ་མདོར་བསྟན་པ་ལ། སྤྱི་དང་། ཁྱད་པར་གཉིས་ལས། དང་པོ་ནི། ཉན་ཐོས་པ་དག་ཕྱི་གཟུང་བ་ཆོས་ཀྱི་བདག་མེད་མ་རྟོགས་ལ། ནང་འཛིན་པ་གང་ཟག་གི་བདག་མེད་རྟོགས་པ་སྟེ། ལམ་དམིགས་ཡུལ་བདེན་པ་བཞིས་བསྡུས་པའི་ཆོས་ལ་བླང་དོར་དུ་བྱེད་པས་འཇུག་སྟེ། དེའང་སྡུག་བསྔལ་གྱི་བདེན་པ་ནད་དང་འདྲ་བ་ལུས་ངག་ཡིད་གསུམ་འཁོར་བའི་དུས་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔ་དང་བཅས་པ་སྤང་བའི་ཕྱིར་རང་བཞིན་ཤེས་པར་བྱ་བ་དང་། ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་སྟེ་དུག་གསུམ་ལ་སོགས་འདུ་བྱེད་ཀྱི་ལས་སྤང་བར་བྱ་བ་དང་། འགོག་པའི་བདེན་པ་ནི་ནང་ལས་གྲོལ་བའི་བདེ་བ་དང་འདྲ་སྟེ། སྲིད་པའི་གཟེབ་ལས་གྲོལ་བའི་དགའ་བ་ཐོབ་པར་བྱ་བ་དང་། ལམ་བདེན་ནི་སྨན་དང་འདྲ་སྟེ་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱ་བའི་ཕྱིར་མངོན་དུ་བྱ་བ་ལ་འཇུག་པ་སྟེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེ་གནས་ཐོབ་པར་བྱ་ཕྱིར་སྨན་དག་བསྟེན་བྱ་བཞིན། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་ལམ་བདེན་པ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བརྟེན་པར་བྱ། །ཞེས་སོ། །གཉིས་པ་ལའང་། བྱེ་བྲག་པ་དང་། མདོ་སྡེ་པ་གཉིས་ལས། དང་པོ་ནི། དེ་ཡང་ཕྱི་གཟུང་བ་ཆོས་ཀྱི་བདག་མ་བརྟག་པའི་ངོར་སྣང་བ་རི་ལ་སོགས་འདི་དག་གཡག་རྔ་ནེའུ་སེང་ལྟར་འཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ། ནང་འཛིན་པ་གང་ཟག་གི་བདག་ཕུང་པོ་ཁམས་དང་སྐྱེ་མཆེད་དུས་གསུམ་དུ་སྣང་བའི་བློ་ཡང་སྐད་ཅིག་ཆ་ཤས་མེད་པར་ཁས་བླངས་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །དེ་ཡང་གཟུང་བ་ཆོས་ཀྱི་བདག་ནི་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་འདོད་པའོ། །གཉིས་པ་མདོ་སྡེ་པ་ནི། གང་ཟག་གི་བདག་མེད་སྔར་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་བདག་མེད་ཕྱོགས་གཅིག་གིས་འཕགས་ཏེ། དེའང་ཆ་དང་བཅས་པའི་རྡུལ་ཕྲན་ཤེས་བྱའི་གཞི་ལྔ་གཙོ་བས་ཁེགས་ལ། ཆ་མེད་ཀྱི་རྡུལ་ཕྲན་ཙམ་མ་ཁེགས་ཏེ། ཆོས་ཀྱི་བདག་གི་ཕྱེད་གཟུང་ཡུལ་རགས་སྣང་གི་རྡུལ་ཕྲན་རེག་ལ་མ་འབྱར་བ་ཙམ་དེ་ཡང་ཆ་མེད་དུ་རྟོགས་པས་འཕགས་ཏེ། དོན་གྱི་ལྟར་མེད་པས་རྡུལ་ཕྲན་ཁས་མ་བླང་པ་དང་འདྲའོ། །དེ་དག་གིས་དོན་སྒོམ་པའི་ཚུལ་ཡང་། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་སོ་ཐར་རིགས་བདུན་གྱི་སྒོར་ཞུགས་ནས་དགེ་སྦྱོང་གི་ཆོས་བཞི་དང་། སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་དང་ལྡན་པས་ཐོས་བསམ་བསྟེན་པ་དང་། དུག་གསུམ་གཉེན་པོས་བཅོམ་པ་དང་། དཀར་པོ་རྣམ་པར་མཐོང་བ་ལ་སོགས་པ་བརྒྱད་བསྒྲོད་དེ་མཐོང་སྤང་དང་སྒོམ་སྤང་གིས་ཕྲ་རྒྱས་སྤངས་ནས། དགྲ་བཅོམ་པ་རྒྱན་ཅན་དང་རྒྱན་མེད་ཀྱི་འབྲས་བུ་མངོན་དུ་བྱེད་པའོ། །ཐེག་པའི་རྣམ་དབྱེ་འདི་དག་ཤིན་ཏུ་གལ་ཆེ་ནའང་། འདིའི་བརྗོད་བྱའི་སྐབས་ཕྱོགས་ཙམ་ལས་མ་སྤྲོས་པས་གཞན་དུ་རྟོགས་པར་བྱའོ། །གཉིས་པ་རང་སངས་རྒྱས་ཀྱི་ཐེག་པ་ནི། ཉན་ཐོས་ལྟར་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། གཟུང་བ་ཆོས་ཀྱི་བདག་ཕྱེད་རྟོགས་པས་འཕགས་ཏེ། འགྲེལ་ཆུང་ལས། ཉན་ཐོས་དང་དེའི་ཕྱོགས་སུ་ཀླན་པ་རང་སངས་རྒྱས་ཏེ་མངོན་པར་རྟོགས་པ་གཅིག་གིས་འཕགས་པ། ཞེས་སོ། །དེ་ཡང་དམིགས་ཡུལ་བདེན་བཞིས་བསྡུས་པའི་ཆོས་ལ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ཏུ་བསྒོམས་པས་ཁམས་གསུམ་པའི་ཕྲ་རྒྱས་སྤང་བར་འདོད་དེ། གང་ཟག་གི་བདག་མེད་སྔར་ལྟར་ལས། ཆོས་ཀྱི་བདག་ཕྱེད་ཕྱི་གཟུང་བ་རྡུལ་ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར། གཟུགས་བརྙན་ལྟར་རང་བཞིན་གྱི་ངོ་བོ་ཉིད་མེད་ཅིང་མ་སྐྱེས་པར་རྟོགས་ལ། ནང་ཡུལ་སྣང་འཛིན་མཁན་གྱི་ཤེས་པ་སྐད་ཅིག་མ་དོན་དམ་པའི་ངོ་བོར་འདོད་དེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་སོ། །དབྱེ་ན་བསེ་རུ་ལྟར་གཅིག་པུར་གནས་པར་ཚོགས་སྤྱོད་ཆུང་བ་དང་། ནེ་ཚོ་ལྟར་ཁྱུར་ལྡིང་པ་ཚོགས་སྤྱོད་ཆེ་བ་དང་། དེ་དག་ཀྱང་། མཛོད་ལས། བསེ་རུ་བསྐལ་པ་བརྒྱ་ཡིས་རྒྱུས། །ཞེས་པས་བསྐལ་བ་བརྒྱར་ཚོགས་བསགས་ཤིང་ལམ་བསྒྲོད་ཚུལ་ཕལ་ཆེར་ཉན་ཐོས་དང་མཐུན་ལ། འབྲས་བུ་ཡིད་བཞིན་བདེ་བ་མཆོག་གི་ས་ཞེས་དགྲ་བཅོམ་པ་མངོན་དུ་བྱེད་པའོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལའང་། འོག་མ་ལས་འཕགས་ཚུལ་དང་། ཐེག་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། འགྲོ་བའི་དོན་དུ་དམིགས་པ་ཆེ་བ་ལ་སོགས། སྟོང་ཉིད་སྙིང་རྗེའི་ངོ་བོ་ཡིན་པས་ཐེག་པ་ཆེན་པོ་ཞེས་བྱ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་པོ། དགའ་སྐྱིད་བདེ་བ་མངོན་པར་སྒྲུབ་བྱེད་ཐེག་པ་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟློ། རྒྱུ་དེས་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཞེས་སོ། །འཕགས་ཚུལ་དངོས་ནི། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་པ་ཆེ་ཞེས་ངེས་པར་བརྗོད། །ཅེས་སོ། །གཞན་ཡང་ལང་ཀར་གཤེགས་པ་ལས། །ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་སོ། །ཆོས་ལྔ་ནི། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའོ། །རང་བཞིན་གསུམ་ནི། ཀུན་བཏགས། གཞན་དབང་། ཡོངས་གྲུབ་བོ། །རྣམ་པར་ཤེས་པ་བརྒྱད་ནི། ཚོགས་དྲུག་དང་། ཉོན་ཡིད། ཀུན་གཞིའི་རྣམ་ཤེས་ཏེ་བརྒྱད་དོ། །བདག་མེད་གཉིས་ནི་གཟུང་བ་ཆོས་དང་། འཛིན་པ་གང་ཟག་གི་བདག་མེད་དོ། །གཉིས་པ་ལའང་། ལམ་སྤྱིའི་ངོ་བོ་དང་། གྲུབ་མཐའ་སོ་སོར་བཤད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། གཞི་བདེན་གཉིས་ཀྱི་རང་བཞིན་ཤེས་པར་བྱ་བ་དང་། དེ་ཉམས་སུ་བླང་བ་དང་། མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སུ་འདུས་ཏེ། རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུས། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །དེ་ལ་ཡང་ཆོས་ཅན་མཚན་མར་སྣང་བའི་བློ་ཡུལ་དུ་སྣང་བ་རྣམས་ཀུན་རྫོབ་ཀྱི་བདེན་པ་སྟེ། དབྱེ་ན། སྣང་ལ་དོན་བྱེད་མི་ནུས་པ་སྐྲ་ཤད་དང་ཟླ་གཉིས་ཀྱི་སྣང་བ་ལ་སོགས་པ་ནི་ལོག་པའི་ཀུན་རྫོབ་དང་། དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པ་ནི། ཡང་དག་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །ཆོས་ཉིད་རང་བཞིན་གྱིས་སྟོང་པ་དང་། རྗེས་སུ་འཇལ་བས་སྤྲོས་པ་ཞི་བའི་རྣམ་པ་ཅན་ནི། དོན་དམ་གྱི་བདེན་པ་སྟེ། དབྱེ་ན། རིགས་པས་གཞལ་ན་སྐྱེ་བ་ལ་སོགས་མ་གྲུབ་པའི་ཆོས་ཉིད་གཤིས་དང་མཐུན་པར་སྐྱེས་པ་རྣམ་གྲངས་པའི་དོན་དམ་དང་། གདོད་ནས་སྤྲོས་པ་ལས་འདས་པའི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ། དེ་ཉིད་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡར་མཛད་དོ། །ཞེས་སོ། །གཉིས་པ་ནི། ཐེག་ཆེན་སོ་ཐར་གྱི་སྡོམ་པ་གང་རུང་གི་སྟེང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལམ་ལྔ་ས་བཅུ་མངོན་དུ་བྱེད་པའོ། །གསུམ་པ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་དམ་པ་གཉིས་ཐོབ་ནས། །མཁྱེན་པ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ལྟ་བུར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་གྲུབ་པའི་མཐའ་སོ་སོར་བཤད་པ་ལའང་། སེམས་ཙམ་པ་དང་དབུ་མ་པ་གཉིས་ལས། དང་པོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཁོ་ན་ཙམ་ལས་གཞན་མེད་དེ། དེ་ཡང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་དེ། རྣམ་ངེས་ལས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་པའང་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་སོ། །དབྱེ་ན། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དོན་སྣང་ཤེས་པར་འདོད་དང་མི་འདོད་ལས། །རྣམ་པ་བདེན་རྫུན་གཉིས་སུ་གྲགས་པ་སྟེ། །ཞེས་པས་ཕྱི་རོལ་སྣ་ཚོགས་སུ་སྣང་བ་རང་གི་ཤེས་པ་དོན་གཞན་དུ་སྣང་བར་འདོད་པ་རྣམ་བདེན་པ་དང་། ཤེས་པ་མ་ཡིན་ཏེ་ཤེས་པ་རྫུན་པས་ན་བག་ཆགས་བརྟས་པའི་སྣང་བ་དེར་སྣང་བའོ། །ཞེས་རྣམ་རྫུན་གཉིས་སོ། །གཉིས་པ་ནི། སྣང་སྲིད་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྤྲོས་མཐའ་དང་བྲལ་ཞིང་དབུས་ལའང་མི་གནས་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ཏེ། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་སོ། །དབྱེ་ན་གཉིས་ཏེ། དབུ་མ་རང་རྒྱུད་པ་ནི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སྣང་ལ། དེ་ཡང་བརྟགས་ན་དོན་དམ་པར་རང་བཞིན་མེད་པར་འདོད་དེ། དབུ་མ་བདེན་གཉིས་ལས། ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིགས་པས་བརྟག་ན་འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དབུ་མ་ཐལ་འགྱུར་བ་ནི། དཔྱད་རུང་མ་དཔྱད་རུང་དུས་གཏན་དུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཁས་ལེན་ཐམས་ཅད་དང་བྲལ་བ་སྟེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་དང་། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ངལ་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །དེ་དག་ནི་གང་ཟག་དབང་པོ་ཆུང་ངུའི་རབ་འབྲིང་ཐ་གསུམ་ལ་དགོངས་པ་སྟེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་ཟིན་ཏོ། །བཞི་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་བཤད་པ་ལ། དཀྱུས་ལྟར་རྒྱུད་སྡེ་དྲུག་པོ་བཤད་པ་དང་། ཞར་ལ་སྔགས་གསར་མའི་བཞེད་པ་འཕྲོས་པ་དང་གཉིས་ལས། དང་པོ་ལ་གཉིས་ཏེ། འོག་མ་ལས་འཕགས་ཚུལ་དང་། དེ་ཉིད་དངོས་བསྟན་པའོ། །དང་པོ་ནི། མཐར་ཐུག་གི་གཉེར་བྱ་ཀུན་འདོད་པ་མཚུངས་ནའང་། གསང་སྔགས་ནི་ལམ་སྒྲུབ་པའི་ཚུལ་ལ་མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་ཚེགས་མེད་པ་དང་། དབང་པོ་རྣོན་པོའི་ཁྱད་པར་གྱི་ཆོས་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། གཞན་ཡང་། ར་ལི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཉན་ཐོས་ལ་སོགས་ཐེག་དམན་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུད་དང་ལམ་དང་འབྲས་བུ་དང་། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་དགོངས་པ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་ཡི་ཁྱད་པར་དང་། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །དཀྱུས་ལྟར་རྒྱུད་སྡེ་དྲུག་ཏུ་བཤད་པ་ལ། ཕྱི་ཐུབ་པ་རྒྱུད་གསུམ། ནང་པ་ཐབས་ཀྱི་རྒྱུད་སྡེ་གསུམ་དང་དྲུག་ལས། དོན་བཞི་པ་ཀྲི་ཡ་སྟེ་བྱ་བའི་རྒྱུད་ནི། ལུས་ངག་གི་དག་པ་གཙོར་བྱས་ཏེ། ཡིད་ཀྱི་ལྷ་ཡེ་ཤེས་སེམས་དཔའ་དང་། བདག་དམ་ཚིག་སེམས་དཔའ་རྗེ་འབངས་ཀྱི་ཚུལ་དུ་བལྟ་བས་དངོས་གྲུབ་སྒྲུབ་པ་སྟེ། ཡེ་ཤེས་རོལ་པའི་རྒྱུད་ལས། དོན་དམ་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །ཀུན་རྫོབ་སྒྱུ་མ་ལྟ་བུའི་སྐུར་སྣང་ལ། །རྗེ་འབངས་ཚུལ་དུ་དང་པས་རབ་བསྒོམ་ན། །དངོས་གྲུབ་དམ་པ་སངས་རྒྱས་ཐོབ་པར་འགྱུར། །ཞེས་སོ། །གསར་མ་པ་ཁ་ཅིག །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང་། །ཞེས་པས་བདག་བསྐྱེད་མེད་པར་བཞེད་ཀྱང་། རྙིང་མའི་རྒྱུད་དང་སྒྲུབ་ཐབས་རྣམས་སུ་ཡོ་གའི་རྒྱུད་ལྟར་དུ་བཀྲལ་ནས་བདག་བསྐྱེད་གསུངས་སོ། །ལྔ་པ་ཨུ་པ་ཡ་སྟེ་སྤྱོད་པའི་རྒྱུད་ནི། སྤྱོད་པ་ཀྲི་ཡ་ལྟར་སྤྱོད་ཅིང་། ལྟ་བ་ཡོ་ག་ལྟར་བལྟ་བས་བདག་དང་ལྷ་གྲོགས་པོ་ལྟ་བུས་དངོས་གྲུབ་འདོད་པ་སྟེ། བློ་གྲོས་རྒྱ་མཚོའི་རྒྱུད་ལས། དོན་དམ་རྣམ་དག་ཡེ་ཤེས་ཆེན་པོ་ལས། །སྒྱུ་མའི་ཚུལ་སྟོན་གྲོགས་པོ་ལྟ་བུར་བསྒོམ། །མཆོད་བསྟོད་སྔགས་བཟླས་སངས་རྒྱས་ཉིད་དུ་འགྱུར། །ཞེས་སོ། །ལྔ་པ་ཡོ་ག་སྟེ་རྣལ་འབྱོར་གྱི་རྒྱུད་ནི། ལུས་ངག་གཙོ་བོར་མི་སྟོན་ཅིང་། །སེམས་ཀྱི་བྱ་བ་གཙོ་བོར་སྟོན་པས་མངོན་བྱང་ལྔའི་སྒོ་ནས་ལྷ་དང་བདག་གཉིས་དབྱེར་མེད་བསྲེ་བས་དངོས་གྲུབ་འདོད་པ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བདག་མདུན་གཉིས་པོ་ལྷར་བསྐྱེད་ནས། །མཆོད་བསྟོད་བཟླས་པ་ཚར་བ་དང་། །ཡེ་ཤེས་པ་གཤེགས་མགྲོན་ལྟ་བུ། །བསྒོམ་པས་སངས་རྒྱས་ཉིད་དུ་འགྱུར། །ཞེས་སོ། །འདི་དག་གི་ཤན་འབྱེད་རྒྱུད་སྡེའི་རྣམ་གྲངས་སོགས་མཐའ་ཡས་ཀྱང་འདིར་ཡི་གེས་འཇིགས་སོ། །དེ་དག་ནི་དབང་པོ་འབྲིང་པོ་གསུམ་ལ་དགོངས་པའོ། །ནང་པ་ཐབས་ཀྱི་རྒྱུད་གསུམ་བཤད་པ་ལའང་། གསང་སྔགས་ཕྱི་ནང་གི་ཁྱད་པར་དང་། བྱེ་བྲག་སོ་སོར་བཤད་པ་གཉིས་ལས། །དང་པོ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི། ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པད་མ་དཀར་པོར་གསང་སྔགས་ཕྱི་ནང་གཉིས་ཀྱི་ཁྱད་པར་རམ། འཕགས་ཚུལ་བཅུ་གཉིས་གསུངས་ཏེ། སྨིན་བྱེད་ཀྱི་དབང་ལའང་། རིག་པའི་དབང་ལྔ་དང་བུམ་དབང་གཙོ་ཆེ་བ་གསང་སྔགས་ཕྱི་པ། དབང་བཞི་རྫོགས་པར་བསྐུར་བ་ནང་པ། ལམ་བསྐྱེད་རིམ་རེས་འཇོག་གི་རྫོགས་རིམ་སྒོམ་པ་ཕྱི་པ། བསྐྱེད་རྫོགས་ཟུང་འཇུག་སྒོམ་པ་ནང་པ། སྤྱོད་པ་གཙང་སྦྲ་ལ་སྤྱོད་པ་ཕྱི་པ། གཉིས་མེད་དུ་སྤྱོད་པ་ནང་པ། ལོངས་སྤྱོད་དཀར་གསུམ་མངར་གསུམ་གཙོ་ཆེ་བ་ཕྱི་པ། ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ནང་བ། གོས་རས་སོགས་གཙང་མ་གཙོ་ཆེ་བ་ཕྱི་པ། ཞིང་ཆེན་ནམ་གོས་མེད་གཙོ་ཆེ་བ་ནང་པ། བྱ་བ་ཁྲུས་དང་གཙང་སྦྲ་གཙོ་ཆེ་བ་ཕྱི་པ། འབག་པ་དང་མ་དག་པས་མི་གནོད་པ་ནང་པ། འབྲས་བུ་ཚེ་བཅུ་དྲུག་ལ་སོགས་ན་འདོད་པ་ཕྱི་པ། ཚེ་འདིའམ་བར་དོར་འགྲུབ་པ་ནང་པ། ལྷ་ཞལ་སྦྱོར་དུ་མི་བསྒོམ་པ་ཕྱི་པ་སྒོམ་པ་ནང་པ། རྒྱན་དར་དང་རིན་པོ་ཆེ་གཙོ་ཆེ་བ་ཕྱི་པ། དུར་ཁྲོད་ཀྱི་ཆས་རོལ་བ་ནང་པ། གནས་རི་རབ་ཀྱི་སྟེང་ལ་སོགས་དབེན་པར་གནས་པ་ཕྱི་པ། ཨོ་རྒྱན་དང་དུར་ཁྲོད་ལ་སོགས་པར་སྒོམ་པ་ནང་པ། སྣོད་རིན་པོ་ཆེའམ་པད་མའི་གཞོང་པ་ནི་ཕྱི་པ། ཀ་པཱ་ལ་གཙོ་ཆེ་བ་ནང་པ། ལས་ཞི་རྒྱས་གཙོ་ཆེར་སྟོན་པ་ཕྱི་པ། དབང་དྲག་གཙོ་ཆེར་སྟོན་པ་གསང་སྔགས་ནང་པར་གསུངས་སོ། །བྱེ་བྲག་ཏུ་ཕ་རྒྱུད་མ་ཧཱ་ཡོ་ག་དང་། མ་རྒྱུད་ཨ་ནུ་ཡོ་ག་གཉིས་ལའང་ཁྱད་པར་བདུན་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་ཁྱད་པར་ལའང་། དབང་དང་སྦྱིན་སྲེག་ལ་སོགས་ཆོ་ག་མང་པོ་རྒྱ་ཆེ་བ་གཙོར་སྟོན་ན་ཕ་རྒྱུད། བསྐྱེད་རིམ་དང་རྫོགས་རིམ་སོགས་ཟབ་པ་གཙོར་སྟོན་ན་མ་རྒྱུད། བསྐྱེད་རིམ་ལའང་། ལྷ་གཙོ་བོ་འཕོ་ཞིང་གཙོ་མོ་མི་འཕོ་ན་ཕ་རྒྱུད། གཙོ་མོ་འཕོ་ཞིང་གཙོ་བོ་མི་འཕོ་ན་མ་རྒྱུད། རྣམ་པའམ་ཆ་ལུགས་ཀྱང་། གང་དུ་ལྷ་ཕོའི་རྣམ་པ་མང་ཞིང་དར་དང་རིན་པོ་ཆེས་བརྒྱན་པ་ཕ་རྒྱུད། ལྷ་མོའི་རྣམ་པ་མང་ཞིང་རུས་རྒྱན་དང་རོ་གདན་ཡོད་པ་མ་རྒྱུད། ཕྱོགས་ཀྱང་མངོན་རྟོགས་ལ་སོགས་པའི་ཚེ། གཡས་བསྐོར་བྱེད་པ་ཕ་རྒྱུད། གཡོན་དུ་བསྐོར་བ་མ་རྒྱུད། མཚོན་པའང་། གཙོ་བོར་སྐྱེས་པས་མཚོན་ཅིང་། དུས་ཉིན་མོ་དང་ཡར་ངོ་གཙོ་ཆེ་བ་ཕ་རྒྱུད། དེ་ལས་བཟློག་པས་མ་རྒྱུད། རྫོགས་རིམ་ཡང་རྩ་ཐིག་བདེ་བ་གཙོར་བྱེད་པ་ཕ་རྒྱུད། རླུང་དང་གསལ་བ་ལམ་དུ་བྱེད་པ་མ་རྒྱུད། རྣམ་དག་ཀྱང་ཕུང་ཁམས་དག་པ་ལྷ་དང་ལྷ་མོར་བྱེད་པ་ཕ་རྒྱུད། རྩ་ཁམས་དག་པ་དཔའ་བོ་དང་རྣལ་འབྱོར་མར་སྟོན་པ་མ་རྒྱུད་དུ་གྲུབ་མཐའ་མཛོད་ལས་གསུངས་སོ། །དྲུག་པ་ཕ་རྒྱུད་མ་ཧཱ་ཡོ་ག་ནི། སྣང་སྲིད་ལྷ་དང་གཞལ་ཡས་ཁང་དུ་གསལ་ཞིང་། ཕུང་ཁམས་སྐྱེ་མཆེད་དག་པ་ལྷར་གསལ་བས་རླུང་གཙོ་བོར་གྱུར་པའི་ལམ་བསྒོམ་པས་ཚེ་འདིར་གྲོལ་བར་འདོད་དེ། ཡེ་ཤེས་རོལ་པའི་རྒྱུད་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གི་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པས། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་སོ། །དབྱེ་ན་གཞི་ལམ་འབྲས་བུ་གཙོ་བ་དང་། ཐབས་ལམ་སྒྲུབ་པ་གཙོ་བ་དང་། སྣ་ཚོགས་ལམ་འགྱུར་དུ་འདོད་པ་གསུམ། སྣ་ཚོགས་ལམ་འགྱུར་ལའང་རྒྱུད་དང་ནོ་པི་ཀ་གཉིས། ནོ་པི་ཀ་ལའང་ས་ཏྭ་ནོ་པི་ཀ་དང་། མཎྜལ་ནོ་པི་ཀ་གཉིས་ཡོད་ལ། ངེས་བྱེད་ཀྱི་རྒྱུད་སྡེའང་མཐའ་ཡས་པའོ། །བདུན་པ་མ་རྒྱུད་ཨ་ནུ་ཡོ་ག་ནི། སྣོད་བཅུད་ལྷའི་རང་བཞིན་དུ་དབྱིངས་ནས་སངས་རྒྱས་པ་ཙམ་དུ་རྟོགས་པའི་ངང་ནས་བསྐྱེད་རིམ་ལུས་རྩ་རླུང་དག་པ་ལྷ་དང་གཞལ་ཡས་ཁང་དུ་ཤེས་པས། རྫོགས་རིམ་རླུང་སེམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པས་ཚེ་འདིར་གྲོལ་བ་སྟེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེད་དུ་སུས་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་སངས་རྒྱ། །ཞེས་སོ། །དབྱེ་ན་ལུང་དང་མདོ་གཉིས་ཏེ་རྒྱུད་སྡེའི་རྣམ་གྲངས་གཞན་ནས་ཤེས་སོ། །བརྒྱད་པ་གཉིས་མེད་ཨ་ཏི་ཡོ་ག་ལའང་། འོག་མ་ལས་འཕགས་ཚུལ་ནི། གོང་དུ་བཤད་པ་ལྟར་ཐེག་པ་འོག་མ་རྣམས་ནི་ཡིད་དཔྱོད་དུ་འཛིན་པའི་ལྟ་བ་ལ་ཞེན་པས་ལམ་འདིའི་སྟེགས་སུ་གནས་པ་ཙམ་སྟེ། ཀུན་བྱེད་ལས། དེས་ཐོབ་པ་ཡི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་ས་བསྟན། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། ཐེག་བརྒྱད་ཨ་ཏི་བློ་འདས་ཁྱད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་ཨ་ཏི་ཡོ་གའི་ངོ་བོ་ནི། སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཀུན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་སྟེ། སྔ་མ་ལས། གཅིག་རྫོགས་གཉིས་རྫོགས་སེམས་ལ་རྫོགས། །གཅིག་རྫོགས་སེམས་ཀྱིས་བྱས་པར་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོབ་བྱང་ཆུབ་སེམས་སུ་རྫོགས། །ཞེས་སོ། །དབྱེ་ན། རང་སེམས་ལས་གཞན་པའི་ཆོས་ལོགས་སུ་མེད་པས་སེམས་སྡེ་དང་། ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་གཞན་དུ་འགྲོ་ས་མེད་པས་ཀློང་སྡེ་དང་། ཡིན་ལུགས་གནད་ཐོག་ཏུ་ཕེབས་པས་མན་ངག་གི་སྡེ་དང་གསུམ་ཡོད་ལ། མན་ངག་གི་སྡེ་ལའང་ཕྱི་སྐོར་ནང་སྐོར་གསང་སྐོར་གསུམ། དེ་དག་ཐམས་ཅད་ལས་མཆོག་ཏུ་འཕགས་པ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་མངོན་སུམ་སྙིང་ཐིག་གི་སྐོར་རོ། །དེ་དག་ནི་དབང་པོ་རབ་གསུམ་ལ་དགོངས་པ་སྟེ། གསང་སྔགས་ཕྱི་ནང་གཉིས་ལ་གསུམ་གསུམ་སྟེ། རྒྱུད་སྡེ་དྲུག་ཏུ་བཞེད་དེ། ཐལ་འགྱུར་ལས། འདས་པ་རྒྱུ་དང་འབྲས་བུ་ཡིས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉིས་པ་ལས་ཕྱེ་དྲུག་ཏུ་འགྱུར། །ཞེས་གསུངས་སོ། །གཉིས་པ་ཞར་ལ་གསང་སྔགས་གསར་མའི་བཞེད་པ་འཕྲོས་སུ་བཤད་དེ། རྒྱུད་སྡེ་བཞིར་འདོད་པ་དང་། གསུམ་དང་། ལྔ་དང་། དྲུག་ཏུ་འདོད་པ་ཡོད་དེ། དང་པོ་ནི། གསང་བ་འདུས་པ་ལས། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་གསུངས་པ་བཞིན་དུ། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ། ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་སྟོན་པས་རྣལ་འབྱོར་བླ་མེད་དང་བཞི་སྟེ། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས། བདེ་བར་གཤེགས་པའི་དགོངས་པའི་རྒྱུད། །རྣམ་པ་བཞི་རུ་ཡང་དག་བཤད། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཅེས་སོ། །གཞན་ཡང་། མི་རིགས་བཞི། བློ་རིགས་བཞི། དུས་བཞི། འདོད་ཆགས་བཞི། ཕྱིན་ཅི་ལོག་གི་ལྷ་བཞི་འདུལ་བ་ལ་དགོངས་ནས་ཀྱང་བཞིར་བཞག་གོ། །གསུམ་དུ་འདོད་པའང་། སློབ་དཔོན་སངས་རྒྱས་གསང་བས། །རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད། །ཅེས་པའི་རྗེས་སུ་འབྲངས་ནས། རྣལ་འབྱོར་བླ་མེད་མར་རྣལ་འབྱོར་གྱི་ཁོག་ཏུ་བརྒྱབ་པས་རྒྱུད་སྡེ་གསུམ་དུ་འདོད་པའོ། །ཡང་རྟོགས་པ་དུམ་བུའི་རྒྱུད། བྱ་སྤྱོད་རྣལ་འབྱོར་བླ་མེད་དེ་ལྔར་འདོད་པའང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། འདོད་མཆོག་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྟོན་པའི་ཕྱིར། བཙུན་མོའི་འཁོར་གྱིས་དབུས་སུ་བྷ་ག་ལ་བཞུགས་ཏེ། འཇིག་རྟེན་པ་དང་མི་འགལ་བའི་སྤྱོད་པ་དང་། མཐའ་དྲུག་གི་སྤྱོད་པ་སྟོན་པ་ནི་རྣལ་འབྱོར་གྱི་རྒྱུད་ལ་བཞུགས་སོ། །རིག་པ་དང་ལྷ་མོའི་དཀྱིལ་འཁོར་ལ་བཀོད་དེ། དེ་ལ་ཕྲིན་ལས་བསྒྲུབ་པ་དེ་ཁོ་ན་ཉིད་སྟོན་པ་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་ཕྱག་རྒྱ་ཆེན་པོ་སྒྲུབ་པར་བྱེད་པར་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིག་རྟེན་ལ་དམིགས་ཏེ་གཙང་སྦྲ་དང་། ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང་། རྨད་དུ་བྱུང་བའི་སྐྱོན་གྱི་རྒྱུའི་རྟོགས་པ་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་། སྦྱིན་སྲེག་དང་། བྱེ་མ་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་བརྒྱད་སྤྱོད་པས་འགྲུབ་པར་བྱེད་པ་རྟོགས་པ་དུམ་བུའི་རྒྱུད་ལ་བཞུགས་སོ། །ཞེས་པ་ལྟར་རོ། །ཡང་བརྟག་པ་གཉིས་པ་ལས། བལྟ་དང་དགོད་དང་ལག་བཅངས་དང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཏེ། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི། །སྦས་པའི་སྐད་ཀྱིས་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་བཞིར་མ་གསུངས་པའི་ཤུགས་ལས། །ལྔ་པ་ཞེས་འབྱུང་བ་ལ་དཔག་ནས། །སློབ་དཔོན་བྷ་བ་བྷ་ཏྲ་ལ་སོགས་པས་རྣལ་འབྱོར་བླ་མེད་ལ་གཉིས་སུ་དབྱེ་བས་ལྔར་འདོད་དོ། །ཡང་བདེ་མཆོག་བསྡུས་རྒྱུད་ལས། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པས། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་རྒྱལ་བའི་སྲས་ལྭ་བ་པའི་ན་བཟའ་ཅན་ལ་སོགས་པས། མདོ་སྡེ་རྡོ་རྗེ་ས་འོག་ལ་སོགས་རྟོགས་པའི་རྒྱུད། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད། རྣལ་འབྱོར་བདེ་མཆོག་ལ་སོགས་གསང་མཐའི་རྒྱུད་དང་དྲུག་ཏུ་འདོད་པའོ། །གསུམ་པ་སྡོམ་པ་གསུམ་གྱི་འགག་བསྡམ་པ་ལའང་། སྡོམ་པ་གསུམ་གྱི་མཚན་ཉིད་མདོར་བསྟན་པ་དང་། དབང་པོའི་རིམ་པས་གསུམ་དུ་བཤད་པ། རང་ལུགས་ངེས་པས་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི་རྒྱུད་ལས་སྡོམ་པ་གསུམ་པོ་གནས་འགྱུར་བའམ། ངོ་བོ་གཅིག་པར་གསེར་འགྱུར་གྱི་དཔེས་བསྟན་པ་ཡང་། ཉན་རང་བྱང་སེམས་རིགས་ཅན་སོ་སོ་ལ། །རྡོ་རྗེ་འཛིན་པའི་ལམ་ཞུགས་ཡོད་དོ་ཞེས། །འབུམ་ལྔའི་རྒྱུད་ཀྱི་ལུང་ལས་གསལ་བར་གྲུབ། །ཅི་ལྟར་ཞེ་ན། ཀྱཻ་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་བ་ལས། རྡོ་ཡིས་རིགས་ཀྱི་བྱེ་བྲག་བཞུས། །ལྕགས་དང་ཟངས་དང་དངུལ་དུ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བ་བཞིན། །དེ་ཉིད་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་བཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་སོ། །དཔེ་དེའི་རྡོ་ནི་ཕལ་པ་ཡིན་ལ། །ལྕགས་ནི་ཉན་ཐོས་ཀྱི་བསླབ་པར་བྱ་བ་དང་། ཟངས་ནི་རང་རྒྱལ་གྱིས་བསླབ་པར་བྱ་བ། དངུལ་ནི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཡིན་ཅིང་གསེར་འགྱུར་རྩི་ནི་རྡོ་རྗེ་ཐེག་པའི་བསླབ་པར་བྱ་བ་ཡིན་པར་མངོན་ནོ། །གཞན་གང་ཟག་ཐ་དད་པའི། བསམ་པའི་དབྱེ་བས་སྔགས་ལ་འཇུག་པའི་ཚུལ། ཆོས་སྒོ་མང་ཡང་དེ་དག་སྤྲོ་བྱ་མིན། རིམ་གྱིས་དང་གཅིག་ཆར་དུ་འཇུག་ཚུལ་ལ་སོགས་མཐའ་ཡས་པ་ཡོད་ཀྱང་། དེ་དག་འདིར་ཆེད་དུ་གཉེར་ནས་བཤད་པར་བྱ་བ་མ་ཡིན་པས་མི་སྤྲོའོ། །གཉིས་པ་ནི། འདིར་ནི་དབང་པོ་རབ་འབྲིང་ཐ་གསུམ་ལས། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་དེ། །དབང་བསྐུར་ཐོབ་པས་སྡོམ་གསུམ་ཅིག་ཅར་སྐྱེས། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷཱུ་ཏི་བཞིན། །དེ་ཡང་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སྔ་མ་དེ་ཉིད་ཀྱིས་བཅོམ་ལྡན་འདས་འཁོར་དང་འདས་བཅས་པ་སྤྱན་དྲངས་ནས། འདོད་ཡོན་སྤངས་པའི་ཐར་བ་ནི། བཅོམ་ལྡན་ནམ་ཡང་མི་འཚལ་ལོ་ཞེས་ཞུས་པས། དེ་ཉིད་དུ་བཅོམ་ལྡན་འདས་འཁོར་དང་བཅས་པ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་སུ་བཞེངས་ཏེ། དབང་བསྐུར་ཞིང་རྒྱུད་བསྟན་པས་སྡོམ་པ་གསུམ་ཆོ་ག་ཐ་དད་མ་དགོས་པར་གཅིག་ཅར་དུ་རྒྱུད་ལ་སྐྱེས་ཏེ་རྟོགས་གྲོལ་དུས་མཉམ་པ་ལྟར། གང་ཟག་དབང་པོ་ཡང་རབ་ཀྱིས། སྔོན་དུ་སྡོམ་པ་འོག་མ་གཉིས་མ་མ་ནོས་ཀྱང་དབང་བསྐུར་ཐོབ་པའི་ཚེ། སྐྱབས་སུ་སོང་བ་ན་སོ་ཐར་དང་། སེམས་བསྐྱེད་པས་བྱང་སེམས། དབང་རྫོགས་པ་ན་དམ་ཚིག་སྟེ་གསུམ་ལྡན་དུ་གཅིག་ཆར་སྐྱེ་བ་ཡིན་ཏེ། དུས་འཁོར་ལས། དང་པོ་ཆུ་ཡིས་ཀྱང་ནི་དགེ་བསྙེན་ཉིད་དུ་འགྱུར་ལ་བུམ་པ་ཡིས་ནི་དགེ་ཚུལ་ཉིད་དུ་འགྱུར། དགེ་སློང་གསང་བའི་དབང་བསྐུར་དག་གིས་འགྱུར་ལ་གནས་བརྟན་ཞེས་བྱ་བར་འགྱུར་གོང་མའི་རྒྱུ་ཡིས་སོ། །ཞེས་སོ། །དབང་པོ་འབྲིང་ནི་སྡོམ་གསུམ་སོ་སོའི་ཆོ་ག་ལ། བརྟེན་ནས་རིམ་ཐོབ་ནཱ་གརྫུ་ན་ལྟར། དེ་ཡང་ཀླུ་སྒྲུབ་སྙིང་པོ་ནི། ཐོག་མར་ནཱ་ལནྜར་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་བཤེས་གཉེན། བསྙེན་པར་རྫོགས་ནས་དགེ་སློང་དཔལ་ལྡན་ཞེས་བཏགས། དེ་ནས་འཕགས་པ་འཇམ་དཔལ་གྱིས་རྗེས་སུ་བཟུང་། བྱང་ཆུབ་སེམས་བསྐྱེད་མནོས། དེ་ནས་མཁའ་འགྲོ་དང་གྲུབ་པ་ཅན་དག་ལས་དམ་ཚིག་མནོས་པ་ལྟར། གང་ཟག་དབང་པོ་འབྲིང་གིས་སྡོམ་གསུམ་རིམ་གྱིས་བླང་བས་ཐོབ་པའོ། །དབང་པོ་ཐ་མ་སྐལ་དམན་ཤིན་ཏུ་འདུལ་དཀའ་སྟེ། གསོ་སྦྱོང་བསླབ་པའི་གནས་བཅུ་གྲུབ་མཐའ་བཞི། བྱ་སྤྱོད་རྣལ་འབྱོར་རྒྱུད་ཀུན་རིམ་ཤེས་ནས། བླ་མེད་འཇུག་པར་བརྟག་པ་གཉིས་པར་གསུངས། དེ་ཡང་སྐལ་དམན་རིམ་འཇུག་གི་ལམ་གྱི་རིམ་པས་བསྙེན་གནས་ནས་མཐར་གྱིས་སློབ་དགོས་པར་ཡང་། ཀྱཻ་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་སོ། །བསླབ་པའི་གནས་བཅུ་ནི། མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་ལ་སོགས་གསར་མ་བ་ཁ་ཅིག་མི་དགེ་བཅུ་སྤང་བ་ལ་འདོད་པ་དང་། ཁ་ཅིག་དགེ་ཚུལ་གྱི་རགས་ལྡོག་བཅུར་འདོད་ལ། རྙིང་མའི་རྒྱུད་ཀུན་འདུས་རིག་པ་ལས། རྣལ་འབྱོར་རིག་པའི་མཐའ་བཅུ་ཆུབ་པར་འདོད་པས་ཀྱང་ལམ་འདི་ལ་བསླབ་པར་བྱ་སྟེ། གང་ཞེ་ན། གཞི་དམ་ཚིག་གིས་བཟུང་བར་བསླབ་པ་དང་། རྒྱུད་ཐོས་པས་གྲོལ་བར་བསླབ་པ་དང་། ཕུལ་དུ་མཁས་པས་དབྱུང་བར་བསླབ་པ་དང་། སྒོ་ཀུན་ནས་བསྡུར་བར་བསླབ་པ་དང་། རིམ་པ་དབང་གིས་བསྒྲོད་པར་བསླབ་པ་དང་། ལ་སྤྱོད་པས་དོར་བར་བསླབ་པ་དང་། ཐག་ལྟ་བས་བཅད་པར་བསླབ་པ་དང་། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བར་བསླབ་པ་དང་། དོན་མན་ངག་གིས་བསྒྲུབ་པར་བསླབ་པ་དང་། མདོ་དོན་གཅིག་ཏུ་བསྡུ་བར་བསླབ་པའོ། །ཞེས་སོ། །འདི་ནི་ལམ་གྱི་སྐབས་ཐམས་ཅད་རིམ་གྱིས་འཇུག་པ་ལ་དགོངས་ཀྱི་ཉན་རང་གི་ལམ་ལ་ཤེས་པའི་སྔོན་ནས་ཐམས་ཅད་སློབ་པར་བཤད་པ་ནི་མ་ཡིན་ནོ། །གྲུབ་མཐའ་བཞི་ནི། ཡེ་ཤེས་སྙིང་པོ་ལས། ཉན་ཐོས་པ་དང་རང་རྒྱལ་དང་། །གསུམ་པ་བྱང་ཆུབ་སེམས་དཔའ་སྟེ། །སངས་རྒྱས་པ་ལ་བཞི་པ་ཡིན། །ཞེས་པས་ཉན་རང་གཉིས། སེམས་ཙམ་དབུ་མ་གཉིས་དང་བཞིའོ། །གསུམ་པ། རང་ལུགས་ངེས་པས་གཏན་ལ་དབབ་པ་ལའང་། སྡོམ་གསུམ་གྱི་གནས་ལུགས་སྤྱིར་བཏང་དུ་བཤད་པ། དགོས་པའི་གནད་ཀྱིས་དམིགས་བསལ་བ། བརྗོད་བྱའི་བསྡུས་དོན་གྱིས་ཆིངས་སུ་བཅིངས་པ་གསུམ་ལས། དང་པོ་ནི། དེ་ལྟར་སྡོམ་གསུམ་ཐོབ་ཚུལ་གསུམ་གྱི། །འདིར་ནི་དབང་པོ་འབྲིང་གི་ཚུལ་འཆད་དེ། །དགེ་སློང་དགེ་ཚུལ་དགེ་བསྙེན་སྡོམ་ལྡན་དེ། །རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་ཡིན་ཞེས། །ཕུར་བའི་རྒྱུད་དང་དུས་འཁོར་ལས་གསུངས་ཤིང་། །འོན་ཀྱང་ཡེ་ཤེས་ལྡན་པ་གཙོ་བོར་བཟུང་། །དེ་སྐད་དུ་དུས་འཁོར་གྱི་རྒྱུད་དམ་པ་དང་པོ་ལས། རྟེན་ནི་གསུམ་ལ་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་སོ། །འོ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། འབྲས་བུ་གསང་སྔགས་ཆེས་འཕགས་ཚུལ་དུ་མ་གསུངས་ན། དེར་ཞུགས་པའི་རྣལ་འབྱོར་པ་ནི་ཕལ་ཆེར་རྟེན་དགེ་བསྙེན་ཡིན་པས་འཕགས་པར་མ་གྱུར་ཏེ། རྡོ་རྗེ་འཛིན་པ་ཐ་མ་ཡིན་པའི་ཕྱིར། ཞེ་ན། རྟེན་གྱི་སྒོ་ནས་དགེ་སློང་མཆོག་ཡིན་ཀྱང་། ཡེ་ཤེས་ལྡན་པ་གཙོ་ཆེ་བས། རྟོགས་པའི་སྒོ་ནས་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེས་འཕགས་པ་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། དོན་དམ་པའི་དགེ་སློང་ནི། ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་མ་བྲེགས། ཆོས་གོས་ཀྱང་མ་གོན། ཚུལ་ཁྲིམས་མ་མནོས་ཀྱང་། འཕགས་པའི་མཚན་ཉིད་དང་ལྡན་པ་དེ་ནི། དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་དང་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། བུ་མོ། མགོའི་སྐྲ་བྲེགས་པ་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་བྱུང་བ་མ་ལགས་ཀྱི། བུ་མོ། གང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་གཅོད་པའི་ཕྱིར་བརྩོན་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་བྱུང་བ་ཡིན་ནོ། །ཞེས་སོ། །དེས་ན་སྟོང་ཉིད་སྙིང་རྗེའི་ཡེ་ཤེས་ནི་འཕགས་པའི་མཚན་ཉིད་དང་ལྡན་པ་སྟེ། དོན་དམ་པའི་དགེ་སློང་དུ་གསུངས་ལ། དེ་དང་མ་ལྡན་ན་ཀུན་རྫོབ་མིང་གི་དགེ་སློང་སྟེ་འཕགས་པ་མིན་པར། སློབ་དཔོན་བྷ་བྱའི་རྟོག་གེ་འབར་བར་མདོ་ལུང་དྲངས་པ། གང་གིས་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །ལག་ཏུ་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་འབྱུང་། །དགེ་སློང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། དགེ་སྦྱོང་མགོ་རེགས་ལ་བྱང་ཆུབ་ག་ལ་ཡོད། སྣལ་མ་སེར་པོ་ལ་བྱང་ཆུབ་ག་ལ་ཡོད། ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། དགོང་ལྟོ་བཅག་པ་ལ་བྱང་ཆུབ་ག་ལ་ཡོད། ཅེས་གསུངས་པས་འཁོར་རྣམས་ཐེ་ཚོམ་པ་ལ་བཀའ་སྩལ་པ། ཤེས་རབ་ཀྱིས་སྤུ་གྲིས་ཉོན་མོངས་པའི་སྐྲ་བྲེགས་པར་བྱའོ། །སྟོང་པ་ཉིད་ཀྱི་གོས་ཀྱིས་ཉོན་མོངས་པའི་ཚད་ལས་སྐྱོབ་པར་བྱའོ། །ཡེ་ཤེས་ཀྱི་ཆུས་མ་རིག་པའི་དྲི་མ་དཀྲུ་བར་བྱའོ། །བསམ་གཏན་གྱི་ཟས་ཀྱིས་འདོད་པའི་བཀྲེས་པ་གསོ་བར་བྱའོ། །ཞེས་དང་། དེ་ནས་བུ་མོ་གསེར་མཆོག་འོད་དཔལ་ལ་འཇམ་དཔལ་གྱིས་བཀའ་སྩལ་པ། ལུས་རབ་ཏུ་བྱུང་ཡང་འཇིགས་པ་ལས་མི་སྐྱོབ། སེམས་རབ་ཏུ་བྱུང་བར་བྱའི། ཞེས་གསུངས་སོ། །གཞན་ཡང་། སྔ་འགྱུར་རྒྱུད་སྡེའི་རྩ་བ་ཀུན་འདུས་ལས། རང་དང་གཞན་དོན་ཕན་པ་ཆེར་བཤད་པ། །སོ་ཐར་སེམས་བསྐྱེད་དབང་བསྐུར་ཉིད་ཡིན་ཏེ། །སོ་སོར་འཛིན་ན་ཉན་ཐོས་བྱང་སེམས་དང་། །རིག་པ་འཛིན་པ་ཞེས་སུ་མཁས་ལ་གྲགས། །དེ་ཡང་ཨ་ནུ་ལུང་གི་མདོ་ལྔའི་ཀུན་འདུས་རིག་པ་ལས། དེ་ལྟར་སྡོམ་པ་གསུམ་པོ་ཡང་། །རང་དང་གཞན་དོན་ཕན་པ་ཆེ་ཞེས་པས། །རང་གི་དོན་དུ་བྱང་ཆུབ་འདོད་པས་གཞན་གནོད་གཞི་བཅས་སྤང་བ་ཉན་ཐོས་ཀྱི་སྡོམ་པ་སོ་སོར་ཐར་པ། དེའི་སྟེང་དུ་གཞན་ལ་ཕན་པ་ལྷུར་ལེན་པ་བྱང་ཆུབ་སེམས་དཔའི་བསླབ་པ། དེའང་རང་གཞན་གཉིས་ཀ་བྱང་ཆུབ་ལ་འགོད་པའི་ཐབས་རྒྱ་ཆེ་བ་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྟེ་སྡོམ་པ་གསུམ་མོ། །ཡོ་ག་རྡོ་རྗེ་རྩེ་མོ་ལས། སོ་སོ་ཐར་དང་བྱང་ཆུབ་སེམས། །རིག་འཛིན་རང་གི་ངོ་བོའོ། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཐུན་མོང་སྡོམ་པ་འོག་མ་གཉིས། །འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །སྡོམ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྣམ་བཞག་ནི་གསང་སྔགས་ལས་གཞན་ལ་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལ་སྡོམ་པ་གོང་མ་གཉིས་མེད། བྱང་སྡོམ་ལ་སྔགས་སྡོམ་མེད་པའི་ཕྱིར་རོ། །བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་གཙོ་བོར་སྔགས་སྡོམ་དགོས་ཀྱང་དེའི་རྟེན་དུ་བྱང་སེམས་དང་སོ་ཐར་ངེས་པར་དགོས་ཏེ། དང་པོ་སྨིན་གྲོལ་ལ་འཇུག་པའི་དུས་སུ་ཡང་། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་དང་། སོ་སོར་ཐར་བའི་སྡོམ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་དང་། བླ་མེད་སྨོན་འཇུག་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་སོགས་དང་། རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ལུས་བདག་གིས་ཡོངས་སུ་བཟུང་། །ཞེས་ཁས་བླངས་བའི་ཕྱིར་དང་། སྔགས་ཀྱི་དམ་ཚིག་བསྲུང་དུས་ཀྱང་། །འོག་མ་གཉིས་བཟུང་དགོས་ཏེ། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་བསྲུང་ཚུལ་ལས་ཤེས་སོ། །གསུམ་པ་ནི། འོག་ཏུ་འཆད་པའི་སྡོམ་གསུམ་སོ་སོར་ཁོག་ཕུབ་གླེང་གཞི་དང་། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་དང་། བར་དུ་ཐོབ་པ་མི་ཉམས་བསྲུང་བའི་ཐབས། ཐ་མ་ཉམས་ན་གསོ་ཚུལ་བཞི་རེས་སྡོམས། དེ་ལྟར་སོ་ཐར། བྱང་སེམས། སྔགས་སྡོམ་གསུམ་པོ་རེ་རེ་ལའང་སྡོམ་བཞི་པོ་དེས་འཆིངས་ནས་བཤད་པར་སྟོན་ཏོ། །རིགས་བདུན་སོ་ཐར་དཔག་བསམ་ལྗོན་པའི་ཤིང་། བྱང་ཆུབ་སེམས་མཆོག་ཡལ་འདབ་ནམ་མཁར་གདལ། རིག་པ་འཛིན་པའི་འབྲས་མང་རབ་སྨིན་ཏེ། སྐལ་བཟང་བྱ་ཚོགས་དགའ་བས་བརྟེན་པར་ཤོག །སྡེ་སྣོད་གསུམ་གྱི་རྣམ་རྒྱལ་ཁང་བཟང་དུ། གཞན་དོན་བརླབས་ཆེན་དབང་པོ་རྡོ་རྗེ་འཆང་། གསང་སྔགས་སྙིང་པོའི་རྩེ་བརྒྱ་གདེངས་ཙམ་གྱིས། ཉེས་ཚོགས་ལྷ་མིན་གཡུལ་ངོ་མཐར་བྱེད་ཤོག །སངས་རྒྱས་བསྟན་པའི་ཞིང་ས་གཤིན་པོ་ལ། གསུམ་ལྡན་བཤེས་གཉེན་མྱུ་གུས་ཡོངས་ཁྱབ་པར། ལེགས་བཤད་བདུད་རྩིའི་ཆར་གྱི་ཚོགས་བསིལ་བས། ལོག་རྟོག་མི་ངེས་མིང་གི་མཐར་བྱེད་ཤོག །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ལས། སྡོམ་གསུམ་སྤྱིའི་བཤད་གཞིའི་རིམ་པར་ཕྱེ་བ་སྟེ། དང་པོའི་རྣམ་བཤད་བསྟན་ཟིན་ཏོ།
༈ །ད་ནི་རིམ་པར་ཕྱེ་བ་གཉིས་པ་འདུལ་བ་སོ་ཐར་གྱི་སྡོམ་པ་བཤད་པར་བྱ་བའང་བཞི་སྟེ། འདུལ་བའི་གླེང་གཞི། སྡོམ་པ་ཐོབ་ཚུལ། མི་ཉམས་པར་བསྲུང་ཐབས། ཉམས་ན་གསོ་ཚུལ་ལོ། །དང་པོ་ལའང་བཞི་སྟེ། སྟོན་པའི་འདུལ་བའི་སྡེ་སྣོད་གསུངས་ཤིང་བཀའི་བསྡུས་ཚུལ། དེ་ཉིད་འཛིན་པའི་བླ་མ་བརྒྱུད་པ། སོ་ཐར་གྱི་ངོ་བོ། དེའི་དབྱེ་བའོ། །དང་པོ་ནི། འདུལ་བའི། གླེང་གཞི་སྟོན་པ་ས་ཝཱ་ར་ཎ་སི་རུ། ལྷག་པའི་ཚུལ་ཁྲིམས་གཙོར་སྟོན་བདེན་པ་བཞི། ལྔ་སྡེར་གསུངས་པ་འོད་སྲུང་སོགས་ཀྱིས་བསྡུས། བྱེ་བྲག་བཤད་མཛོད་ལ་སོགས་འཕགས་པས་བརྩམ། ཡོན་ཏན་འོད་དང་ཤཱཀྱ་འོད་ཀྱིས་སྤེལ། དེ་ཡང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་ཐེག་ཆུང་ཐུན་མོང་དུ་གྲགས་པའི་ལུགས་ལྟར་ན། བསྐལ་པ་དཔག་ཏུ་མེད་པའི་སྔོན་ནས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པ་ཡིན་ཀྱང་། ལས་ཀྱི་ལྷག་མ་ཞིག་གི་དབང་གིས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་པག་ཤི་ཏར་གྱུར་པའི་ཚེ། རང་གི་གྲོགས་ལ་སྙིང་རྗེ་ཆེན་པོས་འདིའི་སྡུག་བསྔལ་ཡང་བདག་གིས་ཁུར་བར་ཞུས་པས། དམྱལ་སྲུང་ཨ་ཝཾ་ཁྲོས་ཏེ། ལྕགས་ཀྱི་ཐོ་བ་མེ་འབར་བ་སྤྱི་བོར་བསྣུན་པས་ཚེ་དེའི་དུས་བྱས་ཏེ་ལྷར་སྐྱེས་ཏེ་ཤི་འཕོས་ནས། ལྷོ་ཕྱོགས་ཀྱི་རྒྱུད་དུ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་བར་དྲིན་ལན་བསབས་མདོ་ལས་གསུངས་སོ། །དེས་སངས་རྒྱས་ཐུབ་པ་ཆེན་པོ་ལ་གདུགས་གཅིག །མཆིལ་ལྷམ་གཅིག །རྫའི་བུམ་པ་གཅིག །འགྲོན་བུ་ལྔ་ཕུལ་ཏེ་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ལས། གྲངས་མེད་དང་པོ་ལ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་ཏེ། འདྲེན་པ་ཡུལ་འཁོར་སྐྱོངས་ལ་སོགས་སངས་རྒྱས་ལྔ་ཁྲི་ལྔ་སྟོང་ལ་ཚོགས་བསགས། གཉིས་པ་ལ་ཚོང་དཔོན་ཤེས་རབ་བཟང་པོར་གྱུར་ཏེ་སངས་རྒྱས་ལེགས་མཛད་ལ་སོགས་དྲུག་ཁྲི་དྲུག་སྟོང་ལ་ཚོགས་བསགས། གསུམ་པ་ལ། གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་ཏེ་མར་མེ་མཛད་ལ་སོགས་སངས་རྒྱས་བདུན་ཁྲི་བདུན་སྟོང་མཉེས་པར་མཛད་དེ། འདུལ་བ་ལུང་གཞི་ལས། འདྲེན་པ་ཡུལ་འཁོར་སྐྱོངས་ནས་ནི། །སངས་རྒྱས་རྣམ་གཟིགས་བར་དག་ཏུ། །ལྔ་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །དྲུག་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །སངས་རྒྱས་མར་མེ་མཛད་ནས་ནི། །རིན་ཆེན་གཙུག་ཏོར་ཅན་བར་དུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དེ། །དེ་ཚེ་ང་ལ་སྐྱོ་སེམས་མེད། །ཅེས་དང་། མཛོད་ལས། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མ་འབྱུང་། །གོ་རིམ་དེ་ལས་ལྡོག་པ་སྟེ། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་སོ། །དེ་ཡང་ཚོགས་ལམ་གྱིས་བསྡུས་པའི་ཚོགས་གྲངས་མེད་གསུམ་དུ་བསགས་ན། རྡོ་རྗེ་གདན་དུ་ཚོགས་ལམ་ཆེན་པོའི་རྟེན་དེ་ལས་སྦྱོར་མཐོང་བསྒོམ་པ་མི་སློབ་པའི་ལམ་དང་བཅས་པ་ལམ་ལྔ་ཀ་སྟན་ཐོག་གཅིག་ཏུ་མངོན་དུ་མཛད་དེ་རང་སངས་རྒྱས་དབང་པོ་རྣོན་པོ་དང་མཐུན་པར་དེ་ཉིད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །སྔོན་དང་དེ་ཡི་ཐར་ཆ་མཐུན། །ཞེས་སོ། །མཐར་མཛད་པ་བཅུ་གཉིས་ཀྱིས་སངས་རྒྱས་ནས། ལྷག་མ་མེད་པར་མྱ་ངན་ལས་འདས་ཏེ་ཞི་བའི་དབྱིངས་སུ་བཞུགས་པར་འདོད་དོ། །དེ་ལྟར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ན། ཉན་ཐོས་པ་ལྟར་ན། ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པ་ལས། ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་པའི་ངོར། གནས་ཕུན་སུམ་ཚོགས་པ་ཝཱ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཀུན་ཤེས་ཀ་དི་ནྱ། རྟ་ཐུལ། རླང་པ། མིང་ཅན། བཟང་ལྡན་ཏེ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་ཏེ། བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་སུམ་ཅུ་རྩ་དྲུག་ནས་བཞི་བཅུ་རྩ་གཉིས་ཀྱི་བར་གསུངས་སོ། །འདི་ལ་གནས་གཅིག་དང་ཐ་དད། དུས་རིམ་གྱིས་སམ། གཅིག་ཆར་དུ་འདོད་པ་ལ་སོགས་གྲུབ་མཐའ་མི་འདྲ་བ་འགའ་ཡོད་ཀྱང་། ཐེག་པ་ཆེ་ཆུང་ཐུན་མོང་དང་ཁྱད་པར་གྱིས་དབྱེ་བས་གསལ་བར་བྱ་བ་ཉིད་དོ། །དེ་ཡང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམ་སྟེ། འདུལ་བའི་འདུལ་བ་བཅས་པ་དང་རང་བཞིན་གྱི་རྣམ་བཞག་ཆེ་ལོང་རྣམས་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་སྤྱོད་རྣལ་འབྱོར་དུ་བྱ་བའི་རིམ་པ། འདུལ་བའི་མངོན་པ་དེ་དག་གི་རྒྱ་ཆེར་དབྱེ་བ་ཇི་སྙེད་པ་རྣམས་ཏེ། མདོར་བསྡུ་ན། རྩ་བའི་ལུང་དང་། བཤད་པའི་ལུང་གཉིས་ལས། དང་པོ་ནི། གླེང་གཞི། ལྟུང་རྐང་ཉིས་བརྒྱ་ལྔ་བཅུ་རྩ་གསུམ། རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གཙོ་བོར་སྟོན་པ་དགེ་སློང་ཕའི་སོ་ཐར་གྱི་མདོ་དང་། ལྟུང་རྐང་སུམ་བརྒྱ་དྲུག་ཅུ་རྩ་བཞིའི་རྣམ་བཞག་གཙོ་བོར་སྟོན་པ་དགེ་སློང་མའི་སོ་ཐར་གྱི་མདོ་ལྟ་བུའོ། །གཉིས་པ་ལའང་། འདུལ་བའི་གཞུང་བཞི་དང་། ཕྱོགས་མཐུན་གྱི་ལུང་གཉིས་ལས། དང་པོ་རྣམ་འབྱེད་ལའང་། དགེ་སློང་ཕའི་རྣམ་འབྱེད་ལ་བམ་པོ་བརྒྱད་ཅུ་རྩ་གསུམ། མའི་རྣམ་འབྱེད་ལ་བམ་པོ་ཉི་ཤུ་རྩ་བརྒྱད་དོ། །ལུང་གཞི་བམ་པོ་བརྒྱ་དང་དགུ། ལུང་ཕྲན་ཚེགས་བམ་པོ་ལྔ་བཅུ་རྩ་དགུ། གཞུང་དམ་པ་པའམ་གཞུང་བླ་མ་ཞེས་བམ་པོ་དྲུག་ཅུ་རྩ་ལྔ། འདིའི་ལེའུ་བཅུ་གཅིག་ལས་བོད་དུ་མ་འགྱུར་བར་བཤད་དོ། །ཞེས་གསུངས་སོ། །གཉིས་པ་ཕྱོགས་མཐུན་གྱི་ལུང་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། ཚུལ་ཁྲིམས་ཡང་དག་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་མི་དགེ་བསྟན་པའི་མདོ། ཚུལ་ཁྲིམས་འཆལ་བའི་རྣམ་པར་སྨིན་པ་ལྕི་ཡང་བསྟན་པའི་མདོ། མཁར་སིལ་གྱི་མདོ། མཁར་སིལ་འཆང་བའི་ཀུན་ཏུ་སྤྱོད་པ་སྟོན་པའི་མདོ། གཎྜིའི་མདོ། སྦྱངས་པའི་ཡོན་ཏན་གྱི་མདོ་ལ་སོགས་པ་རྣམས་སོ། །དེ་ལྟར་གསུངས་པའི་སྡེ་སྣོད་དེ་དག་ཇི་ལྟར་བསྡུས་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་འོད་སྲུང་ལ་གཏད་པས་སྟོན་པ་འདས་ནས་ཕྱིས་དེའི་དབྱར་ལ། རྒྱལ་པོ་མ་སྐྱེས་སྒྲས་སྦྱིན་བདག་བྱས་ཏེ་རྒྱལ་པོའི་ཁབ་ཏུ། ལྷའི་བུས་འཕྱ་བ་བསལ་བའི་ཆེད་དུ་བསྡུ་བ་མཛད་དེ། འོད་སྲུང་དང་ཉེ་བ་འཁོར་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས། ཀུན་དགའ་བོ་སྤྱོད་པས་འདུལ་བར་དགོངས་ནས་འོད་སྲུང་གིས། ཀུན་དགའ་བོ། འདི་ཐམས་ཅད་ནི་དགྲ་བཅོམ་པ་ཤ་སྟག་ཡིན་གྱི། ཁྱོད་སློབ་པ་རྒྱུན་དུ་ཞུགས་པ་ཡིན་པས་འདིར་མ་འདུག་པར་སོང་ཞིག་གསུངས་པས། ཀུན་དགའ་བོས། བདག་གིས་ཚུལ་ཁྲིམས་དང་ལྟ་བ་དང་འཚོ་བ་སོགས་གང་ལའང་ཉེས་པ་མེད་ཀྱི་དེ་སྐད་མ་གསུངས་ཞུས་པས། སངས་རྒྱས་དང་ཡུན་རིང་དུ་འགྲོགས་པས་དེ་ཙམ་ཡོན་ཏན་དུ་མི་ཆེ་ལ། ཉེས་པ་བརྒྱད་ཡོད་པས་ཚུལ་ཤིང་ལོངས་ཤིག་གསུངས་སོ། །བརྒྱད་ནི། ཞུས་དང་མ་ཞུས་ལན་ལོག་བརྫིས། །ཆུ་དང་བག་ཡངས་བསྟན་པ་གཉིས། །ཞེས་པས། དང་པོ་ནི། སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བར་ཞུས་པས་ལྔ་བརྒྱ་ཕྲག་ཐ་མ་རྟགས་ཙམ་འཛིན་དུ་སོང་བས་ཉེས། གཉིས་པ་ནི། སངས་རྒྱས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་ནས་བསྐལ་བའི་ལྷག་མར་ཡང་གནས་པ་ལ་དེ་མ་ཞུས་པས་ཉེས། གསུམ་པ་ནི། སྟོན་པས་ཐུགས་ཕབ་ནས་སྨྲས་པ་ལ་ལན་ལོག་བཏབ་པས་ཉེས། བཞི་པ་ནི། ན་བཟང་ཚེམས་པའི་ཚེ་ནམ་མཁར་བརྐྱོང་ན་ལྷས་འཛིན་པ་ལ་རྡོག་པས་བརྫིས་པས་ཉེས། ལྔ་པ་ནི། ཞལ་སྐྱེམས་པ་ལ་ལྷུང་བཟེད་ནམ་མཁར་ཟེད་ན་ལྷས་བདུད་རྩི་འབུལ་བ་ལས་རྙོག་ཆུ་དྲངས་པས་ཉེས། དྲུག་པ་ནི། དཀའ་ཞིང་ཉེ་བར་འཚེ་བའི་ཚེ། བསླབ་པའི་གཞི་འགའ་ཞིག་བག་ཡངས་སུ་བྱའོ་གསུངས་པ་ལ་ཇི་ལྟར་བྱ་མ་ཞུས་པས་ཉེས། བདུན་པ་ནི། གསང་བའི་སྦ་བ་སྦུབས་སུ་ནུབ་པ་བུད་མེད་དང་ཁྱིམ་པའི་འཁོར་ལ་བསྟན་པས་ཉེས། བརྒྱད་པ་ནི། སྐུ་གསེར་གྱི་ཁ་དོག་ཁྱིམ་པ་ལ་བསྟན་པས་ཉེས། །ཞེས་སྤྱོ་བ་བརྒྱད་དང་། ཕ་སྤུན་འདྲེན་སེམས་ཀྱིས་བཤོས་ལྷག་དང་། ན་བཟའ་རྙིང་པ་མ་གསོལ་བས་ཉེས་ཞེས་སྤྱོ་ཆུང་དང་དགུར་མཛད་དེ། མཆིམ་ལྷམ་བསྣུན་ཏེ་བསྐྲད་དོ། །དེ་ནས་ཀུན་དགའ་བོ་རང་གི་སློབ་མ་བྲྀ་ཛའི་གནས་སུ་བྱོན་པས། བྲྀ་ཛའི་དབུས། མཁན་པོ་དབེན་པར་བཞག་པར་ཞུས་པས། དེ་ཉིད་དགྲ་བཅོམ་པ་ཐོབ་སྟེ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། འོད་སྲུང་གིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་མངོན་པ་བསྡུས་ཏེ་ཐུགས་ལས་ཚ ར་གཅིག་གསུངས་པར་བཤད་དོ། །བསྡུ་བ་གཉིས་པ་ནི། འདས་ནས་ལོ་བརྒྱ་དང་བཅུ་ན་རྒྱལ་པོ་ཨ་ཤྭ་ཀས། སྦྱིན་བདག་བྱས་ཏེ་ཡངས་པ་ཅན་དུ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས། ཡངས་པ་ཅན་གྱི་དགེ་སློང་ལྷ་ཆེན་པོས་མི་རུང་བའི་གཞི་བཅུ་བསལ་བའི་ཆེད་དུ་སྡེ་སྣོད་གསུམ་ཞལ་ཐོན་དུ་མཛད་དེ་བསྡུས་སོ། །གཞི་བཅུ་ནི། ཧུ་ལུ་ཧུ་ལུ་ཡི་རང་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུག་དང་གདིང་། །གསེར་ལ་རུང་བར་བྱ་བ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། དེ་ཡང་འདུལ་བ་དང་འགལ་བའི་ལས་བྱས་ན་ཧུ་ལུ་ཧུ་ལུ་ཞེས་ཐལ་མོ་བརྡབ་པས་ལྟུང་བ་དག་པར་འདོད་པ་དང་། རང་གི་བྱ་བ་མ་ཡིན་པ་བྱས་ན་ཆོས་ལྡན་གྱི་གང་ཟག་གཞན་ལ་རྗེས་སུ་ཡི་རངས་བྱས་པས་དག་པར་འདོད་པ་དང་། ས་ཆེན་པོ་འདི་ལ་ཀུན་སྤྱོད་པས་དགེ་སློང་གིས་ས་བརྐོས་ཀྱང་རུང་བར་འདོད་པ་དང་། ན་བ་ལ་སྣོད་སྦུ་གུ་ཅན་ནས་སྲིན་བུ་པད་པའི་འཇིབས་སྟངས་ཀྱིས་ཆང་འཐུང་རུང་བར་འདོད་པ་དང་། དུས་རུང་གི་ཁ་ཟས་ལན་ཚྭ་དང་ཅིག་ཕྱི་དྲོ་ལོངས་སྤྱོད་རུང་བར་འདོད་པ་དང་། ཡང་ཡང་ཟ་བ་ལ་ལམ་དཔག་ཚད་ཕྱེད་དུ་འགྲོ་མི་དགོས་པར་རྒྱང་གྲགས་གཅིག་བྱིན་པས་ཆོག་པར་འདོད་པ་དང་། ལྷག་པོར་བྱེད་པ་ལ་སོར་མོ་གཉིས་ཀྱི་རི་མོ་གཏོད་པས་ཆོག་པར་འདོད་པ་དང་། ཕྱི་དྲོ་དུས་སུ་ཟ་བ་དང་། དུས་མིན་དུ་རུང་བ་ཞོ་དང་འོ་མ་ལྟ་བུ་དཀྲུག་ནས་ཟ་བ་དང་། གདིང་བ་བྱེད་པ་ལ་གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་སླན་མི་དགོས་པར་རང་གི་མཐོ་གང་གིས་ཆོག་པར་འདོད་པ་དང་། བསྙེན་པར་མ་རྫོགས་པའི་མགོ་ཐོག་ཏུ་ཁྲིའུའི་སྟེང་དུ་ལྷུང་བཟེད་བཞག །དེའི་ནང་དུ་གསེར་སོགས་རིན་པོ་ཆེ་བཞག་ནས་བླངས་པས་གསེར་ལ་རུང་བར་འདོད་པ་དང་བཅུའོ། །བསྡུ་བ་གསུམ་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན། ཁ་ཆེ་མེ་ཏོག་བརྩེགས་པའི་ཀུན་དགའ་ར་བར། རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ཏེ། བྱང་ཆུབ་སེམས་དཔའ། དགྲ་བཅོམ་པ། སོ་སོའི་སྐྱེ་བོའི་དགེ་སློང་ཁྲི་དྲུག་སྟོང་འདུས་ཏེ། བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་སྤྲུལ་པ་བཟང་པོ་ཞེས་བྱ་བས་དབྱེན་སྤྱོས་ཏེ་སྡེ་པ་ཕན་ཚུན་འཁྲུག་ལོང་དུ་གྱུར་པ་བསལ་ཞིང་སྡེ་བ་བཅོ་བརྒྱད་ཆོས་སུ་གཅིག་པར་བྱས་ཏེ། སྡེ་སྣོད་གླེགས་བམ་དུ་བསྡུས་ཏེ་སྡུད་པ་པོའི་གཙོ་བོ་ནི་བྱང་ཆུབ་སེམས་དཔའ་སུ་མི་ཏྲ་དང་། དགྲ་བཅོམ་པ་པུརྞི་ཀའི། དེ་ཡང་སྡེ་པ་བཞི་དང་གྱེས་པ་བཅོ་བརྒྱད་ནི། དང་པོ་སྡེ་པ་ཐམས་ཅད་ཀྱི་རྩ་བ་གཞི་ཐམས་ཅད་ཡོད་སྨྲ་ཡིན་ལ། དེ་ལས་གནས་བརྟན་པ། ཕལ་ཆེར་པ། མང་བཀུར་བ་དང་གསུམ་གྱེས། དེ་ལས་སྡེ་པ་བཅོ་བརྒྱད་གྱེས་པར་འདུལ་བ་འོད་ལྡན་དང་། པཎ་ཆེན་དུལ་བ་ལྷས་གསུངས་སོ། །དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལ་དབྱེ་ན། གཞི་ཡོད་པ། འོད་སྲུང་བ། ཆོས་བསྲུང་བ། མང་དུ་ཐོས་པར་སྨྲ་བ། ས་སྟོན་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །འདི་དག་སྟོན་པའི་སྲས་རྒྱལ་རིགས་སྒྲ་གཅན་འཛིན་བསླབ་པ་ལ་གུས་པའི་མཆོག་ཏུ་ལུང་བསྟན་པའི་སློབ་རྒྱུད་དེ། སྐད་ནི་སོ་ཐར་གྱི་མདོ་འདོན་པའི་ཚེ་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་མཐུན་པར་འདོན། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡན་ཉེར་ལྔ་མན་ཆད་ཟུང་མ་གཏོགས་པ། གྲྭའི་རྟགས་པད་མ། འཁོར་ལོ་རིན་པོ་ཆེ། ཤིང་ལོ་བྲིས་པའོ། །ཟས་ལ་ལག་པ་བཀན་པའི་ཚུལ་གྱིས་བྱིན་ལེན་བྱེད་ཅིང་། ནུབ་ལྷག་ཉལ་འགོག་ཡང་། ཨེ་ཐང་པ་ལ་གྲུ་ཕྱེ་དང་དགུས་བར་ཆོད་ན་ཐུབ་པར་འདོད་དོ། །ཕལ་ཆེན་པ་ལ་དབྱེ་ན། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བརྟགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་དང་ལྔའོ། །འདི་དག་བྲམ་ཟེའི་རིགས་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མཆོག་གནས་བརྟན་འོད་བསྲུང་ཆེན་པོའི་སློབ་རྒྱུད་དེ། སྐད་ནི་པྲ་ཀྲི་ཏ་སྟེ་འོད་གསལ་གྱི་ལྷ་དང་མཐུན་ལ། སྣམ་ཕྲན་དགུ་ཡན་ཉེར་གསུམ་མན་ཆད་རྟགས་ནི་གཡུང་དྲུང་དང་། དཔལ་བེའུ། དུང་འབྱུང་ངོ་། །སྣོད་ལ་བྱིན་ལེན་བྱས་པས་འཆག་པར་འདོད་ལ། ཉལ་འགོག་ཡོལ་བས་བར་ཆོད་པའོ། །གནས་བརྟན་པ་ལ་དབྱེ་ན། རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ལ་གནས་པའི་སྡེ་དང་གསུམ་མོ། །འདི་དག་སྨྱིག་མ་མཁན་གྱི་རིགས། མཐའ་འཁོབ་འདུལ་བའི་མཆོག་འཕགས་པ་ཀ་ཏ་ཡ་ནའི་སློབ་རྒྱུད་དེ། སྐད་ནི་ཨ་བ་བྷྲཾ་ཤ་ཏ་སྟེ་ཟུར་ཆགས་པས་ཤ་ཟ་དང་མཐུན་པ། སྣམ་ཕྲན་དགུ་ཡན་ཉེར་གཅིག་མན་ཆད་ལ། རྟགས་ནི་དུང་ངམ། མེ་ཏོག་སོ་ཙི་ཀའོ། །སྦྱིན་ལེན་དཀྱུར་ཐབས་སུ་བྱེད་ཅིང་། ཉལ་འགོག་ཐག་པས་བར་ཆད་ན་ཐུབ་པར་འདོད་དོ། །མང་པོས་བཀུར་བ་ལ་དབྱེ་ན། ས་སྒྲོགས་རིགས་ཀྱི་སྡེ། བསྲུང་བ་པའི་སྡེ། གནས་མ་བུའི་སྡེ་དང་གསུམ་མོ། །འདི་དག་འདྲེག་མཁན་གྱི་རིགས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག །འཕགས་པ་ཉེ་བར་འཁོར་གྱི་སློབ་རྒྱུད་དེ། སྐད་ནི་བི་ཤཱ་ཙི་སྟེ་གནས་གཙང་མའི་ལྷ་དང་མཐུན་པ། སྣམ་ཕྲན་ལྔ་ནས་ཉེར་གཅིག་བར། རྟགས་ནི་དུང་ངམ་དཔལ་བེའུ་འོ། །སྦྱིན་ལེན་འཕྲོག་ཐབས་སུ་བྱེད་ཅིང་། ཉལ་འགོག་བསྙེན་པར་རྫོགས་མ་རྫོགས་ཀྱི་བར་དུ་རི་མོས་ཆོད་པས་ནུབ་ལྷག་ཉལ་ཐུབ་པར་འདོད་དོ། །དེ་སྐད་དུའང་ས་པཎ་གྱིས། ཉན་ཐོས་རྩ་བའི་སྡེ་བཞི་ལ། །འདུལ་བ་མི་འདྲ་རྣམ་བཞི་ཡོད། །སྐད་ཀྱང་ལེགས་སྦྱར་རང་བཞིན་དང་། །ཞེས་སོགས་གསུངས་ཤིང་འདི་དག་གི་རྣམ་དབྱེ་རྒྱས་པ་ནི་ཡིད་བཞིན་མཛོད་ལ་སོགས་པར་གསལ་ལོ། །དེ་ལྟར་བསྡུ་བ་གཉིས་པའི་དུས་སུ་དགྲ་བཅོམ་པ་ཉེར་སྦས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བྱེ་བྲག་བཤད་མཛོད་ཆེན་མོ་མཛད་ཅིང་། ཁ་ཅིག་བྱང་ཕྱོགས་རི་བོ་འབིག་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བྱེ་བྲག་བཤད་མཛོད་ཆེན་མོ་ཤོ་ལོ་ཀ་འབུམ་ཡོད་པ་མཛད་དེ་མངོན་པའི་འགྲེལ་ཡིན་ནོ་ཞེས་པའང་རེ་ཞིག་བརྟག་པར་བྱའོ། །དེ་ལྟར་དམ་ཆོས་འདུལ་བའི་སྡེ་སྣོད་ལ་གཅེས་སྤྲས་སུ་མཛད་པའི་མཆོག་ནི་རྒྱན་དྲུག་ནང་ནས་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་ཡིན་ཏེ། དེ་ཡང་རྒྱ་ཆེར་འགྲེལ་ལས། འཕགས་པ་གཞི་ཐམས་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་སྙིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ་དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་སྒྲུབ་པ། ཞེས་བཤད་པའི་ཡོན་ཏན་དང་ལྡན་པའོ། །ཕྱིས་བསོད་ནམས་གྲགས་དང་ཞི་བའི་འོད་ཀྱི་སློབ་མ་ཤཱཀྱ་འོད་དེ། འདུལ་བ་བདུད་རྩིའི་རྒྱན་གྱུར་ཡོན་ཤཱཀ་རྣམ་གཉིས་ཞེས་བྱའོ། །དེ་ལྟར་གོང་དུ་བཤད་པའི་འདུལ་བའི་བཀའ་དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ལ། སོ་ཐར་མདོ་དངོས་ཀྱི་འགྲེལ་པ་དང་། ལུང་སྡེ་བཞིའི་འགྲེལ་པ། དེ་གཉིས་ཀའི་དོན་འགྲེལ་གསུམ་ལས། དང་པོ་ནི། དྲི་མེད་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་བམ་པོ་ལྔ་བཅུ་པ། དཔའ་བོས་མཛད་པའི་འགྲེལ་པ་བམ་པོ་ཉེར་བདུན་པ། དཱ་ན་ཤཱི་ལས་མཛད་པའི་ཚིག་གི་བརྗོད་བྱང་ཞེས་བྱ་བ་བམ་པོ་གཉིས་ཡོད་དོ། །གཉིས་པ་ནི། རྣམ་འབྱེད་ལ་དུལ་བ་ལྷས་མཛད་པའི་འགྲེལ་པ། གཞི་དང་གཞུང་དམ་པ་ལ། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་ཅུང་ཟད་མ་ཚང་བ། ཕྲན་ཚེགས་ཀྱི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་སྐྱོངས་ཀྱིས་མཛད་པ་དང་། སྤྲེལ་ཁྱེར་མ་གཉིས། གསུམ་པ་ནི། ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་མཛད་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩ། དེའི་རང་འགྲེལ་ཉིད་ཀྱི་རྣམ་བཤད་ཤྭ་ལོ་ཀ་སྟོང་ཕྲག་བཅུ་གཉིས་པ། དེའི་དོན་བསྡུས་ནས་འཆད་པ། སློབ་དཔོན་གྱི་འགྲེལ་ཆུང་། ལས་བརྒྱ་རྩ་གཅིག་གི་རྣམ་བཞག་བྱེ་བྲག་ཏུ་འཆད་པ་ཀརྨ་ཤ་ཏམ། དེ་རྣམས་ཡོན་ཏན་འོད་ཀྱིས་མཛད། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་མདོ་རྩའི་རྒྱ་ཆེར་འགྲེལ་བམ་པོ་བདུན་ཅུ་པ་སློབ་དཔོན་ཤེས་རབ་བྱེད་པས་མཛད་པའི་མདོ་རྩའི་འགྲེལ་པ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པའི་དགེ་སློང་གི་ལོ་དྲི་བ་དང་། དགེ་ཚུལ་གྱི་ལོ་དྲི་བ། ས་གའི་ལྷས་མཛད་པའི་འདུལ་བ་ཚིགས་ལེ་འུར་བྱས་པ། ཐོགས་མེད་ཀྱིས་མཛད་པའི་འདུལ་བ་བསྡུས་པ། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་འདུལ་བ་སུམ་བརྒྱ་པ། དེའི་རང་འགྲེལ་འོད་ལྡན། གཞན་ཡང་འདུལ་བའི་གཞུང་ཕྲན་སློབ་དཔོན་ཆོས་ཀྱི་ཚོང་དཔོན་ཀྱིས་མཛད་པའི་འདུལ་བ་ལ་བསྟོད་པ། ཁ་ཆེ་འདུས་བཟང་གིས་མཛད་པའི་ཀ་རི་ཀ་ལྔ་བཅུ་ལ་སོགས་བསྟན་འགྱུར་ན་མང་དུ་བཞུགས་པ་ལ། བོད་དུའང་སྔ་ཕྱིའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཛད་པ་ནི་མཐའ་ཡས་སོ། །གཉིས་པ་དེ་ཉིད་འཛིན་པའི་བླ་མ་བརྒྱུད་པ་ཇི་ལྟར་ཡིན་ཞེ་ན། སྔ་འགྱུར་སྡོམ་རྒྱུན་ཞི་བ་འཚོ་དང་ནི། །ཕྱིས་ནས་ཤཱཀྱ་ཤྲཱི་ལས་ཀྱང་དར། །ཞེས་པའི་དོན་ལ་གཉིས་ཏེ། སྔ་དར་ཕྱི་དར་གྱི་ལོ་རྒྱུས་སྤྱིར་བསྟན་པ་དང་། རང་གི་སྡོམ་རྒྱུན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བོད་འདིར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱིས་ཡུལ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་མཁན་པོ་བོ་དྷི་ས་ཏྭའམ། ཤནྟ་རཀྵི་ཏ་ཞེས་སློབ་དཔོན་ཞི་བ་འཚོ་སྤྱན་དྲངས་ཏེ་བོད་དུ་དམ་ཆོས་འདུལ་བའི་བསྟན་པ་འཛུག་པར་དགོངས་ནས། སྡོམ་རྟེན་འདུག་གམ་ཉམས་སད་པའི་ཕྱིར་དུ། སྦས་རིན་ཆེན་བསྲུང་བ། དབའ་ཡེ་ཤེས་དབང་པོ་བསྲུང་བ། རིན་ཆེན་དབང་པོ་བསྲུང་བ། རླངས་བདེ་གཤེགས་གོ་ཆ་བསྲུང་བ། བཻ་རོ་ཙ་ན་རྣམ་པར་སྣང་མཛད་བསྲུང་བ། འཁོན་ཀླུའི་དབང་པོ་བསྲུང་བ། གཙང་པ་དེ་ཝེནྡྲ་ལྷའི་དབང་པོ་བསྲུང་བ་སྟེ། སད་མི་མི་བདུན་རབ་ཏུ་བྱུང་ནས། སླར་ཡང་རྨ་རིན་ཆེན་མཆོག །ནམ་མཁའི་སྙིང་པོ་ལ་སོགས་པ་དགེ་སློང་མི་ལྔས་གཙོར་བྱས་ལ་སྡོམ་རྒྱུན་ཇི་རིགས་སུ་དར་ཞིང་རྒྱས་སོ། །དེ་ནས་མངའ་བདག་ཁྲི་རལ་གྱི་དུས་སུ་ཁ་ཆེའི་ཡུལ་ནས་ཛི་ནཱ་མི་ཏྲ་དང་། སུ་ལེནྡྲ་བོ་དྷི་ལ་སོགས་སྤྱན་དྲངས་ནས་སྡོམ་རྒྱུན་ཆེར་འབར་བ་ཡིན་ནའང་། ཁྲི་རལ་འདས་རྗེས་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བཤིག་སྟེ་དགེ་འདུན་ཐམས་ཅད་མིང་མེད་པར་བྱས་པའི་སྐབས་སུ། གཡོར་སྟོད་ཀྱི་དམར་བན་ཤཱཀྱ་མུ་ནེ། རྒྱ་རམ་པའི་གཙང་རབ་གསལ། དྲ་ཆུང་མདོའི་གཡོ་དགེ་འབྱུང་གསུམ་གྱིས། དཔལ་ཆུ་བོ་རིའི་དགོན་ནས། འདུལ་བ་དྲེའུ་ཁལ་གཅིག་བཀལ་ནས། ཧོར་ཡུལ་དུ་བྱོན་པས་ཆོས་ལ་འགོད་མ་ཐུབ། མདོ་ཁམས་སྨད། རྨ་ཆུ་རྒྱུད། མདོ་སྨད་ཨན་ཆུང་གི་དགོན་པའམ། དབེན་འབྱུང་ནམ་མཁའ་རྫོངས་སམ། རྨ་ཀླུང་དན་ཏིག་ཤེལ་གྱི་དགོན་པ་ཞེས་བྱ་བར་བཞུགས་པ་ལ། བོན་པོ་དགེ་བ་གསལ་བྱ་བ་དད་དེ་རབ་ཏུ་བྱུང་བས་མཚན་བླ་ཆེན་མུ་ཟུང་དགོངས་པ་གསལ་དུ་བཏགས་དེས་སྡོམ་རྒྱུན་ཇི་སྙེད་གནང་བ་ལ་འདུལ་བ་སྨད་ལུགས་ཞེས་སམ། བླ་ཆེན་སྡོམ་རྒྱུན་དུ་གྲགས་སོ། །དེ་དུས་གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག །གཙང་དགེ་ཤེས་རབ་སེང་གེ། དབུས་པ་ཀླུ་མེས་ཤེས་རབ། འབྲེ་ཡེ་ཤེས་ཡོན་ཏན། སུམ་པ་ཡེ་ཤེས་བློ་གྲོས། རྦ་བཙུན་བློ་གྲོས་གྲགས་དང་དྲུག་བྱོན་ནས། བློ་གྲོས་གྲགས་ནི་སྔོན་ནས་དགེ་སློང་ཡིན་ཞིང་། གཞན་ལྔ་པོ་རྒྱལ་སོ་ཁ་ཕྱག་གི་དགོན་པར་བླ་ཆེན་ལས་རབ་ཏུ་བྱུང་། མཁན་པོའི་ཞལ་ནས། འབྲེའི་གནས་བརྟན་གྱིས། ལོ་སྟོན་དང་སུམ་པ་མཐུ་ཆེ་བས་བསྟན་པ་སྲུངས། ཁྱེད་ཚོ་ཡར་སོང་ལ་དགེ་འདུན་གྱི་སྡེ་ཚུགས་གསུངས་པས་ཡར་བྱོན་ནས། རགྴི་ཚུལ་ཁྲིམས་གཞོན་ནུས་ཁོང་ལྔའི་ཕྱི་སྙེགས་པས་མ་སླེབས་པས། ཁམས་སུ་བླ་ཆེན་གྱི་སློབ་མ་འགྲུམ་ཡེ་ཤེས་གཡུང་དྲུང་གིས་རབ་ཏུ་བྱུང་སྟེ། ཕྱིས་ཁོང་རྣམས་དང་བསྡེབས་ནས་ཡར་བྱོན། དབུས་གཙང་དུ་སླེབས་ནས། གཙང་དུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་གྱེས་པས་བོང་ཆོས་སྟོད་སྨད་གཉིས། གཙང་དགེ་ཤེས་རབ་ལས་གྱེས་པས་གཙང་ཆོས་ལྔ། དབུས་སུ་རྦ་བཙུན་བློ་གྲོས་གྲགས། རག་ཤི་ཚུལ་ཁྲིམས་གཞོན་ནུ། ཀླུ་མེས་ཤཱཀྱ་ཤེས་རབ། སུམ་ཡེ་ཤེས་བློ་གྲོས་བཞི་ལས་གྱེས་པས་ཀ་བ་བཞི། གདུང་མ་དྲུག །རྟེན་མ་སུམ་ཅུ་རྩ་གཉིས་ལ་སོགས་པ་བྱུང་། འབྲེ་ཡེ་ཤེས་ཡོན་ཏན་དེ་རྣམས་ཀྱིས་གནས་བརྟན་བྱས་ནས་ཕྱིའི་བུ་བཞི་ནང་གི་བུ་བཞི་ལ་སོགས་པ། ཆོས་ལྡན་དག་པ་འབྲེའི་སྐོར་ཞེས་པ་བྱུང་ངོ་། །དེས་ན་པདྨ་བཀའ་ཐང་ལས། དེ་ནས་དམ་ཆོས་འདུལ་བའི་བསྟན་པ་ནི། །མེ་རོ་ཙམ་ཞིག་མདོ་ཁམས་སྨད་ནས་དར། །ཞེས་པའི་དོན་ཏེ། དེ་དག་ལ་སྔ་འགྱུར་སྡོམ་རྒྱུན་ཞེས་བྱའོ། །ཕྱིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ས་ཆེན་ཀུན་སྙིང་གི་དུས་བྱུང་སྟེ། བོད་དུ་སྡོམ་རྒྱུན་གནང་བས་འདུལ་བ་ཕྱིས་དར་དང་སྟོད་ལུགས་ཞེས་དང་། ཇོ་བོ་རྗེ་ཕལ་ཆེན་སྡེ་པ་ཡིན་ཏེ། ཆོས་གོས་དཀར་པོ་ལ་སོགས་ཡིན་ཀྱང་བོད་དུ་བྱོན་དུས་ཁོ་བོ་ཡང་མཁན་པོའི་རྗེས་སུ་སློབ་པ་ལགས་ཞེས་ཡོད་སྨྲའི་ལུགས་མཛད་དེ་ཞེས་ཆོས་འབྱུང་རྣམས་སུ་འབྱུང་ལ། ཇོ་བོས་བོད་དུ་སྡོམ་རྒྱུན་གནང་བ་ཡོད་གྲང་ཡང་། དགེ་ལྡན་པ་ལ་སོགས་པའི་རྒྱུད་ཡིག་ཏུ་བསྒྲངས་པ་མ་མཐོང་ངོ་། །འདི་དག་གི་རྣམ་བཞག་རྒྱས་པར་ནི་གསར་རྙིང་གི་ཆོས་འབྱུང་རྣམས་སུ་གསལ་ལ། འདིར་ནི་ཡིག་ཚོགས་ལ་འཇིགས་པས་ས་བོན་ཙམ་དུ་བསྡུས་པའོ། །གཉིས་པ་རང་གི་སྡོམ་རྒྱུན་བྱེ་བྲག་ཏུ་བཤད་པ་ལ། སོ་ཐར་སྡོམ་རྒྱུན་བླ་ཆེན་ནས་ཀཿཐོག་ཏུ་བརྒྱུད་ཚུལ་གྱི་རིམ་པ་དང་། འདུལ་བ་གཞུང་བཤད་ཀྱི་རིམ་པ་བྱེ་བྲག་ཏུ་བརྒྱུད་ཚུལ་གཉིས་ལས། དང་པོ་ནི་བཅོམ་ལྡན་འདས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། འབྱུང་གནས་སྦས་པ། ཡེ་ཤེས་སྙིང་པོ། མཁན་ཆེན་བོ་དྷི་ས་ཏྭ། སད་མི་བདུན་ལས་རྦ་རཏྣ། རྨ་ཤཱཀྱ་འབྱུང་གནས། གཙང་པ་རབ་གསལ། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། རྒྱ་དབང་ཕྱུག་རྒྱལ་མཚན། གྲུ་གུ་བརྩོན་ཆེན། སྲུ་བཙུན་ཆེན་པོ། བྷོ་དྷི་ཞང་སྟོན། སྡེ་པ་ནགས་ཀྱི་མཁན་ཆེན། ཀཿཐོག་པ་བདེ་གཤེགས་ཤེས་རབ་སེང་གེ། ཆོས་རྗེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན། རྒྱལ་ཚབ་བྱམས་པ་འབུམ། སྤྱན་སྔ་རིན་པོ་ཆེ། གཡན་པ་དབུ་འོད་པ་བྱང་ཆུབ་དཔལ། མ་བཅོས་བསོད་ནམས་བཟང་པོ། ཀུན་དགའ་འབུམ། དབང་ཕྱུག་དཔལ། བློ་གྲོས་འབུམ། བློ་གྲོས་སེང་གེས། བྱང་ཆུབ་བློ་གྲོས། བྱང་ཆུབ་སེང་གེ། དྲུང་པ་བྱང་ཆུབ་རྒྱལ་མཚན། བུ་འབོར་ཡེ་ཤེས་རྒྱལ་མཚན། དྲུང་རྡོ་རྗེ་བློ་གྲོས། ཧེ་པ་ཆོས་ཀྱི་འབྱུང་གནས། སྟག་ཕུ་འདུལ་འཛིན་པདྨ་མ་ཏི་ལས་སོ། །གཉིས་པ་ནི། བཅོམ་ལྡན་འདས། འཕགས་པ་ཉེ་བ་འཁོར། འོད་སྲུང་། ཀུན་དགའ་བོ། དགྲ་བཅོམ་པ་ཉི་མའི་གུང་། ཤ་ནའི་གོས་ཅན། ཉེ་སྦས། དྷིཏྟི་ཀ །ནག་པོ། ལེགས་མཐོང་། དགྲ་བཅོམ་བློས་མི་ཕེབས་པ། ཁ་ཆེ་འདུས་བཟང་། དབྱིག་གཉེན། བཙུན་པ་ཡོན་ཏན་འོད། སློབ་དཔོན་ཆོས་བཤེས། ཞི་བ་འོད་དང་བསོད་ནམས་གྲགས། དེ་གཉིས་ཀས་ཤཱཀྱ་འོད། སེང་གེའི་གདོང་པ་ཅན། དཱ་ན་ཤཱི་ལ། ཁ་ཆེ་ཛི་ན་མི་ཏྲ། ཅོག་རོ་ཀླུའི་རྒྱལ་མཚན། རྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། སྤ་གོད་ཁམས་པ་ཡེ་ཤེས་གཡུང་དྲུང་། བཞད་དཔལ་གྱི་རྡོ་རྗེ། དབང་ཕྱུག་རྒྱལ་མཚན། གྲུ་གུ་བརྩོན་ཆེན། སྲུ་བཙུན་ཆེན་པོ། བྷོ་དྷི་ཞང་སྟོན། སྡེ་པ་ནགས་ཀྱི་མཁན་ཆེན། ཀཿདམ་པ་བདེ་གཤེགས་མན་ཆད་གོང་དང་འདྲ་བའོ།
༈ །གསུམ་པ་སོ་ཐར་གྱི་སྡོམ་པའི་ངོ་བོ་གང་ཞེ་ན། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླངས་ན། །གཞན་གནོད་གཞི་བཅས་ལྡོག་པ་ལུས་ངག་ལས། །སྐྱེ་ཕྱིར་གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤང་སེམས་རྒྱུན་ཆགས་ས་བོན་ལ་འདོད་པས། །རང་གི་སྡེ་པ་གོང་འོག་སོ་སོའི་ལུགས། །ཞེས་སྨོས་ཏེ། དེ་ཡང་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་འདོད་པ་ལེགས་སྨོན་དང་། ཚེ་འདིར་རྒྱལ་པོའི་ཆད་པ་ལ་སོགས་ལས་སྐྱོབ་འདོད་པ་ནི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཡིན་ཏེ། སོ་ཐར་མཚན་ཉིད་པ་མི་རུང་ལ། སོ་ཐར་གྱི་སྡོམ་པ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་བསམ་པ་ཁྱད་པར་ཅན་དགོས་ཏེ། དེ་ཡང་མདོ་རྩ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང་། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོངས། །ཞེས་སོ། །དེ་ཡང་སོ་ཐར་གྱི་སྡོམ་པའི་ངོ་བོ་ལ་འདོད་ལུགས་གཉིས་ཏེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་སྡོམ་པ་ངོ་བོ་གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་བ་ནི་ལུས་ངག་ལས་སྐྱེ་བའི་ཕྱིར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་འདོད་དེ། མཛོད་ལས། རྣམ་རིག་མིན་རྣམས་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །ཞེས་སོ། །མདོ་སྡེ་པ་ནི། གཞན་གནོད་གཞི་དང་བཅས་པ་སྤང་བའི་སེམས་རྒྱུན་ཆགས་སུ་གནས་པ་ས་བོན་དང་བཅས་པ་སྟེ། སེམས་པ་ཅན་དུ་འདོད་པ་སྟེ། སྤྱོད་འཇུག་ལས། སྤང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་སོ། །བཞི་པ་སོ་ཐར་གྱི་དབྱེ་བ་ནི་དབྱེ་བ་བསྙེན་གནས་དགེ་བསྙེན་ཕ་མ་གཉིས། །ཁྱིམ་པའི་ཕྱོགས་ཡིན་དགེ་ཚུལ་ཕ་མ་གཉིས། །དགེ་སློབ་མ་དང་དགེ་སློང་ཕ་མ་ལྔ། །རབ་བྱུང་ལ་ཡིན་སོ་ཐར་རིགས་བརྒྱད་པོ། །རྫས་སུ་བསྡུ་ན་བཞིར་འདོད་མཛོད་ཀྱི་ལུགས། །དེ་ཡང་སོ་སོར་ཐར་པ་རིགས་བརྒྱད་ཅེས་བྱ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས། ཁྲིམས་ལྔ་དང་བཅས་པའི་དགེ་བསྙེན་ཕ་མ་གཉིས་དང་གསུམ་ནི་ཁྱིམ་པའི་ཕྱོགས་ཡིན་ལ། རགས་ལྡོག་བཅུ་ལ་སོགས་པ་དང་བཅས་པའི་དགེ་ཚུལ་ཕ་མ་གཉིས། སྤང་བའི་ཆོས་བཅུ་གཉིས་དང་ལྡན་པའི་དགེ་སློབ་མ་དང་གསུམ། ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་བཅས་པའི་དགེ་སློང་དང་། སུམ་བརྒྱ་དྲུག་ཅུ་རྩ་གཉིས་བསྲུང་བའི་དགེ་སློང་མ་དང་ལྔ་ནི་རབ་ཏུ་བྱུང་བའི་ཕྱོགས་ཡིན་ལ། དེ་ཡང་རིགས་དང་རྫས་སུ་བསྡུ་ན་བཞིར་འདུས་ཏེ། དགེ་སློང་ཕ་མ་གཉིས་རྫས་རིགས་གཅིག །དགེ་ཚུལ་ཕ་མ་དགེ་སློབ་མ་དང་གསུམ་རྫས་རིགས་གཅིག །དགེ་བསྙེན་ཕ་མ་གཉིས་གཅིག །བསྙེན་གནས་གཅིག་ཏེ་བཞིར་འདུས་པ་ནི། མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤང་བར་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་དང་། སོ་སོར་ཐར་པ་རིགས་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ཏེ། །ཞེས་པའི་དོན་ནོ། །སྤྱི་དོན་གཉིས་པ་སྡོམ་པ་ཇི་ལྟར་བླང་ཞིང་ཐོབ་པའི་ཚུལ་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། །ལེན་ཚུལ་གཉིས་ལས་སྔོན་གྱི་ཆོ་ག་ནི། །རང་བྱུང་ཡེ་ཤེས་ཁོང་ཆུད་འཕྲིན་གྱིས་རྫོགས། །སྟོན་པར་ཁས་བླང་ཚུར་ཤོག་གསོལ་བཞི་དང་། །དྲིས་པའི་ལན་ལྡོན་ལྕི་ཆོས་ཁས་བླངས་སོགས། །གདུལ་བྱ་བློ་དག་མཁན་པོ་འཕགས་པས་ཡིན། །ཞེས་པས་སྔོན་གྱི་ཆོ་ག་དང་། ད་ལྟའི་ཆོ་ག་གཉིས་ལས། དང་པོ་སྔོན་གྱི་ཆོ་ག་ལ་རྣམ་པ་བཅུ་སྟེ། རང་བྱུང་གི་བསྙེན་རྫོགས། ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་རྫོགས། འཕྲིན་གྱིས་བསྙེན་རྫོགས། སྟོན་པར་ཁས་བླངས་ཀྱིས་བསྙེན་རྫོགས། ཚུར་ཤོག་གིས་བསྙེན་རྫོགས། དྲིས་པའི་ལན་ལྡོན་གྱིས་བསྙེན་རྫོགས། ལྕི་ཆོས་ཁས་བླངས་ཀྱིས་བསྙེན་རྫོགས། སྐྱབས་གསུམ་ཁས་བླངས་ཀྱིས་བསྙེན་རྫོགས། གསོལ་བཞིའི་བསྙེན་རྫོགས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། རང་སངས་རྒྱས་མཁན་སློབ་མེད་པར་རང་གི་ངང་གིས་བསྙེན་པར་རྫོགས་པ་དང་། གཉིས་པ་ནི། ལྔ་སྡེ་བཟང་པོ་ལ་མཐོང་ལམ་གྱི་རྟོགས་པ་སྐྱེས་པས་ཡེ་ཤེས་ཁོང་ཆུད་དམ། ངེས་ཞུགས་ཀྱི་བསྙེན་རྫོགས་ཞེས་ཀྱང་བྱའོ། །གསུམ་པ་ནི། གྲོང་ཁྱེར་མཉན་ཡོད་ན་ཁྱིམ་བདག་སྦྱིན་པའི་བུ་མོ་མཆོད་སྦྱིན་མ་རབ་ཏུ་བྱུང་བར་འདོད་ཀྱང་ཕ་མས་ཁྱིམ་གྱི་ཕྱི་རོལ་དུའང་འགྲོར་མ་བཅུག་པ་ལས། དགེ་སློང་མ་ཨུཏྤལའི་མདོག་ཅན་ལ་བདག་རབ་ཏུ་བྱུང་བར་འདོད་ཀྱང་ཕ་མས་མ་གནང་ཡང་ཅི་ནས་ཀྱང་བདག་རབ་ཏུ་བྱུང་བར་ཞུས་པས། དགེ་སློང་མས་སྟོན་པ་ལ་ཞུས་པས་འཕྲིན་གྱི་སྒོ་ནས་རབ་བྱུང་བསྙེན་རྫོགས་རིམ་གྱིས་བྱེད་པར་གནང་བས་དགེ་སློང་མ་རྣམས་ཀྱིས་ཨུཏྤ་ལའི་མདོག་ཅན་འཕྲིན་དུ་བཏང་ནས། དགེ་བསྙེན་མ་ནས་དགེ་སློང་མའི་བར་གནང་བས་དགྲ་བཅོམ་ཐོབ་པར་བཤད་པ་ལྟ་བུ་སྟེ། གདུལ་བྱ་སྐལ་བ་དང་ལྡན་པ་ད་ལྟ་ཡང་འཕྲིན་གྱིས་བསྙེན་རྫོགས་རུངས་ཏེ། མདོ་རྩ་ལས། སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས། རབ་ཏུ་འབྱིན་དུ་ཞུགས་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །ཞེས་སོ། །བཞི་པ་ནི། འོད་སྲུང་ཆེན་པོས་སྟོན་པ་སངས་རྒྱས་ལ་ཁྱོད་ནི་ཁོ་བོའི་སྟོན་པའོ། །ཁོ་བོ་ནི་ཁྱོད་ཀྱི་ཉན་ཐོས་སོ། །ཞེས་ཡིད་ཆེས་ཀྱི་དད་པས་སྟོན་པར་ཁས་བླངས་མོད་ལ་བསྙེན་རྫོགས་སུ་གྱུར་པ་ལྟ་བུའོ། །ལྔ་པ་ནི། སྟོན་པས་གྲགས་པ་ལ་སོགས་ལ་དགེ་སློང་དག་ད་ཚུར་ཤོག །ཚངས་པར་སྤྱོད་པ་ལ་སྤྱོད་ཅིག་གསུངས་པ་ཙམ་གྱིས་སྐྲ་དང་ཁ་སྤུ་བྱི། ལུས་ཆོས་གོས་དང་བཅས་ཏེ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གྱུར་པ་བཞིན་ནོ། །དྲུག་པ་ནི། ཁྱིམ་བདག་ལེགས་སྦྱིན་ལ། སྟོན་པས་ལེགས་སྦྱིན་གཅིག་ཏུ་དགེ་བ་ནི་གང་། ཐར་པའོ། །དེ་ལ་མཁོ་བ་ནི་གང་། དད་པའོ། །ཞེས་དྲིས་པའི་ལན་ལ་ཐུགས་དགྱེས་པས་བསྙེན་རྫོགས་ཀྱི་སྡོམ་པ་མངོན་དུ་གྱུར་པ་ལྟ་བུའོ། །བརྒྱད་པ་ནི། བཟང་སྡེའི་ཚོགས་དྲུག་ཅུའི་ཡིད་ཆེས་ཀྱི་དད་པ་དང་ལྡན་པའི་སྒོ་ནས་དཀོན་མཆོག་གསུམ་སྐྱབས་སུ་ཁས་བླངས་བཞིན་བསྙེན་རྫོགས་མངོན་དུ་གྱུར་པ་ལྟ་བུའོ། །དགུ་པ་དང་། བཅུ་པ་ནི། ཡུལ་དབུས་སུ་མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་འདུས་པའམ། མ་མཐའ་བཅུ་ཡན་ཆད་ཀྱིས་གསོལ་བཞིའི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་སྒྲུབ་པའི་ཆོ་ག་དང་། མཐའ་འཁོབ་ཏུ་མཚམས་ནང་དེར་ཡོད་པ་དེ་དགེ་སློང་ཐམས་ཅད་དམ། མ་མཐའ་ལྔ་ཡན་ཆད་ཀྱི་རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་སྒྲུབ་པའོ། །དེ་ཡང་དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་ལ་གཉིས་ཏེ། ཆོས་ཚིགས་ཀྱིས་དབྱེ་བ་དང་། ས་ཚིགས་ཀྱིས་དབྱེ་བའོ། །དང་པོ་ནི། གང་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོག་པའི་མཁན་པོ་དང་ཆོ་ག་དང་བསླབ་བྱ་ཚུལ་བཞིན་དུ་སློབ་པའི་བསྟན་པ་ཡོད་པའི་ས་ཕྱོགས་ནི་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་ཡིན་ལ། དེ་མེད་པ་ནི་མཐའ་འཁོབ་ཡིན་ནོ། །གཉིས་པ་ནི། རྡོ་རྗེའི་གདན་ནི་འཛམ་བུའི་གླིང་གི་ལྟེ་བ་ཡིན་ཞིང་། དེའི་ཕྱོགས་མཚམས་ན་ལི་ཁ་ཤིང་འཕེལ་ལ་སོགས་དབུས་ཡིན་ལ་གཞན་ནི་མཐའ་འཁོབ་སྟེ། འདུལ་བ་ཚིགས་ལེའུར་བྱས་པ་ལས། ལི་ཁ་ར་ན་ཚང་ཚིང་ནགས། །ལི་ཁར་ཤིང་འཕེལ་ཤར་ཕྱོགས་ཉིད། །ཨུ་ཤི་ར་ཞེས་བརྗོད་པ་ཡི། །རི་བོ་མུན་པ་ཅན་གྱི་བྱང་། །ཀ་བ་ཉེ་བའི་ཀ་བ་ཡི། །གྲོང་ཁྱེར་ནུ་བན་གནས་པ་ཡིན། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང་། །ཆུ་རླུང་འདམ་བུ་ཅན་ནི་ལྷོ། །འདི་དག་གི་ནི་བར་རྣམས་ལ། །ཡུལ་དབུས་སུ་ནི་ཤེས་བྱ་སྟེ། །ཕྱི་རོལ་མཐའ་འཁོབ་ཅེས་བྱར་ནི། །མཐའ་ཡས་མཁྱེན་པས་གསུངས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་སྔོན་གྱི་དུས་སུ་གདུལ་བྱ་རྣམས་ཀྱང་གོང་ལྟར་བརྒྱུད་པ་ཡིན་ཞིང་། ནད་དང་ཉེར་འཚེ་འབྱུང་དཀའ་ལ་ཅུང་ཟད་བྱུང་ནའང་ནད་གཡོག་དང་སྨན་སོགས་རྙེད་སླ་བས་འཁྲིད་ཅིང་སྐྱོང་བར་བྱེད་པའི་མཁན་སློབ་ལ་གཙོ་བོར་ལྟོས་མི་དགོས་པ་དང་། མཁན་པོ་ཡང་སློབ་པ་སོ་སོའི་སྐྱེ་བོ་མ་ཡིན་ཏེ། མི་སློབ་པའི་འཕགས་པ་སངས་རྒྱས་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །གཉིས་པ་ད་ལྟར་གྱི་ཆོ་ག་ལ་གསུམ་སྟེ། སྡོམ་རྟེན་གང་ཟག་གི་མཚན་ཉིད། འབོག་བྱེད་མཁན་པོའི་མཚན་ཉིད། དེས་ཇི་ལྟར་སྡོམ་པ་འབོག་ཚུལ་ལོ། །དང་པོ་ནི། ད་ལྟའི་ཆོ་ག་ངེས་པ་ལྔ་བྲལ་ཞིང་། །མ་ནིང་ལ་སོགས་སྐྱེ་བའི་བར་ཆད་དང་། །རྒྱལ་པོས་མ་གནང་ལ་སོགས་གནས་པ་དང་། །བྱ་རོག་སྐྲོད་མི་ནུས་སོགས་ཁྱད་པར་དང་། །སྐྲ་སེར་ལ་སོགས་མཛེས་པའི་བར་ཆད་མེད། །ངེས་འབྱུང་བློ་ཅན་སྐལ་བཟང་སྐྱེས་བུ་དེ། །ཞེས་སྨོས་ཏེ། བསྙེན་གནས་མ་གཏོགས་པའི་སོ་ཐར་རིས་བདུན་གྱི་རྟེན་དེ་ངེས་པ་ལྔ་དང་བྲལ་ཞིང་བར་ཆད་བཞི་མེད་པ་ཞིག་དགོས་ཏེ། དེ་ཡང་ངེས་པ་ལྔ་ནི། སྤང་བྱ་ཁ་ཅིག་སྤངས། ཁ་ཅིག་མི་སྤངས་ལྟ་བུ་ཡན་ལག་ངེས་པ་དང་། སེམས་ཅན་ཁ་ཅིག་ལ་སྤངས། ཁ་ཅིག་ལ་མི་སྤངས་ལྟ་བུ་སེམས་ཅན་ངེས་པ་དང་། ཡུལ་ཆེ་གེ་མོ་ཞིག་ཏུ་སྤངས། ཆེ་གེ་མོ་ཞིག་ཏུ་མི་སྤངས་ལྟ་བུ་ཡུལ་ངེས་པ་དང་། ཟླ་བ་གཅིག་གམ་ལོ་གཅིག་ཙམ་དུ་སྤངས་བ་ལྟ་བུ་དུས་ངེས་པ་དང་། འཐབ་མོའི་ཚེ་མི་སྤངས། གཞན་དུ་སྤངས་ལྟ་བུ་གནས་སྐབས་ངེས་པའོ། །དེ་ལྔ་གང་རུང་གཅིག་དང་ལྔ་ཡང་མི་སྐྱེའོ། །བར་ཆད་བཞི་ནི། དང་པོ་སྡོམ་པ་སྐྱེ་བའི་བར་ཆད་དུ་གྱུར་པ་ནི་མི་མ་ཡིན་པའོ། །མིར་སྤྲུལ་པའི་གང་ཟག །བྱང་སྒྲ་མི་སྙན་པ། མཚན་གཉིས་གཅིག་ཆར་དུ་བྱུང་བ་ཟ་མ་མ་ནིང་ལ་སོགས་པའོ། །མ་ནིང་ལའང་ལྔ་སྟེ། སྐྱེས་ནས་མ་ནིང་དང་། ཟླ་བ་ཕྱེད་པ། འཁྱུད་ནས་ལྡང་པ། ཕྲག་དོག་ཅན་གྱིས། ཉམས་པ་མ་ནིང་ངོ་། །དང་པོ་ནི། སྐྱེས་ཙམ་ཉིད་ནས་སྐྱེས་པ་ཕོ་མོའི་མཚན་གཉིས་གཅིག་ཆར་དུ་བྱུང་བའམ། འདི་ལ་ཟ་མ་མ་ནིང་ཞེས་ཀྱང་བྱའོ། །དོན་བྱེད་ནུས་པ་མེད་པའོ། །གཉིས་པ་ནི། ཟླ་སྟོད་སྐྱེས་པ་ལ། ཟླ་སྨད་བུད་མེད་ཀྱི་མཚན་མར་འགྱུར་བའོ། གསུམ་པ་ནི། བུད་མེད་ལ་སོགས་པས་འཁྱུད་དུས་དབང་པོ་ལས་སུ་རུང་ལ། གཞན་དུ་མི་རུང་བའོ། །བཞི་པ་ནི། གཞན་ཕོ་མོ་སྤྱོད་པ་མཐོང་ན་ཕྲག་དོག་གིས་ལས་སུ་རུང་ལ་གཞན་དུ་མི་རུང་བའོ། །ལྔ་པ་ནི། སྐྱེས་པའི་དབང་པོ་མཚོན་ལ་སོགས་པས་བཅད་ནས་ཉམས་པའོ། །གཞན་ཡང་མུ་སྟེགས་ཅན། མཚམས་མེད་ལྔ་དང་། ཉེ་བ་ལྔ་བྱས་པ་ལ་སོགས་པའོ། །གཉིས་པ་སྐྱེས་པ་གནས་པའི་བར་ཆད་ནི། རྒྱལ་པོས་མ་གནང་བ་དང་། རྒྱལ་པོས་བཀྲབས་པ་ཞེས་རྒྱལ་པོའི་ལས་ཀ་འཛིན་པའི་བློན་པོ་ལྟ་བུ་དང་། གཞན་དབང་དུ་སོང་བ། བུ་ཚ་ཕ་མའི་དབང་། བུད་མེད་ཁྱོའི། བུ་ལོན་ཅན་ནོར་བདག་གི། བྲན་རྗེ་བོའི་དབང་དུ་སོང་བ་ལྟ་བུའོ། །གསུམ་པ་གནས་ཁྱད་པར་གྱི་བར་ཆད་ནི། ལུས་ནད་ཀྱིས་གཟེར་བ། སེམས་མྱ་ངན་གྱིས་གཟིར་བ། ལུས་ངལ་དུབ་ཀྱི་རང་བཞིན་ཅན། ལོ་བཅོ་ལྔ་མ་ལོན་པ་དང་། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་ལ་སོགས་པའོ། །བཞི་པ་རྟེན་མཛེས་པའི་བར་ཆད་ནི། ཤན་པའི་རིགས་སམ། ཁ་དོག་ལ་སྐྱོན་ཆགས་པ་སྐྲ་སེར་ཅན་དང་། དབྱིབས་ལ་སྐྱོན་ཆགས་པ་ལག་རྡུམ་སོགས་པ་སྟེ། འདུལ་བ་ལས། ལག་རྡུམ་དག་དང་རྐང་རྡུམ་དང་། །ལག་སོར་ཟླུམ་པོ་འཛས་པ་དང་། །མཆུ་མེད་ལུས་ལ་རྨ་མཚན་ཅན། །རྒས་ཆེས་པ་དང་གཞོན་ཆེས་པ། །འཐེང་པོ་སྨད་འཆལ་ཞར་བ་དང་། །ལག་སོར་རྡུམ་སྒུར་མིའུ་ཐུང་དང་། །ལྦ་བ་ལྐུགས་པ་འོན་པ་དང་། །རྟེན་འཕྱོ་དང་ནི་རྐང་བམ་དང་། །བུད་མེད་ཀྱིས་དུབ་ཁུར་གྱིས་དུབ། །མི་གང་ལམ་གྱིས་དུབ་པ་དང་། །ཡ་ཟ་མ་ལུག་གཏད་དགམ་དང་། །དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པ་མཛད། །ཅེས་སོ། །དེ་ཡང་བར་ཆད་གོང་མ་གཉིས་དང་ལྡན་པ་ནི་སྡོམ་པའི་རྟེན་མིན་ལ། ཕྱི་མ་གཉིས་ལ་སྡོམ་པ་ཕོག་ཀྱང་སློབ་དཔོན་ལ་བཅས་པའི་འགལ་བ་ཅུང་ཟད་ཡོད་ཀྱང་སྐྱེ་བ་དང་གནས་པའི་སྒོ་ནས་ཕན་པ་རྒྱ་ཆེན་པོ་ཡོད་པས་རུང་བར་ས་པཎ་གྱིས་གསུངས་སོ། །དེ་ལྟར་བར་ཆད་མེད་ཅིང་ངེས་འབྱུང་གི་བློ་དང་ལྡན་པའི་སྐལ་བཟང་གི་སྐྱེ་བོ་དེ་དག་ལ་རིགས་བདུན་གྱི་སྡོམ་པ་འབོག་པར་བྱའོ། །གཉིས་པ་འབོག་བྱེད་མཁན་པོའི་མཚན་ཉིད་ནི། ལེགས་གསུངས་འདུལ་བ་རྒྱ་མཚོ་མཐའ་དག་དང་། བརྒྱ་རྩ་གཅིག་པའི་ལས་ཕྲན་ལ་བྱང་བའི། མཁན་པོར་བཅས་པས་རིམ་བཞིན་བསྙེན་པར་རྫོགས། དེ་ཡང་འབོག་བྱེད་ཀྱི་མཁན་པོ་དེ་ཡང་། འདུལ་བ་གཞུང་བཞི་དགོངས་འགྲེལ་དང་བཅས་པའི་དོན་ཁོང་དུ་ཆུད་ཅིང་། ལས་བརྒྱ་རྩ་གཅིག་གི་རྣམ་བཞག་ཀརྨ་ཤ་ཏཾ་ལ་སོགས་ལས་ཆོག་ལ་ཤིན་ཏུ་བྱང་བ། ནད་པ་སོགས་ལ་སྙིང་རྗེ་ཁྱད་པར་ཅན་དང་ལྡན་པའི་དགེ་བའི་བཤེས་གཉེན་ཏེ། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཞིང་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་སོ། །དེ་ལའང་མཁན་པོ་དང་། སློབ་དཔོན་གཉིས་ལས། དང་པོ་ལ། རབ་བྱུང་གི་མཁན་པོ་དང་། བསྙེན་རྫོགས་ཀྱི་མཁན་པོ་གཉིས་ཀྱི། དང་པོ་ནི། འདུལ་བའི་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཚུལ་བཞིན་དུ་སློབ་པ་ནི་བཙུན་པའི་ཡོན་ཏན་དང་། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་ནི་བརྟན་པའི་ཡོན་ཏན་གཉིས་དང་ལྡན་པའོ། །གཉིས་པ་བསྙེན་རྫོགས་ཀྱི་མཁན་པོ་ནི། དེའི་སྟེང་དུ་ལྔ་ཕྲུགས་སུ་སྦྱར་བ་ཉེར་གཅིག་པོ་གང་རུང་དང་ལྡན་པ་ནི་མཁས་པའི་ཡོན་ཏན་ཏེ་གསུམ་དང་ལྡན་པའོ། །ལྔ་མཚན་ཉེར་གཅིག་ནི། ལུང་བར་སྡོམ་ལས། ལོ་བཅུ་འཛིན་དང་མཁས་པ་དང་། །རིག་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་ཤེས་ཏེ། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པའི། དང་པོ་ལོ་བཅུ་ཞེས་པའི་ལྔ་ནི། ལོ་བཅུ་ལོན་པ་ནད་གཡོག །འགྱོད་བསལ། སྡིག་སྤངས། གནས་འདིར་ལྔའོ། །དེ་བཞིན་དུ་རེ་རེ་བཞིན་ལྔ་ལྔ་སྟེ་རྒྱས་པར་གཞན་དུ་ཤེས་སོ། །གཉིས་པ་སློབ་དཔོན་ལ་ལྔ་སྟེ། དགེ་ཚུལ་གྱི་སློབ་དཔོན་གསང་སྟེ་སྟོན་པའི་སློབ་དཔོན། ལས་ཀྱི་སློབ་དཔོན། གནས་ཀྱི་སློབ་དཔོན། ཀློག་པའི་སློབ་དཔོན་ཏེ། མདོ་རྩ་ལས། དེ་ནི་སློབ་དཔོན་ཡིན་ནོ། །གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པ་ཡང་ངོ་། །ཞེས་སོ། །དེ་ལ་དང་པོ་ནི། སྒྲུབ་བྱ་ལ་དགེ་ཚུལ་གྱི་སྡོམ་པ་འབོག་པའི་དགེ་སློང་ངོ་། །གཉིས་པ་ནི། གསང་སྟོན་དུ་བསྐོས་པས་སྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲིས་ཏེ་དགེ་འདུན་ལ་གོ་བར་བྱེད་པའི་དགེ་སློང་ངོ་། །གསུམ་པ་ནི། དགེ་འདུན་གྱི་དབུས་སུ་གསོལ་བཞིའི་ཆོ་ག་བརྡ་སྤྲོད་པའི་དགེ་སློང་ངོ་། །བཞི་པ་ནི། སློབ་མ་ལ་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་སློབ་པར་བྱེད་པའི་དགེ་སློང་ངོ་། །ལྔ་པ་ནི། སློབ་མ་ལ་ལུང་རྟོགས་ཀྱི་ཡོན་ཏན་འཕེལ་ཕྱིར་གདམས་ངག་འབོག་པའི་དགེ་སློང་ངོ་། །དེ་ལྟར་རང་གི་མཁན་པོ་དང་སློབ་དཔོན་དུ་གྱུར་ཕྱིན་ཆད། ཚེ་དང་ལྡན་པ་དང་། གནས་བརྟན་དང་། དགེ་བཤེས་དང་། བཙུན་པ་ལ་སོགས་མི་སྨྲ་བར། མཁན་པོ་དང་། སློབ་དཔོན་དང་། དེ་བཞིན་གཤེགས་པ་ཞེས་པ་དང་། བདག་གི་སློབ་དཔོན་མཚན་འདི་ཞེས་བྱ་བ་དང་། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོ་འདི་ཞེས་བྱ་བ། ཞེས་བརྗོད་དགོས་ལ། འོན་ཀྱང་གང་གི་རིགས་དང་། ཡུལ། མཁན་པོ་ལ་སོགས་དྲིས་ན་ཉེས་པ་མེད་ལ། རང་གི་མཁན་སློབ་ཏུ་མ་གྱུར་པ་གཞན་ལ་ཞེས་པའི་ཚིག་མི་དགོས་ཏེ། ས་གའི་ལྷས། མཁྱེན་པའི་དེ་བཞིན་གཤེགས་པ་ལ། བརྟུལ་ཞུགས་ཅན་གྱིས་ཚེ་ལྡན་དང་། །རིགས་རུས་མཚན་ནས་སྨོས་པ་དང་། །ཡུལ་ནས་བརྗོད་པར་མི་བྱའོ། །ཞེས་དང་། ཐེ་ཚོམ་བསལ་བའི་དོན་དུ་ནི། །སངས་རྒྱས་གདུང་ནི་གང་ཡིན་པ། །རྒྱལ་རིགས་ལས་གང་རབ་བྱུང་བ། །ཞེས་སོགས་སྨྲ་བ་ཉེས་པ་མེད། །ཅེས་པ་དང་། མདོ་རྩར། ཉིད་ལས་གཞན་དུ་ཉེ་བར་མི་བརྗོད་དོ། །གཞན་ལ་མི་བྱའོ། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་སྡོམ་པ་འབོག་ཚུལ་ལ་གསུམ་སྟེ། བསྙེན་གནས་འབོག་ཚུལ་དང་། རིགས་བདུན་འབོག་ཚུལ། ཞར་ལ་འཕྲོས་དོན་དང་ཐོབ་མཚམས་ངོས་བཟུང་བའོ། །དང་པོ་ལ་གསུམ། བླང་བའི་ཡུལ། བླང་བའི་གང་ཟག་དང་། ལེན་པའི་ཆོ་ག་དང་གསུམ་ལས་དང་པོ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཡུལ་གང་ཟག་གཞན་དགེ་སློང་ལས་ལེན་དགོས་པར་བཞེད་ལ། མདོ་སྡེ་པ་ལྟར་ན། དགེ་སློང་ཁོ་ན་ལས་ལེན་དགོས་པ་མིན་ཏེ། གནས་འཇུག་གི་བུས་ཞུས་པའི་མདོ་ལས། ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་གནས་པར་འདོད་པ་དེས། ནང་པར་ལངས་ནས། དགེ་སློང་ངམ། བྲམ་ཟེའམ། ཁྱིམ་པ་གཞན་གང་ཡང་རུང་བ་ཆོ་ག་ཤེས་པ་ཞིག་གི་དྲུང་དུ་སོང་ནས། ཞེས་གསུངས་པ་ལྟར་འདོད་དོ། །གཉིས་པ་བླང་བའི་གང་ཟག་ཀྱང་། བྱེ་བྲག་ཏུ་སྨྲ་བ་ལྟར་ན། གླིང་གསུམ་གྱི་སྐྱེས་པ་བུད་མེད་མ་གཏོགས་པ་སྡོམ་རྟེན་དུ་མི་འདོད་དེ། མདོ་རྩ་བར། མི་མ་ཡིན་པའི་འགྲོ་བ་དང་། བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ། །ཞེས་སོ། །མདོ་སྡེ་པ་ལྟར་ན། བསྙེན་གནས་ཀྱི་རྟེན་གནས་དུད་འགྲོ་ལ་སོགས་ལའང་རུང་བར་བཞེད་དེ། འདུལ་བ་ལས། ཀླུ་གཞོན་ནུ་ཙམ་པ་ཞེས་བྱ་བས་ཚེས་བརྒྱད་ལ་བསྙེན་གནས་བསྲུང་བར་བཤད་པ་དང་། སྐྱེས་རབས་ལས། རི་བོང་དང་སེང་གེ་སོགས་ཀྱང་བསྙེན་གནས་བསྲུང་བར་བཤད་པ་བཞིན་ནོ། །གསུམ་པ་ལེན་པའི་ཆོ་ག་ལའང་། ཆོ་གའི་ངག་འདོན་གཞན་དུ་ཤེས་ལ། བྱེ་བྲག་ཏུ་སྨྲ་བས། དང་པོར་སློབ་དཔོན་གྱི་དྲུང་དུ་སོང་ནས་སང་ཉི་མ་མ་ཤར་གྱི་བར་ཁས་བླང་ནས། ཕྱིས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། བཅོ་ལྔ་དང་། གནམ་སྟོང་ལ་ཁས་བླངས་པས། མ་འོངས་པ་ན་ཚེས་བརྒྱད་ལ་སོགས་པར་ཟས་ལ་ལོངས་སྤྱོད་པའི་རྗེས་སུ་སློབ་དཔོན་གྱི་དྲུང་དུ་བླངས་པས་སྐྱེ་བར་འདོད་དེ། མཛོད་ཀྱི་རང་འགྲེལ་དུ། སྔོན་ཡང་དག་པར་ཁས་བླངས་པ་དེས་ནི། ཟན་ཟོས་ཀྱང་ནོད་པར་བྱའོ། །ཞེས་པ་ལྟར་རོ། །མདོ་སྡེ་པས་ནི། དང་པོར་སློབ་དཔོན་གྱི་དྲུང་དུ་ཆོས་བརྒྱད་དང་བཅོ་ལྔ་ལ་སོགས་ཁས་བླངས་པས། ཕྱིས་རྟེན་ལ་སོགས་པའི་དྲུང་དུ་བླངས་པས་སྐྱེ་བ་ཡིན་ཏེ། ས་པཎ་གྱིས། མདོ་སྡེ་བ་ཡི་ལུགས་བཞིན་དུ། །ཇི་ལྟར་འདོད་ཚེ་ལེན་ན་ཡང་། །ཞེས་སོ། །ཐེག་ཆེན་པ་ལྟར་ན། དང་པོ་རྟེན་ལ་སོགས་པའི་དྲུང་དུ་ལེན། ཕྱིས་ཀྱང་དེར་ལེན་པར་བཞེད་པའོ། །གཉིས་པ་སོ་ཐར་རིགས་བདུན་གྱི་སྡོམ་པ་འབོག་པ་པོའི་ཚུལ་ལ་གསུམ་སྟེ། ཚིགས་སྔ་མ་དགེ་ཚུལ་དུ་བསྒྲུབ་པ། ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པ། བུད་མེད་ཀྱི་ཆོ་གའི་ཁྱད་པར་གཞན་བསྟན་པའོ། །དང་པོ་ནི། ཀརྨ་ཤ་ཏཾ་ལས། སྔོན་དང་དགེ་བསྙེན་བསླབ་པ་དང་། །ཞེས་པས། བསྟན་པ་ལ་རིམ་གྱིས་འཇུག་པའི་ཆེད་དུ་དགེ་བསྙེན་དུ་བསྒྲུབ་པ་དང་། དགེ་ཚུལ་གྱི་བརྟུལ་ཞུགས་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་བར་མ་རབ་བྱུང་དུ་བསྒྲུབ་པ་གཉིས་ལས། དང་པོ་ནི། ཉེས་མེད་ཕུན་སུམ་ཚོགས་པའི་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལ། དགེ་བསྙེན་ནས་རིམ་གྱིས་བསྒྲུབ་དགོས་ཏེ། མདོ་རྩར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་པས་དགེ་བསྙེན་དགེ་ཚུལ་གཉིས་སྔོན་དུ་མ་སོང་བར་བསྙེན་རྫོགས་མི་སྐྱེ་བས། དང་པོ་དགེ་བསྙེན་གྱི་སྡོམ་པ་ནི། ཡུལ་དགེ་འདུན་མེད་ཁ་མེད་དུ་མི་དགོས་ཏེ། བསྡུ་བར་ཁྱིམ་པ་སོགས་ལས་བླང་དུ་རུང་བར་གསུངས་ཤིང་། དེ་ཡང་སྣ་གཅིག །ཡོངས་རྫོགས་སོགས་འོག་ནས་འབྱུང་བ་ལྟར་བླང་བའོ། །གཉིས་པ་དགེ་ཚུལ་གྱི་བརྟུལ་ཞུགས་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་བར་མ་རབ་བྱུང་དུ་བསྒྲུབ་པ་ནི། བླང་བའི་ཡུལ་དགེ་ཚུལ་གྱི་སྡོམ་པ་གང་ཟག་ལས་སྐྱེ་བས་དགེ་འདུན་མེད་ཁ་མེད་མི་དགོས་པར་མཁས་པ་བུས་གསུངས་ཀྱང་། ཡོན་ཏན་གྱི་ཆེ་བ་དང་། དགོས་པ་ཆེན་པོའི་ཕྱིར། དགེ་འདུན་བཞིའི་ཡན་ཆད་དགོས་ལ། ཞུ་བ་པོ་ཡང་གསུམ་ཡན་ཆད་མི་རུངས་ཏེ། མདོ་རྩ་ལས། གསུམ་མན་ཆད་ཚིགས་གཅིག་གིས་བསྙེན་པར་རྫོགས་པར་བྱ་རུང་ངོ་། །ཞེས་སོ། །དེ་ཡང་དགེ་ཚུལ་གྱི་སྡོམ་པ་ལན་གཅིག་ནོད་ནས་རྩ་ལྟུང་འཆབ་བཅས་བྱུང་ན་སླར་བླང་དུ་མི་བཏུབ་སྟེ། ངོ་ཚ་ཁྲེལ་མེད་ཀྱིས་རྒྱུད་དྲེགས་པའི་ཕྱིར། སུམ་བརྒྱ་པ་ལས། མི་གསོད་ལ་སོགས་རྣམ་བཞི་ཡིས། །དགེ་ཚུལ་ལས་ནི་ཉམས་གྱུར་པ། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱིས་ནས་སྡོམ་སྐྱེས་སྐལ་བ་མེད། །ཅེས་སོ། །དེ་ལྟར་མ་ཡིན་པ་ལ། ཀརྨ་ཤ་ཏཾ་ལས། ཞུ་དང་མཁན་པོ་དང་པོ་དང་། །རབ་བྱུང་དགེ་ཚུལ་གྲིབ་ཚོད་དང། །བསླབ་པ་བརྗོད་པ་ཐ་མ་ཡིན། །ཞེས་པ་ནི་ལས་ཆོག་གི་སྡོམ་སྟེ། ཞུ་དང་ཞེས་པ་ནི། བསྒྲུབ་བྱ་དེ་རབ་བྱུང་ཞུ་བའི་དགེ་སློང་ལ་གཏད་ནས། དེས་ཀྱང་དགེ་འདུན་ལ་ཞུ་བའོ། །མཁན་པོ་ཞེས་པས་མཁན་པོར་གསོལ་བ་གདབ་པའོ། །དང་པོ་ཞེས་པ་དེའི་འོག་ཏུ་དགེ་སློང་གཞན་ཞིག་གིས་དེའི་སྐྲ་དང་ཁ་སྤུ་བྲེགས་ཏེ། སྤྱི་བོར་གཙུག་ཕུད་བཞག་པ་ལ། གཙུག་ཕུད་བྲེགས་པར་སྤྲོའམ་བྱས་པས། སྤྲོ་ལགས་ཞུས་ཏེ་བྲེགས་ནས་དགུན་ཆུ་དྲོན། དབྱར་ཆུ་གྲང་གིས་ཁྲུས་བྱས་ཏེ། མཁན་པོར་འོས་པ་དེས། ཆོས་གོས། ཤམ་ཐབས། ལྷུང་བཟེད། གདིང་བ། ཆུ་ཚགས་ཏེ་ཡོ་བྱད་ལྔ་གཏད་དེ། མཁན་པོའི་མཚན་ནམ། སྡེ་པའི་མིང་གི་མཐའ་ཅན་དཔལ་དང་། འོད་དང་། གྲགས་པ། བཟང་པོ་ལ་སོགས་པས་སྤྲས་པ་འདོག་གོ། །རབ་བྱུང་ཞེས་པ་ནི། བར་མ་རབ་བྱུང་དུ་བསྒྲུབ་པའོ། །དགེ་ཚུལ་ཞེས་པ་ནི། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ནས་དགེ་ཚུལ་བསྒྲུབ་པའི་ཆོ་གའི་སྔགས་ཚིག་ལན་གསུམ་བརྗོད་དེ་དགེ་ཚུལ་དུ་བསྒྲུབ་པའོ། །གྲིབ་ཚོད་ཅེས་པས། གྲིབ་ཚོད་གཞལ་ཏེ་དེའི་འོག་ཏུ་དུས་བརྗོད་པའོ། །བསླབ་པ་བརྗོད་པ་ཞེས་པས་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་བརྗོད་པ་སྟེ་དགེ་ཚུལ་དུ་བསྒྲུབ་པའོ། །གཉིས་པ་ཚིགས་ཕྱི་མ་བསྙེན་རྫོགས་སུ་བསྒྲུབ་པ་ལ། ཡུལ་དབུས་སུ་དགེ་སློང་བཅུ་དང་། མཐའ་འཁོབ་ཏུ་ལྔ་ཡན་ཆད་འདུས་པ་ལ་སྐྱེས་པ་བསྙེན་པར་རྫོགས་དགོས་ལ། དེ་ཡང་ཀརྨ་ཤ་ཏཾ་ལས། དང་པོར་བྱ་དང་མཁན་པོ་དང་། །ཆོས་གོས་གཉིས་དང་ལྷུང་བཟེད་གཉིས། །སྤྲོ་བྱ་གསོལ་བ་གསང་སྟོན་དང་། །ཞུ་དང་གསོལ་དང་གསལ་བ་དང་། །དྲི་དང་ལས་དང་གྲིབ་ཚོད་དང་། །ཉིན་མཚན་དུས་ཚོད་གནས་རྣམས་དང་། །ལྟུང་བྱེད་དགེ་སྦྱོང་མཆོག་འདོད་དང་། །ཚུལ་ཁྲིམས་མཉེས་དང་ཚུལ་འབྲེལ་དང་། །དུལ་དང་དགོས་དང་མ་བརྗོད་དང་། །གུས་པ་དང་ནི་བསྒྲུབ་བྱ་བ། །མུ་སྟེགས་གནང་བ་སྦྱིན་པ་ཡིས། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པ་ནི་སྡོམ་སྟེ། དང་པོར་བྱ་དང་ཞེས་པ་ནི། སྒྲུབ་བྱ་དེ་ལོ་ཉི་ཤུ་ལོན། སྣམ་སྦྱར་བླ་གོས་མཐིང་གོས་ཏེ་ཆོས་གོས་གསུམ་དང་ལྷུང་བཟེད་ཀྱང་ཚང་། བསྙེན་པར་རྫོགས་པར་འདོད་པ་ན་མཁན་པོར་འདོད་པ་དེས། ལས་བྱེད་སློབ་དཔོན། གསང་སྟོན། ལས་གྲལ་དུ་འདུས་པའི་དགེ་སློང་རྣམས་ལ་གསོལ་བ་བཏབ་ནས། དེ་རྣམས་ཀྱིས་ཀྱང་། རང་རང་གི་ལྟུང་བ་བཤགས་འོས་རྣམས་བཤགས། བྱིན་གྱིས་བརླབ་འོས་རྣམས་བྱིན་གྱིས་བརླབས་ཏེ་ལས་གྲལ་དུ་འདུས་པའོ། །མཁན་པོ་ཞེས་པས་བསྙེན་རྫོགས་ཀྱི་མཁན་པོར་གསོལ་བ་གདབ་པའོ། །ཆོས་གོས་དང་པོ་ནི་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་བརླབས་ནས་གནང་བའོ། །ཆོས་གོས་གཉིས་པ་ནི་ཆོས་གོས་དྲུབས་ཟིན་པ་མེད་ན་ཆོས་གོས་ཀྱི་རྒྱུ་བྱིན་གྱིས་བརླབས་ནས་གནང་བའོ། །ལྷུང་བཟེད་དང་པོ་ནི་དགེ་འདུན་ལ་མི་ཆེའམ། མི་ཆུང་ངམ། མི་སྐྱའམ་བསྟན་པའོ། །གཉིས་པ་ནི་མཁན་པོས་བྱིན་གྱིས་བརླབས་ནས་གནང་བའོ། །སྤྲོ་བྱ་ཞེས་ལས་སློབ་ཀྱིས་གང་ཡིན་དྲིས་ནས་སྤྲོར་གཞུགས་པའོ། །གསོལ་བ་ཞེས་གསང་སྟོན་བསྐོ་བའི་གསོལ་བ་འབའ་ཞིག་གོ། །གསང་སྟོན་ཞེས་པས་གསང་སྟོན་གྱིས་སྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲི་བའོ། །ཞུ་དང་ཞེས་གསང་སྟོན་གྱི་དགེ་འདུན་ལ་བར་ཆད་དག་གོ་ཞུ་བའོ། །གསོལ་དང་ཞེས་བསྙེན་པར་རྫོགས་ཕྱིར་བསྒྲུབ་བྱ་ལས་སློབ་ཀྱིས་རྗེས་ཟློས་བྱས་ཏེ་གསོལ་བ་བཏབ་པའོ། །གསོལ་བ་ཞེས་པས་ལས་སློབ་ཀྱིས་བསྒྲུབ་བྱ་ལ་སྔོན་དུ་བར་ཆད་དྲི་བའི་ཆེད་དུ་གསོལ་བ་འབའ་ཞིག་པའི་ལས་བྱེད་པའོ། །དྲི་དང་ཞེས་པས་མངོན་དུ་དྲི་བའོ། །ལས་དང་ཞེས་པས་བསྙེན་པར་རྫོགས་པའི་དངོས་གཞིའི་ལས་བྱེད་པའོ། །གྲིབ་ཚོད་ཅེས་པས་ཐུར་མ་སོར་བཞི་པ་སྐྱེས་བུ་ཞེས་དེའི་ཉི་མའི་གྲིབ་ཚད་གཞལ་བའོ། །དེ་ཡང་གྲིབ་མ་སོར་བཞི་ལ་སྐྱེས་བུ་དང་གསུམ་མན་ཆད་ལ་རྐང་པ་ཞེས་ཐ་སྙད་བརྗོད་དོ། །ཉིན་མཚན་ཞེས་པས་ཉིན་མོའི་ཆ་ཤས་བཅུ་བཞི། མཚན་མོའི་བརྒྱད་དེ་ཉེར་གཉིས་བརྗོད་པའོ། །ཉིན་མོའི་བཅུ་བཞི་ནི། ཀརྨ་ཤ་ཏཾ་ལས། སྐྱ་རེངས་ཤར་བ། ཉི་མ་མ་ཤར་བ། ཉི་མ་ཤར་བ། ཉི་མའི་བརྒྱད་ཆ་ཤར་བ། བཞི་ཆ་ཤར་བ། སྔ་དྲོའི་དུས། གུང་ཚིགས་མ་ཡོལ་བ། གུང་གི་དུས། ཕྱི་དྲོའི་དུས། ཉི་མའི་བཞི་ཆ་ལུས་པ། བརྒྱད་ཆ་ལུས་པ། ཉི་མ་མ་ནུབ་པ། ཉི་མ་ནུབ་པ། རྒྱུ་སྐར་མ་ཤར་བའོ། །མཚན་མོའི་བརྒྱད་ནི། རྒྱུ་སྐར་ཤར་བའོ། །མཚན་ཐུན་དང་པོ། ཐུན་དང་པོའི་ཕྱེད། གུང་ཐུན་དེའི་ཕྱེད། གུང་ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བའོ། །ཞེས་སོ། །དུས་ཚོད་ཅེས་དུས་ཚིགས་ལྔ་བརྗོད་པ་སྟེ། དེ་ཡང་མདོ་རྩ་ལས། དགུན་གྱི་དུས་དང་། དཔྱིད་ཀྱི་དུས་དང་། དབྱར་གྱི་དུས་དང་། དབྱར་ཐུང་ངུའི་དུས། དབྱར་རིང་པོའི་དུས་སོ། །དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ། །འོག་མ་ནི་ཟླ་བ་གཅིག་གོ། །དེའི་འོག་མ་ནི་ཉིད་ཞག་གཅིག་གོ། །ཐ་མ་ནི་ཟླ་བ་གསུམ་དུ་མ་ཆག་པའོ། །ཞེས་སོ། །གནས་རྣམས་ཞེས་པ་ནས་བསྒྲུབ་བྱ་ཞེས་པའི་བར་ནི་གདམས་ངག་བཅུ་གཅིག་བརྗོད་པའོ། །མུ་སྟེགས་གནས་པ་སྦྱིན་པ་ཞེས་སྦྱོར་བའི་ཆོ་གའི་སྤྲོས་པའོ། །འདི་དག་གོ་རིམ་མི་འཁྲུག་པའི་ས་བཅད་མདོར་བསྟན་པ་སྟེ་རྒྱས་པར་ལས་ཆོག་ལས་རྟོགས་པར་བྱའོ། །གསུམ་པ་བུད་མེད་ཀྱི་ཆོ་གའི་ཁྱད་པར་གཞན་བསྟན་པ་ལ་གསུམ་གྱི་དང་པོ་དགེ་བསྙེན་མ་དང་དགེ་ཚུལ་མར་བསྒྲུབ་པའི་ཆོ་ག་ནི་སྐྱེས་པའི་མལ་དུ་བུད་མེད་དང་། དགེ་སློང་གི་མལ་དུ་དགེ་སློང་མ་སྦྱར་བ་ལས་གཞན་སྔར་དང་འདྲ་སྟེ། མདོ་རྩ་ལས། དགེ་སློང་གི་གནས་སུ་དགེ་སློང་མའོ། །རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ། །ཞེས་སོ། །གཉིས་པ་དགེ་སློབ་མའི་སྡོམ་པ་ནི་བསྙེན་པར་མ་རྫོགས་པའི་ལོ་གཉིས་ཀྱི་གོང་དུ་བླང་དགོས་ཏེ། དེ་ཡང་དབུས་སུ་དགེ་སློང་མ་བཅུ་གཉིས། མཐའ་འཁོབ་ཏུ་དྲུག་ཚོགས་ཀྱིས་སྦྱིན་པར་བྱའོ། །གསུམ་པ་དགེ་སློང་མར་བསྒྲུབ་པ་ལ་ཆོ་ག་ཕལ་ཆེར་དགེ་སློང་དང་འདྲ་ལ། བླང་ཡུལ་དགེ་འདུན་གཉིས་ཀ་དགོས་ཏེ་དབུས་སུ་དགེ་སློང་བཅུ་དགེ་སློང་མ་བཅུ་གཉིས་ཏེ་ཉེར་གཉིས། མཐའ་འཁོབ་ཏུ་དགེ་སློང་ལྔ། དགེ་སློང་མ་དྲུག་ཏེ་བཅུ་གཅིག་དགོས་ལ། གསང་སྟོན་པའི་འོག་ཏུ་ཚངས་སྤྱོད་ཉེར་གནས་ཀྱི་སློབ་དཔོན་མས་བར་ཆད་དྲིས་ནས་ཚངས་སྤྱོད་ཀྱི་སྡོམ་པ་སྦྱིན་ཞིང་ཆོས་གོས་ཀྱི་སྐབས་སུ་ཆོས་གསུམ་པོའི་སྟེང་དུ། རྔུལ་གཟན་ཤིང་ང་དཔུང་བཅད་གཉིས་ཏེ་ལྔ་དགོས་ལ། ཤིང་དྲུང་མི་བརྗོད་ལ་ལྕི་ཆོས་བརྒྱད་བརྗོད་པ་ལ་སོགས་ཞིབ་པར་ལས་ཆོག་ལས་རྟོགས་པར་བྱའོ། །གསུམ་པ་ཞར་ལ་འཕྲོས་དོན་དང་ཐོབ་མཚམས་ངོས་བཟུང་བ་ནི། སྔ་མ་མ་བྱས་རྫོགས་པའི་མདོ་སྡེར་སྣང་། ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མར་འདོད། །ཅེས་པའི་དོན། སྡོམ་གསུམ་རྒྱན་ལས། སྔ་མ་མ་བྱས་བསྙེན་པར་རྫོགས་པ་དེས། །གཞན་གཉིས་ཞར་གྱིས་ཐོབ་པ་མདོ་སྡེར་སྣང་། །དེ་དུས་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཐེག་ཆེན་སོ་སོར་ཐར་པར་མཁས་རྣམས་བཞེད། །ཅེས་དང་། རྗེ་ས་པཎ་གྱིས། དེས་ན་ད་ལྟའི་ཆོ་ག་ནི། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་ཐར་སྡོམ་པ་རིགས་བརྒྱད་པོ། །བྱང་སེམས་སོ་སོ་ཐར་པར་འགྱུར། །ཞེས་སོ། །ཐོབ་མཚམས། ཆོ་གའི་རྗེས་ཟློས་ལན་གསུམ་གྱིས་རྗེས་སུ་ཐོབ་པ་སྟེ། དེ་ཡང་སྐྱབས་བརྗོད། བདག་བརྗོད། གཞན་བརྗོད་གསུམ་གྱི་ལན་གསུམ་པའི་བདག་བརྗོད་རྫོགས་མ་ཐག་ཏུ་དགེ་ཚུལ་ལམ་དགེ་སློང་གི་སྡོམ་པ་སྐྱེ་བ་ཡིན་ཞིང་། དེ་དུས་ཐོབ་པར་ངོ་ཤེས་དགོས་ཏེ། ལུང་གཞི་ལས། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཞེས་གསུངས་པ་སྟེ། གང་བདག་གི་མིང་མ་བརྗོད་པ་དང་། མཁན་པོའི་མིང་མ་བརྗོད་པ་དང་། སྡོམ་པ་ཐོབ་པའི་དུས་མི་ཤེས་པའོ། །ཞེས་པས་དེའི་དུས་ན་གྲིབ་ཚོད་ལ་སོགས་རིགས་པར་བྱ་ཞིང་། དེ་ཡང་རྟོགས་སླ་བར་བརྗོད་དེ། འདི་ལྟར་ལོ་བཅུ་གཉིས་ཡོད་པའི་ནང་ནས་བྱི་བ། དུས་ཚིགས་ལྔ་ལས་དགུན། དེའི་ནང་ནས་དགུན་ར་བ། དེ་ཡང་ངོ་གཉིས་ལས་ཡར་ངོའི་ཚེས་གཅིག །ཉིན་མཚན་གཉིས་ཀྱི་ཉིན་མོ། དེ་ལའང་ཆ་ཤས་བཅུ་བཞི་ཡོད་པའི་སྔ་དྲོའི་དུས་སུ། གཙུག་ལག་ཁང་འདི་ཞེས་པར་མཁན་སློབ་འདི་ཞེས་པ་ལས་རབ་བྱུང་བསྙེན་རྫོགས་ཐོབ་པ་ཡིན་པས་འདི་ལས་གྲིབ་ཚོད་གང་སྔ་བ་རྣམས་བསླབ་པ་རྒན་པ་ཡིན་པས་གྲལ་གོང་དུ་བཞག་ཅིང་རིམ་གྲོ་བྱེད་དགོས་ལ། འདི་ལས་ཕྱི་བ་རྣམས་ལ་རང་རྒན་པས་གང་དུ་འདུག་པ་ལ་སོགས་བཀྲོལ་ནས་བསླབ་བྱ་གང་ཡིན་དེ་ལན་གཅིག་བརྗོད་པའོ། །ལན་གསུམ་བརྗོད་པར་འདོད་པ་ནི་གཞུང་དོན་མ་རྟོགས་པར་ཟད་དོ། །སྤྱི་དོན་གཉིས་པ་ཐོབ་པ་མི་ཉམས་བསྲུང་བའི་ཐབས་ལ་གསུམ་སྟེ། སྡོམ་པའི་རྣམ་དབྱེ་རྒྱས་པར་བཤད་པ། གནང་བཀག་གི་དོན་མདོར་བསྟན་པ། ཞར་ལ་སྡོམ་པའི་རྟེན་བཤད་པའོ། །དང་པོ་ལ་བདུན་ཏེ། སྐྱབས་འགྲོའི་བསླབ་བྱ། བསྙེན་གནས་ཀྱི༴ དགེ་བསྙེན༴ དགེ་ཚུལ༴ དགེ་སློབ་མའོ། །དགེ་སློང་གི་དགེ་སློང་མའི་བསླབ་བྱ་བསྟན་པའོ། །དང་པོ་ནི། བར་དུ་ཐོབ་པ་མི་ཉམས་བསྲུང་བ་ལ། །བསླབ་བྱ་སྐྱབས་འགྲོའི་ཐུན་མོང་མིན་གསུམ་ནི། །སྐྱབས་གཞན་མི་འཚོལ་སེམས་ཅན་འཚེ་བ་སྤངས། །མུ་སྟེགས་མི་འགྲོགས་སོ་སོར་གུས་བསྐྱེད་དོ། །དེ་ཡང་བསླབ་བྱ་དངོས་དང་། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་བསླབ་བྱ་གསུམ་ལས། དང་པོ་ནི། མྱ་ངན་འདས་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་དག་ལ་སྐྱབས་སོང་ནས། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། སངས་རྒྱས་དང་ཆོས་དང་། དགེ་འདུན་ལ་གུས་པ་བསྐྱེད་པར་བྱའོ། །གསུམ་པ་ནི། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤངས། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་སུ་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོས་བཞེད། །དེ་ཡང་རང་གི་སྲོག་ལ་ཐུག་པའམ་བྱ་དགའ་ཆེན་པོའི་ཆེད་དུའང་དཀོན་མཆོག་གསུམ་མི་སྤང་བ་དང་། ནད་སོགས་ཀྱིས་ཉེས་པ་ལྟ་བུ་དགོས་གལ་ཆེ་ན་ཡང་སྲོག་གཅོད་མཆོད་སྦྱིན་ལྟ་བུ་སངས་རྒྱས་པར་ལྡོག་པའི་ཐབས་གཞན་མི་འཚོལ་བ་དང་། དུས་རྟག་པར་མཆོད་པ་ཁྱད་པར་དུས་ཆེན་བཞི་ལ་སོགས་སུ་མཆོད་པ་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་མི་བཅག་པ་དང་། རང་ཉིད་སྐྱབས་སུ་འགྲོ་ཞིང་གཞན་ཡང་སྐྱབས་འགྲོར་འགོད་པ་དང་། རང་ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེའི་སངས་རྒྱས་ལ་ཕྱག་འཚལ་བ་དང་ལྔ་ནི་སྐྱབས་འགྲོའི་ཐུན་མོང་གི་བསླབ་བྱར་དཔལ་ཇོ་བོ་རྗེས་བཞེད་དོ། །གཉིས་པ་བསྙེན་གནས་ཡན་ལག་བརྒྱད་པ་ནི། སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། རྫུན་དུ་སྨྲ་བ་སྟེ། རྩ་བ་བཞི་སྤངས་པ། ཆང་སྤངས་བག་ཡོད་ཡན་ལག་མལ་ཆེ་མཐོ། །གར་སོགས་ཕྲེང་སོགས་ཕྱི་དྲོའི་ཁ་ཟས་གསུམ། །བརྟུལ་ཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །དེ་སྐད་དུའང་མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །གཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་པས། རྩ་བཞི་སྤང་བས་ཚུལ་ཁྲིམས་ཀྱི་ཡན་ལག །དེའི་སྟེང་དུ་ཆང་སྤངས་བ་བག་ཡོད་ཀྱི་ཡན་ལག །མལ་ཆེན་པོ་ཞེས། རིན་པོ་ཆེ་ལས་བྱས་པ་དང་། མཐོན་པོ་ཞེས་མཐོ་གང་ལས་ལྷག་པ་དང་གཅིག །གར་སོགས་ཕྲེང་སོགས་དང་གཉིས། ཕྱི་དྲོའི་ཁ་ཟས་སྤང་བ་གསུམ་ནི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་བསྙེན་གནས་ཡན་ལག་བརྒྱད་པའོ། །ཡན་ལག་འདི་བརྒྱད་གཏན་དུ་མ་ཡིན་པས། ཡོན་ཏན་རྟེན་མིན་དེ་ཕྱིར་སོ་ཐར་ནི། མཚན་ཉིད་ལྡན་པ་རིགས་བདུན་ཁོ་ན་ཡིན། དེ་ལ་ཀུན་མཁྱེན་ཀློང་ཆེན་པས། བསྙེན་གནས་དུས་ནི་དུས་རེས་འགའ་བ་ཡིན་པས་ཡོན་ཏན་གྱི་རྟེན་དུ་མ་བཞག་གོ་ཞེས་པས་སོ་ཐར་མཚན་ཉིད་པ་ནི་རིགས་བདུན་པོ་ཡིན་ན། ཁ་ཅིག་ན་རེ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་སོགས་ལ་ཁས་བླངས་པས་དེས་ཕྱིས་ཚེས་བརྒྱད་སོགས་ལ་སྡོམ་པ་ལེན་མི་དགོས་ཏེ་བསྲུང་བས་ཆོག་པར་འདོད་དོ། །དེ་ནི་མི་འཐད་དེ། འོ་ན་ཟླ་བ་བྱུང་གོ་ཅོག་གི་ཚེས་བརྒྱད་སོགས་པར་བསྙེན་གནས་བསྲུང་བར་ཁས་བླངས་པའི་གང་ཟག་དེས་ཚེས་བརྒྱད་ཀྱི་མཚན་མོ་འདས་པ་ན་སྡོམ་པ་གཏོང་ངམ་མི་གཏོང་གཏོང་ན་ཟླ་བ་ཕྱི་མའི་ཚེས་བརྒྱད་སོགས་པར་བསྙེན་གནས་ཆོ་གའི་སྒོ་ནས་ལེན་དགོས་པར་ཐལ། དེའི་དུས་སུ་སྔར་གྱི་སྡོམ་པ་བཏང་ཟིན་པ་གང་ཞིག །སྡོམ་པ་རྒྱུད་ལ་མེད་པས་བསྲུང་བ་ལ་དགོས་པ་མེད་པའི་ཕྱིར། མི་གཏོང་ན། བསྙེན་གནས་ཀྱི་སྡོམ་པ་གང་ཞིག །ཉིན་ཞག་གི་མཐའ་ཅན་མ་ཡིན་པར་ཐལ་བ་དང་། ཚེས་བརྒྱད་དུ་མ་ཟད་དགུ་དང་བཅུ་ལ་བསྲུང་དགོས་པར་ཐལ། ཁས་བླང་པ་དེའི་ཕྱིར། འདོད་ན། སྡོམ་གསུམ་རབ་དབྱེར། བསྙེན་གནས་མཚན་མོ་འདས་པ་ན། གཏོང་ཕྱིར་འདི་ལ་འབུལ་མི་དགོས། །ཞེས་པ་དང་འགལ་ལོ། །དེས་ན་དུས་རེས་འགའ་བ་སྟེ། སྔར་ཚེས་བརྒྱད་ལ་སོགས་པར་ཁས་བླངས་པ་དེས། ཕྱིས་ཚེས་བརྒྱད་སོགས་ལ་ངེས་པར་ཆོ་གའི་སྒོ་ནས་བསྙེན་གནས་ལེན་དགོས་སོ། །དེ་ཡང་ཀུན་ཏུ་རྒྱུ་སེན་རེངས་ཀྱི་ཞུས་པ་ལ་སོགས་པར་བསྙེན་གནས་ཡན་ལག་འདི་བརྒྱད་ཇི་སྲིད་འཚོ་བའི་བར་བསྲུང་ན། གོ་མའི་དགེ་བསྙེན་ཡིན་ཀྱང་ཡོད་སྨྲའི་མིན། གནས་བརྟན་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད། ཡན་ལག་བརྒྱད་ཇི་སྲིད་འཚོ་བའི་བར་དུ་བསྲུང་ན། གོ་མའི་དགེ་བསྙེན་ཡིན་ཞེས་གནས་བརྟན་སྡེ་པས་འདོད་ལ་ཡོད་སྨྲ་བས་མི་འདོད་ཏེ། དབྱིག་གཉེན་གྱི་ཞལ་ནས། གོ་མའི་དགེ་བསྙེན་ཞེས་བྱ་བ་འདི་ནི་འཕགས་པ་གནས་བརྟན་པའི་མན་ངག་བརྒྱུད་པ་ལས་ཐོས་ཀྱི། བདེ་བར་གཤེགས་པས་གསུངས་པ་ནི་མ་མཐོང་ངོ་། །ཞེས་གསུངས་པའི་དོན་ནོ། །གསུམ་པ་དགེ་བསྙེན་གྱི་བསླབ་པ་ནི། དགེ་བསྙེན་གྱི་གཏན་ཁྲིམས་ལྔ་ཞེས། གསོད་རྐུ་རྫུན་སྨྲ་འདོད་པས་ལོག་པར་གཡེམ། མྱོས་གྱུར་སྤང་རྣམས་དགེ་བསྙེན་སྡོམ་པ་སྟེ། དེ་ཡང་དགེ་བསྙེན་ལ་རྩ་བ་བཞིའི་མི་ཚངས་སྤྱོད་ཆ་སྤོང་མི་དགོས་ཏེ། བདག་པོས་བསྲུང་བ་མི་གཞན་གྱིས་བཟུང་པ། རིགས་ཀྱི་བསྲུང་བ་མ་སྲིང་ལྟ་བུ། ཆོས་ཀྱི་བསྲུང་བ་དགེ་ཚུལ་དང་དགེ་སློང་མ་ལྟ་བུ་སྟེ་གསུམ། ཡུལ་གྱི་མི་རུང་བ་དཀོན་མཆོག་གི་རྟེན་དང་ཕ་མའི་དྲུང་། དུས་ཀྱི་མི་རུང་བ་ཟླ་མཚན་ལྡན་དུས་དང་དུས་གཉན། ཡན་ལག་གི་མི་རུང་བ་དང་ཁ་བཤང་ལམ་སྟེ་གསུམ་འགོག་ལ། བདག་གིར་བ་ནི་མི་འགོག་ལ། དེ་སྟེང་དུ་ཆང་སྤང་བའོ། །འདི་ལ་དབྱེ་ན། ཉན་ཐོས་སྡེ་བ་དག་གིས་སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྲོག་གཅོད་སྤང་བ་ལྟ་བུ་སྣ་གཅིག་གཅོད་པའི། གསོད་རྐུ་གཉིས་སྤང་བ་ལྟ་བུ་སྣ་འགའ་གཅོད་པའི། གསོད་རྐུ་རྫུན་གསུམ་སྤང་བ་ལྟ་བུ་ཕལ་ཆེར་གཅོད་པའི། ཀུན་བསྲུང་ན་ཡོངས་རྫོགས་ཀྱི་དགེ་བསྙེན་ཞེས་ལྔ་དང་། གཞན་དག་དེའི་སྟེང་དུ་མི་ཚངས་སྤྱོད་ཆ་བཅས་སྤང་བས་ཚངས་སྤྱོད་ཉེར་གནས་ཀྱི་དགེ་བསྙེན་དང་ཡན་ལག་བརྒྱད་ཇི་སྲིད་འཚོ་བའི་བར་བསྲུང་བས་གོ་མའི་དགེ་བསྙེན་དང་བདུན་དུ་བཞེད་དེ། འདི་ལྟར། གང་འདོད་ཁས་ལེན་གྲངས་ལྟར་སྣ་གཅིག་སྤྱོད། །སྣ་འགའ་ཕལ་ཆེར་སྤྱོད་དང་ཡོངས་རྫོགས་སྤྱོད། །གཅིག་གཉིས་གསུམ་དང་ལྔ་སྤང་དེ་ཡི་སྟེང་། །མི་ཚངས་སྤྱོད་སྤང་ཚངས་སྤྱོད་དགེ་བསྙེན་ནོ། །དེའི་འཕྲོས་བཤད་བཤད་མ་ཐག་པ་ལས། །ཕྱི་མ་གཉིས་ཀྱང་། ཆོ་འཕྲུལ་བསྟན་པའི་མདོ་ལས། ཇི་སྲིད་འཚོ་བར་ཚངས་བར་སྤྱོད་བྱེད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པའང་བླང་བར་བགྱི། །ཞེས་པའི་དོན་ཡིན་ལ། ཚངས་སྤྱོད་ཀྱི་དགེ་བསྙེན། འདི་དང་གོ་མི་གཉིས་ནི་ཁྱིམ་པ་དང་། རབ་བྱུང་གཉིས་ཀ་མིན་ཞེས་མཁས་ལ་གྲགས། །ཞེས་པས་མི་ཚངས་སྤྱོད་ཆ་དང་བཅས་པ་སྤངས་པས་ཁྱིམ་པའང་མིན་ལ། རགས་ལྡོག་ལྔ་སོགས་པའི་བསླབ་བྱ་མཚན་ཉིད་པ་མེད་པས་རབ་བྱུང་དུའང་མི་འདོད་ཞེས་མཁས་པ་དག་གིས་ཐ་སྙད་བརྗོད་དོ། །གཞན་ཡང་། རིག་འཛིན་སྔགས་ཀྱི་སྡོམ་པ་འཛིན་པས་གོང་ལྟར་རྩ་བ་བཞི་དང་། མི་དགེ་ལྷག་དྲུག་ཕྱོགས་མཐུན་སྤངས་བྱ་དང་། །དགེ་བསྙེན་སྡོམ་ལྡན་རིག་པ་འཛིན་པས་ཀྱང་། །རབ་བྱུང་རྟགས་དང་ཆོ་ག་མ་གཏོགས་པ། །ལྷག་རྣམས་ཉམས་སུ་ལེན་པ་དཔུང་བཟང་བཤད། །དེ་ཡང་། ཕྲ་མ། ཚིག་རྩུབ། ངག་འཆལ། བརྣབ་སེམས། ལོག་ལྟ་སྟེ་མི་དགེ་བཅུའི་ལྷག་མ་དྲུག་ཕྱོགས་མཐུན་དང་བཅས་པ་སྤང་ཞིང་། རབ་ཏུ་བྱུང་བའི་ཆོ་ག་དང་། ཆོས་གོས་ལྷུང་བཟེད་ལ་སོགས་པའི་རྟགས་མ་གཏོགས་འདུལ་བ་ལས་གསུངས་པའི་ཆོས་དེ་དག་སྔགས་པ་ཁྱིམ་པས་ཀྱང་བསྲུང་དགོས་པར། ཀྲི་ཡ་དཔུང་བཟང་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་བ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པས་ཁྱིམ་པ་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་ལེན་པར་བྱ། །ཞེས་གསུངས་པའི་དོན་ནོ། །བཞི་པ་དགེ་ཚུལ་གྱི་བསླབ་བྱ་ལ་གསུམ་སྟེ། སྤང་བྱ་རགས་ལྡོག་བཅུ། གནང་བ་ཉེས་མེད་བཅུ་གསུམ། ཉམས་པའི་ཆོས་གསུམ་བསྟན་པའོ། །དང་པོ་ནི། སྲོག་གཅོད་རྐུ་དང་མི་ཚངས་སྤྱོད་དང་རྫུན། །ཆང་འཐུང་གར་སོགས་ཕྲེང་སོགས་མལ་ཆེ་མཐོ། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྟེ། །ཞུམ་པ་སྤང་ཕྱིར་རགས་པ་བཅུར་དྲིལ་གསུངས། །དེ་སྐད་དུའང་འོད་ལྡན་ལས། །གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤངས། །ཞེས་གསུངས་པའི་ཚིག་འདི་དག་ལ་དམིགས་བསལ་མི་དགོས་པར་གསལ་བ་ཉིད་དོ། །གར་སོགས་ཕྲེང་སོགས་གཉིས་སུ་བརྩིས་ཏེ་དངོས་པོ་གང་རགས་ལ་ལྡོག་པར་སླ་བ་བཅུ་སྟེ་དགེ་ཚུལ་གྱི་རགས་ལྡོག་བཅུ་ཞེས་བྱའོ། །གཉིས་པ་གནང་བས་ཉེས་མེད་བཅུ་གསུམ་ནི། ཆོས་གོས་ལྷུང་བཟེད་འཆང་དང་བྲལ་བ་དང་། །ས་རྐོ་རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་དང་ཤིང་འཛེག་ཤིང་གཅོད་དང་། །སྦྱིན་ལེན་རྩྭ་སྔོན་ཁྲོད་དུ་མི་གཙང་འདོར། །བསོག་འཇོག་ཟ་དང་ས་བོན་འཇོམས་པ་རྣམས། །གནང་བའི་ཉེས་མེད་བཅུ་གསུམ་མ་གཏོགས་པ། །དགེ་སློང་ཇི་བཞིན་སྤང་བླང་མཐའ་དག་གཅིག །དེ་ཡང་ཆོས་གོས་ཁ་དོག་དང་མཚན་ཉིད་མ་ཚང་བ་དང་། ལྷུང་བཟེད་མཚན་ཉིད་མི་ལྡན་པའམ་ལྕགས་ལས་བྱས་པ་མ་ཡིན་པ་གཉིས་འཆང་བ་དང་། འབྲལ་བ་དང་ས་རྐོ་བ་དང་། གསེར་སོགས་རིན་པོ་ཆེ་ལ་རེག་པ་དང་། མེ་ལ་རེག་པ་དང་། སྤངས་པ་ཟ་བ་དང་། ཤིང་ལ་འཛེག །གཅོད་པ་དང་། སྦྱིན་ལེན་མ་བྱས་པར་ཟ་བ་དང་། རྩྭ་སྔོན་གྱི་ཁྲོད་དང་ཆུ་ལ་སོགས་པར་སྣབས་ལུད་བཤང་གཅི་འདོར་བ་དང་། གསོག་འཇོག་བྱས་ཏེ་ཟ་བ་དང་། པདྨའི་རྩ་བ་དང་། ནས་སོགས་ཀྱི་ས་བོན་འཇོམས་པ་བཅུ་གསུམ་ནི་གནང་བ་སྟེ་ཉེས་མེད་ཙམ་དུ་ཡོད་ལ་གཞན་སྤང་བླང་དགེ་སློང་བཞིན་དགོས་པར་གསུངས་སོ། །གཞན་ཡང་གནང་བ་དེ་དག་དང་ཕྱོགས་མཐུན་ནམ་རིགས་སུ་བསྡུས་ཏེ་གནང་བ་གསུམ་ཡོད་དོ། །འཆང་བའི་ཟླར་བསྡུ་གོས་རྒྱུ་ཟླ་བར་འཇོག །འབྲལ་བའི་ཟླར་བསྡུ་དགོན་པའི་འབྲལ་སྤངས་དང་། བསོག་འཇོག་ཟླར་བསྡུ་བསོག་འཇོག་བྱེད་པའང་གནང་། དེ་ནི་གཞུང་ཚིག་འདི་ཉིད་ཀྱིས་གསལ་ཞིང་རྒྱ་ཆེར་ཡི་གེས་ཞེད་དོ། །གསུམ་པ་ཉམས་པའི་ཆོས་གསུམ་ནི། ཁྱིམ་རྟགས་སྤང་ཉམས་རབ་བྱུང་རྟགས་ལེན་ཉམས། བརྙས་པས་མཁན་པོར་ཉམས་ཏེ་ཉམས་པ་གསུམ། སྤང་བ་དགེ་ཚུལ་སྡོམ་པའི་བསླབ་བྱའོ། །དེ་ལ་དང་པོ་ནི། རབ་ཏུ་བྱུང་དུས་ཁྱིམ་རྟགས་སྤང་བར་ཁས་བླང་པས་ཕྱིས་གོས་དཀར་པོ་དང་། ཁ་ཚར་ཅན་ལ་སོགས་ཁྱིམ་པའི་གོས་གོན་པ་དང་། སྐྲ་དང་ཁ་སྤུ་མ་བྲེགས་པ་ལ་སོགས་པ་བྱས་ན་ཉམས་ལ་གཉིས་པ་ནི། རབ་བྱུང་གི་རྟགས་མ་ཡིན་པ། ཀེང་རུས་ལ་སོགས་པས་བརྒྱན་པ། སྐྲ་འབལ་བ་ལ་སོགས་བྱས་པས་ཉམས་ལ། གསུམ་པ་ནི། མཁན་པོ་ལ་མ་གུས་པས་བརྙས་པ་དང་ཚེ་དང་ལྡན་པ་ལ་སོགས་མིང་ཆུང་བ་ནས་བརྗོད་པས་ཉམས་པ་སྟེ། དེ་དག་སྤང་བ་ནི་དགེ་ཚུལ་གྱི་བསླབ་བྱའོ། །ལྔ་པ་དགེ་སློབ་མའི་བསླབ་བྱ་ལ་གཉིས། སྤང་བྱ་རྩ་བའི་ཆོས་དྲུག །རྗེས་མཐུན་གྱི་ཆོས་དྲུག་གོ། །དང་པོ་ནི། དགེ་སློབ་མ་ནི་དགེ་ཚུལ་ཐོབ་པའི་སྟེང་། གཅིག་འགྲོ་ཆུ་རྐྱལ་སྐྱེས་རེག་ལྷན་གཅིག་འདུག །སྨྱན་བྱ་ཉེས་འཆབ་རྩ་བའི་ཆོས་དྲུག་གོ། །དེ་ཡང་རྒྱ་ཆེར་འགྲེལ་ལས། གཅིག་པུ་ལམ་དུ་འགྲོ་མི་བྱེད། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་གྱུར་པ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅས་མི་བྱ། །ཞེས་སོ། །སྨྱན་བྱ་ཞེས་པ་ནི་བརྡ་རྙིང་སྟེ། སྐྱེས་པ་དག་ལ་བུད་མེད་ཆེ་གེ་མོ་ཁྱོད་འབའ་ཞིག་ཡིད་ལ་བྱེད་དོ་ལ་སོགས་པ་དང་། བུད་མེད་ལ་སྐྱེས་པ་དེས་དེ་ལྟར་སྨྲའོ་ཞེས་ཕན་ཚུན་མཐུན་པར་བྱས་ནས། མཐར་འཕྲད་པར་འགྱུར་བའོ། །གཉིས་པ་ནི། གསེར་བཟུང་འདོམས་སྤུ་བྲེག་དང་ས་རྐོ་སྤངས། བྱིན་ལེན་མ་བྱས་བསོག་འཇོག་བྱས་མི་ཟ། རྩ་སྔོན་མི་གཙང་དོར་ཡང་རྗེས་མཐུན་དྲུག །དེ་ལྟར་ལུང་དེ་ཉིད་ལས། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ནི་རྐོ་བར་མི་བྱ་ཞིང་། །བྱིན་ལེན་མ་བྱས་བཟའ་མི་བྱ། །བསོག་འཇོག་བྱས་པ་མི་བཟའ་ཞིང་། །རྩྭ་སྔོན་མི་གཙང་དོར་མི་བྱ། །ཞེས་པ་ལྟར་རོ། །དྲུག་པ་དགེ་སློང་གི་ཁྲིམས་ལའང་སྤང་བའི་བསླབ་བྱ་དང་། བསྒྲུབ་པའི་བསླབ་བྱ་གཉིས་ལས། དང་པོ་ནི། དགེ་སློང་ཁྲིམས་ལ་གཉིས་བརྒྱ་ལྔ་བཅུ་གསུམ། ཞེས་སྨོས་ཏེ། རྩ་བ་ཕམ་པ་བཞི། དགེ་འདུན་ལྷག་མ་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ལྟུང་བ་སྡེ་ལྔ་ལས་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་མོ། །དེ་ཡང་དང་པོ། སྡོམ་པའི་རྩ་བ་ཕམ་པ་བཞི་ཞེས་པ། མི་ཚངས་སྤྱོད། མ་བྱིན་ལེན། སྲོག་གཅོད་པ། རྫུན་སྨྲ་བ་དང་བཞི་ལས། དང་པོ་ལའང་བསླབ་པ་འཆའ་བའི་སྙད་ཀ་གླེང་གཞི་དང་། དགག་བྱ་དངོས་བསྟན་པ་གཉིས་ལས། དང་པོ་ནི། ལོ་བཅུ་གཉིས་ཀྱི་བར་དུ་དགེ་སློང་ལ་ཕམ་པ་ལ་སོགས་པའི་ཉེས་པ་མེད་པ་གནས་པ་ན། ལོ་བཅུ་གསུམ་པ་ལ་མ་ཉན་ཡོད་དུ་གང་ཟག་ཤཱཀྱ་བཟང་སྦྱིན་གྱིས་བུད་མེད་ལ་འཁྲིགས་པ་སྤྱོད་པ་ལས་ཕམ་པའི་བཅས་པ་དང་པོ་མཛད་ལ། དེའི་རྗེས་སུ་དགེ་སློང་དགོན་པས་སྤྲ་མོ་ལ་སོགས་པར་སྤྱོད་པས་བཅས་པ་གཉིས་པ་མཛད་དེ། ས་གའི་ལྷས། སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་པར་ལེགས་བྱས་ཏེ། །དེ་ནས་བཟང་སྤྱིན་བུ་ཡི་ཕྱིར། །ཆུང་མ་ལ་ནི་འཁྲིགས་པ་སྤྱད། །དགེ་སློང་དགོན་པ་བ་ཡིས་ཀྱང་། །སྤྲ་མོར་ལོག་ཞུགས་ཀུན་མཁྱེན་གྱིས། །བསླབ་པའི་གཞི་ནི་བཅས་པར་མཛད། །ཅེས་སོ། །གཉིས་པ་མི་ཚངས་སྤྱོད་ཀྱི་ཕམ་པ་དངོས་ལ། གཞི་ནི་ཡན་ལག་ཆ་ཀུན་བཟུང་འོས་ལ། །སྐྱེ་གནས་ལམ་དུ་ཕོ་དབང་ལས་རུང་ནི། །བསམ་པ་ངོ་ཚ་འཇིགས་མེད་ཆགས་སེམས་ཀྱིས། །སྦྱོར་བ་དྲུད་པ་མཐར་ཐུག་སིམ་པ་ཐོབ། །དེ་ནི་ཚངས་པར་སྤྱོད་ལས་རྣམ་པར་ཉམས། །ཞེས་སྨོས་ཏེ། གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་ནི། མི་དང་མི་མ་ལགས་པ་གང་ཡིན་ཀྱང་རུང་སྟེ་གསོན་པོ་དང་ལུས་ཕྱེད་ཚལ་དུ་ལོངས་པའི་རོ་ཡིན་ཀྱང་དེ་ལ་ཡོད་པའི་ཁ་དང་བཤང་ལམ་ཟག་བྱེད་ཅེས་སྐྱེ་གནས་ཀྱི་ལམ་སྟེ་རྨའི་སྒོ་གསུམ་གང་ཡང་རུང་བ་བདེ་བ་བསྐྱེད་ནུས་པའི་རྟེན་དེ་ལ། བརྟེན་བྱེད་ཕོའི་དབང་པོ་མ་ཉམས་ཤིང་ལས་སུ་རུང་པའོ། །དེ་ཡང་ས་གའི་ལྷས། མཆིལ་མ་གཅི་དང་བཤང་པ་ཡི། །ལམ་དུ་ཆགས་ཅན་ཞུགས་ན་ནི། །གསོ་བྱར་མི་རུང་གདུག་པ་ཡི། །ཕས་ཕམ་སྦྲུལ་གྱི་དགེ་སློང་ཟིན། །ཞེས་སོ། །བསམ་པ་ལ། འདུ་ཤེས་འཁྲུལ་མ་འཁྲུལ་གང་ཡང་ངོ་ཚ་དང་འཇིགས་པའི་སེམས་མེད་ཅིང་འདོད་ཆགས་ཀྱི་སེམས་ཀྱིས་རེག་པ་བདེ་བ་བདག་གིར་བ་བྱེད་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་དང་པོར་བཅུག །བར་དུ་བསྒུལ་སྤྱོད་ལ་སོགས་བྱས་པས། མཐར་ཐུག་ཁའི་སྭོ་ཕན་ཆད། ཟག་བྱེད་ཀྱི་པགས་རིམ་ཕན་ཆད། བཤང་ལམ་གྱི་སྦུ་གུ་ཕན་ཆད་འདས་ཏེ་བདེ་བ་ལུས་ཀྱིས་མྱོང་བ་ཡིད་ཀྱིས་བདག་གིར་བྱས་པ་སྟེ། དེ་ཉིད་ལས། ཁ་ཤུན་སྭོ་དང་པགས་པ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། །ཞེས་སོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ལ་སྔར་ལྟར་གཉིས་ལས། དང་པོ་གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་རང་གི་ཁང་ཁྱིམ་བརྩེགས་པའི་ཕྱིར་དུ། རྒྱལ་པོའི་ཤིང་བརྐུས་པ་ལ་བརྟེན་ནས་བཅས་པ་མཛད་དེ། ས་གའི་ལྷས། རང་གི་ཁང་པ་བརྩེགས་པའི་ཕྱིར། །རྒྱལ་པོ་མ་སྐྱེས་སྒྲ་ཡི་ཤིང་། །དགེ་སློང་ནོར་ཅན་གྱིས་རྐུས་པས། །དེ་བརྟེན་འདི་དག་ཀུན་བླང་བཅས། །ཞེས་སོ། །གཉིས་པ་དངོས་ལ། རྐུ་བའི་གཞི་ནི་མི་གཞན་ནོར་ཡིན་ལ། །བསམ་པ་རང་ཉིད་འཚོ་ཕྱིར་བརྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་རྐུར་བཅུག་བརྩད་ནས་ཐོབ། །ཅེས་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་ནི། རང་མ་ཡིན་པ་གཞན་གྱི་ནོར་ཞིག་བསམ་པ་འདུ་ཤེས་མ་འཁྲུལ་བར་བརྐུ་སེམས་རྒྱུན་ཆགས་པའོ། །སྦྱོར་བ་ཡུལ་གཞན་ལས། དུས་མངོན་གྱུར་བའི་ཚེ། རིན་ཐང་ཚང་བ་བརྐུས་པའོ། །དེ་ཡང་ས་གའི་ལྷས། གང་གི་ཡུལ་ནི་དེ་ཡི་དུས། །གང་གི་ཚད་ཀྱི་མགྲོན་བུ་ནི། །དེ་ཡི་བཞི་ཆ་བརྐུས་པ་གང་། །དགེ་སློང་ལ་ནི་ཕམ་པར་འགྱུར། །ཞེས་སོ། །རིན་ཐང་ཇི་ལྟར་ཞེ་ན། ཀ་ཤ་པ་ཎི་བཞི་ཆའི་ཚད་དུ་ལོངས་བའི་ནོར་གང་ཞིག་སྟེ། དེ་ཡང་ཀཪྴ་པ་ཎིའི་བཞི་ཆ་ལ་ནས་ཁལ་ཕྱེད་ཙམ་ཡིན་པར་མཁས་པ་དམར་སྟོན་དང་། རྗེ་བཙུན་གྲགས་པས་བཞེད་ལ། གཞན་གྱི་འདོད་ཚུལ་ནི་མཐའ་ཡས་པ་ཞིག་འདུག་གོ། །མཐར་ཐུག་དངོས་སུ་བརྐུས་སམ། བརྒྱུད་དམ་བརྩད་ནས་བརྐུར་བཅུག་ཀྱང་རུང་རང་གིས་ཐོབ་པའོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ལ་གཉིས་ཀྱི་གླེང་གཞི་ནི། ཡུལ་སྤང་བྱེད་དུ་དགེ་སློང་མང་པོས་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་ཏེ། ལུས་མི་གཙང་བ་འདི་དང་བྲལ་ན་ཅི་མ་རུང་སྙམ་ནས་དགེ་སྦྱོང་སྦེད་ལ་ཆོས་གོས་ལྷུང་བཟེད་ལ་སོགས་བྱིན་ནས་གསོད་དུ་བཅུག་པ་ལས་བཅས་ཏེ། དེ་ཉིད་ལས། དགེ་སློང་མི་གཙང་ཡིད་དབྱུང་གང་། །རི་དྭགས་དབྱུག་ཐོགས་ཅེས་པས་གསོད། །བསོད་ནམས་ཐོབ་དང་ལྷུང་བཟེད་སོགས། །འདོད་པ་དེ་བརྟེན་བཀག་པ་ཡིན། །ཞེས་སོ། །གཉིས་པ་དངོས་ནི། སྲོག་གཅོད་གཞི་ནི་མི་གཞན་མ་འཁྲུལ་བར། །བསམ་པ་གསོད་སེམས་གསོད་བྱ་དེར་ཤེས་པས། །སྦྱོར་བ་གསོད་པར་བརྩམ་ནས་མ་ལྡོག་པ། །མཐར་ཐུག་སྲོག་གི་དབང་པོ་འགག་པ་དང་། །གསོད་བཅུག་ཡི་རངས་སྔགས་པ་བརྗོད་བྱས་པ། །དེ་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་ནི། ཁམས་དྲུག་དང་ལྡན་པའི་སྐྱེས་པ་བུད་མེད་མ་ནིང་སྟེ་མི་དང་། སྲོག་ཡིད་ལུས་ཀྱི་དབང་པོ་འདུས་པ་མེར་མེར་པོ་ལ་སོགས་མིར་ཆགས་པའོ། །མི་ལས་གཞན་དུད་འགྲོ་ལ་སོགས་པ་ཡང་ངོ་། །བསམ་པ་འདུ་ཤེས་མ་འཁྲུལ་བར་རང་གིས་བསད་སེམས་དང་བསད་བྱའི་བསམ་པས། སྦྱོར་བ་རང་ངམ་གཞན་ལ་བསྐོས་པས་སོ། །མཐར་ཐུག་རང་མ་ཤི་བའི་སྔོན་དུ་བསད་བྱའི་སྲོག་གི་དབང་པོ་འགག་པ་སྟེ། སུམ་བརྒྱ་པ་ལས། མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། །བསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང་། །མི་ཤི་རྨི་ལམ་མ་གཏོགས་དེ་བརླག་འགྱུར། །ཞེས་སོ། །དེས་ན་མི་བསད་པ་ལ་ཕམ་པ། ལྷ་གསོད་པ་ལ་སྦོམ་པོ། དུད་འགྲོ་བསད་པ་ལ་ལྟུང་བྱེད་དུ་བཤད་དོ། །བཞི་པ་རྫུན་དུ་སྨྲ་བའི་ཕམ་པ་ལ་གཉིས་ཀྱི་གླེང་གཞི་ནི། ཡུལ་ཡངས་པ་ཅན་དུ་ཉ་པའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་ལོངས་སྤྱོད་ལ་ཆགས་པ་དང་གྲགས་པ་འདོད་པའི་ཕྱིར་མི་ཆོས་བླ་མའི་རྫུན་སྨྲས་པ་ལ་བཅས་པ་ཡིན་ཏེ། ས་གའི་ལྷས། མུ་གེའི་དུས་ཤིག་དགེ་སློང་རྣམས། །མི་སྲིད་བླ་མིའི་ཡོན་ཏན་རྣམས། །ཕན་ཚུན་བསྒྲགས་ཏེ་གོ་བྱས་རྒྱུས། །འཚོ་བ་བྱས་ཚེ་བཀག་པ་མཛད། །ཅེས་སོ། །གཉིས་པ་དངོས་ནི། རྫུན་གྱི་གཞི་ནི་སྨྲ་ཤེས་དོན་གོའི་མིར། །བསམ་པ་འདུ་ཤེས་བསྒྱུར་ནས་བརྗོད་བློ་སྐྱེས། །སྦྱོར་བ་མངོན་ཤེས་ལ་སོགས་ཡོན་ཏན་ཚོགས། །མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་པ། །མཐར་ཐུག་གཞན་གྱིས་བརྫུན་དེ་གོ་ན་ཉམས། །དེ་ཡང་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། དང་པོ་ནི། གང་རང་ལས་གཞན་པའི་མི་སྨྲ་ཤེས་དོན་གོ་བ་ཅན་ནོ། །བསམ་པ་བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན་པའི་འདུ་ཤེས་ཀྱིས་སྨྲ་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་གསལ་ལ་མ་ནོར་བར་ངས་ནི་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་སྒྲ་ཐོས་སོ། །མཐོང་ངོ་། །ལྷན་གཅིག་གཏམ་མོ་ལྟ་བུ་འབྲས་བུའི་སྒོ་ནས་རྫུན་དང་། བདག་ནི་མི་རྟག་པ་དང་། མི་སྡུག་པ་དང་། བསམ་གཏན། གཟུགས་མེད། སྤྱན་ལྔ། མངོན་ཤེས་དྲུག་ལ་སོགས་པ་ཐོབ་པོ་ཞེས་ངོ་བོའི་སྒོ་ནས་རྫུན་དང་། གང་དུ་སྟན་ཁྲ་བོ་དབང་པོ་ནི་དགྲ་བཅོམ་པ་ཡིན་ཏེ། ཁོ་བོ་ཡང་སྟན་ཁྲ་བོ་ལ་དབང་ངོ་། །ཞེས་ལྡན་པའི་སྒོ་ནས་མི་ཆོས་བླ་མའི་རྫུན་སྨྲ་བའོ། །མཐར་ཐུག་ཕ་རོལ་པོས་ཚིག་ཐོས་ཤིང་དོན་གོ་ན་ཉམས་པའོ། །གཉིས་པ། དགེ་འདུན་ལྷག་མ་བཅུ་གསུམ་ཞེས་གྲགས་པ། བགྲོད་མིན་གནས་སུ་ཁུ་བ་འབྱིན་པ་དང་། དེ་ལ་དང་པོ་འབྱིན་པའི་དགེ་འདུན་ལྷག་མ་ལའང་། གླེང་གཞི་དང་། ལྟུང་བ་དངོས་ངོས་བཟུང་བ་གཉིས་ལས། དང་པོ་ནི། མཉན་ཡོད་དུ་དགེ་སློང་འཆར་ཀས་འདོད་ཆགས་ཀྱི་དབང་གིས་རང་གི་དབང་པོ་ལས་སུ་རུང་བར་བྱས་ཏེ་བསམ་བཞིན་དུ་ཁུ་བ་ཕྱུང་བ་ལ་བརྟེན་ནས་བཅས་པའོ། །གཉིས་པ་ནི། དགེ་སློང་གིས་བསམ་བཞིན་དུ་རྨའི་སྒོ་གསུམ་ལས་གཞན་པའི་སེམས་ཅན་གྱི་ཡན་ལག་ལས་ཁུ་བ་དབྱུང་བའོ། །འདི་དག་ཐམས་ཅད་ལ་ངེས་བྱེད་ཀྱི་ལུང་རེ་སྦྱར་དུ་ཡོད་ཀྱང་ཡི་གེས་འཇིགས་ཕྱིར་ལུང་དོན་མ་ནོར་བ་ཡིན་པས་ཁུངས་ཐོབ་པའོ། །གཉིས་པ་ནི། ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན། རེག་པའི་ལྷག་མ་ལའང་གཉིས་ལས་གླེང་གཞི་ནི། རྒྱལ་བྱེད་ཀྱི་ཚལ་དུ་ཁྱིམ་བདག་གི་ཆུང་མ་དད་པ་ཅན་སྟོན་པ་ལ་བསྙེན་བཀུར་བྱེད་པར་འོང་པ་ན། འཆར་ཀས་རང་གི་སྤྱིལ་བུའི་ནང་དུ་ཆོས་སྟོན་པར་བརྩམ་པ་དང་། ཆགས་པས་ལུས་ལ་རེག་པ་སྣ་ཚོགས་བྱས་པས་ཁྱིམ་བདག་མོ་མ་དད་པ་ལ་བཅས་སོ། །གཉིས་པ་ལྟུང་བ་དངོས་ནི། དགེ་སློང་གིས་ཆགས་པས་བུད་མེད་ཀྱི་ལུས་ལ་རེག་པའོ། །གསུམ་པ་འཁྲིག་ཚིག་རྗེན་སྨྲ་བའི་ལྷག་མ་ལ་གཉིས་ལས་དང་པོ་ནི། རྒྱལ་བྱེད་ཀྱི་ཚལ་དུ་དགེ་སློང་འཆར་ཀས་ཆགས་པས་བསླང་སྟེ་ཁྱིམ་བདག་གི་ཆུང་མ་དད་པ་ཅན་ལ་འཁྲིག་པའི་ཚིག་སྣ་ཚོགས་བརྗོད་པ་ལ་བཅས་སོ། །གཉིས་པ་ནི། བུད་མེད་ལ་ཆགས་སེམས་ཀྱིས་འཁྲིག་ཚིག་སྨྲ་བའོ། །བཞི་པ་བུད་མེད་ཆགས་ཕྱིར་བཀུར། དེའི་དང་པོ་གླེང་གཞི་སྔར་དང་འདྲ་ལ། གཉིས་པ། བུད་མེད་ལ་འཁྲིག་པའི་བསྔགས་པ་བརྗོད་ཅིང་ཆགས་པས་བསྙེན་བཀུར་བྱེད་བའོ། །ལྔ་པ་ནི། ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་ཏེ་འཕྲད། གཉེན་བྱེད་ཀྱི་ལྷག་མ་ལ་གཉིས་ལས་དང་པོ་ནི། མཉན་ཡོད་དུ་འཆར་ཀ་དང་འདུལ་པ་གཉིས་དགའ་བོ་དང་ཉེར་དགའ་གཉིས། འགྲོ་བཟང་དང་འགྲོ་མགྱོགས་གཉིས་ཏེ་དྲུག་སྡེས་ཁྱེའུ་བུ་མོ་ལ་འཕྲིན་གསུམ་གྱིས་སྦྱོར་བ་བྱས་པས་ཕྲད་པ་ལ་ཁྱིམ་པ་དང་མུ་སྟེགས་ཅན་མ་དད་པ་ལ་བཅས་པའོ། །གཉིས་པ་ནི། སྐྱེས་པ་བུད་མེད་སྔར་མི་མཐུན་པ་ལ་དགེ་སློང་གིས་གཉེན་བྱེད་པའི་བསམ་པས་འཕྲིན་བུ་མོ་ལ་སྐྱལ། བུ་མོའི་འཕྲིན་སྐྱེས་པ་ལ་སྨྲ་བར་བྱེད། སླར་དེས་སྨྲས་པ་བུ་མོ་ལ་སྐྱལ་བས་འཕྲད་པར་གྱུར་བའོ། །དྲུག་པ་དང་བདུན་པ་ནི། རང་དོན་ཚད་ལྷག་ཁང་པ་ཁང་ཆེན་བརྩིགས། དེ་ལ་ཚད་ལྷག་དང་ཁང་ཆེན་གྱི་ལྷག་མ་ལ་གཉིས་ལས། དང་པོ་ནི། སྟོན་པ་ཀ་ཤམྦྷི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་དུས། དྲུག་ཡང་ན་དགའ་བོ་ཉེ་དགའོ། །ནབ་སོ། འདུན་པ། འགྲོ་མགྱོགས། འཆར་ཀ་དྲུག་གོ་སྡེས་གཞན་གྱི་གཙུག་ལག་ཁང་ལ་སྨད་པ་ན་གཞན་གྱིས་རང་གིས་ས་རྡོ་ཙམ་ཡང་སྤྲི་མི་ནུས་པར་གཞན་ལ་འཕྱ་བ་འདི་ཟེར་བས། དྲུག་སྡེས་མ་བཟོད་པར་སྟོབས་རྩལ་དང་ཡིད་གཞུངས་པའི་དགེ་སློང་འདུན་པས་བྲམ་ཟེ་ནོར་ཆེ་ལ་སར་སྣ་ཆེ་བ་གཅིག་ལ་སྦྱིན་པའི་ཕན་ཡོན་དང་ཁྱད་པར་གཙུག་ལག་ཁང་བརྩིགས་པའི་ཕན་ཡོན་བརྗོད་དེ། སྤྱོད་བླངས་བྲམ་ཟེའི་ཁྱེའུ་ལྔ་བརྒྱས་རྒྱབ་བརྟེན་པའི་ཤིང་ལྗོན་པ་ཡོད་པ་དྲུག་སྡེས་བཅད་ནས་ཚད་ལྷག་གི་ཁང་པ་བརྩིགས་པ་ལ་བཅས་སོ། །གཉིས་པ་ནི། ས་ཕྱོགས་སྲོག་ཆགས་ཀྱིས་གང་བ་གཞན་གྱིས་བདག་ཏུ་བཟུང་བར་གང་ཟག་གཞན་ལས་སྤྱོད་བླངས་ཏེ་ཚད་ལས་ལྷག་པའི་ཁང་པ་བརྩིགས་པའོ། །ཚད་དང་ལྡན་པ་ནི་སྤྱོད་ལམ་བཞི་ཤོང་བ་སྟེ་ལངས་པ་ན་ལག་པ་མི་ཐོགས། ཉལ་བ་ན་རྐང་ལག་བརྐྱང་བསྐུམ་མི་འཐོག །འགྲོ་བ་ན་ཕྱོགས་རེ་ལ་གོམ་པ་གསུམ་རེ་འདོར་དུ་རུང་བ། འདུག་པ་ན་སྐྱིལ་མོ་ཀྲུང་མི་འཐོག་པའོ། །ཚད་ནི། ཆུར་བདེ་བར་གཤེགས་པའི་མཐོ་བཅུ་གཉིས། ཞེང་དུ་དེའི་མཐོ་བདུན་ཡིན་ལ། དེ་པའི་མཐོ་ཚད་ནི། མི་འབྲིང་ཚད་ཀྱི་ཁྲུ་ཕྱེད་དང་གཉིས་སོ། བརྒྱད་པ་བརྗོད་གཞི་མེད་པ་དང་། ཞེས་གཞི་མེད་ཀྱི་ལྷག་མ་ལ་གཉིས་ལས། དང་པོ་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་ཚེ་དགེ་སློང་མཛའ་བོ་དང་ས་ག་སྐྱེས་གཉིས་སྔོན་གྱི་ཞེ་མཁོན་གྱི་རྒྱུས། འཕགས་པ་གྱད་བུ་ནོར་ལ་དགེ་སློང་མ་མཛའ་མོ་ལ་མི་ཚངས་སྤྱོད་ཀྱི་བསྐུར་བ་བཏབ་བཅུག་པས། མཛའ་མོས་དགེ་འདུན་གྱི་དབུས་སུ་འཕགས་པ་གྱད་བུ་ནོར་ནི་བཟང་པོ་མ་ལགས་ཏེ་བདག་ལ་ཆགས་པ་སྤྱོད་དོ་ཞེས་བརྗོད་པས་ནམ་མཁའ་ནས་ལྷས་འཇིག་རྟེན་ན་སུ་ཞིག་ཡང་དག་པར་སྨྲ། འཕགས་པ་གྱད་བུ་ནོར་ལ་ཡང་བསྐུར་པ་བཏབ་ཞེས་ལ་འཕྱས་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་ལ་བརྗོད་གཞི་མེད་བཞིན་དུ་སྐུར་བ་བཏབ་པའོ། །དགུ་པ་སྙད་ཀ་བག་ཙམ་ལ། བརྟེན་ནས་དགེ་སློང་བསྐུར་བཏབ། ཅེས་བག་ཙམ་གྱི་ལྷག་མ་ལ་གཉིས་ལས། དང་པོ་ནི། གོང་དང་འདྲ་བར་འཕགས་པ་གྱད་བུ་ནོར་གྱིས་དགེ་སློང་མ་ཨུཏྤལའི་མདོག་ཅན་ལ་ཆོས་བསྟན་པ་ལས། སླར་ཡང་གཉིས་པོས་མི་ཚངས་སྤྱོད་ཀྱི་སྐུར་པ་བཏབ་པ་ལ་བཅས་སོ། །གཉིས་པ་ནི། སྙད་དང་ཅུང་ཟད་ཡོད་པ་ལ་ཕམ་པའི་བསྐུར་བ་བཏབ་པའོ། །བཅུ་པ། དགེ་འདུན་དབྱེན་དང་། བཅུ་གཅིག་དབྱེན་དེའི་རྗེས་ཕྱོགས་བསླབ་པ་དང་འགལ་བ། དེ་གཉིས་ཀྱི་གླེང་གཞི་དང་དངོས། དང་པོ་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་ཚེ། དགེ་སློང་ལྷས་སྦྱིན་གྱིས་གཞོན་ནུ་མ་སྐྱེས་དགྲ་དད་པར་བྱས་པས་ལྷས་སྦྱིན་ལ་བསྙེན་བསྐུར་མང་དུ་བྱུང་པས་འཁོར་ལྔ་བརྒྱ་ཙམ་དང་བཅས་པ་ལ་ལྷས་སྦྱིན་གྱིས་འཁོར་རྣམས་ལ་དགེ་སློང་ག་ཏ་མ་ནི་ཤ་ཟ་བ་དང་གོས་གྲས་ཤིང་དྲུབ་པ་གྱོན་པ་དང་། འོ་མ་འཐུང་བ་དང་། ལན་ཚྭ་ཟ་བ་དང་། དགོན་པར་གནས་པར་བྱེད་དོ། །འུ་ཅག་ནི་དེ་དག་མི་བྱའོ། །དེ་ཅི་ཕྱིར་ཞེ་ན། གཞི་དེ་དག་ལ་བརྟེན་ནས་སྲོག་ཆགས་ལ་གནོད་པ་དང་ཐ་ག་པའི་བརྩལ་བཅོམ་པ་དང་། བེའུ་ལ་གནོད་པ་དང་། དབང་ཕྱུག་གི་མི་གཙང་བ་ཡིན་པ་དང་། སེམས་ཅན་གྱི་དོན་མི་འགྲུབ་པའི་ཕྱིར་རོ། །ཞེས་བསླབ་ཚིགས་ལྔ་བཅས་ཏེ་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལ་དགེ་སློང་གཞན་གྱིས་བཟློག་ཀྱང་མི་གཏོང་བ་ལ་དང་པོ་བཅས་སོ། །དགེ་སློང་ཀོ་ཀ་ལི་ཁ་དང་། ཁན་འདའ་གྲབ་བཅའ་དང་། རྒྱ་མཚོས་སྦྱིན་དང་། ཀ་ཏིའི་མོ་ར་བཞིས་ལྷས་སྦྱིན་གྱི་དབྱེན་གྲོགས་བྱས་ཏེ་དགེ་སློང་གཞན་གྱིས་བཟློག་ཀྱང་མི་གཏོང་བ་ལ་གཉིས་པ་བཅས་སོ། །གཉིས་པ་ནི། དགེ་སློང་རང་བཞིན་དུ་གནས་པས་དགེ་འདུན་གྱི་དབྱེན་གྱི་གཞི་ལ་ཞུགས་པ་ལ་བཟློག་ཀྱང་མི་བཟློག་པ་ནི་དང་པོ་ཡིན་ལ། དབྱེན་གྱི་གྲོགས་བྱེད་པ་ལ་བཞུགས་པ་བཟློག་ཀྱང་མི་གཏོང་བ་ནི་གཉིས་པའོ། །བཅུ་གཉིས་པ། ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་བསྙོན་པ། ཁྱིམ་སུན་འབྱིན་ལ་གཉིས་ལས་དང་པོ་ནི། མཉན་ཡོད་དུ་དགེ་སློང་ནབས་སོ། །འགྲོ་མགྱོགས་དམར་སེར་ཅན་གསུམ་གྱིས་དད་པ་ཅན་ལ་སྤྱོད་ངན་སྣ་ཚོགས་པས་མ་དད་པར་གྱུར་ཏེ། དགེ་སློང་གཞན་གྱིས་བསོད་སྙོམས་རྙེད་པར་མ་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས། ཁྱིམ་པ་སུན་འབྱིན་པ་དག་གཙུག་ལག་ཁང་ནས་བསྐྲད་པའི་ལས་གྱིས་ཤིག་གསུངས་པས། དམར་སེར་ཅན་གྱིས་ཉེས་པ་ཕྱིར་བཅོས། གཉིས་པོ་གཙུག་ལག་ཁང་ནས་ཕྱིར་བསྐྲད་པས། དགེ་འདུན་རྣམས་ལ་གཤེ་བསྐུར་བཏབ་པ་ལ་གཞན་གྱིས་བཟློག་ཀྱང་མི་གཏོང་བ་ལ་བཅས་པའོ། །གཉིས་པ་ནི། ཡུལ་བུད་མེད་དང་ལྷན་ཅིག་བརྩེ་ཞིང་འགྲོགས་པར་བྱེད་པ་དང་། ཕྱི་དྲོའི་དུས་སུ་ཁྱིམ་པ་དང་ལྷན་ཅིག་ཏུ་བཟའ་བཏུང་ལ་ལོངས་སྤྱོད་པས། ཁྱིམ་སུན་འབྱིན་ཚེ་ཕྱིར་མི་བཅོས་པར་བཟློག་ཀྱང་བསྐྲོད་བྱེད་ལ་བསྙོན་ཏེ་མི་གཏོང་བའོ། །བཅུ་གསུམ་པ། ལྟུང་འབྱུང་བསྐུལ་ཚེ་བཀའ་བློ་མི་བདེ་བའོ། །དེ་ལ་གཉིས་ལས། དང་བོ་ནི། ཡུལ་ཀོ་ཤམྦྷིར། དགེ་སློང་འདུན་པས། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱད་པའི་ལྟུང་བ་བྱུང་བ་ན། དགེ་སློང་གིས་གླེང་བས། འདུན་པ་ན་རེ། ཁྱེད་དགེ་རུང་སྡིག་རུང་ཁྱེད་ལ་ལྟུང་བ་མི་གླེང་ངོ་། །ང་དགེ་རུང་སྡིག་རུང་ང་ལ་ལྟུང་བ་མ་གླེང་ཞེས་བཟློག་ཀྱང་མི་ལྡོག་པ་ལ་བཅས་སོ། །གཉིས་པ་ནི། ལྟུང་བ་བྱུང་བ་ཕྱིར་བཅོས་ཀྱི་མི་བཅོས་པར་སླར་དཀའ་བློ་མི་བདེ་བའོ། །དེ་དག་གསོ་བ་དགེ་འདུན་ལ་རག་ལས་ཤིང་སྡོམ་པ་རྣམ་དག་གི་ལྷག་མ་ལུས་པས་ན་དགེ་འདུན་ལྷག་མ་ཞེས་བྱའོ། །གསུམ་པ་ལྟུང་བྱེད་ལའང་། སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ་གཉིས་ལས། དང་པོ། སྤང་བའི་ལྟུང་བྱེད་སུམ་ཅུའི་སྡེ་བཤད་པ། དེ་ལ་སུམ་ཅུ་ཡོད་པ་ལས། དང་པོ་ནི། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་། དེ་ལའང་གླེང་གཞི་དང་། ལྟུང་བ་དངོས་གཉིས་ལས། དང་པོ་ནི། སྟོན་པ་འཁོར་བཅས་མཉན་ཡོད་ན་བཞུགས་ཚེ་དགེ་སློང་མང་པོས་གོས་ཀྱི་ཕྲུག་དུ་མ་བཅངས་ཤིང་རྩོལ་སྒྲུབ་བྱས་པས་བསམ་གཏན་དང་ཀློག་པ་ལ་བར་ཆད་དུ་གྱུར་པ་ལ་བཅས་སོ། །གཉིས་པ་ནི། ཆོས་གོས་ཀྱི་རྒྱུར་མ་བསྔོས་ཤིང་བྱིན་གྱིས་མ་བརླབས་པ་ཞག་བཅུ་ལས་འདས་ཤིང་བཅུ་གཅིག་གི་སྐྱ་རེངས་ཤར་བར་འཆང་བའོ། །གཉིས་པ་ནི། ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་། དེ་ལ་གཉིས་ཀྱི་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་དགེ་སློང་མང་པོས་ཆོས་གོས་མང་པོ་ཡོད་བཞིན་དུ་སྟོད་གཡོགས་སྨད་གཡོགས་ཙམ་ལ་བརྟེན་ནས་ལྗོངས་རྒྱུ་བ་ན་ཁྱིམ་པ་དང་མུ་སྟེགས་ཅན་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། བྱིན་གྱིས་བརླབས་པའི་ཆོས་གོས་ཡོད་བཞིན་དུ་ཞག་གཅིག་བྲལ་ནས་ཞག་གཉིས་པའི་སྐྱ་རེངས་ཤར་བར་བྲལ་བའོ། །གསུམ་པ་ནི། གོས་རྒྱུ་ཟླ་གཅིག་འཇོག་དང་ཞེས་པ་ལ་གཉིས་ལས། དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་དགེ་སློང་མང་པོས་ཆོས་གོས་ཀྱི་རྒྱུ་སྔོན་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་གྲངས་མང་པོ་ཡུན་དུ་འཇོག་པའི་རྩོལ་བས་ཐོས་བསམ་གྱི་བར་ཆད་དུ་གྱུར་པ་ལ་བཅས་སོ། །གཉིས་པ་ནི་ཆོས་གོས་ཀྱི་རྒྱུ་ཁྲུ་གང་གི་ཚད་དུ་ལོངས་པ་བྱིན་གྱིས་བརླབས་པའམ་མ་བརླབ་པ་ཡུན་རིང་འཆང་འདོད་ཀྱི་བསམ་པས་ཟླ་བ་གཅིག་འཆང་བའོ། །བཞི་པ་ནི། དགེ་སློང་མར་ཆོས་གོས་ཁྲུར་འཇུག་པའི་སྤང་བ་ལ་གཉིས་ལས་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་འཆར་ཀས། རང་གི་ས་བོན་གྱིས་གོས་པའི་ཆོས་གོས་རྙིང་པ་དགེ་སློང་མ་སྦད་མ་ལ་འཁྲུར་བཅུག་པ་ལ་མོས་ཆགས་པའི་རྐྱེན་གྱིས་ཆོས་གོས་ལ་གོས་པའི་ས་བོན་རང་གི་མངལ་དུ་བླུག་པས་ཁྱེའུ་ཆགས་པ་ལ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་རང་གི་ཆོས་གོས་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་འཁྲུར་འཇུག་པའོ། །ལྔ་པ་ནི། དགེ་སློང་མ། དེ་ལས་གོས་རྒྱུ་ལེན་པའི་སྤང་བ་ལ། དང་པོ་ནི། དགེ་སློང་མ་ཨུཏྤ་ལའི་མདོག་ཅན་ལ་དེད་དཔོན་གྱིས་རས་ཡུག་ཕུལ་བ་འཕགས་པ་ཉེར་དགས་ནན་གྱིས་བླངས་པས་དགེ་སློང་མ་ཤིན་ཏུ་ཆོས་གོས་རྙིང་པ་གྱུར་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གིས་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལས་གོས་ལེན་པར་བྱེད་པའོ། །དྲུག་པ། ཉེ་མིན་ཁྱིམ་པར་གོས་རྒྱུ་བླང་བ་དང་། དེ་ལ་གཉིས་ཀྱི་དང་པོ་ནི། སྟོན་པ་རྒྱལ་བྱེད་ཚལ་དུ་བཞུགས་ལ་ཁྱིམ་བདག་གི་རས་ཡུག་ཟུང་དང་བཅས་ཏེ་ཕྱག་འཚལ་དུ་ཕྱིན་པ་ཉེར་དགས་ཁ་ཆོས་ཀྱི་བསླུས་ཏེ་ནན་གྱིས་བསླངས་པས་ཁྱིམ་བདག་མ་དད་པ་ལ་བཅས་སོ། །གཉིས་པ་ནི། རང་ལ་ཆོས་གོས་རྣམ་གསུམ་ཡོད་བཞིན་དུ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་ནན་གྱིས་སླང་བའོ། །བདུན་པ། སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན། དེ་ལ་གཉིས་ལས། དང་པོ་ནི། སྟོན་པ་མཉན་ཡོད་ལ་བཞུགས་ཚེ་གྲོང་ཁྱེར་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ཆོམ་རྐུན་པས་བཅོམ་པ་སྦྱིན་བདག་ལ་གོས་སླངས་སུ་གནང་བ་ལ་ཉེར་དགས་འདི་ལ་བརྟེན་ནས་རྙེད་པ་རྒྱ་ཆེན་པོ་བསྒྲུབ་པོ་སྙམ་ནས་ཁྱིམ་པ་རྣམས་ལ་གང་མང་དུ་བསླངས། དགེ་སློང་དེ་དག་ལ་སྟོད་གཡོགས་ཙམ་བྱིན་ནས་གཞན་ཁོ་རང་གིས་བྱས་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཆོས་གོས་རྣམ་གསུམ་མེད་པའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་བསྟོད་གཡོགས་སྨད་གཡོགས་ཟུང་གཅིག་ལས་ལྷག་པར་སློང་བའི་སྤང་བའོ། །བརྒྱད་པ། རང་ལ་སྟེར་བསམ་ཆོས་གོས་གནས་དཔོག་པ། དེ་ལ་གཉིས་ལས་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་གཟའ་མི་གཉིས་ཕན་ཚུན་ལོག་གཡེམ་སྤྱད་པས་ཁྱིམ་གྱི་འབྱོར་བ་སྲབ་པས་ཕན་ཚུན་འཐབ་ཅིང་བྲན་མོ་གཅིག་ཡོད་པ་ཡང་བརྡེག་འཚོགས་ཀྱི་ལས་བྱེད་དོ། །དེ་ཚེ་ཉེར་དགས་གཟའ་མི་གཉིས་ལ་ལོག་གཡེམ་གྱི་ཉེས་དམིགས་དང་སྤང་བའི་ཕན་ཡོན་བསྟན་དགེ་བསྙེན་གྱི་བསླབ་པ་ལ་བཀོད་པས་འབྱོར་པ་རྒྱས་ཏེ་ཕན་ཚུན་མཐུན་ཞིང་བྲན་མོ་ཡང་སྐྱིད་དོ། །དེ་ནས་གཟའ་མི་གཉིས་ཀྱི་ཉེར་དགའ་ལ་རས་ཡུག་གཅིག་ཕུལ་བར་གླེངས་པ་བྲན་མོས་ཐོས་ནས་ཉེར་དགའ་ལ་བརྗོད་པས་ཉེར་དགའ་གཟའ་མི་གཉིས་སར་ཕྱིན་པ་རས་ཡུག་ཕུལ་བས་འདི་ལས་བཟང་བའི་རས་ཡུག་དགོས་ཟེར་བས་གཟའ་མིས་ཚོང་དུས་ནས་རས་ཡུག་བཟང་པོ་ཉོས་ནས་ཕུལ་བས་ཁས་བླངས། དེའི་རིན་མ་ཁྱེར་བ་ན་ཁྱིམ་བདག་ལ་བརྡེག་འཚོགས་བྱུང་བ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གིས་ཉེ་དུ་མ་ཡིན་ཁྱིམ་བདག་གི་བློས་དཔག་པའི་སྤྱོད་ལས་ལྷག་པ་ནན་གྱིས་བསླངས་ན་འདིའི་ལྟུང་བར་འགྱུར་རོ། །དགུ་པ། རིན་དང་ཁྲུ་ཚད་ཀྱིས་བསླང་བརྟག་དྲན་སློང་། དེ་ལ་གླེང་གཞི་ནི་གོང་དང་འདྲ་ལ། གཉིས་པ་ནི། ཁྱིམ་བདག་ཕོ་མོས་སོ་སོ་ནས་རས་ཡུག་རེ་རེ་སྦྱིན་པར་བློས་དཔག་པ་དེ་ལ་རིན་དང་ཁྲུ་ཚད་ལ་སོགས་པས་ལྷག་པ་བསླངས་པའོ། །བཅུ་པ། གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་དང་། དེའི་གླེང་གཞི་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་ཚེ། བྲམ་ཟེ་དབྱལ་ཚུལ་ཞེས་བྱ་བ་ལ་ཉེར་དགས་ཡི་གེ་སློབ་པའི་གྲོགས་བྱས་ནས་རྙེད་པ་སློང་ངོ་། །དེ་དུས་སྟོན་པ་འཁོར་བཅས་མཉན་ཡོད་དུ་གཤེགས་པ་དང་བྲམ་ཟེས་མཉན་ཡོད་དུ་འགྲོ་བའི་ཚོང་པ་གཅིག་ལ་པ་ན་དྲུག་བཅུ་རྒྱས་བཏབ་ནས་བསྐུར་ཏེ་ཉེར་དགའ་ལ་ཕུལ་དགོས་པས། ཚོང་པ་དེས་ཉེར་དགའ་ལ་ཕུལ་བས། དེས་སྤོས་འཚོང་གི་ཁྱེའུ་དད་པ་ཅན་གཅིག་ལ་བཅོལ་ནས་སྟོན་པའི་དྲུང་དུ་སོང་ངོ་། །ཚོང་བ་རྣམས་ཀྱིས་ཉི་ཤར་ལ་ཚོང་ཁང་དུ་མ་འདུས་པ་ལ་པ་ན་དྲུག་བཅུའི་ཆད་པ་བཅས་སོ། །ཡང་ནངས་པར་ཉེ་དགས་སྤོས་འཚོང་གི་དྲུང་དུ་འོང་ནས་པ་ནའི་རྒྱ་ལྟ་བ་སོགས་སྐད་མང་དུ་བྱས་པས། ཉི་མ་ཤར་ཏེ། སྤོས་འཚོང་ལ་པ་ན་དྲུག་ཅུའི་ཆད་པ་བཅད་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཁྱིམ་བདག་དད་ལྡན་གྱིས་གོས་རིན་རིན་པོ་ཆེ་བསྐུར་བ་དགེ་སློང་ལ་གཏད། དེས་ཞལ་ཏ་བ་ལ་འདིས་སྒྲུབ་གྲོགས་གྱིས་ཞེས་སྨྲས་ནས་ཕོ་ཉ་ལ་བསྐུར། དེས་རྒྱུ་མཚན་བརྗོད་ནས་གོ་བར་བྱས། དེ་ནས་དགེ་སློང་དེས་ཞལ་ཏ་བ་ལ་གོས་འདོད་དོ་ཞེས་ལན་གསུམ་བསྐུལ། ཞལ་ཏ་བས་གོས་མ་ལོན་མཐོང་སར་ཅང་མི་སྨྲ་བར་འདུག་པ་ལ་སླར་ཡང་གོས་འདོད་ཞེས་བསྐུལ་ནས་སྐབས་འདིའི་ལྟུང་བའོ། །བཅུ་གཅིག་པ། སྲིན་བལ་ནང་འཚང་བྱས་པའི་སྟན་བྱེད་དང་། དེ་དང་འོག་མ་གཉིས་དང་གསུམ་གྱི་གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ། དགེ་སློང་མང་པོས་དང་པོར་སྲིན་བལ་གྱི་གདན། དེའི་རྗེས་སུ་ནག་པོ་འབའ་ཞིག་གི་གདན། དེའི་རྗེས་སུ་ཆ་གསུམ་ནག་པོ་དང་ཆ་གཅིག་དཀར་པོ་ལ་བྱས་པའི་གདན་བྱས་པས་ཁྱིམ་པ་མ་དད་པ་ལ་བཅས་སོ། །གཉིས་པ་ངོ་བོ་ནི། དགེ་སློང་གི་སྲིན་བལ་སྲང་བཅུ་ཡན་ཆད་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའི་གདན་ནང་འཚང་ཅན་བྱེད་པའོ། །བཅུ་གཉིས་པ། དཀོན་སར་བལ་ནག་པོ་འབའ་ཞིག་སྟན་དུ་འདིང་། དེ་ནི་བལ་ནག་འབའ་ཞིག་སྲང་བཅུ་ཡན་ཆད་ལས་གདན་བྱེད་པའོ། །བཅུ་གསུམ་པ། བལ་ནག་ཆ་གཉིས་སྟན་བྱེད་ཅེས་པས་བལ་ནག་ཆ་གཉིས་དཀར་པོའི་ཆ་གཅིག་འཁོབ་བལ་ཆ་གཅིག་སྟེ་བཞི་བསྲེས་ནས་གདན་དུ་བྱེད་པ་ལ་ལྟུང་བ་མེད་ཅིང་ནག་པོ་ཆ་གཉིས་ལས་ལྷག་པ་བསྲེས་པའི་གདན་བྱེད་པའོ། །བཅུ་གཞི་པ། ལོ་དྲུག་ནི། མ་སོང་སྟན་གསར་བྱེད་དང་། ཞེས་པ་གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་དགེ་སློང་མང་པོས་གདིང་བ་རིང་ཐུང་མང་པོ་བྱས་པས་ཀློག་པ་དང་བསམ་གཏན་ལ་གནོད་པས་བཅས་སོ། །གཉིས་པ་ནི། དགེ་སློང་གིས་ལོ་དྲུག་གི་ནང་དུ་སྟན་གསར་པ་གཞན་འབད་པས་བྱས་སོ། །བཅོ་ལྔ་པ། ཚད་ལྡན་གྱི་གདིང་བ་ཡོད་ཀྱང་སླར་བཟོ། དེ་ལ་གཉིས་ལས་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་སོ། །དགེ་སློང་མང་པོས་གདིང་བ་རྙིང་པ་རྣམས་གཙུག་ལག་ཁང་བླ་གབ་མེད་པར་སྤུང་ནས་གསར་པ་ལ་སྤྱོད་པ་ན། གདིང་བ་རྙིང་པ་རྣམས་རུལ་ཞིང་སྲིན་བུས་གང་བ་སྟོན་བས་གཟིགས་ནས་སྦྱིན་བདག་གིས་དད་ཟས་ཆུད་མི་ཟ་བའི་ཕྱིར་གདིང་བ་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་གདིང་བ་གསར་བ་ལ་ལྷན་དགོས་པའི་བཅས་པ་མཛད། གཉིས་པ་ནི། དགེ་སློང་གིས་ཕྱགས་དར་ཁྲོད་ཀྱི་གདིང་བ་རྙིང་པ་ནས་གསར་པ་ལ་བདེ་བར་གཤེགས་པའི་མཐོ་གང་མ་ལྷན་པར་གདིང་བ་རྙིང་པ་དོར་ཞིང་གསར་པ་འཆང་བའི་སྤང་བའོ། །བཅུ་དྲུག་པ། བལ་དང་ནི། རྙེད་ནས་ལམ་གྱི་དཔག་ཚད་གསུམ་མཐར་བྱེད། །ཅེས་ལམ་དུ་བལ་ཐོགས་པའི་སྤང་བ་ལ་གཉིས་ལས། དང་པོ་ནི། དྲུག་སྡེས་རྙེད་པ་འདོད་ཕྱིར་བལ་ཡུལ་དུ་ཚོང་པ་རྣམས་དང་ལྷན་ཅིག་ཕྱིན། སླར་རྒྱ་གར་དུ་འོང་བའི་ཤིང་རྟ་བལ་གྱིས་བཀང་པའི་སྲོག་ཤིང་ཆག །བལ་གྱི་ཕུང་པོ་ལམ་དུ་སྤུངས་པ་དྲུག་སྡེས་བལ་ཁུར་ཆེན་པོ་རི་ལྟ་བུ་ཁུར་ནས་འོང་པས་འགའ་ཞིག་སྐྲག །འགའ་ཞིག་མ་དད་པ་ལ་བརྟེན་ནས་རྒྱང་གྲགས་ལས་འདས་པ་དཔག་ཚད་གསུམ་ལ་སོགས་པར་འཁུར་ཆེན་པོ་མི་འཁུར་བར་བཅས་སོ། །གཉིས་པ་ནི། ཆགས་པས་སློང་སྟེ་བལ་ལ་སོགས་པའི་ཁུར་ཆེན་ཁུར་ཏེ་ཉིན་གཅིག་ལ་རྒྱང་གྲགས་ལས་འདའ་ན་འདིའི་སྤང་བར་འགྱུར་རོ། །བཅུ་བདུན་པ། དགེ་སློང་མ་ལ་བལ་འཁྲུ་སྨེལ་བཅུག་དང་། དེ་ལ་གཉིས་ལས་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ། དྲུག་སྡེས་དགེ་སློང་མ་རྣམས་ལ་བལ་འཁྲུ་བ་དང་སྨེལ་བ་དང་ཚོས་སུ་བཅུག་པ་ལས་དགེ་སློང་མ་རྣམས་ཀྱི་ལག་པ་བཙོ་ལག་མཁན་གྱི་ལག་པ་ལྟར་གྱུར་པ་སྟོན་པས་གཟིགས་ནས་བཅས་སོ། །གཉིས་པ་ནི། དགེ་སློང་གིས་ཉེ་དུ་མིན་པའི་དགེ་སློང་མ་ལ་བལ་འཁྲུ་ལ་སོགས་བཅོལ་བའོ། །བཅོ་བརྒྱད་པ། གསེར་དངུལ་ལེན་དང་། དེ་ལ་དང་པོ་ནི། དྲུག་སྡེས་རིན་པོ་ཆེ་རང་གིས་དངོས་སུ་ལེན་པ་དང་། གཞན་ལེན་དུ་འཇུག་པས་མུ་སྟེགས་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གིས་གསེར་དངུལ་ལ་སོགས་རིན་པོ་ཆེ་ལ་ཆགས་སེམས་ཀྱིས་རེག་ཅིང་ལེན་པའོ། །བཅུ་དགུ་པ། ཚོང་བུན་མངོན་མཚན་ཅན། དེ་ལ་དང་པོ་ནི། དྲུག་སྡེས་རིན་པོ་ཆེ་གཞན་ལ་ཁེ་སྤོགས་བྱེད་བཅུག་པས་མུ་སྟེགས་ཅན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཆགས་པའི་དབང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་རིན་པོ་ཆེ་ཁེ་སྤོགས་བཅུག་པའོ། །ཉི་ཤུ་པ། ཆེད་དུ་ཚོང་བྱེད་པ་ལ་གཉིས་ལས། དང་པོ་ནི། དྲུག་སྡེས་རིན་པོ་ཆེ་ལས་གཞན་པའི་ཡོ་བྱད་ལ་ཁེ་སྤོགས་བྱས་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་ལོངས་སྤྱོད་ལ་ཆགས་པ་རིན་པོ་ཆེ་ལས་གཞན་པའི་སྤྱོད་ལ་ཚོང་བུན་ཁེ་སྤོགས་བྱེད་པའོ། །ཉེར་གཅིག་པ། ལྷུང་བཟེད་བྱིན་མ་བརློབས། ཞག་བཅུ་འདས་འཆང་བ་ལ་གཉིས་ལས། དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་དུས་དྲུག་སྡེས་ལྷུང་བཟེད་མང་དུ་བསགས་ནས་འཆང་བ་ལ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གིས་བྱིན་གྱིས་མ་བརླབས་པའི་ལྷུང་བཟེད་ལྷག་པོ་ཞག་བཅུ་འདས་ནས་བཅུ་གཅིག་གི་སྐྱ་རེངས་འཆར་བར་འཆང་ན་སྤང་བའོ། །ཉེར་གཉིས་པ། ལྷུང་བཟེད་ཟུང་འཆང་བ་ལ་གཉིས་ཀྱི་དང་པོ་ནི། སྤོས་འཚོང་གི་ཁྱེའུ་ཞིག་གིས་ལྷུང་བཟེད་རྙེད་པ་བསོད་སྙོམས་པ་ཞིག་ལ་བྱིན་པ་དེས་མི་འདོད་ཟེར་བ་ཉེར་དགས་ཐོས་ཏེ། ཁྱེའུ་ལ་ལྷུང་བཟེད་སླངས་པས་དགེ་སློང་ཧྲལ་པོར་ཤེས་པས་མ་བྱིན་ནོ། །དེ་ཚེ་ཉེར་དགས་ལྷུང་བཟེད་འདི་ཁོ་བོའི་ལག་ཏུ་མ་ཐོབ་ན་ཉེར་དགའ་ཤིའོ་ཟེར་ནས་གཞན་གྱི་ཁྱིམ་བདག་དད་ལྡན་ཞིག་ལ་ཉོ་བཅུག་ནས་ལྷུང་བཟེད་ཐོབ་པ་དང་ཁྱེའུ་ལ་ལྷུང་བཟེད་ག་རེ་ཞེས་མ་མཛེས་པ་སྣ་ཚོགས་བརྗོད་པ་དང་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། རང་ལ་ལྷུང་བཟེད་ཡོད་བཞིན་དུ་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་ལྷུང་བཟེད་འབད་དེ་བཙལ་བས་ལག་ཏུ་ཐོབ་ན་ཟུང་ཞེས་གཉིས་འཆང་བའི་སྤང་བའོ། །ཉེར་གསུམ་པ། གླ་རྔན་མེད་པར་འཐག་འཇུག་པ་ལ་གཉིས་ལས་དང་པོ་ནི། ཉེར་དགས་དོག་པ་མང་པོ་རྙེད་པ་ཐགས་མཁན་སྤྱི་ཐེར་བའི་རྩར་ཁུར་ནས། མཁས་པ་རྒྱང་ནས་རབ་གསལ་བ། །གངས་དང་ལྡན་པའི་རི་བོ་འདྲ། །མི་མཁས་རྣམ་པར་མི་གསལ་བ། །མུན་པའི་ནང་དུ་མདའ་འཕངས་འདྲ། །ཞེས་བསྟོད་པས། ཐགས་མཁན་གྱིས་དོག་པ་ཡོད་ན་ཁོ་བོས་འཐག་གོ་ཟེར་ནས་འཐག་ཏུ་བཅུག་སྟེ་གླ་རྔན་མ་བྱིན་པ་དང་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་གི་ཉེ་དུ་མ་ཡིན་པ་ལ་གླ་རྔན་མ་བྱིན་པར་འཐག་བཅོལ་ནས་ལག་ཏུ་ལེན་པའོ། །ཉེར་བཞི་པ། ཐགས་རྒྱ་བསྐྱེད། ཅེས་པ་ལ་གཉིས་ཏེ། དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་ཁྱིམ་བདག་ཕོ་མོ་གཉིས་དང་པོར་མི་མཐུན་པའི་རྐྱེན་གྱིས་ཁྱིམ་གྱི་འབྱོར་པ་སྲབ་པས། ཉེར་དགས་མཐུན་པར་བྱས་པའི་བཀའ་དྲིན་དུ་རས་ཡུག་བཏགས་ནས་འབུལ་ལོ་སྨྲས་པས། ཉེར་དགས་ཐོས་ནས་ཐ་ག་པའི་དྲུང་དུ་སོང་ནས་ཧྭགས་ཀྱི་ལ་དུ་བྱིན་ནས་རས་ཡུག་འདི་དཀྱུས་རིང་བ་ཞེང་ཆེ་བ་ཐགས་བཟང་བ་ཡིས་བྱས་པས་ཁྱིམ་བདག་གི་བདོག་པ་མང་དུ་ཟད་པ་ལ་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། ཉེ་མིན་ཁྱིམ་པར་བློས་དཔག་པའི་རས་ཡུག་ལས་ལྷག་པ་ཐ་ག་བ་ལ་གླ་རྔན་ཅུང་ཟད་བྱིན་ཏེ་རྒྱ་བསྐྱེད་པའོ། །ཉེར་ལྔ་པ། དགེ་སློང་གོས་སྦྱིན་སླར་འཕྲོག་ཅེས་པས་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་ཉེར་དགས་རང་གིས་ལྷན་གཅིག་གནས་པའི་དགེ་སློང་ཆོས་ཞེས་བྱ་བ་ལ་གོས་བྱིན་ནས་ཕྱི་བཞིན་འབྲང་མ་བཏུབ་པས། ངས་གླེན་པ་ཁྱོད་ལ་ཆོས་ལ་བསམ་ནས་གོས་སྦྱིན་པ་མ་ཡིན་གྱི་རྗེས་སུ་མི་འབྲང་ན་ཚུར་ཐོང་ཟེར་ནས་གོས་འཕྲོག་པ་ལས་བཅས་སོ། །གཉིས་པ་ནི། གཞན་ལ་གོས་སམ་ལྷུང་བཞེད་སོགས་བྱིན་ཟིན་ནས་སླར་འཕྲོག་པའོ། །ཉེར་དྲུག་པ། གཏན་བྱུང་གོས། སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས། དེ་ལ་གཉིས་ཏེ། དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཚེ་རི་རགས་ཀྱི་དགོན་པར་ཚོང་པས་དབྱར་གྱི་རྙེད་པ་ཕུལ་བས་དྲུག་སྡེས་དེ་རྣམས་ཁ་ཟས་སུ་བྱས་ནས་ཟད་པར་བྱས་པ་དང་ཚོང་པ་རྣམས་མ་དད་པ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་གྱི་དབྱར་གྱི་རྙེད་པ་དུས་མིན་དུ་བདག་གིར་བྱས་པ་ལ་གཏད་པ་ལས་བྱུང་བའི་སྤང་བའོ། །ཉེར་བདུན་པ། དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། དེ་ལ་གཉིས་ཏེ་དང་པོ་ནི། སྟོན་པ་མཉན་ཡོད་ན་བཞུགས་དུས་དགེ་སློང་འགའ་ཞིག་རི་རགས་སུ་དབྱར་གནས་པ་ཁས་བླང་བ་ན་སྦྱིན་བདག་གི་རྙེད་པ་རྒྱ་ཆེན་ཕུལ་བ་ཆོམ་རྐུན་པས་དགེ་སློང་རྣམས་མཚན་མོའི་ཚེ་སྒྲེན་མོར་མཉན་ཡོད་དུ་ལྷགས་པ་སྟོན་པས་གསན་ནས། དགོན་པར་གནས་པའི་དགེ་སློང་གིས་ཞག་དྲུག་ཚུན་ཆད་ཆོས་གོས་དང་བྲལ་ཡང་ཉེས་པ་མེད་པར་གནང་བ་ལ་དྲུག་སྡེས་དེ་ལས་ཀྱང་ལྷག་པར་འདས་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གི་ཞག་བདུན་ཕན་ཆད་དུ་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་དང་བྲལ་བ་ལ་དགོན་པའི་འབྲལ་སྤང་བའོ། །ཉེར་བརྒྱད་པ། རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། དེ་ལ་དང་པོ་ནི། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་དེ་དབྱར་ཁས་ལེན་པའི་སྔ་རོལ་ཟླ་གཅིག་ཏུ་བཙལ་ནས་དགག་དབྱེ་བྱས་ནས་ཟླ་ཕྱེད་ཚུན་ཆད་དེ་ཟླ་བ་ཕྱེད་ལྔར་བཅས་པ་ལས། དེ་ལ་གཞན་དུ་ཚོལ་བ་དང་བཅངས་པ་སྤང་བྱའོ། །ཉེར་དགུ་པ། དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་། དེ་ལ་གཉིས་ཀྱི་དང་པོ་ནི། སྟོན་པ་མཉན་ཡོད་དུ་བཞུགས་ཚེ་བསོད་སྙོམས་པ་ཞིག་གིས་ཁྱིམ་བདག་འགའ་ཞིག་དད་པར་བྱས་པས་དགེ་འདུན་ལ་རས་ཡུག་འཕུལ་བར་བསྔོས་པ་ཉེར་དགས་བདག་ཉིད་ལ་བསྒྱུར་བ་དང་གཞན་དག་ཁ་ཟེར་བ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་ལ་བསྔོས་པའི་ཡོ་བྱད་རང་གིས་བདག་ཏུ་བྱས་པའོ། །སུམ་ཅུ་པ། ན་སྨན་ཞག་བདུན་འདས་ན་གསོག་འཇོག་གོ། །དེ་ལ་གཉིས་ལས་དང་པོ་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་ཚེ་དགེ་སློང་མང་པོས་སྨན་བྱིན་གྱིས་བརླབས་ནས་བཞག་པ་ཡུན་རིང་བས་རུལ་བ་དང་མྱགས་པ་ལས་བཅས་སོ། །གཉིས་པ་ནི། སྨན་སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་དུས་སུ་བྱིན་ལེན་མ་ཞིག་པར་བཅངས་པ་དང་སྨན་བྱིན་ལེན་བྱས་པ་ཐུན་ཚོད་ལས་འདས་པར་བཅངས་པ་དང་། ཞག་བདུན་པའི་སྨན་བྱིན་གྱིས་བརླབས་པ་དེ་ལས་འདས་པར་བཅངས་པ་སྟེ་དུས་ལས་འདས་པས་གསོག་འཇོག་གི་སྤང་བར་འགྱུར་རོ། །འཚོ་བཅངས་ཀྱི་སྨན་ཞེས་ཇི་སྲིད་འཚོ་བར་བཅངས་པ་གནང་སྟེ་དེ་འདས་ཚེ་ལྟུང་བ་འབྱུང་བའི་གཞི་མེད་ཕྱིར་སྐབས་འདིའི་ལྟུང་བར་མི་འགྱུར་རོ། །འདི་དག་བཤགས་པའི་ཚེ་གང་ལ་ལྟུང་བ་བྱུང་བའི་དངོས་པོ་དེ་གཞན་ལ་སྤང་དགོས་པས་ན་སྤང་ལྷུང་ཞེས་བྱ་སྟེ་བཤད་ཟིན་ཏོ།
༈ །དོན་གཉིས་པ། ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་ནི། དང་པོ་ནི། ཤེས་བཞིན་རྫུན་དུ་སྨྲ་བའི་ལྟུང་བྱེད་ལ། གླེང་གཞི་དང་ངོ་བོ་གཉིས་ལས། དང་པོ་ནི། དགེ་སློང་ཤཱཀྱ་ལག་རྒྱུད་ཀྱིས་བྲམ་ཟེ་མཁས་པ་ཞིག་དང་རྩོད་པར་ཁས་བླངས་ཤིང་། བདག་གལ་ཏེ་ཕམ་ན་གྲགས་པ་ཉམས་ངེས་སྙམ་ནས་དུས་ལས་འདས་ཏེ་ཤེས་བཞིན་དུ་རྫུན་སྨྲས་པ་ལ་བཅས་སོ། །གཉིས་པ་ནི། དེའང་སྔར་བཤད་པ་ལྟ་བུ་ནི་ཕམ་པ། གཞི་མེད་དང་བག་ཙམ་ནི་ལྷག་མ་དགེ་འདུན་གྱི་དབུས་སུ་ཤེས་བཞིན་ཆོས་མ་ཡིན་པ་ཆོས་ཞེས་སྨྲ་བ་སྦོམ་པོ། ལྟུང་བ་དག་གམ་དྲིས་ཚེ་མ་དག་ཀྱང་ཅང་མི་སྨྲ་ན་ཉེས་བྱས། ལྟུང་བ་བཞི་པོ་དེ་ལས་གཞན་པའི་རྫུན་སྨྲ་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་ནི། དགེ་སློང་སྐྱོན་བརྗོད་པ། དེ་ལ་གཉིས་ཏེ། དང་པོ་ནི། དྲུག་སྡེས་དགེ་སློང་རྣམས་ལ་ཡན་ལག་ཉམས་པ་དང་། རིགས་རུས་སོགས་ཀྱི་སྒོ་ནས་སྐྱོན་བརྗོད་པས་དགེ་སློང་དེ་དག་ཡིད་མི་བདེ་བར་གྱུར་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་གཞན་ལ་རིགས་རུས་སོགས་ཀྱིས་སྒོ་ནས་སྐྱོན་བརྗོད་པའོ། །གསུམ་པ། ཕྲ་མས་འབྱེད་པ་དང་། དེ་ལ་དང་པོ་ནི། དྲུག་སྡེས་དགེ་སློང་རྣམས་ཀྱི་བར་དུ་ཕྲ་མ་བྱས་པས་བསམ་གཏན་དང་ཀློག་པའི་བར་ཆད་དུ་གྱུར་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་ཕན་ཚུན་འབྱེད་པར་འདོད་པས་ཕྲ་མ་བྱེད་པའི་རྫུན་ཚིག་གོ། །བཞི་པ། སྐྱོ་སྔོགས་ཟླུམས་ཀྱང་དབྱེ། དེ་ལ་དང་པོ་ནི། དགེ་སློང་ཕན་ཚུན་རྩོད་པ་གཞན་གྱིས་ཞི་བར་བྱས་པ་དྲུག་སྡེས་ཞི་བར་བྱས་པ་མ་ཡིན་ནོ་ཞེས་ཟེར་བས་ཕན་ཚུན་རྩོད་པ་ལས་བཅས་སོ། །གཉིས་པ་ནི་གཞན་གྱི་ཞི་བར་བྱས་པའི་རྩོད་པ་སླར་ཡང་སྐྱོ་སྔོགས་ཀྱི་སྒོ་ནས་རྩོད་པ་སློང་བར་བྱེད་པའོ། །ལྔ་པ། བུད་མེད་ཆོས་སྟོན་གཉིས་ཏེ། དང་པོ་ནི། དགེ་སློང་འཆར་ཀས་བུད་མེད་ལ་ཆོས་སྟོན་པ་ན་ནུ་མ་དང་ཤ་ཚན་ལ་རེག་པ་ལ་སོགས་པ་བྱས་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། སྐྱེས་པ་གཞན་མེད་པར་བུད་མེད་ལ་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་པའོ། །དྲུག་པ། བསྙེན་པར་མ་རྫོགས་དང་། ལྷན་གཅིག་ཆོས་འདོན་པ་ལ་གཉིས་ཏེ། དང་པོ་ནི། དྲུག་སྡེས་བསྙེན་པར་མ་རྫོགས་པ་དང་རྒོད་བག་གིས་སྐད་གདངས་སྣ་ཚོགས་ཀྱིས་ཆོས་འདོན་པ་ན་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གིས་རྒོད་བག་གིས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཆོས་ཀྱི་ཚིག་སྐད་གདངས་སྣ་ཚོགས་ཀྱིས་འདོན་པར་བྱེད་པའོ། །བརྒྱད་པ་གནས་ངན་ལེན་ལྟུང་བརྗོད། དེ་ལ་དང་པོ་ནི། དགེ་སློང་རྒན་བུ་འགའ་ཞིག་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ནས། སྤོ་མགུ་སྤྱོད་པ་ན། དགེ་འདུན་གྱི་གནས་མལ་ཕྱགས་དར་བྱེད་པ་སོགས་ལ་དྲུག་སྡེས་འདི་དག་དད་པ་ཆེ་བ་མ་ལགས། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་ཀྱི་ཆེད་ཡིན་ནོ། །སྨྲས་པས་གཞན་དག་ཀྱེ་མ་གནས་བརྟན་རྒན་པོ་དག་ཀྱང་འདི་འདྲ་ན། གཞན་པ་ལྟ་ཅི་སྨོས་ཞེས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། ལྟུང་བ་དང་ལྡན་པའི་དགེ་སློང་ལ་ལྟུང་བ་གླེངས་པར་མ་བསྐོས་པས་བསྙེན་པར་མ་རྫོགས་པའི་དྲུང་དུ་ལྟུང་བ་ལྡན་པར་གོ་བར་བྱེད་པའོ། །བརྒྱད་པ། མི་ཆོས་བླ་མ་བདེན་སྨྲ་བའི་གླེང་གཞི་ནི། ཉ་བའི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས་དགྲ་བཅོམ་ཐོབ་ཚེ། མུ་གེའི་དུས་ཤིག་ཉ་བའི་དྲུང་དུ་མི་ཆོས་བླ་མ་ཐོབ་པར་ཁས་བླངས་ཤིང་བརྗོད་ནས་འཚོ་བའི་ཡོ་བྱད་མང་པོ་བླངས་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། བསྙེན་པར་མ་རྫོགས་པ་ལ་དགོས་པ་མེད་བཞིན་དུ་མི་ཆོས་བླ་མའི་ཡོན་ཏན་ཐོབ་ཅེས་སྨྲ་བའོ། །དགུ་པ། བཤེས་ངོར་འཕྱ། དེ་ལ་དང་པོ་ནི། དགེ་སློང་གྱད་བུ་ནོར་དགེ་འདུན་གྱི་བྱ་བ་ལ་བརྩོན་པས་ཆོས་གོས་ངན་པར་གྱུར་པ་དགེ་འདུན་གྱི་རས་ཡུག་གཅིག་ཆོས་གོས་རྒྱུར་བྱིན་པས། མཛའ་བོ་དང་ས་ལ་སྐྱེས་གཉིས་ཀྱིས་དགེ་འདུན་འདི་དག་ནི་བཤེས་ངོར་བྱེད་ཅིང་སྤྱིའི་རྫས་ཆུད་གསོན་པ་ཡིན་ནོ་ཞེས་དགེ་འདུན་ལ་སྐུར་པ་བཏབ་པ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་ལ་བྱ་བ་བྱེད་པ་དེ་ལ་ཡོ་བྱད་ཅུང་ཟད་བྱིན་པ་ལ་སྐུར་བ་བཏབ་པའོ། །བཅུ་པ། བསླབ་གཞི་ཁྱད་བསད་ཀྱི་དང་པོ་ནི། དྲུག་སྡེས་སོ་སོར་ཐར་པའི་མདོ་འདོན་ཚེ་བསླབ་གཞི་ཕྲ་ཞིང་ཕྲ་བ་འདི་དག་གིས་ཅི་བྱར་ཟེར་ནས་བསླབ་བྱ་ཁྱད་དུ་བསད་པ་ལ་བཅས་སོ། །གཉིས་པ་ནི། འདུལ་བའི་བསླབ་བྱ་ཁྱད་དུ་བསད་པའི་རིགས་བྱེད་དོ། །བཅུ་གཅིག་པ། ས་བོན་སྐྱེ་བ་གཅོད་པའི་གླེང་གཞི་ནི། དྲུག་སྡེས་རང་གིས་ཤིང་ལྗོན་པ་གཅོད་ཅིང་གཞན་གཅོད་དུ་འཇུག་པ་ལས་གཞན་གྱིས་འཕྱ་བ་ལས་བཅས་སོ། །ངོ་བོ་ནི། དགོས་པ་མེད་བཞིན་ཕྱི་རོལ་གྱི་ས་བོན་མྱུ་གུ་སོགས་བསྐྱེད་པའི་ནུས་པ་ཉམས་པར་བྱས་པའོ། །བཅུ་གཉིས་པ། བདག་གི་ངོར་འཕྱ་བ་ལ་གཉིས་ཏེ་དང་པོ་ནི། མཛའ་བོ་དང་ས་ལ་སྐྱེས་གཉིས་ཉེར་དགའ་དང་ལྷན་ཅིག་གཏམ་བྱེད་པ་ན་ཁྱོད་ཉེན་དགས་ཀྱང་དགེ་འདུན་གྱི་གནས་མལ་སྟོབ་པ་ན། གྱད་བུ་ནོར་བཞིན་ཁོ་བོ་ཅག་ལ་ཐོ་འཚམས་པར་མ་བྱེད་ཅེས་ཟེར་བས་གཞན་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། བྱ་བ་བྱེད་པའི་དགེ་སློང་ལ་དངོས་སམ་ཟུར་གྱིས་འཕྱ་བར་བྱེད་པའོ། །བཅུ་གསུམ་པ། བསྒོ་བ་རྣར་གཟོན་པ། ལྟུང་བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས། དེ་ལ་དང་པོ་ནི། འདུན་པ་ལ་ཕན་པའི་བསམ་པས་ལྟུང་བ་གླེང་པ་ན། འདུན་པས་ཁྱོད་ལ་ཁོ་བོ་ལྟུང་བ་མི་གླེང་ཁྱོད་ཁོ་བོ་ལ་ལྟུང་བ་མ་གླེངས་ཁྱེད་དང་ཁོ་བོ་མི་འདྲ་སྟེ་ཁོ་བོའི་སྟོན་པས་བྱང་ཆུབ་བརྙེས་པ་ཡིན་ནོ། །ཟེར་བ་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། ཕྱིར་བཅོས་ལ་ལྟུང་བ་གླེངས་པ་ན། ལྟུང་བ་ཁས་མི་ལེན་པར་ངས་ནི་མ་ཐོས་སོགས་སྤྱོད་པ་སྣ་ཚོགས་པས་ལན་འདེབས་པའོ། །བཅུ་བཞི་པ། ཁྲི་དང་། ཞེས་པ་ལ་གཉིས་དང་པོ། དགེ་སློང་མང་པོ་དགེ་འདུན་གྱི་གནས་མལ་མ་བསྡུས་པར་བླ་གབ་མེད་པར་བཞག་པས་ཆུད་ཟོས་པ་ལས་བཅས་སོ། །གཉིས་པ་ནི། རང་གི་ལོངས་སྤྱོད་པའི་དགེ་འདུན་གྱི་ཁྲི་དང་ཁྲིའུ་བླ་གབ་མེད་པར་བཞག་པས་ཉི་རླུང་གིས་ཆུད་ཟོས་པར་བྱེད་པའོ། །བཅོ་ལྔ་པ། གདིང་བ་མ་བསྡུས་སྟེང་སོང་དང་། དེའི་དང་པོ་ནི། དགེ་སློང་འགས་གཙུག་ལག་ཁང་དུ་རྩྭ་དང་ལོ་མ་མང་དུ་བཏིང་སྟེ་མ་བསྡུས་པར་སོང་བ་དང་། དེ་ཉིད་སྲོག་ཆགས་ཀྱི་གང་བ་ལ་བཅས་སོ། །གཉིས་པ་ནི། གཙུག་ལག་ཁང་དུ་རྩྭ་དང་ལོ་མའི་ཚོགས་བཏིང་པ་མ་བསྡུས་པར་འཇོག་པར་བྱེད་པའོ། །བཅུ་དྲུག་པ། དགེ་སློང་བསྐྲད་དང་ཐོ་འཚམས་དེ་ལ་གཉིས་ཀྱི་དང་པོ་ནི། དགེ་སློང་འཆར་ཀས་རང་དང་ལྷན་ཅིག་གནས་པའི་དགེ་སློང་གཙུག་ལག་ཁང་གི་ཕྱིར་བཏོན་པས། མཚན་མོ་ཐོག་དག་ཏུ་སྡུག་བསྔལ་བ་ལས་བཅས་སོ། །གཉིས་པ་གཞན་ལ་གནོད་སེམས་ཀྱིས་གནས་ཁང་ནས་ཕྱིར་སྐྲོད་པའོ། །བཅུ་བདུན་པ། ཕྱིས་གནོན་བྱས་པ་ལ་དང་པོ་ནི། འཆར་ཀས་རང་གི་གྲོགས་གསར་བུ་ལ་གྲུ་མོ་དང་པུས་མོས་བརྫིས་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་གཞན་ལ་རང་ལུས་ཀྱིས་བརྫིས་ཤིང་གནོན་པའོ། །བཅོ་བརྒྱད་པ། མལ་གྱི་ཁྲིར་ཤུགས་ཕྱུང་། ཞེས་པ་ལ་གཉིས་ལས། དང་པོ་ནི། ཉེར་དགའ་དང་བསོད་སྙོམས་པ་གཅིག་ལྗོངས་རྒྱུ་བ་ན་ཁོ་བོའི་ཁུར་འདི་ཁྱོད་ཀྱིས་ཁུར་བྱས་པས་ཁོ་བོ་ལ་མི་དགོས་བྱས་པས། རི་རགས་ཀྱི་གཙུག་ལག་ཁང་ན་བསོད་སྙོམས་པ་སྒོ་དམ་པར་བཅད་དེ་གནས་པའི་སྟེང་ནས་ཁྲིའུ་རྐང་པ་རྣོ་བར་བྱས་ཏེ་ལུས་ཤུགས་ཕྱུང་སྟེ་མནན་པས་བསོད་སྙོམས་པའི་དཔྲལ་བ་གཞོམས་པ་ལ་བཅས་སོ། །གཉིས་པ་ནི། གཞན་ལ་གནོད་སེམས་ཀྱིས་ལུས་ཤུགས་ཀྱི་ལྗིད་ཀྱིས་ཁྲི་རྐང་གནོན་པའོ། །བཅུ་དགུ་པ། སྲོག་ཆགས་ལྡན་པའི་ཆུ་དང་། རྩྭ་འདེབས་པ་ལ་གཉིས་ཏེ། དང་པོ་ནི། འདུན་པས་སྲོག་ཆགས་དང་ལྡན་པའི་ཆུ་ལ་རྩྭ་དང་ལོ་མ་སོགས་འདེབས་ཏེ་ལོངས་སྤྱོད་པས་སྲོག་ཆགས་མང་དུ་ཤི་བས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། སྲོག་ཆགས་དང་བཅས་པའི་ཆུ་ལ་ཤེས་བཞིན་ལོངས་སྤྱོད་པའོ། །ཉི་ཤུ་པ། གཙུག་ལག་ཕ་གུ་རིམ་གཉིས་བརྩིགས། ཤེས་བཞིན་གྱིས་སོ་དེ་ལའང་དང་པོ་ནི། དྲུག་སྡེས་ཉིན་གཅིག་ལ་གཙུག་ལག་བརྩིགས་པ་དེའི་ནུབ་མོ་ཞིག་ལ་བཅས་སོ། །གཉིས་པ་ནི། ཆར་ཆུའི་འཇིགས་པ་ཡོད་པ་ཤེས་བཞིན་དུ་ཆར་ཆུ་སྐྱབས་པའི་གཡོགས་མ་བྱས་པར་ཉི་མ་གཅིག་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པའོ། །ཉེར་གཅིག་པ། འདི་མན་དགེ་སློང་མར། མ་བསྐོས་ཆོས་སྟོན་འདི་ནས་མར་བཅུ་དགེ་སློང་མ་ལས་གྱུར་པ་ཡིན་ཏེ། དེའི་དང་པོ་ལ་གཉིས་ཀྱི་གླེང་གཞི་ནི། སྟོན་པས་དགེ་སློང་མ་རྣམས་ལ་དགེ་སློང་གནས་བརྟན་པས་ཆོས་སྟོན་པར་བྱོས་གསུངས་པ་ལ་དྲུག་སྡེས་ཆོས་སྟོན་ཅིང་དགེ་སློང་མ་དང་རྩེ་ཞིང་ལུས་ལ་རེག་པ་སོགས་བྱས་པས་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་མའི་སྟོན་པར་མ་བསྐོས་པས་དེ་ལ་ཆོས་སྟོན་པའོ། །ཉེར་གཉིས་པ། བསྐོས་ཀྱང་ཉི་ནུབ་དང་། ཞེས་པས་དང་པོ་ནི། བསྐོས་ཀྱང་དགའ་བྱེད་ཀྱིས་དགེ་སློང་མ་ཨུཏྤལའི་མདོག་ཅན་ལ་ཉི་ནུབ་བར་ཆོས་སྟོན་པས་དགེ་སློང་མ་འཁོར་བཅས་མཉན་ཡོད་དུ་ཕྱིན་པས་སྒོ་བཅད་ནས་ཕྱི་རོལ་དུ་གནས་པ་ཆོམ་རྐུན་གྱིས་བཅོམ་པར་བརྩོན་པས་དགེ་སློང་མས་དམག་ཚོགས་སུ་སྤྲུལ་པས་བཅོམ་མ་ནུས་ཀྱང་ཆོས་སྟོན་པ་པོ་ལ་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། འཇིགས་བཅས་སར་དགེ་སློང་མ་ལ་ཉི་ནུབ་རྗེས་སུ་ཆོས་སྟོན་པའོ། །ཉེར་གསུམ་པ། ཁ་ཟས་ཕྱིར་སྟོན་པའི་དང་པོ་ནི། འཕགས་པ་དགའ་བྱེད་དགེ་སློང་མ་ལ་ཆོས་སྟོན་པ་ན། དགེ་སློང་མས་ཁ་ཟས་ཅུང་ཟད་ཕུལ་བ་ཉེར་དགས་མ་བཟོད་ནས་དགའ་བྱེད་ནི་ཁ་ཟས་ཁོ་ནའི་ཆེད་དུ་ཆོས་སྟོན་ཏོ་ཟེར་བ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་མའི་སྟོན་པར་བསྐོས་པ་ལ་ཕྲག་དོག་གིས་སྐུར་པར་བཏབ་པའོ། །ཉེར་བཞི་པ། གོས་བཙེམས་པའི་ལྟུང་བྱེད་ལ་གཉིས་ལས། དང་པོ་ནི། འཆར་ཀས་དགེ་སློང་མ་སྦེད་མའི་སྣམ་སྦྱར་ལ་སོགས་གོས་མང་དུ་བཙེམས་པས་གཞན་གྱིས་འཕྱ་བ་ལས་བཅས་སོ། །གཉིས་པ་ནི། ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཙེམས་པའོ། །ཉེར་ལྔ་པ། ཆོས་གོས་བྱིན་པའི་དང་པོ་ནི། ཚོང་དཔོན་ལས་རབ་ཏུ་བྱུང་བའི་དགེ་སློང་གིས་རང་གི་ཆུང་མ་རྙིང་པ་ཡིན་པའི་དགེ་སློང་མ་ལ་སྣམ་སྦྱར་བྱིན་པས་བཅོམ་ལྡན་འདས་འཁོར་བཅས་ལྗོངས་རྒྱུ་བ་ན། དགེ་སློང་དེ་ལ་ཆོས་གོས་མེད་པ་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི་ཉེ་དུ་མིན་པའི་དགེ་སློང་མ་ལ་ཆོས་གོས་སྦྱིན་པའོ། །ཉེར་དྲུག་པ། དོན་མཐུན་ལམ་འགྲོགས་ལ་གཉིས་ལས་དང་པོ་ནི། དྲུག་སྡེས་གཞོན་ནུ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་རིང་པོའི་བར་དུ་སོང་བས་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། ཡུལ་དགེ་སློང་མ་དང་ལྷན་ཅིག་ལམ་རྒྱང་གྲགས་ལས་ལྷག་པར་འགྲོགས་པའོ། །ཉེར་བདུན་པ། གྲུ་སྟེ་གྱེན་ཐུར་འགྲོ། ཞེས་པའི་གླེང་གཞི་དང་ངོ་བོ་གཉིས། གྲུ་དང་ལམ་བརྗེ་བ་མ་གཏོགས་སྔར་བཞིན་ནོ། །ཉེར་བརྒྱད་པ་དབེན་པར་ལྷན་གཅིག་འདུག་པ་དང་ཞེས་པ་ལ་གཉིས་ཏེ། དང་པོ་ནི། འཆར་ཀས་ཁྱིམ་བདག་གི་ཆུང་མ་དད་པ་ཅན་སྦེད་མ་དང་ལྷན་ཅིག་འདུག་སྟེ། ཁོ་བོ་ཅག་གིས་སྔོན་འདི་དང་འདི་འདྲ་བྱས་པ་དྲན་ནམ་བྱས་པ་བསོད་སྙོམས་པ་གཅིག་གིས་ཐོས་ཏེ་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། དབེན་པ་སྐྱབས་ཡོད་དུ་བུད་མེད་དང་ལྷན་ཅིག་འདུག་པའོ། །ཉེར་དགུ་པ། འགྲེང་བ་དང་དེའི་དང་པོ་གཉིས་པ་ལུས་འགྲེང་བ་དང་འདུག་པའི་ཁྱད་པར་མ་གཏོགས་སྔ་མ་བཞིན་ནོ། །སུམ་ཅུ་པ། སྦྱོར་བཅུག་ཟས་ཟ་རྣམས་ནི་སྤང་བར་བྱ། ཞེས་པའི་དང་པོ་ནི། དྲུག་སྡེས་ལྗོངས་སུ་རྒྱུ་བ་བཅུ་གཉིས་སྡེས་མཐོང་ནས་མིང་པོ་དག་ཁྱེའུ་བསོས་གསོལ་ཞིང་བྱས་པས། སྲིང་མོ་དག་དེས་མི་འཚོ་བས་ཁྱིམ་བདག་ལ་བསོད་སྙོམས་སྦྱོར་ཆུག་བྱས་པས་བཅུ་གཉིས་སྡེས་ཁྱིམ་བདག་ལ་ཡང་དག་མིན་པའི་ཡོན་ཏན་བརྗོད་དེ་འཚོ་བ་སྦྱོར་བཅུག་པས་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་མས་ཉེ་དུ་མིན་པའི་ཁྱིམ་བདག་གཞན་ལ་ཟས་སྦྱོར་བཅུག་པའོ། །སོ་གཅིག་པ། ཡང་ཡང་ཟས་ཟ་བའི་ལྟུང་བྱེད་ལ་གཉིས་ལས། དང་པོ་ནི། སྟོན་པ་འཁོར་བཅས་དྲག་ཤུལ་ཅན་གྱིས་གདུགས་ཚོད་དྲངས་པའི་ཚེ། དྲུག་སྡེས་གཞན་ས་ནས་ཨ་སྨྲིའི་འཁུར་བ་སོགས་བསླངས་ནས་ཟོས། སླར་ཡང་དྲག་ཤུལ་ཅན་ས་ནས་བསོད་སྙོམས་ལོངས་སྤྱོད་པས་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། ཉིན་གཅིག་ལ་ཁྱིམ་པ་ཉེ་དུ་མིན་པར་ཁ་ཟས་གཉིས་དང་གསུམ་སོགས་བླངས་ཏེ་ལོངས་སྤྱོད་པའོ། །སོ་གཉིས་པ། མུ་སྟེགས་འདུག་པའི་སར། ཞག་གཅིག་ལྷག་བསྡད་ཟ་དང་། དེའི་དང་པོ་ནི། རི་རགས་ཤིག་གི་ཁྱིམ་དུ་མུ་སྟེགས་པའི་རབ་བྱུང་གནས་པ་དྲུག་སྡེས་དེར་སོང་ནས་དང་པོ་གཞན་སྤྱོད་ཀྱིས་ཁྱིམ་པ་དད་པར་བྱས། ཕྱིས་རང་སྤྱོད་ཀྱིས་མ་དད་པར་བྱས་པ་དང་། གཅེར་བུ་པ་དྲུག་ཅུས་དབྱུག་པའི་རིགས་པས་ཕམ་པར་བྱས་ཏེ་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། མུ་སྟེགས་པའི་རབ་བྱུང་ཡོད་སར་ཞག་གཅིག་ལྷག་པར་གནས་ཏེ་ཁ་ཟས་སྤྱོད་པའོ། །སོ་གསུམ་པ། ལྷུང་བཟེད་དོ། །ཟ་དང་ཞེས་པའི་དང་པོ་ནི། དྲུག་སྡེས་མཉན་ཡོད་དུ་ཁྱིམ་བདག་གི་བུ་མོ་བག་ལ་བརྫོང་རྒྱུས་འཁུར་བ་རྣམས་ནན་གྱིས་བླངས་བས་བག་མར་འགྲོ་བའི་ཐབས་ཆག་པ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཁྱིམ་པ་ཉེ་དུ་མིན་པ་ལས་དུས་གཅིག་ལ་ལྷུང་བཟེད་གསུམ་ལས་ལྷག་པའི་ཁ་ཟས་སླངས་ཏེ་ཟ་བའོ། །སོ་བཞི་པ་ཟ་རྗེས་བཟའ་བཅའ་ཟ་བ་དང་། ཞེས་སྤངས་པ་ཟ་བའི་གླེང་གཞི་ནི། སྟོན་པས་ཟས་སྤངས་པ་ཟ་བར་མི་བྱའོ། །གསུངས་ཀྱང་འགལ་བར་བྱེད་པ་ན་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། དང་པོར་ཟས་ལ་བྱིན་ལེན་བྱས་པ་ན་བསམ་སྦྱོར་གྱིས་ཟས་དེ་ཉིད་སྤངས་ཏེ་སླར་ཡང་ལྷག་པོར་མ་བྱས་པར་ཟས་དེ་ཉིད་ལ་ལོངས་སྤྱོད་པའོ། །སོ་ལྔ་པ། སྤངས་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབས། དེའི་དང་པོ་ནི། དགེ་སློང་རྒན་ཞུགས་ཞིག་ལ་ལྟུང་བ་ཡང་ཡང་བྱུང་བ་སློབ་དཔོན་གྱི་དྲུང་དུ་ཕྱིར་བཅོས་བྱས་པ་ལ་རྒན་ཞུགས་ཀྱིས་སློབ་དཔོན་འདི་ཡང་བདག་གི་དྲུང་དུ་ལྟུང་བ་བཤགས་དགོས་པ་ཅིག་ཐབས་བྱའོ་སྙམ་ནས་སློབ་དཔོན་གྱིས་སྤངས་བའི་ཁ་ཟས་ལྷག་པོར་མ་བྱས་བཞིན་བྱས་སོ་ཟེར་ཏེ་སློབ་དཔོན་ལ་བྱིན་པ་གསོལ་ཟིན་པ་དང་རྒན་ཞུགས་ཀྱིས་སྤང་བའི་ཁ་ཟས་ཕྱིར་འཆོས་ཤིག་ཟེར་བས། སློབ་དཔོན་གྱིས་འདི་ནི་ཁོ་བོ་ལ་ལྟུང་བར་མི་འགྱུར་ཁྱོད་ལ་འགྱུར་རོ་ཟེར་བ་ལ་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། སྤང་བའི་ཟས་ལྷག་པོར་མ་བྱས་བཞིན་བྱས་སོ་ཟེར་ནས་དགེ་སློང་གཞན་ལ་སྟོབ་པའོ། །སོ་དྲུག་པ། གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། དེ་ལ་དང་པོ་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་ཚེ། ལྷས་སྦྱིན་འཁོར་བཅས་ཀྱིས་དགེ་འདུན་འབྱེད་པའི་ཕྱིར་ལྷན་ཅིག་འདུས་ནས་ཟ་བ་ལ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། མཚམས་ནང་དུ་བསམ་པ་མི་མཐུན་པས་དགེ་འདུན་སྤྱི་ལས་ལོགས་སུ་འདུས་ནས་ཁ་ཟས་ལ་ལོངས་སྤྱོད་པའོ། །སོ་བདུན་པ། དུས་མིན་ཕྱེད་ཡོལ་ཟ་དང་། དེ་ལ་དང་པོ་ནི། གཞོན་ནུ་བཅུ་བདུན་སྡེས། བསོད་སྙོམས་སྔ་དྲོ་མ་རྙེད་ཕྱི་དྲོ་ཅུང་ཟད་རྙེད་པ་ཟོས་པ་ན་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས་རུང་གི་ཟས་བཟའ་བའོ། །སོ་བརྒྱད་པ། བསོག་འཇོག་ཟ་བའི་གླེང་གཞི་ནི། དགེ་སློང་ནག་པོ་པས་འབྲས་ཆན་མང་པོ་བསོག་འཇོག་བྱས་པ་ལ་བཅས་སོ། །གཉིས་པ་ནི། སྨན་གསུམ་གང་རུང་བ་བསོག་འཇོག་བྱས་ཏེ་ལོངས་སྤྱོད་པའོ། །སོ་དགུ་པ། བྱིན་ལེན་མ་བྱས་སྨན་བཞི་ཁར་མིད་པ། དང་པོ་ནི། ནག་པོ་པས་དུར་ཁྲོད་ཀྱི་ཟས་གོས་རང་གར་བླངས་པ་ལ་བཅས་སོ། །གཉིས་པ་ནི། སྨན་བཞི་གང་རུང་བྱིན་ལེན་མ་བྱས་པར་སྤྱོད་པའོ། །བཞི་བཅུ་པ། བསོད་པ་ཞིམ་པོའི་ཟས་བླངས་པ་ལ་གཉིས་ལས་དང་པོ་ནི། ཁྱིམ་བདག་དད་ལྡན་གྱིས་སྟོན་པ་འཁོར་བཅས་སྤྱན་དྲངས་ནས་གདུགས་ཚོད་གསོལ་ཟིན་ནས་དྲུག་སྡེས་ཕྱིས་ལྷག་པ་ལྷག་མ་བྱིན་པས་མ་མགུ་སྟེ་གཞན་ལས་བཟང་པོ་སློང་བ་ན་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཁྱིམ་པ་ཉེ་དུ་མིན་པ་ལ་ཟས་བསླངས་ནས་སླར་ཡང་གཞན་ལ་ཁ་ཟས་བསོད་པ་ཞེས་བཟང་པོ་སློང་བར་བྱེད་པའོ། །ཞེ་གཅིག་པ། སྲོག་ཆགས་བཅས་ཆུར་སྤྱོད་པའི་གླེང་གཞི་ནི། སྔར་རྩྭར་འདེབས་པའི་སྐབས་བཞིན་ལ། ངོ་བོ་སྲོག་ཆགས་དང་བཅས་པའི་ཆུ་ལ་བཏུང་བ་དང་ཁྲུས་བྱེད་པ་ལ་སོགས་པའོ། །ཞེ་གཉིས་པ། ཉལ་པོ་བྱེད་པའི་ཤུལ་དུ་ཉལ་བ་ལ་དང་པོ་ནི། འཆར་ཀས་སྤོས་འཚོང་གི་ཁྱེའུ་རང་གི་ཆུང་མ་དང་ལྷན་ཅིག་ཉལ་པོ་བྱེད་པའི་བར་ཆད་བྱས་པ་གཞན་མ་མོས་པ་ལ་བཅས་སོ། །ངོ་བོ་ནི་ཁྱིམ་ནང་ན་འདུག་སྟེ་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པ་ལ་བར་ཆད་བྱས་པའོ། །ཞེ་གསུམ་པ། བདེན་པའི་སྐབས་སུ་འགྲེང་དང་། ཞེས་པ་ལ་གཉིས་ཀྱི་འགྲེང་བ་དང་འདུག་པ་མ་གཏོགས་སྔ་མ་ལྟར་རོ། །ཞེ་བཞི་པ། གཅེར་བུར་བྱིན་པའི་དང་པོ་ནི། ཀུན་དགའ་བོ་ལ་གཅེར་བུ་མ་རྒན་གཞོན་གཉིས་ཀྱིས་ཟས་སླངས་པས་རྒན་པ་ལ་འཁུར་བ་གཅིག་གཞོན་པ་ལ་གཉིས་བྱིན་པས་རྒན་མོས་འདི་ན་ཁྱོད་ལ་དགའ་བ་ཞིག་གོ་ཟེར་ནས་སྐུར་བ་འདེབས་པ་ལ་བཅས་སོ། །གཉིས་པ་ནི། ཕྱི་རོལ་པར་གཏོགས་པའི་བུད་མེད་ལ་ཟས་གོས་ཀྱི་དགོས་པ་ཁྱད་པར་ཅན་མེད་བཞིན་བྱིན་པའོ། །ཞེ་ལྔ་པ། དམག་བལྟ་བའི་དང་པོ་ནི། རྒྱལ་པོ་གསལ་རྒྱལ་གྱིས་དམག་རི་རགས་སུ་འདྲེན་ཚེ་དྲུག་སྡེས་དམག་ལ་བཀྲེན་ཅན་ཁྱོད་ཀྱིས་རི་རགས་རྒྱལ་པོ་མི་ཐུབ་སྟེ་ཁྱེད་ཅག་དམན་ལ་གཅིག་ཤོས་མཆོག་ཡིན་ནོ་ཟེར་བས་རྒྱལ་པོ་འཁོར་བཅས་མ་དད་པ་ལ་བཅས་སོ། །གཉིས་པ་ནི། རང་གི་ཁྱིམ་ལས་འདས་ཏེ་དམག་ལ་བལྟ་ཞིང་སྨོད་པའོ། །ཞེས་དྲུག་པ། དམག་སར་ཞག་གཉིས་ལྷག་པར་ཉལ་བ་ལ་གཉིས་ཏེ་དང་པོ་ནི། གསལ་རྒྱལ་གྱི་དམག་རི་རགས་སུ་མ་ཕེབས་པ་ན་བློན་པོ་རྣམས་ཀྱིས་མགོན་མེད་ཟས་སྦྱིན་བསོད་ནམས་ཆེ་བས་དེས་བོས་ན་ཕེབས་པར་འགྱུར་རོ་ཟེར་ནས་ཁྱིམ་བདག་ནང་དུ་ཕྱིན་པ་དགེ་སློང་དང་འཕྲད་འདོད་ནས་བོས་པས་གཞན་མ་འོང་དྲུག་སྡེ་འོངས་ནས་དམག་འཕྱས་པ་ལ་བཅས་སོ། །གཉིས་པ་ནི། དམག་སར་ཞག་གཅིག་ལྷག་པ་ཞག་གཉིས་ཡན་འདུག་པའོ། །ཞེ་བདུན་པ། དམག་གི་རུ་བཀོད་བྱེད་དང་དེའི་གླེང་གཞི་ནི། དམག་དེའི་ནང་དུ་དྲུག་སྡེ་གནས་ཚེ་དཔུང་ཚོགས་དང་གོ་ཆའི་ཚོགས་རྒྱལ་པོ་འཁོར་བཅས་ཀྱིས་བཤམས་པ་བྱེད་ཚེ་ལོགས་སུ་དཀྲུགས་ཤིང་རུ་བཀོད་བྱས་པས་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། དམག་ནང་དུ་གནས་ཏེ་དགོས་པ་ཁྱད་པར་ཅན་མེད་བཞིན་ཏུ་རུ་བཀོད་སོགས་བྱེད་པའོ། །ཞེ་བརྒྱད་པ། དགེ་སློང་བརྡེག་པ་ལ་དང་པོ་ནི། འཆར་ཀས་གཞོན་ནུ་བཅུ་བདུན་སྡེ་ལ་ཕན་ཚུན་བརྡེག་ཏུ་བཅུག་པས་ཕན་ཚུན་ངུས་ཞིང་འགྱེལ་བ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་ལ་བརྡེག་གམ་བརྡེག་ཏུ་གཞུག་པའོ། །ཞེ་དགུ་པ། བརྡེག་གཟས་པའི་དང་པོ་དང་གཉིས་པ་བརྡེག་པ་དང་བྱེད་པའི་ཁྱད་པར་མ་གཏོགས་སྔར་བཞིན་ནོ། །ལྔ་བཅུ་པ། གནས་ངན་ལེན་གྱིས་ལྟུང་བ་འཆབ་པའི་དང་པོ་ནི། ཉེར་དགས་རྒྱལ་བྱེད་ཚལ་དུ་བུ་མོ་ཞིག་ལ་ལུས་ཀྱིས་རེག་པ་སྣ་ཚོགས་བྱས་པ་དགེ་སློང་ཆོས་ཀྱིས་མཐོང་ནས་ཉེར་དགས་སུ་ལའང་མ་སྨྲ་ཞེས་གསང་བཅུག་པ་ལ་བཅས་སོ། །གཉིས་པ་ནི། ལྟུང་བ་རང་ལ་བྱུང་བཞིན་འཆབ་པར་བྱེད་པའོ། །ང་གཅིག་པ། དགེ་སློང་ཟན་གཅོད་པའི་ལྟུང་བྱེད་ལ། དང་པོ་ནི། དགེ་སློང་ཆོས་ཀྱིས་ཉེར་དགའི་གནས་ངན་ལེན་བརྗོད་པ་ན་ཉེར་དགས་ཆོས་ལ་གནོད་པར་བརྩམས་ཏེ་དང་པོ་ཉེར་དགས་ཟས་ཟོས་ནས་དགེ་སློང་ཆོས་ལ་སྔ་དྲོའི་དུས་གདུགས་ཚོད་ལ་མ་བབ་ཟེར་ཏེ་ཟས་བཀག་གྲིབ་ཚད་གཞལ་ཏེ་བསོད་སྙོམས་ལ་འགྲོ་བར་བརྩམས་པས་ཉེར་དགས་ཁྱོད་དུས་མིན་དུ་ཟའམ་རང་གཉིས་ལྷན་ཅིག་འདུག་པས་བདེ་བ་མ་ཡིན་གྱི་གཞན་དུ་སོང་ཟེར་བས། ཆོས་ཀྱི་ཟན་བཀག་པར་རིག་ནས་གཙུག་ལག་ཁང་དུ་སོང་སྟེ་ད་ལུས་མདངས་མ་ཉམས་བར་དགེ་སྦྱོར་བྱས་མ་ནུས་པ་ན་བློ་ཕབ་སྟེ་ཉལ་བ་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། གནོད་སེམས་ཀྱིས་རང་གི་གྲོགས་ལ་དུས་རུང་གི་ཟས་གཅོད་པར་བྱེད་པའོ། །ང་གཉིས་པ། མེ་ལ་རེག་ཏུ་བཅུག་པའི་དང་པོ་ནི། དྲུག་སྡེས་མེ་ཟོར་དུ་འཕངས་པ་དང་མེ་མགལ་བསྐོར་བ་ལ་མུ་སྟེགས་འཕྱ་བ་ལ་བཅས་སོ། གཉིས་པ་ནི། རྒོད་བག་གི་བསམ་པས་མེ་ལ་རེག་ཅིང་རྩེ་བའོ། །ང་གསུམ་པ། དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། དང་པོ་ནི། འཆར་ཀས་དགྲ་བཅོམ་ཐོབ། འདུན་པ་ཀ་ཤཱམྦྷིར་ཐུགས་དམ་དལ་བར་འདུག །ནབས་སོ་དང་འགྲོ་མགྱོགས་འདས། དགའ་བོ་ཉེར་དགའ་གཉིས་དགེ་འདུན་གྱི་ནང་དུ་གནས་ཚེ་བཅུ་བདུན་སྡེས་སྔོན་བརྙས་པ་དྲན་ཏེ་ཉེར་དགའ་གནས་ནས་འདོན་པའི་ཆེད་དུ་དགའ་བོ་ལ་ཆོས་དྲི་མ་ཅན་དཀྲུ་བར་བྱ་ཟེར་ནས་འགྱུར་བྱེད་ཀྱི་ཆུར་སྤངས་པ་ན། གནྜི་བརྡུང་སྟེ་དགའ་བོ་ལ་དགེ་འདུན་འདུས་ཤིག་སྨྲས་པས་ཁོ་འདི་འདྲ་བར་གྱུར་པས་འདུན་པ་འབུལ་ལོ་ཟེར་རོ། །དེ་ནས་བཅུ་བདུན་སྡེས་ཉེར་དགའ་ལ་བཅུ་བདུན་སྡེས་ལྟོ་བ་ཕྲལ་ཏེ་རྒྱུ་མས་རྒྱལ་བྱེད་ཚལ་བསྐོར་རོ་ཟེར་བ་ལ་སོགས་དྲན་ནམ་ཟེར་ནས་གནས་ཕྱུང་བས་ཉེར་དགས་དགའ་བོ་ལ་ཁོ་བོ་གནས་ནས་དབྱུང་ངོ་ཞེས་སྨྲེ་སྔགས་བྱས་པས། དགའ་བོས་གནས་ནས་འབྱིན་པ་ལ་འདུན་པ་མི་གཏོང་བས་འདུན་པ་ཕྱིར་འབྱིན་ཞིག་སྨྲས་པ་ལ་གཞན་གྱིས་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་ལས་ལ་འདུན་པ་ཕུལ་རྗེས་སླར་ཡང་འདུན་པ་ཕྱིར་ཟློག་པར་བྱེད་པའོ། །བཞི་པ། བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ་བའི་དང་པོ་ནི། སྟོན་པས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལྷག་པར་མི་ཉལ་བར་བཅས་པ་ཉེར་དགས་རང་གི་དགེ་ཚུལ་དང་ནུབ་གཉིས་ལྷག་པར་ཉལ་བ་གཞན་གྱིས་དེ་ལྟར་མི་རུང་བར་སྟོན་པས་མ་གསུང་ངམ་ཟེར་བས། ནུབ་གཉིས་རུང་ན་གསུམ་པ་ཅིས་མི་རུང་གསུམ་པར་ཆང་འཐུང་ངམ་ཀུན་དོང་ཟོས་སམ་ཟེར་བ་ལ་གཞན་མ་དད་པ་ལས་བཅས་སོ། །གཉིས་པ་ནི། ན་བ་ལ་སོགས་མིན་པར་བསྙེན་པར་མ་རྫོགས་པ་དང་ནུབ་གཉིས་ལྷག་པར་ཉལ་བའོ། །ང་ལྔ་པ། སྡིག་ལྟའི་ཆོས་ལུགས་མི་གཏོང་བ་ལ་དང་པོ་ནི། དགེ་སློང་འཆི་ལྟས་ཀྱིས་སྟོན་པས་གསུངས་པའི་ལས་འབྲས་ལ་ཡིད་མི་ཆེས་པའི་སྡིག་ལྟ་བྱུང་བ་སུས་བཟློག་ཀྱང་མི་གཏོང་བ་ལ་བཅས་སོ། །གཉིས་པ་ནི། སྟོན་པས་གསུང་པའི་ལས་འབྲས་ལ་ཡིད་མི་ཆེས་ཏེ་བཟློག་ཀྱང་མི་གཏོང་པའོ། །ང་དྲུག་པ། ཕེབས་པར་སྨྲ། ཞེས་པ་ལ་གཉིས་ཏེ། དང་པོ་ནི། འཆི་ལྟས་དེ་གནས་ཕྱུང་པ་ཉེར་དགས་ལྷན་ཅིག་གནས་ནས་ཕེབས་པར་སྨྲས་ཏེ་མཐུན་པར་བྱེད་པ་ན་གཞན་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་གམ་མཐུན་པར་བྱེད་པའོ། །ང་བདུན་པ། དགེ་ཚུལ་སྡིག་ལྟ་མི་གཏོང་ལྷན་ཅིག་ཉལ་བའི་གླེང་གཞི་ནི། ཉེར་དགའི་དགེ་ཚུལ་ཚེ་མ་ཏ་དང་ཚེ་མ་ཏ་ཆེན་པོ་གཉིས་ཀྱིས། འཕྱར་གཡེང་གི་སྤྱོད་པ་བྱས་པས་གནས་ཕྱུང་པ་ཉེར་དགའི་སར་སོང་ནས་སྨྲེ་སྔགས་བྱས་པས་ཉེར་དགས་ལྷན་ཅིག་ཉལ་ཏེ་སྤྱོད་ལམ་མཐུན་པར་བྱས་བས་གཞན་མ་དད་པ་ལས་བཅས་སོ། །ངོ་བོ་ནི། གནས་ཕྱུང་བའི་དགེ་ཚུལ་དང་ལྷན་ཅིག་སྤྱོད་ལམ་མཐུན་པར་འདུག་པའོ། །ང་བརྒྱད་པ། རུང་བའི་ཚོན་མིན་ཁ་དོག་ཅན་མིན་གྱོན་པའི་དང་པོ་ནི། དྲུག་སྡེས་གར་མཁན་གྱི་ཆ་ལུགས་བྱས་ནས་སྤྱོད་ལམ་སྣ་ཚོགས་བྱས་པས་གཞན་མ་དད་པ་ལ་བཅས་སོ། །ངོ་བོ་ནི། རུང་བའི་ཚོས་གསུམ་མ་ཡིན་པའི་གོས་ཁྲུ་གང་ཡན་ཆད་དུ་ལོངས་པ་གོས་གཞན་གྱིས་གཡོགས་མེད་པར་གྱོན་པའོ། །དེ་ཡང་ཕྱི་རོལ་དུ་ངུར་སྨྲིག་ཡོད་ན་ནང་དུ་དཀར་པོ་གོན་ཡང་ཉེས་པ་མེད་ལ་ཕྱི་གོས་ཚོན་ཆེན་ཀྱིས་ཁ་བསྒྱུར་བ་ལ་ཉེས་བྱས་སོ། །ང་དགུ་པ། རིན་ཆེན་དམག་ཆས་རོལ་མོའི་ཆས་ལ་རེག་པའི་གླེང་གཞི་ནི། དྲུག་སྡེས་བསོད་སྙོམས་སར་རོལ་མོའི་ཆ་བྱད་བླངས་ཏེ་བྲོ་བརྡུངས་པ་ན་སྐྱེ་བོ་དག་མ་དད་པ་ལ་བཅས་སོ། །ངོ་བོ་ནི། དགོས་པ་མེད་བཞིན་ནོར་བུ་ལ་སོགས་རིན་པོ་ཆེ་དང་མདའ་མདུང་རོལ་ཆ་ལ་རྒོད་བག་གིས་རེག་པའོ། །དྲུག་ཅུ་པ། ཚ་དུས་རང་གར་ཁྲུས་བྱེད་པའི་དང་པོ་ནི། རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་འཁོར་བཅས་ལ་ཁྲུས་ཀྱི་རྫིང་བུ་ཕུལ་ནས་དགེ་སློང་རྣམས་ཁྲུས་བྱེད་པར་ཞུས་ཚེ་དྲུག་སྡེས་ཡུན་རིང་ཁྲུས་བྱས་པས་རྒྱལ་པོའི་ཁྲུས་ཀྱི་བར་ཆད་དུ་གྱུར་པས་ཚ་དུས་ཟླ་གསུམ་མ་གཏོགས་པ་ཟླ་བ་ཕྱེད་ཕྱེད་འདས་དུས་སུ་ཁྲུས་བྱེད་པར་བཅས་པ་མཛད་དོ། །ངོ་བོ་ནི། དབྱར་སྣྲོན། ཆུ་སྟོད། གྲོ་བཞིན་ཏེ་ཚ་དུས་ཀྱི་ཟླ་བ་གསུམ་དང་། ན་བ་ལ་སོགས་པའི་དུས་མིན་པར་ཟླ་ཕྱེད་ཀྱི་སྔ་རོལ་དུ་ཁྲུས་བྱེད་པའོ། །རེ་གཅིག་པ། དུད་འགྲོ་གསོད་པའི་ལྟུང་བྱེད་ལ་དང་པོ་ནི། འཆར་ཀས་མདའ་ལྔ་འཕངས་ཏེ་ནམ་མཁའ་ལ་བྱ་རོག་རྒྱུ་བ་གསོད་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། གསོད་འདོད་ཀྱིས་དུད་འགྲོའི་རིགས་གསོད་པའོ། །རེ་གཉིས་པ། དགེ་སློང་ལས་ལ་འགྱོད་པ་བསྐྱེད་པའི་དང་པོ་ནི། བཅུ་བདུན་སྡེས་དགེ་སྦྱོར་ལ་བརྩོན་པ་ལ་འཆར་ཀས་ཅི་དེ་ལྟར་བརྩོན་པས་ཅི་བྱ་མང་དུ་ཐོས་པ་དང་དགྲ་བཅོམ་པར་ནི་ནམ་ཡང་མི་འགྱུར་ཅིའི་ཕྱིར་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་བྱས་ན་བསྙེན་པར་ཡང་མི་རྫོགས་ལ་མཁན་པོ་ཡང་སྨད་པ་ཡིན་ནོ་ཟེར་བས་གཞོན་ནུ་དེ་དག་སེམས་ཁོང་དུ་ཆུད་པ་ལས་བཅས་སོ། །གཉིས་པ་ནི། དགེ་སློང་ལ་བསྙེན་རྫོགས་ཀྱིས་ཡོན་ཏན་སྨོད་པའི་སྒོ་ནས་ཡིད་དབྱུང་པའོ། །རེ་གསུམ་པ། གག་ཚིལ་སྒོག་པའི་དང་པོ་ནི། བཅུ་བདུན་སྡེས་རང་གིས་གྲོགས་དེའི་ཐུགས་དང་འགལ་བར་བྱས་པ་བཤགས་པ་ན། ཅང་མི་སྨྲ་བས་གཞོན་ནུ་ཞིག་གིས་གག་ཚིལ་བྱས་པས་རྒོད་པར་རྩོམ་པ་ན་ཐམས་ཅད་ཀྱིས་དེ་ལྟར་བྱས་པས་རླུང་གྱེན་དུ་འཚུབས་ཏེ་ཤི་བ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་ལ་སྐྱི་གཡའ་བར་འདོད་པས་མཆན་ཁུང་ལ་སོགས་འབྲུ་ནས་གཡའ་སྒོག་པའོ། །རེ་བཞི་པ། ཆུར་རྩེ་བའི་དང་པོ་ནི། བཅུ་བདུན་སྡེ་ཆུར་ཞུགས་ཏེ་རྩེ་སྣ་མང་པོ་རྩེ་བ་ལ་རྒྱལ་པོ་གསལ་རྒྱལ་འཁོར་བཅས་མ་དད་པ་ལ་བཅས་སོ། །གཉིས་པ་ནི། རྒོད་བག་གི་བསམ་པས་ཆུ་ལ་རྩེ་བའོ། །རེ་ལྔ་པ་བུད་མེད་གནས་གཅིག་ཉལ་བ་དང་དེའི་གླེང་གཞི་ནི། མ་འགགས་པས་རི་རགས་སུ་ཁྱེའུ་སྤྱི་རྡོལ་གྱི་མ་བདེན་མཐོང་ལ་འགོད་ཕྱིར་དེ་དང་ལྷན་ཅིག་གནས་ནས་ཆོས་བསྟན། བདེན་མཐོང་ལ་བཀོད་ཀྱང་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། མཚམས་ནང་གཅིག་ཏུ་ནུབ་གཅིག་བུད་མེད་དང་མཉམ་པོར་ཉལ་བའོ། །རེ་དྲུག་པ། དགེ་སློང་སྔངས་བྱེད་ཅེས་པའི་དང་པོ་ནི། འཆར་ཀས་མཚན་མོ་བཅུ་བདུན་སྡེ་ཡོད་སར་ལྭ་བ་ཕྱིར་ལོག་གྱོན་ཁར་མེ་བཟུང་ཏེ་འབྱུང་པོ་འབྱུང་པོ་སྨྲས་པས་གཞོན་ནུ་དག་སྐྲག་པ་ལ་བཅས་སོ། །ངོ་བོ་ནི། དགེ་སློང་ལ་ཐོ་འཚམ་པའི་བསམ་པས་འཇིགས་པ་སྣ་ཚོགས་སྟོན་པའོ། །རེ་བདུན་པ། དེའི་སྤྱོད་སྦེད་པའི་དང་པོ་ནི། དྲུག་སྡེས་བཅུ་བདུན་སྡེ་ལ་ཁྱེད་རྣམས་ང་ལ་རྒྱུན་དུ་འགྲན་པ་ཡིན་ན་ཆུ་ནང་དུ་ཡུན་རིང་བར་འདུག་གང་ནུས་འགྲན་ཟེར་ནས་ཐམས་ཅད་ཆུར་ནུབ་པ་དང་ཉེར་དགའ་ཆུ་ནང་ནས་ལངས་ཏེ་གཞོན་ནུ་རྣམས་ཀྱི་གོས་སྦས། དྲུག་སྡེས་གོས་གྱོན་ནས་གཞན་དུ་སོང་། བཅུ་བདུན་སྡེས་དྲུག་སྡེ་དང་གོས་མ་རྙེད་ནས་ཐོ་བཙམས་པར་ཤེས་ནས་ཐང་ཅིག་ཏུ་བསྡད་ཤཱ་རིའི་བུ་བྱོན་ནས་གོས་གཏད་ཅི་ཉེས་དྲིས་པས་ལོ་རྒྱུས་བསྙད་པ་ན་གཞན་དག་འཕྱ་བ་ལ་བཅས་སོ། གཉིས་པ་ནི། ཐོ་འཚམ་པའི་སེམས་ཀྱིས་དགེ་སློང་གི་ཡོ་བྱད་བསྐུང་པའོ། །རེ་བརྒྱད་པ། སྔར་བྱིན་གདེང་མེད་སླར་བླང་སྤྱོད་པ་དང་། དེ་ལ་དང་པོ་ནི། ཉེར་དགའ་རྒས་ཤིང་འཁོགས་པའི་ཚེ་གོས་དྲི་མ་ཅན་བཀྲུ་མ་ནུས་པས་ཐབས་ཤིག་བྱ་སྙམ་སྟེ། ཉེ་གནས་ལ་གོས་བྱིན་པས་དེས་བཀྲུས་ཤིང་ཁ་བསྒྱུར་ནས་ཉེར་དགའ་ལ་བཅོལ་བའི་ཚེ། ཉེར་དགས་གདེང་མེད་བཞིན་རང་གི་ལོངས་སྤྱོད་པ་ན་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། རང་གི་མིན་པའི་དགེ་སློང་གིས་གོས་སྦྱིན་པ་ལ་སོགས་ཀྱི་གདེང་མེད་བཞིན་དུ་ལོངས་སྤྱོད་པའོ། །རེ་དགུ་པ། གཞི་མེད་བསྐུར་བཏབ་ཀྱི་དང་པོ་ནི། མཛའ་བོ་དང་ས་ལ་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་ལྷག་མས་སྐུར་པ་བཏབ་པ་ལ་བཅས་སོ། །གཉིས་པ་ནི། དགེ་སློང་མཐོང་ཐོས་དོག་གསུམ་གྱི་གཞི་མེད་བཞིན་དུ་བསྐུར་བ་བཏབ་པའོ། །བདུན་བཅུ་པ། བུད་མེད་ལྷན་ཅིག་ཏུ། སྐྱེས་པ་མེད་པར་ལམ་འགྲོ། དེའི་གླེང་གཞི་ནི། ཐ་ག་པ་སྤྱི་ཐེར་བས་རང་གི་ཆུང་མ་ལ་བརྡུངས་འཚོག་བྱས་པས་བསོད་སྙོམས་པ་གཅིག་དང་འགྲོགས་ཏེ་མཉན་ཡོད་དུ་ཕྱིན་པ་ན། ཐ་ག་པས་གྲོགས་ལྔ་བརྒྱ་ཙམ་སྦྲན་ནས་བུ་མོ་དང་དགེ་སློང་གཉིས་བརྡུངས་ལྷུང་བཟེད་བཅག་ཆོས་གོས་རལ་བ་ལ་བཅས་སོ། །ངོ་བོ་ནི། བུད་མེད་དང་ལྷན་ཅིག་སྐྱེས་པ་མེད་པར་ལམ་རྒྱང་གྲགས་ལས་འདས་པར་ལྷན་ཅིག་འགྲོ་བའོ། །དོན་གཅིག་པ། རྐུན་མའང་མཚུངས། ཞེས་པས། དགེ་སློང་འགའ་དཔྱ་ཁྲལ་མ་བྱིན་པའི་ཚོང་པ་དང་ལྷན་ཅིག་ལམ་གོལ་བ་ལ་ཕྱིན་པ་ཤོ་གམ་པས་ཚོར་ཏེ་ཚོང་པ་དང་དགེ་སློང་རྣམས་བཅོམ་པ་ལ་བཅས་སོ། །ངོ་བོ་ནི། རྐུན་པོ་ལྟ་བུ་དང་ལྷན་ཅིག་རྒྱང་གྲགས་ལས་ལྷག་པར་འདའ་བའོ། །དོན་གཉིས་པ། ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག །དང་པོ་ནི། མོའུ་འགལ་གྱི་བུས་བཅུ་བདུན་སྡེ་ལ་བསྙེན་རྫོགས་མཛད་པས། དེ་དག་གིས་ཐོ་རངས་དུས་བཀྲེས་པས་སྨྲེ་སྔགས་བཏོན་པ་ལ་བཅས་སོ། །གཉིས་པ་ནི། བསྒྲུབ་བྱ་ལོ་ཉི་ཤུ་མ་ལོན་པར་ཤེས་བཞིན་བསྙེན་པར་རྫོགས་པར་བྱེད་པའོ། །དོན་གསུམ་པ་ས་རྐོ་བའི་ལྟུང་བྱེད་ལ། དང་པོ་ནི། དྲུག་སྡེས་དགོས་མེད་དུ་ས་རྐོས་ཡུར་བ་འདྲེན་པ་ལ་མུ་སྟེགས་ཅན་ལ་སོགས་མ་དད་པ་ལ་བཅས་སོ། །གཉིས་པ་ནི། སྲ་འཐས་པའི་ས་དགོས་པ་མེད་བཞིན་དུ་རྐོ་བའོ། །དོན་བཞི་པ། མགྲོན་པོས་ཟླ་བཞི་ལྷག་པར་ཟོས། དེ་ལ་དང་པོ་ནི། ཤཱཀྱ་མིང་ཆེན་གྱིས་སྟོན་པ་འཁོར་བཅས་ཟླ་བ་བཞི་མགྲོན་དུ་བོས་ཏེ་ཟས་བསོད་པ་བྲིམས་པ། དྲུག་སྡེས་ཟས་ཐོབ་པའི་ཐབས་ཤིག་བྱ་སྙམ་སྟེ། དགའ་བོ་ཉེར་དགའ་གཉིས་ན་རྫུ་བྱས་ནས་སྨན་པ་ལ་བསྟན་པ་དེས་བརྫུན་དུ་རིག་ནས་སྣུམ་བག་རྒྱ་ཆེན་པོ་གསོལ་ཟེར་བས་དྲུག་སྡེ་དགའ་ནས་སྨན་པ་ཁྱོད་ནི་མཁས་པའོ་ཟེར་ནས། གཉིས་ནད་པ། བཞི་ནད་གཡོག་བྱས་ནས་ཟླ་བ་བཞི་ལས་ལྷག་པར་ཟོས་པ་ན་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། སྦྱིན་བདག་གིས་མགྲོན་དུ་གཉེར་བ་ལས་ལྷག་པར་གནས་ཏེ་ལོངས་སྤྱོད་པའོ། །དོན་ལྔ་པ། མི་ཤེས་བརྗོད་དང་ཞེས་པའི་དང་པོ་ནི། བསླབ་པའི་གཞི་བཅའ་བ་མཛད་ཚེ་དེར་མ་འདུས་པ་ལ་སྒྲོགས་པར་བྱེད་པ་ཡིན་ཞིང་། ཀུན་དགའ་བོས་ལམ་པ་ལ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་ན་ལྟུང་བྱེད་དོ་ཞེས་བཅས་པས་དགེ་སློང་རྒྱུས་མེད་པ་རྣམས་ལ་སྒྲོགས་ཤིག་སྨྲས་པས། ལམ་པས་དགེ་སློང་མའི་དབྱར་ཁང་དུ་སོང་ནས་བཅུ་གཉིས་སྡེ་དང་དྲུག་སྡེ་ལ། དེ་དག་གིས་བཅས་པ་མ་ཐོས་སམ་སྙམ་ནས། བསླབ་པ་འདི་ལྟར་བཅས་པ་ལ་སློབ་པར་བྱའོ། །སྨྲས་པས། མི་མཁས་པ་ཁྱེད་ཅག་གིས་ཚིག་ཙམ་ལ་སློབ་པར་མི་བྱེད་དོ་ཟེར་བ་ན་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། སྟོན་པས་བཅས་པའི་བསླབ་བྱ་ལ་སློབ་པའི་ཐབས་བརྗོད་པ་ཁྱད་དུ་བསད་ཅིང་སྤོང་བར་བྱེད་པའོ། །དོན་དྲུག་པ། འཐབ་པའི་ཉན་རྣ་བྱེད་པའི་དང་པོ་ནི། བཅུ་བདུན་སྡེ་སྡེ་སྣོད་འཛིན་པར་གྱུར་ནས་ཉེར་དགས་ཐོ་འཚམས་པ་འདི་ཙམ་སུས་ཀྱང་མ་བྱས་ང་གནས་ནས་དབྱུང་བར་བྱའོ་ཞེས་གྲོས་བྱེད་པ་ཉེར་དགའ་ཉན་རྣ་བྱས་པས་ཐོས་ཏེ་ཕན་ཚུན་མི་མཐུན་བར་གྱུར་པ་ལས་བཅས་སོ། །ངོ་བོ་ནི་ཕན་ཚུན་ཞེ་འཁོན་པས་ཕག་ཉན་བྱེད་པའོ། །དོན་བདུན་པ། ཉེས་མེད་མི་སྨྲ་འགྲོ་དང་ཞེས་པས་བཅུ་བདུན་སྡེས་དྲུག་སྡེས་ཉམ་ཆུང་ངུས་གནས་ནས་དབྱུང་པར་བརྩམ་པ་དགའ་བོས་བཟློག་པར་བརྩམ་པས་གང་ཕྱིར་ཟློག་པ་དེ་ཡང་གནས་ཕྱུང་ངོ་ཟེར་བས་དགའ་བོ་སྐྲག་ནས་ཅང་མི་སྨྲ་བར་སོང་བ་དང་ཉེར་དགའ་གནས་ཕྱུང་བ་དགའ་བོའི་དྲུང་དུ་ཕྱིན་ནས་ངུས་པས་དགའ་བོས་ནུ་བོ་གནས་འབྱིན་པ་དེ་ཁམས་གསུམ་ནས་ཕྱུངས་ཤིག་ཟེར་བ་ལ་གཞན་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། ལས་གྲལ་དུ་དང་པོར་འདུས་ནས་འདུན་པ་མ་ཕུལ་བར་གཞན་དུ་འགྲོ་བའོ། །དོན་བརྒྱད་པ། མ་གུས་འགལ་བའི་དང་པོ་ནི། དགེ་སློང་མང་པོས་རྩོད་པ་ཞི་བར་བྱེད་པ་ན། དགེ་སློང་གླང་ཆེན་བྱ་བས་དགེ་སློང་མང་པོ་དང་མི་མཐུན་པར་བྱས་པ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་གྱིས་བཅས་པའི་ཆོས་ལྡན་གྱི་བྱ་བ་ལ་མི་གུས་པས་འདའ་བར་བྱེད་པའོ། །དོན་དགུ་པ། ཆང་བཏུང་བའི་དང་པོ་ནི། དགེ་སློང་ལེགས་འོངས་ཀྱིས་ཁྱིམ་བདག་གིས་ཆང་ཕུལ་བ་བཏུང་བས་ས་ལ་འགྱེལ་བ་སྟོན་པས་གཟིགས་ནས། དགེ་བསྙེན་ཡན་ཆད་ཀྱིས་ཆང་མི་བཏུང་བར་བཅས་སོ། །ངོ་བོ་ནི། མྱོས་ཤིང་འགྱེལ་བའི་ཆང་བཏུང་བའི་སྤང་བའོ། །བརྒྱད་ཅུ་པ། དུས་མིན་ཕྱི་དྲོ་གྲོང་ལ་རྒྱུ་བའི་དང་པོ་ནི། འཆར་ཀས་ཤཱ་རིས་བུ་ལ་གདམས་ངག་ཞུས་དེ་བསྒོམ་པས་དགྲ་བཅོམ་ཐོབ་ཚེ། སྟོན་པས་ཁྱིམ་པ་འདུལ་བར་ལུང་བསྟན་པས་དྲིན་ལན་བསབ་ཕྱིར་གྲོང་དུ་ཕྱིན་ནས་སྐྱེ་བོ་མང་པོ་བདེན་པ་ལ་བཀོད། མཐར་ཁྱིམ་བདག་གི་ཆུང་མ་མ་རུངས་མོ་ཞིག་ཆོམ་རྐུན་པ་དང་འདོད་ལོག་སྤྱོད་པ་ལ་དེའི་ཉེས་པ་བཤད་པས་བུད་མེད་དེས་ཆོམ་རྐུན་པ་ལ་འདི་སོད་ཅིག་ཟེར་ནས་དེས་རལ་གྲིས་དབུ་བཅད་དེ་བཀྲོངས་པ་ལ་བཅས་སོ། །ངོ་བོ་ནི། ཉེ་མིན་ཁྱིམ་པར་ཉིན་ཕྱེད་ནས་སྐྱ་རེངས་མ་ཤར་བར་གནས་པའོ། །གྱ་གཅིག་པ། ཟས་བཅས་ཕྱི་དྲོ་རྒྱུ་དང་ཁྱིམ་གསུམ་འདས། དེའི་གླེང་གཞི་ནི། སྦྱིན་བདག་གིས་ཉེར་དགའ་སྦྲན་ནས་སྟོན་པ་འཁོར་བཅས་གདུགས་ཚོད་ལ་སྤྱན་དྲངས་པ་ན། ཉེར་དགས་ང་མ་འོང་བར་ལ་གདུགས་ཚོད་མ་དྲོང་བསྒོས་ནས་གྲོང་གཞན་གྱི་ཁྱིམ་གསུམ་ཙམ་འདས་ཏེ་ཡུན་རིང་དུ་འགོར་བ་སྟོན་པས་གདུགས་ཚོད་དྲོངས་གསུངས་ཀྱང་ཉེར་དགའ་མ་བྱུང་ཟེར་བས་སྟོན་པས་གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། རང་དབང་ཐམས་ཅད་བདེ་བ་ཡིན། གསུངས་ནས་བཅས་པ་མཛད་དོ། །ངོ་བོ་ནི། སྔ་དྲོ་ལ་གྲོང་གཞན་དུ་སོང་བས་སྦྱིན་བདག་གིས་གདུགས་ཚོད་དྲངས་བ་ལ་གནོད་པར་བྱེད་པའོ། །གྱ་གཉིས་པ། རྒྱལ་པོ་བཙུན་མོར་བརྩེ་བའི་ཁབ་ཏུ་ཉལ་བའི་དང་པོ་ནི། རྒྱལ་པོ་གསལ་རྒྱལ་གྱི་ཆུང་མ་ཕྲེང་ལྡན་མ་དང་དབྱར་ཚུལ་མའི་སློབ་དཔོན་དུ་ཤཱ་རའི་བུ་དང་འཆར་ཀ་གཉིས་གྱུར་ཏེ་ཕོ་བྲང་དུ་ཆོས་སྟོན་པ་ན་ཤཱ་རིའི་བུ་འཇུག་པ་ལ་མཁས་པས་དུས་སུ་འཇུག་ལ་འཆར་ཀ་མཚན་མོའི་དུས་བཙུན་མོ་འཁོར་བཅས་ལ་ཆོས་བསྟན་བསོད་སྙོམས་བླངས་ཏེ་སྐྱ་རེངས་མ་ཤར་གོང་དུ་ཕྱིར་ཕྱུང་པ་ལ་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། མཚན་མོ་བཙུན་མོ་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་དུ་འཇུག་པའོ། །གྱ་གསུམ་པ། མདོ་སོགས་འདོན་ལ་ད་གཟོད་ཤེས་ཟེར་དང་། དེ་ལ་དང་པོ་ནི། སོ་ཐར་གྱི་མདོ་འདོན་པ་ན། དྲུག་སྡེས་གུས་པར་མི་ཉན་ཞིང་འདི་ན་ལྟུང་བ་ཕྲ་མོ་འདི་འདྲ་ཡོད་པ་ད་གཟོད་ཤེས་ཟེར་ནས་བསླབ་པ་ཁྱད་དུ་བསད་པས་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། གསོ་སྦྱོང་གི་དུས་སུ་འདུལ་བའི་བསླབ་བྱ་ཤེས་བཞིན་ཁྱད་དུ་གསོད་པའོ། །གྱ་བཞི་པ། རིན་ཆེན་ཁབ་རལ་ཞེས་པའི་གླེང་གཞི་ནི། བ་སོ་མཁན་ཆོས་ཤེས་བྱ་བ་བསོད་སྙོམས་པ་ཅིག་དད་པར་བྱས་ནས་དགེ་སློང་མང་པོས་བ་སོའི་ཁབ་རལ་བྱེད་བཅུག་སྟེ་སླངས་པས་དེའི་འཚོ་བ་ཆད་པ་ན་གཞན་མ་དད་པ་ལ་བཅས་སོ། །ངོ་བོ་ནི། ཉེ་མིན་ལ་བ་སོ་དང་རུས་པ་ལ་སོགས་རིན་པོ་ཆེ་ལས་ཁབ་རལ་བྱེད་བཅུག་ནས་སླང་བའོ། །གྱ་ལྔ་པ། ཁྲི་རྐང་ཚད་ལྷག་བཟོས་པའི་དང་པོ་ནི། དགེ་སློང་ཞིག་ཁྲི་རྐང་དམའ་བར་གཉིད་ལོག་པས་དྲུག་སྦྲུལ་གྱིས་དཔྲལ་བ་ནས་བཟུང་སྟེ་ཤི་བས། སྟོན་པས་ཁྲི་དམའ་བར་མི་ཉལ་གསུངས་པས་དྲུག་སྡེས་ཁྲི་རྐང་ཁྲུ་བཅུ་གཉིས་པ་ན་བྱེད་པ་གཞན་ཁ་ཟེར་བ་བཅས་སོ། །གཉིས་པ་ནི། ཁྲི་རྐང་ཁྲུ་གང་ལས་ལྷག་པར་བྱེད་པའོ། །གྱ་དྲུག་པ། ངན་སེམས་ཤིང་བལ་ཁྲི་སྟེང་གདབ་ཏེ་འགོས། དེ་ལ་དང་པོ་ནི། ཉེར་དགས་ཁྲི་གཞན་གྱིས་འཕྲོག་དོགས་ནས་བདག་འདུག་སྙམ་སྟེ། ཁྲིའི་ཁར་ཤིང་བལ་དཀྲམ་པ་ལ་དགེ་སློང་ཞིག་མ་བརྟགས་པར་ཉལ་བས་གོས་ཐམས་ཅད་སྐྱ་བོར་གྱུར་པས་གཞན་དག་ཁ་ལབ་པ་ལ་བཅས་སོ། །གཉིས་པ་ནི། དགེ་འདུན་གྱི་ཁྲི་ལ་ངན་སེམས་ཀྱིས་ཤིང་བལ་གྱིས་གཡོགས་པའོ། །གྱ་བདུན་པ། གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད་ལ་དང་པོ་ནི། དགེ་སློང་མང་བོས་གདིང་བ་ཤིན་ཏུ་རྒྱ་ཁྱོན་ཆེ་བར་བྱས་པ་ལ་གཞན་མ་དད་པ་ལ་བཅས་སོ། །ངོ་བོ་ནི། སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་དང་སོར་དྲུག་ལས་ལྷག་པའི་གདིང་བ་འཆང་བའོ། །གྱ་བརྒྱད་པ། གཉན་པ་དགབ་པ་ཚད་ལྷག་གི་གླེང་གཞི་སྔ་མ་ལྟར་ལས། ངོ་བོ་ནི། སྲིད་དུ་ཁྲུ་དྲུག །ཞེང་དུ་ཁྲུ་གསུམ་ལས་ལྷག་པར་བྱེད་པའོ། །གྱ་དགུ་པ། དབྱར་གྱི་གོས། རས་ཆེན་ཚད་ལྷག་གི་དང་པོ་སྔར་ལྟར་ལ། གཉིས་པ་ནི། སྲིད་དུ་ཁྲུ་དགུ། ཞིང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ལས་ལྷག་པར་བྱེད་པའོ། །དགུ་བཅུ་པ། ཆོས་གོས་ཚད་ལྷག་གོ། །དེའི་གླེང་གཞི་ནི། ཉེར་དགས་སྟོན་པའི་ཆོས་གོས་ཀྱི་ཚད་དང་མཉམ་པའི་ཆོས་གོས་བྱས་ཏེ་གྱོན་པས་ལུས་ཀྱི་མ་རྫོགས་པས་གཞན་དག་འཕྱ་བ་ལ་བཅས་སོ། །ངོ་བོ་ནི། བདེ་བར་གཤེགས་པའི་ལུས་ཚད་དང་མི་ལྡན་བཞིན་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་བྱས་ཏེ་གྱོན་པའི་ཁ་ན་མ་ཐོ་བའོ། །དེ་དག་གིས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་གླེང་གཞི་དང་བཅས་པ་བཤད་ཟིན་ཏོ། །དེ་ཡང་བཤགས་པ་འབའ་ཞིག་གིས་དག་ནུས་པས་ལྟུང་བྱེད་འབའ་ཞིག་པ་ཞེས་བྱའོ། །བཞི་པ། སོ་སོར་བཤགས་བྱའི་སྡེ་ནི་བཞི་ཡིན་ཏེ། དེ་ལ་དང་པོ་ནི། དགེ་སློང་མ་ལས་གྲོང་དུ་ཟས་བསླངས་ཟོས། དེ་ལ་གཉིས་ཀྱི་དང་པོ་གླེང་གཞི་ནི། གྲོང་ཁྱེར་རྡོ་འཇོག་ཏུ་ཕྱུག་པོ་ཞིག་ལ་བུ་མོ་འཛེས་མ་གཅིག་ཡོད་དེ་མིང་ཡང་ཨུཏྤལའི་མདོག་ཅན་ཞེས་བཏགས་སོ། །དེར་ཆེར་གྱུར་ཏེ་ཁྱིམ་ན་གནས་པ་མོའུ་འགལ་གྱིས་བརྟུལ་ཏེ་རྒྱུན་ཞུགས་ལ་བཀོད། དེ་སྐྱེ་དགུའི་བདག་མོས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ། དེ་དུས་རྒྱུན་དུ་བསོད་སྙོམས་ཐོག་མར་བླངས་ནས་དགེ་འདུན་ལ་ཕུལ། ཕྱིས་ཅུང་ཟད་རེ་རང་གི་འཚོ་བར་བྱེད་པ་ལ། ནམ་ཞིག་རང་འཚོ་བའི་བསོད་སྙོམས་བསླང་ནས་འོང་པ་དགེ་སློང་བསོད་སྙོམས་མ་རྙེད་པ་ཅིག་ལ་ཕུལ། དེའི་ནང་པར་རང་འཚོ་བའི་བསོད་སྙོམས་ཅུང་ཟད་བསླང་པ་ཉེར་དགས་བདག་ལ་བྱིན་ཟེར་ནས་བླངས་པས་ཉི་མ་གཉིས་སུ་ཁ་ཟས་ཆད་པས་དགེ་སློང་མ་དེ་འགྱེལ་བ་ན་གཞན་མ་དད་པ་ལ་བཅས་སོ། །གཉིས་པ་ནི། ཡུལ་དགེ་སློང་མ་ལ་དེས་རང་ཉིད་འཚོ་བའི་བསོད་སྙོམས་བསླང་ནས་སྤྱོད་པའོ། །གཉིས་པ་ཁྱིམ་དུ་དགེ་སློང་མ་བསྒོས་མི་ཟློག་ཟོས། དེ་ལ་དང་པོ་ནི། མུ་གེ་ཆེར་བྱུང་དུས་དྲུག་སྡེས་བཅུ་གཉིས་སྡེ་ལ་གང་དུ་དགེ་འདུན་སྤྱན་འདྲེན་དྲངས་པ་དེར་ཁྱོད་ཅག་གིས་ཞལ་ཏ་གྱིས་ལ་ངེད་ཅག་ལ་ཟས་མང་དུ་འགྲིམ་དུ་ཆུག་ཅིག་ཅེས་བགོས་པས། སྦོམ་ཁ་མོ་ན་རེ། དེ་ལྟར་རུང་ན་བགྱིའོ་ཟེར་ནས་ཁ་ཟས་གྲལ་རིམ་དུ་མི་འགྲིམ་པར། སྦྱིན་བདག་ལ་འདི་ནི་འཕགས་པ་དགའ་བོ་ཡིན་ཏེ་སྡེ་སྣོད་གསུམ་ལ་མཁས་ཤིང་རིག་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་པས་ཟས་ཕུན་སུམ་ཚོགས་པར་བྱིན་ཅིག །དེ་བཞིན་དུ་ཉེར་དགའ་སོགས་ལ་སྨྲས་པས། དྲུག་སྡེས་དེ་དག་མ་བཟློག་པར་ཟོས་པས་གཞན་དག་འཕྱ་བ་ལ་བཅས་སོ། །གཉིས་པ་ནི། སྦྱིན་བདག་གི་ཁྱིམ་དུ་དགེ་སློང་མར་བསྒོས་ནས་ཟས་ཆེར་བླངས་པ་ཟ་བའོ། །གསུམ་པ། བསླབ་སྡོམ་སྤྱི་ལས་རུང་མིན་བླངས་ཏེ་ཟོས་པའི་དང་པོ་ནི། དམག་དཔོན་སེང་གེ་བྱ་བ་མུ་སྟེགས་པ་ལ་དད་པ་གཅིག་སྟོན་པས་བདེན་མཐོང་ལ་བཀོད་པས་ལོངས་སྤྱོད་ཐམས་ཅད་དགེ་འདུན་ལ་བཏང་ནས་ཟད་པ་ན། མུ་སྟེགས་དག་ངེད་ལ་དད་པའི་དུས་སུ་ལོངས་སྤྱོད་ཡོད་ལ་ད་ལྟ་ནོར་མེད་དོ་ཟེར་བ་ལ་བརྟེན་ནས་དེའི་ཁྱིམ་དུ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ལས་གཞན་པས་ཟས་མི་བླངས་པར་བཅས་པས། དྲུག་སྡེས་ཡང་ཡང་ཟས་བླངས་པས་ཁྱིམ་བདག་འཁོར་བཅས་འཚོ་བར་མ་ནུས་པ་ལ་བཅས་སོ། །གཉིས་པ་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་སྦྱིན་བདག་ལས་ཟས་བླངས་ཏེ་ལོངས་སྤྱོད་པའོ། །བཞི་པ། ནགས་མ་ཉུལ་བར་དགོན་པར་ཟས་བསླངས་བཞིའོ། །དེའི་དང་པོ་ནི། དགག་དབྱེའི་དུས་སུ་ཤཱཀྱའི་བུ་མོ་དག་གིས་ཟས་ཁྱེར་ཏེ་འོངས་པ་དྲུག་སྡེས་དེ་དག་བསུར་ཕྱིན་ནས་ནགས་ནང་ན་ཆོམ་རྐུན་ཡོད་མེད་མ་ཉུལ་བར་ལམ་ཀ་ཞིག་ཏུ་འདུག་པ་ཆོམ་རྐུན་པས་བཅོམ་པ་ལ་བཅས་སོ། །གཉིས་པ་ནི། འཇིགས་བཅས་ཀྱི་སར་ཆོམ་རྐུན་ཡོད་མེད་མ་ཉུལ་བར་ཟས་ལ་ལོངས་སྤྱོད་པའོ། །འདི་དག་སྨྲེ་སྔགས་ཀྱི་སྒོ་ནས་སོ་སོར་བཤགས་དགོས་པས་ན་སོར་བཤགས་ཞེས་བྱ་སྟེ་བཞི་པོ་བཤད་ཟིན་ཏོ། །ལྔ་པ་ཉེས་བྱས་བརྒྱ་དང་བཅུ་གཉིས་ཞེས་གྲགས་པ་ལ་སྡེ་ཚན་བརྒྱད་དེ། གོས་བགོ་བའི་སྡེ། སྤྱོད་ཡུལ་དུ་འགྲོ་བའི་སྡེ། སྟན་ལ་འདུག་པའི་སྡེ། ཟས་སློང་བའི་སྡེ། ཟས་ཟ་བའི་སྡེ། ལྷུང་བཟེད་ལ་ལོངས་སྤྱོད་པའི་སྡེ། ཆོས་བཤད་པའི་སྡེ། སྒྲུབ་པའི་ཚུལ་ལས་གྱུར་པའི་སྡེའོ། །དང་པོ་ལའང་། ཤམ་ཐབས་དང་། སྟོད་གཡོགས་གཉིས་ལས། དང་པོ་ཤམ་ཐབས་ལ་བསླབ་པར་བྱ་བ་བདུན་ནི། ཤམ་ཐབས་ཟླུམ་མིན་བརྩེངས་འཇོལ་གླང་སྣ་འདྲ། །སྟེབ་དང་ཕུབ་མ་གདེངས་ཀ་ལྟ་བུ་བདུན་ཏེ་ཤམ་ཐབས་ཀྱི་ཡར་མཐའ་དང་མར་མཐའ་མདུན་རྒྱབ་གཉིས་མཐོ་དམན་མེད་པར་སྙོམ་པ་ཟླུམ་པོར་བགོ་བ་དང་། པུས་མོ་ཡན་ཆད་དུ་བརྩེངས་པ་མིན་པ་དང་། ལོང་བུ་མན་ཆད་དུ་ཧ་ཅང་འཇོལ་བ་མ་ཡིན་པ་དང་། མདུན་དུ་གྲ་གླང་པོ་ཆེའི་སྣ་ལྟར་འཕྱངས་པ་མ་ཡིན་པ་དང་། སྐ་རགས་ཀྱི་གོང་དུ་ཏཱ་ལིའི་ལོ་མ་ལྟར་སྟེབ་པ་མ་ཡིན་པ་དང་སྐ་རགས་ཀྱིས་བར་ནས་འབྲུའི་ཕུབ་མ་ལྟར་ཕྱིར་འབུར་བ་མ་ཡིན་པ་དང་། སྐ་རགས་ཀྱི་སྟེང་དུ་སྦྲུལ་མགོའི་གདེངས་ཀ་ལྟར་མཐོ་དམན་དུ་འདུག་པ་མ་ཡིན་པའོ། །སྟོད་གཡོག་རྒྱབ་གསུམ་སྟེ། ཟླུམ་མིན་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུའོ། །དེ་ཡང་ཆོས་གོས་མདུན་རྒྱབ་གཉིས་མཉམ་པར་ཟླུམ་པོར་བགོ་བ། ཧ་ཅང་པུས་མོ་ལས་ཡར་བརྩེངས་པ་མ་ཡིན་པ། ཧ་ཅང་པུས་མོ་ལས་མར་འཇོལ་བ་མ་ཡིན་པ་གསུམ་སྟེ་བསྡོམ་པས་གོས་ཀྱི་སྡེ་ལ་བཅུའོ། །གཉིས་པ་སྤྱོད་ཡུལ་དུ་འགྲོ་བའི་ཉི་ཤུ་ནི། ལུས་ངག་མ་བསྡམ་པ་དང་སྟོད་གཡོགས་སོགས་ལེགས་པར་བགོ་བ་མ་ཡིན་པ་དང་། ཅ་ཅོའི་སྒྲ་དང་བཅས་པ་དང་། མིག་གཡས་གཡོན་དུ་གཡེངས་པ་དང་། མིག་གཉའ་ཤིང་གང་ལས་རིང་དུ་ལྟ་བ་དང་མགོ་བོ་གོས་ཀྱི་བསྟུམ་པ་གོས་ཤམ་ཐབས་སོགས་འདོམས་མཐོང་བར་བརྫེས་པ་དང་། སྟོད་གཡོགས་ཕྲག་པ་གཡོན་པ་ལ་གཟར་བ་དང་། ལག་པ་གཉིས་མདུན་ནས་གཉའ་གོང་དུ་བསྣོལ་བ་དང་། ལག་གཉིས་རྒྱབ་ནས་ལྟག་པར་བསྣོལ་བ་དང་། འགྲོ་བ་ན་མཆོང་བ་དང་། འདུག་པ་ན་རྐང་པ་རྐྱང་པ་དང་། རྐང་པའི་རྟིང་པ་བཏེགས་ཏེ་བྲང་པས་འགྲོ་བ་དང་། རྐང་རྟིང་བཙུགས་ཏེ་ཙོག་པུས་འགྲོ་བ་དང་། ལག་པའི་གྲུ་བརྐྱངས་ཏེ་དཀུར་བརྟེན་ནས་འགྲོ་བ་དང་། ལུས་གཅུས་ཤིང་བསྒྱུར་བ་དང་། ལག་པ་ཤར་ཤར་གཡུག་པ་དང་། མགོ་བོ་བསྒྱུར་བ་དང་། གཞན་དང་ཕྲག་པ་སྤྲད་དེ་འགྲོ་བ་དང་། གཞན་དང་ལག་པ་སྦྲེལ་ཏེ་འགྲོ་བ་རྣམས། མི་བྱེད་པའི་ལས་ཏེ་ཁྱིམ་དུ་འགྲོ་བའི་སྤྱོད་ཡུལ་ཉི་ཤུའོ། །གསུམ་པ་སྟན་ལ་འདུག་པའི་སྡེ་ལ་དགུ་ཡོད་དེ། སྟན་འདི་ལ་སྡོད་ཅེས་མ་བསྒོས་པར་འདུག་པ་དང་། མ་བརྟགས་པར་འདུག་པ་དང་། ལུས་ཀྱི་ལྗིད་ཕབ་འཕོང་བརྡེབ་སྟེ་འདུག་པ་དང་། རྐང་པ་བརྐྱངས་ནས་བསྣོལ་བ་དང་། བརླ་བསྣོལ་ནས་རྐྱང་བ་དང་། ལོང་བུའི་སྟེང་དུ་ལོང་བུ་བརྩེགས་ཏེ་འདུག་པ་དང་། ཁྲི་འོག་ཏུ་རྐང་པ་བཀུག་པ་དང་། རྐང་པ་ཕན་ཚུན་གདང་སྟེ་འདུག་པ་དང་། འདོམས་མཐོང་བར་འདུག་པ་རྣམས་སྤང་བ་འདུག་ཚུལ་དགུ་ཡིན་ནོ། །བཞི་པ་ཟས་སློང་བའི་སྡེ་ལ་བརྒྱད་དེ། ཟས་ལེགས་པར་ལྷུང་བཟེད་ཀྱི་ཁ་ལས་མཐོ་བར་མི་ལེན་འབྲས་ཆན་དང་ཚོད་མ་སོགས་མུ་དང་ཁ་ད་ཆད་ལེན་པ་དང་། བཟང་ངན་མཉམ་པར་མི་ལེན་པ་དང་། མཐར་ཆགས་སུ་མི་ལེན་པར་ཐོད་རྒལ་དུ་ལེན་པ་ལྷུང་བཟེད་ཟུར་མིག་བལྟས་ཏེ་ལེན་པ་དང་། ལྷུང་བཟེད་ཟས་མ་བྱུང་བར་བཟེད་སྔས་པ་དང་། སྔར་ཟས་བྱུང་བ་སྦས་ནས་སླར་བཟེད་པ་དང་། སྣོད་གཞན་བཟའ་བ་དང་བཅའ་བའི་སྟེང་དུ་ལྷུང་བཟེད་ཟེད་པ་སྟེ། དེ་དག་སྤངས་པ་རྣམས་ནི་ཟས་བླང་གི་བརྒྱད་དོ། །ལྔ་པ་ཟས་ཟ་བའི་སྡེ་ལ་ཉེར་གཅིག་ཡོད་དེ། དུས་དང་འགལ་བར་ཟ་བ་དང་། ཧ་ཅང་ཁམ་ཆེ་བར་ཟ་བ་དང་། ཧ་ཅང་ཆུང་བར་ཟ་བ་དང་། རན་པར་ཟ་བའང་མིན་པ་དང་། ཟས་ཟ་བར་རྩོམ་པ་བཞིན་དུ་ཁ་གདངས་པ་དང་། ཁ་བཀང་སྟེ་སྨྲ་བ་དང་། ཟས་ཟ་ཚེ་ཙུག་ཙུག་དང་ཅག་ཅག་དང་། ཧུ་ཧུ་དང་ཕུ་ཕུ་བྱ་བ་དང་། ལྕེ་ཕྱི་རོལ་ཏུ་ཕྱུང་སྟེ་ཟ་བ་དང་། འབྲུ་རེ་རེ་ནས་ཐ་དད་གུད་དུ་ཕྱེ་བ་དང་། ཟས་ལ་སྐྱོན་བལྟས་ཏེ་འཕྱ་བ་དང་། ཟས་ཁམ་གཅིག་ལ་མཁུར་བ་ཕན་ཚུན་སྤོ་བ་དང་། ཁམ་འཕྲོ་བཅད་པ་དང་། རྐན་མི་གཏོག །ལག་པ་ལ་ཟས་ཆགས་པ་ལྡག་པ་དང་། མཛུབ་མོས་ལྷུང་བཟེད་འབྱོག་པ་དང་། ལག་པ་སྤྲུག་པ་དང་། ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ་དང་། ཟས་ལ་མཆོད་རྟེན་འདྲ་བར་བྱེད་པ་སྟེ་ཉེར་གཅིག་ཟ་བའི་ཚེ་སྤང་བར་བྱའོ། །དྲུག་པ་ལྷུང་བཟེད་ལ་ལོངས་སྤྱོད་པའི་སྡེ་ལ་བཅུ་བཞི་སྟེ། གཞན་གྱི་ལྷུང་བཟེད་ལ་འཕྱས་མི་འདོགས། ཕྱིར་ལྟ་ཞིང་ལག་པ་ནི། ཟས་ཀྱི་སྦགས་པས་ཆུ་སྣོད་ལ་མི་རེག །གཞན་ལ་སྦགས་པ་ཅན་གྱི་ཆུ་མི་གཏོར། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཟས་ཀྱིས་སྦགས་པའི་ཆུ་མི་འབོ་བ་དང་། ལྷུང་བཟེད་ནང་དུ་ཟས་ཀྱི་ལྷག་མ་བཞག་སྟེ་མི་དོར། ལྷུང་བཟེད་འོག་གཞི་མེད་པར་ས་རྗེན་དང་། གད་ཁ་དང་། རི་གཟར་དང་། ས་ཆ་བང་རིམ་ཅན་དང་བཞིར་མི་བཞག་པ་དང་། གད་ཁ་དང་གཡང་ས་དང་རྐན་གཟར་དུ་ལྷུང་བཟེད་མི་འཁྲུ། ལངས་ནས་མི་འཁྲུ་བ་དང་། འབབ་ཆུ་དྲག་པོའི་རྒྱུན་ལས་ལྡོག་ཏེ་མི་འཁྲུ་བ་སྟེ་བཅུ་བཞིའོ། །བདུན་པ་ཆོས་སྟོན་པའི་སྡེ་ནི་ཉེར་དྲུག་སྟེ། མི་ན་བར་འདུག་པ་ལ་འགྲོགས་ཏེ་ཆོས་མི་བཤད། མི་ན་བར་ཉལ་བ་ལ་འདུག་སྟེ་ཆོས་མི་བཤད། མི་ན་བར་སྟན་མཐོན་པོ་ལ་འདུག་སྟེ་རང་དམའ་བར་འདུག་པ་ལ་ཆོས་མི་བཤད། མི་ན་བར་འདུག་ནས་འགྲོ་བ་ལ་ཕྱི་ནས་ཆོས་མི་བཤད། མི་ན་བར་ལམ་པོ་ཆེའི་འགྲམ་ནས་འགྲོ་བ་ལ་ལམ་གྱིས་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད། མི་ན་བར་མགོ་གཡོགས་པ་དང་། སྐྲ་བརྫེས་བ་དང་། སྐྲ་གཟར་བ་དང་། ལག་པ་གཉའ་གོང་དུ་བསྣོལ་བ་དང་། རྒྱབ་ནས་ལྟག་པར་བསྣོལ་བ་དང་། དོ་ཀེར་ཅན་ཏེ་སྤྱི་གཙུག་ཏུ་སྐྲ་བསྡུས ཏེ་ཐོར་ཚུགས་བྱས་པ་དང་། ཞྭ་གྱོན་པ། མགོ་ལ་ཅོད་པན་བཏགས་པ། མགོ་ལ་མེ་ཏོག་གི་ཕྲེང་བ་བཏགས་པ་དང་། མགོ་ལྭ་ཐོད་དཀྲིས་པ་ལ་ཆོས་མི་འཆད། གླང་པོ་ཆེ་ལ་ཞོན་པ། རྟ་ལ་ཞོན་པ། ཁྱོགས་ཀྱི་སྟེང་ན་འདུག་པ་དང་། ཤིང་རྟའི་སྟེང་དུ་འདུག་པ་དང་། མཆིལ་ལྷམ་གྱོན་པ་དང་། མི་ན་བར་ལག་ན་མཁར་བ་ཐོགས་པ། གདུགས་ཐོགས་པ། རལ་གྲི་ཐོགས་པ། དགྲ་སྟ་ཐོགས་པ། མདའ་ཐོགས་པ། གོ་ཆ་གྱོན་པ་ལ་ཆོས་མི་བཤད་དེ་ཉེར་དྲུག་གོ། །བརྒྱད་པ་བསྒྲུབ་ཚུལ་གསུམ་ནི། མི་ན་བར་འགྲེང་སྟེ་བཤང་གཅི་མི་འདོར། ཆུའི་ནང་དང་རྩྭའི་ཁྲོད་ལ་བཤང་གཅི་དང་སྣབས་མི་འདོར། གནོད་པ་བྱུང་ན་མ་གཏོགས་པར་ཤིང་ལ་མི་གང་ལས་མཐོར་འཛེག་པ་ན་རྒྱུ་གཅིག་གོ། །འདི་དག་ཉེས་པ་ཕྲ་མོའི་རང་བཞིན་ཡིན་པས་ཉེས་བྱས་ཞེས་བྱའོ། །དེ་དག་གིས་དགེ་སློང་གི་ཁྲིམས་གཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ལེགས་པར་གཏན་ལ་ཕབ་ཟིན་ཏོ། །བདུན་པ་དགེ་སློང་མའི་ཁྲིམས་ལ། རྩ་བ་ཕམ་པ་བརྒྱད། དགེ་འདུན་ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་སོ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་བརྒྱད་ཅུ། སོ་སོར་བཤགས་པ་བཅུ་གཉིས། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམ་པས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་སྟེ། འདི་ནི་མདོ་ཙམ་མོ། །རྒྱས་པར་དགེ་སློང་མའི་སོ་ཐར་ལས་རྟོགས་པར་བྱའོ། །གཉིས་པ། བསྒྲུབ་པའི་བསླབ་བྱ་ཡོངས་སུ་སྦྱོངས་བའི་ཚུལ། གསོ་སྦྱོང་དབྱར་གནས་དགག་དབྱེ་གོས་ཀྱི་གཞི། ཀོ་ལྤགས་གནས་མལ་སྨན་སོགས་གཞན་དུ་ཤེས། ཞེས་སྨོས་ཏེ་ཐོབ་པ་མི་ཉམས་པར་བསྲུང་བ་བསྒྲུབ་པའི་བསླབ་བྱ་མདོ་ཙམ་བསྟན་པ་ལ་གསུམ་སྟེ། བསླབ་པ་ཡོངས་སྦྱོང་གི་གཞི་གསུམ། བདེ་བར་གནས་པའི་གཞི་ལ་གསུམ་སྟེ་ནང་ཚན་དུ་ལྔ། ཀུན་ལ་ཐུན་མོང་དུ་མཁོ་བ་ལས་ཀྱི་གཞིའོ། །དང་པོ་ལ། གསོ་སྦྱོང་། དབྱར་གནས། དགག་དབྱེ་གསུམ་ལས། དང་པོ་ནི། གཉེན་པོ་བསླབ་པ་གསོ་ཞིང་། སྤང་བྱ་སྡིག་པ་རྣམས་སྦྱོང་བས་ན་གསོ་སྦྱོང་ཞེས་བྱ་སྟེ། ལོ་དྲི་བར། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམས་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །དེ་ལ་དབྱེ་ན་བདུན་ཏེ། ཞི་གནས་ཀྱི་གསོ་སྦྱོང་། མཐུན་པའི། བཅུ་བཞི་པའི། བཅོ་ལྔ་པའི། གནོད་པ་བཟློག་པའི། བརྩོད་པ་ཟློག་པའི། བཀྲ་ཤིས་པའི་གསོ་སྦྱོང་ངོ་། །དེ་ཡང་རིགས་སུ་བསྡུ་ན། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུས་ཏེ། ཕྱི་མ་ལྔ་མཐུན་པའི་གསོ་སྦྱོང་གི་ནང་ཚན་ཡིན་པའི་ཕྱིར་རོ། །དང་པོ་ཞི་གནས་ཀྱི་གསོ་སྦྱོང་ནི། ཚུལ་ཁྲིམས་ཀྱིས་གཞི་བཟུང་སྟེ་སྡེ་སྣོད་ལ་ཐོས་བསམ་བྱས་ནས་དེའི་དོན་བསྒོམ་པའི་ཉམས་ལེན་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་གཏན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཚུལ་གྱིས་ཞི་གནས་ཀྱིས། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་གི་གཉེན་པོར་བྱམས་སྙིང་རྗེ། གཏི་མུག་གི་གཉེན་པོར་རྟེན་འབྲེལ་གྱི་གནས་ཚུལ། ང་རྒྱལ་གྱི་གཉེན་པོ་ཁམས་ཀྱི་རབ་དབྱེ། ཕྲག་དོག་གི་གཉེན་པོར་དབུགས་དབྱུང་རྔུབ་དྲན་པ་བསྒོམ་སྟེ། དེ་ཉིད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལ། །ཞེས་སོགས་ཀྱི་དོན་ནོ། །ལྷག་མཐོང་གིས་དྲན་པ་ཉེར་བཞག་བཞི་སོགས་བྱང་ཆུབ་ཀྱི་ཆོས་རྣམས་མངོན་དུ་བྱའོ། །གཉིས་པ་མཐུན་པའི་གསོ་སྦྱོང་ནི། གང་དུ་གནས་མི་མཐུན་པ་མེད་པ། ཁྱོན་ཆུང་ཚད་གདིང་བ་བཞི་བཅུ་ཤོང་བ་ཆེ་ཚད་དབུས་ནས་གཡས་གཡོན་དུ་དཔག་ཚད་ཕྱེད་གསུམ་རེ་ཡོད་པ་མཚམས་བཞིར་ཤིང་དང་ཕ་བོང་ལ་སོགས་པས་མཚན་པར། གང་ཟག་རབ་ཏུ་བྱུང་བ་སྡེ་ལྔ་ཀས་ལྟུང་བ་ལ་བཤགས་བསྡོམ་ཚུལ་བཞིན་བྱས་ཏེ་བསླབ་པ་གོང་འཕེལ་དུ་བྱེད་དགོས་ཏེ་འདུན་པ་འབུལ་བ་དང་། ཡོངས་དག་འབུལ་བར་བྱའོ། །ཆོ་ག་རང་ལ་ཐོག་མར་དགེ་འདུན་བསྡུ་བའི་བརྡ་སྤྲོད་པའི་གྷཎྜི་རུང་བའི་ཤིང་བཅུ་དྲུག་ལས་བྱ་བ་སྟེ། གྷཎྜིའི་མདོ་ལས། ཙནྡན་བིལ་བ་པ་ལ་ཤ །ཨ་ཤྭ་ཏ་དང་ཙནྡན་དམར། །རྒྱ་སྟར་ཏ་ལ་ཀེ་ཤུ་ཀ །ཤིང་ཤ་པ་དང་ཏ་མ་ལ། །ཨ་སྨྲ་སྟར་བུ་སྐྱུ་རུ་ར། །ཏིན་ཏི་པ་ར་ཨ་སྭ་ཀམ། །འདི་དག་ཐམས་ཅད་མེད་ན་ཡང་། །འོ་སེ་ལ་ནི་འབད་དེ་བྱ། །ཞེས་པས། གྷཎྜི་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི་ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས་ཟུར་བཞིར་བརྒྱད་གཞོག་སོར་གཉིས་དང་ལྡན་པ་རྩེ་མོ་སྦལ་པའི་མགོ་འདྲ་བའོ། །གཎ་གཡོག་ཀྱང་ཤིང་དེ་ཉིད་ལས་བཅད་པ་གཎྜི་ལ་འཕོག་པའི་ཚད་སོར་བཅུ་གཉིས་ལག་པས་བཟུང་བར་བྱ་བའི་འཆང་ཟུང་ཡང་ཚད་དེ་དང་ལྡན་པ་རྩེ་མོ་གཉིས་ནེའུ་ལེའི་མགོ་བཞིན་ཡོད་པའོ། །དེ་ཉིད་དགེ་འདུན་བསྡུས་པའི་དུས་གཙུག་ལག་ཁང་གི་སྟེང་ལ་སོགས་ནས་བརྡུང་ངོ་། །དེ་ཡང་ལོ་གཅིག་ལ་གསོ་སྦྱོང་འབྱུང་བའི་དུས་ཉི་ཤུ་རྩ་བཞི་ཡོད་དེ། ཟླ་བ་བཅུ་གཉིས་ལ་ཡར་ངོ་དང་མར་ངོའི་གསོ་སྦྱོང་གཉིས་རེ་འབྱུང་སྟེ། དེ་ལ་གསོ་སྦྱོང་གི་བསྔགས་ཚིག་ལན་གསུམ་འདོན་ཅིང་། སོ་སོར་ཐར་པའི་མདོ་བློ་ལ་ཡོད་པས་ཀླག་ཅིང་རྗེས་བསྔོ་བ་དང་བཀྲ་ཤིས་ལ་སོགས་པ་བྱེད་པའོ། །གཉིས་པ་དབྱར་གནས་ནི། ཐོས་བསམ་འཕེལ་བ་དང་། གནས་ཁང་རལ་བ་དང་གྲུམ་པ་བཅོས་པ་གཞན་དག་དད་པར་བྱ་བའི་ཕྱིར་དབྱར་ཟླ་གསུམ་དུ་གནས་པར་ཁས་བླངས་དགོས་ཏེ། མདོ་རྩར། དབྱར་གནས་པ་ཁས་བླང་ངོ་། །ཟླ་བ་གསུམ་དུའོ། །ཞེས་སོ། །གནས་དེར་ཡོད་པ་རྣམས་ཀྱི་མཐར་ཚུལ་ཤིང་དྲི་བཟང་གིས་བགོས་པ་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་པས་དཀྲིས་པ་གྲངས་ལས་མི་ཉུང་བ་རྒན་པའི་མཐའ་ལོགས་སུ་བཞག་ནས། འདི་ན་གནས་པས་ཁྲིམས་འདི་དང་འདི་ཡོད་དེ། ཁྲིམས་འདི་ལ་གནས་པར་སྤྲོ་བས་ཚུལ་ཤིང་ལོང་ཞིག་བགོས་ནས་འབྲིམ་པས། ལེན་པ་པོས། དང་པོར་སྟོན་པ་སངས་རྒྱས་ཀྱི་ཚུལ་ཤིང་ལེན། དེ་ནས་རང་རང་གི་ལེན། རྗེས་སུ་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་རང་རང་གི་མཁན་སློབ་རྣམས་ཀྱིས་ལེན། མཇུག་ཏུ་གཞི་བདག་གཉུག་མར་གནས་པའི་ཚུལ་ཤིང་གནས་བརྟན་གྱིས་ལེན། སླར་འབྲིམ་པ་པོས་བསྡུས་ཏེ། དགེ་སློང་འདི་སྙེད་ཅིག་གིས་ཚུལ་ཤིང་བླངས་སོ། །ཅེས་གྲངས་བཟུང་ངོ་། །ཐོས་བསམ་བྷཻ་བ་ལ་བརྩོན་ཅིག་འཁྲུག་ལོང་ལ་སོགས་སྤངས་ཏེ་བྱིན་གྱིས་མ་བརླབ་པར་མཚམས་ཀྱི་ཕྱི་རོལ་དུ་ཞག་གཅིག་ཀྱང་གནས་མི་རུང་ལ། ཆོས་ཀྱི་དགོས་པས། ཞག་བདུན་གྱིས་བརླབ་ཏུ་རུང་བར་གསུངས་སོ། །གསུམ་པ་དགག་དབྱེ་ནི། དབྱར་གནས་ཀྱི་མཐར་དེར་ཚོགས་པ་རྣམས་དང་རབ་བྱུང་གཞན་གློ་བུར་དུ་ལྷགས་པ་རྣམས་ཀྱིས་ཀྱང་བྱ་དགོས་ཏེ། རྐྱེན་ངན་ལྟ་བུས་གཞན་དུ་འགྲོ་དགོས་ན་དབྱར་གནས་པའི་ཟླ་གཅིག་གམ་ཕྱེད་གཉིས་ནས་ཀྱང་རུང་ལ། དགག་དབྱེའི་ཉིན་པར་དབྱར་གནས་པའི་རབ་བྱུང་རྣམས་ཀྱི་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེངས་ཏེ་ལྟུང་བ་གཏན་ལ་ཕབ་ནས། ལྟུང་བ་ཡོད་པ་རྣམས་བཤགས་སྡོམ་བྱེད་དགོས་ཏེ། དགག་དབྱེར་བགོས་པའི་དགེ་སློང་གིས་གྲལ་རིམ་བཞིན་རྩྭ་ཟོར་པ་འབྲིམས་ཏེ་རེ་རེའི་མདུན་དུ་འདུག་སྟེ་དགག་དབྱེའི་ཚིག་བརྗོད་པའོ། །གཉིས་པ་བདེ་བར་གནས་པའི་གཞི་ལ་གོས་སྨན་གནས་མལ་གསུམ་ལ་དབྱེ་བས་ལྔ་ཡོད་པའི་དང་པོ་གོས་མཐའ་གཉིས་སུ་མ་ལྷུང་བར་བདེ་བར་གནས་པ་གོས་ཀྱི་གཞི་ལ་གསུམ་ཏེ། བག་ཡངས་དང་འབྲེལ་པ་སྲ་བརྐྱང་གི་སྡེ་འཚོ་བའི་ཡོ་བྱད་དང་འབྲེལ་པ་གོས་ཀྱི་གཞི། དམིགས་གསལ་དང་འབྲེལ་པ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ནི། སྲ་བརྐྱང་ཞེས་ཆོས་གོས་ལ་དྲས་དྲུབ་བྱེད་པའི་ཤིང་གི་སྟན་ས་ཡིན་ཏེ། དེའི་སྟེང་དུ་ཆོས་གོས་དུ་མ་དྲས་དྲུབ་འདིང་བ་རྐྱང་བ་ལ་སོགས་པས་ཆོས་གོས་སུ་བྱིན་གྱིས་བརླབས་པ་སྟེ། དེ་ནི་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་ནས་དབོ་ཟླའི་བཅུ་བཞི་བར་ཟླ་བ་ལྔ་ལ་ལོངས་སྤྱོད་རུང་སྟེ། དེའི་རྒྱུ་དང་ཁ་དོག་ཀྱང་། སྤུ་ཆེ་བ་བཤད་རྡབ་བྱས་པ་མིན་པ། ཡ་ཡོ་དང་། སྲིན་ཟོས་སམ། ཟེགས་པ་མིན་པ། རུང་བའི་ཁ་དོག་ཅན་ལ། དབྱིབས་དང་ཚད་ནི། མཐུད་མ་དང་ལྷན་རིངས་དང་། ཆ་ག་ཅན། ཟུངས་ཅན། གཞན་གྱིས་སྤངས་པ། རྔ་མོའི་བལ་ལས་བྱས་པ་ལ་སོགས་མིན་པར། ཚད་ནི་དྲས་དྲུབས་ཟིན་པའི་སྲིད་དུ་ཁྲུ་ལྔ། དཔངས་སུ་ཁྲུ་གསུམ་མམ་དེ་ལས་ལྷག་ཀྱང་རུང་ངོ་། །གཉིས་པ་འཚོ་བའི་ཡོ་བྱད་དང་འབྲེལ་བར་གོས་ཀྱི་གཞི་ནི། དེ་ཡང་ཆོས་གོས་ཀྱི་རྒྱུ་མི་རུང་བ་ནི། ཁ་ཚར་དང་ཕན་ཚར་མ་བཅད་པ་དང་། དཔག་བསམ་གྱི་ཤིང་ལས་བྱུང་བ་རྔ་མོའི་བལ་ལས་བྱུང་བ། ཁྱིམ་པ་དང་མུ་སྟེགས་ཀྱི་གོས་ཀྱི་དབྱིབས་དང་ཁ་དོག་ཁྲ་བོའོ། །རུང་བའི་རྒྱུ་བདུན་ཏེ། ས་གའི་ལྷས། བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་སོ། །དེ་ཡང་ཁ་དོག་མི་རུང་བ་དང་རུང་བ་གཉིས་ལས། མི་རུང་བ་བརྒྱད་ནི། ས་གའི་ལྷས། རྒྱ་སྐྱོངས་ལོ་བརྒན་རྩི་དང་གཙོད། །སྨན་ཤིང་རྩི་དང་མཐིང་ཤུན་མཚལ། །སིནྡྷུ་ར་དང་གུར་གུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །ཅེས་སོ། །རུང་བའི་ཚོན་གསུམ་ནི། ས་གའི་ལྷས། སྔོན་པོ་བཙག་དང་དུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་སོ། །དེ་ལ་སྣམ་སྦྱར་ནི་ངེས་པར་དྲས་དྲུབས་དགོས་ལ། བླ་གོས་མཐང་གོས་དགེ་སློང་མའི་ཤིང་དང་དཔུང་བཅད་དང་རྔུལ་གཟན་ལ། རབ་དྲས་དྲུབ། འབྲིང་ལྷན་ཐབས། ཐ་མ་ཐང་ཐང་པོར་བྱས་པ་ཡིན་ནོ། །གདིང་བ་ལ་གླེགས་བུར་ཕྱེད་གཉིས་ལས། གོས་གཞན་ལ་སྣམ་ཕྲན་དང་གླེགས་བུའི་བཤད་པ་མེད་དེ། དེ་ཉིད་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བཅད། །གཞན་དག་མ་ངེས་གང་གི་ཕྱིར། །ཞེས་སོ། །དེ་ལ་གོས་བཅུ་གསུམ་ཡོད་དེ། མདོ་རྩ་ལས། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་དང་། རྔུལ་གཟན་དང་། རྔུལ་གཟན་གྱི་གཟན་གྱི་གཟན་དང་། གདོང་ཕྱིས་དང་། རྣག་གཟན་དང་། གཡན་པ་དགབ་པ་དང་། སྐྲ་གཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་བཅང་པ་བྱའོ། །ཞེས་པས། དབང་པོ་སྣམ་སྦྱར་ནི། རབ་ཀྱི་རབ་འབྲིང་ཐ་གསུམ་ནི། སྣམ་ཕྲན་ཉེར་ལྔ་མ། ཉེར་གསུམ་མ། ཉེར་གཅིག་མ་དང་། འབྲིང་གི་གསུམ། སྣམ་ཕྲན་བཅུ་དགུ། བཅུ་བདུན། བཅོ་ལྔ་ཅན་དང་། ཐ་མའི་གསུམ། བཅུ་གསུམ། བཅུ་གཅིག །དགུའི་བདག་ཉིད་ཅན་ནོ། །ཉེར་ལྔ་ལས་ལྷག་པ་མི་རུང་སྟེ་ཚེམ་བུའི་རང་བཞིན་ནོ། །དེ་ནི་གྲོང་ཁྱེར་དུ་བསོད་སྙོམས་དང་། དཀོན་མཆོག་གི་དྲུང་དང་། ཆོས་ཉན་བཤད་ཚེ་གྱོན་པར་བྱ་ཞིང་། ཤ་རྗེན་མཆན་ཁུང་གི་དྲོད་ཀྱིས་མི་གནོད་པའི་ཕྱིར་རྡུལ་གཟན་ཞེང་དུ་མཐོ་གང་དང་སྲིད་དུ་ཁྲུ་ཕྱེད་དོ་ཡོད་པའི་ལྷན་པ་མཆན་ཞབས་སུ་སྦྱར་ཏེ་ལོངས་སྤྱོད་པའོ། །བླ་གོས་ནི། གླེགས་བུ་ཕྱེད་དང་གསུམ་གསུམ་གྱི་བདག་ཉིད་ཅན་སྣམ་ཕྲན་བདུན་མ་ཡིན་ལ། རབ་འབྲིང་ཐ་མ་གསུམ་གྱིས་ཚད་སྣམ་སྦྱར་བཞིན་ནོ། །མཐང་གོས་ནི་དཔངས་སུ་ཁྲུ་དོ། །སྲིད་དུ་ཁྲུ་བཞིའམ་ལྔ། ཐ་མ་ལྟེ་བ་མན་ཆད། པུས་མོ་ཡན་ཆད་དེ་འཁོར་གསུམ་ཁེབས་པའི་ཚད་དོ། །ཁྲུའི་དོན་ནི་རང་གི་སྤྱི་གཙུག་ནས་རྐང་མཐིལ་བར་ཆ་བདུན་བྱས་པའི་ཆ་གཉིས་སོ། །ཤམ་ཐབས་ནི། ཉིན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ་ཤམ་ཐབས་ཀྱི་གཟན་ནི། མཚན་མོ་མཐང་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ་སྟེ་ཚད་མཐང་གོས་བཞིན་ནོ། །རྡུལ་གཟན་དང་པོ་དེའི་གཟན་ནི་ཉིན་མོ་དང་མཚན་མོ་བླ་གོས་ཀྱི་འོག་ཏུ་གྱོན་པར་བྱ་བ་ཚད་བླ་གོས་བཞིན་ནོ། །གདོང་ཕྱིས་ནི། ཆུ་ཞེང་ཁྲུ་གང་པའོ། །རྣག་གཟན་ནི། དགེ་སློང་རྣག་ནད་ཅན་གྱི་ཤ་ལ་སྦྱར་བ་སྟེ་ཚད་ཇི་ཙམ་དགོས་པའོ། །གཡན་དགབ་པ་ནི་གཡན་པའི་ནད་ཅན་གྱིས་ཤ་ལ་སྦྱར་བ་སྟེ་ཚད་ནི་སྲིད་དུ་ཁྲུ་དྲུག་དཔངས་སུ་ཁྲུ་གསུམ་མོ། །སྐྲ་གཟེད་ནི། སྐྲ་བྲེག་ཚེ་ཆོས་གོས་སྲུང་ཕྱིར་སྟོད་དུ་གྱོན་པ་སྟེ། ཞེང་དུ་ཁྲུ་ཕྱེད་གཉིས། སྲིད་དུ་ཁྲུ་གསུམ་མོ། །གདིང་བ་ནི། སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག་སྟེ་གནས་མལ་སྐྱབས་པའི་ཕྱིར་གདིང་བའོ། །དབྱར་གྱི་རས་ཆེན་ནི། དབྱར་ཆར་ཆུ་སྐྱབས་ཕྱིར་དུ་བགོ་བ། སྲིད་དུ་ཁྲུ་དགུ། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དེ་དག་ཐམས་ཅད་རུང་བའི་ཚོན་གྱིས་ཁ་བསྒྱུར་བའོ། །གོས་འདི་དག་བྱིན་གྱིས་བརླབས་ཚུལ་གཞུང་ཚིག་གིས་གསལ་ལ་སྣམ་སྦྱར་གྲངས་མང་པོ་ཡོད་ན་གཅིག་འཚོ་བའི་ཡོ་བྱད། གཞན་རྣམས་མཁོ་བ་དང་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པར་བཤད་དོ། །གསུམ་པ་དམིགས་བསལ་དང་འབྲེལ་པ་ཀོ་ལྤགས་ཀྱི་གཞི་ནི། གོང་དུ་བསྟན་པའི་ཡུལ་དབུས་རྣམས་སུ་ལྷམ་སོགས་མ་གནང་ལ་མཐའ་འཁོབ་ཏུ་གནང་སྟེ། མདོ་རྩར། མཐའ་འཁོབ་ཏུ་མཆིལ་ལྷམ་དག་བཅང་བར་བྱའོ། །ཞེས་པས་ལྷམ་ཡུ་མེད་པ་ཁྲ་བོ་མིན་པ་ལུག་རུ་ལྟ་བུ་མིན་པ། ཨ་ཤྭ་ཏ་དང་ཀ་ར་བི་རའི་འདབ་མ་ལྟར་མིན་པ། གསེར་དངུལ་ཅན་མིན་པ་བཅང་རུང་ཞིང་། ཁྱིམ་གཞན་དུ་གཞན་མེད་ན་ཀོ་ལྤགས་ལ་འདུག་རུང་ཞིང་ཉལ་བར་མི་བྱ་ཞེས་མདོར་རྩར་གསུངས་སོ། །གཉིས་པ་ཟས་མཐའ་གཉིས་སུ་མ་ལྟུང་བའི་སྒོ་ནས་བདེ་བར་གནས་པ་སྨན་གྱི་གཞི་ནི། མདོ་རྩ་ལས། སྨན་བསྟན་པར་བྱའོ། །དེ་ནི་རྣམ་པ་བཞིའོ། །དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་པ་ཉིད་དོ། །ཞེས་པས་བཞི་ལས་དང་པོ་དུས་རུང་གི་སྨན་ནི། བཀྲེས་པ་སེལ་བའི་སྨན་དུ་གནང་བའི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལས། དང་པོ་ནི། ས་གའི་ལྷས། སྣ་ཚོགས་འབྲས་ཆན་ཟན་དང་ཤ །ཕྱེ་དང་འཁུར་བ་བཟའ་བ་ལྔ། །ཞེས་སོ། །གཉིས་པ་ནི། འཇིག་རྟེན་ཁ་ཟས་སུ་གྲགས་པའི། །རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་སོ། །གསུམ་པ་ཐུན་ཚོད་དུ་རུང་བ་ནི། ཉིན་མཚན་ཆ་དྲུག་གི་ཐ་མ་ལ་སྐོམ་པས་གདུང་ན། ཚགས་སུ་བཙགས་པའི་རྩམ་ཐང་སླ་བ་དང་བུ་རམ་གྱི་ཁུ་བ་སླ་བ་དང་། སྐྱུ་རུ་རའི་ཁུ་བ་བཏུང་བར་གནང་བའོ། །གསུམ་པ་ཞག་བདུན་པའི་སྨན་ནི། འདུས་པའི་ནད་སེལ་བར་གནང་བའི་སྨན། ཞུན་མར་འབྲུ་མར་སྦྲང་རྩི་བུ་རམ་བསྐོལ་ཞིང་བརྩིགས་པའི་ཧྭགས་ཞག་བདུན་གནང་བའོ། །བཞི་པ་འཚོ་བཅང་གི་སྨན་ནི། འདུས་པའི་ནད་སེལ་བའི་སྨན་རྩ་བ་སྡོང་པོ་འདབ་མ་མེ་ཏོག་འབྲས་བུ་ལྔ་བྱིན་གྱིས་བརླབས་པ་ཇི་སྲིད་འཚོ་བར་གནང་བའོ། །གཞན་ཡང་སྲོ་ཁང་བསྟེན་པ། ཁྲུས་བསྟེན་པ་མིག་ལ་ཕན་པའི་དོམ་ལྤགས་ཀྱང་བསྟེན་པར་གསུངས་སོ། །ཟས་དེ་དག་ཀྱང་ལུས་ལ་རྒྱགས་པ་དང་དྲེགས་པ་སྐྱེ་བའི་གཉེན་པོ་ཆོས་སྒྲུབ་རྟེན་ལུས་གནས་པའི་འདུ་ཤེས་དང་ལུས་ཀྱི་སྲིན་བུ་གསོ་བའི་འདུ་ཤེས་དང་ལྡན་པས་ལོངས་སྤྱོད་དེ། བཤེས་སྤྲིང་ལས། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །ཆགས་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་སོ། །དེ་ཡང་སྔ་ཆབ་བླངས། དཀོན་མཆོག་རྗེས་དྲན་མདོ་ཁ་ཕུད་ལྷག་མ་དང་བཅས་ཏེ་ལོངས་སྤྱོད་དེ། སྤྱོད་བསྡུས་སྒྲོན་མེར། དང་པོར་ལྷ་ལ་བཤོས་གཙང་འབུལ། །དེ་རྗེས་ཆོས་སྐྱོང་བསྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེན་བྱ། །རང་གིས་ཟོས་ཤིང་བཏུང་པ་ཡི། །ལྷག་མ་འབྱུང་པོ་རྣམས་ལ་བྱིན། །ཞེས་པ་ལྟར་རོ། །གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུང་བ་གནས་མལ་གྱི་གཞི་ནི། གང་དུ་ལོངས་སྤྱོད་པར་བྱ་བའི་གནས་མལ་གྱི་སྒོ་ཁང་དུ་སྲིད་པའི་འཁོར་ལོ་བྲི་སྟེ། མདོ་རྩ་བར་སྒོ་ཁང་དུ་འཁོར་བའི་འཁོར་ལོ་བྲིའོ། །ཆ་ལྔ་པར་བྱའོ། །སྟེང་དུ་ལྷ་དང་མི་རྣམས་སོ། །ཞེས་པས། དེ་ཡང་སྲིན་པོའི་གཟུགས་ཀྱི་ལྟོ་བ་ཡངས་པ་བཟླུམ་པོར་བསྐོར་བའི་དབུས་སུ། སྦྲུལ་དུག་གསུམ་སྟེ་ཀུན་འབྱུང་མཚོན། དང་ཕུག་རོན་གྱི་མཇུག་མ་ཕག་གིས་བཟུང་པ་བྲིས། དེ་རྒྱབ་སྟེང་དུ་སུམ་ཆ་དང་འོག་ཏུ་གསུམ་གཉིས་བྱས་པའི་སྟེང་གི་དུམ་བུ་གཉིས་བྱས་ལ་གཅིག་ལ་ལྷ་དང་ལྷ་མིན་གཅིག་ལ་མི་བྲི་འོག་མ་ཆ་གསུམ་བྱས་པའི་དབུས་མ་དམྱལ་བ། གཡས་གཡོན་དུ་ཡི་དྭགས་དང་དུད་འགྲོ་བྲི། དེའི་རྒྱབ་ཆ་བཅུ་གསུམ་ལ་མ་རིག་པ་སྡུག་བསྔལ་བདེན་པ་མཚོན། རྒན་མོ་ལོང་མ་ལྟ་བུ། འདུ་ཤེས་རྫ་མཁན་ལྷ་བུ། རྣམ་པར་ཤེས་པ་སྤྲེའུ་ལྟ་བུ། མིང་གཟུགས་གྲུར་བྲག་ཕུག་སྟོང་པའི་རི་བོང་ལྟ་བུ་ཞེས་དགའ་ལྡན་པ་རྣམས་གསུངས་སོ། །ཞུགས་པ་ལྟ་བུ་སྐྱེ་མཆེད་དྲུག་གྲོང་སྟོང་ལྟ་བུ། རེག་པ་སྐྱེས་བུ་ཕན་ཚུན་རེག་པ་ལྟ་བུ། ཚོར་བ་མིག་ལ་མདའ་ཟུག་པ་ལྟ་བུ། སྲེད་པ་ཆང་འཐུང་བ་ལྟ་བུ། ལེན་པ་སྤྲེའུས་ཤིང་ཐོག་ལེན་པ་ལྟ་བུ། སྲིད་པ་བྱ་སྒོ་ང་ལ་གབ་པ་ལྟ་བུ། སྐྱེ་བ་སྐྱེ་བཞིན་པ་ལྟ་བུ། རྒས་པ་འཁར་བ་ལ་བརྟེན་པ་ལྟ་བུ། ཤི་བ་ནི་ཤི་བའི་རོ་ལྟ་བུ་བྲིའོ། །དེ་ལྟར་སྲིད་པའི་འཁོར་ལོ་ཆ་ལྔ་པའི་སྟེང་ནས། བརྩམ་པར་ལམ་བདེན་མཚོན། བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །ཞེས་བྲི། དེའི་སྟེང་དུ། འཁོར་ལོ་དཀར་པོ་སངས་རྒྱས་འགོག་པའི་བདེན་པ་མཚོན། བཞེང་ཐབས་ཅན་བྲིས་འདུག་ཀྱི་ཕྱག་གིས་ཉེ་བར་སྟོན་པ་བྲིའོ། །སྲིད་པའི་འཁོར་ལོ་ལ་རབ་གནས་མི་དགོས་པར་མཁས་པ་རྣམས་བཞེད་དོ། །གསུམ་པ་ཀུན་ལ་ཐུན་མོང་དུ་མཁོ་བ་ལས་ཀྱི་གཞི་ལའང་། དགེ་འདུན་དང་འབྲེལ་པའི་ལས་དངོས་དང་། ཞར་བྱུང་གང་ཟག་དང་འབྲེལ་པའི་ལས་ཀྱི་རྣམ་བཞག་མང་ནའང་། འདིར་དགེ་སློང་གིས་བྱ་བའི་ལས་རིགས་ལ་བརྒྱ་རྩ་གཅིག་ཡོད་དེ། གསོལ་བ་འབའ་ཞིག་པའི་ལས་ཉེར་བཞི། གསོལ་བ་དང་གཉིས་ཀྱི་ལས་ཞེ་བདུན། གསོལ་བ་དང་བཞིའི་ལས་སུམ་ཅུའོ། །དང་པོ་ནི། ཇི་སྐད་དུ། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་བཞུགས་པ་བཞི་ཞལ་ཏ་བ་ལ་བཤེས་ངོར་འཕྱ་བ། ཟུར་གྱིས་འཕྱ་བ། བསྒོ་བའི་ཚིག་གིས་གཞན་རྣ་ལ་གཟོན་པ། ཅི་ཡང་མི་སྨྲ་བས་གཞན་རྣ་ལ་གཟོན་པ་སྟེ། ངན་པའི་གྲངས་སུ་བཞུགས་པའི་ལས་བཞིའོ། །དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞི་དང་། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དང་། །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་སོ། །གཉིས་པ་ནི། གནས་དང་མཚམས་ནི་གཉིས་པོ་དང་། །མི་འབྲལ་མྱོས་དང་དམག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་རྐོ་བ་དང་། །སྲ་རྐྱང་དང་ནི་དེ་འདིང་དང་། །སྤང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །མཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེ་གནས་དང་། །བུ་དང་ཉེ་དུ་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་སོ། །གསུམ་པ་ནི། བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་གྲོལ་དང་། །མཐུན་པའི་གསོ་སྦྱོང་སྦྱིན་ལ་སོགས་གསོ་སྦྱོང་བདུན་པོ་དང་། །བརྒྱད་སྤོ་སོགས་བརྒྱད་དེ། སྤོ་བ་གསུམ། སྤོ་བ་དཔྱད་ནས་རང་བཞིན་གྱི་གནས་སུ་དབྱུང་བ། སྲ་རྐྱང་དབྱུང་བ་སྟེ་བརྒྱད་དོ། །དང་དྲན་དང་མ་མྱོས་དང་། །དེ་ཉིད་ཚོལ་དུ་བཞུགས་བསྐོ་བར་བྱ་བ་མི་མཐུན་པའི་ལས་བཅུ་གཅིག་སྟེ་དགེ་འདུན་དབྱེན་དང་། དེའི་རྗེས་ཕྱོགས། ཁྱིམ་སུན་འབྱིན་བཀའ་བློ། སྡིག་མི་གཏོང་། གནས་དབྱུང་རྗེས་ཕྱོགས། དཀོན་མཆོག་གཏོང་། འཐབས་ཀྲོལ། བདེ་གནས། བསྒོ་བསྒྱུར་ལས། སྡིག་ལྡན་དགེ་ཚུལ་བསྙིལ་མིའི་ལས་སོ། །པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་སྟེ། །གསོལ་དང་བཞིའི་ལས་ཡིན་ནོ། །ཞེས་སོ། །སྒྲུབ་པའི་བསླབ་བྱ་འདི་དག་ཕྲ་ཞིང་རྒྱ་ཆེ་བས་འདིར་ནི་ས་བོན་ཙམ་དུ་བསྡུས་ཏེ་རྒྱས་པར་གཞན་ནས་ཁུམས་པར་བྱོས་ཤིག །གཉིས་པ་གནང་བཀག་གི་དོན་མདོར་བསྟན་པ་ནི། མདོར་ན་ཡེ་ནས་གནང་དང་བཀག་པ་མེད། །བྱར་རུང་དང་ཉེ་མི་རུང་ལྡོག་བྱེད་ན། །དེ་དག་སྤྱོད་ཅིང་མི་རུང་དང་ཉེ་ཞིང་། །རུང་བ་ལྡོག་ན་ཀུན་ཏུ་སྤངས་ཞེས་གསུངས། །དེ་ལ་རྗེ་འབྲི་གུང་པ་ལ་སོགས་ཁ་ཅིག །གནང་བ་ཐམས་ཅད་ཡེ་ནས་གནང་བ་དང་། བཀག་པ་ཐམས་ཅད་ཡེ་ནས་བཀག་པ་ཡིན་ཞེས་གསུངས་ཀྱང་། དེ་ནི་མིན་ཏེ། རྗེ་ས་པཎ་གྱིས་སྡོམ་གསུམ་རབ་དབྱེར། ཡེ་བཀག་ཡེ་གནང་ཞེས་བྱ་བ། །སངས་རྒྱས་བསྟན་དང་མཐུན་པ་མིན། །ཉན་ཐོས་དང་ནི་ཐེག་ཆེན་གྱི། །གནང་བཀག་ཐམས་ཅད་གཅིག་ཏུ་མེད། །དེས་ན་ལ་ལའི་གནང་བ་ནི། །ལ་ལའི་བཀག་པ་ཉིད་དུ་འགྱུར། །ཞེས་སོ། །ཉན་ཐོས་རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་འདི་དག་གི་གནང་བཀག་མི་འདྲ་བ་རེ་རེ་ཡོད་དེ། ཡེ་ནས་བཀག་པ་དང་གནང་བ་ཡིན་ན་གཅིག་གི་སྡོམ་པ་གཅིག་གི་ལྟུང་བར་འགྱུར་ཏེ། དཔེར་ན་ཡོད་སྨྲས་མདོ་ལེགས་སྦྱར་ནས་འདོན་པ་ལ། གནས་བརྟན་པས་ལེགས་སྦྱར་དུ་འདོན་ན་ལྟུང་བར་འགྱུར་ལ། ཡོད་སྨྲས་སྨིན་སྤུ་བཞར་ན་ལྟུང་བར་གསུངས་ལ། སྡེ་པ་གཞན་འགའ་མ་བཞར་ན་ལྟུང་བར་གསུངས་པས། དཔེར་ན། བུ་རམ་ཕྱི་དྲོའི་ཁ་ཟས་ཡེ་གནང་ཡིན་ན་སྡེ་པ་གཞན་ལྟུང་བར་འགྱུར་ལ། ཡེ་བཀག་ཡིན་ན་ཡོད་སྨྲའི་དགེ་སློང་ལྟུང་བ་ཅན་དུ་འགྱུར་བར་གསུངས་པས། དེས་ན་གང་དུ་དགོས་པ་ཆེན་པོའི་དོན་ལ་སོགས་པར་སྤྱོད་དུ་རུང་བ་དང་ཕྱོགས་ཉེ་ཞིང་མི་རུང་བ་དེ་ལས་ལྡོག་པར་འདུག་ན་སྤྱོད་ཅིང་། མི་རུང་བ་དང་ཉེ་རུང་བ་ལས་ལྡོག་པར་སྣང་ན་རྩམ་པ་ཐམས་ཅད་དུ་སྤང་བར་རིགས་ཏེ། མདོ་རྩ་ལས། མི་རུང་བ་དང་མཐུན་ལ་རུང་བ་དང་འགལ་བ་ནི་རུང་བ་མ་ཡིན་པར་བསྡུའོ། །ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཞར་ལ་སྡོམ་པའི་རྟེན་བཤད་པ། སྐྱེ་བའི་རྟེན་ནི་མུ་སྟེགས་མཚམས་མེད་བྱས། །སྒྲ་མི་སྙན་དང་ཟ་མའི་ཆེད་དུ་ལེན། །མ་ནིང་རིགས་ལྔ་མཚན་གསུམ་འགྱུར་བ་དང་། །སྤྲུལ་པ་མ་གཏོགས་གླིང་གསུམ་སྐྱེས་པ་ཡིི། །སྐྱེས་པ་བུད་མེད་སྡོམ་པའི་རྟེན་དུ་འདོད། །དེ་དག་ནི་སྔར་བཤད་ཟིན་ཅིང་། མཚམས་མེད་ལྔ་དང་ཉེ་བ་ལྔ་ནི་མ་བསད་པ་དེ་དང་ཉེ་བ་དགེ་སློང་མ་སུན་ཕྱུང་བ། ཕ་བསད་པ། དེ་དང་ཉེ་བ་བྱང་ཆུབ་སེམས་དཔའ་གསོད་པ། དགྲ་བཅོམ་བསད་པ། དེ་དང་ཉེ་བ་སློབ་པ་རྒྱུན་ཞུགས་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་དང་ཉེ་བ་དགེ་འདུན་གྱི་སྒོ་འཕྲོག་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་པ། དེ་དང་ཉེ་བ་མཆོད་རྟེན་བཤིག་པའོ། །གཞན་ནི་གོ་བར་སླ་བ་ཉིད་དོ། །སྤྱི་དོན་བཞི་པ་ཐ་མ་ཉམས་ན་གསོ་བའི་ཚུལ་བཤད་པ་ལ་གསུམ། སྡོམ་པའི་གཏོང་མཚམས། བཤགས་ཤིང་གསོ་ཚུལ། ཕན་ཡོན་བཤད་པའོ། །དང་པོ་ལ་སྤྱི་དང་བྱེ་བྲག་གོ། །དང་པོ་ནི། གཏོང་བ་བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་གཅིག་ཆར་བྱུང་དང་ལན་གསུམ་འགྱུར། །རྒྱུ་འབྲས་མེད་ལྟས་རྩ་བ་ཆད་རྣམས་ལྕི། །སོ་ཐར་གྱི་སྡོམ་པ་དེ། བསླབ་པ་ཕུལ་བས་གཏོང་སྟེ། སྡོམ་པའི་མི་མཐུན་ཕྱོགས་ཁས་བླངས་པའི་ཕྱིར། ཤི་འཕོས་པས་གཏོང་སྟེ་ཁས་བླངས་ལས་དུས་འདས་པའི་ཕྱིར། མཚན་གཉིས་གཅིག་ཆར་བྱུང་བ་དང་། ལན་གསུམ་འགྱུར་ན་གཏོང་སྟེ། རྟེན་ཉམས་པའི་ཕྱིར། རྒྱུ་འབྲས་མེད་པར་ལྟ་བའི་ལོག་ལྟ་བྱུང་ན་གཏོང་སྟེ། སྡོམ་རྟེན་གྱི་རྩ་བ་ཆད་པའི་ཕྱིར་ཏེ། མཛོད་ལས། བསླབ་པ་འཕུལ་དང་ཤི་འཕོས་དང་། །ཞེས་སོགས་ཀྱི་དོན་ནོ། །གཉིས་པ་བྱེ་བྲག་གི་གཏོང་མཚམས་ནི། ཉི་ཤུ་མ་ལོན་བསྙེན་རྫོགས་རྗེས་སུ་ཤེས། །དགེ་སློང་སྡོམ་གཏོང་བརྟེན་ཕྱིར་ཁས་བླངས་འདས། །དགེ་སློབ་མའོ་མཚན་འདས་བསྙེན་གནས་ཀྱི། །སྡོམ་པ་གཏོང་རྣམས་སོ་སོའི་ཐུན་མོང་མིན། །བསྙེན་རྫོགས་བྱེད་པ་ལ་བསྒྲུབ་བྱ་ལོ་ཉི་ཤུ་ལོན་པའམ་ལོན་པའི་འདུ་ཤེས་ཡོད་དགོས་པ་ལ། ཁ་ཅིག་གིས་ལོ་ཉི་ཤུ་ལོན་པའི་འདུ་ཤེས་ཀྱི་སྒོ་ནས་བསྙེན་རྫོགས་བླངས། ཕྱིས་ཉི་ཤུ་མ་ལོན་པར་ཤེས་ཚེ། མངལ་གྱི་ཟླ་བ་དང་ཤོལ་ཟླས་ཁ་བསྐང་བས་ཉི་ཤུ་ཚང་ན་བསྙེན་རྫོགས་མི་གཏོང་ལ། མ་ཚང་ན་དགེ་ཚུལ་དུ་འགྱུར་ཏེ། འདུལ་བ་ཚིག་ལེའུར་བྱས་པ་ལས། གང་དེ་ཉི་ཤུ་མ་ལོན་པའི། །ལོ་ཡིས་བསྙེན་པ་རྫོགས་གྱུར་ན། །ཟླ་ཤོལ་མངལ་གྱི་ཟླ་རྣམས་ཀྱིས། །མཁས་པ་ཡིས་ནི་དགང་བར་བྱ། །གལ་ཏེ་དེ་ལྟར་ན་ཡང་འདི། །ལོ་ནི་ཉི་ཤུ་མ་ལོན་ན། །དགེ་ཚུལ་ཉིད་དུ་གནས་འགྱུར་གྱི། །དེ་ནི་བསྙེན་པར་རྫོགས་མིན་ཉིད། །ཅེས་སོ། །ཁས་བླངས་ལས་འདས་པས་དགེ་སློབ་མའི་སྡོམ་པ་གཏོང་ལ། མཚན་མོའི་སྐད་ཅིག་མ་འདས་པས་བསྙེན་གནས་གཏོང་སྟེ། ཉིན་མཚན་གྱི་མཐའ་ཅན་ཡིན་པའི་ཕྱིར་རོ། །གཞན་ཡང་། རྩ་ལྟུང་བྱུང་དང་དམ་ཆོས་ནུབ་ནའང་གཏོང་། །ཁ་ཆེའི་ཡུལ་གྱི་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་གཉིས་ལྡན་ན། །ནོར་ལྡན་བུ་ལོན་ཅན་བཞིན་འདོད་པ་དང་། །དེ་ལ་མདོ་སྡེ་པ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་ན་གཏོང་སྟེ། དེ་ངོ་ཚ་དང་ཁྲེལ་མེད་ཀྱིས་གསང་བའི་ཕྱིར། གོས་དམར་བའི་སྡེ་པ་ན་རེ། ལུང་གི་ཆོས་ནུབ་པས་གཏོང་སྟེ། དེ་ཚེ་བསླབ་པའི་མཚམས་རྣམ་པར་བཞག་པ་མེད་པའི་ཕྱིར། ཐོགས་མེད་སྐུ་མཆེད་ནི། ལུང་གི་ཆོས་ནུབ་པ་ཙམ་གྱིས་སྡོམ་པ་སྔར་ཡོད་མི་གཏོང་སྟེ། ལུང་གི་ཆོས་མེད་ཀྱང་རྟོགས་པའི་ཆོས་མ་ནུས་པའི་ཕྱིར། འོན་ཀྱང་དེ་ཚེ་སྡོམ་པ་སྔར་མེད་གསར་དུ་མི་སྐྱེ་སྟེ། སྡོམ་པ་འབོག་པའི་ཆོ་གའི་རྣམ་བཞག་མེད་པའི་ཕྱིར། ཞེས་གསུངས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། རྩ་ལྟུང་འཆབ་བཅས་བྱུང་བའི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པ་དང་འཆབ་པ་གང་ཡང་ཡིན་ཏེ། སྡོམ་པའི་རྫས་རང་རྒྱུད་ལ་ཚང་བར་ཡོད་པ་དང་། སེམས་རྒྱུད་ལ་རྩ་ལྟུང་འཆབ་བཅས་ཀྱི་གསོ་བའི་ཕྱིར། དཔེར་ན། མི་ཞིག་ལ་ནོར་ཡང་ཡོད། བུ་ལོན་ཡང་ཡོད་པ་བཞིན་ནོ། །དེ་ཡང་། མཛོད་ལས། ཁ་ཅིག་ལྟུང་བར་འགྱུར་ལས་སྨད། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པའི་དོན་ནོ། །གཞན་ཡང་ཁ་ཅིག་རྩ་བཞི་གཅིག་སྤྱོད་ཀུན་ཉམས་ཟེར། དང་པོའི་ལས་ཅན་སེམས་འཁྲུག་འཚོར་བས་གཟིར། བསྒྲུབ་པར་མ་ནུས་པ་ཉེས་པ་མེད། དེ་ལ་འདུལ་འཛིན་ཁ་ཅིག །རྩ་བ་བཞི་པོ་གང་རུང་གཅིག་སྤྱད་ན་ཀུན་ཤོར་བ་ཡིན་ཞེའོ། །འོན་ཀྱང་མཛོད་འགྲེལ་ལས། ཕྱོགས་གཅིག་བླངས་པས་ཐམས་ཅད་བླངས་པར་མི་འགྱུར་ལ། ཕྱོགས་གཅིག་བཏང་བས་ཐམས་ཅད་བཏང་བར་མི་འགྱུར་རོ། །ཞེས་སོ། །གཞན་ཡང་ལས་དང་པོ་པ་གནང་བཀག་གི་མཚམས་མ་ཕྱེད་ཅིང་སེམས་འཁྲུག་པས་བསྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་ཅེས་བཤད་དོ། །འཆབ་པ་ཞེས་གྲགས་གསང་སྟེ་མི་བརྗོད་པ། །ཕམ་པ་འཆབ་བཅས་ཚེ་འདིར་གསོར་མི་རུང་། །རྩ་བ་ཕམ་པ་གསོད་རྐུ་རྫུན་དང་མི་ཚངས་སྤྱོད་བཞི་འཆབ་པ་བྱུང་ན་གསོར་མི་རུང་སྟེ། རྒྱུད་ངོ་ཚ་ཁྲེལ་མེད་ཀྱིས་གང་བའི་ཕྱིར། ལུང་ལས། དེས་དེ་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་། །དགེ་སྦྱོང་དུ་མི་རུང་ངོ་། །ཤཱཀྱའི་སྲས་ནི་མི་རུང་ངོ་། །དགེ་སློང་གི་དངོས་པོ་ལས་ཉམས་པ། བཅོམ་པ། ལྟུང་བ། ཕམ་པར་གྱུར་པ་སྟེ། དེའི་དགེ་སློང་གི་ཚུལ་ཕྱིས་བླང་དུ་མེད་པར་འགྱུར་རོ། །དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་རྒྱས་པར་མི་འགྱུར་བ་བཞིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་བཤགས་ཤིང་གསོ་བའི་ཚུལ་ལའང་། བཤགས་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་སྟོབས་བཞིའི་བཤགས་ཚུལ་གཉིས་ལས། དང་པོ་ནི། ལྟུང་བ་གང་ཞིག་འཆབ་པ་མེད་ན་དངོས་པོ་བརྗོད་པ་ཡིས། །དགེ་འདུན་ལ་བཤགས་མཐོང་སྡོམ་བར་གྱིས་འདག །སྡོམ་པ་སླར་ནོད་ལྷག་མ་བཅུ་གསུམ་སོགས། །ལྕི་ཡང་ལ་ལྟོས་བཤགས་ཏེ་རིམ་པར་ལྡང་། །དེ་སྐད་དུའང་། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །འཆབ་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེ་ནི་ཕལ་པར་མི་འགྱུར་རོ། །ཞེས་པས། དགེ་འདུན་ལ་ལྟུང་བ་གང་ཡིན་གྱི་དངོས་པོ་བརྗོད་དེ་མི་འཆབ་བོ་འཆག་གོ་བྱས་ནས། དགེ་འདུན་གྱིས་ཁྱོད་ཀྱིས་དེ་ལྟུང་བར་མཐོང་ངམ་སླན་ཆད་སྡོམ་མམ་བརྗོད་དེ། མཐོང་ངོ་། །སྡོམ་མོ་ལན་གསུམ་བྱས་ཏེ། ཕམ་པ་བཞི་ལ་སྡོམ་པ་སླར་ནོད། དེ་ལས་ལྷག་མས་ཡང་། དེ་ལས་སོར་བཤགས་ཀྱི་ཡང་། དེ་ལས་ཉེས་བྱས་ནི་བཤགས་བྱ་ཙམ་དང་། ཡིད་ཀྱིས་སྡོམ་བྱ་ཙམ་སྟེ། ལྕི་ཡང་གི་རིམ་པ་ལྟར་བཤགས་པས་འདག་གོ། །གཉིས་པ་སྟོབས་བཞིའི་བཤགས་ཚུལ་བྱེ་བྲག་ཏུ་བསྟན་པ་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་ཏེ། རྣམ་པར་སུན་འབྱིན་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །དེ་ལ་དང་པོས་ནི་མི་དགེ་བའི་ལས་སྤྱོད་ནའང་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉིས་པ་ནི་མི་དགེ་བའི་ལས་བྱས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པ་ཡིན་ནོ། །གསུམ་པ་ནི་སྡོམ་པ་ཡང་དག་པར་བླང་ནས་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པ་ཡིན་ནོ། །བཞི་པ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཡིན་ནོ། །ཞེས་པས། མདོར་ན་སྟོབས་བཞིར་མ་འདུས་བཤགས་པ་མེད། །སྔར་བྱས་འགྱོད་བཤགས་དུག་འཐུང་སྐྱུག་པ་ལྟར། །འགྱོད་པ་སྙིང་ནས་རྣམ་པར་སུན་ཕྱུང་སྟོབས། །དེ་ཡང་སྔར་བྱས་ཀྱི་སྡིག་པ་ལ་དུག་ཁོང་དུ་སོང་བ་ལྟར་འགྱོད་པ་དྲག་པོ་སྙིང་ནས་བསྐྱེད་དེ་བཤགས་པ་གལ་ཆེ་སྟེ། སྔོན་སོར་ཕྲེང་ཅན་གྱིས་མི་སྟོང་དུ་གཅིག་མ་ཚང་བ་གསོད་པ་སུན་འབྱིན་གྱི་སྟོབས་ཉམས་སུ་བླངས་པས་དགྲ་བཅོམ་ཐོབ་པ་ལྟ་བུའོ། །དུག་ལ་སྨན་བཞིན་འཇུག་པ་དྲག་པོ་ཡིས། །ཉེས་ཕྱིར་དགེ་བའི་གཉེན་པོ་ཀུན་སྤྱོད་སྟོབས། །དེ་ཡང་ཉེས་པ་དུག་དང་འདྲ་བ་ལ་དགེ་བ་སྨན་ལྟར་དུ་བསྟེན་པས་དག་སྟེ། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་མཐར་བྱེད་དེ། །ཉི་ཟླ་སྤྲིན་ལས་ཕྱུང་བ་བཞིན། །འཇིག་རྟེན་འདིར་ནི་སྣང་བར་འགྱུར། །ཞེས་སོ། །སྔོན་ཁྱེའུ་བདེ་བྱེད་བྱ་བ་མ་བསད་པ་གཅིག་གིས་གཉེན་པོའི་སྟོབས་བསྟེན་པས་ལྷར་སྐྱེས་ནས་རྒྱུན་ཞུགས་ཐོབ་པ་ལྟ་བུའོ། །དུག་མི་འཐུང་ལྟར་ཕྱི་ནས་ཉེས་སྡོམ་པ། །ངེས་ཤེས་དྲག་པོ་རྣམ་པར་སོར་ཆུད་སྟོབས། །དེ་ཡང་ཕྱིས་ནས་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་པ་དུག་མི་འཐུང་བ་ལྟར་སྡོམ་སྟེ་འཕྲོ་གཅོད་དགོས་པ་ནི། གསེར་འོད་ལས། འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལེགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །ཕྱིན་ཆད་བདག་གིས་ཡོངས་མི་བགྱིད། །ཅེས་པས། སྔོན་གཅུང་དགའ་བོ་ཞེས་བུད་མེད་ལ་ཤིན་ཏུ་ཆགས་པ་ཞིག་ཡིན་ཀྱང་རྣམ་པར་སོར་ཆུད་པའི་སྟོབས་ཉམས་སུ་བླངས་པས་དགྲ་བཅོམ་ཐོབ་པ་ལྟ་བུའོ། །སྨན་པ་བསྟེན་ལྟར་སྐྱབས་སེམས་ལྟུང་བཤགས་སོགས། །དད་པ་དྲག་པོ་རྟེན་གྱི་སྟོབས་བཞི་སྤྱད། །དེ་ཡང་དུག་ལ་སྨན་བསྟེན་པ་ལྟར་སྡིག་པའི་གཉེན་པོར་སྐྱབས་འགྲོ་སེམས་བསྐྱེད་དད་པ་དྲག་པོ་བསྐྱེད་དགོས་ཏེ། ཕག་མོའི་རྟོགས་བརྗོད་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཞེས་དང་། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་མི་འགྱུར། །ཞེས་དང་། གསེར་འོད་ལས། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་བདག་མཆིས་ཏེ། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་པས། སྔོན་རྒྱལ་བུ་མཐོང་ལྡན་བྱ་བ་ཕ་གསོད་པ་ཞིག་གིས་རྟེན་གྱི་སྟོབས་ཉམས་སུ་བླངས་པས་བྱང་ཆུབ་སེམས་དཔར་གྱུར་བར་བཤད་དོ། །དེ་དག་ཀྱང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་ཏེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོ། །འོན་ཀྱང་སྡིག་ལྟུང་སྟོབས་ལྡན་རེས་སྤྱོད་ན། །ས་ཐོབ་ཡུན་དུ་འགོར་བས་མིག་ལྟར་བསྲུང་། །དེ་ཡང་བཅས་པའི་ཁ་ན་མ་ཐོ་བ་སྡོམ་པའི་ཞིག་རལ་དང་། རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བཅུ་ལ་སྤྱད་པས་དེ་དག་གི་ལས་འབྲས་དང་འཁོར་བར་འཁོར་བའི་ཉེས་དམིགས་སྡེ་སྣོད་རྣམས་ལས་རྒྱ་ཆེར་འབྱུང་བས་འདིར་འཆད་མི་དགོས་ལ་དེ་ཕྱིར་ཐར་པའི་ས་ལམ་ལ་སྒྲིབ་པར་འགྱུར་བས་མིག་ལྟར་དུ་བསྲུང་བ་གལ་ཆེ་སྟེ། སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བ་རེས་ཀྱིས་འགྲོ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་སོ། །གཉིས་པ་སྡོམ་པའི་ཕན་ཡོན་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ནི། ཕན་ཡོན་ནད་དང་རྒྱལ་པོའི་ཆད་ཕྱིར་བླངས། །རྐྱེན་འགའ་སེལ་ཡང་འཇིགས་སྐྱོབ་ཚུལ་ཁྲིམས་ཡིན། །སྡོམ་པ་བླང་པ་ལ་ཡང་ཚེ་འདིའི་ལྟོ་གོས་ཀྱིས་ཕོངས་པ་སེལ་བའི་ཕྱིར་དང་། རྒྱལ་པོའི་ཆད་པས་འཇིགས་པ་ལས་སེལ་ཕྱིར་བླངས་ཀྱང་འཇིགས་སྐྱོབས་ཀྱི་ཚུལ་ཁྲིམས་ལས། ཕྱི་མའི་ཆེད་བླངས་ལེགས་སྨོན་ཚུལ་ཁྲིམས་ཞེས། །ལྷ་མིའི་བདེ་འབྲས་ཐོབ་ཀྱང་ཐར་པ་མིན། །རང་ཉིད་ཕྱི་མ་ལྷ་མིའི་བདེ་འབྲས་ཐོབ་པར་འདོད་པས་བླངས་ནའང་། ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་དུ་འགྱུར་གྱི་ཐར་པ་ཐམས་ཅད་མཁྱེན་པ་ཐོབ་པ་མ་ཡིན་ཏེ། འདུལ་བ་ལུང་ལས། ཀུན་དགའ་བོས་བྲམ་ཟེའི་བུ་མོ་ལ་མཐོ་རིས་ཀྱི་ཡོན་ཏན་སྐྱབས་སུ་འགྲོ་བ་ལས་བྱུང་བའི་ཚུལ་བཤད་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ནི་མ་ལགས་ཏེ་སྲིད་པའི་བདེ་བ་གཉེར་བ་དེ་ནི་སྐྱེས་བུ་མ་རབས་ཞེས་བྱའོ། །དེ་བས་ན་ཐར་པའི་ཡོན་ཏན་ཡང་དག་པར་སྒྲོགས་ཤིག་ཅེས་གསུངས་སོ། །འོ་ན་ཅི་ལྟར་ཡིན་ཞེ་ན། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡོམ་ལྡན་ན། །དགྲ་བཅོམ་ཐོབ་པ་དགའ་བོའི་རྣམ་ཐར་བཞིན། །དེ་ཡང་འཁོར་བའི་ཉེས་དམིགས་མཐོང་ནས་སྤངས་འདོད། ཐར་པའི་ཕན་ཡོན་མཐོང་ནས་བསྒྲུབ་འདོད་ཀྱི་བསམ་པ་དང་ལྡན་པའི་སྒོ་ནས་བྱང་ཆུབ་དོན་གཉེར་གྱི་ངེས་འབྱུང་བསམ་པས་ཟིན་པའི་སྡོམ་པ་དང་ལྡན་ན། སྔོན་གཅུང་དགའ་བོ་རང་གི་ཆུང་མ་ལ་ཆགས་པའི་དབང་གིས་གང་ལྟར་ཡང་ངེས་འབྱུང་བའི་བློས་རབ་ཏུ་མ་བྱུང་བ་ལ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་དེ་རིགས་དྲུག་གི་བདེ་སྡུག་མངོན་དུ་བསྟན་པས་འཁོར་བ་ལས་ངེས་པར་འབྱུང་སྟེ་རབ་ཏུ་བྱུང་བ་ལ་དགྲ་བཅོམ་ཐོབ་པ་ལྟ་བུའོ། །གཉིས་པ་ཁྱད་པར་གྱི་ཡོན་ཏན་ནི། དགེ་བསྙེན་གྱི་སྡོམ་པ། སྐྱབས་གསུམ་འཛིན་སོགས་ཡོན་ཏན་ཕྱི་མ་མཆོག །སྔ་མ་ཕྱི་མའི་ཐུན་མོང་ལམ་ཡིན་ཞེས། །སེམས་བསྐྱེད་སྔགས་ཀྱི་འདུལ་བྱ་དེ་དང་མཚུངས། །དེ་ཕྱིར་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན། །སངས་རྒྱས་ཀྱི་བསྟན་པའི་གཞི་མར་གྱུར་བ་ནི་དམ་པའི་ཆོས་འདུལ་བ་འདི་ཡིན་ཞིང་། དེ་ལའང་སོ་སོར་ཐར་པ་རིགས་བདུན་པོ་དེའང་སྔ་མའི་སྡོམ་པ་དེ་དག་ཕྱི་མའི་སྡོམ་པའི་རྟེན་ཡིན་ཏེ། བསྙེན་པར་རྫོགས་པའང་། ཐོག་མར་སྐྱབས་གསུམ་འཛིན་པའི་དགེ་བསྙེན་རིམ་གྱིས་འཇུག་དགོས་ཏེ། མདོ་རྩ་ལས། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གིས་སྔ་མ་མ་བྱས་པ་ལ་ཕྱི་མ་མི་བྱའོ། །ཞེས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པར་འདོད་པ་དེས་ཀྱང་དང་པོ་སོ་སོར་ཐར་གྱི་སྡོམ་པ་ཐོབ་དགོས་ཏེ། ཇོ་བོ་རྗེས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་བརྩོན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། །ཡང་སྔགས་ཀྱི་ལམ་ལ་ཞུགས་པར་འདོད་པ་དེས་ཀྱང་ཐོག་མར་འདུལ་བ་ལས་རབ་ཏུ་བྱུང་དགོས་ཏེ། ཀྲི་ཡ་དཔུང་བཟང་གི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སོ། །དེའི་སྟེང་དུ་བྱང་སེམས་ཀྱི་བསླབ་བྱ་དང་ཡང་ལྡན་པ་དགོས་ཏེ། གསང་བ་སྤྱི་རྒྱུད་ལས། གང་དག་བྱང་ཆུབ་སེམས་ནི་མ་བསྐྱེད་དང་། །གང་དག་རིགས་དང་དབང་བསྐུར་ཆོ་ག་མེད། །གང་དག་དཀྱིལ་འཁོར་དུ་ནི་མ་ཞུགས་པས། །ང་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་སོ། །གསང་སྔགས་ནང་རྒྱུད་ལ་ཞུགས་པ་དེས་ཀྱང་ངེས་པར་དགོས་ཏེ། དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་སོ་སོར་ཐར་པ་དང་། བྱང་སེམས་ཀྱི་སྡོམ་པ་བཟུང་དགོས་པའི་ཕྱིར་ཐེག་པའི་མཐར་ཐུག་རྫོགས་པ་ཆེན་པོར་ཞུགས་པ་དེས་ཀྱང་ངེས་པར་དགོས་ཏེ། ཆོས་ཐམས་ཅད་དེར་མ་འདུས་པའམ། ཁོང་དུ་མ་ཆུད་པའམ། མ་རྟོགས་པའམ། མ་རྫོགས་པ་མེད་པས་རྫོགས་པ་ཆེན་པོ་ཞེས་བྱ་བ་དང་། ལམ་གྱི་ཆ་ལག་ཡིན་པའི་ཕྱིར་དེས་ན་བསྟན་པའི་གཞི་མ་ནི་འདུལ་བའི་ཚུལ་ཁྲིམས་ཡིན་པས། མགོན་པོ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ཐུབ་པས་གསུངས། །ཞེས་སོ། །དེ་ལ་དེང་སང་ཁ་ཅིག་གསང་སྔགས་བླ་མེད་ཏུ་ཁས་བླངས་ཏེ་ཐེག་པ་ཆུང་ངུའི་ཆོས་སོ། །ཞེས་འདུལ་བ་ལ་རྟོག་དཔྱོད་ཙམ་ཡང་མི་གཏོང་བར་ཅེ་རེ་ལོང་དུ་སོང་པ་ནི་བློ་མིག་མ་རྒྱས་པ་སྟེ། སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱང་ཀུན་དགའ་བོ་ལས་རབ་ཏུ་བྱུང་བ་ནས་མཐར་གྲུབ་ཐོབ་རྣལ་འབྱོར་གྱི་དབང་དུ་གྱུར་པ་སོགས། རྒྱ་གར་གྱི་གྲུབ་ཆེན། བོད་ཀྱི་སྔ་དར་ཕྱི་དར་གྱི་གསར་རྙིང་ཐམས་ཅད་ཀྱིས་འདུལ་བ་ལ་གཅེས་སྤྲས་མི་མཛད་པ་མེད་ཅིང་། དམ་ཆོས་འདུལ་བ་མེད་ན་སངས་རྒྱས་བསྟན་པ་མེད། །ཅེས་དང་། བསྟན་པའི་གཞི་མ་ཡིན་པས་འདུལ་བ་སློབ། །ཅེས་འབྱུང་བ་ཡིན་ནོ།
༈ །གཞན་གནོད་གཞི་བཅས་རབ་སྤངས་སྐབས་གསུམ་ལམ། །རིགས་བདུན་སོ་ཐར་ཆུ་འཛིན་ལྷུན་འཐུག་པ། །སྤངས་དང་སྒྲུབ་པའི་ཆུ་བསིལ་འཕྲོ་བ་ཡིས། །སྐྱེ་དགུའི་ཉོན་མོངས་མེ་ཚོགས་གཞིལ་བར་ཤོག །སངས་རྒྱས་བསྟན་པའི་གསེར་གཞི་ལས་བྱུང་ཞིང་། །མངོན་མཐོ་ངེས་ལེགས་རྒྱ་མཚོའི་དབུས་ན་བརྗིད། །ལྡན་དང་གྲོལ་བའི་ཉི་ཟླའི་སྐ་རགས་ཅན། །ཚུལ་ཁྲིམས་རིན་ཆེན་ལྷུན་པོ་ཐོབ་པར་ཤོག །ཉེས་ཚོགས་རྡུལ་གྱི་མིག་སྨན་རབ་དབེན་ཞིང་། །སྤངས་རྟོགས་ཕུན་ཚོགས་འོད་སྟོང་མཐར་ཁྱབ་པས། །རྒྱལ་བསྟན་སྦྲང་རྩིའི་ཁང་བཟང་རབ་རྒྱས་ནས། །གླིང་བཞིའི་འགྲོ་ཀུན་གསལ་བའི་དཔལ་འབར་ཤོག །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ལས། འདུལ་བ་སོ་ཐར་གྱི་རྣམ་པར་དབྱེ་བ་སྟེ། རིམ་པར་ཕྱེ་བ་གཉིས་པ་གཏན་ལ་དབབ་ཟིན་ཏོ། །ད་ནི་རིམ་པར་ཕྱེ་བ་གསུམ་པ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་པ་རྣམ་པར་དབྱེ་བ་ལའང་བཞི་སྟེ། བྱང་སེམས་ཀྱི་བསླབ་པའི་གླེང་གཞི། ཐོག་མར་སྡོམ་པ་ཐོབ་ཚུལ། བར་དུ་བསྲུང་ཐབས། ཐ་མ་ཉམས་ན་གསོ་ཚུལ་ལོ། །དང་པོ་ལའང་། སྟོན་པ་བྱོན་ཅིང་ཆོས་གསུངས་ཚུལ། དེའི་བསྟན་པ་ཤིང་རྟའི་སྲོལ་གཉིས་ཀྱི་རྣམ་བཞག །བྱང་སྡོམ་གྱི་ངོ་བོ། དེའི་དབྱེ་བ་དང་བཞི་ལས། དང་པོ་ནི། བྱང་སེམས་ཀྱི་བསླབ་པའི་གླེང་གཞི། སྐལ་བཟང་འགྲོ་བའི་འདྲེན་པ་ཐུབ་ཆེན་དེས། །བྱ་རྒོད་ཕུང་སོགས་ཐེག་ཆེན་རིགས་རྣམས་ལ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཡས་གསུངས། །དེ་ལ་ཐེག་ཆེན་ཐུན་མོང་པ་ལྟར་ན། བདག་ཅག་གི་སྟོན་པ་འདིས་བསྐལ་པ་གྲངས་མེད་གསུམ་གྱི་གོང་དུ་དེ་བཞིན་གཤེགས་པ་ཐུབ་པ་ཆེན་པོ་ལས་སེམས་བསྐྱེད་ནས་གྲངས་མེད་གསུམ་དུ་ཚོགས་བསགས་ནས་མཐར་འོག་མིན་དུ་སངས་རྒྱས་ཏེ་སྤྲུལ་པས་མཛད་པ་བཅུ་གཉིས་བསྟན་ནས་དོན་མཛད་པར་འདོད་དེ། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡིས། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས། །ཞེས་སོ། །ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་གོང་རོལ་དུ་སངས་རྒྱས་ནས། སླར་ཡང་གདུལ་བྱའི་དོན་དུ་སེམས་བསྐྱེད་ཚོགས་བསགས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་མཛད་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་དོན་མཛད་དེ། ཞེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་བསྟན་པར་མཛད། །ཅེས་དང་། པད་མ་དཀར་པོ་ལས། རིགས་ཀྱི་བུ། ང་ནི་བསྐལ་བ་བྱེ་བ་ཕྲག་ཁྲིག་བརྒྱ་ཕྲག་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཅེས་སོ། །སྡོམ་ལས། འཕོ་དང་ལྷུམས་ཞུགས་བལྟམས་པ་དང་། །བཟོ་དང་རོལ་རྩེད་ངེས་འབྱུང་དང་། །བཀའ་སྤྱོད་དྲུང་གཤེགས་བདུད་སྡེ་བཅོམ། །བྱང་ཆུབ་ཆོས་འཁོར་མྱ་ངན་འདས། །ཞེས་པའི་ཚུལ་ལོ། །དེ་ལ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཞེ་ན། གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་གི་འཁོར་རྣམ་པ་བཞི་ལ། ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལ་སོགས་པར་དགྲ་བཅོམ་ལྔ་སྟོང་ཙམ་དང་། སྐྱེ་དགུའི་བདག་མོ་ལ་སོགས་དགེ་སློང་མ་ལྔ་བརྒྱ་ཙམ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། དགེ་བསྙེན་མ་ས་ག་བཟང་མོ་ལ་སོགས་དགེ་བསྙེན་ཕོ་མོ་དང་། ལྷ་ཀླུ་དྲི་ཟ་ལ་སོགས་རབ་ཏུ་མང་པོ་དང་། ཐུན་མོང་མིན་པའི་འཁོར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། རིན་ཆེན་འབྱུང་ལྡན་དང་། དྲ་བས་བྱིན་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་ཡུམ་སྲས་བཅུ་བདུན་ལ་སོགས་པ། དུས་ཕུན་སུམ་ཚོགས་པ་དགུང་ལོ་བཞི་བཅུ་ཞེ་གསུམ་ནས་བདུན་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེའང་མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་སྟོན་པ་ལས། མདོ་སྡེའི་འདུལ་བ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚོགས་རྣམ་པར་བཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དང་། མདོ་སྡེའི་མངོན་པ་ས་ལམ་གཟུངས་དང་ཏིང་ངེ་འཛིན་གྱི་རབ་དབྱེ་ཇི་སྙེད་པ་རྣམས་སོ། །ཡུམ་སྲས་བཅུ་བདུན་ནི། དེ་ལ་ཡུམ་དྲུག་ནི། སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉི་ཤུ་ལྔ་པ། ཁྲི་བརྒྱད་སྟོང་པ་སྟེ་རྒྱས་པ་སྐོར་གསུམ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་སྟེ་བསྡུས་པ་སྐོར་གསུམ་མོ། །སྲས་བཅུ་གཅིག་ནི། ཤེར་ཕྱིན་བདུན་བརྒྱ་པ། ཤེར་ཕྱིན་སུམ་བརྒྱ་པ། བརྒྱ་ལྔ་བཅུ་པ། ཤེར་ཕྱིན་ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་སྩལ་རྣམ་གནོན་གྱིས་ཞུས་པ། ཀོའུ་ཤི་ཀས་ཞུས་པ། ཡི་གེ་ཉུང་ངུ་། ཡི་གེ་གཅིག་མ། རྡོ་རྗེ་གཅོད་པ། ཤེས་རབ་སྙིང་པོའོ། །ཡང་མདོ་སྡེ་ཆེ་གསུམ་ཞེས། ཕལ་ཆེན། དཀོན་མཆོག་བརྩེགས་པ། ཤེས་ཁྲི་གསུམ་སྟེ། དེ་དག་ལ་སོགས་པའི། དེ་ཡང་བྱང་སེམས་ཀྱི་སྐབས་སུ་དོན་དམ་པའི་སེམས། སེམས་བསྐྱེད་ཀྱི་རྩ་བར་གྱུར་པ་སྟོང་ཉིད་སྙིང་རྗེའི་རང་བཞིན་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་གསལ་བ་ནི་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཡིན་ཏེ། དེ་ཡང་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང་། དཔལ་ཕྲེང་སེང་གེའི་ང་རོ་སྒྲས་ཞུས་པའི་མདོ་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་དང་། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་དང་། མིའུ་ཐུང་སོར་ཕྲེང་ཅན་གྱི་མདོ་དང་། མྱ་ངན་ལས་འདས་པའི་མདོ་དང་། བྱམས་པས་ཞུས་པའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་སྟེ། འདི་དག་གི་རྣམ་གྲངས་རྒྱས་པར་བཀའ་འགྱུར་གྱི་དཀར་ཆག་ལས་རྟོགས་པར་བྱའོ། །གཉིས་པ། དེའི་བསྟན་པ་ཤིང་རྟའི་སྲོལ་གཉིས་ཀྱི་རྣམ་བཞག་བསྟན་པ་ནི། དེ་ལྟར་སྟོན་པ་འདས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་དག་ཇི་ལྟར་བསྡུས་ན། ཁ་ཅིག་རྒྱ་གར་གྱི་ལྷོ་ཕྱོགས་བྷི་མ་སམྦྷ་ཞེས་བྱ་བའི་རི་ལ་བྱམས་པ་དང་འཇམ་དབྱངས་ལ་སོགས་པ་དབང་ཐོབ་པའི་སེམས་དཔའ་དུ་མ་དང་། གྲུབ་པ་དང་། རིགས་སྔགས་འཆང་བ་ཇི་སྙེད་པ་འདུས་ནས་ཐེག་པ་ཆེན་པོ་སྔགས་དང་ཕ་རོལ་དུ་ཕྱིན་པ་གཉིས་ཀ་བསྡུ་བར་བཤད་པ་ཡང་ཡོད་ལ། འདི་ནི་བསྡུ་བ་རྣམ་པ་གསུམ་གྱི་དུས་འཇམ་དབྱངས་ཀྱིས་བསྡུས་པ་དབུ་མ་དང་། བྱམས་པས་བསྡུས་པ་སེམས་ཙམ་སྟེ་སྲོལ་གཉིས་ལས། དང་པོ་ནི། སྟོན་པས་གསུངས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་དེ་དག །འཇམ་དབྱངས་བཀའ་བསྡུས་ཀླུ་སྒྲུབ་སོགས་ཀྱིས་བཀྲལ། །ཞི་བ་ལྷས་སྤེལ་ཟབ་མོ་ལྟ་བའི་ལུགས། །དེ་ཡང་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་རྒྱ་གར་ལྷོ་ཕྱོགས། བཻ་ཏའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་སྙིང་པོ་བྱོན་ཏེ་བཀའ་དང་པོའི་འགྲེལ་པ་གཏམ་གྱི་ཚོགས་དང་། བར་བའི་འགྲེལ་པ་རིགས་པའི་ཚོགས་དང་། ཐ་མའི་འགྲེལ་པ་བསྟོད་པའི་ཚོགས་དང་། གཞན་ཡང་བཤེས་སྤྲིང་དང་མདོ་ཀུན་ལས་བཏུས་པ་ལ་སོགས་པ་དུ་མ་མཛད་དོ། །དེའི་རྗེས་སུ་སློབ་དཔོན་ཞི་བ་ལྷ་བྱོན་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་བཏུས་ལ་སོགས་པ་དུ་མ་མཛད་ནས་ཟབ་མོ་ལྟ་བའི་ལུགས་ཀྱི་ཤིང་རྟའི་སྲོལ་ཆེན་པོ་གསལ་བར་མཛད་དོ། །འདིའི་གཞུང་ནི། འཕགས་པ་དཀོན་མཆོག་དབྱུང་དང་། གླང་པོའི་རྩལ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་དང་། ཡབ་སྲས་མཇལ་མདོ་དང་། སངས་རྒྱས་ཀྱིས་ཡང་དག་པར་སྡུད་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་། བདེན་པ་གཉིས་ལ་འཇུག་པ་དང་། དཀོན་མཆོག་ཟ་མ་ཏོག་དང་། ཡུམ་སྲས་བཅུ་བདུན་ལ་སོགས་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་རྣམས་ཡིན་ནོ། །ཞེས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་པས་གསང་སྙིང་འགྲེལ་པར་བཤད་དོ། །དེ་ཡང་དབུ་མའི་ལུགས་ཟབ་མོ་ལྟ་བའི་རྒྱུད་པ་རང་ལ་ཇི་ལྟར་བརྒྱུད་ཞེ་ན། ཐུབ་པ་ཆེན་པོ། འཇམ་དཔལ། འཕགས་པ་ཀླུ་སྒྲུབ། ཞི་བ་ལྷ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་ས་ལི་ཆེ་བ། ཆུང་བ། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷྱ་ཀ་ར། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ་ཆེན་པོ་བློ་གྲོས་བྱང་ཆུབ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། སྨར་ཤཱཀྱ་སེང་གེ། མཆིམས་ནམ་མཁའ་གྲགས། མཁན་པོ་སྨོན་ལམ་ཚུལ་ཁྲིམས། བློ་གྲོས་བྱང་ཆུབ་གྲུབ། སློབ་དཔོན་གཞོན་ནུ་རྡོ་རྗེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྤྲུལ་སྐུ་སྣ་ཚོགས་རང་གྲོལ། གྲུབ་མཆོག་བསྟན་འཛིན་གྲགས་པ། རྒྱལ་སྲས་པད་མ་ཕྲིན་ལས། ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། དེས་རབ་འབྱམས་པ་པད་མ་བློ་གྲོས་ལའོ། །གཉིས་པ་རྒྱ་ཆེན་སྤྱོད་པའི་སྲོལ་ནི། སྟོན་པའི་བཀའ་དེ་དག །བྱམས་པས་བཀའ་བསྡུས་ཐོགས་མེད་སྐུ་མཆེད་བཀྲལ། །ཇོ་བོ་རྗེས་སྤེལ་རྒྱ་ཆེན་སྤྱོད་པའི་སྲོལ། །སངས་རྒྱས་ཀྱི་བཀའ་དེ་དག་བྱམས་པས་བསྡུས་ཏེ་གནས་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕྱི་པའི་དགྲ་ལན་གསུམ་བྱུང་ནས་ཤིན་ཏུ་ཉམས་སྨས་པ་ན། འདས་ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན། དགེ་སློང་མ་གསལ་བའི་ཚུལ་ཁྲིམས་བྱ་བ་དེས། རང་ནི་རྟེན་བུད་མེད་དུ་སོང་བས་སངས་རྒྱས་ཀྱི་བསྟན་པ་གསོ་བར་མི་ནུས་ཏེ། ཐབས་ཤིག་བྱ་སྙམ་ནས། རྒྱལ་རིགས་གཅིག་དང་བསྡོངས་པས་སློབ་དཔོན་ཐོགས་མེད་དང་། བྲམ་ཟེ་ཞིག་དང་བཤོས་པས་དབྱིག་གཉེན་འཁྲུངས་ཏེ། ཐོགས་མེད་ཀྱིས་ལོ་བཅུ་གཉིས་སུ་མགོན་པོ་བྱམས་པ་བསྒྲུབས་ནས་གྲུབ་ཏེ་དགའ་ལྡན་གྱི་གནས་སུ་ལྷའི་དྲོ་སྐད་ཅིག་མིའི་ལོ་ལྔ་བཅུར་བཞུགས་ནས། རྒྱན་གཉིས། འབྱེད་གཉིས་ཐེག་པ་ཆེན་པོའི་རྒྱུད་བླ་མ་དང་ལྔ། སྡོམ་པ་རྣམ་པ་གཉིས་ལ་སོགས་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་དང་། ཐེག་བསྡུས་དང་། མངོན་པ་ཀུན་བཏུས་ལ་སོགས་མཛད་དོ། །དབྱིག་གཉེན་གྱིས་དེ་དག་གི་འགྲེལ་ཊིཀ་དུ་མ་དང་། མངོན་པ་མཛོད། དེའི་རང་འགྲེལ་དང་བཅས་པ། རྣམ་བཤད་རིག་པ་ལ་སོགས་མཛད་དོ། །ཕྱིས་ན་ཇོ་བོ་རྗེ་དཔལ་ཨ་ཏི་ཤ་ཞེས་སམ་དི་པཾ་ཀ་ར་བྱུང་ནས། དེ་བོད་དུའང་བྱོན་ལ། དེས་བྱང་ཆུབ་ལམ་རིམ་དང་སྤྱོད་བསྡུས་སྒྲོན་མ་ལ་སོགས་པ་དང་། མདོ་ཀུན་བཏུས་ཟེར་བ་ཞིག་ཀྱང་མཛད་དེ་སེམས་ཙམ་གྱི་གཞུང་རྒྱ་ཆེན་སྤྱོད་པའི་སྲོལ་རྒྱས་པར་སྤེལ་བ་ཡིན་ནོ། །འདིའི་གཞུང་ནི། ལང་ཀར་གཤེགས་པ། དགོངས་པ་ངེས་འགྲེལ། ས་བཅུ་པ། རྒྱན་སྟུག་པོ་བཀོད་པ་ལ་སོགས་པ་བཀའ་ཐ་མ་དོན་དམ་ངེས་པ་སྟེ་ཆོས་མངོན་པའི་གསུང་རབ་རྣམས་ཡིན་ནོ་ཞེས་ཡེ་ཤེས་རྒྱལ་མཚན་གསུང་ངོ་། །དེའི་སྡོམ་རྒྱུན་གང་ཞེ་ན། ཐུབ་དབང་། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད་སྡེ། སེང་གེ་བཟང་པོ། ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་པར་པ་ཐཱ། འབུམ་ཕྲག་གསུམ་པ། བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ། ཞང་གཡེ་པ། གཉལ་ཞིག་པོ། རྒྱ་ཕྱི་རུ་པ། ཆུ་མིག་པ་སེང་གེ་དཔལ། བློ་གྲགས་པ། བཙན་དགོན་པ་དང་དབེན་དགེ་བ་གཉིས། དེ་གཉིས་ལ་བླ་བྲང་བ་ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མན་གོང་བཞིན་ནོ། །ཁྱད་པར་དུ། གསང་སྔགས་གཏེར་མ་ལ་སོགས་པ་ནས་སེམས་བསྐྱེད་བླངས་པ་འདི་དག་སྲོལ་གཉིས་གང་གི་ལུགས་སུ་འདུ་ཞེ་ན། བདག་ཅག་གི་སྟོན་པ་རིག་འཛིན་ཆེན་པོ། པད་མའི་རིང་ལུགས་ནཱ་ག་རྫུ་ནར་མཐུན། དེའི་ཕྱིར་ཀླུ་སྒྲུབ་ལུགས། ཟབ་མོ་ལྟ་བརྒྱུད་དང་མཐུན་ཏེ་བརྒྱུད་པ་ནི་གཏེར་ཆོས་རང་རང་གི་མཚམས་ནས་བརྒྱུད་པར་ཤེས་སོ། །འདི་ནི་ཐེག་པ་ཐུན་མོང་པ་ཀུན་དང་གོ་བསྟུན་ཏེ་འཆད་པས་ཤེས་པར་བྱའོ། །གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་བརླན་ཞིང་། གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་པས། སྒོ་གསུམ་ཉེས་པ་སྤང་བའི་སེམས་དཔའོ། །དེ་ཡང་སེམས་བསྐྱེད་ཀྱི་ངོ་བོ་བྱམས་དང་སྙིང་རྗེས་རྒྱུན་བརླན་པ་སྟེ། ཀུན་མཁྱེན་ཆེན་པོས། འདི་ནི་སྙིང་རྗེའི་ལྗོན་ཤིང་སྙིང་པོ་ཅན། །འགྲོ་བའི་ཁུར་ཆེན་ལེགས་པར་ཁྱེར་བ་ནི། །ཞེས་སོགས་དང་། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། བྱང་ཆུབ་ལམ་སྒྲོན་ལས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །ཡིད་ཀྱིས་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་པ་དང་། སྡུད་པ་ལས། བློ་ཆེ་བ་དང་གཏོང་བ་ཆེ་དང་སེམས་དཔའ་ཆེ། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་རྒྱུ་འདུལ་བ། །རྒྱུ་དེས་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་སོ། །བཞི་པ་དབྱེ་བ་ལའང་གཉིས་ཏེ། རྒྱས་པར་བཤད་པ་དང་། མདོར་བསྟན་པའོ། །དང་པོ་ནི། དབྱེ་བ་ཀླུ་སྒྲུབ་ཐོགས་མེད་སྲོལ་གཉིས་གྲགས། །རེ་རེའང་གཅིག་ནས་དྲུག་པར་གཉིས་གཉིས་ཏེ། །ཟབ་མོ་ལྟ་བའི་རྒྱན་གྱུར་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འབྲང་བ་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་། རྒྱ་ཆེན་སྤྱོད་པའི་རྒྱན་གྱུར་ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་འབྲང་ནས་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་གཉིས་ཀ་ལའང་དབྱེ་བ་འདི་ཁྱད་མེད་དུ་སྙམ་སྟེ། དེ་ཡང་གཅིག་ནས་དྲུག་གི་བར་དང་ས་མཚམས་དཔེས་དབྱེ་བ་དང་བདུན་དུ་གནས་པ་ལས། དང་པོ་སེམས་བསྐྱེད་པའི་རྟེན་རིགས་ཀྱི་རང་བཞིན་དང་མཚུངས་པར། དང་པོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། དེ་ཡང་སྡོང་པོ་བཀོད་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་དེ་ནི། ཆོས་ཀྱི་དབྱིངས་ལྷུར་ལེན་པ། ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་རིགས་སུ་སྐྱེས་པ་ཡིན་ནོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་གཅིག་ལའོ། །ཞེས་སོ། །དེ་ཡང་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་ཀུན་ལ་ཡོད་ཀྱང་རེ་ཞིག་རིགས་སད་པ་འདིའི་ཉེ་རྒྱུའི་རྟེན་ཏེ། མདོ་སྡེའི་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྦྱོར་བ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་སོ། །འདི་དག་གི་རྣམ་གཞག་རྒྱས་པར་ཤིང་རྟ་ཆེན་པོ་ལ་སོགས་སུ་རྟོགས་པར་བྱ་སྟེ། དོན་དམ་སེམས་བསྐྱེད་དེ་ཡང་ངོ་བོ་འདི་ལས་གཞན་པ་ཞིག་མེད་དོ། །གཉིས་པ། ཚོགས་གཉིས་བསླབས་པ་ཀུན་རྫོབ་དོན་དམ་གཉིས། ཞེས་གཉིས་ཚན་གྱི་དབྱེ་ན། ཀུན་རྫོབ་དོན་དམ་གཉིས་ཏེ། མྱ་ངན་འདས་མདོ་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་སོ། །དེའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་སློབ་པ་སོ་སྐྱེ་དང་མི་སློབ་པ་འཕགས་པའི་སེམས་བསྐྱེད་གཉིས་ལས། ཕྱི་རོལ་སེམས་ཅན་ལ་དམིགས་པ་དང་། ནང་སེམས་ཉིད་ལ་དམིགས་པ་གཉིས་ཀྱིས་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་གཉིས་སུ་བཞག་གོ། །གསུམ་པ། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་པ་གསུམ། གསུམ་ཚན་གྱིས་དབྱེ་ན། ཀློང་ཆེན་རབ་འབྱམས་པས། དག་པར་བྱེད་པ་ཚུལ་ཁྲིམས་ཀྱི་བསླབ་པ། གནས་པར་བྱེད་པ་སེམས་ཀྱི་བསླབ་པ། གྲོལ་བར་བྱེད་པ་ཤེས་རབ་ཀྱི་བསླབ་པའི་སེམས་གསུམ་གྱི་རྣམ་པ་གསུམ་མོ། །ཞེས་སོ། །ཡང་ཚུལ་ཁྲིམས་གསུམ་གྱི་དབང་དུ་མཛད་ནས། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་པར་བྱེད་པའི་སེམས་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་སོ། །བཞི་པ། ཚོགས་སྦྱོར་མོས་པས་བསྐྱེད་པའི་སེམས་བསྐྱེད་དང་། །མ་དག་ས་བདུན་ལྷག་བསམ་དག་པ་དང་། །དག་པ་ས་གསུམ་རྣམ་པར་སྨིན་པ་དང་། །ཐུགས་རྗེ་ཆེན་པོའི་སྒྲིབ་ཀུན་སྤངས་པ་ནི། །སངས་རྒྱས་ས་ཡི་སེམས་བསྐྱེད་དག་དང་བཞི། །བཞི་ཚན་གྱི་དབྱེ་ན། མདོ་སྡེའི་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །མ་དག་ས་བདུན་ནི། དེ་ཡང་རབ་དགའ་དྲི་མེད་འོད་བྱེད་པ། །འོད་འཕྲོ་སྦྱོང་དཀའ་མངོན་འགྱུར་རིང་དུ་སོང་། །ཞེས་སོ། །དག་པ་ས་གསུམ་ནི། མི་གཡོ་ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ཞེས་སོ། །ལྔ་བ་དང་། དྲུག་པ་ལྔ་ནི་ལམ་ལྔ། དྲུག་ནི་ཕར་ཕྱིན་དྲུག །ལྔ་ཚན་གྱིས་དབྱེ་ན། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔའི་སེམས་བསྐྱེད་དོ། །ཉི་ཁྲི་ལས། ལས་དང་པོ་པའི་སེམས་བསྐྱེད་པ་དང་། ཡོངས་སུ་སྦྱོངས་བ་བྱས་པའི་སེམས་བསྐྱེད་པ་དང་། ཆོས་མཐོང་བའི་སེམས་བསྐྱེད་པ་དང་། རྣམ་པར་གྲོལ་བའི་སེམས་བསྐྱེད་པ་དང་། བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། རབ་འབྱོར་འདི་ལ་མ་ཞུགས་པ་གཞུག་པར་བྱའོ། །ཞུགས་པ་ཡོངས་སུ་སྦྱོང་བར་བྱའོ། །ལྷའི་མིག་བསྐྱེད་པར་བྱའོ། །འཕགས་པའི་ལམ་བདེན་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པར་ཐོབ་པར་བྱའོ། །ཞེས་སོ། །དྲུག་ཚན་གྱིས་དབྱེ་ན། ཡུམ་བར་མ་ལས། ཕ་རོལ་ཕྱིན་དྲུག་དང་ལྡན་པའི་སེམས་བསྐྱེད་པ་དྲུག་དང་ལྡན་པས་ཞེས་སོ། །ཕར་ཕྱིན་བཅུ་ལ་ལྟོས་ནས་བཅུར་བཤད་པ་ཡང་ཡོད་དེ། དགེ་བའི་ལྷས། བྱང་ཆུབ་ཀྱི་སེམས་རྣམ་པ་བཅུ་བསྒོམ་ནས། ཞེས་སོ། །བདུན་པ་ས་མཚམས་ཀྱི་དབྱེ་ན། དཔེ་ས་གསེར་ཟླ་བ་མེ་སོགས་ཉེར་གཉིས་ནི། ས་མཚམས་ཀྱིས་དབྱེ་ས་བཅུའི་བར་དུའོ། །ཉི་ཤུ་རྩ་གཉིས་ཀྱི་དཔེས་བསྟན་པ་ཉིད། བློ་གྲོས་རྒྱལ་མཚོས་ཞུས་པའི་མདོ་ལས་གསུངས་པ་ལྟར། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སོ། །དཔེ་དེ་དག་གི་དོན་ནི་རིམ་པ་ལྟར། དེའི་འགྲེལ་པ་ལས། འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་དང་། ཞེས་སོགས་གསུངས་པ་འདིར་དཔེ་དོན་སྦྱར་ནས་སྟོན་པ་ནི། ཤིང་རྟ་ཆེན་པོ་ལས། འདུན་པ་ས་ལྟ་བུ་དང་། བསམ་པ་གསེར་ལྟ་བུ་དང་། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་གསུམ་ནི་རིམ་པ་ལྟར་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་ལ་དེ་སྐད་ཅེས་བཏགས་སོ། །སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། །སྦྱིན་པ་གསེར་ལྟ་བུ་དང་། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། བཟོད་པ་མཚོ་ལྟ་བུ་དང་། བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། བསམ་གཏན་རི་ལྟ་བུ་དང་། ཤེས་རབ་སྨན་ལྟ་བུ་དང་། ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ་དང་། སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། སྟོབས་ཉི་མ་ལྟ་བུ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་གླུ་དབྱངས་སྙན་པ་ལྟ་བུ་ནི་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་ནོ། །མངོན་ཤེས་རྒྱལ་པོ་ལྟ་བུ་དང་། ཚོགས་གཉིས་མཛོད་ཁང་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་ལྷག་མཐོང་གཉིས་བཞོན་པ་བཟང་པོ་ལྟ་བུ་དང་། གཟུངས་སྤོབས་གཉིས་བཀོད་མའི་ཆུ་མིག་ལྟ་བུ་ལྔ་ནི་ས་བརྒྱད་པ། དགུ་པ་བཅུ་པ་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་ནི། ས་བཅུ་པ་ལ་ཡོད་དེ་ཡེ་ཤེས་དང་ཕྲིན་ལས་ཆེན་པོ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །ཞེས་སོ། །འདི་དག་སློབ་དཔོན་ཆེ་བའི་སྡེ་ལ་སོགས་པས་འཇིག་རྟེན་པའི་ལམ་ཐམས་ཅད་སྨོན་པ་བདེན་མཐོང་ཡན་ཆད་འཇུག་པར་འདོད་པ་དང་། ཨ་བྷྱ་ཀ་ར་ལ་སོགས་ཁ་ཅིག་ཚོགས་ལམ་མན་ཆད་སྨོན་པ། སྦྱོར་ལམ་ཡན་ཆད་འཇུག་པར་འདོད་ལ། རྒྱ་མཚོའི་སྤྲིན་ལ་སོགས་པ་བྱང་ཆུབ་ཐོབ་འདོད་ཀྱི་བློས་མ་བསྐྱེད་པ་སྨོན་པ། བསྐྱེད་པ་འཇུག་པར་འདོད་པ་ལ་སོགས་མང་ཡང་། ཀུན་མཁྱེན་ཀློང་ཆེན་པའི་བཞེད་པས་གྲུབ་མཐའ་མཛོད་ལས། འདིར་གཞན་དོན་དུ་བྱང་ཆུབ་འདོད་ལ་སྨོན་པ་དང་། སྦྱོར་བས་ཁྱབ་ན་ཞུགས་པ་ནི་འཇུག་པ་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་མདོར་བསྟན་པ་ནི། ཀུན་ཀྱང་བསྡུ་ན་སྨོན་འཇུག་རྣམ་པ་གཉིས། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །འགྲོ་བར་འདོད་དང་འགྲོ་བ་ཉིད་བཞིན་ནོ། །དེ་ཡང་སྔར་བཤད་པའི་སེམས་བསྐྱེད་ཀྱི་རྣམ་དབྱེ་ཇི་སྙེད་པ་དེ་དག་ཀྱང་སྨོན་འཇུག་གཉིས་སུ་འདུས་ཏེ། སྨོན་པ་ནི་བྱང་ཆུབ་ཐོབ་པར་འདུན་པ་བསམ་པས་སྨོན་པ་འགྲོ་བར་འདོད་པ་ལྟ་བུ་ཡིན་ལ། འཇུག་པ་ནི། དེའི་ཆོས་ལ་སྦྱོར་བ་འགྲོ་བཞིན་པ་ལྟ་བུ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་སོ། །སྤྱི་དོན་གཉིས་པ་ཐོག་མར་སྡོམ་པ་ཐོབ་པའི་ཚུལ་ལའང་གཉིས་ཏེ། ཀུན་རྗོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་དོ། །དང་པོ་ལའང་གཉིས། ཀླུ་སྒྲུབ་ལུགས་དང་། ཐོགས་མེད་ལུགས་སོ། །དང་པོ་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། ལེན་ཚུལ་སྡོམ་གནས་དགེ་བའི་བཤེས་གཉེན་ལ། །ཐེག་ཆེན་སྣོད་གྱུར་དད་ལྡན་སློབ་མ་ཡིས། །ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ལེན་ཞིང་རང་གཞན་དགའ་བ་བསྒོམ་པ་རྣམས། །ཀླུ་སྒྲུབ་ལུགས་ཡིན་ཐོགས་མེད་བཞེད་པ་ནི། །འོག་ཏུ་སྟོན་ལ། བྱང་སེམས་ཀྱི་སྡོམ་པ་འབོག་པར་བྱེད་པའི་དགེ་བའི་བཤེས་གཉེན་ནི། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་དང་། །སྤྱོད་བསྡུས་སྒྲོན་མ་ལས། བླ་མ་བཟང་ལས་སྡོམ་པ་བླང་། །སྡོམ་པའི་ཆོ་ག་ལ་མཁས་དང་། །བདག་ཉིད་གང་ཞིག་སྡོམ་པ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེར་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་སོ། །སློབ་མའི་མཚན་ཉིད་ནི། སེམས་ཉིད་ངལ་བསོ་ལས། བསྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། །བཀའ་ལས་མི་འདའ་སྡོམ་དང་དམ་ཚིགབསྲུང་། །སྒོ་གསུམ་དུལ་ཞིང་སྙིང་རྗེ་ཕན་སེམས་ཆེ། །ཁོང་ཡངས་སྤྲོ་རིང་གཏོང་ཕོད་དག་སྣང་ཆེ། །བསྟེན་ཞིང་མོས་གུས་ཆེ་བ་དེ་དག་གིས། །ཞེས་པའི་ཚུལ་དེ་གཉིས་སྲོལ་གཉིས་ཀ་ལ་འདྲའོ། །དེ་ལྟ་བུའི་སློབ་མ་ལ་དབུ་མ་ལུགས་ལྟར་ན། ཕྱོགས་གང་དུ་གནས་གཙང་མཆོད་པས་མཛེས་ཤིང་ཉམས་དགའ་བར། རྒྱལ་བའི་སྐུ་གཟུགས་ལ་སོགས་སྟ་གོན་བྱ། །ཞེས་ངལ་གསོར་བཤད་པ་ལྟར་བསྟན་པ་དེས་མཚོན་ནས་ཚོགས་ཞིང་སྤྲུལ་ཞིང་སྤྱན་འདྲེན་པ་སོགས་བྱའོ། །དེའི་འཐད་པ། དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་བརློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །དེ་ནས་ཡན་ལག་བདུན་པ་བྱ་བ་ནི། ཇི་སྐད་དུ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་འཕགས་པ་བཟང་པོ་སྤྱོད་པ་ནས་བྱུང་བ་ལྟར་རམ་བདུན་རྣམ་དག་གང་ཡང་རུང་བ་དང་། ཡང་དེའི་སྟེང་དུ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའི་ཡན་ལག་གཉིས་བསྣན་པས་ཡན་ལག་བཅུ་པ་ཞེས་བྱའོ། །གཞན་ཡང་ཡན་ལག་བཅུའི་ནང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་གཉིས་ཕྲི་བས་ཡན་ལག་བདུན་ཏེ། དེ་ཡང་སྟོན་པ་གཟུགས་ཀྱི་སྐུ་ལ་ཡན་ལག་དེ་གཉིས་དགོས་ཀྱི། ཆོས་ཀྱི་སྐུ་དང་། ཁྱད་པར་ལོངས་སྤྱོད་རྫོགས་པའི་སྐུ་ལ་མི་དགོས་ཏེ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་དུས་ངེས་པར་རྟག་པ་རྒྱུན་གྱི་འཁོར་ལོར་བསྐོར་བ་ལ་སོགས་པ་ངེས་པ་ལྔ་ལྡན་དུ་བཞུགས་པའི་ཕྱིར་ཏེ། རྒྱ་གར་གྱི་སློབ་དཔོན་ངག་དབང་གྲགས་པས། གཟུགས་ཀྱི་སྐུ་ནི་མྱ་ངན་ལས། །འདའ་བར་བྱེད་ཀྱི་གཅིག་ཤོས་མིན། །ཞེས་གསུངས་སོ། །དེ་ལྟར་ཡན་ལག་བདུན་པ་ཕུལ་བའི་ཕན་ཡོན་ནི། དཔལ་སྦས་གྱིས་ཞུས་པའི་མདོ ལས། །གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་ནི་མཆོད་ཕྱིར་རམ། །བསོད་ནམས་དག་ལ་ཡི་རངས་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་སོ། །དེ་ལྟར་ལེགས་པར་གྲུབ་པའི་རྗེས་སུ། འོག་ནས་འབྱུང་བའི་ཆོ་གའི་ཚིག་བརྗོད་དེ་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཀ་བླང་ངོ་། །དེའི་རྗེས་སུ་རང་དགའ་བ་བསྒོམ་པས། གཞན་དགའ་བ་བསྒོམ་པ། མིང་དོན་བརྗེ་བ་གསུམ་ལས། དང་པོ་ནི། སྤྱོད་འཇུག་ལས། སེམས་ནི་འདི་ལྟར་གཟེངས་བསྟོད་དེ། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བྱོས། །ཞེས་སོ། །གསུམ་པ་སེམས་བསྐྱེད་ཐོབ་མ་ཐག་ཏུ་སོ་སྐྱེའམ་ཉན་ཐོས་རང་རྒྱལ་ཞེས་པའི་མིང་དང་མི་ལྡན་བྱང་ཆུབ་སེམས་དཔར་འགྱུར་ལ། དེ་ཡང་མིང་གི་རྣམ་གྲངས་བཅུ་དྲུག་ཡོད་དེ། མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང་། །རྩལ་ལྡན་དང་ནི་འཕགས་མཆོག་དང་། །དེད་དཔོན་དང་ནི་གྲགས་མཆོག་དང་། །སྙིང་རྗེ་ཆེ་དང་བསོད་ནམས་ཆེ། །དབང་ཕྱུག་དེ་བཞིན་ཆོས་དང་ལྡན། །ཞེས་སོ། །མིང་དུ་མ་ཟད་དོན་ཀྱང་འཕོ་སྟེ། སྔ་མ་ལས། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡོམ་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་རབ་བརྗོད་ཅིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །གཉིས་པ་སློབ་དཔོན་ཐོགས་མེད་ཀྱི་ལུགས་ལ། སྨོན་སེམས་ལེན་ལ་སོ་ཐར་མི་དགོས་ཀྱང་། །ཡང་དག་བླང་བ་རིགས་བདུན་སྔོན་སོང་ནས། །བར་ཆད་དྲི་དང་བསླབ་པ་ཁས་ལེན་པ་སོགས། ། སྨོན་འཇུག་ཆོ་ག་སོ་སོའི་སྒོ་ནས་ལེན། །འདི་ལྟར་སྨོན་པ་སེམས་བསྐྱེད་རྐྱང་པ་ལེན་པ་ལ་སོ་ཐར་མི་དགོས་ཀྱང་། སྨོན་འཇུག་གཉིས་ཀ་ཡང་དག་པར་ལེན་པའི་རྟེན་དེ། སོ་ཐར་རིགས་བདུན་གྱི་སྡོམ་པ་དང་ལྡན་པ་ཞིག་ངེས་པར་དགོས་ཏེ། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ལས། སོ་སོ་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། །དེ་ལྟ་བུའི་གང་ཟག་དེ་ལ་ཉེས་པ་དང་མཐུན་པར་བར་ཆད་དྲི་བ་དང་བསླབ་པ་ལ་སློབ་པར་ཁས་ལེན་པ་སོགས་བྱས་ནས། དངོས་ནི་སྨོན་སེམས་སྔོན་ལ་བླང་། །དེ་རྗེས་འཇུག་པ་བླང་སྟེ་ཆོ་ག་ལྟར་བྱའོ། །དེ་ལྟར་བླང་བའི་ཡུལ་དགེ་བའི་བཤེས་གཉེན་མེད་ན། རྒྱལ་བའི་རྟེན་ལ་རུང་བར་སྲོལ་གཉིས་མཐུན། །ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་ལའོ། །དེ་ཡང་ཟབ་པ་དང་རྒྱ་ཆེ་བའི་ལུགས་གང་ལའང་། རང་སྟོབས་ཀྱི་ནུས་པ་ཡོད་ན་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་པ་ལ་ལེན་ཏེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་གསུངས་པ་ལྟར་བྱང་ཆུབ་ལམ་སྒྲོན་ལས། གལ་ཏེ་བླ་མ་མ་རྙེད་ན། །དེ་ལ་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །ཞེས་དང་། མགོན་པོ་རྣམས་ཀྱི་སྤྱན་སྔར་ནི། །རྫོགས་པའི་བྱང ་ཆུབ་སེམས་བསྐྱེད་ཅིང་། །ཞེས་སོགས་ཆོ་ག་ལྟར་གསུངས་སོ། །ཆོ་གའི་ངག་འདོན་ནི། སྤྱོད་འཇུག་ལ་སོགས་ནས་གསུངས་པའང་ཡོད་ལ། འདིར་ནི་ཀུན་མཁྱེན་ཆེན་པོས་འགྲེལ་ཆེན་ཤིང་རྟ་ཆེན་པོར་གསུངས་པ་ལྟར་འདོན་ཏེ། དེ་ཡང་ཡུལ་དགེ་བའི་བཤེས་གཉེན་ནམ། རྒྱལ་བའི་རྟེན་གང་ཡང་རུང་བའི་མདུན་དུ་བདག་ཉིད་པུས་བཙུགས་ཐལ་མོ་སྦྱར་ཏེ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། སེམས་ཅན་མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་བ་དང་། མ་གྲོལ་བ་རྣམས་གྲོལ་བ་དང་། དབུགས་མ་དབྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པའོ། །གསུམ་པ་བརྗོད་དགོས་པའི་རྒྱུ་མཚན། ངལ་གསོ་ལས། བརྗོད་པ་དང་པོས་སྨོན་པ་སེམས་བསྐྱེད་ལ། །གཉིས་པས་འཇུག་པ་སེམས་བསྐྱེད་གསུམ་པ་ཡིས། །གཉིས་ཀ་བརྟན་ཞིང་དག་པ་ཐོབ་པར་འགྱུར། །ཞེས་དང་། རྒྱ་མཚོའི་སྤྲིན་གྱིས། བརྗོད་པ་དང་གཉིས་པ་གསུམ་པ་དག་གིས་སྨོན་པ་དང་འཇུག་པ་གཉིས་ཀ་ཆོས་བརྟན་པའི་མཆོག་ཉིད་ཐོབ་པར་འགྱུར་ཏེ། ཞེེས་སོ། །དེ་ཡང་སྨོན་འཇུག་ངོ་བོ་ཐ་དད་པ་མེད་དེ་བརྗོད་པ་གསུམ་ལས་ལྡོག་པ་ཐ་དད་པར་སྟོན་ཀྱང་ངོ་བོ་གཅིག་ཡིན་ཏེ། བྱང་ས་ལས། སྨོན་པ་དང་འཇུག་པ་འདི་གཉིས་ནི། ངོ་བོ་དབྱེར་མེད་པས་གཞན་གྱི་དོན་དུ་བྱེད་པ་གཅིག་པ་ཉིད་དང་། ཐ་མི་དད་པའི་རང་བཞིན་དུ་ཤེས་པར་བྱ་བ་ཉིད་དོ། །ཅེས་སོ། །གཉིས་པ་དོན་དམ་སེམས་བསྐྱེད་ནི། དོན་དམ་སེམས་བསྐྱེད་ཆོ་གས་བླང་ཐོབ་པ། །གསང་སྔགས་ལུགས་ཡིན་མདོ་ལས་བཤད་སྲིད་ན། །དམ་བཅའ་ཉིད་ཡིན་བསྒོམ་པའི་སྟོབས་ལས་སྐྱེས། །དེ་ཡང་དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་གཤིས་ཀྱི་རང་བཞིན་ཏེ། དེ་གསང་སྔགས་ལས་རྐྱེན་ཀུན་རྫོབ་སེམས་བསྐྱེད་ཆོ་གས་བླང་ནས་རྒྱུ་དོན་དམ་སེམས་བསྐྱེད་མངོན་དུ་བྱེད་པ་དང་། དབང་གཉིས་པ་དང་གསུམ་པར་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱེད་པ་སྟེ་རྒྱས་པར་སླད་ནས་འཆད་པར་འགྱུར་ལ། འདིའི་དོན། སེམས་བསྐྱེད་ཆེན་པོའི་མདོ་ལས་ཀྱང་། །བྱང་ཆུབ་ཏུ་སེམས་ཇི་ལྟར་བསྐྱེད་ཅེ་ན་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཅེས་བྱའོ། །དེ་དང་མཐུན་པའི་སེམས་སྔོན་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེས་པ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་སོ། །མདོ་ལས་དོན་དམ་སེམས་བསྐྱེད་སྒོམ་པ་ལས་སྐྱེ་ཡང་ཆོ་གས་སྐྱེ་བར་བཤད་པ་མེད་དེ། ཀླུ་སྒྲུབ་ཀྱིས་བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ་ལས། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་སྨོན་ལམ་གྱི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པའོ། །བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས། མ་བསྒྲིབ་ཡང་དོན་དམ་ཡང་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱའོ། །ཞེས་སོ། །ཇི་ལྟར་ཞེ་ན། སངས་རྒྱས་བརྒྱ་ལས་མི་ཉུང་བའི་ཞལ་མཐོང་ནས་ལུང་གི་ཆོས་ཐོས་པས། ཡོངས་སུ་འཛིན་པ་དམ་པ་དང་། བསྐལ་པ་བརྒྱ་ལས་མི་ཉུང་བར་ཚོགས་གཉིས་བསགས་པས་བསྒྲུབ་པའི་ཆོས་འཛིན་པས་སྒྲུབ་པ་དམ་པ་དང་། མཉམ་གཞག་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པས་རྟོགས་པའི་ཆོས་འཛིན་པས། རྟོགས་པ་དམ་པ་སྟེ། དམ་པ་གསུམ་གྱིས་ཟིན་པ་ནི་དོན་དམ་སེམས་བསྐྱེད་དོ། །དེ་ཡང་། མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དོན་དམ་འདོད། །ཅེས་པས། ས་དང་པོའི་ཡོན་ཏན་སྐྱེས་པ་ནི་དོན་དམ་སེམས་བསྐྱེད་ཀྱི་ཐོག་མ་ཡིན་ལ། སོ་སོའི་སྐྱེ་བོའི་གནས་སྐབས་ན་དོན་དམ་སེམས་བསྐྱེད་མཚན་ཉིད་པ་མེད་པར་ས་པཎ་ལ་སོགས་བློ་གྲོས་མངའ་བ་ཀུན་བཞེད་དོ། །རྣལ་འབྱོར་རཱ་ག་ཨ་སྱ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་པས་དོན་དམ་སེམས་བསྐྱེད་ཀྱང་དེས་གྲུབ་བོ་གསུངས་པའང་འགལ་བ་ཆེར་མ་མཐོང་ངོ་། །སྤྱི་དོན་གསུམ་པ་བར་དུ་ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་ལའང་གཉིས་ཏེ། བསླབ་བྱ་དངོས་དང་། དེ་སྐྱེ་བའི་རྟེན་བཤད་པའོ། །དང་པོ་ལའང་གཉིས་ཏེ། དབྱེ་བ་རྒྱས་པར་བཤད་པ་དང་། གཅེས་པའི་སྡོམ་པས་འགགས་བསྡུ་བའོ། །དང་པོ་ལའང་གསུམ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དོ། །ཅིའི་ཕྱིར་ཞེ་ན། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ཡིན་ཏེ། ཉེས་སྤྱོད་སྡོམ་དང་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་གསུམ་ལས་དང་པོ་ནི། ཞེས་སྨོས་པས་དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལའང་གཉིས་ཏེ། དབུ་མའི་ལུགས་དང་། སེམས་ཙམ་པའི་ལུགས་སོ། །དང་པོ་ལའང་གཉིས། རྩ་བའི་ལྟུང་བ་དང་། ཡན་ལག་གི་ཉེས་བྱས་སོ། །དང་པོ་ལ་གསུམ་རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ལྔ། ཕལ་པ་ལ་བརྒྱད་དོ། །དང་པོ་ནི། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤངས་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་རྒྱལ་པོ། །དེ་ལྟར་རྒྱལ་པོ་ལ་འབྱུང་དུ་ཉེ་བ་སྟེ། འདི་དག་ནམ་མཁའི་སྙིང་པོའི་མདོ་ལས། གསུངས་པ་ལྟར་བསླབ་བཏུས་སུ་ཚིགས་སུ་བཅད་དེ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པ་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལ། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་བ་འབེབས་པ་དང་། །སྲོག་དང་བྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་སོ། །གཉིས་པ་ནི། གྲོང་ལྗོངས་གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པའང་བློན་པོར་ངེས་པ་ལྔ། །དེ་ཡང་སྔ་མ་ལས། གྲོང་ལ་སོགས་པ་འཇོམས་པ་ཡང་། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་པས། གྲོང་ནི་ཡུལ་ཆུང་ངུ་། གྲོང་ཁྱེར་ནི་འབྲིང་པོ། གྲོང་རྡལ་ནི་ཆེན་པོ། ལྗོངས་ནི་ཡུལ་གྲུ་ཐ་དད་པ། ཡུལ་འཁོར་ནི་ཆེར་གྲངས་སུ་ལངས་པ་ཡིན་པར་གྲགས་སོ། །གསུམ་པ་ནི། མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་ལྡོག་པས། །དེ་ལྡོག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་དང་། །དགེ་སློང་ཆད་པས་གཅོད་བཅུག་སུག་འབུལ་དང་། །སྤངས་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་ལྟུང་ངེས་བརྒྱད། །དེ་སྐད་དུ་སྔ་མ་ལས། བློ་སྦྱོངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང་། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་བཟློག་པ་དང་། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང་། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤངས་བར་འགྱུར་བ་མིན་ཞེས་བརྗོད། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །རང་གི་ཡོན་ཏན་བརྗོད་པ་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང་། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང་། །དགེ་སྦྱོང་ཆད་པས་གཅོད་འཇུག་དང་། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང་། །སྦྱིན་པ་ལེན་པར་བྱེད་པ་དང་། །ཞི་གནས་འདོར་བར་བྱེད་པ་དང་། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་ཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་སོ། །དེ་ཡང་རྒྱལ་པོ་ལ་སོགས། དེ་དེར་འབྱུང་ཉེས་བཞག་གི་ཀུན་ལ་ཀུན། །མིང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །སྨོན་འཇུག་སེམས་གཏོང་དེ་རྣམས་རྩ་ལྟུང་ཡིན། །འདི་དག་བྱང་ཆུབ་སེམས་དཔའ་རྒྱལ་པོའི་ཚུལ་དང་། བློན་པོ་དང་། ཕལ་པའི་ཚུལ་ཅན་དེ་དག་ལ་འབྱུང་དུ་ཉེ་བའི་ཆ་ནས་རྒྱལ་པོ་ལ་ངེས་པ་ལྔ་ལ་སོགས་པར་བརྗོད་ཀྱི། དོན་ལ་གང་ཟག་གཅིག་གི་རྒྱུད་ལའང་དེ་དག་ཐམས་ཅད་བསྲུང་དགོས་སོ། །འདི་དག་མིང་གི་སྒོ་ནས་བཅོ་བརྒྱད་ཡོད་ཀྱང་། རྫས་སུ་བསྡུ་ན། རྒྱལ་པོའི་དང་པོའི་བཞི་དང་བློན་པོའི་ལྔ་པོ་གཅིག་པས་ལྔ། ཕལ་པའི་བརྒྱད་དང་བཅུ་བཞི་རུ་འདུའོ། །ཐུན་མོང་པ་སྨོན་སེམས་བཏང་བ་དང་བཅུ་དགུ། དེའི་སྟེང་དུ་དཀོན་མཆོག་བརྩེགས་པ་ལས། འཇུག་པའི་སེམས་སྤངས་ཏེ། དགེ་བ་ལ་མི་སྦྱོར་བ་དང་ཉི་ཤུའོ། །ཟླ་བ་སྙིང་པོའི་མདོ་དང་། ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་འཇུག་སེམས་སྤོང་བ་ཉིད་ལྟུང་བྱེད་དུ་གསལ་ལོ། །གཉིས་པ་ཡན་ལག་གི་ཉེས་བྱས་ནི། ཡན་ལག་ཉེས་བྱས་བརྒྱད་ཅུ་ལ་སོགས་པ། །ཕྲ་ཕྱིར་འདིར་ནི་མ་བཤད་བསླབ་བཏུས་བལྟ། །དེ་ཡང་ཉེས་བྱས་བརྒྱད་ཅུ་ཞེས་པ། སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་བཏུས་སུ་གསུངས་ནའང་འདིར་སྨྲས་པ། དབང་གི་འབྲས་རྒྱུའི་མཐའ་འཁོ བ་ལྷོར་གཞན་ཕུག །འཆོས་སྐྱོབ་གང་གི་བདུན་གྱི་བདུན་པས་དབེན། །བློ་རྟོག་དུས་ཀྱི་མྱུ་གུས་ཡིད་བྱེད་ཀྱང་། །དབྱིག་ལྡན་ཤེད་བུ་སྭོའུ་ཅན་ཕོངས་བཞིན། །ཞེས་བྱའོ། །གཉིས་པ་སེམས་ཙམ་པའི་ལུགས་ལའང་གཉིས་ཏེ། སྨོན་པ་དང་། འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་ལའང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཐོགས་མེད་ལུགས་ནི་སྨོན་པའི་བསླབ་བྱ་ལ། །སེམས་ཅན་བློས་མི་གཏོང་དང་ཕན་ཡོན་དྲན། །ཚོགས་བསགས་བྱང་སེམས་སྦྱངས་ལ་བརྩོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །དེ་ཡང་སེམས་ཅན་བློས་མི་གཏོང་བ་ནི། མདོ་སྡེའི་རྒྱན་ལས། ཕ་རོལ་སེམས་ཅན་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་བརྒྱར་ཡང་མི་སྐྱོ་བ། །ཞེས་སོ། །ཕན་ཡོན་དྲན་པར་བྱ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་པ་ལ་སོགས་པའོ། །ཚོགས་གཉིས་བསགས་དགོས་པར་ཡང་། ཀླུ་སྒྲུབ་ཀྱིས། ཚོགས་གཉིས་ལམ་ལ་མ་བརྟེན་པར། །མཐར་ཕྱིན་འབྲས་བུ་ཐོབ་མ་ཡིན། །ཞེས་སོ། །བྱང་ཆུབ་ཀྱི་སེམས་སྦྱངས་དགོས་ཏེ་ཞི་བ་ལྷས། སེམས་ནི་བསྐྱེད་པར་མ་བྱས་ན། །སངས་ནི་རྒྱ་བར་མི་འགྱུར་རོ། །ཞེས་པའི་ཚུལ་གྱིས་དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱའོ། །གཉིས་པ་རྒྱས་པར་བཤད་པ་ནི། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུས་སྤྱོད། །ནག་པོའི་ཆོས་བཞི་སྤངས་ཞིང་བཟློག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱོད། །སྤངས་བར་བྱ་བ་ནག་པོའི་ཆོས་བཞི་ནི། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་བསླུས་པ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པའོ། །ཞེས་སོ། །བླང་བྱ་དཀར་པོའི་ཆོས་བཞི་ཡང་དེ་ཉིད་ལས། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཞིང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། སྲོག་གི་ཕྱིར་རམ། ཐ་ན་བཞད་གང་ཀྱི་ཕྱིར་ཡང་རྫུན་དུ་མི་སྨྲ་བ་དང་། གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་མདུན་ན་གནས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་ཀྱིས་བསྔགས་པས་ཕྱོགས་བཅུར་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འགོད་ཅིང་འཛིན་དུ་འཇུག་པ་སྟེ། ཞེས་སོ། །གཞན་ཡང་། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ་འདུ་ཤེས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྟན་པོར་འགྱུར་ཏེ། བཞི་གང་ཞེ་ན་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་བསྒྲུབ་པ་རྣམས་ལ་ལམ་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སོ། །ཞེས་སོ། །གཉིས་པ་འཇུག་པའི་བསླབ་བྱ་ལ་གཉིས། རྩ་བའི་ལྟུང་བ་དང་། ཡན་ལག་གི་ཉེས་བྱས་སོ། །དང་པོ་ནི། རྙེད་བསྐུར་ལྷག་ཞེན་བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ཆོས་ནོར་མི་སྟེར་དང་། །ཁྲོ་བས་གཞན་འཚེ་བཤགས་སྦྱོང་གིས་མི་ལྡོག །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །དེ་ཡང་ཇི་སྐད་དུ། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱི་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤངས་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་རྩ་བའི་ལྟུང་བ་ཕམ་འདྲ་བཞི་ཞེས་བྱའོ། །གཉིས་པ་ཡན་ལག་གི་ཉེས་བྱས་བཞི་བཅུ་ཞེ་དྲུག་ནི། ཉེས་བྱས་ཕྲ་བ་ཞེ་དྲུག་གཞན་དུ་ཤེས། །གཞན་གང་ལས་ཞེ་ན། སྡོམ་པ་ཉི་ཤུ་པ་དེ་ཉིད་ལས། སེམས་ཅན་དོན་བྱེད་འགལ་བ་སོ་བཞི་ནི། །དང་པོ་སྦྱིན་པ་དང་འགལ་བ་བདུན་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་དང་། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་རྣམས་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་དང་འགལ་བ་དགུ་ནི། ཚུལ་ཁྲིམས་འཆལ་བ་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་རྗེར་བཅས་ན་མི་དགེ་མེད། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་ཏུ་བགྲོད་པར་བསམ། །གྲགས་པ་མ་ཡིན་མི་སྤོངས་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱ། །བཟོད་པ་དང་འགལ་བ་བཞི་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་དོར། །ཕ་རོལ་ཤད་ཀྱིས་ཆགས་པ་སྤྱད། །ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག །བརྩོན་འགྲུས་དང་འགལ་བ་གསུམ་ནི། རྙེད་བཀུར་འདོད་ཕྱིར་འཁོར་རྣམས་བསྡུ། །ལེ་ལོ་ལ་སོགས་སེལ་མི་བྱེད། ། ཆགས་པ་བྲེ་མོའི་གཏམ་ལ་བརྟེན། །བསམ་གཏན་དང་འགལ་བ་གསུམ་ནི། ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤངས་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་ལྟ། །ཤེས་རབ་དང་འགལ་བ་བརྒྱད་ནི། ཉན་ཐོས་ཐེག་པ་ལྡང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པ་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤངས་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དོན་ལ་སྨོད་ཅིང་ཡི་གེ་སྟོན། །སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་འགྲོ་བྱ་བ་སྤངས། །སྡུག་བསྔལ་སེལ་བར་མི་བྱེད་དང་། །བག་མེད་རྣམས་ལ་རིག་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །རྐྱེན་དུ་འཚམས་པ་ཚར་མི་གཅོད། །རྫུ་འཕྲུལ་ལ་སོགས་སྡིག་མི་བྱེད། །ཅེས་གསུངས་པ་དག་གོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ལའང་། སྤྱི་དོན་མདོར་བསྟན་པ་དང་། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་བསླབ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ནི་རྒྱལ་སྲས་རྣམས་ཀྱི་ཐར་ལམ་ཆེན་པོ་ཡིན་པས་བསྒྲུབ་པར་བྱ་དགོས་པ་ནི། ཀུན་མཁྱེན་ཆེན་པོས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཅེས་དང་། བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་སོ། །ཕ་རོལ་དུ་ཕྱིན་པ་དྲུག་གི་ངོ་བོ་ནི། ཤིང་རྟ་ཆེན་པོ་ལས། འཁོར་གསུམ་དུ་མི་རྟོག་པས་རང་གི་བདོག་པ་གཞན་ལ་གཏོང་སེམས་དགེ་བ་ས་བོན་དང་བཅས་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །དེའི་བྱེད་ལས་གཞན་གྱི་དབུལ་བ་སེལ་བའོ། །འཁོར་གསུམ་མི་རྟོག་པས་སྲིད་ཞིའི་སྐྱོན་སྤངས་བའི་སེམས་པ་ས་བོན་དང་བཅས་པའི་ཚུལ་ཁྲིམས་སོ། །བྱེད་ལས་འཚེ་བ་ལས་ལོག་པའོ། །འཁོར་གསུམ་མི་རྟོག་པས་གནོད་པ་དང་སྐྱོ་ངལ་བཟོད་ཅིང་ཆོས་ཉིད་ལ་མི་སྐྲག་པ་ནི་བཟོད་པའོ། །དེའི་བྱེད་ལས་ཁྲོ་བ་མེད་པའོ། །འཁོར་གསུམ་མི་རྟོག་པས་དགེ་བ་ལས་སྤྲོ་བ་བརྩོན་འགྲུས་སོ། །བྱེད་ལས་དགེ་བ་འཕེལ་བའོ། །འཁོར་གསུམ་མི་རྟོག་པས་སེམས་རྩེ་གཅིག་བསམ་གཏན་ནོ། །བྱེད་ལས་ཉོན་མོངས་པ་ཞི་བའོ། །འཁོར་གསུམ་མི་རྟོག་པས་ཆོས་ཉིད་རང་བཞིན་རྟོགས་པ་ནི་ཤེས་རབ་བོ། །བྱེད་ལས་ཤེས་བྱ་རྟོགས་ཤིང་འཁོར་བ་ལས་སྒྲོལ་བའོ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དེ་དག་གི་ཡོན་ཏན་ནི་བཞི་སྟེ། གཞན་དོན་བྱང་ཆུབ་ལ་དམིགས་པས་རྒྱ་ཆེ་བ་དང་། མངོན་མཐོ་ངེས་ལེགས་འགྲུབ་པས་དོན་ཆེ་བ་དང་། འཇིག་རྟེན་ལས་འདས་པས་ཟང་ཟིང་མེད་པ་དང་། དགེ་བ་གོང་དུ་འཕེལ་བས་མི་ཟད་པ་སྟེ། མདོ་སྡེའི་རྒྱན་ལས་རྒྱ་ཆེ་བ་དང་ཟང་ཟིང་མེད། དོན་ཆེ་བ་དང་མི་ཟད་པ། སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞི་ནི་ཤེས་པར་བྱ། །ཞེས་སོ། །གྲངས་ངེས་པ་ལ་གསུམ་ལས། དང་པོ་མངོན་མཐོ་འགྲུབ་པ་དང་ཉོན་མོངས་པ་སྤངས་པ་ལ་ལྟོས་ནས། དྲུག་ཏུ་ངེས་པར་ཡང་། དེ་ཉིད་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པས་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་སོ། །གཉིས་པ་གཞན་དོན་བྱས་པས་རང་དོན་འགྲུབ་པ་ལ་ལྟོས་ཏེ་དྲུག་ཏུ་ངེས་པར། དེ་ཉིད་ལས། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་སོ། །གསུམ་པ་བསླབ་པ་གསུམ་གྱི་དབང་དུ་བྱས་ནས། དེ་ཉིད་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པས། དང་པོ་གསུམ་ཚུལ་ཁྲིམས། བསམ་གཏན་སེམས། ཤེས་རབ་ནི་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་ནི་གསུམ་ཀའི་གྲོགས་སུ་བསྡུས་པའོ། །གོ་རིམ་ངེས་པ་ནི། དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་གོ་རིམ་བསྟན་པ་ཡིན། །ཞེས་པས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་རྒྱུ་དང་འབྲས་བུ་རིམ་པ་དང་། སྦྱིན་པ་ལས་ཚུལ་ཁྲིམས་བཟང་བས་མཆོག་དམན་དང་། སྔ་མ་སྔ་ཞིང་རྟོགས་སླ་ལ་ཕྱི་མ་དཀའ་བས་ཕྲ་རགས་ཀྱི་རིམ་པ་སྟེ་གསུམ་ལ་ལྟོས་ནས་ངེས་པ་ཡིན་ནོ། །བསྒྲུབ་ཚུལ་ནི། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་པ་ལ་གཟོད་པར་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱི་ཡང་དག་སྦྱོར། །ཞེས་སོ། །ངེས་ཚིག་ནི། དེ་ཉིད་ལས། དབུལ་བ་སེལ་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་ལ་སྦྱོར་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པའི་དོན་ནོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལའང་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། འགྲོ་བ་རྣམས་ཀྱི། དབུལ་བ་སེལ་ཕྱིར་ཆོས་ནོར་མི་འཇིགས་སྦྱིན། །དེ་ལ་ཆོས་ཀྱི་སྦྱིན་པ། ཟང་ཟིང་ནོར་གྱིས་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གསུམ་སྟེ། འཕགས་པ་འཇིག་རྟེན་འཛིན་གྱིས་དྲི་བས་ལུང་བསྟན་པའི་མདོ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། མྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་པ་ཇི་ལྟ་བ་བཞིན་དུ། ཉན་ཐོས་དང་། རང་སངས་རྒྱས། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །དེ་ལ་ཟང་ཟིང་གི་སྦྱིན་པ་གང་ཞེ་ན། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་བ་ཞེས་པ་ནི། ཟས་དང་། གོས་དང་། ཤིང་རྟ་དང་། དགེ་སློང་གཞན་ལ་སྦྱིན་པའོ། །གཏོང་ཆེན་པོ་ཞེས་བྱ་བ་ནི། བུ་དང་། བུ་མོ་དང་། ཁྱིམ་ཐབ་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་གཏོང་བ་བྱ་དཀའ་བའོ། །ཞེས་སོ། །མི་འཇིགས་པའི་སྦྱིན་པ་ནི། འཇིགས་པར་སྐྱེལ་མ་དང་། མཐུ་དང་ལྡན་པས་རི་རྒྱ་ཀླུང་རྒྱ་སྡོམ་པ་ལ་སོགས་པ་སྟེ། བྱང་ས་ལས། སེང་གེ་དང་། སྟག་དང་། ཆུ་སྲིན་འཛིན་ཁྲི་དང་། རྒྱལ་པོ་དང་། ཆོམ་རྐུན་དང་། ཆུ་ལ་སོགས་པའི་འཇིགས་པ་ལས་ཡོངས་སུ་སྐྱབས་པ་ཡིན་པར་རིགས་པར་བྱའོ། །ཞེས་སོ། །གཉིས་པ་ཚུལ་ཁྲིམས་ནི། སྤངས་པའི་སེམས་ཀྱིས་ཚུལ་ཁྲིམས་རྣམ་གསུམ་སྤྱད། །དེ་ལའང་གསུམ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་རྣམས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལ་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་བ་ཆོས་སྡུད་ཀྱི་ནི། དགེ་བའི་རྩ་བ་མངོན་པར་བསྒྲུབ་པ་ཡིན་ནོ། །སེམས་ཅན་དོན་བྱེད་ཀྱིས་ནི་གཞན་ལ་ཕན་པ་ལྷུར་ལེན་པ་ཡིན་ནོ། །ཞེས་སོ། །དང་པོ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་ཀྱི་སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པའོ། །དེ་ཡང་ས་སྡེ་ལས། རབ་ཏུ་བྱུང་བའི་བསླབ་པར་བརྗོད་པ་དེ་དག་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་ཐོབ་ལ་མ་ཉམས་པར་ཡོད་པ་ནི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཡིན་པར་གསུངས་ལ། མདོ་ལས། བྱང་ཆུབ་སེམས་དཔའི་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་བུ་མོའི་གཟུགས་སུ་འདུག་པ་བྱེ་བ་ཁྲི་རབ་ཏུ་མང་པོ་དག་དང་ཐབས་ཅིག་ཏུ། ཞེས་གསུངས་པ་ཡིན་ནོ། །དགེ་བ་ཆོས་སྡུད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཡོན་ཏན་མ་སྐྱེས་པ་བསྐྱེད། སྐྱེས་པ་སྤེལ་བའོ། །སེམས་ཅན་དོན་བྱེད་ནི་ཐབས་ལ་མཁས་པས་དངོས་སམ་བརྒྱུད་ནམ་སེམས་ཅན་ལ་ཕན་འདོགས་ཤིང་། བསྡུ་དངོས་བཞིས་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་ལ་བཀོད་པའོ། །གསུམ་པ་བཟོད་པ་ནི། ཁོང་ཁྲོ་ཟབ་མོ་སྡུག་བསྔལ་བཟོད་པ་བྱ། དེ་སྐད་དུའང་། མདོ་སྡེའི་རྒྱན་ལས། མི་བཇེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཞེས་པས། བཟོད་པ་གསུམ་སྟེ། འདི་ལྟར་ཕ་རོལ་གྱིས་གནོད་པའི་འཚེ་བ་སོགས་པ་བྱས་པ་ལ་ཁོང་ཁྲོ་མི་བསྐྱེད་པ་ནི་མི་མཇེད་པའི་བཟོད་པའོ། །ཐར་བ་དང་རང་གཞན་གྱི་དོན་བསྒྲུབ་པའི་དཀའ་སྤྱད་བཟོད་པ་ནི་སྡུག་བསྔལ་དང་ལེན་ཇི་མི་སྙམ་པའི་བཟོད་པའོ། །སྙིང་རྗེས་གཞན་གྱི་དོན་ལ་སྐྱོ་ངལ་མེད་པ་དང་སྟོང་ཉིད་ཟབ་མོ་ལ་མི་སྐྲག་པ་ནི་ཆོས་ཉིད་དམིགས་པ་མེད་པའི་བཟོད་པའོ། །བཞི་པ་བརྩོན་འགྲུས་ནི། གསུམ་སྟེ། གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་བརྩོམས། །དེ་ཡང་དགེ་བ་བསྒྲུབ་ཅིང་བདུད་བཞི་འཇོམས་པའི་རྒྱུ་གོ་ཆའི་བརྩོན་འགྲུས་དང་། ལམ་ལྔ་ས་བཅུ་ལ་སོགས་པའི་དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས་དང་། རང་དང་གཞན་གྱི་དོན་གྱི་ཕྱིར་གཞན་ཕན་གྱི་བརྩོན་འགྲུས་གསུམ་སྟེ། མདོ་སྡེའི་རྒྱན་ལས། རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་ཐོབ་པར་བྱེད། །ཅེས་སོ། །ལྔ་པ་བསམ་གཏན་ནི། འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་བསྒོམ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀྱི་བསམ་གཏན་ལས་ནང་ཚན་དུ་དབྱེ་ན་གསུམ་སྟེ། ལམ་དུ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཏན་བཞི་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ་ལ། ལམ་དུ་ཞུགས་པ་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་པའི་ལམ་དུ་བྱེད་ཅིང་དོན་རབ་ཏུ་འབྱེད་པས་ན་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ཡན་ཆད་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་ཟག་པ་མེད་པའི་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱ་སྟེ། ལང་ཀར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་དགའི་བསམ་གཏན་ཏེ། །ཞེས་སོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཐོས་བསམ་བསྒོམ་པའི་ཤེས་རབ་ཟབ་མོ་སྤྱད། །དེ་ཡང་གསུམ་སྟེ། འགྲེལ་ཆུང་ལས། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བ་དག་གམ། ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་དང་། རྗེས་ལས་བྱུང་བའི་ཤེས་རབ་དག་གིས། ཞེས་སོ། །དེ་ཡང་བསམ་གཏན་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ཡིན་ལ། ཤེས་རབ་ནི་ཕ་རོལ་དུ་ཕྱིན་ལྔའི་མཆོག་ཏུ་གྱུར་པ་ལྷག་མཐོང་གི་ཡེ་ཤེས་ཉིད་དེ་མངོན་དུ་བྱ་བ་ལའང་། ཐོག་མར་ཐོས་པ་དགོས་ཏེ། རྒྱུད་བླ་མ་ལས། གང་ཕྱིར་ཤེས་རབ་མཆོག་ཡིན་དེ་ཡི་རྒྱུ་ནི་ཐོས་པ་ཡིན། །ཞེས་སོ། །བར་དུ་བསམ་བྱུང་གི་ཤེས་རབ་ཀྱིས་གཏན་ལ་དབབ་པ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་དོན་མ་ཡིན་པ་སྤངས། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཅེས་སོ། །བསྒོམ་བྱུང་གི་ཤེས་རབ་སྟོང་ཉིད་སྙིང་རྗེ་ཐབས་ཤེས་དབྱེར་མེད་ཀྱི་ངང་ལ་ཉམས་སུ་ལེན་དགོས་ཏེ། བཀའ་ཐང་ལས། ཚིག་ལ་མཁས་ན་མཁས་པ་མ་ཡིན་ཏེ། །མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །ཞེས་སོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལའང་། བསྡུ་དངོས་བཞི་སྤྱིར་བསྟན་པ་དང་། བསླབ་བྱ་གཞན་དག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྡུ་དངོས་བཞི། །ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་དྲང་ནས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །དེ་སྐད་དུའང་། སྐྱེས་རབས་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ནས། །སྙན་པར་སྨྲ་བའི་གཏམ་བྱས་ཏེ། །དོན་མཐུན་པ་ཡིས་བག་ཕབ་ལ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་དང་། མདོ་སྡེའི་རྒྱན་ལས། སྦྱིན་མཚུངས་དེ་སྟེན་ལེགས་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོ། །དེ་ཡང་སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་བཞི་ལས། དང་པོ་ནི། སྦྱིན་པ་དེ་ཡང་ཀུན་སློང་མ་དག་པ་ཚེ་འདིའི་ཆེ་གྲགས་དང་། ལན་དང་རྣམ་པར་སྨིན་པ་ལ་རེ་བ་དང་། ཡུལ་མ་དག་པ། ཕྱུག་པོ་དང་། རྒྱལ་པོ་དང་། སྨད་འཚོང་མ་ལྟ་བུ་མ་ཡིན་པ་ལ། དང་པོ་མ་དག་པ་སུམ་ཅུ་རྩ་གཉིས་སྦྱིན་པ་མ་ཡིན་པར་ལན་དང་རེ་བ་མེད་པར་གཏོང་བའོ། །མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་ནི། དྲང་སྲོང་རྒྱལ་བས་ཞུས་པའི་མདོ་ལས་གསུངས་པ། གསོད་ཤ་དུག་དང་མཚོན་ཆ་ཆང་། །གཞན་ནོར་མཛའ་ལ་སྟེར་བ་དང་། །ཕྱིན་ན་རྙེད་ཕྱིར་དམ་པ་རྣམས། །བོར་ནས་ཕྱུག་པོ་རྣམས་ལ་སྟེར། །མཐུ་དང་འཇབ་བུ་གཡོ་ཐབས་ཀྱིས། །ནོར་བླང་དགེ་བ་བྱེད་པ་དང་། །གཞན་གྱི་གཏམ་པ་སྦྱིན་པ་དང་། །ལོག་ལྟ་མ་དང་ཕན་བཏག་ལན། །མེ་ཆུ་རྒྱལ་གཏེར་འཇིགས་ཕྱིར་སྟེར། །བསླུ་ཕྱིར་བསྟོད་ཕྱིར་རོལ་མོ་མཁན། །སྐར་མཁན་ནད་ཕྱིར་སྨན་པ་བརྐྱང་ནས་སྟེར། །རྣམ་སྨིན་རང་ཉིད་ལང་འཚོ་རྒས། །ནད་དང་འཆི་ཚེ་རྐུས་ནས་མཆོད། །ཡུལ་གཞན་གྲགས་ཕྱིར་ཕོད་བསྟན་ཕྱིར། །བུད་མེད་ཕྱིར་དང་བུད་མེད་ཕྱིར། །འདི་དག་མ་དག་སྦྱིན་པ་ཡིན། །ཅེས་སོ། །གཉིས་པ་ཚིག་སྙན་པར་སྨྲ་བས་བསྡུ་དགོས་པ་ནི། ཟླ་བ་སྒྲོན་མ་ལས། ཟླ་རྒྱས་བཞིན་འཛུམ་དུལ་བ་དང་། །རྒན་རབས་དང་ནི་གསར་བུ་ལ། །རྟག་ཏུ་གསོང་པོར་སྨྲ་བ་དང་། །དེས་ཤིང་ང་རྒྱལ་མེད་པར་བྱ། །འཇིག་རྟེན་ཡིད་དུ་འོང་བའི་གཏམ། །རིགས་པས་དུས་སུ་སྨྲ་བར་བྱ། །སྣ་ཚོགས་གཡེངས་པར་འགྱུར་བའི་ཚིག །འཇིགས་པས་ནམ་ཡང་སྨྲ་མི་བྱ། །ཞེས་དང་། སྤྱོད་འཇུག་ལས། སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤངས་པ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་པའི་ཚུལ་གྱིས་སོ། །གསུམ་པ་དོན་སྤྱོད་པས་བསྡུ་བ་ཡང་། དེ་ལྟར་གདུལ་བྱའི་བློ་རིགས་ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་དང་། ཆེན་པོའི་ཆུང་ངུ་ལ་སོགས་ཐ་དད་པ་ཇི་སྙེད། ཡོད་པས་ཐེག་པ་རིམ་པ་དགུ་ལ་སོགས་རང་རང་དང་འཚམས་པའི་ཆོས་བསྟན་དགོས་ཏེ། གཞན་དུ་ན་བློ་ཆུང་ལ་ཐེག་ཆེན་སྟོན་ན་ཆོས་སྤངས་པས་ངན་འགྲོར་འགྲོ་སྟེ། སྡུད་པ་ལས། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་ངན་འགྲོར་འགྲོ། །ཞེས་སོ། །ཆེན་པོ་ལ་ཆུང་ངུ་མི་བཤད་དེ། སྤྱོད་འཇུག་ལས། རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །ཞེས་སོ། །བཞི་པ་དོན་མཐུན་པས་བསྡུ་བ་ནི། རང་ཉིད་མ་ཞི་མ་དུལ་བར་གཞན་དུལ་བར་མི་ནུས་པས་ཐོག་མར་རང་ཉིད་ཞི་དུལ་ལ་སོགས་པ་དང་ལྡན་པར་བྱ་སྟེ། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། འགའ་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲ་ཡང་། རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་འདུལ་བར་མི་ནུས་ཞེས། ཁྱོད་ཀྱིས་དགོངས་ཏེ་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། རེ་ཞིག་བདག་ཉིད་མ་དུལ་བ་དག་དུལ་བར་མཛད་ཕྱིར་བརྩོན་པ་ལགས། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། མ་བསྒྲལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་དགྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་དགྲོལ་བར་བྱེད་པར་ནུས། །མིག་ལྡན་ལོང་ལ་ལམ་སྟོན་ནུས། །ཞེས་དང་། ཆོས་བཅུ་པ་ལས། ཇི་ལྟར་བདག་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། བདག་ཉིད་མ་དུལ་བ་དང་མ་ཞི་བ་དང་། མ་བསྲུངས་པས་ནི་བདག་གི་ཆ་མ་ཡིན་པས་ཞི་བ་དང་། དུལ་བ་དང་། བསྲུང་བར་བྱའོ། །ཞེས་དང་། ཡུམ་བར་མ་ལས། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་པ་སྤང་བ་ལ་བསྐུལ་བ་ཡིན། སྲོག་བཅད་པ་སྤང་བའི་ལེགས་པ་བརྗོད་པ་ཡིན། སེམས་ཅན་གཞན་དག་གང་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། ཞེས་སོགས་དང་། བདག་ཉིད་ཀྱང་སྦྱིན་པ་གཏོང་བ་ཡིན། ཞེས་པ་ལ་སོགས་པ་གསུངས་པ་བཞིན་ནོ། །གཉིས་པ་བསླབ་བྱ་གཞན་བྱེ་བྲག་ཏུ་བཤད་པ་ནི། དེ་ལྟར་བཤད་པའི་བྱང་ཆུབ་སེམས་དཔའ་དང་། །མཐུན་ཕྱོགས་ཀུན་སློབ་མི་མཐུན་མཐའ་དག་སྤངས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་བསྟེན། །དེ་ཡང་བསླབ་པར་བྱ་བ་རིག་པའི་གནས་ལྔ་ལ་སོགས་པ་སློབ་དགོས་ཏེ། ཀླུ་སྒྲུབ་ཀྱིས། རྒྱལ་བའི་སྲས་ཀྱིས་མི་བསླབ་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་དང་། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་བཅད་པ་དང་རྗེས་བཟུང་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་སོ། །དེའི་རྒྱུ་མཚན། སངས་རྒྱས་དྲིན་ལན་བསབ་པའི་མདོ་ལས། སངས་རྒྱས་ཀྱི་ཆོས་ཚོལ་བ་ནི་སེམས་ཅན་ཐམས་ཅད་དད་པ་བསྐྱེད་པའི་ཕྱིར། རྒྱུའི་རིག་པའི་བསྟན་བཅོས་སློབ་པར་བྱེད་དོ། །ཞེ་ན། ཉེས་པའི་སྐྱོན་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་དང་། མུ་སྟེགས་ཅན་གྱི་ལྟ་བ་ངན་པར་ལྟ་བའི་གཙུག་ལག་ཞིག་པར་བྱ་བ་དང་། སེམས་ཅན་གདུལ་བའི་ཐབས་མཁས་པར་ཤེས་པར་བྱ་བ་དང་དེ་བཞིན་གཤེགས་པས་གསུངས་པའི་ཚིག་གི་དོན་དང་། འཇིག་རྟེན་པའི་ཚིག་གི་དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྒྲ་རིག་པའི་བསྟན་བཅོས་སློབ་པར་བྱེད་དེ། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་རིག་པའི་བསྟན་བཅོས་སློབ་ཅེ་ན། སྨྲས་པའི་ཚིག་ཡོངས་སུ་དག་པར་བརྒྱན་པ་དང་། ཡོངས་སུ་མ་དག་པའི་ཚིག་གིས་དོན་གསལ་བར་སྟོན་མི་ནུས་པ་དང་། དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པའི་ཚིག་མ་ཉམས་པས་ང་རྒྱལ་གྱིས་མི་ཤིག་པ་དང་། ངན་པར་ལྟ་བ་ལས་ཟློག་ཅིང་སེམས་ཅན་གདུལ་བའི་ཐབས་མཁས་པ་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ཅིའི་ཕྱིར་སྨན་དཔྱད་ཀྱི་རིག་པའི་བསྟན་བཅོས་ལ་སློབ་ཅེ་ན། སེམས་ཅན་རྣམས་མི་དགེ་བའི་ནད་བཞི་བརྒྱ་རྩ་བཞི་དང་བྲལ་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་བརྩེ་བའི་ཕྱིར། སེམས་ཅན་རྣམ་པ་ཐ་དད་པ་རྣམས་ལ་སེམས་བསྐྱེད་པར་བྱ་བ་དང་། དེ་ལྟར་ནད་དང་བྲལ་བའི་སེམས་བསྐྱེད་པར་བྱ་བ་དང་། དེ་ལྟར་དགའ་བའི་སེམས་བསྐྱེད་པས་རྟག་ཏུ་སངས་རྒྱས་དྲན་པར་འགྱུར་ཏེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྨན་དཔྱད་ཀྱི་རིག་པ་སློབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་འཇིག་རྟེན་པའི་བཟོའི་རིག་པ་སློབ་ཅེ་ན། སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར། དོན་ཟང་ཟིང་རྙེད་སླ་བས་སེམས་ཅན་རྣམས་དད་པ་བསྐྱེད་པར་བྱ་བ་དང་། འཇིག་རྟེན་གྱི་བྱ་བའི་དངོས་པོ་ཀུན་ཤེས་པས་ང་རྒྱལ་གཞོམས་པ་དང་། སེམས་ཅན་གདུལ་བ་དང་། སྲིད་པའི་ཆོས་ཐམས་ཅད་ཀྱི་སྒྲིབ་པ་ཀུན་བསལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བཟོའི་རིག་པ་སློབ་པར་བྱེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་ལ་མ་བསླབས་ན། ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །ཞེས་གསུངས་སོ། །སྤང་བླང་གི་གནས་གཞན་ཡང་། སྤྱོད་འཇུག་ལས། དེ་ལྟར་རང་དབང་ཡོད་ཀྱི་སྟེ། །རྟག་ཏུ་འཛུམ་པའི་བཞིན་གྱིས་བལྟ། །ཁྲོ་གཉེར་ངོ་གནག་པ་ཡང་སྤངས། །འགྲོ་བའི་བཤེས་དང་གསོང་པོར་བགྱི། །མིག་གིས་སེམས་ཅན་བལྟ་ན་ཡང་། །འདི་དག་ཉིད་ལ་བརྟེན་ནས་ནི། །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །རྐང་པ་བརྐྱང་སྟེ་མི་འདུག་ཅིང་། །ལག་པ་མཉམ་པར་མི་མཉེའོ། །ཁ་བཀང་བ་དང་སྒྲ་བཅས་དང་། །ཁ་གདངས་ནས་ནི་ཟ་མི་བྱ། །ཁྲི་ལ་སོགས་པར་བབ་ཅོལ་དུ། །སྒྲ་དང་བཅས་པ་མི་འདུག་ཅིང་། །སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། །རྟག་ཏུ་བཅོམ་སྐྱུངས་དགའ་བར་བྱ། །མགོན་པོ་མྱ་ངན་འདས་གཟིམས་ལྟར། །འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་དང་། ལྷག་པའི་བསམ་པས་བསྐུལ་བའི་མདོ་ལས། རྙེད་པ་དང་། བཀུར་སྟིས་ནི་འདོད་ཆགས་བསྐྱེད་པར་རིགས་པར་བྱའོ། །དེ་བཞིན་དུ། ཞེ་སྡང་དང་། གཏི་མུག་བསྐྱེད་པར། དགེ་བའི་ཆོས་འཕྲོག་པར་རིགས་པར་བྱའོ། །ཞེས་དང་། བསླབ་པ་ཀུན་ལས་བཏུས་པར། དེ་ཕྱིར་རྒྱལ་བའི་སྡོམ་པའི་མདོ། །གང་གི་སེམས་ཅན་མ་དད་གྱུར། །དེ་ནི་བསྒྲིམ་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཞེས་སོ། །དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་སེམས་ཅན་རྣམས་མ་དད་པར་འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར་མི་སྨྲ་བ་ཡིན་ནོ། །ཞེས་དང་། བསླབ་བཏུས་ལས། དེ་ལྟར་ན་ལོངས་སྤྱོད་དུ་བྱ་བ་ཆུ་འམ་ཐང་ལ་གཅིན་དང་ཕྱི་ས་དང་། མཆིལ་མ་དང་། རྣག་ལ་སོགས་པ་སྨད་པ་རྣམས། དབེན་ཡང་རུང་མི་དབེན་ཡང་རུང་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་དོར་རོ། །ཞེས་དང་། གཞན་ཡང་དྲིན་ལན་བསབས་མདོ་ལས། ཚོང་སྤོགས་ཀྱི་ལས་རྣམ་པ་ལྔ་ནི་མི་བྱའོ། །རྐང་འགྲོས་ཕྱུགས་ཀྱི་ཚོང་སྤོགས་ཀྱི་ལས་མི་བྱའོ། །བདག་ཉིད་ཀྱི་ཕྱུགས་ཡོད་ན་འཚོང་དུ་གནང་གི། ཤན་པ་ལ་བཙོང་དུ་མི་རུང་ངོ་། །མདའ་གཞུ་དང་མཚོན་ཆའི་བག་ཚོང་སྤོགས་ཀྱི་ལས་བྱར་མི་རུང་ངོ་། །ཆང་གི་ཚོང་སྤོགས་ཀྱི་ལས་བྱར་མི་རུང་ངོ་། །སྲིན་བུ་མང་དུ་འཆི་བས་འབྲུ་མར་བཙིར་མི་རུང་ངོ་། །ཁ་དོག་ཚོན་ཆེན་པོ་ལྔ་བཙོ་བླག་བྱར་མི་རུང་སྟེ་སྲིན་བུ་མང་དུ་འཆི་བའི་ཕྱིར་རོ། །ཞེས་དང་། སྡོམ་པ་མ་ཡིན་པའི་ཚུལ་ཁྲིམས་བཅུ་གཉིས་ཞེས་བྱ་བ་ནི། འདི་ལྟ་སྟེ་ཤན་པ་དང་། གཤེད་མ་དང་། ཕག་གསོ་བ་དང་། བྱ་གསོ་བ་དང་། ཉ་གཤོར་བ་དང་། རྔོན་པ་དང་། བྱ་གཤོར་བ་དང་། སྦྲུལ་གཤོར་བ་དང་། ཀླུ་ལ་སྔགས་འདེབས་པ་དང་། བཙོན་རྫི་བྱེད་པ་དང་། རྐུན་པོ་བྱེད་པ་དང་། རྐུན་པོ་འཛིན་པའོ། །ཞེས་བྱ་བ་སོགས་གསུངས་སོ། །དེ་ཡང་སྤང་བླང་གི་གནས་དེ་དག་ལ་དུས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པ་གསུམ་གྱིས་བསྲུང་དགོས་ཏེ། སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་དང་ཤེས་བཞིན་བག་ཡོད་དག །སྲོག་ལ་བབ་ཀྱང་བསྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་དང་། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲངས་པས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་གཏོང་བཞིན་ངན་འགྲོར་འགྲོ། །ཞེས་སོ། །དེ་ཡང་བླང་དོར་རྣམས་ལ་དྲན་པ་དང་ཤེས་བཞིན་བག་ཡོད་པས་སེམས་ནང་དུ་ལེགས་པར་བརྟགས་གཞིག་གལ་ཆེ་སྟེ། སྔ་མ་ལས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟགས་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་གང་ཡིན་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་སོ། །འདི་ལྟར་དྲན་ཤེས་བག་ཡོད་གསུམ་གྱིས་མ་ཟིན་ན་སྔོན་ཡོད་པའི་ཐོས་པ་ལ་སོགས་ཉམས་ཤིང་། དད་ཙམ། བརྩོན་ཙམ། ཐོས་ཙམ་ཡོད་ཀྱང་ལྟུང་བའི་རྙོག་པས་གོས་ཏེ་འཁོར་བ་ལས་མི་ཐར་བ་ཉིད། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་རྣམས། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཞེས་སོ། །གཞན་དུ་ན་ལྐོག་ཏུ་བག་མེད་སྤྱོད་པའང་ཤིན་ཏུ་མི་རིགས་ཏེ། ལྷའི་མིག་དང་ལྡན་པའི་གྲུབ་པ་རིག་འཛིན་རྒྱལ་སྲས་རྣམས་སྒྲིབ་བྱེད་དེ་མེད་པའི་ཕྱིར། སྐྱེས་རབས་ལས། མ་མཐོང་བར་ནི་སྡིག་པ་བྱེད་པ་དག །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་དག་གི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་སོ། །གཞན་དུ་མི་གཞན་གྱིས་མ་མཐོང་བའམ། རང་གཅིག་པུ་ལ་སོགས་པར་ཡང་བག་མེད་པའི་ལས་བྱས་ན། མིས་མ་མཐོང་རུང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པས་ཁྲེལ་ཏེ། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་ནུས་པར་ལྡན། །དེ་དག་ཐམས་ཅད་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །དེ་ལྟར་བསམ་ནས་ངོ་ཚ་དང་། །གུས་དང་འཇུག་ལྡན་དེ་དག་གནས། །ཞེས་གསུང་པའི་ཕྱིར་རོ། །གཞན་ཡང་བྱ་བ་དང་སྤྱོད་པ་ཐམས་ཅད་དགེ་བའི་རྣམ་པ་འབའ་ཞིག་གིས་དུས་འདའ་བར་བྱ་སྟེ། འགྲོ་འདུག་ཟ་འཆག་སྤྱོད་ལམ་རྣམ་པ་བཞི། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལྟར། །གང་བྱེད་རིགས་མཐུན་ཚིག་གིས་སྨོན་ལམ་འདེབས། །དེའི་དོན་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུ། །དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་དོན་ཕྱིར་དེ་སྔོན་འདུ་བྱེད་དོ། །ཅེས་པའི་ཚུལ་ཏེ། རྒྱས་པར་སངས་རྒྱས་ཕལ་མོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་ལས་གསུངས་པ། བྱང་ཆུབ་སེམས་དཔའི་ཁང་བུའི་ནང་དུ་འཇུག་པའི་ཚེ། སེམས་ཅན་གྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་དང་ཁྲེལ་ཡོད་ཀྱིས་གོས་གྱོན་པར་སྐེ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་བཏང་བ་ན་ཉོན་མོངས་པའི་བུད་ཤིང་སྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཁ་ཟས་བཟའ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་བར། སྐས་ལས་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། ཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར་གྱུར་ཅིག །སེམས་ཅན་དང་འཕྲད་པ་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ལས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དཔེའི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་བ་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྟོང་པ་མཐོང་ན་སྐྱོན་གྱིས་སྟོང་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བ་མཐོང་ན་འདུས་བྱས་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར། ནད་པ་མཐོང་ན་ནད་ལས་གྲོལ་བར། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལེན་ལྡོན་པར། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རྒོལ་བ་མཐོང་ན་ཕལ་གྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱིས་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་བ་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་བ་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་སོ། །གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་གཙུག་རྒྱན་ཀུན་མཁྱེན་ངག་གི་དབང་པོ་ཞེས། མཁྱེན་རབ་དབང་ཕྱུག་ཀློང་ཆེན་རབ་འབྱམས་ནི། །སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །བསྡུ་ན་དཀར་ནག་ཆོས་བརྒྱད་འདུ་ཞེས་གསུངས། དེ་ཡང་སེམས་ཉིད་ངལ་གསོའི་ལེའུ་བརྒྱད་པར། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་བསྒོམ། །དེ་ཡི་མི་མཐུན་ཕྱོགས་སྤངས་སེམས་བསྲུང་བྱ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །དེ་ཡི་མི་མཐུན་ཕྱོགས་སྤངས་བརྩོན་པར་བྱ། །ཞེས་དང་། མདོར་ན་ནག་པོའི་ཆོས་བཞི་སྤངས་བྱ་ཞིང་། དཀར་པོའི་ཆོས་བཞི་དག་ལ་ནན་ཏན་བྱ། ཞེས་གསུངས་པའི་དོན། བྱམས་པས་ཞུས་པའི་མདོ་ལས། བྱམས་པ། དེ་ལས་གཞན་གྱི་དོན་དུ་སྨོན་པ་དེ་ཡང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ཡིན་ལ། ཡང་དག་པར་སྤྱོད་པ་དེ་ཡང་ཕ་རོལ་དུ་ཕྱིན་པ་དྲུག་སྟེ། ཞེས་སོ། །དེ་ཡང་ཚད་མེད་པ་བཞི་པོ་ཡང་ཐར་པའི་ལམ་དང་མ་འབྲེལ་ན། ཚང་པའི་གནས་བཞི་ཞེས་བསམ་གཏན་བཞིའི་ཉེ་རྒྱུ་ཡིན་ཏེ་སྲིད་པར་འདུ་བྱེད་པའི་ཕྱིར། ཡུམ་སྙིང་པོ་མཆོག་ལས། ཤཱ་རིའི་བུ་འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི་ཚངས་པའི་གནས་བཞི་སྟེ། སྲིད་པ་མངོན་པར་འདུ་ཤེས་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བཞི་ནི། ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ། །ཞེས་སོ། །དེ་ཡང་ཚད་མེད་བཞིའི་དམིགས་ཡུལ་སེམས་ཅན་ལ་དམིགས་པའི་ཚད་མེད་པ་བཞི་དང་། ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་ནས་དམིགས་པ་མེད་པའི་ཚད་མེད་བཞི་དང་དབྱེ་ན་གཉིས་ཏེ། ས་སྡེ་ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ། ཞེས་སོ། །གཞན་ཡང་ཚད་མེད་བཞི་པོ་རེ་རེ་ལའང་སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གསུམ་ལ་བརྟེན་ནས་སྐྱེ་བར། བྱང་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་རྣམས་དང་མཐུན་པ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་པ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ཞེས་སོ། །དེ་ཡང་ཐུན་མོང་གི་སེམས་སྦྱོང་བསྒོམ་ཚུལ་ནི། དང་པོ་བྱམས་པ་བསྒོམ་པ་ནི། ཀྱེ་མ་སེམས་ཅན་འདི་དག་ཐམས་ཅད་སྔ་ཕྱི་མེད་པར་ཐུན་མོང་ལྷ་མིའི་བདེ་བ་དང་ཁྱད་པར་རྒྱལ་བ་སྲས་དང་བཅས་པའི་དགའ་བདེའི་བར་ལ་སྤྱོད་པར་གྱུར་ན་ཅི་མ་རུང་། དེའི་ཕྱིར་བདེ་བའི་རྒྱུ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་གྱུར་ཅིག་གུ་བསམ་པར་བྱ་སྟེ། ཡུམ་བར་མ་ལས། སེམས་ཅན་བདེ་བ་དང་མི་ལྡན་པ་མཐོང་བ་དེའི་ཚེ་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། སེམས་ཅན་འདི་དག་ནི་ལྷ་ཡུལ་བའི་ལྷའི་བདེ་བ་དང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་སྙམ་དུ་ཡིད་ལ་བྱའོ། །ཞེས་སོ། །གཉིས་པ་སྙིང་རྗེ་ནི། སེམས་ཅན་འདི་དག་སྡུག་བསྔལ་དང་འདུ་བྱེད་འགྱུར་བའི་སྡུག་བསྔལ་ལས་མ་འདས་པ་འདི་དག་བདག་གིས་དྲངས་ཏེ་ཕྱིན་ཆད་སྡུག་བསྔལ་བའི་རྒྱུ་མི་དགེ་བ་ཐམས་ཅད་དང་བྲལ་བར་བྱའོ་སྙམ་དུ་བྱ་སྟེ། དེ་ཉིད་ལས། སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་འདི་སྙམ། སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་སེམས་པ་ཡིན་ནོ། །ཞེས་སོ། །གསུམ་པ་དགའ་བ་ནི། སེམས་ཅན་དགའ་བདེར་གནས་པ་མཐོང་ན་འདི་དག་ད་ནས་བདེ་བ་འདི་ལྟ་བུའི་རྒྱུ་ཐར་པའི་ལམ་ལ་སྤྱོད་པས་རྣམ་པ་ཐམས་ཅད་དུ་བདེ་སྐྱིད་ཁོ་ན་ལ་སྤྱོད་ན་རེ་དགའ་སེམས་པ་སྟེ། ཉི་ཁྲི་ལས། སེམས་ཅན་གང་དག་རང་རང་གི་བདེ་བས་འབྱོར་པ་མཐོང་ན་འདི་སྙམ་དུ་སེམས་ཏེ། བདེ་བ་འདི་དང་མི་འབྲལ་བར་ཤོག་ཅིག །ལྷ་དང་མིའི་བདེ་བ་ལས་འདས་པ་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་མོ། །ཞེས་སོ། །བཞི་པ་བཏང་སྙོམས་ནི། དེ་ཡང་སེམས་ཅན་ཉེ་བ་ལ་བྱམས་པ་དང་། རིང་བ་ལ་སྡང་བ། བར་མ་ལ་བཏང་སྙོམས་སུ་མི་བྱ་བར་ཐམས་ཅད་ཕ་མར་ཤེས་པས་བདག་གིས་འདི་ཀུན་འཁོར་བ་ལས་གྲོལ་བར་སེམས་པ་སྟེ། འདུལ་བ་ལུང་ལས། ཕན་པའི་ལན་དུ་ཕན་པ་མཆོག །གནོད་པའམ་བར་མ་རིགས་པ་མིན། ཞེས་གསུང་པ་བཞིན་དུ་བྱའོ། །ཕ་རོལ་དུ་ཕྱིན་པ་དྲུག་དང་། དཀར་ནག་ཆོས་བརྒྱད་ལ་སོགས་པ་གོང་དུ་བསྟན་ཟིན་ཏོ། །གཉིས་པ་གཅེས་པའི་གདམས་པས་འགག་བསྡུ་བ་ནི། དེ་ལྟར་བཤད་པའི་བསླབ་སྡོམ་ཀུན་ཀྱང་མདོར་དྲིལ་ན། །འདི་ནི་ཕན་དང་བདེ་བ་རྣམས་བྱ་ཞིང་། །འདིར་ཡང་མི་ཕན་ཕྱི་མར་གནོད་པ་སྤངས། །སྲོལ་གཉིས་བསླབ་བྱར་མ་འདུས་མེད་ཅེས་སྨྲ། དེ་ཡང་སེམས་ཅན་ཐམས་ཅད་ལ་གང་ཕན་པ་དང་། གང་བདེ་བའི་སྤྱོད་པ་བརྩམ་པ་ནི་བྱང་ཆུབ་སེམས་དཔའ་གཞུང་ལམ་ཆེན་པོ་ཡིན་ཞིང་། འོན་ཀྱང་རེ་ཞིག་བདེ་བར་སྣང་ཡང་ཕུགས་སུ་གནོད་པར་འགྱུར་བ་དང་། ཚེ་འདིར་ཕན་བདེའི་རྣམ་པར་སྣང་ཡང་ཚེ་ཕྱི་མར་གནོད་འགྱུར་གྱི་ལས་དེ་དག་བྱར་མི་རུང་སྟེ། ཐབས་མཁས་པ་མ་ཡིན་པའི་ཕྱིར་ཏེ། ཞི་བ་ལྷས། གཞན་རྣམས་དང་ནི་བདག་ལའང་རུང་། །སྡུག་བསྔལ་ཡིན་ཡང་གང་ཕན་བྱ། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་སོ། །དེ་ཡང་དཔེར་ན་སྦྱིན་པ་བྱིན་པར་བྱེད་ནའང་། ཆང་དང་དུག་དང་མཚོན་ཆ་དང་། གསོད་སར་ཕྱུགས་མ་བྱིན་པ་ལ་སོགས་པ་རེ་ཞིག་སེམས་ཅན་གཅིག་གི་རེ་བ་སྐོངས་ཀྱང་དེ་ལས་བྱུང་བའི་མི་དགེ་བ་ཆེར་འབྱུང་བ་དང་། ནད་པ་ལ་དགའ་བའི་ཟས་བྱིན་ཀྱང་། དེ་བཟའ་མི་རུང་བས་སྲོག་གི་བར་ཆད་དུ་འགྱུར་བ་དང་། སྤངས་བ་པའི་ལོངས་སྤྱོད་ཁ་བསྙོམ་པ་ལ་སྟེར་བ་དང་། དགེ་འདུན་གྱི་དཀོར་སོ་སོའི་སྐྱེ་བོ་ལ་སྟེར་བས་ཕྱི་མར་འབྲས་བུ་མི་བཟད་པ་མྱོང་བར་འགྱུར་བ་དང་། དེ་བཞིན་དུ་རང་ཚུལ་ཁྲིམས་བསྲུང་ཡང་། དེས་རྒྱགས་པས་གཞན་ཁྱད་དུ་གསོད་པ་དང་། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་གནོད་པའི་སྐྱེ་བོ་འདུལ་ནུས་བཞིན་དུ་བཟོད་པ་བསྒོམ་པ་དང་། ལོག་པའི་ཆོས་ལ་བརྩོན་འགྲུས་བརྩོམ་པ་དང་། སངས་རྒྱས་ཀྱི་གསུངས་དང་མི་མཐུན་པའི་བསྟན་བཅོས་བརྩམ་པ་དང་། འཆད་པ་དང་། ངན་པར་སྤྱོད་པའི་སྐྱེ་བོ་ཚར་གཅོད་པའི་འཆོས་པར་ནུས་ཀྱང་མི་བྱེད་པ་ལ་སོགས་པའོ། །འདི་དག་རེ་རེ་བཞིན་ལུང་རིགས་ཀྱི་བསྒྲུབ་ཏུ་ཡོད་ཀྱང་ཡི་གེས་འཇིགས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསླབ་བྱའི་རིམ་པ་ཇི་སྙེད་པ་ཐམས་ཅད་ཀྱང་། གོང་དུ་བཤད་པའི་ཟབ་མོ་ལྟ་བའི་སྲོལ་དང་། རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་ཀྱི་བསླབ་བྱར་མ་འདུས་པ་མེད་དོ། །ཞེས་མཁས་པ་ཐམས་ཅད་ངག་མཐུན་པར་སྨྲའོ། །གཉིས་པ་སྡོམ་པ་སྐྱེ་བའི་རྟེན་བཤད་པ་ལ་གཉིས་ཀྱི་དབུ་མ་པའི་ལུགས་ལ། སྐྱེ་བའི་རྟེན་ནི་ལྷ་ཀླུ་འཕྲོག་མ་སོགས། །སྡིག་ཅན་ལའང་སྐྱེ་བར་ཀླུ་སྒྲུབ་བཤད། །གང་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་ཐོབ་འདོད་ཀྱི་ལྷ་ཀླུ་སོགས་ལའང་སྐྱེ་བར། བརྒྱད་སྟོང་པ་ལས། དེའི་ཚེ་ལྷའི་བུ་ཉི་ཁྲི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཀླུ་ཁྲི་ཉིས་སྟོང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེེས་པ་དང་། ཡུམ་བར་མ་ལས། དེའི་ཚེ་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་ཕྱེ་ཆེན་པོ་བགྲངས་ལས་འདས་པ་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཅེེས་སོ། །སེམས་ཙམ་པ་ལྟར་ན། ཐོགས་མེད་དེ་སྟེང་སོ་ཐར་དགོས་ཞེས་གསུངས། སོ་ཐར་རིགས་བདུན་གང་རུང་དང་ལྡན་ན་ལུས་ཀྱི་རྟེན་དུ་དགོས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། །སྐྱེས་པ་གནས་པའི་རྟེན་ནི། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས། རྒྱུ་རིགས་ཀྱི་སྟོབས། དགེ་བའི་རྩ་བ་རིགས་རྒྱས་པའི་སྟོབས། ཐེག་ཆེན་གྱི་ཆོས་ཐོས་པའི་སྟོབས། །ཚེ་འདིར་ཉན་པ་འཛིན་པ་འཆད་པ་ལ་སོགས་དགེ་བ་གོམས་པའི་སྟོབས་ལྔ་སྟེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པས་དང་པོ་བཞི་ནི་མི་བརྟན་པ་ལ་ཕྱི་མ་ནི་བརྟན་པའོ། །དེ་དག་ནི་སྲོལ་གཉིས་ཀྱི་ལུགས་དང་། །སྤྱིར་ན་སངས་རྒྱས་ཆོས་ལ་དད་བྱེད་ཅིང་། །འབྲས་བུ་བླ་མེད་བྱང་ཆུབ་ལ་དད་དང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དད་བྱེད་ན། །བྱང་སེམས་སྐྱེ་བར་དཀོན་མཆོག་ཏ་ལར་གསུངས། །མདོ་དེ་ཉིད་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིག །མཐར་ཐུག་བླ་ན་མེད་ལ་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་པ་བཞིན་ནོ། །སྤྱི་དོན་བཞི་པ་ཉམས་ན་གསོ་བའི་ཐབས་བཤད་པ་ལའང་། ལྟུང་བ་ངོས་བཟུང་བ། གནང་བཀག་ངེས་པ། བཤགས་ཚུལ་བསྟན་པ། ཕན་ཡོན་བཤད་པ་དང་བཞི་ལས། དང་པོ་ནི། ཐ་མ་ཉམས་ན་གསོ་བའི་ཚུལ་བཤད་པ། །གང་གིས་རིགས་དང་མི་རིགས་མ་བརྟགས་པར། །བརྩོམ་མམ་བཟློག་གམ་བཏང་སྙོམས་འཇོག་ཀྱང་རུང་། །འོས་ལས་འདས་བྱེད་ཐམས་ཅད་ལྟུང་བའི་སྡེ། །དོན་ཆེན་བསྒྲུབ་ལ་ཆུང་བཏང་གཟུགས་བརྙན་ཏེ། །ནུས་པའི་ཡུལ་མིན་ཐམས་ཅད་ལྟུང་མེད་དོ། །མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། དེ་ཡང་བླང་དོར་གྱི་གནས་ལ་རྣམ་པར་དཔྱོད་པ་མ་ཡིན་པར་མི་རིགས་པའི་ཆ་བརྩོན་པ་དང་། རིགས་པའི་ཆ་བཟློག་པ་དང་། དེ་གཉིས་གང་ཡང་བྱེ་བྲག་མི་ཕྱེད་པར་བཏང་སྙོམས་སུ་ལུས་པ་ལྟ་བུ་ནི་ལྟུང་བའི་སྡེའོ། །དེ་ཡང་བྱ་བ་གང་ཞིག་བསྒྲུབ་པར་ནུས་སམ་མི་ནུས་ལ་མ་དཔྱད་པར་མིན་ཏེ། སྤྱོད་པ་བརྩམ་པ་དེ་བཟློག་པར་མི་བྱ་སྟེ། བདག་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར། སྤྱོད་འཇུག་ལས། རྡོ་རྗེ་རྒྱལ་མཚན་ཆོ་ག་ཡིས། །བརྩམ་ནས་ང་རྒྱལ་བསྒོམ་པར་བྱ། །དང་པོར་འབྱོར་པ་བརྟགས་ནས་ནི། །བརྩམ་མམ་ཡང་ན་མི་བརྩམ་བྱ། །བརྩམ་ནས་ཟློག་པར་མི་བྱའོ། །ཞེས་སོ། །ལྟུང་བའི་རྣམ་བཞག་མུ་བཞི་པོ་ཡང་། ས་སྐྱའི་སྡོམ་གསུམ་རབ་དབྱེ་ལས། །བསམ་པ་དག་པའི་སྦྱིན་པ་སོགས། །རྣམ་པ་ཀུན་ཏུ་ལྟུང་བ་མེད། །བསམ་པ་ངན་པས་སྲོག་གཅོད་སོགས། །རྣམ་པ་ཀུན་ཏུ་ལྟུང་བར་འགྱུར། །དགེ་བའི་སེམས་ཀྱིས་གསོད་པ་སོགས། །ལྟུང་བའི་གཟུགས་བརྙན་ཡིན་ཞེས་གསུངས། །གཞན་ལ་གནོད་ན་རྫུན་མིན་ཡང་། །ལྟུང་བ་མེད་པའི་གཟུགས་བརྙན་ཡིན། །ཞེས་པའི་ཚུལ་གྱིས་ཤེས་པར་བྱའོ། །གཉིས་པ་གནང་བཀག་ངེས་པ་ནི། །གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཡིད་གསུམ་ནམ་ཡང་གནང་བའི་སྐབས་མེད་དོ། །དེ་ཡང་འདི་སྐད་ཐོས་ཏེ། ལུས་ངག་གི་མི་དགེ་བདུན་གནང་བའི་སྐབས་ཡོད་དེ། གཞན་དོན་དུ་འགྱུར་བ། འགྱུར་བར་ཤེས་པ། རང་གི་དགེ་བ་དེ་ལས་ཆེ་བ་མི་སྒྲིབ་པའི་སྟེང་དུ་འཕེལ་བ་གསུམ་གྱི་གནས་སྐབས་ལ་བརྟགས། སེམས་དཔའ་ཆེ་ལ་མི་དགེ་བདུན་གནང་ངོ་། །ཞེས་བྱུང་བ་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རླན་གྱི་འཇིགས་པ་སྐྱབས་པའི་ཕྱིར། །བསམ་པ་དག་པས་མཆིལ་ལྷམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་ནི་གཞན་ཞིག་བསལ་བྱས་པས། །གཉིས་ཀས་རྒྱལ་སྲིད་ཐོབ་ཅེས་གྲགས། །དེ་ཕྱིར་བསམ་པའི་ཁྱད་པར་ལས། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། བྱང་ཆུབ་སེམས་དཔའི་སེམས་སྦྱོང་ལ། །སྦྱོར་བ་ལས་ཀྱང་བསམ་པས་གཙོ། །ཞེས་སོ། །ཅི་ལྟ་བུ་ཞེ་ན། མི་ནག་མདུང་ཐུང་ཅན་གྱིས་མི་མང་པོ་རང་འདོད་ཀྱིས་གསོད་པར་མཐོང་ནས་དེད་དཔོན་སྙིང་རྗེ་ཆེན་པོས་འཁོར་བ་ལས་འདོན་པའི་ཕྱིར་སྲོག་གཅོད་པ་ལྟ་བུ་དང་། འགའ་ཞིག་འབྱོར་ཡང་སེར་སྣས་མི་སྦྱིན་པ་དང་། མུ་གེའི་ཚེ་གང་ཞིག་སྲོག་ལ་ཐུག་ན། གཉིས་ཀའི་དོན་དུ་ཕྱུག་པོ་ལས་མ་བྱིན་པར་བླངས་ནས་དབུལ་པོ་ལ་བྱིན་པ་ལྟ་བུ་དང་། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་གཞན་འདོད་པས་གདུང་སྟེ་འཆི་ངེས་པ་བཟློག་པའི་དོན་དུ་འདོད་ལོག་སྤྱོད་པ་ལྟ་བུ། གསོད་ངེས་པ་ཐར་བར་བྱ་བའི་ཕྱིར་རྫུན་སྨྲ་བ་ལྟ་བུ། སྡིག་པའི་གྲོགས་པོས་བསླུས་ནས་ངན་འགྲོ་ལས་བཟློག་པའི་དོན་དུ་དེ་གཉིས་ཕྲ་མས་ཕྱེ་བ་ལྟ་བུ། མྱ་ངན་ཅན་གྱི་མྱ་ངན་སེལ་ཕྱིར་གཏམ་རྒྱུད་ཀྱི་སྒྲུང་འཆད་པའམ། བཞད་གད་བྱ་བ་ལ་སོགས་པའི་ངག་འཆལ་ལྟ་བུ། སྡིག་པ་ལ་འཇུག་ངེས་པ་བཟློག་པའི་ཕྱིར། ཚིག་རྩུབ་མོ་སྨྲ་བ་ལྟ་བུ་ནི་གནང་བའི་སྐབས་ཡོད་དེ་དོན་ལ་དགེ་བ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་གསུམ་ནི་ནམ་ཡང་གནང་བའི་སྐབས་མེད་དེ་མི་དགེ་བ་ཁོ་ནའོ། །དཀོན་མཆོག་སྤྲིན་ལས། དགེ་འམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་བསགས་པ་ཡིན། །ཞེས་དང་། སེམས་ཀྱི་སྒྲིབ་པ་སྦྱོང་བའི་མདོ་ལས། ཆོས་ཀྱི་གཎྜི་བརྡུང་བའི་ཚེ། །དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་བྱས་ནས། །འཕུལ་བས་དེ་ནི་ཤི་གྱུར་པ། །མཚམས་མེད་པར་ནི་དེ་མ་ཡིན། །ཞེས་གསུངས་སོ། །གསུམ་པ་བཤགས་ཚུལ་བསྟན་པ་གཉིས་ཏེ། ཟབ་མོ་ལྟ་བའི་ལུགས་དང་། རྒྱ་ཆེན་སྤྱོད་པའི་ལུགས་སོ། །དང་པོ་ལའང་རྩ་ལྟུང་ཞི་བྱེད་ནི། ཐུན་འདས་ཉམས་ན་འཕགས་པ་ནམ་སྙིང་ལ། །ཐོ་རེངས་གསོལ་གདབ་རྨི་ལམ་ལྟུང་བ་འཆགས། །ཉིན་མཚན་ཐུན་ཚོད་དྲུག་ལས་འདས་ན་རིགས་སྔགས་སྤྱིའི་ལྷ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་ཏེ། ནམ་མཁའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་ཉེས་པ་དང་བཅས་པ་དེ་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་པས་འདུག་ནས། སྐྱ་རེངས་ཀྱི་ལྷའི་བུ་ལ་གསོལ་བ་གཏབ་པར་བྱ་སྟེ་ཚིག་འདི་སྐད། སྐྱ་རེངས་སྙིང་རྗེ་ཆེན་པོ་ལེགས་པ་ཆེན་པོ་ཁྱོད་ཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་གི་ལྟུང་བ་འཆགས་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་དག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་སྨོས་ལ་དེའི་ཚེ་དེ་གཉིད་ལོག་ལ་ཉོལ་ཞིག་དང་འཛམ་གླིང་འདིར་ཉི་མ་འཆར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་འཕྲད་པར་འགྱུར་ཏེ། ཞེས་གསུངས་པའི་ཚུལ་གྱིས་ལན་གསུམ་བཤགས་པས། ཉི་མ་འཆར་ཁ་ན་ཉེས་ལྟུང་དག་པའི་རྟགས། ལུས་སེམས་སྔོན་བས་བདེ་བ་དང་། ཉི་མ་འཇམ་པོར་འཆར་བ་དང་། ནམ་མཁའ་དག་པ་དང་། རྨི་ལམ་དགེ་བར་སྟོན་པར་གསུངས་སོ། །གཉིས་པ་ལྷག་མ་ཞི་བྱེད་ནི། ལྷག་མ་ཕུང་པོ་གསུམ་པ་ཉིན་མཚན་དུ། ལན་གསུམ་འདོན་པས་གཞིལ་བ་ཀླུ་སྒྲུབ་ལུགས། དེའང་ཉིན་མོ་སྔ་དྲོ་གུང་། ཕྱི་དྲོ་གསུམ། མཚན་མོ་སྲོད། གུང་ཐོ་རངས་གསུམ་ལ་ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ། བསྔོ་བའི་ཕུང་པོ་སྟེ་ཕུང་པོ་གསུམ་པའི་མདོ་བྱང་ཆུབ་ལྟུང་བཤགས་ལྟ་བུ་འདོན་པར་བྱ་སྟེ། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། ། རྒྱལ་དང་བྱང་ཆུབ་སེམས་བརྟན་པས། །ལྟུང་བའི་ལྷག་མ་དེ་ཞི་བྱ། །ཞེས་སོ། །གཉིས་པ་སྤྱོད་པའི་བཤགས་ཚུལ་ནི། སྨོན་པའི་སེམས་ནི་ནག་པོའི་ཆོས་བཞི་སྤྱོད། །སེམས་ཅན་སྙིང་ནས་བློས་བཏང་དེ་གཏོང་འགྱུར། །ཕས་ཕམ་བྱུང་ན་སླར་བླང་འབྲིང་ནི་གསུམ། །ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། །མཐུན་པའི་གང་ཟག་མེད་ན་ཡིད་ཀྱིས་སྡོམ། །རྒྱ་ཆེན་སྤྱོད་པའི་རིང་ལུགས་ཟླ་མེད་དོ། །དེ་ཡང་སྨོན་པའི་སེམས་བསྐྱེད་གཏོང་རྒྱུ་ནི། གོང་དུ་བཤད་པའི་ནག་པོའི་ཆོས་བཞི་སྤྱོད་པ་དང་། སྙིང་ཐག་པ་ནས་སེམས་ཅན་བློས་གཏོང་བའོ། །འཇུག་སེམས་གཏོང་རྒྱུ་ཕས་ཕམ་བཞི་ལ་སོགས་པའོ། །བཤགས་ཚུལ་སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་ན་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་པས་ཀུན་དཀྲིས་ཆེན་པོས་བསླང་བའི་ཕས་ཕམ་བཞི་བྱུང་ན་སྡོམ་པ་གཏང་བས། སྡོམ་ལྡན་ནམ་དཀོན་མཆོག་གི་རྟེན་དྲུང་དུ། ཆེ་གེ་མོ་བྱ་བའི་སེམས་དཔའ་ཆེན་པོ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་ལྟུང་བ་འདི་ཞེས་བྱུང་བ་དེ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བཤག་གིས་དག་པར་མཛད་དུ་གསོལ་ཞེས་ལན་གསུམ་བརྗོད་ནས། ཕ་རོལ་པོས་ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དུ་གཟིགས་སམ། ཕྱིན་ཆད་སྡོམ་མམ་ཞེས་པའི་ལན་དུ་མཐོང་ལགས། སྡོམ་ལགས་སོ། །ཞེས་བྱའོ། །ཀུན་དཀྲིས་འབྲིང་དང་ཆུང་ངུས་བསླང་བའི་ཕམ་འདྲ་རྣམས་སྡོམ་ལྡན་གཅིག་གི་མདུན་དུ་ལྟུང་བའི་དངོས་པོ་བརྗོད་དེ་བཤག་གོ། །བདག་སེམས་བཞིན་ཞེས་པས་ཉེས་བྱས་ཞེ་གཉིས་ལ་སོགས་ལྷག་མ་རྣམས། ཡུལ་གང་ཟག་མ་འཛོམས་ན་རང་སེམས་དཔང་པོར་བྱས་པས། བདག་ལ་དེ་དག་གི་གྲངས་ཀྱང་གསུམ་ཡན་བླང་དུ་མེད་པར་བྱང་ས་ལས་བཤད་དོ། །ཀུན་དཀྲིས་ཞེས་པ་ནི། ཉོན་མོངས་པའི་ཆ་སྟེ། རྒྱུན་མི་ཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །བལྟ་བ་དེ་ལ་ཀུན་དཀྲིས་ཆེན་པོ་ཟེར། །ཞེས་སོ། །བཞི་པ་ཕན་ཡོན་བཤད་པ། འདི་འདྲའི་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན། །གཉིད་སོགས་བག་མེད་གྱུར་ལའང་བསོད་ནམས་ཤུགས། །རྒྱུན་མི་ཆད་འབྱུང་རྒྱལ་བའི་སྲས་སུ་འགྱུར། །གྲངས་མེད་གསུམ་བདུན་སོ་གསུམ་བྱང་ཆུབ་ཐོབ། །དེ་སྐད་དུ་སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་གྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླང་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་སོ། །མདོར་བསྡུ་ན་སྨོན་པའི་ཕན་ཡོན་ནི། མྱ་ངན་ལས་འདས་མདོ་ལས། གང་གིས་སངས་རྒྱས་ཐམས་ཅད་ལ། །རིན་ཆེན་བདུན་དང་གཟིམ་ཆ་དང་། །ཞལ་ཟས་ལྷ་རྫས་དཔག་མེད་ཀྱིས། །ནམ་འཚོའི་བར་དུ་མཆོད་པ་བས། །སྐད་ཅིག་ཙམ་ཞིག་སེམས་ཅན་གྱི། །དོན་དུ་བྱང་ཆུབ་སྨོན་པ་མཆོག །དེ་ལ་ཚད་ནི་མ་མཆིས་སོ། །ཞེས་སོ། །འཇུག་པའི་ཕན་ཡོན་ནི། བུ་མོ་ཟླ་མཆོག་གི་ཞུས་པའི་མདོ་ལས། གཞན་ལ་ཕན་པའི་སེམས་ཙམ་ལའང་། །ཕན་ཡོན་ཤིན་ཏུ་ཚད་མེད་ན། །ཕན་པར་མཛད་རྣམས་སྨོས་ཅི་དགོས། །ཞེས་སོ། །གཞན་ཡང་སྡིག་པ་ཐམས་ཅད་ཟད་པར་བྱེད་དེ། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་ཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་མི་འགྱུར། །ཞེས་སོ། །དགེ་བ་རླབས་པོ་ཆེ་འཕེལ་བར་ཡང་། ངལ་གསོ་ལས། དགེ་གཞན་འབྲས་བུ་དམན་ཏེ་ཟད་པ་ལྟར། །རིན་ཆེན་སེམས་ཟིན་དགེ་བ་མི་ཟད་འཕེལ། །ཇི་ལྟར་རྒྱ་མཚོ་དྭངས་པའི་ཆུ་འབབ་དང་། །ས་གཞི་བཟང་པོ་ལོ་ཐོག་ཕུན་ཚོགས་བཞིན། །ཞེས་སོ། །མཐར་ཐུག་གི་ཕན་ཡོན་བྱང་ཆུབ་མངོན་དུ་བྱེད་དེ། སྡོང་པོ་བཀོད་པ་ལས། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་དང་། སྤྱོད་འཇུག་ལས། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར། །མི་གཙང་ལུས་འདི་བོར་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་སོ། །འབྲས་བུ་ཇི་ཙམ་ན་ཞེ་ན། དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་ན་མངོན་པར་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་གསུམ་ན་མངོན་པར་རྫོགས་པར་ཆུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་ཆེན་པོར་འགྱུར་བའི་ཕྱིར་ཏེ། འདི་དག་དཔེར་བྱས་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་པ་དང་། སྐྱོང་བྱེད་ལྟ་བུའོ། །ཞེས་གསུངས་པས། རང་ཐོག་མར་སངས་རྒྱས་ནས་ཕྱིས་གཞན་སྒྲོལ་བ་ནི་འདོད་ཆེན་པོའི་སེམས་བསྐྱེད་དེ། རྒྱལ་སྲིད་ཐོབ་ནས་རྒྱལ་འབངས་བདེ་ལ་བཀོད་པ་ལྟ་བུའོ། །རང་གཞན་མཉམ་དུ་གྲོལ་བར་འདོད་པ་ནི་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་གསུངས་ཏེ། མཉན་པ་ལྟར་རང་དང་གྲུ་ནང་པ་མཉམ་དུ་སྒྲོལ་བ་ལྟ་བུའོ། །ཐོག་མར་སེམས་ཅན་བསྒྲལ་ནས་གདོད་རང་ཉིད་གྲོལ་བར་འདོད་པ་ནི་དཔེ་མེད་པའི་སེམས་བསྐྱེད་བྱ་སྟེ། རྫི་བོ་དག་གིས་ཕྱུགས་རྣམས་སྔོན་ལ་སྐྱོངས་བ་ལྟ་བུའོ། །དེ་ཡང་སེམས་སྟོབས་ཆེ་ན་སྐད་ཅིག་རེ་རེ་ལ་ཚོགས་བསྐལ་པ་མང་པོ་བཟླུམ་པར་བཤད་དེ་མི་ནག་མདུང་ཐུང་ཅན་གསོད་པས་བསྐལ་པ་བཞི་ཁྲི་དང་། ཁྱེའུ་སྐར་དགས་སེམས་བསྐྱེད་ནས་ཁྱིམ་ཐབ་བྱས་པས་ཉི་ཁྲི་བཟླུམ་པར་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་བཤད་པས་བསྐལ་པ་མཚན་ཉིད་པ་ཁོ་ན་མི་དགོས་ཤིང་། དབང་པོ་ཤིན་ཏུ་རྣོ་ཞིང་སེམས་སྟོབས་ཆེན་པོས་བསྐལ་པ་དཔག་ཏུ་མེད་པ་སྐད་ཅིག་ལ་བཟླུམ་པར་བཤད་དོ། །འདིར་དབང་པོ་རབ་ལའང་གྲངས་མེད་ཀྱི་ངེས་པ་ནི་ས་ལམ་མངོན་དུ་བྱེད་ཚུལ་ཀྱི་ཆ་བཞག་པ་སྟེ། བརྒྱད་སྟོང་འགྲེལ་ཆེན་ལས། གྲངས་མེད་དང་པོ་ནི་ཚོགས་ཀྱི་ལམ་ནས་བརྩམ་སྟེ་ས་དང་པོའི་བར་དུ་རྫོགས་པར་འགྱུར་རོ། །གཉིས་པ་ནི་ས་དྲི་མ་མེད་པ་ནས་བདུན་པའི་བར་རོ། །གསུམ་པ་ནི་མི་གཡོ་བ་ནས་སངས་རྒྱས་པའི་བར་རོ། །ཞེས་སོ། །འབྲིང་པོའི་བདུན་ནི། ཚོགས་སྦྱོར་གཉིས་ལ་གཉིས་གཉིས་མཐོང་ལམ་གཅིག །བསྒོམ་ལམ་དུ་གཉིས་སོ། །ཆུང་ངུའི་སོ་གསུམ་ནི། ཚོགས་སྦྱོར་གཉིས་སུ་གསུམ། ས་བཅུ་པོ་རེ་རེ་ལའང་གསུམ་གསུམ་མོ་ཞེས། ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས་གསུངས་པ་བཞིན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་བསླབ་བྱ་འདི་དག་ནི། དུས་གསུམ་གྱི་རྒྱལ་བ་སྔ་ཕྱིར་གཤེགས་པ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཏེ། བསྐལ་པ་བཟང་པོ་འདི་ཉིད་ཀྱི་སངས་རྒྱས་སྟོང་རྩ་གཉིས་པོ་དེ་དག་ཀྱང་། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བར་དུ་བསྐལ་པ་གྲངས་མེད་པར་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་ནས་རྣམ་པར་གྲོལ་བའི་བདུད་རྩི་བརྙེས་པ་ཡིན་ནོ་ཞེས་འཕགས་པ་བསྐལ་པ་བཟང་པོའི་མདོ་ལས་ཐོས་པས། འོ་སྐོལ་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་ཞིང་ཐེག་པ་ཆེན་པོའི་སྒོར་ཞུགས་སོ་ཅོག་རྣམས་ཀྱིས་བསྟན་པའི་གཞུང་ལམ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་ནན་ཏན་བྱ་དགོས་ཏེ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་ཅེས་དང་། སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པས་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་མཛད་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་དང་། ཀླུ་དབང་གིས། འདི་ལས་ལྷག་པའི་མཉན་བྱ་གཞན་དག་ཡོད་མིན་པས། །དབང་པོའི་རྟ་ནི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་མཉན་བྱོས། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་བསྟན་པའི་གཞུང་ལམ་ཡིན་པས་ཕར་ཕྱིན་སློབ། ཅེས་འབྱུང་བ་ཡིན་པས་ཚུལ་འདི་ཉིད་བརྩོན་པ་རྒྱ་མཚོས་དང་དུ་བླང་བར་བྱའོ། །རྟ་བདུན་དབང་པོ་མཁའ་ལ་རྒྱུ་བ་བཞིན། །ཟབ་དང་རྒྱ་ཆེའི་འོད་སྟོང་རབ་འཕྲོ་བས། །བློ་གསལ་འདབ་སྟོང་ཆེས་ཆེར་རྣམ་བཀྲ་བས། །མཐའ་ཡས་འགྲོ་བའི་བློ་མིག་རྒྱས་གྱུར་ཅིག །བྱང་ཆུབ་མཆོག་སེམས་པད་མོས་གངས་ཆེན་མཚོ། །སྟོང་ཉིད་སྙིང་རྗེའི་ངང་ཚོགས་ཉེར་བསྟན་ཞི ང་། །གཞན་དོན་སྤྱོད་པའི་རླབས་ཕྲེང་རབ་གཡོ་བའི། །དཔལ་ལྡན་ཚོགས་གཉིས་ཆུ་གཏེར་ཐོབ་པར་ཤོག །སྡུག་བསྔལ་ཁྲི་མུན་སྲིད་པའི་དགོན་པ་རུ། །མི་རྟག་མི་གཙང་སྡུག་བསྔལ་གྱིས་གདུང་ཞིང་། །བདག་འཛིན་སྒྲོག་གིས་དམ་བཅིངས་འགྲོ་འདི་དག །བདག་གི་དགེ་བས་སྐད་ཅིག་ཡོངས་གྲོལ་ཤོག །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ལས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ་བཤད་པ་སྟེ་རིམ་པར་ཕྱེ་བ་གསུམ་པ་བཤད་ཟིན་ཏོ།
༈ །ད་ནི་རིམ་པར་ཕྱེ་བ་བཞི་པ་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་བསྟན་པར་བྱ་བ་ལའང་བཞི་སྟེ། གསང་སྔགས་ཀྱི་གླེང་གཞི། ཐོག་མར་ཇི་ལྟར་ཐོབ་ཚུལ། བར་དུ་བསྲུང་ཐབས། ཐ་མ་ཉམས་ན་གསོ་ཐབས་སོ། །དང་པོ་ལའང་བཞི་སྟེ། སྟོན་པས་ཇི་ལྟར་གསུངས་ཚུལ། གསང་སྔགས་གསར་རྙིང་གི་རང་བཞིན། །སྔགས་སྡོམ་གྱི་ངོ་བོ། དེའི་དབྱེ་བའོ། །དང་པོ་ནི། ཀུན་བཟང་རྡོ་རྗེ་འཆང་དབང་སྟོན་པ་དེས། །འོག་མིན་ཆེན་པོར་རྒྱུད་སྡེ་རྒྱ་མཚོ་གསུངས། །ཞེས་སྨོས་ཏེ། དེ་ཡང་བདག་ཅག་གི་སྟོན་པ་འདི་ཉིད་གདོད་མའི་གནས་སུ་རྡོ་རྗེ་དབྱིངས་སུ་མངོན་པར་བྱང་ཆུབ་ནས། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། ལོངས་སྤྱོད་རྫོགས་པའི་སྐུ་དང་། རང་བཞིན་སྤྲུལ་སྐུ་དང་། འགྲོ་འདུལ་སྤྲུལ་སྐུ་དང་། སྣ་ཚོགས་སྤྲུལ་སྐུ་ལ་སོགས་པ་ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པ་དཔག་ཏུ་མེད་པས། ལོག་རྟོག་སྒྱུ་མ་མེད་བཞིན་དུ་སྣང་བའི་འགྲོ་བ་འདི་དག་སླར་གདོད་མའི་དབྱིངས་སུ་གཞོལ་བའི་ཕྲིན་ལས་མཛད་པ་ཡིན་ཏེ། གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྡོན་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱིའི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས ། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་བསྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་བས། །དཔག་མེད་འགྲོ་བའི་དོན་མཛད་དོ། །ཞེས་སོ། །དེ་ཡང་ཆོས་སྐུའི་གནས་སྐབས་ན་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་དོན་གྱི་འོག་མིན་ཆོས་ཀྱི་དབྱིངས་སུ་རང་རྩལ་གྱི་འཁོར་ལ་རྫོགས་པ་ཆེན་པོ་ནང་རྒྱུད་སྡེ་གསུམ་སྟོན་ཅིང་། དེ་ཉིད་ལོངས་སྐུའི་གནས་སྐབས་ན་རིགས་ལྔའི་སངས་རྒྱས་སུ་བཞེངས་ནས་འོག་མིན་ཆེན་པོར་རང་སྣང་གི་འཁོར་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་སྟོན་ཅིང་། སྤྲུལ་སྐུའི་གནས་སྐབས་ན་གཙང་མ་རིས་འོག་མིན་རྡོ་རྗེ་འཆང་དུ་སྟོན་ནས་ས་ལ་གནས་པའི་སེམས་དཔའ་རྣམས་ལ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟོན་ཅིང་། འགྲོ་དྲུག་གི་གནས་སུ་ཤཱཀྱ་ཐུབ་པ་ལ་སོགས་སུ་སྤྲུལ་ནས་གདུལ་བྱ་དང་རྗེས་སུ་མཐུན་པའི་ཆོས་གསུངས་པར་མཛད་དེ། དེ་སྐད་དུ་སྒྱུ་འཕྲུལ་གསང་སྙིང་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཞེས་བྱ་བ་རིག་པའི་སྐྱེས་བུ་ཐུབ་པ་དྲུག་པ་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏེ། འཐོན་ནས་ཀྱང་ལས་ཀྱི་དབང་གིས་སྦྲེལ་ཞི་དང་ཡས་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེར། ཐུབ་པ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ཞེས་སོ། །ཚུལ་དེ་ལྟར་རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་སོ། །གཞན་ཡང་ཐུབ་དབང་འདི་ཐོག་མར་གཙང་གནས་སུ་སངས་རྒྱས་པར་འདོད་པ་དང་། རི་རབ་ཀྱི་རྩེ་ནས་གཤེགས་པར་འདོད་པ། ལོ་དྲུག་དཀའ་སྤྱད་ཀྱིས་མཐར་འོག་མིན་དུ་འོད་ཟེར་ཆེན་པོས་དབང་བསྐུར་ནས་སངས་རྒྱས་པར་འདོད་པ་ལ་སོགས་རྣམ་བཞག་མང་པོ་དེ་དག་ཀྱང་སངས་རྒྱས་ཀྱི་རྣམ་པར་རོལ་པ་ལ་ཚད་བཟུང་དུ་མེད་པས་གང་ལྟར་ཡང་མི་འགལ་བ་སྟེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་གཞལ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱིས་སྤྱོད་ཡུལ་ཡིན། །ཞེས་སོ། །དེ་ཡང་འོག་མིན་ཆེན་པོ་ཞེས་བྱ་བ་ནི། རང་སྣང་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་རང་བྱུང་འོད་ཀྱི་གཞལ་ཡས་ཁང་ལྷུན་གྱིས་གྲུབ་ཅིང་འཕོ་འགྱུར་མེད་པ་སངས་རྒྱས་གང་ན་བཞུགས་པའི་རང་སྣང་གི་རོལ་པ་ལ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པས་གནས་ཀྱི་ཕྱོགས་བློས་བཙལ་དུ་མེད་པ་སྟེ་དེ་ནི་འོག་མིན་ཆེན་པོ་ཡིན་ནོ་ཞེས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་གསུངས་སོ། །གཞན་ཡང་སློབ་དཔོན་སངས་རྒྱས་གསང་བས། དོན་གྱི་འོག་མིན། རྟགས་ཀྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། རྟོག་པའི་འོག་མིན། གནས་ཀྱི་འོག་མིན་དང་དྲུག་ཏུ་བཤད་པའང་། དོན་དང་རིག་པའི་འོག་མིན་ཆོས་སྐུ། རྟགས་ལོངས་སྐུ། གཞན་གསུམ་སྤྲུལ་སྐུའི་གནས་སུ་འདུའོ། །རྒྱས་པར་ནི་ཕྱོགས་བཅུ་མུན་སེལ་དུ་ཤེས་པར་ནུས་སོ། །དེ་ཡང་ཐོག་མ་དང་ཐ་མ་མེད་པའི་དུས་ནས་གྲངས་མེད་པའི་རྡོ་རྗེ་འཛིན་རྣམས་ཀྱིས་སྔར་གསུངས་ད་ལྟ་གསུང་ཕྱིས་གསུང་བར་འགྱུར་བ་སྟེ། དུས་འདི་ཙམ་ནས་གསང་སྔགས་བྱུང་། རྒྱུད་འདི་ཙམ་ལས་མེད་ཅེས་རིས་ཆད་པ་འགའ་ཡང་མེད་དེ། ཞིང་ཁམས་དང་ཞིང་ཁམས་གཞན་དུ་ཀུན་བཟང་རྡོ་རྗེ་འཆང་སྔ་ཕྱིར་གཤེགས་ཤིང་འབྱོན་པ་དག་གི་མདུན་ན་འབྲས་བུའི་སེམས་དཔའ་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། འཇམ་དཔལ་ལ་སོགས་པས་བཟུང་བའི་ཕྱིར་མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་ནས་ཡང་དུ་གསུངས་པ་གང་། །ཞེས་སོ། །དེ་ལྟ་བུ་རྒྱུད་སྡེ་རྒྱ་མཚོ་རྣམས་ཀྱི་དཀྱིལ་འཁོར་འཁོར་ལོའི་གཙོ་བོར་སྟོན་ནས་གསུངས་པ་དང་། སྡུད་པ་པོ་དག་ཏུ་སྟོན་པའང་དཔལ་ཀུན་ཏུ་བཟང་པོ་གཅིག་གི་རོལ་པ་ལས་མ་འདས་ཏེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་བསྡུད་འཁོར་ཀྱང་ང་། །འཇིག་རྟེན་འཇིག་རྟེན་འདས་པའང་ང་། །ཞེས་གསུངས་སོ། །དེ་ལྟར་གསུངས་པའི་རྒྱུད་ཀྱང་སྔོན་བསྐལ་པ་དང་པོ་ནས་ད་ལྟའི་བར་ལ་ཕྱག་ན་རྡོ་རྗེ་དང་དབང་ཐོབ་པའི་སེམས་དཔའ་དང་། གྲུབ་པ་དང་། རིག་སྔགས་འཆང་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་ནས་ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། མཁའ་འགྲོའི་གནས་སུ་དར་ཞིང་རྒྱས་པ་དང་འཛམ་གླིང་གིའང་། ཟ་ཧོར་དང་། སིང་ག་ལ་དང་ཨོ་རྒྱན་ལ་སོགས་པར་བཞུགས་པ་དེ་དག །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སྙིང་པོ་དང་པད་མ་འབྱུང་གནས་དང་བི་མ་ལ་ལ་སོགས་པས་སྤྱན་དྲངས་པ་སྐལ་ལྡན་སོ་སོ་ལ་བརྒྱུད་དེ་ཉམས་སུ་བླངས་པས་གྲུབ་པ་བརྙེས་པའི་སློབ་དཔོན་བརྒྱད་བཅུ་ལ་སོགས་པ་རྒྱ་གར་དུ་བྱོན་པ་དང་། བོད་དུའང་རྒྱལ་བློན་སྔ་དར་གྱི་དུས་ན་མང་ཞིག་བྱོན་པར་སྣང་ངོ་། །གསར་མ་ཁ་ཅིག་རྙིང་མའི་རྒྱུད་འདི་དག་རྒྱ་གར་ན་མི་འདུག་པས་ཡང་དག་པ་མིན་ནོ། །ཞེའོ། །གསང་སྔགས་མཁའ་འགྲོའི་སྙིང་ཁྲག་ཡང་གསང་རྫོགས་ཆེན་གྱི་རྒྱུད་འདི་དག་ལ་སོགས་པ་ནི། ཨོ་རྒྱན་དང་། ཤམ་པ་ལ་དང་། བསིལ་བའི་ཚལ་དང་། སུ་ཟ་གླིང་དང་། མཱ་ལ་ཡ་ལ་སོགས་པར་མཁའ་འགྲོ་དང་གྲུབ་པ་དག་གིས་མཆོད་དེ་གནས་པ་ལ། ཁྱེད་ཅག་ཡུལ་ཟུར་ཙམ་ལ་ལན་རེ་ཕྱིན་པས་ཟབ་མོའི་རྒྱུད་སྡེ་དེ་དག་དང་མཇལ་བའམ། ཕྲད་པའི་སྐལ་བ་མེད་པ་རེ་བདེན། ཅིའི་ཕྱིར་བཤགས་རྒྱུད་དྲི་མེད་རྒྱལ་པོ་ལས། འདི་ལྟ་བུའི་སྒོར་ཞུགས་པ་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱང་སྦྱང་པའི་ལས་འཕྲོ་དང་ལྡན་པའི་སྐལ་བ་ཅན་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི་གང་རུང་རུང་ཀུན་གྱི་ཐུན་མོང་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བོད་འདིར་རྒྱ་གར་ན་མ་གྲགས་པ་རྣམས་ནི། དགའ་རབ་རྡོ་རྗེ་ཤྲཱི་སེང་ཧ། པད་མ་འབྱུང་གནས་བི་མ་ལ་ལ་སོགས་པས་དྲུར་ཁྲོད་བརྒྱད་ལ་སོགས་སུ་དཔའ་བོ་དང་མཁའ་འགྲོའི་ཚོགས་དཔོན་མཛད་དེ། མཁའ་འགྲོའི་གན་མཛོད་ཟབ་མོ་བསྣམས་ནས་བོད་དུ་སྣང་བར་མཛད་པ་ཡིན་པས་གོ་བར་བྱའོ། །རེ་ཞིག་བསྐལ་པ་བཟང་པོ་འདི་ལའང་ཡ་ཐོག་རིང་མོ་ཐོག་མ་ནས་སྟོན་པ་གཅིག་གཉིས་ལ་སོགས་བྱོན་ནས་མཚན་ཉིད་སྡེ་གསུམ་རྒྱུད་སྡེ་ཕྱི་ནང་གསུངས་ཤིང་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཕྱིའི་རྒྱུད་སྡེ་འགའ་གསུངས་པ་དང་། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གཉིས་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གསུམ་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་རྒྱུད་ཅེས། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས་གསུངས་ཤིང་། ཐོག་མེད་དུས་ནས་གསུངས་པ་ཡིན་ཀྱང་རེ་ཞིག་ཤཱཀྱ་ཐུབ་པས། ཕྱིས་ནས་འབྲས་སྤུང་སོགས་སུ་བཟླས་ཏེ་བསྟན། །ཕྱག་རྡོར་དང་ནི་ཞུ་བའི་འཁོར་གྱིས་བསྡུས། །གྲུབ་ཐོབ་བརྒྱད་སོགས་རྒྱ་བོད་མཁས་པས་བཀྲལ། །དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སེར་སྐྱའི་གྲོང་ཁྱེར་དང་ཐག་མི་རིང་བ་ཞིག་ན་བཞུགས་པའི་དུས་སུ། ཨོ་རྒྱན་གྱི་ཡུལ་དང་ཉེ་བ་གྲོང་ཁྱེར་ཤམ་པ་ལ་ཞེས་བྱ་བའི་ཕོ་བྲང་གི་ཡང་ཐོག་རྣམ་རྒྱལ་པོ་ཨིནྟྲ་བྷུ་ཏི་ཞེས་བྱ་བ་བཞུགས་པ་ལ་དགེ་སློང་གི་དགེ་འདུན་མང་པོ་ཉི་ཟེར་ལ་བཅིབས་ནས་བཞུད་པ་མཐོང་ནས་ཁྱིམ་བདག་མྱེས་སྦྱིན་གྱིས་གདུགས་ཚོད་དྲངས་དགོང་མོ་ཕར་ལ་བཞུད་པ་མཐོང་བ་ལ་རྒྱལ་པོ་དད་དེ་ཀུན་ལ་དྲིས་པས་བློན་པོ་ཟླ་བ་བཟང་པོས་འདི་ནི་ཤར་ཕྱོགས་ལོགས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེའི་དགེ་སློང་རྫུ་འཕྲུལ་དང་ལྡན་པ་རྣམས་གཤེགས་བཞུགས་མཛད་པ་ཡིན་ནོ་སྨྲས་པས། རྒྱལ་པོས་དེ་འདིར་བྱོན་པར་གྱུར་ཅིག་ཞེས་སྨོན་ལམ་བཏབ་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ནས་ཉོན་མོངས་སྤངས་པའི་ཆོས་བསྟན་པས། རྒྱལ་པོའི་ཞལ་ནས། ལུམ་པའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་སེང་གེར་གྱུར་ཀྱང་སླའི། །འདོད་པ་སྤངས་པའི་ཐར་པ་ནི། །བཅོམ་ལྡན་ནམ་ཡང་མི་འཚལ་ལོ། །ཞུས་པས། སྟོན་པས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ་འཁོར་རྣམས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བྱིན་གྱིས་བརླབས་ནས་གསང་བ་འདུས་པ་སྒྱུ་འཕྲུལ་དྲ་བ། ཟླ་གསང་ཐིག་ལེ་ལ་སོགས་པ་གསུངས་པར་རྒྱབ་ཆོས་སྤར་ཁབ་མདོ་འཛིན་ལས་གསུངས། སྔགས་གསར་མའི་ལོ་རྒྱུས་ཁ་ཅིག་ལས། སྟོན་པ་དགུང་ལོ་བདུན་ཅུ་རྩ་དགུའི་ནག་ཉ་ལ་དཔལ་འབྲས་སྤུང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དུ་ཤམ་པ་ལའི་རྒྱལ་པོ་ཟླ་བ་བཟང་པོ་འཁོར་དང་བཅས་པ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་སོ་ཞེས་འབྱུང་ལ། འབྲས་སྤུང་དེ་ཡང་། སྔ་རབས་པ་རྣམས་ནི་སངས་རྒྱས་གསེར་ཐུབ་ཀྱི་དྲང་སྲོང་གྲུབ་པ་བརྙེས་པ་ཞིག་གིས་འབྲས་སོ་བའི་ཆར་ཕབ་པས་རྨང་ལྷས་བཏིང་། སྟོད་མི་རྫུ་འཕྲུལ་གྲུབ་པ་རྣམས་ཀྱིས་བཞེངས་པས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ཞེས་བཞེད་ལ། རྡོ་རྗེ་གདན་ས་ཆེ་ཆུང་གིས་ནི། སྔོན་རྒྱལ་པོ་གསེར་མདོག་གི་དུས་སུ་འབྲས་སོ་བའི་ཆར་ཕབ་པ་འབྲས་སྤུང་ཞེས་གྲགས་པའོ། །ཞེས་འདོད་དོ། །སྔགས་རྙིང་མ་ལས་ནི། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོའམ། གསང་བ་ལུང་བསྟན་པའི་མདོ་ལས། །འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་དུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །ངེས་པའི་ཐེག་པ་གཅིག་མ་གསུངས། །ཞེས་ཞུས་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་ནས་ནི། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སྤྱིར་བསྟན་ནས། ཁྱད་པར་དུ། དགོངས་པ་ལུང་སྟོན་ལས། འཛམ་གླིང་ཤར་ལྷོའི་ཕྱོགས་འཚམས་ཀྱི། །མི་ལས་སྐལ་ལྡན་དྲ་མ་ཆེ། །རྒྱལ་པོ་ཛཿཞེས་བྱ་གསར་མ་བ་ཁ་ཅིག་རྒྱལ་བོ་འདི་རབ་གསལ་ཟླ་བ་ཡིན་པར་བཞེད། བ་ལ། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་ལུང་བསྟན་པ་ལྟར་དམ་པའི་རིགས་ཅན་ལྔས་རི་མ་ལ་ཡའི་རྩེ་མོ་ནས་གདུང་ཚིག་ཉེར་ལྔས་གསོལ་བ་བཏབ་པས་རྒྱལ་པོ་ཛཿལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་དེའི་ཁང་ཐོག་ཏུ་ཏནྟྲ་སྡེ་བཅོ་བརྒྱད་བབས་པ་ཉམས་སུ་བླངས་པས་ཡུལ་དེ་སྟོངས་ནས་མཚོ་གཅིག་ཏུ་གྱུར་ནས་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མར་གྱུར་ཏོ། །ཞེས་གྲགས་སོ། །འདི་དག་གི་རྒྱུད་རྣམས་མཁའ་འགྲོ་གྲུབ་རྣམས་དང་ཁྱད་པར་གསང་བའི་བདག་པོས་བསྡུས་ཏེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་དུས་ན་གསང་བའི་རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་བཤད་པར་བྱེད་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་དང་། མ་རྒྱུད་གསང་བའི་སྒྲོན་མ་ལས། །གསང་བ་ཆེན་པོའི་རྒྱུད་ཤེས་པ་དང་བཤད་པ་སུས་བྱེད་ཞུས་པས། བྱང་ཕྱོགས་སུ་ཨོ་རྒྱན་གྱི་ཡུལ་དཔལ་རྡོ་རྗེ་ཆེན་པོའི་གནས་སུ། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་དྷི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་། གསལ་བར་སེམས་ཅན་ལ་སྟོན་ཏོ། །གསོལ་པ། རྒྱལ་པོ་ཨིནྡྲ་བྷུ་དྷི་དེ་ས་བཅུའི་དབང་ཕྱུག་ལགས་སམ། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ས་བཅུའི་དབང་ཕྱུག་དེ་ཉིད་ཀྱི་སྤྲུལ་པའི་སྐུ་སྟེ་ས་བཅུའི་དབང་ཕྱུག་གོ། །ཅེས་སོ། །དེ་ལྟར་གསང་སྔགས་ཀྱི་རྒྱུད་སྡེ་འཛིན་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ནི། སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན། གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ། ཐུགས་ཀྱི་རིག་འཛིན་ཧཱུྃ་ཆེན་ཀ་ར། ཡོན་ཏན་གྱི་རིག་འཛིན་བི་མ་ལ་མི་ཏྲ། ཕྲིན་ལས་རིག་འཛིན་པྲ་ཧསྟི། མ་མོའི་རིག་འཛིན་དྷ་ན་སཾ་ཀྲི་ཏ། མཆོད་བསྟོད་རིག་འཛིན་རབ་བྷུ་གྷུ་ཧྱ་དེ་བ་ཙནྡྲ། དྲག་སྔགས་རིག་འཛིན་ཤིནྟཾ་གརྦྷ་དང་། ཁྱད་པར་རིག་འཛིན་པད་མ་འབྱུང་གནས་ལ་སོགས་པས་བཀྲལ་ཏེ་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་བོད་ཀྱི་བཀའ་བབ་བརྒྱད་ལ་སོགས་པ་མཐའ་ཡས་པས་འཛིན་པའོ། །གསར་མ་ལྟར་ན། ཨིནྡྲ་བྷུ་དྷི། ཀླུ་སྒྲུབ། པད་མ་བཛྲ། ས་ར་ཧ། ལི་ཧཱི་པ། ཌོཾ་བྷི་ཧེ་རུ་ཀ །ཀུ་ཀུ་རི་བ། རྡོ་རྗེའི་དྲིལ་བུ་པ་དང་གྲུབ་ཆེན་བརྒྱད་དུ་བཤད་དོ། །གཉིས་པ་གསར་རྙིང་གི་རང་བཞིན་བསྟན་པ། སྔ་འགྱུར་རང་ལུགས་བཀའ་གཏེར་གྲགས་པ་དང་། །གསར་མའི་བཞེད་སྲོལ་དཔག་ཏུ་མེད་ན་ཡང་། །རྒྱུད་སྡེ་སྤྱིའི་དམ་ཚིག་འདིར་འཆད་དོ། །དེ་ལ་ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས། །དེ་ཡང་རྒྱ་གར་ན་གསང་སྔགས་ཞེས་པ་ཙམ་ལས། འདི་ནི་གསར་མའོ། །འདི་ནི་རྙིང་མའོ། །ཞེས་སོ་སོར་ཕྱེ་བ་མེད་ནའང་། བོད་འདིར་འགྱུར་སྔ་ཕྱིས་དབང་གིས། གྲགས་པ་སྟེ། ཞེས་དང་། རྒྱལ་པོའི་བཀའ་ཆེམས་ལས། རྙིང་མའི་འགྱུར་གཞུག་ཙནྡྲ་ཀིརྟིས་བཅད། །གསར་མའི་འགྱུར་མགོ་ཇོ་བོ་སྨྲྀ་ཏིས་བཙུག །ཅེས་པས་རྒྱལ་བློན་སྔ་དར་གྱི་དུས་སུ་བཻ་རོ་ཙ་ན་ལ་སོགས་པས་བསྒྱུར་བ་ནས་བཟུང་སྟེ། རྒྱ་གར་གྱི་པཎྜི་ཏ་ཙནྡྲ་གིརྟི་ཞེས་སློབ་དཔོན་ཧཱུྃ་མཛད་རྡོ་རྗེའི་སློབ་མ་ཡིན་ཏེ། དེ་ཉིད་ནི། གཉགས་ཛྙཱ་ན་ཀུ་མ་རའི་སློབ་མ་འོ་བྲན་དཔལ་གྱི་གཞོན་ནུ། དེའི་སྲས་པད་མ་འབྱུང་གནས། དེའི་སྲས་བློ་གྲོས་འབྱུང་གནས་ཀྱི་སྐུ་རིང་ལ་བོད་དུ་བྱོན་ནས་སྒྲུབ་ཐབས་དང་བསྟན་བསྲུང་མང་པོ་བསྒྱུར་ཞིང་། ལོ་ཙཱ་བ་འབྲོག་མའི་ཡང་དག་གི་ལས་ཚོགས་དབང་ཕྱུག་མའི་ཟོར་མདོས་བསྒྱུར་བ་ཡན་ནི་རྙིང་མའི་འགྱུར་ཕྱི་ཤོས་ཡིན་ལ། པཎ་ཆེན་སྨྲྀ་ཏི་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་འགོས་བྱས། ལྷ་བླ་མ་བྱང་ཆུབ་འོད་མན་ཆད་དུ་གང་འགྱུར་བ་ལ་གསར་མ་ཞེས་རཏྣ་གླིང་པས་གསུངས་སོ། །ཁ་ཅིག་བྱ་སྤྱོད་ཀྱི་རྒྱུད་འཛིན་པ་ལ་གསར་མ་བ་གསང་སྔགས་ནང་རྒྱུད་གསུམ་འཛིན་པ་རྙིང་མ་བ་ཡིན་པར་འདོད་པ་ནི་གསང་སྔགས་ཀྱི་ཚུལ་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར་ཟད་དོ། །སྔ་འགྱུར་རྙིང་མ་ལའང་། མདོ་སྒྱུ་སེམས་གསུམ་བཀའ་བརྒྱད་ལ་སོགས་པ་བཀའ་མ་སྟེ་སོ་ཟུར་གནུབས་གསུམ་ལ་སོགས་ནས་ད་ལྟའི་བར་དུ་རྒྱུད་པ་དང་། གཏེར་སྟོན་སངས་རྒྱས་བླ་མ་ནས་བཟུང་སྟེ་གཏེར་སྟོན་མཐའ་ཡས་པ་བྱུང་དང་འབྱུང་འགྱུར་དེ་དག་གཏེར་རྒྱུད་དེ་འདི་གཉིས་ལའང་རང་རང་གི་གཞུང་ལུགས་ཀྱི་དམ་ཚིག་རྣམ་བཞག་མཐའ་ཡས་ཤིང་། སྔགས་གསར་མ་ལྟར་རྒྱུད་སྡེ་དྲུག་གི་སྒོ་ནས་རང་རང་གི་དམ་ཚིག་གི་རྣམ་བཞག་དཔག་ཏུ་མེད་པ་དཀྱུས་མ་ནས་ཤེས་པར་ནུས་ལ། འདིར་ནི་གསར་རྙིང་གི་རྒྱུད་སྡེ་སྤྱི་དང་མཐུན་པར་སྟོན་པ་ཡིན་ནོ། །གསུམ་པ་སྔགས་སྡོམ་གྱི་ངོ་བོ་སྒོ་གསུམ་ཐབས་ཤེས་ཀྱིས་ཟིན་པའི། བསྡམས་པའི་ཚུལ་ཁྲིམས་སོ་སོའི་རིང་ལུགས་བཞིན། དེ་ཡང་ལུས་ངག་ཡིད་གསུམ་ཐ་མལ་དུ་མ་ཡིན་པར་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་ཟིན་པ་གང་ཞིག་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་ཡིན་ཏེ། དབང་ཡོན་ཏན་རིམ་པ་ལས། །སྟོང་པ་དང་ནི་སྙིང་རྗེ་ཉིད། །གཉིས་སུ་མེད་དང་གཉིས་མིན་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་དང་། འདུལ་བའི་རྒྱུད་ཕྱི་མར། ཐབས་དང་ཤེས་རབ་ལས་བྱུང་བའི། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས། །སྔགས་ལས་སྦྱོར་བ་ངེས་བྱས་ལ། །ཞེས་པའི་ཚུལ་དུ་རང་རང་གི་དམ་ཚིག་གིས་རྒྱུད་སྡོམ་པའོ། །བཞི་པ་དབྱེ་བ་ལའང་གཉིས་ཏེ། རྒྱུད་སྡེ་བཞིའི་རྩ་ལྟུང་མདོར་བསྟན། རྣལ་འབྱོར་བླ་མེད་ཀྱི་དམ་ཚིག་རྒྱས་པར་བཤད་པའོ། །དང་པོ་ནི། དབྱེ་བ་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞིར། །རྩ་ལྟུང་བཅུ་གསུམ་སོ་སོར་གྲངས་ངེས་པར། །དུས་ཀྱི་འཁོར་ལོར་བཤད་པ་གཞན་དུ་བལྟ། དེ་ཡང་དབང་དང་བྱིན་རླབས་ཀྱི་གནས་ལུགས་དང་། དེ་ལས་བྱུང་བའི་དམ་ཚིག་གཉིས་ལས། དང་པོ་ནི། དམ་ཚིག་འདི་དག་ཀྱང་དབང་ལས་བྱུང་བ་ཡིན་པའི་ཕྱིར། དབང་གི་གནས་ལུགས་རྒྱུད་སྡེ་བཞི་ལ་ཐ་དད་པ་རེ་ཡོད་དེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡིས་དབང་བསྐུར་ཅོད་པན་དབང་། །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས། ཐུན་མོང་རིག་པའི་དབང་ལྔ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག་ནི་རྡོ་རྗེ་སློབ་མའི་དབང་ཡིན་ལ། དེ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་འཆད་དུ་རུང་ལ། རྣལ་འབྱོར་རྒྱུད་ནི་ཉན་དུ་རུང་ཞིང་། དེའི་སྟེང་དུ་བུམ་དབང་ཡན་ཐོབ་ན་རྣལ་འབྱོར་ལུགས་ཀྱི་སློབ་དཔོན་གྱི་དབང་ཡིན་ཏེ། རྣལ་འབྱོར་རྒྱུད་མན་ཆད་འཆད་པ་དང་། བླ་མེད་ཀྱི་རྒྱུད་ཉན་དུ་རུང་བར་གསུངས་ཤིང་། རྣལ་འབྱོར་བླ་མེད་ལས་བུམ་དབང་ཡན་ཆད་སློབ་མའི་དབང་དང་། དབང་གོང་མ་གསུམ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་གསུངས་སོ། །དེའི་ཕྱིར་ན་ཤིང་རྟ་ཆེན་པོ་ལས། ཀྲི་ཡའི་རྒྱུད་ལས་རིགས་གཏད་པ་དང་། རྗེས་སུ་གནང་བ་དང་། མཎྜལ་ཙམ་ལ་བརྟེན་ནས་བུམ་པའི་ཆུས་དབང་བསྐུར་རམ། སྔགས་ཀྱི་རྗེས་གནང་། སྦྱིན་པ་ཙམ་གྱིས་ལྷ་བསྒོམ་པའི་སྣོད་རུང་དུ་གསུངས་ལ། སྤྱོད་པའི་རྒྱུད་ནས་རིག་པའི་དབང་ལ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་དང་དྲུག་བསྐུར་བས་སྣོད་རུང་དུ་བཤད་ལ། རྣལ་འབྱོར་གྱི་རྒྱུད་ནས་རིག་པའི་དབང་ལྔས་ཐོག་དྲངས་སློབ་མའི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་རྫོགས་པར་བསྐུར་བས་སྣོད་ཏུ་རུང་བར་བཤད་ཅིང་། བླ་མེད་ཀྱི་རྒྱུད་ལས་བུམ་དབང་ལ་སོགས་བཞི་ཀ་བསྐུར་བས་ལམ་རིམ་གཉིས་བསྒོམ་པའི་སྣོད་དུ་རུང་བར་བཤད་དོ། །ཞེས་གསུངས་སོ། །གཉིས་པ་དེ་ལས་བྱུང་བའི་དམ་ཚིག་ལའང་། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་ལས། དང་པོ་བྱ་རྒྱུད་ཀྱི་རྩ་ལྟུང་བཅུ་གསུམ་ནི། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕན་ཆད་ཁྱེད་རྣམས་ཀྱི། ༡ །སངས་རྒྱས་ཆོས་དང་དགེ་འདུན་དང་། །རིགས་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟེན་པར་བྱ། ༢ །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། ༣ །དམ་ཚིག་ཅན་དང་མཛའ་བ་དང་། །བླ་མ་ལ་ནི་བཀུར་བར་བྱ། ༤ །ལྷ་རྣམས་ཀུན་ལ་སྡང་མི་བྱ། ༥ །དུས་མཚམས་དག་ཏུ་མཆོད་པར་བྱ། ༦ །སྟོན་པ་གཞན་གྱི་གཞུང་མི་མཆོད། ༧ །རྟག་ཏུ་བླང་དོར་མགྲོན་མཆོད་བྱ། ༨ །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རྟག་ཏུ་བརྟེན་པར་ཉེ་བར་བཞག ༩ །ཐེག་པ་ལ་ནི་དགའ་རྣམས་ཀྱི། །བསོད་ནམས་དག་ལ་ནན་ཏན་བསྐྱེད། ༡༠ །བཟླས་བརྗོད་བྱེད་ལ་འབད་པ་ཡི། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། ༡༡ །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། ༡༢ །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། ༡༣ །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་སོ། །གསུམ་པ་སྤྱོད་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ནི། །རྣམ་སྣང་མངོན་བྱང་ལས། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །དམ་ཆོས་སྤང་དང་བྱང་ཆུབ་གཏོང་། །སེར་སྣ་དང་ནི་སེམས་ཅན་ལ། །མནར་སེམས་གནོད་བྱེད་བཞི་པོ་ནི། །རྩ་ལྟུང་ཡིན་ནོ་ཐུན་མོང་དུ། །མི་དགེ་བཅུ་ནི་སྤངས་པ་དང་། །སྨོན་འཇུག་སྡོམ་པ་མ་ལུས་པ། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་པས་རྩ་ལྟུང་བཞིའི་སྟེང་དུ་མི་དགེ་བཅུ་སྤངས་པ་བསྣན་པས་བཅུ་བཞི་ཡིན་ལ། སྨོན་འཇུག་གཉིས་ནི་སྔགས་ཐུན་མོང་དུ་བཤད་པས་མཉམ་དུ་མི་བསྒྲང་ངོ་། །ཐེག་ཆེན་མཚུངས་ལྡན་ཡིན་པས་གུད་དུ་མི་བརྩིའོ། །ཞེས་མངའ་རིས་པ་ཚུལ་ཁྲིམས་འོད་ཟེར་གྱིས་བཤད་དོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་རྩ་ལྟུང་བཅུ་བཞི་ནི། རྡོ་རྗེ་རྩེ་མོ་རྣམ་པར་བཀོད་པའི་རྒྱུད་ལས། དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པ་ནི་རབ་ཏུ་བཤད། །སྤངས་ཤིང་འདོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་ཀྱི། ༡ །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། ༢ །མ་བྱིན་པར་ཡང་མི་བླང་ངོ་། ༣ །འདོད་ལ་ལོག་པར་མི་སྤྱོད་ཅིང་། ༤ །རྫུན་དུ་སྨྲ་བར་མི་བྱའོ། ༥ །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། ༦ །སེམས་ཅན་འདུལ་ཕྱིར་མ་གཏོགས་པའི། །བྱ་བ་མ་ཡིན་ཐམས་ཅད་སྤངས། ༧ །དམ་པ་མཉེས་པར་བསྟེན་བྱ་ཞིང་། ༨ །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། ༩ །ཐེག་པ་དམན་ལ་འདོད་མི་བྱ། ༡༠ །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་སྤངས་མི་བྱ། ༡༢ །རྟག་ཏུ་མྱ་ངན་འདས་མི་ཆགས། ༡༣ །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། ༡༤ །ཕྱག་རྒྱ་གཞོན་པ་མཚོན་ཆ་སོགས། །མཚན་མ་འགོད་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཅེས་སོ། །བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་ནི་འོག་ཏུ་སྟོན་ནོ། །གཉིས་པ་རྣལ་འབྱོར་བླ་མེད་ཀྱི་དམ་ཚིག་རྒྱས་པར་བཤད་པ་ལའང་། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་ལུགས་ལ་བརྟུལ་ཞུགས་ཉི་ཤུ་ལྔ། །རིགས་ལྔའི་སྡོམ་པ་རྩ་ལྟུང་བཅུ་བཞི་དང་། །སྦོམ་པོ་དང་ནི་རྫོགས་པ་ཆེན་པོའི་སྲོལ། །ཞེས་པ་ནི་འཆད་པར་འགྱུར་བའི་བསྡོམས་སུ་གནས་པའོ། །གཉིས་པ་རྒྱས་པར་བཤད་པ་ཇི་ལྟར་ཐོབ་ཚུལ་བཤད་པ། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། །རྡུལ་ཚོན་དང་ནི་དེ་བཞིན་བྷ་ག་དང་། །ཀུན་རྫོབ་དོན་དམ་བྱང་སེམས་དཀྱིལ་འཁོར་བཞིར། །སྐུ་བཞིའི་ངོ་བོ་གྱུར་པའི་བླ་མ་བཞིས། །བུམ་པ་གསང་བ་ཤེས་རབ་བཞི་པའི་དབང་། །མཚན་ཉིད་ལྡན་པའི་སློབ་བུར་རིམ་བཞིན་བསྐུར། །སད་རྨི་གཉིད་འཐུག་སྙོམས་འཇུག་གནས་སྐབས་བཞིས། །བསྐྱེད་པའི་སྒོ་གསུམ་ཤེས་བྱའི་དྲི་མ་སྦྱངས། །བསྐྱེད་རིམ་གཏུམ་མོ་དཔེ་དོན་ཡེ་ཤེས་གཉིས། །བསྒོམ་དང་སྐུ་བཞི་ཐོབ་པའི་ནུས་རུང་བྱ། །ཞེས་སྨོས་ཏེ། འདི་ལྟར་གསང་སྔགས་ཀྱི་རྩ་བ་དབང་ཡིན་ཏེ། སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །ཞེས་དང་དམ་པ་དང་པོའི་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་བསྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་པ་ལ་སོགས་ལུང་མཐའ་ཡས་སོ། །དམ་ཚིག་གི་རྣམ་བཞག་ཐམས་ཅད་ཀྱང་དབང་ལས་བྱུང་བ་ཡིན་ཏེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དབང་བརྟེན་པ་ཡི་དམ་ཚིག་བཤད། །ཅེས་སོ། །དེ་ཡང་གསང་སྔགས་བླ་མེད་དུ་དབང་བཞི་ཀ་སྟོན་ཏེ། གསང་འདུས་ལས། བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་དང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དབང་བཞི་ལས། དང་པོ་ནི། ལས་དང་པོ་པའི་གང་ཟག་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སྤྲུལ་པའི་སྐུའི་ངོ་བོར་གྱུར་པ་ཕྱི་སྒྲོ་འདོགས་སློབ་དཔོན་བཞི་ནི། དབང་དང་པོ་ཕུང་ཁམས་ལྷར་ངོ་སྤྲོད་པས་བླ་མ་རྡོ་རྗེ་སློབ་དཔོན། གཉིས་པ་བྱང་སེམས་སློབ་མའི་ལྕེ་ལ་བཞག་པས་དོན་དམ་པ་ཡེ་ཤེས་སྐྱེ་བར་བྱེད་པས་བྱང་སེམས་རྡོ་རྗེ་སློབ་དཔོན། གསུམ་པ་བླ་མ་ཡབ་ཡུམ་སྙོམས་འཇུག་གི་བྱང་སེམས་སློབ་བུའི་གནས་གསུམ་དུ་ཕབ་པས་བདེ་སྟོང་བསྐྱེད་ཕྱིར་རིག་མ་རྡོ་རྗེ་སློབ་དཔོན། བཞི་པ་རང་བྱུང་གི་ཡེ་ཤེས་ངོ་སྤྲོད་པས་རང་རིག་རྡོ་རྗེ་སློབ་དཔོན་བཞི་ཡིན་ཞེས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་པས་གསུངས་པ་པའང་དོན་འདི་ཉིད་དང་མཐུན་པ་ཉིད་དོ། །ཡོངས་སུ་གཅོད་པར་བྱེད་པའི་བླ་མས། སྤྲོས་བཅས་བུམ་པའི་དབང་བསྐུར་བས། རགས་པ་ཕྱིའི་དོན་དུ་ཞེན་པ་སད་པའི་བག་ཆགས་ལུས་ཀྱི་སྒྲིབ་པ་སྦྱང་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་། སྤྱོད་པ་ཀུན་ཏུ་བཟང་པོ་སྐྱོངས་འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་རུང་དུ་བྱ་སྟེ། དབང་བཞི་མདོར་བསྟན་ལས། ལས་དང་པོ་ཡི་གང་ཟག་ལ། །རྡུལ་ཚོན་ས་ཡི་དཀྱིལ་འཁོར་དུ། །བསྐུར་བྱ་བུམ་པའི་དབང་བསྐུར་མཆོག །སྣང་སྲིད་ལྷ་དང་ཐ་དད་མེད། །སྒོམ་པ་བསྐྱེད་པའི་རིམ་པ་བསྒོམ། །ཀུན་ཏུ་བཟང་པོའི་སྤྱོད་པ་སྐྱོངས། །ལུས་ཀྱི་དྲི་མ་དག་པར་བྱེད། །འབྲས་བུ་སྤྲུལ་པའི་སྐུ་ཐོབ་འགྱུར། །ཞེས་པའི་དོན་ནོ། །དབང་གཉིས་པ་ནི། མཚན་མ་ཐོབ་པའི་གང་ཟག་ལ་ལུས་གནས་ཡི་གེ་བྷ་གའི་དཀྱིལ་འཁོར་དུ། སྐུའི་ངོ་བོ་ནང་རང་བྱུང་གི་ཡེ་ཤེས་སྟོན་པའི་བླ་མས་སྤྲོས་མེད་གསང་བའི་དབང་བསྐུར་བས་སེམས་སྣང་ཙམ་དུ་ཞེན་པ་རྨི་ལམ་གྱི་བག་ཆགས་ཕྱེད་སྣང་གི་སྒྲིབ་པ་སྦྱང་གཏུམ་མོ་ཙཎྜ་ལི་ཡི་གེ་འཁོར་ལོ་གསལ་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་གསང་སྤྱོད་སྐྱོངས་འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་རུང་བྱེད་པ་སྟེ། དེ་ཉིད་ལས། མཚན་མ་ཐོབ་པའི་གང་ཟག་ལ། །སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་གསང་བའི་དབང་བསྐུར་མཆོག །བདེ་སྟོང་དབྱེར་མེད་ལྟ་བ་ལ། །བསྒོམ་པ་རྩ་རླུང་ཐིག་ལེ་སྟེ། །གསང་སྤྱོད་སྦས་པའི་སྤྱོད་པ་སྐྱོངས། །དག་བྱ་ངག་གི་དྲི་མ་དག །འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ། །ཅེས་སོ། །དབང་གསུམ་པ་ནི། བརྟན་པ་ཅུང་ཟད་ཐོབ་པའི་གང་ཟག་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཆོས་སྐུའི་ངོ་བོར་གྱུར་པའི་བླ་མ་གསང་བ་ལྷན་སྐྱེས་ཀྱི་ཡེ་ཤེས་སྟོན་པའི་བླ་མས་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བས། ཕྱིའི་རྟོག་པ་ནུབ་མི་རྟོག་པར་ཞེན་པའི་གཉིད་འཐུག་གི་བག་ཆགས་ཡིད་ཀྱི་སྒྲིབ་པ་སྦྱང་། ལམ་དཔེའི་ཡེ་ཤེས་བདེ་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོངས་འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་རུང་དུ་བྱེད་པ་སྟེ། དེ་ཉིད་ལས། ཅུང་ཟད་ཡེ་ཤེས་དབང་བ་ལ། །ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ། །ཤེས་རབ་ཡེ་ཤེས་དབང་མཆོག་བསྐུར། །སྒོམ་པ་ལྷན་གཅིག་སྐྱེས་པ་བསྒོམ། །རིག་པ་བརྟུལ་ཞུགས་སྤྱོད་པ་སྐྱོངས། །ཡིད་ཀྱི་དྲི་མ་དག་པར་བྱེད། །འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར། །ཞེས་སོ། །དབང་བཞི་པ་ནི། ཤིན་ཏུ་བརྟན་པའི་གང་ཟག་ལ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ངོ་བོ་ཉིད་སྐུའི་བདག་ཉིད་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་སྟོན་པར་བྱེད་པའི་བླ་མས་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་བསྐུར་བས་བདེ་བའི་རོ་ལ་ཞེན་པ་སྙོམས་འཇུག་གི་བག་ཆགས་སེམས་ཀྱི་སྒྲིབ་པ་སྦྱངས། དོན་གྱི་ཡེ་ཤེས་རིག་སྟོང་ཟུང་འཇུག་བསྒོམ་པ་ལ་དབང་། མཉམ་གཞག་གི་སྤྱོད་པ་སྐྱོངས་འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་རུང་སྟེ། དེ་ཉིད་ལས། སློབ་པའི་ཟུང་འཇུག་ཐོབ་པ་ལ། །དེ་བཞིན་ཁོ་ནའི་དཀྱིལ་འཁོར་དུ། །བཞི་པ་ཚིག་དབང་རིན་ཆེན་བསྐུར། །མཐའ་བྲལ་ཡིད་ལ་མི་བྱེད་པར། །སྒོམ་པ་ཕྱག་རྒྱ་ཆེན་པོ་བསྒོམ། །མཉམ་གཞག་ཆེན་པོའི་སྤྱོད་པ་སྐྱོངས། །ཐ་དད་འཛིན་པའི་དྲི་མ་དག །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ། །ཅེས་སོ། །དེ་ཡང་དབང་དང་པོ་གསུམ་གྱིས་ཉོན་མོངས་པའི་སྒྲིབ་པ་སྦྱངས་བསོད་ནམས་ཚོགས་བསགས། ཕྱི་མས་ཤེས་བྱའི་སྒྲིབ་པ་སྦྱང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་དེ་འདི་དག་གི་རྣམ་བཞག་རྒྱས་པར་ཉི་ཟླ་འོད་ཀྱི་དབང་དོན་རབ་དབྱེ་ལ་སོགས་པར་གཟིགས་ནས་ཕུལ་དུ་ཕྱིན་པ་གཅིག་ཤེས་དགོས་པ་གལ་ཆེ་སྟེ། དབང་དོན་མ་ཤེས་སྔགས་པའི་ཐ་སྙད་མེད། །ཅེས་གསུངས་པའི་ཕྱིར་རོ། །འདི་ན་ཡི་གེ་མང་བ་དང་བསྟན་བཅོས་ཉོག་ཉོག་པོར་འགྱུར་ཕྱིར་རྩ་ཚིག་གི་འབྲུ་ནོན་ཙམ་དུ་བསྡུས་སོ། །རིག་འཛིན་སྔགས་ཀྱི་སྡོམ་པའི་ཐོབ་མཚམས་གང་ཞེ་ན། དང་པོ་གནས་གསུམ་རྡོ་རྗེ་གསུམ་བསྐྱེད་ནས། །ཐ་མ་དབང་བཞི་ཡོངས་སུ་རྫོགས་པའི་ཚེ། །རིག་འཛིན་སྡོམ་པ་ཐོབ་ཅིང་དེ་ཡི་རྗེས། །ཁས་བླངས་སྡོམ་དང་དམ་ཚིག་བསླབ་ལ་འབད། །ཐོག་མར་ལུས་ལྷ་ངག་སྔགས་སེམས་ཏིང་ངེ་འཛིན་གྱི་རྡོ་རྗེ་དང་ལྡན་པས་དབང་བཞི་རྫོགས་པའི་རྗེས་ཐོག་ཉིད་དུ་དབང་ཆོག་ལས། དེ་ལྟར་དབང་ལེགས་པར་ཐོབ་ནས། ད་ནི་དབང་བརྟན་པ་ཡི་དམ་ཚིག་བཤད། །ཅེས་པས་དམ་ཚིག་དང་སྡོམ་པ་འདི་ལྟར་བསླབ་དགོས་ཏེ། ཞེས་པས་བཀྲོལ་ཏེ་བཤད་ནས་སླར་ཡང་ཁས་བླང་བའི་སྔགས་ཚིག །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་པ་ལ་སོགས་པ་བྱས་ནས་དམ་ཚིག་ལ་འབད་དེ་བསླབ་པར་བྱ་བ་ཉིད་དོ། །གསུམ་པ་བར་དུ་མི་ཉམས་པར་བསྲུང་བའི་ཐབས་བཤད་པ་ལ་གཉིས་ཏེ། དམ་ཚིག་དངོས་དང་། དེ་ཉིད་སྐྱེ་བའི་རྟེན་ནོ། །དང་པོ་ལའང་། བླ་མེད་ཀྱི་དམ་ཚིག་སྤྱིར་བསྟན། ཡང་གསང་རྫོགས་ཆེན་གྱི་དམ་ཚིག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལའང་བཞི་སྟེ། བརྟུལ་ཞུགས་ཉེར་ལྔ་རིགས་ལྔའི་དམ་ཚིག །རྩ་ལྟུང་བཅུ་གསུམ། ཡན་ལག་སྦོམ་པོ་བཤད་པའོ། །དང་པོ་ནི། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །ཐོག་མའི་བརྟུལ་ཞུགས་དུས་ཀྱི་འཁོར་ལོ་ལས། །གསོད་རྫུན་རྐུ་དང་འདོད་ལོག་ཆང་འཐུང་བ། །སྤང་བྱ་བསླབ་པའི་གཞི་ལྔ་ཞེས་སུ་གསུངས། །ཆོ་ལོ་ཁ་ན་མཐོའི་ཟས་ཟ་བ། །ངན་ཚིག་འབྱུང་པོ་ལྷ་མིན་ཆོས་བསླབ་པ། །རྣམ་པ་ལྔ་ནི་བྱ་བ་མིན་ལྔའོ། །བ་གླང་སྐྱེས་པ་བུད་མེད་བྱིས་པ་དང་། །མཆོད་རྟེན་བསྣུན་པ་གསོད་པ་ལྔ་རུ་གྲགས། །དགེ་གྲོགས་རྗེ་བོ་སངས་རྒྱས་དགེ་འདུན་དང་། །བླ་མར་ཁོང་ཁྲོ་བསྒོམ་རྣམས་འཁུ་བ་ལྔ། །གཟུགས་སྒྲ་དྲི་རོ་རེག་བྱ་ཡུལ་ལྔ་ལ། །མིག་དང་རྣ་བ་སྣ་ལྕེ་ལུས་དབང་ལྔ། །ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔའོ། །འདི་དག་ནི་གཞུང་ཚིག་གིས་གསལ་ཞིང་སླད་ནས་དམ་ཚིག་ཉི་ཤུ་རྩ་ལྔའི་སྐབས་སུ་འང་འགའ་ཞིག་ཚུལ་མཐུན་པར་འཆད་པས་ཤེས་སོ། །གཉིས་པ་རིགས་ལྔའི་དམ་ཚིག་ལའང་། སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི། ཐུན་མོང་གྱུར་པ་རིགས་ལྔའི་སྡོམ་པ་ལྔ། །དེ་ལ་དང་པོ་སངས་རྒྱས་རིགས་ཀྱི་དམ་ཚིག་ནི། །གོང་གི་བྱང་སྡོམ་སྐབས་སུ་བཤད་པ་ལྟར། །སྨོན་འཇུག་གཉིས་དང་ཚུལ་ཁྲིམས་རྣམ་པ་གསུམ། །སློབ་པ་སངས་རྒྱས་རྣལ་འབྱོར་སྡོམ་པའོ། །དེ་སྐད་དུའང་སྤྱོད་རྒྱུད་ལས། སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོ་བཟུང་། །ཞེས་སོ། །རྡོ་རྗེ་རིགས་ཀྱི་དམ་ཚིག་ནི། །རྡོ་དྲིལ་ཕྱག་རྒྱ་བླ་མ་བཟུང་རྡོ་རྗེ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །དེ་བཞིན་གཤེགས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །ཞེས་པས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཐབས་སྙིང་རྗེ་ཆེན་པོ་ཆོས་ཉིད་ཀྱི་རྡོ་རྗེ་དེ་མཚོན་བྱེད་དུ་མཚན་མ་རྫས་ཀྱི་རྡོ་རྗེ་དང་ཤེས་རབ་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཀུན་ནས་ཟླུམ་པའི་དྲིལ་བུ་དེ་མཚོན་བྱེད་རྫས་ཀྱི་དྲིལ་བུ་བཟུང་བ་དང་། གཞི་དོན་ཇི་བཞིན་སྟོན་པའི་བླ་མ་དང་ལམ་དང་འབྲས་བུའི་ཉེ་རྒྱུ་ཕྱག་རྒྱ་བཟུང་བ་སྟེ་དེ་ཉིད་ལས། རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་སོ། །རིན་ཆེན་རིགས་ཀྱི་དམ་ཚིག་ནི། །ནོར་ཆོས་མི་འཇིགས་བྱམས་སྦྱིན་རིན་ཆེན་འབྱུང་། །སྔ་མ་ལས། རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་པས་ཡུལ་བླ་མ་དང་མཆེད་གྲོགས་ལ་སོགས་པ་ལ། ཟང་ཟིང་ཆོས་མི་འཇིགས་པ་བྱམས་པའི་སྦྱིན་པ་བཞི་གཏོང་བའོ། །པདྨ་རིགས་ཀྱི་དམ་ཚིག་ནི། ཕྱི་ནང་གསང་བའི་ཐེག་འཛིན་པདྨའི་རིགས། དེ་ཡང་ཕྱི་འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ། ནང་བྱ་སྤྱོད་རྣམ་འབྱོར་སྔགས་ཀྱི་རྒྱུད་གསུམ། གསང་བ་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དེ་ནང་རྒྱུད་གསུམ་སྟེ་ཐེག་པ་དགུའི་ཆོས་འཛིན་པ་སྟེ། དེ་ཉིད་ལས། པད་མའི་རིགས་མཆོག་ཆེན་པོ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བྱ། །ཞེས་སོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། །མཆོད་བསྟོད་ལས་རིམ་འཛིན་པ་ལས་ཀྱིའོ། །དེ་ཡང་། སྔ་མ་ལས། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་པས་མཆོད་བསྟོད་ལས་སྦྱོར་གྱི་རིམ་པ་འཛིན་པའོ། །གཉིས་པ་ཁྱད་པར་དུ་བཤད་པ་ལའང་། དང་པོ་རྡོ་རྗེའི་རིགས་ལ། ཁྱད་པར་སྲོག་གཅོད་རྡོ་རྗེའི་རིགས་ཡིན་ཏེ། །ཞིང་བཅུ་ཚང་དང་རླུང་དང་རྟོགས་པ་ཡིན། །དེ་ཡང་རྩ་བཞི་ཆང་ལྔ་བླང་བ་རིགས་ལྔའི་སྤྱད་བྱ་ཡིན་ཏེ། སྲོག་གཅོད་ལའང་། ཐུན་མོང་དུ་བསྒྲལ་བའི་ཞིང་བཅུ་ཚང་བ་ཡུལ་ཡིན། དེ་ཡང་སྤང་བླང་གི་ཚུལ་ཇི་ལྟར་ཞེ་ན། མ་མོ་སྲིད་པའི་རྫོགས་ལུང་ཆེན་མོ་ལས། །བསྒྲལ་བའི་ལས་འདི་བརྩམ་པ་ཡང་། །ཀུན་ལ་བྱ་བར་མ་གསུངས་ཏེ། །མཚན་དང་ལྡན་པའི་སྐྱེས་བུ་དང་། །གཞུང་དང་ལྡན་པའི་སྐྱེ་བོ་དང་། །དོན་དང་ལྡན་པའི་དགེ་འདུན་དང་། །ལུང་དང་ལྡན་པའི་མཁན་སློབ་དང་། །ཆོས་དང་ལྡན་པའི་རྒྱལ་པོ་དང་། །ཁྲིམས་དང་ལྡན་པའི་བྲམ་ཟེ་དང་། །རྟགས་དང་ལྡན་པའི་བུད་མེད་ལ། །ལས་འདི་བརྩམ་པར་མ་གསུངས་སོ། །བརྩམ་ཀྱང་མི་འགྲུབ་རང་ཉིད་ཕུང་། །གཉེན་གྱི་དོན་དུ་གཉེར་བ་དང་། །རོག་འབྲེལ་དོན་དུ་བརྩམ་པ་དང་། །རང་ནོར་རང་གིས་བླང་བ་དང་། །རིངས་པར་ཟ་བར་བསྐོས་པ་དང་། །ཉམ་ཐག་ཕོངས་པར་གྱུར་པ་དང་། །མ་རྟོགས་གླེན་པའི་མཚན་ཉིད་ལ། །ལས་འདི་བརྩམ་པར་ངས་མ་གསུངས། །བརྩམས་ཀྱང་སྡིག་ཁྲེན་ཆེ་བར་གསུངས། །ལེན་པ་རང་གིས་ཆེ་བ་དང་། །འཁན་འཁོན་ཕྲན་ཚེགས་ཡོད་པ་དང་། །ཁ་སྐད་ཆགས་པ་ཕྲ་མོ་དང་། །ཆང་དབང་གདོན་བསླུས་བཀའ་སྩོལ་པ། །ལས་འདི་བརྩམ་པར་ངས་མ་གསུངས། །བརྩམ་ན་ངན་སོང་གསུམ་དུ་ལྟུང་། །འདི་དག་བརྩམ་པའི་མཚན་ཉིད་ནི། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཐེག་པ་ཆེན་པོ་སྨད་པ་དང་། །བསྟན་པ་གཉན་པོ་བཤིག་པ་དང་། །མངའ་རབ་ཆད་པའི་སྐུ་དགྲ་དང་། །བཀའ་རྐུན་འགལ་བར་བྱེད་པ་དང་། །ཆ་ཡོད་བཞིན་དུ་འཇོམས་ཆེ་དང་། །རང་ཆོགས་ཡོད་ཀྱང་གཞན་ལ་འཕྲོག །མ་ཉེས་ཡོངས་ཀྱི་མཉའ་བ་གནོན། །ཉམ་ཐག་ཀུན་ལ་སྙིང་རྗེ་མེད། །སྡིག་པའི་ཕྱོགས་བསྡོངས་དགེ་ལ་སྨོད། །ཡོན་ཏན་ཅན་དང་མཁས་པ་གསོད། །རྣལ་འབྱོར་བར་ཆོད་རྐུ་འཕྲོག་བྱེད། །ཕུད་དང་བསྒྲུབ་པའི་ལོངས་སྤྱོད་ཟ། །སྙིང་ནས་ཟ་བར་ཤོམ་པ་དང་། །ཁྲེལ་འཛེམ་ངོ་ཚ་བྲལ་བ་དང་། །རྒྱལ་ཁམས་ནག་པོར་བྱེད་པ་དང་། །བདག་དང་ཡོངས་ལ་འཇུག་པ་དང་། །ཞིབ་པར་སྨྲས་ཀྱང་མི་ཉན་ཞིང་། །བདེན་པས་བཀྲོལ་ཡང་མི་གོ་བ། །འདི་དག་བསྒྲལ་བའི་རྒྱུ་ཡིན་པས། །ཕྲིན་ལས་དུས་ལ་བབ་པ་ཡིས། །བསྒྲལ་བའི་ཞིང་བཅུར་གྱུར་པ་སྟེ། །ཞེ་སྡང་མེ་ལྟར་འབར་དང་གཅིག །ཕྲག་དོག་རླུང་དམར་འཚུབ་དང་གཉིས། །འདོད་ཆགས་ཞིང་ལྟར་གཏམས་སྟེ་གསུམ། །གཏི་མུག་རི་ལྟར་སྤུང་སྟེ་བཞི། །ང་རྒྱལ་སེར་ལྟར་ཁེངས་ཏེ་ལྔ། །སེར་སྣ་རྩི་ལྟར་འབྱར་སྟེ་དྲུག །གཏུམ་ཁྲོ་ཁྲོ་ཆུང་འདྲ་སྟེ་བདུན། །གསོད་གཅོད་སྲིན་པོ་འདྲ་སྟེ་བརྒྱད། །འཕྲོག་རློམ་སྲིན་པོ་འདྲ་སྟེ་དགུ། །ཆོས་ལོག་ཁ་དཔོན་བྱེད་དེ་བཅུ། །འདི་དག་བསྒྲལ་བའི་དམིགས་ཡིན་ཏེ། །འདི་ལ་བསྒྲལ་བའི་ལས་བརྩམ་ན། །རྣལ་འབྱོར་དབུ་རྨོག་མཐུ་དཔུང་བཙན། །སྒྲུབ་ལ་བར་ཆད་བྱེད་པ་མེད། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །བླ་མེད་ཐར་པའི་བདེ་སྒོ་འབྱེད། །ངན་སོང་འཁོར་བ་གཏིང་ནས་འབྱིན། །བསྟན་པ་བསྲུང་ཞིང་གང་ཟག་བཙུན། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཅེས་སོ། །བསྒྲལ་བའི་ཞིང་བཅུ་རྡོ་རྗེ་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྤྱི་དགྲ་དང་། །དམ་ཉམས་ལོག་ལྟ་འཁུས་པ་དང་། །འདུལ་བར་འོས་མིན་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་རྣམས་ཀྱི་ཡོངས་སུ་བླངས། །ཞེས་སོ། །ཡང་དཔལ་མགོན་གྱི་བསྐུལ་བྱང་ལས་ནི། སངས་རྒྱས་བསྟན་པ་གཤིག་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །དབེན་གནས་གཉན་པོ་འཇོམས་པ་དང་། །དགེ་འདུན་པ་ཡི་དབྱེན་བྱེད་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །གསང་སྔགས་ཆོས་ལ་སྨད་པ་དང་། །སྡེ་དགོན་ཡོ་བྱད་རྐུ་བ་དང་། །བསམ་གཏན་པ་ཡི་སེམས་དཀྲུག་དང་། །སྐྱེ་བོ་སྡིག་ལ་དགའ་བ་དང་། །དགེ་བ་སྡིག་པར་བསྒྱུར་བྱེད་པའི། །བསྒྲལ་བའི་ཞིང་བཅུ་ཚང་བ་ཡིས། །ཞེས་གསུངས་སོ། །སྐུ་དགྲ་རྣམ་ལྔ་ནི། གསལ་བཞག་ལས། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །རྡོ་རྗེའི་མཆེད་ལ་འཁུ་བ་དང་། །ཐེག་པ་ཆེན་པོའི་སྤྱི་དགྲ་དང་། །རྡོ་རྗེ་ཐེག་པ་དམོད་པ་དང་། །རྒྱལ་ཁམས་ཡོངས་ལ་འཚེ་བ་དང་། །རྣལ་འབྱོར་འདི་སྒོས་གནོད་པ་ཡི། །ཞེས་སོ། །ཉམ་པ་བདུན་ནི། ཐུན་མོང་ལྟར་ན། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །རྡོ་རྗེ་མཆེད་ལ་འཁུ་བ་བྱེད། །གསང་བའི་ཐེག་པ་སྨོད་པ་དང་། །སངས་རྒྱས་བསྟན་པ་འཇིག་བྱེད་དང་། །རྒྱལ་ཁམས་ཡོངས་ལ་གནོད་བྱེད་དང་། །རྣལ་འབྱོར་སྤྱི་ཡི་དགྲར་གྱུར་དང་། །དམ་ལྡན་བདག་གི་སྒོས་དགྲའོ། །ཁྱད་པར་ཉམ་པ་བདུན་དག་ནི། །སྲོག་དོན་བཀའ་དམ་ལས་ཀྱི་ཉམ། །མཚན་མ་འདོད་པ་ཉམ་པ་བདུན། །ཞེས་ཕུར་པ་རྩ་རྒྱུད་ལས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་དང་། སེམས་ཅན་གྱི་བདེ་དཔལ་ལ་དམིགས་ནས་ངན་སོང་མྱུར་དུ་སྐྱོབ་ཕྱིར། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་དགུང་ལོ་རྒུད་པར་གྱུར་ཀྱང་། གླང་དར་མས་བསྟན་པ་བསྣུབ་པ་བསྒྲལ་ཕྱིར་རྒྱ་གར་དུ་བྱོན་ནས་ངན་སྔགས་སློབ་པ་ན། བར་དེར་སེམས་དཔའ་ཆེན་པོ་ལྷ་ལུང་དཔལ་རྡོར་གྱིས་སྡིག་ཅན་གྱི་རྒྱལ་པོ་བཀྲོངས་པ་དེ་ལྟ་བུ་ནི། དེང་སང་སྐབས་སུ་གོང་དུ་བཤད་པའི་བླང་དོར་ལ་མི་དམིགས་པར་རང་གི་ཞེ་འཁོན་དང་གཉེན་འབྲེལ་ལ་ཆགས་སྡང་གི་དམིགས་པའི་སྒྲོལ་བ་ལམ་བྱེད་འདི་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་གང་དང་ཡང་མཐུན་པར་འདུག་གམ་རྟོག་པར་བྱའོ། །དེ་དག་ནི་ཐུགས་རྗེས་གཞན་བསྒྲལ་བ་ཞེས་བྱ་ལ། ད་ནི་རྟོགས་པས་བདག་བསྒྲལ་བ་འདི་ནི་གསང་སྔགས་ཀྱི་གནད་གལ་པོ་ཆེ་ཡིན་ཏེ། དང་པོ་ཉམས་ཀྱི་གནས་སྐབས་ན་ཉོན་མོངས་པའི་རླུང་རྟ་ལོང་བ་རྐང་ཅན་ལྟ་བུ་ལ། སེམས་འགྱུ་རང་གི་ངོ་བོ་འདི་མི་འཕྱེ་བོ་མིག་ཅན་ལྟ་བུས་ཞོན་ནས་ཚོགས་དྲུག་གི་ཡུལ་བདེན་པར་བཟུང་སྟེ་ཞེན་པ་ཡེ་ཤེས་ཀྱི་རླུང་སྟོང་གསལ་སྤྲོས་བྲལ་ཇི་བཞིན་པའི་སྒྲོག་གིས་བསྡམ་པས་མི་དང་འདྲ་བའི་སེམས་དང་སེམས་བྱུང་རྟོག་ཚོགས་ཀྱིས་རྟ་དང་ཕྲལ་ཏེ་སྲོག་གཅོད་པ་ཞེས་བརྗོད་ལ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པར་མ་ཤེས་ཏེ། ང་དང་གཞན་ནོ་ཞེས་པའི་བདག་ཏུ་འཛིན་པའི་རྟོག་པ་དེ། གཞི་མེད་འཁྲུལ་ཟད་ཆེན་པོར་བསྒྲལ་བ་ནི་སྒྲོལ་བ་ལས་བྱེད་ཀྱི་དགོངས་པའི་མཐར་ཐུག་པ་ཡིན་ཏེ། ཐམས་ཅད་གསང་བའི་རྒྱུད་ལས། །སེམས་ཅན་ཀུན་གྱི་དངོས་པོ་ཀུན། །རང་སེམས་ཆོས་ནི་བསྡུས་པ་ཡིན། །ཆོས་བདག་མེད་པའི་སྦྱོར་བ་ཡིས། །བསད་ན་རང་ཉིད་འཆི་བར་འགྱུར། །ཞེས་སོ། །གཞན་ཡང་རྟོགས་པས་བདག་འཛིན་མ་བསྒྲལ་ན། །ཐུགས་རྗེས་གཞན་བསྒྲལ་མི་ནུས་ཏེ། །ཞེས་སུརྻ་ཙནྚས་གསུངས་པ་ལྟར། བདག་འཛིན་དགྲ་བོ་འདིས་ནི་ལེགས་པའི་ཆོས་ཐམས་ཅད་ཀྱི་སྲོག་གཅོད་པ་ཡིན་པས། འདི་ཉིད་ཆོས་དབྱིངས་སྤྲོས་བྲལ་གྱི་ཀློང་དུ་སྒྲོལ་དགོས་ཏེ། དཀོན་མཆོག་བརྩེགས་པ་ལས། དེ་བཞིན་ལྟར་གྱུར་ནང་ནས་བདག་ལྟ་བ། །དེས་ནི་ཆོས་སྲོག་རྣམ་པར་འཇིག་པར་བྱེད། །ཅེས་དང་། རྒྱུད་ལས། སྲིད་པའི་རྩ་བ་བདག་འཛིན་ཉིད། །ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །ཞེས་དང་། ཟླ་བ་གྲགས་པས། གང་གི་ཕུང་པོ་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱེད་པ་སྟེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ཞེས་དང་། དབང་རིན་ཆེན་འཁོར་ལོའི་རྒྱུད་ལས། མིག་གཅིག་པུའི་སྲོག་ལ་གདབ། །ཐམས་ཅད་བསད་པས་ག་ལ་ལོངས། །གཅིག་གཅོད་པས་ནི་ཁམས་གསུམ་སྒྲོལ། །སྲོག་གི་ངོ་བོ་འཛིན་པ་ཡིན། །ཞེས་པས་ཁམས་གསུམ་དུ་འཁོར་བའི་རྒྱུ་ལུས་ཀྱི་བདག་འཛིན་ཨ་ཀར་ཤ་རུ་ཊ། ངག་གི་བདག་འཛིན་ཁ་ཏྲཾ་ཀ་རུ་ཊ། ཡིད་ཀྱི་བདག་འཛིན་མ་ཏྲཾ་ཀ་རུ་ཊ་གསུམ་པོ་འདི་བསྒྲལ་བ་ནི་རྟོགས་པས་བདག་བསྒྲལ་བ་ཞེས་བྱའོ། །གཉིས་པ། རིན་ཆེན་རིགས་ལ་མ་བྱིན་ལེན་པ་ནི། །ནོར་དང་བུད་མེད་ཐེག་ཆེན་ཟབ་མོའི་ཆོས། །རང་དང་གཞན་དོན་བསྒྲུབ་ལ་དགོངས་པས་གསུངས། །དེ་ཡང་བཤགས་པའི་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། །སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར། །ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླངས། །སེམས་ཅན་དོན་ཕྱིར་འཕགས་པ་མཆོད་པ་དང་། །ཞེས་དང་། དགོངས་པ་ལུང་སྟོན་པའི་རྒྱུད་ལས། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ཡི་རྫས་སུ་ཤེས་བྱ་སྟེ། །དེ་འཕྲོག་བྱེད་པ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པར་འདོད། །ཅེས་དང་། གསང་འདུས་ལས། བུད་མེད་གཟུང་དང་མདངས་བཟང་མ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་གནས་གསུམ་དུ། །དབེན་པར་མཆོད་པར་རབ་བརྩམ་ནས་ཞེས་པའི་ཚུལ། ཕྱག་རྒྱའི་དྭངས་མ་རང་སྟོབས་ཀྱིས་ལེན་ཏེ་རྩ་གནས་དང་བཅས་པར་མཆོད་པ་དང་གཞན་ཡང་ཡོན་ཏན་མང་དུ་གསུངས་པ་བཞིན་ནོ། །ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱི་སྒོ་མོ་ཀུན་ནས་བསྡུར་བ་བུང་བ་ཚང་འཚོལ་བ་ལྟ་བུས། ཆོས་ཐམས་ཅད་ཁོང་དུ་ཆུད་པར་དབང་དུ་བྱེད་པ་སྟེ། ཀླུ་སྒྲུབ་སྙིང་པོས། སྐྲ་དཀར་གཉེར་མ་ལྷགས་དུས་སུའང་། །ཐོས་པ་བསགས་པར་བྱ་བ་སྟེ། །གང་དུ་ཐོས་མང་འགྲོ་གྱུར་ཡང་། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་དང་། སློབ་དཔོན་འཇམ་དཔལ་སྙིང་པོས། རང་དང་གཞན་ལ་ཕན་པའི་ཕྱིར། །ཐོས་པས་ངོམས་པར་མི་བྱ་སྟེ། །ས་གསུམ་བརྙེས་པའི་སེམས་དཔའ་ཡང་། །ཐོས་པས་ངོམས་པ་མེད་ལ་ལྟོས། །ཞེས་གསུངས་པ་ལྟར་རོ། །གསུམ་པ། པདྨའི་རིགས་ལ་ལས་ཆོས་དམ་ཚིག་དང་། །ཕྱག་རྒྱ་ཆེ་སྟེ་བླ་མེད་བསྟན་པར་གསུངས། །དོ་ཧ་ལས། བཅུ་དྲུག་ལོ་ལོན་རབ་ཏུ་མཛེས་ཤིང་སྐྲ་སེར་ལི། །ཨུཏྤལ་དྲིས་ཁྱབ་ནུ་མ་སྲ་མཁྲེགས་སྐེད་པ་ཕྲ། །སྨད་ཀྱི་ཞིང་རྒྱས་བྷ་ག་རུབ་ཅིང་ཆགས་པའི་མདངས། །རྐྱང་མ་དང་བཅས་གསང་ཐུབ་རབ་ཏུ་གཞོལ། །དད་པ་རབ་ཏུ་བརྟན་ཞིང་རྟོག་པ་ཆུང་གྱུར་པ། །རྟགས་གསུམ་ལྡན་པའི་ཕྱག་རྒྱ་དབང་གིས་སྨིན་པར་མཛད། །ཡོངས་སུ་བཟུང་ནས་རང་གི་རིག་པའི་ཡེ་ཤེས་སྦྱིན། །སྐབས་སུ་རོ་སྙོམས་གཉུག་མའི་ཕྱག་རྒྱ་བཟུང་། །ཞེས་པས་མཚན་ལྡན་གྱི་རིག་མ་ལ་མས་བརྟེན་གྱི་དགའ་བ་འོག་སྒོ་བདེ་ཆེན་ནི། གསུང་ལས་ཀྱི་ཕྱག་རྒྱ། ཡབ་ཡུམ་ལྷའི་བསྐྱེད་རིམ་ལ་གནས་ས་ནི་ཐུགས་ཆོས་ཀྱི་ཕྱག་རྒྱ། ཡས་བབས་ཀྱི་དགའ་བ་སྟེང་སྒོ་རྣམ་གྲོལ་ནི་ཡོན་ཏན་དམ་ཚིག་གི་ཕྱག་རྒྱ། ལྷན་སྐྱེས་གཉུག་མའི་ཡེ་ཤེས་རྫོགས་རིམ་ནི་ཕྲིན་ལས་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་པའོ། །དེ་ཡང་དགོངས་པ་ལུང་སྟོན་གྱི་རྒྱུད་ལས། གང་ཞིག་དོན་ནི་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་ཉིད་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་ཆགས་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །བཞི་པ། ལས་ཀྱི་རིགས་ལ་རྫུན་དུ་སྨྲ་གསུངས་པ། །བདག་དང་སེམས་ཅན་མི་དམིགས་བདེན་མེད་སྟོན། དེ་ཡང་རྒྱུད་དེ་ཉིད་ལས། ནང་དང་དེ་བཞིན་ཕྱི་རོལ་དག །རྟེན་འབྱུང་གཉིས་སུ་བརྟེན་པ་ནི། །དེ་ནི་རྫུན་སྨྲ་དགའ་བ་སྟེ། །གནས་མེད་ལ་གནས་རྣལ་འབྱོར་པའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་ཞིག་ཡོད་ནའང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མི་དག་བྲག་རིའི་དྲུང་འདུག་སྟེ། །གླུ་ལེན་སྨྲ་དང་རྒོད་དང་ངུ་བ་ལས། །རྐྱེན་ལ་བརྟེན་ནས་བྲག་ཆ་འབྱུང་མོད་ཀྱི། །སྒྲ་ལས་དབྱངས་དེ་ནམ་ཡང་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དེ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་བརྟགས་པའི་སྣང་ངོར་བདེན་བདེན་པོར་གྲུབ་ཀྱང་བརྟགས་པའི་སྣང་ངོར་གང་ཡང་གྲུབ་པ་མེད་པ་བདེན་མེད་དུ་སྟོན་པ་ལ་རྫུན་དུ་སྨྲ་བ་ཞེས་བྱའོ། །ལྔ་པ་ནི། འཁོར་ལོའི་རིགས་ལ་ཆང་དང་ཤ་ལྔ་དང་། །ཡུལ་ཀུན་བརྟེན་བསྲུང་ཕྱི་ནང་གསང་བའི་ཐེག །རིམ་པ་མ་ཉམས་སྤྱོད་པ་བླ་མེད་ལུགས། །དེ་ཡང་ཆང་དང་ཤ་ལྔ་བདུད་རྩི་ལྔ་ནང་གཟུགས་སྒྲ་ལ་སོགས་ཡུལ་ཀུན་བསྟན་པར་བཤད་དེ། ཇི་སྐད་དུ། ཆང་འཐུང་ཡེ་ཤེས་ཅིས་མི་སྐྱེ། །ཆང་ནི་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་དང་། གསང་འདུས་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པ་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་དག་ཐོབ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར། །བ་ལང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་འགུགས་པའི་མཆོག་ཏུ་འགྱུར། །ཞེས་དང་། བཤང་གཅི་ཁུ་བ་ཁྲག་ལ་སོགས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ལྟར་བྱས་ནས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་བརྙེས། །ཞེས་སོ། །བཞི་པ། རྩ་བའི་ལྟུང་བ་བཅུ་བཞི་བསྟན་པ་ནི། འདི་ལྟར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་བིཪྺ་པ་ལ་སོགས་པའི་གྲུབ་ཆེན་རྣམས་ཀྱིས་གསང་སྔགས་བླ་མེད་ཀྱི་རྒྱུད་གསང་བ་འདུས་པ་དམ་པ་དང་པོ། མཁའ་འགྲོ་མ་རྡོ་རྗེ་གུར། དགྲ་ནག་ལ་སོགས་པའི་རྒྱུད་ནས་ཕྱུང་སྟེ་རྩ་ལྟུང་བཅུ་བཞི་སྦོམ་པོ་དགུ་དང་བཅས་པ་བཀོད་པ་ནི་རྩ་ཚིག་ལས་བྱུང་བ་བཞིན་ནོ། །དེ་ལ་བཅུ་བཞིའི་དང་པོ་ནི། སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་། །བརྙས་དང་ཐུགས་དཀྲུག་ལྟུང་བའི་སྒོ་ཀུན་ལས། །ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད། །དེ་བཞིན་དུ་རྩ་ཚིག་ལས། གང་ཕྱིར་རྡོ་རྗེ་སློབ་དཔོན་གྱིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སོ། །དེ་ཡང་མེ་ཏོག་དང་ལོ་འབྲས་ཐམས་ཅད་འབྱུང་བའི་རྒྱུ་ལྗོན་ཤིང་གི་རྩ་བ་ཡིན་པ་བཞིན་དུ། ཚེ་འདི་ཕྱིའི་བདེ་སྐྱིད་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་བསྲུང་བར་བྱ་བ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་ཡིན་ཏེ། དེ་ཡང་དབྱེ་ན་དྲུག་སྟེ། རྡོ་རྗེ་གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དང་། །ཆགས་ཉམས་བསྐང་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་སློབ་དཔོན་ཏེ། །ཞེས་སོ། །གསར་མ་ལྟར་ན་དགྲ་ནག་གི་འབྲེལ་པ་ལྷན་སྐྱེས་སྣང་བར། དམ་ཚིག་ཀློག་པ་སྦྱིན་པ་དང་། །འཆད་དང་མན་ངག་སྟོན་པ་དང་། །དབང་བསྐུར་བ་དང་ལས་བྱེད་དང་། །དེ་རྣམས་སློབ་དཔོན་ཞེས་བཤད་དོ། །ཅེས་སོ། །བསྡུ་ན། དབང་བསྐུར་བ་རྒྱུད་བཤད་པ་མན་ངག་སྟོན་པའི་བླ་མ་གསུམ་དུ་འདུས་སྟེ་དེ་ལ་བརྙས་པ་ལ་སོགས་བྱ་མི་རུང་སྟེ། བླ་མ་ལྔ་བཅུ་པ་ལས། དེ་འདྲའི་མགོན་ལ་བསམ་བརྩམ་པས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་སོ། །གཉིས་པ་ནི། བླང་དོར་གནས་སྟོན་བདེ་བར་གཤེགས་པའི་བཀའ། །བླ་མས་གསུངས་ཤིང་རང་གི་གོ་བཞིན་དུ། །ཁྱད་བསད་མི་མཐུན་སྤྱོད་འབྲེལ་བཀའ་འདས་གཉིས། །དེ་ཡང་བདེ་བར་གཤེགས་པས་གསུངས་ཤིང་བླ་མས་ཡང་དག་པར་བསྟན་པའི་གནས་རྣམས་ལ་རང་གིས་བླང་དོར་ཤེས་བཞིན་དུ་མི་བྱེད་པ་དེ། བཀའ་ལས་འདས་པ་ཡིན་ཏེ། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བརྗོད། །ཅེས་དང་། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་གི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིགས་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པར་བྱེད་པར་འགྱུར། །ཞེས་སོ། །འོ་ན་བསྟན་བཅོས་རྩོམ་པའང་ཐུབ་པའི་བཀའ་ལས་འདས་པར་མི་འགྱུར་རམ་ཞེ་ན། དེ་ནི་རྒྱལ་བའི་བཀའ་དེ་རྟོགས་པར་སླ་བའི་ཆེད་དུ་དོན་དང་ལྡན་པར་བཤད་པ་ལ་སྐྱོན་མེད་དེ། དེ་ཉིད་ལས། གང་ཞིག་སྟོན་པ་རྒྱལ་བ་འབའ་ཞིག་གིས། །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་སྦྱར། །ཐར་བ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་སོ། །གསུམ་པ། སྤྱི་དང་ཉེ་དང་ནང་འདྲེས་སྤུན་ལ་ཁྲོས། །འཁོན་འཛིན་ཕྲག་དོག་བརྙས་སོགས་གསུམ་པའོ། །དེ་ཡང་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་གསང་སྔགས་ཀྱི་སྒོར་ཞུགས་པ་ཐམས་ཅད་ནི་སྤྱིའི་མཆེད། ཆོས་རིགས་གཅིག་པ་ཉེ་བའི་མཆེད། བླ་མ་གཅིག་གི་བསྡུས་པ་ནང་གི་མཆེད། དཀྱིལ་འཁོར་གཅིག་དུ་མར་མེ་གཅིག་བུམ་པ་གཅིག་གིས་དུས་གཅིག་ལ་དབང་ཐོབ་པ་རྣམས་ནི་འདྲེས་པའི་མཆེད་དེ། དེ་ལ་ཕྲག་དོག་དང་ཁྲོ་བ་ལ་སོགས་བྱར་མི་རུང་སྟེ། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །སྡུད་པ་ལས་ཀྱང་། གང་ཚེ་བྱང་ཆུབ་སེམས་དཔའ་འཐབ་དང་རྩོད་གྱུར་ཅིང་། །ཕུན་ཚུན་མི་མཐུན་ཁྲོ་བོའི་སེམས་དང་ལྡན་གྱུར་པ། །དེ་ཚེ་བདུད་ནི་དགའ་ཞིང་མཆོག་ཏུ་ཉམས་བདེར་འགྱུར། །དེ་གཉིས་རྒྱལ་བའི་ཤེས་རབ་ལ་ནི་རིང་གྱུར་ཉམས། །ཞེས་སོ། །བཞི་པ་སེམས་ཅན་བདེ་བ་ཀུན་དང་བྲལ་ན་བསམ། །སྙིང་ནས་བྱམས་པ་བཏང་བ་བཞི་པའོ། །དེ་ཡང་སེམས་ཅན་རྣམས་ལ་བྱམས་པ་སྤངས། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཞེས་དང་། བྱམས་པའི་སྟོབས་བསྐྱེད་པའི་མདོ་ལས། །གང་བྱམས་པ་བཏང་བ་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་གཏོང་བ་ཡིན་ནོ། །ཞེས་སོ། །འོ་ན་ལྷ་ཁྲོ་བོ་རྣམས་ཀྱང་འཇིགས་རྔམ་མཛད་པ་གང་ཞེ་ན། དེ་དག་ཞེ་སྡང་དང་ལྡན་པ་མ་ཡིན་ཏེ་གང་འདུལ་ཏུ་སྐུར་བཞེངས་པ་སྟེ། བདེ་མཆོག་ལས། ཇི་ལྟར་རྒྱ་མཚོ་ཆེན་པོ་ནི། །གང་ལྟར་ནང་གྲང་ཕྱི་རོལ་ཚ། །དེ་བཞིན་ཁྲོ་བོའི་སྐུར་བསྟན་པ། །ཐུགས་ནི་ཞི་བར་ཤེས་པར་བྱ། །ཞེས་སོ། །ལྔ་པ། འདོད་ཆགས་སེམས་ཀྱིས་གནས་སྐབས་མ་ཡིན་པར། །བསམ་ཞིང་ཁུ་བ་འབྱིན་པའི་སེམས་ཅན་ལ། །བྱང་ཆུབ་སེམས་བསྐྱེད་བཏང་ན་ལྔ་པ་ཡིན། །དེ་ཡང་གསང་བའི་དབང་བསྐུར་བའི་སྐབས་དང་། དམ་རྫས་བདུད་རྩི་བསྒྲུབ་པའི་སྐབས་དང་། རིགས་རྒྱུད་སྤྲུལ་སྐུའི་འཇོག་པའི་སྐབས་མ་ཡིན་པར། འདོད་ཆགས་ཀྱི་བསམ་པས་ཁུ་བ་འབྱིན་པར་མི་བྱ་སྟེ་གལ་ཏེ་ཉུངས་འབྲུ་ཙམ་ཞིག་ཉམས་ནའང་། ལུས་གནས་རྩ་དང་བ་སྤུའི་གྲོང་ཁྱེར་གྱི་དཔའ་བོ་དཔའ་མོ་ཐམས་ཅད་དུ་གཅོང་འབྱིན་པར་འགྱུར་ཏེ། དེའི་རྐྱེན་གྱིས་ཤེས་པ་མི་གསལ། དྲན་པ་ཉམས་བྱང་ཆུབ་ལ་སྒྱིད་ལུགས། བརྩོན་པའི་སྤྲོ་བ་ཉམས་ཏེ། རྒྱུ་དེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ཡང་ནི་སྨས་པར་འགྱུར་བ་སྟེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤང་བ་ནི་ལྔ་པ་ཡིན། །ཞེས་དང་། སྡུད་པ་ལས། གལ་ཏེ་བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་ཉན་ཐོས་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་འཆལ་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་པ་བཞིན་ནོ། །དྲུག་པ། ལམ་ཚོལ་མུ་སྟེགས་ལམ་ཞུགས་ཉན་རང་དང་། །ལམ་ཆེན་ཐེག་ཆེན་གྲུབ་མཐར་སྨོད་ན་དྲུག །དེ་ཡང་ལམ་ཚོལ་མུ་སྟེགས། ལམ་ཞུགས་ཉན་རང་། ལམ་ཆེན་སྔགས་དང་ཕ་རོལ་ཕྱིན་པའི་གཞུང་དང་གྲུབ་མཐའ་ལ་སྨད་པར་མི་བྱ་སྟེ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་ན་དྲུག་པ་ཡིན། །ཞེས་དང་། འཕགས་པ་རྣམ་པར་འཐག་པ་སྡུད་པའི་མདོ་ལས། འཇམ་དཔལ་གང་དེ་བཞིན་གཤེགས་པའི་ཆོས་ལ་ལ་བཟང་པོར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན། དམ་པའི་ཆོས་སྤང་བའོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ངའམ་ང་དང་འདྲ་བས་ཆོས་དང་གང་ཟག་གི་ཚོད་དུ་བཟུང་རུང་གི་གཞན་དག་གིས་ནི་མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་སོ། །མུ་སྟེགས་ཀྱི་ཆོས་ལ་སྨོད་ནའང་རང་གི་རྒྱུད་མ་རུང་པས་བཤགས་བྱར་གསུངས་ཏེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་སྨད་མི་བྱ། །འོ་ན་མུ་སྟེགས་ཀྱི་གྲུབ་མཐའ་སུན་འབྱིན་པ་མ་ཡིན་ནམ། ཞེ་ན། དེ་ནི་གནོད་སེམས་ཀྱིས་སྨོད་པ་མ་ཡིན་ཏེ། བརྩེ་བས་རྗེས་སུ་འཛིན་ཞིང་དཀྲི་བའི་ཐབས་ཡིན་པའི་ཕྱིར་རོ། །ཞེས་སོ། །བདུན་པ། སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་སྒྲོགས་བདུན། །དད་མོས་མེད་པ་ལ་སོགས་སྣོད་མིན་དང་། གསང་སྔགས་ཀྱི་སྣོད་དུ་རུང་བའི་ཕྱིར་དབང་ལ་སོགས་པའི་ཆོ་ག་མ་བྱས་པ་དང་། བྱས་ཀྱང་མ་རྫོགས་པ་དང་། དམ་ཚིག་ཉམས་པ་ཅན་དང་། གསང་བ་ཟབ་མོ་ལ་འཇིགས་པའི་གང་ཟག་ལྔ་པོ་དེ་དག་ལ་གསང་སྔགས་ཀྱི་ཆོས་བསྒྲག་ཏུ་མི་རུང་སྟེ། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་དང་། ཀྲི་ཡ་དཔུང་བཟང་ལས། གང་དག་རིགས་དང་དབང་བསྐུར་ཆོ་ག་མེད། །གང་དག་དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །གང་དག་བྱང་ཆུབ་སེམས་ནི་མ་བསྐྱེད་པས། །ང་ཡི་གསང་བསྔགས་བཟླས་ན་ཕུང་བར་འགྱུར། །ཞེས་དང་། བསླབ་བཏུས་ལས། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །ཞེས་དང་། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་མདུན་དུ་བརྗོད་པར་མི་བྱ་སྟེ། སྐྲག་ཅིང་དངངས་པས་ཆོས་སྤང་བར་འགྱུར་བའི་ཕྱིར་རོ། །ཞེས་སོ། །དམ་ཉམས་པ་དང་གཏམ་འདྲེས་པ་དང་། ལུང་གཅིག་ཆུ་ལ་མི་བཏུང་བར་རྒྱུད་སྡེ་ཀུན་ནས་གསུངས་སོ། །གསང་བར་བྱ་བ་གསང་བ་བཅུ་ནི། དེ་ཡང་ལྟ་བ་ཟབ་མོ། སྤྱོད་པ་བརླང་པོ། ལྷའི་མིང་གཟུངས། གྲུབ་རྟགས་བཞི་ནི་ཕྱི་གསང་བཞིའོ། །བསྒྲུབ་པའི་གནས་དུས། གྲོགས། རྫས་གསང་བ་བར་གསང་བཞིའོ། །གསང་བར་འོས་པ་ནི། རིགས་པས་འཐད་པའོ། །གསང་བར་གཉེར་གཏད་པ་ནི་གསང་ཞིག་པར་གསུང་པ་ལྟ་བུ་སྟེ་བཅུའོ། །དེ་དང་དོན་མཐུན་པར། རྗེ་ས་སྐྱ་པ་ཆེན་པོས། ཐོག་མར་བླ་མའི་མཛད་སྤྱོད་གསང་། །རྗེས་གནང་མན་ངག་བསྐྱེད་རྫོགས་གསང་། །བླ་མས་བཏགས་པའི་གསང་མཚན་གསང་། །དངོས་གྲུབ་སྟེར་བའི་ཡི་དམ་གསང་། །མཁའ་འགྲོས་ལུང་བསྟན་མཚན་མ་གསང་། །བདུད་རྩི་ལྔ་ཡི་དམ་ཚིག་གསང་། །ཉམས་ལས་བྱུང་བའི་དྲོད་རྟགས་གསང་། །བྱིན་རླབས་ཞུགས་པའི་དུས་ཚོད་གསང་། །གྲོལ་བྱེད་ལྷན་སྐྱེས་ཡེ་ཤེས་གསང་། །རྟོགས་བྱེད་སྤྱོད་པ་ཤུགས་འབྱུང་གསང་། །ཞེས་སོ། །བརྒྱད་པ། ཕུང་ལྔ་སངས་རྒྱས་ལྔ་ལ་བརྙས་པ་ཡིས། །སྨོད་དང་གདུང་བ་བསྐྱེད་ན་བརྒྱད་པ་ཡིན། །བདག་གི་ལུས་ཉིད་ཕུང་པོ་ལྔ་རིགས་ལྔ་སྐྱེ་མཆེད་སེམས་དཔའ་སེམས་མ། འབྱུང་བ་ལྔ་ཡུམ་ལྔའི་རང་བཞིན་དུ་གནས་པ་ཡིན་ཏེ། གསང་འདུས་ལས། མདོར་ན་ཕུང་པོ་རྣམ་ལྔ་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཞེས་སོགས་དང་། དེས་ན་ཁྲོ་བོའི་དབང་མཆོག་ལས། དེས་ན་ལུས་འདི་ནི་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཡིན་པས། འདི་ལ་གསོད་པ་དང་བཅད་པ་དང་། བརྡུངས་པ་དང་། དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར། བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག །རྒྱན་དང་གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་དག་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག །ཅེས་དང་། སྡུད་པ་ལས། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པས། ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །ཞེས་ལྟུང་བ་བརྒྱད་པར་བཞག་པའོ། །དགུ་པ་གཞི་ལམ་འབྲས་བུའི་རང་བཞིན་དག་པ་ལ། དཀྲི་བར་ཐེ་ཚོམ་ཟ་བ་དགུ་པར་བཤད། །གཞི་ལམ་འབྲས་བུའི་རང་བཞིན་རྣམ་པར་དག་པའི་ཆོས་ལ་རང་འཇུག་པ་དང་། གཞན་འཇུག་པ་ལ་ཐེ་ཚོམ་ཟ་བ་སྟེ། རང་བཞིན་དག་པའི་ཆོས་རྣམས་ལ། སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་དང་། སྡུད་པ་ལས། འདི་བཤད་ཚེ་ན་ཁ་ཅིག་སོམ་ཉི་ཟ་འགྱུར་ཏེ། །འདྲེན་པས་འདིར་ནི་བདག་གི་མིང་ཡང་ཡོངས་མ་བརྗོད། །རིགས་དང་ས་དང་རུས་ཀྱང་ཡོངས་སུ་མ་བརྗོད་ཅེས། །དེ་ནི་མཉས་པར་མི་འགྱུར་བདུད་ཀྱི་ལས། །ཞེས་སོ། །བདེ་བར་གཤེགས་པའི་བཀའ་ལ་ཐེ་ཚོམ་ཟ་མི་དགོས་ཏེ། གསེར་འོད་ལས། ས་ནི་ནམ་མཁའ་ལ་འཕགས་ཀྱང་སྲིད། ནམ་མཁའ་ནི་ས་དང་ཆུར་འགྱུར་ཡང་སྲིད། བདེ་བར་གཤེགས་པའི་བཀའ་ནི་ནམ་ཡང་འགྱུར་བ་མེད་དེ། ཞེས་དང་། བཅུ་པ། བསྒྲལ་བའི་ཞིང་བཅུ་ཚང་བར་ནུས་བཞིན་དུ། །མི་སྒྲོལ་བ་དང་བྱམས་པར་བྱེད་ན་བཅུ། །དེའི་ཕྱིར་གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པ་ཡིན། །ཞེས་པས་བསྟན་པ་དང་སེམས་ཅན་ལ་གནོད་པ་ལ་བྱམས་པའི་སེམས་མི་བྱ་སྟེ། ངེས་བརྗོད་བླ་མ་ལས། སངས་རྒྱས་བསྟན་ལ་གནོད་བྱེད་ལ། །བླ་མ་སྨོད་བརྩོན་མ་རུངས་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམ་ཏེ་བསད་པར་བྱ། །ཞེས་གསུངས་སོ། །བཅུ་གཅིག་པ། མིང་སོགས་བྲལ་ལ་དངོས་དང་དངོས་མེད་རྟོག །རྟོག་གེས་འཇལ་བར་བྱེད་ན་བཅུ་གཅིག་པ། ཆོས་ཐམས་ཅད་གདོད་མ་ནས་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་ལ་མིང་དང་དངོས་པོ་མེད་པ་ལ་སོགས་པ་རྟོག་གེའི་རིགས་པ་ཕྲ་མོས་གཞལ་བྱར་བྱ་མི་ནུས་ཏེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་དང་། ཡུམ་བར་མ་ལས། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ལ་རང་བཞིན་མེད་དེ་དེ་ནི་བརྗོད་དུ་མེད་པའོ། །ཞེས་དང་། ཐབས་མི་མཁས་པས་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དངོས་པོ་ཡོད་ཅེས་བྱ་བའམ། དངོས་པོ་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་པ་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས་སོ། །བཅུ་གཉིས་པ། དང་བའི་དད་པ། མོས་པའི་དད་པ། ཡིད་ཆེས་པའི་དད་པ་སྟེ། དད་གསུམ་ལྡན་པའི་སེམས་ཅན་དོན་མི་བྱེད། །སེམས་མི་བསྲུང་དང་བསླུ་བ་བཅུ་གཉིས་པ། །དེ་སྐད་དུ། སེམས་ཅན་དད་དང་ལྡན་པ་ལ། སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་དང་། བསླབ་བཏུས་ལས། དེ་ཕྱིར་རྒྱལ་བའི་སྡོམ་པའི་མདོར། གོང་གིས་སེམས་ཅན་མ་དད་གྱུར། །དེ་ནི་བསྒྲིམ་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཞེས་དང་། འགྲེལ་པ་པདྨ་དཀར་པོ་ལས། དག་པའི་སེམས་ཅན་ལ་རྣལ་འབྱོར་པས་སྐྱོན་བརྗོད་པ་ནི་ཉི་མ་ཞེས་བྱ་བ་བཅུ་གཉིས་པར་འགྱུར་རོ། །ཞེས་གསུངས་སོ། །བཅུ་གསུམ་པ། སྐབས་བབ་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །དུས་ཚོད་འབྲེལ་ཀྱང་མི་བརྟེན་བཅུ་གསུམ་པ། །དེ་ཡང་དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཞེས་སོ། །དེ་ཡང་སྔོན་ཡུལ་རྡོལ་ཞེས་བྱར་བྲམ་ཟེ་མོ་མཁའ་འགྲོ་མ་ཞིག་གི་མཆོད་གནས་བྲམ་ཟེ་གཅིག་ཡོད་པ། མོ་དུར་ཁྲོད་དུ་ཚོགས་འཁོར་ལ་འགྲོ་བ་རིགས་ནས་ཁོ་ཡང་ཐབས་ཀྱི་བྱས་ཏེ་གཉིས་ཀ་དུར་ཁྲོད་དེ་ཝི་ཀོ་ཊར་ཕྱིན་པ་ན། མཁའ་འགྲོ་མ་རྣམས་ཀྱིས་ཚོགས་འཁོར་བསྐོར་ནས་མི་རོ་གཅིག་གི་ཐོད་པ་བཀང་སྟེ་ཆང་ལ་སོགས་པ་རིམ་པར་འདྲེན་པ་བྲམ་ཟེས་མ་ཟོས་པས་ཕྱིར་བསྐྲད་དེ་ཞག་བདུན་ན་ཤོག་གསུངས་པས་དེ་ཉིད་དུ་ཤི་བར་གསུངས་པ་ལྟར། ཚོགས་ཀྱི་འཁོར་ལོའི་སྐབས་ལ་སོགས་པར་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཡོད་བཞིན་དུ། ཚུལ་ཆོས་སམ། རྟོག་པས་ཐེ་ཚོམ་ནས་མི་བསྟེན་པ་ནི་རུང་བ་མ་ཡིན་ཏེ། ཡེ་ཤེས་ཐིག་ལེ་ལས། ཡིད་འཕྲོག་རྡོ་རྗེའི་གླུ་ལེན་ཞིང་། །ཐེ་ཚོམ་དང་ནི་ཚིགས་བཅད་མིན། །ཞེས་སོ། །བཅུ་བཞི་པ། སྤྱི་དང་བྱེ་བྲག་ལ་ལྟོས་ཤེས་རབ་མ། །ངོས་ལྐོག་སྙིང་ཚིམ་སྨད་གོ་བཅུ་བཞི་པ། །སྤྱིར་ན་ཤེས་རབ་སྟོང་པ་ཉིད་ལ་བུད་མེད་ཞེས་བརྗོད་དེ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཡུམ་ཡིན་པས་སྨད་པར་མི་བྱ་སྟེ། ཤེས་རབ་རང་བཞིན་བུད་མེད་ལ། །སྨད་པར་བྱེད་པ་བཅུ་བཞི་པ། །ཞེས་དང་། དེ་བཞིན་ཤེས་རབ་དྲིལ་བུར་བརྗོད། །ཅེས་པ་ལྟར། སྡུད་པ་ལས། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང་། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད་། །ཅེས་སོ། །བྱེ་བྲག་ཏུ་རང་བྱུང་ཤེས་རབ་སྟོང་ཉིད་དམ་པ་གང་ཡིན་པ་དེ་མངོན་དུ་བྱ་བ་དཔེའམ་དོན་གྱི་ཡེ་ཤེས་སྟོན་པར་བྱེད་པ་ནི་བུད་མེད་ཉིད་དེ་སྨད་པར་མི་བྱ་སྟེ། རྒྱུད་ལས། བུད་མེད་སྨད་ཅིང་མཁའ་ལ་གཤེ། །བདེ་དང་རྟག་བྲལ་སྡུག་བསྔལ་ཉིད། །ཅེས་གསུངས་སོ། །བཞི་པ། ད་ནི་ཡན་ལག་སྦོམ་པོའི་ལྟུང་བ་བཤད། །དེ་ལའང་བརྒྱད་ལས། དང་པོ་ནི། དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །དེ་ཡང་རིག་མ་དབང་དང་དམ་ཚིག་མེད་པའམ། ཉམས་པ་བསྟེན་མི་རུངས་ཏེ། དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཞེས་སོ། །གཉིས་པ། ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ངག་རྩོད། །ཚོགས་ཀྱི་འཁོར་ལོའི་དུས་སུ་འཐབས་རྩོད་ལ་སོགས་པ་མི་རུང་སྟེ། ཚོགས་ཀྱི་འཁོར་ལོའི་རྩོད་པ་དང་། ཞེས་སོ། །གསུམ་པ། མ་གསུངས་རིག་མར་རང་སྟོབས་བདུད་རྩི་ལེན། །ཚོགས་ཀྱི་འཁོར་ལོའི་དུས་མ་ཡིན་པར། དུས་གཞན་དུ་དབང་མ་ཐོབ་པའི་རིག་མར་དམ་ཚིག་གི་རྫས་གསང་བ་བརྡའི་སྐད་ཀྱིས་ལེན་པར་འདོད་པ་སྟེ། གསང་བའི་ཆོས་ནི་སྟོན་པ་དང་། །ཞེས་སོ། །བཞི་པ། སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །ལྔ་པ་དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན། །འདི་ལྟར་སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཞེས་སོ། །དྲུག་པ། ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རང་གི་ལུགས་དང་མི་མཐུན་པའི་ཚུལ་ཁྲིམས་དང་ལྟ་བ་མཆོག་འཛིན་ཅན་ལ་ཉན་ཐོས་བྱ་སྟེ། དེའི་ནང་དུ་གནས་ན་ཐུན་མཚམས་ཀྱི་གཏོར་མ་ལ་སོགས་ཆགས་པས། དེའི་ཕྱིར་ཞག་བདུན་ལས་འདའ་ན་ཉམས་པ་སྟེ། ཉན་ཐོས་དག་ཏུ་རློམས་བྱེད་ནི། །ནང་དུ་ཞག་བདུན་གནས་པ་དང་། །ཞེས་སོ། །བདུན་པ། རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམས། །རང་ལ་རྣལ་འབྱོར་གྱི་ཡེ་ཤེས་མེད་བཞིན་དུ་སྔགས་པ་ཡིན་པར་རློམས་པའོ། །བརྒྱད་པ། སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །དབང་གིས་མ་སྨིན་པ་ལ་སྔགས་སྟོན་མི་རུང་སྟེ། སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མེད་གསང་བ་སྟོན་པ་དང་། །ཞེས་གསུངས་སོ། །གཞན་ཡང་། བསྙེན་སོགས་མ་བྱས་དབང་རབ་ལས་སོགས་འཇུག །ཕྱི་ཆོས་མོས་ལ་ལུས་ཀྱི་ཕྱག་རྒྱ་བསྟན། །སྡོམ་པ་གཉིས་ཀྱི་བཅས་ལས་དགོས་མེད་འདའ། །ཞེས་སོགས་སྦོམ་པོའི་ལྟུང་བ་དུ་མ་རྣམས། ཡོད་ཀྱང་ཉེས་པ་ཆུང་ཞེས་དུས་འཁོར་བཤད། དེ་སྐད་དུ། བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །ཞེས་པས། བྱིན་རླབས་ཁོ་ན་ཙམ་ལ་ལྷའི་སྙིང་པོ་ཁྲི་དང་། སློབ་མ་ལ་དབང་དང་། རབ་གནས། སྦྱིན་བསྲེག་ལ་སོགས་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་པ་ལ་བསྙེན་པ་འབུམ་དགོས་ཏེ། རྡོ་རྗེ་གུར་ལས། དཀྱིལ་འཁོར་བདག་པོ་བསྙེན་པ་འབུམ། །རྡོ་རྗེ་ཅན་ནི་དེ་བཞིན་ཁྲི། །ཞེས་སོ། །གང་ཞིག་དབང་ཐོབ་ཀྱང་ཕྱག་རྒྱ་ལ་མི་མཁས་ཤིང་། དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱི་དྲུང་དུ་རས་ལ་སོགས་པས་མ་གཡོགས་པར་ལུས་ཀྱི་ཕྱག་རྒྱ་བཅའ་བ་སྟེ། གང་ཞིག་ཕྱག་རྒྱ་མི་མཁས་ལ། ལུས་ཀྱི་ཕྱག་རྒྱ་བསྟན་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་སོ། །སྡོམ་པ་གཉིས་ནི། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བཅས་པའི་ཕྲ་མོ་ཏེ་ཐབས་ཁྱད་པར་ཅན་མེད་བཞིན་དུ་འདའ་བར་མི་བྱའོ། །དེ་དག་ལ་སོགས་པའང་ཡན་ལག་གི་འཕྲོས་ཏེ། མེད་ནའང་བཏུབ་པར་དུས་འཁོར་ལས་བཤད་པར་གྲགས་སོ། །ཡན་ལག་གི་ལྟུང་བ་འདི་དག་ནི། གཞུང་གི་རྩ་ཚིག་དང་ཡང་ཅུང་མ་མཐུན་པར་དཔྱད་དགོས་ལ། རྗེ་བཙུན་གྲགས་པས་རྩ་ལྟུང་འཁྲུལ་སྤང་དུ་རྩ་ཚིག་དང་མཐུན་པར། དམ་མེད་རིག་མ་བསྟེན་པ་དང་། །ཚོག་ཀྱི་འཁོར་ལོར་རྩོད་པ་དང་གཉིས། བརྡའི་གསང་བ་སྟོན་པ་དང་གསུམ། ཆོས་གཞན་ལ་སྟོན་པ་དང་བཞི། ཉན་ཐོས་ནང་དུ་གནས་པ་དང་ལྔ། སྣོད་མིན་གསང་བ་སྟོན་པ་དང་དྲུག །ཕྱག་རྒྱ་སྟོན་པ་དང་བརྒྱད། བསྙེན་སོགས་མ་བྱས་པ་དང་དགུ། བརྒྱད་དུ་བསྡུ་ན་གསང་བའི་ཆོས་སྟོན་པ་དང་། ལུས་ཀྱི་ཕྱག་རྒྱ་སྟོན་པ་གཉིས། ལུས་ངག་གི་བྱེད་པ་ཙམ་ལས་འདྲ་བས་གཅིག་ཏུ་འདུ་ཞེས་གསུངས་པ་འདི་ནི་ཤིན་ཏུ་དག་པར་སེམས་སོ། །གཉིས་པ་ཡང་གསང་རྫོགས་ཆེན་གྱི། དམ་ཚིག་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་གོ། །དང་པོ་ནི། ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་སྲོལ། །རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །དགུར་དགུར་ཕྱེ་བས་ཉི་ཤུ་རྩ་བདུན་དང་། །ཞེས་སྨོས་ཏེ། དམ་ཚིག་རྣམ་པར་བཀོད་པ་ལས། འགྲོ་བའི་སྨིན་སོ་གསུམ་དག་ལས། །སྔགས་ཀྱི་དམ་ཚིག་གསུམ་དུ་བཤད། །དེ་ལ་ཁྱད་པར་ངེས་ཕྱེ་བས། །སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལ་ཡང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་ཤེས། །ཞེས་པས། ལུས་ཀྱི་བསྲུང་བར་བྱ་བ་སྐུའི་དམ་ཚིག་ལའང་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱི་ལའང་ཕྱི་ནང་གསང་གསུམ་གྱི་དམ་ཚིག་ནི། རྡོ་རྗེ་སྙིང་པོ་ཁོང་བུ་བརྩེགས་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་རབ་ཕྱེ་སྟེ། །མ་བྱིན་བླངས་པས་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །དེ་ཡི་རྟགས་སུ་ཡན་ལག་ནད། །མི་བཟད་སྣ་ཚོགས་ལུས་ལ་འབྱུང་། །མི་ཚངས་སྤྱོད་པ་ནང་ཡིན་ཏེ། །རྟགས་སུ་དབང་པོའི་ནད་རྣམས་སོ། །སྲོག་གཅོད་པ་ནི་གསང་བ་སྟེ། །དེ་ཡི་རྟགས་སུ་དོན་སྣོད་ནད། །རྣལ་འབྱོར་པ་ཡི་མྱོང་བའོ། །ཞེས་སོ། །དེ་དག་གི་བསྐང་ཐབས་ཀྱང་ཞར་ལ་སྟོན་ཏེ་དམ་ཚིག་མཆོག་གི་རྒྱུད་ལས། རྟགས་དང་ལྡན་པའི་རྣལ་འབྱོར་པས། །ཕྱི་ཡི་ཕྱི་ལ་ལྡེར་ཚོ་དང་། །རི་མོའི་ལས་ནི་ལན་བདུན་གྱིས། །དེ་ཡི་སྡིག་ལས་གྲོལ་བའོ། །ཞེས་གསང་སྔགས་ཕྱི་ཡི་ལྷ་སྐུའོ། །ཕྱི་ཡི་ནང་ལ་ལུགས་སྐུ་བདུན། །རབ་ཏུ་གནས་པ་རྩོལ་བས་བཞེངས། །བླ་མ་མཆོག་ལ་འབུལ་བར་བྱ། །གསང་སྔགས་ནང་གི་ལྷ་སྐུའོ། །ཕྱི་ཡི་གསང་བའི་རྟགས་བྱུང་ན། །རྡོ་རྗེ་དང་ནི་དྲིལ་བུ་ཉིད། །དགུའམ་བཅུ་གཅིག་བླ་མ་ལའོ། །ཞེས་སོ། །སྐུའི་ནང་གི་ཕྱི་ནང་གསང་གསུམ་ནི། །གསེར་གྱི་ཁོང་བུ་བརྩེགས་པའི་རྒྱུད་ལས། ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གི་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་ཐེག་པའི་ཕྱིར། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་ཐོ་བརྩམ་རྒྱན་སྨད་ན། །སངས་རྒྱས་སྐུ་ནི་བརྒྱ་ཕྲག་བསླུས། །ནང་གི་གསང་བར་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་དང་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱིས་བཏབ་ན་ཡང་། །ཟག་པའི་ལམ་མེད་ལུས་བརྒྱ་བླངས། །དེ་འོག་ཚ་བའི་དམྱལ་བར་མྱོང་། །ཞེས་སོ། །དེ་ལ་འགྱོད་བཤགས་ཀྱིས་བསྐང་བར་བྱའོ། །སྐུའི་གསང་བ་ནི། དཔལ་ཉི་ཟླ་བརྩེགས་པའི་རྒྱུད་ལས། །རྡོ་རྗེ་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང་། །ཐོ་བརྩམ་ལག་གིས་བརྡེག་པའི་ཚུལ། །གལ་ཏེ་གཞན་གྱིས་བྱེད་བཅུག་ན། །འདི་ཡང་མནར་མེད་རྒྱུར་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲེས་པའི་མཆེད། །ཀུ་རེ་རྩེད་མོའི་ཚུལ་ཙམ་ཡང་། །བརྡེག་གམ་བརྩམ་པ་བརྩམ་པའམ། །རྨི་ལམ་ནའང་ཡུལ་ལ་གཅེས། །དེ་མ་ཐག་ཏུ་མ་བཤགས་ན། །འདི་ཡང་སྔར་དང་སྡིག་མཉམ་མོ། །གསང་བའི་གསང་བ་བླ་མ་ཡི། །སྐུ་ཡི་གྲིབ་མ་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་བཟུང་བར་མི་བྱའོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །སྐྱིལ་ཀྲུང་འདུག་དང་རྒྱབ་མི་བསྟན། །ལྷམ་དང་སྟན་དང་བཞོན་པ་དང་། །གདུགས་སོགས་སྒེག་པའི་རྒྱན་རྣམས་སྤང་། །བླ་མའི་གཟིམ་ཁང་དག་ལ་ཡང་། །ལག་པས་མཚོན་ནམ་རྡོ་དག་གིས། །བརྩམ་པར་བྱ་བ་མ་ཡིན་ནོ། །དེ་དག་ལས་ནི་འབུམ་འགྱུར་དུ། །བླ་མའི་གནས་ཁང་བཤིག་པ་དང་། །སྐུ་ལ་བརྩམ་ཞིང་སྡིག་བྱས་པ། །དེ་ཡི་སྡིག་པ་ཕ་མཐའ་ཡས། །གལ་ཏེ་བླ་མར་བག་མེད་པས། །མ་དཔྱད་སྡངས་ནའང་ཕ་མཐའ་ཡས། །མཆོག་ཏུ་སྐུ་ལ་བརྙས་བྱས་ན། །དེ་ཡི་རྣམ་སྨིན་བརྗོད་མི་ལངས། །ཞེས་སོ། །དེ་དག་ནི་བླ་མ་བཞུགས་ན་ཉིན་ཞག་གིས་བར་མ་ཆོད་པར་བཤགས། མི་བཞུགས་ན་སྐུ་འབག་ལ་སོགས་པའི་དྲུང་དུ་བཤགས་པའོ། །གསུང་གི་དམ་ཚིག་ཀྱང་ཕྱི་ནང་གསང་བ་གསུམ་གསུམ་སྟེ། དང་པོ་ཕྱིའི་ཕྱི་རྫུན་སྤང་བ་སྟེ། འཁོར་ལོ་རྣམ་པར་བརྩེགས་པའི་རྒྱུད་ལས། སྔགས་ཀྱི་མོས་པ་སྤྱད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང་། །བརྫུན་པའི་ཚིག་ནི་རང་འདོད་ཀྱིས། །རྟག་ཏུ་སྨྲ་བ་དགའ་བ་ལ། །སྔགས་རྫས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲ་བ་བཙུན་པ་མིན། །རང་གི་ངག་ཉིད་ཉམས་པ་ཡིས། །འགྲོ་བ་གཞན་གྱི་ལྕེ་འབབ་འགྱུར། །མ་འོངས་དུས་ན་དམེ་ཤའི་ལུས། །བྱང་གི་ཕྱོགས་སུ་ཕྱོགས་པར་འགྱུར། །དེ་འོག་ངན་སོང་སྡུག་བསྔལ་ཡང་། །རྣམ་པ་སྣ་ཚོགས་མྱོང་བར་འགྱུར། །ཞེས་སོ། །ཕྱིའི་ནང་ཕྲ་མ་སྤངས་ཏེ། དེ་ཉིད་ལས། སྔར་ལས་ཞུགས་པའི་གང་ཟག་དང་། །གཞན་གཉིས་དབྱེར་འཇུག་ཕྲ་མ་སྨྲ། །ཆོས་སྨྲས་འཁོར་རྣམས་མི་འདུ་དང་། །ཅི་བྱས་ལོག་པར་འགྱུར་བ་དང་། །མ་དཔྱད་པ་རྣམས་དགྲར་འགྱུར་དང་། །ལུས་ལ་མཚོན་གྱིས་འདེབས་པ་དང་། །ཤི་འཕོས་ནས་ནི་སྡེར་ཅན་ལུས། །དེ་ནས་ངན་སོང་རིམ་གྱིས་མྱོང་། །ཞེས་སོ། །ཕྱིའི་གསང་བར་ཚིག་རྩུབ་སྤངས་ཏེ། དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །སྔ་མའི་ལས་དང་ཕྱི་མའི་རྟགས། །འགྲོ་བ་བཤེས་བྲལ་གཉེན་ཀྱང་སྡང་། །ཆོས་ཀྱི་ཚིག་ཀྱང་འཆོལ་བར་འགྱུར། །ཤི་འཕོས་རབ་ཏུ་དྲེགས་པའི་ལུས། །དེ་ནས་ངན་སོང་གསུམ་དུ་འཁོར། །ཞེས་སོ། །གསུང་གི་ནང་གི་གསུམ་ནི། ཆོས་སྨྲ་བ་ལ་སྨད་ན་ཕྱི། སྒྲུབ་པ་ལ་སྨད་ན་ནང་། སྒོམ་པ་ལ་སྨད་ན་གསང་བ་སྟེ། དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། སྔགས་པ་སྡོམ་ལ་གནས་པ་ཡིས། །ཆོས་སྨྲ་རྣམས་དང་ཆོས་སྒྲུབ་དང་། །ཆོས་ནི་སྒོམ་པའི་གང་ཟག་ལ། །སྒྲོ་ཞིང་སྐུར་བ་བཏབ་པ་དང་། །གཤེ་ཞིང་སྨོད་པའི་ཚིག་སྨྲ་ན། །གཞན་གྱི་མོས་པ་ཉམས་པ་དང་། །རང་གི་བདོག་པ་ཉམས་པ་དང་། །རང་གི་ཆོས་རང་བརྗེད་ངས་ཏེ། །ཡིད་དཔྱོད་འདྲ་མིན་འཆོལ་བར་འགྱུར། །ངན་སོང་སྡུག་བསྔལ་ཚད་མེད་མྱོང་། །ཞེས་སོ། །གསང་བའི་ཕྱི་ནང་གསུམ་ནི། ཕྱི་ནི་ཕྱག་རྒྱ་གཉིས་སྤྱོད་གྱི་རྒྱུད་ལས། རྡོ་རྗེའི་མཆེད་དང་ལྕམ་དྲལ་ལ། །ཚིག་གིས་སྨྲས་དང་ངག་བཅག་ན། །བསྐལ་པ་བརྒྱ་ཕྲག་བྱེ་བ ནི། །ཁྱད་པར་ངན་སོང་གསུམ་པོ་ཡི། །སྡུག་བསྔལ་མི་བཟད་དྲག་པོ་ཉིད། །གང་ཟག་དེ་ཡིས་མྱོང་བར་འགྱུར། །ནང་ནི། བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེར་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་ངག་བཅག་ན། །སྔ་མ་ལས་ནི་གཉིས་འགྱུར་རོ། །གསང་བ་ནི་བླ་མ་ལ་སྨོད་པ་སྟེ། ཡང་ན་བླ་མའི་བྱེ་བྲག་གིས། །རྩ་བ་དང་ནི་ཡན་ལག་གི། །ངག་འདས་ངག་ཏུ་སྨྲས་པ་དང་། །སྒྲོ་སྐུར་འདོད་ཚིག་སྨྲས་བྱས་ན། །སྔ་མ་ལས་ནི་སྟོང་ཕྲག་འགྱུར། །ཞེས་སོ། །ཐུགས་ཀྱི་དམ་ཚིག་ལའང་གསུམ་ལས། དང་པོའི་ཕྱིའི་ཕྱི་ནི། སྙིང་པོའི་དོན་རྣམ་པར་ལེན་པའི་རྒྱུད་ལས། ཡང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱ་བའི་ལས་འཆང་ན། །འདི་ནི་ཤུ་བ་ཅན་གྱི་ལུས། །གྲང་བའི་རེག་པར་ལྡན་པ་ཡི། །ལུས་ནི་སྟོང་ཕྲག་ལྔ་བླངས་ནས། །གྲང་བའི་དམྱལ་བར་ངེས་པར་སྐྱེ། །ཞེས་སོ། །ནང་བརྣབ་སེམས་གནོད་སེམས་སྤངས་བ་སྟེ། གནམ་ལྕགས་མེ་ལྟར་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་པ་ལ། །ཡུལ་འགྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པ། །འདི་ནི་སྡིག་པའི་ཆ་དང་མཉམ། །གལ་ཏེ་བསྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པས་བརྒྱ་ཕྲག་འགྱུར། །བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ། །རྩ་བའི་བླ་མ་འབུམ་ཕྲག་འགྱུར། །ཞེས་སོ། །གསང་བ་ལོག་ལྟ་སྤངས་ཏེ། བཀོད་པ་ཆེན་པོ་ལས། རང་ངམ་གཞན་གྱི་གྲུབ་མཐའ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ན། །ས་སྤྱོད་མེ་ཡི་སྡུག་བསྔལ་ལས། །ཡུན་རིང་བར་དུ་གནས་པར་འགྱུར། །ཞེས་སོ། །ཐུགས་ཀྱི་ནང་གི་གསུམ་ནི། ཕྱི་སྤྱོད་པ། ནང་སྒོམ་པ། གསང་བ་ལྟ་བ་ལོག་པ་སྤང་སྟེ། ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ལྟ་བ་བྷཻ་པ་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་ཡང་། །འདི་ཡི་སེམས་ལ་སྨིན་པར་ངེས་ཞེས་སོ། །གསང་བའི་གསུམ་ལ། ཕྱི་ལྟ་བྷཻ་སྤྱོད་པ། ནང་ཡི་དམ་ལྷ། གསང་བ་བླ་མ་དང་རྡོ་རྗེ་སྤུན་སྲིང་ཡིད་ལ་མ་བྱས་པ་སྟེ། པདྨ་ཀློང་ཡངས་ལས། སུ་ཡི་ཡིད་ཀྱི་ལ་འཁྱལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལ། །ཡིད་ལ་མ་བྱས་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །མནར་མེད་སྡུག་བསྔལ་མྱོང་བའོ། །ཞེས་སོ། །དེ་ལྟར་ལྗོན་ཤིང་གི་རྩ་བ་ལྟར་བསྲུང་ཤིང་བསྐྱེད་ན་ཡོན་ཏན་གྱི་འབྱུང་གནས་ཡིན་ཞིང་མ་བསྲུང་ན་མི་འབྱུང་ཞིང་རྩ་བ་བཏོན་པ་འདྲ་བས་ན་རྩ་བའི་དམ་ཚིག་ཅེས་བྱའོ། །གཉིས་པ་ཡན་ལག་གི་དམ་ཚིག་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལས། དང་པོ་ནི། བདག་དོན་ཉེར་གཅིག །གཞན་དོན་ཞེ་གཉིས་སྟེ་དྲུག་ཅུ་རྩ་གསུམ་དུ་དམ་ཚིག་ནི་རྡོ་རྗེ་གསལ་བཀྲ་ལས་གསུངས་པ། ཐུན་མོང་དམ་ཚིག་མདོར་བསྡུ་ན། །བདག་གཞན་དོན་གཉིས་ཤེས་པར་བྱ། །རྒྱན་འགྱེད་ལུས་མཛེས་འདུས་པ་དང་། །ཆང་དང་དྲེགས་སོགས་ཁེངས་སེམས་དང་། །རྡོ་རྗེ་གསུམ་པོས་ཕྱག་བྱེད་དང་། །ཆེ་ངག་དགེ་སྨོད་སྡིག་བསྟོད་དང་། །ལེ་ལོ་སེར་སྣ་གཉིད་གཡེངས་དང་། །ཁྲོ་གཏུམ་ཡེ་ཤེས་སྔོན་མི་གཏོང་། །བཀའ་གཅོག་སྡིག་པའི་གྲོགས་བསྟེན་དང་། །བག་མེད་སྤྱོད་དང་དམ་བཅའ་འདོར། །ཆོག་མི་ཤེས་དང་ངོམས་ལ་དགའ། །སྤང་བྱ་ཉི་ཤུ་གཅིག་བཟློག་པ། །བདག་དོན་མཆོག་ཏུ་གྱུར་བ་སྟེ། །ཀུན་གྱིས་བདག་ཉིད་བསྐུར་བར་འགྱུར། །ཕ་རོལ་ཕྱིན་དྲུག་ཆོས་སྤྱོད་བཅུ། །རྣམ་བཞི་ལས་ཀྱི་སྤྱོད་པ་དང་། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་ནི། །ཐེག་པ་དགུ་དང་མུ་སྟེགས་དགུ། །འགྲོ་བ་དྲུག་གི་སྤྱོད་པ་རྣམས། །འཛིན་དང་ཉམས་ང་མེད་པར་སྤྱོད། །དོན་འགྱུར་ཅི་ཡང་ཉམས་སུ་བླང་། །ཞེས་སོ། །དེ་དག་ལས། རྒྱན་འགྱེད། ཅེས་པ་ནི། མདའ་དང་། ཤོ་དང་རྒྱན་དང་ཆོ་ལོ་རྩེ་བ་ལ་སོགས་པའོ། །རྡོ་རྗེ་གསུམ་པོ་དང་། ཕྱག་བྱེད་ན། ལུས་ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་གསུམ་དང་ལྡན་པས་ཕྱག་འཚལ་ན་ཡུལ་དེ་ལའང་མི་རུང་བ་དང་རང་མི་གུས་པའི་རང་བཞིན་ཏུ་འགྱུར་རོ། །ཡེ་ཤེས་སྔོན་མི་གཏོང་ནི། བསྙེན་བསྒྲུབ་ལ་སོགས་པ་ལ་མ་ཞུགས་པའི་སྔ་རོལ་ནས་བདག་གི་ནི་འདི་བྱའོ་ཞེས་སྒྲོགས་པ་སྟེ་དེ་ལ་མཚམས་སུ་བར་ཆད་ཞུགས་པར་འགྱུར་བས་སོ། །ཐེག་པ་དགུ་དང་མུ་སྟེགས་དགུ། །ཞེས་པ་ནི། ཉན་ཐོས་དང་མགོ་སྙོམས་པ་མུ་སྟེགས་ཐ་སྙད་པ། རང་རྒྱལ་དང་མགོ་སྙོམས་པ་ཟ་བ་དང་། བྱང་སེམས་དང་མགོ་སྙོམས་པ་ཕྲ་བ་དང་ཆེ་སྡེའོ། སྔགས་ཀྱི་ཀྲི་ཡ་དང་སྙོམས་པ་རིགས་བྱེད་པ། ཨུ་པ་དང་རིགས་སྤྱོད་པ། ཡོ་ག་དང་རིགས་སྦྱོར་བའོ། །མ་ཧཱ་ཡོ་ག་དང་བརྟུལ་ཞུགས་ཆེར་སྤྱོད་པ། ཨ་ནུ་དང་རྒྱལ་དཔོག་པ། ཨ་ཏི་དང་མགོ་སྙོམས་པ་རྒྱལ་ཐོབ་པའོ། །གཞན་ནི་གོ་བར་སླའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཡན་ལག་གི་དམ་ཚིག་ལ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གསུམ་ལས། དང་པོ་ནི། ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ནི། དང་པོ་སྤྱད་པར་བྱ་བའི་དམ་ཚིག་ལྔ་ནི། ཏ་ན་གྷ་ན་མ་བྱིན་ལེན་དང་རྫུན། །ངག་འཆལ་རྣམས་ནི་སྤྱད་པར་བྱ་བ་ལྔ། །དེ་ཡང་རྩ་བཞི་ཚིག་རྩུབ་ལྔ་སྟེ། རང་དོན་གྱི་འཁྲིས་མེད་པར་གཞན་དོན་དུ་གནང་བ་སྔར་བསྟན་པ་ལྟར། དྲི་མེད་བཤགས་རྒྱུད་ལས། སྐྱེ་ཤི་མེད་པར་རྟོགས་པའི་ལྟ་བ་དང་། །གནས་དང་དུས་དང་ཏིང་འཛིན་གསལ་བ་དང་། །ཁམས་གསུམ་མ་ལུས་གནས་ནས་བསྒྲལ་བ་དང་། ༡ །དུས་གསུམ་འདུ་འབྲལ་མེད་པའི་ལྟ་བ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གསལ་བ་དང་། །ཐབས་དང་ཤེས་རབ་མངོན་སྤྱོད་སྦྱོར་བ་དང་། ༢ །སེར་སྣ་འཇུར་གེགས་ཅན་གྱི་ཟས་དང་ནོར། །ཐབས་མཁས་འོད་ཟེར་ཚུལ་དུ་མ་བྱིན་བླངས། །སེམས་ཅན་དོན་དུ་འཕགས་པ་མཆོད་པ་དང་། ༣ །གསང་སྔགས་ལྟ་སྤྱོད་གཞན་གྱིས་མ་རིག་ཅིང་། །གཏིང་དཔག་དཀའ་ཕྱིར་རྫུན་དུ་སྨྲ་བ་དང་། ༤ །ཞིང་བཅུ་ཞེ་གཅོད་དྲག་ཤུལ་སྤྱོད་པའི་བསྔགས། ༥ །ཞེས་སོ། །རྒྱས་པར་རིམ་པར་ཕྱེ་བ་ཐ་མར་འབྱུང་ངོ་། །གཉིས་པ་མི་སྤང་བའི་དམ་ཚིག་ལྔ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་རྣམས་ནི་མི་སྤང་དམ་ཚིག་ལྔ། །དུག་ལྔ་ཉན་ཐོས་ལྟར་དགྲར་མི་བལྟ་བས། །ཡེ་ཤེས་ཀྱི་ངོ་བོ་ལམ་དུ་བྱེད་པའོ། །ཅིའི་ཕྱིར་མི་སྤང་ཞེ་ན། དེའི་རང་བཞིན་ཤེས་པ་ན་དབྱིངས་ཡེ་ནས་མ་སྐྱེས་པས་མི་སྤངས་ཏེ། སྒྱུ་འཕྲུལ་རྡོ་རྗེའི་རྒྱུད་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གི་མི་རྟག་རང་བཞིན་ཤེས་པས་གྲོལ། །ཞེས་སོ། །ཐབས་ཀྱི་ཟིན་ན་གྲོགས་སུ་འགྱུར་བས་མི་སྤང་ཏེ། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །སྐུ་དང་ཡེ་ཤེས་ཡིན་པས་མི་སྤང་སྟེ། དམ་ཚིག་གསུམ་བཀོད་ལས། ཉོན་མོངས་ལྔ་བསྒྱུར་ཡེ་ཤེས་རྣམ་པ་ལྔ། །དུག་ལ་མི་སྤངས་ཡེ་ཤེས་རྣམ་ལྔ་ལེན། །ཞེས་སོ། །གསུམ་པ་དང་དུ་བླང་བའི་དམ་ཚིག་ལྔ་ནི། དྲི་ཆེན་དྲི་ཆུ་རཀྟ་མཾ་ས་དང་། །རྡོ་རྗེ་ཟིལ་པ་དང་དུ་བླང་བ་ལྔ། དེ་བསྟན་པའི་ཚུལ། དམ་ཚིག་ཉེར་བརྒྱད་པ་ལས། མཾ་ས་བཤང་གཅི་ཁུ་བ་རཀྟ་རྣམས། །ཡེ་ནས་བདུད་རྩི་ལྔ་ཡི་རང་བཞིན་ཏེ། །དུས་གསུམ་སངས་རྒྱས་རྣམས་ཀྱི་བསྒྲུབ་པའི་རྫས། །རྒྱལ་བ་རྒྱ་མཚོ་རྣམས་ཀྱི་གཤེགས་པའི་ཤུལ། །ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ། །གཙང་སྨེ་རྣམ་རྟོག་བརྟུལ་ཞུགས་ཆུང་པ་ཡིས། །ཆོས་ཉིད་མཉམ་པའི་ངང་དུ་མ་རྟོགས་ཏེ། །དམ་རྫས་དང་དུ་མ་བླངས་བཟོད་པར་གསོལ། །ཞེས་སོ། །དེའི་ཡོན་ཏན་ནི། མཁའ་འགྲོ་མ་རྡོ་རྗེ་གུར་ལས། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པས། །ནད་ཀུན་རྣམ་པར་སྤང་བར་འགྱུར། །རྟག་པ་ཡིས་ནི་མདངས་ཆེན་འགྱུར། །རྡོ་རྗེ་ཉི་མ་རྒས་པ་མེད། །རྡོ་རྗེ་ཆོས་ནི་བསྟེན་པ་ཡིས། །བུད་མེད་ཀུན་ལ་ལོངས་སྤྱོད་དོ། །སྲོག་ཆགས་ལུས་འབྱུང་རྡོ་རྗེ་དག །དོན་ཡོད་རྒྱལ་པོ་ཆེན་པོ་སྟེ། །དཔལ་ལྡན་དོན་ཀུན་འགྲུབ་པ་དང་། །རྣལ་འབྱོར་པ་དེས་ཞི་བར་གཏོང་། །མི་བསྐྱོད་བཏུང་བའི་སྦྱོར་བ་ཡིས། །སྟོང་ཕྲག་ལྔར་ནི་འཚོ་བར་འགྱུར། །རྟག་པ་ཡི་ནི་ཁྲི་རུ་བརྗོད། །རྡོ་རྗེ་ཉི་མས་བྱེ་བ་སྟེ། །ཚེ་དཔག་མེད་ཀྱིས་གྲངས་མེད་ཚེ། །ནམ་མཁའ་ཇི་སྲིད་རྟ་བདུན་པས། །དཔག་མེད་རྡོ་རྗེ་ཉི་མ་གཉིས། །འཁོར་བ་བསྒྲུབ་པའི་རྩ་བ་སྟེ། །འདི་དག་རྣལ་འབྱོར་པས་བསྟེན་ན། །སྐལ་བཟང་རྣམས་དང་མཉམ་པར་འགྱུར། །ཞེས་སོ། །བཞི་པ་ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཕུང་ལྔ་འབྱུང་ལྔ་ཡུམ་ལྔ་དབང་པོ་ལྔ། །ཁ་དོག་ལྔ་རྣམས་ལྷ་རུ་ཤེས་པ་ལྔ། །ཡེ་ནས་ཆོས་ཐམས་ཅད་སངས་རྒྱས་པས། གཟུགས་ཚོར་བ། འདུ་ཤེས་འདུ་བྱེད། རྣམ་ཤེས་ཏེ་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ། ཕྱིས་ཆུ་མེ་རླུང་ནམ་མཁའ་ནང་ཤ་ཁྲག་དྲོད་དབུགས་སེམས་ཏེ་འབྱུང་བ་ལྔ་ཡུམ་ལྔ། གཟུགས་སྒྲ་དྲི་རོ་རེག་བྱ་ཡུལ་ལྔ་ནི་སེམས་མ་ལྔ། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་བྱང་ཆུབ་སེམས་དཔའ་ལྔ། དཀར་སེར་དམར་ལྗང་མཐིང་ཁའི་ཁ་དོག་ལྔར་སྣང་བ་ཐམས་ཅད་རྡོ་རྗེ་རིན་ཆེན་པད་མ་ལས་དང་། དེ་བཞིན་གཤེགས་པའི་རང་བཞིན་དུ་ཤེས་པར་བྱ་སྟེ་འདི་ནི་གསང་སྔགས་ཀྱི་གནད་གལ་པོ་ཆེ་ཡིན་ནོ། །གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ས་ཆུ་སྤྱན་དང་མཱ་མ་ཀི། །མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཉིད། །ཁམས་གསུམ་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་སོ། །དེས་ན་དམ་ཚིག་གསུམ་བཀོད་ལས། ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། །ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །ལྔ་པ་བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། །དེ་བཞིན་གཤེགས་དང་རྡོ་རྗེ་རིན་པོ་ཆེ། །པད་མ་ལས་རིགས་བསྒྲུབ་བྱ་ལྔ་རྣམས་ནི། །དུས་ཚོད་འབྲེལ་བའི་སྤྱོད་པས་དགོངས་པ་བླངས། །སྔར་གྱི་ཤེས་བྱ་ལྔ་དེ་རང་རྒྱུད་ལས་དངོས་སུ་གྲུབ་པར་བྱེད་པ་ལ་བརྩོན་པ་སྟེ། དེ་ཉིད་ལས། ཕུང་པོ་ལྔ་དང་འབྱུང་བ་ལྔ་རྣམས་དང་། །རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། །རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་སྒྲུབ་བྱེད་པ། །ཏིང་འཛིན་ཆོ་ག་ལྔ་ཡི་སེམས་རྩོལ་བྱེད། །ཅེས་སོ། །འདི་ནི་བསྐྱེད་པ་མ་ཧཱ་ཡོ་གའི་དམ་ཚིག་གི་ཕྱོགས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུར་གསུངས་ཏེ། ཀུན་འདུས་རིག་པ་ལས། མི་ཤིག་པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་པོ་ཡིན་པས་སོ། །ཞེས་སློབ་དཔོན་མི་སྨད། ཟ་མ་ཏོག་ནི་འདོད་པའི་གཏེར། །དུག་སྤྱོ་བ་ནི་དེ་མི་རིགས། །ཞེས་བླ་མའི་ཡུམ་ལ་མི་སྤྱད། རིན་ཆེན་མྱུ་གུའི་ལྕུག་ཕྲན་ནི། །འབྲོག་པར་བྱ་བ་རིགས་མ་ཡིན། །ཞེས་དད་ཅན་གྱི་ཚོགས་དང་དུས་མཆོད་མི་བཅག །གངས་ཀྱི་ཞུན་ཆུ་ཁོལ་མ་དག །མཁས་པས་བཏུང་བར་བྱ་བ་མིན། །ཞེས་དཀོན་མཆོག་གི་དཀོར་དང་བླ་མའི་རྫས་མི་སྤྱད། པད་མོའི་ཟེའུ་འབྲུ་ཁ་མ་བྱེ། །ཟླ་ཟེར་མ་ཡིན་ཁ་མ་དབྱེ། །ཞེས་རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱད། མ་བརྟགས་ཤུགས་རྡོལ་ཅན་གྱི་སྣོད། །ཁ་མི་དབྱེ་ཞིང་བཅུད་མི་བླུག །ཅེས་མཚན་ངན་གྱི་རིག་མ་མི་བསྟེན། དོན་དང་མི་ལྡན་བཅོས་པའི་རྫས། །བསྲེལ་ཞིང་སྤྱད་པར་བྱ་བ་ན། །ཞེས་སློབ་མ་སྣོད་ངན་དང་བཀྲ་མི་ཤིས་པའི་རྫས་མི་བཟུང་། ཤེལ་དཀར་རིན་ཆེན་སྒོ་ལྔ་དག །འདམ་ཁུང་རྫབས་སུ་བསྲུབ་མི་བྱ། །ཞེས་ཤེས་རབ་ཅན་གྱི་གང་ཟག་མི་སྨད། སེང་གེ་དཀར་མོའི་འོ་མ་དག །དུག་ཅན་དག་ཏུ་བླུག་མི་བྱ། །ཞེས་སྔགས་ཀྱི་དབང་ཆོག་དམ་ཉམས་པ་ལ་མི་བཤད། ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོངས་མ་ཡིན། །ཞེས་སྔགས་ལས་ལོག་ནས་ཐེག་དམན་ལ་མི་འཇུག །ཁྱུང་ཆེན་གཤོག་པ་མཁར་བརྐྱང་ནས། །དེ་དག་བཅག་པར་བྱ་བ་མིན། །ཞེས་ཐབས་ཤེས་བསྐྱེད་རྫོགས་མི་བྲལ། གནམ་ལྕགས་མེ་ཡི་དུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །ཞེས་སྔགས་པ་ནང་དམ་མི་བྱ། །སྟག་གཟིག་རོལ་བས་ལས་བྱས་པའི། །ཟས་ཀྱི་ལྷག་མ་བསྡུ་མི་བྱ། །ཞེས་དམ་ཉམས་དང་ཡུག་སའི་ཟས་མི་ཟ། རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །དེ་དག་གཞིག་པར་བྱ་བ་མིན། །ཞེས་སློབ་དཔོན་གྱི་སྟན་མི་འགོང་། རྡོ་རྗེ་ར་བའི་གོ་ཚགས་ནི། །བསྡམ་བྱ་དྲལ་བར་བྱ་བ་མིན། །ཞེས་བསྒྲུབ་པའི་མཚམས་མི་ཧྲལ། །བུད་ཤིང་བསྲེགས་པའི་སྒྲོན་མ་དག །གཡེང་བའི་རླུང་གིས་སྐྱོད་མི་བྱ། །ཞེས་བསྐྱེད་རྫོགས་བྷཻ་དུས་བྱིང་རྨུགས་སྤངས། རྡོ་རྗེའི་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅོད་པར་བྱ་བ་མིན། །ཞེས་འཛབ་རྒྱུད་མི་བཅད། རྒྱལ་པོའི་བཀའ་རྟགས་ཕྱག་རྒྱ་དག །ནམ་ཞར་དབྱི་བར་མི་བྱའོ། །ཞེས་བསྒྲུབ་རྫས་མི་སྦྱིན། རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །ཞེས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པར་མི་བྱ། གཙུག་གི་ནོར་བུ་འབར་བ་དག །རྒྱལ་མཚན་རྩེ་ལས་དབབ་མི་བྱ། །ཞེས་སློབ་དཔོན་ལ་མ་གུས་པ་སྤང་ལ་སྤྱི་བོར་བསྒོམ། སྐལ་ལྡན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་བ་ལྡན་པའི་ནོར་མཆོག་ཡིན། །ཞེས་གསུངས་ཏེ། དེ་དག་ནི་ལུང་ཨ་ནུ་ཡོ་གའི་དམ་ཚིག་གི་ཕྱོགས་སུ་གཏོགས་པའོ། །གསུམ་པ་ལྷག་པའི་དམ་ཚིག་ལ་གསུམ་སྟེ། རང་བཞིན་ལྟ་བའི་དམ་ཚིག །སྤྱོད་པ་རྒྱུན་གྱི་དམ་ཚིག །གལ་མདོ་ངེས་པའི་དམ་ཚིག་གོ། །དང་པོ་ལ། ཁམས་གསུམ་ཞིང་འགྱུར། དུག་གསུམ་རྩིར་འགྱུར། འཁོར་བ་གནས་འགྱུར། སྲིད་གསུམ་ཡོངས་སྒྲོལ་དུ་ལྟ་བ་བཞིའོ། །གཉིས་པ་སྤྱོད་པ་རྒྱུན་གྱི་དམ་ཚིག་ལ་དགྲ་བཞི་འདུལ་བ། བདུད་ལྔ་བཟློག་པ་གཉིས་ལས། དང་པོ་ནི། དེ་ཉིད་ལས། རྡོ་རྗེ་བརྣག་པ་གསང་འཕེལ་བས། ངག་གི་དབང་པོ་ཉམས་འགྱུར་ཏེ། །ཁ་ན་མ་ཐོ་ཕོག་པར་འགྱུར། །དེ་དག་བཅས་ཀར་འགྱུར་བའི་དགྲ། །ལྟ་དམན་སྤྱོད་ཅིང་འཆོལ་བ་ཡིས། །བཀའ་ཡི་གཞུང་བོར་ལོག་པར་སྤྱད། །ནོར་བས་བར་ཆད་འབྱུང་བའི་དགྲ། །དམ་གཙོར་སྤྱོད་པའི་ལས་རྣམས་ཡིན། །འདའ་ཀ་རྡོ་རྗེ་མཆོག་གསུམ་པོ། །བཏང་སྙོམས་ཕྱལ་བར་ཤོར་བ་ནི། རྩ་བ་རུལ་བའི་ལྗོན་ཤིང་བཞིན། །བཀའ་ཆད་ཆེན་པོ་འབབ་པའི་དགྲ། །བརྩམ་པ་ལས་ལ་སྦྱོར་བའི་ཚེ། །འབད་པའི་རྩལ་ཤུགས་ཆུང་བ་ཡིས། །དོན་རྣམས་གྲུབ་པ་མ་ཡིན་ཏེ། །འགྲུབ་པར་མི་འགྱུར་འཕྲོག་པའི་དགྲ། །རྣལ་འབྱོར་ཆེན་པོས་སྤྱོད་པ་ལ། །འདོད་པའི་ནོར་མཆོག་འཕྲོག་པའི་དགྲ། །ཐབས་ལ་མཁས་པའི་སྐྱེ་བོ་ཡིས། །སྐྱོན་གྱི་དགྲ་བཞི་སྤང་བར་བྱ། །ཞེས་སོ། །བདུད་ལྔ་ནི། དེ་ཉིད་ལས། རྣམ་རྟོག་འཁྲིད་པའི་བདུད་ཉིད་དང་། །དེ་བཞིན་བཏང་སྙོམས་ལེ་ལོའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་འབྱུང་འཁྲུག་པའི་བདུད། །རྣལ་འབྱོར་ཆེན་པོའི་བདུད་ལྔ་པོ། །ཡང་དག་དོན་ལ་སྒྲིབ་པ་སྟེ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །ཅེས་སོ། །གསུམ་པ་གལ་མདོ་ངེས་པའི་དམ་ཚིག་ལ་བཅུ་གཉིས་ཏེ། མ་ཉམས་པའི་མདོ་བཞི། མ་ཁྲེལ་བའི་ཚུལ་བཞི། མཐར་ཕྱིན་པའི་རྟགས་བཞིའོ། །དང་པོ་ནི། རྩ་བ་ཡན་ལག་ཟས་ཞར་གྱིས་མ་ཉམས་པ་བཞིའོ། །གཉིས་པ་ནི་སློབ་དཔོན། མཆེད་ལྕམ། ཡི་དམ་ལྷས། རང་སེམས་ཀྱིས་མ་ཁྲེལ་བ་བཞིའོ། །གསུམ་པ་ནི། དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང་། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འདོད་འབྱུང་ཞིང་འདོད་པ་འགྲུབ་པ་དང་། །མང་པོས་བསྐུར་ཞིང་གྲགས་པ་ཐོབ་པ་བཞིའོ། །འདི་དག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དམ་ཚིག་གི་ཕྱོགས་སོ། །རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེའི་སྙིང་པོའི་དམ་ཚིག་ཏུ་མེད་པ། ཕྱལ་བ། གཅིག་པུ། ལྷུན་གྱིས་གྲུབ་པ་བཞིས་སྟོན་ཏེ། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་གཉིས་མེད་པས། །ཉམས་དང་མི་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་པའི་དམ་ཚིག་གྲངས། །ང་ཡི་བསྲུང་བས་མེད་ཅེས་བྱ། །འོག་མའི་དམ་ཚིག་ལས་གྲོལ་ཅིང་། །རང་གི་སྒོ་བསྲུང་ཡངས་བས་ན། །ཕྱལ་བ་ཞེས་སུ་གྲགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་བས། །བྱ་བརྩལ་མེད་པས་ཡེ་བསྲུང་བས། །ལྷུན་གྲུབ་ཅེས་སུ་བརྟགས་པ་ཡིན། །ཞེས་གསུངས་པས། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་སྣང་ནའང་། རང་རིག་སྟོང་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདིའི་ངོས་ན་དམ་ཚིག་དང་བསྲུང་བྱ་བསྲུང་བྱེད་ཐམས་ཅད་བློས་བརྟགས་པ་ཙམ་ལས་དོན་དམ་པར་གང་ཡང་གྲུབ་པ་མེད་པའི་ཕྱིར་མེད་པ་ཞེས་བྱ་ལ། དེ་ལྟར་ནའང་སེམས་འཇུར་འཛིན་གྱིས་མ་བཅིངས་པར་གང་ཤར་གཏད་མེད་འཛིན་མེད་འདི་ཞེས་སྤྱོད་པ་ཚད་བཟུང་མེད་པས་ཕྱལ་བ་ཞེས་བྱ་ལ། རང་བྱུང་ཡེ་ཤེས་སྟོང་ལ་གོ་འབྱེད་པ་ཡེ་སངས་རྒྱས་པའི་རང་ངོ་འདི་ན་བསྲུང་རྒྱུ་དང་དོར་རྒྱུ་མི་འདུག་སྟེ་ཡེ་ནས་རང་ཆས་སུ་མ་བསྲུང་བའི་སྡོམ་པ་ཆེན་པོ་གནས་པས་བློས་འཛིན་ཞེན་གྱི་དམ་ཚིག་ཅི་བྱར་ཡོད། སོ་མ་གཉུག་མ་མ་བཅོས་མ་བསླད་པའི་ཤེས་པ་འདི་རང་ལས་མེད་པས་གཅིག་པུ་ཞེས་བརྗོད། འདིའི་ངོས་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱང་ཡེ་ནས་རང་ཆས་སུ་འདུག་ན་ད་གདོད་ཚོགས་ཀྱི་ཕྲེང་བས་རེ་དོགས་དང་སྤང་གཉེན་རྩོལ་སྒྲུབ་བྱར་མེད་དེ། མ་བསྲུང་བར་ཡེ་བསྲུང་མ་བསྒྲུབ་པར་ཡེ་གྲུབ་མ་བྱས་པར་ཡེ་ཟིན་དུ་ལྷུན་གྱིས་གྲུབ་པར་གནས་པས་ན་ལྷུན་གྱིས་གྲུབ་པའི་དམ་ཚིག་ཅེས་བྱའོ། །རྡོ་རྗེ་སྙིང་པོའི་གནད་དམ་པའོ། །དེ་ལྟ་གང་དུ་བཤད། དེ་སོགས་དམ་ཚིག་རྣམ་བཞག་མང་གསུངས་པ། །རྩ་བ་ཡན་ལག་བཅས་འདིར་མ་འདུས་མེད། །མདོར་ན་གནས་གསུམ་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །དམ་ཚིག་གི་རྣམ་བཞག་ས་ཡ་འབུམ་སྡེ་ལ་སོགས་པ་དཔག་ཏུ་མེད་པ་ཞིག་གསུངས་ཀྱང་། མདོར་ན་ལུས་སྣང་སྲིད་གཟུགས་སྣང་ཐམས་ཅད་སྣང་སྟོང་འཛིན་མེད་སྐུའི་རྡོ་རྗེ། །ངག་སྒྲ་གྲགས་ཐམས་ཅད་གྲགས་སྟོང་འགག་མེད་གསུང་གི་རྡོ་རྗེ། ཡིད་དྲན་རྟོག་ཐམས་ཅད་གསལ་སྟོང་སྐྱེ་མེད་ཐུགས་ཀྱི་རྡོ་རྗེ་གསུམ་དུ་ཤེས་པས་ཐམས་ཅད་དེར་འདུ་བ་སྟེ། ཕྲ་རྒྱས་ལས། དེ་ལྟ་ས་ཡ་འབུམ་སྡེ་རྣམས། །བདག་ནི་རྡོ་རྗེ་མཆོག་གསུམ་པོ། །ལོག་པར་མི་བཏང་སྡོམ་པ་དངོས། །ས་གཞི་ལྟ་བུར་གསུང་བ་ཡིན། །ཞེས་དང་། རྡོ་རྗེ་གུར་ལས། ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །རྡོ་རྗེའི་སྐུ་ནི་རབ་ཏུ་འགྲུབ། །རིན་ཆེན་བཟླས་པའི་ཁྱད་པར་གྱིས། །དྲི་མེད་རྡོ་རྗེའི་གསུངས་པ་ཡིན། །བསམ་གཏན་རྡོ་རྗེ་རབ་བསམ་ནས། །རིན་ཆེན་སེམས་སུ་རབ་ཏུ་འགྲུབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ཉིད་སྐྱེ་བའི་རྟེན་བཤད་པ་ནི། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གི། །སྐྱེ་བའི་རྟེན་ནི་ཉིན་བཞིན་བྲམ་ཟེ་གསོད། །མཚམས་མེད་ལྔ་བྱེད་ལ་སོགས་ཀུན་ལའོ། །དེ་སྐད་དུའང་། རྡོ་རྗེ་གདན་བཞི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་དང་། དུས་འཁོར་ལས། གདོལ་པ་མི་མཁས་ལ་སོགས་དང་། །མཚམས་མེད་ལྔ་ནི་སྤྱོད་པས་ཀྱང་། །སྔགས་ཀྱི་སྦྱོར་བས་རྗེས་སྤྱད་ན། །སྐྱེ་བ་འདི་ལ་སངས་རྒྱས་འགྱུར། །ཞེས་པས་མཚམས་མེད་ལ་སོགས་པ་སྤྱད་པ་ཡིན་ནའང་། མི་ཕྱེད་པའི་དད་པ་དང་གསང་སྔགས་ཀྱི་གནས་ལ་བློ་འདུན་ཞིང་སྐྲག་པར་མི་འགྱུར་བ་ནི་དམ་ཚིག་གི་རྟེན་དུ་བཤད་པ་ཡིན་ནོ། །སྤྱི་དོན་བཞི་པ། ཐ་མ་ཉམས་ན་གསོ་བའི་ཚུལ་བཤད་པ། འདི་ལའང་ལྔ་སྟེ། ལྟུང་བ་འབྱུང་བའི་རྒྱུ། ལྟུང་བ་དངོས། གནང་བཀག་བཤགས་ཚུལ་ཕན་ཡོན་ནོ། །དང་པོ་ནི། ལྟུང་མཚམས་མི་ཤེས་བླ་མ་སོགས་མི་གུས། །བག་མེད་སྤྱོད་ཅིང་ཉོན་མོངས་མང་བ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞིར་ཐོགས་མེད་བཞེད། །སློབ་དཔོན་དེ་ཉིད་ཀྱི་ཞལ་སྔ་ནས། །ལྟུང་བའི་རྒྱུ་ནི་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་པས། བླང་དོར་གྱི་གནས་ལ་བློ་གྲོས་ཞན་པས་མི་ཤེས་པ་དང་། འདུ་འཛི་རྣམ་གཡེང་ལ་སོགས་པ་བག་མེད་པས་གཉིད་ཆང་ལ་སོགས་པས་བྲེལ་བ་དང་། བདག་གི་རྒྱུད་ཉོན་མོངས་མང་བ་དང་། བླ་མ་དང་མཆེད་ལྕམ་རྣམས་ལ་རང་རྒྱུད་ངན་པས་མ་གུས་པ་བཞི་པོ་ནི། སྔགས་དང་བྱང་སྡོམ་གཉིས་ཀའི་ལྟུང་བ་འབྱུང་བའི་སྒོ་ཡིན་ཏེ། འདི་བཞིའི་དོན་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་འབྲིང་པོ་ལས། བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཅིང་། །འདོད་ཁྲོ་གཏི་མུག་དབང་གིས་ནོངས་གྱུར་བ། །ཞི་ཁྲོའི་ལྷ་ཚོགས་ཐུགས་དང་ཅི་འགལ་བ། །ཞེས་གསུངས་པའི་དོན་ནོ། །ལྟུང་བའི་སྒོ་བཞི་པོ། དེ་ཡི་གཉེན་པོ་བསླབ་བྱ་སློབ་པ་དང་། །ཀུན་ལ་གུས་བསྐྱེད་རྟག་པར་དྲན་ཤེས་བསྟེན། །ཉོན་མོངས་གང་ཆེའི་གཉེན་པོར་འབད་དེ་བསླབ། །མི་ཤེས་པའི་གཉེན་པོར་བླང་དོར་གྱི་གནས་དེ་དག་ལ་ཐོས་བསམ་གྱིས་ལེགས་པར་ཁོང་དུ་ཆུད་པར་བྱ་བ་དང་། བག་མེད་པའི་གཉེན་པོར་སྔར་བྱས་སྡོམ་སྐབས་སུ་བཤད་པ་ལྟར་དྲན་ཤེས་བཞིན་བག་ཡོད་གསུམ་བསྟེན་པ་དང་། ཉོན་མོངས་པ་གང་ཆེ་བའི་གཉེན་པོར་རང་བྱུང་གི་ཡེ་ཤེས་ལ་བལྟས་པས་གཞི་མེད་རྩ་བྲལ་དུ་རྟོགས་པ་དང་། མ་གུས་པའི་གཉེན་པོར་ཀུན་ལ་གུས་པར་བསླབ་པའོ། །དེ་ལྟར་མི་ཤེས་པ་དང་མ་གུས་པ་ལ་སོགས་པ། སྤང་བྱ་བཞི་སྟེང་བརྗེད་ངས་དྲན་མི་གསལ། །གཉིས་བསྣན་དམ་ཚིག་ཉམས་པའི་རྒྱུ་དྲུག་ཅེས། དཔལ་ལྡན་སྡོམ་པའི་རྒྱུད་ལས་གསལ་བར་གསུངས་དེ་དག་ཚུལ་མཐུན་པར། རྡོ་རྗེ་གསལ་བཀྲ་ལས། ཉམས་པར་འགྱུར་པའི་རྒྱུ་དག་ནི། །མི་ཆོས་བློན་པོའི་ལས་བྱེད་དང་། །བདག་བསྟོད་གཞན་སྨད་ཟུར་ཟ་མཁས། །ཁེ་དྲག་ཉིད་ཕྱིར་འདུ་བ་བསྟན། །རྫས་ལ་ཆགས་སེམས་རང་ཕྱོགས་ཆེ། །ཆགས་དང་རང་མཐོང་ལྟ་སྤྱོད་ཉམས། །ཆོས་ལ་ཕྱོགས་རིས་ངོམ་སྐྱོན་དང་། །གསང་ཆུང་ལེ་ལོ་གཙང་སྨེ་ཆེ། །སྒྲོ་བསྐུར་གྲོགས་ཀྱི་ཉམས་ལེན་དང་། །འཁོར་བའི་རིགས་བརྒྱུད་འཕེལ་འདོད་ཅིང་། །གཅིག་པུར་མི་གནས་འདུ་ལ་དགའ། །ཉི་ཤུས་ཉམས་པའི་རྒྱུར་འགྱུར་རོ། །ཞེས་དང་། རྣལ་འབྱོར་གཏོར་རྒྱུད་ལས་བཀའ་མནོས་པའི་སློབ་དཔོན་ཁུངས་བསྲུབ་ནས་རང་དད་པའི་ཕྱོགས་ནས་ཁུངས་འབྱིན་པར་བྱེད་ན་ཡང་། དམ་ཚིག་ཉམས་པའི་སྤྱོད་པ་བྱེད་པ་ཡིན་ནོ། །གཞན་གྱི་ཡོན་ཏན་ཅི་ཡོད་པ་མ་གྲགས་ཤིང་སྲུབ་པར་དགའ་ལ་སྐྱོན་ཅི་ཡོད་བརྗོད་པར་བྱེད་ན་ཉམས་པར་འགྱུར་བའི་སྤྱོད་པ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །གཉིས་པ་ལྟུང་བ་དངོས་ངོས་བཟུང་བ་ནི། ཀུན་ལ་ཡུལ་བསམ་སྦྱོར་བ་མཐར་ཐུག་གིས། །ཀུན་བསླངས་ཉོན་མོངས་རང་དགའ་དེར་ཤེས་དང་། །ལུས་ངག་སྦྱོར་བྱས་དངོས་གཞིའི་བར་མ་ཆད། །མ་འཁྲུལ་སྤྱད་དང་འགྱོད་མེད་ཐུན་ཚད་འདས། །ཕམ་པ་ཞེས་བརྗོད་དངོས་གཞི་མ་ཚང་ན། །ཐུན་འདས་ལྟུང་བ་ཞེས་བརྗོད་ལྷག་མ་ལྟར། །རིམ་པས་དམན་ན་སྦོམ་པོ་ལྟུང་བྱེད་དང་། །ཉེས་བྱས་ལྟུང་བའི་གཟུགས་བརྙན་ཤེས་པར་བྱ། །ཞེས་པས་ཕམ་པ། ལྟུང་བ། སྦོམ་པོ། ལྟུང་བའི་གཟུགས་བརྙན་དང་བཞི་སྟེ། དང་པོ་ནི། དཔེར་ན་རྡོ་རྗེ་སྤུན་གྲོགས་ལ་ཁོང་ཁྲོ་དང་སྨོད་པ་ལྟ་བུ་དང་སྦྱར་ན། ཡུལ་དབང་དང་དམ་ཚིག་གིས་སྡོམ་པའི་རྣལ་འབྱོར་པ་ཤེས་པ་རང་བཞིན་དུ་གནས་པས། དེ་བཞིན་དུ་རྡོ་རྗེ་སྤུན་སྲིང་ལ་སོགས་པ། བསམ་པས་བརྩེ་ནས་དཀྲི་བའི་ཐབས་ལ་སོགས་པ་མ་ཡིན་པར་ངན་སེམས་ཁོང་ཁྲོ་བས། སྦྱོར་བ་ལུས་ངག་གི་སྒོ་ནས་ངན་དུ་སྨྲ་བ་དང་། ཁྲོ་བ་དང་བརྡེག་གམ་བརྡེག་པར་གཟས་པ་ལ་སོགས་པ་དངོས་གཞི་གང་དེ་བར་མ་ཆད་པར་སྤྱད་ཅིང་། མཐར་ཐུག་དེ་ལ་འགྱོད་སེམས་མེད་པར་བཤགས་སྡོམ་མ་བྱས་པར་ཐུན་ཚད་ལ་འདས་པའོ། །གཉིས་པ་ནི། གཞན་ཚང་ཡང་དངོས་གཞི་སྨད་པ་དང་ཁྲོ་བ་དང་བརྡེག་པ་ལ་སོགས་མ་བྱས་པ་སྟེ། ལྕི་ཡང་གི་དཔེས་མཚོན་ན་འདུལ་བར་བཤད་པ་ལྟར་ལྷག་མ་ལྟ་བུའོ། །གསུམ་པ་ནི། དེ་ལས་བསམ་པ་དང་སྦྱོར་བ་མ་ཚང་བ་ལྟ་བུ་སྟེ་ལྟུང་བྱེད་ལྟ་བུའོ། །བཞི་པ་ནི། ཡུལ་བསམ་གཉིས་ཙམ་ལས་མ་ཚང་བ་སྟེ། ཉེས་བྱས་ཀྱི་ཕྱོགས་ཙམ་དུ་གནས་སོ། །འདི་དག་གོང་དུ་བཤད་པའི་དམ་ཚིག་དེ་དག་གི་རང་བཞིན་ལ་མཚོན་པར་བྱེད་པ་ཙམ་སྟེ། རྩ་ལྟུང་རྣམས་ནི་ཐོག་མ་རྩ་ལྟུང་དུ་གནས་པས། ལྟུང་བ་དང་སྦོམ་པོ་ལ་སོགས་བརྩིར་མེད་ཅིང་། ཡན་ལག་གི་ལྟུང་བ་རྣམས་ལ་སྦོམ་པོ་ཞེས་བྱ་སྟེ། དེ་དག་ལ་ལྕི་ཡང་གི་རིམ་པ་ཤེས་པར་བྱའོ། །གསང་སྔགས་ཀྱི་དོན་ཇི་ལྟ་བ་ནི་ཁོང་དུ་མ་ཆུད་ཅིང་ཚེ་འདིར་ཉོན་མོངས་པའི་དབང་དུ་སོང་བ་ཁ་ཅིག །འདུལ་བའི་ཁྲིམས་ལ་སོགས་པ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བས་བསྲུང་བར་ག་ལ་ནུས། ཉམས་པར་འགྱུར་བའི་ཆོས་ལས་མ་འདས་ལ། གསང་སྔགས་འདི་ནི་ཤ་ཟ་ཆང་འཐུང་། སྲོག་གཅོད་མ་བྱིན་པར་བླང་། བུད་མེད་སྤྱོད། རྫུན་སྨྲ་བ་ལ་སོགས་གང་དགར་ཆོག་པར་འདུག་སེམས་པ་ལ་སོགས་དེ་ལའང་གསང་སྔགས་ལས་རྩ་བ་བཞི་སྤྱད་པར་གསུངས་པ་དེའང་ཡུལ་དང་བསམ་པ་དང་སྦྱོར་བ་དང་། མཐར་ཐུག་གི་ཐབས་ཆེ་བ་དང་། མཁས་པ་དང་། མང་བ་དང་། ཁྱད་པར་ཅན་ལ་སོགས་གོང་དུ་བཤད་པ་ལྟར་གནད་དཔག་ཏུ་མེད་པས་སྤྱོད་པ་ཡིན་གྱི་སྒྲ་ཇི་བཞིན་པར་སྤྱད་ན། དགེ་སློང་ཐར་པ་ནག་པོ་ཡང་། རྩ་བ་བཞི་སྤྱད་ས་བདུད་དུ་སྐྱེས་པ་ཡིན་ཏེ། དངོས་པོ་བཞི་ལ་ཞེན་འཛིན་བྱས་པ་ཡིས། །ལུས་ནི་དམ་པའི་ཆས་ཞུགས་སེམས་ངན་འགྲོ། །ཞེས་འབྱུང་ངོ་། །དེར་མ་ཟད་ཕྱི་རོལ་སྣོད་བཅུད་སྣང་ལ་རང་བཞིན་མེད་པའམ། གཞལ་ཡས་ཁང་དུ་མ་ཤེས་པ་དང་། ལུས་འདི་ལའང་སངས་རྒྱས་ཀྱི་རང་བཞིན་དུ་མ་ཤེས་ན་ཤེས་བྱའི་དམ་ཚིག་ཉམས་ལ། བཤང་གཅི་སོགས་པ་ལ་མི་གཙང་བའི་འདུ་ཤེས་ཙམ་སྐྱེས་ནའང་དང་བླང་གི་དམ་ཚིག་ཉམས་པ་ལ་སོགས་བསམ་གྱིས་མི་ཁྱབ་པས། དེའི་ཕྱིར་ཅེ་རེ་ལོང་དུ་མ་སོང་བར་གསལ་ལ་མ་འདྲེས་པར་ཤེས་པ་གནད་ཆེ་སྟེ། ཇོ་བོ་རྗེའི་ཞལ་ནས། དེ་ལ་གསང་སྔགས་ནི་ལྟུང་བའི་སྒོ་བསམ་གྱིས་མི་ཁྱབ་པས། དཔེར་ན་བུམ་པ་ལྟ་བུ་ཞིག་ལའང་། དངོས་པོ་ཐ་མལ་པར་བཟུང་ན་ལྟུང་བར་འགྱུར་ཏེ། ས་ཕྱོགས་རྡུལ་ཤིན་ཏུ་ཆེ་བ་ཞིག་ཏུ་མཎྜལ་ཞིག་ཕྱིས་ཏེ་བཞག་ན། དེ་མ་ཁད་རྡུལ་ཆགས་ནས་འོང་བ་དང་འདྲ་གསུངས། དེ་ལྟར་ན་སངས་རྒྱས་མྱུར་དུ་འགྲུབ་པ་རང་དཀའ་འདྲ་ཞུས་པས། དེ་སྦྱོང་བའི་ཐབས་བྱ་བརྒྱ་འུར་རྡོ་གཅིག་གིས་དེད་པ་ལྟ་བུའི་གདམས་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བ་གསང་སྔགས་པ་ལ་ཡོད། ཅེས་གསུངས་པ་བཞིན་ནོ། །གསུམ་པ་གནང་བཀག་གི་ཚུལ་དཔྱད་པ་ནི། ཀུན་ལ་དབང་ཉམས་བྱ་བ་གཞན་གྱིས་ན། །དོན་ཆེན་བསྐྱེད་ཕྱིར་བརྟན་དང་དགོས་ལྡན་དང་། །ནུས་རྙེད་གནང་དང་བཀའ་བསྒོ་བར་ཆད་ལ། །ཉེས་པ་མེད་ཅེས་སྙིང་པོ་རྒྱན་ལས་གསུངས། དེ་བཞིན་དུ་རྩ་ལྟུང་འཁྲུལ་སྤང་ལས། དེ་ལ་ཉེས་པ་མེད་པར་དམིགས་ཀྱིས་བསྟན་པ། ན་བ་དང་བླ་མའི་བྱ་བ་ལ། འདི་སྐད་དུ་བདག་ནི་ན་བས་གཟེར་བའི་ཕྱིར་རམ། བླ་མའི་བྱ་བ་འདི་ལྟ་བུ་བྱེད་པའི། སྤྱོད་ལམ་ཅི་བདེ་བར་ཞུའོ། །ཞེས་པ་ནས་གནང་ན་ཉེས་པ་མེད་དོ། །བླ་མ་ཉིད་དགྱེས་པར་གྱུར་ན། སྤྱོད་ལམ་ཅི་ལྟ་བུ་ལ་ཡང་ལྟུང་བ་དང་པོའི་ཕྱོགས་ནས་ཉེས་པ་མེད་དོ། །ཚུལ་གཞན་དུ་བག་ཡོད་པར་སྤྱོད་པར་བྱའོ། །ཞེས་རྩ་ལྟུང་དང་པོའི་སྐབས་སུ་བཤད་པ་ལྟ་བུས་ཀུན་ལ་ཤེས་པར་བྱའོ། །དམ་ཚིག་གི་བསྲུང་སྡོམ་རྣམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་དང་ཤེས་བཞིན་གྱིས། དེ་ལྟར་ཉིན་མཚན་ཐུན་ལ་དུས་དྲུག་ཏུ། སྤང་བླང་དམ་ཚིག་གནས་ལ་བསྒྲིམས་ཏེ་དཔྱད། དེ་ཡང་དཔལ་སྡོམ་པ་འབྱུང་བའི་རྒྱུད་ལས། ཇི་སྲིད་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་བཏང་ཡང་སླ། །འཆི་བར་མཉམ་སར་འགྲོ་ཡང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པའི་ཚུལ་ལྟར་རོ། །བཞི་པ་བཤགས་ཚུལ་བསྟན་པ་ནི། དེ་ཡང་ཉིན་ཐུན་གསུམ་མཚན་ཐུན་གསུམ་སྟེ་དྲུག་གི་ཆ་གཅིག་ལ་ཐུན་ཚོད་ཅེས་བྱ་སྟེ། དྲུག་ཆ་འདས་ན་ཐུན་ཚོད་འདས་ཞེས་བྱ། ཞག་གཅིག་ཟླ་གཅིག་ལོ་གཅིག་ལོ་གཉིས་འདས། །འགལ་ཉམས་འདས་རལ་ཞེས་བྱ་དེ་དག་ཀྱང་། །སྙིང་ནས་བཤགས་ན་གསོར་རུང་ཕྱི་རིམ་ལྕི། དེ་ཡང་དམ་ཚིག་བཀོད་པ་ལས། སྤྱིར་ན་དམ་ཚིག་ཁྱད་པར་ལས། །དུས་ལས་འགལ་ཞེས་ཉེས་བྱས་གང་། །ཞག་གི་བར་མ་ཆོད་པ་ནི། དམིགས་པའི་ཡུལ་ལ་བཤགས་བྱས་ན། །དེ་ནི་སོར་ཡང་ཆུད་པའོ། །ཉམས་ཞེས་ཟླ་བས་མ་ཆོད་པར། །འགྱོད་པ་དྲག་པོས་བཤགས་པས་སོ། །དམ་ལས་འདས་ནས་ལོ་དག་གིས། །བར་དུ་མ་ཆོད་བཤགས་པས་སོ། །ལོ་ནི་གཅིག་དང་གསུམ་དག་ལས། །དམ་ཚིག་རལ་བ་ཞེས་བྱ་བ། །མཆོག་ཏུ་དྲག་ན་གསོ་རུ་རུངས། །ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུང་མི་རུང་སྟེ། །གལ་ཏེ་བླང་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་གསུངས་སོ། །བཤགས་ཐབས་དངོས་ལ། སྤྱིར། དབང་བདུན་ཐོབ་ལ་ལྷ་གྲངས་རེ་རེ་ལ། །བཟླས་པ་སུམ་ཁྲི་དྲུག་སྟོང་བྱས་པས་སྤྱོད། །དེ་ཡང་དབང་གང་ཡིན་པའི་ལྷ་རེ་རེ་ལ་བསྙེན་པ་ཁྲི་ཕྲག་གསུམ་དང་སྟོང་ཕྲག་དྲུག་བཟླས་པས་འབྱོང་ངོ་། །བྱེ་བྲག་ཏུ། བུམ་གསང་ཐོབ་ཉམས་སྔོན་དུ་ཆད་ལས་སྤྱད། །དེ་རྗེས་དལ་དུ་ཞུགས་ལ་དབང་བཞི་ལེན། །དབང་གོང་མ་གཉིས་པོ་ཐོབ་ནས་ཉམས་ན་ཐོག་མར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང་། སྦྱིན་བསྲེག་ཚོགས་འཁོར་ལ་སོགས་པས་ཉམས་པ་བཤགས་ཤིང་སྣོད་རུང་དུ་བྱས་ནས། སླར་དཀྱིལ་འཁོར་དུ་ཞུགས་ནས་བླ་མ་ལས་དབང་དང་དམ་ཚིག་བླང་བར་བྱ་སྟེ། དམ་པ་དང་པོའི་རྒྱུད་ལས། རྩ་བའི་ལྟུང་བ་བྱུང་གྱུར་ན། །སླར་ཡང་དཀྱིལ་འཁོར་འདི་རུ་ནི། །དག་པ་རྒྱུ་རུ་འཇུག་པར་བྱ། །སླར་ཡང་གནང་བ་ཐོབ་པ་ནི། །ཚོགས་ཀྱི་ནང་དུ་འགྲོ་བ་ན། །རྒན་པའི་མིང་ནི་གཞོན་པ་ཞེས། །ཞེས་དང་རྩ་ལྟུང་བཅུ་བཞི་པར། །གསུམ་ལ་སྐྱབས་འགྲོ་ནས་བརྩམ་སྟེ། བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་སོ། །དབང་འོག་མ། ཤེར་དབང་ཚིག་དབང་ཐོབ་ཉམས་བསྐྱེད་རིམ་དང་། །འཕོ་མེད་ཚུལ་ཁྲིམས་རྫོགས་པའི་རིམ་པ་དག །རང་རྒྱུད་བྱིན་རླབས་མ་གཏོགས་གཞན་མི་འདག །རིམ་པ་གཉིས་བསྒོམ་ནས། རང་གི་སེམས་རྒྱུད་བྱིན་གྱིས་བརླབ་པའི་རིམ་པས་ཏེ། རྡོ་རྗེ་གསལ་བཀྲ་ལས། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་དམ་ཚིག་ཡིན། །ཇི་སྙེད་སྣང་བའི་ཆོས་རྣམས་ཀུན། །རང་རིག་ཀུན་བྲལ་ཉིད་སྣང་བས། །ཅི་སྣང་ཇི་སྲིད་རང་རིག་ཉིད། །འདྲེ་ལྡོག་སྤྱི་ཚུགས་གར་སོང་ཡང་། །སྙིང་པོའི་དོན་ལས་འདས་མི་སྲིད། །རང་བཞིན་དམ་ཚིག་ཆེན་པོའོ། །ཞེས་པའི་ཚུལ་གྱིས་སྦྱང་ངོ་། །དུས་ཀྱི་དབང་དུ། འགལ་ན་ཚོགས་འཁོར་ཉམས་ན་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་ནོར་སོགས་དང་། །རལ་ན་རང་གི་སྲོག་གིས་གསོ་བར་བཤད། །དེ་ཡང་དམ་ཚིག་བཀོད་པའི་རྒྱུད་ལས། །འགལ་ན་ཚོགས་ཀྱི་འཁོར་ལོས་བཤགས། །ཉམས་ན་རང་གི་བདོག་པས་བཀང་། །འདས་པ་བུ་དང་ཆུང་མ་དང་། །ཉེ་འཁོར་ལུས་དང་ངག་དག་དང་། །ཡིད་དང་བདོག་པར་བཅས་པས་བསྐང་། །རལ་ན་རང་གི་སྲོག་གིས་བསྐང་། །ཞེས་སོ། །གཞན་ཡང་། སྙིང་པོ་རྒྱན་ལས་གསོ་བའི་ཆོ་ག་ནི། །ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱ་དང་། །བཀྲུ་བའི་རིམ་པས་གཏུམ་མོའི་མེར་བསྲེག་དང་། །མི་དམིགས་སྒོམ་དང་དབང་བཞི་བླང་བ་ལྔ། །ཚོགས་སུ་ཞུགས་དང་རྟེན་ལ་སྨེ་བ་དང་། །མཎྜལ་འབུལ་དང་མཆོད་རྟེན་བྱ་བ་དང་། །མེ་ལ་སྦྱོང་དང་གཏོར་མ་གཏོང་བ་དང་། །གསང་སྔགས་བཟླ་དང་ཟབ་མོའི་བསམ་གཏན་དང་། །སྲོག་སྐྱབ་བཀའ་ཀློག་བླ་མ་བསྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླས། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། །ཐིག་ལེ་ཕྲ་མོའི་རྣལ་འབྱོར་སྒོམ་པས་གསོ། །དེ་ལྟར་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། གསོ་ཐབས་ཉེར་ལྔ་གསུངས་པའི། ཐོག་མར་ཚོགས་གཉིས་བསགས་པའི་ཞིང་དཀོན་མཆོག་གསུམ་གྱི་སྤྱན་སྔར་བཤགས་པས་འདག་སྟེ། གསེར་འོད་ལས། སྲིད་འགྲོ་ཉམས་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་བདག་མཆིས་ཏེ། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསུངས་པ་བཞིན་ནོ། །སྡིག་པ་དྲལ་བའི་སྔགས་དང་ཕྱག་རྒྱས་སྦྱོང་སྟེ། སྔགས་ནི་མུ་ཏིག་ཁད་ཀ་ལ་སོགས་སྦྱོང་རྒྱུད་ལྟར་ལ་ཕྱག་རྒྱ་ནི། གཙུག་དགུའི་རྒྱུད་ལས། རྡོ་རྗེ་བསྡམ་པ་དམ་བྱས་ཏེ། །གུང་མོ་གཉིས་ནི་ངོས་སྦྱར་ནས། །ཐ་མ་བཞི་ཡི་རྩེ་སྤྲད་པ། །སྐད་ཅིག་ཏུ་ནི་སྡིག་བྲལ་ལོ། །ཞེས་གསུངས་སོ། །བཀྲུ་བའི་རིམ་པ་ནི། ཉམས་སྒྲིབ་དག་པའི་ཁྲུས་སམ། ཡོ་གའི་རྡོ་རྗེ་རྩེ་མོ་ལས། །སྡོམ་པ་ལ་གནས་པ་ནི་ནང་གི་ཁྲུས། །ཡན་ལག་བདུན་པས་རྒྱུད་སྦྱོང་གསང་བའི་ཁྲུས། །ཕྱག་རྒྱ་བཅིངས་བཀྲོལ་རྣལ་འབྱོར་ཁྲུས་ཞེས་བྱ། །ཞེས་གསུངས་སོ། །གཏུམ་མོའི་མེར་བསྲེག་པ། ཡུམ་ལྔའི་རང་བཞིན་ཁ་དོག་ལྔའི་མེ་སྦར་བས་འཁོར་ལོ་ལྔའི་དུག་ལྔའི་རྣམ་པ་འགྲོ་བ་ལྔའི་བག་ཆགས་བསྲེགས་ནས་ཞིང་ཁམས་ལྔ་མངོན་དུ་བྱེད་པའོ། །མི་དམིགས་བསྒོམ་པས་གསོ་སྦྱོང་བྱ་སྟེ། བང་མཛོད་ལས། ཇི་བཞིན་པ་ཡི་སེམས་ཡིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །དེ་ལ་གཡོ་བ་མེད་གྱུར་ན། །དམ་ཚིག་ཐམས་ཅད་བསྐང་པ་ཡིན། །ཉམས་པའི་ཆད་པ་བྱུང་ན་ཡང་། །མགོན་སྐྱབས་དེ་ལས་ཆེ་བ་མེད། །ཅེས་སོ། །དབང་བཞི་བླང་བས་སྒྲིབ་གཉིས་དག་པ་དང་། རྣལ་འབྱོར་གྱི་ཚོགས་འདུས་པར་ཚོགས་ཀྱི་འཁོར་ལོ་བསྐོར་ཏེ་ཉམས་པ་འདི་ཞེས་གླེང་སྟེ་མཐོང་སྡོམ་བྱ་བ་དང་། རྟེན་གྱི་དྲུང་དུ་སྨྲེ་སྔགས་ཀྱིས་བཤགས་ཏེ། དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་། །ཉམ་ཐག་ཕོངས་པའི་ང་ངོ་འདོན་ལགས་ན། །ཞེས་གསུངས་པ་དང་། མཎྜལ་འབུལ་བས་སྡིག་པས་འདག་པར་མཎྜལ་གྱི་ཆོ་གར་གསུངས་པ་དང་། མཆོད་རྟེན་བྱས་པས་བྱང་བར་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ལེའུ་ལས་བཤད་ཅིང་། ཏིལ་ལ་སྡིག་སྒྲིབ་བསྟིམ་ནས་མེར་སྲེག་པར་སྦྱོང་རྒྱུད་ལས་གསུངས། འབྱུང་པོ་དང་ཡི་དྭགས་ལ་གཏོར་མ་བཏང་བ་དང་། གསང་སྔགས་བཟླས་པས་སྦྱོང་བར་དཔུང་བཟང་ལས་བཤད་དོ། །བསམ་གཏན་བྷཻ་པས་འདག་པ་དེ་བཞིན་གཤེགས་པའི་མདོ་ལས་བཤད་ཅིང་། གཞན་གྱི་སྲོག་སྐྱབས་པས་བྱང་སྟེ་ཉེའུ་འདོན་ཞེས་བྱ་ལ། གསུང་རབ་ཀླག་པ་དང་། བླ་མ་བསྟེན་པ་དང་། སློབ་མ་འཇུག་པའི་ཚུལ་གྱིས་ནི། །ཐོག་མར་སློབ་དཔོན་འཇུག་པར་བྱ། །ཞེས་པས་བདག་འཇུག་བླང་བ་དང་། རྒྱལ་བའི་ཡིག་བརྒྱ་དང་། དུས་ཀྱི་ལྷ་ལ་ཕྱག་འཚལ་ཞིང་སྔགས་བཟླས་པ་དང་། ཕུང་པོ་གསུམ་པའི་མདོ་འདོན་པ་དང་། བླ་མ་རྡོར་སེམས་སྒོམ་བཟླས་ཕྲ་མོའི་རྣལ་འབྱོར་དང་བཅས་པས་སྐོང་བར་བྱ་སྟེ། དགོངས་ཚིག་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བྷཻ་ནས་ནི། །སྔགས་ཀྱང་རབ་ཏུ་ཟློས་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་གསུངས་སོ། །འདི་དག་གསང་སྔགས་སྤྱིའི་གསོ་ཐབས་སུ་གནས་ལ། ཁྱད་པར་དུ། གླང་ཆེན་རབ་འབོག་རྒྱུད་ལས་གསུངས་པ་ཡི། །རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུགས་ཀྱིས། །བཤགས་པས་མི་འདག་མེད་ཕྱིར་ཉམས་སུ་བླང་། །འདི་ནི་གཞི་དམ་ཚིག་གིས་བཟུང་བའི་རིམ་པ་དབང་གི་ལས་ཀྱི་གླང་ཆེན་རབ་འབོག་གི་གསུང་གི་ངེས་པ་རྩ་བའི་རྒྱུད་གསུམ་གྱི་བར་བ་ནས་འབྱུང་བ་དང་། རྒྱུད་ཀུན་འདུས་རིག་པའི་ལེའུ་བརྒྱད་པ་དང་། ཨ་ནུ་ལུང་གི་མ་མོའི་ལེའུ་བཞི་པ་དང་བཤགས་པའི་རྒྱུད་དྲི་མེད་རྒྱལ་པོའི་ལེའུ་བཞི་པ་ནས་འབྱུང་ཞིང་། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཞེས་སོགས་ངག་འདོན་དང་དེའི་དགོངས་པ་གསལ་བའི་འགྲེལ་ཊིཀ་ལ་སོགས་པ་ནི་གཞན་དུ་འདུག་པ་ལས་རྟོགས་པར་བྱའོ། །དེ་ཡང་ངེས་ཚིག་ས་མ་ཡཱའི་སྒྲ་ལས་དམ་ཚིག་ཅེས་བྱ་སྟེ། ཐུན་མོང་ལྟར་ན་དམ་བཅའ་བའི་ཚུལ་གྱིས་འཇུག་སྟེ། ཡེ་ཤེས་དམ་པ་ལས། རྒྱལ་བའི་གསང་ཆེན་རྨད་པའི་ཆོས། །མ་ཉམས་དམ་དུ་འཛིན་པའི་ཕྱིར། །བླ་མས་ཇི་སྐད་བསྟན་པ་བཞིན། །དམ་བཅའ་ཚིག་ན་བསྟན་པ་འཇིག །དམ་ཚིག་ཅེས་སུ་བསྟན་པ་ཡིན། །ཞེས་སོ། །ཁྱད་པར་མ་བསྲུང་ན་ཉེས་དམིགས་ཐོབ་པས་དམ་ཚིག་ཅེས་བྱ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། དམ་པ་རྣམས་ཀྱི་བཀའ་བཅག་ཅིང་། །དམ་པ་འདི་ལས་གང་འདས་པ། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། །ཞེས་གསུངས་པས། མ་བཤགས་ཚེ་འདིར་ཡིད་མི་འོང་བས་མནར། །ཕྱི་མ་རྡོ་རྗེའི་དམྱལ་བ་ཞེས་བྱ་བ། །མནར་མེད་དོ་ཟླ་མེད་བའི་གནས་སུ་སྐྱེ། །ཞེས་པ་ནི། དམ་ཚིག་གསུམ་བཀོད་ལས། དམ་ཚིག་ལ་ནི་འདའ་གྱུར་ན། །འདི་ཕྱིའི་བདེ་ལེགས་ཉམས་པ་དང་། །ཡིད་དུ་མི་འོང་སྣ་ཚོགས་མྱོང་། །ས་སྤྱོད་མེ་ཡི་སྡུག་བསྔལ་ལ། །བསྐལ་བ་བྱེ་བ་གྲངས་མེད་གནས། །ཞེས་གསུངས་པའི་ཕྱིར་རོ། །ལྔ་པ་ཕན་ཡོན་བསྟན་པ་ནི། མ་ཉམས་པར་བསྲུང་བས་ཕན་ཡོན་ཐོབ་པས་དམ་ཚིག་ཅེས་བྱ་སྟེ། སྔ་མ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡི། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཕྱོགས་རྣམས་ཚིག་པར་འགྱུར། །ཞེས་གསུངས་པས་གོང་དུ་བཤད་པའི་དམ་ཚིག་དེ་དག་ལས། མ་ཉམས་རིང་མཐའ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་འདིའམ་འཆི་ཁ་བར་དོ་རུ། །ཐུན་མོང་གྲུབ་པ་བརྒྱད་དང་དབང་ཕྱུག་བརྒྱད། །མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་ཐོབ། །དེ་ཕྱིར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །དེ་ཡང་གསང་སྔགས་ཀྱི་སྒོར་ཞུགས་ནས་དམ་ཚིག་མ་ཉམས་ན། དབང་པོ་ཐ་མའི་ཐ་མ་ཡང་རིང་མཐའ་སྐྱེ་བ་བཅུ་དྲུག་ནས་གྲོལ་ཏེ། རྡོ་རྗེ་རྩེ་མོ་ལས། གལ་ཏེ་རྣལ་འབྱོར་དེ་བརྩོན་ནས། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདས། །སོ་སོ་སྐྱེ་བོ་སངས་རྒྱས་ཉིད། །འགྲུབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་སོ། །དབང་པོ་དང་བརྩོན་པ་རབ་ཏུ་གྱུར་བས་ཚེ་འདི་ལ་སངས་རྒྱས་ཐོབ་སྟེ། སངས་རྒྱས་མཉམ་སྦྱོར་ལས། བསྐལ་པ་སྐྱེ་བ་དུ་མ་རུ། །སངས་རྒྱས་སྐུ་དངོས་མི་མཐོང་བ། །གསང་སྔགས་ཆེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །དམ་ཚིག་དང་ལྡན་ཞིང་བརྩོན་པ་འབྲིང་ཡང་འཆི་ཁའི་བར་དོ་ལ་གྲོལ་ཏེ། འཇམ་དཔལ་ཞལ་ལུང་ལས། གཟུགས་ཅན་ཕུང་པོ་རང་ལུས་འདི། །ཚེ་འདི་ཉིད་ལ་མ་འགྲུབ་ཀྱང་། །ཡིད་ནི་རྡོ་རྗེའི་སྐུར་འགྱུར་ན། །བར་དོར་ཡང་དག་འགྲུབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བླ་ན་མེད་པའི་ཡེ་ཤེས་སྐུ། །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །བརྩོན་འགྲུས་ལྡན་པས་སྨྲོས་ཅི་དགོས། །ཞེས་དུས་ཉེ་བར་བསྟན་ནས། གྲུབ་པར་བྱ་བ་དངོས་གྲུབ་མཆོག་ཐུན་གཉིས་ལས། ཐུན་མོང་དངོས་གྲུབ་གྲུབ་པ་བརྒྱད་དང་དབང་ཕྱུག་བརྒྱད་ཐོབ་སྟེ། གྲུབ་པ་བརྒྱད་ནི། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱི་ལེན། །གང་ཕྱིར་དེ་ནི་རྡོ་རྗེ་འཛིན། །མཉེས་པར་བྱས་པས་མྱུར་དུ་ཐོབ། །ཅེས་སོ། །དེ་ལ་མིག་སྨན་ནི། མིག་ལ་རྫས་སོགས་བྱུག་པས་ས་འོག་གི་གཏེར་ལ་སོགས་པ་མཐོང་བའོ། །རྐང་མགྱོགས་ནི་མཆིལ་ལྷམ་འགྲུབ་སྟེ་གོན་པས་རྒྱ་མཚོའི་མཐའ་འཁོར་བའོ། །རལ་གྲི་ནི་དེས་ཕ་རོལ་གྱི་དགྲ་འཇོམས་པའོ། །ས་འོག་ནི་ས་སྤྱོད་འགྲུབ་པའོ། །རིལ་བུ་ནི་དེས་གནོད་སྦྱིན་ལ་སོགས་ལས་ལ་འཁོར་ཏེ་གང་བསམ་འགྲུབ་པའོ། །མཁའ་སྤྱོད་ནི་མཁའ་ལ་འགྲོ་བའོ། །མི་སྣང་བ་ནི་ལུས་མི་མངོན་པའོ། །བཅུད་ཀྱིས་ལེན་པས་ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་ཆེ་དང་མཉམ། མདངས་པད་མ་དང་མཉམ། ལྡང་བ་ཤིང་བལ་ལས་ཡང་པའོ། །དབང་ཕྱུག་བརྒྱད་ནི། ཐུགས་གསང་ལས། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །ཐུགས་ཀྱི་དབང་ཕྱུག་ཡོན་ཏན་ཕྲིན་ལས་དང་། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་། །གང་འདོད་གནས་དང་དབང་ཕྱུག་དོན་བརྒྱད་དོ། །ཅེས་སོ། །དེ་ཡང་གང་འདུལ་གྱི་སྐུར་སྤྲུལ་བ་སྐུའི་དབང་ཕྱུག །ཆོས་འཁོར་རྒྱུན་ཆད་མེད་པ་གསུང་གི་དབང་ཕྱུག །རྟོག་མེད་ཐུགས་རྗེ་མངའ་བ་ཐུགས་ཀྱི་དབང་ཕྱུག །རྫུ་འཕྲུལ་ཐོགས་པ་མེད་པ་རྫུ་འཕྲུལ་གྱི་དབང་ཕྱུག །དུས་གསུམ་རོ་གཅིག་པར་བྱང་ཆུབ་པ་ཀུན་འགྲོའི་དབང་ཕྱུག །རི་རབ་སོ་གཉིས་ཀྱི་རྡུལ་སྙེད་ཀྱི་ལྷ་མོས་མཆོད་ཀྱང་འདོད་པས་གོས་པ་མེད་པ་འདོད་པའི་དབང་ཕྱུག །ནོར་བུ་ལྟར་འགྲོ་བའི་རེ་འདོད་བསྐང་བས་གང་འདོད་བསྐྱེད་པའི་དབང་ཕྱུག །འོག་མིན་གྱི་གནས་ན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྟག་ཏུ་བཞུགས་པ་ནི་གནས་ཀྱི་དབང་ཕྱུག་སྟེ་བརྒྱད་དོ། །མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་ཐོབ་སྟེ། སློབ་དཔོན་ངག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་འདུན་དང་ལྡན་པའི་བསྒྲུབ་བྱ་འདི། །ཞེས་སོ། །དེའང་འོག་མིན་དུ་སེམས་དཔའ་ཆེན་པོ་རྣམས་ལ་ཟབ་རྒྱས་གསང་སྔགས་ཀྱི་ཆོས་འཁོར་ལ་རྒྱུན་དུ་ལོངས་སྤྱོད་པས་ལོངས་སྤྱོད་ཀྱི་ཡན་ལག །མཚན་དཔེ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་རང་འོད་ཡུམ་དང་སྦྱོར་བས་ཁ་སྦྱོར་གྱི་ཡན་ལག་དང་། རྒྱུན་ཆད་མེད་པ་ཟག་མེད་བདེ་བ་ཆེན་པོའི་ཡན་ལག་གསུམ་ནི་ལོངས་སྐུའི་ཁྱད་ཆོས་ཡིན་ལ་དམིགས་མེད་ཀྱི་ཐུགས་རྗེ་མཁའ་ལྟར་ཁྱབ་པ་ནི། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག །འཕྲིན་ལས་རྒྱ་ཆེན་པོས་འགྲོ་བའི་དོན་རྟག་ཏུ་མཛད་པ་ནི་རྒྱུན་མི་ཆད་པའི་ཡན་ལག་དང་། མྱང་འདས་ཞི་བའི་མཐའ་ལ་མི་གནས་པ་འགོག་པའི་ཡན་ལག་གསུམ་ནི་སྤྲུལ་སྐུའི་ཁྱད་ཆོས་ཡིན་ལ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང་བཞིན་མེད་པའི་ཡན་ལག་སྟེ་ཆོས་སྐུའི་ཁྱད་ཆོས་སུ་གནས་པའོ། །དེ་ལྟར་རང་དོན་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། གཞན་དོན་གཟུགས་སྐུའི་རྣམ་པར་འཕྲུལ་པས་འཁོར་བ་ཇི་སྲིད་བར་དོན་མཛད་པ་སྟེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་རྣམ་དག་ཅིང་། །ཡིད་བཞིན་ནོར་བུ་ལྟ་བུར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཅེས་སོ། །དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཐར་ཐུག་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་ཏེ། བསྟན་པའི་སྙིང་པོ་ཡིན་པས་གསང་སྔགས་སློབ། །ཅེས་འབྱུང་བ་ཡིན་པས་འོ་སྐོལ་རྣམས་སེམས་རབ་ཏུ་དང་བས། བླ་མེད་རྡོ་རྗེ་ཐེག་པ་ལ་ཡི་དམ་བྱ་བར་རིགས་སོ། །ཐེག་མཆོག་སྙིང་པོའི་ཆུ་འཛིན་འཐུག་པོ་ལས། །བླ་མེད་དབང་བཞིའི་སྤྲིན་ཟེག་འཐུལ་བ་དང་། །མཉམ་དུ་རིམ་གཉིས་སྒྲ་བརྒྱ་ཆེར་སྒྲོག་པས། །མཆོག་མཐུན་དངོས་གྲུབ་ལོ་ཐོག་རྒྱས་པར་ཤོག །དལ་འབྱོར་གྲུ་ཆེན་རྡོ་རྗེ་གསུམ་གྱིས་བཅིངས། །དཔལ་ལྡན་བླ་མའི་མཉན་པས་ལེགས་བཟུང་བར། །སྣང་གྲགས་སྲིད་ཞིའི་མགྲོན་ཚོགས་ཀྱིས་གང་བས། །འཁོར་བའི་གཞོལ་འགྲོ་སྐད་ཅིག་སྒྲོལ་བྱེད་ཤོག །རྟ་བདུན་དབང་པོ་ཤར་རིའི་རྩེར་སོན་བཞིན། །སྒྲ་གཅན་ལམ་བསལ་འབྱུང་པོའི་བྱ་རྣམས་ཡིབས། །ལེགས་བཤད་སྣང་བ་བློ་རྒྱུད་འཆར་བའི་མོད། །ཐར་ལམ་མངོན་བྱེད་ངན་འགྲོ་རྣམས་ཆད་ཤོག
༈ །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་བ་རྣམ་གྲོལ་ལམ་བཟང་ལས། གསང་སྔགས་རིག་འཛིན་གྱི་སྡོམ་པའི་རྣམ་པར་དབྱེ་བ་སྟེ། རིམ་པར་ཕྱེ་བ་བཞི་པ་གཏན་ལ་དབབ་ཟིན་ཏོ།
༈ །དེ་ལྟར་སྡོམ་པ་གསུམ་གྱི་རྣམ་དབྱེ་བསྟན་ནས། ད་ནི་རིམ་པར་ཕྱེ་བ་ལྔ་པ་སྡོམ་གསུམ་གང་ཟག་གཅིག་གིས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བསྟན་པ་ལའང་། རྣམ་དབྱེ་སྤྱིར་བསྟན་པ་དང་། ངོ་བོ་མདོར་བསྟན་པ། འབྲས་བུ་ངེས་པས་འགག་བསྡམ་པ་གསུམ་ལས། དང་པོ་ནི། སོ་ཐར། བྱང་སེམས། སྔགས་སྡོམ། དེ་ལྟར་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཅེས་པ་ནི་བསྡུས་དོན་ས་བཅད་ཀྱི་བསྡོམས་སུ་གནས་པ་སྟེ། དེ་ལའང་དྲུག །རང་ལྡོག་མ་འདྲེས། དགག་དགོས། ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། གནད་ཀྱི་མི་འགལ། དུས་སྐབས་གང་གཙོའོ། །དང་པོ་ནི། དེ་ཡང་བླང་ཡུལ་བསམ་པ་ཆོ་ག་རྣམས། །སོ་སོར་ངེས་ཕྱིར་རང་ལྡོག་མ་འདྲེས་ཡིན། །འདི་ལྟར་གོང་དུ་བཤད་པ་ལྟར་སྡོམ་པ་གསུམ་པོ་རེ་རེ་བཞིན། བླང་བའི་ཡུལ། ལེན་པའི་གང་ཟག །བསམ་པའི་ཁྱད་པར། ལེན་པའི་ཚུལ་ཆོ་ག་བསྲུང་ཐབས་དང་བཅས་པ་སོ་སོར་མ་འདྲེས་པ་ཡོད་པས་ན་རང་ལྡོག་མ་འདྲེས་ཞེས་བྱའོ། །གཉིས་པ་དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་དགོས་པ་མི་འཆིང་བར། །རང་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས། །སྤང་བསྒྱུར་ལམ་དུ་ཁྱེར་བ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤང་བར་མཁས་རྣམས་མཐུན། །དེ་ལ་རྣམ་པ་ཐམས་ཅད་དུ་དགག་པར་བྱ་བ་ནི། ཐབས་དང་མི་ལྡན་པའི་ཉོན་མོངས་པ་རང་ཁ་མ་ཉིད་ཡིན་ལ། དགོས་པ་གང་གིས་ཉོན་མོངས་པས་མི་འཆིང་ཞིང་ཡེ་ཤེས་བསྐྱེད་པར་འགྱུར་བ་ནི་ཡང་དག་པའི་ལམ་སྟེ། དགག་དགོས་ཡོངས་རྫོགས་ཞེས། དཔེར་ན་ཐམས་ཅད་འདུས་ལ་མཁར་བརྩིག་ཟེར་བ་བཞིན། སྡོམ་པ་གསུམ་ཀས་རྒྱུད་གཅིག་པུ་དེའི་མི་དགེ་བ་སྡམ་པ་གཅིག་སྟེ། འདུལ་བ་ལས། ཆོས་གང་ཞིག་དངོས་དང་རྒྱུད་ནས་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་ལ། ཀུན་ཏུ་འདོད་ཆགས་དང་བྲལ་བར་མི་འགྱུར་བ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ཤིག །ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་དང་བྲལ་བའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར་བ་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་པར་ཤེས་པར་བྱོས་ཤིག །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་བར་མང་དུ་གསུངས་སོ། །གཞན་ཡང་། དཀོན་མཆོག་བརྩེགས་པ་ལས། ཞེན་པ་མེད་ཅིང་རྨོངས་པ་མེད། །གང་ཟག་དེ་ནི་ཉོན་མོངས་རྣམས། །ལེགས་པར་ཉིད་དུ་རྟོགས་པར་འགྱུར། །ཞེས་སོ། །འོ་ན་གསང་སྔགས་ལས་ཉོན་མོངས་ལྔ་མི་སྤངས་བར་བཤད་པས། དེ་མ་སྤང་ན་ཡོན་ཏན་མི་སྐྱེ་ཞིང་སངས་རྒྱས་མི་ཐོབ་བོ། །ཞེ་ན། ལམ་དང་འབྲས་བུའི་ཡོན་ཏན་ནི་ཉོན་མོངས་པའི་རྒྱུ་ཁོ་ན་ལས་ཐོབ་སྟེ། ཡེ་ཤེས་ཡིན་ཞིང་དེ་གོམས་པར་བྱ་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། དཔེར་ན་ལུད་བཅས་ཚན་དང་བཅས་པ་ལ། །ས་བོན་སྐྱེ་ཡི་ཚ་སྒོས་གདུང་ལ་མིན། །དེ་བཞིན་ཉོན་མོངས་ལ་སོགས་སྐྱེས་པ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ཆོས་རྣམས་སྐྱེ། །ཞེས་སོ། །ཅི་ངན་འགྲོ་ལོག་པར་བརྒྱུད་ཅིང་འཆིང་བ་མ་ཡིན་ནམ། ཞེ་ན། ཉོན་མོངས་པའི་རང་བཞིན་ཤེས་ནས་གོམས་པ་དེས་ཉེས་པས་མི་གོས་ཤིང་བདེ་འགྲོའི་ལུས་དང་འབྲས་བུ་འཛིན་པ་ཁོ་ནའོ། །དེ་ཉིད་ལས། སངས་རྒྱས་ལམ་ནི་ཐམས་ཅད་ཀུན། །ཉོན་མོངས་ལས་ནི་བརྩམ་པར་བྱ། །ཞེས་སོ། །དེ་ཡང་རྩ་བ་ཕམ་པ་བཞི་ལྟ་བུ་ལ་མཚོན་ན། འདུལ་བ་ནས་སྲོག་གཅོད་པ་ལ་ཡུལ་བསམ་སྦྱོར་བ་མཐར་ཐུག་བཞི་ཉོན་མོངས་པ་རང་མཚན་པ་དགོས་ལ། བྱང་སེམས་ལས་ཐབས་ལ་མཁས་པ་མ་ཡིན་ན། ཉམས་པར་གསུངས་པ་ལས། གསང་སྔགས་སུ་དོན་དམ་པར་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང་། ཀུན་རྫོབ་ཏུ་བདག་ཉིད་སྒྱུ་མ་དང་། སེམས་ཅན་མིག་ཡོར་ལྟ་བུའི་སྒྲོལ་བ་ལྟར་སྣང་ཡང་། སྣང་དུས་ནས་སེམས་ཅན་རང་མཚན་དུ་མ་གྲུབ་པས་སྲོག་བཅད་དུ་མེད་དེ། རྨི་ལམ་སྒྱུ་མ་བཞིན་ནོ། །སྲོག་གཅད་བྱ་དང་གཅོད་བྱེད་དུ་སྣང་བ་སེམས་འཁྲུལ་པའི་ལོག་རྟོག་ཙམ་ལས་དོན་ལ་གཉིས་སུ་འགྲུབ་པ་མེད་དེ། རྒྱུད་གསང་སྙིང་ལས། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་ཀྱང་སྐྱེས་བུའི་ལོག་རྟོག་ཙམ། །བདེན་པ་གཉིས་ཀ་དབྱེར་མེད་ཅིང་། །ཞེས་དང་། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། བདག་དང་གཞན་དང་སྲོག་ཀྱང་སྐྱེས་བུ་རྣམས། །མེད་པར་སྣང་ལ་རང་བཞིན་གཉིས་མེད་པ། །ཕྱིན་ཅི་ལོག་ཙམ་ཉིད་ལས་གཞན་མེད་དེ། །ཡང་དག་ཀུན་བརྟགས་སྒྱུ་མའི་ཚུལ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་སྒྱུ་མ་མཁན་གྱིས་འཇིག་རྟེན་ན། །སེམས་ཅན་བརྒྱ་ཕྲག་མང་པོ་སྤྲུལ་བྱས་ཏེ། །སྤྲུལ་པ་དེ་དག་ཐམས་ཅད་བསད་གྱུར་ཀྱང་། །སྒྱུ་མ་དེ་དག་བསད་པ་ཡོད་མིན་ལྟར། །འགྲོ་བ་འདི་དག་སྒྱུ་མའི་རང་བཞིན་ཏེ། །འདི་ལ་མཐའ་ནི་ནམ་ཡང་དམིགས་སུ་མེད། །གང་དག་དེ་ལྟར་མཐའ་ཡས་མོས་བྱེད་པ། །དེ་དག་འཇིག་རྟེན་ན་ནི་ཚོར་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཞེས་པ། །དཔའ་བ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱོད་ཀྱང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤང་སེམས་ཅན་འདུལ་བར་བྱེད། །མི་དབང་རྣམས་ནི་སེམས་ཅན་ཕན་པར་མཛད། །ཅེས་སོ། །མ་བྱིན་པར་ལེན་པ་ལའང་། གསང་སྔགས་ཀྱི་ལམ་འདིར་ཆོས་ཐམས་ཅད་བདེན་གཉིས་དབྱེར་མེད་དོན་ལ་རང་བཞིན་མ་གྲུབ་ཅིང་ཐ་སྙད་དུའང་གྲུབ་པ་མེད་དེ། སྒྱུ་མ་མཁན་རང་གི་སྤྲུལ་པའི་ནོར་རང་གིས་ལོངས་སྤྱོད་པ་ལྟར། གཞན་གྱི་རྫས་དང་ནོར་ལེན་པ་པོ་ཐ་དད་མེད་པར་རང་བཞིན་གཅིག་ཏུ་ཤེས་ན། རང་སྣང་གི་རྫས་ལ་རང་སྣང་གི་ལེན་པའི་ཚུལ་གྱིས་མ་བྱིན་པར་བླངས་ཀྱང་བླང་བྱ་བླང་བྱེད་བླང་རྒྱུའི་མཚན་མའི་འཁོར་གསུམ་གྱི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ནམ་མཁའ་ལྟ་བུའི་རང་བཞིན་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླང་སྟེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པར་སྨིན་པ་མེད། །དེ་བཞིན་ཆགས་སེམས་ཡེ་ཤེས་འདིར་བསླབ་ཏེ། །མྱ་ངན་འདས་པ་དམ་པའི་མཆོག་ཞིར་འགྲོ། །ཞེས་སོ། །རྫུན་དུ་སྨྲ་བ་ལའང་། གཞན་དོན་དུ་གྱུར་པའི་དགོས་པ་ཁྱད་པར་ཅན་ཡོད་ན། ཇི་ལྟར་ཕན་པ་དེ་ལྟར་སྨྲས་ན་ཉེས་པ་མེད་དེ། འདི་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ལ། དེ་དག་སོ་སོའི་མིང་དང་ཚིག་ཏུ་བཏགས་པ་དེ་ཡང་སོ་སོའི་རྟོག་པས་གློ་བུར་དུ་བཏགས་པའི་ཕྱིར་རྫུན་ནོ། །དེ་ལྟར་རྟོགས་ན་རྫུན་གྱི་ཚིག་གཏང་ཡུལ་གཏོང་བྱེད་གཏང་རྒྱུ་དང་བཅས་པ་ཆོས་སུ་གྲུབ་པ་མིང་ཙམ་བཏགས་པ་ཙམ་དུའང་ཡོད་པ་མ་ཡིན་ཏེ་སྒྲ་དེ་ཉིད་ཀྱང་ཕྱི་ནང་གང་དུའང་མེད་པས་གྲགས་སྟོང་སྐྱེ་མེད་ཡིན་པའི་ཕྱིར་རོ། །ཉེ་བར་འཁོར་གྱི་ཞུས་པའི་མཛོད་ལས། ཇི་ལྟར་ཆངས་པས་བཅངས་ཏེ་བྱིས་པ་ལ། །སྟོན་ཅིང་ངག་ཏུ་ཡོད་ཅེས་བརྗོད་བྱས་ནས། །དེ་ཡི་ཆངས་པ་སྟོང་པར་མཐོང་ནས་ནི། །བྱིས་པ་དེ་ནི་ཆོ་ངེས་ངུ་བ་ལྟར། །དེ་བཞིན་སངས་རྒྱས་བསམ་གྱིས་མི་ཁྱབ་པར། །སེམས་ཅན་ཚུལ་ལ་མཁས་ཤིང་མཁྱེན་པ་རྣམས། །ཆོས་རྣམས་འདི་ཀུན་གསོག་གསོབ་མཁྱེན་གྱུར་ནས། །འཇིག་རྟེན་དག་ལ་ཡོད་དང་མེད་ཅེས་སྟོན། །ཅེས་སོ། །མི་ཚངས་པར་སྤྱོད་པའང་། ཉོན་མོངས་པ་འདོད་ཆགས་རང་ཁ་མའི་རྟོག་པ་ལོག་ནས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་ཐབས་ལམ་ལ་ཉེས་པ་མེད་དེ། འདི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་དུའང་མ་ཆགས་པ་དངོས་པོ་དང་མཚན་མ་གང་དུའང་མ་གྲུབ་པའི་གནས་ལུགས་སྟོང་པ་ཉིད་རྟོགས་པ་ནི་ཆགས་པ་སྟེ་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ངང་ནས། ཡབ་ཡུམ་སྙོམས་པར་འཇུག་པའི་ཡེ་ཤེས་ལ་ཆགས་པ་ཉིད་ལ་ཐ་མལ་གྱི་འདོད་ཆགས་མེད་པ་ནི་ཐབས་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། ཐ་མལ་གྱི་འདོད་ཆགས་ལས་མཆོག་ཏུ་གྱུར་པ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་རོལ་པ་སྟེ། ཚངས་པར་སྤྱོད་པ་རྣམ་པར་དག་པའི་ཆགས་པ་ཆེན་པོ་སྟེ། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་རྨི་ལམ་སྒྱུ་མའི་རང་བཞིན་དུ། །སྐྱེས་བུ་འདོད་བསྟན་དེ་ཡང་དེ་འདྲ་ཞེས། །ངོ་བོ་ཉིད་ཀྱིས་སྟོང་གསལ་དངོས་པོ་མེད། །ལས་མེད་རྣམ་པར་སྨིན་པ་དེ་ཡོད་མིན། །ཞེས་དང་། དེས་ན་འདོད་ཆགས་སངས་རྒྱས་ལམ། །རང་བཞིན་དབྱེར་མེད་ཡིན་པར་ནི། །རབ་ཏུ་རྟོགས་པར་གྱུར་པས་ན། །འདོད་ཆགས་ལས་ནི་ཞེན་པ་མེད། །ཅེས་དང་། དེ་བཞིན་འདོད་ཆགས་གང་མཆོད་པ། །དེ་ནི་སངས་རྒྱས་མཆོད་པ་ཡིན། །ཞེས་དང་། ཀུན་ནས་སྒོའི་ལེའུ་ལས། འདོད་ཆགས་དང་ནི་སྟོང་པ་ཉིད། །དེ་གཉིས་གཉིས་སུ་ཡོད་མ་ཡིན། །ཞེས་དང་། དུས་འཁོར་གྱི་རྒྱུད་དོན་དམ་བསྙེན་པ་ལས། འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་གདུལ་གྱུར་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་སྲིད་པའི་ཕ་རོལ་བསྒྲོད། །དུག་གང་གིས་ནི་སེམས་ཅན་འཆིང་བར་འགྱུར་བ་ཡིས། །དུག་སྔགས་ཤེས་པ་དེ་ཉིད་ཀྱིས་ནི་ནད་འཕྲོག་བྱེད། །ཅེས་དང་། བརྟགས་གཉིས་ལས། ཇི་ལྟར་ཚད་པས་ཚིག་པ་ཡང་། །མེ་ཉིད་ལ་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་པ། །འདོད་ཆགས་ཉིད་ཀྱིས་གྲོལ་བར་འགྱུར། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་ལྡན་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་པ། །འདོད་ཆགས་ཀྱིས་ནི་རྣམ་གྲོལ་འགྱུར། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་སོ། །དེས་ན་ཚངས་སྤྱོད་ལ་གནས་པ་དང་དབང་གསུམ་པའི་རྣལ་འབྱོར་པ་གཉིས་གནད་གཅིག་སྟེ་ཉོན་མོངས་པ་རང་མཚན་པས་མ་གོས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་མི་སྤྱོད་པ་ཉིད་གཙོ་ན། བུ་ཆུང་དང་མ་ནིང་ལ་སྡོམ་པ་ལྷག་པར་སྐྱེ་བ་རིགས་སོ། །ཡང་སོ་ཐར་དང་། དབང་གསུམ་པོ་དངོས་འགལ་དུ་གནས་པ་ཡིན་ན། སྔགས་ཀྱི་རྟེན་ཁྱིམ་པ་ཁོ་ན་འོང་བར་རིགས་པ་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །ཅེས་དང་། སྡོམ་འབྱུང་ལས། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་བ། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ། གསུམ་ལ་སྐྱབས་སུ་འགྲོ་བའི་ཡིད་ཀྱིས་སྔར་བརྟེན་ཏམ། ད་བརྟེན་པར་སྤྲོའམ། ཞེས་གསུངས་པའི་ཕྱིར་རོ། །གསང་སྔགས་ལས་མི་སྤང་བར་བཤད་པའང་། ཉོན་མོངས་པ་རྣམས་ཀུན་རྫོབ་ཏུ་སྨིག་རྒྱུ་དང་འདྲ་སྟེ་སྐད་ཅིག་གིས་མི་རྟག་པས་རང་གི་རང་སྤངས་ཤིང་། དོན་དམ་པར་གང་གིས་དངོས་པོར་ཡང་མ་གྲུབ་པས་ཀུན་ཏུ་བཙལ་ན་ཡང་མི་རྙེད་པའི་ཕྱིར་སྤང་དུ་མེད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདོད་ཆགས་མེད་ཅིང་ཞེ་སྡང་མེད། །ང་རྒྱལ་དང་ནི་ཕྲག་དོག་ཀུན། །སྒྱུ་འདྲ་ངོ་བོ་ཉིད་མེད་དེ། །ཡོད་མེད་མི་དམིགས་རྟེན་དང་བྲལ། །ཞེས་དང་། སྤྱོད་འཇུག་ལས། ཉོན་མོང་རྣམས་ནི་ཡུལ་ན་མི་གནས་དབང་སོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་དེ། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིགས་སྤང་ཤེས་ཕྱིར་བརྩོན་པ་བསྟེན། །ཞེས་དང་། ཡེ་ནས་སྟོང་པའི་དངོས་འདི་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །མི་དགར་ཅི་ཡོད་དགར་ཅི་ཡོད། །ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་བཟུང་བར་བགྱི། །ཞེས་སོ། །ཐབས་ཀྱི་ཟིན་ན་ལམ་གྱི་གྲོགས་ཡིན་ཏེ། སྒྱུ་འཕྲུལ་རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ལས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་མི་གཙང་ལུད། །དེ་ནི་རྒྱལ་བའི་ཞིང་གི་ཆོས་ལ་ཕན། །ཞེས་སོ། །དེ་ཡང་ཉོན་མོངས་པ་ལམ་དུ་ཁྱེར་ཚུལ་ཡང་། རྗེ་གོང་བུ་བ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱིས་ཞལ་ནས། སྐད་ཅིག་མ་དང་པོ་ལ་ཉོན་མོངས་པ་གཅིག་ཐོལ་གྱིས་སྐྱེས་པ་ལ། སྐད་ཅིག་མ་གཉིས་པ་ལ་ཆོས་ཉིད་དུ་ཤེས་པས་ལམ་དུ་བྱེད་པར་གསུངས་ཀྱང་། དེ་ལྟར་ན་ཉོན་མོངས་པ་ལམ་དུ་བྱེད་པ་མིན་ཏེ། དེའི་རྗེས་ཐོག་གི་ཤེས་པ་ལམ་བྱེད་ཡིན་པའི་ཕྱིར། རྗེ་གསང་བདག་སྒྲོ་ཕུག་པ་ནི། ཉོན་མོངས་པ་ཀམ་གྱིས་སྐྱེས་པ་ལ་ལམ་དུ་བྱེད་དེ། དེ་ཡང་རྟོགས་པ་ལྟ་བུའི་རྩིས་ཟིན་པ། རང་རྒྱུད་དུ་མ་ཤོར་བ། ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་སྟེ་ཆོས་གསུམ་ལྡན་ཞིག་ལམ་དུ་བྱེད་གསུངས་པ་འདི་ནི་འཐད་དེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ། ཉོན་མོངས་པ་ཞེ་སྡང་ལྟ་བུ་གཅིག་སལ་གྱིས་སྐྱེས་ཚེ། གཏི་མུག་གི་སྒྲིབ་པས་ལུང་མ་བསྟན་དུ་མ་སོང་བར་གསལ་ལེ་ཧྲིག་གེ་འཆར་བ་དེ་ཀ་ལམ་དུ་བྱེད་དེ། དེ་ལས་གཞན་རྗེས་ཤེས་ཀྱི་གཉེན་པོ་བསྟེན་པ་ལྟ་བུ་ནི་རྟོག་པའི་འཕྲོ་མཐུད་པ་སེམས་ཀྱི་ཆ་ལ། དེ་དུས་ཀྱི་གསལ་ལེ་བ་རང་ནི་གནས་པའི་ཆ་ཡིན་པས་བཞག་ལ། གཏིང་གསལ་གྱི་ཡེ་ཤེས་རིག་པ་སྐད་གཅིག་མ་རྗེན་ཅེ་རེ་བ་དེ་ཀ་སྐྱོང་བར་གསུངས་ཤིང་། དེ་ཡང་ཞེ་སྡང་གི་གསལ་ངར་དེས་ལུང་མ་བསྟན་གྱི་རྟེན་ནམ་སྟེངས་སོ་མེད་པར་ཆེས་དངོས་སུ་གསལ་བའི་ཕྱིར་ཉོན་མོངས་ཡེ་ཤེས་སྐྱེ་བའི་རྒྱུར་བཤད་དེ་རྨད་བྱུང་རྒྱལ་པོ་ལས། སྟོང་པ་བསྒོམ་པས་ཡེ་ཤེས་སྐྱེ་མི་འགྱུར། །སྣང་བ་འདི་ལ་ཞེན་པ་དྲག་བྱས་ན། །ཉོན་མོངས་ཤས་ཆེའི་ས་ནས་ཡེ་ཤེས་འཆར། །དཔེར་ན་ཆུ་བོ་ཆེན་པོ་བུག་པ་བཞིན། །ཞེས་དང་། མེ་ཏྲི་ལས། དགེ་དང་མི་དགེའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། །ཞེས་དང་། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །ཁ་ཅིག་ན་རེ། དེ་ལྟར་ན་ཉོན་མོངས་པ་ལམ་དུ་བྱས་པ་མ་ཡིན་ཏེ་ཐབས་ལམ་དུ་བྱས་པའི་ཕྱིར་རོ། །ཞེ་ན། ནས་ལས་ཟན་དུ་བྱེད་པར་འདོད་དམ་ཕྱེ་ལས་ཟན་དུ་བྱེད། རྔོ་བཏག་བྱས་ན་ཕྱེའི་ཟན་དུ་འགྱུར་གྱི་ནས་ཀྱི་ཟན་དུ་མི་འ གྲུབ་བོ། །རྒྱུ་ནས་ལ་རྐྱེན་རྔོ་བཏག་བྱས་པས་ཟན་དུ་འགྲུབ་བོ། །ཞེ་ན། འདིར་ཡང་རྒྱུ་ཉོན་མོངས་པ་ལས་རྐྱེན་ཐབས་ཀྱིས་ལམ་དུ་བྱེད་པ་ཁོ་ན་ཏེ། དེ་ཡང་མན་ངག་རིན་པོ་ཆེའི་མཛོད་ལས། གཉེན་པོས་རྐྱེན་ངན་ཐུབ་པའི་ཆོས་དྲུག་ནི། །ཉན་ཐོས་བཞིན་དུ་དགྲ་ལྟར་སྤང་བ་དང་། །ཕ་རོལ་ཕྱིན་ལྟར་ཡོངས་སུ་སྦྱངས་བ་དང་། །སྔགས་ལྟར་ཐབས་ཀྱི་ལམ་དུ་བསྒྱུར་བ་དང་། །ཡང་ཟབ་གནད་ཀྱིས་རང་སར་གྲོལ་བ་དང་། །མཐའ་བྲལ་ངང་དུ་རང་ཞིར་བཏང་བ་དང་། །བྱ་བརྩལ་མེད་པར་ཡང་ལ་ལ་བཟླ་སྟེ། །བློ་རིག་བསྟུན་ནས་གང་ལྟར་སྒོམ་བྱེད་ཀྱང་། །འགག་ལ་ཉོན་མོངས་རང་གར་མ་སོང་གཅེས། །ཞེས་སོ། །དེ་ལྟར་ཉོན་མོངས་པའི་དངོས་པོ་གཅིག་ལ་སྤང་བསྒྱུར་ལམ་ཁྱེར་གང་བྱས་ཀྱང་ཉོན་མོངས་པ་རང་མཚན་པ་སྤང་བར་དོན་མཐུན་ཏེ། གསེར་ལས་བྱས་པའི་རང་བཞིན་གཅིག་ལ། ཆོལ་ཟང་དུ་བྱས་པའི་ཚེ་རྩོག་པ་དང་། གཞོང་བར་བྱས་པའི་ཚེ་གཙང་བ་དང་། གདུ་བུར་བྱས་པའི་ཚེ་རྒྱན་དང་། ལྷའི་སྐུ་གཟུགས་སུ་བྱས་པའི་ཚེ་མཆོད་པའི་རྟེན་དུ་བྱེད་བཞིན་དུ་རྐྱེན་གྱིས་ཐེག་པ་རང་རང་གིས་དེ་ལྟར་མཐོང་ཡང་། ཡེ་ནས་དག་པའི་ཡེ་ཤེས་ཡིན་པས། གཞི་ལམ་འབྲས་བུའི་ཆོས་སུ་ཉོན་མོངས་པ་དེ་ཉིད་འགྱུར་བའི་སྤང་བྱ་མ་ཡིན་པའི་རྒྱུ་མཚན་འཐད་པ་དང་བཅས་པའོ། །གསུམ་པ་ངོ་བོ་གནས་འགྱུར་ནི། སྡོམ་པ་གསུམ་པོ་དེ་ཡང་། སོ་ཐར་ཀུན་བསླངས་སེམས་བསྐྱེད་ཀྱིས་ཟིན་ན། །ཉེས་སྤྱོད་སྡོམ་པ་ཞེས་བྱའི་ཚུལ་ཁྲིམས་ཡིན། །དབང་ཐོབ་རྡོ་རྗེ་འཛིན་པའི་སྡོམ་པར་འགྱུར། །དེ་ཕྱིར་ངོ་བོ་གནས་འགྱུར་ཡིན་ནོ་ཞེས། །འབུམ་ཕྲག་ལྔ་པའི་ལུང་གིས་གསལ་བར་གྲུབ། །དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྩིས་ཟིན་པ་ན་ཉན་ཐོས་སོ་ཐར་ཐམས་ཅད་བྱང་སེམས་སོ་ཐར་དུ་གནས་འགྱུར། དབང་ཐོབ་པ་ན་གཉིས་ཀ་རིག་འཛིན་སྔགས་ཀྱི་སྡོམ་པའི་ངོ་བོར་གནས་འགྱུར་བ་ཡིན་ནོ། །ཞེས། རྒྱུད་འབུམ་ཕྲག་ལྔ་པའི་ལུང་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གྲུབ་པ་ཞེས་བྱ་བ་ལས་བྱུང་བ། རྡོ་ཡི་རིགས་ཀྱི་བྱེ་བྲག་བཞུས། །ལྕགས་དང་ཟངས་དང་དངུལ་དུ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྲེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་སོ། །འདི་སྔར་ཡང་དྲངས་པས་ཟློས་སྐྱོན་དུ་སེམས་པར་མི་བྱ་སྟེ། ཀུན་བྱེད་ཀྱི་ལུང་ཁུངས་གཅིག་ཀློང་ཆེན་པས་གནས་ལུགས་མཛོད་འགྲེལ་དུ་ལན་གསུམ་དྲངས་པ་བཞིན་ནོ། །ཁ་ཅིག་ན་རེ། རིག་པ་འཛིན་པ་དང་བྱང་ཆུབ་སེམས་པའི་སྡོམ་པ་གཉིས་ནི་ནང་མི་འགལ་མོད། སོ་སོར་ཐར་པ་འདི་ནི་བྱང་སྡོམ་གྱི་རྟེན་དུ་མི་རུང་སྟེ། སོ་སོ་ཐར་པ་ནི་གླིང་གསུམ་གྱི་སྐྱེས་པ་བུད་མེ་ལས་གཞན་ལ་མི་སྐྱེ་ལ། བྱང་སེམས་ནི་འགྲོ་བ་ཀུན་ལ་སྐྱེ་བའི་ཕྱིར་དང་། གནས་པའི་རྟེན་ཡང་སོ་ཐར་ནི་ཤི་འཕོས་ལ་སོགས་པས་གཏོང་ལ། བྱང་སེམས་ནི་བྱང་ཆུབ་བར་མི་གཏོང་བའི་ཕྱིར་ཞེ་ན། ཉན་ཐོས་དང་ཐུན་མོང་པའི་སོ་སོར་ཐར་པ་ནི་དེ་ལྟར་ཁོ་བོ་ཡང་འདོད་ལ། ཐེག་ཆེན་སོ་སོར་ཐར་པ་ནི་ཇི་སྲིད་འཚོ་བའི་བར་ཁས་བླངས་ཀྱི། སྔགས་ཐོབ་དུས་གཏོང་རྒྱུ་མ་བཤད་པའི་ཕྱིར་དང་། བྱང་སེམས་བྱང་ཆུབ་བར་ཁས་བླངས་ཀྱི་སྔགས་ཐོབ་དུས་གཏོང་རྒྱུར་མ་བཤད་པའི་ཕྱིར་རོ། །འོ་ན་གསུམ་ལྡན་གྱི་ཐ་སྙད་མེད་དེ་སྔགས་སྡོམ་གཅིག་པུ་ཐལ་ཞེ་ན། དེས་ན་ངོ་བོ་སྔགས་སུ་གཅིག་པས་གཞན་གཉིས་གནས་འགྱུར་ཡིན་ལ། ལྡོག་ཆ་སོ་སོར་མ་འདྲེས་ཏེ་ཁས་བླངས་པའི་ཆ་ལས་ཉམས་རྐྱེན་མ་བྱུང་བར་སོ་སོར་གནས་པའི་ཕྱིར་རོ། །ཞེས་ཤིང་རྟ་རྣམ་དག་ནས་གསུངས་སོ། །གཞན་ནས་ཐུན་མོང་སོ་ཐར་ཁས་བླངས་པའི་དགེ་སློང་དེས་སེམས་བསྐྱེད་ནས་དཀྱིལ་འཁོར་དུ་ཞུགས་པ་ན་གསུམ་ལྡན་དུ་ཅི་ལྟར་འགྱུར་ཞེ་ན། དགེ་སློང་དེས་སེམས་བསྐྱེད་པ་ན་སོ་ཐར་ཐམས་ཅད་བྱང་ཆུབ་སེམས་དཔའ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་འགྱུར་ལ། དཀྱིལ་འཁོར་དུ་ཞུགས་པས་སྡོམ་པ་ཐམས་ཅད་རིག་པ་འཛིན་པའི་སྡོམ་པར་འགྱུར་ཏེ། གསང་བ་ཅོད་པན་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང་། །གསེར་དུ་གྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ། །ཞེས་པས། རིག་འཛིན་སྔགས་ཀྱི་རང་དུས་ན་སོ་སོར་ཐར་དང་བྱང་སེམས་རྫས་གཞན་ཐ་དད་པ་མེད་དོ། །སྔགས་ཀྱི་སྡོམ་པ་རྫས་སུ་ངོ་བོ་གནས་འགྱུར་དུ་ཡོད་པའི་ཕྱིར་ལ། ལྡོག་པ་མ་འདྲེས་པར་ཡོད་དེ། སློབ་དཔོན་སྒེག་པའི་རྡོ་རྗེས། ཐེག་ཆེན་དམ་ཚིག་ལ་གནས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་ཡར་ལྡན་ནི། །འཇིག་རྟེན་རྣལ་འབྱོར་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཕྱིར་འོག་མ་ཡི། །ཡོན་ཏན་ཡར་ལྡན་འོག་མ་ཟིལ་གྱིས་གནོན། །དེ་སྐད་དུའང་། ཡོངས་རྫོགས་གསང་བའི་རྒྱུད་ལས། རྒྱལ་དགོངས་ཐེག་པ་མཐའ་ཡས་པ། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མའི་ལྟ་བ་ཡིས། །འོག་མ་འོག་མ་རྣམས་ལ་གནོད། །དེ་ཕྱིར་གོང་མས་ཁྱད་པར་འཕགས། །ཞེས་པས། གོང་དུ་རིམ་པར་ཕྱེ་བ་དང་པོར་བཤད་པ་ལྟར་ཉན་ཐོས་ནས་ཨ་ཏིའི་བར་གཅིག་ནས་གཅིག་ཏུ་ཁྱད་པར་དུ་འཕགས་པ་ཁོ་ན་ཡིན་ཞིང་། འདི་ལྟར་སོ་སོར་ཐར་པའི་སྡོམ་པར་ནི་བྱང་སེམས་དང་སྔགས་སྡོམ་མེད་ལ། བྱང་སེམས་སོ་ཐར་འདུས་ཀྱང་སྔགས་སྡོམ་མེད་པ་དང་། སྔགས་སྡོམ་དུ་སྡོམ་པ་འོག་མ་གཉིས་ཀ་འདུས་ཏེ། བྲེ་གསུམ་གྱི་ནང་དུ་བྲེ་དོ་འདུ་བ་ལྟར་ཡོན་ཏན་ཡར་ལྡན་དུ་འདུས་པས་འོག་མ་ཟིལ་གྱིས་གནོན་ཏེ། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས། ཉེ་བ་འཁོར་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱོར་བ་ཡང་གཞན། ལྷག་པའི་བསམ་པ་ཡང་གཞན། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་སྦྱོར་བ་ཡང་གཞན་ལྷག་པའི་བསམ་པ་ཡང་གཞན་ཡིན་ནོ། །ཉེ་བར་འཁོར་དེ་ལ་ཉ་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ནི། ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ནི་སྐད་གཅིག་ཙམ་སྲིད་པར་སྐྱེ་བར་ལེན་པར་སྤྲོ་ནའང་ཉེས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་ལ་བསྐལ་པ་དཔག་ཏུ་མེད་པར་འཁོར་བར་གནས་པ་ལ་མི་སྐྱོ་བ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་དྲ་བ་ཆེན་པོ་ལས། བླ་མེད་མཆོག་གི་སྡོམ་པ་རུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །མ་ལུས་ཀུན་འདུས་རྣམ་པར་དང་། །ཞེས་པ་དང་། པད་མ་ཅོད་པན་ལས། དབང་གསུམ་བགྲོད་པའི་རྣལ་འབྱོར་པ། །དེ་ནི་དགེ་སློང་ཆེན་པོར་གསུངས། །དེ་ཡིས་ཐམས་ཅད་བྱ་བ་ཉིད། །ཅེས་དང་། པད་མ་ཉིང་གུང་བརྩེགས་པའི་རྒྱུད་ལས། མི་དགེ་སྤངས་ཤིང་བག་ཡོད་བརྟེན་ལ་སོགས། །བརྟན་ཁྲིམས་རབ་འབྲིང་ཐ་མའི་སྡོམ་པ་ཡང་། སྟོང་ཉིད་སྙིང་རྗེ་ལྡན་ན་བསྲུང་མི་དགོས། །མ་བསྲུངས་སྡོམ་པ་ཆེན་པོ་དེ་ལ་གནས། །སྙིང་རྗེ་བྱང་ཆུབ་སེམས་དང་ལྡན་པ་ཡི། །རང་ལས་གཞན་གཅེས་དོན་དུ་སྲོག་ཡང་བཅད། །སྟོང་ཉིད་དམ་ཚིག་ཆེན་པོའི་རྣལ་འབྱོར་པ། །ཅི་ལྟར་སྤྱད་ཀྱང་བདེ་བ་ཆེན་པོ་ཉིད། །ཅེས་གསུངས་སོ། །དེས་ན་ཉན་ཐོས་ཀྱི་སོ་ཐར་ཡང་འདིར་འདུས་ཏེ། གཙོ་བོ་རང་དོན་སྒྲུབ་པའི་སྡོམ་པ་དེའང་རྣལ་འབྱོར་པས་རང་ཉིད་སྡུག་བསྔལ་ལས་ཐར་པའི་ཕྱིར་རྒྱུད་སྡོམ་པར་འདུས་ཏེ། སྲོག་གཅོད་དུས་ཉིད་ན་སེམས་ཀྱི་ཞེ་སྡང་ལ་སོགས་པའི་མི་དགེ་བ་མེད་པས་རང་གི་ཟག་པ་རང་མིན་པ་བསྡོམ་པའི་ཕྱིར། སྲོག་གཅོད་སྤངས་པའི་སྡོམ་པར་འདུས་ཏེ། རྔམ་གློག་ལས། ཆོས་ཀུན་ཡེ་ནས་དག་པའི་ཕྱིར། །ལོག་རྟོག་ཡེ་ནས་རྣམ་པར་དག །དམ་ཚིག་འདི་ནི་རྨད་པོ་ཆེ། །ཞེས་སོ། །དེ་ལྟར་གཞན་ཀུན་ལའང་སྦྱར་རོ། །བྱང་སེམས་ཀྱི་བསླབ་བྱ་ཡང་ཡར་ལྡན་དུ་འདུས་ཏེ། སྤྱོད་པ་གང་ཞིག་ཉོན་མོངས་པ་རང་ཁ་མ་བསྡམས་སས་སྡོམ་པའི་ཚུལ་ཁྲིམས། དེ་ལ་བརྟེན་ནས་ཡོན་ཏན་གོང་འཕེལ་དུ་སྟོན་པས་དགེ་བ་ཆོས་སྡུད། ཐབས་དེས་གཞན་དོན་འབའ་ཞིག་བྱེད་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་འདུས་ཏེ། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །ལྔ་པ་གནད་ཀྱི་མི་འགལ་བ་ནི། རྩ་བ་བཞི་ལ་སོགས་པ་ཕམ་ལྟུང་ཐམས་ཅད་ལའང་། ལྷ་དང་སྔགས་དང་ཆོས་ཀྱི་འདུ་ཤེས་གསུམ་གྱིས་འཁྲིག་ན་རྣལ་འབྱོར་དེ། །ཡུལ་བསམ་སྦྱོར་བ་མཐར་ཐུག་མ་ཚང་བས། །རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །དེ་ཡང་མི་ཚངས་བར་སྤྱོད་པ་ལྟ་བུ་ལ་མཚོན་ན། སོ་སོར་ཐར་པ་ལས་ནི། བདག་ཉིད་དགེ་སློང་ཡིན་པ། ཡུལ་ཁམས་དྲུག་ལྡན་གྱི་མིའི་བུད་མེད་དགོས་པ་ལ། འདིར་བདག་དང་ཕྱག་རྒྱར་ལྷར་བསྐྱེད་པས་ལུས་ངག་ལྷའི་འདུ་ཤེས། བསམ་པ་འདོད་ཆགས་རང་ཁ་མས་བསླངས་ཏེ་ངོ་ཚ་མེད་པར་མ་འཁྲུལ་བ་དགོས་པ་ལས། འདིར་དཀྱིལ་འཁོར་གསུམ་དུ་ཤེས་པའི་ངང་ནས་རིག་པ་སྐད་ཅིག་མར་ངོས་འཛིན་པར་འདོད་པ་དང་། སྦྱོར་བའང་ཟག་བྱེད་དུ་ནོར་བུ་བཅུག་ནས་པགས་རིམ་ལས་འདས་པ་དགོས་པ་ལས། རྡོ་རྗེ་དང་པད་མར་གསལ་བས་དེ་གཉིས་རང་མཚན་པ་མེད་པས་བྱིན་རླབས་ཆོས་ཀྱི་འདུ་ཤེས། མཐར་ཐུག་བདེ་བ་བདག་གིར་བ་མྱོང་དགོས་པ་ལས། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་དགའ་བ་བཞིའི་རིམ་པས་རྣམ་བྱང་གི་ཆོས་ཐམས་ཅད་རྒྱུད་ལ་མངོན་དུ་བྱེད་པ་ནི་འདོད་པ་ཆོས་ཀྱི་འདུ་ཤེས་དང་གསུམ་གྱིས་ཟིན་པས། ཡུལ་བསམ་སྦྱོར་བ་མཐར་ཐུག་བཞི་མ་ཚང་བས་རྨི་ལམ་དང་འདྲ་སྟེ། རྨི་ལམ་ནི་བཀག་བྱར་མེད་དེ། འདུལ་བ་ལུང་ལས། རྨི་ལམ་ནི་མེད་པ་དང་འདྲའོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་འགལ་བ་མེད་དེ། གཞན་ལ་ཕན་འདོད་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར། སྟོང་ཉིད་སྙིང་རྗེ་གཉིས་དང་ལྡན་པ་ནི་གནང་བ་སྟེ། ཕལ་པོ་ཆེ་ལས། གང་དག་སེམས་ཅན་དོན་འགྱུར་བའོ། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་འབབ་པ་ཡིས། །ལོ་ཐོག་ཕུན་ཚོགས་བྱེད་པ་བཞིན། །ཞེས་པ་ཀུན་ལ་སྦྱར་རོ། །དེས་ན། ས་ར་ཧས། མདའ་མཁན་མོ་ལ་ཕྱག་རྒྱར་མཛད་ནས། ཁར་སང་ཕན་ཆད་དགེ་སློང་མིན། །ཁར་སང་ཕན་ཆད་བྲམ་ཟེ་ཡིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་ནས་དེའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་དོ། །སྲོག་གཅོད་ལྟ་བུ་ལའང་། བདག་དགེ་སློང་། ཡུལ་མི། བསམ་པ་ཞེ་སྡང་གིས་གསོད་སེམས་སྦྱོར་བ་མཚོན་སོགས། མཐར་ཐུག་ཡི་རངས་དགོས་པ་ལས། འདིར་བདག་ཧེ་རུ་ཀར་གསལ། ཡུལ་ནི། བདུད་རྩི་ལྔ་འམ་ཟག་རྫས་ལ། གཟུགས་དང་མིང་རུས་བཅས་པ་ལ། །ཞེས་པས་མི་དང་མི་ལས་གཞན་པའི་དུད་འགྲོ་ལ་སོགས་མ་ཡིན་ལ། རྣམ་ཤེས་ཧཱུྃ་དུ་གསལ་བ། སྡུག་བསྔལ་བྲལ་འདོད་ཀྱི་བསམ་པས་ཆོས་དབྱིངས་སུ་སྤར་ཏེ། སངས་རྒྱས་ཀྱི་སར་བཀོད་པ་ནི་མཐར་ཐུག་སྟེ་འགལ་བ་མེད་དེ། སྡུད་པ་ལས། དཔེར་ན་སྒྱུ་མ་མཁན་གྱིས་བཞི་མདོར་སྤྲུལ་བྱས་ཏེ། །སྐྱེ་བོ་ཕལ་ཆེར་མགོ་མང་བྱེ་བ་གཅོད་བྱེད་པ། །བསད་བྱ་དེ་དག་ཅི་འདྲ་དེ་འདྲ་བྱང་ཆུབ་སེམས། །འགྲོ་ཀུན་སྤྲུལ་འདྲར་རབ་ཤེས་དེ་ལ་འཇིགས་པ་མེད། །ཅེས་སོ། །མ་བྱིན་པར་ལེན་པ་ལའང་། ཡུལ་མིས་བདག་ཏུ་བཟུང་བའི་ལོངས་སྤྱོད་བསམ་པ་རྐུ་སེམས། སྦྱོར་བ་རིན་ཐང་ཚང་བ། མཐར་ཐུག་ཐོབ་བློ་དགོས་པ་ལས། འདིར་བདག་གཞན་གཉིས་སུ་མེད་པར་རྟོགས་པས་རང་སྣང་གི་རྫས་རྨི་ལམ་ལྟ་བུ་ལེན་པ་དང་། རང་སྣང་ལ་ལོངས་སྤྱོད་པ་ལས་རྐུ་སེམས་མེད་ལ། སྦྱོར་བ་རྨི་ལམ་རྒྱུ་མ་ལྟར་རྟོགས་པས། མཐར་ཐུག་ཐོབ་བྱ་ཐོབ་བྱེད་མེད་པས་འགལ་བ་མེད་དེ། དཀོན་བརྩེགས་སུ། ཇི་ལྟར་སྒྱུ་མས་སྒྱུ་མའི་ནོར་བླངས་ཏེ། །རྨི་ལམ་ནང་བཞིན་དགོས་པ་དེ་སྤྱད་ཀྱང་། །དེ་ལ་ལས་མེད་རྣམ་པར་སྨིན་པ་མེད། །ཅེས་སོ། །ལུང་འདིར་སྔར་ཡང་དྲངས་པས་ཟློས་སོ་ཞེ་ན། སྐབས་ཀྱིས་མི་ཟློས་ཏེ། དུས་འཁོར་གྱི་འབྲེལ་ཆེན་པད་མ་དཀར་པོར་མཚན་བརྗོད་ཚར་གསུམ་དྲངས་པ་དང་། ཚིག་གསལ་དུ་ཏིང་འཛིན་རྒྱལ་པོའི་མདོ་ལུང་རེ་རེའང་དུ་མ་དྲངས་པ་ལྟ་བུའོ། །རྫུན་དུ་སྨྲ་བ་ཡང་ཡུལ་མིའི་འགྲོ་བ་ལ་འདུ་ཤེས་བསྒྱུར་ཕྱིར་ལྷ་ལ་སོགས་པ་མ་མཐོང་བཞིན་དུ་མཐོང་ངོ་། །ཞེས་པ་ལ་སོགས་དགོས་པ་ལ། ཆོས་ཐམས་ཅད་རྫུན་མཉམ་དུ་ཤེས་ནས་ཕན་པའི་ཡན་ལག་ཏུ་སྨྲ་བའི་ཕྱིར་ན་འགལ་བ་མེད་དེ། མདོ་དགོངས་འདུས་ལས། དངོས་པོ་མེད་ལ་དངོས་པོར་སྟོན། །དངོས་པོར་སྣང་ལ་མེད་སྨྲ་བ། །རྒྱལ་བ་ཀུན་གྱི་བཀའ་ཡིན་ཏེ། །བསླུ་བའི་དམ་ཚིག་ཆེན་པོ་ཡིན། །ཞེས་སོ། །གཞན་ཡང་། དཔེར་ན་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་སྐབས་སུ་ཆང་འཐུང་པ་ལ། ཉན་ཐོས་པས་ནི་ལྟུང་བ་དང་། བྱང་སེམས་པས་ཕྱོགས་མཐུན་གྱི་ཉེས་པར་བཤད་ཀྱང་ཉེས་པར་མི་འགྱུར་ཏེ། དེའི་ཚེ་བདག་ཉིད་དགེ་སློང་ངམ། བྱང་ཆུབ་སེམས་དཔའ་ཡིན་དགོས་པ་ལ། ལྷར་བསྐྱེད་པས་གཞི་གཞན་དུ་འགྱུར། དངོས་པོ་མྱོས་བྱེད་ཆང་ཡིན་དགོས་པ་ལ། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བདུད་རྩིར་བྱིན་གྱིས་བརླབས་ཏེ་ལོངས་སྤྱོད་པར་གསུངས་པ་དང་། བསམ་པ་དང་འདུ་ཤེས་གཞན་དུ་མ་འགྱུར་བ་དགོས་པ་ལ། ལྷ་དཀྱིལ་འཁོར་བདུད་རྩིར་འདུ་ཤེས་གནས་འགྱུར་པས་ཉེས་པ་མེད་པའི་སྟེང་དུ་ལྷ་མཉེས་པ་དང་། ལྟ་བ་ཏིང་འཛིན་བསྒོམ་པའི་གྲོགས་སུ་འཆར་བས་ཡོན་ཏན་ཡར་ལྡན་དུ་ཡོད་པ་བཞིན་ནོ། །དེ་བཞིན་དུ་བསླབ་པའི་ཆ་ཤས་ཀུན་ལ་སྦྱར་བར་བྱའོ། །མདོར་ན་ཉེས་པ་བསྐྱེད་ན་སྡོམ་པ་གསུམ་ཀར་བཀག་ལ། ཡོན་ཏན་བསྐྱེད་ན་གང་ནས་ཀྱང་བཀག་པ་མེད་པས་བསླབ་པ་རྣམས་ཀྱི་ཆེ་འབྲིང་དང་གནང་བཀག་ཤེས་ཤིང་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་ཤེས་པ་གལ་ཆེའོ། །ཞེས་ཀུན་མཁྱེན་རིན་པོ་ཆེས་ངེས་དོན་ཤིང་རྟ་ཆེན་པོར་གསུངས་སོ། །གཞན་ཡང་། དམ་པ་རིན་པོ་ཆེ་ལ་ཀུན་དགས་ཞུས་པ། ཉན་ཐོས་ཀྱི་ཚུལ་ཁྲིམས་སྣ་གཅིག་ལ་བརྟེན་འཚལ་ལམ་ཞུས་པས། བརྟེན་ན་ཡང་བཟང་སྟེ་ཐར་པའི་སྐས་ཡིན། ལར་མང་པོ་མང་པོ་ཉུང་ངུ་ཉུང་ངུའི་ནང་དུ་འདུ་བ་ཡིན། གསང་སྔགས་ཀྱི་དམ་ཚིག་གཙང་མར་བསྲུང་ན། འོག་མའི་བསླབ་པ་མ་བསྲུངས་ཀྱང་དེར་འདུ་བ་ཡིན། སྡོམ་པ་གསུམ་ལ་རྫས་ཐ་དད་པ་མེད། ཐ་དད་དུ་བསྲུང་བ་ཡང་ཡོད་དེ་ཡར་ལྡན་ཡིན་གསུངས་སོ། །དེས་ན་སྡོམ་པ་གསུམ་གྱི་སྤང་བླང་གང་ཞིག །ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་ཟིན་པའི་ཚེ་འགལ་འདུའི་རྣམ་པར་མི་འགྱུར་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། ལུས་ཀྱི་སྡོམ་པ་དག་ནི་དབེན་ཞིང་སྟོང་། །དེ་དག་མཚན་ཉིད་མེད་པར་བར་སྣང་བཞིན། །སྡོམ་པའི་མཚན་ཉིད་འདི་འདྲ་སུས་ཤེས་པ། །དེ་ལ་སྡོམ་པ་ནམ་ཡང་མེད་མི་འགྱུར། །ངག་གི་སྡོམ་པ་གང་གིས་བསླབ་ལྡན་པ། །ཚིག་དང་སྒྲ་རྣམས་བྲག་ཆ་འདྲ་བར་ཤེས། །མི་ལམ་ལྟ་བུར་འཇིགས་པ་མེད་པར་འཇུག །དེ་ནི་ངག་གི་སྡོམ་པ་དབེན་ཞེས་བྱ། །ཡིད་ཀྱི་སྡོམ་པ་ནམ་ཡང་མི་དམིགས་ཤིང་། །རྟོག་པ་མེད་ལ་རློམས་སེམས་མི་བྱེད་དེ། །དེ་ཡང་མི་ལྟ་མངོན་པར་མི་བྱེད་དེ། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཟག་མེད་སྡོམ་པ་གང་ཞིག་སུས་ཤེས་པ། །དེ་ལ་སྐྱེ་བ་ནམ་ཡང་ཡོད་མི་འགྱུར། །ཞེས་སོ། །དེས་ན་ཆོས་གང་ལའང་ཐབས་དང་ཤེས་རབ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དགོས་ཏེ། སྲིད་པ་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ཀྱང་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བ་མི་གནས་མྱ་ངན་འདས་མི་གནས། །ཞེས་དང་། སེམས་ཉིད་ངལ་གསོའི་ལེའུ་བརྒྱད་པར། ཤེས་རབ་ལྡན་པ་ཐབས་ཀྱིས་གྲོལ་འགྱུར་ཏེ། ཇི་ལྟར་དུག་ལ་སྔགས་ཀྱིས་བཏབ་པ་བཞིན། ཤེས་རབ་མེད་ན་ཐབས་ཀྱིས་འཆིང་འགྱུར་ཏེ། དེ་ཕྱིར་གནས་ལུགས་རྟོགས་པའི་ཤེས་རབ་བསྐྱེད། །ཅེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། ཤེས་རབ་དང་ལྡན་པ་རྣམས་ནི་ཐབས་ཀྱི་རྣམ་པར་གྲོལ་ལོ། །ཤེས་རབ་དང་མི་ལྡན་པ་རྣམས་ནི་ཐབས་ཀྱིས་ཡོངས་སུ་འཆིང་ངོ་། །ཞེས་དང་། དོ་ཧ་ལས། བླུན་པོ་གང་གིས་འཆིང་འགྱུར་པ། །མཁས་རྣམས་དེ་ཡིས་མྱུར་དུ་གྲོལ། །ཞེས་སོ། །དེ་ཡང་སྡོམ་པ་གསུམ་གྱི་སྤང་བླང་གི་སྤྱོད་པ་རྣམས་ལ་ཐབས་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོས་ཟིན་པ་ལ། སྤྱོད་དུས་ཀྱི་ཤེས་པ་སྤང་བླང་རེ་དོག་གི་འཆིང་བས་མ་བཅིངས་པར་རང་བྱུང་གི་ཡེ་ཤེས་གཟུང་བ་ཆོས་ཀྱི་བདག་དང་འཛིན་པ་གང་ཟག་གི་བདག་གི་མཐའ་དང་བྲལ་བར་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་རིག་པ་ཀ་དག་གི་ཡེ་ཤེས་རྗེན་ཧུ་རེ་བ་འདི་ཀ་ཤེས་རབ་སྟོང་པ་ཉིད་ཡིན་ཏེ། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནས་གང་ལྟར་སྤྱོད་ཀྱང་རང་བཞིན་མེད་པར་སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་པར་རང་གྲོལ་བ་ཉིད། དོ་ཧ་ལས། མཐོང་དང་ཐོས་དང་རེག་དང་དྲན་པ་དང་། །ཟས་སྐོམ་འཁྱམ་དང་འགྲོ་དང་འདུག་པ་དང་། །ཅལ་ཅོལ་གཏམ་དང་ལན་སྨྲས་གྱུར་པ་ལ། །སེམས་སུ་ཤེས་ན་གཅིག་གི་རྣམ་པ་ལས་མི་སྤྱོད། །ཅེས་སོ། །དེས་ན་རིག་པ་སྟོང་གསལ་བར་མེད་ཡུལ་བྲལ་འདི་ཉིད་ཀྱི་ངོ་ན། དགག་སྒྲུབ་སྤང་བླང་དུ་སྣང་བའི་སྤྱོད་པ་ཀུན་ཀྱང་མེད་བཞིན་དུ་སྣང་བ། སྣང་བཞིན་དུ་སྟོང་པ། བན་མ་བུན། ཁྲལ་མ་ཁྲོལ། འལ་མ་འོལ། ར་མ་རི། བདེན་མེད་སྒྱུ་མ། ཡེ་གྲོལ་ཀློང་ཡངས་པར་བརྡལ་བ་ནི། ཅི་སུ་ཞིག་འཁྲུལ། འཁྲུལ་པ་གང་། སྤང་བྱ་གང་། བླང་བྱ་གང་། ངོ་མཚར་བའི་དགོད་པོ་འཆོར་ཏེ། ས་ར་ཧས། ཇི་སྲིད་དབང་པོ་ཡུལ་གྱི་གྲོང་ལ་ལྷུང་བ་ན། །དེ་སྲིད་རང་ཉིད་ལས་མེད་རབ་ཏུ་རྒྱས། །ཁྱེད་ཅག་ད་ལྟ་ཅི་བྱེད་གར་འགྲོ་སེམས་དང་ཀྱཻ། །དེ་ནི་ཤིན་ཏུ་དཀའ་བའི་དགོངས་པས་འཇུག །ཅེས་སོ། །གཟུང་འཛིན་མེད་པའི་སྤྱོད་པ་ལ་འགལ་བྱར་མི་རུང་སྟེ། ཉི་མ་འཁོར་ལོའི་མདོ་ལས། རླུང་གིས་ཤིང་བཅག་ལྟ་བུ་ན། །སྲོག་བཅད་པ་ཡང་མི་འགལ་ལོ། །ཆུ་ཡིས་ས་ཁྱེར་ལྟ་བུ་ན། །མ་བྱིན་ལེན་ཡང་མི་འགལ་ལོ། །ཆུ་མིག་རླུང་ཁུག་ལྟ་བུ་ན། །མི་ཚངས་སྤྱོད་ཀྱང་མི་འགལ་ལོ། །བྲག་གི་བྲག་ཆ་ལྟ་བུ་ན། །རྫུན་དུ་སྨྲས་ཀྱང་མི་འགལ་ལོ། །ཞེས་གསུངས་སོ། །དྲུག་པ་དུས་སྐབས་གང་གཙོའི་དབང་དུ་བསྲུང་བ་ནི། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྡིག་ཏོ་མི་དགེའི་ཕྱོགས་དང་ཚོགས་པའི་གསེབ། འོག་མ་གཙོར་བྱེད་འདོད་པས་འབེན་པ་དང་། །སྤྱོད་པའི་དུས་དང་དབེན་པར་གསང་སྔགས་སྤྱད། །ནང་མ་འདོམ་ན་མ་འདྲེས་ཡོངས་རྫོགས་བསྲུང་། །འདོམ་ན་དགག་དགོས་རྩི་ཞེས་མཁས་རྣམས་བཞེད། །དེ་ཡང་སྡིག་ཏོ་མི་དགེ་བ་དང་འདོད་པས་དབེན་པའི་ཕྱོགས་གཉིས་ལས། དང་པོ་ནི། ལྟུང་བ་ནང་འཛོམ་ན། སྐྱེ་བོ་ཕལ་པ་གང་ཟག་སྡིག་ཏོ་ཅན་གྱི་ཁྲོད་དང་། མང་དུ་འདུས་པའི་ཚོགས་གསེབ་ལ་སོགས་པར་སོ་ཐར་དང་བྱང་སེམས་གཙོར་བསྲུང་དགོས་ཏེ། གསང་སྔགས་ཀྱི་སྤྱོད་པ་རྔམ་པོ་ཆེ་ལ་གཞན་མི་དད་ཅིང་སྒྲོ་སྐུར་གྱི་གཞིར་འགྲོ་བ་དང་། བློ་ཆུང་རྣམས་སྐྲག་སྟེ་ཆོས་སྤང་གི་ལས་སོགས་པ་དང་། སྔགས་ཀྱི་གསང་སྒོ་འཆོལ་བར་འགྱུར་ཏེ། བསླབ་བཏུས་ལས། གང་གིས་སེམས་ཅན་མ་དད་གྱུར། །དེ་ནི་སྒྲིམ་ཏེ་རྣམ་སྤང་ཞེས་དང་། རྩ་ལྟུང་ལས། གསང་བ་སྒྲོགས་པ་བདུན་པ་ཡིན། །ཞེས་སོ། །གཉིས་པ་འདོད་པས་དབེན་པའི་ལྟུང་བ་རྣམས་ནི་སྤྱོད་པ་ལ་ཞུགས་པའི་དུས་དང་། དབེན་པའི་གསང་སྔགས་ཀྱི་སྤྱོད་པས་སྐྱོངས་ཏེ། གསང་འདུལ་ལས། དབེན་པར་སྤྱོད་ལ་རབ་ཏུ་བརྩོམ། །ཞེས་སོ། །འཇིག་རྟེན་མ་དད་པའི་ཕྱོགས་གཉིས་ཀར་བཀག་པ་རྣམས་ཐམས་ཅད་དུ་འབད་དེ་བསྲུང་བར་བྱའོ། །ལྟུང་བ་ནང་མ་འདོམ་པར་སྡོམ་ལྡན་གྱི་གང་ཟག་རང་བཞིན་དུ་གནས་པ་ན། གང་དུ་བཤད་པའི་མ་འདྲེས་ཡོངས་རྫོགས་སུ་བསྲུང་། ནང་འདོམ་ན་དགག་དགོས་ཡོངས་རྫོགས་ཀྱི་བསྲུང་ཚུལ་བཤད་པ་ཉིད་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ། ལས་དང་པོ་དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐམས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་པ་དགོས་ཞེས་དུས་འཁོར་བཤད། །དེ་ལ་ལས་དང་པོ་པ་དང་། རྣལ་འབྱོར་པ་དང་། གྲུབ་ཐོབ་དང་། ཐམས་ཅད་མཁྱེན་པའི་སྤྱོད་པ་བཞི་ལས། དང་པོ་ནི་ཐུན་མཚམས་ཀྱི་བྱ་བ་གཙོ་བོར་བྱེད་པ་སྟེ། ཟས་ཀྱི་རྣལ་འབྱོར། གཏོར་མ། ཚ་ཚ། ཆུ་སྦྱིན། མདོ་འདོན་པ། ཡན་ལག་བདུན་པ། ཆོས་སྤྱོད་བཅུ། སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བས་ཟིན་པར་སྤྱོད་པའོ། །ཆོས་སྤྱོད་བཅུ་ནི། མགོན་པོ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་འདིའི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །སྤྱན་རས་གཟིགས་ཀྱི་ཞལ་ནས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུག །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བའི་དོན་ལ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་འགྲོ། །ཞེས་སོ། །ཡང་མི་དགེ་བཅུ་སྤང་བ་དང་། ཕར་ཕྱིན་བཅུ་ལ་འཇུག་པར་འདོད་པའང་ཡོད་དོ། །སྡོམ་པ་འོག་མ་གཙོར་བྱེད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །གཉིས་པ་ཉམས་མྱོང་ཅུང་ཟད་སྐྱེས་པས་སྤྱོད་པ་ཕྱི་ནང་གཉིས་སུ་ཕྱེ་ལ། གསང་སྤྱོད་ཀྱི་དུས་སུ་དབང་། ཚོགས་འཁོར། བསྙེན་སྒྲུབ་གཉིས། རང་གཞན་བྱིན་གྱིས་རླབས་པའི་དུས་བཞིར་སྔགས་ཀྱི་སྡོམ་པ་གཙོ་བོར་བླང་པས་འོག་མ་གཉིས་ཀྱི་ཡོན་ཏན་ཡར་ལྡན་དུ་འགྲོ་སྟེ། གསང་སྤྱོད་དམ། རིག་སྤྱོད་ཅེས་བྱའོ། །གསུམ་པ་བརྟན་པ་ཅུང་ཟད་ཐོབ་པས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྦྱོར་སྒྲོལ་ཚོགས་དང་གླུ་གར་དངོས་དང་ཡིད་ཀྱི་ཕྱག་རྒྱ་བཅས་ཏེ་སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པ་ཚད་བཟུང་མེད་པར་སྤྱོད་དེ། དོ་ཧ་ལས། རེ་འགའ་དུར་ཁྲོད་ཞུགས་ནས་སྒྲོན་མ་དག་ལ་སྤྱད། །ཉམ་ང་མེད་པའི་སེམས་ཀྱིས་ཡི་དྭགས་གནས་སུ་ཉལ། །གདོལ་པ་རྣམས་དང་འགྲོགས་ཏེ་རོ་ཡི་འཁོར་ལོ་དྲངས། །འདིར་བྱ་འདི་བྱེད་མེད་པའི་སྤྱོད་པ་ཚད་དུ་བཟུང་མི་བྱ། །གླུ་གར་གླིང་བུ་རྩེད་འཇོ་རོལ་མོའི་ཚོགས་སུ་འཇུག །ཧེ་རུ་ཀ་ཡི་གར་དང་དྲུག་ལས་སྐྱེས་ཚོགས་གླུས། །སེམས་ནི་གཟེངས་བསྟོད་ཅུང་ཟད་སྐྱོ་བར་མི་བྱའོ། །རྒྱབ་ཏུ་ལ་བ་བགོས་ཤིང་ཡན་ལག་ཟངས་མས་སྤྲས། འཁོར་ལོ་ལྡན་པའི་ཐོར་ཚུགས་སྤྱི་བོ་དག་ཏུ་བཟུང་། ། རུས་པའི་དུམ་བུས་ཡན་ལག་ཐམས་ཅད་བརྒྱད་བྱས་ནས། །གླང་ཆེན་སྟག་གི་ལྤགས་པས་སྟོད་དང་སྨད་དཀྲིས་ཏེ། །ཁ་ཊྭཾ་དྲིལ་བུ་ལྡན་པ་ལག་ཏུ་ཐོགས་པར་བྱེད། །གསང་ཆེན་སྨྱོན་པའི་སྤྱོད་པ་ལྷག་པར་བྱས་ནས་ནི། །བྱི་མིན་མི་བྱ་མིན་པ་སྤྱོད་པ་རང་ཤུགས་ཀྱིས། །གླང་ཆེན་མཚོ་རུ་འཇུག་འདྲ་རྟག་ཏུ་སྨྱོན་སེམས་ཀྱིས། །སྨད་པའི་ཆོས་རྣམས་སྤྱད་ན་གྲོལ་བར་འདའ་བསྣུན་སྨྲ། །ཞེས་སོ། །འདི་ལ་མགོན་པོ་ཀུན་ཏུ་སྤྱོད་པ་ཞེས་བྱའོ། །བཞི་པ་ནི། དེ་ལྟར་ལས། དུག་ལས་བདུད་རྩིར་བསྒྱུར་བ་དང་། །བསད་པ་གསོ་བར་ནུས་པ་སྟེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས་བྱའོ། །གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་བཟད་པ། །བརྟེན་པས་འགྲུབ་པར་མི་འགྱུར་ཏེ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ངོ་བོ་མདོར་བསྟན་པ་ནི། །ཡོན་ཏན་གཞི་རྟེན་སོ་ཐར་གང་ནུས་ཏེ། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་ཡན་ལག་ཡིན། །སྨིན་བྱེད་དབང་ཐོབ་སྡོམ་གསུམ་མིག་ལྟར་བསྲུང་། །གདན་གསུམ་ལྷ་རུ་ཤེས་པའི་བསྐྱེད་རིམ་དང་། །མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་བསྒོམ། །དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པས་སོ་ཐར་གྱི་སྡོམ་པ་ཅི་རིགས་པ་བསྲུང་བའི་སྟེང་དུ་གསང་སྔགས་ཀྱི་དམ་ཚིག་མ་ཉམས་པར་སྡོམ་པ་གསུམ་ལྡན་དུ་གོང་དུ་བཤད་པའི་ཚུལ་གྱིས་དཔྲལ་བའི་མིག་བཞིན་དུ་བསྲུང་བར་བྱ་སྟེ། མན་ངག་རིན་པོ་ཆེའི་མཛོད་ལས། བསྲུང་སྡོམ་ངོ་ལྐོག་མེད་པའི་ཆོས་དྲུག་ནི། །བསྟན་པའི་རྩ་བ་ཚུལ་ཁྲིམས་ཤེས་པ་དང་། །ངན་སོང་སྣ་ཁྲིད་སྡིག་པར་ཤེས་པ་དང་། །སྲུང་སྡོམ་མེད་ན་ཆོས་རྩ་རུལ་བ་དང་། །ཡོན་ཏན་ཀུན་གྱི་རྟེན་དུ་ཤེས་པ་དང་། །མཐོ་རིས་འཛེགས་པའི་སྐས་སུ་ཤེས་པ་དང་། །ཐར་བར་བསྒྲོད་པའི་བཞོན་པར་ཤེས་པ་ཡིས། །ཁྲིམས་གཙང་སྲུང་ལ་ནན་ཏན་གཅེས་སྤྲས་བྱ། །ཞེས་སོ། །གཞན་ཡང་། རང་གི་གོ་ཡུལ་ཙམ་གྱིས་ལྟ་བ་ལ་ཁ་གཡར། གསང་སྔགས་ལས་འདི་ལྟར་བཤད་དོ་ཞེས་སྙད་ཚོལ་ཏེ། སྤྱོད་པ་བག་མེད་ཐོ་ཅོ་རྩིང་པོས་སྙད་མུ་གེ་ལ་བཀལ་ནས་སྣམ་བུ་བོར་ཚང་བྱེད་པ་ལྟ་བུ་ནི། རྣམ་པ་ཐམས་ཅད་དུ་མི་བྱ་སྟེ། བདེ་བར་གཤེགས་པའི་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ལྟ་བ་མཐོ་དགོས་སྤྱོད་པ་ཞིབ་དགོས་པར་བཤད་པ་ལས། ལྟ་བ་དམའ་སྤྱོད་པ་རྩིང་དགོས་པར་བཤད་པ་གཅིག་ཀྱང་མེད་དེ། སློབ་དཔོན་པདྨས་གཅོད་འགྲེལ་འཕྲུལ་གྱི་བང་མཛོད་དུ། ལྟ་བ་མཐོ་རུ་མི་བགྱི་རུ། །ཆོས་ཀྱི་དབྱིངས་ལ་ཡངས་དོག་མེད། །སྒོམ་པ་སྲང་ལ་མི་འཇུར་རྒྱུ། །དབང་པོ་ཚོགས་དྲུག་རྟོག་འདོད་ཆེ། །སྤྱོད་པ་ཞིབ་ཏུ་མི་ལེན་རྒྱུ། །ཁམས་གསུམ་འཁོར་བ་གཡང་ས་ཆེ། །ཞེས་དང་། སྤྱོད་པ་བླང་དོར་བྲལ་བའི་དོན་རྟོགས་ཀྱང་། །འབྲས་བུ་རྒྱུད་ལ་མངོན་དུ་མ་གྱུར་བར། །མཛད་སྤྱོད་འདི་ལྟར་བགྱིས་ན་ལེགས། །ཐུགས་དགོངས་སངས་རྒྱས་འདྲར་གྱུར་ཀྱང་། །མཛད་སྤྱོད་མི་དང་མཐུན་པར་མཛོད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང་། དགོངས་འདུས་ལྷ་སྲས་ཞལ་གདམས་ལས། །ལྟ་བ་རྒྱ་མཚོ་ཡངས་པའི་དོན་རྟོགས་ཀྱང་། །སྤྱོད་པ་ཀུན་རྫོབ་ལས་འབྲས་ཞིབ་ཏུ་གཟོབ། །སེམས་ཉིད་ཡངས་པ་རྣལ་མའི་དོན་རྟོགས་ཀྱང་། །དམ་ཚིག་བསྲུང་སྡོམ་འདུལ་ཁྲིམས་མ་ཉམས་སྲུངས། །ཞེས་དང་། ལྟ་བ་འཕང་མཐོ་སྤྱོད་པ་རྩིང་གྱུར་ན། །མུ་སྟེགས་རྒྱང་འཕེན་ལྟ་བར་མཆིས་ཉེན་ཡོད། །ཁ་ལྟ་མཐོ་ལ་ཆོས་སྤྱོད་ཁྱད་དུ་གསོད། །གཏན་སྡུག་དམྱལ་བའི་གནས་སུ་གོལ་བར་མཆི། །ཞེས་དང་། རྣལ་འབྱོར་པ་བྱ་བ་དོན་ཆོས་ཉིད་ལ་བློ་འབྱོར་བ་ལ་ཟེར་བ་ཡིན། ཐོ་ཅོའི་སྨྱོན་སྤྱོད་གང་རུང་རུང་བྱེད་པ་རྣམས་རྣལ་འབྱོར་པའི་མིང་མེད། སྔགས་པ་བྱ་བ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་ལམ་གྱིས་མྱུར་དུ་སངས་རྒྱ་བ་ལ་ཟེར་བ་ཡིན། བརྣག་སེམས་ཅན་ཁ་ཆོས་བོན་གྱེར་བྱེད་པ་སྔགས་པའི་གྲལ་ཁྱུར་མི་ཚུད། ཅེས་ཨོ་རྒྱན་ཆེན་པོས་གསུངས་སོ། །འོ་ན་ལྟ་བའི་བོགས་སྤྱོད་པས་འདོན་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ལགས་ཀྱང་། སྤྱོད་པ་དུས་ཚོད་དང་འབྲེལ་པ་གཙོ་ཆེ་ལ། གཞན་དུ་སྤྱོད་པ་སྔས་པས་དངོས་གྲུབ་ལ་རིང་བར་འགྱུར་ཏེ། རྒྱ་གར་གྱི་གྲུབ་ཆེན་ཛཱ་ལེནྡྷ་རིའི་སློབ་མ་ཙརྻ་པ་རུས་པའི་རྒྱན་དྲུག་བགོས་ཏེ་སྤྱོད་པ་ལ་ཞུགས་པ། སློབ་དཔོན་གྱིས་ད་རུང་མ་རན་གསུངས་ཀྱང་མ་ཉན་པར་སོང་བས་རི་བོ་ཞིག་ཏུ་སྐོམ་པས་ཉེན་པ་ན། མི་ཞིག་ཐོད་པ་ཁྱེར་གླང་པོ་ཆེ་གཉིས་དེད་བྱུང་བ་ལ་ཆུ་སླངས་པས། གླང་འདི་སྟག་ལ་ཟ་མ་ཤོར་ང་ཆུ་ལེན་དུ་འགྲོ་ཟེར་ཏེ་སོང་བ་ན། སྟག་བྱུང་སྟེ་མ་ཐུབ་པར་གླང་ཟོས། མི་དེ་བྱུང་བ་ན་སློབ་དཔོན་དུ་གྱུར་ཏེ་སྤྱོད་པ་མ་རན་པ་དེ་ལྟར་ཡིན་གསུངས་ནས་ཡལ། ཡང་བྱོན་པ་ན་བཀྲེས་པས་མི་རོ་གཅིག་འདུག་པ་ཟ་བསམ་ནས་མི་ཞིག་ལ་གྲི་གཡར་བས། སྤྱོད་པ་བྱེད་ན་འདི་ལྟར་གྱིས་ཞེས་མི་དེ་བྱ་རོག་ཏུ་བྱས་ནས་ཟོས་པ་དང་སློབ་དཔོན་དུ་གྱུར་ཏེ་ཡལ། ཡང་ཆུ་བོ་ཆེན་པོ་གཅིག་གི་འགྲམ་དུ་མཛེ་མོ་ཉམ་ཐག་གཅིག་གིས་སྤྱོད་པ་བ་ང་ཁུར་ཟེར་བས་ཁུར་མ་ནུས། སྡོམ་བུ་པ་གཅིག་གིས་ཁུར་བས་ཆུའི་དབུས་སུ་ཕྱིན་པ་ན། རྡོ་རྗེ་རྣལ་འབྱོར་མར་གྱུར། ཁུར་བ་པོ་གྲུབ་ཐོབ་ཙ་ཕུ་བ་ཡིན། དུར་ཁྲོད་དུ་ཚོགས་འཁོར་བྱེད་པ་ན། མི་ནག་པོ་གཅིག་གིས་ངས་ཚོགས་དཔོན་བྱེད་ཟེར་བ་ལ་མ་བཅོལ་བས། ཚོགས་གྲོལ་ཁར་བདེ་མཆོག་ཏུ་གྱུར་ནས། བླ་མ་ཡི་དམ་མཁའ་འགྲོས་མ་གནང་བར་སྤྱོད་པ་མི་འགྲུབ། སྐྱེ་བ་འདིར་མཆོག་མི་འགྲུབ་བར་དོར་གྲོལ་གསུངས་ནས་མི་སྣང་བར་བཤད་པ་བཞིན་ནོ། །སེང་གེས་མཆོང་སར་ཝ་མཆོང་པས་གཡང་དུ་ལྷུང་བར་གྲགས་སོ། །དེ་ལྟར་སྡོམ་པ་གསུམ་གྱི་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་ཤེས་པ་དེས། ལམ་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་བསྒོམ་པར་བྱ་སྟེ། རྡོ་རྗེ་གུར་ལས། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པའི་རིམ་པ་རྣམ་པ་གཉིས། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་རིམ་གཉིས་ཐ་དད་པར་སྔ་མ་ཕྱི་མའི་ལམ་དུ་འདོད་པ་དང་། ཀྱེ་རྡོ་རྗེ་ལས། བསྐྱེད་བ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རིམ་གཉིས་མཉམ་པར་བཞག་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པར་གསུངས་པ་སྟེ། དང་པོ་ནི། ལས་དང་པོ་ལ་དང་། གཉིས་པ་ནི་བརྟན་ཐོབ་ལ་དགོངས་པའོ། །བསྒོམ་ཚུལ་དང་པོ་ནི། རྒྱུ་སྡེའི་དགོངས་པས་ཐ་དད་པ་མང་ནའང་། གསང་སྔགས་བླ་མེད་ནང་རྒྱུད་ཀྱིས་བསྒོམ་ཚུལ་ལའང་། སྔགས་གསར་མ་ལྟར་ན་ཏིང་ངེ་འཛིན་གསུམ་གྱིས་བསྒོམ་པར་འདོད་པ་ཡོད་དེ། རྡོ་རྗེ་རྩེ་མོ་ལས། སྦྱོར་བ་ཡི་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་མཆོག །དེ་ལྟར་སཾ་བྷུ་ཊིར་ཡང་བཤད་དེ། གཞལ་ཡས་ཁང་ནས་གཙོ་བོ་བསྐྱེད་པའི་བར་སྦྱོར་བ། འཁོར་སྤྲོ་བ་ནས་མཆོད་བསྟོད་བར་དཀྱིལ་འཁོར་རྒྱལ་མཆོག །འཁོར་གྱི་བསྙེན་པའི་མན་ངག་སོགས་ལས་རྒྱལ་མཆོག་གོ། །ཡང་། རྣལ་འབྱོར་ཡན་ལག་དྲུག་གིས་བསྐྱེད་པའང་ཡོད་དེ། རྡོ་རྗེ་གུར་ལས། སངས་རྒྱས་གནས་ནི་རྫོགས་པ་དང་། །ཀུན་ཏུ་བཟང་པོའི་རང་བཞིན་དང་། །རང་གི་ལྷག་བའི་ལྷར་བསྒྲུབ་དང་། །མཆོད་བསྟོད་འདུད་རྩི་མྱོང་ལ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་གཞལ་ཡས་ཁང་དང་གདན་བསྐྱེད་པར་རྣམ་སྣང་གི་ཡན་ལག་ལྷ་བསྐྱེད་ནས་སྤྱན་འདྲེན་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་དབང་བསྐུར་རྒྱས་གདབ་པ་མི་བསྐྱོད་པའི་ཡན་ལག་བདུད་རྩི་ལ་ལོངས་སྤྱོད་པ་དོན་འགྲུབ་ཀྱི་ཡན་ལག །བདུད་རྩི་མྱོང་བ་ཐིག་པ་མྱོང་བ་འོད་དཔག་མེད་ཀྱི་ཡན་ལག །ཡོན་ཏན་བསྟོད་པ་རིན་འབྱུང་གི་ཡན་ལག་ཞེས་བྱའོ། ། ཡང་། བརྟགས་གཉིས་ལས། གོང་བུ་ཆུ་དང་གཟུགས་སུ་གནས། །གཟུགས་ལ་འདས་བཞིས་རྟོགས་པར་བྱ། །ཞེས་པས་ལྷའི་ས་བོན་གོང་བུར་གནས་པ། དེས་དོན་གཉིས་བྱས་འོད་ཀྱི་ཐིག་ལེར་སྣང་བ་ཆུར་གནས་པ། ལྷ་བསྐྱེད་ནས་རྒྱས་གདབ་པར་གཟུགས་སུ་གནས་པ། དེས་ན་ཏིང་ངེ་འཛིན་གསལ་བ་རྫོགས་རིམ་དུ་བསྡུ་བ་གཟུགས་ལས་འདས་པ་སྟེ། གནས་པ་བཞིའི་ཆིངས་འདི་འབྲོག་མི་ལྕོག་རྗེས་འབྲངས་དང་བཅས་པས་རྩིས་ཆེར་མཛད་དོ། །ཡང་རྣལ་འབྱོར་གྱི་རྒྱུད་རྣམས་སུ་མངོན་བྱང་ལྔས་བསྐྱེད་པར་གསུངས་ཏེ། ཐོག་མར་གདན་པད་མ་ལས་མངོན་པར་བྱང་ཆུབ་པ། གདན་གྱི་སྟེང་དུ་ལྷའི་ཕྱག་མཚན་འགོད་པ་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། དེ་ལ་ས་བོན་གྱིས་མཚན་པས་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དེ་ལས་ལྷ་བསྐྱེད་པ་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ། དེ་ལ་ཡེ་ཤེས་པ་བསྟིམས་ཏེ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་བཀོད་པ་རྫོགས་པར་བྱེད་པའོ། །ཡང་རྣལ་འབྱོར་ཆེན་པོའི་གཞུང་འགའ་ཞིག་ལས། རིམ་ལྔའི་མན་ངག་གིས་བསྐྱེད་རྫོགས་བྷཻ་བར་གསུངས་ཏེ། དེ་ཡང་ལྷ་བསྐྱེད་དེ། རླུང་འབྱིན་འཇུག་ནི་བདག་བྱིན་གྱིས་བརླབས་པའི་རིམ་པ། འཁོར་ལོ་ལྔར་རིགས་ལྔའི་ཕྱག་མཚན་ལས་འོད་ཟེར་སྤྲོ་བསྡུ་ནི་སྣ་ཚོགས་རྡོ་རྗེའི་རིམ་པ། འཁོར་ལོ་བཞིར་བདེ་བ་རྒྱས་པས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་ནི་ནོར་བུ་འགེངས་པའི་རིམ་པ། ཕྱག་མཚན་ལྔ་རིགས་ལྔ་ཡབ་ཡུམ་དུ་གྱུར་ཏེ་སྦྱོར་མཚམས་ནས་བདུད་རྩིས་ལུས་ཁེངས་པར་བསམ་སྟེ་གཏུམ་མོ་བསྒོམ་པ་ནི་ཛཱ་ལེནྡྷ་རིའི་རིམ་པ། སྐུ་དང་ས་བོན་བསྡུས་ཏེ་མི་དམིགས་པའི་ངང་ལ་བཞག་པ་ནི་བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བྱའོ། །གསང་སྔགས་རྙིང་མ་ལྟར་ནའང་བསྐྱེད་པ་མ་ཧཱ་ཡོ་ག་ལ། ཕྱི་སྣོད་གཞལ་ཡས་ཁང་དུ་གསལ། །ནང་བཅུད་ལྷ་དང་ལྷ་མོར་གསལ། །ཞེས་ཕྱི་སྣོད་འཇིག་རྟེན་འབྱུང་བ་རིམ་བརྩེགས་དང་བཅས་ཏེ་རྟེན་གཞལ་ཡས་ཁང་དང་། ནང་བཅུད་ཀྱི་སེམས་ཅན་སྣང་གྲགས་ཐམས་ཅད་བརྟེན་པ་ལྷར་གསལ་བ་དང་། ལུང་ཨ་ནུ་ཡོ་ག་ལྟར་ན། ལས་བྱང་མེ་ཕྲེང་ལས། གདལ་ཁྱབ་ལྤགས་པས་རབ་གཡོགས་ཀེང་རུས་མཁར། །ཤ་ཁྲག་ཕུང་པོ་འདུས་བའི་གཞལ་ཡས་ཁང་། །ཞེས་ལུས་གཞལ་ཡས་ཁང་དང་། སྣང་བའི་ངོ་བོ་པདྨ་བཛྲ་རྩལ། །སྟོང་པའི་བདག་ཉིད་ལྷ་ལྕམ་གསང་བའི་ཡུམ། །ཞེས་སེམས་དང་སེམས་བྱུང་ལྷར་གསལ་བ་དང་། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་ན། །རྒྱུད་བཅུ་བདུན་ལ་སོགས་པར། །རིག་པ་ཡེ་ཤེས་དཀྱིལ་ཡིན་ཏེ། །སེམས་བྱུང་རྟོག་ཚོགས་འཁོར་དུ་གསལ། །ཞེས་རིག་པ་སྐད་ཅིག་མ་ལྷ་དང་། སེམས་བྱུང་རྣམས་འཁོར་དང་གཞལ་ཡས་ཁང་དུ་གསལ་བའོ། །དེ་དག་ཐམས་ཅད་ལའང་། སྔོན་དུ་དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། རྒྱུའི་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་ཏེ་མངོན་བྱང་ལྔས་རྟེན་དང་བརྟེན་པའི་དཀྱིལ་འཁོར་འཁོར་ལོ་གསལ་བཏབ་ནས་སྤྱན་འདྲེན་མཆོད་བསྟོད་ལ་སོགས་ཆོ་ག་ལྔས་གཞུང་བསྲང་བའོ། །ཆོ་ག་ལྔ་ནི། ལྷ་བསྐྱེད་པ། སྔགས་བཟླས་པ། ཏིང་ངེ་འཛིན་བསྒོམ་པ། དམ་ཚིག་ལ་གནས་པ། མཆོད་གཏོར་ལ་བརྩོན་པའོ། །དངོས་ཀྱི་རྣམ་པ་གསལ་བ་རྣམ་དག་དྲན་པ་སྟེ། ང་རྒྱལ་བརྟན་པ། རྟེན་དང་བརྟེན་པ་གསལ་ལ་མ་འདྲེས་པར་བསྐྱེད་པ་ལ། བརྡ་དང་དོན་གྱི་རྣམ་དག་དྲན་པས་ཨ་འཐས་དང་འཁྲུལ་འཛིན་ལས་གྲོལ་བ། རྗེས་ང་རྒྱལ་བརྟན་པས། སྣང་བ་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་གསུམ་དང་མ་བྲལ་བའི་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་ལེན་པའོ། །དེ་ཡང་བསྙེན་བསྒྲུབ་ཡན་ལག་བཞིས་བསྐྱེད་ཚུལ་གསར་རྙིང་མཚུངས་ཏེ། འདུས་པའི་རྩ་རྒྱུད་ལས། བསྙེན་པའི་དམ་ཚིག་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་བསྒྲུབ་པ་སྒྲུབ་མཆོག་ལ། །རྡོ་རྗེའི་སྐྱེ་མཆེད་རྣམ་པར་དཔྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡིས། །བསྒྲུབ་པའི་ཚེ་ན་བསྐུལ་བར་བྱ། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །དབུ་རྒྱན་ལ་ནི་རིགས་བདག་བསམ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་པ་ཡི་བསྙེན་པ་བྱ། །ཞེས་སོ། །གསལ་བར་བྱེད་ན། མངའ་རིས་པ་པདྨ་དབང་རྒྱལ་འདི་ཉིད་ཀྱི་ཞལ་ནས། བདག་ཉིད་ལྷ་རུ་གསལ་བ་ནི། བསྙེན་པའི་ཡན་ལག་དང་པོ་ཡིན། །སྐྱེ་མཆེད་མཁའ་གསང་བྱིན་བརླབས་པ། །ཉེ་བར་བསྙེན་ཅིང་བསྒྲུབ་པ་ཡིན། །དེ་ལ་ཡེ་ཤེས་སྤྱན་དྲངས་པ། །དེ་ཉིད་དབང་བསྐུར་རིགས་རྒྱས་གདབ། །སྒྲུབ་པ་ཆེན་པོ་བཤད་པ་ཡིན། །ཞེས་སོ། ། དེ་ཡང་གདན་གསུམ་ཚང་བའི་ལྷ་ནི་ནང་རྒྱུད་གསུམ་ལ་ཡོད་དེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་ཕུང་པོ་ལྔ་རིགས་ལྔར་གསལ་བ་དེ་བཞིན་གཤེགས་པའི་གདན། ས་ཆུ་སྤྱན་དང་མཱ་མ་ཀི ། མེ་རླུང་གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །ཞེས་འབྱུང་བ་ལྔ་ཡུམ་ལྔར་འདུ་ཤེས་པ་རིག་མའི་གདན། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །ལྷ་དང་ལྷ་མོའི་ངོ་བོ་ཉིད། །ཅེས་མིག་སོགས་སྐྱེ་མཆེད་རྣམས་ས་སྙིང་ལ་སོགས་པར་གསལ་བྱང་ཆུབ་སེམས་དཔའི་གདན་ཏེ་གཞན་ལའང་དེ་བཞིན་དུ་ཤེས་པར་བྱ་སྟེ་འདི་ནི་དཔལ་ས་སྐྱ་བ་རྗེས་འབྲང་དང་བཅས་པའི་ཆོས་སྐད་ཡང་དག་པའོ། །དེ་ཡང་ལྷ་ལོངས་སྤྱོད་རྫོགས་སྐུ་གདན་གསུམ་ཚང་བའི་སྒོ་ནས་སྨིན་བྱེད་རྣམས་ལ་དབང་དང་མ་ཚང་བའི་སྒོ་ནས་རྗེས་གནང་ཡིན་ཞེས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གསུངས་སོ། །རྫོགས་རིམ་ལའང་མཚན་མ་དང་བཅས་པ་ཞི་གནས་ཀྱི་བསམ་གཏན་དང་། མཚན་མ་མེད་པ་ལྷག་མཐོང་གི་ཤེས་རབ་གཉིས་ཟུང་འཇུག་ཏུ་ཉམས་སུ་ལེན་པར་བྱ་སྟེ་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་བརྟན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་རྟོག་པ་གཞིལ་བྱེད་དེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཞེན་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པས། ཞི་གནས་ནི་སྔ་ཕྱིའི་རྟོགས་པ་འགག་པའི་བར་གྱི་རྟོག་མེད་ཀྱི་བསམ་གཏན་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གར་གཏད་དུ་སེམས་ཡེར་གནས་པ་ནི་སེམས་ལས་སུ་རུང་བའི་ཞི་གནས་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པ་སྟེ། དེ་ལའང་ཞེན་པ་དང་ཆགས་པ་མེད་པར་གནས་པའོ། །ལྷག་མཐོང་ནི་དེ་དུས་ཀྱི་རིག་པ་དྲི་མ་མེད་པ་སྟོང་གསལ་ནམ་མཁའ་ལྟར་སྒྲིབ་བྱེད་དང་གྲལ་བ་རྗེན་ནེ་ཧྲིག་གེ་སལ་ལེ་བ་འདི་ཡིན་ཏེ། འདིའི་གདངས་སམ་རྩལ་ལས་སེམས་བྱུང་ཉོན་མོངས་པའི་རྟོག་ཚོགས་ཇི་ལྟར་ཤར་ཡང་རྗེས་སུ་མི་མཐུད། ཆེད་དུ་མི་དགག་པར་རིག་པ་དྲི་མ་མེད་པའི་རང་ཞལ་རང་གིས་བལྟ་བ་ན། རྣམ་རྟོག་རྟེན་མེད་རང་སང་རང་ཡལ་ལ་སོགས་ཏེ་རྦ་རླབས་རྒྱ་མཚོར་ཡལ་བ་ལྟར་འགྱུར་ཏེ། དེ་ལྟར་སལ་ལེར་གནས་པའི་ཆ་ནི་བསམ་གཏན་ཡིན་ཏེ། ཁམས་གོང་མར་སྐྱེ་བའི་རྒྱུ་ལས་མ་ཡིན་པས། གནས་བདོ་པའི་རིག་པ་ངོ་བོ་སྟོང་སང་ངེ་། རང་བཞིན་གསལ་ཧྲིག་གེ། གསལ་སྟོང་དུ་རྗེན་ནེ་ཧུ་རེ་བ་རང་གནས་ཀྱི་བསམ་གཏན་དང་ལྡན་པ་དེ་ཉིད་ཤེས་རབ་སྟོང་པ་ཉིད་ཅེས་བྱ་བ་སྟེ་དེའི་ངང་ལ་བཟོ་བཅོས་དང་འཛིན་ཞེན་མེད་པར་བཞག་པས་སྐུ་གསུང་ཐུགས་རང་ཆས་ལྷུན་གྲུབ་ཀྱི་ས་ལ་གཏན་སྲིད་ཟིན་པར་འགྱུར་རོ། །གསུམ་པ་འབྲས་བུ་ངེས་པས་འགག་བསྡམ་པ་ནི། འབྲས་བུ་ལ། ཉེ་རྒྱུའི་སྤྱོད་པས་རིམ་བཞིན་མཚམས་སྤྱོར་ན། །འདིའམ་འཆི་ཁ་དང་ནི་བར་དོ་དང་། །རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫོགས་སངས་རྒྱས། །བྱང་ཆུབ་ལ་ཉེ་རྒྱུའི་སྤྱོད་པ་གང་གིས་སྒྲུབ་པ་ཆོ་གའི་ཡན་ལག་ཐེག་ཆེན་ལ་མོས་ཤིང་བློ་གྲོས་དང་བརྩོན་འགྲུས་ལྡན་པས། ཇི་ལྟར་སྒྲུབ་པ་ཐབས་ཀྱི་ཡན་ལག་ཞི་གནས་དང་ལྷག་མཐོང་། གཉིས་མེད་སྒྲུབ་པ་ངོ་བོའི་ཡན་ལག་ཞི་ལྷག་ཟུང་འཇུག་གི་ཉམས་ལེན་དབང་པོ་དང་བརྩོན་འགྲུས་རབ་འབྲིང་ཐ་མས་ཏེ། ཡང་རབ་ཚེ་འདིར་གྲོལ་བ་སྟེ། གསང་སྔགས་ཐུན་མོང་ལྟར་ན་དག་པ་མཁའ་སྤྱོད་དང་། རྙིང་མ་ལྟར་ན་འཕོ་བ་ཆེན་པོའི་སྐུ་འགྲུབ་པའོ། །དབང་པོ་རབ་འབྲིང་ཐ་གསུམ་འཆི་ཁ་དང་། ཆོས་ཉིད་སྲིད་པའི་བར་དོ་ལ་ཇི་ལྟར་གྲོལ་བའི་ཚུལ་བསྟན་པ་གསུམ་ལས། དང་པོ་ནི། སྐྱེས་བུ་གང་ཞིག་འབྱུང་བའི་ཐིམ་རིམ་རྣམས་རྫོགས་ནས་ཁམས་དཀར་དམར་དང་སྲོག་རླུང་གསུམ་སྙིང་ཁར་འདུས་པས་ཉོན་མོངས་པ་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་འགག་སྟེ་བདེ་གསལ་མི་རྟོག་པའི་ཡེ་ཤེས་རང་རིག་རྗེན་ཅེ་རེ་བ་རྣམ་རྟོག་ཐམས་ཅད་བྲལ་བ་འཆར་ཏེ་ངོས་ཟིན་པས་བར་དོ་མེད་པར་ཆོས་ཀྱི་སྐུར་སངས་རྒྱ་བ་སྟེ། དུས་འཁོར་རྩ་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བའི་ཚེ། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཅེས་དང་། འོད་གསལ་དེ་ལ་སེམས་ཟིན་ན། །བར་དོ་མེད་པར་མྱ་ངན་དང་། །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཞེས་སོ། །གཉིས་པ་ནི། བར་དོ་དང་པོ་ངོས་མ་ཟིན་ན། རིག་པ་དབང་པོའི་སྒོ་ལས་ཕྱིར་དོན་པ་དང་མཉམ་དུ་གཞི་སྣང་ལྷུན་གྲུབ་ཆོས་ཉིད་བར་དོའི་སྣང་བ་འཆར་ཏེ། འཇའ་འོད་ཟེར་གསུམ་གྱི་ཀློང་ནས་རྒྱལ་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པ་འཆར་བ་དེ་དག་རང་སྣང་དུ་ངོ་ཤེས་པས་སྐད་ཅིག་ལ་བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱ་བའོ། །གསུམ་པ་ནི། དེ་ལས་ངོས་མ་ཟིན་པ་ན། དག་པའི་སྣང་བ་དེ་དག་འཇའ་ལྟར་དུ་ཡལ་བའི་མོད་ལས། རང་གར་འཆི་བའི་གནས་ཁང་ཡོ་བྱད་ནོར་རྫས་ལ་སོགས་པ་ད་ལྟ་བཞིན་དུ་མཐོང་སྟེ། ཤི་བར་ཤེས་ནས་སྡུག་བསྔལ་དཔག་ཏུ་མེད་ཅིང་། མ་ངེས་པའི་རྟགས་དྲུག །འཇིགས་པའི་དགྲ་བཞི། ཡ་ང་བའི་གཡང་ས་གསུམ་ལ་སོགས་པས་མནར་བ་ན། དག་པའི་ཞིང་ཁམས་ལྔ་དང་མཁའ་སྤྱོད་འོག་མིན་སྤྲུལ་སྐུའི་ཞིང་དུ་འདུན་པ་གཏད་པས་ཞིང་དེར་བརྫུས་ཏེ་སྐྱེས་ནས་ས་ལམ་རྣམས་རིམ་གྱིས་བསྒྲོད་དེ་སྤྲུལ་པའི་སྐུར་སངས་རྒྱ་བའོ། །འདི་དག་གི་རྣམ་བཞག་རྒྱས་པར་བླ་མ་དམ་པས་མཛད་པའི་བར་དོའི་དམར་ཁྲིད་ལས་རྟོགས་པར་བྱའོ། །གཞན་ཡང་སངས་རྒྱས་ཀྱི་ཡོན་ཏན་སྐུ། བརྟེན་པ་ཡེ་ཤེས་ཀྱི་རྣམ་བཞག་ལ་སོགས་པའང་གཞན་དུ་ཤེས་པར་བྱའོ།
༈ །དེ་ལྟར་ལེགས་བཤད་ཚངས་པའི་མདུན་དུ་བྷི། །འགྲོ་ཁམས་རྒྱ་མཚོའི་བར་དུ་སྒྲོག་པ་ཡིས། །ཚིག་དོན་གནས་ལ་རྨོངས་པས་གཉིད་ལོག་པ། །དེ་དག་རིགས་ཀྱི་ཡོན་ཏན་སད་པར་ཤོག །ཚུལ་ཁྲིམས་ཕུན་ཚོགས་ཆོས་འདུལ་ཁང་བཟང་རྩེར། །རྒྱལ་སྲས་སྤྱོད་པའི་རྒྱལ་མཚན་ནམ་མཁར་སྙེགས། །གསང་སྔགས་ཟབ་དོན་ཡིད་བཞིན་ཏོག་གིས་སྤྲས། །གང་གི་དཔལ་ལ་དགོས་འདོད་ཆར་དབབ་ཤོག །རྣམ་གྲོལ་སྡོམ་གསུམ་ཡིད་འོང་པུཥྐ་རི། །དོན་གཉིས་སྦྲང་རྩིའི་ལྡིང་ཁང་ཀུན་ནས་བཀྲམ། །མཆོག་ཐུན་མ་ལ་ཡའི་བསུང་ལས་དགེངས་པས། །སྐལ་ལྡན་བྷྲ་མ་ར་ཀུན་ཚིམ་བྱེད་ཤོག །རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ལས། སྡོམ་གསུམ་སྤྱིར་བཤད་པའི་རིམ་པར་ཕྱེ་བ་ཞེས། ཐ་མ་སྟེ་ལྔ་པ་གཏན་ལ་དབབ་ཟིན་ཏོ།
༈ །སྤྱི་དོན་གསུམ་པ་ད་ནི་མཐར་ཕྱིན་པ་མཇུག་གི་དོན་ལ་གསུམ་སྟེ། གཞན་ལུགས་ཕལ་ཆེར་མ་དག་པར་བསྟན་པ། རང་ལུགས་དག་པར་བསྟན་ཅིང་དགེ་བ་བསྔོ་བ། མཚན་བསྟན་པས་མཐའ་བསྡུ་བའོ། །དང་པོ་ནི། སྙིགས་མ་ལྔ་བདོ་བའི་དུས། དེང་སང་མ་སྦྱངས་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོའི་ཆོ་གས་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་བསམ་གྱིན་སྙིང་ནས་མཆི་མ་དཀུ། །དེ་ཡང་དེང་སང་གི་དུས་གངས་ཅན་གྱི་ལྗོངས་འདིར་མདོ་རྒྱུད་དང་མི་མཐུན་པའི་རང་བཟོའི་ཆོ་ག་སྡོམ་གསུམ་གྱི་གཞུང་དང་མི་མཐུན་པ་དུ་མ་འདུག་ཅེས། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏས་སྡོམ་གསུམ་རབ་དབྱེར་གསུངས་པ་ཡང་། འབྲི་ཁུང་གི་བཞེད་པས། ལུས་སེམས་གཉིས་ཇི་སྲིད་འཚོ་བའི་བར་ཞེས་དང་། ཡོད་པའི་དགེ་བ་ཞེས་དང་། དཀར་ནག་ཟང་ཐལ་དང་། ཡེ་བཀག་ཡེ་གནང་དང་། བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་གཅིག་པར་འདོད་པ་དང་། བཀའ་གདམས་པས། བསྙེན་གནས་ཉིན་པར་བསྲུངས་བ་སང་ཉིན་འབུལ་ཞེས་པ་དང་། བཀའ་གདམས་བྱ་ཡུལ་བས། བསྙེན་གནས་ལྷ་བསྒོམ་དང་། བྱམས་སྙིང་རྗེ་ཐབས་མཁས་ལ་མ་ལྟོས་པར་གཤིས་ཀྱི་དགེ་བ་ཡིན་ཞེས་པ་དང་མདོ་བསྐུལ་རིང་མོ་དང་། ཞང་གཡུ་བྲག་པས་རྒྱུ་ལ་འབྲས་གནས་དང་། ཆོས་དབྱིངས་བསྔོ་རྒྱུར་འདོད་པ་དང་། རྒོད་ཚང་བས་གནས་པའི་དགེ་བ་ཞེས་དང་། སྟག་ལུང་པས་རང་བཞིན་གྱི་དགེ་བ་ཞེས་དང་། ཞང་མཚལ་པ་དང་བཀག་ཕྱག་པ་ལ་གསུང་རབ་ཚིག་གི་ན་ཡ་ཞེས་དང་། བལ་པོའི་འདུལ་འཛིན་དང་འདུལ་བསྟོད་ལུགས་པ་ཁ་ཅིག །བསྔོ་བ་བྱེད་ཚེ་རིལ་བས་ཆུ་སྦྲེང་བ་དང་། དགེ་བཤེས་ཕྱག་སོར་བ་ལ་སོགས་པས་རྨི་ལམ་དུ་སེམས་བསྐྱེད་བླང་ཞེས་པ་དང་། འབྲི་ཁུང་བས་བདག་གཞན་བརྗེ་མི་རུང་དང་། དོན་དམ་སེམས་བསྐྱེད་ཆོ་གས་བླང་བ་དང་། བཀའ་བརྒྱུད་པ་ཕག་མོའི་བྱིན་རླབས་ཀྱི་ཆོས་སྒོ་འབྱེད་པ་དང་། ཡེ་གསང་ཡིན་ཞེས་པ་ལ་སོགས་ཏེ་མ་དག་པ་དུ་མ་དང་། ཐ་ན་ཙ་རི་ཌ་དང་། རི་བོ་གངས་ཅན་ཏི་སེར་འདོད་པ་བཀག་པ་ལ་སོགས་པ་མཐའ་ཡས་པ་གསུངས་པ་ལྟར། མ་དག་པ་དུ་མ་མཐོང་བས་ཡིད་སྐྱོ་བས་མཆི་མ་འཁྲུག་སྟེ་སངས་རྒྱས་འབའ་ཞིག་ལ་ར་མདར་འབོད་པ་ལགས་ཏེ། སྤྱོད་འཇུག་ལས། བདག་ནི་འཇིགས་པས་རྣམ་སྐྲགས་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་དཔལ་དབྱངས་ལའང་བདག་ཉིད་ཀྱི། །བདག་གི་ལུས་ནི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་དབང་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །ཅེས་པ་ལྟར་དང་། ས་པཎ་གྱིས་ཕྱོགས་བཅུའི་སངས་རྒྱས་ལ་འཕྲིན་ཡིག་མཛད་པ་ལྟ་བུའི་རང་བཞིན་ནོ། །འོ་ན་ཐམས་ཅད་མཁྱེན་པ་ས་པཎ་གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལྟ་བུས་ཆོག་མོད། འདི་བརྩམས་མི་དགོས་སོ་ཞེ་ན། བདག་ཉིད་ཆེན་པོ་དེས་ནི་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་ཀྱི་ཆོས་ཐམས་ཅད་སྡོམ་པ་གསུམ་དང་མ་འབྲེལ་བ་མེད་པས། དེའི་སྐབས་ཀྱི་མ་དག་པ་ཐམས་ཅད་སུན་ཕྱུང་བ་ཆོས་དང་ཆོས་མ་ཡིན་པར་རྣམ་པར་འབྱེད་པའི་སྤྱི་ཆིངས་སུ་མཛད་པ་ལས། ཆོ་ག་དང་། སྡོམ་པའི་རྣམ་གྲངས་ལ་སོགས་པ་ལས་ཆོག་དང་། ཐུགས་བསྐྱེད་ཆེན་མོ་དང་། དབང་བཞིའི་གཞུང་ལ་སོགས་ནས་རྟོགས་དགོས་པར་མཛད་པའི་ཕྱིར་རོ། །འོན་ཀྱང་སྡོམ་གསུམ་གྱི་བཀའ་དང་བསྟན་བཅོས་ཇི་སྙེད་མཆིས་ན་འདིས་ཅི་བྱ་ཞེ་ན། དེ་ལྟར་ལགས་ཀྱང་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཚིག་ལ་དོན་འདུས་པར་བཤད་ཀྱི། གཞན་དུ་བདེ་བར་གཤེགས་པས་སྔར་མ་བསྟན་པའི་གཞུང་གཅིག་འདིར་འཆད་པ་མིན་ཏེ། དེ་ཡིན་ན་ནང་པ་སངས་རྒྱས་པའི་ལུགས་ལས་གཞན་ཞིག་ལགས་པར་མི་འགྱུར་རམ། ཇི་སྐད་དུ། སྤྱོད་འཇུག་ལས། སྔོན་ཆད་མ་གྲགས་པའང་འདིར་བརྗོད་མིན། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བདག་གིས་འདིར་མ་བྱས། །རང་གི་ཡིད་ལ་བྷཻ་ཕྱིར་ངས་འདི་བརྩམ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྒྱུ་མཚན་གཞན་ཡང་། མདོ་སྔགས་ལམ་རྣམས་མུ་མེད་འགྲོ་བའི་ཕྱིར། །ཚང་ལ་མ་ནོར་ལམ་འདི་རྒྱལ་བས་གསུངས། །གངས་ཅན་འདི་ན་དེ་དག་ཕྱོགས་རེར་འཛིན། །གཅིག་ཏུ་སེམས་ཀྱང་སྡོམ་གསུམ་མིང་ཙམ་ལུས། །མདོ་སྔགས་མུ་མེད་པ་དག་ཀྱང་གང་ཟག་གཅིག་གི་ལམ་གྱི་ཆོས་སུ་མ་ཚང་བ་མེད་པར་འདུས་པ་ལས། ལ་ལ་ཞིག་འདུལ་བ་ལ་ཞུགས་ཀྱང་བྱང་སེམས་བསྡུས་མི་ཤེས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པར་ཞུགས་ཀྱང་གསང་སྔགས་ལ་སོགས་པ་ཀུན་འགལ་བར་འཛིན་ནས་གཅིག་ཏུ་བསྡུས་མི་ཤེས་པ་དག་ལ་ཕན་པའི་ཕྱིར། གང་ཟག་གཅིག་གིས་ཇི་ལྟར་ཉམས་སུ་བླང་ཚུལ་སྟོན་པ་ཡིན་ཏེ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། དེང་སང་ཕལ་གྱི་བློ་མིག་མ་དག་པས། །སྔགས་དང་ཕ་རོལ་ཕྱིན་གཞུང་སོ་སོའི་ལམ། །འགལ་བར་འཛིན་ནས་གཅིག་ཏུ་སྡུད་མི་ཤེས། །དེ་ཕྱིར་དེ་དག་ཕྱོགས་རིས་མིག་ཅན་ཡིན། །འདིར་ནི་རྒྱུ་འབྲས་ཐེག་པའི་ཟབ་དོན་མཆོག །གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་ཐབས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། བསྟན་བཅོས་འདི་ནི་མཁས་གྲུབ་དུ་མའི་ལེགས་བཤད་ལས། སྒྲིམ་པོའི་བློ་ཡིས་ཕྱོགས་གཅིག་དག་ཏུ་བཀོད། །དེ་ཕྱིར་ནོངས་པའི་དྲི་མ་མེད་སྙམ་རློམས། །དགེ་དེས་ཀུན་གཟིགས་གོ་འཕང་མྱུར་ཐོབ་ཤོག །ཅེས་སྨོས་ཏེ། བསྟན་བཅོས་འདིར་ནི་མ་རྟོགས་པ་དང་ལོག་པར་རྟོག་པ་འགའ་ཡང་མེད་དེ། བདེ་བར་གཤེགས་པའི་བཀའ་དང་། མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་བཅོས་དུ་མ་ལ་ཐོས་བསམ་བྱས་པའི་མཐུ་ལས་བྱུང་བའི་ཕྱིར། དེས་ན་དགེ་བ་འདིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་ཅེས་པ་སྟེ། རྒྱུད་བླ་མ་ལས། དེ་ལྟར་ཡིད་ཆེས་ལུང་དང་རིག་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་ཚོགས་དང་ལྡན་བློ། །དེ་དག་རྗེས་སུ་བཟུང་ཕྱིར་འདི་བཤད་དོ། །ཞེས་ལེགས་པར་གསུངས་སོ། །གསུམ་པ་ནི། དེ་ལྟར། སྡོམ་གསུམ་རྣམ་ངེས་ཚིག་གི་རིམ་པར་ཕྱེ་བ་འདི་ཡང་། གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས། ལྷོ་ཕྱོགས་ཀྱི་རྒྱུད་དུ་ངེས་པར་འབྱུང་བའི་བསམ་པ་ཅན། བོད་ལའང་ཡུལ་གླིང་ཆེན་པོ་གསུམ་ལས། སྟོད་མངའ་རིས་སུ་བྱོན་པའི་གཏེར་སྟོན། པདྨ་དབང་གི་རྒྱལ་པོས་བཀོད་པ་ཡོངས་སུ་རྫོགས་སོ། །ཞེས་པའོ། །ཐོག་མ་བར་དང་མཐར་དགེ་བ་ཞེས་དགེའོ་གསུམ་གཞན་དུ་འབྱུང་བ་ལས། འདིར་སྡོམ་གསུམ་རྣམ་ངེས་ལ་དགེའོ། །ཞེས་གཉིས་བྱུང་བ་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། །ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་ལྟར་རམ། རང་དོན་ཆོས་སྐུ་འགྲུབ་པས་དགེ་བ་དང་། གཞན་དོན་གཟུགས་སྐུ་འགྲུབ་པས་དགེ་བ་གཉིས་ཡིན་པར་དམ་ཆོས་པདྨ་དཀར་པོ་ལས་གསུངས་སོ། །དེ་ལྟར་རྒྱལ་བའི་གསུང་རབ་རབ་འབྱམས་རྒྱ་མཚོའི་སྐབས་གསུམ་ལམ་ཡངས་པར། ལེགས་བཤད་སྡོམ་གསུམ་རྟ་བདུན་དབང་པོ་མ་ལུས་སྐྱེ་དགུའི་འདྲེན་བྱེད་མཆོག །རབ་གསལ་ཚིག་དོན་སྒྲིབ་མེད་རྣམ་བཀྲའི་སྣང་བ་ཕྱོགས་ཀྱི་མཐར་ཁྱབ་པས། །སྐལ་བཟང་བློ་ཡི་པདྨོ་ཆེས་ཆེར་རབ་བཞད་ཐར་གླིང་སྣང་བྱེད་ཡིན། །གྲངས་མེད་རྒྱལ་བ་སྔ་ཕྱིར་གཤེགས་པའི་ཤུལ། །རྒྱུ་འབྲས་ཐེག་པ་ཀུན་གྱི་ཉམས་ལེན་གནད། །རྣམ་གྲོལ་བྱང་ཆུབ་བསྒྲོད་པའི་ལམ་བཟང་མཆོག །སྡོམ་གསུམ་རྣམ་ངེས་རྣམ་བཤད་འདི་བྱས་སོ། །གང་ཞིག་རྩོམ་པ་པོ་དག་ཆོས་ཉིད་བདེན་མཐོང་མིན་ཡང་རང་ངོ་མཐོང་ལོ་ཙམ། ཡི་དམ་གནང་བ་མ་ཐོབ་ནའང་པད་འབྱུང་གཉིས་པའི་བཀའ་ཡི་གནང་བ་ཐོབ། །རིག་གནས་ལྔ་མཁས་མིན་ཀྱང་གསུང་རབ་རྒྱ་མཚོའི་གནས་ལ་བློ་ཁ་འདུད་པ་སྐད། །མཁས་གྲུབ་བཤེས་གཉེན་མང་པོའི་ཞབས་པད་བརྟེན་བྱས་བརྒྱུད་པའི་མན་ངག་ཡོད་མཆིས་གྲགས། །བདག་བློའི་རྣམ་དཔྱོད་ཡིད་མཁར་ཐོས་བསམ་ཆུ་ཡི་ཤིང་རྟ་རབ་ཏུ་འཁྲིགས། །དོན་ཟབ་དབྱར་གྱི་རྔ་གསང་ཆེར་སྒྲོག་མོས་དགེ་ཕུན་ཚོགས་གློག་ཕྲེང་ཅན། །ལེགས་བཤད་བདུད་རྩིའི་ཟེགས་མས་སྐལ་བཟང་བློ་གྲོས་མྱུ་གུ་རབ་རྒྱས་ནས། །གང་ཞིག་ཆོས་ཀྱི་ཕོངས་པའི་བྲུ་ཚ་བ་དག་མིང་གི་མཐར་བྱེད་ཡིན། །བརྩོན་པ་རྒྱ་མཚོའི་ནོར་འཛིན་ལས་འཐོན་རྣམ་དཀར་བསོད་ནམས་རྐང་འཐུང་མཆོག །ལྷག་བསམ་ཡལ་འདབ་རབ་རྒྱས་རང་གཞན་དོན་གཉིས་གྲིབ་བསིལ་ཀུན་ནས་གཡོ། །ཟབ་དོན་འབྲས་མང་དང་བཅས་ཀུན་ནས་དགའ་བའི་པདྨོ་འཛུམ་པ་ཅན། །དོན་གཉིས་འདབ་བཟང་ཡོངས་ཀྱིས་དགའ་བས་བསྟན་སླད་ཁོ་བོས་འདི་སྐད་དོ། །དགེ་བ་དེ་ཡིས་འདི་ནས་ཆོས་བཟོད་མ་ཐོབ་བར། །བདེ་གཤེགས་གསུང་རབ་མཛོད་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྣམ་ཀུན་རྗེས་བཟུང་སྟེ། །སྐྱེ་དགུ་འདྲེན་པའི་དཔལ་དང་མགོན་དུ་བདག་གྱུར་ཅིག །གང་ཡང་བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །སྡོམ་པ་གསུམ་དང་འགལ་བའི་ལས་རྣམས་ཀུན་བྱང་ནས། །བསླབ་གསུམ་སྤང་རྟོགས་རབ་རྒྱས་མཆོག་མཐུན་གྲུབ་བརྙེས་ནས། །ཚེ་དེས་བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པར་ཤོག །སླར་ཡང་འགྲོ་ཁམས་ཇི་སྲིད་བར། །སྤྲུལ་དང་ཡང་སྤྲུལ་སྒྱུ་མའི་གར། །འགྲོ་རེའི་དོན་དུ་བདག་མཆིས་ཏེ། །ཀུན་མཁྱེན་ས་ལ་དཀྲི་བར་ཤོག །སངས་རྒྱས་བསྟན་པའི་རྫིང་བུ་བསྟན་འཛིན་པདྨོའི་ཚོགས་ཀྱིས་ཡོངས་གང་ཞིང་། སྐྱེ་དགུ་ངང་མོའི་ཚོགས་རྣམས་ཉེར་འཚེ་མེད་པར་ཆོས་བཞིན་སྤྱོད་པས་རྒྱུ། ལེགས་ཚོགས་རྟེན་འབྲེལ་རྣམ་དག་དབང་པོའི་གཞུ་སྦྲེང་རང་གཞན་རྒྱུད་ལ་བཀྲམ། དོན་གཉིས་ལྷུན་གྲུབ་སྦྲང་ཆར་སིལ་མས་འགྲོ་ཀུན་དགའ་བའི་དཔལ་བསྐྱེད་ཤོག །ཅེས་སྡོམ་པ་གསུམ་རྣམ་པར་ངེས་པའི་འགྲེལ་པ་རྣམ་གྲོལ་ལམ་བཟང་ཞེས་བྱ་བ་འདི་ཡང་། རིག་འཛིན་ཆེན་པོ་པད་མ་སམ་བྷ་ཝ་དང་དབྱེར་མ་མཆིས་པའི། དཔའ་བོ་དང་ཌཱཀྐིའི་ཚོགས་དཔོན་གྲུབ་པའི་དབང་ཕྱུག་རིག་འཛིན་བདུད་འདུལ་རྡོ་རྗེ་དང་། མཐུ་སྟོབས་དབང་ཕྱུག་ཀློང་གསལ་སྙིང་པོ་དང་། བཱཻ་རོ་ཙ་ན་དང་ངོ་ཉིད་དབྱེར་མེད་པ་པད་མ་གར་དབང་འགྱུར་མེད་རྡོ་རྗེ་དང་། སྤྲུལ་པའི་སྐུ་མཆོག་མི་འགྱུར་རྡོ་རྗེ་སྟེ། གཏེར་སྟོན་བཞིའི་ཞབས་ཀྱི་པད་མོ་ལ་སྤྱི་བོས་བཏུད་ཅིང་། སྨིན་གྲོལ་གྱི་བདུད་རྩི་ཐོབ་པ། གཞན་ཡང་མཁས་གྲུབ་དུ་མའི་གསུང་གི་བདུད་རྩིས་ལེགས་པར་འབྱོར་བ། ཀུན་མཁྱེན་པད་མ་བློ་གྲོས་ཀྱི་རིགས་ཆོས་ཀྱི་བརྒྱུད་པ་འཛིན་པ། ཤར་ཕྱོགས་མདོ་ཁམས་སྟག་བུའི་ཡུལ་དུ་སྐྱེས་པའི་ཚངས་སྤྱོད་ཀྱི་དགེ་བསྙེན་སེམས་དཔའ་ཆེན་པོ་གསུམ་ལྡན་རྡོ་རྗེ་འཛིན་པ། པད་མ་བློ་ལྡན་གྱིས། རང་གིས་བརྗེད་ཐོ་ཟིན་བྲིས་འགའ་ཞིག་སྔ་སོར་བྲིས་པ་ལས། རིག་འཛིན་བདུད་འདུལ་རྡོ་རྗེ་དང་། རྩ་བའི་བླ་མ་ཀཱ་མ་ལ་བིཪྱཱ་དྷ་རས། གསུང་གིས་མཐར་ཐུག་པར་བྲིས་ཞེས་ཡང་ཡང་བཀའ་སྩལ་པ་སྤྱི་བོར་མནོས་ཏེ། བར་ཁྲོད་སྨིན་གྲོལ་ཆོས་ལྡིང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བ་དགེའོ། །དགེའོ། །བསྟན་བཅོས་རྩ་བའི་བརྒྱུད་པ་ནི། མངའ་རིས་པ་པད་མ་དབང་རྒྱལ། གནུབས་དབོན་བྱམས་པ་ཆོས་ཀྱི་རྒྱལ་མཚན། རིག་འཛིན་སྟོབས་ཆེན་གྲུབ་པ། དགེ་སློང་སངས་རྒྱས་རྡོ་རྗེ། སྟག་བླ་པད་མ་རྡོ་རྗེ་དང་པད་མ་རིག་འཛིན་གཉིས་ཀ་ལ་ཁོ་བོ་པདྨ་བློ་ལྡན་གྱིས་ཞུས་པ་ལགས།། །