དམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་ཆིངས་ཀྱི་རྩ་བ་གསུང་རབ་རིན་པོ་ཆེའི་མཛོད།
དམ་པ་བདེ་གཤེགས་ཀྱིས་མཛད་པའི་ཐེག་དགུ་སྤྱི་ཆིངས་ཀྱི་རྩ་བ་གསུང་རབ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཉམ་ཉིད་ཆོས་སྐུ་གསང་བའི་སྐུ། །ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་སྐུ། །སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས། །དཔལ་ལྡན་ཀུན་བཟང་ཕྱག་འཚལ་ལོ། །འཕགས་ཚོགས་ཀུན་ལ་ཕྱག་འཚལ་ནས། །ཤེས་ལྡན་ཀུན་ལ་ཕན་གདགས་ཕྱིར། །ཚད་མ་གསུམ་དང་མི་འགལ་བར། །ཐེག་པ་ཀུན་གྱི་སྤྱི་ཆིངས་བརྗོད། །ཆོས་རྣམས་ཀུན་གྱི་གནས་ཚུལ་ནི། །ལྡོག་ཕྱོགས་རྣམ་པ་ལྔ་རུ་འགྱུར། །གནས་ཚུལ་འཁྲུལ་དང་ཐུགས་རྗེས་གཟིགས། །ཐུགས་རྗེ་སྐྱེས་ནས་དོན་མཛད་ཚུལ། །མཚོན་ཚུལ་བརྗོད་པ་རིམ་བསྟན་ཀྱང་། །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །མ་འདྲེས་ཡོངས་སུ་རྫོགས་པས་ན། །སྔ་ཕྱི་མེད་པར་མཉམ་རྫོགས་ཡིན། །ཐོག་མར་བསྟན་པའི་དོན་ཉིད་ནི། །དཀྱིལ་འཁོར་གསུམ་པོ་དབྱེར་མེད་ཅིང་། །ཤེས་བྱ་ཀུན་གྱི་གཞིར་གནས་པས། །ཐམས་ཅད་ངོ་བོ་མཉམ་པ་ཡིན། །ལྷན་ཅིག་བྱེད་དང་ཉེ་བར་ལེན། །མ་རིག་རྣམ་པ་གཉིས་མཐུ་ཡིས། །མ་རྟོགས་པ་དང་ལོག་པར་རྟོག །རྒྱལ་པོའི་ཕྲུ་གུ་འཁྱམས་པ་བཞིན། །གསུམ་གཉིས་བཞི་ཡི་རྐྱེན་དག་གིས། །བསྐྱེད་དང་ཕན་དང་སྟོབས་རྒྱས་བྱེད། །འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས། །ཞེན་མཐུས་རྨི་ལམ་བརྟས་པ་བཞིན། །ཡེ་ནས་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །བདེ་སྡུག་ཡུལ་དུས་ལུས་ལ་སོགས། །བདག་དང་བདག་གིར་སོ་སོར་འཛིན། །ཡང་། སྲིད་པ་མིང་ཙམ་ལོག་པའི་སྟོབས། །དེ་བས་ཏིང་འཛིན་མཉམ་དང་བྲལ། །དེ་ལ་ཐ་ཚིག་ཕྱི་དང་ནང་། །རང་བཞིན་ཕུང་པོ་ཁམས་བཞིན་གནས། །སྐྱེ་རྒས་ན་དང་འཆི་བ་དང་། །འཇིག་ཆགས་སྟོང་གནས་བཞི་པོ་ནི། །རྟེན་འབྲེལ་བཅུ་གཉིས་ཚུལ་དག་ཏུ། །ཕྱི་ནང་གཉིས་ཀ་འཁོར་བའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །གདུལ་བྱར་གཟིགས་པར་མཛད་པ་ཡང་། །མ་འདྲེས་ཡོངས་སུ་རྫོགས་པས་ན། །རྣམ་རྟོག་མི་མངའ་ས་ལེར་མཁྱེན། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །དེ་བཞིན་ཉིད་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །དེ་བཞིན་ཉིད་ལས་མ་གཡོས་ཏེ། །ཆོས་ཀྱི་དབྱིངས་སུ་དབྱེར་མེད་ཀྱང་། །གཟུང་འཛིན་བྲལ་བའི་རིག་པ་ཉིད། །ཡེ་ཤེས་ཡུལ་བྲལ་དུས་གཅིག་འཆར། །ཐུགས་རྗེ་ཆེན་པོའི་བྱུང་ཚུལ་ནི། །རྟག་རྒྱུན་རང་བཞིན་ཤུགས་སྐྱེ་དང་། །ཡུལ་དང་ཕྲད་ནས་སྐྱེ་བ་དང་། །བསྐུལ་ཞིང་གསོལ་བཏབ་ཚུལ་གྱིས་སྐྱེ། །ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱིས། །འབྱུང་བཞི་ལྟ་བུའི་གདུལ་བྱ་ལ། །བྱ་བཙལ་མེད་པར་བརྡལ་ཁྱབ་པའང་། །མཐའ་དབུས་དབྲི་བཀོལ་རྒྱུན་ཆད་མེད། །འགྲོ་དྲུག་གདུལ་བྱ་ཐམས་ཅད་ལ། །འབྱུང་ཆེན་ཡོངས་སྙོམས་ཐུགས་རྗེ་ཡིས། །བསྐྱེད་འཚོ་བརྟེན་སོགས་བྱ་བ་རྣམས། །སྤང་ལེན་མེད་པར་རྒྱུན་དུ་འཆར། །ཉི་མ་ལྟ་བུའི་ཐུགས་རྗེ་ཡིས། །གླིང་བཞིར་གནས་པའི་སྣང་བ་ཀུན། །དབྲི་བཀོལ་མེད་པར་ཁྱབ་པ་བཞིན། །སྤང་ལེན་མེད་པའི་ཐུགས་རྗེ་འཆར ། །ཡང་། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་ལྟ་བུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་ཤར་བཞིན་དུ་སྙོམས་མཛད་པ། །ཞེས་གསུངས་ལུང་གིས་བགྲོད་དང་སླ། །ཡང་ན། རྟག་རྒྱུན་འབྱུང་བ་འདི་ལྟ་སྟེ། །གདུལ་བྱའི་ཁམས་རྣམས་མ་ལུས་པར། །དག་དང་མ་དག་གྲགས་མ་གྲགས། །སྤྲུལ་པའི་འཁོར་ལོ་རྒྱུན་མི་ཆད། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །སྤྲུལ་པ་ནི་མ་བྱུང་མ་མྱོང་རྒྱུན་དུ་འབྱུང་བའོ། །དེ་བཞིན་གཤེགས་པ་རྣམས་ནི་དེ་བཞིན་ཉིད་ལས་མ་གཡོས་པར། སེམས་ཅན་གྱི་ཁམས་འདུ་ཤེས་མཐའ་ཐུག་པ་མེད་པ་དང་གཟུགས་དང་། སྒྲ་དང་། སྤྱོད་པ་མཐའ་ཐུག་པ་མེད་པ་རྣམས། མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་གནས་པ་དང་། མི་འགྲེལ་བ་ནི་གང་ཡང་མེད་དོ། །དེ་སྐད་གསུངས་དགོངས་པ་འདུས་པའི་ལུང་ལས་ཀུན་བཟང་གིས་པས་ཀུན་མཁྱེན་གྱིས་ཡང་དག་རྫོགས་པའི་སངས་རྒྱས། །གདུལ་བྱར་གྱུར་པ་ཡུལ་ལ་སྤྲུལ་པ་རྒྱུན་ཆད་མེད་པར་འབྱུང་སྟེ། གཏན་ཚིགས་ཅིའི་ཕྱིར་བྱུང་ན་ཐམས་ཅད་ཀུན། །རང་བཞིན་དབྱེ་བ་མེད་པ་དང་། །ཞེན་གཉིས་དག་དང་ཐུགས་རྗེའི་ཕྱིར། །ཞེན་པ་མི་མངའ་ས་ལེར་མཁྱེན། །རང་བཞིན་ཤུགས་ཀྱིས་སྐྱེ་བ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ནི། །ཞེན་པ་གཉིས་ཀྱི་མུན་པ་དངས། །འགྲོ་དྲུག་མུན་པ་གཉིས་ཀྱིས་བསྒྲིབས། །གཉིད་སད་པ་ཡི་སྐྱེས་བུའི་དྲུང་། །གཉིད་ཀྱིས་ནོན་པ་ཇི་ལྟ་བཞིན། །དམ་པ་རྣམས་ཀྱི་ཐུགས་རྗེ་ཡིས། །མི་གཟིགས་མི་མཁྱེན་གང་ཡང་མེད། །ཡུལ་དང་ཕྲད་པའི་ཐུགས་རྗེ་ནི། །སྔོན་བྱུང་ཐར་པ་ནག་པོ་སོགས། །ཁྱད་པར་ལས་ཀྱིས་སྦྱངས་པ་ཡི། །རྡོ་རྗེ་ཐེག་ལ་བརྟེན་ལོག་སྟེ། །གོལ་ས་རྣམས་སུ་སོང་བ་དག །བདག་གཞན་ཀུན་ལ་གནོད་པ་ལས། །ཀུན་མཁྱེན་ཐུགས་རྗེས་ཡོངས་གཟིགས་ནས། །ཞི་བའི་དབྱིངས་ལས་མ་གཡོས་པར། །འབར་བ་ཆེན་པོའི་ཆ་ལུགས་ཀྱིས། །འཁོར་བཅས་དུག་གསུམ་གནས་སུ་སྦྱོང་། །རྣམ་ཤེས་ཟག་མེད་དབྱིངས་སུ་བསྒྲལ། །དཔེར་ན་སྦྱིན་བདག་ཕྱུག་པོ་ཡིས། །ལོང་སྤྲང་མཐོང་བར་གྱུར་པའི་ཚེ། །སྙིང་རྗེའི་ཟས་ཀྱིས་ཚིམ་བྱས་པས། །བཀྲེན་པའི་སྡུག་བསྔལ་བསལ་བཞིན་ནོ། །བསྐུལ་ཞིང་གསོལ་བ་གདབ་པ་ནི། །སྟོན་པ་མྱ་ངན་འདས་རྗེས་ནས། །བརྒྱ་དང་བཅུ་གཉིས་ལོ་ཡི་དུས། །དྲི་མེད་གྲགས་སོགས་དམ་པ་རྣམས། །མ་ལ་ཡ་ཡི་རྩེ་ལ་ལྷགས། །བདག་གཞན་ཀུན་གྱིས་དོན་གྱི་ཕྱིར། །གདུང་ཚིགས་ཉི་ཤུ་རྩ་གསུམ་གྱིས། །ཕྱོགས་བཅུའི་རྒྱལ་ལ་གསོལ་བ་གདབ། །རྒྱལ་བའི་ཐུགས་རྗེས་དེ་དགོངས་ནས། །སྤྲུལ་པ་གསང་བདག་གནས་སུ་འདུས། །ལུང་ཆེན་ཚིག་གིས་བགྲོ་བར་བྱས། །གསང་བདག་རྒྱལ་ཚབ་ཆེན་པོ་ཡིས། །གདུང་བ་བསལ་བར་ཞལ་གྱིས་བཞེས། །མ་ལ་ཡ་ཡི་རྩེ་ལ་བྱོན། །རྡོ་རྗེ་ཐེག་པ་ཆར་བཞིན་ཕབ། །རི་རབ་རྩེ་དང་ཨུ་རྒྱན་གནས། །ལྷ་མིན་དབང་པོའི་ཁང་བཟང་དང་། །གནོད་སྦྱིན་རྒྱལ་པོའི་ཕོ་བྲང་དང་། །མཁའ་འགྲོ་ཕོ་མོའི་གནས་རྣམས་སུ། །གདུལ་བྱ་སོ་སོའི་མོས་པ་བཞིན། །བསྟན་པའི་སྙིང་པོ་གསང་སྔགས་བཤད། །རྡོ་རྗེ་ཐེག་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་སོགས་སྐལ་ལྡན་རྣམས། །ཚེ་གཅིག་རྫོགས་སངས་རྒྱས་གྱུར་ཏེ། །འཁོར་བཅས་ཞི་བ་ཆེན་པོར་གཤེགས། །སླད་ནས་འགྲོ་བ་སྐལ་ལྡན་གྱིས། །སྒྲུབ་པ་རྩེ་གཅིག་མོས་པ་ཡིས། །རང་རང་ལྷ་ལ་གསོལ་བཏབ་པས། །བསྙེན་སྒྲུབ་ཡན་ལག་གཞུང་བཞིན་སྤྱད། །ལྟ་སྤྱོད་དམ་ཚིག་མ་ནོར་ཏེ། །བསམ་གཏན་བརྩོན་ལྡན་མཐར་ཕྱིན་པས། །ལས་དང་ཉོན་མོངས་དག་གྱུར་ཏེ། །འདོད་པ་ལྷ་ཡི་ཞལ་གཟིགས་ཤིང་། །ལུང་བསྟན་འབྲས་བུ་མངོན་དུ་བྱས། །དེ་དག་ཐུགས་རྗེ་བསྐུལ་བ་དང་། །དག་ཐོབ་གསོལ་བ་བཏབ་པ་ཡི། །ཐུགས་རྗེ་ཡིན་པ་རྒྱལ་བས་གསུངས། །ཐུགས་རྗེ་སྐྱེས་ནས་དོན་མཛད་ཚུལ། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །གདུལ་བྱ་འདུལ་ཐབས་ཐེག་པ་ཡང་། །རེ་རེའང་གསུམ་དུ་གནས་པ་ཡིན། །འདོད་ལ་ཞེན་དང་ངེས་པར་འབྱུང་། །གདུལ་དཀའ་དྲག་པོའི་གདུལ་བྱ་རྣམས། །འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །རང་བཞིན་ཤུགས་དང་གཉེན་པོའི་ཐབས། །ལས་ངན་ལས་རྒྱུན་གཅོད་པ་གསུམ། །གདུལ་བྱ་ཐེག་པ་འདུལ་ཐབས་སུ། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །དེ་དག་རྒྱས་པར་བཤད་པ་ནི། །འཁོར་ལོ་རྒྱུན་གྱི་གདུལ་བྱ་ནི། ཁམས་གསུམ་གནས་པའི་འགྲོ་བ་རྣམས། །ཞེན་གསུམ་འདོད་པ་མ་བྲལ་བས། །འདོད་ལ་ཞེན་པའི་གདུལ་བྱར་བརྗོད། །འཁོར་ལོ་རྒྱུན་གྱི་ཐེག་པ་ཡང་། །ཡེ་ནས་སངས་རྒྱས་ཞེས་བསྒྲགས་པ། །ཆེན་པོ་ལྔར་སྣང་གང་འདི་དག །ཐུགས་རྗེ་རྟག་པའི་སངས་རྒྱས་ཏེ། །འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །མ་བཅོས་རྟོག་བྲལ་ཡེ་ནས་དག །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །སྐྱེ་དང་འཚོ་དང་རྟེན་པ་ཡི། །རྒྱུ་དང་རྐྱེན་དང་གནས་པ་ཡི། །མི་རྟོག་ངང་གིས་ཀུན་འབྱུང་བས། །ངང་གིས་རྒྱུན་གྱི་འཁོར་ལོར་གནས། །ཆོ་འཕྲུལ་མངོན་པར་འབྱུང་བ་ནི། །དེ་ལྟར་རྒྱུད་ཀྱི་ཐེག་པ་ཡིས། །རང་བཞིན་ཤུགས་ཀྱི་གདུལ་བྱ་སྟེ། །འགྲོ་ཀུན་སྐྱེ་འཚོ་བརྟེན་ནས་ནི། །དམ་པའི་འཁོར་ལོ་རབ་བསྐོར་ནས། །དེ་ཉིད་ཉམས་སུ་བླང་བ་ཀུན་ཀྱང་མཐར་ཟག་པ་མེད་པའི་དབྱིངས་འཕགས་པའི་ལམ་ལ་བཀོད་དོ། །དམ་པའི་སངས་རྒྱས་རྣམས་ཀྱིས་དོན་དམ་ངེས་པའི་ཐེག་པས་འདུལ་བའི་གདུལ་བྱ་གཏན་ཚིགས་ཅིའི་ཕྱིར་མ་གྱུར་ན། སྤྱོད་ཡུལ་མ་གྱུར་པའི། །ཤིན་ཏུ་དུག་གསུམ་བདོ་བ་ཡིས། །གདུལ་དོན་དམ་ངེས་པའི་ཐེག་པས་བར་དཀའ་བའི་སེམས་ཅན་རྣམས་ལ། །བསྐལ་པའི་འཁོར་ལོ་གདུལ་བྱ་སྟེ། །ཞེན་དང་རྨོངས་དང་འཁྲུགས་པ་ཡི། །ལས་ངན་འདུ་ཤེས་ངན་པ་རྣམས། །རྒྱུན་གཅོད་བསྒྱུར་བའི་ཕྲིན་ལས་ནི། །དམ་པའི་འཁོར་ལོ་བསྐོར་བྱས་ནས། །འདུལ་བར་མ་གྱུར་དེ་དག་ལ། །བསྐལ་པའི་འཁོར་ལོས་ལས་རྒྱུན་གཅོད། །སྲེད་ཞི་འཚོ་བྲལ་བསྐལ་པ་ཡིས། །སེམས་དང་ཡིད་ཀྱི་ལས་རྒྱུན་གཅོད། །བཟོད་ལྡན་རྨོངས་པའི་བསྐལ་པ་ཡིས། །ཞེན་པས་ཆགས་པའི་ལས་རྒྱུན་གཅོད། །ཐབས་འཛིན་མཚོན་ཆའི་བསྐལ་པ་ཡིས། །དངོས་པོས་དངོས་པོ་ཐམས་ཅད་གཅོད། །ལྷག་མཐོང་མེ་ཡི་བསྐལ་པ་ཡིས། །དངོས་པོའི་ར་བ་མ་ལུས་གཅོད། །ཞི་གནས་ཆུ་ཡི་བསྐལ་པ་ཡིས། །འཛིན་པས་བག་ཆགས་ཐམས་ཅད་འཁྲུ། །ཐོགས་མེད་རླུང་གི་བསྐལ་པ་ཡིས། །ཤེས་བྱ་ཐོགས་མེད་ཀུན་ཏུ་བསྐྱོད། །ཤེས་རབ་ནམ་མཁའི་བསྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོང་། །སྙིགས་མར་གྱུར་པའི་སྐབས་རྣམས་སུ། །འདུལ་བ་རྣམ་གཉིས་ནུབ་པས་ན། །བསྐལ་སོགས་ཐུགས་རྗེས་བསྟན་པ་སྟེ། །ལས་ངན་ལས་རྒྱུན་གཅོད་པའི་ཕྱིར། །སྡུག་བསྔལ་རྣམས་ཀྱི་རྣམ་པར་སྣང་། །འདས་ནས་ནུབ་བོ་ཞེས་པས་ན། །མ་འདས་མ་ནུབ་དེ་ཉིད་དེ། །ཐུགས་རྗེའི་ཤུགས་ཀྱིས་འདུལ་བ་ཡིན། །ཐབས་དང་ཐེག་པ་གང་དག་པས། །ཐ་མའི་ཐ་མར་བཤད་པ་ཡིས། །བར་མ་རྒྱས་པར་བཤད་པ་ནི། །སྲིད་པའི་ཆོས་རྣམས་སྡུག་བསྔལ་ཏེ། །ཐར་པ་འདོད་པའི་སྐལ་ཅན་ལ། །དོན་དམ་ངེས་པའི་ཐེག་པ་ཡང་། །གཉེན་པོའི་ཐབས་ཀྱི་འདུལ་ཐབས་ཀྱིས། །སྲིད་པའི་སྡུག་བསྔལ་རབ་བསལ་ཏེ། །ཟག་མེད་དབྱིངས་ལ་འགོད་པ་རྣམས། །དོན་དམ་ངེས་པར་བརྗོད་པ་སྟེ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །ཞར་ལ་བྱུང་དང་ཐེག་པའོ། །གསང་བའི་སྙིང་པོའི་རྒྱུད་ལས་ཀྱང་། །མ་རྟོགས་པ་དང་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ཏེ། །ཞེས་གསུངས་ཕྱིར་ན་བྱེ་བྲག་ཏུ། །མ་རྟོགས་ཕྱལ་བ་རྒྱང་འཕེན་ཏེ། །ལོག་རྟོགས་མུར་རྟུག་མུ་སྟེགས་པ། །འདི་དག་སྲིད་པ་འཁོར་བའི་ཆོས། །དོན་དམ་ངེས་པར་མི་བརྗོད་དེ། །ཞར་ལ་བྱུང་བའི་ལྟ་བའོ། །མ་རྟོགས་ཕྱལ་བ་རྒྱང་འཕེན་ནི། །ཁམས་གསུམ་སེམས་ཅན་འདི་དག་རྣམས། །དགེ་དང་མི་དགེའི་ཆོས་རྣམས་ལ། །འབྲས་བུ་བདེ་དང་སྡུག་བསྔལ་དག །ཡོད་མེད་གང་དུ་མི་རྟོག་ཅིང་། །དུས་ཀྱི་སྐྱེ་བ་སྔ་ཕྱི་དག །ཡོད་མེད་མི་རྟོགས་ཚེ་འདི་ལ། །སྐྱེ་འཚོ་བརྟེན་པའི་ལས་ཅན་ཏེ། །ལྟ་བ་མེད་པའི་ཕྱལ་བ་པ། །རྒྱང་འཕེན་ལྟ་བ་དེར་མཚུངས་ལ། །ཚེ་འདིའི་ཁྱད་པར་བསྒྲུབ་པའི་ཕྱིར། །གཙང་སྦྲ་ལ་སོགས་སྤྱོད་བྱེད་ཅིང་། །འཇིག་རྟེན་ལྷ་ཡི་གསང་ཚིག་བརྟེན། །བཙན་ཕྱུག་འཕེན་པའི་མཐུ་སྟོབས་ཕྱིར། །དམིགས་དང་སྤྱོད་པའི་ཁྱད་པར་ཅན། །ཡང་དག་དོན་ལས་གོལ་བ་དང་། །ཚེ་འདིའི་ཕན་བསོད་བསྒྲུབ་པའི་ཕྱིར། །རྒྱང་འཕེན་པ་ཞེས་གྲགས་པ་ཡིན། །ཡང་ན་མི་ཤེས་བཞིར་སྨྲ་བ། །ཕྱལ་བ་དམན་རིགས་རིགས་མ་ངེས། །དམན་རིགས་འཇུག་པའི་སྐལ་མེད་ཏེ། །ཤེས་རིག་མེད་པར་དུད་འགྲོ་མཚུངས། །མ་ངེས་སྐལ་ཡོད་རྐྱེན་མ་འཛོམ། །དལ་བཅས་འབྱོར་པ་མེད་དང་མཚུངས། །རྒྱང་འཕེན་རིགས་ཆད་འདུ་ཤེས་ཅན། །རིགས་ཆད་རྒྱུ་རྐྱེན་སྐལ་མེད་ཡིན། །འདུ་ཤེས་ཅན་ལའང་རྣམ་བཞི་སྟེ། །ཡ་ང་རྣམ་གཡེང་ཞེན་པ་ཅན། །མོས་པའི་འདུ་ཤེས་ཅན་ཉིད་དོ། །ཡ་ང་རྣམ་སྨིན་དྲག་པོ་ཡིས། །སྡུག་བསྔལ་ཟབ་པར་འཕེན་བྱེད་པས། །ཤེས་ལྡན་བལྟས་ན་སྐྱི་གཡའ་བས། །ཡ་ང་ཅན་ཞེས་གྲགས་པ་ཡིན། །གཡེང་ཅན་ཚེ་གཅིག་ཆེད་ཕྱིར་དུ། །ཁེ་དང་གྲགས་པས་བློ་ཕྲོགས་ཏེ། །གཡེང་བའི་བྱ་བླག་སྣ་ཚོགས་བྱེད། །ཞེན་པའི་འདུ་ཤེས་ཅན་ཉིད་ནི། །ཟས་ནོར་རིགས་རྒྱུད་ཆེད་ཕྱིར་དུ། །བརྩོན་པས་འཇིག་རྟེན་ལྷ་ལ་བརྟེན། །མིག་འཕྲུལ་ནོར་དང་རྫས་བསྒྲུབ་ཅིང་། །གཞན་གྱི་འདུ་ཤེས་བསྒྱུར་བར་བྱེད། །མོས་པ་ཅན་གྱི་མཚན་ཉིད་ནི། །ལྟ་བ་ཕྱལ་བར་གནས་པ་ལ། །དཀོན་མཆོག་གསུམ་ལ་སྐུར་མི་བྱེད། །སྡིག་པའི་ལས་ལ་ཡ་ང་ཞིང་། །ཅུང་ཟད་དཀར་པོའི་ས་བོན་ལྡན། །བརྒྱུད་ནས་སྦྱོང་བའི་ལས་ཡོད་པའོ། །ལོག་ལྟ་ཅན་ལ་གཉིས་ཡོད་དེ། །མུར་རྟུག་པ་དང་མུ་སྟེགས་སོ། །མུར་རྟུག་པའང་རྣམ་གཉིས་ཏེ། །རང་བཞིན་ལོག་དང་རྐྱེན་གྱིས་ལོག །དང་པོ་མི་དགེའི་རྐྱེན་མེད་ཀྱང་། །ལས་ཀྱིས་སྦྱངས་པས་ལོག་པར་འཛིན། །དགེ་སྡིག་རྒྱུ་འབྲས་ཚེ་སྔ་ཕྱི། །དེ་དག་ཐམས་ཅད་མེད་པར་ལྟ། །ད་ལྟ་སྣང་བ་གློ་བུར་བ། །རྒྱུ་རྐྱེན་མེད་པར་ཤུགས་ཀྱིས་སྣང་། །སྣོད་བཅུད་ཀུན་ལ་དེ་ལྟར་རྟོག །གཉིས་པ་རྐྱེན་གྱིས་ལོག་པ་ནི། །འོད་སྲུངས་རྫོགས་བྱེད་ལ་སོགས་པས། །ལྟ་བ་ཡོངས་སུ་འཛིན་པ་སྟེ། །དཀར་ནག་རྣམ་སྨིན་མེད་སྨྲ་ཞིང་། །སྐྱེ་བ་སྔ་ཕྱི་མེད་པར་སྨྲ། །དེ་ཉིད་རང་གི་གྲུབ་མཐར་འདོད། །ཕྱི་མ་མེད་ཕྱིར་མུར་རྟུག་སྟེ། །རྒྱུ་འབྲས་མེད་འདོད་ཆད་སྨྲ་ཡིན། །མུ་སྟེགས་པ་ཡི་ལྟ་བ་ནི། །བྱེ་བྲག་བཞི་རུ་ཤེས་བྱ་སྟེ། །ཕྲ་མེན་སྤྱོད་དང་རྟེན་ལོག་འཆལ། །རྟགས་ཙམ་འཛིན་དང་ལུང་ཕྱོགས་བརྟེན། །བྱེ་བྲག་བཞི་པོ་འདི་དག་གིས། །རྒྱུ་འབྲས་སྔ་ཕྱི་འདོད་པ་དང་། །ངན་སོང་གསུམ་གྱི་འཇིགས་པ་ལས། །ཐར་འདོད་མཐོ་རིས་ཐོབ་འདོད་ཀྱང་། །ལྟ་ལོག་ལྟ་སྤྱོད་ཡ་ཆར་འགྱུར། །འབྲས་བུའི་ཞེ་འདོད་མ་བྲལ་ཏེ། །ཀུན་ཏུ་ཚོལ་བའི་ལམ་དུ་ཞུགས། །ཕྲ་མེན་སྤྱོད་པའི་མཚན་ཉིད་ནི། །ཐར་པ་འདོད་ཅིང་བདག་ཏུ་ལྟ། །མཐོ་རིས་བཞེང་ཕྱིར་མི་དགེ་བསྒྲུབ། །ཕྱིན་ཅི་ལོག་པ་བཞི་ལ་གནས། །འདི་དག་ཀུན་ལ་དངོས་པོར་སྨྲ། །འདོད་དང་ལྟ་སྤྱོད་མི་མཚུངས་པས། །ཕྲ་མེན་སྤྱད་ཅེས་དེ་ལ་བྱ། །རྟེན་ལོག་འཆལ་བའི་མཚན་ཉིད་ནི། །ཚངས་པ་ལ་སོགས་ལྷ་ཆེན་དག །བསོད་ནམས་སྦྱངས་པའི་སྟོབས་ལས་བྱུང་། །སྦྱངས་སྟོབས་ཆེ་བས་མངའ་དབང་བརྙེས། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དེ། །འཇིག་རྟེན་ཀུན་གྱི་གཙོ་བོ་འགྱུར། །ལོག་ལྟ་ཅན་གྱིས་མ་ཤེས་ཏེ། །ཕྱ་དང་དབང་ཕྱུག་མིང་བཏགས་ནས། །དེ་དག་རང་རྒྱུད་ཡེ་གྲུབ་སྨྲ། །དེ་ཡི་གོ་འཕང་ཐོབ་འདོད་ཕྱིར། །མེ་ལྔ་བསྟེན་དང་དབྱུག་གུ་དང་། །ཁྱི་ཡི་དཀའ་ཐུབ་ལ་སོགས་ཀྱིས། །ལོག་པའི་བརྟུལ་ཞུགས་སྣ་ཚོགས་བྱེད། །དུག་གསུམ་རྡུལ་དང་མུན་པ་དང་། །སྙིང་སྟོབས་དག་གི་བྱེ་བྲག་ལས། །ཆ་མཉམ་མི་མཉམ་ཁྱད་པར་གྱིས། །རྒྱུ་དང་འབྲས་བུ་ཡིན་པར་སྨྲ། །རིན་ཆེན་གསུམ་ལ་རྟེན་ལོག་ནས། །དངོས་བརྟགས་འཇིག་རྟེན་རྟེན་འཆའ་བས། །འཆལ་བའི་སྤྱོད་པ་སྣ་ཚོགས་བྱེད། །ཐོབ་བྱའི་འབྲས་བུ་མི་ཐོབ་སྟེ། །སྡུག་བསྔལ་ཅན་དུ་ཕལ་ཆེར་གཞོལ། །རྟེན་ལོག་འཆལ་བའི་མཚན་ཉིད་ཡིན། །རྟགས་ཙམ་འཛིན་པའི་མཚན་ཉིད་ནི། །སྤྲུལ་པ་སྔ་མ་འདས་པ་ཡི། །བསྟན་པའི་སྙིགས་མར་གྱུར་པའི་ཚེ། །བསྟན་པ་དེ་ཡི་གཟུགས་བརྙན་ལ། །འཇུག་འདོད་གཡོན་ཅན་རློམ་བཅས་ཀྱི། །ཤེས་རབ་གསུམ་ལ་མ་སྦྱངས་པས། །བསྟན་པའི་དོན་ལ་རྟོག་དཔྱོད་བྱས། །བདེན་གཉིས་བརྗོད་བྱའི་དོན་མ་ཕིག །ཟབ་མོའི་དོན་ལ་ཞེན་ཕྱོགས་དྲངས། །དེ་གང་ཡིན་ཞེ་ན་རིག་བྱེད་ཀྱི་བུ་ལྷག་སྤྱོད་ལ་སོགས་དང་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར། པས། །ལོག་པར་སྨྲ་བ་མང་དུ་བྱུང་། །མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཅེས་བྱ་བ་ལྟ་བ་དང་གྲུབ་མཐའ། ལ་ཅི་འདྲ་བྱུང་ན་ལ་རྒྱུ་ལས་འབྲས་ཚེ་སྔ་ཕྱི་ཐམས་ཅད་མེད་ནས་འགོག་པ་ཡིས། །ཉི་ཚེ་བའི་སྟོང་པ་ཆད་ལྟ་ཁོ་ནར་བལྟས་སོ། །ལ་ལས་ཡོད་པར་རྣམ་པར་བརྟགས་པ་ཡིས། །འབྲས་བུ་རྟག་པར་རྟོག་པའི་དངོས་པོ་རང་བརྒྱུད་དེ་རྟག་པར་ལྟའོ་མཚན་མར་སྨྲས། །དེ་དག་གིས་བདེ་བར་གཤེགས་པའི་བསྟན་རིན་པོ་ཆེ་ཅིའི་ཕྱིར་མི་རྟོགས་ཞེ་ན་པ་ནི། །ཟབ་ཅིང་གསུང་རབ་འདི་རྒྱ་མཚོ་ལྟར་རྒྱ་ཆེ་དགོངས་པ་སྣ་ཚོགས་བསྟན་པ་གང་ཟག་གིས་མི་རིགས་ཏེ་དཔག་དཀའ་བས། །ཡིན་སྙམ་རང་གིས་དཔྱོད་གྱི་པས་བཀའ་ཟབ་མོའི་དོན་མ་ཕིག་སྟེ། །ལོག་པའི་ལྟ་བ་རྟག་ཆད་སྣ་ཚོགས་འཛིན། །རྟགས་ཙམ་འཛིན་པའི་མུ་སྟེགས་པ་དེས་སེམས་ནི་ལོག་པའི་ལམ་དུ་ཞུགས་ཏེ་རྟག་ཆད་ཀྱི་དོན་ལ་གནས་ཤིང་ཉོན་མོངས་པ་རང་གར་སྤྱོད་པའི། །ལུས་ཀྱི་སངས་རྒྱས་རྟགས་ཆོས་གོས་རྣམ་གསུམ་ལ་སོགས་པ་འཛིན་པས། །རྟགས་ཙམ་འཛིན་པའི་མུ་སྟེགས་པ་ཅེས་དེ་ལ་བྱའོ། །སྤྲུལ་སྐུ་ཤཱཀྱ་སེང་གེའི་བསྟན་པ་རྒས་ཏེ་འཇིགས་ལ་ཉེ་བས། །སྙིགས་མའི་ལྔ་དུས་ལ་དེང་སང་བབ་སྟེ་གོང་གི། །རྟགས་ཙམ་འཛིན་པའི་འགྲོ་བ་དེ། །དེང་སང་ནང་པའི་སངས་རྒྱས་པ་ནང་ན་ཤིན་ཏུ་མང་བར་གསུངས་སོ། །ལུང་གི་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱི་ཕྱོགས་ཙམ་འཛིན་པར་བྱེད་ཅིང་ལྟ་བ་རྟག་ཆད་ཀྱི་མཐར་སོང་བའི་ནི། །རྒྱལ་བའི་བཀའ་ཡི་ཞར་བྱུང་གི་ཐེག་པ་ཡིན་བས། །ཕྱོགས་ནི་མཐུན་པ་ཙམ་གྱི་སྒྲ་རྗེས་སུ་འབྲེལ་བས་མུ་སྟེགས་དེ་དག་གི་མཚན་ཉིད་རྒྱས་པར་བཤད་ཅིང་གསལ་བར་བསྟན་པ་ནི་ལྟ་བ་ལོག་པ་སྟེ། །གྲངས་མཐུན་པ་ལས་དོན་ནོར་པ་སོང་ནས། །ཞེན་རང་གིས་འདོད་པའི་ཕྱོགས་ཀྱིས་འཁྲུལ་པའི་ལམ་དུ་ཞུགས་ནས། །དེའི་ང་རྒྱལ་གྱིས་སྙེམས་པས་དེ་ལས་བཟློག་པར་དཀའ་བའོ། །ལུང་གི་ཕྱོགས་ཙམ་འཛིན་པའི་མུ་སྟེགས་པ་དེ་ཡང་བྱེ་བྲག་རྣམ་བཞི་སྟེ། །ཕྱི་རོལ་པ་དང་ཡང་དག་པ། །གསང་སྔགས་པ་དང་གསང་ཆེན་ཏེ། །ཕྱི་རོལ་པ་ཡང་རྣམ་པ་གསུམ། །བྱེ་བྲག་པ་དང་ཐ་སྙད་པ། །རང་སྣང་ཕྱོགས་གཅིག་ཞེས་བྱ་སྟེ། །ཉན་ཐོས་བྱེ་བྲག་མདོ་སྡེ་པ། །རང་སངས་རྒྱས་ཀྱི་ལྟ་བ་ལས། །ཆ་མཐུན་ཞེན་པ་ལོག་པར་སོང་། །ཡང་དག་པ་ཡང་རྣམ་གསུམ་སྟེ། །ཕྲ་བ་ཟབ་པ་རྒྱ་ཆེ་ཡངས། །འདི་དག་སེམས་ཙམ་རྣམ་བདེན་རྫུན། །དབུ་མ་ཆེན་པོའི་ལྟ་བ་ལས། །ཆ་མཐུན་ཙམ་གྱིས་ལོག་པར་སོང་། །སྤྱོད་པ་ཕྱོགས་མཐུན་ཙམ་དུ་ཞུགས། །ཅི་ཙམ་ཟབ་མོའི་ཚིག་བརྗོད་ཀྱང་། །བདག་འཛིན་གཉིས་པོ་མ་སྤངས་པས། །བསམ་གཏན་ནོར་བའི་ལམ་དུ་ཞུགས། །རྩ་བ་འདི་ལས་གྱེས་པ་ཡི། །ལོག་པའི་ལྟ་བ་དུ་མ་བྱུང་། །གསང་སྔགས་པ་ལའང་རྣམ་གསུམ་སྟེ། །རིག་བྱེད་རིག་སྤྱོད་རིག་སྦྱོར་བ། །བྱ་བ་སྤྱོད་པ་རྣལ་འབྱོར་ལས། །ལྟ་བ་སྤྱོད་པ་བསམ་གཏན་དག །ཆ་མཐུན་ཙམ་སྟེ་དོན་ལས་ལོག །འཛིན་པ་ཞེན་འཁྲུལ་མཐའ་ལ་ཞེན། །བདེར་གཤེགས་སྤྲུལ་སྐུའི་སྣང་བ་ལས། །ཕྱ་དང་དབང་ཕྱུག་དག་ཏུ་འཁྲུལ། །རིག་བྱེད་སྨྲང་འདོན་ལ་སོགས་པས། །དཀའ་ཐུབ་དཀའ་སྤྱད་ཅི་བསྒྲུབ་ཀྱང་། །ཞེན་པའི་མུན་པ་མ་དྭངས་པས། །འཁོར་བ་ཉིད་དུ་སྐྱེ་མང་བརྒྱུད། །ལྟ་བ་འདི་ལས་གྱེས་པ་ཡི། །ལོག་པའི་ལྟ་བ་དུ་མ་བྱུང་། །གསང་ཆེན་པ་ཡང་རྣམ་གསུམ་སྟེ། །བརྟུལ་ཞུགས་ཆེར་སྤྱོད་པ་དང་ནི། །རྒྱལ་དཔོག་པ་དང་རྒྱལ་ཐབས་པ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་ལས། །ལྟ་བ་སྤྱོད་པ་ཏིང་འཛིན་དག །འདྲ་མཐུན་ཙམ་གྱི་ལྟོས་འཁྲུལ་ཏེ། །བདེ་གཤེགས་ལོངས་སྐུའི་གཟུགས་བརྙན་ལས། །སེང་གེ་དང་ནི་འཕྲོག་བྱེད་དང་། །དབྱིག་གི་སྙིང་པོ་དག་ཏུ་འཁྲུལ། །འདྲ་མཐུན་སྤྱོད་པ་ཅི་སྤྱད་ཀྱང་། །སྒྲོ་འདོགས་ཞེན་པ་མ་སྤངས་པས། །ཐར་པའི་འབྲས་བུ་མི་མྱོང་སྟེ། །ལྟ་སྤྱོད་ལོག་པའི་དཀའ་ཐུབ་ཅན། །བསམ་པས་འབྲས་བུ་དག་པར་བཞེད། །རང་རྒྱུད་སྤྱོད་པ་སྣ་ཚོགས་སྤྱོད། །འདི་དག་ཡ་མཚན་ཅན་ཞེས་གྲགས། །དེ་དག་སོ་སོའི་དབྱེ་བ་ཡང་། །མདོ་ཙམ་རབ་ཏུ་བརྗོད་བྱ་སྟེ། །བརྟུལ་ཞུགས་པ་ནི་གསང་སྔགས་ཀྱི། །ཐབས་ཀྱིས་ཟིན་པའི་སྤྱོད་པ་ཡིས། །བདག་གཞན་གཉིས་ཀྱི་དོན་བསྒྲུབ་པ། །དེ་ཡང་ཆ་མཐུན་ཙམ་ལས་འཁྲུལ། །མཉམ་པའི་ལྟ་བ་མ་རྟོགས་ཤིང་། །བརྟུལ་ཞུགས་སྤྱོད་པ་ཆ་མཐུན་སྤྱོད། །བདག་གཞན་གཉིས་ཀ་ཆུད་གཟན་ཏེ། །ཕལ་ཆེར་མཐོ་རིས་མི་མྱོང་ན། །ཐར་པའི་འབྲས་བུ་ག་ལ་སྲིད། །ལོག་བརྟགས་ཞེན་པའི་མཐུ་བརྟས་པས། །འཇིག་རྟེན་དངོས་གྲུབ་ཕྲ་མོ་དག །འབྱུང་བར་འགྱུར་ཞིང་ཡ་མཚན་སྐྱེ། །རྒྱལ་དཔོག་རྗེས་སུ་རྣལ་འབྱོར་ལས། །ཆ་མཐུན་ཙམ་གྱིས་འཁྲུལ་པ་སྟེ། །ཆོས་དབྱིངས་ནམ་མཁའ་མུ་མེད་ལས། །གཙོ་བོ་བེམ་པོ་ཉིད་དུ་འཁྲུལ། །མེད་ལས་མི་ཟད་ཡེ་ཤེས་ལས། །ནང་གི་སྐྱེས་བུ་བྱེད་པར་འཁྲུལ། །ཟབ་པའི་ཚུལ་དུ་སྨྲ་བྱས་ཀྱང་། །ཡང་དག་དོན་ཆེན་མ་རྟོགས་པས། །སྲིད་པ་འཁོར་བའི་གནས་སུ་འཁྱམས། །ལྟ་བ་འདི་ཡི་བྱེ་བྲག་ལས། །ཟབ་བཅོས་ལྟ་བ་གྲངས་མང་བྱུང་། །ཕལ་ཆེར་ད་ལྟའི་རྣལ་འབྱོར་པ། །སྒོམ་ཆེན་རྣམས་ཀྱི་ནང་ན་མང་། །རྒྱལ་ཐབས་ཤིན་ཏུ་རྣལ་འབྱོར་ལས། །ཆ་མཐུན་ཙམ་གྱིས་འཁྲུལ་པ་སྟེ། །དེ་དག་ཀུན་གྱི་ལྟ་བ་ནི། །ཀུན་རྫོབ་སྒྱུ་མའི་རྟེན་འབྲེལ་དང་། །དོན་དམ་རྟེན་མེད་བརྟེན་པ་མེད། །གང་ཟག་སེམས་ཀྱི་རང་བཞིན་ལ། །བདག་གཅིག་ཡོད་དེ་མངོན་མ་གྱུར། །འདི་ཞེས་བྱ་བའི་ཁས་ལེན་མེད། །ཁམས་གསུམ་སེམས་ཅན་འདི་དག་རྣམས། །ཀུན་རྫོབ་དོན་དམ་གོང་མ་བཞིན། །ཀུན་གྱི་སེམས་ཀྱི་རང་བཞིན་ལ། །བདག་རེ་ཡོད་དེ་མངོན་མ་གྱུར། །དཀར་ནག་ལས་ཀྱི་རྣམ་སྨིན་དག །འདོད་ན་ཡོད་དེ་མི་འདོད་མེད། །འབྲས་བུ་མངོན་དུ་ཐོབ་པའི་ཚེ། །རིག་པ་མེད་པས་ཡེ་ཤེས་མེད། །དངོས་པོ་མེད་པས་དྭངས་པ་ཡིན། །བཅུད་མེད་ནམ་མཁའ་དྭངས་པ་ལྟར། །གྱུར་ན་ཆོས་སྐུ་ཡིན་ཞེས་སྨྲ། །བདེར་གཤེགས་ཐུགས་རྗེའི་མཛད་པ་རྣམས། །རིག་པ་མེད་པས་ཐུགས་རྗེ་མེད། །སྣང་ཉིད་སྒྱུ་མའི་སྐྱེས་བུ་མཚུངས། །ཕལ་ཆེར་རང་གིས་བརྟགས་པར་སྣང་། །དེ་འདྲ་ལྟ་བའི་བྱེ་བྲག་རྣམས། །ཆ་མཐུན་ལོག་པ་མང་པོ་བྱུང་། །རྒྱུ་ཉིད་ཆད་པར་རྟོག་པ་དང་། །རྒྱུ་ཡི་ཕྱོགས་གཅིག་ཆད་པར་རྟོག །འབྲས་བུ་ཆད་པར་རྟོག་པ་དང་། །འབྲས་བུ་ཕྱོགས་གཅིག་ཆད་པར་རྟོག །རྒྱུ་འབྲས་ཀུན་ཏུ་ཆད་པར་རྟོག །ཆད་པར་ལྟ་བའི་རྣམ་གྲངས་ཡིན། །རྒྱུ་ཉིད་རྟག་པར་རྟོག་པ་དང་། །རྒྱུ་ཡི་ཕྱོགས་གཅིག་རྟག་པར་རྟོག །འབྲས་བུ་རྟག་པར་རྟོག་པ་དང་། །འབྲས་བུའི་ཕྱོགས་གཅིག་རྟག་པར་རྟོག །རྒྱུ་འབྲས་ཀུན་ཏུ་རྟག་པར་རྟོག །རྟག་པར་ལྟ་བའི་རྣམ་གྲངས་ཡིན། །རྟག་དང་ཆད་པའི་བྱེ་བྲག་རྣམས། །ལོག་ལྟ་ཅན་གྱི་རྣམ་གྲངས་ཏེ། །བླ་མེད་ཐེག་པ་ལས་ལོག་ཡིན། །ལྟ་བའི་བྱེ་བྲག་གོང་མ་འདི། །ད་དུས་སྙིགས་མའི་དེང་སང་ལ། །གསང་སྔགས་ཐེག་པར་ཁས་འཆེས་པའི། །ཤེས་རབ་གཉིས་ལ་མ་སྦྱངས་པ། །དེ་དག་ཀུན་གྱི་ནང་ནའང་མང་། །ལོག་པའི་ལྟ་བ་ཟབ་མོ་དག །ཤིན་ཏུ་ཟབ་པའི་ཚུལ་སྨྲས་ཀྱང་། །ཞེན་པའི་མཐའ་གཉིས་མ་སྤངས་པས། །སྲིད་པའི་གནས་སུ་ཡང་ཡང་འཁོར། །བསམ་གཏན་བྱེ་བྲག་ཁ་ཅིག་གིས། །འདུ་ཤེས་མེད་པའི་སྙོམས་འཇུག་དང་། །སྐྱེ་མཆེད་བཞི་སོགས་སྐྱེས་ནས་ནི། །སྔོན་དུ་མཁས་ལ་མ་བརྟེན་པས། །འབྲས་བུ་ཉིད་དུ་ཡང་དག་བླང་། །ལས་ཀྱི་བག་ཆགས་མ་ཟད་པས། །ཚེ་ཟད་འཆི་བའི་འདུ་ཤེས་འབྱུང་། །དཀོན་མཆོག་གསུམ་ལ་སྐུར་པ་བཏབ། །མནར་མེད་གནས་སུ་ལྟུང་བའང་མང་། །འདི་དག་ཀུན་གྱི་བྱེ་བྲག་ནི། །མདོ་རྒྱུད་ཀུན་ལ་རྒྱ་ཆེར་ཡང་། །ཚིག་ཚོགས་མང་པོས་འཇིགས་པའི་ཕྱིར། །མདོར་བསྟན་ཙམ་ལས་མ་བརྗོད་དོ། །ཕྱི་རོལ་ལྟ་བ་འདི་དག་རྣམས། །འཁོར་ལོ་རྒྱུན་གྱི་གདུལ་བྱ་སྟེ། །སེམས་ལ་རྟོག་པ་ཐོབ་པ་ཡི། །འབྲས་བུ་ཚོལ་བའི་ཞེན་ཕྱོགས་ཅན། །ཁ་ཅིག་སངས་རྒྱས་སྔ་མ་ཡི། །བསྟན་པ་རྒས་པར་གྱུར་པའི་ཚེ། །རྟོག་དཔྱོད་ལོག་པར་འཁྲུལ་པ་དང་། །ལོག་པར་གྱུར་པ་འགའ་ཞིག་ནི། །སངས་རྒྱས་སློབ་མ་ཐབས་མཁས་པས། །སྐལ་དམན་ཐབས་ཀྱིས་གཞུག་པའི་ཕྱིར། །ལམ་ཚོལ་པ་ཡི་ཐབས་སུ་བསྟན། །ཞར་ལས་བྱུང་བ་ཞེས་ཀྱང་བྱ། །སངས་རྒྱས་ཉེ་གནས་ཞེས་ཀྱང་བྱ། །ལུང་ལས་ཀྱང་ནི་འདི་སྐད་དུ། །མུ་སྟེགས་ཅན་ལ་སྨད་ཅི་བྱ། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས་ཕྱིར་ན་ཞར་བྱུང་ངོ་། །ཐེག་གསུམ་དམ་པའི་དམ་པ་སྟེ། །དོན་དམ་ངེས་པའི་ཐེག་པ་ཡང་། །བྱེ་བྲག་རྣམ་པ་གསུམ་ཉིད་དེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པ་ཡིན། །གདུལ་བྱའི་ཕྱོགས་ཀྱང་གསུམ་ཉིད་དེ། །བློ་ཡི་སྐལ་པ་ཆེ་ཆུང་ལས། །དམན་དང་འབྲིང་དང་ཆེན་པོ་ཡིན། །དེ་ཡི་འདུལ་ཐབས་དེ་བཞིན་ཏེ། །གཉེན་པོས་སྤངས་དང་ཐབས་ཀྱིས་བསྒྱུར། །ཡེ་ཤེས་ཆེན་པོའི་གནས་སུ་དག །གདུལ་བྱ་འདུལ་ཐབས་ཐེག་པ་གསུམ། །སོ་སོར་སྤྲད་དེ་སྡེབ་པར་བྱ། །བྱེ་བྲག་རྒྱས་པར་བཤད་པ་ནི། །ཐེག་གསུམ་རེ་རེའང་གསུམ་གསུམ་སྟེ། །ཐ་མ་འབྲིང་དང་མཆོག་གི་ཚུལ། །དེས་ན་ཐེག་པ་དགུ་ཞེས་གྲགས། །རིག་པ་མཆོག་འབྲིང་ཐ་མའི་ཕྱིར། །གདུལ་བྱ་གསུམ་ལའང་གསུམ་གསུམ་སྟེ། །སྣོད་ཀྱི་བྱེ་བྲག་རྣམ་པ་དགུ། །གདུལ་བྱ་དགུ་ཞེས་རབ་ཏུ་གྲགས། །ཐབས་ཀྱང་དེ་བཞིན་བྱེ་བྲག་དགུ། །དགུ་གསུམ་ཉི་ཤུ་བདུན་དུ་སྡེབ། །དང་པོ་གསུམ་ཡང་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གདུལ་བྱ་དམན་དང་འབྲིང་པོ་དང་། །དེ་བཞིན་མཆོག་གི་བྱེ་བྲག་གིས། །ཉོན་མོངས་སྤངས་དང་འགེག་དང་སྦྱོང་། །འདུལ་ཐབས་གསུམ་དུ་རྣམ་པར་བཤད། །ཐ་མའི་ཐ་མའང་འདི་ལྟ་སྟེ། །འཇུག་སྒོ་ལྟ་བ་ཏིང་འཛིན་དང་། །སྤྱོད་དང་ཚུལ་ཁྲིམས་ལམ་གྱི་ཡུན། །འབྲས་བུ་དག་དང་བདུན་དུ་ཤེས། །མི་རྟ ག་སྡུག་བསྔལ་སྟོང་བདག་མེད། །བདག་གཙང་སྐྱིད་རྟག་ལས་བཟློག་པ། །སངས་རྒྱས་ཐེག་པ་སྤྱི་ཡི་སྒོ། །སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ། །ཉན་ཐོས་ཐེག་པའི་འཇུག་སྒོ་ཡིན། །སྣོད་བཅུད་རྡུལ་ཕྲན་སིལ་བུ་དང་། །སྐད་ཅིག་ཆ་མེད་ནང་གི་སེམས། །དེ་ལ་སོགས་པའི་བྱེ་བྲག་ནི། །ཉན་ཐོས་ཐེག་པའི་ལྟ་བ་ཡིན། །བདེན་པ་བཞི་དང་དབུགས་བགྲངས་༡ངང་། །ཟད་པར་བརྒྱད་དང་ཀེང་རུས་སོགས། །དེ་དག་བསམ་གཏན་བྱེ་བྲག་ཡིན། །ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཞེན་པའི་དགེ་བ་ཕུན་སུམ་ཚོགས། །ཁྲུས་དང་གཙང་སྦྲ་ལ་སོགས་པས། །གང་ཡང་ཀུན་རྫོབ་མཚན་མའི་ཚུལ། །ཐམས་ཅད་སྤང་བླང་དགག་སྒྲུབ་པ། །ཉན་ཐོས་ཐེག་པའི་སྤྱོད་པ་ཡིན། །སོ་སོར་ཐར་པའི་རིགས་བདུན་ཏེ། །སྡོམ་པའི་རྩ་བ་བཅུ་གསུམ་དང་། །ཉིས་བརྒྱ་ལྔ་བཅུ་ལྔ་བརྒྱ་དང་། །བསླབ་པའི་གཞི་ལྔ་རྫོགས་པ་ནི། །ཉན་ཐོས་བསྲུང་བའི་ཚུལ་ཁྲིམས་ཡིན། །འཇུག་ནས་སྲེད་པ་ཟད་ཀྱི་བར། །བསྐལ་པ་ཆེན་པོ་བརྒྱ་སོགས་ཡིན། །འབྲས་བུ་སྲིད་པའི་སྡུག་བསྔལ་ཟད། །དགྲ་བཅོམ་སྐྱེས་བུ་ཟུང་བཞི་ཡིན། །ལུང་ལས་ཀྱང་ནི་འདི་སྐད་དུ། །ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཡིད་འོང་འདུལ་བའི་ཚུལ་བཟུང་ནས། །རང་གི་བསམ་པ་དེ་བསྒྲུབ་པས། །སོ་སོར་ཐར་པའི་ལམ་དུ་སྣང་། །ཞེས་གསུངས་ལུང་གིས་བགྲོད་དང་གསལ། །རང་སངས་རྒྱས་ཀྱི་ཐེག་པ་ནི། །རྟེན་འབྲེལ་བཅུ་གཉིས་འཇུག་པའི་སྒོ། །ལྟ་བ་ཕྱི་རོལ་རྡུལ་ཕྲན་ལ། །གཟུགས་ཀྱི་ཕུང་པོ་བདག་མེད་པའོ། །མར་མེ་རྒྱུན་ཟད་ལྟ་བུ་ནི། །མ་རིག་ཟད་ནས་འདུ་བྱེད་ཟད། །དེ་ནས་རྒ་ཤིའི་བར་དུ་སྟེ། །དེ་ལྟར་ཞེན་པ་གཉིས་དགག་པ། །བསམ་གཏན་ཡིན་པ་རྒྱལ་བས་གསུངས། །སྤྱོད་པ་ཚུལ་ཁྲིམས་ཉན་ཐོས་དང་། །མཐུན་པར་འཇུག་ལ་ཁྱད་པར་དུ། །གཅིག་པུར་གནས་པ་སྒྲུབ་པའོ། །བསྐལ་པ་ཆེན་པོ་བརྒྱ་ཡི་བར། །རྒྱལ་བའི་བཀའ་ལ་རབ་སྦྱངས་པས། །ཆོས་ཉིད་རིམ་གྱིས་རྟོགས་གྱུར་ཀྱང་། །སྨོན་ལམ་རྒྱ་ཆེན་མ་བཏབ་པས། །འབྲས་བུ་ཐོབ་དཀའི་སྐྱེ་བ་ལ། །དགེ་བའི་བཤེས་གཉེན་མ་བསྟེན་པར། །ཆུ་ཟླ་ལ་སོགས་རྐྱེན་རྣམས་ཀྱིས། །རྟོག་ཚིག་ཉམས་སུ་བླང་བའི་ཚེ། །བདེན་པ་མཐོང་ཞིང་སྲིད་པ་ཟད། །ཡིད་བཞིན་བདེ་མཆོག་ས་ལ་གནས། །སླད་ཀྱི་འགྲོ་དོན་མཛད་པའི་ཚེ། །ལུས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས། །སངས་རྒྱས་བྱང་ཆུབ་མི་བཞུགས་པའི། །བར་སྐབས་དག་ཏུ་དོན་མཛད་པའང་། །གསུང་གི་ཆོས་འཆད་མི་མཁྱེན་པར། །སྤྲུལ་པའི་ཐབས་ཀྱི་དོན་མཛད་པའོ། །རང་སངས་རྒྱས་སུ་རྣམ་པར་གྲགས། །ལུང་ལས་ཀྱང་ནི་འདི་སྐད་དུ། །འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ལས། །བདག་མེད་ཆོས་གཅིག་མེད་མཐོང་བས། །བརྗོད་མེད་སྤྲུལ་པས་ཆོས་རྣམས་སྟོན། །ཞེས་གསུངས་ཕྱིར་ན་ལུང་གིས་གསལ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །དབང་པོ་ཐ་མའི་མཆོག་གྱུར་རྣམས། །བདེན་པ་གཉིས་པོ་འཇུག་པའི་སྒོ། །འདི་དག་རྟོགས་པའི་ལྟ་བ་ནི། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་ལྟར་ལུང་གི་གཏན་ཚིག་གིས། །ཀུན་རྫོབ་ཙམ་དུ་འཇིག་རྟེན་ཡོད། །དོན་དམ་དུ་ནི་རང་བཞིན་མེད། །ཕྱི་རོལ་གནས་དང་ནང་འདི་ཀུན། །ཡུལ་རྣམས་སེམས་ཀྱི་འཁྲུལ་སྨྲ་ཞིང་། །སེམས་ཉིད་དུས་མཐའི་སྐད་ཅིག་མ། །སྐད་ཅིག་མི་རྟག་རྒྱུན་གྱི་གནས། །གང་ཡང་བདེན་པ་གཉིས་སྨྲ་བ། །རྣམ་རིག་གཉིས་ཀྱི་ལྟ་བ་ཡིན། །ཡུལ་སེམས་སོ་སོར་རྐྱེན་གྱིས་སྣང་། །ཡུལ་རྣམས་ཕྲ་རགས་རྡུལ་ཆ་སྟེ། །ཕྱོགས་ཆར་གཞིག་ན་དངོས་པོ་མེད། །སེམས་ཉིད་ཐོག་མཐའི་སྐད་ཅིག་མ། །དུས་གསུམ་གཞིག་ན་རང་བཞིན་མེད། །རྐྱེན་ནི་གཉིས་དང་བཞི་དག་གིས། །སྣོད་བཅུད་གཉིས་སུ་སྣང་བའི་ཚེ། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ། །བདེན་པ་གཉིས་སུ་ཕྱེ་བ་ཡང་། །དེ་ཉིད་གཞན་དུ་བརྗོད་མེད་ཚུལ། །དེ་འདྲ་ལྟ་བའི་བྱེ་བྲག་རྣམས། །མདོ་སྡེ་སྤྱོད་པའི་ལྟ་བ་ཡིན། །མ་རིག་འཁྲུལ་པའི་བག་ཆགས་ཀྱིས། །མིག་གི་རབ་རིབ་སྣང་བ་བཞིན། །ཕྱི་རོལ་གནས་དང་ནང་འདི་ཀུན། །མི་བདེན་བདེན་ལྟར་ཀུན་ལ་སྣང་། །འཁྲུལ་པའི་བག་ཆགས་མ་ཟད་ཚེ། །ནམ་ཡང་ཁེགས་པར་འགྱུར་བ་མིན། །ནད་ཟད་རབ་རིབ་དྭངས་པ་བཞིན། །འཁྲུལ་པའི་བག་ཆགས་ཐམས་ཅད་ཟད། །ཐིམ་པ་མེད་པ་ཡུལ་དང་བྲལ། །གཞན་སོང་མེད་པར་མངོན་འཁྲུལ་དྭངས། །འཁྲུལ་རིག་མཉམ་དུ་ཟད་སྨྲ་བ། །དབུ་མའི་ལྟ་བ་ཁ་གཅིག་བཞེད། །ཁ་ཅིག་ཕྱི་ནང་སྣོད་བཅུད་དག །བདེན་པ་གཉིས་སུ་གནས་པ་ལས། །སྣོད་ནི་སེམས་ཀྱི་འཁྲུལ་པ་སྟེ། །སེམས་ནི་སྐད་ཅིག་དུས་གསུམ་བྲལ། །དེ་ཉིད་དོན་དམ་བདེན་པ་ཡིན། །ཀུན་རྫོབ་སྒྱུ་མར་མི་འགགས་ཏེ། །འཁྲུལ་ཉིད་འཁྲུལ་པའི་ཡུལ་དུ་སྣང་། །སེམས་ཉིད་དུས་གསུམ་སྐད་ཅིག་མ། །འགག་པ་མེད་པ་ཀུན་རྫོབ་ཡིན། །བདེན་པ་གཉིས་ཀྱི་བྱེ་བྲག་ཀྱང་། །ལྡོག་ཕྱོགས་ཙམ་གྱིས་ཐ་དད་པ། །དབུ་མའི་ལྟ་བ་ཁ་ཅིག་བཞེད། །དེ་དག་ཙམ་མིན་རིམ་པ་སྟེ། །དོན་རབ་འབྱེད་པའི་བསམ་གཏན་ནོ། །དོན་མིན་ཅིག་ཆར་འཇུག་པ་ནི། །ཕྱི་དང་ནང་འདི་ཐམས་ཅད་ཀུན། །ཀུན་རྫོབ་ཙམ་དུ་འཇིག་རྟེན་ཡོད། །སྒྱུ་མའི་འཁྲུལ་པ་ཇི་བཞིན་ཏེ། །དོན་དམ་འགག་པ་མེད་པའི་ཕྱིར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །བག་ཆགས་མཐུན་པའི་སྣང་བ་ནི། །རང་རང་བསགས་པ་ལྟར་སྣང་ངོ་། །དོན་དམ་གང་ལའང་དངོས་གཞི་མེད། །སྨྲ་བསམ་ལས་འདས་ཡེ་ཤེས་ཡུལ། །མཚན་ཉིད་གསུམ་ལྡན་དོན་དམ་པ། །བསྒྲུབ་ཚེ་མཉམ་པར་བཞག་པ་ཡིན། །རྗེས་ལ་སྒྱུ་མ་ལྟ་བུ་ཡིས། །ཞེན་ཆགས་བྲལ་བའི་སྤྱོད་པ་ནི། །ཀུན་རྫོབ་སྙིང་རྗེས་གནས་པ་ཡིན། །སེམས་བསྐྱེད་ནས་བཟུང་མཐར་ཐུག་བར། །གཞལ་དང་སྒོམ་པས་ཉམས་སུ་ལེན། །ཚེ་གཅིག་དོན་དམ་བདེན་པ་གཟིགས། །དབུ་མའི་ལྟ་བ་ཁ་ཅིག་བཞེད། །དེ་དག་ལ་སོགས་བདེན་པ་གཉིས། །རིས་སུ་དབྱེ་བར་བྱེད་པ་དང་། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ། །སྦྱིན་སོགས་ཕ་རོལ་ཕྱིན་པ་ལ། །སྤྱོད་པ་བྱང་ཆུབ་ལྟ་བ་ཡིན། །བསམ་གཏན་མཉམ་པར་བཞག་པའི་ཚེ། །ནམ་མཁའ་ལྟ་བུར་སྤྲོས་དང་བྲལ། །རྗེས་ལ་སྒྱུ་མའི་མཚན་ཉིད་ཙམ། །ཞེན་མེད་ཚུལ་གྱིས་གསལ་བར་སྨྲ། །བྱམས་དང་སྙིང་རྗེ་རྣམ་སྦྱོང་བ། །བྱང་ཆུབ་སེམས་དཔའི་བསམ་གཏན་ཡིན། །སྦྱིན་སོགས་རྣམ་པར་དཀར་བའི་ལས། །ཞེན་མེད་ཚུལ་གྱིས་སྤྱོད་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །རྩ་བ་བཞི་དང་ཉི་ཤུ་དང་། །སྡོམ་པའི་བྱེ་བྲག་མཐའ་ཡས་པ། །བསྲུང་བ་ཚུལ་ཁྲིམས་ཡིན་པར་བསྟན། །བྱང་ཆུབ་སེམས་དཔའ་རང་གིའོ། །སོ་སོར་ཐར་པའི་སྡོམ་པ་ཡི། །བྱེ་བྲག་རྣམ་པ་མཐའ་ཡས་ཀྱང་། །རྟེན་ནམ་སྣོད་ཀྱི་ཚུལ་གྱི་ཕྱིར། །བྱང་སེམས་ཡན་ལག་སྡོམ་པ་ཡིན། །གྲངས་མེད་བསྐལ་པ་གསུམ་དག་གིས། །སེམས་བསྐྱེད་ནས་བཟུང་སངས་རྒྱས་པར། །སྒྲིབ་སྦྱོང་ཡེ་ཤེས་རྫོགས་ཚུལ་གྱིས། །རིམ་གྱིས་འཇུག་པ་ཡུན་གྱི་ཚད། །བཅུ་གཅིག་ཀུན་ཏུ་འོད་ཀྱི་ས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི། །མཐར་ཕྱིན་པ་ཡི་འབྲས་བུར་བཞེད། །ལུང་ལས་ཀྱང་ནི་འདི་སྐད་དུ། །ཡུལ་མེད་མ་སྐྱེས་ཕྱོགས་དང་བྲལ། །བདག་མེད་བྱམས་སྙོམས་རྟོག་ལས་འདས། །ས་དང་རྣམ་ཐར་བདེ་བསྐྲུན་པས། །དངོས་མེད་ངོ་བོ་ཉིད་སྐུ་ཐོབ། །ཅེས་གསུངས་ལུང་གི་བགྲོད་དང་གསལ། །དཀའ་ཐུབ་རིག་བྱེད་ཐེག་པ་ཡང་། །ཡུལ་གྱི་རྣམ་པ་གསུམ་ཉིད་དེ། །བྱ་བ་སྤྱོད་པ་རྣལ་འབྱོར་རྒྱུད། །གདུལ་བྱའི་བློ་ཤེད་བྱེ་བྲག་གིས། །འབྲིང་པོ་ཉིད་ལ་རྣམ་གསུམ་སྟེ། །ཐ་མ་འབྲིང་དང་མཆོག་ཏུ་སྣང་། །འདུལ་ཐབས་དེ་བཞིན་བྱེ་བྲག་གསུམ། །བྱ་བ་རྒྱུད་ཀྱི་ཐེག་པ་ཡང་། །འཇུག་སྒོ་ལྟ་བ་ཏིང་འཛིན་དང་། །སྤྱོད་དང་དམ་ཚིག་ལམ་གྱི་ཡུན། །འབྲས་བུ་དག་དང་བདུན་དུ་བཞེད། །གསང་སྔགས་སྤྱི་ཡི་འཇུག་སྒོ་ནི། །བདེན་གཉིས་དབྱེར་མེད་སྒོ་ནས་འཇུག །ཁྱད་པར་བྱ་བའི་འཇུག་སྒོ་ནི། །ལུས་ངག་ཡིད་གསུམ་རྣམ་དག་པ། །སྐུ་གསུང་ཐུགས་ཀྱི་རང་བཞིན་འཇུག །ལྟ་བ་སྣོད་བཅུད་ཆོས་འདི་རྣམས། །དོན་དམ་སྤྲོས་མཐའ་བྲལ་བ་ལས། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་འདི། །འཁྲུལ་པའི་ངོ་ལ་ཅིར་སྣང་ཡང་། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །འབྲས་བུའི་ངོ་བོ་ཡེ་ནས་གནས། །ཆུ་དང་གཤེར་བ་ཇི་བཞིན་ནོ། །བདེན་གཉིས་ཡེ་ནས་དབྱེར་མེད་པ། །གསང་སྔགས་སྤྱི་ཡི་ལྟ་བ་ཡིན། །བྱ་བའི་རྣལ་འབྱོར་བསམ་གཏན་ནི། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །དྲུག་གིས་འཇུག་པའི་ཚུལ་ཉིད་ཀྱིས། །ལྷ་ཡི་དཀྱིལ་འཁོར་གསལ་བ་ལས། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ནི། །བཀུར་འོས་རྗེ་བོའི་ཚུལ་ཉིད་དུ། །མདུན་གྱི་མཁའ་ལ་སྤྱན་དྲངས་ཏེ། །ཕྱག་འཚལ་ལ་སོགས་ཡན་ལག་བདུན། །བསོད་ནམས་ཚུལ་གྱི་ཡོངས་བསགས་ཤིང་། །བཟླས་བརྗོད་བསྙེན་པ་རྒྱུན་མི་བཅད། །དངོས་གྲུབ་བླངས་ཏེ་གཏང་རག་གསོལ། །བྱ་བའི་ཏིང་འཛིན་རིམ་པ་ཡིན། །བྱ་བའི་རྒྱུད་ཀྱི་སྤྱོད་པ་ནི། །དག་པ་གསུམ་གྱི་མཐའ་བཟུང་ནས། །ཁྲུས་དང་གཙང་སྦྲ་བདེར་སྤྱོད་ནས། །ཞག་གྲངས་དུས་ཚིག་གཟའ་རྒྱུ་སྐར། །གཙང་མའི་ཡོ་བྱད་ལ་སོགས་པ། །རྟེན་འབྲེལ་འཛོམས་ལས་གྲུབ་པར་བཞེད། །བྱ་བས་བསྲུང་བའི་ཚུལ་ཁྲིམས་ནི། །སོ་སོར་ཐར་དང་བྱང་ཆུབ་སེམས། །སྤྱི་ཡི་སྡོམ་བརྩོན་མི་བཤིག་ཅིང་། །ལུས་ངག་ཡིད་གསུམ་དམ་ཚིག་དག །འདའ་བར་མི་བྱེད་ཡན་ལག་བཅས། །བྱེ་བྲག་ཚུལ་གྱིས་གནས་པ་ཡིན། །བྱ་བའི་རྣལ་འབྱོར་འགྲུབ་པའི་ཡུན། །རིང་མཐར་མི་ཚེ་བཅུ་དྲུག་གིས། །རྒྱལ་རིགས་བྲམ་ཟེ་གཙང་མ་དང་། །འདོད་པའི་ལྷ་དང་གཟུགས་ཀྱི་ཁམས། །གཙང་མའི་ལུས་འཛིན་གསང་སྔགས་ཀྱི། །ཐེག་པ་ཆེན་པོ་བསྒྲུབ་པར་འགྱུར། །བཅུ་དྲུག་མཐའ་ལ་ཟག་བྲལ་ནས། །རང་གི་ལྷ་ཡི་སྐུ་ཉིད་ཀྱི། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྱུར། །རྣམ་དག་ཞིང་དུ་རབ་སྣང་སྟེ། །བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་ཀྱིས། །རྡོ་རྗེ་འཛིན་པའི་ས་ནོན་ཏེ། །སྐུ་ལྔ་ལྷུན་གྱིས་འགྲུབ་པར་འགྱུར། །ལུང་ལས་ཀྱང་ནི་འདི་སྐད་དུ། །ལུས་ངག་ཡིད་གསུམ་རྣམ་དག་པས། །ཁྲུས་དང་གཙང་སྦྲ་བདེར་སྤྱོད་ཏེ། །བཀུར་འོས་འདུན་པའི་ཚུལ་བཟུང་ནས། །རྣལ་འབྱོར་རྡོ་རྗེ་འཛིན་པའི་ས། །ཞེས་གསུངས་ལུང་གིས་བགྲོད་དང་སླ། །སྤྱོད་པའི་རྣལ་འབྱོར་བྱེ་བྲག་བདུན། །དབང་པོ་འབྲིང་གི་འབྲིང་གྱུར་ཏེ། །འཇུག་སྒོ་སྤྱོད་དང་དམ་ཚིག་གསུམ། །བྱ་བའི་རྣལ་འབྱོར་དག་དང་མཚུངས། །ལྟ་བ་རྣལ་འབྱོར་རྗེས་སུ་འགྲོ། །བསམ་གཏན་རྣམ་སྣང་ཏིང་འཛིན་ལས། །དེ་ཉིད་བཞི་ཡི་ཚུལ་དག་གིས། །བསྙེན་སྒྲུབ་ཡན་ལག་རྫོགས་པར་འགྱུར། །ཟག་བཅས་ས་ལ་མི་ཚེ་བདུན། །སྐྱེ་བ་གོང་དང་འདྲ་བ་ལས། །དེ་མཐར་ཟག་གསུམ་ཟད་གྱུར་ནས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྱུར། །བསམ་གཏན་ལམ་ལ་རྣམ་གནས་ཏེ། །བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་ཀྱིས། །རིགས་བཞི་རྡོ་རྗེ་འཆང་གི་ས། །འབྲས་བུ་ཐོབ་པ་གདོན་མི་ཟ། །འདི་སྐད་ལུང་ལས་གསུངས་པ་སྟེ། །བྱ་བ་དག་གི་ལས་སྤྱོད་དེ། །རྣལ་འབྱོར་རིག་འཛིན་ཡར་ལྟ་བས། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རྣལ་འབྱོར་རྡོ་རྗེ་འཆང་གི་ས། །ཞེས་གསུངས་ལུང་གིས་བགྲོད་དང་གསལ། །རྣལ་འབྱོར་ཐེག་པ་རྣམ་པ་བདུན། །རྣལ་འབྱོར་རྣམ་གཉིས་འཇུག་པའི་སྒོ། །ཕྱི་རོལ་ནང་དང་གནས་འདི་ཀུན། །ཡུལ་དངོས་མ་སྐྱེས་ཆོས་ཀྱི་དབྱིངས། །འཛིན་པ་བདག་མེད་ཡེ་ཤེས་ངང་། །དེ་ཉིད་ཡེ་ནས་དབྱེར་མེད་པ། །རྣལ་འབྱོར་ཞེས་བྱའི་ལྟ་བ་ཡིན། །བྱེ་བྲག་རྒྱ་ཆེན་གཞན་དུ་བཙལ། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །རང་གི་ལྷ་ཡི་སྐུ་བསྐྱེད་དེ། །ཆོ་འཕྲུལ་བཞི་ཡིས་རྒྱུད་སྦྱངས་ནས། །ཡེ་ཤེས་དམ་ཚིག་དབྱེར་མེད་པ། །རྣལ་འབྱོར་ཐེག་པའི་ཏིང་འཛིན་ཡིན། །རྣལ་འབྱོར་ཐེག་པའི་སྤྱོད་པ་ནི། །སེམས་ཀྱི་སྤྱོད་པའི་ཆོ་འཕྲུལ་ཏེ། །ངག་གི་སྤྱོད་པ་སྔགས་དང་དབྱངས། །ལུས་ཀྱི་སྤྱོད་པ་གར་ཕྱག་རྒྱ། །དེ་དག་འཛོམས་པས་སྒྲུབ་པ་ལ། །རྫས་དང་ཡོ་བྱད་གཙོར་མ་གསུངས། །འབྱོར་པའི་ཚོགས་ནི་མཆོག་ཏུ་བཤད། །བསྲུང་བའི་ཚུལ་ཁྲིམས་བྱེ་བྲག་ནི། །འོག་མ་རྣམས་དང་ལྡན་བཞིན་དུ། །རིགས་ལྔའི་དམ་ཚིག་མཆོག་ཏུ་བཤད། །སྡོམ་གསུམ་མི་སྤངས་བདེ་གཤེགས་རིགས། །བླ་མ་རྡོ་རྗེ་ དྲིལ་བུ ་ལྡན། །རྟག་ཏུ་བཀུར་འཆང་རྡོ་རྗེའི་རིགས། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་གསུམ་ལྡན་པ་རིན་ཆེན་རིགས། །ཕྱི་ནང་གསང་བའི་ཐེག་པ་སྟེ། །མཉམ་བསམ་པདྨོ་རིགས་ཀྱི་དམ། །འཕགས་ཚོགས་རྟག་ཏུ་མཆོད་པ་ནི། །ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །དེ་དག་བསྲུང་བྱའི་དམ་ཚིག་ཡིན། །མི་ཚེ་གསུམ་གྱི་ནང་རོལ་ཏུ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། །ལས་དང་ཉོན་མོངས་ཀུན་བྱང་ནས། །ཁམས་གསུམ་འཇིགས་སོགས་ཟག་པ་བྲལ། །དེ་ཚེ་བཅུ་དྲུག་ཚུན་ཆད་དུ། །ཕྲ་རགས་ཤེས་བྱའི་སྒྲིབ་བྱང་ནས། །སྟུག་པོ་བཀོད་པའི་ས་ནོན་ཏེ། །རྫོགས་སངས་རྒྱས་སུ་ངེས་པར་འགྱུར། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །སེམས་ཉིད་ཡུལ་ལས་རྩལ་རྫོགས་ཏེ། །ཡུལ་ཉིད་རིགས་པས་མངོན་མཐོང་ནས། །དེ་ཉིད་དེར་ནི་མངོན་བྱས་ནས། །རྣལ་འབྱོར་སྟུག་པོ་བཀོད་པའི་ས། །ཞེས་གསུངས་ལུང་གིས་བགྲོད་དང་གསལ། །དབང་བསྒྱུར་ཐབས་ཀྱི་ཐེག་པ་ཡང་། །གདུལ་བྱའི་བློ་ཤེར་ཁྱད་པར་གྱིས། །རྣམ་པ་གསུམ་དུ་སྣང་བ་སྟེ། །བསྐྱེད་དང་རྫོགས་དང་ཤིན་ཏུ་རྫོགས། །ཐ་མ་བསྐྱེད་པའི་རྣལ་འབྱོར་ཀྱང་། །བདུན་དུ་ངེས་པར་སྣང་བ་སྟེ། །དབང་པོ་མཆོག་གི་ཐ་མ་ནི། །ལྟ་སྒོམ་སྤྱོད་པ་ཆེད་འཛིན་ཅན། །ཐབས་དང་ཤེས་རབ་སྒོར་ཞུགས་པས། །སྨིན་གྲོལ་ཐབས་ཀྱི་བྱེ་བྲག་ཀུན། །ཀུན་ཀྱང་ཐབས་དང་ཤེས་རབ་འཇུག །རྣལ་འབྱོར་ཆེན་པོ་འཇུག་པའི་སྒོ། །སྣོད་བཅུད་འཇིག་རྟེན་ཆོས་འདི་རྣམས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཏེ། །ཆེན་པོ་ལྔ་ཉིད་བདེར་གཤེགས་ལྔ། །འབྱུང་ལྔ་དབྱིངས་ཕྱུག་ཤེས་རབ་ལྔ། །དེ་དག་དབྱེར་མེད་ཁྱད་པར་ལས། །རྟོག་ཚོགས་སེམས་དཔའ་སེམས་མ་སྟེ། །རྟག་ཆད་མཐར་ལྟ་རེག་པའི་ཚོགས། །ཁྲོ་བོ་ཁྲོ་མོའི་ངང་དུ་གསལ། །ཐམས་ཅད་རིག་པའི་ཆོ་འཕྲུལ་ལས། །ཀུན་བཟང་རོལ་པ་འགག་པ་མེད། །དེ་ཉིད་དུས་ན་འདུས་མ་བྱས། །མ་སྐྱེས་ཆོས་ཉིད་བཟང་མོའི་དབྱིངས། །མ་སྐྱེས་མི་འགག་དབྱེར་མེད་པ། །བྱང་སེམས་བདེ་ཆེན་དེ་བཞིན་ཉིད། །རྣལ་འབྱོར་ཆེན་པོའི་ལྟ་བ་ཡིན། །རྣལ་འབྱོར་ཆེན་པོའི་ཏིང་འཛིན་ནི། །འབར་དེས་དཀྱིལ་འཁོར་ཐམས་ཅད་ཀུན། །བསྐྱེད་པ་རྣམ་བཞི་རིམ་གྱིས་བསྐྱེད། །ཆོ་འཕྲུལ་རྣམ་བཞི་ཕྱག་རྒྱ་བཞི། །དུས་བཞིའི་རྒྱལ་བའི་དཀྱིལ་འཁོར་དང་། །རིག་པ་རང་སྣང་དཀྱིལ་འཁོར་གཉིས། །ཆུ་དང་ཆུ་བཞིན་དབྱེར་མེད་དེ། །མ་སྐྱེས་ཆོས་ཉིད་ཤེས་རབ་ལས། །མི་འགག་རྒྱལ་བའི་དཀྱིལ་འཁོར་སྣང་། །ཐབས་དང་ཤེས་རབ་དབྱེར་མེད་པ། །རྣལ་འབྱོར་ཆེན་པོའི་བསམ་གཏན་ཡིན། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །བསྙེན་སྒྲུབ་བཞི་དང་ཕྲིན་ལས་བཞི། །སྦྱོར་སྒྲོལ་ལ་སོགས་སྤྱོད་པའི་ཆོས། །བདག་དང་གཞན་དོན་བསྒྲུབ་པའི་ཕྱིར། །ཐབས་ཀྱིས་ཟིན་ཏེ་ཉམས་སུ་བླང་། །དེས་ནི་བདག་གཞན་གྲོལ་བར་འགྱུར། །རྣལ་འབྱོར་ཆེན་པོའི་དམ་ཚིག་ནི། །བྱང་ཆུབ་སེམས་སོགས་རྩ་བ་བཞི། །སྤྱད་པ་ལྔ་དང་མི་སྤངས་ལྔ། །དང་དུ་བླང་དང་བསྒྲུབ་པ་དང་། །ཤེས་པར་བྱ་བ་ལྔ་སོགས་དང་། །ཐུན་མོང་ཐུན་མོང་མ་ཡིན་པའི། །བྱེ་བྲག་སྣ་ཚོགས་བཅས་པ་རྣམས། །འདས་ཉམས་མེད་པར་ཉམས་སུ་བླང་། །མི་ཚེ་གཅིག་ལ་མངོན་གྲུབ་སྟེ། །རྩལ་མཆོག་ལྡན་པའི་སྐྱེས་བུ་ནི། །ལྷག་མར་བཅས་པའི་ལུས་ཉིད་ཀྱིས། །ལས་དང་ཉོན་མོངས་ཀུན་བྲལ་ནས། །ཚེ་ལ་དབང་སོགས་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སྐྱེ་འཆི་མེད་པའི་ས་བཟུང་ནས། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡི། །ཚུལ་གྱིས་འགྲོ་རྣམས་རྒྱུད་སྦྱངས་ཏེ། །བདེར་གཤེགས་ཞིང་རྣམས་སྤྱོད་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་གནས་ལས་སྒྲོལ། །རྒྱལ་ཚོགས་ཉེ་བའི་སྲས་གྱུར་ཅིང་། །བྱང་ཆུབ་སེམས་དཔའ་ཀུན་གྱི་སྤུན། །འཇིག་རྟེན་ཀུན་གྱི་རྗེ་བོར་ལྷག །བརྒྱ་ཕྲག་བཅུ་དྲུག་ཚུན་ཆད་དུ། །ཤེས་བྱ་ཕྲ་སྒྲིབ་བྱང་གྱུར་ནས། །རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །ལུང་ལས་ཀྱང་ནི་འདི་སྐད་དུ། །ཐ་མ་བསྐྱེད་པ་གང་སྣང་བ། །ཐབས་དང་ཤེས་རབ་རྣམ་དག་པས། །བརྟེན་པ་ལྔ་ལས་སོགས་པའི་རྫས། །རྒྱལ་བ་ལྔ་རུ་རྫོགས་སངས་རྒྱས། །རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས། །ཞེས་གསུངས་ལུང་གིས་བགྲོད་དང་གསལ། །འབྲིང་ལ་རྫོགས་པའི་ཚུལ་སྣང་བ། །རྣམ་གྲོལ་རིགས་པའི་ཏནྟྲ་སྟེ། །དེ་ཡང་ལྟོས་པའི་བྱེ་བྲག་བདུན། །དབང་པོ་རབ་ཀྱི་འབྲིང་གྱུར་པ། །དབྱིངས་དང་ཡེ་ཤེས་འཇུག་པའི་སྒོ། །རྣལ་འབྱོར་རྫོགས་པའི་ལྟ་བ་ནི། །བླ་མེད་སངས་རྒྱས་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་དུ། །སྣོད་བཅུད་ཕྲ་རགས་བེམ་རིག་དང་། །དགེ་སྡིག་མཐོ་དམན་བཟང་ངན་རྣམས། །བྱེ་བྲག་རྣམ་པ་ཅིར་སྣང་ཡང་། །ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །མི་དམིགས་མི་གནས་སྤྲོས་དང་བྲལ། །གཟུང་དང་མཚན་མའི་དངོས་པོ་མེད། །མ་སྐྱེས་མ་བཅོས་སེམས་ཀྱི་དབྱིངས། །དེ་ཉིད་འགག་པ་མེད་རྩལ་གྱིས། །ཐམས་ཅད་ཐམས་ཅད་མི་འགགས་པ། །ཡེ་ཤེས་རོལ་པའི་རྒྱན་དུ་རྫོགས། །རྫོགས་པའི་རྣལ་འབྱོར་ཏིང་འཛིན་ནི། །བཞི་པོ་རིམ་གྱིས་མ་བསྐྱེད་དེ། །འབར་དེས་རྒྱལ་བའི་དཀྱིལ་འཁོར་རྣམས། །དྭངས་པའི་མཚོ་ལ་གཟའ་སྐར་བཞིན། །རིག་པ་རྩལ་གྱི་བྱིན་རླབས་ཀྱིས། །མི་བསྐྱེད་རྫོགས་པའི་ཚུལ་དུ་བསྒོམ། །རྣམ་གྲོལ་རིག་པའི་སྤྱོད་པ་ནི། །རྣལ་འབྱོར་ཆེ་དང་བྱེ་བྲག་མེད། །བརྟུལ་ཞུགས་ཉི་ཤུ་རྩ་གསུམ་པོ། །ལུང་ལས་བཤད་པ་དེ་དག་ཡིན། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །སུམ་བརྒྱ་དྲུག་ཅུ་མཐའ་ཡས་ཏེ། །གོང་འོག་བསྲུང་བའི་བྱེ་བྲག་རྣམས། །འདི་ཡིས་མི་བསྲུང་གཅིག་ཀྱང་མེད། །ཟླ་བ་ལོ་དང་ལོ་བཅུ་གཉིས། །བཅུ་དྲུག་རྒྱུན་གྱི་ཁྱད་པར་གྱིས། །འཁོར་ལོ་ཚོགས་ཆེན་མངོན་གྱུར་རིམ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ། །མངོན་དུ་གྱུར་པ་ལམ་གྱི་ཡུན། །དེང་ནས་རིང་པོར་མི་ཐོགས་པར། །བརྡལ་བ་ཆོས་ཉིད་ས་ཞེས་སམ། །ཀུན་བཟང་དབྱེ་བ་མེད་པའི་སར། །ཐོགས་མེད་མངོན་གྱུར་ལྷུན་གྱིས་གྲུབ། །ལུང་ལས་ཀྱང་ནི་འདི་སྐད་དུ། །མཉམ་པས་མཉམ་པའི་དོན་མཐོང་ནས། །མཉམ་རྫོགས་ཡུལ་ཤེས་དབྱིངས་ཡེ་ཤེས། །ཀུན་རིག་ཀུན་རྫོགས་ཀུན་ཏུ་སྣང་། །ཐམས་ཅད་བརྡལ་བ་ཆོས་ཉིད་ས། །ཞེས་གསུངས་ལུང་གིས་བགྲོད་དང་གསལ། །ཐེག་པ་ཀུན་གྱི་སྤྱི་དཔལ་ཏེ། །ཤིན་ཏུ་རྣལ་འབྱོར་ཐེག་པའི་བླ། །བྱ་བྲལ་རྫོགས་པའི་རྣལ་འབྱོར་རྒྱུད། །རང་བྱུང་ཡེ་ཤེས་ལྷུན་གྲུབ་པས། །ཐ་སྙད་བྱེ་བྲག་མ་མཆིས་ཀྱང་། །འོག་མ་དག་ལ་ལྟོས་ཆོས་ཀྱང་། །འཇུག་སྒོ་ལ་སོགས་བདུན་དུ་དབྱེ། །སྔོན་སྦྱངས་སྐྱེས་བུ་སྐལ་ལྡན་ཅན། །དབང་པོ་རབ་ཀྱི་ཡང་རབ་ནི། །འདི་ཚེ་གཅིག་ལ་མངོན་རྫོགས་ནུས། །འཇུག་པའི་རྟེན་གྱི་གང་ཟག་ཡིན། །ལུང་ལས་ཀྱང་ནི་འདི་སྐད་དུ། །གླེང་བྲལ་ཉིད་ལ་གནས་པ་ཡི། །རྣལ་འབྱོར་དེ་ནི་སྐལ་བ་བཟང་། །ཞེས་པ་དང་། སྔོན་སྦྱངས་སྐྱེས་བུ་སྐལ་ལྡན་རྣལ་འབྱོར་དོན། །བླ་མའི་མན་ངག་སྙན་ཁུངས་ཐུགས་བརྒྱུད་ཅིང་། །དད་ཅན་རྒྱལ་བའི་ཐུགས་དང་འདྲ་རྣམས་ཁྱེར། །ཞེས་པ་དང་། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཞེས་གསུངས་ཕྱིར་ན་ལུང་གིས་གསལ། །ཐེག་པའི་ཡང་རྩེར་འཇུག་པ་ནི། །བླ་མེད་སངས་རྒྱས་མན་ཆད་ནས། །མནར་མེད་དམྱལ་བ་ཡན་ཆད་དུ། །གཉིས་སྣང་ཕྱི་ནང་ཆོས་འདི་རྣམས། །ཐམས་ཅད་མ་འདྲེས་ཡོངས་རྫོགས་པས། །ཕྱོགས་ལྷུང་བྲལ་བ་འཇུག་སྒོ་ཡིན། །བྱ་བྲལ་རྫོགས་པའི་ལྟ་བ་ནི། །ཆོས་ཀུན་མ་འདྲེས་ཡོངས་རྫོགས་པའི། །འབེབ་ཚུལ་བརྗོད་པ་མཐའ་ཡས་ཀྱང་། །སྐབས་འདིར་ཕྱོགས་ཕྲན་ཙམ་ཞིག་བཟུང་། །འདིར་ནི་སྒྲུབ་པའི་གཏན་ཚིགས་བཞི། །རང་བཞིན་སྐྱེ་བ་མེད་པ་དང་། །ཀུན་བཟང་རོལ་པ་འགག་པ་མེད། །མཚན་ཉིད་དབྱེ་བ་མེད་པ་དང་། །ངོ་བོ་རང་གྲོལ་གཏན་ཚིགས་ཏེ། །གཏན་ཚིགས་བཞི་རུ་རྒྱལ་བས་བཤད། །རང་བཞིན་སྐྱེ་མེད་གཏན་ཚིགས་ནི། །འཁོར་འདས་སྣང་སྲིད་སྣོད་བཅུད་དང་། །དགེ་སྡིག་བཟང་ངན་ལ་སོགས་པ། །ཞེན་བརྟགས་གཉིས་སྣང་ཆོས་འདི་རྣམས། །མཐུན་སྣང་ཆ་ལ་འགག་མེད་པར། །སོ་སོ་ཉིད་ནས་ཆོས་ཉིད་དང་། །མ་བཅོས་མ་བྱས་གཉེན་པོ་མེད། །བྱེ་བྲག་ཐ་སྙད་སྤྱོད་ཡུལ་བྲལ། །མུ་མཐའ་མེད་པས་ཡེ་ཤེས་ཀློང་། །མཐའ་དབུས་མེད་པས་བརྡལ་བ་ཆེ། །འོད་བསྡུ་མེད་པས་ཐམས་ཅད་ཁྱབ། །དེ་ཡི་བླ་དྭགས་བྱེ་བྲག་ནི། །ཆོས་ཉིད་མ་སྐྱེས་ཆོས་ཀྱི་དབྱིངས། །མུ་མེད་ཁྱབ་བརྡལ་ཆེན་པོའི་ཀློང་། །ཅི་བཞིན་པ་ཡི་དཀྱིལ་འཁོར་དང་། །རྣལ་མ་དོན་གྱི་ཀུན་གཞི་དང་། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །སྐྱེ་མེད་བླ་དྭགས་བསམ་མཐའ་ཡས། །ཐམས་ཅད་ཐམས་ཅད་དེར་གཅིག་ཀྱང་། །དེ་ལ་ཕྱོགས་རིས་མི་མངའ་ཕྱིར། །རང་བཞིན་སྐྱེ་མེད་གཏན་ཚིགས་བརྗོད། །རོལ་པ་འགག་མེད་གཏན་ཚིགས་ནི། །བཤད་པའི་འཁོར་འདས་སྣང་སྲིད་དང་། །སྣོད་བཅུད་བདེ་སྡུག་རྒྱུ་འབྲས་དང་། །གཉིས་པར་སྣང་བའི་ཆོས་འདི་རྣམས། །སོ་སོ་རང་རྩལ་འགག་མེད་དེ། །བརྟག་པའི་ཞེན་བློས་བརྟགས་བཞིན་ནོ། །གང་ཡང་སྤངས་ལེན་འགག་མེད་ཕྱིར། །ཀུན་བཟང་རོལ་པའི་རྒྱུན་ཞེས་བྱ། །འགག་པ་མེད་དང་མཐུན་སྣང་དང་། །ལྷུན་གྲུབ་དཀྱིལ་འཁོར་ཐམས་ཅད་དེ། །ཐེག་པ་ཀུན་གྱིས་གཞལ་བྱ་དང་། །མུ་སྟེགས་ལོག་བརྟགས་འཁྲུལ་གཞི་དང་། །འཇིག་རྟེན་པ་ཡི་ཞེན་ཕྱོགས་རྣམས། །ཐམས་ཅད་འདི་ཡིན་འདི་ལས་བྱུང་། །རྟོགས་གྲོལ་མ་རྟོགས་དུས་ན་འཆིང་། །ལོག་བརྟགས་ཤིན་ཏུ་འཆིང་བར་གསུངས། །ཐེ་ཚོམ་ལམ་ཡང་ཡུན་རིང་ངོ་། །དེ་ལ་འཇིག་རྟེན་ཐུན་མོང་པ། །འབྱུང་ཆེན་ནུས་པ་ཉིད་བརྟགས་ཏེ། །ཞེན་པས་ཡུལ་གྱི་འཆིང་བ་ཡིན། །རྟག་པར་ལྟ་བས་དངོས་པོར་འཛིན། །རང་གི་གྲུབ་མཐའ་ཉིད་དུ་འདོད། །ཉན་ཐོས་རྣམས་ཀྱི་རྡུལ་ཕྲན་ཏེ། །ཐེ་ཚོམ་གཅོད་པས་ཅུང་ཟད་གྲོལ། །རང་སངས་རྒྱས་ཀྱི་རྡུལ་ཕྲན་དང་། །ཕྱི་ནང་རྟེན་འབྲེལ་བརྟགས་པ་ཡིས། །སྲིད་པའི་ཆོས་ལས་འདའ་བར་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །ལ་ལས་འཁྲུལ་གཞི་སེམས་སུ་སྨྲ། །ལ་ལས་ཆད་གཞི་སྟོང་པར་སྨྲ། །ཀུན་རྫོབ་བདེན་པར་མིང་བརྟགས་ཏེ། །མི་བསླུའི་ཚུལ་གྱིས་གཞན་དོན་སྤྱོད། །གསང་སྔགས་ཐེག་པས་ལྷ་རུ་འདོད། །དེ་ཡང་བྱེ་བྲག་རྣམ་གཉིས་ཏེ། །ལ་ལས་དག་པ་ལྷ་རུ་འདོད། །ལ་ལས་དེ་ཉིད་ལྷ་རུ་འདོད། །བྱ་བྲལ་ལྷུན་གྱིས་གྲུབ་པ་ནི། །རང་བཞིན་ཅིར་ཡང་མ་ཡིན་ལ། །རོལ་པ་ཅིར་ཡང་མི་འགག་པས། །ཕྱོགས་ལྷུང་ཞེན་འཛིན་མི་མངའོ། །མཚན་ཉིད་དབྱེར་མེད་གཏན་ཚིགས་ནི། །ཆུ་ཉིད་རླབས་སུ་ཤར་བའམ། །ལྷོ་སྤྲིན་ཉིད་ན་སྟོང་པ་བཞིན། །རོལ་པ་འགག་པ་མེད་དུས་ན། །སྐྱེ་མེད་དབྱིངས་ལས་གཡོས་པ་མེད། །འགག་མེད་རྟེན་འབྲེལ་མཐུ་ཡིས་ནི། །དོན་བྱེད་རྒྱུ་རྐྱེན་སྣ་ཚོགས་སྨིན། །རང་བཞིན་ཉིད་ལས་ཉམས་པ་མེད། །ལུང་ལས་ཀྱང་ནི་འདི་སྐད་དུ། །རང་བཞིན་གཅིག་ཏུ་མ་ངེས་པས། །ཅི་ལྟར་བལྟས་པ་དེ་ལྟར་སྣང་། །ཅེས་པ་དང་། མེད་པའི་རྒྱུ་ལས་ཡོངས་གསལ་བས། །སྣང་ཉིད་རང་བཞིན་སྒྱུ་མ་འདྲ། །ཞེས་པ་དང་། ཇི་ལྟར་ནམ་མཁའི་སྤྲིན་བཞིན་དུ། །སྣ་ཚོགས་རྣམ་པ་ཅིར་སྣང་ཡང་། །དེ་དུས་རང་བཞིན་ཉམས་པ་མེད། །དེ་སོགས་སྣ་ཚོགས་ལུང་གིས་གསལ། །བདེན་གཉིས་དབྱེར་མེད་ཅེས་ཀྱང་བྱ། །བྱང་སེམས་དབྱེར་མེད་ཅེས་ཀྱང་བྱ། །དབྱེར་མེད་ལྷུན་གྲུབ་ཅེས་ཀྱང་བྱ། །ཟུང་འཇུག་ཆེན་པོ་ཞེས་ཀྱང་བྱ། །མཉམ་རྫོགས་ཆེན་པོ་ཞེས་ཀྱང་བྱ། །དེ་སོགས་གྲུབ་མཐའི་བྲེ་བྲག་གིས། །སྣ་ཚོགས་བླ་དྭགས་བསམ་མཐའ་ཡས། །རིག་པ་རང་གྲོལ་གཏན་ཚིགས་ནི། །གང་ཞིག་སྐྱེས་བུ་སྐལ་ལྡན་ཅན། །མ་ནོར་དམ་པའི་གསུང་ལ་བརྟེན། །ཤེས་རབ་གསུམ་གྱིས་རྒྱུད་སྦྱངས་ཏེ། །རྒྱུ་རྐྱེན་དྲུག་ལ་མེ་ལྟར་གཡོ། །གཏན་ཚིགས་གསུམ་ལ་བློ་གདལ་བས། །སྲིད་པའི་ཆོས་རྣམས་རང་སར་གྲོལ། །ཉོན་མོངས་སྡུག་བསྔལ་ཤུགས་ཀྱིས་ཞི། །རྣམ་ཤེས་ཡུལ་སེམས་གནས་སུ་དག །རང་བྱུང་ཡེ་ཤེས་ཀློང་དུ་ཤར། །སྣང་སྟོང་གང་ལའང་རྟེན་འཆའ་བྲལ། །ཕྱོགས་ལྷུང་བྲལ་བའི་ལྟ་བ་འཆར། །བྱ་བྲལ་རྫོགས་པའི་བསམ་གཏན་ནི། །རང་བྱུང་ཡེ་ཤེས་བདེ་ཆེན་གྱི། །ཀློང་དུ་རང་བློ་བདལ་བ་ནི། །ཤེས་སྒྲུབ་དམིགས་པའི་རྟེན་ཆ་བྲལ། །རང་རིག་ཡུལ་བྲལ་ཡེ་ཤེས་ནི། །བསམ་གཏན་ཀུན་གྱི་ངོ་བོར་བྱུང་། །ལུང་ལས་ཀྱང་ནི་འདི་སྐད་གསུངས། །སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཙལ་བཞག་ན་སྒོམ་པ་ཡིན། །ཞེས་སོགས་གསུངས་པས་མངོན་དུ་འབྱིན། །བྱ་བྲལ་རྫོགས་པའི་སྤྱོད་པ་ནི། །སྤྱོད་ཡུལ་རྒྱུན་གྱི་འཁོར་ལོ་ལ། །བྱ་སྤྱོད་བྲལ་བའི་རིག་པ་འཆར། །ཀུན་ཏུ་བཟང་པོའི་སྤྱོད་པ་ནི། །དུག་གསུམ་དུག་ལྔ་ལ་སོགས་རྣམས། །འགག་མེད་རང་བྱུང་ཉིད་དུ་གསལ། །སྤངས་བླང་མེད་པའི་སྤྱོད་པ་ཡིན། །འདོད་ཡོན་ཀུན་བཟང་རྒྱན་འདི་དག །བདག་ཉིད་ཆེན་པོའི་གཏན་ཚིག་གིས། །ཆོས་དབྱིངས་དག་པའི་ངོ་བོར་ཤར། །རྒྱན་དང་ཆ་ལུགས་ལྡན་སྤྱོད་ཡིན། །བླ་མེད་ཐེག་པ་མན་ཆད་ནས། །འཇིག་རྟེན་བྱ་སྤྱོད་ཡན་ཆད་ཀུན། །ཆེད་ཀྱིས་དགག་སྒྲུབ་གང་ཡང་མེད། །རང་བྱུང་ཡེ་ཤེས་ཉིད་དུ་གསལ། །བསམ་གྱིས་མི་ཁྱབ་སྤྱོད་པ་ཡིན། །ཐོག་མཐའ་དུས་དང་སྣོད་བཅུད་རྣམས། །ལྷུན་གྲུབ་རང་བྱུང་ཡེ་ཤེས་ཀྱི། །རྩལ་དུ་མ་གྱུར་གང་ཡང་མེད། །བདག་ཉིད་ཆེན་པོའི་སྤྱོད་པ་ཡིན། །སྤྱོད་པའི་ཁྱད་པར་ཅི་བྱུང་ཡང་། །དགག་སྒྲུབ་ཆེད་འཛིན་བྲལ་བས་ན། །སྤྱོད་པའི་རྒྱལ་པོ་བྱར་མེད་ཡིན། །བྱ་བྲལ་རྫོགས་པའི་དམ་ཚིག་ནི། །ཆོས་ཉིད་ངང་ལས་འདའ་ཉམས་མེད། །རིག་པ་ཡེ་ཤེས་འདའ་ཉམས་མེད། །མ་བཅོས་ཏིང་འཛིན་འདའ་ཉམས་མེད། །སྤང་བླང་མེད་པའི་སྤྱོད་པ་ཡིས། །བླ་མེད་ཐེག་པའི་དམ་ཚིག་དང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །སྡོམ་པའི་བྱེ་བྲག་མཐའ་ཡས་དང་། །ཐུན་མོང་བྱ་སྤྱོད་ཐམས་ཅད་ཀུན། །ཆེད་དུ་དགག་པ་གཅིག་ཀྱང་མེད། །ཆེད་དུ་འཛིན་པ་ཡང་བྲལ་བ། །བླ་མེད་ཐེག་པའི་དམ་ཚིག་ཡིན། །བླ་མེད་ཐེག་པའི་འགྲུབ་ཡུན་ནི། །ཆོས་ཀུན་ཡེ་ནས་སངས་རྒྱས་པས། །ངོ་བོའི་དུས་ཞེས་བཤད་པ་ཡིན། །གཏན་ཚིག་གསུམ་ལ་བློ་གདལ་ནས། །རིག་པ་རང་སར་གྲོལ་བའི་ཚེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །འགོ་བོ་ཟུག་པ་ཡིན་པས་ན། །ས་ཆེན་དང་པོ་ཉེ་བར་ནོན། །གཡོ་བའི་ཉམས་ཞེས་བྱ་བ་ཡིན། །དེ་ཉིད་ཉམས་སུ་བླང་བའི་ཚེ། །ས་ཆེན་གཉིས་པ་ནོན་པ་སྟེ། །ཐོབ་པའི་ཉམས་ཞེས་གྲགས་པ་ཡིན། །མ་བཙལ་ལྷུན་གྱིས་གྲུབ་པའི་ཚེ། །ཕྱོགས་བཅུར་བཞུགས་ཤིང་དུས་བཞིར་གཤེགས། །བདེར་གཤེགས་མ་ལུས་ཐམས་ཅད་དང་། །སྐུ་དང་གསུང་ཐུགས་རྡོ་རྗེ་ལྟར། །དབྱེར་མེད་བརྟན་པ་མཐར་ཕྱིན་ཡིན། །ས་རྣམས་ཀུན་གྱི་ཡང་ཐོག་སྟེ། །བགྲོད་པའི་ལམ་གྱི་ཐ་མ་ནོན། །ཐམས་ཅད་མ་འདྲེས་ཡོངས་རྫོགས་པས། །རྫོགས་པའི་སྤྱིར་ཆིབས་ས་ཞེས་བྱ། །ཐམས་ཅད་མཐར་ཕྱིན་འབྲས་བུའི་མཆོག །ངོ་བོ་རྣམ་གྲངས་ངེས་ཚིག་དང་། །བྱེ་བྲག་སྣང་ཚུལ་བསྟན་པ་ནི། །ངོ་བོ་སྐུ་གསུམ་ལྷུན་གྲུབ་ཡིན། །རྣམ་གྲངས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་རེ་རེའང་ལྔ་ལྔ་སྟེ། །རྒྱན་གྱི་འཁོར་ལོ་ཉི་ཤུ་ལྔ། །བྱེ་བྲག་རྣམ་གྲངས་བསམ་མི་ཁྱབ། །མཐར་ཕྱིན་དོན་བཅས་ལྡོག་མེད་པས། །སྒྲུབ་པ་ཀུན་གྱི་མཆོག་ཡིན་ཕྱིར། །འབྲས་བུའི་ངེས་ཚིག་རྒྱལ་བས་གསུངས། །བྱེ་བྲག་ཐེག་པའི་ཐོབ་ཚུལ་ཏེ། །ཕྱོགས་གཅིག་པ་དང་མ་འདྲེས་དང་། །ལྷུན་གྲུབ་ཡེ་ཤེས་རང་འཆར་བ། །ཐོབ་ཚུལ་ཡིན་ཏེ་དབྱེ་བ་མེད། །སྣང་ཚུལ་ཉེ་བར་བསྟན་པ་ནི། །གཉིས་མེད་ཡེ་ཤེས་རང་བྱུང་བ། །དེ་བཞིན་གཤེགས་པ་སྣང་བ་དང་། །ལོངས་སྤྱོད་མཛད་པ་རྒྱ་ཆེན་རྣམས། །རིག་འཛིན་བྱང་ཆུབ་སེམས་དཔའི་ཚོགས། །སྨིན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །འགྲོ་དྲུག་མོས་པ་བསམ་ཡས་པས། །སོ་སོའི་མཐུན་སྣང་བསམ་ཡས་སུ། །དྭངས་པའི་མཚོ་ལ་གཟའ་སྐར་བཞིན། །འཆར་བ་དེ་དག་སྤྲུལ་པའི་སྐུ། །སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། །བློ་གསལ་ཉི་འོད་གཅིག་པ་ལྟར། །ངོ་བོ་ཉིད་ལ་དབྱེ་བ་མེད། །དེས་ན་མ་རྟོགས་ལོག་པར་རྟོག །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ཅེས། །རྒྱུད་ལས་གསུངས་པ་དེ་ལྟར་ཡིན། ཀུན་བཟང་ལ་སོགས་རྒྱལ་བ་རྒྱ་མཚོས་བསྟན་པ་དམ་ཆོས་རྒྱ་མཚོ་ཇི་སྙེད་རྣམས། རྒྱལ་ཚབ་རྒྱལ་སྲས་སྨིན་པ་རྒྱ་མཚོ་དགོས་འབྲེལ་ཚུལ་གྱིས་དགོངས་དང་རིག་པ་རྣ་བརྒྱུད་པ། །རྒྱུད་གཞུང་རྒྱ་ཆེ་རྒྱ་མཚོའི་ཆུ་ལས་ངང་པས་འོ་མའི་བཅུད་བླངས་ཇི་བཞིན་དུ། །ཐེག་པའི་བྱེ་བྲག་ཕྱོགས་དང་ཕྱོགས་མིན་ངེས་སྒྲུབ་འདི་བསྡུས་འགྲོ་ཀུན་ཡོངས་ལ་བསྔོ། །ཐེག་པའི་བྱེ་བྲག་མཐའ་ཡས་པ་ལས་མདོ་ཙམ་ཞིག་བཀོད་པ་བླ་མ་རིན་པོ་ཆེ་དམ་པའི་ཞལ་ནས་དྲིས་པ་རྫོགས་སོ།། །།ནི་གནས་སྐབས་རེ་ཞིག་བཤད་དུ་མ་མཆིས་པའོ། །ཐེག་པ་ཤན་འབྱེད་སྤྱི་ཆིངས་འདི། །སྐྱེས་ཆེན་ཡབ་སྲས་རྣམ་གསུམ་གྱིས། །མ་འོང་རྗེས་འཇུག་རྣམས་དོན་དུ། །ཞལ་གསུངས་ཡིག་བྲིས་མཆན་བཏབ་པ། །དེ་དོན་འཕགས་མཆོག་དྲིན་ཆེན་གྱིས། །ཊཱི་ཀ་གསལ་བྱེད་བྱས་ན་ཡང་། །བློ་དམན་རྣམས་ཀྱིས་ཕིག་དཀའ་བས། །དེ་ཕྱིར་བཤད་མཆན་འདི་བྱས་སོ། །དོན་ལ་ནོར་འཁྲུལ་གྱུར་སྲིད་ན། །བཤགས་ཏེ་མ་ནོར་དགེ་བ་དེས། །འགྲོ་རྣམས་སྨིན་གྲོལ་ལམ་འཇུག་ནས། །མཐར་ཕྱིན་སྐུ་ལྔ་འགྲུབ་པར་ཤོག །མཆན་བུ་འདི་ནི་ཚུལ་ཁྲིམས་སྙིང་རྗེས་བསྐུལ་བའི་ངོར། །ནམ་མཁའ་རྒྱལ་མཚན་གྱིས་ཕ་ཡུལ་འབྲི་ཟླ་བ་སྒང་གི་རི་ཁྲོད་དུ་བྲིས་པའོ། །དྲིན་ཆེན་ག་ག་ཀེ་ཏུའི་ཐུགས་རྣམ་དག །རྒྱུད་སྙིང་མན་ངག་ཉིང་ཁུ་ཐེག་ཤན་འབྱེད། །ཞལ་གསུང་བཤད་མཆན་བསྡུས་དོན་རིན་ཆེན་ཕྲེང་། །དངོས་དང་མ་འོངས་རྣམས་ཀྱི་ཆེད་བཀོད་དོ། །སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་པའི་ཐུགས་ཀྱི་དགོངས་པ་ཞལ་དུ་ཕྱུངས་པའི་མཆན་རང་དང་ས་གཙོང་བློ་གསལ་བ་དང་སེམས་ལ་འདུན་པ་ཐོབ་པ་རྣམས་ཀྱི་དོན་དུ་གསུངས་པ་འདི། འཁོར་གྱི་ནང་ནས་འབངས་ཀྱི་ཐ་མར་གྱུར་པ་ཚུལ་སེང་གིས་ཡུལ་འབྲི་ཟླ་བ་སྒང་གི་གནམ་གཟུང་དབེན་གནས་དགའ་ལྡན་རི་ཁྲོད་དུ་བྲིས་པའོ། །འདི་བྲིས་དགེ་བའི་བྱིན་རླབས་ཀྱིས། །བདག་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་བར་ཤོག ༈ །འདིར་སྨྲས་པ། ༀ་སྭསྟི་སིདྡྷི། ཐུབ་བསྟན་གངས་ཀྱི་རི་ལ་གནས་བཅས་ཏེ། །ཕུལ་བྱུང་ཤེས་རབ་དམ་པའི་རྩལ་རྫོགས་ནས། །འཇིགས་མེད་སྤོབས་པ་ཆེན་པོའི་སེང་གེའི་སྒྲས། །གསང་ཆེན་སྨྲ་བའི་དབང་ཕྱུག་བདེ་གཤེགས་ཉིད། ༡ །དྲི་མེད་གསུང་གི་ཉི་མའི་འོད་ཟེར་གྱིས། །འགྲོ་བློའི་རྨོངས་པའི་མུན་པ་རྣམ་བསལ་ནས། །བློ་གྲོས་པདྨོའི་དཔལ་ཀུན་རྒྱས་བྱེད་པའི། །བླ་མེད་ཐེག་པའི་རྣམ་བཤད་འདི་རྨད་བྱུང་། ༢ །གནས་ལྔ་རིག་པའི་དབང་ཕྱུག་པཎ་ཆེན་རྗེས། །སྐྱེ་སྲིད་གཉིས་པར་ཟློས་པའི་སྒྱུ་འཕྲུལ་གར། །ཚེ་དབང་རིག་པ་འཛིན་པའི་རྒྱ་མཚོ་ཡིས། །བསྟན་ལ་རྣམ་པར་དཀར་བའི་བློ་གྲོས་ཀྱིས། ༣ །མ་ལུས་ཐེག་པའི་དབྱེ་བསྡུ་ཇི་སྙེད་པ། །རྒྱལ་དང་རྒྱལ་སྲས་ལམ་བཟང་སྤྱི་ཡི་ཆིངས། །སྲིད་ཞིར་སྣང་བའི་དཔལ་སྟེར་མཚུངས་བྲལ་བ། །ལྷག་བསམ་དག་པས་སྤར་དུ་བསྒྲུབ་པ་ལས། ༤ །དྲི་མེད་དགེ་བ་སྟོན་ཟླ་ལྟར་དཀར་བས། །ལུས་ཅན་གདུང་བའི་མུན་པ་མཐར་བྱས་ནས། །བཤད་སྒྲུབ་ཀུནྡ་དཀར་པོའི་དཔལ་རྒྱས་ཏེ། །དགེ་ལེགས་སྣང་བ་ཆེན་པོས་ཁྱབ་གྱུར་ཅིག ༥ །ཅེས་པའང་སྤྲུལ་པའི་སྐུ་རིན་པོ་ཆེ་ཚེ་དབང་རིག་འཛིན་རྒྱ་མཚོས། རྗེ་བཙུན་ཤེས་རབ་སེང་གེའི་གསུང་དྲི་མ་མེད་པ་འདི་ཉིད་རྒྱལ་བསྟན་རིན་པོ་ཆེ་གསལ་བར་བྱེད་པའི་རྒྱན་དུ་དགོངས་ནས་མཁན་རིན་པོ་ཆེ་པདྨ་བཛྲ་པས་ཀྱང་ཕྱི་མོ་ཞུ་དག་བྱེད་པ་སོགས། འབད་པ་དུ་མས་བསྒྲུབ་ཅིང་མཐར་ཕྱིན་སྐབས། མཁན་མིང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་སྤར་བྱང་དུ་སྤེལ་བ། འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།