Nitartha Digital Library
Tibetan
 
previousསྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབགས་ཆེན་མོ།next

སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབགས་ཆེན་མོ།

སྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབགས་ཆེན་མོ་བཞུགས་སོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི། སངས་རྒྱས་སྒམ་པོས་མ་མཛད། སེམས་ཅན་སྒྲིན་པོས་མ་བཅོས་པའི་དུས་ན། ངོ་བོ་གཉིས་སུ་མེད་པ། མཚན་ཉིད་རང་རིག་པ། སྣང་བ་སྒྱུ་མ་ཡིན་པ་ལ། སེམས་ཅན་རྣམས་རྐྱེན་བླ་མ་དམ་པའི་གདམས་ངག་དང་མ་འཕྲད་པས། ངོ་བོ་གཉིས་མེད་ལས་གཉིས་སུ་འཁྲུལ། མཚན་ཉིད་རང་རིག་ལ་རང་རིག་ཏུ་མ་གོ་སྟེ། སྣང་བ་སྒྱུ་མ་ལ་ཡང་དག་པར་ཞེན་པས། འགྲོ་བ་རིགས་དྲུག་གི་ལས་དང་འབྲས་བུ་མྱོང་བ་ནི། དཔེར་ན་དང་པོ་ཆུའི་རང་བཞིན་དེ་རྐྱེན་དང་བྲལ་བ་འཁྱག་པས་ཆབ་བྲམ་ལྟར་དུ་སྣང་བ་བཞིན་ནོ། །དེ་ལྟ་བུའི་སེམས་ཅན་ལ་སྔར་བླ་མ་དམ་པའི་གདམས་ངག་ཁོང་དུ་མ་ཆུད་པས། འགྲོ་བ་རིགས་དྲུག་ཏུ་སྣང་བས་སངས་རྒྱས་ཀྱི་དགོངས་པ་མ་བཅོས་པར་རྟོགས་ནས་སངས་རྒྱས་སོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་བདེ་བར་གཤེགས་པ་ཐུགས་རྗེ་ཆེན་ལ་ཐབས་མཁས་པ་དེས། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་སོ། །དེ་ཡང་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས་ཏེ། དེ་ཡང་སྡེ་སྣོད་གསུམ་དུ་འདུས་སོ། །དེ་ཡང་མདོ་སྡེ། འདུལ་བ། མངོན་པ་གསུམ་དུ་འདུས་ཏེ། དེ་ཅིས་མངོན་ན། ཀུན་བྱེད་ལེའུ་བཅུ་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་བྱུང་སྟེ། །དེ་དག་འདུལ་བའི་གཉེན་པོར་གསུངས་པ་ནི། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེ། །ཞེས་པ་དང་། ཡང་གཟུགས་དང་སྒྲ་དང་དྲི་རོ་རེག་བྱ་ལས། འདོད་ཆགས་ཞེ་སྡང་གཏི་མུག་རྣམ་གསུམ་བྱུང་། །དེ་དག་འདུལ་བའི་གཉེན་པོ་སྡེ་སྣོད་གསུམ། །འདོད་ཆགས་འདུལ་བའི་གཉེན་པོ་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་ནི། །སྡེ་སྣོད་གསུམ་པ་ཉི་ཁྲི་ཆིག་སྟོང་གསུངས། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །དུག་གསུམ་གཉེན་པོར་འདུལ་ཕྱིར་གསུངས་པ་ཡིན། །ཅེས་གསུངས། དེ་ཡང་སྣོད་ཀྱི་རིམ་པ་དང་སྦྱར་ན་རབ་འབྲིང་ཐ་མ་གསུམ་སྟེ། དེ་ཡང་རེ་རེ་ལ་ཡང་གསུམ་གསུམ་སྟེ་དགུའོ། །དེ་ཡང་ཅིས་མངོན་ཞེ་ན། ཀུན་བྱེད་ལེའུ་ལྔ་པ་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཅེས་གསུངས། རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི། ཞལ་ནས་གསུངས་པའི་ཐེག་པ་དེ་རྣམས་ཀྱི་མདོ་བཟུང་མཁས་པས་མཛད་པ་ལ། བསྟན་བཅོས་སམ་རབ་ཏུ་འབྱེད་པའོ། །འབྲས་བུ་རྡོ་རྗེའི་ཐེག་པ་ཞེས་བྱ་བ་ནི། ཞལ་ནས་གསུངས་པའི་རྒྱུད་ལུང་ལས་མཁས་པས་མཛད་པའི་མན་ངག་གམ། ནོ་པི་ཀ་ཟེར་རོ། །དེ་ལ་མདོ་སྡེ་ཟེར་ན་སྤྲུལ་པའི་སྐུའི་ཞལ་ནས་གསུངས་པ་དེ་དོན་མདོ་རུ་བསྡུས་པ་ལ་ཚིག་སྡེར་ལོངས་པའི་ཕྱིར་རོ། །རྒྱུད་ཟེར་ན་སྐུ་གསུང་ཐུགས་རིམ་པར་བརྒྱུད་པའི་ཕྱིར་རོ། །དེ་ལ་བསྟན་བཅོས་མཐའ་དག་དོན་རྣམ་པ་ལྔས་བསྟན་ཏེ། དགོས་པ་བསྡུས་དང་ཚིག་དོན་དང་། །སྤྱི་ཡི་དོན་དང་ཡན་ལག་དབྱེ། །བརྒལ་བརྟགས་བཅས་ཏེ་བརྙད་པར་བྱ། །ཞེས་སོ། །མན་ངག་མཐའ་དག་རྩིས་མགོ་ལྔས་འཆད་དོ། །རྒྱུད་མཐའ་དག་ཕུན་སུམ་ཚོགས་པ་ལྔས་འཆད་དོ། །དེ་ལ་ཐེག་པ་ཆུང་ངུ་ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཤཱཀྱ་ཐུབ་པ། གནས་ཝ་ར་ཎ་སིའི་གླིང་ངམ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལམ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བཤད། དུས་ལྔ་བརྒྱ་ཕྲག་དང་པོ་ལའོ། །འཁོར་དགེ་སློང་དང་དགེ་ཚུལ་ཕོ་མོའོ། །བསྟན་པ་ངེས་དོན་དུ་འདུལ་བ་ལུང་སྡེ་བཞི། དྲངས་དོན་དུ་མདོ་སྡེ་སྐྱེས་རབ་སམ། ལས་བརྒྱ་པ། སོ་སོ་ཐར་པ། དྲན་པ་ཉེར་བཞག་གོ། །སྡུས་པ་པོ་ཀུན་དགའ་བོ། །ཡང་རང་རྒྱལ་གྱི་ཕུན་སུམ་ཚོགས་པ་ལྔ་དང་མི་ལྡན་ཏེ། ཁ་ས་མུ་ཏྲ་ནས། སངས་རྒྱས་རྣམས་ཀྱང་མི་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་པར་རང་ལས་བྱུང་། །ཞེས་པས་མངོན་ནོ། །ཐེག་པ་ཆེན་པོ་དབུ་མའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་ཤཱཀྱ་ཐུབ། གནས་བྱ་རྒོད་ཕུང་པོའི་རི། དུས་ལྔ་ཕྲག་གཉིས་པའི་དུས་སོ། །འཁོར་བྱང་ཆུབ་སེམས་དཔའ་སྡོམ་པ་འཛིན་པའི་འཁོར་རྣམས་བཞིའོ། །བསྟན་པ་ངེས་དོན་དུ་ཤེས་རབ་ཕྱོགས་སྲས་ཡུམ་བཅུ་བདུན། དྲང་དོན་མདོ་སྡེ་འབུམ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་མཐའ་དག་གོ། །སྡུས་པ་པོ་འཕགས་པ་ཀུན་དགའ་བོའོ། །མདོ་སྡེ་ཞེས་ཅིའི་ཕྱིར་བྱ་ཞེ་ན། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྟོན་པ་མདོ་སྡེར་བཤད། །ཅེས་སོ། །ཡང་འདུལ་བ་ཞེས་ཅིའི་ཕྱིར་ཞེ་ན། ལྟུང་དང་ངེས་པར་འབྱུང་བ་དང་། །བཅའ་བཞི་དང་ནི་རབ་འབྱེད་དང་། །དེ་ཉིད་འདུལ་བ་ཉིད་སྤྱོད་པའོ། །ཞེས་པའོ། །མངོན་པ་ཞེས་ཅིའི་ཕྱིར་བྱ་ཞེ་ན། མངོན་དུ་བྱ་ཕྱིར་ཡངས་ནས་ཡང་། །ཟིལ་གནོན་རྟོགས་པས་མངོན་པའི་ཆོས། །ཞེས་པ་སྡེ་སྣོད་གསུམ་གྱི་ངེས་ཚིག་གི། སྔགས་ཕྱི་པ་ནི། དང་པོ་སྟོན་པ་ཀུན་རིགས་རྣམ་པར་སྣང་མཛད། འོག་མིན་གྱི་གནས་ནས་དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པ་དང་། ལ་སྱ་དཀར་མོ་ལ་སོགས་པ་ཕྱག་རྒྱའི་ལྷ་མོ་བཞི་དང་། མཆོད་པའི་ལྷ་མོ་ལ་སོགས་པའི་སྐུར་བཞེངས་ནས། ཐུགས་རྗེ་རྒྱུན་ཆད་མ་མཛད་པར། དྷུ་པེ་ལ་སོགས་པ་བརྒྱད་ཀྱིས་མཆོད་བསྟོད་བསྐུར་བ་མཛད་པས། ཀུན་རིགས་རྣམ་པར་སྣང་མཛད་དུ་བཞེངས་ནས་རྒྱུད་གསུངས། ཆོས་ཉིད་ངང་ལ་མ་རྣལ་བ། །འགྲོ་བའི་དོན་ལ་ལོངས་སྐུར་བཞེངས། །ཐུགས་རྗེ་རྒྱུན་ཆད་མ་མཛད་པར། །འགྲོ་དོན་སྔོན་གྱི་དམ་བཅས་ཡལ་བར་འཆི། །ཞེས་བསྐུལ་ལོ། །དེས་ན་རྒྱུད་ཅེས་བྱའོ། །བྱེད་པ་བྱ་བའི་རྒྱུད་ཀྲི་ཡ་བ་ནི། སྟོན་པ་རིགས་ཀྱི་བདག་པོ་གསུམ་གྱི་ཡང་། གཙོ་བོ་རྣམ་པར་སྣང་མཛད་ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་སེམས་དཔའ་དང་། སྣང་བ་མཐའ་ཡས་དང་། རིགས་ཁྱད་པར་ཅན་གྱི་འཁོར་རིགས་གསུམ་མགོན་པོ་དང་། དུས་ནི་ལྔ་བརྒྱ་ཕྲག་གསུམ་པའོ། །བསྟན་པ་ནི། སྤྱི་བོ་ནས་ཐོན་པ་དབུ་གཙུག་ཏོར་གྱི་ཏན་ཏྲ། དཔུང་པ་གཡས་གཡོན་ནས་ཐོན་པ་ཀྲི་ཡ་དཔུང་བཟང་གི་ཏན་ཏྲ། ཐུགས་ཀར་ནས་ཐོན་པ་ཐུགས་རིགས་པ་མཆོག་གི་རྒྱུད། ལྟེ་བ་ནས་ཐོན་པ་སུ་པེ་ཏི་ཀ་རའི་རྒྱུད། ཞབས་ནས་ཐོན་པ་ཞབས་འཁོར་ལོ་སྡོམ་པའི་རྒྱུད། དེ་ལ་སོགས་པ་གསུངས་སོ། །སྡུད་པ་པོ་གཙང་མ་ལག་ན་རྡོ་རྗེ་གནས་འདོད་ཁམས་ལྷའི་གནས་ཆོས་བཟང་ལྷའི་ཕོ་བྲང་དུ་བཤད། དེ་ནས་མི་ཡུལ་དུ་ནི་སྟོན་པ་ཤཱཀྱ་ཐུབ་ཀྱིས། གནས་དུར་ཁྲོད་བསིལ་བའི་ཚལ་དུ། དུས་ལྔ་བརྒྱ་ཕྲག་བཞི་པའོ། །འཁོར་རིག་འཛིན་ཕོ་མོའི། སྡུད་པ་པོ་ལག་ན་རྡོ་རྗེའོ། །བསྟན་པ་ཡང་སྔ་མ་ཉིད་དོ། །ལ་ལ་དག་སྡུད་པ་པོ་ཀུན་དགའོ་ཡང་ཟེར་རོ། །ཨུ་པ་ཡ་ནི། དཔལ་ནམ་མཁའ་སྒོ་མང་གི་རྒྱུད་ནས། གཉིས་ཀ་རྒྱུད་ཀྱི་ཨུ་པ་ཡ། །འདི་ཡི་སྤྱོད་པ་ངེས་པ་མ་མཆིས་པས། །ལུང་ལའང་ངེས་པ་མེད་པར་བསྟན། །དེ་བཀོད་གླིང་བཞིའི་གོང་འོག་གཉིས་པོས་ཤེས། །ཕུན་སུམ་ཚོགས་པ་དེ་ལྟར་བསྟན་དུ་མེད། །ཅེས་པའོ། །སེམས་དཔའ་རྣལ་འབྱོར་ཡོ་གའི་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ་རྣམ་པར་སྣང་མཛད་ཆེན་པོའི་རྒྱུད་དང་མཐུན། དེས་ན་རྣམ་པར་སྣང་མཛད་ཀུན་ཏུ་ཞལ། གནས་འོག་མིན་གྱི་གནས་སོ། །འཁོར་རྒྱལ་བ་རིགས་བཞི་ཉིད་ལས་མི་གཞན་པའི་འཁོར། སེམས་དཔའ་སེམས་མ་ནི་རིག་ཁྱད་པར་ཅན་གྱི་འཁོར་རོ། །དུས་ལྔ་བརྒྱ་ཕྲག་ལྔ་པའོ། །བསྟན་པ་ནི་མུ་ལ་ཏནྟྲ་རྩ་བའི་རྒྱུད། ངན་སོང་སྦྱོང་བ། ཁམས་གསུམ་རྣམ་པར་རྒྱལ་བ། དཔལ་མཆོག་དང་པོ་ལ་སོགས་པའོ། །སྡུད་པ་པོ་དཔལ་འབྱུང་ལག་ན་རྡོ་རྗེའོ། །བར་དུ་འདོད་ཁམས་ལྷ་ཡུལ་དུ། རིག་འཛིན་གྲུབ་པ་རྣམས་ལ་བཤད། མི་ཡུལ་དུ་གནས་མེ་རི་འབར་བའི་རྩེ་ལ་བཤད། འཁོར་རིག་འཛིན་ཕོ་མོ་ལའོ། །དུས་ལྔ་བརྒྱ་ཕྲག་དྲུག་པ་ལའོ། །བསྟན་པ་སྔ་མའོ། །སྟོན་པ་ཤཱཀ་ཐུབ། སྡུད་པ་པོ་ཀུན་དགའ་བོའོ། །སྟོན་པ་ཤཱཀྱ་ཐུབ་པ་ཡི། བསྟན་པ་ལ་མདོ་སྔགས་གཉིས་ཀ་གསུངས་པ་མི་རིགས་ཞེ་ན། དེ་ལ་དགོངས་པ་འདུས་པའི་ལེའུ་བདུན་པ་ལས། ལང་ཀའི་བདག་པོས་དྲིས་པ། གསང་བའི་བདག་པོ་སྤྲུལ་པའི་སྐུ་ཐུབ་པའི་དབང་པོ་འདི། སངས་རྒྱས་གང་གི་སྤྲུལ་པའི་སྐུ་ལགས། གསང་བའི་བདག་པོས་བཀའ་སྩལ་པ། འདི་ནི་རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པའི་དུས་གསུམ་གྱི་སངས་རྒྱས་ཀྱི་ཀྱང་བརྗོད་ཀྱིས་མི་ལང་པའི་ནང་ནས་སྤྲུལ་པ་ཆ་གཅིག་ཏུ་ཟུངས་ཅིག །ཅེས་པའོ། །ཆོས་སྐུ་ལ་ལོངས་སྐུ་རྣམ་སྣང་གིས་སྨྲ་བའི་སེངྒེ་རྡོ་རྗེ་སེམས་དཔའ་ལ་བསྒོ་བ། སྒྱུ་འཕྲུལ་ནས༴ རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག །རྡོ་རྗེ་རིགས་གཙོ་ཐམས་ཅད་དཀྱིལ། །ཅེས་སོ། །སྤྲུལ་པ་བཀྱེ་བ་ཆ་གཅིག་ཤཱཀྱ་ཐུབ་ལ་སོགས་པས་གསང་སྔགས་གསུངས་པར་རིགས་པའོ། །དགོངས་འདུས་ནས། ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་མི་མཇེད་ཀྱི་འཇིག་རྟེན་འདི་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་ལུང་བསྟན་ནས། ཐེག་པ་ཆེ་ཆུང་གི་ཆོས་དང་། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་དང་། གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཏོ། །ཞེས་འབྱུང་ངོ་། །དེས་ན་མི་ཡུལ་དུ་བཤད་པ་ཤཱཀྱ་ཐུབ་པ་ཉིད་དོ། །འོ་ན་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་བསྟན་པ་གང་གིས་གསུང་ཞེ་ན། དེ་ཡང་སྐུ་གསུམ་བརྒྱུད་དེ་གནས་འོག་མིན་ཆེན་པོ་སྟེ། མདོ་བཅུ་ནས། འོག་མིན་འོག་མིན་གནས་འོག་མིན། །རིན་ཆེན་གཞལ་ཡས་བཀོད་པ་ནས། །ཅེས་པའོ། །སྟོན་པ་ཀུན་ཏུ་བཟང་པོས་ཡུམ་ཀུན་ཏུ་བཟང་མོ་ལ་གཉིས་སུ་མེད་པར་སྦྱོར་བས་ཆོས་སྐུར་ཐིམ་སྟེ། སྒྱུ་འཕྲུལ་བྱེ་བྲག་བཤད་པའི་རྒྱུད་ནས། ཐབས་དང་ཤེས་རབ་གཉིས་མེད་པ། །དེ་ནི་རྡོ་རྗེ་ཆགས་ཅན་སྤྱད། །རིག་མར་བཅས་ཏེ་ཞུ་བར་འགྱུར། །ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ཅེས་པ་དང་། དེ་ལ་ལྷ་མོ་བཅུ་དྲུག་གླུས་མཆོད་དང་བསྟོད་བསྐུལ་མཛད་པ་ཡིས། སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས། །སྙིང་རྗེ་རྒྱུན་ཆད་མ་མཛད་པར། །འགྲོ་བའི་དོན་ལ་སྐུ་བཞེངས་ཅིག །ཅེས་བསྐུལ་བ་གསན་ཏེ། ཨ་ཅང་གསུང་གི་ཕྱག་རྒྱ་ལས། །ཕྱག་རྒྱ་ཆེན་པོར་སྐུ་བཞེངས་ནས། །ལྷ་དང་ལྷ་མོ་ཀླུ་མོ་རྣམས། །འདོད་པ་ངས་བཤད་ཉོན་ཅིག་ཅེས། །ཞེས་གནང་ནས་རྒྱུད་གསུངས་སོ། །དེས་འཁོར་ཉི་ལས་མི་གཞན་པ་རྒྱལ་བ་རིགས་ལྔ་ཡབ་ཡུམ་རིགས་ཁྱད་པར་ཅན་གྱི་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོ། སྤྲུལ་པ་དང་ཡང་སྤྲུལ་ལོ། །བསྟན་པ་ནི། ལྷ་ཡབ་གཙོ་བོར་བྱས་པ་ཐབས་ལ་བརྟེན་པ་ཕ་རྒྱུད་དང་། ལྷ་ཡུམ་གཙོ་བོར་བྱས་པ་ཤེས་རབ་ལ་བརྟེན་པ་མ་རྒྱུད་དང་། ཐབས་ཤེས་འཛམ་པ་ལས། ཐབས་ཤེས་རབ་གཉིས་སུ་མེད་པ་སྤྱི་རྒྱུད་དོ། །བསྡུ་ན་དེ་གསུམ་དུ་འདུས་སོ། །ཕྱེ་ན་རིགས་ལྔ་པོ་དེ་དང་། ཕྱིར་གསུངས་པ་སྒྱུ་འཕྲུལ་སྡེ་བརྒྱད་ལས་ཁ་ཚར་དང་སྦྱར་ནས་རྒྱུད་ཀྱི་རྒྱལ་པོ་དྲུག་ལས་ཤར་བའི་རྒྱབ་བརྟེན་ཟླ་གསང་ཐིག་ལེ་སངས་རྒྱས་མཉམ་སྦྱོར། ཀརྨ་མ་ལེ། གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། ལས་བཞི་ནི། ཞི་བ་བསྐལ་པ་མེ་ལྟར་འབར་བའི་རྒྱུད། རྒྱས་པ་ཡང་དག་ཚེ་དང་བདུད་རྩི་གསུམ་གྱི་རྒྱུད། དབང་ནི་པདྨ་དབང་ཆེན་གྱི་རྒྱུད། དྲག་པོ་ལ་མ་གཤིན་ཕུར་གསུམ་གྱི་རྒྱུད་དོ། །སླད་མ་སྔགས་ཀྱི་མདོ་ལྔའི་རྒྱུད་དོ། །སྡུད་པ་པོ་དྲག་པོ་དཔའ་བརྟུལ་ལག་ན་རྡོ་རྗེའི། དུས་ལྔ་བརྒྱ་ཕྲག་བདུན་པའོ། །བར་དུ་ལྷ་གནས་གསུམ་དུ་གྲགས་ཏེ། དགོངས་འདུས་ནས། ཐུབ་པའི་དབང་པོ་གསང་བའི་བདག །བྱིས་པའི་སྤྱོད་པ་དེ་བོར་ནས། །སྤྲུལ་པ་རྡོ་རྗེ་འཛིན་གྱི་རྒྱལ། །ལྷ་གནས་གསུམ་དུ་གྲགས་ནས་ཡང་། །གསང་སྔགས་གཏེར་གྱི་བདག་པོ་མཛོད། །ཅེས་འབྱུང་ངོ་། །དེ་ནས་མི་ཡུལ་དུ་ཇི་ལྟར་བྱུང་བ་ནི། ཡང་དགོངས་འདུས་ནས། སྟོན་པས་ཐུབ་པའི་དབང་པོ་དེས། །སྐྱེ་རྒུའི་ཚེ་ལོ་བརྒྱ་པར་འབྱུང་། །སྡེ་སྣོད་གསུམ་དང་ཀྲི་ཡོག་གསུམ། །དེ་ནས་སྐུ་མྱ་ངན་ལས་འདས་པར་དགོངས་ཏེ། ཡངས་པ་ཅན་དུ་འཁོར་མང་པོ་དང་ཐབས་གཅིག་ཏུ་དབྱར་ཟླ་གསུམ་ངོ་འདས་ཏེ། སྟོན་ཟླ་གཉིས་ཀྱི་ངོ་ལ་འཁོར་རྣམས་ལ་གདམས་ངག་གསུམ་བཞག་པའི་ཕྱིར། རྫུ་འཕྲུལ་ཅན་ཁྱེད་ཅག་དངོས་ལ་ང་ཡིས་འཁོར་དུ་ཕྱོགས་པ་ཀུན་སྡུས་ཤིག །ངེས་པར་བཞག་པ་དག་ཡོད་དེ། །ཞེས་བཀའ་སྩལ་པས། འཁོར་གྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ཀྱིས་འདི་སྐད་དུ། ༈ རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདུ་བར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེ་རིང་རྒྱལ་བས་བདུད་རྩིའི་གསུང་འཇོག་གི། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་བསྒྲགས་པས་ཀུན་འདུས་སོ། །དེ་ལ་བཀའ་སྩལ་པ། ཀྱེ། གྲོགས་པ་དག་ཤེས་པ་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །དངོས་པོ་ཐམས་ཅད་ངེས་པར་འཇིག་པའོ། །གང་ཟག་གི་སྲོག་གི་འཁོར་ལོ་ལ་སྐྱེ་ཤི་ཡོད་པའི་ཕྱིར། ང་ཡོངས་སུ་མྱ་ངན་ལས་འདས་པས། སུ་དག་ཐེ་ཚོམ་མ་ཆོད་པ་ནི་དྲི་བ་དྲིས་ཤིག །ཅེས་བཀའ་སྩལ་པས། འཁོར་དེའི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་བྱ་བ་བྱུང་ནས་རང་གི་སྟན་ལས་ལངས་ཏེ། སྟོན་པ་ལ་སེང་གེའི་བལྟ་སྟངས་ཀྱིས་བལྟས་ཏེ། འདི་སྐད་ཅེས་གསོལ་བ། ཁྱོད་ནི་ནམ་མཁའི་རང་བཞིན་ལ། །འདས་དང་མ་འདས་ཡང་མི་མངའ། །འཇིག་རྟེན་རྣམས་དང་མཐུན་འཇུག་ཏུ། །འདའ་བས་ཡངས་སུ་འདུལ་བར་སྟོན། །ཁྱོད་ནི་འཇིག་རྟེན་སྒྲོན་མེར་ཤར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་དཀྱིལ་འཁོར་ཀུན་གསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་མཛད་པ། །ས་དང་རྣམ་ཐར་ལམ་སྤྱོད་པས། །བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། །འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པ་བཀོད་ལགས་ན། །མཉམ་པ་བླངས་དོར་མེད་སྤྱོད་པའི། །ངེས་ཤིང་གསལ་བར་མ་གསུངས་ན། །ཞེས་ཞུས་པས། དུས་དེར་བསྟན་པ་ཚུལ་མ་ལགས་ན། །ཕྱིས་བཤད་ཀྱི་བར་ལུང་བསྟན་པ། ང་ནི་འདི་ནས་མི་གནས་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །ཛམ་གླིང་ཤར་གྱི་ཕྱོགས་མཚམས་ན། །མི་ནི་སྐལ་ལྡན་རིགས་ཅན་གྱི། །སྔོན་དུ་བསྟན་པའི་གནས་གྱུར་པ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་དམ་པ་ལེགས་པའི་ལུས། །ལངྒའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་ཏེ། སྐུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལོ་ཉི་ཤུ་རྩ་བརྒྱད་ནས་མི་ཡུལ་དུ་གསང་སྔགས་བྱུང་ལུགས་ནི། ཐུབ་པ་མྱ་ངན་འདས་འོག་ཏུ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེས་ལུང་བསྟན་ཏེ། །ཟ་ཧོར་ཅན་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅག་མ་ལ་ཡ། །གནམ་ལྕགས་ཡོད་པ་རྩེ་མོ་རི། །རྩེ་ལ་རྩལ་ཁྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུག་བརྒྱན། །རྩི་སྣ་རྩ་བརྒྱད་ཚང་བར་འཁྲུངས། །ཤར་ན་ཤྲི་ཨ་སུ་ར། །ངོ་མཚར་རི་མོ་ཟླ་གམ་སྒོ། །ནང་ན་རིན་ཆེན་ཟུར་བརྒྱད་ལ། །ཉི་ཟླ་དཀར་དམར་རི་མོ་སྣང་། །སྤྱི་བོར་ཀ་ལན་ཏ་ཀ་ནི། །གཉིས་སུ་མི་འགྲོགས་གཅིག་པུ་འགྲོ། །དོན་དེ་ཡིས་ནི་ཚངས་བཅས་པ། །སྐལ་ལྡན་རྣམས་ཀྱིས་བསྒྲོད་ཅིང་ཐར། །སྐལ་མེད་རྣམས་ཀྱིས་ཡངས་མི་ཐར། །དེ་ལྟ་བུ་ཡི་རི་གཅིག་ཡོད། །གནས་དེར་རྒྱལ་པོ་ཛས་གཟིགས་པ། །དང་པོ་རྒྱལ་པོ་རྣལ་བའི་རྨི་ལམ་ན། །རི་བོ་དེ་ཡི་རྩེ་མོ་ན། །ཕྱག་ན་རྡོ་རྗེའི་ཕོ་བྲང་བཞུགས། །སྐུ་ཡི་འོད་ཀྱིས་ཐམས་ཅད་བསྲེགས། །གསུང་སྒྲ་འབྲུག་ཏུ་སྟོང་གསུམ་སྒྲོགས། །ཐུགས་ལས་རྡོ་རྗེ་ཉི་ཟླ་ཤར། །ཉི་འོད་བདག་གི་སྤྱི་བོ་ཐིམས། །ཟླ་འོད་རྐང་པའི་མཐིལ་དུ་ཐིམས། །སྣང་སྲིད་ལྟོ་རུ་ཟོས་ཤིང་རྨི། །ནམ་ཕྱེད་རྣལ་བའི་རྨི་ལམ་ན། །སངས་རྒྱས་རྣམས་དང་ཆོས་ཀྱི་དོན། །ཉི་ཟླ་ཞོན་ནས་འགྲོ་བར་མཛད། །འཁོར་འདས་སྣ་དྲངས་འགྲོ་བ་ཁ་ལོ་བསྒྱུར། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །ཐོ་རངས་རྣལ་བའི་རྨི་ལམ་ནི། །ནམ་མཁའ་སྣ་ཚོགས་འོད་ཀྱིས་ཁེངས། །ཆོ་འཕྲུལ་སྒྲ་སྙན་སྣ་ཚོགས་སྒྲོགས། །རིན་ཆེན་སྣ་ཚོགས་སྤྲིན་ལྟར་བཏིབས། །རིན་པོ་ཆེ་ཡི་ཆར་པ་བབ། །སྣང་སྲིད་གསལ་བའི་གློག་སྟོང་འགྱུ། །རིན་ཆེན་སྣ་ཚོགས་བསྡུས་ཤིང་རྨི། །དེ་ཡི་ནང་པར་བསམས་ཏེ་བསྡད། །ཡང་། སྲོད་ཅིག་རྣལ་བའི་རྨི་ལམ་ན། །སྣོད་བཅུད་འཇིག་རྟེན་གཏོས་ནི་འགྱུར། །རིན་ཆེན་སྒྲོན་མས་མུན་བསལ་ནས། །བདུད་རྩི་སྨན་གྱིས་གཅོང་སྙིང་སྦྱངས། །འགྲོ་ཀུན་རྡོ་རྗེ་རྣལ་འབྱོར་དུ། །འཇིག་རྟེན་ཁྱབ་པར་སྒྲོགས་ཤིང་རྨི། །ནམ་ཕྱེད་རྣལ་བའི་རྨི་ལམ་ན། །སྤྲིན་དང་ཉི་མའི་འོད་བྱུང་ནས། །དེ་ལས་རིན་ཆེན་སྒྲོམ་ཅིག་བྱུང་། །རིན་ཆེན་སྨུག་པོའི་སྒྲོམ་བུ་ནས། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻཌཱུར་ཞུན་མས་ནན་གྱི་བྲིས། །དེ་ནི་སྐར་མདའ་བཞིན་དུ་བབ་པར་རྨི། །ཐོ་རས་རྣལ་བའི་རྨི་ལམ་ན། །གླེགས་བམ་མང་པོ་དེ་དག་ལ། །བྱང་ཆུབ་སེམས་དཔའ་རིག་འཛིན་ལྷ། །ཀུན་གྱིས་ཀློགས་ཅིང་སྐོར་བ་བྱེད། །དེ་ཡང་ནང་པར་བསམས་ཏེ་བསྡད། །ཡང་ཅིག་སྲོད་ལ་རྨི་ལམ་ན། །འདི་སྐད་ཟེར་བའི་སྒྲ་ནི་བར་སྣང་ཁམས་ནས་བྱུང་། །ལས་དང་སྐལ་བར་ལྡན་པ་ཡིས། །སྔོན་དུ་ལུང་བསྟན་རྒྱལ་པོ་ཛ། །བསོད་ནམས་ལྡན་པའི་གྲྭ་མ་ཁྱོད། །སྤྲུལ་པ་པོ་ལྟར་ལུང་བསྟན་པ། །ད་ལྟ་དུས་འདིར་མངོན་ཤར་གྱི། །འཁོར་བའི་སྙིང་པོ་རྟོགས་པའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་བརླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །དེ་སྐད་སྒྲོག་པའི་རྨི་ལམ་བྱུང་། །ནམ་ཕྱེད་རྣལ་བའི་རྨི་ལམ་ན། །མ་ལ་ཡ་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་ཞིག་ན། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །བླང་བར་བྱ་བ་དམ་པ་ཞིག །ཡོད་ཀྱི་དེ་ལ་ནན་ཏན་གྱིས། །དེ་ལ་སེམས་ཀྱི་མེ་ལོང་ལྟོས། །མངོན་པར་གསལ་བར་རྟོགས་གྱུར་ན། །སངས་རྒྱས་ས་ཉིད་སྐལ་བ་མཉམ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་ཀྱི་རྒྱལ་པོ་ཞེས་བྱ་བར། །རིན་ཆེན་དེ་རིགས་བདེ་ཆེན་འགྲུབ། །དེ་ལྟར་བུ་ཡི་རྨི་ལམ་བྱུང་། །ཐོ་རས་རྣལ་བའི་རྨི་ལམ་ན། །རྡོ་རྗེ་གསང་ཆེན་གསང་བ་ཡི། །དམ་པའི་མཛོད་གསུམ་རྨི་ལམ་དུ། །རྫོགས་པར་བྲིས་པ་ཁྱོད་ལྟོས་ལ། །ལྷ་དང་མི་ཡི་རིགས་འཛིན་ལ། །རིམ་པར་བརྒྱུད་ལ་གྲགས་པ་གྱིས། །དེ་ལྟ་བུ་ཡི་རྨི་ལམ་བྱུང་། །ནང་པར་སད་ནས་རབ་དགྱེས་ཏེ། །འཁོར་ཀུན་བསྡུས་ཏེ་རྨི་ལམ་བཟླས། །ཁོང་ཉིད་རྟོགས་དང་ལྡན་པར་དགྱེས། །འཁོར་གྱིས་ངོ་མཚར་ཞེས་གསོལ་ལོ། །དེར་རྒྱལ་པོ་རི་རྩེར་ཕྱིན་ཏེ་གཟིགས་པས། རྨི་ལམ་དང་མཐུན་པར་ཆོ་འཕྲུལ་མཐོང་ནས། དགྱེས་ཏེ་བསྐོར་བ་དང་མཆོད་པ་བྱས་ཏེ། འདི་སྐད་གསོལ་བ། སྔོན་ཚེ་གང་ནས་བསྒྲུབ་པ་ཡི། །ལས་ཀྱི་མཇལ་བའི་ལྷ་མཆོག་ཁྱོད། །ནམ་ཞིག་གཏན་དུ་མི་སྤང་ངོ་། །ཨེ་མ་ངོ་མཚར་རྨད་ཀྱི་སྐུ། །འདྲེན་པ་མཆོག་གི་དཔལ་དུ་གྲགས། །མོས་པའི་གཟུང་དུ་ལྷ་མཆོག་འཛིན། །ཞེས་གསུངས་སོ། །རྒྱལ་པོས་ཡང་བསམ་པ་བཏང་ནས། མ་ལ་ཡ་ཡི་རི་འདི་ནི། །གྲུབ་རྟགས་འདི་དང་ལྡན་པས་ན། །གསང་བདག་ཕོ་བྲང་ངེས་པས་ན། །རིག་འཛིན་གྲུབ་པའི་གནས་ཡིན་ཕྱིར། །གཅན་གཟན་གདུག་པ་མི་གཙེ་བས། །བཀྲ་ཤིས་ཡིན་པས་བསྒྲུབ་པར་བྱ། །ཞེས་གསུངས་ཏེ། གཟུགས་ལ་བརྟེན་ཏེ་ཟླ་གསུམ་བསྒྲུབ་པས། དུས་དེར་པོ་ཏི་མང་པོ་སྔུན་དུ་བབ། དགྱེས་ཏེ་བལྟས་པས་བརྡ་མ་མཇལ། མ་དགྱེས་ཏེ་རྒྱལ་པོ་བཤུམ་པ་ལས། ཅུང་ཟད་ལོན་ནས་དེས་མི་ཕེན་དགོངས་ནས་ཨ་ཙ་ར་མཁས་པ་ཅིག་བངས་ཆེན་པ་སྤྱན་འདྲེན་དུ་རྫོངས་ནས། ཨོ་རྒྱན་དང་ཟ་ཧོར་ལ་སོགས་པ་ཡོ་རུ་བཏང་པ་ལས། ཨ་ཙ་ར་ཀུན་མཐུན་པར་འདི་སྐད་གསུངས། ཤེས་ན་དང་ལེགས་ཏེ། མ་ཤེས་ན་ཞལ་བཞུ་བར་དགོངས་ནས་འབྱོན་པར་མ་བཞེད་དོ། །འདིར་ཁྱེར་ལ་ཤོག་གསུང་ངོ་། །དེར་གླང་ཆེན་དང་མ་ཧེ་ལ་བཀལ་ཏེ་ཀུན་གྱི་སྤྱན་སྔ་བྲིམ་པས་བསྟན་བཅོས་དང་ཀྲྀ་ཡོག་མཁན་ཀུན་གྱིས་གཟིགས་ཀྱང་མ་མཁྱེན་ནས། སླར་རྒྱལ་པོ་ཡི་ཕྱག་ཏུ་ཕུལ་ལོ། །ཡང་ཐུགས་མུག་ཏེ་བཤུམས་སོ། །ཡང་ཅུང་ཟད་ལོན་ནས་བསམས་པ། ང་ནི་སྒྲིབ་པ་མ་བྱང་། ཚོགས་མ་རྫོགས་པས་ཉེས་སོ་དགོངས་ཏེ། དེར་རྡོ་རྗེ་སེམས་དཔའ་ཟླ་བ་གསུམ་བསྒྲུབ་པས། དེར་འགྲུབ་སྟེ་ཞལ་དངོས་སུ་མཐོང་། དངོས་གྲུབ་ཅི་འདོད་གསུང་ངོ་། །རྒྱལ་པོས་བདག་ནི་གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ། །ཞེས་ཞུས་སོ། །དེར་ཆགས་ཤིང་དང་འཁོར་ལོ་ལག་ཏུ་གཏད་དེ་གནང་བ་བྱིན་ནོ། །རྡོ་རྗེ་སེམས་དཔའ་ཉིད་ནམ་མཁའ་ལ་ཐིམ་མོ། །དེ་ནས་གླེགས་བམ་རྒྱལ་པོས་གཟིགས་པས། ཡི་གེ་འབྲུ་གཅིག་མ་ལུས་པར་མཁྱེན་ཏེ་དེ་ཉིད་ཏུ་དགྱེས་པ་སྐྱེས་སོ། །དེ་ནས་རྡོ་རྗེ་སེམས་དཔའ་བསྒོམ་ཏེ། རྡོ་རྗེ་གསོར་ཞིང་འདི་སྐད་བརྗོད་དོ། །ཧཱུཾ་ཧཱུཾ་ཧཱུཾ་རྡོ་རྗེ་འདུ་བར་འདུས་པ་རྣམས། །རིག་མ་ཡིན་པ་རིག་མི་འགྱུར། །སྐལ་པ་ཅན་རྣམས་རིག་པར་གནས། །ཐམས་ཅད་རྡོ་རྗེ་གསང་བར་རོལ། །ཡཀྵ་ཀྲོ་ཏ་ཙིཏྟ་ཛྭ་ལ་རཾ། ཡཀྵ་ཀྲོ་ཏ་ཛྭ་ལ་རཾ། ཞེས་བརྗོད་པས་འཇིག་རྟེན་གྱི་དྲེག་པ་ཅན་རྣམས་འཁོར་དུ་འདུས་ཏེ། སྒྲིབས་པ་སྦྱངས། གསང་སྔགས་ཀྱི་སྣོད་དུ་རུང་བར་བྱས་སོ། །དེ་ནས་རང་རང་ལག་ཆ་ལག་ཏུ་གཏད། གསང་མཚན་བརྟགས། རྣལ་འབྱོར་པའི་གྲོགས་བྱ་བར་དམ་བཅས་སོ། །དེ་ནས་བསྒྲུབ་པ་ལུང་གི་གསང་སྒོ་ཕྱེ་ཏེ། རྒྱུད་རྣམས་སྣོད་དང་སྦྱར་ནས་བསྒྲགས་སོ། །དེའི་དུས་སུ་རྒྱལ་པོ་ཛ་ལ་ལུང་བསྟན་རྡོ་རྗེ་ཞེས་བྱ་བར་བཏགས་སོ། །དེ་ནི་ཕྱག་ན་རྡོ་རྗེ་དངོས་སུ་ཤཱཀྱ་ཐུབ་པ་ཉིད་དོ། །དེས་ན་བསྟན་པ་འདི་ཡང་ཤཱཀྱ་ཐུབ་པས་བརྒྱུད་ནས་གསུངས། དེའི་དུས་ལྔ་བརྒྱ་ཕྲག་བརྒྱད་པའོ། །དེས་ནི་མ་ཧཱ་ཡོ་ག་དང་ཨ་ནུ་ཡོ་ག་བཤད་དེ་བརྒྱུད་པའི་གླེངས་གཞིའོ། །བདེ་གཤེགས་དགོངས་པས་བརྒྱུད་པ། ལྷ་མི་རྣ་བར་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པའོ། །འདྲ་འབག་ཆེན་མོ་ལས། རྒྱུ་འབྲས་ཐེག་པའི་གླེངས་གཞི་དང་། བྱུང་ཁུངས་བསྟན་པའི་སྐབས་དེ་དང་པོའོ།། ༈ །།ད་ནི་རྒྱུ་འབྲས་ལས་འདས་པའི་ཐེག་པ་རྫོགས་པ་ཆེན་པོ་བཤད་ན། རྒྱ་གར་སྐད་དུ། ཨ་ཏི་ཡོ་ག་འདིའི་དོན་རྒྱས་པར་བཤད་ན། ཨ་ཏི་ཡོ་ག་སྒྲ་ལ་འབྲུ་བཤད་ན། ཀུན་བྱེད་ལེའུ་བརྒྱ་དགུ་པ་ནས། ཨ་ནི་མ་སྐྱེས་ཆོས་ཉིད་རྣལ་དུ་བཞག །ཏི་ནི་མ་སྩལ་ལྷུན་གྱིས་གྲུབ་པར་བསྟན། །ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེ། །ཞེས་པ་ཆོས་ཉིད་སྐྱེ་མེད་རྟོགས་ནས། མ་བརྩལ་ལྷུན་གྱིས་གྲུབ་པའི་སྤྱོད་པ་ཏིང་ངེ་འཛིན་མཐའ་དག་གི་ཞེ་ཕུགས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ་དེ་ལ་རྫོགས་པས་མ་འདུས་པ་མེད་དོ། །རྫོགས་པ་ཆེན་པོ་ཞེས་པ་ནི། མདོ་བཅུ་པའི་མདོ་ནས། ཆོས་སྐུ་བྱང་ཆུབ་སེམས་ཉིད་ལ། །སངས་རྒྱས་རྫོགས་ལ་སེམས་ཅན་རྫོགས། །འཇིག་རྟེན་རྫོགས་ལ་འདས་པ་རྫོགས། །བདེ་དང་སྡུག་བསྔལ་གཉིས་མེད་རྫོགས། །ཐེག་པ་རྫོགས་ལ་ཆོས་ཉིད་རྫོགས། །ཡོད་མཐའ་རྫོགས་ལ་མེད་མཐའ་རྫོགས། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །ཆེ་བ་གཉེན་པོ་མེད་པ་ཆེ། །དུས་གསུམ་སངས་རྒྱས་དགོངས་པ་དེ་ལ་རྫོགས་པས་ཆེ། །ཞེས་པས། དེས་ན་ཤིན་ཏུ་རྣལ་འབྱོར་ལ་ཞུགས་པ་ཡང་དེ་ལ་སློབ་པའི་ཕྱིར་རོ། །ཨ་ཏི་རྫོགས་ཆེན་མིང་ཙམ་བཤད་པའོ། །འདི་ལ་ཡང་མདོ་བྱང་བདུན་པ་ནས། རྒྱལ་པོ་མཉེས་པར་བྱ་བའི་ཕྱིར། བཀའ་འདྲ་མིང་འོད་བོད། དད་མོས་ཡོད་དམ་མེད་དམ། ཉམས་བསྐྱེད་པའི་སེམས་སྡེ་དང་། བཀའ་ཕྱིན་ཅི་མ་ལོག་པའི་གཤའ་མའོ། །འདྲ་མིན་ལ་ཡང་རྒྱུད་འདྲ་མིན་དང་། མན་ངག་འདྲ་མིན་ནོ། །ཉམས་བསྐྱེད་ལ་ཡང་སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ། བཀའ་གཤའ་མ་རྒྱུད་སྡེ་དྲུག་བཅུ་ཐམ་པའོ། །དེ་ལ་བམ་པོ་ཉི་ཁྲི་བཞུགས་སོ། །དེ་ལྟ་བུའི་རྒྱུད་འདི་ལ་བཤད་ལུགས་གཉིས། སྐུ་གསུམ་སྟོན་པའི་བཤད་ལུགས་དང་། བྱང་སེམས་མན་ངག་གི་བཤད་ལུགས་གཉིས་སོ། །ཀུན་བྱེད་ལེའུ་ཉེར་གཅིག་པ་ནས། བྱང་ཆུབ་སེམས་ནི་ཡེ་ནས་རྫོགས་པ་ཆེ། །རྫོགས་པ་ཆེ་ལ་བཤད་ལུགས་རྣམ་པ་གཉིས། །སྐུ་གསུམ་སྟོན་པའི་བཤད་ལུགས་རྣམ་ལྔ་ནི། །བྱང་ཆུབ་སེམས་ནི་རྒྱུ་འབྲས་འདས་པ་ལ། །གཏན་ཚིགས་དོན་གྱི་བཤད་ལུགས་རྣམ་ལྔ་བཤད། །ཅེས་པ་དང་། ལེའུ་བཅུ་གསུམ་པ་ནས། དོན་གྱི་བཤད་ལུགས་རྣམ་ལྔ་ནི། །ལོ་རྒྱུས་དོན་གྱི་བཤད་པ་དང་། །རྩ་བ་དོན་གྱི་བཤད་པ་དང་། །ཡོ་ག་དོན་གྱིས་བཤད་པ་དང་། །དགོས་ཆེད་དོན་གྱིས་བཤད་པ་དང་། །ཚིག་གི་དོན་གྱིས་བཤད་པའོ། །ཞེས་པས་དབྱེ་བའོ། །ལོ་རྒྱུས་དོན་ལ་གསུམ་ཏེ། རང་བཞིན་བྱིན་བརླབས་ཀྱིས་བཤད་པ་དང་། དོན་གྱི་སྒྲ་ཚིག་བསྡེབ་པའི་བཤད་པ་དང་། དེ་གཉིས་ཐུན་མོང་ལུང་གིས་བཤད་པའོ། །ཁྱད་པར་རྫོགས་པ་ཆེན་པོ་བཀའ་གཤའ་མའི་བཤད་པ་ནི། བཛྲ་ཁ་ས་མུ་ཏྲའི་ཏན་ཏྲ་ནས། ཆོས་རྣམས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་ནས། ཆོས་སྐུ་དྲང་ཐད་དུ་བཤད་པ། བསྟན་པ་མ་ལུས་ཅི་སྙེད་ཀུན། །བཤད་པའི་ཡན་ལག་གསུམ་གཉིས་གཅིག །རང་བྱུང་མ་བཅོས་རྣལ་དུ་ཕེབ། །ཅེས་པ་གསུམ་གཉིས་གཅིག་བསྣན་པས་དྲུག་སྟེ། ལོ་རྒྱུས་ཀྱི་ཁུང་བཤད་པ་དང་། དོན་གྱི་སྙིང་པོ་རྩ་བའི་བཤད་པ་དང་། རྫོགས་པ་ཆེན་པོ་ཐམས་ཅད་རྣལ་འབྱོར་དུ་བཤད་པ་དང་། རང་བྱུང་མ་བརྩལ་རང་ལ་རྫོགས་པར་བཤད་པ་དང་། ཚིག་བྲལ་ཡི་གེ་མེད་པར་བཤད་པ་དང་། ཚིག་དང་ཡི་གེའི་དོན་གྱིས་བཤད་པའོ། །ལོངས་སྐུའི་བཟློག་སྟེ་བཤད་ན། དེ་རྟོགས་བྱ་ཕྱིར་གཅིག་གསུམ་གཉིས། །བཟློག་པས་ཅི་བཞིན་རྣལ་དུ་ཕེབ། །ཅེས་པས། གཅིག་གསུམ་གཉིས་བརྩེགས་པས་དྲུག་སྟེ། ཁུངས་ཀྱིས་མ་ཡིན་ངོ་བོ་ཉིད་ཀྱིས་བཤད་པ་དང་། རྩ་བ་མ་ཡིན་ཐམས་ཅད་འབྲས་བུར་བཤད་པ་དང་། རྣལ་འབྱོར་མ་ཡིན་མ་འདྲེས་ཀུན་རྫོགས་སུ་བཤད་པ་དང་། རྩོལ་བྲལ་མ་ཡིན་བརྩལ་བས་འབྱུང་བར་བཤད་པ་དང་། ཚིག་བྲལ་མ་ཡིན་མིང་ཚིག་ལྡན་པར་བསྟན་པ་དང་། ཚིག་ལྡན་མ་ཡིན་མིང་ཚིག་དོན་ལ་སྟོང་པར་བསྟན་པའོ། །སྤྲུལ་སྐུའི་ཐབས་ལྡན་དུ་བཤད་པ་ལ། བརྡ་སྒོ་ལྔ་དང་རིམ་པ་བརྒྱད། །ཡང་དག་རྫོགས་པའི་སྙིང་པོར་ལྡན། །བཤད་པའི་སྒོ་ནི་བཅུ་དང་བཞི། །ཞེས། ཆོས་སྐུ་ལོངས་སྐུ་གཉིས། སྤྲུལ་སྐུ་ལ་གསུམ་སྟེ་བརྡ་ལྔ། རྒྱུ་འབྲས་ལ་ཐེག་པ་བརྒྱད། ཨ་ཏི་ལ་རིམ་པ་མེད། སྐུ་གསུམ་སྟོན་པ་ནི། ཕུན་སུམ་འཚོགས་པ་ལྔ་ནང་དུ། །ཆོས་ཀྱི་སྐུས་ནི་བྱིན་གྱིས་བརླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པའི་སྐུས་ནི་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུས་ནི་དོན་རྣམས་ཚིག་ཏུ་སྟོན། །ཅེས་པའོ། །དེའི་དོན་མདོ་ཙམ་དུ་བདུན་མོད་ནས། བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། རང་བཞིན་ཆོས་དབྱིངས་གཞལ་ཡས་ནས། །སྟོན་པ་ཀུན་ཏུ་བཟང་པོ་ནི། །མཚན་མའི་སྐུ་གསུམ་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བཟང་ཉིད་ཏུ་བྱིན་བརླབས་ནས། །རྡོ་རྗེ་སེམས་དཔའི་ཐུགས་ལ་བརྒྱུད། །དེ་ནི་བྱིན་གྱིས་བརླབས་ཀྱིས་བཤད། །ཅེས་བྱ། སྣང་སྲིད་བྱིན་གྱིས་བརླབས་པའི་རྟགས་སུ་རང་སྣང་བཟང་ངན་མེད། དེ་ཕྱིར་བླངས་དོར་མེད་པར་འདུས་པར་སྟོན། རང་གི་ངོ་བོས་བཤད་པ་ནི། སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས། །སྟོན་པ་རྡོ་རྗེ་སེམས་དཔའ་དེས། །མཚན་མའི་སྐུ་གསུམ་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ང་ཡི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པ་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །འདི་ལྟར་སྣང་སྲིད་ཆོས་ཉིད་རང་སྣང་བའི་རྟགས་སུ། རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་འཐོན་ཏེ་ཚིག་སྡེབས་སྦྱོར་ལེགས་པའི་སྒོ་ནས་བཤད་པ་ནི། ཛམ་གླིང་རྒྱུད་དྲུག་གནས་འདི་ན། །སྤྲུལ་པའི་སྐུ་དང་ལྡན་པའི་གང་ཟག་དེ། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་བ་མེད་པའི་ཚིག་བརྗོད་ནས། །སྐྱེ་མེད་དོན་གྱི་ངོ་བོ་དེ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻཌཱུར་ཞུན་མས་རང་ནན་ཏེ། །ཚིག་དང་ཡི་གེ་སྡེབས་ནས་ནི། །ཕྱི་རབ་རྣལ་འབྱོར་དོན་དུ་བཤད། །ཚིག་སྡེབས་ལེགས་པས་བཤད་ཅེས་བྱ། །ཞེས་པས་ཚིག་སྡེབས་སྦྱོར་ལེགས་བཤད་དེ། དེ་ཡང་འདི་ལྟར་ལྷའི་བུ་དེ་ཝ་བཟང་སྐྱོང་ཉིད་བྱ་ངང་མོ་གསེར་གྱི་གཤོགས་པ་ཅན་དུ་སྤྲུལ་ཏེ། སྲས་མོ་པ་ར་ནིའི་སྲས། སྟོན་པ་དགའ་རབ་རྡོ་རྗེ་སྤྲུལ་སྟེ། དེས་རི་རབ་ཀྱི་རྩེ་ནས་ཕྱག་ན་རྡོ་རྗེ་སྤྱན་དྲངས་ཏེ། རྡོ་རྗེ་སེམས་དཔས་གསུང་ཏེ་དགའ་རབ་རྡོ་རྗེས་བསྡུས་པ་ལ་བྱའོ། །དེ་ལ་རྒྱས་པར་བཤད་ན། སྐུ་གསུམ་རེ་རེ་ལ་ཡང་ལྔ་ལྔ་སྟེ། སྟོན་པ། བསྟན་པ། འཁོར། གནས། དུས་སོ། །སྟོན་པ་སྐུ་གསུམ་གྱི་དོན་རྒྱས་པར་བཤད་ན། ཀུན་བྱེད་ལེའུ་བཅུ་པ་ལས། ཆོས་སྐུའི་རང་བཞིན་བསྟན་པ་ནི། །མ་སྐྱེས་གཟུང་འཛིན་བྲལ་བའི་རང་བཞིན་བཞུགས། །ཞེས་གསུངས་པས། སྟོན་པ་ཆོས་ཀྱི་སྐུ་ཡི་རང་བཞིན་ནི། རང་གི་སེམས་ཉིད་མ་བཅོས་པའི་གནས་ལུགས་མཉམས་པ་ཉིད་འདི་ཀ་ཆོས་སྐུའི་ངོ་བོ་ཡིན་ཏེ། ཡང་དེ་ཉིད་ལས། མི་རྟོགས་མཉམས་པ་ཉིད་དུ་གནས་པ་སྟེ། །སྤྲོས་བྲལ་ཆོས་སྐུའི་ངོ་བོ་དེ། །ཞེས་པ་དང་། དེ་ཡང་ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་པ་དང་། ཡང་ལེའུ་བཅྭོ་ལྔ་པ་ལས། སངས་རྒྱས་བྱ་བ་གཞན་མེད་རང་སེམས་དེ། །རང་སེམས་མ་བཅོས་པ་ལ་ཆོས་ཀྱི་སྐུ་རུ་བཤད། །ཅེས་པ་དང་། མདོ་བཅུ་པ་ལས། ཀུན་བཟང་རྒྱལ་བ་མཆོག་གི་ལྷ། །བྱང་ཆུབ་མཆོག་གི་སྙིང་པོ་ཡིན། །ཀུན་གྱི་སྟོན་པ་བྱང་ཆུབ་སེམས། །ཅེས་པ་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །མི་གནས་ཆོས་ཀྱི་སྐུ་རུ་བཞུགས། །ཅེས་གསུངས་སོ། །ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་བསྟན་པ་འདི་ལྟ་སྟེ། །གསང་བ་བསྐྱེད་དང་གསང་བ་རྫོགས་པ་དང་། །གསང་བ་རྫོགས་པ་ཆེན་པོའི་རང་བཞིན་གསུམ། །ཀུན་གྱི་སྤྱོད་ཡུལ་མ་ཡིན་གསང་བར་བཤད། །ཅེས་གསུངས་པས། བསྐྱེད་པ་མ་ཧཱའི་ཐེག་པ་དང་། །རྫོགས་པ་ཨ་ནུའི་ཐེག་པ་དང་། རྫོགས་པ་ཆེན་པོ་ཨ་ཏིའི་ཐེག་པ་དང་གསུམ། ཆོས་སྐུའི་བསྟན་པ་གསུངས་ཏེ། དེ་ཡང་མདོ་བཅུ་ལས། སྟོན་པ་ཆོས་ཀྱི་སྐུ་ཡི་ནི། །རང་བཞིན་གཟུང་འཛིན་བྲལ་བར་བསྟན། །ཅེས་པ་དང་། རྫོགས་པ་ཆེན་པོ་གསང་བ་ལས། སྤྲོས་བྲལ་རྩོལ་སྒྲུབ་བྲལ་བར་བཤད། །ཅེས་དང་། ཡང་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་འཁོར་བསྟན་པ། །ང་ཡིས་བྱས་པའི་འཁོར་རྣམས་ཀུན། །ང་ཡི་རང་བཞིན་ཆོས་ཀྱི་སྐུ་འཁོར་ཡིན། །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །སྟོན་པ་ཆོས་སྐུའི་འཁོར་དུ་མ་འདུས་མེད། །ཅེས་གསུངས་པས། སྟོན་པ་ཆོས་ཀྱི་སྐུའི་འཁོར་ནི། དུས་གསུམ་སངས་རྒྱས་དང་། ཁམས་གསུམ་གྱི་སེམས་ཅན། རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་འཁོར་ཡིན་ཏེ། དེ་ཡང་མདོ་བཅུ་ལས། སྟོན་པ་ཆོས་ཀྱི་སྐུ་འཁོར་ནི། །དུས་གསུམ་སངས་རྒྱས་བཞུགས་པ་དང་། །ཁམས་གསུམ་རྒྱུད་དྲུག་སེམས་ཅན་ལ། །འབྲེལ་པ་ཕུན་གསུམ་ཚོགས་པར་བཤད། །ཅེས་དང་། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་གནས་ནི་འདི་ལྟར་ཏེ། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དེ། །ཡང་དག་དོན་གྱི་འོག་མིན་དེ་རུ་བཤད། །ཅེས་གསུངས་པས། རང་གི་སེམས་ཉིད་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ་འདི་ཉིད་སྟོན་པ་ཆོས་སྐུའི་བཞུགས་གནས་ཡིན་ཏེ། དེ་ཡང་མདོ་བཅུ་ལས། སྟོན་པ་ཆོས་སྐུར་བཞུགས་ཙམ་ན། །ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས། །མཐའ་དང་དབུས་མེད་གནས་ཀྱི་མཆོག །སྤྲོས་མེད་གནས་ཀྱིས་ཀུན་ཏུ་ཁྱབ། །ཀུན་བཟང་ཆོས་སྐུའི་གནས་ཆེན་པོ། །ཞེས་དང་། ཡང་ཀུན་བྱེད་ལས། ངས་བསྟན་འཁོར་གྱི་ནང་ནས་ཁྱོད་སྡུད་དང་། །གཉིས་མེད་དོན་ཉིད་ང་ཡི་བསྟན་པ་གསུམ། །འཚོགས་པས་དུས་གནས་རང་བཞིན་དེ་ལ་ཚངས། །ཅེས་གསུངས་པས། སྟོན་པ་ཆོས་སྐུའི་འདུལ་བའི་དུས་ལ་ནི། སྔ་མ་དང་། ཕྱི་མ་དང་། ད་ལྟ་གསུམ་བྱ་བ་མེད་དེ། དུས་གསུམ་སྟོན་པ་མཛད་པ་ལ། དེ་ཡང་མདོ་བཅུ་ལས། སྔ་མ་ཕྱི་མ་ད་ལྟ་གསུམ། ཁྱད་པར་མེད་པའི་དོན་འདི་བསྟན། །དུས་གསུམ་མེད་དེ་ཁྱད་པར་གཅིག །ཀུན་བཟང་ཡེ་ཤེས་མཆོག་ཐུགས་ལ། །སྔ་མ་མི་འགགས་ཕྱི་མི་འགྲིབ། །ཅེས་དང་། ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་འདུལ་བའི་ཞིང་ཁམས་ན། །ཆོས་ཀྱི་དབྱིངས་ཀྱི་མཐའ་ཡས་ཀླས་པ་དང་། །ནམ་མཁའི་ཁམས་ཀྱིས་ཇི་ལྟར་ཁྱབ་པ་དེ། །ཆོས་ཀྱི་སྐུ་ཡིས་འདུལ་བའི་ཞིང་ཁམས་ཡིན། །ཅེས་གསུངས་པས། ནམ་མཁའི་མཐས་ཁྱབ་ཚད་དེ། སྟོན་པ་ཆོས་སྐུའི་འདུལ་བའི་ཞིང་ཁམས་ཡིན་ཏེ། འདི་ཚོད་གཅིག་ཆོས་སྐུའི་འདུལ་བའི་ཞིང་ཁམས་ཡིན་ཞེས་བྱ་བའི་ཚད་བཟུང་དུ་མེད་དེ། ཡང་ཀུན་བྱེད་ལས། སྟོན་པ་ཆོས་སྐུའི་བྱིན་གྱིས་བརླབས་ནས་བཤད། །ཅེས་པས། ཡ་ཀི་རྒྱལ་བ་ཀུན་ཏུ་བཟང་པོ་ནས། མ་ཀི་འཇག་མིག་གི་སྲིན་བུ་ཡན་ཆད་བཟང་ངན་བླངས་དོར་མེད་པར་ཀུན་ཏུ་བཟང་པོར་བྱིན་གྱིས་བརླབས་ནས་བཤད་དེ། དེ་ཡང་མདོ་བཅུའི་བདུན་མདོ་ལས། བྱིན་གྱིས་བརླབས་ཀྱིས་བཤད་པ་ནི། །རང་བཞིན་ཆོས་སྐུའི་གཞལ་ཡས་ནས། །སྟོན་པ་ཀུན་ཏུ་བཟང་པོ་ནི། །མཚན་མའི་སྐུ་གསུམ་མི་མངའ་ཡང་། །ཆོས་ཉིད་སྐྱེ་བ་མེད་པ་དེ། །བཟང་ངན་བླངས་དོར་མེད་པ་རུ། །ཀུན་བཟང་ཉིད་དུ་བྱིན་བརླབས་ནས། །རྡོ་རྗེ་སེམས་དཔའི་ཐུགས་ལ་བརྒྱུད། །བྱིན་གྱིས་བརླབས་ཀྱིས་བཤད་ཅེས་བྱ། །ཞེས་དང་། ཀུན་བྱེད་ལས། ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནི། །ཇི་ལྟར་འདོད་པའི་ལོངས་སྤྱོད་རྫོགས་པར་བཞུགས། །ཅེས་གསུངས་པས། འབྱུང་བ་ལྔ་ཚངས་པ་དང་། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཚད་བསྟན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསུངས་ཏེ། ཀུན་བྱེད་ལས། རང་བཞིན་འབྱུང་བ་སྐྱེ་བའི་ཆོ་འཕྲུལ་དེ། །འདོད་པ་འབྱུང་བའི་ལོངས་སྤྱོད་རྫོགས་སྐུར་ཡིན། །ཞེས་པ་དང་། མདོ་བཅུ་ལས། སྟོན་པ་ལོངས་སྤྱོད་རྫོགས་པ་ཡང་། །ཡེ་ཤེས་སྐུ་ཡི་རང་བཞིན་གྱིས། །ཆུ་ཟླ་སྣང་ཤེལ་མེ་ལོང་གི། །མ་བསྒྲིབ་པ་ཡི་ངོ་བོ་ལ། །ཞེས་པ་དང་། རང་བྱུང་ཡེ་ཤེས་རང་བཞིན་ནི། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞུགས། །ཅེས་དང་། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ནི། །བྱ་བ་བྱེད་པའི་ཕྱི་པ་སྡེ་གསུམ་སྟེ། །ཞེས་གསུངས་པས། ཀྲྀ་ཡའི་ཐེག་པ་དང་། ཨུ་པ་ཡའི་ཐེག་པ་དང་། ཡོ་གའི་ཐེག་པ་གསུམ་སྟོན་པ་ལོངས་སྤྱོད་རྫོགས་སྐུའི་བསྟན་པར་གསུངས་ཏེ། སྤྲོས་པ་མེད་པའི་རྡོ་རྗེ་སྟེ། །གསང་བ་རང་བརྒྱུད་དག་པ་ཡང་། །སྤྲོས་པ་མེད་པའི་རྡོ་རྗེར་བཤད། །ཅེས་དང་། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་སྟོན་པ། །མོས་སྤྱོད་བཞི་ཡི་ས་ལ་འདས་ནས་ནི། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱིས་ས་པ་རྣམས། །སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་དུ་བསྟན། །ཅེས་གསུངས་པས། ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སྟོན་པ་ལོངས་སྤྱོད་རྫོགས་པའི་འཁོར་ཡིན་ཏེ། དེ་ཡང་མདོ་བཅུ་ལས། སྟོན་པ་ལོངས་སྤྱོད་རྫོགས་འཁོར་ནི། །མི་རྟོག་ཏིང་འཛིན་བཅུ་སྦྱངས་པས། །ས་ལ་གནས་པའི་བྱང་ཆུབ་ལ། །ཉོན་མོངས་མི་གནས་ཤེས་བྱ་སྦྱངས། །ཡེ་ཤེས་ཚོགས་དང་ཐུགས་རྗེར་འབྲེལ། །ཅེས་དང་། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་གནས་བསྟན་པ། །འཇིག་རྟེན་མཚན་མ་ཀུན་གྱི་སྟེངས་གྱུར་པ། །གནས་ཀྱི་འོག་མིན་ཁང་བུ་བརྩེགས་པ་ཡི། །གཞལ་ཡས་ཁང་དེ་གནས་ཀྱི་འོག་མིན་བཤད། །ཅེས་གསུངས་པས། རིགས་དྲུག་གི་གནས་ཀྱི་འོག་མིན་ཡིན་ཏེ། སུམ་བཅུ་རྩ་གསུམ་ལྷའི་གནས་ཀྱི་སྟེངས་རིན་པོ་ཆེའི་ཁང་བུ་བརྩེགས་པའི་གཞལ་ཡས་ཁང་དེར་བཤད་པ་ཡིན་ཏེ། མདོ་བཅུ་ལས། སྟོན་པ་འཇིག་རྟེན་གནས་ཆེན་དང་། །འོག་མིན་འོག་མིན་གནས་འོག་མིན། །རིན་ཆེན་གཞལ་ཡས་བཀོད་པ་ན། །རིན་ཆེན་ཁང་བུ་བརྩེགས་གནས་སོ། །ཞེས་གསུངས་སོ། །སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བའི་དུས་ལ་ཡང་སྔ་མ་ཕྱི་མ་ད་ལྟ་གསུམ་བྱ་བ་མེད་དེ། ཀུན་བྱེད་ལས། འདུལ་བའི་དུས་ལ་སྔ་ཕྱི་ཕྱེ་བ་མེད། །ཅེས་པ་དང་། མདོ་བཅུ་ལས། སྔ་མ་ཕྱི་མ་ད་ལྟ་གསུམ། །ཁྱད་པར་མེད་པའི་དོན་འདི་བཤད། །དུས་གསུམ་མེད་དེ་ཁྱད་པར་གཅིག །ཅེས་གསུངས་པས། ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ནི། །རང་ལས་བྱུང་བའི་གཟུགས་སྒྲ་དྲི་རོ་རེག །ཇི་ལྟར་འདོད་པའི་ལོངས་སྤྱོད་སྤྱད་པས་འདུལ། །ཞེས་གསུངས་པས། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ཐམས་ཅད་སྟོན་པ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་འདུལ་བའི་ཞིང་ཁམས་ཡིན་ཏེ། ཀུན་བྱེད་ལས། ལོངས་སྤྱོད་རྫོགས་པ་རང་གི་ངོ་བོས་བཤད། །ཅེས་གསུངས་པས། སྟོན་པ་ལོངས་སྤྱོད་རྫོགས་པའི་ཞིང་། །ཁམས་གསུམ་རྒྱུད་དྲུག་གིས་སེམས་ཅན་ཐམས་ཅད། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་གསུངས་ཏེ། མདོ་བཅུ་ལས། རང་གི་ངོ་བོས་བཤད་པ་ནི། །སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །མཚན་མའི་སྐུ་གསུམ་མི་མངའ་བར། །ཆོས་ཉིད་སྐྱེ་བ་མེད་པ་དེ། །སྐྱེ་འཇིག་མེད་པའི་ངོ་བོ་དང་། །རྡོ་རྗེ་ང་ཡི་ངོ་བོ་རུ། །སྤྲུལ་པ་གང་ཟག་སྐལ་ལྡན་ལ། །རིག་པ་འོག་མིན་གནས་སུ་བཤད། །རང་གི་ངོ་བོས་བཤད་ཅེས་བྱ། །ཞེས་གསུངས། ཀུན་བྱེད་ལས། སྟོན་པ་སྤྲུལ་སྐུའི་རང་བཞིན་བསྟན་པ་ནི། །ཅི་ལྟར་འདུལ་བའི་སྐུ་རུ་སྤྲུལ་ནས་གནས། །ཅེས་གསུངས་པས། འགྲོ་བའི་དོན་སྐུ་ཅི་ལྟར་ཡང་སྤྲུལ་ནས་འགྲོ་དོན་སྤྲུལ་སྐུས་མཛད་དེ། མདོ་བཅུ་ལས། ཐུགས་རྗེ་སྤྲུལ་པའི་རང་བཞིན་ནི། །རྣམ་པ་ཅིར་ཡང་སྤྲུལ་ཏེ་བཞུགས། །ཅེས་དང་། ཡང་དེ་ཉིད་ལས། ཐུགས་རྗེ་སྐུ་ལྟར་འདུལ་བའི་དོན་མཛད་པ། །དེ་ནི་སྤྲུལ་པའི་སྐུ་ཡི་ངོ་བོ་ཡིན། །ཅེས་དང་། ཀུན་བྱེད་ལས། སྟོན་པ་སྤྲུལ་པའི་སྐུ་ཡི་བསྟན་པ་ཡི། །ཉན་ཐོས་རང་རྒྱལ་ཐེག་ཆེན་མདོ་སྡེ་གསུམ། །ཞེས་གསུངས་པས། རིགས་དྲུག་གི་གནས་སུ་སྟོན་པ་སྤྲུལ་པའི་སྐུ་ཡིས། གང་ལ་གང་འཚམས་གང་ལ་གང་དགོས་སུ་སྤྲུལ་ནས། བསྟན་པ་མཚན་ཉིད་སྡེ་གསུམ་གསུངས་ཏེ། མདོ་བཅུ་ལས། སྟོན་པ་སྤྲུལ་སྐུར་བཞུགས་ཙམ་ནས། །སེམས་ཅན་འདོད་པའི་རང་བཞིན་གྱི། །ཅི་ལྟར་འདོད་པའི་ཐུགས་རྗེ་འབྱུང་། །བསྐམ་ཆགས་ལྔ་ཡི་རྣམ་སྨིན་དེ། །རྒྱུད་དྲུག་གནས་སུ་ངེས་པར་སྟོན། །ལྷ་དང་ལྷ་མིན་གནས་རིས་སུ། །ཆེ་བའི་ང་རྒྱལ་འཇོམས་པར་བསྟན། །ཤེས་པ་མི་ཡི་གནས་རིས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། །གཏི་མུག་བྱོལ་སོང་གནས་རིས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བསྟན། །སེར་སྣ་ཡི་དྭགས་གནས་རིས་སུ། །མ་ཆགས་ཚིམས་པའི་ཆོས་ཀྱང་བཤད། །སྡུག་བསྔལ་དམྱལ་བའི་གནས་རིས་སུ། །སྔ་ཕྱི་དྲན་པས་ཞེན་པ་བཟློག །ཅེས་དང་། ཀུན་བྱེད་ལས། སྟོན་པ་སྤྲུལ་པའི་སྐུ་ཡིས་འཁོར་བསྟན་པ། །མུ་སྟེག་མུ་རྡུག་རྒྱང་འཕན་ཕྱལ་བ་བཞི། །བླ་མེད་བྱང་ཆུབ་ལམ་ལས་གཏན་གོལ་བ། །དབང་པོ་སེམས་བསྒྱུར་ཐུགས་རྗེས་བྱིན་བརླབས་ནས། །དགེ་སློང་ཕོ་མོ་དགེ་བསྙེན་ཕོ་མོ་བཞི། །སྟོན་པ་སྤྲུལ་པའི་སྐུ་ཡི་འཁོར་དུ་བསྟན། །ཅེས་གསུངས་པས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྟོན་པ་སྤྲུལ་པའི་སྐུའི་འཁོར་དུ་གསུངས་ཏེ། མདོ་བཅུ་ལས། སྟོན་པ་སྤྲུལ་པའི་སྐུའི་འཁོར་ནི། སྐུ་སྤྲུལ་ཐུགས་རྗེ་དྲུག་སྣང་བས། །འཁོར་ཡང་རྒྱུད་དྲུག་སེམས་ཅན་ནོ། །ལས་དང་ཐུགས་རྗེ་འབྲེལ་པས་ན། །ཞེས་དང་། ཀུན་བྱེད་ལས། སྟོན་པ་སྤྲུལ་པའི་སྐུ་ཡི་གནས་བསྟན་པ། །སྤྲུལ་པའི་སྐུ་ནི་རབས་བདུན་ཤཱཀྱ་ཐུབ། །གནས་ནི་བྱ་རྒོད་ཕུང་པོའི་གནས་བསྟན་ཏེ། །ཡང་དག་ཐུགས་རྗེ་སྤྲུལ་པ་ངེས་མེད་གནས། །ཅེས་གསུངས། སྟོན་པ་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ནི། གནས་བྱ་རྒོད་ཕུང་པོར་གསུངས་པ་ལས། སྟོན་པ་སྤྲུལ་པའི་སྐུ་སྤྱིའི་གནས་ལ་ངེས་པ་མེད་དེ། མདོ་བཅུ་ལས། སྟོན་པ་སྤྲུལ་སྐུའི་གནས་ཆེན་ནི། །རྒྱུད་ལྔའི་ལམ་དང་འགྲོ་དྲུག་གནས། །ཁམས་གསུམ་ཐུགས་རྗེ་སྤྲུལ་པའི་གནས། །ཐུགས་རྗེ་ནམ་མཁའི་མཐའ་དང་མཉམ། །གནས་ལ་འདི་ཞེས་ངེས་པ་མེད། །ཅེས་གསུངས། སྟོན་པས་སྤྲུལ་པའི་སྐུས་འདུལ་བའི་དུས་ནི། སྔ་དང་། ཕྱི་དང་། ད་ལྟ་གསུམ་བྱ་བ་མེད་དོ། །ཀུན་བྱེད་ལས། འདུལ་བའི་དུས་ལ་སྔ་ཕྱི་ཕྱེ་བ་མེད། །ཅེས་པ་དང་། མདོ་བཅུ་ལས། སྔ་དང་ཕྱི་དང་ད་ལྟ་གསུམ། །ཁྱད་པར་མེད་པའི་དོན་འདི་བསྟན། །དུས་གསུམ་མེད་དེ་ཁྱད་པར་ཅིག །ཀུན་བཟང་ཡེ་ཤེས་ཐུགས་མཆོག་ལས། །སྔ་མ་མི་འགགས་ཕྱི་མི་འགྲིབ། །སྐྱེ་འགགས་མེད་པར་ཁྱད་པར་གཅིག །ཅེས་གསུངས། ཀུན་བྱེད་ལས། སྟོན་པ་སྤྲུལ་པའི་སྐུ་ཡིས་འདུལ་བའི་ཞིང་ཁམས་ནི། །ཛམ་བུ་གླིང་ནི་བྱེ་བ་ཕྲག་བརྒྱ་ལས། །རང་བྱུང་ཡེ་ཤེས་ཐུགས་རྗེ་རྒྱུད་དྲུག་འདུལ། །ཞེས་གསུངས་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཛམ་གླིང་བྱེ་བ་ཕྲག་བརྒྱ། ཛམ་གླིང་བྱེ་བ་ཕྲག་བརྒྱ་པོ་རེ་རེ་ན་རྡོ་རྗེའི་གདན་བྱེ་བ་ཕྲག་བརྒྱ་ན། སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བཞུགས་པས། དེའི་བྱེ་བ་ཕྲག་བརྒྱ་པོ་དེ་སྟོན་པ་སྤྲུལ་པའི་སྐུ་གཅིག་གིས་འདུལ་བའི་ཞིང་ཁམས་ཡིན་ནོ། །ཀུན་བྱེད་ལས། སྤྲུལ་པའི་སྐུ་ཡིས་ཚིག་དང་དོན་སྡེབས་ན། །གང་ཟག་རྣ་བའི་དབང་པོར་ཚིག་དོན་སྟོན། །ཅེས་པ་དང་། སྤྲུལ་པ་སྐུ་ཡིས་ཚིག་དང་ཡི་གེ་སྡེབས་བཤད་པས། ཅི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །སྟོན་པའི་ངོ་བོ་སྟོན་པ་མ་རིག་སྟེ། །སྟོན་པ་ཞེས་པའི་ཁྱད་པར་འདོད་སྤྲུལ་པས། །དོན་རྣམས་ཚིག་དང་ཡི་གེ་སྒྲ་བརྗོད་པས། །ཚིག་གི་སྒྲ་དེས་དོན་རྣམས་གོ་བྱས་ནས། །དོན་དེ་ཚིག་སྒྲས་དེ་ཡིས་བཤད་པ་ཡིན། །ཅེས་གསུངས་པས། དོན་སྤྲུལ་པའི་སྐུས་ཚིག་སྡེབས་སྦྱོར་ལེགས་མོས་དོན་གོ་བར་བྱེད་དོ། །མདོ་བཅུ་བདུན་མདོ་ལས། ཚིག་སྡེབས་སྦྱོར་ལེགས་པར་བཤད་པ་ནི། འཛམ་གླིང་རྒྱུད་དྲུག་གནས་འདི་ནི། །སྤྲུལ་པའི་གང་ཟག་སྐལ་ལྡན་དེ། །ཆོས་ཉིད་སྐྱེ་བ་མེད་པ་འོ། །སྐྱེ་བ་མེད་པའི་ཚིག་བརྗོད་པས། །སྐྱེ་བ་མེད་པའི་དོན་རྟགས་སུ། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻཌཱུར་ཞུན་མས་རང་ནན་གྱིས། །ཚིག་དང་ཡི་གེར་བྲིས་སྡེབས་ནས། །ཕྱི་རབ་རྣམས་ཀྱི་དོན་དུ་བཤད། །ཚིག་སྡེབས་ལེགས་པས་བཤད་ཅེས་བྱ། །ཞེས་གསུངས་སོ། །ཆོས་སྐུའི་སྟོན་པ་སྤྱི་དང་ཁྱད་པར་རོ། །ཐེག་པ་ཕྱིར། ཆོས་སྐུའི་སྟོན་པ། སྟོང་པ་མཚན་མ་མེད་པ་ནམ་མཁའ་ལྟར་འདོད། ཁྱད་པར་ཆོས་སྐུའི་སྟོན་པ་སྣང་བ་མ་བཅོས་པ། ཆོས་སྐུའི་ཆོས་ཉིད་རང་སྣང་བ་ལ་མ་བཅོས་པ། སྤང་ལ་ཤ་མང་རྡོལ་བ་ལྟ་བུ། གནས་ནི་འོག་མིན་ཆོས་ཀྱི་དབྱིངས་སོ། །འཁོར་ཡང་སྣང་སྲིད་སྣོད་བཅུད་སངས་རྒྱས་ཐམས་ཅད་དོ། །དེ་ལས་འདུས་ཤིང་འཕེལ་བའི་ཕྱིར་རོ། །དུས་ནི་དུས་གསུམ་དབྱེར་མེད་པའོ། །བསྟན་པ་ནི། ཐུགས་རྗེ་བྱིན་གྱིས་བརླབ་ནས་བཤད་པ་སྟེ། དེ་ཡང་རིན་ཆེན་ཀློང་དགུའི་རྒྱུད་ནས། ས་དང་ཆུ་དང་མེ་དང་རླུང་། །འདོད་ལྔ་ཀུན་ཏུ་སྦྱོར་བ་ཡང་། །སངས་རྒྱས་ཐུགས་རྗེས་སྤྲུལ་པ་ཤར། །ཞེས་སྣང་སྲིད་ཀུན་ནོ། །ཡང་། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་སྲིན་པོ་མི། །བདེ་སྡུག་ཁྱད་པར་ཅི་སྣང་ཡང་། །དེ་དག་ཐུགས་རྗེ་ཆེན་པོ་ཡིན། །ཞེས་པས་འགྲོ་དྲུག་ཀུན་ནོ། །ཡང་། ནད་དང་མུ་གེ་མཚོན་དང་གསུམ། །མེ་ཆུ་རླུང་གསུམ་ནམ་མཁར་སྟོང་། །དེ་དག་རིམ་པར་ཅི་སྣང་བ། །ཐུགས་རྗེ་རྨད་འབྱུང་རོལ་པ་ཡིན། །ཞེས་པས། འཇིག་ཆགས་སྟོང་གནས་ཀྱང་ཐུགས་རྗེ་ཆེན་པོའོ། །དེ་ཀུན་ལ་མ་ཁྱབ་པའི་སྐྱོན་ནི། ཡང་། ཐུགས་རྗེ་ཆེན་པོས་མ་ཁྱབ་ན། །ལས་དང་ཐུགས་རྗེ་འབྲེལ་པ་མེད། །ཅེས་པས་སོ། །འབྲེལ་པ་མེད་པ་འདོད་ཐོག་ཟེར་ན་ཡང་། །གྲོལ་ཐར་མེད་པའི་སྐྱོན་དུ་འགྱུར། །ཞེས་སོ། །ཀུན་ལ་ཐུགས་རྗེ་མི་སྣང་ན། །ཐུགས་རྗེ་དབྲི་བཀོལ་ཅན་དུ་ཐལ་ཏེ། ཡང་། གང་དང་གང་སྣང་དེ་དག་ལ། །ཐུགས་རྗེ་ཆེན་པོ་མི་སྣང་ན། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །ཅེས་སོ། །ལ་ལ་སྣང་ལ་ལ་མི་སྣང་ན། །ཡང་སེམས་ཅན་ལ་ཁྱད་པར་ཅི་ཞིག་ཡོད། །ཅེས་པའོ། །ལོངས་སྐུའི་ལྔ་ནི། སྟོན་པ་སྤྱི་དང་ཁྱད་པར་ནི། ཐེག་པ་སྤྱིར་མཚན་དེས་དང་རྒྱན་ཆ་ཚང་བ། བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་ལོ། །ཁྱད་པར་དུ་རིག་པ་རང་གསལ་དུ་ལོངས་སྤྱོད་པའོ། །ཡང་། རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས། །ཅེས་པའོ། །རིག་པ་གཉེན་པོ་མ་སྦྱང་པའོ། །གནས་ནི་གསུམ་མདོ་ནས། འོག་མིན་འོག་མིན་གནས་འོག་མིན། །རིན་ཆེན་གཞལ་ཡས་བཀོད་པ་ན། །ཞེས་པས། གྲངས་ཀྱི་འོག་མིན་དོར་བའི་དོན་གྱི་འོག་མིན་ནོ། །འཁོར་ནི་ས་རིམ་པ་བཅུ་ལ་གནས་པའི་སེམས་ཅན་ཏེ། བཟོད་འདས་ས་ཐོབ་འཁོར་དེ་ལ། དགོངས་པ་སྐུ་དང་ཡེ་ཤེས་བཤད། །ཅེས་པའོ། །དུས་ནི་སྣང་བའི་བསྐལ་པའོ། །སྟོན་པ་ནི་རང་གི་ངོ་བོས་བཤད་པ་སྟེ། ཀུན་བྱེད་ལེའུ་ཉེར་ལྔ་པ་ནས། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཏེ། །སྟོན་པ་ས་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་རང་བཞི་ཀུན་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོགས། །མི་རྟོག་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ཉིད་མ་བརྩལ་འགྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ཆུ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོས། །མི་རྟོག་མཉམ་པའི་དགོངས་པ་ཅན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བརྩལ་འགྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་མེ་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །རང་གི་ངོ་བོས་ཆོས་སྟོན་པ། །བདག་ཏུ་མི་རྟོག་གཞན་མི་རྟོག། །མི་རྟོག་མཉམ་པའི་དགོངས་པ་ཅན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བརྩལ་འགྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་རླུང་གི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་རྟོགས་ཏེ། །རང་གི་ངོ་བོས་ཆོས་སྟོན་པས། །བདག་ཏུ་མི་རྟོགས་གཞན་མི་རྟོགས། །མི་རྟོགས་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །རྩོལ་བའི་ཆོས་ནི་མ་བརྩལ་འགྲུབ། །བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ནམ་མཁའི་སྐུར་བྱུང་ནས། །ཚིག་དང་ཡི་གེ་མི་སྟོན་ཏེ། །བདག་ཏུ་མི་རྟོགས་མི་འབྱེད་པའི། །མི་རྟོགས་མཉམ་པའི་དགོངས་པ་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །སྔོན་འབྱུང་སྟོན་པ་དེ་རྣམས་ཀྱིས། །རང་གི་ངོ་བོས་ཆོས་འཆད་པ། །འདི་ཡིས་ཀུན་ཀྱང་རིག་པར་གྱིས། །ཅེས་གསུངས་སོ། །ཡང་། གཟུགས་སྒྲ་དྲི་རོ་རེག་པ་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་རིགས་པས་སྟོན། རང་གི་ངོ་བོས་བཤད་ཅེས་བྱའོ། །སྤྲུལ་པའི་སྐུ་ལྔ་ནི། སྟོན་པ་སྤྱི་དང་བྱེ་བྲག་གོ། །ཐེག་པ་སྤྱི་ནི་ཐུབ་པ་དྲུག་ལ་འདོད། །ཁྱད་པར་ནི། ཐུགས་རྗེའི་མཁྱེན་པ་ཤར་ཚད་སྤྲུལ་པ་སྟེ། ཡང་། ཐུགས་རྗེ་སྤྲུལ་པའི་སྐུ་རུ་ཤར། །ཞེས་པས། ས་བཅུའི་བྱང་ཆུབ་སེམས་དཔའ་ནས། །སེམས་ཅན་དམྱལ་བ་ཡན་ཆད་ལ་སྙམ་སྙོམས་སུ་སྣང་བའོ། །གནས་འདུལ་བའི་དབང་གིས་མ་ངེས་ཏེ། །ཡང་། ཐུགས་རྗེའི་གནས་ལ་ངེས་པ་མེད། །ཅེས་པས། མ་ངེས་པའོ། །འཁོར་ནི་ཐུན་མོང་དུ་འགྲོ་དྲུག །ཁྱད་པར་དུ་ས་བཅུ་ནས་ཁམས་གསུམ་གྱི་སེམས་ཅན་ནོ། །ཡང་། ལམ་གཉིས་ཐོབ་དང་འགྲོ་དྲུག་འཁོར། །ཞེས་པའོ། །དུས་ནི་སྒྲོན་མ་ཡངས་སུ་བཀོད་པའི་དུས་སོ། །བསྟན་པ་སྤྱི་དང་ཁྱད་པར་རོ། །ཐེག་པ་སྤྱི་མཚན་ཉིད་སྡེ་གསུམ། །ཁྱད་པར་དུ་ལོངས་སྐུའི་བསྟན་པ་ཚིགས་སུ་བརྗོད་པ་ཀྲྀ་ཡོག་གསུམ། ཆོས་སྐུའི་བསྟན་པ་བསྐྱེད་རྫོགས་གསུམ། ཚིགས་སུ་བརྗོད་པ་མཐའ་དག་གསུངས་ཏེ། སྤྲུལ་པའི་སྐུའི་ཚིག་སྡེབས་སྦྱོར་ལེགས་པར་བཤད་པའོ། །ཞེས་བྱའོ། །འདྲ་འབག་ཆེན་མོ་ལས། བཤད་ལུགས་གཉིས་གཏན་ལ་ཕབ་པའི་སྐབས་ཏེ་གཉིས་པའོ།། ༈ །།དེ་ཅི་ལྟར་བརྒྱུད་དེ་བྱུང་བའི་ཁུངས་བསྟན་པ་སྟེ། བདེ་གཤེགས་དགོངས་པས་བརྒྱུད་པ་ནི། ཁ་ས་མན་ཏ་ནམ་མཁའ་དང་མཉམ་པའི་རྒྱུད་ནས། མི་དང་ལྷ་ཡི་ཡུལ་ནས་རྒྱུ་འབྲས་ཀྱི་ཐེག་པ་བསྟན་ཅིང་མཐར་སྟོན། རྒྱུ་འབྲས་ལས་འདས་པའི་ཐེག་པ་མ་བྱུང་བའི་སྔོན་རོལ་དུ། སུམ་བཅུ་རྩ་གསུམ་ལྷའི་ཡུལ་དུ་ལྷ་དེ་ཝ་བཟང་སྐྱོང་ལ་བུ་གསུམ་ཕོ་བོ་ཀུན་དགའ་སྙིང་པོ་བྱ་བ་སྐུ་འཁྲུངས། བཟང་སྐྱོང་གིས་ཀྱང་བརྟགས་ནས། སྐྱེ་ཟླ་ན་ཚོད་ནས་ཤེས་བཞིན་དུ་ཀུན་ལས་ཁྱད་པར་དུ་འཕགས་པའི་རིགས་བྱུང་ངོ་། །ལྷ་གཞན་དག་རང་རང་གི་རྫིངས་བུ་དང་། འདུ་ཁང་དུ་བསྐོར་ཡང་ཁོ་ཕོ་བྲང་དུ། འཁོར་ལོ་ལ་སྡོད། གཞན་དག་འདུ་ཚལ་དུ་རྩེད་འཇོ་བྱེད་ཀྱང་། ཁོ་སྐུ་དང་གཙུག་ལག་ཁང་ལ་བསྐོར། གཞན་དག་རོལ་མོ་གླུ་དང་གར་བྱེད་ཀྱང་། ཁོ་ཆོས་གྲྭའི་ཏིང་ངེ་འཛིན་བསྒོམས། ལྷ་གཞན་དག་རང་རང་གི་གནས་ཁང་དུ་ཉལ་ཡང་། ཁོ་འཁོར་ལོ་དབུར་ཁང་ནང་དུ་ཉལ་བ་ཅིག་བྱུང་སྟེ། དེ་ལ་ལྷའི་བུ་སེམས་ལྷག་ཅན་བྱ་བར་གྲགས་སོ། །ལན་གཅིག་ཉལ་བའི་སྲོད་ཀྱི་མཚན་མ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྣ་དྲངས་ཏེ། ལྷ་རྣམས་ཀྱིས་རིན་པོ་ཆེ་སྣ་ལྔའི་ཁྲི་ལ་བཞག་ནས། བསྐོར་བ་བྱས་པ་མང་དུ་བསྡད་དེ། ཁོའི་སྤྱི་གཙུག་ཏུ་ཞུ་ཞིང་ཐིམས་པར་རྨིའོ། །ཡང་ནམ་ཕྱེད་ན། ཉི་མའི་འཁོར་ལོ་གཅིག་ཏུ་གྱུར་ནས། སྲོག་ཤིང་གི་རྩེ་ལ་བབས་པས་ཁོས་བླངས་པའི་མཚན་མ་བྱུང་ངོ་། །ཡང་། ཐོ་རངས་ཀྱི་མཚན་མར་ལྷ་མཆོག་མ་ཧཱ་དེ་བ་ནི་འཇིག་རྟེན་གཞན་ན་དབང་ཆེ་བ་ཡང་ཁོས་ཟོས་ཏེ་བཏང་བར་ཤར་རོ། །ནང་པར་ལྷའི་དབང་པོ་བརྒྱ་བྱིན་ལ་བཟླས་པས། ལྷའི་དབང་པོ་བརྒྱ་བྱིན་གྱིས་མ་མཁྱེན་ཏེ། བཛྲ་ས་མ་ཡ་ཛ་ཞེས་པས། སྤྲུལ་པའི་ལྷའི་དབང་པོ་བརྒྱ་བྱིན་སྤྱན་དྲངས་ཏེ། མཚན་མ་དེ་དྲིས་པས། སྲོད་ཀྱི་དེ་ནི་དུས་གསུམ་རྒྱལ་བའི་དགོངས་པ་ཐུགས་སུ་ཆུད་པའི་རྟགས་ཡིན་ནོ། །ནམ་གུང་དེ་ནི་རྒྱུ་འབྲས་ལ་བཟླ་བའི་ཐེག་པ་ཉིད་ལ་འཆར་ཏེ། འོད་ཉི་མ་ལྟར་དྲོ་བ་འོང་བ་ཡིན་ནོ། །ཐོ་རངས་ཀྱི་དེ་ནི་དུག་གསུམ་རྩད་ནས་བཅད་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ནོ། །ཞེས་མཚན་མ་བཟང་བར་ལུང་བསྟན་ནོ། །དེར་ལྷའི་དབང་པོ་བརྒྱ་བྱིན་ཤིན་ཏུ་དགྱེས་ཏེ། ཞལ་ཕྱོགས་བཞིར་གཟིགས་ཤིང་བསྐུལ་བ། ཁྱོད་ནི་གསུང་གི་རྡོ་རྗེ་བདག །རྒྱུ་འབྲས་ཐེགས་པ་མཐར་ཕྱུངས་ནས། །རྩོལ་མེད་ཐེགས་པ་མི་གསུངས་པ། །ཐུགས་རྗེ་ཆེན་པོ་སུ་ཏྲ་ཧ། །གདུལ་བྱ་མཆོག་ལྡན་ཡོད་པ་ན། །རྩོལ་མེད་ལྷུན་གྲུབ་བཤད་དུ་གསོལ། །ཞེས་བསྐུལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་སྤྲིན་གཏིབ་པ་བཞིན་དུ་འདུས་ནས་དེ་ཉིད་སྙན་དུ་བསྙད་དོ། །ཀུན་གྱི་བགྲོས་ཏེ་མགྲིན་གཅིག་ཏུ། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བསྒོའོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་ཡེ་ཤེས་གསལ་བར་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོར་ཁྱོད་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་བདག་ཉིད་རིག་པའི་གསུང་། །རྨད་བྱུང་རོལ་པའི་གསུང་དུ་ཤར། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཛད་པའི་རང་བཞིན་ཉིད་ལྡན་པས། །ཚིག་གི་དོན་ཀུན་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོ་སྐོར། །སྐལ་ལྡན་རྣམས་ལ་གཅིག་པར་བསྐུལ། །ཅེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་བསྟོད་དོ། །བསྐུལ་ལོ། །ཡང་བསྣན་ཏེ། རིན་ཆེན་འཕྲུལ་གྱི་ཐབས་ལྡན་པས། །གང་འཐད་མཐུན་པའི་སྒོ་དེ་ནས། །རྩོལ་མེད་དབྱིགས་དང་སྤྲད་པར་གྱིས། །ཅེས་པས། ལ་བཟླ་བའི་ཐེག་པ་གསུངས་ཅེས་པར་བསྐུལ་ལོ། །དེ་ཡང་། དང་ལ་ཚིག་ཏུ་སྨྲོས་ཤིག་པ་ནི། ཡང་། བྱང་ཆུབ་སེམས་ཀྱི་དངོས་པོ་ལ། །བརྗོད་པའི་ཐ་སྙད་ཀུན་བྲལ་ཡང་། །མ་རྟོགས་བློ་ལ་ཚིག་གོ་ནས། །གསུང་གི་སྒྲོན་མེས་གསལ་བར་གྱིས། །ཅེས་འཆད་པ་པོར་བསྒོའོ། །བསྒོ་བའི་དོན་གོ་དེ་རྡོ་རྗེ་སེམས་དཔའ་སྐད་ཅིག་མའི་ཏིང་ངེ་འཛིན་ལས་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་དངོས་སུ་འཐོན་ནས། རིན་པོ་ཆེ་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་དེ། འདི་སྐད་བསྒོའོ། །གཉིས་མེད་ཡེ་ཤེས་གསང་བའི་དོན། །བྱར་མེད་མི་རྩོལ་ཡེ་སངས་རྒྱས། །དབུ་མ་ཆེན་པོ་དྲངས་པོའི་ལམ། །འདུས་པའི་ཚོགས་ལ་ཁྱོད་ཀྱི་སྟོན། །དེ་ནས་ཞེས་བསྒོའོ། །དེ་ནས་ཕྱག་ན་རྡོ་རྗེས་འདི་སྐད་ཁས་བླངས་སོ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་བསྒྲོ་བར་རྣམ་པར་དཀའ། །མ་རྟོགས་བློ་ལ་ཚིག་བསྒོ་ནས། །མཚོན་ནས་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་བསྒྲོ། །ཞེས་ཁས་བླངས་དམ་བཅས་ནས་ཕྱག་ན་རྡོ་རྗེས་དུས་གསུམ་གྱི་སངས་རྒྱས་ཀྱིས་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར། དུས་གསུམ་སངས་རྒྱས་རིགས་ལྔར་འདུས་ལ། རིགས་ལྔའི་དགོངས་པ་ཉམས་སུ་བླངས་བའི་ཕྱིར། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་ན། བདེ་བར་གཤེགས་པ་རྡོ་རྗེ་གསང་བ་རྡོ་རྗེའི་བྲག་སྟེངས་ན་བཞུགས་ནས། མི་ཕྱེད་པའི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཅིང་བཞུགས་པ་ལ་ཞུས་པ། སེམས་ཉིད་རྡོ་རྗེ་ལྟ་བུ་ལས། །སྐྱེ་དང་འགག་པ་ཅི་ལྟར་བྱུང་། །ཞེས་ཞུས་པས། བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་འགག་ཡོད་པ་མ་ཡིན་ཏེ། །རྣམ་རྟོག་བློ་ལས་སྐྱེ་འགག་བྱུང་། །ཅེས་གསུངས་པས་ཐེ་ཚོམ་བཅད་དོ། །ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་རིན་ཆེན་འབྱུང་ལྡན་རིན་པོ་ཆེ་རང་འབར་གྱི་གདན་ལ་བཞུགས་ནས། མི་ཕྱེད་པའི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཅིང་བཞུགས་པ་ལ་ཞུས་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབ་པ། །ཡོན་ཏན་འབྲས་བུ་ཅི་ལྟར་འཆར། །ཞེས་ཞུས་པས། བཀའ་སྩལ་པ། དག་ཤ་ཀ་ཡི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་གཞི་ནས་རྫོགས། །ཐམས་ཅད་རང་བྱུང་སྙིང་པོའི་མཆོག །གསང་བ་ཐབས་ཀྱི་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་གསུངས་པས། ཐེ་ཚོམ་བཅད་དོ། །ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་པདྨའི་འོད་ཅེས་བྱ་བ་དྲི་མ་མེད་པ་པདྨའི་གདན་ལ་བཞུགས་ནས། མི་ཕྱེད་པའི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཅིང་བཞུགས་པ་ལ་ཞུས་པ། སེམས་ཉིད་པདྨ་ལྟར་དག་ལ། །གཟུང་འཛིན་དྲི་མ་ཅི་ལྟར་བྱུང་། །ཞེས་ཞུས་པས། བཀའ་སྩལ་པ། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་དེ། །འཁོར་བའི་རྟོགས་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལས་འཁོར་བ་བྱུང་། །ཞེས་གསུངས་པས་ཐེ་ཚོམ་བཅད་དོ། །བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རྣམ་དག་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་དོན་ཡོད་གྲུབ་པ་རྒྱ་གྲམ་གྱི་གདན་ལ་བཞུགས་ནས་དགོངས་པ་མི་ཕྱེད་པའི་འཁོར་ལོ། །གསང་སྔགས་ཀྱི་དོན་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཅིང་བཞུགས་པ་ལ་ཞུས་པ། རྩོལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཅི་ལྟར་འབྱུང་། །ཞེས་ཞུས་པས། བཀའ་སྩལ་པ། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པ་བྱིན་གྱིས་བརླབས་ལ་འཆར། །ཞེས་གསུངས་པས་ཐེ་ཚོམ་བཅད་དོ། །དབུས་ཕྱོགས་ཀྱི་འཇིག་རྟེན་ཁམས་མཐའ་དང་བྲལ་བའི་ཞིང་ཁམས་ན། བདེ་བར་གཤེགས་པ་རྣམ་པར་སྣང་མཛད། འཁོར་ལོའི་གདན་ལ་བཞུགས་ནས་དགོངས་པ་ཆོས་ཉིད་ལས་མི་གཡོ་བར་ཉིད་ཀྱི་འཁོར་ཁྱད་པར་ཅན་དང་དགོངས་པ་མི་ཕྱེད་པ་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དུས་གསུམ་དུ་སྟོན་ཅིང་བཞུགས་པ་ལ། ཐུགས་ལས་སྤྲུལ་པའི་ཕྱག་ན་རྡོ་རྗེ་དེས་ཞུ་བར་རྔོ་མ་ཐོགས་ཏེ། འཛུམ་པའི་མདངས་ཀྱིས་ཞབས་དྲུང་དུ་བསྡད་པས། རྣམ་པར་སྣང་མཛད་ཀྱིས་མདངས་གསལ་ཏེ་གནང་བ། འདུས་པའི་འཁོར་ཚོགས་ཁྱོད་ཀྱི་ནི། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་གྱིས། །དོན་དེ་ངེས་པར་མ་རྟོགས་ན། །བིམ་པ་ར་ཡི་འབྲས་བུ་བཞིན། །སྨིན་པའི་འབྲས་བུ་མི་འབྱུང་ངོ་། །ཞེས་ཐེ་ཚོམ་བསལ་ལོ། །དེ་ནས་ཕྱག་ན་རྡོ་རྗེ་རང་གི་སྟན་ལས་ལངས་ཏེ། སེང་གེའི་ལྟ་ལྟངས་ཀྱིས་ཞུས་པ། ཁྱོད་ནི་མི་འཇིགས་སེང་གེ་སྟེ། །ཡེ་ཤེས་གསང་དོན་མ་རྟོགས་པར། །བིམ་པ་ར་ཡི་འབྲས་བུ་བཞིན། །སྨིན་ཡང་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་དོན་རྟོགས་པར་གྱིས། །ཐུགས་རྗེའི་མངའ་བདག་ཁྱོད་ཀྱི་གསུངས། །དིང་དུས་བདག་གི་མ་རིག་པས། །ཡེ་ཤེས་གསང་དོན་བསྟན་དུ་གསོལ། །ཞེས་ཞུས་པས། བཀའ་སྩལ་པ། ཡེ་ཤེས་གསང་བའི་ངོ་བོ་ནི། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པ་ལམ་དུ་གཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གསལ། །གཞི་བཞག་རང་ལུགས་རིན་ཆེན་མཛོད། །རང་བྱུང་མ་བརྩལ་གདོད་ནས་དག །ཡེ་ཤེས་གསང་བའི་དམ་པ་ནི། །སྣ་ཚོགས་སྣང་ལ་ངོས་བཟུང་མེད། །མི་དམིག་སྒྱུ་མ་ལྷུན་གྲུབ་ཡིན། །རྟག་པར་གསལ་ན་ལྟ་བ་ཡིན། །ཞེས་གསུངས་པས་ཐེ་ཚོམ་བྲལ་ཏེ། ལྟ་བའི་གདིང་རྙེད། སྤྱོད་པའི་ཐབས་ཤེས། སྒོམ་པ་ཀློང་དུ་གྱུར། འབྲས་བུ་རྒྱུ་ལ་རག་མ་ལུས། ལམ་ལ་རིམ་པ་མེད་པར་གཏིང་རྙེད་དོ། །འདྲ་འབགས་ཆེན་མོ་ལས། བདེ་བར་གཤེགས་པ་དགོངས་པས་བརྒྱུད་པའི་སྐབས་ཏེ་གསུམ་པའོ།། ༈ །།དེ་ནས་ལྷ་གནས་གསུམ་དུ་བབས་ཏེ། ཕྱག་ན་རྡོ་རྗེའི་སྤྲུལ་པ་དེས། ཐུགས་ཀྱི་སྤྲུལ་པ་གྲངས་མེད་བཀྱེ་སྟེ། སྐྱེ་མཆེད་མུ་བཞིའི་གནས་སུ། གཞི་མཚན་དེས་ནི་རྣམ་པ་གསུམ། །མུན་པ་ཆུ་དང་ཉི་མས་བསྟན། །ཅེས་པས། ངོ་བོ་གཉིས་མེད་སྨག་གི་མུན་རུམ་ལྟར་བཤད། མཚན་ཉིད་ཉི་མ་ཤར་བ་ལྟར། སྣང་བ་ཆུ་ཡི་ཉེར་མ་ལྟར་བཤད་དེ། རིགས་པའི་གདིང་རྙེད་དོ། །ལུས་ནི་མེད། ཡིད་ཀྱི་དབང་པོ། སྲོག་གི་དབང་པོ། དྲན་པའི་དབང་པོ། སྲོག་གི་དབང་པོ་ལ་བརྟེན་པ་ལས། ཐུགས་རྗེ་བསྟན་པས་ཡིད་ཀྱི་ལྷུན་གྲུབ་གསུམ་དུ་གོ་ཞིང་གདིང་རྙེད་དོ། །དེ་ཡང་། མདོ་བཅུ་ནས། གཟུགས་མེད་ཁམས་ནི་དངོས་མེད་གྲུབ། །ཡུལ་མེད་ཆོས་ལ་མེད་བཞིན་བལྟ། །གཟུང་འཛིན་མེད་པའི་རིགས་པའི་ཆོས། །སྟོན་པའི་སྐུ་དང་གསུངས་དོར་དེ། །མི་གནས་མཚན་མའི་ཡུལ་ལས་འདས། །ཅེས་པས། ཐུགས་རྗེས་ཡིད་ཆེས་པར་གང་ཞིག་རྟོགས་སོ། །དེ་ནས་གཟུགས་ཁམས་གནས་རིས་བཅུ་བདུན་དུ། གསུང་དུ་སྤྲུལ་ཏེ། བྲག་ཆ་ལྟར་བཤད་དེ། གཟུགས་ཁམས་ཀྱི་ལྷ་ལ་འདི་སྐད་དོ། །མར་མེ་པདྨ་འབབ་ཆུ་སོགས། །ཚིག་དང་དོན་ལ་སྙབས་ཀྱི་སྦྱར། །ཅེས་པས། ངོ་བོ་གཉིས་མེད་མེ་ཏོག་ལྟར། མཚན་ཉིད་རང་གསལ་མར་མེ་ལྟར། རྣམ་པ་གནས་སྐབས་འབབ་ཆུ་ལྟར་བཤད་དོ། །གཟུགས་ཀྱི་ཁམས་ནི་ཆགས་པའི་གནས། །ང་རྒྱལ་ཆགས་པས་མངོན་གྲུབ་པས། །གཟུགས་ལ་ང་རྒྱལ་ལྟར་མི་འོས། །སྟོན་པས་བསྟན་པ་གསུམ་དུ་སྟོན། །ལྟུང་བས་ཆགས་མེད་གསུམ་དུ་སྟོན། །ཅེས་པས། ལྷ་ཚངས་པ་ལ་སོགས་པའི་བསམ་གཏན་བཞི་ལ་བཅུ་གཉིས། གཙང་མ་རིགས་ཀྱི་ལྷ་ལྔ་ནི། །འདིར་ནི་འདོད་གཉིས་མི་དགེ་དག །བསམ་གཏན་དང་པོ་དག་ན་མེད། །ཅེས་པས། དྲི་རོ་མེད། གཉིད་མེད། འདོད་ཆགས་མེད། མི་དགེ་བ་བཅུ་མེད། གཟུགས་འཇའ་ཚོན་ལྟར་སྐྱེ་ཡང་། གཞལ་ཡས་ཁང་དང་དུས་མཉམ་དུ་སྐྱེ། འཆི་བའི་ཚེ་ཡང་འཇའ་ཚོན་ཡལ་བ་ལྟར་འགྲོ། ཞེན་པ་མེད། སྣང་བ་ཙམ་དུ་ལྷུན་གྲུབ་གསུམ་དུ་གོ་ཞིང་གདིང་རྙེད་དོ། །དེ་ནས་འདོད་ཁམས་ལྷ་དྲུག་ལ། སུམ་ཅུ་རྩ་གསུམ་གྱི་གནས་རི་རབ་ཀྱི་སྟེང་། ཅོག་བཞིའི་ནང་རོལ་ན། ཚལ་ཆེན་པོ་བརྒྱད། དེའི་ནང་རོལ་ན། གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག །དེའི་དབུས་ན་རྣམ་པར་རྒྱལ་བའི་ཁང་བཟང་ན། འོག་གཞི་གསེར། རྩིགས་པ་རིན་པོ་ཆེ་སྣ་ལྔ། འབུར་ཕྲན། དབུ་རྩེ་རིམ་གསུམ། དེའི་རྩེ་སྲོག་ཤིང་གསེར་གྱི་རྡོ་རྗེ་རྩེ་དགུ་བསླང་བ། དེར་སྔར་གྱི་ལྷའི་བུ་དེ་བ་བཟང་སྐྱོང་། བུ་ཀུན་དགའ་སྙིང་པོ་ལ་བསྟན། ཐུགས་ཀྱི་སྤྲུལ་པ་ཕྱག་ན་རྡོ་རྗེ་ནི། སྲོག་ཤིང་གི་སྟེང་ན་ཡར་ཏ་ལ་བདུན་སྲིད་ཙམ་གྱིས་སྟེང་ན། དགོངས་པ་མི་གཡོ་བ་གསལ་བ། ཕྱག་གསེར་མདོག་ཅན་བརྒྱང་སྟེ་འོད་ཟེར་སྤྲོས་ནས། རྒྱལ་བྱེད་ཀུན་དགའ་ར་བ་ནས་སམ་གཏན་ལས་བསླང་སྟེ། འོད་ཀྱི་སྐས་ལ་འཛེག་སྟེ། སྲོག་ཤིང་རྩེ་མོར་གསེར་གྱི་འཁོར་ལོའི་གདན་ལ་བཞུགས་ཏེ། རིན་པོ་ཆེ་རང་འབར་གྱི་འཁོར་ལོའི་གདུགས་ཕུབ་སྟེ། ལྟ་བ་ནི། ཁ་ས་མན་ཏ་ནས། ངོ་བོ་མ་གྲུབ་ཀུན་གྱི་ཆོས། །མཚན་ཉིད་འདི་འདྲ་བརྟགས་པར་དཀའ། །རྣམ་པ་ཅིར་ཡང་མ་འགགས་ཤར། །ཅེས་པས་ལྷུན་གྲུབ་གསུམ་མོ། །རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་རོ། །གདམས་ངག་འཕྲུལ་གྱི་ལུང་བཅུ་ཕོག །ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་གདམས་ངག་ཕོག །མི་འགྱུར་བསྟན་པའི་དབང་བསྐུར་ནས། །སྤྱོད་ལམ་རིག་པའི་གདམས་ངག་བྱིན། །སྒྲ་ཚིག་རིག་པའི་དབང་བསྐུར་ནས། །ཡེ་ཤེས་ངོས་བཟུང་གི་གདམས་ངག་བྱིན། །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། །སྐུ་གསུང་ཐུགས་འཕྲད་ཀྱི་གདམས་ངག་བྱིན། །གཉིས་མེད་འབྲེལ་པའི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་གདམས་ངག་བྱིན། །རྡོ་རྗེ་ལུང་འདུས་ཀྱི་དབང་བསྐུར་ནས། །རྒྱལ་ཚབ་བསྐོར་བའི་གདམས་ངག་བྱིན། །ཅེས་དེ་ལྟར་དབང་དང་འབྲེལ་བའི་གདམས་ངག་བདུན་བྱིན། གནང་བ་མཐའ་དག་བྱིན། རྒྱུད་སྡེ་དྲུག་ཅུ་བཤད། རྒྱལ་ཚབ་ལ་མི་ཡུལ་དུ་བསྟན་པ་སྒྲོགས་ཤིག་པར་ལུང་ཕོག་གོ། །ཛྙ་ན་གྷུ་ཡ་ནས། བརྩོལ་མེད་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་བསྒྲགས་གྱུར་ནས། །སྤྲུལ་སྐུ་གང་ཟག་ཐུགས་སྲས་ཀྱི། །ཛམ་གླིང་དབུས་སུ་རྒྱས་པར་བྱོས། །ཅེས་པའོ། །འདོད་ལྷ་ལ་ཡང་རྒྱལ་པོ་ཉི་མ་རིན་ཆེན་ལྟར། །ཅེས་པ་དང་། ངོ་བོ་གཉིས་མེད་རྒྱ་མཚོའི་གཏིང་ལྟར་མི་གཡོ་བར་བཤད། མཚན་ཉིད་རང་རིག་ཉི་མ་ཤར་བ་ལྟར། མཉམ་སྙམས་སུ་བཤད། རྣམ་པ་སྒྱུ་མ་བསམ། འཕེལ་གྱི་ནོར་བུ་དགོས་དགུ་ལྡན་པར་ལྟར་བཤད་དོ། །འདོད་ལྷ་རྣམས་ཀྱིས་ལྟ་བའི་གདིངས་རྙེད་དོ། །སྤྱོད་པ་ཉམས་སུ་ལོན། དགོངས་པ་སངས་རྒྱས་སྙེགས་སོ། །འདྲ་འབགས་ཆེན་མོ་ལས། ལྷ་གནས་གསུམ་དུ་ཅི་ལྟར་གྲགས་པའི་སྐབས་དེ་བཞི་པའོ།། ༈ །།རྒྱ་གར་ཡུལ་དུ་ཅི་ལྟར་བབས་པ་ན། དབུས་རྡོ་རྗེ་གདན་གྱི་ཤར་ཕྱོགས། ཡུལ་རྒྱ་ཕུབ་དྷ་ན་ཀོ་ཤའི་གླིང་། མཚོ་ཀུ་ཀྲ་ཀ་ལའི་འགྲམ། མདའ་བདག་རྒྱལ་པོ་དྷ་ན་ཏ་ལོ་ལ། སྲས་ཐུ་བོ་ར་ཙ་ཧསྟི། སྲས་མོ་པ་ར་མི་ཏྲ། ཚ་བོ་བདེ་བྱེད་པ་ར་མི་ཏྲ་བདག་པོ་ལས། སྲས་མོ་དེ་དགེ་སེམས་ལྷག་པར་ཆེ་བ། དད་པ་དང་བརྩོན་འགྲུས་ཀྱི་ཆོས་དང་མི་འབྲལ་བ། རབ་ཏུ་བྱུང་སྟེ་དགེ་སློང་མའི་ཁྲིམས་ཐམས་ཅད་རྫོགས་པ། འཁོར་དགེ་སློང་ཕོ་སྤངས་ཏེ། དགེ་སློང་མ་ལྔ་བརྒྱས་བསྐོར་བ། དེ་ལ་སྟོན་ཟླ་ར་བའི་ཉའི་ཐོ་རས་ཉི་མ་གཅིག་ཤར་ནས་སྤྱི་བོ་ནས་ཐིམ་ཞིང་རྨི། ཟླ་བ་གཅིག་ཤར་ནས་རྐང་མཐིལ་ནས་ཁང་དུ་ཐིམ་ཞིང་རྨིས། རྟོགས་པ་སྐྱེས་ནས་མཚོ་ཀུ་ཀྲ་ཀ་ལར་ཕྱིན་ནས་ཁྲུས་བྱས་ཏེ། ཆོས་སྤྱོད་རྫོགས་ནས་ཁ་ཤར་དུ་བལྟས་ནས་བསྡད་པས། བྱ་ངང་པ་ལྔ་བབ་སྟེ་ཁྲུས་བྱས་བཞི་ནམ་མཁའ་ལ་འཕུར་ནས་སོང་། གཅིག་སླར་ལོག་སྟེ་སྲས་མོའི་ཐུགས་ཀར་ཆགས་ནས་གསེར་གྱི་གཤོགས་པ་ཅན་དེས་ཐུགས་ཀར་མཆུ་ལེན་གསུམ་གཏུག་ནས་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་ཞིག་བཞག་གོ། །དེར་དགྱེས་པ་སྐྱེས་ཏེ་ཡབ་ལ་སོགས་པ་འཁོར་ཡན་ཆད་བསགས་ཏེ། རྨི་ལམ་དང་བྱ་ངང་པའི་གཏམ་བསྙད་པས་ཀུན་དགྱེས་སོ། །ཡབ་ཤིན་ཏུ་དགྱེས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་འོང་ངེས་གསུངས་ཏེ། ཉ་ར་དང་རིམ་གྲོ་ཆེར་མཛད་ནས། ཟླ་བ་ལྔ་ནས་སྲས་ཤིག་ཐུགས་ཀ་ནས་བལྟམས་ཏེ། ལག་ན་རྡོ་རྗེ་བསྣམས་པ། ངག་ཏུ་ཡང་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་སྒྲོགས་པ། ཞལ་བཞད་མདངས་དང་ལྡན་པ་བྱུང་ངོ་། །དེར་ཡབ་འཁོར་རྣམས་གྲོས་བྱས་ཏེ། བྲམ་ཟེ་མཚན་མཁན་ལ་མཚན་ཞུས་པས། འདི་ནི་ཐོག་མ་ནས་རྒྱལ་པོ་ཡབ་སྲས་དང་འཁོར་རྣམས་བཞི་དགྱེས་ཤིང་མདངས་དང་ལྡན་ཕྱག་ན་ཡང་རྡོ་རྗེ་འདུག །ངག་ཏུ་ཡང་རྡོ་རྗེའི་ཚིག་སྒྲོགས་པས། དགའ་རབ་རྡོ་རྗེ་མཚན་བཏགས་སོ། །བངས་ཚད་མི་འཚམས་པ་ནས། གཞོན་ནུའི་རོལ་རྩེད་ལ་སོགས་པ་མཛད་པ་མཐའ་དག་མཐར་ཕྱུང་རྒྱལ་ས་བཟུང་བའི་ཁྲིམས་ཀུན་བྱས་ནས། ཐུགས་རང་རྡོལ་དུ་བྱུང་སྟེ། ཆོས་བཤད་པར་བརྩམས་ནས། ཐོ་ཆོ་དང་རས་ཆོད་དུ་སོང་གི་དོགས་ནས་ཀུན་གྱི་མངོན་སུམ་དུ། རེ་མ་ཏི་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་ཞོན་པ་ཞིག་བངས་ཆེན་དུ་བརྫོངས་ནས། ནམ་མཁའ་ལ་ཕྱག་ན་རྡོ་རྗེ་མཚན་དང་དཔེ་བྱད་དུ་ལྡན་པ་ཞིག་སྤྱན་དྲངས་ཏེ། དེ་ལ་གདན་དགུ་བརྩེགས་བཏིང་། མཆོད་བསྟོད་བྱས་ཏེ། ཆོས་ཞུས་པས། དེས་དབང་དང་འབྲེལ་བའི་གདམས་ངག་གསུམ། སྔོན་ལྷ་གནས་ལྟར་དུ་དབང་བསྐུར། ཆོས་བཤད། གནང་བ་བྱིན། དབང་རྟགས་གསེར་གྱི་ཆགས་ཤིང་ཞིག་ལག་ཏུ་གཏད་དོ། །དགའ་རབ་རྡོ་རྗེ་རྒྱལ་ཚབ་ཏུ་ཞོག་ལ་བསྟན་པ་སྒྲོགས་ཤིག་པར་བཀའ་བསྒོའོ། །ཕྱག་ན་རྡོ་རྗེ་ཏུ་སྐུ་སྤྲུལ་ཐུགས་རྗེ་སྐུ་ཡིས་སྟོང་གསུམ་ཟིལ་གྱིས་གནོན། གསུང་གི་རིག་པས་གསུང་གི་བསྟན་པ་རྒྱས་པར་བཤད། །རང་བྱུང་ཡེ་ཤེས་ཐུགས་སུ་མ་ཆུད་མེད། །རྣམ་པ་རང་བཞིན་མཚན་ཉིད་གསུམ། །མ་བཅོས་བདེ་བར་ལྷུན་གྱིས་གྲུབ། །སྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སྐུ་གསུང་ཐུགས་ལ་རྟེན་མི་འཆའ། །རིག་པ་བློ་ཡིས་མ་སྤྱད་ན། །རང་བཞིན་ཐོག་ཏུ་ཕེབ་པར་གྱུར། །ཅེས་གསུངས་ནས་ནམ་མཁའ་ལ་གཤེགས་སོ། །དེས་མངོན་ཤེས་ལྔ་དང་ལྡན་པའི་དགའ་རབ་རྡོ་རྗེ་ལ་བཤད་དོ། །ཉམས་མྱོང་གི་ལུང་ལས། བདག་ནི་དགའ་རབ་རྡོ་རྗེ་སྟེ། །མངོན་པར་ཤེས་པ་ལྔ་དང་ལྡན། །མངོན་ཤེས་ཤ་ཡིས་སྤྱན་གྱིས་ནི། །སྟོང་གསུམ་འཇིག་རྟེན་ས་ལེར་མཁྱེན། །མངོན་ཤེས་ལྷ་ཡི་སྤྱན་གྱིས་ནི། །ལྷ་ཡི་འཆི་འཕོ་ལྟུང་བ་མཁྱེན། །མངོན་ཤེས་ཤེས་རབ་སྤྱན་གྱིས་ནི། །ཆོས་ཉིད་སྐྱེ་འགག་མེད་པར་མཁྱེན། །མངོན་ཤེས་ཆོས་ཀྱི་སྤྱན་གྱིས་ནི། །ཡེ་ནས་ཡེ་སངས་རྒྱས་པར་མཁྱེན། །མངོན་ཤེས་སངས་རྒྱས་སྤྱན་གྱིས་ནི། །ལྷུན་གྲུབ་གསུམ་གྱི་གདིང་རྙིད་ནས། །སངས་རྒྱས་ས་གསུམ་དུས་གསུམ་དུས་གཅིག་ནོན། །སྐྱེ་འཆི་མེད་པའི་ཆོས་སྐུ་ཐོབ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ལས་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ། །དེ་ལས་མ་བརྩལ་བཞག་ན་བསྒོམས་པ་ཡིན། །ནམ་མཁའི་དབྱིངས་ནས་ནམ་མཁའི་ཆོ་འཕྲུལ་ཤར། །རང་བྱུང་རང་ཞིར་བཞག་ན་ནམ་མཁའ་ཉིད་ཀྱི་དབྱིངས། །སེམས་ཀྱི་ཀློང་ནས་སེམས་ཀྱི་བྱུང་ཚོར་བྱུང་། །རང་བྱུང་རང་ཞིར་བཞགས་ན་བསྒོམས་པ་ཡིན། །ཅེས་གསུངས། དེས་སྒྲིབ་པ་རྣམ་གཉིས་བྱང་ནས་མཁྱེན་རབ་གསལ་བའི་འཇམ་དཔལ་གྱི་དངོས་གྲུབ་བརྙེས་པའི་འཇམ་དཔལ་བཤེས་གཉེན་ལ་བཤད། ལུང་ལས་ཀྱང་། ང་ནི་འཇམ་དཔལ་བཤེས་གཉེན་ཏེ། །སྒྲིབ་པ་རྣམ་གཉིས་སྔོན་ནས་བྱང་། །ཡོན་ཏན་མཁྱེན་པའི་ཡེ་ཤེས་གསལ། །འཇམ་དཔལ་བཤེས་གཉེན་དངོས་གྲུབ་ཐོབ། །ཆོས་ཉིད་མཉམ་པར་ཆེན་པོར་དོན་རྟོགས་སོ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །འབྱུང་བ་ལྔ་དང་རིགས་ཀྱི་ཡུམ་ལྔར་མཉམ། །ཕུང་པོ་ལྔ་དང་རིགས་ཀྱི་ཡབ་ལྔར་མཉམ། །རང་སེམས་ཀུན་བཟང་རྡོ་རྗེ་སེམས་དཔར་མཉམ། །དེ་ལྟར་རྟོགས་ན་མཉམ་པ་ཆེན་པོ་སྟེ། །མཉམ་པའི་དོན་ལས་མ་ཡེངས་བསྒོམས་པ་ཡིན། །ཅེས་གསུངས་སོ། །དེས་བྱང་ཆུབ་ཀྱི་སེམས་ཡང་དག་པར་རྟོགས་པའི་རྒྱལ་པོ་དྷ་ན་ཏ་ལོ་ལ་བཤད། ལུང་ལས་ཀྱང་། བདག་ནི་དྷ་ན་ཏ་ལོ་སྟེ། །སེམས་ནི་ནམ་མཁའི་དབྱིངས་དང་འདྲ། །ནམ་མཁའི་དབྱིངས་ལ་མཐའ་དབུས་མེད། །ནམ་མཁའི་དབྱིངས་ལ་གཞི་རྩ་མེད། །ནམ་མཁའི་དབྱིངས་ལ་འཕོ་འགྱུར་མེད། །ནམ་མཁའི་དབྱིངས་ལ་སྐྱེ་འཆི་མེད། །སེམས་ཀྱི་དཔེ་ནི་ནམ་མཁའ་འདྲ། །བྱང་ཆུབ་སེམས་ལ་མཐའ་དབུས་མེད། །སེམས་ཀྱི་ངང་ལ་གཞི་རྩ་མེད། །བྱང་ཆུབ་སེམས་ལ་འཕོ་འགྱུར་མེད། །རྟོགས་ན་ལྟ་བ་མ་ཡིན་བསྒོམ་པ་ཡིན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ལ་མཐའ་དབུས་མེད་པས་བསྒོམ་བྱ་བསྒོམ་བྱེད་མེད། །སེམས་ལ་གཞི་རྩ་མེད་པས་བསྒོམ་པའི་གཏད་འཛིན་བྲལ། །སེམས་ལ་འཕོ་འགྱུར་མེད་པས་བསྒོམ་པ་རེས་འཇོག་མེད། །སེམས་ལ་སྐྱེ་འཆི་མེད་པས་བསྒོམ་བྱ་བླང་དོར་མེད། །དེ་ལྟར་རྟོགས་པའི་དོན་ལས་མེད་ཡོངས་ན། །བསྒོམ་པ་བྱ་བ་དེ་ལས་གུད་ན་མེད། །ཅེས་གསུངས་སོ། །དེས་རིགས་རྒྱུད་མི་ཆད་པར་བྱ་བའི་ཕྱིར། །སྲས་ཐུ་བོ་ར་ཙཱ་བཤད། ལུང་ལས་ཀྱང་། བདག་ནི་ར་ཙ་ཧ་སྟི་སྟེ། །ཀུན་བཟང་རྡོ་རྗེ་སེམས་དཔའི་རིགས། །རང་རིག་བྱང་ཆུབ་སེམས་ཀྱིས་འཛིན། །དུས་གསུམ་སངས་རྒྱས་རིགས་ཀྱང་བྱང་ཆུབ་སེམས་ཀྱིས་འཛིན། །རང་རིག་སྐྱེ་མེད་བྱང་ཆུབ་སེམས་ཀྱི་དོན། །སངས་རྒྱས་བོ་དྷི་རིག་འཛིན་ས་གསུམ་དུས་གཅིག་ནོན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རང་གི་སེམས་ཉིད་ཡེ་ནས་སངས་རྒྱས་ཏེ། །སེམས་དང་སངས་རྒྱས་གཉིས་མེད་རྟོགས་ན་བསྒོམས་པ་ཡིན། །སེམས་ལ་འཕོ་འགྱུར་མེད་པར་རྟོགས་ན་ས་གསུམ་ཅིག་ཏུ་ནོན། །དེ་ལྟར་རྟོགས་ན་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཆོས་ཉིད་ཀྱི་དོན་རྟོགས་ནས་མཉམ་པར་སྦྱོར་བའི་ཕྱིར་སྲས་མོ་པ་ར་མི་ཏ་ལ་བཤད། ལུང་ལས་ཀྱང་། བདག་ནི་སྲས་མོ་པ་ར་མི་ཏ་སྟེ། །འབྱུང་ལྔ་རིགས་ཀྱི་ཡུམ་ལྔ་གཉིས་མེད་མཉམ་པར་སྦྱོར། ཕུང་པོ་ལྔ་དང་རིགས་ཀྱི་ཡབ་ལྔ་གཉིས་མེད་མཉམ་པར་སྦྱོར། རང་སེམས་ཀུན་བཟང་རྡོ་རྗེ་སེམས་དཔའ་གཉིས་མེད་མཉམ་པར་སྦྱོར། དེ་ལྟར་རྟོགས་ན་སྦྱོར་བ་ཡང་དག་ཡིན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ལ་སྐྱེ་འཆི་མེད་པས་འབྱུང་བ་ལྔ་ནི་སྐྱེ་བའི་རྒྱུན་ཡང་བཅད། །སེམས་ལ་འགག་པ་མེད་པས་ཕུང་པོ་ལྔ་ནི་འགག་པའི་མཐའ་ལས་བསལ། །སྐྱེ་བའི་རྒྱུན་བཅད་འགག་པའི་མཐའ་བསལ་བས། །བསྒོམ་པ་ཆེན་པོའི་ཀློང་དུ་ཡེ་ནས་བཞུགས། །ཅེས་གསུངས་སོ། །དེས་དྲེགས་པ་ཅན་འདུལ་བ་ཆགས་པ་ཅན་བསལ་བའི་ཕྱིར། ཀླུའི་རྒྱལ་པོ་ལ་བཤད། ལུང་ལས་ཀྱང་། བདག་ནི་ཀླུ་ཡི་རྒྱལ་པོ་འཇོག་པོ་ཏེ། །དུག་གསུམ་མ་སྤང་སྐུ་གསུང་ཐུགས། །དུག་ལྔ་མ་སྤང་ཡེ་ཤེས་ལྔ། །འཁོར་བ་མ་སྤང་མྱ་ངན་འདས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་དང་བག་ཆགས་གཉིས་སུ་མེད། །གནས་སུ་དག་ན་སྣང་བ་མཐའ་ཡས་ཡིན། །མཚན་མར་ཆགས་ན་འདོད་ཆགས་ཡིན། །དུག་གསུམ་གཡོས་ན་སྐུ་གསུམ་ཐུགས། །གཡོས་པ་ཉིད་ན་སྐུ་གསུམ་གཡོ་བ་མེད། །དེ་ལྟར་བཞག་ན་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཆགས་པ་སྤང་བ་དང་། ཐམས་ཅད་དབང་དུ་བྱ་བའི་ཕྱིར། གནོད་སྦྱིན་མོ་བྱང་ཆུབ་མོ་ལ་བཤད། ལུང་ལས་ཀྱང་། བདག་ནི་གནོད་སྦྱིན་བྱང་ཆུབ་སྟེ། །རང་གི་སེམས་ནི་རྡོ་རྗེ་སེམས་དཔའ་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་བསྒོམ་དུ་མེད། །རང་གི་སེམས་ནི་ཆོས་ཀྱི་སྐུ་ཡང་ཡིན། །ཆོས་ཀྱི་སྐུ་ནི་གུད་ན་བསྒྲུབ་ཏུ་མེད། །དེ་ལྟར་རྟོགས་པའི་དབང་དུ་ཀུན་ཡང་འདུ། །དེ་ལྟར་རྟོགས་པའི་དམ་ལ་ཀུན་ཡང་གནས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རང་སེམས་རྡོ་རྗེ་སེམས་དཔར་རབ་རྟོགས་ནས། །རྟོགས་པའི་དོན་ལས་མ་ཡེངས་བསྒོམ་པ་ཡིན། །བསྒོམ་པར་བྱ་བ་དེ་ལས་གུད་ན་མེད། །ཅེས་གསུངས་སོ། །དེས་ཐག་ལྟ་བས་ཆོད་ཅིང་སྤྱོད་པས་ལ་དོར་བའི་ཕྱིར། སྨད་ཚོང་མ་བདག་ཉིད་མ་ལ་བཤད། ལུང་ལས། བདག་ནི་སྨད་ཚོང་བདག་ཉིད་མ། །ལྟ་བའི་རྒྱལ་པོ་བྱང་ཆུབ་སེམས། །སེམས་ལ་ཕོ་མོ་མེད་པས་སྦྱོར་ཡང་ཉམས་མི་ང་། །སེམས་ལ་སྐྱེ་འཆི་མེད་པས་བསྒྲལ་ཡང་གནས་མི་ལྕི། །སྣང་སྲིད་བདུད་རྩིར་ཤེས་པས་གཙང་སྨེ་ཡེ་ནས་མེད། །དེ་ལྟར་རྟོགས་ན་ལྟ་བས་ཐག་ཆོད་པས། བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རང་གི་སེམས་ནི་ཡེ་ནས་སངས་རྒྱས་ཡིན། །དེ་ལ་མ་བརྩལ་བཞག་ན་བསྒོམ་པ་ཡིན། །རང་གི་སེམས་རྟོགས་ཡེ་ནས་བདུད་རྩི་ཡིན། །བདུད་རྩི་གཞན་ནས་བཙལ་ཏེ་བསྒྲུབ་ཏུ་མེད། །དེ་ལྟར་རྟོགས་པའི་དོན་ལ་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཡེ་ཤེས་ཀྱི་རིག་པ་རྟོགས་ཤིང་དོན་དང་མི་འགལ་བ་བྱ་བའི་ཕྱིར། ཁ་ཆེའི་མཁན་པོ་རབ་སྣང་ལ་བཤད། ལུང་ལས། བདག་ནི་ཁ་ཆེའི་མཁན་པོ་རབ་སྣང་སྟེ། །ཆོས་ཀུན་ཕྱི་ནང་གསང་བར་བཤད་ན་དོན་དང་མི་འགལ་ལོ། །སྟོན་པའི་ལུང་ལ་རིག་པ་ཚད་མས་བཤད་ན་དོན་དང་མི་འགལ་ལོ། །བསམ་དངོས་གཉིས་ལྡན་ཚད་མ་བཞི་དང་འབྲེལ་བར་བཤད་ན་དོན་དང་མི་འགལ་ལོ། །དེ་ལྟར་རྟོགས་ན་ལྟ་བའི་དོན་རྟོགས་སོ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་ཏེ། །བསྒོམ་པར་བྱ་བ་དེ་ལས་གུད་ན་མེད། །བསྒོམ་བྱ་དེ་ལས་རིག་པས་རྟགས་མི་བྱ། །སེམས་ཉིད་སངས་རྒྱས་དོན་ལ་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ངེས་པའི་ལུང་རྟོགས་ཤིང་རིག་འཛིན་ས་ལ་འགོད་པར་བྱ་བའི་ཕྱིར། །ཨུ་རྒྱན་གྱི་མཁན་པོ་མ་ཧཱ་རཱ་ཛ་ལ་བཤད། ལུང་ལས། བདག་ནི་མ་ཧཱ་རཱ་ཛ་སྟེ། །འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔར་ངེས། །ཕུང་པོ་ལྔ་ནི་རིགས་ཀྱི་ཡབ་ལྔར་ངེས། །རྣམ་ཤེས་ཡུལ་ནི་སེམས་དཔའ་སེམས་མར་ངེས། །ཡུལ་སེམས་རིག་པ་ཀུན་བཟང་ཡབ་ཡུམ་ངེས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རྟོགས་པའི་དོན་ལས་མ་ཡེངས་བསྒོམ་པ་ཡིན། །ངེས་པ་གཅིག་གི་དོན་རྟོགས་ནས། །བསྒོམ་པས་རྙེད་པར་མི་འགྱུར་ཏེ། །མ་བསྒོམ་པས་ཀྱང་སྟོར་བྲལ་མེད། །མཉམ་པར་བཞག་ན་བསྒོམ་པར་ཡིན། །ཅེས་གསུངས་སོ། །དེས་བསྒྲུབ་པའི་གཞུང་དང་མཐུན་ཅིང་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་སྲས་མོ་གོ་མ་དེ་བྱི་ལ་བཤད། །ལུང་ལས། བདག་ནི་གོ་མ་དེ་བྱི་སྟེ། །འབྱུང་བ་ལ་ནི་རིགས་ཀྱི་ཡུམ་ལྔ་ལ། །ཕུང་པོ་ལྔ་ནི་རིགས་ཀྱི་ཡབ་ལྔ་ཡིན། །ཁམས་དང་སྐྱེ་མཆེད་སེམས་དཔའ་སེམས་མ་ལ། །ཀུན་གཞི་ཀུན་ཏུ་བཟང་མོ་ལ། །ཡིད་ནི་ཀུན་ཏུ་བཟང་པོ་ཡིན། །ཡབ་ཡུམ་ཐབས་དང་ཤེས་རབ་ལྡན་ན་གཞུང་དང་མཐུན། །གཉིས་མེད་མཉམ་པར་སྦྱོར་ན་དངོས་གྲུབ་ཐོབ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །ཀུན་གཞི་མ་བཅོས་ཅི་བཞིན་པ། །ཡིད་ནི་མ་བསྒྲིབ་དེ་བཞིན་པས། །ཀུན་གཞི་ཡུལ་ནི་ཡིད་ཀྱི་མཐོང་། །ཡིད་དང་ཀུན་གཞི་གཉིས་སུ་མེད། །དེ་ལས་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཐབས་ལ་མཁས་པའི་སྤྱོད་པ་དང་མཐུན་པར་བྱ་བའི་ཕྱིར་ཨ་ཙརྱ་ཨ་ལོ་ཀེ་ལ་བཤད། ལུང་ལས། བདག་ནི་ཨ་ཙརྱ་ཨ་ལོ་ཀེ། སྒྲོལ་བའི་ཐབས་ལ་མཁས་པས་སྐྱེ་བའི་རྒྱུད་ཡང་བཅད། །སྦྱོར་བའི་ཐབས་ལ་མཁས་པས་འགག་པའི་མཐའ་ཡང་བསལ། །ཕྲིན་ལས་ཐབས་ལ་མཁས་པས་བྱ་བསྩལ་གཉིས་ཀ་སྤང་། །དངོས་གྲུབ་ཐབས་ལ་མཁས་པས་གཞན་ལ་རག་མ་ལུས། །བསྒོམ་པ་ཐབས་ལ་མཁས་པས་རྣལ་མ་ཅི་བཞིན་བཞག །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །ཁྱད་དུ་མེད་པའི་ཆོས་ཉིད་ལ། །སྤྱོད་མཐའ་མང་ན་རྟོགས་མཐའ་ཆེ། །མ་སྤྱད་མཉམ་པར་བཞག་ན་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་རིག་འཛིན་གྱི་ས་ལ་བཀོད་ཅིང་སྐྱེ་འཆི་མེད་པ་ལ་ཐག་ཆོད་པར་བྱ་བའི་ཕྱིར། ཁྱིའི་མཁན་པོ་ཀུ་ཀུ་ར་ཛ་ལ་བཤད། ལུང་ལས། བདག་ནི་ཀུ་ཀུ་ར་ཛ་སྟེ། །སེམས་ལ་སྐྱེ་འཆི་མེད་པ་རྡོ་རྗེ་སེམས། །རྡོ་རྗེ་སེམས་དཔའི་སྐུ་ནི་ཀུན་ལ་ཁྱབ། །ནམ་མཁའི་དཔེ་ནི་མཚོན་དུ་མེད། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རང་སེམས་རྡོ་རྗེ་སེམས་དཔར་རབ་རྟོགས་ནས། །རྟོགས་པའི་དོན་ལ་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་རིགས་བྱེད་ཡན་ལག་བདུན་དང་ལྡན་ཅིང་ཡེ་ཤེས་ཀྱི་རྩལ་རྫོགས་བྱ་བའི་ཕྱིར་དྲང་སྲོང་ས་ར་ཤ་ཏི་ལ་བཤད། ལུང་ལས། བདག་ནི་དྲང་སྲོང་ས་ར་ཤ་ཏི་སྟེ། །འབྱུང་བ་ལྔ་ནི་རྩལ་ནི་ནམ་མཁའི་དབྱིངས་སུ་རྫོགས། །སྲིད་པ་གསུམ་གྱི་རྩལ་ནི་ཆོས་ཀྱི་དབྱིངས་སུ་རྫོགས། །ཐེག་པ་དགུ་ཡི་རྩལ་ནི་ཨ་ཏི་ཡོ་གར་རྫོགས། །དུས་གསུམ་སངས་རྒྱས་རྩལ་ནི་བྱང་ཆུབ་སེམས་ལ་རྫོགས། །བྱང་ཆུབ་སེམས་རྟོགས་རྫོགས་པའི་སངས་རྒྱས་ཡིན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ལ་རྫོགས་པས་སེམས་ཉིད་སངས་རྒྱས་ཡིན། །སེམས་ལ་མཐའ་དབུས་མེད་པ་བརྡལ་བ་ཆེན་པོ་ཡིན། །སེམས་ལ་སྐྱེ་འགག་མེད་པས་དངོས་གྲུབ་ཆེན་པོ་ཡིན། །བསྒོམ་པ་བྱ་བ་དེ་ལས་གུད་ན་མེད། །ཅེས་གསུངས་སོ། །དེས་ཆོས་རིགས་ཡུམ་གྱི་མཁའ་ཟབ་མོའི་ངང་ཉིད་ཡིན་པའི་ཕྱིར་སྨད་ཚང་མ་བདག་ཉིད་མ་ལ་བཤད། ལུང་ལས། བདག་ནི་སྨད་ཚོང་བདག་ཉིད་མ། །འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔའི་མཁའ། །དེ་ཉིད་ཀུན་ཏུ་བཟང་མོའི་མཁའ། །ཀུན་ཏུ་བཟང་མོ་ཆོས་ཀྱི་དབྱིངས་ཀྱི་མཁའ། །རང་རིག་ཀུན་གཞི་ཀུན་ཏུ་བཟང་མོའི་མཁའ། །དེ་ལྟར་རྟོགས་ན་ནམ་མཁའ་དབྱིངས་ཟབ་བོ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །བྱང་ཆུབ་སེམས་ནི་མཁའ་ལ་ཟླ་ཤར་འདྲ། །རང་རིག་རྟོགས་པར་ལྡན་ན་བསྒོམ་པ་ཡིན། །སེམས་ལ་སེམས་བསྒོམ་མ་གཡོས་དབྱིངས་ལས་འདས། །དེ་ལྟར་རྟོགས་ན་བསྒོམ་པ་ཆེན་པོ་ཡིན། །ཅེས་གསུངས་སོ། །དེས་བདེ་བ་ཆེན་པོའི་དོན་རྟོགས་ཤིང་ས་ནས་ས་རུ་སྤར་བར་བྱ་བའི་ཕྱིར་ན་ག་འཛུ་ན་ལ་བཤད། ལུང་ལས། བདག་ནི་ན་ག་འཛུ་ན་སྟེ། །སྐྱེ་མེད་ཆོས་ཀྱི་སྐུ་ལ་ཕུང་པོ་མེད་པས་བདེ། །གསུང་མེད་རིག་པའི་གསུང་ལ་འགག་པ་མེད་པ་བདེ། །ཐུགས་མེད་ཡེ་ཤེས་ཐུགས་ལ་སྐྱེ་འཆི་མེད་པ་བདེ། །དེ་ལྟར་གོ་ན་བདེ་ཆེན་དོན་རྟོགས་སོ། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །བདེ་ཆེན་བྱང་ཆུབ་སེམས་ལ་དངོས་པོ་མཚན་མར་བསྒོམ་དུ་ཡེ་ནས་མེད། བསྒོམ་དུ་མེད་པའི་དོན་ལས་མ་ཡེངས་བསྒོམ། །ཅེས་གསུངས་སོ། །དེས་སྔར་མ་རིག་པ་རིག་པར་བྱ་བའི་ཕྱིར་ཁྱིའི་མཁན་པོ་ཕྱི་མ་ལ་བཤད། ལུང་ལས་ཀྱང་། བདག་ནི་ཁྱི་ཡི་མཁན་པོ་དྷ་ཧཱུ་ན། །མ་རིག་འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །རིག་པས་བརྟགས་ན་བྱང་ཆུབ་ཆེན་པོ་གཅིག །འབྱུང་བ་ལྔ་དང་ཕུང་པོ་ལྔ། །ལྷ་དང་ལྷ་མོར་རབ་རྟོགས་ནས། །གཉིས་མེད་སྦྱོར་བ་རྟོགས་པ་ཡིན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །ཡིད་ཀྱི་ཡུལ་ནི་ཀུན་གཞི་སྟེ། །ཀུན་གཞིའི་ཡུལ་ནི་ཡིད་ཀྱི་མཐོང་། །ཆུ་ལ་འོ་མ་འདྲེས་པ་ལྟར། །གཉིས་མེད་འདྲེས་ན་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་རིག་གཉིས་བརྒྱུད་པ་དང་གུས་པའི་རྟགས་བསྟན་པའི་ཕྱིར། འཇམ་དཔལ་ཕྱི་མ་ལ་བཤད། ལུང་ལས་ཀྱང་། བདག་ནི་འཇམ་དཔལ་ཕྱི་མ་སྟེ། །རིགས་གཉིས་སྦྱངས་བའི་ཡོན་ཏན་དང་། །སྦྱོངས་པའི་འཕྲོ་དང་གྲུབ་པའི་མཐུ་རུ་ལྡན། །ད་ལྟ་ཉིད་ནས་འབྲས་བུ་མངོན་སངས་རྒྱས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སེམས་ཀྱི་རྩ་བ་ཆོད་ནས་མ་ཡེངས་ན། །བསྒོམ་པར་བྱ་བ་དེ་ལས་གུད་ན་མེད། །ཅེས་གསུངས་སོ། །དེས་ངེས་པའི་ལུང་རྟོགས་ཤིག །མན་ངག་གི་སྣོད་དུ་རུང་བར་བྱ་བའི་ཕྱིར། དེ་བ་ར་ཙ་མུ་ནེ་བཙུན་ལ་བཤད་དེ། ལུང་ལས། བདག་ནི་དེ་བ་ར་ཙ་སྟེ། ཨ་ཏི་ཡོ་ག་ཀུན་ཏུ་བཟང་པོའི་ལུང་། །ལུང་ལས་བརྟེན་ནས་བཤད་པའི་མན་ངག་འདི། །སེམས་ཀྱི་གཏིང་དུ་བཅངས་ལ་ཁར་མི་འབྱུང་། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །སྟོང་པའི་ཆོས་ལ་སྟོང་པའི་སེམས་ཀྱིས་གནས། །སྟོང་པ་ཆེན་པོར་ཡིན་པར་རབ་རྟོགས་ནས། །སྟོང་པ་དེ་ཉིད་མི་འགྱུར་ཆོས་ཀྱི་སྐུ། །དེ་ལས་མ་ཡེངས་པ་ནི་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཡེ་ནས་སངས་རྒྱས་པའི་དོན་ཤེས་པའི་ཕྱིར་བྷུདྡྷ་གུསྟ་ལ་བཤད། ལུང་ལས། བདག་ནི་སངས་རྒྱས་གསང་བ་སྟེ། །བྱར་མེད་ཡེ་སངས་རྒྱས་པས་རྒྱུད་འབྲས་གདོད་ནས་མེད། །རང་སེམས་ཡེ་ནས་སངས་རྒྱས་ཡིན་པས་ཀུན་ལ་གསང་། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །རང་སེམས་བྱ་བསྩལ་མེད་པ་ལ། །མ་ཡེངས་བརྟེན་པ་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། ཤྲི་སིང་ཧ་ལ་བཤད། ལུང་ལས་ཀྱང་། བདག་ནི་ཤྲི་སེང་ཧ་སྟེ། །འདོད་ཆགས་གསུང་སྟེ་སྣང་མཐའ་ཡས། །ཞེ་སྡང་ཐུགས་རྗེ་རྡོ་རྗེ་སེམས། །གཏི་མུག་སྐུ་སྟེ་རྣམ་སྣང་མཛད། །དུག་གསུམ་མ་སྤངས་སྐུ་གསུང་ཐུགས། །དུག་ལྔ་མ་སྤངས་ཡེ་ཤེས་ལྔ། །འཁོར་བ་མ་སྤངས་ཡེ་སངས་རྒྱས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །དུག་གསུམ་རྩ་བ་བྱང་ཆུབ་སེམས། །སེམས་ཀྱི་ཆོས་ཉིད་སྟོང་པ་ལ། །སྐུ་གསུང་ཐུགས་ཀྱང་བརྟགས་པ་ཙམ། །དེ་ལས་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེས་ཐེག་པ་དགུའི་དོན་ཨ་ཏི་ཡོ་གར་འདུས་པ་ལས། དེ་རྟོགས་པར་བྱ་བའི་ཕྱིར། དགེ་སློང་མ་ཀུན་དགའ་མོ་ལ་བཤད། ལུང་ལས་ཀྱང་། བདག་ནི་དགེ་སློང་ཀུན་དགའ་མོ། །དཔེར་ན་ཆུ་བོ་ཆེན་པོ་ལ། །ཆུ་བྲན་ཐམས་ཅད་འདུས་པར་ལྟར། །ཐེག་པ་རིམ་པ་དགུ་བསྟན་ཡང་། །རྫོགས་ཆེན་ཨ་ཏི་ཡོ་གར་འདུས། །ཨ་ཏི་ཡོ་གར་མ་འདྲེས་ཡོངས་སུ་རྫོགས། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །ཆོས་རྣམས་རྩ་བ་སེམས་སུ་འདུས། །སེམས་ནི་རང་གི་མ་བཅོས་འོད་གསལ་བ། །དེ་དོན་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དུས་དེར་དགེ་སློང་མ་བུད་མེད་ཀྱི་རང་བཞིན་སྣོད་དང་མ་ལྡན་ཏེ། ཆོས་ཚང་དུས་ཀྱི་འདོམ་ལྟར་བསླད་དེ་ལན་གཅིག་འཆལ་ལོ། །དེས་སྣོད་དང་སྐལ་བར་ལྡན་པའི་ཕྱིར་བི་མ་ལ་མི་ཏྲ་ལ་བཤད། ལུང་ལས་ཀྱང་། བདག་ནི་བི་མ་ལ་མི་ཏྲ་སྟེ། །སྒྲིབ་པའི་དྲི་མ་ཀུན་དང་བྲལ། །སངས་རྒྱས་བསྟན་པ་ཅི་སྙེད་པ། །སྡེ་སྣོད་གསུམ་དང་རྒྱུད་གསུམ་དང་ལྡན་པ། །ཐེག་པ་རིམ་དགུ་བསྟན་པ་ཀུན། །ང་ཡི་སྐུ་གསུང་ཐུགས་སུ་འདུས། །ཕྱག་རྒྱ་ཆེན་པོའི་ས་ཡང་ནོན། །བསྒོམ་ན་འབྱུང་བ་ལྔ་ལ་རག་མ་ལུས། །འབྱུང་བ་ནམ་མཁའ་སྟོང་པའི་རྒྱན། །ཆོས་ཉིད་རོལ་པ་བསམ་ཡས་ཆོས་སྐུའི་རྒྱན། །རྒྱན་དེས་འདུས་བྱས་རྣམ་རྟོག གཉེན་པོས་བཤིག་ཏུ་མེད། །སངས་རྒྱས་ཡེ་ཤེས་སྤྱན་ལ་གཟིགས་སུ་མེད། །སྣང་མེད་ཡེ་ཤེས་གསལ་བ་ལ། སངས་རྒྱས་བཅོས་པར་མི་མཛད་དོ། །དེ་བཞིན་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། རྒྱ་གར་གྱི་མཁས་པ་ཉི་ཤུ་རྩ་གསུམ་གྱི་དགོངས་ཉམས་རིན་པོ་ཆེའི་ཕྲེང་བ་ལྟར་དུ་བརྒྱུད་པའི་སྐབས་ཏེ་ལྔ་པའོ།། ༈ །།དེ་ལས་ཡང་འདི་སྐད་དུ། དགོངས་པས་བརྒྱུད་དེ། དཔལ་ཀུན་ཏུ་བཟང་པོའི་དགོངས་པ། ཨ་ཞེས་བསྟན་པ། ཀུན་ཏུ་བཟང་པོའི་དགོངས་པའི་དོན་རྡོ་རྗེ་སེམས་དཔས། བྱང་ཆུབ་ཀྱི་སེམས་ཅི་ལྟར་དུ་གནས་པ་དེ། བནྡྷ་གསུམ་འདུས་པས་གོ་ཞིང་རྟོགས་ཏེ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་སངས་རྒྱས་སོ། །རྡོ་རྗེ་སེམས་དཔས། དགའ་རབ་རྡོ་རྗེ་ལ། རང་གི་ངོ་བོས་བརྒྱུད་པ་ནི། །ཨ་ཧོ་ཞེས་བཀའ་སྩལ་པ། ཨ་ནི་སྐྱེ་བ་མེད་པ་ཡིན། །ཧོཿནི་འགག་པ་མེད་པ་ཡིན། །སྐྱེ་འགག་དབྱེར་མེད་དོན་ལ་གཟིགས། །དགོངས་པ་ནམ་མཁའི་ཀློང་ལ་ཞོག །ཡེ་ཤེས་བར་དོ་ཆོས་སྐུར་སྦྱོར། །ཅེས་པས། ཀློང་དགུ་བམ་པོ་ཉི་ཁྲི་པའི་དོན་བསྡུས་པ་གཅིག་ཏུ་གོ་ཞིང་རྟོགས་པར་གྱུར་ཏོ། །དགའ་རབ་རྡོ་རྗེས། འཇམ་དཔལ་བཤེས་གཉེན་ལ། སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་དེ། བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་ངང་ནས་བདེ་བ་རྒྱུན་མི་ཆད། །བསྒོམ་དུ་མེད་ཀྱི་གཉུག་མའི་ངང་དུ་ཞོག །ཅེས་གསུངས་པས། རྩོལ་བསྒྲུབ་མེད་པའི་དོན་རྟོགས་པར་གྱུར་ཏོ། །དེ་རྒྱལ་པོ་དྷ་ཧེ་ཏ་ལོ་ལ་གསུངས་པ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ། །གཟུང་འཛིན་བྱས་པ་འདུ་འབྲལ་ཅན་དུ་བསླད། །རང་གི་སེམས་ལ་དཔྱོད་ལ་རྟོགས་པར་རུམ་དུ་སོད། །དེས་འདུ་འབྲལ་མེད་དུ་རྟོགས་ན་བསྒོམ་དུ་ཡེ་ནས་མེད། །ཅེས་གསུངས་པས། དོན་རྣམས་རྟོགས་ཡེ་ཤེས་སུ་རྟོགས་པར་གྱུར་ཏོ། །དེས་སྲས་ཐུ་བོ་ར་ཛ་ཧ་སྟི་ལ་གསུངས་པས། སེམས་ནི་ཡེ་ནས་ཆོས་སྐུ་ཆེན་པོ་ལ། །གཟུང་འཛིན་ཡེ་ནས་མེད་པས་རྣམ་རྟོག་ཡེ་ནས་མེད། །འཁོར་འདས་ཆོས་སྐུ་ཉིད་དུ་ཐག་ཆོད་པས། །བསྒོམ་དུ་མེད་ཀྱི་ཚོགས་དྲུག་ལྷུག་པར་ཞོག །ཅེས་གསུངས་སོ། །རང་སེམས་ཆོས་སྐུར་ཐག་ཆོད་པར་གྱུར་ཏོ། །དེས་སྲས་མོ་པ་ར་ནི་ལ་གསུངས་པས། གཞི་དང་རྩ་བ་མེད་པའི་སེམས་ཉིད་ནི། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་རང་བྱུང་ཡིན། །མ་བཅོས་ངང་དུ་གསལ་བ་ཡེ་ཤེས་ཡིན། །དེ་ལ་གནས་སུ་མེད་པས་བསྒོམ་པ་ཡིན། །ཅེས་གསུངས་པས། རང་གི་སེམས་རང་བྱུང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཏོ། །དེས་ཀླུ་ཡི་རྒྱལ་པོ་འཇོག་པོ་ལ་གསུངས་པ། ཡུལ་དྲུག་མ་འགག་བདེ་ཞིང་རྒྱས་པར་སྤྱོད། །ཅི་ལྟར་རོལ་ཡང་བྱང་ཆུབ་བགོས་སུ་ཆེ། །རང་རིག་རྒྱལ་པོའི་དབང་ཐོབ་གདིང་ལྡན་པས། །ཚོགས་དྲུག་ལྷུག་པར་བཞག་ན་བསྒོམས་པ་ཡིན། །ཅེས་གསུངས་པས། རང་གིས་སེམས་བསྒོམ་དུ་མེད་པར་རྟོགས་པར་གྱུར་ཏོ། །དེས་གནོད་སྦྱིན་མོ་བྱང་ཆུབ་མོ་ལ་གསུངས་པ། འགྱུར་མེད་དབུ་མ་དེ་ལ་གནས་པ་ཡི། །སྒོ་གསུམ་སྤྱོད་པ་ཅི་ལྟར་སྤྱད་པ་ཀུན། །རང་བྱུང་ཡེ་ཤེས་རོལ་པ་ཆགས་མེད་སྣང་། །གང་ལྟར་སྤྱད་ཀྱང་ཚོགས་གཉིས་རྫོགས་པར་ཡིན། །ཅེས་གསུངས་སོ། །འབད་རྩོལ་ཅན་གྱིས་སྤྱོད་པ་དབྱེར་མེད་པར་དོན་རྟོགས་པར་གྱུར་ཏོ། །དེས་སྨད་ཚོང་མ་པ་ར་ནི་ལ་གསུངས་པ། ཡང་དག་བསྒོམ་ཚེ་འཇུག་པ་མེད། །གལ་ཏེ་འཇུག་ན་བསླད་པ་ཡིན། །ཅི་ཡང་ཡིད་ལ་མི་བྱེད་ན། །མ་ནོར་དོན་ལ་ཕེབས་པ་ཡིན། །ཅེས་གསུངས་པས། རང་གི་སེམས་གཟུང་འཛིན་གྱིས་བསླད་དུ་མེད་པར་རྟོགས་པར་གྱུར་ཏོ། །དེས་རྒྱལ་པོ་དེ་བ་ར་ཙ་ལ་བཤད་པ། ཀུན་གཞི་ཆོས་ཀྱི་དབྱིངས་ཉིད་ལ། །སྒོ་ལྔ་ཡེ་ཤེས་རྟོག་མེད་གསལ། །རིན་ཆེན་གསེར་གྱི་གླིང་དུ་ཕྱིན་ཙ་ན། །རྣལ་མའི་བློ་སྐྱེས་ག་ལ་སྲིད། །ཅེས་གསུངས་སོ། །རང་གིས་སེམས་ཐིག་ལེ་ཉག་གཅིག་ཏུ་དོན་རྟོགས་པར་གྱུར་ཏོ། །དེས་སྨད་ཚོང་མ་འབུ་ཐ་ཀུ་ཐ་མ་ལ་བཤད་པ། མིང་དུ་བཏགས་ན་རྟོགས་པ་ནམ་ཀྱང་སྐྱེ། །དེ་ལ་རྗེས་སུ་བཟུང་ན་བཟང་ངན་ནམ་ཀྱང་འོང་། །མིང་ལས་ལོག་ན་འཁོར་འདས་གཉིས་ཀ་རྫུན། །བཏགས་པ་ལོག་ན་ཆོས་ཉིད་མ་དང་འཕྲད། །ཅེས་གསུངས་པས། རང་གི་སེམས་འཁོར་འདས་སུ་བཏགས་པ་ལས་དབེན་པར་རྟོགས་པར་གྱུར་ཏོ། །དེས་ཁྱིའི་མཁན་པོ་ཀུ་ཀུ་ར་ཙ་ལ་བཤད་པ། མིང་དང་བཏགས་པ་ཀུན་གྱིས་མ་བསླད་ན། །ཚོགས་དྲུག་ཡེ་ནས་རང་གྲོལ་ཆེན་པོ་ཡིན། །དེ་ཡི་དོན་ལ་གནས་ན་བསྒོམ་པ་ཡིན། །ཡིད་ཆོས་བསྟེན་ན་ཆོས་སྐུ་ཐོབ་པ་ཡིན། །ཅེས་གསུངས་པས། རང་གི་སེམས་འབྲས་བུ་ལ་ཐེ་ཚོམ་མི་ཟ་བར་དོན་རྟོགས་པར་གྱུར་ཏོ། །དེས་རྒྱན་གྱི་མཁན་པོ་མ་ཧ་ར་ཛ་ལ་བཤད་པ། མིང་དང་ཚིག་ཏུ་ཀུན་གྱིས་བཏགས་པ་རྣམས། །འཁྲུལ་པ་ཡིན་ཏེ་ཆོས་ཉིད་མཐོང་བ་མེད། །རང་གྲོལ་དོན་ལ་སུ་ཞིག་གང་གནས་པ། །དེ་ནི་ཆོས་སྐུ་ཆེན་པོ་ཐོབ་པ་ཡིན། །ཅེས་གསུངས་པས། རང་གིས་སེམས་ཆོས་སྐུ་མངོན་དུ་གྱུར་ཏོ། །དེས་སྲས་མོ་གོ་མ་དེ་བྱི་ལ་གསུངས་པ། དུས་གསུམ་འདུ་འབྲལ་མེད་པ་ཆོས་སྐུ་ཐིག་ལེ་ཉག་གཅིག་ངང་། །ལམ་ལ་བསྒྲོད་དུ་མེད་དེ་རང་གྲོལ་གཅིག་གི་ངང་། །ཆོས་ཉིད་བཤད་དུ་མེད་དེ་ཚིག་གི་མཐའ་དང་བྲལ། །ཆོས་ཉིད་རྟོགས་སུ་མེད་དེ་བསམ་བརྗོད་མཐའ་དང་བྲལ། །དེའི་ཕྱིར་ནི་བསྒོམ་དུ་མེད། །ཅེས་གསུངས་པས། རང་གི་སེམས་བསྒོམ་དུ་མེད་པར་དོན་རྟོགས་པར་གྱུར་ཏོ། །དེས་ཨ་ཙརྱ་ཨ་ལོ་ཀེ་ལ་བཤད་པ། ས་དང་རྣམ་ཐར་འདོད་ན་བྱང་ཆུབ་ཉིད་ལས་འགྱོང་། །བདེ་བ་ཐོབ་པར་འདོད་ན་སྡུག་བསྔལ་ཆེན་པོ་ཡིན། །མི་རྟོག་ཐོབ་པར་འདོད་ན་དེ་ག་རྟོགས་པ་ཡིན། །དེ་ལྟར་རྟོགས་ན་བརྩལ་དུ་མེད་པར་ཞོག །ཅེས་གསུངས་པས། རང་གི་སེམས་ལ་བཙལ་དུ་མེད་པའི་དོན་རྟོགས་པར་གྱུར་ཏོ། །དེས་ཁྱིའི་མཁན་པོ་ཕྱི་མ་ལ་བཤད་པ། །གཞི་ལམ་འབྲས་བུས་ཕྱེ་བས་འཁྲུལ་པ་བསམ་ལས་འདས། །ཡུལ་སེམས་གཉིས་མེད་རྟོགས་ན་རྟོགས་པ་ཡིན། །དེ་གཉིས་གཉིས་མེད་རྟོགས་ན་ཡེ་ཤེས་ཡིན། །འབྱུང་འཇུག་མེད་པར་རྟོགས་ན་བསྒོམ་པ་ཡིན། །སྣང་བ་འཛིན་མེད་གོ་ན་བསྒོམ་གྱི་ངོ་བོ་ཡིན། །ཅེས་གསུངས་པས། རང་གི་སེམས་སྣང་བ་ཐམས་ཅད་རང་གྲོལ་དུ་ཐག་ཆོད་པར་གྱུར་ཏོ། །དེས་དྲང་སྲོང་བྷ་ཤི་ཏ་ལ་བཤད་པ། སྐྱེ་འགག་མེད་པའི་བྱང་ཆུབ་སེམས། །སྣང་བ་རང་བཞིན་མེད་པ་ཡིན། །བསྒོམ་དུ་མེད་པའི་བྱང་ཆུབ་སེམས། །རྣལ་འབྱོར་བདེ་བ་ཉལ་ན་བཙུན། །ཅེས་གསུངས་པས། རང་གི་སེམས་བརྩོལ་བ་མེད་པར་དོན་རྟོགས་པར་གྱུར་ཏོ། །དེས་དགེ་སློང་མ་བདག་ཉིད་མ་ལ་བཤད་པ། །ཅི་ཡང་ཡིད་ལ་མི་བྱེད་ན། །ཤེས་རབ་ཆེན་པོ་རྟོགས་པ་ཡིན། །གང་ལའང་འཛིན་པ་མི་འཇུག་ན། །བསྒོམ་པ་ཀློང་དུ་ཕེབ་པའི་རྟགས། །ཅེས་གསུངས་པས། སེམས་འདུ་ཤེས་ཅན་འཁྲུལ་པ་ཡིན་པར་ཐག་ཆོད་པར་གྱུར་ཏོ། །དེས་ནཱ་ག་འཛུ་ན་ལ་བཤད་པ། བཏགས་ན་སྟོང་པར་བཏགས་ཀྱང་འཆིངས། །ཆགས་ན་ཡི་དམ་ལ་ཆགས་ཀྱང་འཆིངས། །བརྟགས་ན་ཆོས་སྐུར་བཏག་ཀྱང་འཆིངས། །བསྒོམ་ན་མི་རྟོགས་བསྒོམ་ཡང་འཆིངས། །ཅེས་གསུངས་པས། རང་གི་སེམས་བཅིངས་གྲོལ་མེད་པར་དོན་རྟོགས་པར་གྱུར་ཏོ། །དེས་འཇམ་དཔལ་བཤེས་གཉེན་ཕྱི་མ་ལ་བཤད་པ། གཟུང་འཛིན་གཉིས་ཀྱི་སྟོང་ན་སྟོང་པ་ཡིན། །དེ་ལ་འཛིན་པ་མེད་ན་སྟོང་པ་ཡིན། །མིང་དང་ཐ་སྙད་ལོག་ན་སྟོང་པ་ཡིན། །དེ་ལ་གནས་ན་སྟོང་ཉིད་བསྒོམ་པ་ཡིན། །ཅེས་གསུངས་པས། རང་གི་སེམས་སྟོང་པ་ཉིད་དུ་ཐག་ཆོད་པར་གྱུར་ཏོ། །དེས་དེ་བ་ར་ཛ་ལ་བཤད་པ། ཁྱུང་དང་སེང་གེ་བཞིན་ཏེ་བཙོལ་བསྒྲུབ་ཉམས་ང་མེད། །བུ་ཆུང་རི་བོ་བཞིན་དུ་འཛིན་མེད་ཡུལ་མི་བཟློག །སྨྱོན་པ་གར་མཁན་བཞིན་དེ་ཐོགས་མེད་འགྲོ་དོན་བྱེད། །ནོར་བུ་ཉི་མ་བཞིན་དེ་ཐུགས་རྗེས་གཞན་དོན་མཛད། །ཅེས་གསུངས་པས། རང་གི་སེམས་ལྟ་བསྒོམ་སྤྱོད་འབྲས་ལ་ཐོགས་རྡུག་མེད་པར་དོན་རྟོགས་པར་གྱུར་ཏོ། །དེས་བྷུདྡྷ་གུསྟ་ལ་བཤད་པ། དེ་བཞིན་ཉིད་དུ་ཐག་ཆོད་ན། །གང་ལྟར་བྱས་ཀྱང་མི་རྟོགས་སྐྱེ། །རང་སེམས་ཆོས་སྐུ་ཐག་ཆོད་ན། །ཅི་ལྟར་སྣང་ཡང་བསྒོམ་པ་ཡིན། །ཅེས་གསུངས་པས། རང་སེམས་ཐེ་ཚོམ་དང་ཉམ་ང་མེད་པར་གྱུར་ཏོ། །དེས་དགེ་སློང་མ་ཀུན་དགའ་མ་ལ་བཤད་པ། རང་བྱུང་ཡེ་ཤེས་མ་ཡིན་པ། །འཁོར་བ་བྱ་བའི་མིང་ཡང་མེད། །ཆོས་ཉིད་བདེ་ཆེན་མ་ཡིན་པ། །མྱང་འདས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པས། རང་གི་སེམས་འཁོར་འདས་སུ་འཛིན་པ་འཁྲུལ་པ་ཡིན་པར་དོན་རྟོགས་པར་གྱུར་ཏོ། །དེས་ཤྲི་སིང་ཧ་ལ་བཤད་པ། བྱ་བ་བཏང་བའི་སེམས་བཞིན་དུ། །ཅི་ལྟར་སྣང་བ་དེ་ལྟར་ཞོག །དེ་ལྟར་དྲན་པའི་སྟོབས་ལྡན་ན། །སངས་རྒྱས་དགོངས་པ་ཡིན་པར་ངེས། །ཅེས་གསུངས་པས། རང་གི་ཅི་ལྟར་གནས་པ་ཐིག་ལེ་ཉག་གཅིག་ལས་མ་གཡོས་པར་དོན་རྟོགས་པར་གྱུར་ཏོ། །འདྲ་འབགས་ཆེན་མོ་ལས། སྙན་རྒྱུད་རིན་པོ་ཆེའི་ཕྲེང་བ་མན་ངག་སངས་རྒྱས་མཛུབ་ཚུགས་སུ་བསྟན་པའི་སྐབས་ཏེ་དྲུག་པའོ།། ༈ །།ཡང་དགའ་རབ་རྡོ་རྗེས་འདི་སྐད་དུ། འཇམ་དཔལ་བཤེས་གཉེན་ལ་བཀའ་སྩལ་པ། བྱང་ཆུབ་སེམས་ནི་མི་ནུབ་རྒྱལ་མཚན་ཏེ། །དུས་གསུམ་འགྱུར་བ་མེད་པ་རྡོ་རྗེ་སེམས་དཔའ་ཡིན། །སེམས་ཀྱིས་ཀུན་ལ་ཁྱབ་པས་ཀུན་ཏུ་བཟང་པོ་ཡིན། །སྣང་སྲིད་འཁོར་བའི་ཆོས་དང་མྱ་ངན་འདས་པ་ནི། །སེམས་ནི་ཀུན་ནས་སྣང་བས་རྣམ་པར་སྣང་མཛད་ཡིན། །ཆེ་བའི་ཡོན་ཏན་འབྱུང་བ་རིན་ཆེན་འབྱུང་ལྡན་ཡིན། །སེམས་ཀྱི་རང་བཞིན་ཅི་ཡང་སྣང་བ་ལ། །གཟའ་གཏད་དམིགས་པ་མེད་པས་སྣང་བ་མཐའ་ཡས་ཡིན། །བྱང་ཆུབ་སེམས་ནི་ཡེ་ནས་སངས་རྒྱས་ཡིན། །བཙལ་བས་མེད་པར་གྲུབ་པས་དོན་ཡོད་གྲུབ་པ་ཡིན། །སེམས་ཉིད་སྟོང་པའི་རང་བཞིན་པས། །སྟོང་པའི་ངང་ལས་གཞག་པས་ཆོས་རྣམས་བྱུང་། །རང་བྱུང་རང་ཞིར་བཞག་ན་བསྒོམ་པ་ཡིན། །ཅེས་གསུངས་སོ། །འཇམ་དཔལ་བཤེས་གཉེན་གྱིས། རྒྱལ་པོ་དྷ་ཧེ་ཏ་ལོ་ལ་བཤད་པ། བྱང་ཆུབ་སེམས་ནི་འབྱུང་བ་ཆེན་པོ་ལྔ། །སྣང་མེད་ཀུན་ལ་ཁྱབ་པས་ནམ་མཁའ་ཡིན། །སེམས་ལ་སངས་རྒྱས་འགྲུབ་པས་ཡེ་ཤེས་པ། །རྟོགས་པའི་བག་ཆགས་འཁྲུལ་པས་ཡེ་ཤེས་ཆུ། །གཟུང་འཛིན་མཚན་མ་བསྲེགས་པས་ཡེ་ཤེས་མེ། །མ་བསྐྱོད་གནས་སུ་ཕྱིན་པས་ཡེ་ཤེས་རླུང་། །སེམས་ཀྱི་ཡོན་ཏན་འབྱུང་བ་ཆེན་པོ་ལྔ། །དེ་ལྟར་སྣང་ཡང་སེམས་ལ་མཚན་མ་མེད། །མཚན་མ་མེད་པའི་དངོས་གྲུབ་རང་བྱུང་རང་ཞིར་བཞག །ཅེས་གསུངས་སོ། །རྒྱལ་པོ་དྷ་ཧེ་ཏ་ལོས་སེམས་ཀྱི་དོན་བསྟན་པ། །བྱང་ཆུབ་སེམས་ནི་དུས་གསུམ་སངས་རྒྱས་ཏེ། །འདས་པའི་སངས་རྒྱས་རྣམས་ཀྱང་སེམས་ཉིད་ཡིན། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །སེམས་ཉིད་མིན་པ་གཅིག་ཀྱང་མེད། །སླད་ཀྱི་བྱོན་པའི་སངས་རྒྱས་རྣམས། །སེམས་ཀྱི་རང་བཞིན་རྟོགས་པར་སྣང་། །དུས་གསུམ་སངས་རྒྱས་སེམས་སུ་གཅིག །སྔོན་མེད་ཕྱི་མེད་གདོད་ནས་བྱུང་། །དེ་ཡི་ངང་ལ་བཞག་ན་སངས་རྒྱས་ཡིན། །ཅེས་གསུངས་སོ། །སྲས་ཐུ་བོ་རཱ་ཛ་ཧ་སྟིས་སེམས་ཀྱི་དོན་བསྟན་པ། བྱང་ཆུབ་སེམས་ནི་ཆོས་སྐུ་སྟེ། །སེམས་ལ་ཕུང་པོ་མེད་པས་དར་ཞིང་གུད་པ་མེད། །སེམས་ལ་སྐྱེ་འཆི་མེད་པས་བསད་ཅིང་བཅད་དུ་མེད། །ཐམས་ཅད་སེམས་སུ་འདུས་པས་ཆོས་ཀྱི་སྐུ། །དེ་ལྟར་རྟོགས་ན་སངས་རྒྱས་དགོངས་པ་ཡིན། །ཅེས་གསུངས་སོ། །ཀླུ་ཡི་རྒྱལ་པོ་འཇོག་པོས་སེམས་ཀྱི་དོན་བསྟན་པ། བྱང་ཆུབ་སེམས་ནི་མི་ནུབ་རྒྱལ་མཚན་སྟེ། །མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་བྲི་བ་མེད། །དུས་གསུམ་འགྱུར་བ་མེད་པའི་གཡུང་དྲུང་སྟེ། །འཁོར་བའི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཡིན། །དེ་ལྟར་རྟོགས་ན་རྟོགས་པའི་རྒྱལ་པོ་ཡིན། །ཅེས་གསུངས་སོ། །གནོད་སྦྱིན་མ་བྱང་ཆུབ་ཀྱིས་སེམས་ཀྱི་དོན་བསྟན་པ། སེམས་ཉིད་ཡེ་ནས་སངས་རྒྱས་པས། །རང་བྱུང་ཆེན་པོ་བཅོམ་ལྡན་འདས། །སེམས་ལ་འཁོར་བ་མེད་པས་ཡེ་ནས་རྣམ་པར་དག །སེམས་ལ་འཕོ་འགྱུར་མེད་པས་མི་འགྱུར་བྱང་ཆུབ་སེམས། །དེ་ལྟར་བུ་ཡི་དོན་རྟོགས་ནས། །སངས་རྒྱས་དགོངས་པ་ཁོ་ནའོ། །ཅེས་གསུངས་སོ། །སྨད་ཚོང་མ་བདག་ཉིད་མས་སེམས་ཀྱི་དོན་བསྟན་པ། རྒྱུད་ལས་མ་བྱུང་འབྲས་བུ་བྱང་ཆུབ་སེམས། །ལུང་ལས་མ་བྱུང་མན་ངག་བྱང་ཆུབ་སེམས། །སེམས་ལས་མ་བྱུང་སེམས་ཉིད་བྱང་ཆུབ་སེམས། །སྣང་རྒྱུ་མེད་པའི་ནམ་མཁའ་བྱང་ཆུབ་སེམས། །ཁ་དོག་མེད་པས་འདི་ཞེས་དམིགས་སུ་མེད། །ཅེས་གསུངས་སོ། །ཁ་ཆེའི་མཁན་པོ་རབ་སྣང་གིས་སེམས་ཀྱིས་དོན་བསྟན་པ། སེམས་ཉིད་སྟོང་པ་ཆེན་པོའི་ངང་ལས་ནི། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་བྱུང་། །ཅི་ལྟར་བྱུང་ཡང་སེམས་ལ་འབྲི་བ་མེད། །སེམས་ཉིད་མཚན་མ་མེད་པའི་རང་བཞིན་ལས། །མཚན་མའི་ཆོ་འཕྲུལ་སྣ་ཚོགས་ཅི་སྐྱེས་ཀྱང་། །སེམས་ཀྱི་དེ་ཉིད་མཚན་མས་བསྐྱེད་དུ་མེད། །ཅི་ལྟར་སྐྱེས་ཀྱང་རང་བྱུང་རང་ཞིར་བཞག །ཅེས་གསུངས་སོ། །ཨུ་རྒྱན་མཁན་པོ་མ་ཧཱ་རཱ་ཛས་སེམས་ཀྱི་དོན་བསྟན་པ། སེམས་ལས་བསྒོམ་པས་བསྒོམ་པའི་ཡུལ་ལས་འདས། །སེམས་ལ་བལྟས་པས་མཐོང་བ་ཅི་ཡང་མེད། །མཐོང་མེད་མཐོང་བ་དེ་ཉིད་མཐོང་བ་ཡིན། །མཐོང་བའི་དོན་ལས་མ་ཡེངས་བསྒོམ་པ་ཡིན། །ཅེས་གསུངས་སོ། །སྲས་མོ་གོ་མ་དེ་བའི་སེམས་ཀྱི་དོན་བསྟན་པ། །སེམས་ལ་བརྟགས་ན་སྣང་བ་ཅི་ཡང་མེད། །སྣང་བ་མེད་པས་སྣ་ཚོགས་ཅིར་ཡང་སྣང་། །ཅི་ལྟར་སྣང་ཡང་སེམས་ལས་གཡོས་པ་མེད། །མ་གཡོས་མཉམ་པར་བཞག་ན་བསྒོམ་པའི་མཆོག །ཅེས་གསུངས་སོ། །ཨ་ཙརྱ་ཨ་ལོ་ཀིས་སེམས་ཀྱི་དོན་བསྟན་པ། སེམས་ཀྱི་དེས་ནི་ནམ་མཁའ་ཡིན། །སེམས་ཀྱི་ཡུལ་ནི་ཆོས་ཉིད་ཡིན། །སེམས་ཀྱི་ངོ་བོ་ཆོས་སྐུ་ཡིན། །སེམས་ཀྱི་འབྲས་བུ་སངས་རྒྱས་ཡིན། །དེ་ཕྱིར་སེམས་ཀྱི་རང་བཞིན་མ་བཅོས་ན། །མཉམ་པ་ཆེན་པོའི་སངས་རྒྱས་ཡིན། །ཅེས་གསུངས་སོ། །དྲང་སྲོང་བྷ་ཤི་ཏས་སེམས་ཀྱི་དོན་བསྟན་པ། སེམས་ཉིད་སྟོང་པ་ཆེན་པོའི་རང་བཞིན་ལས། །གཟུགས་དང་ཁ་དོག་ཕྱག་རྒྱའི་དཀྱིལ་འཁོར་བྱུང་། །ཅི་ལྟར་བྱུང་ཡང་སེམས་ལས་གཡོས་པ་མེད། །ཅི་ལྟར་སྣང་བ་ཐམས་ཅད་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །དྷརྨཱ་རཱ་ཛས་སེམས་ཀྱི་དོན་བསྟན་པ། སེམས་ལ་དངོས་པོ་མེད་པས་ནམ་མཁའ་སྟོང་པའི་ངང་། །སེམས་ལ་མཚན་མ་མེད་པས་ཆོས་ཉིད་དབྱིངས་ཀྱི་ངང་། །སེམས་ལ་སྐྱེ་འཆི་མེད་པས་སྐྱེ་མེད་ཆེན་པོའི་ངང་། །སེམས་ལ་འདུ་འབྲལ་མེད་པས་ཐིག་ལེ་ཆེན་པོའི་ངང་། །ཞེས་གསུངས་སོ། །སྨད་ཚོང་མ་འབུ་ཏ་པ་མ་ཏིས་སེམས་ཀྱི་དོན་བསྟན་པ། སེམས་ལ་ཡེ་ཤེས་ཤར་བས་ནམ་མཁའི་ཉི་མ་ཤར། །སྟོང་པར་ལྷག་སྟེ་མ་རིག་མུན་པ་སེལ། །སེམས་ཉིད་སངས་རྒྱས་ཡིན་པས་མ་བཙལ་ལྷུན་གྱིས་གྲུབ་སྟེ་རང་བྱུང་བཅོམ་ལྡན་འདས། །འཁོར་འདས་སེམས་སུ་གཅིག་སྟེ་ཁྱད་པར་སོ་སོར་མེད། །ཅེས་གསུངས་སོ། །ན་ག་འཛུ་ནས་སེམས་ཀྱི་དོན་བསྟན་པ། སེམས་ཉིད་ཆོས་སྐུ་ཡིན་པས་འཁོར་བའི་བདུད་རྩི་ཡིན། །རང་གིས་སེམས་ནི་བདུད་རྩིའི་རྒྱལ་པོ་ཡིན། །དེ་ལྟར་རྟོགས་ན་འཁོར་བའི་གཡུལ་ལས་རྒྱལ། །སེམས་ཉིད་རྒྱལ་བ་ཡིན་པར་ཡིད་ཆོས་སོ། །ཅེས་གསུངས་སོ། །དགེ་སློང་མ་ཀུན་དགའ་མོས་སེམས་ཀྱི་དོན་བསྟན་པ། །རང་གི་སེམས་ནི་ནམ་མཁའ་འདྲ། །ནམ་མཁའི་རང་བཞིན་སྟོང་པ་ཡིན། །རང་གི་སེམས་ནི་སངས་རྒྱས་ཡིན། །སངས་རྒྱས་རང་བཞིན་སྐྱེ་འཆི་མེད། །རང་གི་སེམས་ནི་པདྨ་འདྲ། །འཁོར་བའི་སྐྱོན་གྱིས་གོས་པ་མེད། །རང་གི་སེམས་ནི་རིན་པོ་ཆེ། །ཆེ་བའི་ཡོན་ཏན་རང་ལ་བྱུང་། །ཅེས་གསུངས་སོ། །ཁྱིའི་མཁན་པོ་ཕྱི་མས་སེམས་ཀྱི་དོན་བསྟན་པ། སེམས་ལ་སེམས་ཀྱི་མིང་དུ་བཏགས་པའི་མིང་དང་བྲལ། །སེམས་ལ་དཔེ་ཡིས་མཚོན་ཀྱང་དཔེ་མེད་མཚོན་དང་བྲལ། །སེམས་ལ་དམིགས་པ་བཅུག་ཀྱང་དམིགས་པའི་ཡུལ་དང་བྲལ། །སེམས་ལ་རྟོགས་པ་བཅུག་ཀྱང་གཉེན་པོས་བཅོས་སུ་མེད། །ཅེས་གསུངས་སོ། །འཇམ་དཔལ་བཤེས་གཉེན་ཕྱི་མས་སེམས་ཀྱི་དོན་བསྟན་པ། །ནམ་མཁའི་རྒྱ་ནི་དབུས་མེད་དེ། །བྱང་ཆུབ་སེམས་ལ་མཚོན་དུ་མེད། །མཚོན་དུ་མེད་དེ་བྱང་ཆུབ་སེམས། །བརྩོལ་མེད་ངང་ལ་བཞགས་ན་བསྒོམ་པ་ཡིན། །ཅེས་གསུངས་སོ། །རྒྱལ་པོ་དེ་བ་རཱ་ཛས་སེམས་ཀྱིས་དོན་བསྟན་པ། སེམས་ཉིད་འདུ་འབྲལ་མེད་པའི་རྟོགས་པ་ཆེན་པོ་ཡིན། །སེམས་ལས་རིགས་པ་ཤར་བས་རིག་པའི་རྒྱལ་པོ་ཡིན། །སེམས་ལ་འཁོར་བ་མེད་པས་བདུད་རྩིའི་རྒྱལ་པོ་ཡིན། །སེམས་ལ་མཐའ་དབུས་མེད་པ་དཀྱིལ་འཁོར་ཆེན་པོ་ཡིན། །ཅེས་གསུངས་སོ། །བྷུདྡྷ་གུབྟས་སེམས་ཀྱི་དོན་བསྟན་པ། སྣང་བ་མེད་པའི་སེམས་ཉིད་འདི། །སྣང་བའི་དོན་ལ་བརྟེན་པར་བཞུགས། །རྩོལ་བ་སྣ་ཚོགས་སེམས་ཉིད་འདི། །མ་བརྩལ་བཞགས་ན་བསྒོམ་པ་ཡིན། །འགྱུར་མེད་སེམས་ཀྱིས་རྩ་བ་མ་ཆོད་ན། །སངས་རྒྱས་གཞན་ནས་ཚོལ་བ་ཚི་རེ་ཆད། །ཅེས་གསུངས་སོ། །ཤྲི་སིང་ཧས་སེམས་ཀྱི་དོན་བསྟན། མཚན་མའི་རྒྱུ་ལས་འདས་པའི་བྱང་ཆུབ་སེམས། །མངོན་སུམ་མི་གནས་སྣང་སྲིད་ཀུན་ལ་ཁྱབ། །ཐ་སྙད་མེད་པའི་སེམས་ལ་མིང་གིས་འདི་ཞེས་བསྟན་པ་མེད། །རྡོ་རྗེ་སེམས་དཔའ་མཚོན་དུ་མེད། །ཅེས་གསུངས་སོ། །བི་མ་ལ་མི་ཏྲས་སེམས་ཀྱི་དོན་བསྟན་པ། ཆོས་ཉིད་བསམ་དུ་མེད་པས་ནམ་མཁའ་ཆེ། །ནམ་མཁའ་བསམ་པ་ཀུན་དང་བྲལ། །བསམ་དུ་མེད་པའི་སེམས་ཉིད་ལས། །ཆོས་ཉིད་བསྒོམས་པས་རྙེད་པར་མི་འགྱུར་ཏེ། །མ་བསྒོམ་པས་ཀྱང་སྟོར་བྲལ་མེད། །མ་བསམ་སྙམས་པའི་དོན་ཉིད་བསྒོམ་པ་ཡིན། །ཅེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། འདའ་ཀ་མའི་ཞལ་ཆེམས་མཛུབ་ཚུགས་སུ་བསྟན་པའི་སྐབས་ཏེ་བདུན་པའོ།། ༈ །།ཡང་དེའི་སྐབས་སུ་རྒྱལ་པོ་དྷ་ཧེ་ཏ་ལོས་དོ་ཧ་རྡོ་རྗེའི་གླུ། ཙནྡན་ནགས་ཚལ་དུ་ནམ་གྱི་གུང་ལ་བླངས་པའོ། །ཧཱུཾ་འགྱུར་བ་མེད་པའི་ཆོས་ཉིད་འདི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །མི་སྣང་གཟུགས་མེད་བྱང་ཆུབ་སེམས། །ཅིར་ཡང་མི་དཔྱད་རྟོགས་པ་མི་བཟུང་ཞིང་། །སེམས་ཀྱི་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་བསླད་མ་ཡེངས་བཅོས་པ་མེད་པར་བཞག །དེས་ན་བསྒོམ་དུ་མེད་པའི་ཆོས་ཉིད་དབྱིངས་ཆེན་ལས། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལ་བསྒོམ་དུ་རྡུལ་ཡང་མེད་པར་འཁུམས། །ཨེ་མ་རྒྱུད་ནས་རྒྱལ་པོ་བདག་སྐྱེས་ཏེ། །བདག་འདྲ་དྷ་ཧེ་ཏ་ལོ་ང་རྒྱལ་བཅག་པ་དང་། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་ཉིད་འདྲེས་པ་འཕྲོ་བླང་ཞིང་། །སྒྱུ་མའི་ཕུང་པོ་འདི་ལྟར་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་གསུངས་སོ། །སྲས་ཐུ་བོ་ར་ཛ་ཧ་སྟིས། དོ་ཧ་རྡོ་རྗེའི་གླུ་ཙནྡན་གོར་ཤི་ཤའི་ཁ་རུ་ནམ་གྱིས་སྟོད་ལ་གསུངས་སོ། །ཧཱུཾ། རང་བྱུང་ཡེ་ཤེས་མཁའ་མཉམ་ཆེན་པོའི་ངང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཉིད་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅི་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འཕོ་འགྱུར་མེད། །རྣམ་རྟོག་རྒྱུ་རྐྱེན་བྲལ་བའི་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་པ་ཡི་ངང་ལས་བསྒོམ་པ་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟར་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་བབས། །གོ་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །སྲས་མོ་པ་ར་ནིས་མེ་ཏོག་ཀུ་མུད་ཏའི་ཚལ་དུ་ནམ་གྱི་ཆ་ལ་དོ་ཧ་རྡོ་རྗེའི་གླུ་གསུངས་སོ། །ཧཱུཾ། ཀུན་གཞི་ཡེ་ནས་བྱང་ཆུབ་སེམས། །རྒྱུ་དང་རྐྱེན་གྱིས་མ་སྐྱེས་འཇིག་འདྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པའི་བཅོམ་ལྡན་འདས། །གཟུང་འཛིན་ཀུན་ལས་འདས་པས་རྡོ་རྗེ་སེམས་པའི་ཐུགས། །ཡེ་ནས་མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལ། །རང་བྱུང་རང་གསལ་རིག་པ་ཡེ་ཤེས་ཀྱིས། །མ་བཅོས་མ་བསླད་ངང་དུ་བཞག་པ་ནི། །རྡོ་རྗེ་སེམས་དཔའི་དགོངས་པ་ཡིན། །བདག་གི་བསྒོམ་པ་འདི་ལས་མེད་པར་མཇལ། །སྒྱུ་མའི་ཕུང་པོ་ད་ལྟར་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །ཀླུ་ཡི་རྒྱལ་པོ་འཇོག་པོས་རྒྱ་མཚོའི་གཏིང་དུ་སྐྱ་རིང་ཤར་ཙ་ན་དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་ཐུགས། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག །མ་བཅོས་རྣམ་པར་དག་པ་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་པ་བསྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ན། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་ན་མེད། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་སྙིལ་ཕྱིར། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛས། རྒྱ་མཚོའི་གླིང་ན་སྐྱ་རིང་གཉིས་པ་ཤར་ཙམ་ན། དོ་ཧ་རྡོ་རྗེའི་འགུར་བཞེངས་པ། ཧཱུཾ། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །ཅི་ལའང་མི་གནས་གང་ལའང་མི་སེམས་པ། །མཆོག་ཏུ་གསང་བའི་བྱང་ཆུབ་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །བསྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་བསྒྲུབ་མི་དགོས། །རེ་ཞིང་དགོས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །ནཱ་ག་འཛུ་ནས་རྒྱ་མཚོ་ཕྱི་གསལ་གྱི་གནས་སུ། སྐྱ་རིང་གསུམ་པ་ཤར་ཙམ་ན། དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མ་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་བཅོས་ཡང་ཡང་གསལ་བ་ལ། །བསྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་འདི་ལ་བརྟེན་ནས་ནི། །དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །ཀུ་ཀུ་རཱ་ཛ་ཕྱི་མས་རྒྱ་མཚོའི་གླིང་ན། དམར་རིང་དང་པོ་ཤར་ཙམ་ན། དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། ཆོས་དབྱིངས་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་དག །འགྲོ་བའི་གཟུང་འཛིན་བསྲེག་པ་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །ཅིས་ཀྱང་བསྐྱོད་དུ་མེད་པས་ས་ལྟར་གནས། །གཟུང་འཛིན་ངོ་བོ་མེད་པས་ཆུ་ལྟར་གནས། །འབྱུང་བ་ལྔ་ནི་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པའི་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །བསྒོམ་པ་འདི་ལས་གུད་ན་མེད་པར་རྟོགས། །ཕུང་པོ་གདོས་བཅས་འདི་ལ་བརྟེན་ནས་ནི། །སེམས་ནི་དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །གནོད་སྦྱིན་མོ་བྱང་ཆུབ་མོས་རྒྱ་མཚོའི་གླིང་ན། དམར་རིང་གཉིས་པ་ཤར་ཙམ་ན། དོ་ཧ་རྡོ་རྗེའི་གླུ་གསུངས་པས། ཧཱུཾ། ཆོས་ཉིད་བྱང་ཆུབ་སེམས་ལ་ལྟ་ཞིང་མཆིས། །ལྟ་བའི་གཟུགས་མེད་ཡོངས་ལ་གསལ་བར་སྣང་། །ཅིས་ཀྱང་བཅོས་སུ་མེད་དེ་བསླད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཅི་ལྟར་བསླད་ཀྱང་དབྱིངས་ལས་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །བྱང་སེམས་མཁའ་ལྟར་དག་པ་སྟེ། །མ་བཅོས་རང་བཞིན་མེད་པ་ལ། །དགོངས་པ་འདི་ལས་མེད་པ་འཁུམས། །བདག་གི་ཕུང་པོ་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་འགྲོ། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །སྨད་ཚོང་མ་བྷུ་ཏ་ས་མ་ཏིས། ཤིང་ནལ་བྱི་པ་ལའི་རྩར། དམར་རིང་གསུམ་པ་ཤར་ཙམ་ན། དོ་ཧ་རྡོ་རྗེ་མགུར་བཞེངས་པ། ཧཱུཾ། ཨེ་མ་ཧོཿ ཆོས་ཉིད་བྱང་ཆུབ་སེམས་ལ་བརྟགས་ཤིང་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོག་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསྒོམ་ངང་གི་གསལ་བ་ལས། །སངས་རྒྱས་དགོངས་པ་གུད་ན་མེད་པར་འཁུམས། །ཕུང་པོ་འདི་ལས་བརྟེན་ནས་ནི། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ཧོཿ ཅེས་གསུངས་སོ། །འཇམ་དཔལ་བཤེས་གཉེན་ཕྱི་མས། ཤིང་ནྱ་གྲོ་ཏའི་རྩར། སྲོད་ཀྱི་ཐུན་ལ་བཞེངས་ནས། དོ་ཧ་རྡོ་རྗེའི་མགུར་བཞེངས་པ། ཧཱུཾ། ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །རང་རིག་དག་པའི་ཀློང་ནས་ནི། །ཡེ་ཤེས་ཉི་མ་རང་ལ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་བས་མ་བཅོས་གསལ་བ་ལ། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་མཐའ་མེད། །ཆོས་ཉིད་ཀུན་གཞི་ཡངས་པ་ལས། །རིག་པ་ཆོས་སྐུའི་ཉི་མ་ཤར། །དེ་ཉིད་བཅོས་སུ་མེད་པའི་རྟོགས་པ་ན། །སངས་རྒྱས་དགོངས་པ་ཡིན་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པ་ཡེ་ཤེས་བལྟ། །གྷི་ཏི་མ་པདྨ་ཀ་ལ་ཤ་ཨ་ཧོཿ ཅེས་གསུངས་སོ། །ཨ་ཙརྱ་ཨ་ལོ་ཀེ། དཔག་བསམ་ཤིང་གི་གྲིབ་མ་ལ། ནམ་ཐོ་རས་ཁ་ལ་མཉམ་བཞག་ལས་བཞེངས་ནས། དོ་ཧ་རྡོ་རྗེའི་གླུ་འདི་གསུངས་པ། ཧཱུཾ། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་གནས། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལས། །རྣམ་པར་རྟོགས་པའི་ཡེ་ཤེས་གསལ་བར་ཤར། །སྐྱེ་འགགས་དབྱེར་མེད་རང་བཞིན་མེད་པ་ལ། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཀྱི་བདུད་རྩི་ཟ། །གོན་ན་ཆོས་ཉིད་ཆོས་སུ་གོན། །ཨེ་ལ་ཀ་ཤ་ཡ་ཧོཿ ཅེས་པ་འདི་ནི་གསུངས་སོ། །ཨུ་རྒྱན་གྱི་མཁན་པོ་དྷ་ཧེས། རིན་པོ་ཆེའི་གླིང་ལ་ནམ་གུང་ཡོལ་ནས་དོ་ཧ་རྡོ་རྗེའི་མགུར་གསུངས་པ། ཧཱུཾ། སེམས་ཉིད་སངས་རྒྱས་ཡིན་པ་ལ། །སེམས་ལས་སངས་རྒྱས་ལོག་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་པས། །རིག་པ་མི་འགྱུར་རང་བཞིན་མེད་པ་སྟེ། །ཟབ་མོ་ཆོས་དབྱིངས་དོན་དམ་མི་བརྗོད་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལ། །རིག་པ་མི་འགྱུར་གདོན་ནས་གསལ་བར་ཤར། །ཀུན་གཞི་གཏན་ནས་གསལ་བར་སྦྱར་བའི་ཉི་ཆེན་པོ། །མཁའ་ལྟར་དག་པ་ཡངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྦྱོང་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བར་ཤར། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་འཁུམས། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་རིག་པའི་ཁྱུང་ཆེན་ལྡིང་། །ཀ་མ་ཀོ་ལ་ཤ་ཡ་ཧོཿ ཅེས་གསུངས་སོ། །དྲང་སྲོང་བྷ་ཤི་ཏས་ནྱ་གྲོ་ཏའི་དགོན་པར་ནམ་སྲོད་ཡོལ་བའི་དུས་སུ་དོ་ཧ་རྡོ་རྗེའི་མགུར་གསུངས་པ། ཧཱུཾ། མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བ། །གདོད་ནས་དག་པའི་མཁའ་ནི་མི་བསྐྱོད་སྟེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །རྣམ་རྟོག་མཚན་མས་ཅི་བསླད་ཀྱང་། །རྣམ་རྟོག་སེམས་ཀྱི་དབྱིངས་ལས་འཕོ་འགྱུར་མེད། །ཆོས་དབྱིངས་དག་པ་ཆེན་པོའི་དཀྱིལ་འཁོར་ལས། །རིག་པ་ཡེ་ཤེས་དུར་བཏབ་པས། །གསལ་བའི་དཀྱིལ་འཁོར་གསལ་བར་ཤར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་ཉིད་ཀྱི་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་རྟོག་རྡུལ་ཕྲན་མེད་པར་ཕྱགས། །ཨ་ཀོ་ལ་ཤ་ཨ་ཧོཿ ཅེས་གསུངས་སོ། །སྲས་མོ་གོ་མ་དེ་བའི་རཱ་ཛས་བསྒོམ་གནས་སུ་ནམ་གུང་ཡོལ་ནས་དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། སངས་རྒྱས་དགོངས་པ་ཡི་གེ་རང་བཞིན་ཨ། །ཨ་ཡི་རང་བཞིན་ཡེ་ནས་དངོས་མེད་དེ། །བདེ་གཤེགས་དགོངས་པ་ཡི་གེ་ཨ། །བདེན་གཉིས་ལ་སོགས་སྣང་སྲིད་ཅི་སྣང་ཡང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་མེད་པའི་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པས་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་རིག་པ་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལ། །བདག་གི་བསྒོམ་པ་འདི་ལས་མེད་པར་འཁུམས། །ཆོས་དབྱིངས་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་ལ་པ་ཤ་ཨ་ཧོཿ ཅེས་གསུངས་སོ། །ཁ་ཆེའི་མཁན་པོ་རབ་སྣང་བརྟེན་གྱིས་ཙནྡན་སྡོང་པོའི་རྩར། ནམ་གུང་ཐུན་ལ་དོ་ཧ་རྡོ་རྗེའི་མགུར་གསུངས་པ། ཧཱུཾ། བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བས་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་ཡང་། །བསམ་དུ་རྡུལ་ཙམ་མེད་པ་ལ། །སྟོར་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་གསོ། །ཀ་པ་ལ་ཀོ་ལ་ཨ་ཧོཿ ཅེས་གསུངས་སོ། །ལྷའི་རྒྱལ་པོ་དྷ་བ་རཱ་ཛས་གྲོང་ཁྱེར་དཔལ་ཡོན་དུ། སྲོད་ཐུན་ལ་དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། སྣང་སྲིད་ཆོས་རྣམས་མངོན་དུ་རྟོགས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་བསྒོམ་བྱ་སྟེ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །ཀུན་བཟང་གུད་ན་མེད་དེ་མ་ལུས་སྙིང་པོའི་རྒྱུ། །སྣང་བ་མཐའ་དག་སྐྱེ་མེད་བདུད་རྩི་སྐུ་གསུང་ཐུགས། །སྐྱེ་མེད་ངང་ལས་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་གུད་ན་མེད། །ལུས་ནི་སྒྱུ་མའི་ཕུང་པོ་མི་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་ཤར། །ཙན་ཏྲ་དྷེ་བ་ཀོ་ལ་པ་ཤ་ཨ་ཧོཿ ཅེས་གསུངས་སོ། །དྷརྨཱ་རཱ་ཛས་མེ་ཏོག་ཀུ་མུཏ་ཏའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དོ་ཧ་རྡོ་རྗེའི་གླུ་གསུངས་པ། སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལ། །གང་ལྟར་བཏགས་ཤིང་ཅི་ལྟར་སྣང་བ་ཀུན། །འབྱུང་འཇུག་རྒྱུ་བ་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་། །དེ་ལྟར་གཉིས་སུ་མེད་པའི་རིག་པ་དེ། །བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་པོ་ཡིན། །བསྒོམ་ཞིང་བཟླས་པ་འདི་ན་མེད། །ཨེ་མ་ཧོཿ མ་རྟོགས་སྙིང་རེ་རྗེ། རང་སེམས་རྩོལ་མེད་སངས་རྒྱས་ཡིན་པ་ལ། །ས་ལམ་བསྒྲོད་ནས་རྒྱུ་འབྲས་ལྟོས་པའི་བློ། །རྨི་ལམ་ཟས་ནོར་རྗེས་སུ་ཚོལ་བ་འདྲ། །ཨེ་མ་བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །རྡོ་ཧ་ཀོ་ལ་པ་ཤ་ཨ་ཧོཿ ཅེས་གསུངས་སོ། །བྷུདྡྷ་གུསྟས་བདེ་བ་ཆེན་པོའི་གནས་སུ། དོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། ཆོས་རྣམས་མ་བཅོས་བྱང་ཆུབ་སེམས། །ཡེ་ནས་ཀུན་ཏུ་བཟང་པོ་ལ། །བཅོས་པས་གསལ་བར་གྱུར་པའི་བྱང་ཆུབ་སེམས་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མི་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞི་ནས། །གཉེན་པོས་བསྒོམ་དུ་མེད་པར་འཁུམས། །ལྟ་ན་སེམས་ཀྱི་མེ་ལོང་ལྟོས། །པྲད་ཛྙ་ཀོ་ལ་པ་ཨ་ཧོཿ ཅེས་གསུངས་སོ། །ཤྲི་སིང་ཧས་བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་རྡོ་རྗེའི་གླུ་གསུངས་པ། ཧཱུཾ། ཅི་ལྟར་བསམ་ཡང་བསྒོམ་དུ་མེད། །ཅི་ལྟར་སྤྱད་ཀྱང་སྤྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །རྒྱུ་རྐྱེན་མེད་པར་འོད་གསལ་བ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་བ་མེད་པར་མཉམ་པར་བཞག །དགོངས་པ་འདི་ལས་མེད་པར་འཁུམས། །དེ་ལྟར་རྟོགས་པའི་རྣལ་འབྱོར་དབང་ཕྱུག་གིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ཤ་པ་ལ་ཨ་ཧོཿ ཅེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། དོ་ཧ་རྡོ་རྗེའི་དགོངས་པས་མགུར་དུ་བཞེངས་པའི་སྐབས་ཏེ་བརྒྱད་པའོ།། ༈ །།ཡང་དེའི་དུས་དེའི་ཚེ་ན། རྒྱ་གར་གྱི་མཁས་པ་རྣམས་ཀྱི་མན་ངག་གི་དོན་ཐུགས་སུ་ལོན་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཏུ་ཆ་བ་ལ། བྲམ་ཟེ་རྒྱལ་བྱེད་བྱ་བ་ཞིག་གི་མཁས་པ་རྣམས་ལ་ལི་ཀ་རའི་ཞལ་སྐྱེམས་རེ་དྲངས་ནས། རང་བྱུང་ཡེ་ཤེས་ཆེན་པོའི་དགོངས་པ་ཚིག་རེ་རེ་ཞིག་ཐུགས་ཀྱི་དཀྱིལ་ནས་ཕྱུངས་ལ་མ་རིག་མུན་ནག་བསལ་བར་ཞུ་འཚལ། ཅེས་སྨྲས་པས། རྒྱལ་པོ་དྷ་ཧེ་ཏ་ལོས་དགོངས་པའི་དོན་བསྟན་པ། སེམས་ཉིད་མ་བཅོས་པའི་ཡེ་ཤེས་ཆེན་པོར་ཡིན་པར་རིག་པས་ཐག་ཆོད་ནས། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །སྲས་ཐུ་བོ་རཱ་ཛ་ཧ་སྟིས་དགོངས་པའི་དོན་བསྟན་པ། འཁོར་བའི་ཆོས་ཐམས་ཅད་རང་གི་བྱང་ཆུབ་ཀྱི་སེམས་མ་བཅོས་པའི་དབྱིངས་དེ་ཉིད་རང་སྣང་སྟེ། དེ་ལྟར་སྣང་སྲིད་སངས་རྒྱས་པས་འབད་རྩོལ་མེད་པར་ཐག་ཆོད་དེ། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །སྲས་མོ་པ་ར་ནིས་དགོངས་པའི་དོན་བསྟན་པ། རང་གི་ཀུན་གཞི་བྱང་ཆུབ་སེམས་ཡེ་ཐོག་མ་ནས་བྱེད་པ་མེད་པའི་ངང་ལ་སྐུ་དང་ཡེ་ཤེས་རང་བཞིན་དུ་གནས་པ་ལ་བློའི་རིག་པ་གཟུང་འཛིན་དུ་མ་ཞེན་པ་ནི་ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །ཀླུའི་རྒྱལ་པོ་འཇོག་པོས་དགོངས་པའི་དོན་བསྟན་པ། ཁམས་གསུམ་གྱི་སེམས་ཅན་གྱི་སེམས་དོན་གྱི་རྣལ་མ་དེ་བྱ་བ་མེད་པའི་ངང་དུ་ཐག་ཆོད་ན། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །གནོད་སྦྱིན་མོ་བྱང་ཆུབ་མོས་དགོངས་པའི་དོན་བསྟན་པ། ཀུན་གཞི་མ་བཅོས་པའི་ཀློང་། སྙིང་པོ་ལྷུན་གྱིས་རྫོགས་ཏེ་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་སྐྱེ་འགགས་མེད་པའི་དབྱིངས་ལ་བསླད་པ་མེད་པར་གནས་ན། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །སྨད་ཚོང་མ་པ་ར་ནིས་དགོངས་པའི་དོན་བསྟན་པ། ཀུན་གཞི་བྱང་ཆུབ་སེམས་མ་བཅོས་པའི་ཀློང་། དག་པའི་ཐིག་ལེ། ཡིད་རང་བྱུང་གི་ཡེ་ཤེས་ཆེན་པོ་མི་འགྱུར་བར་གནས་པ་ནི། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །ཁ་ཆེའི་མཁན་པོ་རབ་སྣང་གིས་དགོངས་པའི་དོན་བསྟན་པ། ཁམས་གསུམ་གྱི་སེམས་ཅན་ཡེ་གདོད་མ་ནས་དག་པའི་དབྱིངས་ཀུན་ཏུ་བཟང་པོའི་བདེ་བར་ཆེན་པོའི་ངང་ཉིད་ཡེ་ཤེས་ཆེན་པོའི་རང་བཞིན་ལས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་ན། ཁམས་གསུམ་སངས་རྒྱས་པའི་དགོངས་པའོ། །རྒྱལ་པོ་བྷུདྡྷ་ས་མས་དགོངས་པའི་དོན་བསྟན་པ། སེམས་ཅན་གྱི་སེམས་ལ་མ་ལུས་པའི་བྱང་ཆུབ་ཆེན་པོ་ཐོག་མཐའ་མེད་པའི་སྐུ། མ་ལུས་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོར་གསལ་བས་ཁམས་གསུམ་མྱ་ངན་ལས་འདས་པ་རྟོགས་པས། དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའོ། །ཁྱིའི་མཁན་པོ་ཀུ་ཀུ་རཱ་ཛས་དགོངས་པའི་དོན་བསྟན་པ། སྣང་སྲིད་ཀྱི་ཆོས་ཐམས་ཅད་མ་བཅོས་པའི་ངང་དུ་རྟོགས་ནས་ངང་དེ་ལ་གནས་པ་ནི། བསྒོམ་པའི་དོན་མཐར་ཐུག་པའོ། །ཨུ་རྒྱན་གྱི་མཁན་པོ་མ་ཧཱ་རཱ་ཛས་དགོངས་པའི་དོན་བསྟན་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་འདུ་འབྲལ་མེད་པའི་སྐུ་སྤངས་ལེན་མེད་པའི་ངང་དུ་རྟོགས་པའི་དོན་མི་འགྱུར་བར་གནས་པ། བསྒོམ་པའི་མཐར་ཐུག་པའོ། །ཨ་ཙརྱ་ཨ་ལོ་ཀེས་དགོངས་པའི་དོན་བསྟན་པ། ཀུན་གཞི་མ་བཅོས་པའི་དབྱིངས་སུ་སྣང་སྲིད་སངས་རྒྱས་པས་འཁོར་བ་ཉིད་ཀུན་ཏུ་བཟང་པོར་རྟོགས་པས། བློ་རིག་པ་གཟུང་འཛིན་དུ་མ་ཞེན་པ། བསྒོམ་པའི་དོན་མཐར་ཐུག་པའོ། །ཁྱིའི་མཁན་པོ་དྷ་ཧུ་ནས་དགོངས་པའི་དོན་བསྟན་པ། སེམས་ཅན་གྱི་བློ་རྩོལ་བ་དང་བྲལ་ནས་དུས་གསུམ་འདུས་མ་བྱས་པའི་ཆོས་ཉིད་ལ་བློ་རིག་པ། དེ་བཞིན་དུ་གནས་པ་བསྒོམ་པའི་མཐར་ཐུག་པའོ། །དྲང་སྲོང་བྷ་ཤི་ཏས་དགོངས་པའི་དོན་བསྟན་པ། རང་གི་བྱང་ཆུབ་ཀྱི་སེམས་ཡེ་ཇི་བཞིན་པ་ཉིད་དུ་ཡུམ་གྱི་མཁའ་ཀློང་དག་པ་ནས། སྲས་དུས་གསུམ་གྱི་སངས་རྒྱས་རིག་པ་ཕྱོགས་རིས་མེད་པར་ཤར་ཏེ། གང་ལའང་བཀག་པ་མེད་པའི་ཡེ་ཤེས་ངང་གི་ཤར་བར་གནས་པའི་བསྒོམ་པའི་དོན་མཐར་ཐུག་པའོ། །སྨད་ཚོང་མ་བདག་ཉིད་ལས་དགོངས་པའི་དོན་བསྟན་པ། རང་གི་ཀུན་གཞི་ཇི་བཞིན་པའི་ཀློང་ཀུན་ཏུ་བཟང་པོའི་རོལ་པར་སྣང་སྲིད་རྒྱས་བཏབ། ཁམས་གསུམ་སངས་རྒྱས་ཏེ་དེ་ལ་ཅིའི་ངོ་བོ་ཡང་མི་དམིགས་པར་གནས་པ་ནི་བསྒོམ་པའི་དོན་མཐར་ཐུག་པའོ། །ན་ག་འཛུ་ནས་དགོངས་པའི་དོན་བསྟན་པ། ཀུན་གཞི་འདུས་མ་བྱས་པའི་སྙིང་པོ་མ་བཅོས་པའི་དབྱིངས་སུ་ཡེ་ནས་དག་པ་དེ་ལ་རིག་པ་དེ་བཞིན་གནས་པ་དེ་ལ་བསྒོམ་པའི་མཐར་ཐུག་པའོ། །འཇམ་དཔལ་བཟང་གིས་དགོངས་པའི་དོན་བསྟན་པ། བྱང་སེམས་མཚོན་དུ་མེད་པའི་ངང་ལ་ཡེ་ནས་གནས་པ། ཐུགས་རྗེ་ཆེན་པོའི་ཀློང་དུ་ཡེ་ནས་སངས་རྒྱས་ཏེ། ཁམས་གསུམ་མྱ་ངན་ལས་འདས་ནས་བསྒོམ་པའི་མཐར་ཐུག་པའོ། །ཤྲི་སིང་ཧས་དགོངས་པའི་དོན་བསྟན་པ། ཉོན་མོངས་པ་ཡང་ཀུན་གཞི། བྱང་ཆུབ་ཀྱང་ཀུན་གཞི། འཁོར་བ་ཡང་ཀུན་གཞི། ཆོས་ཉིད་དང་སངས་རྒྱས་ཀྱང་ཀུན་གཞི། འཁོར་འདས་ཐམས་ཅད་ཀུན་གཞིའི་ངོ་བོར་ལྷུན་གྱིས་རྫོགས་ཏེ། རེ་དོགས་མེད་པར་གནས་པ་བསྒོམ་པའི་མཐར་ཐུག་པའོ། །ཀུན་དགའ་མོས་དགོངས་པའི་དོན་བསྟན་པ། སྣང་སྲིད་སངས་རྒྱས་པའི་ངང་ལ་མ་ཡེངས་པར་བསྒོམ་པའི་མཐར་ཐུག་པའོ། །ཞེས་བསྟན་པས། བྲམ་ཟེ་རབ་ཏུ་དགའ་སྟེ་ལུས་ཕུལ་ནས་ཞུས་པ། དགོངས་པའི་དོན་བརྒྱད་ཅུ་རྩ་གསུམ་གནང་། བཀའི་ཞལ་ཆེམས་ཀུན་གྱི་ས་གནང་སྟེ། མན་ངག་གི་བཅུད་བཏིག་ནས་གནང་ངོ་། །བྲམ་ཟེ་རྟོགས་པ་ཕུལ་བ། ཨེ་མ་ཧོཿ མཁས་པའི་མན་ངག་བཅུད་བཏིག་པས། །བྲམ་ཟེའི་མུན་ནག་གཏན་ནས་བསལ། །རྟོགས་པའི་ཀློང་དུ་སུ་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །མི་རྟོག་ཉིད་དུ་རྟོག་པའང་མེད། །མི་གནས་པ་རུ་གནས་པའང་མེང་། །དེ་ཕྱིར་བསམ་གཏན་ཉིད་ལས་བསམ་དུ་མེད། །བསྒོམ་པ་ཉིད་ལ་བསྒོམ་དུ་མེད། །མི་རྟོག་ཉིད་དུ་རྟོག་པའང་མེད། །མི་གནས་ཚུལ་དུ་གནས་པའང་མེད། །བསམ་མེད་ཚུལ་དུ་བསམ་ན་གཡེངས་པའང་མེད། །བསྒོམ་མེད་ཚུལ་དུ་བསྒོམ་ན་དམིགས་པའོ། །དམིགས་མེད་ཚུལ་དུ་དམིགས་ན་གཟའ་གཏད་དོ། །དེ་ཕྱིར་ཆེད་དུ་བྱ་བ་ཅི་ཡང་མེད། །དེ་ལྟར་འཇུག་མེད་ཏིང་འཛིན་ལ། །དེ་ལྟར་འདུ་འབྲལ་མེད་པས་ཏིང་འཛིན་གཅིག །ཡེ་ནས་གནས་སོ་ཅི་ལ་བསམ། །ཨེ་མ་ཧོཿ ཆོས་སྐུ་ཉིད་ལ་རྟེན་མི་བཅའ། །ཆོས་སྐུ་བྱ་བ་བསྒོམ་དུ་མེད། །བསྒོམ་མེད་ཉིད་དུ་བསྒོམ་བའང་མེད། །དེ་ཕྱིར་ཐམས་ཅད་རང་རིག་པས། །སྤངས་ཐོབ་འདུ་འབྲལ་བདག་གཞན་མི་དམིགས་ཕྱིར། །མཐོང་བས་རྐྱེན་རྣམས་བཟོད་པའོ། །གང་དག་དེར་རིག་ཁམས་གསུམ་ལམ། །མཐའ་ལས་རྩོད་འཁྲུགས་ཡེ་ནས་མེད། །དེ་བས་བྱ་བྲལ་ཉིད་དུ་ཞོག །ཅེས་པའི་རྟོགས་པའི་དོན་མགུར་དུ་བཞེངས་པའོ། །བྲམ་ཟེ་རྒྱལ་བྱེད་ནམ་མཁའི་མཐའ་བཞིན་སངས་རྒྱས་སོ། །འདྲ་འབགས་ཆེན་མོ་ལས། བྲམ་ཟེ་རྒྱལ་བྱེད་མན་ངག་གི་དོན་ཁོངས་སུ་ཆུད་དེ་སངས་རྒྱས་པའི་སྐབས་ཏེ་དགུ་པའོ།། ༈ །།ཡང་དེའི་དུས་དེའི་ཚེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་བསྟན་པ། འཇམ་དཔལ་བཤེས་གཉེན་གྱིས་རྡོ་རྗེ་སེམས་དཔའ་ཞེས་བཤད་པ་འདི་སྐད་དོ། །རྡོ་རྗེ་ཞེས་པ་དུས་གསུམ་འདུས་མ་བྱས་པའི་སྙིང་པོ་ལ་རྡོ་རྗེ་ཞེས་བྱའོ། །དེ་ཡང་རཱ་ཛ་དྷ་ཧེ་ན་ཏ་ལོའི་བཞེད་ཀྱིས་རྡོ་རྗེའི་བཤད་པ་འདི་ལྟ་སྟེ། རྡོ་རྗེ་ཞེས་པ་རང་བྱུང་ཡང་དག་པའི་དབྱིངས་སུ་འཁོར་བ་ཉིད་ཡེ་ནས་བཅོམ་ཏེ། སྐུ་གསུང་ཐུགས་འགྱུར་བ་མེད་པའི་དབྱིངས། ལྷུན་གྱིས་རྫོགས་པས་འཁོར་བའི་མིང་ཡང་མེད་དེ། ཁམས་གསུམ་སངས་རྒྱས་པས་དུས་གསུམ་སྐྱེ་འཇིག་མེད་དོ། །སྐྱེ་འགག་གི་མཐའ་ལས་འདས་པས་ཆོས་ཉིད་འཕོ་འགྱུར་དང་བྲལ་བས་གཏིང་ཁུང་རིང་། ཀློང་ཡོངས་རྒྱ་ཆེ་བ་དུས་གསུམ་འགྱུར་བ་མེད་པས་རྡོ་རྗེ་ཞེས་བྱའོ། །དེ་ཡང་མན་ངག་གི་དོན་མདོར་བསྡུས་ནས་དགོངས་པའི་དོན་ལ་སྤྱོད་པ། དུས་གསུམ་འགྱུར་བ་མེད་པའི་ཀུན་གཞི་བྱང་ཆུབ་སེམས། །སྨྲ་བསམ་ཚིག་ལས་འདས་པས་ཡེ་ནས་སྤྱད་དུ་མེད། །འཁོར་བའི་མིང་ཡང་མེད་པས་རྒྱུ་དྲུག་གནས་སུ་དག །སྟོང་པའི་ངོ་བོས་ཅིས་ཀྱང་བཤིག་ཏུ་མེད་པས་རྡོ་རྗེ་སྟེ། །མ་བཅོས་རང་བཞིན་བཞག་པ་བསྒོམ་པའོ། །སྲས་ཐུ་བོ་རཱ་ཛ་ཧ་སྟིས་རྡོ་རྗེ་བཤད་པས། ཀུན་གཞི་བྱང་ཆུབ་ཀྱི་སེམས་རང་བྱུང་གི་དབྱིངས་དེ་མཚོན་དུ་མེད། མཚོན་པ་ལས་འདས་པ་དབྱིངས་མི་འགྱུར་ལྷུན་གྱིས་རྫོགས་ཏེ། རྡོ་རྗེ་ཞེས་བྱའོ། །དེ་ཡང་མན་ངག་གི་དོན་མདོར་བསྡུས་ནས་དགོངས་པའི་དོན་བསྟན་པ། ཀུན་གཞི་མ་བཅོས་ཆོས་ཉིད་བྱང་ཆུབ་སེམས། །རྒྱུ་རྐྱེན་གཉིས་དང་བྲལ་བས་གདོད་ནས་དག །འགྱུར་བ་མེད་པས་བདེ་ཆེན་ལྷུན་གྱིས་རྫོགས། །ཅིས་ཀྱང་བཤིག་ཏུ་མེད་པའི་རྡོ་རྗེའི་སེམས། །རང་བྱུང་ཚིགས་ལས་འདས་པས་སེམས་དཔའོ། །སྲས་མོ་པ་ར་ནིས་རྡོ་རྗེ་བཤད་པ། འགྱུར་བ་མེད་པའི་སྐུ། འགགས་པ་མེད་པའི་གསུང་། བཅོས་པ་མེད་པའི་ཐུགས། རང་བྱུང་གི་དབྱིངས། གདོད་ནས་དག་པའི་སྙིང་པོ། བྱང་ཆུབ་ཀྱི་སེམས་དགོངས་པའི་ངེས་པར་བ སྟན་པ་ལ་རྡོ་རྗེ་ཞེས་བྱའོ། །དེ་ཡང་མན་ངག་གི་དོན་མདོར་བསྡུས་ནས་དགོངས་པའི་དོན་ལ་བཤད་པ། གདགས་སུ་མེད་པའི་ཀུན་གཞི་བྱང་ཆུབ་སེམས། །དམིགས་དང་བྲལ་བས་ཡང་དག་ངེས་པའི་ལུང་། །གདོད་ནས་ལྷུན་གྲུབ་བྱང་ཆུབ་སྙིང་པོ་ལ། །ཅིས་ཀྱང་བཤིག་ཏུ་མེད་པས་རྡོ་རྗེའོ། །དེ་ཉིད་མ་བཅོས་དམིགས་སུ་མེད་པ་ནི། །དུས་གསུམ་སངས་རྒྱས་དགོངས་པའོ། །ཀླུ་ཡི་རྒྱལ་པོ་འཇོག་པོས་རྡོ་རྗེ་བཤད་པ། རང་བྱུང་གི་དབྱིངས་འགྱུར་བ་མེད་པའི་སྐུ། མ་བསླད་པའི་ངང་། མ་བརྩལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཀུན་གཞི་བྱང་ཆུབ་ཀྱི་སེམས། དུས་གསུམ་གྱི་དབྱིངས། ཁམས་གསུམ་གྱི་སྙིང་པོ། མ་བརྩལ་བར་ལྷུན་གྱིས་རྫོགས་པ་ལ་རྡོ་རྗེ་ཞེས་བྱའོ། །དེ་ཉིད་མི་འགྱུར་བར་གནས་པས་སེམས་པའོ། །དེ་ཡང་མན་ངག་གི་དོན་མདོར་བསྡུས་ནས་དགོངས་པའི་དོན་ལ་བཅད་པ། གདགས་སུ་མེད་པའི་བྱང་ཆུབ་སེམས། །ཐོགས་མ་མེད་ནས་ཡེ་ནས་ལྷུན་གྱིས་གྲུབ། །དམིགས་སུ་མེད་པས་ཡ་མཚན་ཚིག་ལས་འདས། །དུས་གསུམ་འགྱུར་བ་མེད་པས་རྡོ་རྗེ་སྟེ། །ཅི་ཡང་དམིགས་སུ་མེད་པས་བསྒོམ་པའོ། །གནོད་སྦྱིན་མོ་བྱང་ཆུབ་ཀྱིས་རྡོ་རྗེ་བཤད་པ། ཀུན་གཞི་བྱང་ཆུབ་ཀྱི་སེམས་འདི། གདོད་ནས་བྱང་ཆུབ་ལྷུན་གྱིས་གྲུབ། དམིགས་སུ་མེད། ཚིག་ལས་འདས། སྤྱད་དུ་མེད། དུས་གསུམ་གྱི་སྙིང་པོ་ཞེས་བྱའོ། །ཡང་དག་བྱང་ཆུབ་རྒྱུ་རྐྱེན་མེད་པའི་ཆོས། །རྒྱུ་རྐྱེན་བྲལ་ནས་སྐྱེ་འཇིག་གནས་སུ་དག །ཡེ་སངས་རྒྱས་པས་ཆོས་ཉིད་ཀློང་དུ་གྱུར། །དམིགས་མེད་གདོད་ནས་དག་པས་སེམས་དཔའོ། །ཁ་ཆེའི་མཁན་པོ་རབ་སྣང་གིས་རྡོ་རྗེ་བཤད་པ། རྡོ་རྗེ་ནི་ཀུན་གཞི་བྱང་ཆུབ་སེམས། རང་བྱུང་གི་དབྱིངས་འགྱུར་བ་མེད་པའི་སྐུ། མ་བཅོས་པའི་སྙིང་པོ། དེ་བརྟན་གཡོ་རྣམ་པ་གཉིས་ནི། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་གནས་སུ་དག་པས། བདེ་ཆེན་ལྷུན་གྱིས་རྫོགས་ཏེ། འཁོར་བའི་མིང་ཡང་མེད། རྒྱུ་དྲུག་ཕྱགས་མོས་བཏབ། ཁམས་གསུམ་སངས་རྒྱས། སྣོད་བཅུད་བྱང་ཆུབ་སེམས་དཔའ་དེ་ཅིར་ཡང་འགྱུར་བ་མེད་པས་རྡོ་རྗེའོ། །དེ་ཉིད་མ་བཅོས་པར་ལྷུན་གྱིས་རྫོགས་པས་སེམས་དཔའོ། །དེ་ཡང་ཀུན་གཞི་མ་བཅོས་རང་བྱུང་དབྱིངས། །ཕྱི་ནང་སྣོད་བཅུད་མ་ལུས་སྐུ་གསུང་ཐུགས། །རང་བྱུང་རྣམ་དག་འཁོར་བའི་མིང་ཡང་མེད། །གདོད་ནས་མ་བཅོས་སྙིང་པོ་བྱང་ཆུབ་འདི། །དགོངས་པ་ལྷུན་གྱིས་རྫོགས་པས་རྡོ་རྗེ་སྟེ། །ཡང་དག་དོན་ལས་མི་འགྱུར་སེམས་པའོ། །ཁྱིའི་མཁན་པོ་ཀུ་ཀུ་རཱ་ཛས་རྡོ་རྗེ་བཤད་པ། རྡོ་རྗེ་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་སྲིད་པ་སྐྱེ་བའི་རྒྱུད་བཞག་ཀྱང་ཆོས་ཉིད་བག་ལ་ཞི་སྟེ། མུ་མཐའ་མེད་པར་ཁྱབ་བརྡལ་བས། ཆོས་ཉིད་དེ་དུས་གསུམ་དུ་འགྱུར་བ་མེད་པས་ཀྱང་རྡོ་རྗེའོ། །ནང་བཅུད་ཀྱི་ཀུན་གཞི་བློ་སྤངས་ཏེ། ཡེ་ནས་གནས་སུ་དག་ནས་རྒྱུ་རྐྱེན་གྱི་མཐའ་ལས་འདས་པས་ཡང་རྡོ་རྗེ་ཞེས་བྱའོ། །དེས་ན་མ་བཅོས་པའི་རྡོ་རྗེ་ཆོས་ཉིད་དེ། རང་བཞིན་དུ་གནས་པས་སེམས་དཔའོ། །དེ་ཡང་མ་བཅོས་གདོད་ནས་བྱང་བས་བྱང་ཆུབ་ལ། །རྣམ་རྟོག་ལྷུན་གྱིས་རྫོགས་པས་སེམས་དཔའོ། །རྒྱུ་རྐྱེན་ཚིག་ལས་འདས་པས་ཆོས་ཉིད་ལ། །ཅིས་ཀྱང་བཤིག་ཏུ་མེད་པས་རྡོ་རྗེ་སྟེ། །མ་བཅོས་གནས་སུ་དག་པས་སེམས་དཔའོ། །དེ་ཉིད་རང་བཞིན་བཞག་པས་བསྒོམ་པའོ། །སྨད་ཚོང་མ་བྷུདྡྷ་མ་ཏིས་རྡོ་རྗེ་བཤད་པ། རྡོ་རྗེ་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པས་རྡོ་རྗེ་སྟེ། རྣམ་པར་རྟོག་པའི་ཚོགས་ལས་འདས་ཏེ། མི་རྟོག་པའི་ངོ་བོ་དོན་གྱི་མ་བཅོས་པས་རྡོ་རྗེ་ཞེས་བྱ་སྟེ། དེས་སྣོད་བཅུད་གང་ལ་ཡང་མ་ཁྱབ་པ་མེད་དེ། ཁྱབ་བརྡལ་བར་གནས་པ་ལ་སེམས་དཔའ་ཞེས་བྱའོ། །དེ་ཡང་ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །ཡང་དག་དོན་ལ་འགྱུར་མེད་རྡོ་རྗེ་ལ། །རྣམ་པར་མི་རྟོག་ངོ་བོ་ལྷུན་རྫོགས་པས། །ཀུན་གཞི་མ་བཅོས་དོན་གྱི་རྡོ་རྗེ་སྟེ། །འཁོར་བ་ཡེ་སངས་རྒྱས་པས་སེམས་དཔའོ། །དེ་ཉིད་ཚིག་བྲལ་བཞག་པས་བསྒོམ་པའོ། །སྨད་ཚོང་མ་པ་རཱ་ནིས་རྡོ་རྗེ་བཤད་པ། ཀུན་གཞི་བྱང་ཆུབ་ཀྱི་སེམས། ཡེ་ནས་སངས་རྒྱས་པའི་རང་བཞིན། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་མཉམ་པ་ཆེན་པོའི་ངང་དུ་ཡེ་ནས་བརྩལ་དུ་མེད་པར་ལྷུན་གྱིས་རྫོགས་པ། བྱང་ཆུབ་སེམས་རང་བཞིན་འགྱུར་བ་མེད་པའི་སྐུ། རང་བཞིན་མེད་པའི་གསུང་། ཀུན་ལ་ཁྱབ་པའི་ཐུགས། མཚན་མར་སྤྱད་དུ་མེད་པ་བྱང་ཆུབ་སེམས་ལ་རྡོ་རྗེ་ཞེས་བྱ། དེ་ཀློང་དུ་གྱུར་པས་སེམས་དཔའ་ཞེས་བྱ། དེ་ཡང་མ་བཅོས་ལྷུན་གྱིས་རྫོགས་པ་གདོད་ནས་དག །དུས་གསུམ་འགྱུར་བ་མེད་པ་དོན་གྱི་མཆོག །ཅིས་ཀྱང་བསླད་པ་མེད་པ་རྡོ་རྗེ་སྟེ། །ཡང་དག་ཀློང་དུ་གྱུར་པ་སེམས་དཔའོ། །ཅི་ཡང་དམིགས་སུ་མེད་པས་བསྒོམ་པའོ། །ན་ག་འཛུ་ནས་རྡོ་རྗེ་བཤད་པ། ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ནས་ངང་གི་མ་བཅོས་པ་ངང་དྭངས་རང་བཞིན་ལྷུན་གྱིས་རྫོགས། ཡེ་ཉིད་ཡང་དག་པའི་དབྱིངས་སུ་ལྷུན་གྱིས་རྫོགས་པས། འཁོར་བ་ཉིད་བྱང་ཆུབ་པས་ཁྱབ་གདལ་ཆེན་པོའི་ཀློང་དུ་མི་འབྱེད་ཅིང་། མཐའ་དབུས་མེད་པའི་ཐུགས་རྗེས་ཟིན་པས་ཆོས་ཉིད་དེ་ཀློང་དུ་གྱུར་པའོ། །ཆོས་ཉིད་འདུ་འབྲལ་མེད་པས་རྡོ་རྗེ་ཞེས་བྱའོ། །དེ་ཡང་ཀུན་གཞི་མ་བཅོས་ངང་དྭངས་རང་བཞིན་རྫོགས། །སྣང་སྲིད་འཁོར་བ་མ་ལུས་བྱང་ཆུབ་པས། །འཁོར་བ་ཉིད་ཀྱང་མི་འགྱུར་ཆོས་ཉིད་དེ། །མ་བཙལ་ཀློང་དུ་གྱུར་པའི་རྡོ་རྗེ་སྟེ། །ཁམས་གསུམ་བཅོས་སུ་མེད་པས་བསྒོམ་པའོ། །འཇམ་དཔལ་དཔལ་བཟང་གིས་རྡོ་རྗེ་བཤད་པ། རྡོ་རྗེ་ནི་བྱ་བཙལ་མེད་དེ། ཀློང་དུ་གྱུར་པའི་ཀུན་གཞི་དེ། རྣམ་དག་བྱང་ཆུབ་སྐྱེ་འཆི་མེད། འཁོར་བ་གཏིང་ཕྱུངས་ནས་བདེ་བའི་དོན་ལྷུན་གྱིས་རྫོགས་པས། ཕྱི་ནང་གི་ཆོས་ཐམས་ཅད་མ་སྐྱེས་པའི་སྐུ། མ་བསླད་པའི་ངང་། མ་བཅོས་པའི་དབྱིངས། མ་བསྒྲུབ་པའི་འབྲས་བུ། ཡང་དག་པའི་ཆོས་ཉིད་ཀློང་ཡངས་གཏིང་ཁུང་རིང་ཁྱབ་གདལ་ཆེན་པོའི་རང་བཞིན་དུ་གནས་པ་ལ་རྡོ་རྗེ་ཞེས་བྱ། དེ་ཀློང་དུ་གྱུར་ཏེ་མི་ཕྱེད་པ་ལ་སེམས་དཔའ་ཞེས་བྱ། དེ་ཡང་ཀུན་གཞི་བྱང་ཆུབ་གཉིས་མེད་ཆོས་ཀྱི་སྐུ། །རྒྱུ་རྐྱེན་གཉིས་བྲལ་ཡེ་ནས་གཉིས་སུ་མེད། །ས་ལས་འདས་པས་སྦྱང་ཞིང་བསྒྲོད་དུ་མེད། །འགྱུར་བ་མེད་པས་ཡང་དག་དོན་གྱི་བླ། །ཚིག་ལས་འདས་པས་དགོངས་པ་ལྷུན་གྱིས་རྫོགས། །མ་བཅོས་ངང་ལ་གནས་པ་བསྒོམ་པའོ། །ཁྱིའི་མཁན་པོ་དྷ་ཧཱུ་ནིས་རྡོ་རྗེ་བཤད་པ། ཀུན་གཞི་བྱང་ཆུབ་སེམས་བརྟན་གཡོ་རྣམ་པ་གཉིས་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་བྱ་བྱེད་ཀྱི་བརྩོལ་སྒྲུབ་ལས་འདས་པས་མ་ལུས་སངས་རྒྱས་འཁོར་བ་ལྷུན་གྱིས་རྫོགས། མྱ་ངན་རང་བཞིན་གྱི་འདས་ཁམས་གསུམ་སངས་རྒྱས་ཏེ། མ་བཅོས་པ་དོན་གྱི་ངོ་བོ་མི་འགྱུར་བ་ལ་རྡོ་རྗེ་ཞེས་བྱའོ། །མ་བཅོས་རྩོལ་བསྒྲུབ་ལས་འདས་པའི་ཀློང་དུ་གྱུར་པ་ལ་སེམས་དཔའོ། །དེ་ཡང་མ་བཅོས་གནས་སུ་དག་པས་འཁོར་བ་མི་ཡང་མེད། །སྨྲ་བསམ་ཡིད་ལས་འདས་པས་ཚིག་གིས་མཚོན་དུ་མེད། །དུས་གསུམ་འགྱུར་བ་མེད་པས་ཀུན་གཞི་ཆོས་ཀྱི་སྐུ། །རང་བྱུང་ལྷུན་གྱིས་རྫོགས་པས་རྡོ་རྗེ་སྟེ། །དུས་གསུམ་ཀློང་དུ་གྱུར་པས་བསྒོམ་པའོ། །སྲས་མོ་བྷ་ཤི་ཏས་རྡོ་རྗེ་བཤད་པ། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡེ་ནས་མ་བཅོས་པ་ལྷུན་གྱིས་གྲུབ་པའི་རང་བཞིན་ཡང་དག་པའི་ཆོས་ཉིད་དེ་བཙལ་དུ་མེད་དེ། རྩོལ་བ་ལས་འདས་པའི་དོན་བྱང་སེམས་ཀུན་ཏུ་བཟང་པོ་དེ། སྤྱོད་པ་དང་བྲལ་བ་ལ་རྡོ་རྗེ་ཞེས་བྱའོ། །མ་བཅོས་པའི་དོན་ལས་འགྱུར་བ་མེད་པས་སེམས་དཔའ་ཞེས་བྱའོ། །དེ་ཡང་ཐོག་མ་དུས་མཐའ་མེད་པ་ནས། །ཐ་མ་དུས་མཐའ་མེད་པའི་དབྱིངས། །ཆོས་དང་ཆོས་ཀྱི་དབྱིངས་ཉིད་ལས། །དུས་གསུམ་འགྱུར་བ་མེད་པས་ན། །སྐྱེ་འཇིག་མེད་པ་རྡོ་རྗེའོ། །ཀློང་དུ་གྱུར་པ་སེམས་དཔའོ། །བྷུདྡྷ་ཀུསྟས་རྡོ་རྗེ་བཤད་པ། ཀུན་གཞི་ཡང་དག་པའི་ཆོས་ཉིད་དུས་གསུམ་དུ་འདུས་མ་བྱས་པའི་རང་བཞིན། སྤྲོས་པ་མེད་པའི་ཀློང་སྙིང་པོ་འདུས་མ་བྱས་པ་སྣང་སྲིད་ཀུན་ཀ་བ་ཙ་རུ་ལྷུན་གྱིས་རྫོགས་པས། ཀུན་ཏུ་བཟང་པོ་འདུ་འབྲལ་མེད་པའི་ཆོས་ཉིད་ཀློང་དུ་གྱུར་པ་རྡོ་རྗེ་བྱའོ། །དུས་གསུམ་མ་བཅོས་རང་བཞིན་དག་པའི་ཀློང་དེ་ལ་སེམས་དཔའ་ཞེས་བྱའོ། །དེ་ཡང་ཆོས་ཉིད་མ་བཅོས་དག་པའི་རྡོ་རྗེ་འདི། །རྒྱུ་རྐྱེན་གཉིས་བྲལ་གདོད་ནས་གཉིས་སུ་མེད། །དངས་སྙིགས་མི་འབྱེད་ཆོས་ཉིད་དུ་གྱུར། །དུས་གསུམ་འདུས་མ་བྱས་པས་སྙིང་པོ་མཆོག །ཡང་དག་ལྷུན་གྱིས་རྫོགས་པས་བསྒོམ་པའོ། །སྨད་ཚོང་མ་པ་རཱ་ནིས་རྡོ་རྗེ་བཤད་པ། ཀུན་གཞི་དུས་གསུམ་འགྱུར་བ་མེད་པས་རྡོ་རྗེ་ཞེས་བྱ། མ་བཅོས་པས་ལྷུན་གྱིས་རྫོགས་པས་སེམས་དཔའོ། །དེ་ཡང་སྣོད་བཅུད་ལྷུན་གྱིས་རྫོགས་པས་སེམས་དཔའོ། །སྣོད་བཅུད་ལྷུན་གྱིས་རྫོགས་པའི་ཆོས་ཉིད་ལ། །མཚན་མས་བསླད་དུ་མེད་པས་རྡོ་རྗེ་སྟེ། །ཆོས་ཉིད་ཀློང་དུ་གྱུར་པས་སེམས་དཔའོ། །དེ་ཉིད་མ་བཅོས་བཞག་པ་བསྒོམ་པའོ། །ཨུ་རྒྱན་གྱི་མཁན་པོ་མ་ཧཱ་རཱ་ཛས་རྡོ་རྗེ་བཤད་པ། བཛྲ་ནི་ཀུན་གཞི་བྱང་ཆུབ་སེམས། བྱེད་པ་མེད་པའི་ཆོས་ཉིད་ཀློང་དུ་གྱུར་ཙམ་ན། སེམས་ཡེ་ནས་མ་བཅོས་པར་སྣང་སྲིད་སངས་རྒྱས། མ་ལུས་ལྷུན་གྱིས་རྫོགས་པས་བདེ་བ་ཆེན་པོ་འོད་གསལ་ཁམས་གསུམ་ཆོས་ཉིད་དུ་གྱུར་སྟེ། རྒྱུ་དྲུག་ཕྱགས་མས་བཏབ། སྤྲོས་མེད་རང་བཞིན་གྱི་གནས། དེས་ན་ཀུན་གཞི་བྱང་ཆུབ་ཀྱི་སེམས། བདེ་བ་ཆེན་པོར་འོད་གསལ་བ་ལ། ཅིས་ཀྱང་བསླད་པ་མེད་པས་རྡོ་རྗེ་ཞེས་བྱའོ། །དེའི་དོན་ལ་གནས་པས་སེམས་དཔའ་ཞེས་ཀྱང་བྱ། དེ་ཡང་འཁོར་འདས་ཐམས་ཅད་སྨྲ་བསམ་ཚིག་ལས་འདས་པས་སེམས་དཔའོ། །ཤྲི་སིང་ཧས་རྡོ་རྗེ་བཤད་པ། ཀུན་གཞི་བྱང་ཆུབ་སེམས་དུས་གསུམ་དུ་འདུས་མ་བྱས་པས་སྐྱེ་འཇིག་མེད་དེ་རྡོ་རྗེ་ཞེས་བྱའོ། །དེ་ཡང་ལྷུན་རྫོགས་སྐུ་གསུང་ཐུགས་ཀྱི་རྒྱ། །མ་ལུས་བརྡལ་བ་ཆོས་ཉིད་ཀློང་གི་རྒྱ། །གདལ་བའི་དཀྱིལ་འཁོར་འགྱུར་བ་མེད་པ་འདི། །དངོས་པོ་བསླད་པ་མེད་པ་རྡོ་རྗེའོ། །དེ་ཉིད་ཀློང་དུ་གྱུར་པ་བསྒོམ་པའོ། །དེ་བ་ཙན་ཏྲས་རྡོ་རྗེ་བཤད་པ། བཛྲ་ནི་ཀུན་གཞི་བྱང་ཆུབ་ཀྱི་སེམས། མ་བཅོས་པ་ཕྱིན་ཅི་མ་ལོག་པ་ལ་རྡོ་རྗེ་ཞེས་བྱ། ལྷུན་རྫོགས་ཁྱབ་བདལ་གནས་པ་སེམས་དཔའ་ཡིན། །ཀུན་གཞི་མི་འགྱུར་ཆོས་སྐུ་ཆེན་པོ་ཡིན། །བདེ་ཆེན་ལྷུན་གྱིས་རྫོགས་པས་ཡེ་ནས་ཆོས་ཉིད་དབྱིངས། །དེས་ན་དུས་གསུམ་འགྱུར་བ་མེད་པའི་ཆོས་ཉིད་དེ། །སྣང་སྲིད་ལྷུན་གྱིས་རྫོགས་པས་བསྒོམ་པའོ། །ན་ག་ཛུ་ནས་རྡོ་རྗེ་བཤད་པ། མཚན་མ་དམིགས་སུ་མེད་པས་ཀུན་གཞི་བྱང་ཆུབ་སེམས། དུས་གསུམ་སྐྱེ་འཇིག་མེད་པས་རྡོ་རྗེ་ཡིན། །དེ་ཉིད་མངོན་དུ་གྱུར་པས་སེམས་དཔའ་ཡིན། །གདོད་ནས་མ་བཅོས་ཆོས་ཉིད་བྱང་ཆུབ་སེམས། །དུས་གསུམ་འགྱུར་མེད་ཀློང་དུ་འཁོར་འདས་ལྷུན་གྱིས་རྫོགས། །སྐུ་གསུམ་ཆེ་བའི་ཡོན་ཏན་ནོར་བུའི་སྐུ། །བདེ་ཆེན་དྲི་མ་མེད་པས་རྡོ་རྗེ་སྟེ། །གང་ཡང་རང་བཞིན་མེད་པས་བསྒོམ་པའོ། །ཀུན་དགའ་མོས་རྡོ་རྗེ་བཤད་པ། དབྱིངས་མི་འགྱུར་ལྷུན་གྱིས་རྫོགས་པས་ཀུན་གཞི་དམིགས་སུ་མེད་དེ། རྟོག་པའི་དྲི་མ་དང་བྲལ། རང་བྱུང་དག་པས་རྡོ་རྗེ་ཡིན། །མ་བཅོས་དག་པས་སེམས་དཔའ་ཞེས། །དེ་ཡང་མ་བཅོས་གདལ་བས་ཆོས་ཉིད་ཐིག་ལེ་ལ། །འཁོར་འདས་ཆོས་རྣམས་རང་བྱུང་ལྷུན་རྫོགས་པས། །སྣང་སྲིད་ཡེ་སངས་རྒྱས་པས་རྡོ་རྗེའོ། །དེ་ཉིད་བཅོས་པ་མེད་པས་བསྒོམ་པ་ཡིན། །ཅེས་གསུངས་སོ། །དེ་ཡན་ཆད་རྒྱ་གར་གྱི་མཁན་པོ་ཉི་ཤུ་རྩ་གསུམ་ལ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་རེ་རེ་ལ་བརྒྱུད་དོ། །རྟོགས་པས་དངོས་གྲུབ་ཐོབ་སྟེ། དགོངས་པས་སངས་རྒྱས་དང་མཉམས། སྐྱེ་འཆི་མེད་པའི་ས་ནོན། བྱ་བརྩལ་མེད་པའི་ལམ་ཆོད། བསམ་དུ་མེད་པའི་དོན་ལ་སངས་རྒྱས་སོ། །འདྲ་འབགས་ཆེན་མོ་ལས། རྡོ་རྗེ་སེམས་དཔའི་དོན་རིན་པོ་ཆེའི་ཕྲེང་བ་ལྟར་བརྒྱུད་པའི་སྐབས་ཏེ་བཅུ་པའོ།། ༈ །།དེའི་དུས་དེའི་ཚེ། ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། རྣམ་དག་ཆོས་ཀྱི་སྤྲིན་དུ། དགེ་སློང་མ་ཀུན་དགའ་མོས་མན་ངག་གི་ཆོས་ཐམས་ཅད་ཚང་དུས་ཀྱི་འོ་མ་བཞིན་དུ་བཅོས་སླད་དུ་བཞག་པས། དེའི་སྐྱོན་གྱིས། མི་ནད་དང་ཕྱུག་ནད་དང་། འཁྲུགས་པ་དང་། དུས་མ་ཡིན་པའི་རླུང་དང་། ཆར་པ་དང་། ཤྭ་དྲག་པོ་དང་། ཐོག་དང་སེར་བ་དང་། བཀྲ་མི་ཤིས་པ་སྣ་ཚོགས་བྱུང་། བསྒྲུབ་པ་པོ་ཀུན་གྱིས་མཚན་ལྟས་ཀྱང་ལོ་སྟེ། མཁས་པ་པཎ་ཏྲི་ཏ་ཀུ་ཀུ་རཱ་ཛ་དང་། དྲང་སྲོང་བྷ་ཤི་ཏ་དང་། ན་ག་ཛུ་ན་དང་། ཁྱིའི་མཁན་པོ་དྷ་ཧུ་ན་དང་། འཇམ་དཔལ་དཔལ་བཟང་དང་། དྷེ་ཝ་རཱ་ཛ་དང་། བྷུདྡྷ་གུསྟ་དང་། ཤྲི་སེང་ཧ་དང་། བརྒྱད་ཚོགས་ཏེ། འདི་ལྟ་བུ་འབྱུང་བ་ཅི་ཡིན། གང་ཡིན། སྤྲ་སོ་ན་དང་། དེས་ཀུན་བཏགས་པས། མན་ངག་གི་ཆོས་བསླད་པས་ལན་ཟེར་ཏེ། དེས་བསླད་པ་དང་ཉམས་པ་ཐམས་ཅད་དོར་ཏེ། རྒྱུད་སྡེ་ཀུན་ལ་མནའ་ཤེར་བྱ། ཀུན་བསགས་པས། བྱང་སེམས་རྣམ་པ་ལྔ་དང་། ནམ་མཁའ་རོལ་པའི་རྒྱལ་པོ་དང་། རྨད་དུ་འབྱུང་བ་དང་། མན་ངག་རྒྱ་མཚོ་ཀློང་ལ་སོགས་པ་དང་། སྣ་ཚང་ཞིང་དག་པ་ཚན་གཅིག་རྒྱལ་བློན་དང་ཆོས་སྐྱོང་བའི་ལྷ་འདྲེས་ཡོ་དཔང་པོར་བཞག་ཏེ། རྡོ་རྗེ་གདན་གྱི་འོག་ཏུ་ཆོས་སྐྱོང་བའི་རྒྱལ་པོའི་རྒྱ་དང་། པཎ་ཏྲི་ཏའི་རྒྱབ་སྤྲོད་ཏུ་བཏབ་སྟེ། གཏེར་དུ་སྦས་སོ། །ལྷག་མ་ཡོ་ཞུགས་ལ་བཞེན། དེའི་དུས་དེའི་ཚེ་དགེ་སློང་མ་ཀུན་དགའ་མོ་ལ་ཆོས་སྐྱོང་བའི་ལྷ་སྲིན་རྣམས་ཀྱིས་མདོ་ལ་སྙིང་ཕྱུངས་ནས་ཁྲག་གཟགས་ནས་ལུས་དོར་རོ། །ཀུན་དགའ་མོ་ཉིད་རྟོགས་པ་མཐར་ཕྱིན་ནས་གསང་སྔགས་ཀྱི་ཆེ་བ་བསྟན་པའི་ཕྱིར། སྟོབས་ཆེན་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏོ། །དེ་ནས་ཆོས་ཕག་ཚང་དང་ལྐོག་ཚང་བྱ་ཐབས་མེད། སྣོད་དང་སྐལ་བར་ལྡན་པ་བྱུང་ན། ཀུན་གྲོལ་བྱས་ནས་སྦྱིན་པར་བྱས་པས་དེར་ཡུལ་ཕྱོགས་བཀྲ་ཤིས་པར་གྱུར་ཏོ། །འདྲ་འབགས་ཆེན་མོ་ལས། རྒྱ་གར་གྱི་ཡུལ་དུ་ཅི་ལྟར་བྱུང་བའི་སྐབས་བཅུ་གཅིག་པའོ།། ༈ །།ད་མན་ངག་འདི་བོད་ཀྱི་ཡུལ་དུ་ཅི་ལྟར་བྱུང་ལུགས་ནི། སྐུ་རྒྱལ་བོད་ཀྱི་བཙད་པོ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ། བདེ་བར་གཤེགས་པའི་བྱིན་གྱིས་བརླབས་ཀྱིས། བོད་མུན་པའི་གང་བར་སྲིན་པོའི་ཡུལ་འདི་ན། རྒྱ་ནག་གི་ཡུལ་ནས་སྤང་སྐོངས་ཕྱག་བརྒྱ་པ་རྙེད་ནས་དེ་བཀུར་སྟི་དང་རིམ་གྲོ་བྱས་པས། རྗེ་སྐུ་ཚེ་རིང་བ་དང་། འཁོར་བཀྲ་ཤིས་པ་དང་། ཆབ་སྲིད་མཐོ་བ་བྱུང་ངོ་། །སྲིད་པའི་བོན་ཀྱང་འབྱུང་ངོ་། །མོ་དང་། བསྲུངས་བསྡེབས་དང་། འདྲེ་སྲིན་ལ་རྫུན་གྱིས་བསྟོད་དེ་མཆོད་པ་བྱུང་། མེས་སྲོང་བཙན་སྒོམ་པོའི་སྐུ་རིང་ལ་དམ་པའི་ཆོས་པདྨ་དཀར་པོ་དང་། རྟོགས་པ་ཆེན་པོ་དང་། མདོ་སྡེ་དཀོན་མཆོག་སྤྲིན་དང་། དེ་ལ་སོགས་ཏེ་ཆོས་དགེ་བ་བཅུའི་རྒྱུན་ཙམ་བྱུང་སྟེ། དམ་པ་ཆོས་ཀྱི་མགོ་བརྙེས། དེའི་སྲས་ཁྲི་སྡེ་གཙུག་བརྟེན་གྱི་སྐུ་རིང་ལ། རྒྱ་ནག་དང་། བལ་ཡུལ་ནས་ལྷ་ཤཱཀྱ་མུ་ནེ་སྤྱན་དྲངས། རྒྱ་ནག་ཧ་ཤང་ནི་ལེ་ཨི་ཤང་པའི་མ་ཧཱ་ཡ་ན་ལ་སོགས་པ་སྤྱན་དྲངས། དེའི་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་གར་ནས་སློབ་དཔོན་ཞི་བ་མཚོ། བལ་པོ་བྷ་ཡ། དེ་རྣམས་སྤྱན་དྲངས་ནས་དམ་པ་ཆོས་ཀྱི་སྲོལ་བཏོད། རྒྱ་གར་ནས་མཁས་བཙུན་མང་པོ་པཎ་ཏྲི་ཏ་མང་དུ་སྤྱན་དྲངས། དེའི་དབོན་ཁྲི་རལ་གྱི་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སྤྱན་དྲངས། ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་ཏེ་པཎྜི་ཏ་བརྒྱད་ལ་སོགས་སློབ་མ་རྒན་ཚོས་སྐད་བསྒྱུར་བ་ལ་མོས། གཞོན་ཚོས་སྐད་མ་བསྒྱུར་བ་ལ་མོས། སྐད་ཆོས་སྦྲག་མ་བསླབ་པར་མོས། རྒན་ཚོས་དབང་ཆེན་བ་ཐོན་མི་སཾ་བྷ་ཏྲས་བོད་ཡིག་ན་ག་རའི་ཡི་གེ་ལས་དཔེ་བླངས་ཏེ། བྲིས་ནས་ལོ་བཅུ་གཅིག་བསྒྱུར་རོ། །བོད་སྐད་ལྷ་མི་དྲངས་བདུན་གྱི་ཁ་བསྒྱུར། ཆོས་སྐད་སྔགས་བཙུན་སྡེ་གཉིས་ཀྱིས་བསྒྱུར། རྒྱ་བོད་ཀྱི་སྐད་འོག་དང་པོ་ལོ་ཙཱ་བས་བསྒྱུར། འདྲམ་པོ་ཞུ་ཡིས་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ། མདོ་སྡེ་དང་སྡེ་སྣོད་གསུམ་བསྒྱུར། དེ་ནས་གླང་དཔལ་གྱི་སེང་གེ། གྲུ་གུ་ཨུ་ཤི་ཤ །འབྲི་རྒྱལ་བའི་བློ་གྲོས། རུ་ཡང་དྷརྨཱ་རཱ་ཛ། གནུབས་ནམ་མཁའི་སྙིང་པོ་དང་བོད་ཀྱི་དགེ་སློང་མི་ལྔས་རྒྱ་གར་དང་བལ་པོ་རུ་དཀའ་བ་སྤྱད་དེ། ཀྲྀ་ཡོག་དང་མ་ཧཱ་ཡོ་ག་རྣམས་ཀྱང་བོད་ལ་བཤད་པར་བསྒྱུར་རོ། །ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། རྒྱ་གར་གྱི་མཁས་པ་བྷོ་ཏི་ས་ཏྭ་དང་། བལ་པོའི་མཁས་པ་ཀ་རུ་པ་ལ་སོགས་སྤྱན་དྲངས་ནས། ཆོས་འཁོར་དཔལ་གྱི་བསམ་ཡས་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དམ་པའི་ཆོས་ཉི་མ་ཤར་བ་ཙམ་དར་ཞིང་རྒྱས་པར་མཛད་དོ། །སྲིད་པའི་བོན་འདི་འཇིག་རྟེན་པའི་ལྷ་སྲིན་གྱི་བྱས་པར་འཁུམས་ནས་ལན་གསུམ་བསྣུབས་སོ། །དུས་ལན་གཅིག་སངས་རྒྱས་ཀྱི་བསྟན་པ་འཇིག་ལ། ཚེ་ལོ་དྲུག་ཅུ་ཐམ་པར་མར་མར་ལ་ནུབ་པ་ལ། མན་ངག་གི་ཆོས་བོན་དུ་བསྒྱུར་ནས། བོན་ཆོས་ལ་ཁྱད་པར་མེད་དོ། །ཞེས་བྱ་བའི་སྒྲ་ཆེན་པོ་སྒྲོགས། དེའི་དུས་སུ་མན་ངག་གི་ཆོས་འགའ་ཙམ་འཆད་པ་ལ་ཡིད་མ་ཆེས་ཏེ། སྐུར་པ་བཏབ། མོ་བོན་བསྲུངས་སྡེབས་ནས་འགོ་འདོག །དེའི་དུས་སུ་ནད་དང་མཚོན་དང་། མུ་གེ་དང་། འཁྲུགས་པ་དང་། ཐོག་སེར་ལ་སོགས་པ་སྐྱི་གདོང་གི་རྒྱུན་འབབ། ཆོས་བོན་དུ་བསྒྱུར་བས་ཆོས་སྐྱོང་གི་ལྷ་སྲིན་འཁྲུགས། རྣམ་སྨིན་ན་རག་གི་རྒྱུད་འཕེལ་ལོ། །དེ་ལ་དགོངས་ནས་བོན་ལན་གསུམ་བསྣུབས་སོ། །དེ་ནས་མཁས་པ་མང་པོའི་གྲྭ་ནི་བཙུག་སྟེ། དམ་པའི་ཆོས་ཀྱང་མདོ་སྡེ་དང་གསང་སྔགས་ལ་སོགས་པ། རྒྱུ་འབྲས་དང་ལམ་གྱི་ཆོས་དར་བར་བཞུགས་པ་ལས། དེས་ཀྱང་རྒྱལ་པོ་ཐུགས་ལ་ཆེས་ཏེ། རྒྱལ་པོ་ཉིད་ཚེ་སྔ་མ་རྒྱ་གར་གྱི་ཡུལ་དུ། བྲམ་ཟེ་དཔལ་ལྡན་བྱ་བའི་བུ་དགེ་སློང་ཨ་བ་ཁ་ཏྱུ་བྱ་བ་དེ་བོད་དུ་བརྩད་པོར་ཚེ་འཕོས་ནས་ལུས་བླངས་པས། རྒྱ་གར་གྱི་ཡུལ་ན་མན་ངག་གི་ཆོས་ཡོད་པར་ཐུགས་ལ་ཤར་ཏེ། བོད་ཀྱི་མཁས་བཙུན་ཡོད་ཚད་བསོགས་ཏེ། བཀའ་སྩལ་པ། རྒྱུ་འབྲས་ཀྱི་ཆོས་ནི་ཆོག་ཙམ་བསྒྱུར་ཏེ། རྒྱུ་འབྲས་གཉིས་ལ་མི་ལྟོས་པའི་ཆོས་ཤིག་དགོངས་པར་མཐོང་། རྒྱ་གར་གྱི་ཡུལ་འདིར་སྔོན་དང་པོ་སྟོན་པ་སྐུ་འཁྲུངས། བར་དུ་བསྟན་པ་རིམ་གྱི་བསྒྲགས། ཐ་མར་སྐུ་དེར་མྱ་ངན་ལས་འདས་པས། དེས་ན་རྒྱུ་འབྲས་གཉིས་ལ་བཟླ་བའི་ཆོས་ཤིག་ཡོད་ངེས་པས། ཚོལ་བ་ལ་གཅིག་གི་ལམ་མི་ཕྱེད་པས་ཟུང་གཅིག་བཏང་སྙམས་པ་ན་ད་འགྲོ་སུ་ནུས། རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་བསྒྱུར་ན། དེའི་དགེ་བའི་རྩ་བ་ནམ་མཁའ་ལའང་མི་ཤོང་ན། ནུས་པ་ཡོད་དམ་ཅེས་བསྒྲགས་པས། བོད་རང་ས་སྒྲ་ཆག་གོ། །མི་ལུས་ལན་བདུན་བརྒྱུད་ནས་སྐྱེ་བ་བརྗེས་པ། དང་པོ་ཨུ་རྒྱན་གྱི་ཡུལ་དུ། རྒྱལ་པོ་དཔལ་ལ་དེ་བ་ཞེས་བྱ་བར་སྐུ་འཁྲུངས་པ། དེ་ནས་ཁ་ཆེའི་ཁྲི་སྟེང་དུ། ཙནྟྲ་གྷིཪྟི་ཞེས་བྱ་བར་སྐུ་འཁྲུངས། དེ་ནས་སིང་ཧ་ཡུལ་གྱི་མ་ལ་ཡ་རུ། དགེ་སློང་ལེགས་པའི་བློ་གྲོས་སྐུ་འཁྲུངས་པ། དེ་ནས་མཁན་པོ་ལ་བརྒལ་བའི་རྣམ་སྨིན་གྱིས་ཚ་བ་རང་གི་ཕྱུགས་རྫིར་སྐུ་འཁྲུངས་པ། དེ་ནས་རྒྱ་གར་གྱི་ཡུལ་དུ་བྲམ་ཟེ་དཔལ་ལྡན་བྱ་བའི་བུ་དགེ་སློང་ཨ་བ་དྷུ་ཏི་ཞེས་བྱ་བར་སྐུ་འཁྲུངས་པ། དེའི་དུས་སུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཕོ་བོ་དགེ་སློང་ཨ་བ་ཁ་རུ་ཞེས་བྱ་བར་སྐྱེས་སོ། །དེ་ནས་གཙང་ལེགས་གྲུབ་ནི་ནུ་བོ་དགེ་སློང་དྷ་ཏུ་རཱ་ཞེས་བྱ་བར་སྐྱེས་སོ། །དེ་ནས་འགྱོད་ནས་སྡོམ་པ་བླངས་པས་ཚ་བ་རང་གི་དགེ་སློང་པུ་ཎ་ཞེས་བྱ་བར་སྐྱེས་སོ། །དེ་ནས་བོད་ཡུལ་དུ་ཉང་ཆབ་གཙང་ཆབ་འཛོམ་པོའི་འགྲམ་ས་ཆེན་པོར་སྐྱེས་པའི་མི་པེའུའི་གན་ཇག་རྡོ་རྗེ་རྒྱལ་པོ་ཞེས་བྱ་བ་དང་། མ་བྲབ་ཤིང་ཟ་སྒྲོན་སྐྱིད་ཅེས་བྱ་བའི་བུ། རྒྱ་མོ་ཚ་བ་རང་ནས་དགེ་སློང་པུ་ཎ་ཚེ་འཕོས་པས་པེའུའི་གན་ཇག་ཐང་ཞེས་བྱ་བར་སྐུ་འཁྲུངས་ཏེ། ལོ་བཅོ་ལྔ་ལས་མ་ལོན་པ་ལ་རབ་བྱུང་བྱས་ཏེ། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་བསྲུང་བ། ལས་འཕྲོ་དང་བསྐལ་པར་ལྡན་པ་ལོ་བཞི་བཅུ་ཞེ་བརྒྱད་ལོན། དམག་ཁྲོམས་ལས་མང་སྟེ་རྗེའི་བཀའ་སྩལ་ཅིག་ལ་བདག་འགྲོ་ལ་སོགས་ཟེར་ཏེ། ཡང་རྒྱ་གར་གྱི་ཡུལ་གྱི་ཁྱིམ་བདག་དཔལ་སྐྱེས་བྱ་བ་ཕ་སྤད་ཀྱི་བཙུན་པ་གསུམ་མཆོད་གནས་སུ་བཏེགས་ནས་ཡོད་པ་ལ། ཁྱིམ་བདག་དཔལ་སྐྱེས་ཕ་སྤད་ཡུལ་སྐུ་ད་ར་བྱ་བར་མགྲོན་ལ་བོས་ནས་སོང་བས། བཙུན་པ་གསུམ་ལ་ཆོས་སྟོན་སྐྱེལ་བ་མེད་ནས། བཙུན་པ་གསུམ་གྱིས་ཆོས་སྟོན་འཕྱིས་པར་དགོས་ནས། བཙུན་པ་བྷ་ཧུ་ར་བྱ་བས་ཆོས་སྟོན་ལེན་དུ་ཕྱིན་པས། ཁྱིམ་བདག་དཔལ་གྱི་བུ་མོ་ཨ་མ་ལེ་ཁ་བྱ་བ་དང་། ཁྱིམ་མཚེར་ཁྱིམ་བདག་དྲག་ཤུལ་ཅན་གྱི་འཁོར་མི་ཁྱེའུ་ཅིག་ཕོ་མོའི་བྱ་བ་བྱེད་པ་མཐོང་བས། ཁྱེའུ་དེ་ངོ་ཚ་ནས་བྲོས་ནས་སོང་། བུ་མོ་དེ་ན་རེ། བྷ་ཧུ་ར་ངོ་ཚ་བསྲེས་པས་དགའ། ང་ལ་འདོད་ཆགས་སྤྱད་ཅིག་ཟེར། བྷ་ཧུ་རས་ཅི་མ་ཚངས་དངོས་སྡོམ་པ་བསྲུངས་བ་བྱས་པས། ང་ལ་འདོད་ཆགས་མ་སྤྱད་ན། ཤིན་ཏུ་ང་ལྕེབས་ནས་འཆིའོ། །སྡིག་བྷ་ཧུ་ར་ཁྱོད་ལ་བཀལ་ལོ། །ཟེར་ནས་བྲང་ལ་གྲི་བཙུག་ནས། བྷ་ཧུ་ར་ན་རེ་འོ་ན་སྒོ་སྲིབ་ཅིག་ཁྱོད་གར་དགར་བཞུགས་ཤིག་བྱས་སོ། །བྷ་ཧུ་རའི་བསམ་པ་ལ། ངས་ཨ་མ་ལེ་ཁ་ལ་འདོད་ཆགས་སྤྱད་ཀྱང་སྡོམས་པ་ཉམས་ཏེ་ན་རག་ལྟུང་། མ་སྤྱད་པས་བུ་མོའི་སྡིག་པ་བསྒོས་ཏེ་ན་རག་ཏུ་ལྟུང་བར་མཐོང་སྟེ། མོས་སྒོ་སྲིབ་ཤུལ་དུ་རང་ལ་རང་གིས་འདོ མས་སྐེ་བཅད་ནས་ཤི་བས། སྐྱེ་བ་བརྒྱུད་ནས་ཚེ་འཕོས་པས། རིག་པ་དང་ལྡན་པ་མོས་སྐྱེས་པའི་ས་ལ། གཙང་ལེགས་གྲུབ་ཕ་ཚང་ཤིང་ལེན་ན་ལེན་ཏྲ་ཞེས་བྱ་བར་གཙང་ཐེག་ཆེན་ཅེས་བྱ་བར་ཨ་མ་མཁར་ཆེན་ཟ་ལུམ་མ་ཞེས་བྱ་བའི་བུ་རུ་ཚེ་འཕོས་པ། གཙང་ལེགས་གྲུབ་ཅེས་བྱ་བ་དེ་དམག་ཁྲོམས་ནས་ལང་སྟེ། རྗེས་བཀའ་སྩལ་བ་དག་བཏང་ན་རོག་བགྱིའོ་ཟེར། དེ་ནས་རྗེས་ཁབ་ཏུ་ཁྲིད་ནས་རྗེའི་བཀའ་སྩལ་གྱི་སྒོ་གཉིས་བདག་ཅག་གཉིས་ཀྱིས་འཁུམས་པར་མཆིས་འཚལ་ནས། དེ་ནས་མན་ངག་གི་ཆོས་ཚོལ་བཀའ་བསྒོ་ནས། གསེར་གྱི་པ་ཏྲ་ཟུང་ཅིག་མགོ་ལ་སྦས། གསེར་གྱི་ཐུར་མ་གསེར་གྱི་ཆགས་ཤིང་སྐུར། གསེར་ཚགས་ལུ་གུ་རྒྱུད་བྱས་ནས་དུག་པོའི་གསེབ་ཏུ་བཅུག །གསེར་གྱི་ཕྱེ་མ་བ་མན་གྱི་རཱ་དང་། པ་ཏྲ་བརྒྱད་རྟ་མཚལ་བུ་བྱ་གདོང་ལ་བཀལ་ནས་ཆས་སོ། །དེའི་དུས་གཙང་ལེགས་གྲུབ་ནི་འཕྲལ་སྐད་ཤེས་པ་ཙམ་ཡོད་དོ། །པེའུ་གན་ཆགས་སྟང་ནི་སྒྲ་ཚད་མདོ་སྔགས་ཀུན་ལ་མཁས་པ། གྲུབ་པ་ཕྲན་ཚག་ཐོབ་པ། ནག་མོ་རི་དང་སྒོ་བཞི་དང་། ཉ་རི་ཕུའི་བྲག་སོ་ཆེའི་བྲག་ཕུག་ཏུ་ཉི་ཟེར་ཞོན་ནས། ཕར་འགྲོ་ཚུར་འགྲོ་མཛད་པ་སྐད་སུམ་བརྒྱ་དྲུག་བཅུར་བསྒྱུར་ཤེས་པ། སྤྲུལ་པའི་སྐུ་མཁས་པ་ཆེན་པོ་ཡིན་པས། དེ་ལ་རྗེ་ཡང་ཤིན་ཏུ་ཡིད་ཆེས་སོ། །དེའི་དུས་སུ་ཨ་ཁུ་ས་གོར་ཧེ་འདོད་སྐད་པ་དེས་འདུན་མ་ཆེན་པོ་བསོགས་ནས་རྒྱལ་པོ་སྤྱན་དྲངས་སྟེ། པེའུ་གན་ཆགས་སྟོང་རྒྱ་གར་དུ་འགྲོ་བ་ལ་མི་འདི་བཏང་པས་མི་འོང་བྱས་ཏེ། རྒྱལ་པོ་འགྲོ་བ་བཅག་པར་ཞུས་པས། རྒྱལ་པོའི་ཞལ་ནས་ང་ལས་གང་བྱས་ཀྱང་དད་པ་ཅན་བཙུན་པར་འཇུག་པ་དང་། བརྩོན་འགྲུས་ཅན་ཆོས་ལ་འགྲོ་བ་མི་གཅོག །ཁྱི་ར་བ་དང་ཉ་གཤར་གྱི་ཁ་སྲུན་མི་ཕྱེ། རྐུན་བྱི་དང་ལས་ངན་བྱེད་པའི་རྒྱ་བརྟེན་དང་དཔུང་གཉེན་མི་བྱེད་གསུངས་ཏེ། ཕྱག་རྒྱབ་ཏུ་བསྒྱུར་ནས་ཁབ་ཏུ་གཤེགས་སོ། །པེའུ་གན་ཆགས་ཧེ་འདོད་ཀྱིས་ཚ་བོ་ལ་ཁྱོད་ལ་འགྲོ་ཤི་སྟེ་འོང་བས་ཆུང་མ་ལོང་ངེད་ཚོའི་དཔོན་གྱིས་བྱས་པས། པེའུ་གན་ཆགས་སྟང་མ་ཉན་ནོ། །ཨ་ཁུ་ཧེ་འདོད་ན་རེ་བུ་མ་འགྲོ། འབྲུ་བཏབ་ཚད་སྐྱེ་བའི་ཞིང་ཆུ་མ་ལུང་རིང་ལ་ཡང་ཆགས་སམ། བུ་སྐྱེས་པའི་དོན་ཕ་མེས་ཀྱི་ཡུལ་བསྲུངས་བྱས་པ། ལན་དུ་བཱཻ་རོ་ཙ་ནས་མགུར་བཞེངས་པ། ཨ་ཁུ་ཅི་དང་ཅི་མི་གསུངས། །ཧེ་འདོད་ཅི་དང་ཅི་མ་གསུངས། །ཆུང་མ་འཁོར་བའི་འདམ་རྫབ་ཡིན། །བུ་ཚ་འཁོར་བའི་བཤལ་ཐགས་ཡིན། །ཕ་ཚན་འཁོར་བའི་ལག་རྡོས་ལ། །ནོར་རྫས་འཁོར་བའི་ལྕགས་སྒྲོགས་ལགས། །ཆབ་སྲིད་འཁོར་བའི་བཙོན་ར་ལགས། །ཨ་ཁུ་འདི་ཀུན་ཅི་མི་གསུངས། །དེ་ལ་མོས་པ་སྙིང་རེ་རྗེ། །བྱས་པས། ཨ་ཁུ་ཧེ་འདོད་ཀྱིས་འདི་སྐད་ལོ། །བུ་མ་ཟེར་ངའི་གཅན་པོ་པེའུ་གན་ཆགས་རྡོ་རྗེ་རྒྱལ་པོ་དང་། ཕ་རྒན་པེའུའི་བློན་རྗེ་འཕགས་པ་དང་། སྔོན་གྱིས་ཕ་མེན་བཟང་པོས་ཀྱང་། ཕུར་ཁྱིམ་དང་། ཚ་ཞང་གི་མགོ་རྫི་བགྱིས། ད་ལྟ་ཡང་དེའི་བཀའི་རྗེས་འཛིན། ད་བུ་ཚ་ཁྱེད་རང་ཚོ་ཡང་ཕོ་བརླ་མ་བཙོང་བྱས་པས། ཡང་དེའི་ལན་དུ་བཱཻ་རོས་མགུར་བཞེངས་པ། ཨ་ཁུ་ཅི་དང་ཅི་མི་གསུངས། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་ཁྱིམ་དང་མཁར་བརྩིགས་པ། །ཤི་ནས་ཁྱིམ་ནི་མི་དབང་སྒོ་རུ་བསྟན། །ཁྱིམ་མཁར་བརྩེགས་པ་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །ཡུལ་ཁམས་བསྲུངས་ཕྱིར་སྡིག་སྤྱད་ཀྱང་། །ཤི་ནས་ཉལ་ས་བརླ་གང་ལས་བསྡད་དབང་མེད། །ཡུལ་མཁར་བསྲུངས་ཀྱང་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མས་ཀྱང་། །སྐྱེས་ནས་ཞིང་དང་ཆུས་སྤྱད་ཀྱང་། །ཤི་བའི་རོ་ཁུང་རང་ཤོང་ཙམ། །ཡུལ་ཞིང་ས་བཅད་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱང་། །བུ་སྨད་གསོ་ཕྱིར་སྡིག་སྤྱད་ཀྱང་། །རྣམ་སྨིན་ཚེ་འདས་རང་ལ་སྨིན། །ནང་ན་ཉེ་བའི་བུ་སྨད་ཀྱང་། །གཤིན་ལ་མི་ལྟ་གསོན་ལ་ལྟ། །བུ་སྨད་གསོན་པ་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་ནོར་དང་ཕྱུག་བསོགས་ཀྱང་། །ཤི་བའི་ནང་པར་གཅེར་བུར་བཏོན། །ནོར་ཕྱུགས་བསོགས་པར་དོན་རེ་ཆུང་། །སྔ་མ་འདས་པའི་ཕ་མེས་ཀྱིས། །སྐྱེས་ནས་གཉེན་དང་འཁོར་སྐྱོང་ཡང་། །ཤི་བས་བདག་ཉིད་གཅིག་པུར་ཐོན། །བག་ཆགས་ཙམ་ཞིག་འཁོར་ལགས་ཀྱང་། །རྔན་བསྒྲང་བརྡུང་བརྩོག་ཕྱི་ཐག་མེད། །གཉེན་འཁོར་སྐྱོང་བ་དོན་རེ་ཆུང་། །ཨ་ཁུ་མ་གསུངས་ཞལ་དྲོན་ཆེ། །བྱས་པས། ཡང་ཨ་ཁུ་ཧེ་འདོད་ན་རེ། ཆོས་རང་བདེན་ངེས་ཅི་ཡོད་བྱས་པས། ཡང་བཱཻ་རོ་ཙ་ནས་མགུར་བཞེངས་པ། ཨ་ཁུ་གསོན་དང་ཧེ་འདོད་གསོན། །ཨ་ཁུ་བདག་ནི་རྗེས་སུ་གཤེགས། །ཁྱིམ་ཐབས་སྤོངས་ན་དགེ་བཅུ་སྤྱོད། །དགེ་བཅུ་སྤྱོད་པའི་འབྲས་བུ་ནི། །མཐོ་རིས་ལྷ་དང་མི་རུ་སྐྱེ། །མི་ལུས་ཐོབས་པའི་ཡོན་ཏན་ནི། །སྨྲ་བསམ་གཉིས་ལ་རང་དབང་ཐོབས། །དེ་ནས་སེམས་བསྐྱེད་སྡོམ་བླངས་པས། །ཐོབ་པ་བསགས་པའི་འབྲས་བུ་ནི། །བསྒོམ་ན་བླ་མེད་བྱང་ཆུབ་ཐོབ། །དེ་ཡང་འགྱུར་བའི་སྡུག་བསྔལ་ཆེ། །དེ་བས་མཐོ་བ་ལྷ་ཡི་ཡུལ། །འདོད་པ་ཁམས་ཀྱི་ལྷ་དྲུག་ནི། །གཟུགས་དང་ཚེ་ཚད་ཁྱད་པར་ཆེ། །ལོངས་སྤྱོད་སྣ་ཚོགས་བསམ་མི་ཁྱབ། །འདོད་འཇོའི་བ་དང་ཅང་ཤེས་རྟ། །མ་བཏབ་ལོ་ཏོག་ཁྲུས་ཀྱི་རྫིང་། །འདོད་ཡོན་ལྔ་པོ་བསམ་ལས་འགྲུབ། །དེ་ན་སོ་ནམ་ཁེ་སྤོགས་མེད། །དེ་ན་ཙེ་ར་ཇག་རྐུན་མེད། །འདུ་ལྔ་ནད་ཀྱིས་གནོད་པ་མེད། །ཨ་ཁུ་མོས་པ་མཛད་ན་དེ་ལ་མཛོད། །ལར་ནམ་ཡང་འཁོར་བར་འཁྱམས་པའི་མི། །ཕྱིན་ཅི་ལོག་ལ་དབང་པོ་གསལ། །ཉོན་མོངས་ལྔ་ལ་བརྩོན་འགྲུས་ཆེ། །འཁོར་བའི་གནས་སུ་ནམ་ཡང་འཁྱམས། །ཨ་ཁུ་ལན་གཅིག་བདག་ལ་གསོན། །གཟུགས་ཁམས་གནས་རིས་བཅུ་བདུན་ལ། །ཏིང་ངེ་འཛིན་གྱིས་ཟས་ལ་སྤྱོད། །དེ་ན་གཉིས་དང་མི་དགེ་མེད། །ཕོ་མོ་མེད་པས་འདོད་འཁྲིགས་མེད། །འདོད་ཡོན་ལྔ་མེད་འདུ་བའི་ནད་ཀྱང་མེད། །ཤི་ན་རོ་མེད་འཇའ་ཚོན་ཡལ་བར་འདྲ། །མོས་པ་མཛད་ན་དེ་རུ་མཛོད། །ཨ་ཁུ་ལན་གཅིག་བདག་ལ་གསོན། །གཟུགས་མེད་སྐྱེ་མཆེད་མུ་བཞི་ལ། །རྒས་རྒུད་མེད་ཅིང་འགྲོ་འོང་མེད། །དེ་ན་ང་རྒྱལ་དྲེགས་སྤྱོད་མེད། །དེ་ན་རེ་དོགས་འདོད་སྲེད་མེད། །མོས་པ་མཛད་ན་དེ་རུ་མཛོད། །ཨ་ཁུ་དབང་པོ་ཐ་མ་བ། །མི་དང་ལྷ་ཡི་ཐེག་པའོ། །ཨ་ཁུ་ལན་གཅིག་བདག་ལ་གསོན། །རྒྱུ་འབྲས་གཉིས་ལ་བརྟན་པའི་ཐེག་པ་བརྒྱད། །སྟོན་པ་ཤག་ཐུབ་གཤེགས་ཤུལ་ནི། །དང་པོ་བདེན་བཞིའི་སྒོར་ཞུགས་ནས། །འདུ་ཁྲིམས་གཉིས་བརྒྱ་ལྔ་བཅུ་སྲུང་། །འཕགས་པའི་ལམ་བརྒྱད་བསྒྲོད་པའི་མཐར། །འབྲས་བུ་སྐྱེས་བུ་ཟུང་བཞི་དང་། །གང་ཟག་ཡ་བརྒྱད་ཐོབ་པར་འདོད། །མོས་པ་མཛད་པ་ན་དེ་རུ་མཛོད། །ཨ་ཁུ་ལན་གཅིག་བདག་ལ་གསོན། །འཕགས་པ་རང་རྒྱལ་གཤེགས་ཤུལ་ནི། །རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས། །སློབ་དཔོན་མི་ལྟོས་རང་གིས་རིག་པས་རྟོགས། །སྨྲ་ས་བཅད་པའི་བརྟུལ་ཤུགས་ཀྱིས། །འབྲས་བུ་བསྭེ་རུ་ལྟ་བུ་ཐོབ། །མོས་པ་མཛད་ན་དེ་རུ་མཛོད། །ཨ་ཁུ་ལན་གཅིག་བདག་ལ་གསོན། །བྱང་ཆུབ་སེམས་དཔའི་གཤེགས་ཤུལ་ནི། །བདེན་པ་གཉིས་ཀྱི་སྒོར་ཞུགས་ནས། །ལམ་ལྔ་ས་བཅུ་བསྒྲོད་པའི་མཐར། །ཀུན་ཏུ་འོད་ཀྱི་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །ཨ་ཁུ་ལན་གཅིག་བདག་ལ་གསོན། །གསང་སྔགས་རྡོ་རྗེ་ཀྲྀ་ཡ་པ། །དག་པ་རྣམ་གསུམ་སྒོ་ཞུགས་ནས། །རིགས་གསུམ་དཔོན་དང་གཡོག་ཏུ་ལྟ། །རྡོ་རྗེ་འཛིན་གྱི་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །གཉིས་ཀ་སྤྱོད་པ་ཨུ་པ་ཡ། །ཀྲྀ་ཡ་སྤྱོད་ཅིང་ཡོ་ག་བསྒྲུབ། །ངེས་པ་མེད་པ་ཁེ་ཚོལ་འདྲ། །རྡོ་རྗེ་འཛིན་པའི་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །ཡོ་ག་སེམས་དཔའི་རྣལ་འབྱོར་ནི། །འཇུག་སྒོ་མངོན་པར་བྱང་ཆུབ་ལྔ། །རིགས་ལྔ་ཡེ་ཤེས་ལྔ་པོ་ལ། །མཉམ་ཉིད་གྲོགས་པོར་བལྟ་ཞིང་བསྒྲུབ། །སྟུག་པོ་བཀོད་པའི་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །གསང་སྔགས་མ་ཧཱ་ཡོ་ག་ནི། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །སེམས་ཀྱི་ཆོ་འཕྲུལ་ལྟར་སྣང་བས། །ཕྱི་ནང་གསང་བའི་ལམ་ནས་བསྒྲོད། །པདྨ་ཅན་གྱི་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །གསང་སྔགས་ཨ་ནུ་ཡོ་ག་བ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །གྲངས་མདོག་མ་ངེས་སྐུ་གསུང་ཐུགས། །སེམས་ནི་མ་བརྩལ་སྐུ་གསུང་ཐུགས་སུ་གསལ། །ཀུན་བཟང་དབྱེར་མེད་ས་ཡང་ནོན། །མོས་པ་མཛད་ན་དེ་རུ་མཛོད། །གྲོས་འདེབས་མཛད་ན་དེ་རུ་མཛོད། །ལར་ཕྱིན་ཅི་ལོག་ལ་དབང་པོ་གསལ། །ཉོན་མོངས་ལྔ་ལ་བརྩོན་འགྲུས་ཆེ། །ངན་སོང་གནས་སུ་ནམ་ཡང་ལྟུང་། །དེ་སྐད་གསུངས་པས་ཁོ་ཐག་ཆོད། །ཡིད་ཆེས་ནས་བུ་རང་གར་དགའ་མཛོད། །ཟེར་རོ། །འདྲ་འབགས་ཆེན་མོ་ལས། མན་ངག་གི་ཆོས་ཚོལ་བ་ལ་སྐྱེས་བུ་ཁྱད་པར་ཅན་དགོས་པར་བསྟན་པའི་སྐབས་ཏེ་བཅུ་གཉིས་པའོ།། ༈ །།ཡང་དེའི་ཚེ་དེའི་དུས་ན་བཱཻ་རོ་ཙ་ན་དང་། གཙང་ལེགས་གྲུབ་གཉིས་ཀྱི་སྟག་ལོ་དཔྱིད་ཟླ་ར་བའི་ལོ་གསར་གྱི་ཚེས་གསུམ་ལ་གཟའ་ཟླ་བ་ལ་བརྒྱོབ་གཏད་ནས་ལྷོ་ཕྱོགས་མེའི་ཐོག་ཏུ་ཕྱིན་ཏེ་ཨཱརྱ་པ་ལོའི་གླིང་དུ་དཔག་པས་དེ་རུ་ཐུགས་རྗེ་ཆེན་པོའི་ལུང་བསྟན་ཐོབ་པས། རྗེ་ལ་ཕྱི་ཕྱག་བྱས། སྨོན་ལམ་བཏབ་སྟེ། དེ་རུ་དགུང་གཅིག་བཱཻ་རོ་དང་གཙང་ལེགས་གྲུབ་གཉིས་ཀྱི་གཟིགས་པས། བཱཻ་རོ་ཙ་ན་ལ་དགུང་གཅིག་ལ་རྨི་ལམ་མི་འདྲ་བ་ལྔ་བྱུང་སྟེ། སྲོད་ལ་ཐུན་ཅིག་རྣལ་བའི་རྨི་ལམ་ན། བུ་མོ་གཞོན་ནུ་མ་ལོ་བརྒྱད་ལོན་པ་ཞིག་གིས་རལ་གྲི་འོད་དང་རང་བཅས་པ་འབར་བ་ཞིག་གིས་བཱཻ་རོ་ཙ་ནའི་གཟུགས་ཀྱི་ཁང་པ་ནས་དྲལ་ནས། དོན་སྙིང་ཕྱུང་ཏེ་བཞི་གཤགས་སུ་གཤགས་ཆུ་ཕྱུངས་ཅུ་སེར་བཙག་པར་རྨིན། ནང་གུང་ལ་ཐུན་གཅིག་རྣལ་བའི་རྨི་ལམ་ན། རྒྱ་གར་སྐྱེས་བུ་ཉི་ཤུ་རྩ་གཅིག་གི་སྙིང་ཕྱུངས་ཏེ་སྙིང་ཉི་ཤུ་རྩ་གཅིག་ཟོས་པ་རྨིས། ནམ་ཕྱེད་ལ་ཐུན་གཅིག་རྣལ་བའི་རྨི་ལམ་ན། རྒྱ་གར་གྱི་མི་རིང་སྐྱ་བོ་ཞིག་གི་བཱཻ་རོ་ཙ་ནའི་སྤྱི་བོའི་གཙུག་ཏུ་ཡི་གེ་ཞིག་བཞག །ཨ་དེ་འོད་དུ་ཞུ་སྟེ་མེ་རུ་གྱུར། མེའི་བཱཻ་རོའི་གཟུགས་ཕུང་བསྲེག་ཅིང་རྨིས། ཐོ་རས་ཐུན་གཅིག་ཉལ་བའི་རྨི་ལམ་ན། རྒྱ་གར་ཡུལ་གྱི་སྟོན་པའི་སྐུ་རྟེན་བྱང་ཆུབ་ཀྱི་ཤིང་བུ་དེ། རྩ་བ་ནས་བཅད་ནས་བོད་དུ་ཁྱེར་ནས་འོང་བ་རྨིས། ནམ་ལང་ཁར་ཐུན་གཅིག་རྣལ་བའི་རྨི་ལམ་ན། ནམ་མཁའི་དཀྱིལ་ནས་ཉི་ཟླ་གཉིས་ཤར་བ་རྨིས། ཟླ་བ་ནམ་མཁའི་དཀྱིལ་དུ་རྒས་ཤིང་རྨིས། ཉི་མ་བསམ་ཡས་ཧས་པོ་རི་ལ་ཤར་བ་རྨིས། ཡང་ཐེང་གཅིག་ཉི་མ་ནུབ་ནས་རྒས་ཤིང་རྨིས། ཡང་ཐེང་གཅིག་ཉི་མ་བསམ་ཡས་ཧས་པོ་རི་ལ་ཤར་བར་རྨིས། དེ་རུ་དགུང་སོང་སྟེ། གྲོགས་པོ་ལེགས་གྲུབ་ལ། བཱཻ་རོས་རྨི་ལམ་བཟླས་པ། གྲོགས་པོ་བྱང་ཆུབ་སེམས་དཔའ་སྙན་གསོན་དང་། བདག་སྲོད་ལ་རྨི་བ་སྔོན་གྱི་བག་ཆགས་རྨིས། །ད་ལྟ་རྨི་བས་སྔོན་གྱི་བག་ཆགས་ངན་པ་བྱང་བའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ནམ་གུང་ལ་རྨི་བ་སྔོན་གྱི་ལས་འཕྲོ་རྨིས། །སྔོན་གྱི་ལས་འཕྲོ་སྐལ་བར་ལྡན་པ་ཡིས། །རྒྱ་གར་མཁས་པའི་མན་ངག་རྒྱུ་འབྲས་མེད་པ་རྣམས། །བཱཻ་རོ་བདག་གི་ཐོབ་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ནམ་ཕྱེད་ཐུན་གཅིག་ལོན་པའི་རྨི་ལམ་ན། །རྒྱ་གར་སྐྱེས་བུ་སྤྱི་གཙུག་ཡི་གེ་ཨ་བཞག་པས། །ཨ་ནི་མེར་གྱུར་བདག་གི་གཟུགས་ཕུང་བསྲེག་པར་རྨིས། །ཨ་ནི་སྐྱེ་མེད་ཆོས་སྐུ་དག་པ་སྟེ། །སྐྱེ་མེད་ཡེ་ཤེས་མེ་དཔུང་འབར་བ་ཡིན། །ལུས་ངག་ཡིད་གསུམ་བག་ཆགས་བསྲེག་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ཐོ་རས་ཐུན་གཅིག་རྣལ་བའི་རྨི་ལམ་ན། །རྒྱ་གར་ཡུལ་གྱི་སྟོན་པའི་སྐུ་རྟེན་བྱང་ཆུབ་ཤིང་བུ་དེ། །རྩད་ནས་བཅད་དེ་བོད་དུ་ཁྱེར་ནས་འོང་བ་རྨིས། །རྒྱ་གར་ཡུལ་གྱི་མན་ངག་བདེ་ཆེན་རྣམས། །རྩད་ནས་བཅད་དེ་བདག་གིས་ཐོབས་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ནམ་ལང་ཐུན་ཅིག་རྣལ་བའི་རྨི་ལམ་ན། །ནམ་མཁའི་དཀྱིལ་དུ་ཉི་ཟླ་གཉིས་ཤར་ཏེ། །ཟླ་བ་ནམ་མཁའི་དཀྱིལ་དུ་རྒས་པ་དེ། །ལེགས་གྲུབ་གཅན་འཕྲང་དང་པོས་བསད་པའི་རྟགས། །ཉི་མ་བསམ་ཡས་ཧས་པོ་རི་ལ་ཤར་བ་དེ། །རྒྱལ་པོའི་ཐུགས་ལ་བཱཻ་རོས་མན་ངག་བཤད་པའི་རྟགས། །ཡང་ཐང་གཅིག་ཉི་མ་ནུབ་ཏུ་རྒས་ཤིང་རྨི་བ་དེ། །བཱཻ་རོ་ཚ་བའི་རང་ན་ལན་གཅིག་སྤྱུག་པའི་རྟགས། །ཡང་ཐེང་གཅིག་ཉི་མ་ཧས་པོ་རི་ལ་ཤར་བ་དེ། །བཱཻ་རོ་ཚ་བ་རང་ན་ལོག་ནས་རྒྱལ་པོའི་ཐུགས་ལ་མན་ངག་བཤད་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །བཱཻ་རོས་གསུངས་ཏེ། དེ་ནས་ལོ་ཙཱ་བ་གཉིས་པོ་ཕར་ལ་ཕྱིན་པས་ཟླ་བ་གཉིས་ཀྱིས་རྒྱ་གར་གྱི་ཡུལ་ཆུ་འཕྲང་ཤིང་འཕྲད་དུ་ཕྱིན་པས། འཕྲང་བསྲུང་གིས་བཟུང་ལ། གསེར་ཕྱེ་ཕྲོག་པར་བྱས་པས། བཱཻ་རོས་ཆོ་འཕྲུལ་བསྟན་ཏེ། རིན་པོ་ཆེའི་ཟ་མ་ཏོག་གིས་ནང་དུ་ལྕགས་ཀྱི་སྤུ་གྲི་ཞིག་ཏུ་བརྫུས་ནས་འདུག་པ་ལ། འཕྲོང་བསྲུང་གི་དཔོན་པོ་ཀུ་ཧ་ར་ད་དུ་བྱ་བ་དེ་ན་རེ། འདི་ནི་ངོ་མཚར་ཆེའོ་ཟེར་ནས། ཆོ་འཕྲུལ་ཅན་འདི་ལ་ཟླ་བོ་འདི་བསད་ལ་གསེར་ཕྱེ་འཕྲོག་བྱས་པས། བཱཻ་རོ་ཙ་ནས་གྲོགས་པོ་ལེགས་གྲུབ་བསད་ཀྱི་དོགས་ནས་མཐའི་མོན་པ་སྤྱི་ལུམ་ཅིག་ཏུ་སྤྲུལ་ནས། འཕྲང་བསྲུང་རྣམ་ལ་མགུར་བཞེངས་པ། སྐྱེ་འཆི་གཉིས་མེད་ནམ་མཁའ་ལྟ་བུའི་སེམས་འདི་ལ། །སྣང་བ་མུན་སེལ་ཅི་ཡང་སྤྲུལ་པའི་སྐུ། །འཛམ་གླིང་མུན་སེལ་ཉི་མ་ཅི་བཞིན་དུ། །དམ་ཆོས་བཙལ་ལ་སྙམས་སྙམས་བྱ་དགོས་པས། །གསལ་ཁྱབ་ནམ་མཁའ་ལྟ་བུའི་སེམས་འདི་ལ། །བསད་དང་མ་བསད་ཤི་དང་མ་ཤི་མེད། །སྒྱུ་ལུས་ཕུང་པོའི་སྲོག་འདི་བཅད་ན་ཁྱོད་ལ་སྡིག་པར་འགྱུར། །དེ་བས་སྒྱུ་མ་གསེར་གྱི་བརྔན་པ་འདི་སྦྱིན་གྱིས། །རྒྱ་གར་ལམ་རྒྱུས་ཅི་ལྟར་ཡིན་དེ་ང་ལ་བག་ཙམ་སྟོན། །དེ་སྐད་བྱས་པས་ཁོང་ཚོས་ཀྱང་མ་བསད་པར། བྱང་ལམ་དང་པོ་ཡར་ལ་བོར། ཐ་མ་མར་ལ་བོར་ལ། བར་པ་ནས་ཞུགས་ལ་སོང་ཞིག་ཅེས་ལམ་བསྟན་ཏེ། དེ་ནས་རྒྱ་གར་ཡུལ་དུ་སླེབ་ནས། གསེར་པར་སྐུངས་སུ་སྦས་ཏེ། མན་ངག་གི་ཆོས་སུ་མཁས། ཆོས་གྲའི་སློབ་དཔོན་སུ་ཡིན། ཐབས་ཀྱིས་དྲིས་སོ། །ཆོས་སྤྱོད་པ་ནི་སུ་ཡིན། མཁས་པ་ནི་སུ་མཁས། བསྒྲུབ་པ་ནི་སུས་ནུས། ནུས་པ་སུས་ཆེ། ཚོང་དུས་དང་འདུས་པ་དང་། ཁང་སྟོང་མགྲོན་པོ་ཉལ་བ་དང་། ཀུན་དགའ་ར་བ་དང་། སྐྱེས་མོས་ཚལ་དང་། གྲོང་ཁྱེར་དང་། སྲང་དང་། འཁྱམ་དང་། མི་མང་པོ་གང་འདུ་བར་མཉན་པས། ཆོས་པ་མང་བ་སྤྱོད་པ་ཉུང་ན་མི་ཁ་མཐུན་པར། སློབ་དཔོན་ཤྲཱི་སིང་ཧ་ཞེས་བྱ་བ་པཎ་ཏྲི་ཏ་སྟོང་གི་སློབ་དཔོན་དུ་གྱུར་པ་མཁས་པ་ཉི་ཤུ་རྩ་ལྔའི་ཞབས་ལ་གཏུགས་པ། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པ། དགུང་ལོ་ལྔ་བརྒྱ་ལོན་པ་ཞིག་བཞུགས་ཟེར། ཁོང་གང་ན་བཞུགས་དྲིས་པས། དྷ་ན་ཀོ་ཤའི་མཛོད་སིང་ལྡིངས་བསིལ་བྱེད་ཀྱི་ཚལ། ཙནྡན་དྲི་ཞིམ་གྱི་ནགས་རིན་པོ་ཆེ་ཟ་མ་ཏོག་སྤུང་པའི་ཁབ་ན་བཞུགས་སོ་ཟེར་རོ། །མཐུ་དྷ་ན་སཾ་སྐྲྀ་ཏ་ཆོ་ཟེར་རོ། །དེའི་དུས་སུ་དྷ་ཧེ་ནའི་འདུ་ཁང་དུ། སེམས་ཉིད་ཐིག་ལེ་ཉག་གཅིག་ལ། རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་བ་ལ་སྨད་ཚོང་མ་བདག་ཉིད་མ་དང་། དགེ་སློང་མ་ཀུན་དགའ་མོ་དེ་གཉིས་བརྩོད་པས། ཀུན་གྱིས་བལྟས་ཤིང་རྩོད་པས། པཎྜི་ཏ་ཡོ་ཚོགས་ཏེ། བདག་ཅག་པཎྜི་ཏ་རྣམས་མཚན་བལྟས་ལོག །ཁྱེད་གཉིས་ཀྱི་མན་ངག་གིས་ཆོས་ལ་དྷ་ཧེ་ནའི་འདུ་ཁང་དུ་བརྩོད་པ་བྱས་ཏེ་བསྒྲགས་པས་ལན། དམ་ཆོས་ཕག་ཚང་དང་ལྐོག་ཚང་བྱེད་དབང་མེད་དེ། སུས་བྱས་པ་ལ་རྒྱལ་པོས་བཀའ་ཆད་གསོལ་ལོ། །ཞེས་བསྒྲགས་པས། བཱཻ་རོ་ཙ་ན་དང་། གཙང་ལེགས་གྲུབ་གཉིས་ངོ་ནག་ཏིང་ངེ་ཐལ་ལོ། །བུ་གཅིག་ཤི་བའི་མ་ལྟ་བུའི་སྡུག་བསྔལ་ཡང་བྱུང་ངོ་། །དེའི་དུས་དེའི་ཚེ་ཤྲི་སིང་ཧ་པྲ་བ་དང་བྱ་བ་དེས་ཆོས་གྲྭའི་སློབ་དཔོན་མཛད་པ་ལ། མན་ངག་གི་ཆོས་ལའང་མཁས་ཏེ། སྤྱིར་ན་སྒྲ་ལ་མངའ་བརྙེས་ནས་སྒྲ་བསྒྱུར་བ་ལ་མཁས་པ་ཕུལ་དུ་ཕྱིན་པ་ཞིག་ལགས་སྐད། ཡུལ་དྷ་ཧེ་ན་ཀུ་ཤའི་འདུ་ཁང་ན་བྱང་ཆུབ་ཤིང་དྲུང་ན་བཞུགས་པ་ལ། དེའི་དུས་རྒྱ་གར་གྱི་ཡུལ་ཟ་ཁ་བྷུདྡྷའི་གླིང་ཞེས་བྱ་བ་ན། རྒྱལ་པོ་ཀུ་མ་ས་དུ་ཞེས་བྱ་བ་ཅིག་བཞུགས་པ་ལ། བཱཻ་རོ་ཙ་ནས། དྷ་ཧེ་ན་ཀུ་ཤའི་འདུ་ཁང་གང་ན་ཡོད་དྲིས་པས། རྒྱལ་པོ་ན་རེ། ལེན་དུ་འདི་སྐད་གསུངས། མདང་སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །བོད་ཀྱི་རྒྱལ་ཁམས་ཟེར་བའི་གངས་བར་ནས། །མུན་ནག་སྨག་ཏུ་གྱུར་པའི་འཇིག་རྟེན་ན། །ཡིད་བཞིན་ནོར་བུ་ལྟ་བུའི་རྒྱལ་པོ་ཞིག །རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བྱ་བའི་བུ། །དགེ་སློང་ཨ་ཝ་དྷུ་ཏི་བྱ་བ་ཚེ་འཕོས་ནས། །བོད་ཀྱི་རྒྱལ་བུར་སྐྱེས་པ་ནོར་བུ་ལྟ་བུ་སྟེ། །གང་བར་མུན་ནག་སེལ་ཞིང་རྨིས། །བེན་དྷེ་ཁྱེད་གཉིས་རྩོལ་མེད་མན་ངག་ཚོལ་དུ་འོང་བ་ཡིན། །དྷ་ཧེ་ནའི་འདུ་ཁང་མི་སྟོན་ཟེར་བ་ལ། བཱཻ་རོ་ཙ་ནས་ལེན་བཏབ་པ། ཡེ་ནས་མ་བཅོས་ཆོས་ཉིད་རང་བཞིན་ལ། །འདུ་འབྲལ་མེད་པར་ཐམས་ཅད་མཉམ་པ་ཆེན་པོར་གནས། །དེ་ཕྱིར་གཉིས་མེད་བྱང་ཆུབ་སེམས་སུ་ཡེ་ནས་མཉམ། དེ་ཕྱིར་ལུང་དང་མན་ངག་ཚོལ་དུ་མ་མཆིས་ཏེ། །ལྷོ་བལ་མོན་གྱི་རྒྱལ་ཁམས་ཅི་ལྟ་བུ། །བོད་ཀྱི་རྒྱལ་ཁམས་ཀུན་ཏུ་སྨྲས་ཕྱིར་དྲིས་པ་ཡིན། །བྱས་པས། རྒྱལ་པོ་ཀུ་མ་ས་དུ་ན་རེ་ཡང་འདི་སྐད་གསུངས་སོ། །ཁྱེད་ཀྱི་བཀའ་བདེན་སེམས་ལ་འཆང་བའི་བྱིན་བརླབས་ཀྱིས། ཡུལ་དྷ་ཧེ་ན་ཀུ་ཤའི་གྲོང་ཁྱེར་འདི་ལྟར་ལགས། ཟེར་ནས་ཀུ་ཤའི་འདུ་ཁང་བསྟན་ཏེ། དེ་ན་སྐྱེད་ཚངས་ཆེན་པོ་དགུ་ཡོད་དེ། སྐྱེད་ཚོངས་ཆེན་པོ་དགུ་པོའི་ནང་ནས་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཆོས་ཉིད་སྐྱེ་འགགས་མེད་པའི་དངོས་གྲུབ་ཐོབ་ནས། རིག་པ་ཀློང་ནས་ཤར་བའི་སྐྱེས་བུ་དེ་ཡི་སྤྱན་སྔ་ན། མཁས་པ་དགོངས་རྒྱུད་རྣམ་པར་དག་པ་བཅུ་དྲུག་བཀའི་ལུང་ནོད་ཅིང་བཞུགས་པ་ལ། ད་བཀའི་ལུང་རྫོགས་ཐོབ་ནས་དགོངས་པ་ཀློང་དུ་གྱུར་ནས་སྨྲ་བའི་ཚིག་ལས་འདས་ཏེ་གནས་དེ་ཉིད་དུ་བཞུགས། མཁས་པ་ཕྱི་མ་བདུན་ནི། ཚིག་ཕྲ་མོ་ལས་མ་བཟློག་ཏེ་ད་རུང་ཚིག་ལ་ཆགས་ཏེ། སྐྱེད་ཚངས་གཉིས་པ་ན་བཞུགས་སོ། །སྐྱེད་ཚོངས་གཉིས་པའི་འོག་གསུམ་པ་ན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་དང་། འོག་ཁམས་པ་རལ་ལ་སོགས་པ་གྲངས་ཀྱིས་བཞུགས་ཏེ། མཁས་པ་དེ་རྣམས་ཀྱི་སྟོན་པ་དགའ་རབ་རྡོ་རྗེའི་ཞལ་མཐོང་ཞིང་ལུང་ནོད་པ་རྣམས་ཡིན་ནོ། །དེའི་གོང་མ་མཁས་པ་བཅུ་དྲུག་པོ་ལུང་ནོད་ཅིང་མན་ངག་སྒོར་ཁྱུད་དུ་བཞུགས་པ་ཡིན་ཏེ། གནས་དེ་ན་བྲམ་ཟེ་རྒན་མོ་དེ་དང་མཇལ་ནས། རྒན་མོ་དེ་ལ་སྐྱེད་ཚངས་ཆེན་པོ་དགུ་པོ་གང་ཡིན། མན་ངག་གི་ཆོས་ལ་སུ་མཁས། མཁས་པ་ཤྲི་སེང་ཧ་གང་ན་བཞུགས་དྲིས་པས། རྒན་མོ་དེ་ན་ཙནྡན་གྱི་ལོ་མས་བྱད་བཀབ་ནས་བོད་བན་གཉིས་པོ་ངས་དྷ་ཧེ་ནའི་དྲུང་ན་མཉན་པས་པཎྜི་ཏ་བརྒྱད་རྨི་ལམ་ཟློས་པ་ཐོས་པས་སྡུག་བསྔལ་མ་བྱེད་པར་ང་ལ་གསེར་ཕྱེ་ཨན་ཙམ་བྱིན་ཅིག །ཨན་ཙམ་ཅིག་བླངས་ནས་མན་ངག་ངས་བཟླའི་གསུངས་སོ། །དེས་མཚོ་ཀུན་ཏྲའི་འགྲམ་དུ་ཕྱིན་ཏེ། རྒན་མོ་དེ་ལུས་དྲ་བར་བཞུགས། བྱད་ལ་འབག་འོད་གང་ན་བྱོན། ཁ་རུ་ཨུ་བི་བཅུག་སྟེ། ཨུ་བི་ནས་རྒན་མོས་རྨི་ལམ་བཟླས་པ། ཁྱིའི་མཁན་པོ་དྷ་ཧུ་ནས་འདི་སྐད་གསུངས། སྐྱེ་བ་འདི་ལ་འབྲས་བུ་མངོན་དུ་ཐོབ་པ་ཡིན། །རྒྱུ་འབྲས་གཉིས་ལས་འདས་པ་ཨ་ཏིའི་ཡོ་ག་ཆོས། །ལས་དང་ཐུགས་རྗེ་འབྲེལ་པའི་རྣལ་འབྱོར་པ། །སྣོད་དང་སྐལ་བར་ལྡན་པ་བནྡེ་གཉིས། །མ་འོངས་རྒྱལ་ཁམས་འབྲས་བུ་ཐོབ་བྱའི་ཕྱིར། །འོ་སྐོལ་རྒྱལ་ཁམས་འདི་རུ་འོང་བ་ཡིན། །བུད་མེད་བྱ་བའི་རིགས་ངན་རྡོལ་ཐབས་སྨྲ། །རྩ་བ་དམ་ཚིག་ཉམས་ཤིང་གསང་མ་ཐུབ། །ཐང་ལ་སྨིག་རྒྱུ་ཆུ་ལ་ཁྱབ་ཡུལ་དུ། །གསང་སྔགས་མཐའ་འཁོབ་ཡུལ་དུ་ཁྱེར་ཞིང་རྨི། །དེ་སྐད་ཟློས་པས་རྒན་མོ་བདག་གི་ཐོས། །བོད་བན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །སྨད་ཚོང་མ་བདག་ཉིད་མས་ན་རེ། ཆོས་ཉིད་རང་བཞིན་མཉམ་པ་ཆེན་པོ་ལ། །ཆོས་པ་ཤས་ཆེ་གསང་ཚིག་མ་ཐུབ་པས། །སྨོན་ལམ་མ་དག་བུད་མེད་ལུས་བླངས་ནས། །འཇིག་རྟེན་འཁོར་བའི་ཆོས་བཞིན་འཁྲུལ་བའི་རྟགས། །མཉམས་པ་ཆེན་པོ་གཅིག་ལ་གསུམ་དུ་ཕྱེ་བའི་རྐྱེན། །ཉོན་མོངས་དུག་ལྔས་ཟས་ནོར་བྱེད་པའི་མའི། །སྲིན་པོ་གདོང་དམར་དབྱིབས་རྒུ་ཤ་ནག་རི་པའི་མིས། །སྐྱེས་པའི་ཐ་མ་མི་ལུས་འདི་བོར་ནས། །བྱང་ཆུབ་སེམས་དཔའི་སྤྲུལ་པ་མི་གཉིས་ཀྱིས། །གསང་སྔགས་ཐེག་པ་མཁས་པའི་མན་ངག་འདི། །སྲིན་པོ་གདོང་དམར་རྒྱལ་པོའི་སྙན་རྒྱུད་དེ། །མངའ་རིས་གསང་སྔགས་བོད་དུ་བོ་ཞིང་རྨིས། །བུད་མེད་རིགས་ལ་གསང་ཚིག་མི་བསྟན་ཅེས། །དགའ་རབ་རྡོ་རྗེའི་ཞལ་ནས་གསུངས་པ་དོན་རེ་བདེན། །དེ་སྐད་གསུངས་པ་རྒན་མོ་བདག་གིས་ཐོས། །བོད་བན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །རྒྱ། དྲང་སྲོང་བྷ་ཤི་ཏས་སྨྲས་པ། གཅིག་ལས་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །སྨྲ་བསམ་ཚིག་ལས་འདས་པ་ཡིན་པ་ལ། །རྒྱུད་ལུང་མན་ངག་གསུམ་དུ་ཕྱེ་བའི་སྐྱོན། །རྩོད་རྒྱུ་མེད་པར་རྩོད་པའི་གཞིར་གྱུར་པས། །བུད་མེད་གསང་བའི་བཀའ་ལ་མི་གདགས་ཞེས། །སྟོན་པའི་ཞལ་ནས་གསུངས་པའི་ལུང་རེ་བདེན། །དེ་ཡི་དོན་གྱིས་གསང་བ་བོད་དུ་གྱེར། །གསང་སྔགས་རབ་ཏུ་འཆལ་ཞིང་རྨིས། །དེ་སྐད་ཟློས་པས་རྒན་མོ་བདག་གི་ཐོས། །བོད་བན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །རྒྱ། འཇམ་དཔལ་དཔལ་བཟང་གིས་གསུངས་པ། ཀུན་དགའ་མ་དང་བདག་ཉིད་མ། །བུད་མེད་བྱ་བའི་རིག་ངན་ཁྱེད་གཉིས་ཀྱིས། །ཆོས་རྣམས་ཐམས་ཅད་གཅིག་ལས་མེད་པ་ལ། །འཁྲུལ་པའི་སེམས་ཀྱིས་རྒྱུད་ལུང་གསུམ་དུ་ཕྱེ། །ཅི་བཞིན་མ་བཅོས་རང་བཞིན་མེད་པ་དེ། །དབང་པོ་རབ་འབྲིང་ཐ་མ་གསུམ་པོ་དེ། །ཇི་བཞིན་གཅིག་ལ་རྒྱུད་ལུང་མན་ངག་གསུམ། །འཁྲུལ་པས་བརྟགས་ན་རྒྱུད་ལུང་མན་ངག་གསུམ་དུ་འདོད་པ་འདི། །འདོད་ཆགས་ཤས་ཆེ་རྟོགས་པའི་ཀློང་གནས་པ། །མ་ཧེ་བུད་མེད་ཁྱི་ལ་སོགས། །འཁྲུལ་པའི་རྒྱ་མདུད་འཛིན་པའི་མདུད་པ་དེས། །ལྔ་ཕུང་གཟུགས་ཀྱི་ཕུང་པོ་བསྡོམ་རེ་ལེགས། །རྟོག་ལས་འདས་པས་རང་བཞིན་ངོ་མ་ཤེས། །ནན་བརྟགས་བློ་ཡིས་གཉིས་སུ་ཕྱེ་བ་འདི། །སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་པོ་ལ། །མཁས་པའི་མན་ངག་གསང་བའི་ཏི་ཀ་རྣམས། །ས་ལ་གནས་པའི་སྤྲུལ་པ་བྱང་ཆུབ་སེམས་དཔའ་ཡིན། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་ལ། །སྙན་ཁུངས་བཟླས་ཏེ་འཆལ་པ་ཕྱར་ཞིང་རྨི། །དེ་སྐད་གསུངས་པ་རྒན་མོ་ང་ཡིས་ཐོས། །བོད་བན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །རྒྱ། ཁྱིའི་མཁན་པོ་ཕྱི་མས་གསུངས་པ། རིག་པ་འགྱུར་མེད་རྒྱལ་བའི་དགོངས་པ་དེ། །ཡ་མཚན་ཚིག་ལས་འདས་པའི་སངས་རྒྱས་ཡིན། །ཚིག་ཏུ་ཕྱེ་བ་བུད་མེད་རང་བཞིན་ཏེ། །འཁོར་བའི་ཆོས་ལ་སྲེད་པ་མ་སྤོངས་ཏེ། །སྟོན་པའི་ཞལ་ནས་གསུངས་པའི་རྒྱུད་སྡེ་དང་། །མཁས་པས་གསང་བའི་མན་ངག་ནི། །ཅི་བཞིན་མ་བཅོས་མཁའ་ལྟར་དག་པའི་ཆོས། །ཡེ་ནས་དམིགས་མེད་མཉམ་པའི་རྒྱལ་པོ་དེ། །རྒྱུད་ལུང་མན་ངག་གསུམ་དུ་དབྱེར་མེད་ལ། །འཇིག་རྟེན་སྒྱུ་མའི་ནོར་ལྟར་སེམས་འཁྲུལ་ནས། །གཅིག་ལ་གསུམ་དུ་ཕྱེ་བའི་སྐྱོན་ཡིན་པས། །སྟོན་པའི་ཐུགས་རྗེ་བྲི་བཀོལ་མི་མཛད་དེ། །བོད་ཀྱི་རྒྱལ་ཁམས་ཐམས་ཅད་དུ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཉི་ཤར་བས། །ཀུན་ལས་འདས་པའི་རྒྱལ་པོ་གདོང་དམར་གྱིས། །ས་བཅུ་སྤྲུལ་པ་བྱང་ཆུབ་སེམས་དཔའ་གཉིས། །གསེར་ཕྱེ་བརྫོངས་ནས་དཀའ་བའི་ཡུལ་འདི་འོང་། །རྒྱལ་བའི་མན་ངག་ཨ་ཏི་ནི། །ཕྱགས་མས་བཏབ་ནས་སོང་ཞིང་རྨིས། །དེ་སྐད་སྨྲ་བ་རྒན་མོ་ང་ཡི་ཐོས། །བོད་བོན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །ཤྲི་སིང་ཧས་སྨྲས་པ། བུད་མེད་བྱ་བའི་གཡོ་སྒྱུ་ངོ་བཟློག་མཁན། །སྨྲ་ལྕེ་མང་ཞིང་ཁྲེལ་འཛེམ་ཡིད་ཆེས་དཀའ། །གསང་ཚིག་མི་ཐུབ་རྩོད་པའི་གཞིར་གྱུར་པ། །དེ་ཡི་རྐྱེན་བྱས་རྨི་ལམ་འདི་ལྟར་བྱུང་། །རྒྱ་གར་ཡུལ་ནས་ཉི་ཟླ་གཉིས་ཤར་བས། །སྐྱེ་བ་ཕྱི་མ་མི་ལན་མི་གཉིས་ཀྱིས། །ཉི་མ་སྣམ་ཕྲག་བཅུག་ནས་ཁྱེར་བ་རྨིས། །ཟླ་བ་ཡུལ་ཕྱོགས་འདི་རུ་ལུས་པ་རྨིས། །མཁས་པའི་མན་ངག་བོད་དུ་ཁྱེར་བའི་ལྟས། །དེ་སྐད་སྨྲ་བ་རྒན་མོས་བདག་གི་ཐོས། །བོད་བོན་གཉིས་ཀྱི་དོན་ཆེན་འགྲུབ་པར་ངེས། །ཅེས་གསུངས་སོ། །བཱཻ་རོ་ཙ་ན་ཡིད་ཆེས་སེམས་སོས་སོ། །རྒྱ་གར་གྱི་རྨི་ལམ་དང་མཚན་མ་བཟླག་པ་དང་པོ་སྨྲས་པའོ། །ཐམས་ཅད་ན་རེ་ཨ་ཏི་མཁས་པའི་ལྐོག་ཆོས་གསང་མ་ཐུབ་སྟེ། བུད་མེད་གཉིས་ཀྱིས་རྩོད་པས་ཉེས་ཟེར་རོ། །ཐམས་ཅད་ཀུན་དགའ་མོ་ལ་དགོས་པ་སྐྱེས་སོ། །རྒན་མོ་ན་རེ། གནས་དེ་ན་བྲམ་ཟེ་མོ་ཤེལ་ཤེས་རབ་ཀྱི་བློ་གྲོས་བྱ་བ་ཞིག་རྒྱུ་འདུལ་བྱེད་ཅིང་ཆུ་ཁུར་འོང་གི་དེ་ལ་འཕྲོད་ཅིག་བྱས་པས། བཱཻ་རོ་ཙ་ན་དང་བནྡེ་གཉིས་ཀྱི་སྐྱེད་ཚངས་ཀྱི་སྒོ་རུ་བསྒུག་པས་མཇལ་ཏེ། ཆུན་མ་ལ་ཐོན་བརྫོངས་པས། བརྗེད་ཟེར་ཞིང་ཞག་གསུམ་དུ་མ་འཐོན་ནོ། །དེར་བཱཻ་རོ་ཙ་ནས་མོའི་ཆུའི་བུམ་པ་ལ་སྒྱུ་མའི་སྦྱོར་སྔགས་དང་ཆུ་སྦྱོར་བཏབ་ཏེ། བུམ་པ་ས་མ་སྦྱར་བས་མོ་ན་རེ། སྐྱེས་བུ་ལགས། ཁྱེད་ཀྱིས་རྫུ་འཕྲུལ་དེ་ལྟ་བུ་སྟོན་ནོ། །བདག་གི་ཀྱང་ཆོས་འཕྲུལ་འདི་ལྟ་བུ་སྟོན་ཟེར་རོ། །མོ་རང་གི་མཆན་ཁུངས་གཡས་པ་ནས་གསེར་གྱི་ཟངས་གྲི་སོར་བརྒྱད་པ་ཅིག་ཕྱུངས་ནས་བཛྲ་བྷནྡྷ་ཏྲ་ཐ། ཅེས་བརྗོད་མོ་རང་གི་ཁོག་པ་དྲལ་ཏེ་བསྟན་པས། ཁོག་པ་ན་ཡོ་ག་དབྱིངས་ཀྱི་ལྷ་སུམ་ཅུ་རྩ་བདུན་གྱིས་དཀྱིལ་འཁོར་བཀྲ་ས་ལེར་སྣང་སྟེ། བཱཻ་རོ་ཙ་ན་ཤིན་ཏུ་མོས་ཏེ། ན་མོ་བྷུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་ཡ། བོད་སྐད་དུ། སངས་རྒྱས་ལགས་སོ་སྐྱབས་ཀྱི་མགོན། དམ་ཆོས་ལགས་སོ་ལམ་གྱི་གཞི། དགེ་འདུན་ལགས་སོ་ས་བཅུ་ནོན། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གསུང་པ་དེས་སྒྲིབ་པ་ལན་གཅིག་བྱང་ངོ་། །དེར་བྲམ་ཟེ་རྒན་མོ་ན་རེ། ད་སྐྱེད་ཚངས་གཉིས་འོག་གསུམ་པ་ན། མཁས་པ་བི་མ་མི་ཏྲ་ལ་སོགས་པ་གྲངས་ཀྱིས་བཞུགས་ཏེ། དེས་ན་སྐབས་དང་སྦྱོར་ཏེ་ནང་དུ་ཅི་བརྟོལ་གྱིས་ཤིག །ནང་དུ་བརྟོལ་བ་དང་ལྷ་ཕྱག་གསུམ་གྱིས་ཤིག །དེ་ཙམ་ན་མཁས་པ་ཀུན་སྦ་ལྕག་ལན་གསུམ་གསུམ་ས་ལ་རྡེབ་ཀྱི་འོང་ངོ་། །འོང་ངོ་བྱ་བ་ལན་བདུན་བདུན་དང་། ཀང་ཀང་ལན་ཅིག་གི་བརྡ་མཇལ་དུ་འོང་གི། དེས་བཀའ་མཆིད་ལོ་རྒྱུས་ཀྱིས་ཞུས་ཤིག་ཟེར་རོ། །མོ་ལ་གཙང་ལེགས་གྲུབ་ཀྱིས་རྣ་ལྟག་གཡས་པ་ནས་གསེར་ཞོ་བརྒྱད་བཅད་དེ་བྱིན་ནོ། །དེས་སྐྱེད་ཚངས་ཀྱི་སྒོར་སྐབས་བཙལ་ནས། ཨ་ཙ་ར་གཅིག་ཕྱིར་ཐོན་པའི་སྒོ་དང་ངེད་ལས་པ་ལས་ནང་དུ་རྟོལ་བས་སློབ་དཔོན་རྣམས་ནི་གདན་འཕར་གསུམ་གྱིས་སྟེང་ན། སྙན་ཆ་ཁྲོལ་ལེ་བཞུགས་སོ། །ཞུགས་མར་བྱ་ཕོ་ཙམ་བཏང་ནས་བཞུགས་པ་ལ། ལྷ་ཕྱག་ལན་གསུམ་གསུམ་བྱས་པས། སློབ་དཔོན་རྣམས་སྦ་མཁར་ལན་བདུན་བདུན་ས་ལ་བརྡབ་པས་བོད་ཀྱི་བན་དེ་གཉིས་ཀྱིས་ཀང་ཀང་ལན་བདུན་བདུན་བྱས། འོང་འོང་ལན་བདུན་བྱས་པས། སློབ་དཔོན་བི་མ་ལའི་ཞལ་ནས་ཁྱེད་ཅག་འདིར་སྟོན་པ་ནི་སུ་ཡིན། ཀོང་ཀོང་འོང་འོང་ལན་བདུན་བྱེད་དུ་འཇུག་མི་སུ་ཡིན། དོན་ཅི་ལ་འོང་བ་ཡིན་གསུངས་པས། བཱཻ་རོ་ཙ་ན་དང་གཙང་ལེགས་གྲུབ་གཉིས་ཀྱིས་ཞུས་པ། རྗེ་གྷུ་རུ་ལགས། བདག་ཅག་ནི་བོད་ཡུལ་དབུས་ནས། མངའ་བདག་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་ཅེས་བྱ་བ། དཀར་པོའི་ཕྱོགས་ལ་མོས་པ། རྒྱུའི་ཆོས་ཅི་རྙེད་སྤྱད་ཀྱང་། འབྲས་བུ་བྱ་རྩོལ་མེད་པ་མ་རྙེད་དེ། འབྲས་བུ་རྩོལ་སྒྲུབ་བྱ་རྩོལ་དང་བྲལ་བ་ཅིག་བཞེད་ནས་སྤྱན་སྔར་བརྫངས་ཏེ་མཆིས་པ་ལགས་ཏེ། ཅེས་ཞུས་པས། སློབ་དཔོན་གྱིས་ཞལ་ནས། རྟགས་ཅི་དང་ལྡན་ཅེས་གསུངས་པས། བནྡྷེ་གཉིས་ཀྱིས་ཁོང་རང་གི་དབུ་སྐྲ་ཆན་པས་བཏབ་སྟེ། གསེར་གྱི་པ་ཏྲ་གཉིས་མགོ་ལས་ཞྭ་བཞིན་ཕུད་ནས་ཕུལ་བས། སློབ་དཔོན་རྣམས་ཞལ་འཛུམ་པ་མཛད་ནས། ཞལ་ནས་ཚིག་ཤོར་བ་ཡུ་བ་ཐུང་མོན་ནས། ཞལ་སྨད་མཛད་ནས་ཞལ་རོག་གེ་བཞུགས་སོ། །དོ་ནུབ་དེར་བཞུགས་ན། ནང་པར་ཡང་བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ལ་བརྗེད་རྡོར་ཟངས་བུམ་ནང་ན་རྡོ་བཅུག་སྟེ་བཏང་བས། དེ་ནས་ནང་དུ་ཆུ་ཟངས་བླུག་པས། རྡོ་བས་ཁྲོལ་ཟེར་བས། སློབ་དཔོན་ཤྲི་སིང་ཧས་གསན་པས། དེ་ཅི་ཡིན་གསུངས་པས། བྲམ་ཟེ་མོ་ན་རེ། བོད་བན་གཉིས་ཀྱིས་བརྗེད་རྡོ་ལགས། ཁང་པ་ནུས་པ་ཕྲ་མོ་འདྲ་བ་ཡང་སྟོན་ཅིང་གདའ། ཤོག་འཕྲིན་འདི་སྐུར་ཞིང་གདའ་བྱས་པས། བཱཻ་རོས་ཤོག་འཕྲིན་ན། ཀུ་ར་ན་མ་ཧཱ་ཙན། བྷུདྡྷ་དྷརྨ་སངྒ་ན་མ་ཡ། བྷོ་དྷེ་སཏྭ། ཀུ་རུ་ས་མ་ཡ་ཅན་ཛྙཱ་ན་ཀརྨ་ཀུ་རུ་གྷུ་ཧྱ་སྨིན། ཅེས་བྱ་བ་ཅིག་བརྫངས་པས། རྗེ་ཤྲི་སིང་ཧས་གཟིགས་ནས། བོད་སྐད་དུ་བསྒྱུར་བ་འདི་སྐད་དུ། འཕགས་པའི་འཕགས་པ་བྱང་ཆུབ་སེམས་དཔའ་ཁྱོད། འགྲོ་བ་རིགས་དྲུག་ནང་ནས་བསོད་ནམས་མི་ལུས་སྐུ། །ནོར་བུ་རིན་ཆེན་འབར་བ་སྡེ་སྣོད་གསུམ་གྱི་དབྱིགས། །ཡིད་བཞིན་ནོར་ལྡན་ཐུགས་རྗེ་སྟོབས་མཆོག་གི། །གསལ་ཁྱབ་ཉི་མ་ལྟ་བུ་ཐུགས་རྗེ་སྐུ་ལུས་ལ། །སྐྱེ་བ་བརྒྱུད་ནས་མི་ལུས་ཐོབ་པ་ཡིན། །བོད་ཀྱི་མི་ངན་དགེ་བསྙེན་བདག་དངོས་གཉིས། །སྒྲིབ་པ་སྦྱོང་ཕྱིར་དཀོན་མཆོག་རིན་ཆེན་ལ། །རྟགས་པར་མཆོད་ཅིང་རྒྱུན་དུ་ཞབས་འཁོར་ཡང་། །མུན་པ་བསལ་ནས་བསོད་ནམས་ཚོགས་བསྐྱེད་ཞུ། །ཐུགས་རྗེས་མ་སྨིན་སྨོན་ལམ་མ་དག་པས། །འཕགས་པའི་བཞུགས་གནས་སེམས་ཅན་གནས་སུ་འགྱང་། །འཐུག་པོའི་འཐིབ་བསལ་འཕགས་པའི་ཉི་ཞལ་འཁུམས། །ཐབས་ཀྱིས་འོད་ཟེར་སྟོན་ལ་ཐུགས་རྗེའི་ཞགས་པས་ཟུངས། །ཅེས་བྱ་བ་བྱུང་ནས། ཤྲི་སིང་ཧས། ཤོག་འཕྲིན་གྱིས་ལེན་བསྐུར་བ། ས་མ་ཡ་ཨ་པ་ར་མི་ཏ་ཛྙ་ན་བྱ་བ་ཅིག་བསྐུར་ཏེ། བཱཻ་རོས་སྒྲ་དེ་བོད་སྐད་དུ་བསྒྱུར་བ། དམ་ཚིག་ཆེན་པོས་བདག་བསྐུལ་ན། །མི་འཕྲད་པ་ཡི་རང་དབང་མེད། །འགྲོ་བའི་སེམས་ཉིད་དེ་བཞིན་གཤེགས་པའི་རིགས། །སྲིན་བུ་པདྨ་ཡན་ཆད་སངས་རྒྱས་རིགས། །འགྲོ་བ་རིགས་དྲུག་སངས་རྒྱས་ཉིད་མཉམ་ཡང་། །འཕགས་པའི་འཕགས་པར་མཆོད་པ་ཁྱེད་གྱིས་དང་། །དཀོན་མཆོག་རིན་ཆེན་བླ་མ་མཆོད་གནས་ལ། །དམ་པར་མཐོང་བའི་ཚོགས་རྣམས་སྤྱི་བའི་རྒྱུད། །སེམས་ཀྱི་རུས་པས་ཡན་ལག་ཐང་བཅད་ནས། །དཀའ་བས་བྱོན་པ་བདག་ཅག་དགའ་བའི་མཆོག །ཤེས་པ་བདུར་མ་ཞད་ཀྱིས་འཕྲད་པར་བགྱི། །ཅེས་བྱ་བ་བྱུང་ནས། བྲམ་ཟེ་མ་ཤེལ་གྱི་བློ་གྲོས་ལ་ཚེས་བཞིའི་ཟླ་བ་ནུབ་ཙམ་ནམ་གུང་ལ་འཕྲད་ཀྱི་གསུངས་ནས་ལན་བསྐུར་ནས། དེ་ནས་ནམ་གུང་ལ་མཇལ་ནས། ཞེས་དང་། ཞབས་མཁན་བྱས་ནས། གསེར་སྲང་སྟོང་ཕུལ། མར་མེ་མཛད་ཀྱིས་བརྐྱང་ཕྱག་འཚལ་ནས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བརྫངས་པའི་གླུ་འདི་གསུངས་ཞེས། བཱཻ་རོས་མགུར་བཞེངས་པ། བཀའ་ཁྲི་སྲོང་ལྡེའུ་བཙན་གྱིས་བདག་དང་། །ལས་མཐུན་མཁས་བཙུན་རྣམས། །བདག་ཀྱང་དད་པའི་སྙན་དུ་མཆོད་པའི་མི་མ་མཆིས། །བདག་ཉིད་དྲུང་དུ་འོང་དུས་ལས་ཀྱི་འཇིལ་ཉིལ་མང་། །རེ་འདོད་སེམས་ཀྱིས་ཕྲེང་ཞིང་བསྟོད་ལགས་ཀྱི། །རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་ཤིག་གནང་འཚལ་ཐུགས་རྗེས་ཟུངས། །ཅེས་དེ་སྐད་རྒྱལ་པོས་གསུངས། དེ་ལ་སོགས་པ་སྟོན་པས་ཞབས་ཀྱིས་བཅག་པ་དང་། རྒྱ་གར་གྱི་ཡུལ་དུ་སྔོན་སྟོན་པ་སྐུ་འཁྲུངས། བར་དུ་བསྟན་པ་བསྒྲགས། ཐ་མ་སྐུ་མྱ་ངན་ལས་དེར་འདས་པས། དེས་ན་རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་ཤིག་ཡོད་ངེས་པས་དེ་བསྒྱུར་དགོས་གསུངས་ནས་ངེད་གཉིས་བཏང་བ་ལགས་བྱ་བ་བྲམ་ཟེ་དཔལ་ལྡན་བུ་རུ་སྐྱེས་པའི་ལོ་རྒྱུས་བསྙད་པས་ཡིད་ཆེས། མེ་ཏོག་དོར། ཕྱག་འཚལ། ཞུ་བ་ཕུལ་བས། སློབ་དཔོན་ཤྲི་སིང་ཧའི་ཞལ་ནས། དགེ་སློང་མ་ཀུན་འགའ་མོས་མན་ངག་གི་ཆོས་ཚང་དུས་ཀྱི་འོ་མ་བཞིན་བསླད་དེ་སྤེལ། ཚིག་གི་སྒྲོ་འདོག་མང་པོས་བསླད། ཡང་དྷ་ཧེ་ནའི་འདུ་ཁང་དུ་རྒྱུད་ལུང་མན་ངག་གསུམ་ལ་སྨད་ཚོང་མ་བདག་ཉིད་མ་དང་། དགེ་སློང་མ་ཀུན་འགའ་མོ་ཁོ་གཉིས་ཀྱི་རྩོད་པ་བྱས་པས་པཎ་ཏྲི་ཏ་ཐམས་ཅད་མཚན་མ་ལོག་སྟེ། པཎ་ཏྲི་ཏ་ཐམས་ཅད་ཚོགས་ནས་གྲོས་བྱས་ནས། མཁས་པ་བརྒྱད་ཀྱིས་ཆོས་ཐམས་ཅད་བསྡུས་ཏེ། ལེགས་སུ་རེ་བས་བསླད་པ་ཚོ་བསྲེག །རྣལ་མ་མ་བསླད་པ་རྣམས་ཡོ་བསྡེབ་ཏེ། རྡོ་རྗེ་གདན་གྱི་འོག་ཏུ་སྦས་ཏེ་པཎ་ཏྲི་ཏའི་རྒྱ་དང་། རྒྱ་གར་བའི་ཆོས་སྐྱོང་བའི་རྒྱལ་པོའི་རྒྱ་གཉིས་ཕྱག་རྒྱ་རུ་སྤྲོད་ཀྱིས་བཏབ་ནས་ཡོད། རྒྱལ་བའི་བཀའ་ནས་ནི། དུས་ད་ལྟ་མཐའ་འཁོབ་བོད་ཀྱི་ཡུལ་དུ་འབྱུང་བའི་དུས་ལ་བབ་ནས་གདའ། ངས་དོ་ནུབ་མཉམ་པར་བཞག་ལ་མཚན་མ་བརྟགས་གསུངས་སོ། །ནང་པར་ལོ་ཙཱ་གཉིས་པོ་ཤྲི་སིང་ཧས་སྤྱན་སྔར་ཕྱིན་པས་མཚན་མ་བཟང་། བོད་ལ་ཕན་ཐོགས་ཉན་འདུག་གསུངས། གྷུ་རུ་ཤྲི་སིང་ཧའི་ཞལ་ནས། ད་ཡང་བཀའ་རྒྱས་པ་ནས། སྒྲོན་མ་དང་མུན་པའི་བསྐལ་པ་ཚད་མེད་གྲངས་མེད་པ་སྤེལ་མར་དཔག་ཏུ་མེད་པ་འདས་པའི་སྐབས་སུ། བསྐལ་པ་དགའ་བ་ཞེས་བྱ་བ་ལ། སངས་རྒྱས་སྟོང་ཕྲག་དྲུག་ཅུ་འབྱུང་ངོ་། །ཐ་མའི་སངས་རྒྱས་མངོན་རྫོགས་རྒྱས་པོས། མན་ངག་འདི་རྣམས་ཐུགས་ཀྱི་སྲས་བདུན་ལ་གཏད་དོ། །སངས་རྒྱས་བློ་གྲོས་བདེ་བྱེད་དང་། ཤེས་པ་སྟོབས་གྱུར་དང་། ཐོབ་པ་ཐབ་བཟང་དང་། དེ་བ་སྲིད་མེད་དང་། ཤེས་བྱེད་དབང་པོ་དང་། དབང་ཕྱུག་རིགས་པ་དང་། རྫོགས་བྱེད་བཟང་པོ་དང་། དེ་བདུན་འབྱུང་བའོ། །དེ་འདས་ནས་མུན་པའི་བསྐལ་པ་ལྔ་བརྒྱད་འབྱུང་ངོ་། །དེ་ནས་བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་འདི་ལ། སངས་རྒྱས་སྟོང་རྩ་གཅིག་བྱུང་བའི་ཐ་མར། ངའི་བསྟན་པ་ཐ་མ་ལ་བསྟན་པ་ལྔ་བརྒྱ་ཕྲག་བཅུ་དང་སུམ་བརྒྱ་གནས་པ་ལས། སུམ་བརྒྱ་ཡན་ཆད་དུ་རྒྱུ་འབྲས་ཀྱི་ཆོས་གསུངས། དེ་ནས་རྒྱུ་འབྲས་འདས་པ་འདི་འབྱུང་སྟེ། ལོ་གཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་བདུན་ན། རྒྱ་གར་ཡུལ་དུ་དར་སྟེ། ཨུ་རྒྱན་རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་དུ་འདིས་འཁོར་བ་ལན་གསུམ་དུ་སྟོངས་སོ། །དེ་ནས་གསང་བ་དམ་པ་འདི་མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར་རོ། །ཅེས་པས། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་བླངས་ནས། མཐའ་འཁོབ་རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་སྟོན་པར་འགྱུར་རོ། །ཅེས་གསུངས་སོ། །དེ་འདུལ་བའི་དུས་ལ་མ་བབ་སྟེ། དེ་ནས་ཚ་བའི་ཡུལ་དུ་ས་བདུན་པའི་བྱང་ཆུབ་སེམས་དཔའ་ལྐོག་མ་ན་སྨེ་བ་ཡོད་པ་ཅིག་དང་། རང་རྒྱལ་གྱི་སྤྲུལ་པ་ཅིག་ལ་སྟོན་པར་འགྱུར་རོ། །དེས་ཡང་ས་བདུན་པའི་བྱང་ཆུབ་སེམས་དཔའ་ལ་སྟོན། དེས་ས་ལྔ་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ལ་སྟོན། དེས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན། དེས་ཡང་ས་བདུན་པའི་བྱང་ཆུབ་སེམས་དཔའ་ལ་སྟོན། དེས་ས་གསུམ་པའི་བྱང་ཆུབ་སེམས་དཔའ་ལ་སྟོན། དེས་ས་བདུན་པ་དང་བརྒྱད་པ་ཉི་ཚེ་བ་བདུན་ལ་བརྒྱུད་ནས་གྲུབ་པ་ཐོབ་པར་འགྱུར་རོ། །དེས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་གཅིག་གི་ཐུན་མོང་དང་མང་པོའི་ཚོགས་པ་ལ་སྟོན་པར་འགྱུར་ཏེ། ལ་ལས་ནི་གོ། ལ་ལས་ནི་མ་གོ། ལ་ལས་ཉམས། ལ་ལས་ནི་གྲོལ་ཏེ། བཀའ་ཉམས་གླེགས་བམ་མང་པོ་བྲིས་ཏེ། སྣོད་དང་མི་ལྡན་པའི་ལག་འགྲིམ་སྟེ། དེ་ནས་མན་ངག་ཉམས་ཏེ་ནུབ་བོ། །ལྷ་སྲིན་འཁྲུགས་ནས་བསྐལ་པ་ཕྲ་མོ་འཇིག་གོ། །མན་ངག་འདི་དང་འཕྲད་པའི་སྐྱེས་བུ་འགའ་འགའི་བླ་མ་སངས་རྒྱས་ཉིད་དུ་མཐོང་བར་བྱས་ཏེ། མན་ངག་གསང་སྟེ་སྤྱད་ན་མྱ་ངན་ལས་འདས་སོ། །དེས་ན་ཕྱིས་མུན་པའི་བསྐལ་པ་ལྔ་བརྒྱ་འབྱུང་ངོ་། །དེ་ནས་མངོན་པའི་བསྐལ་པ་འབྱུང་སྟེ། དེ་ནས་བསྐལ་པ་བཟང་ལྡན་ཅེས་བྱ་བ་ལ། གསང་བའི་སྣོད་ལྡན་གང་ཟག་བཞི། །ཅེས་འབྱུང་སྟེ། མོས་པའི་རྡོ་རྗེ་དང་། སྟོབས་ཀྱི་རྡོ་རྗེ་དང་། ཤུགས་འཆང་བའི་རྡོ་རྗེ་དང་། རྡོ་རྗེ་རྒྱལ་མཚན་བྱ་བ་དང་བཞིས་གྲུབ་པ་ཐོབ་པར་གྱུར་ནས་སྟོན་པ་འབྱུང་བ་ལགས་སྟེ། དེ་ལ་སོགས་པ་དང་སྦྱར་ནས་དུས་ལ་བབས་སོ། །དེས་ན་ཁྱོད་ལ་བསྐུར་བར་བྱ་སྟེ བསྐུར་ཐབས་མ་ལེགས་ན་འུ་ཅག་གསུམ་ཀ་སྲོག་དང་བྲལ་བས། ཡུལ་འདི་རུ་ཡང་གང་དགའ་གར་སྤྱད་དུ་མེད། གལ་ཏེ་རྒྱལ་པོས་ཚོར་ན་འུ་ཅག་གསུམ་སྲོག་ལ་ལྟ་ཅི་སྨོས། མན་ངག་རང་ཡང་རྩ་བ་ནས་མེད་པར་བྱེད་པས། ཁྱེད་གཉིས་ཀྱིས་པཎ་ཏྲི་ཏ་བརྒྱད་ལ་གསེར་གང་སྣང་རེ་ཕུལ་ལ། ཉིན་མོ་བཞིན་དུ་འབྲས་ཀྱིས་ཆོས་ཉོན་ཅིག །ནམ་གྱི་གུང་མན་ངག་གི་ཆོས་བསྒྱུར་གྱིས་གསུངས་སོ། །དེས་པཎ་ཏྲི་ཏ་བརྒྱད་ལ་གསེར་སྲང་རེ་ཕུལ་ནས། རྒྱུ་མཚན་ཉིད་དང་འབྲས་བུའི་ཐེག་པ་ཕྱི་ནང་གི་ཆོས་ཉན་ནོ། །དུས་དེ་ཙམ་ན་པཎ་ཏྲི་ཏ་ཕྱི་མ་བདུན་ཚང་བར་ཞལ་བཞུགས་པས། བདུན་ཁ་ལ་གསང་སྔགས་ཀྱི་ཆོས་ཉན་པ་དང་། ལག་ལེན་དང་བཅས་པ་ལོ་གཉིས་བསྒྱུར་རོ། །དེ་ནས་ལོ་གཅིག་ཏུ་ཕྱི་ནང་གསང་གསུམ་གྱིས་དབང་རྫོགས་པར་མནོས་སོ། །དེ་ནས་ཤྲི་སིང་ཧ་མན་ངག་གི་ཆོས་མཉན་ཏེ། ཤྲི་སིང་ཧས་རང་གི་ཁང་པའི་ནང་དུ་རྡོ་ཆེན་པོ་གསུམ་གྱི་ཁ་རུ་རྫ་མ་ཞིག་བཞག་སྟེ། དེའི་ནང་དུ་གྷུ་རུ་བཞུགས། རྫ་མ་དྲ་བར་བཅུག །རྫ་མའི་ཁ་སླང་ང་ཆུས་བཀང་བ་ཅིག་གིས་བཅད། སྐྱ་གའི་སྒྲོ་གཅིག་རྐང་པའི་འོག་ཏུ་གཙུག །ཕོ་རོག་གི་སྒྲོ་ཅིག་མགོ་ལ་བཙུག །རྫ་མ་ལ་བུག་པ་ཕུག་ནས་དེའི་ནང་བུག་པ་ནས་ཕར་ཨུ་འབི་རིང་པོས་གྱང་གི་རྟ་ཕུག་ནས་མར་ལ་བཤད། བཱཻ་རོ་ཙ་ན་དང་བན་དེ་གཉིས་ཀྱི་ཕྱི་རོལ་ནས་ཤ་བའི་སྒྱི་བཞུ་རིང་པོ་རེ་གྱོན་ཁྲེས་པོ་རེ་ཁུར་མཁར་བ་རེ་ཐོགས་ནས་ནམ་གུང་ལ་མཉན། ཉིན་ཉི་གྲིབ་མཚམས་སུ་དར་དཀར་ལ་ར་དཀར་མོའི་འོ་མས་དཔེ་བྲིས་སོ། །ཤིང་དུར་ཤིང་གི་དུད་པས་བདུག །ཕྱིས་པཎ་ཏྲི་ཏ་རྣམས་ན་རེ། དར་ནི་ཅི་ཡི་གེ་མི་འདུག་ཡ་མཚན་རེ་ཆེ། ཟེར་སྐད། དེ་ནས་རྒྱུད་ལུང་མན་ངག་ལེན་པ་ལ་ནམ་གྱི་གུང་ལ་རྫུ་འཕྲུལ་བསྟན་ཏེ། ཤོག་གུ་ལ་གནོད་སྦྱིན་སྐར་མདའ་གདོང་གི་གཟུགས་བྱས་ཏེ། སློབ་དཔོན་ཤྲི་སིང་ཧ་བཞུགས། བཱཻ་རོ་ཙ་ནས་སེང་གེ་དམ་བརྟན་གྱི་སྦུབས་སུ་བཞུགས། གཙང་ལེགས་གྲུབ་བྱ་ངང་པའི་སྦུབས་སུ་བཞུགས། ལག་ཏུ་སླང་ང་རེ་ཉ་དང་པིར་ལ་སོགས་པས་བཀང་ནས་ལག་པར་བཟུང་སྟེ། རྡོ་རྗེ་གདན་ཡི་འོག་ནས་ཤྲི་སིང་ཧ་དང་བཱཻ་རོ་ཙ་ནས་མན་ངག་རྐུས་སོ། །རྒྱ་རིམ་པ་བདུན་གྱི་བཏབ་པ་བཤིག་སྟེ། ཆོས་བམ་པོ་ལྔ་བརྒྱ་ལྔ་བཅུ་རྩ་བཞི་བླངས་པས། གཙང་རིགས་ཀྱི་མགོན་པོ་སུམ་བརྒྱ་དྲུག་བཅུ་དང་སྔགས་ཕྱི་ནང་གི་བསྲུང་མ་རྣམས་ཞལ་མངོན་སུམ་དུ་བྱོན་ནས། ཤྲི་སིང་ཧ་དང་། བཱཻ་རོ་ཙ་ན་ལ་གཡས་ཕྱོགས་ནས་གཡོན་སུ་བསྐོར་ཏེ་ཕྱག་འཚལ་ནས་བདག་ཅག་མི་མ་ཡིན་ཆོས་སྐྱོང་བའི་བསྲུངས་མ་རྣམས་ནི་བཀའ་འདི་རྣམས་ཀྱི་རྗེས་སུ་མཆིས་སོ། །ཤིན་ཏུ་ཡང་མན་ངག་འདི་རྣམས་རྗེས་སུ་མཆིས་སོ། །སྣོད་དང་མི་ལྡན་པ། ཤེས་ལོ། གྲགས་ལོ། བཙུན་མོ། །མཁས་ལོ་ཙམ། ཉན་ལོ་ཙམ། ཐོས་ལོ་ཙམ། བསྒོམ་ལོ་ཙམ། དད་པ་གདིང་ནས་མེད་པ། ཞེན་པ་གཏིང་མི་བཟློག་པ། འཛིན་ཆགས་གཏིང་ནས་མི་གྲོལ་བ། དེས་ཆ་དང་འབུལ་བ་གཉིས་ཕམ་རྒྱལ་བལྟ་བའི་ལག་འགྲིམ་ཙམ་ན། དམ་ཉམས་ལག་ཏུ་སོང་བ་ཡིན་པས། དེ་ཙམ་ན་བདག་ཅག་མི་མ་ཡིན་པ་རྣམས་མ་དགའ། ཤིན་ཏུ་ཡང་མ་དགའ། རབ་ཏུ་ཡང་མ་དགའ། བདག་ཅག་མི་མ་ཡིན་པ་རྣམས་ལ་ལ་ཕ་བསད་པ་སྙམས་བྱེད། ལ་ལ་ནི་མ་བསད་པ་སྙམས་བྱེད། ལ་ལ་ནི་བུ་གཅིག་སྟོར་བ་སྙམས་བྱེད། ལ་ལ་ནི་དཔྲལ་བའི་མིག་ཕྱུང་བ་སྙམས་བྱེད། ལ་ལ་ནི་ཁང་གི་སྙིང་ཕྱུང་བ་སྙམས་བྱེད། ལ་ལ་ནི་ནོར་བུ་རིན་པོ་ཆེ་སྟོར་བ་སྙམས་བྱེད། དེའི་ཚེ་དེའི་དུས་ན། ནད་དང་། མུ་གེ་དང་། འཁྲུགས་པ་དང་། ས་གཡོ་བ་དང་། རླུང་ནག་དང་། འཚུབ་མ་དང་། བུ་ཡུག་དང་། མི་བདེ་བ་སྣ་ཚོགས་འོང་ངོ་། །ན་རག་ཆེན་པོ་དམྱལ་བ་ལ་ཡང་ཡོངས་སུ་འཕེལ་བ་འོང་ངོ་། །སློབ་དཔོན་ལའང་ཚེ་ཐུང་ལ་ནད་མང་བ་འོང་ངོ་། །སློབ་མ་རྣམས་ལའང་འཕོངས་པ་སྡུག་པ་དང་། གྲི་རུ་འཆི་བ་ལ་སོགས་པ་འོང་ངོ་། །ཆོས་ལ་ཡང་མཐུ་ཆུང་བ་དང་། བོན་པོ་དང་། མུ་སྟེགས་པ་དང་། སྔགས་པ་དང་། སྲིན་པོ་བདུད་དུ་ལྡང་དུས་འོང་ངོ་། །དེ་ནས་ལ་ལས་ནི་མན་ངག་འདི་བསྲོ། ལ་ལས་ནི་བསྲོལ། ལ་ལས་ནི་འཚོང་། ལ་ལས་ནི་སློད། དེ་ལ་བསྟན་པ་འདི་འཆང་བ་དང་། འདི་བཤད་པ་དང་། འདི་ཐུགས་ལ་འཆང་བ་ནི་སངས་རྒྱས་ངོ་བོ་ཉིད་ཡིན་ཏེ། དེ་ལ་ལ་ལས་བསྐུར་པ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། དེ་ལྟར་བྱས་པས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ། །དེའི་ཕྱིར་ཤིན་ཏུ་གསང་བར་སྦོས་ཤིག །གསང་བར་འཆང་ཤིག །གསང་བར་ཡིད་ལ་གྱིས་ཤིག་ཟེར་ནས་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་ཅུ་དང་། སྔགས་ཕྱི་ནང་གི་བསྲུངས་མ་རྣམས་ནམ་མཁའ་ལ་གཤེགས་ནས་སོང་ངོ་། །རེས་འགའ་ནགས་འཐུག་པོའི་རྩར་བཤད། རེས་རི་རྩེ་དང་། གཡའ་རྩེ་ལ་བཤད། རེས་ནམ་མཁའི་དཀྱིལ་ནས་བཤད། རེས་རྒྱ་མཚོའི་དབུས་སུ་བཤད། དེ་ཡང་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག་བཤད། ཀུན་རྫོགས་པའི་རྟགས་སུ་རྩལ་ཆེན་བཤད། བསམ་གཏན་སྟོན་རྟགས་སུ་ཐིག་ལེ་དྲུག་པ་བཤད། ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ཁང་འོག་ཏུ་འདུས་པའི་རྟགས་སུ་ཁྱུང་ཆེན་བཤད། ཐེག་པ་ཐམས་ཅད་ལས་ཁྱད་དུ་འདོན་པའི་རྟགས་སུ་མི་ནུབ་པའི་རྒྱལ་མཚན་བཤད། དེ་ནས་གྷུ་རུའི་རིགས་ཀྱི་བུ་མགུའམ་བྱས་པས་རྗེས་སུ་ཡི་རང་། དེ་རེ་ཡང་རེ་སྟེ་གདའ་ཡང་གདའ། ཤིན་ཏུ་ཡང་མོས་པ་ལགས་སོ། །བྱས་སོ། །ཡང་ཐམས་ཅད་འདུས་པའི་རྟགས་སུ་ཡིད་བཞིན་ནོར་བུ་བཤད། ཆོས་དང་གང་ཟག་ལ་ཆེ་བའི་རྟགས་སུ་རྗེ་བཙན་དམ་པ་བཤད། གོང་འོག་གི་སྐྱོན་དང་ཡོན་ཏན་ཤེས་དགོས་པའི་རྟགས་སུ། སྤྱི་གཅོད་རྒྱལ་པོ་བཤད། ཤེས་རབ་གསུམ་ལ་བརྟེན་དགོས་པའི་རྟགས་སུ་ཀུན་འདུས་རིན་པོ་ཆེ་བཤད། དེ་ནི་ཆུང་བ་བཞིའོ། །ཤེས་པ་ཐམས་ཅད་གདམས་པ་ལ་རག་ལས་དགོས་པའི་རྟགས་སུ་བདེ་འབྱམས་བཤད། འབྲས་བུ་ཀ་བ་ཙི་ལ་ཐུག་པའི་རྟགས་སུ་སྲོག་གི་འཁོར་ལོ་བཤད། དཔེ་དོན་རྟགས་གསུམ་ལ་རག་དགོས་པའི་རྟགས་སུ་ཏིག་དང་ནམ་མཁའི་རྒྱལ་པོ་བཤད། དེ་ནི་འབྲིང་པོ་བཞིའོ། །དྲངས་དོན་དང་ངེས་དོན་གཉིས་ཀྱིས་གཞན་གྱི་དོན་བྱེད་དགོས་པའི་རྟགས་སུ་བདེ་བ་ཕྲ་བཀོད་བཤད། ཐེག་པ་ཐམས་ཅད་ཤན་འབྱེད་པའི་རྟགས་སུ་སྤྱི་བཅིངས་བཤད། རིག་པ་དང་མི་འགལ་པར་བྱ་བའི་ཕྱིར་རྡོ་ལ་གསེར་ཞུན་བཤད། སྤྱོད་པ་དང་དམ་ཚིག་རྣལ་འབྱོར་པའི་སྲོག་ཡིན་པའི་ཕྱིར་རྩེ་མོ་བྱུང་རྒྱལ་བཤད། དེ་ནི་ཆེ་བའི་ཕྱོགས་བཞིའོ། །ཆོས་འཆལ་བ་དང་མི་འཆལ་ངོ་ཤེས་དགོས་པའི་ཕྱིར་རྨད་དུ་བྱུང་བར་བཤད་དོ། །རྨད་བྱུང་ཡན་ཆད་ཐོས་པ་ཙམ་གྱི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་། གསུང་ཐོས་དངོས་གྲུབ་བརྙེས་ཏེ་མིང་ཡང་བཱཻ་རོ་ཙ་ནར་བརྟགས་སོ། །དེས་ཚིམ་མམ་བྱས་པས། གཙང་ལེགས་གྲུབ་ནི་ཚིམ་ཟེར་ནས་ལམ་དུ་ཞུགས་ནས་སོང་བ་དེ་གཅན་འཕྲང་དང་པོ་པས་སྐུ་ཚེ་ལོ་བཞི་བཅུ་ཞེ་བཞི་ལ་བཀུམ་མོ། །བཱཻ་རོ་ཙ་ནས་མ་ཚིམ་ལགས། ཟེར་ནས་ཞག་གསུམ་དུ་ཁ་སྦུབ་ཏུ་ཉལ་ཏེ་འདུག་གོ། །ཤྲི་སིང་ཧའི་ཞལ་ནས། ཁྱོད་རོག་པོ་སོང་བ་ལ་མ་དགའ་འམ་བྱས་པས། བཱཻ་རོ་ཙ་ནས་འདི་སྐད་གསུངས། མགྲོན་པོ་གནས་མཐུན་རང་རང་གནས་སུ་གྱེས་པ་ལ། དེ་ལ་མི་དགའ་ཅི་མཆིས་སྨྲས་པས། རྗེའི་ཞལ་ནས། འོ་ན་ཁྱོད་ནའམ་བྱས་པ། བཱཻ་རོས་ན་ལགས་བྱས་པས། ཁྱོད་ཅི་ན་གསུངས་པ་ལ། བཱཻ་རོ་ཙ་ནས་ནད་གླུ་རུ་བླངས། རྗེ་མ་ཧཱ་གྷུ་རུ་ཆེན་པོ་ལགས། །བདག་འདྲ་བོད་ཀྱི་བཱཻ་རོ་ཙ་ན་ལ། །གཞན་གྱི་ནད་ལྟ་མ་མཆིས་ཏེ། །མཐོང་སྟེ་མ་འཕྲད་བདག་ནི་རང་སེམས་ན། །ཐོས་ཏེ་མ་གོ་རང་སེམས་ན། །མྱོང་སྟེ་མ་ཚིམ་རང་སེམས་ན། །ནད་གཞི་སེམས་སྡེ་བཅོ་བརྒྱད་པོ། །གཏིང་མ་རྙེད་པ་འདོད་པ་རྙེད། །མཐར་ཕྱིན་གྱི་སྨན་ཅིག་ད་བཟོད་བཞུ། །ཅེས་གསུངས་སོ། །གྷུ་རུ་ན་རེ་ངས་ནི། ཀུན་བསྟན་ན་ཁྱོད་ཅི་ལ་སྡུག །གསུངས་སོ། །ཡང་བཱཻ་རོ་ཙ་ནས་ལན་དུ་མགུར་བཞེངས་པ། ལྟ་བ་ཕྱོགས་རིས་མེད་པ་དེ། །ལས་དང་རྟོགས་པའི་འཕྲང་ལ་རྡུག །སྤྱོད་པ་བླངས་དོར་མེད་པ་དེ། །འདོད་རྩོལ་གཉལ་གྱི་འཕྲང་ལ་རྡུག །ལམ་ལ་བསྒྲོད་དུ་མེད་པ་དེ། །ལུང་དང་རིག་པའི་འཕྲང་ལ་རྡུག །རང་བྱུང་ཡེ་ཤེས་ཆེན་པོ་དེ། །བག་ཆགས་འཐུགས་པོའི་འཕྲང་ལ་རྡུག །དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་འཕྲང་ལ་རྡུག །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། །བརྡ་དོན་སྤྲད་པའི་འཕྲང་ལ་རྡུག །རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡ་དོན་འབྲེལ་བའི་འཕྲང་ལ་རྡུག །སངས་རྒྱས་སྤྱོད་ཡུལ་རང་དབང་ལ། །སྤྱི་བླུག་ཚངས་པའི་དབང་ལ་རྡུག །ཆ་ལགས་མན་ངག་སེམས་སྡེ་བཅོ་བརྒྱད་པོས། །འཕྲང་བརྒྱད་སྐྱེལ་མ་མ་ཁོགས་སོ། །ང་བདག་བཱཻ་རོ་ཙ་ན་ཡང་། །ཡུལ་དུ་འགྲོ་བའི་འཕྲང་ལ་རྡུག །འཕྲང་བསྲུངས་གཅན་གཟན་རྣམས་ལ་རྡུག །བྱས་པས། སློབ་དཔོན་ཤྲི་སིང་ཧས་བཞད་དེ་དགྱེས་སོ། །འདྲ་འབགས་ཆེན་མོ་ལས། མན་ངག་བཅེལ་བའི་སྐབས་ཏེ་བཅུ་གསུམ་པའོ།། ༈ །།བར་དེ་རྒྱ་གར་རྨི་ལམ་བར་པ་ལོགས་སྟེ། མཁས་པ་པཎྜི་ཏ་ལ་ལ་ན་རེ། ཆུ་ཐམས་ཅད་བོད་དུ་སོང་ཞིང་རྨིས་ཟེར་རོ། །མཁས་པ་ལ་ལ་ན་རེ། རྩི་ཤིང་མེ་ཏོག་ཐམས་ཅད་བོད་དུ་ཁྱེར་ཞིང་རྨིས་ཟེར་རོ། །མཁས་པ་ལ་ལ་ན་རེ། མཁས་པ་བོད་དུ་སྤྱན་དྲངས་ཀྱི་རྨིས་ཟེར། མཁས་པ་ལ་ལ་ན་རེ། སྙིང་ཕྱུངས་ཤིང་བོད་དུ་ཁྱེར་ཞིང་རྨིས་ཟེར། མཁས་པ་ལ་ལ་ན་རེ། ཉི་ཟླ་བྱང་དུ་རྒས་ཤིང་རྨིས་ཟེར། དུས་དེར་རྒྱུད་སྡེ་དྲུག་ཅུ་ཐམ་པ་གནང་། དབང་དང་གདམས་ངག་ཐམས་ཅད་རྫོགས་པར་བསྟན། ཁྱད་པར་མན་ངག་རྒྱ་མཚོ་ཀློང་བསྟན་ནས་དགྱེས་སོ། །འབད་རྩོལ་དང་རྩོལ་བསྒྲུབ་ཀྱིས་འབྲས་བུ་བརྩལ་མི་དགོས་ཏེ། ཡིན་པའི་དོན་ལ་རྟོགས་པའི་བློས། མཉམ་སྙོམས་རང་ཁ་མར་བཞག་པས། །འབྲས་བུ་སངས་རྒྱས་ཐོབ་པའི་མན་ངག །རྒྱ་མཚོ་ཀློང་བཤད་ནས་ཚིག་ལགས་སོ། །གསུངས་སོ། །བཱཻ་རོས། སློབ་དཔོན་ཤྲི་སིང་ཧ་ལ་བོད་དུ་བྱོན་ཁར་གསེར་གྱི་པ་ཏྲ་གསུམ་ཡོན་དུ་ཕུལ་ནས། སྐུ་གསུམ་སྟོན་པ་མཆོག་གི་སྲས། །ཐམས་ཅད་མཁྱེན་པའི་བདག་གི་ཕ། །བློ་ཡི་རེ་དོགས་བཅད་པའི་ཕྱིར། །དབུ་བསྙུངས་བཞེས་པའི་ཆོས་ཤིག་ཞུ། །ཞུས་པས། རུའི་ཞལ་ནས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང་། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སིདྡྷི་ཀན། །གསུངས་ནས་ཅང་མི་གསུངས་བར་འདུག་གོ། །དེ་ནས་སློབ་དཔོན་ལ་བསྟོད་པ་ཕུལ་བས། མ་སྐྱེས་རྡོ་རྗེ་བདེ་བའི་སྐུ། །གྲག་སྟོང་འགག་མེད་ཚངས་པའི་གསུང་། །གཉིས་མེད་ཡེ་ཤེས་ནམ་མཁའ་ཐུགས། །ཤྲི་སིང་ཧའི་སྐུ་གསུང་ཐུགས་ལ་བསྟོད། །ཅེས་གསུངས་སོ། །དེ་ལ་ཡིད་ལྷངས་ཀྱིས་ཆེས། སངས་རྒྱས་ཀྱི་ས་ནོན། འཁོར་འདས་ཀྱི་ཆོས་སྣང་སྲིད་ཟིལ་གྱིས་ནོན། ཆོས་དང་སེམས་སུ་འདྲེས། དེར་རྗེ་ཤྲི་སིང་ཧའི་ཞལ་ནས། འོན་ཀྱང་རྒྱལ་པོ་མི་བསླུ་བར་བྱ་བའི་ཕྱིར། བོད་དུ་བསྟན་པ་སྒྲོགས་ཤིག་གསུངས་སོ། །ཡང་རྗེ་ཤྲི་སིང་ཧའི་ཞལ་ནས། སློབ་དཔོན་གྱི་བརྩ་བསྐུར་ལུགས་ལ་གསུམ་ཡོད་དེ། མན་ངག་རཏྣ་དམ་པ་འདི། འཁོར་འདས་ཐམས་ཅད་གསལ་ཞིང་མཐོང་བྱེད་པ། །མིག་གི་འབྲས་བུ་བཞིན་དུ་བརྩ་བསྐུར་བར་བྱ། །ཐེག་པའི་སྙིང་པོ་ཀུན་གྱི་བཅུད་ཡིན་པས། །སྙིང་གི་ཁྲག་བཞིན་བརྩ་བསྐུར་བར་བྱ། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། །སྲོག་རྩ་ཆེན་པོ་བཞིན་དུ་བརྩ་བསྐུར་བར་བྱ། །ཅེས་གསུངས་སོ། །ཡང་སྦྱིན་ལུགས་རྣམ་པ་བཞི་ཡོད་དེ། ཡུལ་དུ་སྙིང་བཞིན་བྱེད་པ་ཡིན། །སློབ་མ་དད་ལྡན་འཇམ་རིང་ལ། །དེས་འགྲོལ་ཏི་ཀ་ས་གཅོད་རྣམས། །གྲངས་བཏབ་ཏི་ཀ་སྡེབ་སྟེ་སྦྱིན་པར་བྱ། །དད་ལྡན་སློབ་མ་རྒྱུད་བཟང་ཞིང་། །དྲུང་དུ་ཡུན་རིང་སྡོད་པ་ལ། །སྦ་གསང་མེད་པར་སྦྱིན་པར་བྱ། །རྒྱུད་བཟང་སྣོད་ལྡན་ཡུན་རིང་ལ། །དད་པ་ཆུང་ཡང་ནན་གྱིས་སྦྱིན། །ཕ་ལ་བསྐུལ་ཞིང་སྦྱིན་པར་བྱ། །དད་པ་གདུང་སྟེ་དྲུང་དུ་འཁོར། །ཤེས་རབ་རྨོངས་པས་མ་གོ་ན། །ཡིག་སྣར་བྱས་ནས་སྦྱིན་པར་བྱ། །ཡང་མི་སྦྱིན་པ་ལ་བཞི་ཡོད་དེ། ཁོང་ཁྲོ་མཚུར་ངན་དད་མེད་ལ། །ཚིག་འགལ་བྲིད་ལ་བསྐྲད་ལ་བཏང་། །དད་དང་བརྩོན་འགྲུས་ཤེས་རབ་ཆུང་། །དོན་ལ་མི་སློབ་བཤད་རིང་དེས་འགྲོལ་འདོད་པ་ལ། །ཚིག་འགས་བྲིད་ལ་བསྐྲད་ལ་བཏང་། །འོང་ལོང་མེད་པར་བྲིད་བ་འདོད། །བྲི་ལང་མེད་པར་གདམས་ངག་འདོད། །འཇམ་པོས་བྲིད་ལ་བསྐྲད་ལ་བཏང་། །དཔེ་དང་ཚངས་པ་ཆོས་བརྗེ་བྱེད། །འབུལ་བའི་སྐྱིན་པོ་ལ་འུར་ཚོལ། །བརྟགས་ནས་ངལ་ལ་འདོད་པ་ལ། །རྒྱལ་ཁམས་འཕྱ་ཡང་མཁོན་པར་བྱ། །ཡང་སྤྱོད་པ་ལ་ཡང་བཞི་ཡོད་དེ། །ཡང་ཕུར་སྨན་དང་ཚེ་བསྒྲུབ་རྣམས། །དགེ་སློང་དམ་ཉམས་བུད་མེད་ཡངས། །གཞུང་བཞིན་དང་བསྲིང་དྲོད་རྟགས་དབྱུང་། །ངན་སྔགས་ལ་སོགས་གསང་སྔགས་རྣམས། །གསང་ལ་དགོས་པར་མཚན་རྟགས་དབྱུང་། །སྤྱོད་མཐོང་ལུགས་ཀྱི་བདག་ཉིད་ཉམས། །གསང་སྔགས་ཐུན་མོང་མ་ཡིན་འདི། །ལས་ངན་ཕག་ཏུ་སྦ་མ་སྤྱད། །བཀའ་དང་སློབ་དཔོན་མན་ངག་ཀྱང་། །སོ་སོར་རང་རེའི་གཞུང་བཙན་པས། །བསླད་ཀྲུག་ཤེས་བཅུག་མ་བྱེད་པར། །ཉན་བཤད་སྤྱོད་པ་དེ་ལྟར་སྤྱོད། །ཅེས་བཱཻ་རོ་ཙ་ན་ལ་ནན་ཏན་བྱས་པས། བཱཻ་རོས་ཀྱང་གྷུ་རུས་གསུངས་པ་བཞིན་བྱའོ། །ཞེས་དམ་བཅས་སོ། །འདྲ་འབགས་ཆེན་མོ་ལས། ཤྲི་སིང་ཧས་བཱཻ་རོ་ཙ་ན་ལ་མན་ངག་གཏད་པའི་སྐབས་ཏེ་བཅུ་བཞི་པའོ།། ༈ །།དེ་ནས་བཱཻ་རོ་ཙ་ན་རྒྱ་གར་ནས་བྱོན་ཁར། སློབ་དཔོན་ཤྲི་སིང་ཧས། ད་ཁྱོད་བོད་དུ་འགྲོ་རན་ནོ་བྱ་བའི་མགུར་བཞེངས་ནས་བསྐུལ་བ། གདུག་ཅིག་ལོན་ནོ་ཁྲི་གདུགས་ཉི་མ་ཁྱོད། །གླིང་ཁམས་གཞན་དུ་སྒྲོན་མེ་མཛད་རེ་རན། །དགུང་ཅིག་ལོན་ནོ་བཅྭོ་ལྔའི་ཉ་ཆེན་ཁྱོད། །གླིང་ཁམས་གཞན་དུ་སྣང་བ་འཆར་རེ་རན། །དཔག་ཆེན་མེད་པའི་གཞུ་འདམ་ཁེངས་པ་ཁྱོད། །དམིགས་པའི་འབེན་ལ་ད་ནི་འདེགས་རེ་རན། །རྒྱུད་ལུང་མན་ངག་འཛོམ་པའི་བཱཻ་རོ་ཙ་ན་ཁྱོད། །མངའ་རིས་བོད་དུ་བསྟན་པ་བསྒྲགས་རེ་རན། །ཅེས་གསུངས་སོ། །དེ་ནས་བཱཻ་རོ་ཙ་ནས་སློབ་དཔོན་ཤྲི་སིང་ཧ་ལ་མཆིད་འཚལ་བ། དགུང་ལ་ཤར་བའི་ཁྲི་གདུགས་རིན་པོ་ཆེ། །གོས་མེད་དབྱར་ནས་འཁྱགས་ཀྱི་ཁྲི་གདུགས་ཐུགས་རྗེ་མི་ཆུང་འཚལ། །ལྷུམ་རའི་ནང་ནས་སྐྱེས་ཀྱི་ནས་འབྲས་འོང་མོ་ཆེ། །བརྒྱག་མེད་སྟོན་ནས་ལྟོགས་ཀྱི་ནས་འབྲས་བུ་ཐུགས་རྗེ་མི་ཆུང་འཚལ། །འཚོ་བྱེད་སྨན་གྱི་སྒྲོ་བ་རིན་པོ་ཆེ། །འདུ་བ་རྣམས་བཞིའི་གདུངས་གྱི་སྨན་སྒྲོ་ཐུགས་རྗེ་མི་ཆུང་འཚལ། །འབྲས་ཆང་དིང་མས་གང་བའི་རྒྱ་རྫ་རིན་པོ་ཆེ། །ཚད་པས་གདུང་བས་ཀྱང་ནི་སྐམ་ལགས་ཀྱི། །རྒྱ་རྫས་འབྲས་ཆང་ཐུགས་རྗེ་མི་ཆུང་འཚལ། །བཙན་པོ་ཁ་དྲགས་བསྐྱེས་མ་རིན་པོ་ཆེ། །ཁ་ཞན་ཁྱིམ་ནས་འཇིགས་ཀྱི་བསྐྱེལ་མ་ཐུགས་རྗེ་མི་ཆུང་འཚལ། །རྒྱ་གར་ཤྲི་སིང་ཧ་རིན་པོ་ཆེ། །དད་ལྡན་འཁོར་བར་འཁྱམ་ན་སྙིང་རེ་རྗེ། །གྷུ་རུ་ཐུགས་རྗེ་མི་ཆུང་འཚལ། །ཅེས་ཞུས་པས། ཤྲི་སིང་ཧས་མན་ངག་གི་བཅུད་ཕྱུངས་པ་བཱཻ་རོ་ཙ་ན་ལ་མན་ངག་མཛུབ་ཚུགས་སུ་ལྷུན་གྲུབ་ཀྱི་སངས་རྒྱས་པར་བྱས་སོ། །གསང་བ་དམ་པའི་མཆོག་ཏུ་གདམས་པའོ། །ཡང་དེའི་དུས་སུ་འདའ་ཁ་མའི་ཞལ་ཆེམས་རླུང་གི་ཀྱང་ཐོས་སུ་མི་རུང་བར་གདམས་པ། ཤྲི་སིང་ཧའི་ཐུགས་ཀྱི་ཀློང་རྡོལ་ནས། བཱཻ་རོ་ཙ་ནའི་སེམས་ལ་སྙིང་ཁུང་གདམས་པ། ལས་འཕྲོ་དང་སྐལ་བར་ལྡན་པ་ཅིག་དང་འཕྲད་པར་ཤོག །རང་སེམས་ཡེ་ཤེས་རྡོ་རྗེ་འདི། །ཡོད་མེད་དབུ་མ་ཙམ་ཡང་མི་དམིགས་ཤིང་། །རྟག་ཆད་མཐའ་ལ་མི་གནས་ཏེ། །སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། །བླངས་དོར་མེད་པའི་བློ་བཞག་སྟེ། །འདི་ཞེས་བསྒོམ་པའི་འདུ་ཤེས་བྲལ། །དེ་ནི་དགོངས་པའི་མཐར་ཐུག་གོ། །སེམས་ནི་སངས་རྒྱས་ཀུན་གྱི་དངོས། །སེམས་ཞེས་བྱ་བ་སངས་རྒྱས་ཡིན། །སེམས་ཀྱིས་སེམས་ལ་ལྟ་བ་ནི། །སེམས་ཀྱི་སྐྱོན་དང་གོལ་ས་བརྟགས། །དེ་ནས་ཉམས་དང་དྲོད་ཚད་སྐྱེ། །རང་སྣང་དཀྱིལ་འཁོར་རང་ལ་འཆར། །སེམས་ཀྱི་ཁ་དོག་ཅིར་མི་དམིགས། །དབྱིབས་ཀྱི་རྣམ་པ་གང་ཡང་མེད། །སེམས་ནི་རྒྱུ་ལས་མ་བསྐྱེད་དེ། །རྐྱེན་གྱིས་ཉམས་པ་འཇིག་པ་མེད། །ཐོག་མ་མ་བྱུང་མཐར་མི་སྟོང་། །དུས་གསུམ་ཀུན་ཏུ་སྟང་ཞིང་དབེན། །འདི་འདྲ་ཞེས་སུ་བསྟན་དུ་མེད། །དགག་དང་བཟུང་དང་གཏང་སྙམས་དང་། །སྐྱེས་དང་དྲུག་གི་སྤྱོད་ཡུལ་མིན། །བྱིང་རྨུག་གཉིས་པོ་འདི་ལ་མེད། །ཅི་བཞིན་པ་ཡི་ངང་ལ་བཞག །ཡིག་འབྲུ་ཕྱག་མཚན་ཅིར་མི་དམིགས། །སྒྲ་དང་ཚིག་ལས་འདས་པའི་སྒོམ། །སེམས་ཀྱི་ཚོར་རམ་སྤྱོད་པ་ནི། །སྙམ་སྙམས་བུའམ་འཇིག་ལྟུང་མང་། །དེ་དག་ཀུན་ལ་རེ་དོགས་མེད། །ཅི་ཡང་ངོ་བོར་མི་རྟོག་གོ། །སྟོང་པའི་ངང་ལས་མ་གཡོས་ན། །དབུག་ཀྱི་རྒྱུ་བ་མི་ཚོར་ཞིང་། །ཕུང་པོ་ཡོད་པར་མི་མངོན་ཏེ། །ནམ་མཁའ་སྟོང་པའི་ངང་ཉིད་ལས། །རིག་པ་ཡེ་ཤེས་ཤར་བའི་དྲངས། །སྐར་མའི་འོད་འདྲ་གློག་འགྱུར་འདྲ། །ཉི་མ་ཤར་བའི་འོད་འདྲ་གསལ། །དེ་ལྟར་ཅིག་ཏུ་གོ་བ་རྫོགས་པའི་ལམ། །ཐམས་ཅད་སྟོང་པའི་རིག་པའི་རྩལ། །མུན་པ་སེལ་བ་ཉི་མའི་འོད། །མཁས་པ་ཤྲི་སིང་ཧའི་བཀའ། །བཱཻ་རོ་ཙ་ནས་དཀའ་བ་སྤྱད། །མངའ་བདག་རྒྱལ་པོའི་ཐུགས་ལ་ཐིམས། །ཅེས་གསུངས་ནས་མགུར་དུ་བཞེངས་སོ། །ཡང་བཱཻ་རོ་ཙ་ནས་མགུར་ལས་དྲངས་ཏེ་སློབ་དཔོན་ཤྲི་སིང་ཧ་ལ་མཆིས་འཚལ་བ། མ་ཞོ་བུས་འཐུང་འབྲལ་དང་མི་ཕོད་སྟེ། །ཡར་ཞོ་སྙམས་པས་ཡར་བུ་ཁོ་ཐག་ཆོད། །བུང་བ་མེ་ཏོག་འབྲལ་དང་མི་ཕོད་སྟེ། །མེ་ཏོག་རིད་དོ་བུང་བ་ཁོ་ཐག་ཆོད། །འབྲས་ཀྱི་ཚང་ཚག་འབྲལ་དང་མི་ཕོད་སྟེ། །ཐམ་བུ་གཅུར་ཐག་ཆོད་དོ་ཆང་མ་ཁོ་ཐག་ཆོད། །སློབ་དཔོན་གདམས་ངག་ཅན་དང་འབྲལ་བ་མི་ཕོད་སྟེ། །རྒྱུད་ལུང་མན་ངག་རྫོགས་སོ་ཁོ་ཐག་ཆོད། །བྱས་པས། དེར་སློབ་དཔོན་ཤྲི་སིང་ཧས། བཱཻ་རོ་ཙ་ན་སྙིང་རྗེ་བར་དགོངས་ནས། སློབ་མ་འཆིའི་དོགས་ནས་མགུར་གསུངས་པ། དཔེར་ན་རྒྱལ་པོའི་དཀོར་མཛོད་དག་ཏུ་སྦས་པའི་ནོར། །རྐུན་མ་དག་གིས་ཁྱེར་གྱུར་ན། །རྗེས་བཅད་རྙེད་ནས་རིན་ཆེན་སྲོག་དང་བྲལ། །དེ་བཞིན་རྡོ་རྗེ་གདན་དུ་སྦས་པའི་མན་ངག་ཨ་ཏི་འདི། །ཕྱག་རྒྱ་རུ་སྤྲོད་དག་གིས་མནན་ཡང་མ་བཙན་པར། །ང་ཡིས་བླངས་སོ་བཱཻ་རོ་ཙ་ན་ཁྱོད་ལ་བསྐུར། །གལ་ཏེ་རྙེད་ན་རིན་ཆེན་སྲོག་དང་བྲལ། །ཁྱོད་ཀྱི་གྲོགས་ཀྱང་ལམ་དུ་གཅན་འཕྲང་དང་པོས་བཀུམ། །ཁྱོད་ཀྱང་གསོད་དུ་འོང་བས་རྐང་མགྱོགས་སྒྲུབས་ལ་སོང་། །ཅེས་གསུངས་སོ། །གསེར་ཕྱེ་སླར་བཱཻ་རོ་ཙ་ན་ལ་གནང་ངོ་། །དེ་ནས་ཡང་སློབ་དཔོན་ཤྲི་སིང་ཧ་ལ་བཱཻ་རོས་མགུར་དུ་མཆིས་འཚལ་བ། ཨེ་མ་ཧོཿ ངོ་མཚར་ཆེ་བའི་ཡ་མཚན་ཅན། །ཞལ་ནས་ཅི་གསུངས་བདུད་རྩིར་འཛག །འཁོར་བའི་ནད་ཀྱིས་གདུང་བ་ལ། །ཐུགས་རྗེའི་སྨན་གྱིས་ཕན་རེ་ཐོག །བྱང་ཆུབ་ལག་ཏུ་གཏད་པའི་རིན་པོ་ཆེ། །སྐྱེ་བ་ཕྱི་མ་ལ་ཡང་མི་འབྲལ་འགྲོགས་པར་སྨོན། །ཅེས་བཱཻ་རོ་ཙ་ནས་གསུངས་ཏེ། སློབ་དཔོན་ཤྲི་སིང་ཧ་ལ་ཕྱི་ཕྱག་བྱས་སྨོན་ལམ་བཏབ། དེ་ནས་སློབ་དཔོན་ཤྲི་སེང་ཧའི་ཞལ་ནས། ཁྱོད་ཀྱི་གྲོགས་པོ་ལེགས་གྲུབ་ཀྱང་བོད་དུ་སོང་བ་ལ་མ་སླེབ་པར་ལམ་དཀར་གཅན་འཕྲང་དང་པོ་བས་བསད་པས། ཁྱོད་ཀྱང་གཅན་འཕྲང་བས་བསད་དུ་འོང་བས། རྐང་མགྱོགས་ཀྱི་དཔོན་པོ་ཀུ་མ་ར་བྱ་བ་དང་། ཀུ་ཧ་རི་བྱ་བ་གཉིས་ཡོད་ཀྱི་དེ་གཉིས་གང་རུང་ཞིག་ལ་རོག་པོ་གྱིས་རྐང་མགྱོགས་སྒྲུབས་ལ་སོང་། དེ་མིན་ན་ཁྱོད་བསད་དུ་འོང་ངོ་གསུངས་ནས་བཱཻ་རོ་ཙ་ན་ལ་གསེར་ཕྱེ་སླར་གནང་ངོ་། །དེ་ནས་བཱཻ་རོ་ཙ་ནས་ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་བྱ་བར་རེ་མ་ཏི་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་མའི་རྐང་མགྱོགས་བསྒྲུབས་ཏུ་ཕྱིན་པས། ཀུ་ཤ་ལྕགས་ཀྱི་སྡོང་པོ་ཅན་གྱི་ཡུལ་མི་ཀུན་ན་རེ། ཁྱོད་སུ་ཞིག་ཡིན། གང་ནས་འོང་། བཱཻ་རོ་ཙ་ན་ལ་ཞུས་པས། ཡང་བཱཻ་རོ་ཙ་ནས་མགུར་བཞེངས་པ། བདག་ནི་བཱཻ་རོ་ཙ་ན་ཏེ། །དམིགས་མེད་མཁའ་ལྟར་དག་པའི་ཆོས་དབྱིངས་ལ། །བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཆེན་ཕ། །ཡ་མཚན་རྨད་བྱུང་བདག་ནི་ལུས་འདི་སྐྱེས། །མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས་ནས་འོང་། །འཇིག་རྟེན་འདི་ཡི་དགོས་པའི་གདམ་བགྱིས་ནས། །རིག་པའི་ཁང་ནས་ཐུགས་རྗེའི་ཉི་ཤར་བས། །དུས་གསུམ་སངས་རྒྱས་དགོངས་པ་བདག་ཉིད་རྙེད། །ཀུན་གཞི་རྣམ་དག་བདེ་ཆེན་ལྷུན་རྫོགས་ཨ། །མཁའ་ལྟར་དག་པའི་བྱང་ཆུབ་སེམས་ལྡན་འདི། །སྐྱེ་མེད་མི་གནས་ཡི་གེ་ཨ་ཅིག་ལ། །དགོངས་པའི་དོན་དུ་བྱ་བ་དེ་ལས་མེད། །ཡི་གེ་ཨ་ནི་དགོངས་པའི་བྱུང་ཁུངས་ཏེ། །དེ་ལས་བྱུང་བའི་དོན་ནི་འདི་ལྟར་ཡིན། །ནོར་ནི་མ་མཆིས་མཁས་པའི་མན་ངག་འཆང་། །སློབ་དཔོན་མ་མཆིས་དགའ་རབ་རྡོ་རྗེ་ལགས། །འཁོར་ནི་མ་མཆིས་ལྷ་སྲིན་སྡེ་བརྒྱད་འཁོར། །ཆུང་མ་མ་མཆིས་ཀུན་ཏུ་བཟང་མོའི་མཁའ། །གྲོགས་ནི་མ་མཆིས་མ་མོ་མཁའ་འགྲོའི་གྲོགས། །བཟའ་རྒྱུ་མ་མཆིས་སེམས་ཉིད་ཡིད་ཀྱི་བཟའ། །རྟ་ནི་མ་མཆིས་ཚོགས་དྲུག་ཡིད་ཀྱི་རྟ། །བུ་ནི་མ་མཆིས་རང་རིག་སེམས་ཀྱི་བུ། །ལྷ་ནི་མ་མཆིས་རང་རིག་སེམས་ཀྱིས་ལྷ། །མཐུ་ནི་མ་མཆིས་དུག་གསུམ་རྩད་ནས་གཅོད། །བརྟེན་པ་མ་མཆིས་དོ་ནུབ་བརྟག་པ་གཅིག་ཞུ། །ཞེས་གསུངས་པས། དེ་ནས་ཡུལ་མི་ཐམས་ཅད་དགའ་ནས་ཞབས་ཏོག་ཆེར་བྱས་སོ། །དེ་ནས་བཱཻ་རོ་ཙ་ནས། རྐང་མགྱོགས་ཀྱི་དཔོན་པོ་ཀུ་ཧ་ར་ད་དུ་མ་རྙེད་པར། རྐང་མགྱོགས་ཀྱི་དཔོན་པོ་ཀུ་མཱ་ར་དང་མཇལ་ནས། གསེར་གྱི་པ་ཏྲ་ཅིག་ཀུ་མཱ་ར་ལ་ཕུལ་ནས། རྐང་མགྱོགས་ཞུས་པས། ཀུ་མཱ་རའི་ཞལ་ནས། གཏན་གྱིས་རྐང་མགྱོགས་ནི། ཕས་བུ་ལ་ཡང་མི་སྟེར། འདི་ནས་བོད་དུ་སླེབ་ཙམ་ཅིག་གཏེར་གྱི་གསུངས་ནས། ཀུ་མཱ་རས་བཱཻ་རོ་ཙ་ན་ལ་རྐང་མགྱོགས་གནང་ངོ་། །དེ་ཡང་རྒྱ་གར་ཡུལ་ནས། གླག་ཁྲ་མོ་གཟེན་ལ་འཇུག་པ་ཙམ་ཡོད་སྟེ། བཱཻ་རོས་ཀྱང་ལོ་གཅིག་རྐང་མགྱོགས་བསྒྲུབ་པས། གོ་བོ་རི་རྩིབས་གཅོད་པ་ཙམ་ཞིག་འགྲུབ་བོ། །དེ་ནས་འཐོན་ནས་ད་གྱི་ཙནྡན་གྱི་གླིང་ཞེས་བྱ་བར་ཕྱིན་ནས། དེར་ད་ཀྱིའི་རྒྱལ་པོ་ར་ཧུ་ལ་བྱི་བྱི་བྱ་བའི་ཞལ་ནས། བོད་ཀྱི་བནྡེས་སྐྱེ་བ་མེད་པ་བྱ་བའི་ཆོས་ཅི་ལྟ་བུ་ཅིག་མཆིས། བཀའ་རྩོལ་དང་ཞེས་ཞུས་པས། རྒྱལ་པོས་རས་ཀྱི་པར་ཁ་ཏ་ཅིག་བཱཻ་རོ་ཙ་ནའི་སྐུ་ལ་གསོལ་ནས། བཱཻ་རོ་ཙ་ནས་ལན་བཏབ་པ། བདག་ནི་རྣམ་པར་སྣང་མཛད་དེ། །འགྲོ་བ་རྣམ་པ་སྣ་ཚོགས་ལ། །སྣང་ཁྱབ་ཉི་མ་བྱ་དགོངས་ནས། །དཀའ་བ་བཅུ་དྲུག་དཀའ་ལས་བགྱིས། །སྒྱུ་མའི་ཕུང་པོའི་ལུས་བཤིག་སྟེ། །སྟོན་པའི་ཐུགས་རྗེ་བདག་ལ་ཤར། །ཀུན་ལ་སྣང་བར་མཛད་པས་ན། །མིང་ཡང་རྣམ་པར་སྣང་མཛད་ཡིན། །མིང་དང་དོན་དུ་བདག་མཐུན་ཏེ། །ཆོས་ཉིད་མཁའ་ལྟར་དག་པའི་གཏིང་རྫོགས་ཏེ། །སངས་རྒྱས་ངོ་བོར་མ་གྱུར་ཅིག་ཀྱང་མེད། །སྟོན་པའི་ཞལ་སྐྱིན་བདག་གི་བཤད་པ་འདི། །རྒྱལ་པོས་སེམས་ལ་གོ་བར་བྱ་ཡི་བག་ཙམ་ཉོན། །དམིགས་སུ་མེད་པ་བྱང་ཆུབ་སེམས། །གཟུང་དང་འཛིན་པ་གཉིས་ལས་གྲོལ། །ཐ་སྙད་ཚིག་གི་སྒྲ་སྤང་ནས། །དེ་ཉིད་གསལ་བ་མ་ཡེངས་ན། །སྐྱེ་བ་མེད་པའི་ཆོས་ཉིད་ཡིན། །ཅེས་གསུངས་སོ། །ཡང་དགོངས་པའི་དོན་དུ་འདི་བཞག་གོ། །འདི་ཉིད་མ་ནོར་བསྒོམ་པ་ནི། །སྐྱེ་བ་ཕྱི་མས་ལན་པ་དེས། །ཅེས་གསུངས་སོ། །དེར་ད་ཀྱིའི་རྒྱལ་པོས་ནུབ་མོ་བཀའ་མཆིས་སྨྲས་པ། སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་ཏེ། དེ་ཉིད་གནས་སུ་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་ལོངས་སྤྱོད་དང་འདྲའམ་མི་འདྲ། ཞེས་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། འདོད་པའི་ཡོན་ཏན་མ་སྤངས་ལོངས་སྤྱོད་རྫོགས་པ་སྟེ། །འདོད་པའི་ཡོན་ཏན་རྣམ་ལྔ་བདེ་གཤེགས་སྙིང་པོའི་དབྱིངས། །སྤངས་དང་མ་སྤོང་གཉིས་མེད་དོན་རྟོགས་ན། །ཅི་ལྟར་སྤྱོད་པ་ལོངས་སྤྱོད་དམ་པའི་མཆོག །ཅེས་གསུངས་པས། ཡང་རྒྱལ་པོ་ར་ཧུ་བྱི་བྱིས་བཱཻ་རོ་ཙ་ན་ལ་ཞུས་པ། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཡིན་ཅེས་བགྱི་བའི་དོན་ཅི་ལྟ་བུ་ལགས། ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། ཀུན་གཞིའི་རྣམ་པར་ཤེས་པ་རང་གི་བློ་ཡིན་ཏེ། །མ་བཅོས་བློ་ལས་ཆོས་དབྱིངས་གུད་ན་མེད། །དེ་ཕྱིར་དབྱིངས་དང་ཀུན་གཞི་ཐ་དད་མེད་པའི་ཆོས། །གཞི་རྩ་བཅད་པས་གཉིས་སུ་མེད་པར་འདུག །གཉིས་མེད་མ་བཅོས་ཨ་ཏི་ཡོ་གའི་ལུང་། །ཞེས་གསུངས་པས། ཡང་རྒྱལ་པོས་མ་རིག་ཡེ་ཤེས་ཐ་དད་མེད། །ཅེས་བགྱི་བའི་དོན་ཅི་ལྟ་བུ་ལགས། །ཞེས་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། རིག་པའི་དུས་ན་ཡེ་ཤེས་དབྱིངས་སུ་ཤར། །མ་རིག་དུས་ན་ཡེ་ཤེས་འཁོར་བར་སྣང་། །རིག་དང་མ་རིག་ཁྱད་པར་ཆེ་ཡིས་ཀྱང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །དབྱིངས་ཆེན་ཉིད་ལས་འཕོ་འགྱུར་མེད། །མ་རིག་དུས་ན་ཀུན་གཞི་ཡིན། །ཆོས་ཉིད་དབྱིངས་ལས་འགྱུར་བ་མེད། །རིག་པར་གྱུར་ན་བདེ་ཆེན་ཆོས་ཀྱི་སྐུ། །ཞེས་གསུངས་པས། ཡང་རྒྱལ་པོས། གསང་བའི་ཡང་གསང་རྣལ་འབྱོར་མཆོག་འདི་ལྟ་བས་ལ་བཅད་ན་ཅི་ལྟར་བཅད། །ཅེས་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། ཐེག་མཆོག་གསང་སྔགས་འབྲས་བུའི་ཆོས། །སྐྱེ་མེད་རྡོ་རྗེ་མངོན་དུ་སྣང་ཡང་ཀུན་གྱིས་མི་རྟོགས་པས། །གསང་སྔགས་འབྲས་བུའི་དོན་མཐའ་ཞིག །སུ་ཡིས་ཐེག་པ་མཐའ་དག་བརྩལ་ཡང་རྙེད་པ་ཟུར་ཙམ་མེད། །དེ་ཕྱིར་གསང་སྔགས་ཐེག་མཆོག་འདི་ནི་དམ་པར་གསུངས། །ཅེས་གསུངས་པས། ཡང་རྒྱལ་པོས། ཡངས་གྲགས་དང་། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་བཞི་ལ་དོན་དམ་པར་ཁྱད་ཡོད་དམ་མེད་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། རང་བྱུང་མི་དམིགས་ཆོས་དབྱིངས་ཀུན་གྱི་ཀློང་། །ཡོ་ག་རྣམ་བཞི་ལྟ་སྤྱོད་མ་གྲུབ་ན། །མཉམ་ཉིད་གསལ་བའི་གཏིང་མཐའ་མི་རྟོགས་པས། །ལྟ་སྤྱོད་ཡ་ཆར་གྱུར་ནས་དེ་ཉིད་མཐོང་བ་མེད། །ཨ་ཏི་ཐེག་ཆེན་བྱང་ཆུབ་སྙིང་པོ་འདི། །ལྷུན་གྱིས་རྫོགས་པས་ལྟ་སྤྱོད་གཉིས་དང་བྲལ། །གཉིས་སུ་མེད་པས་ཡེ་ནས་མཉམ་པར་གནས། །བཀག་ཀྱང་མ་བཀག་བདེ་ཆེན་ལྷུན་རྫོགས་པས། །ལྟ་དང་སྤྱོད་ཅེས་བྱ་བའི་ཐ་སྙད་མེད། །དབྱིངས་དང་ཡེ་ཤེས་བྱ་བའི་ཚིག་ལས་འདས། །ཅེས་གསུངས་སོ། །ཡང་རྒྱལ་པོས། སྟོན་ཅན་གཉིས་ཀྱི་ལྟ་བ་དང་། ཨ་ཏི་ཡོ་གའི་ལྟ་བ་གང་མཐོ་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། ལྟ་ཕུག་ཐམས་ཅད་ཆོས་ཀྱི་རོ་གཅིག་ཀྱང་། །འཇུག་པའི་སྒོ་ནས་མི་མཉམ་སྟེ། །སྟོན་ཙམ་ལ་སོགས་སྟོན་པ་རྣམ་གསུམ་པོ། །འགྲོ་བ་ཐབས་ཀྱི་འདྲེན་པའི་སྟན་གནས་སུ། །ད་ལྟ་ཉིད་དུ་འབྲས་བུ་ཐོབ་སྐད་གསུངས། །མཐར་ཐུག་སྟོན་པར་གསུངས་པ་རྒྱུ་ཡི་ཆོས། །འཁོར་བའི་ཆོས་རྣམས་ཐབས་ཀྱིས་སྤྱོད་བྱེད་ཅིང་། །སྟོང་པའི་སྒྲ་ཡི་སྒྲིབས་པ་གཉིས་སྤངས་ནས། །བསྐལ་པར་བརྒྱུད་ཀྱང་བྱང་ཆུབ་དོན་འདོད་དེ། །ཐེག་པ་ཆེན་པོར་ཡིད་སྨོན་ཁས་མཆེས་ཀྱང་། །རྫོགས་པ་ཆེན་པོའི་གཏིང་མཐའ་ག་ལ་སྤོག །ཨ་ཏི་རྫོགས་ཆེན་ཐེག་པའི་གཙོ། །རྣམ་ཐར་ཀུན་གྱི་མཐར་ཐུག་པ། །རང་བཞིན་ལྷུན་རྫོགས་ཡིད་བཞིན་ནོར་བུའི་སྐུ། །ནམ་མཁའ་བཞིན་དུ་ཡོངས་ཀྱི་གཞིར་གྱུར་ཀྱང་། །མཉམ་ལ་མ་འདྲེས་ཁྱད་པར་བསམ་འདས་ཏེ། །སྟོན་ཙན་སྟོང་པར་ཁུངས་འབྱིན་དེ་ཉིད་དང་། །ལྟ་སྤྱོད་ལ་སོགས་ཁྱད་པར་ཀུན་སྤངས་ཏེ། །ལྟ་བའི་སྟོང་ཞེས་བྱ་བའི་ཚིག་ལས་འདས། །སྤྱོད་པ་ཀུན་ཏུ་བཟང་པོ་ཀུན་ལ་གདལ། །ལྟ་སྤྱོད་གཉིས་ཀྱང་མ་བཅོས་ལྷུན་གྱིས་རྫོགས། །ཅེས་གསུངས་སོ། །ཡང་རྒྱལ་པོས། མ་ཧཱ་ཡོ་ག་བས་ལྷ་རྣལ་འབྱོར། ལྟ་བ་ཉམས་སུ་བླངས་ན་བསྒོམ་པ། ཅི་ཙུག་བསྒོམ་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། སྐྱེ་མེད་དབྱིངས་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །སྣང་སྲིད་ལྷ་ཡི་སྐུ་རུ་གསལ་བ་ལས། །ལུས་ཀྱི་བསྐུལ་བསྐྱོད་ཕྱག་རྒྱའི་སྐུར་སྣང་ཞིང་། །ངག་གིས་ཅི་སྨྲས་ཆོས་སྐུའི་གསུང་། །ལག་ཏུ་ཅི་བཟུང་དམ་ཚིག་རྒྱ། །སྣོད་བཅུད་འཁོར་འདས་སྣང་སྲིད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ལྷ་སྐུར་རྟོགས་ཙམ་ན། །ཐམས་ཅད་མ་བཅོས་རང་བཞིན་དབྱིངས་སུ་གསལ། །དེ་ནི་དགོངས་པ་མཐར་ཐུག་པའོ། །ཅེས་གསུངས་སོ། །ཡང་རྒྱལ་པོས། རྗེ་ལགས་ཐེག་པ་མཐའ་དག་ནི། ཨ་ཏི་ཡོ་གར་རྫོགས་སྐད། ཨ་ཏི་ཡོ་ག་ནི་ཡེ་ནས་ཚིག་ལས་འདས་ཏེ་སངས་རྒྱས་ན། ཡེ་ནས་ཁམས་གསུམ་སངས་རྒྱས་པར་བསྒོམ་ན་ཅི་ལྟར་བསྒོམ། །ཅེས་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། ཀུན་གཞི་མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ། །འགྱུར་མེད་ཀུན་གཞི་བརྡལ་བ་ཡེ་སངས་རྒྱས། །འགྲོ་བའི་ཀུན་གཞི་ཡེ་ནས་མི་བདེན་ཏེ། །ཡེ་ནས་ལྷུན་གྱིས་རྫོགས་པས་ཡེ་སངས་རྒྱས། །ཀུན་གཞི་མ་བཅོས་ཆོས་ཉིད་ལ། །མ་བཅོས་དེ་ཉིད་ཅི་བཞིན་པའི། །ཁམས་གསུམ་ཡེ་སངས་རྒྱས་པས་བསྒོམ་པའོ། །ཅེས་འཕྲལ་དུ་ལན་བཏབ་པས། རྒྱལ་པོ་ར་ཧུ་ལ་བྱི་བྱི་ཐུགས་མཉེས་ནས། རྒྱལ་པོའི་དྲེགས་པ་ཆག་ནས་བརྐྱང་ཕྱག་ལན་སྟོང་དུ་མཛད་དོ། །དེ་བཞིན་དུ་ཕྱི་རབས་ཀྱི་གང་ཟག་ཀྱང་། དྲེགས་པ་མི་ཆག་ན་སྣོད་དང་མི་ལྡན་པ་ཡིན་པས་རབ་ཏུ་ཡང་གསང་ངོ་། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་ཨ་ཏི་དོན་བསྟན་པས། རྒྱལ་པོ་ར་ཧུ་ལ་བྱི་བྱི་དྲེགས་པ་ཆག་པའི་སྐབས་ཏེ་བཅོ་ལྔ་པའོ།། ༈ །།ཡང་རྒྱལ་པོས་བཱཻ་རོ་ཙ་ན་ལ་ཞུ་བ་ཕུལ་ནས། དགུང་ཞག་གཅིག་ཞབས་ནས་བཏེགས་སོ། །བཱཻ་རོ་ཙ་ནས་རྒྱལ་པོ་ལ་འདི་སྐད་གདམས་སོ། །བྱང་ཆུབ་སེམས་དཔའ་དེ་ཉིད་ལ། །གསང་བ་ཡིད་ཀྱིས་ཕྱག་འཚལ་ལོ། །སྲིད་པ་གསུམ་ནས་ཡེ་ནས་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་ཡེ་ནས་དབེན་པའི་གནས། །སྣང་སྲིད་འཁོར་འདས་རང་གི་སེམས་ཀྱིས་སྲས། །སྣོད་བཅུད་ཐམས་ཅད་ཡེ་ནས་ངོ་བོ་དག །སྲིད་གསུམ་ཡེ་ནས་རྣམ་དག་ཆོས་ཀྱི་དབྱིངས། །རྒྱལ་བ་གཞན་ན་མེད་དོ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སྲིད་གསུམ་རྣམ་དག་དགོངས་པ་འདི། །སྲིད་པ་གསུམ་ན་བྱང་ཆུབ་སེམས། །ངོ་བོའི་རོལ་པ་སྤྲིན་ཕུང་སྟེ། །ཅེས་གསུངས་ཏེ། ཡང་རྒྱལ་པོས། རྗེ་མ་ཧཱ་གྷུ་རུ་ལགས། །སྲིད་གསུམ་དགོངས་པ་ཅི་ལྟར་ལགས། །ཅེས་ཞུས་པས། བཱཻ་རོ་ཙ་ནས་ལན་བཏབ་པ། ནམ་མཁའ་ཀློང་ཡངས་སྲིད་གསུམ་གདལ་བ་ལ། །སྣང་སྲིད་ཀློང་ཡངས་མི་སྲིད་དགུ་སྲིད་ལ། །སྐྱེ་མེད་ཀློང་ཡངས་ཡེ་ནས་རྣམ་པར་དག །སྣ་ཚོགས་མཚན་མའི་ཀློང་ཡངས་ཡེ་ནས་རྣམ་པར་དག །སེམས་ཉིད་སྲིད་པ་གསུམ་དུ་སྣང་བ་ཡང་། །བྱང་སེམས་ངོ་བོ་ཉིད་དུ་རྣམ་པར་དག །དེ་ཕྱིར་ཕྱོགས་བྲལ་བདེ་བ་ཆེན་པོའི་ཀློང་། །ཡེ་ནས་རྣམ་དག་སྐུ་ལ་ཕྱག་འཚལ་ལོ། །ཅེས་གསུངས་སོ། །དེ་ནས་རྒྱལ་པོ་ར་ཧུ་ལ་བྱི་བྱི་ཤིན་ཏུ་དགྱེས་ནས། འཕགས་པ་བྱམས་པའི་སྐུ་གསེར་ལས་བྱས་པ་ཅིག་བཱཻ་རོ་ཙ་ན་ལ་ཕུལ་ནས་འདི་སྐད་གསུངས། སྟོན་པའི་ཐུགས་ལ་ཕྱོགས་རིས་མེད་ཀྱིས་ཀྱང་། །སྒྲིབ་གཉིས་བྱངས་ནས་ཚོགས་གཉིས་རྫོགས་པའི་སྐུ། །སྐུ་གསུམ་མཆོག་ཏུ་གྱུར་པའི་རྣམ་པར་སྣང་མཛད་ལ། །དུས་གསུམ་རྒྱལ་བའི་གཟུགས་སྐུས་བྱར་མེད་ཀྱང་། །རྒྱལ་པོ་བདག་གི་སྒྲིབ་པ་བྱང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུ་གཅིག་འབུལ། །ཆོས་དབྱིངས་ཐུགས་རྗེས་བདག་ལ་དགོངས་པར་མཛོད། །ཅེས་གསུངས་ནས་འཕགས་པ་བྱམས་པའི་གསེར་སྐུ་དེ་བཱཻ་རོ་ཙ་ན་ལ་ཕུལ་ལོ། །དེ་ནས་བཱཻ་རོ་ཙ་ནས་ཨུ་རྒྱན་གྱི་དྷ་ན་སཾ་སྐྲྀ་ཏ་ལ་ངན་སྔགས་ཞུས། ཁ་ཆེའི་རྒྱལ་ཁམས་སུ་ནུས་པ་སྟོན། བེ་ཏའི་ཡུལ་དུ་མུ་སྟེགས་བཏུལ་ལོ། །དེར་དེའི་དུས་བཱཻ་རོ་ཙ་ན་བོད་ཡུལ་དུ་ཆས་པ་ལ། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དང་། པཎ་ཏྲི་ཏ་མཁས་པ་བདུན་ལ་སོགས་པ་ཀུན་རྨི་ལམ་མི་བཟང་བ་སྣ་ཚོགས་བཟློས་ཤིང་། གྲོང་ཁྱེར་སེར་སྐྱ་ཞེས་བྱ་བར་དཔལ་འབྱུང་བའི་གནས་ཤྲི་ན་ལནྟྲིའི་སྒོ་རུ་ཚོགས་ནས། ཀུན་མཚན་མ་ལོག་ནས་འདི་ཅི་ཡིན་སྒྲོགས་ནས། འདི་གང་ཡང་མིན། བོད་ཀྱི་བནྡེ་དེས་འོ་ཅག་གི་ཆོས་ངག་གི་ཆོས་ཁྱེར་བར་ཡིན་ཟེར་རོ། །རྡོ་རྗེ་གདན་གྱི་རྒྱ་བལྟས་པས། རྒྱ་བཏབ་པ་དེ་ཞིག་ནས་འདུག །དེར་མཁས་པ་རྣམས་ཚོགས་ནས། པྲ་སེ་ན་དང་། དཔེ་ན་ཀུ་ལ་ཤེར་བས། པྲ་སེ་ན་ན་རེ། རི་གསུམ་གྱི་རྩེ་ལ་བསྡད་པ། མགོ་མེད་པ། ལུས་པོ་མིག་གིས་ཁེངས་པ། ཡན་ལག་མེད་པ། སྤྱི་བོ་ན་མཚོ་ཡོད་པ། མཚོའི་ནང་ན་གངས་ཡོད་པ། རྐང་པའི་མཐིལ་ནས་ཡར་ལ་ཕོ་རོག་ཅིག་གི་འཐོག་པ། མགོ་ནས་མར་སྐྱེ་ག་ཅིག་གིས་འཐོག་པ། མཆུ་རིངས་པོ་ཟངས་ལ་བྱས་པ་གཅིག་གི་རྡོ་རྗེ་གདན་དུ་སྦས་པའི་མན་ངག་བླངས་ནས་ནང་ནས་བཤད། སྤྱི་བོ་རིང་པོ་ཅིག །གཅན་སིང་གེ་གཅིག་བྱ་ངང་པ་གཅིག་གཉིས་ཀྱིས་ཁས་དུང་འབུད་ཅིང་ཁྲེས་པོ་འཕྲ་ལ་རིང་བ་རེ་ཁུར་བ་དེར་གཉིས་ཀྱིས་ཕྱི་ནས་མཉན་ཏེ། རྡོ་རྗེ་གདན་ན་སྦས་པའི་མན་ངག་བོད་དུ་འཆོར་བར་འདུག་ཟེར་རོ། །ཡ་མཚན་ཆེ། འདི་ལྷ་མ་ཡིན་གྱི་སྤྲུལ་པ་ཡིན་ནམ། ཅི་ཡིན་ངོ་མ་ཤེས་ཟེར་རོ། །དེར་པྲ་སེ་ནའི་སྲས་ཀྱང་ངོ་མ་ཟིན། དེ་ནས་དེས་ན། ཀུན་བརྟགས་པས་ཀྱང་མ་ཟིན་ནས། རྐང་མགྱོགས་བཏང་ལ་བསད་པར་བྱས་པས། རྐང་མགྱོགས་ཀྱི་དཔོན་པོ་ཀུ་མཱ་རས། གྲོགས་པོ་བཱཻ་རོ་ཙ་ནའི་གན་དུ་རྒྱུག་སྟེ། རྒྱ་གར་གྱི་མཁས་པ་བདུན་གྱི་རྨི་ལམ་བཟླས་པ། གྲོགས་པོ་བྱང་ཆུབ་སེམས་དཔའ་སྙན་གསོན་དང་། །ཀུ་ཀུ་རཱ་ཛས་རྨི་ལམ་འདི་སྐད་བཟླས། །ཐེག་པའི་རྒྱལ་པོ་མན་ངག་བདེ་ཆེན་འདི། །རྡོ་རྗེ་ཡང་ཐེག་མན་ངག་དོན་གྱི་རྩ། །ཚེ་འདི་འབྲས་བུ་ཐོབ་པའི་མན་ངག་ཆོས། །གབ་པའི་མན་ངག་སེམས་ལ་སྦས་པ་ལ། །དགོངས་པའི་ཉམས་སུ་བདག་ཉིད་འདི་ལྟར་རྨིས། །འཛམ་གླིང་ཀུན་ལ་གསལ་བའི་ཉི་མ་འདི། །ས་བརྒྱད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཅིག །སྒྲིབ་པ་བྱང་བའི་གནོད་སྦྱིན་མགོ་ཅན་གྱིས། །འོ་སྐོལ་རྒྱ་གར་ཡུལ་དུ་ཕྱིན་པ་ལས། །ཉི་མ་སྣམ་ཕྲག་བཅུག་ནས་ཁྱེར་བར་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་མཐོང་། །དེ་སྐད་ཟེར་ནས་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པ་རིགས། །འཇམ་དཔལ་དཔལ་བཟང་གིས་འདི་སྐད་རྨི་ལམ་བཟླས་པ། ཡང་དག་བྱང་ཆུབ་བདེ་ཆེན་ལྷུན་རྫོགས་འདི། །སྐལ་ལྡན་རབ་ཀྱི་དོན་དུ་སྟོན་པས་གསུངས། །བདག་ཅག་མཁས་པ་བདུན་པོ་ཕྱི་མ་ཡང་། །ཉོན་མོངས་ལྔ་ཉིད་གནས་སུ་དག་བྱའི་ཕྱིར། །ཚེ་འདི་འབྲས་བུ་ཐོབ་པའི་མན་ངག་ཆོས། །མ་རིག་མུན་པ་བསལ་ཕྱིར་སེམས་ལ་གབ། །ཡེ་ནས་ལྷུན་རྫོགས་བདེ་བ་ཆེན་པོའི་ཆོས། །སྤྱན་རས་གཟིགས་དབང་སྐུ་སྤྲུལ་རྒྱལ་པོ་ཡིན། །ས་ལ་གནས་པའི་བོད་ཀྱི་བནྡེ་གཉིས། །གསེར་ཕྱེ་བསྐུར་ནས་འདི་ནི་མཆིས་པ་ལ། །རྡོ་རྗེ་སེམས་དཔའི་ཐུགས་རྗེའི་བྱིན་བརླབས་ཀྱིས། །ཡང་དག་ཐུགས་རྗེའི་ཉི་མ་དེ་ཤར་ཏེ། །ཀུན་ལ་དགོས་པའི་ཡིད་བཞིན་ནོར་བུ་དེ། །སྣམ་ཕྲག་བཅུག་ཅིང་བོད་དུ་ཁྱེར་བ་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་ཐོང་། །དེ་སྐད་ཟེར་ནས་སྤྱན་སྔར་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་དེ་ནས་གཤེགས་པར་རིགས། །བདག་ཉིད་མས་རྨི་ལམ་འདི་སྐད་བཟླས། །ཀུན་གཞི་མ་བཅོས་སྣང་སྲིད་སངས་རྒྱས་ལ། །ཆོས་ཉིད་མ་བཅོས་དེ་བཞིན་རྣལ་མ་དེ། །རང་བྱུང་ལྷུན་གྲུབ་གསང་སྔགས་ཐེག་ཆེན་ཆོས། །རྡོ་རྗེ་གདན་དུ་ལྔ་བརྒྱ་སྦས་པ་ལ། །རིགས་གསུམ་སྤྲུལ་པ་བོད་ཀྱི་རྒྱལ་པོ་ཡིན། །ཡང་དག་སྤྲུལ་པ་བྱང་ཆུབ་འབྲས་བུའི་ཆོས། །རྒྱུ་འབྲས་དོན་ལ་མཁས་པའི་པཎྜི་ཏ་ཡིན། །དབང་པོ་དང་པའི་མིག་གཅིག་ཡོད་པ་དེ། །རྩད་ནས་ཕྱུངས་ནས་བོད་དུ་ཁྱེར་བར་རྨིས། །པཎྜི་ཏ་ཡིས་རྐང་མགྱོགས་ལ་འུར་ཐོང་། །དེ་སྐད་ཟེར་ནས་སྤྱན་སྔར་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། །ཤྲི་སིང་ཧས་རྨི་ལམ་འདི་སྐད་བཟླས། །དབང་པོ་རབ་མཆོག་སྐལ་ལྡན་དོན་ཆེད་དུ། །རང་བཞིན་མ་བཅོས་ཐེག་པའི་རྒྱལ་པོ་འདི། །སྐལ་ལྡན་ཕྱི་མ་རྣམས་ཀྱི་དོན་ཆེད་དུ། །རྡོ་རྗེ་གདན་དུ་ལྔ་བརྒྱ་སྦས་པ་དེ། །རིགས་གསུམ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱི། །ཚེ་འདི་འབྲས་བུ་ཐོབ་པའི་མན་ངག་ཆོས། །འགྲོ་བ་སྐལ་ལྡན་སྨིན་ཅིང་གྲོལ་གདོད་ནས། །བོད་ཀྱི་བནྡེ་གནོད་སྦྱིན་མགོ་ཅན་གཉིས། །གསེར་ཕྱེ་བསྐུར་ནས་འདིར་ནས་མཆིས་བ་ལས། །རྟག་པར་མི་བཟོད་སྒྱུ་མའི་ཕུང་པོ་ལ། །དངས་མའི་མིག་ཅིག་ཡོད་པ་ཕྱུང་ནས་བོད་དུ་ཁྱེར་བར་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་ཐོང་། །དེ་སྐད་ཟེར་ནས་སྤྱན་སྔར་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། །ཀུན་དགའ་མོའི་རྨི་ལམ་འདི་སྐད་རྨིས། །ཡང་དག་ཆོས་ཉིད་མ་ནོར་བདེ་བའི་ལམ། །རྒྱ་གར་མཁས་པའི་མན་ངག་བདེ་ཆེན་ལམ། །བྱམས་སེམས་བདེ་བའི་ཀློང་དུ་སྦས་པ་ལ། །སྐྱེ་བ་འདི་ཡི་སྔ་མ་ལ། །རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བུ། །དགེ་སློང་ཨ་བ་ཁ་འདུ་ཚེ་འཕོས་པས། །བོད་ཀྱི་རྒྱལ་པོ་སྤུ་རྒྱལ་ལུས་བླངས་ཏེ། །བོད་ཀྱི་རྒྱལ་ཁམས་ཁ་ལོ་དེས་བསྒྱུར་རོ། །དེ་ཉིད་བྱང་ཆུབ་སེམས་དཔའི་སྐུའི་སྤྲུལ་པ། །ཡང་དག་བདེ་ཆེན་བོད་དུ་དར་བྱའི་ཕྱིར། །ཤེས་རབ་ལུས་ལ་རྫོགས་པའི་བནྡེ་གཉིས། །གསེར་ཕྱེ་བསྐུར་ནས་འདིར་ནི་མཆིས་པ་ལས། །རྡོ་རྗེ་གདན་གྱི་སྐུ་རྟེན་བྱང་ཆུབ་ཤིང་བུ་དེ། །བོད་ཀྱིས་ཚུབས་ནག་ཤིན་ཏུ་འཇིགས་སུ་རུང་བ་ཡིན། །སྟོན་པའི་སྐུ་རྟེན་བྱང་ཆུབ་ཤིང་བུ་རྩད་ནས་གཅོད་ཅིང་རྨིས། །པཎྜི་ཏ་ཡིས་རྐང་མགྱོགས་ལ་འུར་ཐོང་། །དེ་སྐད་ཟེར་ནས་སྤྱན་སྔར་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགས། །ཅེས་ཀུ་མཱ་རས་བཱཻ་རོ་ཙ་ན་ལ་བཟླས་ཏེ། །ཕྱག་ནས་འཇུས་ནས་སྙིང་གདུང་སྟེ་བཤུམས་སོ། །དེ་ནས་བཱཻ་རོ་ཙ་ནས་ལན་བཏབ་པ། ཨེ་མ་གྲོགས་པོ་ཁྱེད་ཉིད་ནི། །མི་རུ་སྐྱེས་པས་སྐྱེ་བ་གཞན་ལས་འཕགས། །སྨོན་ལམ་དག་པས་རྒྱ་གར་ཡུལ་དུ་སྐྱེས། །དངོས་གྲུབ་ཐོབ་པས་རྫུལ་འཕྲུལ་རྐང་མགྱོགས་ཐོབ། །བླ་མ་མཆེད་ལེགས་ཆོ་རིགས་བཙུན་པར་སྐྱེས། །དམ་ཚིག་བསྲུངས་བས་འདི་རུ་བསམ་དགུ་འགྲུབ། །སྒྲིབ་པ་བྱང་བས་འཕགས་པའི་བཀའ་གྲོགས་པ། །གཞུང་ལུགས་བཟང་བས་ཀུན་གྱིས་བརྟེན་པར་གྱུར། །དགོས་དགུ་ལུས་ལ་ཚང་བས་བདག་གིས་གྲོགས་སུ་འཚལ། །ལུས་པོ་ཕ་མས་བསྐྱེད་ཀྱང་སྲོག་སྲིད་གྲོགས་པོས་འདོན། །ཁྱོད་དང་གྲོགས་པོ་བྱས་པས་ཡང་དག་བྱང་ཆུབ་རྙེད། །བོད་ཀྱི་རྒྱལ་ཁམས་མ་རིག་མུན་པ་སེལ། །འགྲོ་བ་སྨིན་ཅིང་ཅི་ལྟར་གྲོལ་བ་ཀུན། །ཀུ་མཱ་ར་ལ་དགེ་བའི་རྩ་བ་བསྔོ། །བསྐལ་པར་བགྲངས་ཀྱང་བྱང་ཆུབ་དོན་དང་མཉམ། །རྐང་མགྱོགས་འགྲུབ་པས་ད་ནི་བདག་ཀྱང་འགྲོ། །སྙིང་གཏམ་བྱ་ཡི་བལ་ཡུལ་མཐིལ་ཙམ་སྐྱོལ། །བྱས་ནས་ཀུ་མཱ་ར་ལ་གསེར་གྱིས་པ་ཏྲ་གཅིག་བྱིན་ནོ། །དེ་ནས་ད་ཀྱིའི་རྒྱལ་པོ་ར་ཧུ་བྱི་བྱིས་ཕུལ་བའི་གསེར་གྱི་བྱམས་པ་དེ་ཁྱེར་ནས་གྲོགས་པོ་ཀུ་མཱ་ར་དང་སྒྲག་ནས་གཅན་འཕྲང་དང་པོར་ཕྱིན་ནོ། །དེ་ནས་འཕྲང་བསྲུང་གི་དཔོན་པོ་ཀུ་ཧ་རང་དང་གྲོགས་པོ་བྱས་ནས་གསེར་ཕྱེ་བག་ཙམ་གཅིག་བྱིན་ཏེ། བཱཻ་རོའི་མགོ་ལ་ཤ་བའི་སྐྱི་བཞུ་རིང་མོ་ཞིག་གྱོན། རྐང་པ་ལ་ཟོན་ལྷམ་ཕྱིན་ཅི་ལོག་ཅིག་གྱོན། བླ་མཁར་སྐྱ་བོའི་ཞབས་ལ་ཝ་ལགས་ཅིག་བཏགས། ཀ་བ་རྒྱབ་ཏུ་བསྣོལ་ནས་བྱིན་ནོ། །དེ་ནས་ཀུ་མཱ་རས་འཕྲང་བསྲུང་གི་དཔོན་པོ་ཀུ་ཧ་ར་ད་དུ་ལ་གསེར་ཕྱེ་ཞིག་བྱིན་ནས། དེ་ནུབ་ངོ་རྐང་མགྱོགས་པ་ཚོ་འདི་རུ་འོང་བ་ལ། དེ་ཙ་ན་བོད་ཀྱི་བནྡེ་དེ་མཐོང་ངམ་བྱ་ཡི། ཁྱོད་ཀྱི་བོད་ཀྱི་བནྡེ་དེ་ནི་མ་མཐོང་ངོ་། །མགོ་ལ་ཤ་བའི་སྐྱི་བཞུ་རིང་མོ་མནབ་པ། རྐང་པ་ལ་ཟོན་ལྷམ་ཕྱིན་ལོག་ཏུ་གོན་པ། བླ་མཁར་སྐྱ་མོའི་ཞབས་ལ་ཝ་ལག་བཏགས་པ། ཀ་བ་རྒྱབ་ཏུ་བསྣོལ་བ་ཅིག་གི། ད་སོང་ན་བོད་ཡུལ་མཐིལ་དུ་སླེབ་ཅིག་གསུངས་ནས་འཕྲང་བསྲུང་གི་དཔོན་པོ་ཀུ་ཧ་ར་ད་དུ་ལ་ཀུ་མཱ་རས་མནའ་ངག་བཅུག་གོ། །དེ་ནས་ཀུ་མཱ་རས་གྲོང་ཁྱེར་སེར་སྐྱའི་སྒོར་སོང་ནས་རྐང་མགྱོགས་ཟླ་བོ་ཀུན་སྦྲན་ཏེ། བཱཻ་རོ་ཙ་ན་འདི་ནས་མར་ལ་སོང་ཟེར་བས་བརྡས་ལ་བསད་དོ་བྱས་པས། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། མཁས་པ་ཀུན་གྱིས་ཞལ་ནས། དེད་ལ་བོད་ཀྱི་བནྡེ་བཱཻ་རོ་ཙ་ན་སོད་ལ་ཤོག་ཅིག་གསུངས་སོ། །དེ་ནས་རྐང་མགྱོགས་པ་རྣམས་ཀྱིས་གཅན་འཕྲང་དང་པོར་ཕྱིན་ནས། འཕྲང་བསྲུང་ལ་བོད་ཀྱི་བནྡེ་མ་བྱུང་ངམ་བྱས་པས། འཕྲང་བསྲུངས་བས་ན་རེ། བོད་ཀྱི་བནྡེ་འདྲ་བ་ནི་མ་བྱུང་། མགོ་ལ་ཤ་བའི་སྐྱི་བཞུ་རིང་མོ་གོན་པ། རྐང་ལ་ཟོན་ལྷམ་ཕྱིན་ཅི་ལོག་ཏུ་གོན་པ། བླ་མཁར་སྐྱ་བའོ་ཞབས་ལ་ཝ་ལག་བཏགས་པ། ཀ་བ་རྒྱབ་ཏུ་བསྣོལ་བ། ཁྲེས་པོ་ཕྲ་ལ་རིང་བ་ཁུར་བ། མི་ཡིན་ནམ། འདྲེ་ཡིན་ནམ། སྤྲུལ་པ་ཡིན་ནམ། གང་ཡིན་ཆ་མེད་པ་གཅིག་གི་དེང་སོང་བོད་ཡུལ་མཐིལ་དུ་སླེབ་འཕྲང་བསྲུང་བས་བྱས་པས། དེ་ནས་བཱཻ་རོ་ཙ་ནས་བལ་ཡུལ་དུ་མ་སླེབ་ནས། དག་ཤ་ཀ་ར་བྱ་བའི་ཡུལ་དུ་གཟིམ་པས། པཎྜི་ཏ་པྲཛྙཱ་པི་ཏི་བྱ་བ་མཇལ་ནས། པཎྜི་ཏ་པྲཛྙཱ་པི་ཏིས་བཱཻ་རོ་ཙ་ན་ལ་རྟོགས་ཚད་ཅི་འདྲ་འདུག་དྲིས་པས། བོད་ཀྱི་བནྡེ་རང་སེམས་ཅི་ལྟར་རྟོགས་ན་རྟོགས་པ་ཡིན། །ཐེག་པ་གང་ལ་མཁས་ན་འབྲས་བུ་ཐོབ། །མཆོད་པ་གང་གི་མཆོད་ན་འཕགས་པ་བརྙེད། །ཞེས་དྲིས་པས། བཱཻ་རོ་ཙ་ནས་དང་པོ་རང་སེམས་ཅི་ལྟར་རྟོགས་ན་རྟོགས་ཞེས་པ་ལན་བཏབ་པ། སེམས་ཀྱི་མཚན་ཉིད་གདོད་ནས་རང་བཞིན་མེད། །རྒྱུ་ལས་མ་བྱུང་དཔེས་ཀྱང་མཚོན་དུ་མེད། །རང་བཞིན་འོད་གསལ་དམིགས་མེད་དག་པ་ལ། །རྒྱལ་བ་རྣམས་ཀྱི་མཚོན་དུ་མེད་པར་འཁུམས། །གཉིས་པ་ཐེག་པ་གང་ལ་མཁས་པའི་ལེན་བཏབ་པ། དོན་དམ་ཆོས་ཉིད་ལྟ་ཕུག་གཅིག་པ་ལ། །དབང་པོ་རབ་འབྲིང་རིམ་པ་གསུམ་གསུམ་ཕྱེ། །དམ་ཆོས་ཐེག་པ་ཞལ་ནས་གསུངས་པའི་བཀའ། །གང་ལྟར་རྟོགས་ཀྱང་འབྲས་བུ་ཐོབ་བམ་དགོངས། །གསུམ་པ་མཆོད་པ་གང་གིས་མཆོད་ཀྱི་ལན་བཏབ་པ། ཡེ་ནས་དག་པའི་ཀློང་ཆེན་མི་དམིགས་ན། །ཡེ་ནས་འོད་གསལ་སྤྲོས་མེད་སངས་རྒྱས་སྐུ། །སེམས་ལ་ཆགས་མེད་འཁོར་ཡུལ་ཟང་ཟིང་གི། །སེར་སྣ་མ་ཞུགས་ཀུན་ལ་མཉམ་སྙམ་ན། །དེ་ནི་མཆོད་པའི་ནང་ནས་དམ་པ་སྟེ། །འཕགས་པ་རྣམས་ཀྱང་དེ་ལ་མཉེས་སམ་དགོངས། །ཅེས་གསུངས་པས། པཎྜི་ཏ་སིདྡྷི་མཉེས་ནས། དགུང་ཟླ་གཅིག་མཆོད་གནས་བྱས་སོ། །དེ་ནས་བཱཻ་རོ་ཙ་ན་རྒྱ་དང་བལ་པོའི་ཁ་ལ་ལ་ཁ་ཏུ་བོད་ཀྱི་འཚོང་པ་དང་འཕྲད་དེ། དེའི་གསེབ་ན་བློན་པོ་མ་ར་དག་རྗེ་བྱ་བ་འདུག་སྟེ། བཟློག་སྟེ་བཱཻ་རོ་ཙ་ནས། རྗེ་ཁྲི་སྲོང་ལྡེའུ་བཙན་ལ་ཤོག་འཕྲིན་བསྐུར་བ། ཀྱེ། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས། །ཡང་དག་བདེ་ཆེན་གྱི་དོན་ནི་མ་རྟོགས་ཅིང་། །ཀུན་རྫོབ་འཁོར་བའི་ཆོས་ལ་ཐུགས་ཆེས་པས། །བོད་ཀྱི་མངའ་བདག་རྒྱལ་པོའི་སྤྱན་སྔར་རུ། །བཱཻ་རོ་ཙ་ན་བདག་གིས་འཇལ་ཕྱག་འབུལ། །དགུང་ལོ་དགུ་རུ་ཞལ་གཡར་མ་འཇལ་བས། །རིན་ཆེན་འབར་བ་སྐུ་ཡི་ཕུང་པོ་ལ། །རླུང་མཁྲིས་བད་ཀན་འདུས་པས་མ་བསེར་རམ། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་མ་སྤྱོད་པར། །ཁ་ལ་ལ་ཁའི་ཁ་རུ་བདག་གིས་འཁུམས། །ཀུན་ལ་དགོས་པའི་སྤྱི་ཡི་ཁྲིམས་ཆེན་ཀྱང་། །དབུས་ནས་མ་གཡོས་མཐའ་ནས་མ་ཟག་པར། །ཁ་ལ་ལ་ཁའི་ཁ་རུ་བདག་གིས་འཁུམས། །ཕྱིང་བར་སྟག་རྩེ་བཀྲ་ཤིས་དང་རྩེ་ན། །བོད་ཀྱི་མངའ་བདག་རྒྱལ་པོའི་སྐུ་ཁམས་བདེ། །བདག་འདྲ་བཱཻ་རོ་ཙ་ན་ཡིས། །ཟླ་བ་དྲུག་གི་དམྱལ་དབྱང་ལམ་བཅད་པས། །མཐའ་ཡི་ཕྱོགས་བཞིར་ཁ་བཞི་བསྟན་བསྟན་ནས། །མ་མྱོང་དགུ་མྱོང་ཤི་བ་མ་མྱོང་བའི། །བཱཻ་རོ་ཙ་ནས་རྗེ་ལ་བཞེས་ཕྱག་འབུལ། །དེ་སྐད་བྱ་བའི་ཤོག་འཕྲིན་ནང་འཁོར་བ་ཅིག་ལ་བརྫངས་པས། ནང་འཁོར་བ་རྗེའི་སྤྱན་སྔར་མཆིས་མ་ཐག་ཏུ་ཕྱག་བྱས་ཏེ། བཱཻ་རོ་ཙ་ནའི་འཕྲིན་ཡིག་གཏད་པས། རྗེ་ཁྲི་སྲོང་ལྡེའུ་བཙན་དགྱེས་ཏེ། ཡང་རྗེ་ཡིག་དག་རྗེ་བཟློག་སྟེ། བཱཻ་རོ་ཙ་ནའི་ཤོག་འཕྲིན་ལན་བརྫོངས་པ། །ཕྱིང་བར་སྟག་རྩེ་བཀྲ་ཤིས་དང་རྩེ་ན། །འཁོར་བའི་ཆུ་འཛིན་འདྲ་བའི་ཁ་དཔོན་བདག །ཕུང་པོ་མ་གཡོས་ཁམས་ཆེན་བཅོ་བརྒྱད་བདེ། །བཀའ་ཡི་ཕུང་པོ་ལྔ་དང་ཁམས་ཆེན་བཅོ་བརྒྱད་བདེ། །ལན་གཅིག་འཇིག་པ་བདག་གིས་མི་བཟོད་ན། །ཕུང་པོ་ཁམས་ཆེན་འཇིག་པའི་སྨན་ཆེན་པོ། །ཕྱི་ནང་མཚན་ཉིད་མན་ངག་བདེ་བའི་ལམ། །མན་ངག་རྒྱལ་པོ་དུ་ཞིག་ལོན་ནས་བྱོན། །མ་ནོར་ཡང་དག་བདེ་བའི་ཆོས་ཆེན་པོ། །བསྣམས་ནས་བྱོན་ནམ་ཞལ་མཇལ་སྤྱི་བོར་ཁུར། །དགུང་ལོ་དགུ་རུ་མཐའ་ཡི་ཁ་བརྒྱུད་ནས། །གནོད་སྦྱིན་གཏུམ་དང་འཕྲང་བསྲུང་མི་བཟད་པ། །གཅན་གཟན་དམ་དྲེད་སྤྱང་ཀུ་སྦྲུལ་རྣམས་ཀྱིས། །བཀའ་ཡི་ཡིད་བཞིན་ནོར་བུ་ལྟ་བུའི་ཕུང་པོ་ལ། །བསྐྱོད་པར་མ་ནུས་བྱིན་བརླབས་ཐུགས་རྗེ་ཆེ། །དགུང་ལོ་གྲོངས་ཀྱིས་མ་མཇལ་བར་སྐབས་སུ། །སྐུ་ལ་ནོངས་པ་མ་བྱུང་གློ་བ་དགའ། །ཡང་དག་མ་ནོར་བདེ་བའི་ཆོས་བདོག་ན། །བོད་ཀྱིས་རྒྱལ་པོས་མདུན་བསུ་འཕྲད་པར་སྨོན། །ཅེས་བྱ་བའི་ཤོག་འཕྲིན་ཅིག་བྲིས་ནས། ས་ཁོར་པོ་བྱ་བ་གཅིག་གི་ཚང་པ་ལ་བསྐུར་ནས་བཱཻ་རོ་ཙ་ནའི་ས་རུ་བཏང་ངོ་། །དེ་ནས་བཱཻ་རོ་ཙ་ན་བལ་ཡུལ་དྷ་ཧེ་ནའི་ཡུལ་དུ་བྱོན་ཏེ། ཁ་བལ་གྱི་རྒྱལ་པོ་དྷ་ཧེ་ན་བྱ་བའི་རྒྱལ་ཕྲན་གཅིག་ལ་བཱཻ་རོ་ཙ་ན་བབ་ནས། རྐང་མགྱོགས་ཀྱི་ནུས་པ་ཡར་འགྲིབ་སྟེ། བཱཻ་རོ་ཙ་ནས་བལ་སྐད་དུ་མགུར་བཞེངས་པ། གྲོང་ཁྱེར་འདི་ཡི་མི་རྣམས་ཀུན། །བན་རྒན་འདི་ལ་བརྟེན་ས་ཅིག །གཡར་འཚལ་ཅིག་ནི་ཞུས་པ་ལགས། །གསུངས་པས། ཡང་ཁོ་བལ་གྱི་རྒྱལ་པོ་དྷ་ཧེ་ནས་བཱཻ་རོ་ཙ་ན་ལ། ཁྱོད་སུ་ཡིན་གང་ནས་འོང་། གང་དུ་འགྲོ། དོན་ཆེད་ཅི་བསྒྲུབ་གསུངས་པས། བཱཻ་རོ་ཙ་ནས་བལ་སྐད་དུ་མགུར་དུ་བཞེངས་ཏེ་ལེན་བཏབ་པ། ཀྱཻ་དྷ་ཧེ་ན། སེམས་ལ་སྐྱེ་འགག་མེད་པས་ནམ་མཁའ་འདྲ། །གདོད་ནས་མ་སྐྱེས་ནམ་མཁའ་དང་པ་ལ། །ནམ་མཁའི་དབྱིངས་ནས་ནམ་མཁའི་ཆོ་འཕྲུལ་ཤར། །སྤྲིན་དང་ཁུ་རླང་ཉི་ཟླ་གཟའ་སྐར་བྱུང་། །ནམ་མཁའི་དབྱིངས་ནས་ནམ་མཁའ་བྱུང་ཚོར་བྱུང་། །ཅི་ལྟར་བྱུང་ཡང་ནམ་མཁའི་དབྱིངས། །དེ་ལ་གདོད་ནས་སྐྱེ་བར་ངས་མ་མཐོང་། །སེམས་ཉིད་མ་སྐྱེས་ཡེ་ནས་སངས་རྒྱས་ལ། །སྟོན་པའི་བྱུང་ཚུལ་སེམས་ཉིད་དབྱིངས་ནས་བྱུང་། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་རྣམ་ལྔ་པོ། །རང་བྱུང་རང་ཞིར་བཞག་ན་ཆོས་ཉིད་དབྱིངས་ཀྱི་ངང་། །དེ་ལ་གདོད་ནས་སྐྱེ་བ་མེད་པར་རྟོགས། །དམིགས་མེད་མཁའ་ལྟར་དག་པའི་ཆོས་དབྱིངས་ལ། །བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཆེན་ཕ། །ཡ་མཚན་རྨད་འབྱུང་བདག་གི་ལུས་འདི་སྐྱེས། །མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས་ནས་འོང་། །འཇིག་རྟེན་འདི་ཡི་དགོས་པའི་གཏམ་བགྱིས་དེར། །རིགས་པའི་ཀློང་ནས་ཐུགས་རྗེའི་ཉི་ཤར་བས། །དུས་གསུམ་རྒྱལ་བའི་དགོངས་པ་བདག་གིས་རྙེད། །ཀུན་གཞི་རྣམ་དག་བདེ་ཆེན་ལྷུན་རྫོགས་པས། །མཁའ་ལྟར་དག་པའི་བྱང་ཆུབ་སེམས་ཉིད་ནི། །སྐྱེ་མེད་ཡ་མཚན་ཡི་གེ་ཨ་ཅིག་ལ། །ཡི་གེ་ཨ་ནི་དགོངས་པའི་བྱུང་ཁུང་ཏེ། །དགོངས་པའི་དོན་དུ་བྱ་བ་དེ་ལས་མེད། །དེ་ལས་བྱུང་བའི་ནོར་ནི་འདི་རྣམས་ཡིན། །ནོར་ནི་མ་མཆིས་བླ་མའི་མན་ངག་འཆང་། །སློབ་དཔོན་མ་མཆིས་ཤྲི་སིང་ཧ་ལས། །འཁོར་ནི་མ་མཆིས་ལྷ་སྲིན་སྡེ་བརྒྱད་འཁོར། །ཆུང་མ་མ་མཆིས་ཀུན་ཏུ་བཟང་མོ་ལགས། །གྲོགས་ནི་མ་མཆིས་མ་མོ་མཁའ་འགྲོའི་གྲོགས། །རྟ་ནི་མ་མཆིས་ཚོགས་དྲུག་ཡིད་ཀྱི་རྟ། །བུ་ནི་མ་མཆིས་རང་རིག་ཡིད་ཀྱི་བུ། །མཐུ་ནི་མ་མཆིས་དུག་གསུམ་རྩད་ནས་གཅོད། །བརྒྱག་ཕྱེ་མ་མཆིས་ཏིང་འཛིན་ཟས་སུ་ཟ། །དེ་འདྲ་ང་ལ་ཡོད་པ་ཚོལ་དུ་ཕྱིན། །བརྟེན་ས་མ་མཆིས་དོ་ནུབ་བརྟེན་ས་ཅིག་ཞུས་པས། །བལ་ཡུལ་དྷ་ཧེ་ནའི་ཡུལ་མི་ཀུན་དགའ་ནས་ཕྱག་བྱས་དགུང་ཞག་ཅིག་ཞབས་ནས་བཏེགས་སོ། །དེ་ནས་བཱཻ་རོ་ཙ་ན་ལི་ཡུལ་ལྕང་ར་སྨུག་པོར་བྱོན་ནས། རྐང་མགྱོགས་ཀྱི་ནུས་པ་ཡང་ཡལ་ཏེ། བཙུན་མ་ལི་ཚ་ཚུལ་ཁྲིམས་སྒྲོན་མ་བྱ་བ་ལ། ཞག་ས་ཞུས་པས། མགུར་འདི་བཞེངས་སོ། །འདི་ལ་བཞུགས་པའི་ཡོན་བདག་མོ། །བན་རྒན་འདི་ལ་བརྟེན་ས་གཡར། །བཟའ་རྒྱུ་མ་མཆིས་ཡོན་ཅིག་ཞུ་གསུངས་པས། བཙུན་མོ་ལི་ཚ་ཚུལ་ཁྲིམས་སྒྲོན་མས། བཱཻ་རོ་ཙ་ན་ལ་ལན་བཏབ་པ། བརྟེན་ས་མ་མཆིས་བདག་རང་མི་གོ་འདྲིམ། །སྐུ་ཡོན་སྦྱིན་དུ་བདག་རང་མི་ཟས་ཟ། །སློབ་དཔོན་ཡང་སྐུ་ཡོན་ཅང་བཞེད་དམ། །ཞུས་པས། ཡང་སློབ་དཔོན་གྱིས་མགུར་འདི་བཞེངས་སོ། །འགྲོ་སས་སྡུག་པའི་བན་རྒན་ལ། །སྐྱིད་ན་སྒོ་རྒྱབ་ཡིན་ཀྱང་ཆོག །དྲོ་ན་ཕྱར་ཧྲུལ་ཡིན་ཀྱང་ཆོག །འགྲང་ན་ཟས་ལྷག་ཡིན་ཀྱང་ཆོག །ཅིས་ཀྱང་གཞན་དུ་འགྲོ་རེ་སྐན། །གསུངས་པས། ལི་ཚ་ཚུལ་ཁྲིམས་སྒྲོན་མའི་སེམས་ལ་མཁས་པ་བཱཻ་རོ་ཙ་ན་བྱ་བ་ཞིག་བྱོན་ཀྱིན་འདུག་ཟེར་དེ་ཡིན་ཉན་ཡོད། དེ་ཡིན་ན་ངའི་མོ་རིང་མའི་ཁྱིམ་ངོ་ཚ་སྙམས་པ་ལས། ཤིན་ཏུ་འོ་བརྒྱལ་ལ་ཉམས་ཐག་པར་འདུག་སྙམ་ནས་དགུང་ཞག་གཅིག་ཞབས་ཏོག་ཆེར་བྱས་སོ། །དེ་ནས་བཱཻ་རོ་ཙ་ན་ཡིན་པར་ཤེས་ནས། མ་ཧཱ་གྷུ་རུ་ཆེན་པོ་ལགས། སེམས་ཉིད་ཅི་ལྟར་རྟོགས་ན་རྟོགས་པར་འགྱུར། །ཞེས་ཞུས་པས། བཱཻ་རོ་ཙ་ནས་ལན་གསུངས་པ། སེམས་ཉིད་ནམ་མཁའ་དབྱིངས་དང་འདྲ། །ནམ་མཁའི་དབྱིངས་ལ་མཐའ་དབུས་མེད། །ནམ་མཁའི་དབྱིངས་ལ་གཞི་རྩ་མེད། །ནམ་མཁའི་དབྱིངས་ལ་འཕོ་འགྱུར་མེད། །ནམ་མཁའ་དབྱིངས་ལ་སྐྱེ་ཤི་མེད། །སེམས་ཀྱི་དཔེ་ནི་ནམ་མཁའ་འདྲ། །བྱང་ཆུབ་སེམས་ལ་གཞི་རྩ་མེད། །བྱང་ཆུབ་སེམས་ལ་མཐའ་དབུས་མེད། །བྱང་ཆུབ་སེམས་ལ་མཚན་མ་མེད། །བྱང་ཆུབ་སེམས་ལ་སྐྱེ་ཤི་མེད། །དགོངས་པ་མཐའ་དབུས་མེད་པར་རྟོགས་པ་དང་། །གཞི་རྩ་མེད་པར་རྟོགས་པ་དང་། །འཕོ་འགྱུར་མེད་པར་རྟོགས་པ་དང་། །སྐྱེ་ཤི་མེད་པར་རྟོགས་པ་ལ། །མ་ཡེངས་མ་བཅོས་གནས་པ་ན། །བསྒོམ་པ་མིང་དུ་བཏགས་པ་དེ་ལས་མེད། །ཅེས་གསུངས་སོ། །གཞན་ཡང་མན་ངག་མང་པོ་གནང་། ལི་ཚ་ཚུལ་ཁྲིམས་སྒྲོན་མ་ཡིད་ཆེས། ཐག་ཆོད་དོ། །ལི་ཚ་ཚུལ་ཁྲིམས་སྒྲོན་མས་བཱཻ་རོ་ཙ་ན་ལ་རྟ་ངང་པ་གསེར་མདོག་བྱ་བ་གཅིག་ཕུལ་བས། བཱཻ་རོ་ཙ་ནས་རྟ་ངང་པ་གསེར་མདོག་བཅིབས་ནས་མགུར་བཞེངས་པ། ནམ་མཁའ་ཆེ་ཡི་ས་གཞི་ལ། །རྨད་དུ་བྱུང་བའི་རྟ་ཕོ་ཕྱོ། །རྡོ་ལ་གསེར་ཞུན་སྒ་ཅིག་བསྟད། །བདེ་བའི་འཕྲ་བཀོད་ཡོབ་ཆེན་བཏགས། །ཡིད་བཞིན་ནོར་བུའི་གློ་སྲབ་བསྡོམ། །རྗེ་བཙུན་དམ་པའི་མི་ཅིག་ཞོན། །སྤྱི་བཅིངས་རྒྱལ་པོའི་རྨོག་ཅིག་གོན། །རྩེ་མོ་བྱུང་རྒྱལ་འཕྲུ་གཅིག་གཙུག །ཐོག་མེད་དྲུག་གི་ཁྲབ་གཅིག་གྱོན། །སྲོག་གི་འཁོར་ལོའི་ཕུབ་ཆུང་ཁུར། །རྩལ་ཆེན་སྤྲུག་པའི་གཞུ་ཅིག་བརྡུངས། །དྲངས་པའི་སེམས་ཀྱི་མདའ་གཅིག་ལ། །ཀུན་འདུས་རིགས་པའི་མདེའུ་ཅིག་བཙུག །སྤྱི་གཅོད་རྣོན་པོའི་རལ་དྲི་བཏགས། །རིག་པ་ཁུ་བྱུགས་ལྕག་གི་བྲབ། །ཀུན་བྱེད་རྒྱལ་པོའི་སྟག་དོང་དུ། །རྒྱུད་སྡེ་དྲུག་ཅུའི་མདའ་མོ་བླུག །རྒྱུད་སྡེའི་བསྟན་བསྲུངས་ཀུན་གྱི་དོང་རྒྱན་བྱས། །ཁྱུང་ཆེན་ལྡིང་བའི་ང་རྒྱལ་བསྐྱེད། །བདེ་བྱམས་སྡུག་མེད་ལམ་ལས་བྱུང་། །འགྲོ་ནི་ཆོས་ཀྱི་དབྱིངས་སུ་འགྲོ། །འཕོ་ནི་གློག་འགྱུའི་ནང་ནས་འཕོ། །ཅེས་གསུངས་སོ། །དེ་ནས་བལ་ཡུལ་དུ་བྱོན་ནས། རྒྱ་གར་གྱི་བརྟེན་མ་རེ་མ་ཏིས་ལམ་ཁར་ཁ་བ་བཏང་བས། རྗེ་བཱཻ་རོ་ཙ་ནས་བཀའ་བདེན་ནམ་མི་བདེན་བརྟགས་ནས། དུས་གསུམ་སངས་རྒྱས་རང་གིས་སེམས་ཡིན་ནོ། །སྐྱེ་འཆི་མེད་པས་དུས་གསུམ་སངས་རྒྱས་སོ། །ཡང་རབ་སྐལ་ལྡན་བློ་དང་ལྡན་པ་ལ། །སེམས་ཀྱི་ཉི་མ་གསལ་བར་བྱ་བའི་ཕྱིར། །བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིན། །བོད་ཀྱི་ཡུལ་ནས་རྒྱ་གར་ལམ་བར་ལ། །དཀའ་བ་བཅུ་དྲུག་བསྡོས་པའི་མན་ངག་ལ། །བཀའ་བ་ཅིག་གིས་ལམ་དུ་མ་གཅོད་པར། །ཁ་བ་འདི་ཡིས་བར་དུ་གཅོད་ལ་ཁད། །བཀའ་འདི་བདེན་ན་ཁ་བ་འདི་ཀ་ཆོད། །གསུངས་པས་རྒྱ་གར་གྱི་བརྟན་མ་རེ་མ་ཏི་ལྷ་མོ་དམར་མོ་སྤྲིན་གྱི་གསེབ་ནས་སྐུ་བསྟན་ནས། བཱཻ་རོ་ཙ་ན་ལ་ཕྱག་འཚལ་ལུས་བྲན་དུ་ཁས་བླངས་པས་དུས་དེར་ཁ་བ་ཆོད་དོ། །གདུག་རབ་ཏུ་གསལ་ལོ། །དེ་ནས་བཱཻ་རོ་ཙ་ནས་ཁོ་བལ་གྱི་རྒྱལ་པོ་དྷ་ཧེ་ནས་ཕུལ་བའི་འཕགས་པ་བྱམས་པའི་གསེར་སྐུ་དེ་བལ་ཡུལ་འཕགས་པ་ཤིང་ཀུན་ལ་ཕུལ་ནས་འདི་སྐད་གསུངས་སོ། །སྒྲིབ་རྐྱེན་མི་མངའ་དུས་གསུམ་རྒྱལ་བའི་སྐུ། །ཐུགས་རྗེ་དབང་བཙན་ཛམ་གླིང་ཉི་མ་འདྲ། །སྟོན་པའི་སྐུ་ལ་ཕྱོགས་རིས་མི་མངའ་ཡང་། །འཁོར་བའི་ལས་ཡིན་ཟད་མེད་ནམ་མཁའ་འདྲ། །ཐུགས་རྗེས་འཁོར་བའི་རྒྱ་མཚོ་བསྐོམས་པའི་ཕྱིར། །དུས་གསུམ་རྒྱལ་བའི་སྐུ་ལ་བཟོད་པར་གསོལ། །ཞེས་གསུངས་སོ། །དེ་ནས་རྗེ་བཱཻ་རོ་ཙ་ནས་བསམ་ཡས་སུ་བྱོན་པས། ས་གོར་སོམ་ཏིང་བ་དང་འཕྲད་ནས་རྒྱལ་པོ་ཁང་པ་དགུ་རིམ་ན་བཞུགས་པ་ལ། ནང་འཁོར་བ་ཅིག་ལ་ཤོག་འཕྲིན་བརྫངས་པ། བོད་ཀྱི་མངའ་བདག་རྒྱལ་པོ་ལགས། །འཇིག་རྟེན་འཁོར་བའི་ཆོས་ལ་ཐུགས་དབྱུང་ནས། །མ་ནོར་ཡང་དག་བདེན་པའི་ཆོས་འདོད་ནས། །གསེར་ཕྱེ་བརྫངས་ནས་བདག་ཅག་ཚོལ་དུ་བཏང་། །དམྱལ་སྦྱང་ལམ་བཅད་མཐའ་ཡི་ཁ་བསྐོར་ཏེ། །བདེ་ཆེན་ལྷུན་རྫོགས་རྙེད་པ་དགུང་ལོ་བརྒྱད། །འཇིག་རྟེན་འཁོར་བའི་ནད་ཆེན་གསོ་བ་ལ། །སྨན་དང་སྨན་པར་བཅས་པ་མ་ནོར་བདེན་པའི་མཆོག །བོད་ཀྱི་བན་རྒན་ལུས་ལ་མཆིས་ལགས་ཏེ། །བཱཻ་རོ་ཙ་ན་ཧ་ཅང་བོད་ལ་གློ་བ་ཆེས་ཤིང་རྨར་རྒྱུ་མེད། །རྒྱལ་པོ་ནད་ཀ་ཆེ་བས་ཡར་ལེ་ཤམ་པོ་འདྲ། །བློན་པོ་གདུག་པ་ཆེ་སྟེ་བཙན་དུག་ཁོལ་མ་འདྲ། །བཙུན་མོ་ཁོང་གྱོང་ཆེ་སྟེ་གྱང་ཁའི་ཁྱི་འཕྱོ་འདྲ། །སྟག་ཤར་སྒྲིན་ལ་མནག་ཆུང་ཕོ་རོག་ཁྲ་དེད་འདྲ། །ཆབ་སྲིད་དར་ལ་ཡུན་ཐུང་ཕུག་ཆུ་བླུག་པ་འདྲ། །བསྟན་བཅོས་ཀློག་བཤད་བྱ་བྱེད་བྱིས་པའི་ཀློག་མཁན་འདྲ། །སྔགས་པ་གྲོང་གཉེར་བྱེད་དེ་གྱེར་བོན་རྔ་ཐོགས་འདྲ། །དམ་ཉམས་ཚོགས་དཔོན་བྱས་པ་ཁྲག་གིས་ཁྲག་འཁྲུགས་འདྲ། །སྐད་འགྱུར་རང་མཐོང་ཆེ་བ་སྔགས་བཤད་བྲག་ཆ་འདྲ། །རྒྱལ་པོ་ཁྱེད་ཉིད་བཞུགས་པ་ཡང་། །མ་ཉེས་སྙན་ཁུང་ཆུང་ཆུང་འདྲ། །འདྲ་བ་མང་པོའི་གསེབ་ན་བཱཻ་རོ་ཙ་ན་མཆིས། །ཀྱེ་མ་མ་ནོར་བདེན་པའི་ཆོས་མཆིས་ཏེ། །བཱཻ་རོ་ཙ་ན་གར་འགྲོ་གཏོལ་མ་མཆིས། །ཁྱོད་ཉིད་རི་བོ་ལྟ་བུར་མི་འགྱུར་བརྟན་པ་དང་། །རྒྱལ་མཚོའི་གཏིང་ལྟར་མི་བསྐྱོད་དལ་བར་མཛོད། །བོད་ལ་དགོས་རྒུ་བན་རྒན་ལུས་ལ་མཆིས་ལགས་ཏེ། །ཞལ་གཡར་མཇལ་ནས་བཀའ་མཆིད་སྙན་དུ་གསོལ། །བོད་ཀྱི་མངའ་བདག་རྒྱལ་པོའི་ཞལ་མཇལ་ཞེ་ས་འབུལ། །ཞེས་རྗེའི་སྤྱན་སྔར་ཤོག་འཕྲིན་བྱུང་མ་ཐག་ཚིག་གཅིག་ཀྱང་ཡོང་ལོང་མེད་པར་སྤྱན་དྲངས་སོ། །བཱཻ་རོ་ཙ་ན་དང་ཞལ་མཇལ་ཞེ་ས་མ་ཕུལ་བར་དུ། བཱཻ་རོ་ཙ་ནས་འདི་སྐད་གསུངས་ཏེ། རྗེ་ཡི་བཀའ་རྩལ་གཉེར་ནི་བདག་གིས་འཁུམས་ནས་མཆིས། །ལེགས་གྲུབ་གཞི་ནི་སྔ་ལ་སོང་བས་གཅན་འཕྲང་བས་བསད། །རྒྱ་གར་ཕྲག་དོག་ཆེ་བས་སྙན་ཕྲ་ལ་དགའ། །སྙན་ཕྲ་བྱུང་ནས་གསན་དུ་མི་རུང་ལགས་སོ་བྱས་པས། རྗེ་ཡིས་བཱཻ་རོ་ཙ་ན་ལ་སྲོག་ལ་མི་བབ་པའི་བཀའ་རྟགས་སྲོག་ཚིག་ནོས་སོ། །རྗེའི་ཞལ་ནས་དེ་མི་གསུངས་འཚལ་དགྱེས་པར་བགྱི་གསུངས་སོ། །དེ་ནས་བཱཻ་རོ་ཙ་ནས་ཇོ་མོ་དམར་རྒྱན་ལ་ཤོག་འཕྲིན་བརྫོངས་པ། མ་བཅོས་ཆོས་དབྱིངས་མ་རྟོགས་པས། །སྣང་སྲིད་འཁོར་བའི་ཆོས་ལ་ཡིད་ཆེས་པས། །མངའ་ཐང་རྩེ་རུ་ཆིབས་པའི་རྗེ་མོ་དམར་རྒྱན་མ། །བཱཻ་རོ་ཙ་ནས་སྐུ་ལ་བཞེས་ཕྱག་འབུལ། །དགུང་ལོ་བརྒྱད་ནས་ལྷ་ཞལ་མ་འཁུམས་པའི། །ནོར་བུ་རིན་ཆེན་བཙུན་མོ་དམ་པ་ལ། །སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་ཚོགས་རྣམས་ཀུན། །འབྱུང་བ་ལྔ་ཡི་ནད་ཀྱི་ཐང་ལྷག་མ་མཆིས་པར། །དེ་རིང་ཡིན་སྙན་འཁོར་དུ་བཀའ་མཆིས་འཁུམས། །ཀུན་ལ་དགོས་པའི་སྤྱི་ཁྲིམས་ཆེན་པོ་ཡང་། །དབུས་ནས་མ་གཡོས་མཐའ་ནས་མ་འགྲམ་སྙད། །གཅེས་པའི་སྐུ་ལས་འཁྲུངས་པའི་རྒྱལ་བུ་མཆེད་གསུམ་ནི། །བགེགས་ཀྱི་མ་བསྐྱེད་འཁྲུངས་པར་ལགས་པ་ཡང་། །ཁ་ལ་ལ་ཁའི་ཁ་རུ་བཀའ་མཆིས་འཁུམས། །འཕྱིང་པར་སྟ་རྩེ་བཀྲ་ཤིས་དང་རྩེ་ན། །བོད་ཀྱི་མངའ་བདག་ཉིད་དང་མཇལ་བའི་སྐུ་གསུང་ཐུགས་ནི་བདེ། །ཟླ་བ་དྲུག་གིས་ཕར་ལམ་བཅད་བཅད་པས། །ཀུ་ཤའི་འདུ་ཁང་རྡོ་རྗེ་གདན་དུ་སླེབ། །དབུས་ཀྱི་བསམ་ཡས་ལྷུན་གྱིས་གྲུབ་པ་ན། །རྡོ་རྗེ་གདན་དུ་མ་བསྡད་དགུང་ཟླ་དྲུག །ཀུ་ཤའི་འདུ་ཁང་ཚུན་ཆད་ཟླ་བ་བདུན། །ཕར་ལ་དགུར་ཟླ་བདུན་གྱི་ལམ་བར་ལ། །དེའུ་ཤི་དེའུ་ཆད་ལྔ་བཅུ་རྩ་བདུན་མྱོང་། །མ་མྱོང་དགུ་མྱོང་ཤི་བ་མ་མྱོང་བའི། །བཱཻ་རོ་ཙ་ན་འཁྱམ་པོ་བདག །རྗེ་མོ་དམར་རྒྱལ་སྐུ་ལ་བཞེས་ཕྱག་འབུལ། །ཐུགས་རྗེ་རེག་ན་ནང་འཁོར་ཅིག་ལ་ཤོག་འཕྲིན་བརྫངས། །ལྷ་རྒྱལ་ཆེན་མོ་བདག་དངོས་ཞལ་མཐོང་འཚལ། །ཅེས་གསུངས་པས། དེར་ལྷ་རྒྱལ་ཡབ་ཡུམ་དང་མཇལ། ཕྱག་ཚུལ་བཞིན་མཛད་དོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ན་དགུང་ལོ་ལྔ་བཅུ་རྩ་བདུན་ལ་རྒྱ་གར་ནས་བོད་དུ་བྱོན་པའི་སྐབས་བཅུ་དྲུག་པའོ།། ༈ །།དེ་ནས་རྗེའི་དབུ་སྐྲ་ལྕང་ལོ་ཐེག་པའི་ཁ་ལ་བཀྲོམ་ནས། དེའི་སྟེང་ནས་ཡར་ལ་བཱཻ་རོ་ཙ་ན་བྱོན་དུ་བཅུག་ནས་ཞབས་སྤྱི་བོའི་ཐོག་ཏུ་བཞག་ནས། བཱཻ་རོའི་ཞབས་ཀྱི་འགོ་ནས་རྡེའུ་ཅིག་ཕྱུངས་ནས་རྗེའི་དབུ་ཐོག་ཏུ་བཞག་ནས། སྔགས་བཙུན་སྡེ་དབུའི་མཆོད་གནས་སུ་བཀུར་རོ། །མཚན་ཡང་མན་ངག་བདག་པོ་ལྷ་རྗེ་བླ་མར་བཏགས་སོ། །དེས་དུས་དེ་ནས་སེར་ཆགས་དབུའི་མཆོད་གནས་སུ་ཁུར་རོ། །ཕྱིས་ཀྱང་སློབ་དཔོན་དབུ་ཡི་མཆོད་གནས་སུ་མི་ཁུར་བར་ཆོས་འགོ་བྲུ་ནས་ཞུས་ནས་ཆོས་རྐུ་བ་བྱ་བ་ཡིན་ཏེ། དེ་ནི་དམ་ཚིག་ཉམས་པའི་ལས་ཡིན་ཏེ་དེ་འདྲ་བྱར་མི་རུང་ངོ་། །སྟོན་པ་ཤཱཀ་ཐུབ་བཀའ་ནས་ཚིག་གསུམ་སྨྲ་བ་སློབ་དཔོན་ཡིན། །ཡིད་ཀྱིས་བླངས་ལ་སྤྱི་བོར་ཁུར། །གསུངས་སོ། །དེ་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་བཱཻ་རོ་ཙ་ན་ལ་མན་ངག་ཨ་ཏི་རྫོགས་པ་ཆེན་པོ་གསན་ཅིང་བཞུགས་སོ། །སྤྱིར་ཡང་སློབ་དཔོན་ཆེན་པོ་བཱཻ་རོ་ཙ་ནས་རྒྱ་གར་གྱིས་ཡུལ་ནས་རྒྱུ་འབྲས་ཀྱི་ཆོས་མང་པོ་བསྒྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་འབུམ་སྡེ་ལྔ་བསྒྱུར་ཏེ། ཤེས་རབ་ཕ་རོལ་དུ་ཕྱིན་པས་སྟོང་ཕྲག་བརྒྱ་པ་ལས་བྱམས་པས་ཞུས་པ་དང་། རྟག་ཏུ་ངུ་དང་། སྡུད་པ་དང་། བམ་པོ་ལྔས་ཁ་མ་ལོང་ངོ་། །ལང་ཀར་གཤེགས་པ་ལ་བམ་པོ་བཅོ་ལྔ་པ་བསྒྱུར། ཕྱི་མ་ལུས་པའོ། །དཀོན་མཆོག་བརྩེགས་པ་ལ་བམ་པོ་སོ་ལྔས་ཁ་མ་སོས་སོ། །སངས་རྒྱས་ཕལ་པོ་ཆེ་ལ་བམ་པོ་བརྒྱ་དང་བརྒྱད་ལ་འགྱུར་རོ། །མྱ་ངན་ལས་འདས་པ་ལ་ཉིས་བརྒྱ་བཅུ་གཉིས་མ་འགྱུར་རོ། །ལུང་གི་རྒྱུད་ལ་གཤིན་རྗེའི་རྒྱུད་རྣམས། རིན་པོ་ཆེ་འོད་ཀྱི་རྒྱུད། དབང་བསྐུར་རྒྱལ་པོའི་རྒྱུད་དང་གསུམ་བསྒྱུར་རོ། །མན་ངག་ནི་ནམ་མཁའ་ཆེ་ལ་སོགས་པ་རྩ་བ་བརྒྱད། རྒྱུད་རྨད་དུ་བྱུང་བ་དང་དྲུག །རྒྱ་མཚོ་ཀློང་དང་བདུན། སྤྱི་སེམས་སྨད་བཅུ་དགུ་བསྒྱུར་རོ། །ཞི་བ་བསྐལ་པ་མེ་ལྟར་འབར་བའི་རྒྱུད། ཁྲོ་བོ་སུནྡ་རི་ཀའི་རྒྱུད་ལ་སོགས་པ་མ་ཧཱ་ཏནྟྲ་སྡེ་བཅོ་བརྒྱད་བསྒྱུར་རོ། །ཏནྟྲ་སྡེ་བཅོ་བརྒྱད་ལ། གཞི་མ་རྩ་བའི་རྒྱུད་ལྔ། བསྒྲུབ་པ་ལག་ལེན་གྱི་རྒྱུད་ལྔ། སྤྱི་འགྲོ་བའི་རྒྱུད་སྡེ་ལྔ་སྟེ་བཅོ་ལྔ། རྩ་བའི་རྒྱུད་གསང་བའི་སྙིང་པོ་དང་བཅུ་དྲུག །མ་ཚང་བ་ཁ་བསྐངས་བ་རྔམ་བཟློག་གི་རྒྱུད་དང་བཅུ་བདུན། དོན་གྱི་མཇུག་སྡུད་པ་རྫུ་འཕྲུལ་ཐབས་ཞགས་རྒྱུད་དང་བཅོ་བརྒྱད་དོ། །དེ་ལ་རྩ་བའི་རྒྱུད་ལྔ་ནི། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེའོ། །ལག་ལེན་གྱི་རྒྱུད་ལྔ་ནི། སྐུའི་བསྒྲུབ་པ་ཧེ་རུ་ཀ་གལ་པོ། གསུང་གི་བསྒྲུབ་པ་རྟ་མཆོག་རོལ་པ། ཐུགས་ཀྱི་བསྒྲུབ་པ་ཐུགས་རྗེ་རོལ་པ། ཡོན་ཏན་གྱི་བསྒྲུབ་པ་བདུད་རྩི་རོལ་པ། ཕྲིན་ལས་ཀྱི་བསྒྲུབ་པ་ཀི་ལ་ཡ་བཅུ་གཅིག་གི་ཏནྟྲའོ། །སྤྱི་འགྲོ་བའི་རྒྱུད་ལྔ་ནི། ལྟ་བའི་རྒྱུད་རི་བོ་བརྩེགས་པ། སྤྱོད་པའི་རྒྱུད་གླང་ཆེན་ཆུར་འཇུག །ཏིང་ངེ་འཛིན་གྱི་རྒྱུད་རྩེ་གཅིག་བསྡུས་པ། དམ་ཚིག་ས་མ་ཡ་བཀོད་པའོ། །འབྲས་བུའི་རྒྱུད་གངས་པ་ལུང་སྟོན་ནོ། །དེ་ལྟར་བཅོ་ལྔའི་སྟེང་དུ་རྩ་བའི་རྒྱུད་གསང་བའི་སྙིང་པོ་དང་བཅུ་དྲུག །མ་ཚང་བ་ཁ་བསྐངས་བའི་རྒྱུད་རྔམ་གློག་རྒྱུད་དང་བཅུ་བདུན། དོན་ཐམས་ཅད་ཀྱི་འཇུག་བསྡུད་པ་སྒྱུ་འཕྲུལ་ཐབས་ཞགས་ཀྱི་རྒྱུད་ཏནྟྲ་སྡེ་བཅོ་བརྒྱད་བསྒྱུར་རོ། །བཻ་རོ་ཙ་ན་ཉིད་ཀྱིས་མཛད་པའི་མན་ངག་ཀྱང་བཞུགས་སོ། །ཉིན་མོ་རྒྱུ་འབྲས་ཀྱི་ཆོས་བསྒྱུར། མཚན་མོ་གསང་སྔགས་ཀྱི་རྒྱུད་ཨ་ཏི་རྫོགས་པ་ཆེན་པོ་བསྒྱུར་བའོ། །དེ་ཡང་དེའི་དུས་དེའི་ཚེ་ན་རྒྱ་གར་གྱི་པཎྜི་ཏ་རྣམས་དང་། རྒྱ་གར་ཆོས་ཀྱི་རྒྱལ་པོ་རྣམས་ལ་ཅིག་ལ་གཅིག་ཐུགས་མ་ཆེས་ཡིད་མཁོན་ཏེ། པཎྜི་ཏ་རྣམས་ཀྱི་ཐུགས་ལ་རྒྱ་རུ་སྤྲོད་ཆོས་སྐྱོང་བའི་རྒྱལ་པོས་བཤིག་ནས། བོད་ཀྱི་རྒྱལ་པོ་ཨ་ཏི་བསྐུར་རམ་བསམ། རྒྱལ་པོའི་ཐུགས་ལ་རྒྱ་རུ་སྤྲོད་པཎྜི་ཏས་བཤིག་ནས་བོད་ཀྱི་བནྡེ་ལ་བསྐུར་བས། དེ་མན་ངག་གི་རྒྱལ་པོ་ཨ་ཏི་ནི་བོད་དུ་ཤོར་བས། དེས་ཕྱི་མོ་ཆུ་སྲིན་གྱི་ཁར་རིན་པོ་ཆེ་ཤོར་བ་ལྟར་བསྐལ་པའི་བར་དུ་གཏེར་དུ་འཁུམས་གསུངས་ནས་རྡོ་རྗེ་གདན་དུ་གཏེར་སྦས་པ་ཡང་ཟེར། ཨ་སུ་རའི་བྲག་ལ་གཏེར་དུ་སྦས་སམ་ཡང་ཟེར། བྱ་རྒོད་ཕུང་པོའི་རི་ལ་གཏེར་དུ་སྦས་སམ་ཡང་ཟེར། རྒྱལ་པོས་མན་ངག་གི་ཆོས་ཨ་ཏི་རྫོགས་པ་ཆེན་པོ་གར་སོང་ཆ་མེད་པར་བྱས་སོ། །པཎྜི་ཏ་རྣམས་ལ་ཆབ་གསོལ་བ་ཡང་གླེངས། དེའི་དུས་དེའི་ཚེ་ན་བོད་ལ་ངན་སྒྲོགས་སུ་བཏང་སྟེ། བོད་ཀྱི་བཙན་པོ་རྗེ་འབངས་ལ་བོད་ཀྱི་བནྡེས་རྒྱལ་པོས་ཚོལ་དུ་བཏང་བའི་མན་ངག་གི་ཆོས་ནི་མ་རྙེད། རྒྱ་གར་གྱི་ངན་སྔགས་དང་ཁྲོ་ཆུ་ཕྲ་མན་མ་ལ་སོགས་ཏེ། བོད་ཀྱི་ཕུགས་ཆ་སྣ་ཚོགས་ཁྱེར་བས་བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཅིག་པར་བསྒྲགས་སོ། །དེར་བློན་པོ་ཀུན་ཚོགས་ནས། རྗེའི་སྤྱན་སྔར་ཞུས་པ། བནྡེ་འདིས་རྗེའི་ཚོལ་དུ་བཏང་བའི་མན་ངག་མ་རྙེད། བོད་ཕུང་བར་བྱེད་པའི་ངན་སྔགས་ཉི་ཚེ་ཁྱེར་བར་མཆིས་པས། བནྡེ་འདི་མ་བསད་ན་བོད་ཀྱི་རྒྱལ་ཁམས་ཕུང་བར་འགྲོ་བས། བནྡེ་འདི་བསད་དགོས་བྱས་ནས་རྒྱལ་པོ་ལ་ཞུས་ནས། དེར་བཙད་པོའི་ཞལ་ནས་དེ་གཙུག་མིན་བཱཻ་རོ་ཙ་ན་འདི་སྤྲུལ་པའི་སྐུ་ཡིན་གསུངས་ནས་མ་གནང་ངོ་། །བློན་པོ་རྣམས་ཀྱི་ནང་ནས་རེ་རེ་བཞིན་ཞུས་པས། བཱཻ་རོས་སྤྲུལ་པའི་མི་ཅིག་བྱས། དེ་ནས་རྒྱལ་པོས་བཱཻ་རོ་ཙ་ནའི་གོས་ལྷམ་གྱི་སྦུབས་སུ་བཅུག་ནས། ཟངས་ཆེན་པོ་གཉིས་ཁ་སྦྱར་ནས་དེའི་ནང་དུ་བཱཻ་རོ་ཙ་ན་བཞུགས་ནས། ཁ་ལ་ལྕགས་གཟེར་བཏབ་ནས་ཡར་གཙང་སྐྱི་གཙང་འདུས་པའི་ཆུ་ལ་བསྐུར་ནས། རྒྱལ་པོས་བཱཻ་རོ་ཙ་ན་ལ་ཆབ་གསོལ་ལོ། །ཞེས་བསྒྲགས་སོ། །དེ་ནས་རྗེའི་བྲང་བརྡུངས། ཆོ་ངེས་བཏབ། ངོ་ལོག་མཆི་མ་དབྱུང་བའི་ཚུལ་བྱས་སོ། །དེ་ནས་རྗེ་རང་གི་གདན་ཁྲིའི་འོག་ནས་མལ་ས་རྐོས་པས། ས་ཕུག་གཅིག་དེའི་ནང་ནས་མར་མེ་བྱ་ཕོ་ཙམ་ཞིག་བཏང་ནས་སློབ་དཔོན་སྦས་ན། ནམ་གྱི་གུང་ལ་ཆོས་གསན་ཅིང་ཞུས་པ་ལས། ནུབ་གཅིག་ནང་འཁོར་བ་གློ་བ་ཉེ་བ་གཅིག་གིས་རྗེའི་ཕོ་བྲང་ནས་ཡར་ལ་ཕྱིན་པས་རྗེ་ཕོ་བྲང་ནང་ན་མི་བཞུགས་པར་འདུག །བཞུགས་ཁྲི་ལ་ལྟས་པས་གདན་ཁྲིའི་འོག་ནས་ས་རྒྱ་ཉམས་ནས་འདུག །དེར་གདན་བསལ་ནས་བལྟས་པས་བཞུགས་ཁྲི་འོག་ནས་མར་ལས་སྟེགས་ཁྲིག་གེ་འདུག་ནས། དེ་ནས་མར་ལ་ཕྱིན་པས་ས་ཕུག་གི་ནང་ན་མེ་དམར་བྱ་ཕོ་ཙམ་ཞིག་བཏང་འདུག །སློབ་དཔོན་ཁྲི་ཁ་ན་ཆོས་གསུངས་གིས་འདུག །རྗེས་ཕྲུག་རས་ཨང་ག་ར་གཅིག་གསོལ་ནས་བཀྲུ་བཤལ་མཛད་གིན་འདུག་གོ། །དེར་རྗེ་དང་། སློབ་དཔོན་དང་། ནང་འཁོར་དེ་དང་གསུམ་ཀ་སྔངས་ཤིང་བྲེད་དོ། །ཡང་རྗེའི་ཞལ་ནས། ངས་གདུགས་ཁང་ཅིག་དབུབ་གསུངས་ནས། ཀ་བ་སྦོམ་པོ་ཞིག་མཛད་ནས། ཀ་བ་ཁང་སྟོང་དུ་བྲུས་ནས་བསམ་ལེ་བཅུག་ནས་ཀ་བའི་ནང་དུ་བཱཻ་རོ་ཙ་ན་སྦས་ནས་བཞུགས་སུ་བཅུག་ནས། ནམ་གྱི་གུང་ལ་འབངས་བཤན་ཐོགས་པ་ཡན་ཆད་ཉལ་བ་དང་། རྗེའི་ཀ་བའི་བསམ་ལེ་ཕྱེས་ནས། ཆོས་གསན་ཅིང་ཞུས་པ་ལ། ནུབ་གཅིག་རྩ་ན་བཙུན་མོ་ཚེ་སྤང་མ་དམར་རྒྱལ་གྱི་འཁུམས་ནས། དམར་རྒྱལ་གྱི་བློན་པོ་ངམ་སྟག་ར་ཀླུ་གང་ལ་ནམ་གྱི་གུང་ལ་རྗེ་ལ་གླེང་རོག་པ་ཅིག་འདུག་བཱཻ་རོ་ཙ་ན་མིན་ནམ་བྱས་པས། ཡང་བློན་པོ་རྣམས་ཀྱི་རྗེ་ལ་ཞུས་པ། རྗེའི་ཞལ་སྔ་ནས་ནང་པའི་བཀའ་ལྔ། ཡབ་མེས་ཀྱིས་ཀྱི་ལྷ་ཁང་མཛད་གསུངས་ནས། གསེར་དངུལ་རྣམས་འདག་ས་ལ་བསྐུས། འཕན་གདུགས་མཛད་གསུངས་ནས་དར་ཟབ་རྣམས་ཕྲག་བསིལ་ཏེ་ནོར། དེ་དང་འདྲ་བར་རྗེས་ཡང་ཆོས་བྱེད་གསུང་ནས་བནྡེ་སྤྲང་པོ་ཅི་མ་ཉེས་པ་བཟུང་ནས་ཆབ་ལ་བསྐུར་ཏེ། རྗེ་ལ་ཐུགས་རྗེ་མི་མངའ་སྟེ་ནོར། དེ་ལྟ་ཡང་གདུགས་ཁང་སྦུབ་གསུངས་ནས་བོད་ཕུང་བར་བྱེད་པའི་བནྡེ་ངན་སྔགས་མཁན་ཀ་བའི་ནང་ནས་སྦས་ཏེ་ནོར། ད་རྒྱལ་ཁྲིམས་འཇིག་གདའ་ཞུས་པས། རྗེ་ཁ་བློན་ལ། རྟ་ཁ་སྲབ་དུ་སོང་སྟེ། དེར་ཡང་རྗེའི་ཞལ་ནས་སྔོན་ཡང་དེ་འདྲ་འདྲ་ནས་ད་ལྟ་ཡང་དེ་འདྲ་སྟེ། འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་བ་ཡིན། ད་ངའི་མཁས་པ་ཆེན་པོ་འདི་ལ་ཆབ་གསོལ་མི་ཕོད་ཀྱི། ད་ཁྱོད་ཚོས་ལ་བཅད་ནས་བཀུམ་པ་བས་སྤྱུགས་པར་གྱིས་ཤིག་པར་བཀའ་སྩལ་པ་ལ། བློན་པོ་ངམ་སྟག་ར་ཀླུ་གོང་ན་རེ། བཱཻ་རོ་ཙ་ན་བྱང་དུ་སྤྱུགས་ན་ཚྭ་དང་བལ་འགགས། ཤར་དུ་སྤྱུགས་ན་དར་ཟབ་འགགས། ནུབ་ཏུ་སྤྱུགས་ན་ཚོས་འགགས། ལྷོ་རུ་སྤྱུགས་ན་ཤིང་འགགས། རྒྱ་ནག་པོར་སྤྱུགས་ལ་ཐང་བྱས་པས། བཱཻ་རོའི་ཞལ་ནས། ཅིས་ཀྱང་ང་སྤྱུགས་ན་རྒྱ་ནག་པོར་མ་སྤྱུགས། ང་སྐྱེ་བ་སྔ་མའང་རྒྱལ་མོ་ཚ་བ་རོང་ནས་ཚེ་འཕོས་པ་ཡིན་པས། ད་ཡང་མན་ངག་གི་ཆོས་འདི་རྒྱལ་མོ་ཚ་བ་རོང་དུ་དར་བ་འདྲ་བ་ཡིན་པས། ང་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་གསུངས་ནས། རྒྱ་ནག་པོར་གཤེགས་སུ་མ་བཞེད་དེ། བཱཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པར་བྱས་སོ། །དེར་རྒྱལ་པོ་ནི་མྱ་ངན་གྱིས་ཟིན། སློབ་དཔོན་བཱཻ་རོ་ཙ་ནས་དུས་དེར་བཀའ་བ་བཅུ་དྲུག་གི་མགུར་བཞེངས་ཏེ། འབྲུ་སྣ་ལྔ་འཁྲུངས་གཙང་པོ་འགྲམ་གྱིས་ཡུལ། །མིག་ལྟར་གཅེས་པར་བྱེད་པའི་ལུས་བསྐྱེད་ཕ་མ་དང་། །གསོན་ཤི་དུར་གྱིས་འབྲེལ་པའི་གཉེན་གཞི་དང་། །རྩེ་གཅིག་ལས་ཀྱི་བསྡུས་པའི་ཕུར་མི་གཉེན་འདུན་དང་། །འཁོར་གཡོག་དྲུང་པོས་འབྲེལ་པའི་དེ་རྣམས་དང་། །སྐད་ཅིག་ཙམ་ཡང་འབྲལ་ངོ་སུས་ཀྱང་མ་ཆོག་པར། །རྗེ་བློན་འབངས་གསུམ་གང་ནས་ཐུགས་ཚོད་སྐྱེད། །ཀྱཻ་ཀྱཻ། རྗེ་བློན་འབངས་གསུམ་སྙན་གསོན་དང་། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུ། །རྗེ་ཡི་ཞབས་ནས་གཏེགས་པ་ཅི་ཙམ་པ། །ཁྲི་སྲོང་ལྡེའུ་བཙན་ཐུགས་ལ་མངའ་བ་ལ། །ལས་དང་སྐལ་བར་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིས། །དང་པོ་མན་ངག་ཚོལ་བར་བསྒོས་པའི་ཚེ། །བཙལ་ཡང་མི་རྙེད་ཚོལ་བར་འགྲོ་བར་དཀའ་བས་དཀའ་བ་གཅིག །དེ་ནས་བཱཻ་རོ་ཙ་ན་ལམ་དུ་ཞུག་ཙ་ན། །མཚོན་པའི་ས་མཁན་བདག་ལ་མ་མཆིས་པར། །འགྲོ་བ་དཀའ་སྟེ་དཀའ་བ་གཉིས། །ཁ་ལ་ལ་ཁར་ཁ་བ་བབ་པའི་ཚེ། །གོམ་གང་འཁྲུལ་ནས་འཆི་བར་ཕྱིན་པ་ལ། །དེ་འདྲའི་ཁ་བར་ཐར་བ་དཀའ་སྟེ་དཀའ་བ་གསུམ། །པོ་བོ་རང་གི་གནོད་སྦྱིན་གཏུམ་པའི་སར། །མི་འདུག་དབང་མེད་མཚན་ཅིག་འདུག་པ་ལ། །གནོད་སྦྱིན་མི་ཤ་རློན་པར་ཟ་བ་དེ་ལ་ཐར་བར་དཀའ་སྟེ་དཀའ་བ་བཞི། །བྲག་ར་སྨུག་པོར་རྐང་ཕྲན་ཚོགས་ནས་སུ། །རྐང་ཕྲན་ཚོགས་ཀྱི་ཟ་བས་དཀའ་སྟེ་དཀའ་བ་ལྔ། །འགྲོ་བར་དཀའ་བའི་བལ་ཡུལ་དཀའ་བ་ལ། །ལྕེ་སྤྱང་ལག་གཉིས་བཙུག་ནས་ཕྱིན་ཏེ་དཀའ་བ་དྲུག །བཟུར་ས་མེད་པའི་རྒྱ་གར་འཕྲང་ལ་ཕྱིན། །ཁྲིམས་ཀྱིས་འཕྲང་བསྲུང་གིས་ནི་གསོད་པར་ངེས་པ་ལ། །དེ་ལས་ཐར་བར་དཀའ་སྟེ་དཀའ་བ་བདུན། །འོག་མིན་རལ་གྲི་གདུག་པའི་ཐབས། །མགོ་བོ་པ་ཏྲས་གྲིལ་ནས་ཕྱིན། །སྟོན་པར་དཀའ་བའི་རྫུ་འཕྲུལ་སྟོབས་ཀྱིས་ཕྱིན་ཏེ་དཀའ་བ་བརྒྱད། །ཆུ་འཕྲང་ཤིང་འཕྲང་འཇིག་སྐྲག་སྐྱེ་བུང་པར། །མཚལ་བུ་བྱ་གདོང་ཤི་ནས་ས་ལ་གསེར་སྦས་ཏེ་དཀའ་བ་དགུ། །བརྡ་འཕྲད་དཀའ་བའི་མོན་པ་འཕྲང་བསྲུངས་ཀྱིས། །འཚོ་བར་དཀའ་བའི་ཉྭ་སུལ་བཀྲོལ་ནས་དཀའ་བ་བཅུ། །ཨ་གང་ད་ཤའི་གླིང་དུ་ཕྱིན་པ་ལ། །མཐའི་ས་ཡུལ་རྟོགས་བྱེད་བྱུང་ཟེར་ནས། །སྦལ་སྦྲུལ་དོང་དུ་བསྐྱུར་ཏེ་དེ་ལས་ཐར་བར་དཀའ་སྟེ་དཀའ་བ་བཅུ་གཅིག་གོ། །རྒྱ་གར་པྲ་ཏེ་སུ་ཏའི་གླིང་དུ་ཕྱིན་པ་ལ། །སྟག་དང་སྦྲུལ་དང་དམ་ལ་སོགས་པ་འཇིགས་པ་མང་པོས་སྲོག་འདི་གཅོད་པར་ངེས། །དེ་ལས་ཐར་བར་དཀའ་སྟེ་དཀའ་བ་བཅུ་གཉིས་སོ། །རྒྱ་གར་ལ་ཏའི་གླིང་དུ་ཕྱིན་པ་ལ། །བརྒལ་བར་དཀའ་བའི་དུག་གི་རྒྱ་མཚོ་ལ། །རས་ལ་ཁྲུས་ལྡིང་བྱས་ཏེ་དཀའ་བ་བཅུ་གསུམ་མོ། །རྒྱ་གར་ཨ་བ་བདུད་འདུལ་ཕྱིན་པ་ལ། །མཐའ་ཡི་མོན་པ་འཇིགས་སུ་རུང་བ་ཡིས། །ཁོ་རང་མ་ཆད་བར་དུ་དབྱུག་པ་ཡི། །ཆར་གྱིས་བརྡུངས་ཏེ་དཀའ་བ་བཅུ་བཞིའོ། །རྒྱ་གར་ཨརྱ་པ་ལོའི་གླིང་དུ་ཕྱིན་པ་ལ། །ལྕགས་འབག་སྦྲུལ་འབག་བསྭེ་འབག་འཇིགས་པ་ཡིས། །བལྟས་པ་ཙམ་གྱིས་ཐར་བར་དཀའ་སྟེ་དཀའ་བ་བཅོ་ལྔའོ། །རྒྱ་གར་ཡུལ་གྱིས་ཁ་ཟས་མང་པོ་ལ། །ཟས་སུ་ཟོས་པ་དུག་ཏུ་འགྱུར་ངེས་མང་། །ལོ་དགུ་བར་དུ་དུག་ལས་ཐར་བར་དཀའ་སྟེ་དཀའ་བ་བཅུ་དྲུག་གོ། །བྲིད་པར་དཀའ་བའི་བྲམ་ཟེ་རྒན་མོ་བྲིད། །བྲམ་ཟེ་རྒན་མོས་ཉམས་དང་རྨི་ལམ་བཟླས་ཏེ་དཀའ་བ་བཅུ་བདུན་པ། །ཕྱི་མ་བདུན་གྱིས་མན་ངག་རྩད་ནས་གཅོད། །བྱང་ཆུབ་སེམས་ཀྱིས་བསྐུལ་མ་དེའི་བཏབ་སྟེ་དཀའ་བ་བཅོ་བརྒྱད་པ། །དེ་འདྲའི་དཀའ་བ་བཅོ་བརྒྱད་སྤྱད་ནས་ནི། །རྗེ་ཡི་སྤྱན་སྔར་ཡུས་ཏེ་མཆི་མ་ཤོར་བས། །བཱཻ་རོ་ཙ་ན་སྡུག་རྒྱུ་མིན་ཏེ་སྐད། །བཱཻ་རོས་གསུངས་པ། རྗེ་བློན་རྣམས་དབུ་སྨད་མཛད་ནས། ཞལ་རོག་གེ་བཞུགས་པས། ཡང་མི་སྤྱུགས་པ་ལ་ཕན་ནམ་དགོངས་ནས། བཱཻ་རོ་ཙ་ནས་མགུར་འདི་བཞེངས་པ། ཀྱཻཿ རྗེ་བློན་འབངས་གསུམ་བདག་ལ་གསོན། །འབྲུ་སྣ་ལྔ་འཁྲུངས་གཙང་པོས་རིབ་མ་བྱས། །དེ་འདྲའི་དབུ་རྒྱལ་བོད་ཡུལ་ནས། །མིག་ལྟར་གཅེས་པའི་ལུས་བསྐྱེས་ཕ་མ་དང་། །གསོན་གཤིན་དུར་གྱིས་འབྲེལ་པའི་གཉེན་འདུན་དང་། །རྩེ་གཅིག་ལས་ཀྱིས་འབྲེལ་པའི་ཕུར་ཁྱིམ་ལ། །འཁོར་ཡུལ་དྲུང་པོས་འབྲེལ་པ་འདི་རྣམས་དང་། །སྐད་ཅིག་ཙམ་ཡང་འབྲལ་ངོ་སུས་ཀྱང་མ་ཆོག་ན། །རྗེ་བློན་འབངས་དང་བཅས་པ་གང་ནས་ཐུགས་ཚོད་ཆེ། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུ། །རྗེ་ཡི་ཞལ་ནས་བཏེགས་པ་ཅི་ཙམ་པ། །ཁྲི་སྲོང་ལྡེའུ་བཙན་ཐུགས་ལ་མངའ་བས་ལས། །དགུང་ལོ་གསུམ་དུ་གསོལ་ཁ་བགྱིས་པ་ནི། །གསོལ་ཁ་སྙོམས་པར་བགྱིས་པས་སྤྱུགས་སུ་མེད། །ནང་བློན་ཁ་བློན་འཕྲིན་བློན་གསུམ་བགྱིས་པས། །རྗེ་ཡི་ཞལ་ནས་བཏེགས་པ་སྤྱུགས་སུ་མེད། །རྗེ་ཡི་འབངས་རྣམས་བསོགས་ནས་བཀའ་སྩལ་མན་ངག་འཚོལ་བར་འཚོལ་བའི་ཚེ། །བཱཻ་རོ་ཙ་ནས་རྗེ་ཡི་དཀའ་ཡི་བཅག་པར་དཀའ་བ་སྤྱད་ནས་མན་ངག་ཚོལ་དུ་ཕྱིན་པས་སྤྱུགས་སུ་མེད། །བོད་ཀྱི་རྒྱལ་ཁམས་སྨིན་པར་བྱ་བའི་ཕྱིར། །དང་པོ་ཀུན་ཚོགས་བཀའ་གྲོས་བསྟུན་ནས་མན་ངག་ཚོལ་དུ་བཏང་། །བོད་ནས་རྒྱ་གར་ཡུལ་གྱི་ལམ་བར་ལ། །དེའུ་ཤི་དེའུ་ཆད་ལྔ་བཅུ་རྩ་བདུན་བྱས། །དང་པོ་དབུས་ནས་བདག་ཉིད་ཆས་པ་ལ། །ཚེ་མི་མགོན་པོའི་རྟ་ཡི་བརྡབ་བྱས་ཏེ། །ཞག་གཅིག་ཁ་དབུགས་ཆད་དེ་དེའུ་ཤི་དེའུ་ཆད་བྱས། །སུམ་པ་མགོན་ནོ་དེ་རུ་ཞགས་ས་ལ། །ཁ་གདོང་ཁྱིས་བཟུང་ཕོག་ཅི་དེའུ་ཤི་བྱས། །ཤེས་ཆུང་སྨོན་མོས་དེ་རུ་ཞགས་ས་ལ། །སྐོམ་ཙའི་འོག་ཏུ་ཉལ་ཉལ་ནས། །ཐོ་རང་གདུང་ཆག་ལུས་པོ་འགོ་རུ་སོང་། །ཕྱུང་བའི་ཁ་དབུགས་ཆད་དེ་དེའུ་ཤི་བྱས། །སྣ་ནམ་རྒྱལ་བུའི་དེ་རུ་ཞགས་ས་ལས། ཆེན་ཆུན་འཐབ་པའི་བར་དུ་འགྲོ་འགྲོ་ནས། །ལག་ལ་གྲི་ཟུག་ཉྭ་སོལ་རྣག་ཏུ་སོང་། །ཟླ་བ་ཕྱེད་དུ་དེའུ་ཤི་དེའུ་ཆད་བྱས། །རྫ་མའི་རྫ་མཁན་རྩ་རུ་ཞག་ས་ལ། །བསད་བརྡུངས་རྩིབ་མ་བཅག་ནས་མེ་བཙས་གདུག །དམྱལ་སྦྱངས་ཁ་དབུགས་ཆད་ནས་དེའུ་ཤི་བྱས། །ལང་འགྲོ་ཨ་རེའི་རྩ་རུ་འདུག་པ་ལས། །རྩི་ཤིང་མེས་ཚེ་དེ་རུ་དེའུ་ཤི་བྱས། །གཉེན་པ་གྲུ་མཁན་གནས་སུ་ཕྱིན་པ་ལ། །གྲུར་ཞུགས་ཕར་ཀར་འགྲོ་བར་འདོད་པ་ལ། །གྲུ་ལོག་སྐྱ་ཤར་ཆུའི་ཁྱེར་བ་ལ། །གྲུ་པ་གཞན་གྱིས་བཟུང་བས་དེའི་ཤི་བྱས། །སུག་མཁན་མགར་བའི་རྩ་རུ་ཞག་ས་ལས། །ཁང་པ་རྡིབ་ནས་དེའུ་ཤི་ཡང་ཅིག་བྱས། །སོ་ལེགས་ཡོན་ཏན་དེ་རུ་ཞག་ས་ལས། །ཁང་པ་ཆུས་ཁྱེར་བདག་ཀྱང་ཁྱེར་ནས་ནི། །རྒྱ་མཁན་གཞན་གྱིས་བཟུང་བས་དེའུ་ཤི་བྱས། །འོར་མ་སྣ་མའི་གད་ཕུག་ཉལ་བ་ལ། །གད་པ་རྡིབ་ནས་དེའུ་ཤི་དེའུ་ཆད་བྱས། །ལྷེན་གྱིས་ཁང་སྐྱར་བདག་ནི་ཕྱིན་ནས་ནི། །རྙང་ངག་དཔལ་ལེ་དེ་རུ་ཞག་ས་ལ། །མཚལ་བུ་བྱ་གདོང་དག་གི་ལུས་བརྗིད་ཏེ། །ཁོང་པ་རྙོག་ནས་དེའུ་ཤི་དེའུ་ཆད་བྱས། །ཉང་ཇོ་ཕྱམ་མཚལ་ནེ་ཆུང་མཆིས་པ་ལ། །སྐྱེས་བུས་མདའ་འཕང་རྩེ་བའི་མདའ་ཅིག་གིས། །རོ་སྟོད་གོས་ལ་ཐལ་ཕྱུངས་ཤ་ལ་མ་ཐེག་སྟེ། །གཤིན་གྲིར་དེའུ་བསད་དེ་ད་རུ་དེའུ་ཤི་བྱས། །ཚ་མོ་རོང་རུ་བདག་ཉིད་ཕྱིན་པ་ལ། །ཤིང་བུའི་མོ་ལོའི་ནང་དུ་ཉལ་བ་ལ། །སྡོང་གོག་ཆད་ནས་དེའུ་ཤི་དེའུ་ཆད་བྱས། །ཁྲི་སྤང་ཁྲི་ལུང་ཁང་པར་ཉལ་བ་ལ། །མཛོ་ནག་འཐབ་པའི་འོག་ཏུ་ཚུད་ནས་ནི། །ཉལ་བའི་འོག་ཏུ་སྐད་ཀྱང་མ་ཕྱིན་ལུས་པོ་རྙོགས། །མགོ་ཆགས་རྐང་དྲུམ་དེའུ་ཤི་དེའུ་ཆད་བྱས། །སྤང་མོ་སྤང་དཀར་གླིང་དུ་ཕྱིན་པ་ལ། །སྤང་དཀར་སྤྱང་ཀུ་བདུན་གྱིས་རྒོལ་བ་ལ། །ཕྱིན་པ་ལག་ཕུག་ལུས་ལ་ཁྲག་ཕྱུངས་ཏེ། །ཁ་དབུགས་ཆད་དེ་དེའུ་ཤི་དེའུ་ཆད་བྱས། །ལྕི་བ་ལུང་མ་ཚལ་དུ་ཉལ་བ་ལ། །གཡག་གིས་བྲང་དུ་བརྡུངས་ཏེ་ལག་པ་བཅག །ཟླ་བ་ཕྱེད་དུ་དེའུ་ཤི་དེའུ་ཆད་བྱས། །ཚ་བའི་རོང་དུ་བདག་ཉིད་མཆིས་པ་ལ། །ཚང་པ་ཙ་ར་བ་ཅིག་དགྲ་རྣམས་ཀྱིས། །རྒྱལ་མོ་བླང་བའི་མིང་པོ་འཐུ་བ་དང་། །འཕྲད་དེ་རྟ་འཕྲས་བདག་ལ་དེའུ་ཤི་བྱས། །དེ་ནས་གྲང་པོ་ཐང་དུ་ཕྱིན་པ་ལ། །བྱེ་མའི་གད་འཕྲང་ཆད་དེ་དེའུ་ཤི་བྱས། །དེ་རིའི་མུ་གཉན་མཁར་དུ་ཕྱིན་པ་ལ། །ལུས་ལ་སྲིན་བུས་འགོང་སྟེ་ཁར་ཕྱུངས་ནས། །སྲིན་བུ་སྣར་སོང་སྣ་སུབ་ཁྲག་ཕྱུངས་ནས། །ཁ་དབུགས་ཆད་དེ་དེའུ་ཤི་དེའུ་ཆད་བྱས། །ཁ་ལ་ཁ་བ་ལུང་དུ་ཕྱིན་པ་ལ། །ཉིན་མཚན་དྲུག་ཏུ་ཁ་བ་བྱུང་བ་ལས། །ཁ་མའི་འོག་ཏུ་མི་ཕྱུགས་ཞག་གསུམ་ཆུད། །དེའུ་ཤི་དེའུ་ཆད་ཁ་བས་ཞག་གསུམ་བྱས། །རྣ་ལ་ཁ་ཚེ་ལུང་དུ་ཕྱིན་པ་ལ། །འཕར་བ་དམར་པོས་ཁང་རར་བཅུག་ནས་ནི། །འཕར་བ་དམར་པོས་དེའུ་ཤི་དེའུ་བསད་པར་བྱས། །བདུད་ཡུལ་བྲ་མ་ལུང་དུ་ཕྱིན་པ་ལས། །ནམ་ཕྱེད་ནམ་གྱི་གུང་ལ་ནི། །དམུ་རྡོ་ཟླུམ་པོ་ལྟག་པའི་ཁུངས་སུ་བརྒྱབ། །ཐང་ཅིག་བརྒྱལ་ཏེ་དེའུ་ཤི་དེའུ་ཆད་བྱས། །ར་རྣལ་ཁ་ཚའི་ཁང་དུ་ཕྱིན་པ་ལ། །ཐན་ཐག་སུ་ཕུང་ལོང་གི་ལུས་ལ་ཐལ། །མགོ་ལུས་མེད་པར་བསྲེག་ཏེ་དེའུ་ཤི་བྱས། །དཀར་ལ་ལ་ཐོག་ཁ་བ་བྱུང་བ་ལས། །གོམ་གར་འཁྲུས་པས་འཆི་བར་ཕྱིན་པ་དང་། །ཁ་བ་བྱུང་བས་འོག་ས་ཁ་ཐལ་ཏེ། །ཁ་དབྱུགས་ཆད་དེ་དེའུ་འཆི་དེའུ་ཆད་བྱས། །དཔལ་མོ་དཔལ་འབར་དཔལ་མཚོར་ཕྱིན་པ་ལས། །ཤིང་གིས་ལྷོ་མས་སྲོག་ལ་བརྒལ་བ་དང་། །ཉིན་མཚན་གསུམ་དུ་དེའུ་ཤི་དེའུ་ཆད་བྱས། །བལ་ཡུལ་ནི་བལ་མཁར་དུ་ཕྱིན་པ་ལས། །བསྭེ་ཡི་ལྷ་མོས་སྲོག་ལ་བརྒལ་ནས་ནི། །མངོན་དུ་གཏམ་བྱས་གསེར་ཕྱེ་བྱིན་ནས་བཏང་། །ཉིན་མཚན་བཞི་རུ་དེའུ་ཤི་དེའུ་ཆད་བྱས། །ཁང་དམར་ཁང་སྔོན་སྒང་དུ་ཕྱིན་པ་ལས། །ཕྱུགས་དྲེད་འཇིགས་པས་མི་ཤ་ཟ་བ་དང་། །ལྕེ་སྤྱང་མང་པོས་སྦུབས་སུ་བཅུག་ནས་ནི། །སྲོག་ཀྱང་དེའུ་ཆད་རྡུལ་དུ་དེའུ་བཏང་བྱས། །ཚ་བ་རང་གཤོག་གནོད་སྦྱིན་གཏུམ་པོའི་སར། །མི་འདུག་དབང་མེད་ནུབ་ཅིག་འདུག་པ་ལས། །གནོད་སྦྱིན་ཤ་རྗེན་རློན་པར་ཟ་བ་ཡིས། །སྲོག་འདི་དེའུ་བཅད་དེའུ་ཤི་བྱས། །ཤིང་འཕྲང་ཆུ་འཕྲང་འཇིགས་སྐྲག་སྐྱི་བུང་སར། །མཚལ་བུ་བྱ་གདོང་ཤ་ནས་གསེར་ཕྱེ་རས་ལ་ཤི། །རྐང་ཕྲན་མང་པོའི་ཚོགས་འདུས་མཆུ་རིང་གིས། །སྲོག་འདི་བཅད་དེ་དེའུ་ཤི་དེའུ་ཆད་བྱས། །བདུད་འཕྲང་མི་མི་རྒྱུར་ནི་ཕྱེ་མ་ལ། །ལམ་བདུད་སྔོན་པོ་རྟ་པ་རྐྱ་དྲུག་ལ། །བླུ་བའི་བརྔན་པ་ཆུ་གཏོར་སྣ་ཚོགས་བཏང་། །ལམ་བདུད་ཆེན་པོས་སྲོག་འདི་དེའུ་བཅད་བྱས། །རྔ་མང་ཚུལ་བསྡོང་བགེགས་འཕྲང་ཆེན་པོ་དེར། །མི་རྒོད་འཕྲང་བསྲུངས་དཀའ་བརྡ་མི་འཇལ་བས། །འོག་མིའི་རལ་གྲིའི་ལུས་པོ་ཀུན་བཙབ་ནས། །མགོ་བོ་པ་ཏྲས་གྲིལ་ལ་བརྡུངས་ཏེ་དེའུ་ཤི་བྱས། །མ་ག་ཏ་ཡི་ལྕགས་འཕྲང་ཆེན་པོ་དེར། །མི་འགྲོ་དབང་མེད་བཟུར་ས་མེད་ཕྱིར་ནས། །བརྡ་སྤྲད་དཀའ་བས་འཕྲང་བསྲུངས་མི་རྣམས་གྱིས། །བཙག་བུའི་ཉྭ་སོག་བཀྲོལ་ཏེ་དེའུ་ཤི་བྱས། །ཨེ་ཤ་ཀེ་ཤའི་ཡུལ་དུ་ཕྱིན་པ་ལ། །བརྡ་སྤྲད་དཀའ་བའི་མོད་པ་མང་པོ་ཡིས། །ཟས་ལ་དུག་བཏབ་ཟས་ཉིད་དུག་སྦྱར་ཏེ། །ཁ་ཟས་བཟང་པོ་དུག་གི་དེའུ་བསད་བྱས། །ཀྲི་ཀ་ཀྲི་ཤིའི་ཡུལ་དུ་ཕྱིན་པ་ལས། །མཐའ་ཡི་རྟོགས་མི་བྱུང་ཞེས་ཟེར་ནས་ནི། །མོན་བུའི་དབྱུགས་པའི་ཆར་གྱི་དེའུ་བསད་བྱས། །བྷི་བྷི་རིའི་ཚལ་དུ་ཕྱིན་པ་ལ། །རྒྱལ་པོའི་ཆད་པས་ཞག་དྲུག་དོང་དུ་བཅུག །ཁ་ཟས་བྲལ་ཏེ་སྣ་ཞོམ་དེའུ་ཤི་བྱས། །མུ་ཟེའི་རྒྱལ་མཚོ་བརྒལ་བར་དཀའ་བ་ལ། །གཞན་ནི་སྒྲོལ་མེད་རས་ལ་གྲུ་བྱས་པས། །འཆི་བར་ངེས་པའི་མུ་ཟའི་རྒྱ་མཚོ་ལས། །ཉི་ཞག་གསུམ་དུ་ཐར་ཏེ་དེའུ་ཤི་བྱས། །མར་ཙའི་ལྕགས་འཕྲང་ཆེན་པོར་ཐར་དཀའ་དེར། །མི་འགྲོ་དབང་མེད་བདག་གིས་དེར་ཕྱིན་པས། །བརྡ་འཕྲད་དཀའ་བའི་འཕྲང་བསྲུངས་མང་པོ་ཡིས། །སྦལ་དོང་བཅུག་ནས་དེའུ་ཤི་དེའུ་ཆད་བྱས། །ཨརྱ་པ་ལོའི་གླིང་དུ་ཕྱིན་པ་ལས། །བསྭེ་འབག་ལྕགས་འབག་འཇིགས་སུ་རུང་བ་ཡིས། །ཐང་ཅིག་བརྒྱལ་བར་བྱས་ཏེ་དེའུ་ཤི་བྱས། །འབུར་འོབ་འུབ་ཏུ་ཐང་ལ་ཕྱིན་པ་ལས། །བྱེ་མ་མཁར་ལྡིང་ས་ལ་བབ་པའི་ཚེ། །འོག་ཏུ་ཚུད་དེ་དེའུ་ཤི་དེའུ་ཆད་བྱས། །ཀིར་གླིང་ཀྲི་སྣའི་ཡུལ་དུ་ཕྱིན་པ་ལས། །གསེར་སྦྲུལ་གདུག་པས་བརྡས་ཏེ་དེའུ་ཤི་བྱས། །བེ་ར་ཧ་ཡི་ཡུལ་དུ་ཕྱིན་པ་ལས། །གཡུ་སྦྲུལ་སྔོན་པོས་ལག་པ་བཟུང་སྟེ་དེའུ་ཤི་བྱས། །ཀེ་ཀེའུ་ཤམ་དཀར་ཕྱིན་པ་ལས། །སྒྱུ་མའི་སྦྱོར་སྔགས་མཁན་གྱིས་སྔགས་བཏབ་སྟེ། །ཉིན་མཚན་གསུམ་དུ་མི་ལ་ཕག་པ་བྱས། །སུ་ཤ་སུ་མའི་གླིང་དུ་ཕྱིན་པ་ལས། །ཕག་རྒོད་སྟག་འདྲ་འཇིགས་སུ་རུང་བ་ཡིས། །ལུས་ཀྱི་གོས་གཤགས་དེའུ་ཤི་དེའུ་ཆད་བྱས། །སུར་ལེ་སུར་མེ་དེབ་ཤ་འབར་བ་ལས། །ནག་ཁུང་དམ་དྲེགས་འཇིགས་འཇིགས་ལྟ་བ་ཡིས། །སྐྲག་ཅིང་དངངས་པར་དེད་དེ་དེའུ་བསད་བྱས། །ཁུང་བུ་མཚོ་འདྲ་ལྟ་མི་ཕོད་པའི་སར། །མགོ་བཅུག་ལྟས་པས་དེའུ་ཤི་བྱས། །བདུད་འདུལ་སྔགས་པའི་གླིང་དུ་ཕྱིན་པ་ལ། །འཇམ་དཔལ་སྐུ་སྤྲུལ་བུད་མེད་ལོ་བརྒྱད་པས། །བུམ་པའི་ཆུ་སྐུར་ཅེས་པས་སྤྱོད་བྱས་ཏེ། །བུམ་པའི་སྔགས་སྦྱོར་དྲག་པོས་དེའུ་བསད་བྱས། །ཤྲི་སིང་ཧ་པྲ་བར་ཏ་དང་མཇལ་བ་ལས། །ངན་སྔགས་སྦྱོར་སྔགས་དྲག་པོས་དེའུ་བསད་བྱས། །རྡོ་རྗེ་གདན་གྱི་འོག་ནས་མན་ངག་ཉི་ཤུ་རྙེད་པ་ལས། །གནོད་སྦྱིན་གསང་བ་རྒྱལ་གྱི་འགྲམ་པ་ལ། །ལག་པས་ཐལ་ལྕགས་བརྒྱབ་ནས་བརྒྱལ་བར་བྱས། །དེ་ཚེ་ཁ་དབུགས་ཆད་དེ་འུ་ཤི་བྱས། །ས་ལ་ལུང་བསྟན་མན་ངག་དེར་རྙེད་ནས། །བོད་ཀྱི་ཡུལ་དུ་ཡང་བར་གཟས་པ་འདས། །རྐང་མགྱོགས་ཙཀྲ་ཀེ་རུ་ལ་སོགས་པས། །ལུས་པོ་རྡུལ་དུ་དེའུ་བཏང་དེའུ་ཤི་བྱས། །བ་ཏ་ཧོར་གྱི་ཡུལ་དུ་ཕྱིན་པ་ལས། །ཏ་ལའི་ལོ་མར་བྲིས་པའི་བྱང་སེམས་ལྔ། །རྒྱལ་ཁམས་ཕུང་བའི་ངན་སྔགས་ཡིན་ཟེར་བའི། །འཕྲོག་སྟེ་འོད་ཚལ་བརྒྱབ་ནས་དེའུ་ཤི་བྱས། །ཧོར་དགེ་བྷ་ཆའི་ཡུལ་དུ་ཕྱིན་པ་ལས། །ཧོ་དགེ་རྒྱལ་པོ་བྷ་ཏ་ཀུ་ཏི་ཡིས། །རྒྱ་གར་ཡུལ་གྱི་དམ་སྲི་མན་ངག་སྟོན་ཟེར་ནས། །ཤིག་གིས་དོང་དུ་ཞག་གསུམ་དེའུ་ཤི་བྱས། །བལ་ཡུལ་ཡང་ལེ་ཤོད་དུ་འོང་བ་ལས། །སྲིན་བུ་པདྨས་ལུས་ཀྱི་ཁྲག་འཇིབ་ནས། །ཤ་ལྤགས་བྱེ་ནས་དེའུ་ཤི་དེའུ་ཆད་བྱས། །བལ་ཡུལ་ཀུ་ཀ་ཏ་རུ་ཕྱིན་པ་ལས། །ཚད་པའི་རྒྱལ་པོ་ཟླ་བ་ཕྱེད་ཟིན་ནས། །ག་པུར་ཀ་རས་ལུས་གསོས་དེའུ་ཤི་བྱས། །ཆུ་བར་ཤིང་ཀུན་ཏྲས་གདང་བརྒྱད་ཅུ་ལ། །ཐར་པའི་དུས་མེད་ཞག་གསུམ་བར་དུ་སྦྱོང་། །ཁ་རུ་ཕྱིན་པས་ཁ་དབུགས་དེའུ་ཆད་བྱས། །བ་ལའི་རྣག་ཁུང་ནང་ནས་འོང་བ་ལས། །དམ་དྲེགས་སྟག་སོགས་གདུག་པ་མང་པོ་ཡིས། །བྲང་གཉེར་ལུས་བསྒྲིབ་མཆེ་བརྡར་དེའུ་བསད་བྱས། །དཔལ་ཐང་འགྲམ་དུ་བསྭེ་མོས་གཙེས་ནས་ནི། །སེར་བ་དྲག་པོ་ཕོག་ནས་དེའུ་བསད་བྱས། །དེ་ཚེ་བསྟན་པ་བསྲུངས་བར་མོས་ཀྱང་ཁས་བླངས་ཏེ། །ཤི་ལས་དེའུ་ཐང་ལྔ་བཅུ་རྩ་བདུན་བྱས། །རིན་ཆེན་སྡོང་པོས་མན་ངག་ཚོལ་བར་དཀའ་བ་དེ་ཙམ་བྱས། །ཚ་བའི་ཡུལ་དུ་སྤྱུགས་པས་སྡིག་རེ་ཆེ། །གསུངས་ཏེ་བཤུམས་པས། བློན་པོ་ངམ་ཏ་ར་ཀླུ་གང་ན་རེ། ང་ལ་སྡིག་མི་སྡིག་མེད་ཀྱིས་ཟེར་རོ། །རྒྱལ་བློན་གཞན་རྣམས་ངོ་སྨད་མཛད་ནས་ལན་མ་བྱུང་ངོ་། །ཡང་བཱཻ་རོ་ཙ་ནས་རྗེ་འབངས་ལ་སྐྱེང་ཅིག་འོང་བར་རེ་ནས་མགུར་བཞེངས་པ། ཀྱཻ། བཱཻ་རོ་ཙ་ནའི་ལུས་ལ་དགོས་དགུ་ཚང་ལགས་ན། །མི་ཟན་རྟ་ཚས་ཚོལ་བའི་ཚེ་སྤུན་པོ་བཱཻ་རོ་ཙ་ན་བདག་ལ་མཆིས། །འདུ་བའི་ནད་ཀྱིས་མི་ཚུག་འཚོ་བྱེད་སྨན་དཔྱད་བཱཻ་རོ་བདག་ལ་མཆིས། །བཀྲེས་སྐོམ་ལྟོ་བརྒྱབ་གཉིས་ཀྱིས་མི་འཇིགས་ནོར་རྒྱུན་འཚོ་བ་ཟས་མོད་བཱཻ་རོ་ཙ་ན་བདག་ལ་མཆིས། །དུག་ལྔ་དུག་གསུམ་སྤངས་བའི་ཉན་ཐོས་འདུལ་ཁྲིམས་བཱཻ་རོ་ཙ་ན་བདག་ལ་མཆིས། །ལམ་ལྔ་ས་བཅུ་བསྒྲོད་པའི་དབུ་མ་སེམས་ཙམ་བཱཻ་རོ་ཙ་ན་བདག་ལ་མཆིས། །ཕྱིར་རྒོལ་མུ་སྟེགས་སུན་འབྱིན་སྒྲ་ཚད་རྣམ་གཉིས་བཱཻ་རོ་ཙ་ན་བདག་ལ་མཆིས། །འགལ་བ་ཆམ་ལ་ཕེབ་པའི་མ་གཤིན་ཕུར་གསུམ་བཱཻ་རོ་ཙ་ན་བདག་ལ་མཆིས། །ནུས་པ་བསྐྱེད་ཅིང་སྒྲིབ་སྦྱངས་ཚོགས་རྫོགས་བསྒྲུབ་པ་རྣམ་གསུམ་བཱཻ་རོ་ཙ་ན་བདག་ལ་མཆིས། །མཆོག་དང་ཐུན་མོང་གཉིས་ཀྱི་བསྒྲུབ་པ་ཞི་ཁྲོ་རྣམ་གཉིས་བཱཻ་རོ་ཙ་ན་བདག་ལ་མཆིས། །སངས་རྒྱས་ལག་ཏུ་གཏོད་པའི་རྫོགས་པ་ཆེན་པོ་བཱཻ་རོ་ཙ་ན་བདག་ལ་མཆིས། །དགོས་དགུ་ལུས་ལ་ཚང་བའི་བཱཻ་རོ་ཙ་ན་སྤྱུགས་རྒྱུ་མིན། །རོག་ལ་གཞུང་ངན་གཉེན་ལ་མནའ་ཆུང་རྗེ་ལ་སྙིང་རིང་བྱེད་པ་གསུམ་ནི་སྤྱུགས་རྒྱུ་ཡིན། །ཅེས་གསུངས་པ་སྐྱེད་མ་བྱུང་སྟེ། ཡང་བཱཻ་རོ་ཙ་ནས་བློན་པོ་རྣམས་ལ་སྐྱེང་ཡང་བར་རེ་ནས་རྒྱལ་པོ་དམ་བརྡར་བའི་ཚུལ་དུ་མགུར་བཞེངས་པ། ཀྱཻ། དམ་པ་དགུ་ཡི་གླུ་ཅིག་ལེན། །ཕ་ཡི་དམ་པ་རྡོ་རྗེ་སློབ་དཔོན་ཡིན། །ཕ་གཞན་འཁོར་བའི་རྒྱབ་ནོན་ལགས་པས་མཁྱེན་ལགས་སམ། །མ་ཡི་དམ་པ་ཤེས་རབ་གསལ་བ་ལགས། །མ་གཞན་ཕལ་པ་འཁྲུལ་པའི་ལམ་སྣ་ལགས་པས་མཁྱེན་ལགས་སམ། །བུ་ཡི་དམ་པ་སྣོད་ལྡན་སློབ་བུ་ལ། །རྣམ་རྟོག་བུ་ཚ་འཁྲུལ་སྣང་ལགས་པས་མཁྱེན་ལགས་སམ། །བསྒོམ་པའི་དམ་པ་ཅིར་ཡང་དམིགས་སུ་མེད་པ་ཡིན། །མཚན་བཅས་ཀྱི་བསྒོམ་པ་རྟོག་པར་གདའ་བ་མཁྱེན་ལགས་སམ། །ལྟ་བའི་དམ་པ་ཕྱོགས་མེད་རང་ཤར་ཡིན། །ཕྱོགས་འཛིན་གྱི་ལྟ་བ་འདི་འཁོར་བའི་ས་བོན་ལགས་པས་མཁྱེན་ལགས་སམ། །ལྟ་བའི་དམ་པ་སེམས་ཉིད་རྟོགས་པ་ལགས། །ཞི་ཁྲོའི་སངས་རྒྱས་ཡིད་སྨོན་དུ་གདའ་བས་མཁྱེན་ལགས་སམ། །མཐུ་ཡི་དམ་པ་མ་གཤིན་ཕུར་གསུམ་ལགས། །ངན་སྔགས་ཀྱི་མཐུ་འདི་སྲོག་མཁན་སྡིག་པའི་རྒྱུ། །དམྱལ་བར་འགྲོ་བས་མཁྱེན་ལགས་སམ། །ནོར་གྱི་དམ་པ་འཕགས་པའི་ནོར་བདུན་ལགས། །ཟང་ཟིང་སྒྱུ་མའི་ནོར་འདི་བསླུ་བྲིད་དུ་གདའ་བས་མཁྱེན་ལགས་སམ། །རྒྱན་གྱི་དམ་པ་མཁས་པའི་ཡོན་ཏན་ལགས། །ལུས་སྒོག་གི་རྒྱན་འདི་རྫུན་དང་འདྲ་བས་མཁྱེན་ལགས་སམ། །འདུལ་ཞིང་གི་དམ་པ་ཆོས་ཉིད་དབྱིངས་ཉིད་ལགས། །འགྲོ་དྲུག་གི་འདུལ་ཞིང་འཁོར་བའི་དྲ་བ་ལགས་པར་མཁྱེན་ལགས་སམ། །ཞེས་པས་མགུར་བཞེངས་པ་ཡང་སྐྱེད་མ་བྱུང་། ཡང་བཱཻ་རོ་ཙ་ནས་རྒྱལ་པོ་ལ་མགུར་བཞེངས་པ། ཀྱཻ་ཀྱཻ། རྗེ་བློན་འབངས་གསུམ་ཚུལ་གསོན་དང་། །རྗེ་ཡི་བཀའ་ལུང་ཁྲི་གདུགས་ལྟ་བུ་མི་ཉན་པར། །ཚེད་མེད་མཐའ་མའི་གཏམ་ལ་དམ་པར་འཛིན། །འོ་སྐོལ་རྗེ་འབངས་འདི་རྣམས་ངན་དུ་འགྲོ། །ངེས་དོན་མ་ནོར་སྟོན་པའི་བཱཻ་རོ་ཙ་ན་མཐའ་རུ་སྤྱུགས། །ལུས་སེམས་བསྲེགས་པའི་བློན་པོ་ཕུག་ཏུ་བཞག །འོ་སྐོལ་རྗེ་འབངས་འདི་རྣམས་ནི་ངན་འགྲོ། །འདི་ཕྱིར་གཉིས་ཀར་ཕན་པའི་དམ་ཆོས་སྤངས། །བདག་གཞན་གཉིས་ཀ་ཕུང་བའི་མཐའ་མིས་དབྱེན་ལ་འདུད། །འོ་སྐོལ་རྗེ་འབངས་ཡུལ་འདི་ངན་དུ་འགྲོ། །ཅེས་གསུངས་སོ། །ཡང་ཚེ་སྤངས་མ་དམར་བརྒྱལ་མ་ལ་བཱཻ་རོ་ཙ་ནས་འཁང་བའི་མགུར་འདི་བཞེངས་པ། སྐྱེ་བ་ཕྱི་མ་མི་ལེན་བའི་བཱཻ་རོ་ཙ་ན་བདག །བོད་ཀྱི་རྒྱལ་ཁམས་སྨིན་པར་བྱ་དགོངས་ནས། །འབྲུ་སྣ་ལྔ་འཁྲུངས་གཙང་པོས་རིབ་མ་བྱས། །དགོས་དགུ་རང་ལས་བྱུང་བའི་བོད་ཡུལ་དང། །བཙལ་བས་མི་རྙེད་དྲིན་ཆེན་ཕ་མ་དང་། །ཤ་རུས་དྲུང་པོས་འབྲེལ་པའི་གཉེན་བཞི་དང་། །རྩེ་ཅིག་ལས་ཀྱི་འབྲེལ་པའི་ཕུར་ཁྱིམ་གཉེན་འདུན་རྣམས། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་བར། །བོད་ཁམས་སྨིན་པར་བྱ་ཕྱིར་དཀའ་ལས་ཅི་ཙམ་བྱས། །ཇོ་མོ་ཡབ་ཡུམ་ཐུགས་ལ་མངའ་ལགས་སྟེ། །སྐུ་ཚེ་རིང་ཐུང་འབྲས་བུ་ཐོབ་པ་དང་། །གཙུག་ལགས་སྨིན་པར་བགྱིད་པའི་བཱཻ་རོ་ཙ་ན་བདག་ལ་མཆིས་ལགས་ཏེ། །བོད་ལ་ངན་པའི་བློན་པོ་ཀླུ་གང་གིས། །བཀའ་མཆིད་རམ་འདེགས་བགྱིད་པ་ཇོ་མོ་ཉིད་ལ་འཁོར། །བྱམས་པ་སྙིང་རིང་གང་ཞིག་བྱེད་པ་དང་། །དཀོན་མཆོག་ཁུར་ཞིང་གཉེན་པར་མི་བྱེད་པར། །ངན་སོང་གསུམ་ལས་གཞན་དུ་འགྲོ་མི་འགྲོ། །སྐད་འགྱུར་མཁས་པས་བསྒྱུར་བའི་བཀའ་དག་གཟིགས། །ཐར་བར་དཀའ་བའི་བྲག་རིའི་ར་བར་ཆུད། །ཐབས་ལ་མཁས་པའི་སྤྲེའུ་མི་ཕྱུངས་ནས། །བྱམས་ལ་སྙིང་རིང་བྱས་པ་ཇོ་མོས་གཟིགས། །ལོ་བརྒྱ་འདུག་ཀྱང་སྐྱོ་ངལ་མི་བྱ་ཞིང་། །འདི་དང་ཕྱི་མ་གཉིས་སུ་འགྲོགས་དགོས་ནས། །ཚིག་གི་བཀྲིར་གཏུབ་བུད་མེད་རང་བཞིན་ཡང་། །སྔར་བཤད་ཆོས་ཀྱི་ཉེས་དམིགས་མི་གནས་ཇོ་མོ་ཉིད་ལ་འཁོང་། །ཆོ་རིགས་ཆེ་ཞིང་གང་མ་རྣམས་ལ་ནི། །བསྙེན་བཀུར་རིམ་གྲོ་ཀུན་ལ་ཆེ། །ལས་སུ་བྱ་བ་རྣམ་པ་བཞི་ཞིག་ཡོད། །མི་ཆོས་གཞུང་བཟང་ཆད་ལ་བཙན་པ་དང་། །ལམ་ལ་མ་རྨོངས་དམ་ཚིག་བསྲུང་བ་དང་། །དཀོན་མཆོག་གནས་ཤིང་རུ་ལ་བཀུར་སྟི་ཆེ་བ་དང་། །གཉེར་གཏད་དམ་དུ་བྱེད་པའི་གཞུང་ལུགས་ནི། ། ཆེ་བཙན་གུང་མ་རྣམས་ཀྱང་གདུང་ཞིང་བརྩིགས་ལགས་ཏེ། །གང་ཡང་སྟེན་དུ་མ་ཕེབ་ཇོ་མོ་ཉིད་ལ་འཁོང་། །དམ་ཚིག་ཉམས་པའི་ཉེས་མིག་ཅི་ཙམ་པ། །ཞལ་ནས་གསུངས་པའི་ངེས་དོན་མཐའ་དག་གཟིགས། །གླང་པོ་རབ་འབོག་རྒྱུད་དག་དང་། །མདོ་སྡེ་འདུལ་བ་དག་ལས་ནི། །སྟོང་གསུམ་སེམས་ཅན་དུས་གཅིག་བསད་པ་བས། །རྩ་བ་བརྒྱད་ཀྱི་དམ་ཚིག་ལས། །ཡན་ལག་དམ་ཚིག་གཅིག་ཉམས་པ། །དེ་ནི་སྡིག་སྒྲིབ་ཤིན་ཏུ་ཆེ། །རིག་པ་བསྒྲང་ཞིང་དཔག་ལས་འདས། །དམ་ཚིག་ཉམས་པའི་རྣམ་སྨིན་ནི། །མཛེ་དང་ཤུ་བ་ལོང་བ་དང་། །འབྲས་དང་ཕོལ་མིག་སྣ་ཚོགས་དང་། །ཡང་ན་མ་ཡིས་བུ་བསད་བུ་ཡིས་མ་བསད་ལ་སོགས་མཚོན་གྲིར་ཤི་བ་འོང་། །དེ་ཡང་ལོ་འདབ་ཙམ་ཆག་འདི་ལ་སྨིན་པ་ཡིན། །རྩ་བ་སྡོང་པོ་ཙམ་ཅིག་ཕྱི་མ་དག་ལ་སྨིན། །དམ་ཚིག་ཉམས་པའི་ཉེས་དམིག་ཅི་ཙམ་པ། །གླང་པོ་རབ་འབོག་རྒྱུད་དག་དང་། །འདུལ་བ་རྣམ་དག་རྒྱུད་ནས་གཟིགས། །ཅེས་གསུངས་སོ། །ཚེ་སྤངས་ཟ་དམར་རྒྱལ་གྱིས་བཱཻ་རོ་ཙ་ན་ལ་ལན་བཏབ་པ། རྗེ་ཅིག་ཇོ་མོ་བདག་གི་མཆིད་འདི་གསོལ། །བཅོ་ལྔ་ལོན་ནས་ཉི་ཤུ་རྩ་གཅིག་བར། །ཕ་མ་རྙེད་པར་དཀའ་སླ་ཅི་ཙམ་པས། །ནུང་བུང་ཆུང་ཆུན་ཆད་གཡར་ཚོད་ཆེ། །དཀའ་ལས་གྲངས་ལས་འདས་པ་དེ་ལགས་ཀྱང་། །བོད་ཀྱི་རྒྱལ་ཁམས་ཕུང་དུ་ཐོ་བ་ཡི། །མཐའ་ཡི་མོན་ཚ་ཁྲི་སྲོང་ལྡེའུ་བཙན་དང་། །འབངས་ཀྱི་ཡང་གང་དམ་ར་ཀླུ་གང་དང་། །བོད་ཀྱི་ཉི་མ་སྤྱུགས་པ་སྙིང་རེ་རྗེ། །ཞེས་དམར་རྒྱན་གྱི་བཤུམས་པས། ཡང་བཱཻ་རོ་ཙ་ནའི་ཞལ་ནས། ཇོ་མོས་བཀའ་གྲོས་གང་དུ་མཛད། །ཅེས་གསུངས་པས། ཇོ་མོ་དམར་རྒྱན་མས་ན་རེ། མཁས་པ་ཆེན་པོས་ཅི་མི་གསུངས། །ཕ་དང་མཉམ་པའི་བུ་གསུམ་ལ། །གོང་དུ་མའི་འབངས་མི་བསྐལ། །བུད་མེད་རང་བཞིན་ཆགས་པ་ཆེ། །འདི་ལ་བརྗེད་པའི་དུས་མ་མཆིས། །བྱས་པས། བཱཻ་རོ་ཙ་ནས་རྒྱལ་པོའི་སྙན་དུ་ཐོས་པར་བྱ་བའི་ཕྱིར་མགུར་བཞེངས་པ། བདག་འདྲ་བཱཻ་རོ་ཙ་ན་ལ། །སེམས་ཉིད་སྐྱེ་འགག་མཐའ་ལས་འདས། །བསད་པས་སྡིག་ཏུ་ཡང་མ་མཆིས། །ཆོས་ཉིད་རྒྱ་མཚོ་ལྟ་བུའི་གཏིང་རྟོགས་པ། །སྒྱུ་མའི་ནོར་གྱི་ཅི་བགྱིས་མཆིས། །སྣང་སྲིད་ཐམས་ཅད་གཞལ་ཡས་ལས། །བདག་འཛིན་ཡུལ་གྱི་ཅི་བགྱིར་མཆིས། །དཀོན་མཆོག་གསུམ་གྱི་ཕ་ཡོད་པས། །བདག་འཛིན་འཁྲུལ་པའི་ཕ་མས་ཅི་བགྱིར་མཆིས། །འབྱུང་བ་ལྔ་ཡི་གཉེན་ཡོད་པས། །བདག་འཛིན་འཁྲུལ་པའི་གཉེན་གྱི་ཅི་བགྱིར་མཆིས། །བསྟན་པ་བསྲུང་བའི་སྔགས་ཡོད་པས། །དགྲ་དང་བགེགས་ཀྱི་ཅི་བགྱིར་མཆིས། །ཅེས་གསུངས་ཏེ། རྒྱལ་མོ་ཚ་བ་རོང་དུ་གཤེགས་པའི་གྲབ་ལ་ཆས་ཏེ། དེར་བཱཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པའི་གྲོས་བྱེད་དུས་སུ། སྣ་བོ་ཆེ་བྱ་བའི་རྒྱལ་པོ་ཅིག་བྱོན་ནས། བཱཻ་རོ་ཙ་ན་གར་གཤེགས་བྱས་པས། བློན་པོ་ངམ་ཏ་ར་ཀླུ་གང་གིས་བཱཻ་རོ་ཙ་ན་ཚ་བའི་རོང་དུ་སྤྱུགས་བྱས་པས། སྣ་བོ་ཆེ་ཡི་རྒྱལ་པོས་རྗེ་ཁྲི་སྲོང་ལྡེའུ་བཙན་ལ་ཞེས་ཕུལ་ནས། སྙུན་སྨྲས་པ། སྙུན་དམ་པ་རྗེ་ལྷ་ཅིག་ཁྱེད། བཱཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་ན་བོད་ཀྱི་ཉི་མ་མ་ནུབ་ལགས་གསུངས་པ། སྣ་བོ་ཆེ་བཤུམས་པས། རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་བློན་པོ་རྣམས་ལ་མགུར་བཞེངས་པ། བཀའ་རྩེ་ཅིག་ལས་ཀྱི་འབྲེལ་པའི་ཕྱི་བློན་ནང་བློན་རྣམས། །མཐའ་མི་སྐད་རིག་མི་ཅིག་པ་དང་འཕྲད་ན་ཡང་། །བཱཻ་རོ་སྤྱུགས་ན་བོད་ཀྱི་ཉི་མ་ནུབ་པར་སྒྲོགས་པ་ན། །དགོས་དགུ་ཕུན་སུམ་ཚོགས་པའི་བདག་པོ་འདི། །བོད་ཀྱི་ཡུལ་དུ་མཆིས་པ་མཆིས་གྲོགས་གསོལ། །ཞེས་གསུངས་ནས་སྤྱན་ཆབ་ཕྱུངས་ནས་བཤུམས་པས། བློན་པོ་རྣམས་ཀྱིས་གྲོས་ནས། བཱཻ་རོ་ཙ་ན་མ་སྤྱུགས་ན་མཐུ་དང་ངན་སྔགས་འཕེལ་གྱི་དོགས་ནས་མི་བཞག་པར་བཱཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པར་བཏང་བ་ལ་གླིང་ངོ་། །དེ་བློན་ངམ་ཏ་ར་ཀླུ་གང་གི་རྗེའི་ལེན་དུ་འབངས་ཀྱི་མཆིད་གླུ་བླངས་པ། ཀྱཻ། རྗེ་འབངས་ཀུན་ལ་དགོས་པའི་སྲིད་ཀྱི་མཁར། །རྗེའི་མངའ་ཐང་བསྐྱེད་པ་བློན་པོ་ཡིན། །འབངས་ཀྱིས་མཆིད་གླིངས་རྗེ་ཡིས་གསན་པར་རིང་། །མི་གསན་ཟེར་ན་ཡོན་མཆོད་གཉིས་ཀ་འགུམ། །བྱས་པས། རྗེ་ཁ་བློན་ལ་ཆིབས་ཁ་སྲབ་དུ་སང་ནས་བཱཻ་རོ་ཙ་ན་ཅིས་ཀྱང་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པར་བྱས་སོ། །དེ་ནས་ཡང་བཱཻ་རོ་ཙ་ནས་མགུར་བཞེངས་པ། ཀྱཻ་རྗེ་བློན་རིམ་གྱི་གསན་ལགས་དང་། །བཱཻ་རོ་ཙ་ན་གསང་སྔགས་ཆོས་ལ་མཁས། །གསང་སྔགས་རང་བཞིན་ཨུར་མོའི་བཙའ། ལྕགས་མེ་དང་འདྲ། བདེ། །འདི་ནས་མ་དཔེ་ལ་ཆད་སྙམ། དེས་ན་བཱཻ་རོ་ཙ་ན་ཚ་བའི་རང་དུ་མཆི། །བོད་ལ་དཀའ་ལས་ཆེ་བས་བརྩོན་འགྲུས་ཅན། །ཚ་བའི་ཡུལ་མི་ཆོས་ལ་འཛུད་དུ་མཆི། །བོད་ལ་ལུས་ངག་བཙུན་པའི་བཱཻ་རོ་ཙ་ན་བདག །ཚ་བའི་ཡུལ་དུ་འདུལ་ཁྲིམས་བསྲུངས་སུ་མཆིས། །མཐོང་དགུ་ལག་གིས་ཤེས་པའི་བཱཻ་རོ་ཙ་ན་བདག །ཚ་བའི་ཡུལ་དུ་བཟོད་སྣ་སློབ་དུ་མཆི། །མཐའ་ཡི་སྐད་བསླབ་སྐད་འགྱུར་སུམ་བརྒྱ་དྲུག་ཅུ་ཤེས། །ཚ་བའི་ཡུལ་དུ་སྐད་འགྱུར་སློབ་དུ་མཆི། །མན་ངག་བསྟན་པ་ཙམ་གྱི་སངས་རྒྱས་ལག་འཆང་བ། །ཚ་བའི་ཡུལ་དུ་མན་ངག་སྟོན་དུ་མཆི། །འགལ་བ་འཆམ་ལ་ཕབ་པའི་བསྟན་བསྲུང་ནི། །ཚ་བའི་ཡུལ་དུ་བསྟན་པ་བསྲུང་དུ་མཆི། །སྡེ་སྣོད་བསྟན་བཅོས་དྲངས་དོན་མཐའ་དག་ཤེས། །ཚ་བའི་ཡུལ་དུ་མི་ནག་འདྲེན་དུ་མཆི། །སྟེང་ན་གནས་པའི་ལྷ་དང་ལྷ་མ་ཡིན། །བཱཻ་རོ་ཙ་ན་བདག་དང་ཞལ་ཡང་མཇལ། །འོག་ན་གནས་པའི་ལྷ་ཀླུ་རྣམས། །བཱཻ་རོ་ཙ་ན་བདག་དང་ཞལ་ཡང་མཇལ། །གསུངས་པས། ལྷ་ལ་སོགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི། བཱཻ་རོ་ཙ་ན་ལ་སྐུ་དངོས་བསྟན་ནས་བསྐོར་བ་དང་ཕྱག་བྱས་ཏེ། བཱཻ་རོ་ཙ་ནའི་བཀའ་ཉན་པར་དམ་བཅས་སོ། །དེ་ནས་བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་གཤེགས་པ་ལ། བཙད་པོས་ག་པུར་བྲེ་རེ་བསིལ་སྨན་དུ་བརྫོངས་ནས་བཟའ་ཡང་དྲངས་ཏེ་སློབ་དཔོན་ཚ་བའི་ཡུལ་དུ་གཤེགས་པར་ཞུ་ཕུལ་བས། བཱཻ་རོ་ཙ་ནའི་ཞལ་ནས། བདག་ནི་ཚེ་སྔ་མ་ཡང་རྒྱལ་མོ་ཚ་བ་རོང་གི་དགེ་སློང་པུཪྞ་བྱ་བ་ཚེ་འཕོས་པ་ཡིན་པས། ད་ཡང་མན་ངག་གི་ཆོས་འདི་རྒྱལ་མོ་ཚ་བའི་རོང་དུ་དུས་ལ་བབ་པ་ཁོ་ན་འདྲ་ཡི་གསུངས་ནས་ཚ་བའི་ཡུལ་དུ་གཤེགས་པར་བྱས་སོ། །དེར་རྒྱལ་པོ་རྗེ་འབངས་བདུན་དང་། དགེ་འདུན་སྡེ་གཉིས་ཀྱི་རྒྱ་དང་བོད་ཀྱི་ས་མཚམས་མ་ལ་ལ་ཁར་བསྐྱལ་ནས་ཕྱག་དང་བསྐོར་བ་བྱས་སོ། །དེ་ནས་བཱཻ་རོ་ཙ་ནས་མགུར་བཞེངས་པ། བཱཻ་རོ་ཙ་ན་གསེར་གྱི་ཁྱེའུ་ཆུང་འདི། །འཆི་བར་ངེས་པའི་ཚ་བ་རོང་དུ་མཆི། །ཀླུ་གང་ཉི་ཤུ་རྩ་གཅིག་ནས་འདས་ཏེ། །བན་རྒན་སྤྱུགས་པས་ཉེས་དེ་གཅིག །རྒྱལ་པོ་ལོ་སྐོར་གཅིག་ནས་འདས་ཏེ། །བན་རྒན་སྤྱུགས་པས་ཉེས་དེ་གཉིས། །བློན་པོ་ཀླུ་གང་དྲིན་གྱིས་བོད་ཁམས་སིལ་བུར་འགྲོ་སྟེ། །བན་རྒན་སྤྱུགས་པས་ཉེས་ཏེ་གསུམ། །ཅེས་གསུངས་སོ། །ཁབ་ཚེ་ཡ་ཟ་དམར་རྒྱན་མ། །རྒྱལ་པོ་གཉིས་ལ་འཁེང་རྒྱལ་དུ་སྨྲས་པ། བཱཻ་རོ་ཙ་ན་ལ་མོས་པའི་ཚུལ་བསྟན། ཝ་བོད་ལ་མི་མེད་བློན་པོ་ཀླུ་གང་བྱེད། །བོད་ཁམས་ཕུང་དུ་ཐོ་བས་བཙད་པོ་སྙན་ཁུངས་སྲབ། །དམ་ཚིག་ཉམས་བསྙོ་བའི་དམར་རྒྱན་ཝ་བདག་འདྲ། །བོད་ཀྱི་མཁས་པ་བཱཻ་རོ་ཙ་ན་བཞུགས་སུ་གསོལ། །བྱས་པས། བཱཻ་རོ་ཙ་ནའི་ཞལ་ནས་མགུར་འདི་སྐད་བཞེངས་པ། རྒྱལ་པོ་ན་ཀ་ཆེ་སྟེ་ཡར་ལེ་ཤོམ་པོ་འདྲ། །བློན་པོ་གདུག་པ་ཆེ་སྟེ་བཙན་དུག་ཁོལ་མ་འདྲ། །བཙུན་མོ་གྱོང་ཁེངས་ཆེ་སྟེ་གྱང་ཁང་ཁྱི་མཚོང་འདྲ། །སྟག་ཤར་སྒྲིན་ལ་མནོག་ཆུང་ཕོ་རོག་ཁྲས་དེད་འདྲ། །ཆབ་སྲིད་དར་ལ་ཡུན་ཐུང་དབྱར་གྱི་ཕུག་ཆུ་བླུག་པ་འདྲ། །བསྟན་བཅོས་ཀློག་བཤད་བྱས་པ་བྱིས་པའི་ཀློག་འཁོན་འདྲ། །སྔགས་པ་གྲོང་བསྙེན་བྱས་པ་གྱེར་བོན་རྔ་ཐོག་འདྲ། །དམ་ཉམས་ཚོགས་དཔོན་བྱས་པ་ཁྲག་གི་ཁྲག་བཀྲུ་འདྲ། །ལོ་ཚཱ་རང་མཐང་སྐྱེས་པ་སྔགས་བཤད་བྲག་ཆ་འདྲ། །འདྲ་བ་མང་པོའི་གསེབ་ཏུ་བཱཻ་རོ་ཙ་ན་སྡོད་རེ་ཀན། །དེ་ནས་བཙད་པོ་ཐུགས་མ་ཆེས་པས་ཞབས་སྤྱི་གཙུག་ཏུ་བཞག་ནས་ཕྱག་འཚལ་ཏེ། སློབ་དཔོན་ཆེན་པོ། ད་ཡང་ཇུག་བྱ་གསུང་ཏེ་བཤུམས་པས། སློབ་དཔོན་གྱི་ཞལ་ནས། ཆོས་ཉིད་བསམ་དུ་མེད་པའི་དོན་ལ་ལོངས་སྤྱོད་ཀྱང་། །འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མ་བཅད་པར་མཛོད་ཅེས་གསུངས་སོ། །དེ་ནས་བཱཻ་རོ་ཙ་ན་བཙད་པོ་རྗེ་འབངས་དང་དགེ་འདུན་སྡེ་གཉིས་ཀྱིས་རྒྱ་དང་བོད་ཀྱིས་མཚམས་སྨ་ལ་ལ་ཁར་བསྐྱལ་བས། རྗེ་བཱཻ་རོ་ཙ་ནས། བོད་ཡུལ་ན་ཡར་ལ་གཟིགས་པས། ས་ཆ་བསིལ་ལ་ཉམས་དགའ་བ། རི་ཐམས་ཅད་བྱ་རྒོད་སྤུངས་པ་འདྲ་བ། ཐ་མ་གངས་ཀྱིས་བསྐོར་བ་མི་རྗེ་ལྷས་མཛད་པ། ཤིན་ཏུ་ས་ཆ་བསིལ་ལ་ཉམས་དགའ་བར་འདུག །ཚ་བ་རོང་དུ་མར་ལ་གཟིགས་པས། ཚ་བའི་ལུང་པ་དེ་རྩུབ་པ། རོང་དོགས་པ། འདམ་ཁོལ་མ་ལྟ་བུ་ནག་ཏིང་ངེ་འདུག་པར་གཟིགས་པས། དགོངས་པ་སངས་རྒྱས་དང་མཉམ་ཡང་། སྐུ་སེམས་ཅན་དུ་བཞུགས་པས། བཙད་པོ་རྗེ་འབངས་དང་། དགེ་འདུན་སྡེ་གཉིས་ལ་བཤུམས་ཤིང་མགུར་འདི་གསུངས་པ། རི་མཐོ་གངས་གཙངས་སྤུ་རྒྱལ་བོད་ཀྱི་ཡུལ། །བརྡ་སྤྲད་སྐད་སྙན་སྐུ་རྒྱལ་གྱི་མི། །མི་རྗེ་ལྷས་མཛད་དཔག་བསམ་ལྗོན་ཤིང་འདྲ། །དགོས་དགུ་ཡིད་བཞིན་ནོར་བུ་ཀུན་ཚང་བ། །དེ་འདྲའི་རིན་ཆེན་མཚོ་ཡི་རང་ཁྱུ་ནས། །ངང་མོ་གཅིག་ཅིག་ཡར་བ་གློ་བ་དབྱར་ལག་ཅག །དེ་སྐད་གསུངས་ནས་སྤྱན་ཆབ་ཕྱུང་བས། རྒྱལ་པོ་རྗེ་འབངས་དགེ་འདུན་སྡེ་གཉིས་ཀྱང་བཤུམས་སོ། །ཡང་ཐུགས་བསྙུང་བ་དེ་བསང་བར་བྱ་བའི་ཕྱིར་དུ་མགུར་འདི་སྐད་གསུངས་སོ། །ཡུལ་ལ་ངེས་པ་མེད་པས་སྤྱུགས་ཀྱང་ཉམས་མི་ང་། །སེམས་ལ་སྐྱེ་ཤི་མེད་པས་བསད་ཀྱང་ཉམས་མི་ང་། །གཉེན་ལ་དང་མ་ཆགས་པས་དགྲ་ལ་ཞེ་མི་སྡང་། །དགྲ་ལ་ཞེ་མི་སྡོང་བས་གཉན་ལ་དང་མི་ཆགས། །ཡོན་ཏན་སྒྱུ་མར་འདུག་པས་སྐྱོན་ལ་དངོས་གཞི་མེད། །མ་བཤུམས་ལུས་ལ་གནད་ལགས་དེ་བས་བསྟན་ཆོས་འདི་གསོན། གསུངས་ནས་ངུ་འཕྲོ་བཅད་དོ། །དེ་ནས་བཱཻ་རོ་ཙ་ནས་རྒྱའི་རི་བོ་རྩེ་ལྔ་ལ་ཞལ་གཟིགས་ཏེ། སྤྱན་ནམ་མཁའ་ལ་གཟིགས་ནས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཀྱཻ་དགོངས་མཛོད་དང་། ལར་འོ་སྐོལ་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ལ། ཐར་མེད་འཁོར་བའི་བཙན་རར་དམར་པོ་ནི་ཞུགས། བདག་ཏུ་ལྟ་བའི་མདུད་པ་དམ་པོས་ནི་བཅིངས། ལོག་རྟོག་གཟུང་འཛིན་གྱི་བྲག་གིས་ལྕགས་སུ་ནི་བསྡོམ། གཡང་ས་ངན་སོང་གསུམ་གྱི་དོང་ནི་ལྟུང་། སྐྱེ་རྒས་ན་འཆིའི་ཆུ་བོ་ཆེན་པོ་བཞིའི་འོབས་སུ་ནི་ཚུད། ཡེ་ཤེས་སྒྲོན་མ་འབར་བའི་མཐོང་ཀ་ནི་བཀའ། ཐར་པ་བྱང་ཆུབ་ཀྱི་ལམ་སྐས་ནི་ཆད། འདྲེན་མཛད་ཐུགས་རྗེའི་ཞགས་པའི་སྤྱང་ཐག་ནི་ཆད་ནས་གདའ་བ་གཟིགས་སམ། ལར་འོ་སྐོལ་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ལ། གཏི་མུག་གི་དུག་ཕག་ནག་པོ་ནི་ཕུག་ནས་མཁུན། ཞེ་སྡང་གི་དུག་སྦྲུལ་སྔོན་པོ་ནི་རྐེད་ལ་འཁྲིལ། འདོད་ཆགས་ཀྱི་སྲིན་བུ་མཆུ་དམར་ནི་སྔོན་ནས་རྒོད། ང་རྒྱལ་གྱི་གླང་བུ་རོག་པོ་ནི་ཕུག་ནས་རྭ་བརྡར། ཕྲག་དོག་གི་ཁྱི་རྒན་རྒྱ་བོ་ནི་རང་ལ་རང་ཟ་བར་གདའ་བ་འདི་གཟིགས་ལགས་སམ། ལར་འོ་སྐོལ་སྐྱེ་བའི་སྒོ་ནི་བདུད་ཀྱི་སྟོབས་ཀྱིས་ཀྱང་མི་ཁེག །འཆི་བའི་ལམ་བདེ་བར་གཤེགས་པའི་ཐུགས་རྗེ་ཀྱང་མི་ལྡོག །ལས་ཀྱི་རྣམ་པར་སྨིན་པའི་ནད་ནི་འཚོ་བྱེད་གཞོན་ནུས་ཀྱང་མི་སོས། རྒས་པར་གྱུར་པ་ནི་ལྕགས་ཀྱི་གཏོད་ཕུར་ལ་གནན་ཡང་མི་ཐུབ། དགྲ་སྡོང་བ་དང་འཕྲད་དོག་པ་ནི་བྱེའུ་ཆུང་ཁྲས་ཉན་པ་དང་འདྲ། གཉན་བྱམས་པ་དང་བྲལ་གྱི་དོག་པའི་སྡུག་བསྔལ་ནི་རྔ་མང་བུ་སྟོར་བ་དང་འདྲ། མེད་པ་བཙལ་གྱི་མི་རྙེད་པའི་སྡུག་བསྔལ་ནི་ཡི་དྭགས་ཁ་སྐོམ་པ་དང་འདྲ། ཡོད་པ་བརྩའི་མི་ཐུབ་པའི་སྡང་གི་མི་མཆེད། མོ་མཚར་བ་ལ་བསམ་པ་ནི་འདོད་ཆགས་ཀྱི་ཆུ་བླུགས། རང་གི་ཡོན་ཏན་ལ་བསམ་པ་ནི་ང་རྒྱལ་གྱི་ར་སྐྱེས། གཞན་གྱི་ཡོན་ཏན་ལ་བསམ་པ་ནི་ཕྲག་དོག་གི་རླུང་འཚུབ། རང་ལ་ལོངས་སྤྱོད་ལ་བསམ་པ་ནི་སེར་སྣའི་རྩ་བ་དམ། གཞན་གྱི་ལོངས་སྤྱོད་ལ་བསམ་པ་ནི་གནོད་སེམས་ཀྱི་ལག་གཡབ་ཡིན་པར་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་དྲེགས་པ་ཅན་ལྷ་ཡི་བུའི་བདུད་ཀྱིས་ཟིལ་གྱིས་མནན། ཉམས་ང་བ་སྡུག་བསྔལ་གྱི་ཕུང་པོའི་བདུད་ཀྱིས་གཟིར་ཏེ་ཉོན་མོངས། འཆི་བདག་མི་རྟག་པའི་བདུད་སྲོག་གཅོད་དེ་ཚེ་ཐུང་། མ་རིག་པ་ཉོན་མོངས་པའི་བདུད་ཀྱིས་དོན་བསྒྲིབ་སྟེ་ལམ་གོལ་ནས་གདའ་བ་གཟིགས་ལགས་སམ། ཞེ་སྡང་གི་རྒྱུ་ལས་བསད་བཅད་ཀྱི་རྐྱེན་གྱིས་སྨིན་པའི་སེམས་ཅན་དམྱལ་བ་ནི་ཚ་གྲང་གི་སྡུག་བསྔལ། སེར་སྣ་ཡི་རྒྱུ་ལས་རྐུ་ཕྲོག་གི་རྒྱུ་རྐྱེན་གྱིས་སྨིན་པའི་སེམས་ཅན་ཡི་དྭགས་ཀྱི་བཀྲེས་སྐོམ། གཏི་མུག་གི་རྒྱུ་ལ་བཀོལ་སྤྱོད་ཀྱི་རྐྱེན་གྱིས་སྨིན་པའི་བྱོལ་སོང་གི་གནས་འཕོ་ཡིན་སྡུག་བསྔལ། ང་རྒྱལ་གྱིས་རྒྱུ་ལས་འཐབ་རྩོད་ཀྱིས་རྐྱེན་གྱིས་སྨིན་པའི་ལྷ་མ་ཡིན་འཐབ་ཅིང་རྩོད། དགེ་སེམས་ཀྱི་རྒྱུ་ལས་སྨོན་ལམ་གྱི་རྐྱེན་གྱིས་སྨིན་པའི་ལྷ་དང་མི་ནི་རང་ཡང་སྡུག་བསྔལ་གྱི་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གསུམ་ནི་ལྟག་སྐྲ་བཞིན་དུ་རྒྱབ་ཏུ་བོར། བདུད་དང་མུ་སྟེགས་བོན་པོ་གསུམ་ནི་གཅེས་ཕྲུག་བཞིན་དུ་དཔང་དུ་བླངས། སྡོམ་པ་དང་དམ་ཚིག་འདུལ་ཁྲིམས་གསུམ་ནི་རྡོ་བཞིན་བླངས་ནས་འཕེན། འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་ནི་བསྲུང་བའི་སྨན་བཞིན་ལུས་ལ་བཅངས། ཕ་དང་མ་དང་བླ་མ་གསུམ་ནི་ཁྱི་རྒན་བཞིན་དུ་སྒོ་རུ་བཏོན། རྒས་པ་དང་ན་བ་འཆི་བ་གསུམ་ནི་གྲིབ་སོ་བཞིན་དུ་ཤུལ་ནས་རྙོག །དམྱལ་བ་དང་ཡི་དྭགས་བྱོལ་སོང་གསུམ་ནི་བསྒུག་པ་བཞིན་དུ་སྔུན་ནས་སྡོད་ཀྱིན་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་གྱིས་གཟུགས་ཀྱི་ཕུང་པོ་ནི་ལམ་ཀའི་བྱེའུ་ཚངས་དང་འདྲ། ཚེ་སྲོག་གི་ཟུག་རྔུ་ནི་བྱེའུ་ཕྲུག་ཤ་རྗེ་དང་འདྲ། འཆི་བདག་གི་བདུད་ནི་བྱེའུ་ཁྲ་ཧོར་པ་དང་འདྲ་བར་གདའ་བ་མཁྱེན་ལགས་སམ། ལར་འོ་སྐོལ་གྱི་གཟུགས་ཀྱི་ཕུང་པོ་ནི་རྒྱ་མཚོ་སྐམ་པ་དང་འདྲ། ཚེ་སྲོག་གི་ཟུག་རྔུ་ནི་སྦྲུལ་གྱི་ཕུང་དང་འདྲ། འཆི་བདག་གི་བདུད་ནམ་མཁའ་ལྡིང་གི་རྒྱལ་པོ་དང་འདྲ་བ་མ་གཟིགས་སམ། ལར་འོ་སྐོལ་གྱི་གཟུགས་ཀྱི་ཕུང་པོ་ནི་ད་ར་ཁ་ཡོད་པ་དང་འདྲ། ཚེ་སྲོག་གི་ཟུག་རྔུ་ནི་ལུ་གུ་ཚེ་རུ་དང་འདྲ། ཚེ་བདག་གི་བདུད་ནི་ལྕགས་ཀྱི་སྤྱང་ཀུ་སྔོན་པོ་དང་འདྲ་བ་གཟིགས་ལགས་སམ། ལར་འོ་སྐོལ་སངས་རྒྱས་ལ་མ་བརྟེན་པར་སྐྱབས་སུ་ལ་བརྟེན། བླ་མ་མི་ཁུར་བར་གང་ན་རྟེན་ཅི་ཡོད། ཆོས་ལ་མི་སྤྱོད་པར་བློ་གང་གི་བདེ། དགེ་འདུན་མི་མཆོད་པར་སུ་ལ་ལྟོས། མཆེད་གྲོགས་དང་མི་འགྲོགས་པར་སུ་དང་ལབ། སྡོམ་པ་མི་བསྲུང་བར་སུ་ལ་རེ། སྦྱིན་པ་མི་བཏང་བར་སུ་ལ་སྤྱོལ། འཁོར་བ་ལ་མི་སྐྱོ་བར་ངང་རེ་རིང་། བདུད་ཀྱི་མི་འཇིགས་པ་ཚེན་རེ་ཆེ། ཤི་ཡི་མི་དོགས་པར་བློ་རེ་བདེ། རྒས་པ་མི་ཚེར་བར་གཟུ་རེ་བཏུལ། འཆི་ནད་རྗེད་པ་ཡི་རེ་ངེ། སྡིག་སྤྱོད་དམ་ཚིག་ཉམས་པ་བློ་རེ་ཉེས་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་སྦྱིན་པའི་གཏེར་ནི་སེར་སྣའི་རྐུན་པོས་བརྐུས། ཚུལ་ཁྲིམས་ཀྱི་ཟམ་པ་ནི་འཆལ་བའི་ཆུས་ཁྱེར། བཟོད་པའི་གོས་ནི་ཁོང་ཁྲོའི་མེས་བསྲེག །བརྩོན་འགྲུས་ཀྱི་རྟ་ནི་ལེ་ལོའི་སྒྲོགས་སུ་བཅུག །བསམ་གཏན་གྱི་ཟས་ནི་གཡེངས་བའི་ཁྱི་རྒན་གྱིས་བརླམ། ཤེས་རབ་ཀྱི་རལ་གྲི་ནི་རྨོངས་པའི་ཐོ་བས་བསྙལ་ནས་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་བྱམས་པ་ཚད་མེད་པ་མ་ལྟ་བུ་ནི་སྤངས། སྙིང་རྗེ་ཚད་མེད་པ་སྲིང་མོ་ལྟ་བུ་ནི་སྟོར། དགའ་བ་ཚད་མེད་པ་བཤེས་མོ་ལྟ་བུ་ནི་བོར། བཏང་སྙོམས་ཚད་མེད་པ་ཀུན་ལ་སྙོམས་པ་རྒྱལ་པོ་ལྟ་བུ་བཤོལ་ནས་དགའ་བ་གཟིགས་ལགས་སམ། ལར་འོ་སྐོལ་ཆོས་ཀྱི་སྐུ་ཅིག་མ་ཐོབ་ན། གཟུགས་ཀྱི་ཕུང་པོ་འདི་ཆུ་བུར་དང་འདྲ། ཚང་པའི་གསུངས་ཅིག་མ་ཐོབ་ན། ངག་གི་སྒྲ་འདི་བྲག་ཆ་དང་འདྲ། ཡེ་ཤེས་ཀྱི་ཐུགས་ཅིག་མ་ཐོབ་ན། རྟོགས་པའི་ཡིད་འདི་དུག་སྦྲུལ་དང་འདྲ། ཐེག་ཆེན་གྱི་མཁར་ཅིག་མ་བརྩེགས་ན། བརྩེགས་པའི་མཁར་འདི་དྲི་ཟའི་གྲོང་ཁྱེར་དང་འདྲ། སངས་རྒྱས་ཀྱི་ཡུལ་ཅིག་མ་མཐོང་ན། མཚན་པའི་ཡུལ་རྨི་ལམ་དང་འདྲ་བ་གཟིགས་ལགས་སམ། ལར་འོ་སྐོལ་སྲོག་གཅོད་པ་ལ་ནི་སྤྱང་ཀུ་བས་དགའ། མི་གཙང་སྤྱོད་པ་ལ་ནི་བོང་བུ་བས་ཀྱང་རེམ། མ་བྱིན་པ་ལེན་པ་ལ་ནི་བྱི་བ་བས་ཀྱང་གུས། རྫུན་དུ་སྨྲ་བ་ལ་ནི་ཝ་བཤོར་བས་ཀྱང་གཟོད། །ཉོན་མོངས་པ་སྐྱེས་པའི་ཆ་མས་ནི་རྒྱལ་འགོང་བས་ཀྱང་བཏུལ་བར་གདའ་བ་གཟིགས་ལགས་སམ། ལར་འོ་སྐོལ་ཆོས་པ་ཁ་ཅིག་གི་ཆོས་ནི་དགའ་ཕྱིའི་ཞལ་མཚན་ཙམ། ཆོས་པ་ཁ་ཅིག་གི་ཆོས་འདི་བུ་ཙའི་སྐམ་སྟིབ་ཙམ། ཆོས་པ་ཁ་ཅིག་གི་ཆོས་འདི་འཕྲལ་གྱི་རྐྱེན་བཟློག་ཙམ། ཆོས་པ་ཁ་གཅིག་གི་ཆོས་འདི་ཁེ་དྲག་ཙམ་དུ་གདའ་བ་གཟིགས་ལགས་སམ། སྤྱན་ཆབ་མ་འདོན། མོས་པ་བདོག་ན་སྨོན་ལམ་ཅིག་ཐོབ། ཅེས་གསུངས་པས། བཙས་པོས་བྲལ་མ་ཕོད་དེ། བཙས་པོས་བཤུམས་ཤིང་སློབ་དཔོན་གྱི་མཐུ་བ་ལ་བཟུང་ཞིང་། སློབ་དཔོན་ཆེན་པོ་ལགས། རྒྱལ་ཁྲིམས་རང་ཞིག་ནའང་ཞིག །བོད་ཁམས་སིལ་བུར་སོང་ནའང་སོང་གི། སློབ་དཔོན་བོད་ཡུལ་དུ་སླར་ལྡོག་པར་འཚལ་བྱས་པས། བཱཻ་རོ་ཙ་ནས་མགུར་འདི་སྐད་བཞེངས་སོ། །རི་གཟར་ཁ་ནས་དྲག་པོའི་སྦབ་འདྲེལ་བས། །སྐྱེས་པ་སྟོབས་ཆེན་ཅིག་གི་ཅང་ལྡོག་གམ། །འ་མོ་ཤི་བའི་སྟེ་རི་སྔོན་ཆེན་འདི། །བ་ཡར་འོ་མས་ཅང་སོས་སམ། །རྒྱ་མཚོ་སྐོམ་པའི་ཉ་ཆེན་གཡོར་མོ་འདི། །སྦྲང་ཆར་ཟམ་ཟིམ་ཅིག་གི་ཅང་སོས་སམ། །བོད་ཁམས་གཏིང་ནས་ལོག་པའི་བཱཻ་རོ་ཙ་ན་འདི། །བཙད་པོ་གང་ཟག་ཅིག་གི་དད་པས་ཅུང་ལྡོག་གམ། །ཅེས་གསུངས་སོ། །ཕྱི་མིག་ཀྱང་མི་ལྟ་བར་བཞུད་དོ། །བོད་རོང་པ་དང་སྟེངས་ལྷ། འོག་ཀླུ། བར་ལྷ་སྲིན་ཀུན་གྱིས་མཆི་མ་ཤོར། ཀུན་གྱི་གདོད་པ་དག་དག་ཏུ་ངུས་སོ། །དེར་བཱཻ་རོ་ཙ་ནས་བརྒྱག་ཕྱེ་ཇ་ཁུར་དུ་བྱས་ཏེ་མགུར་བཞེངས་པ། དགོས་དགུ་ལུས་ལ་ཚང་བའི་བཱཻ་རོ་ཙ་ན་བདག །འགྲོ་ནི་ཚ་བའི་རོང་དུ་འགྲོ། །ནུབ་ནི་བོད་ཀྱི་ཉི་མ་ནུབ། །བོད་ན་གཟའ་དང་སྐར་མ་ཙམ་ཡང་མེད། །བོད་ཡུལ་མུན་པའི་གླིང་དུ་གྱུར་པ་སྙིང་རེ་ཚིམ། །བསྟན་པ་ཚ་བ་རོང་དུ་ཤར། །ཚ་བའི་རོང་དང་རྒྱལ་མོའི་ཡུལ། །སྟོང་ཁམས་རང་གི་མི་རྣམས་ཀུན། །ཁྲི་གདུགས་ཤར་རོ་བཀུར་སྟི་དང་། །རིམ་གྲོ་མ་ཆུང་ཞིག་གསུངས་ཏེ་སེ་གོལ་ལན་གསུམ་བརྡབ་ཏེ། བྱ་ལྷག་ནམ་མཁའ་ལ་འཕུར་བ་ལྟར་ཚ་བའི་རོང་དུ་གཤེགས་སོ། །འདྲ་འབགས་ཆེན་པོ་ལས། བོད་ན་མན་ངག་གི་སྣོད་མེད་ནས་བཱཻ་རོ་ཙ་ན་དགུང་ལོ་དྲུག་ཅུ་རྩ་གཅིག་ལ་ཚ་བའི་རོང་དུ་སྤྱུགས་པའི་སྐབས་ཏེ་བཅུ་བདུན་པོའོ།། ༈ །།དེ་ནས་དེའི་ཚེ་དེའི་དུས་ཚ་བའི་རང་དུ་ལྷེན་གྱིས་བབ་བཱཻ་རོས་མ་ཕོད་དེ་རི་རྩེ་ལ་བསྡད་པས། དེར་ཚ་བ་རངས་པའི་མིས་མཐོང་ནས། རྒྱལ་མོ་དཔལ་བཞེས་ཀྱི་སྣ་དྲངས་མི་མང་པོ་སྦྲན་ནས་བོད་ཀྱི་རྟོག་ཆེན་པོ་ཡིན་བྱས་ནས། བཙལ་བས་རྙེད་དེ་བཟུང་། དར་བཱཻ་རོས་ང་རྟོག་ཆེན་པ་མིན། བོད་ཀྱི་རྒྱལ་ཁམས་ན་རྒྱལ་པོ་རྒྱུ་འབྲས་ཀྱི་ཆོས་ལ་ཐུགས་མ་ཆེས་ནས། ཁྲི་སྲོང་ལྡེའུ་བཙན་བྱ་བའི་ཞལ་ནས། རྒྱ་གར་ཡུལ་ན་དང་པོ་སྟོན་པ་སྐུ་འཁྲུངས། བར་དུ་བསྟན་པ་བསྒྲགས། ཐ་མ་སྐུ་མྱ་ངན་ལས་དེ་རུ་འདས་པ་ཡིན་པས། དེ་ནས་རྒྱུ་འབྲས་གཉིས་ལས་འདས་པའི་ཆོས་ཤིག་མི་བཞུགས་མི་སྲིད་གསུངས་ནས། ཟུང་ཅིག་བཏང་ནས་འགྲོ་ནུས་པ་ཡོད་དམ་གསུངས། དེར་ང་དང་གཙང་ལེགས་གྲུབ་བྱ་བ་གཉིས་ཀྱིས་ཕྱིན་ནས། ལེགས་གྲུབ་གཅན་འཕྲང་དོང་པོ་བས་བསད། བདག་གི་མན་ངག་གི་ཆོས་མང་པོ་སློབ་དཔོན་ཤྲི་སིང་ཧ་བྱ་བ་ལ་ཞུས་ནས། བོད་དུ་ཁྱེར་འོང་བ་ལས། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དང་། པཎྜི་ཏས་ཕྲག་དོག་བྱས་ཏེ། བོད་དུ་རྒྱལ་བློན་རྣམས་ལ་དབྱེན་རྣམས་ཕྲ་མ་སྐྱེལ་བའི་མི་བཏང་བས། བོད་ཀྱི་བནྡེ་འདིས་རྒྱལ་པོས་ཆོས་ཚོལ་དུ་བཏང་བའི་མན་ངག་གི་ཆོས་མ་རྙེད། རྒྱ་གར་གྱི་ཁྲོ་ཆུ་ཕྲ་མེན་མ་དང་། མན་ངག་ཉི་ཚེ་ཁྱེར་ནས་སོང་བས། བོད་ཀྱི་རྒྱལ་བློན་རྣམས་ཀྱིས་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཅིག་པར་བསྒྲགས་པས། དེར་བློན་པོ་ངམ་ཏ་ར་ཀླུ་གང་བྱ་བས་བོད་ཀྱི་བནྡེ་འདིས་མན་ངག་གི་ཆོས་ཚོལ་དུ་བཏང་བའི་མན་ངག་གི་ཆོས་ནི་མ་རྙེད་པར། ངན་སྔགས་ཉི་ཚེ་བ་ཁྱེར་ནས་མཆིས་པས། འདི་བས་འཚལ་རྒྱལ་པོ་ལ་ཡང་ཡང་ཞུས་པས། རྒྱལ་པོ་དེ་ཙུག་མིན་བཱཻ་རོ་ཙ་ན་སྤྲུལ་པའི་སྐུ་ཡིན་གསུངས་ནས་མ་ལོ་བར། ད་སྤྱུགས་པ་ཡིན་བྱས་ནས་ལོ་རྒྱུས་བསྙད་པས་མ་ལོ་བཀྱིག་ཏེ་སྦས་པའི་དོན་དུ་བཅུག་པས། སྡུག་བསྔལ་དེ་ཞག་གསུམ་འོ་དོད་ཆེན་པོ་བོས། འདི་སྐད་གསུངས་སོ། །ཡུལ་ཕྱོགས་འདི་ནི་བཞུགས་པ་ཆེ་བཙུན་རྣམས། །བདག་འདྲ་བཱཻ་རོ་ཙ་ན་ཡི། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་བར། །བོད་ཀྱི་རྒྱ་ཁམས་དཀར་པོར་ཡང་བསྒྱུར་ཕྱིར། །ཐེག་པའི་ཁ་གཅོང་འབྲས་བུ་སངས་རྒྱས་ཆོས། །རྒྱ་གར་མཁས་པ་ཉི་ཤུ་རྩ་གསུམ་གྱི། །བསྟན་པའི་མན་ངག་བོད་དུ་མཆིས་ལགས་ཏེ། །རྒྱལ་ཁམས་ཕུང་དུ་ཐོ་བའི་བློན་པོ་ཀླུ་གང་དང་། །དམ་ཚིག་ཉམས་ལས་བསྙོས་པའི་ཚེ་སྤངས་དམར་རྒྱལ་དང་། །བོད་ཁམས་སིལ་བུར་འགྲོ་རྟགས་བཙད་པོ་བཅོས་སླ་བས། །རྒྱ་གར་སྡུག་པའི་ཕྲ་མ་ངན་པས་སྙན། །བོད་ཀྱི་ཉི་མ་མཁས་པ་བདག་སྤྱུགས་ཏེ། །ཚེ་འདིར་འབྲས་བུ་ཐོབ་པའི་མན་ངག་དང་། །མ་རིག་མུན་པ་སེལ་བའི་བསྙེན་བསྒྲུབ་འདི། །རིན་ཆེན་ཕུང་པོ་བསྟན་འཆོལ་སྒྱུ་མ་དང་། །འཚོ་བར་བྱེད་པའི་རིན་ཆེན་སྨན་དཔྱད་དང་། །བོད་ཀྱི་བན་ཆུང་ལུས་ལ་འཆིས་ལགས་ཏེ། །འཇིགས་སྐྲག་སྦལ་པའི་དོང་ནས་སྦྱངས་སུ་གསོལ། །གཡུ་སྒྲའི་ཡབ་རིན་པོ་ཆེའི་ཞལ་ནས་འདི་སྐད་གསུངས། །བོད་ཀྱི་མངའ་བདག་སྤུ་རྒྱལ་ཚན་ཆུང་དེས། །ཚན་དེ་ཆུང་ལ་ལས་སུ་བྱ་བ་མང་། །ཆུང་མ་ལེན་ན་གོ་ཁའི་བྲན་མོ་མཁན། །སློན་པོ་བྱེད་ན་ཉོན་མོངས་ཆེ་དགུས་བྱེད། །ཟས་སུ་ཟ་ན་ཤ་ཆེན་སྣ་དགུ་ཟ། །གོས་སུ་གྱོན་ན་མཐའ་ཡི་མོན་གོས་གྱོན། །ནོར་དུ་བྱེད་ན་རྡོ་ལ་ནོར་དུ་བྱེད། །ལས་སུ་བྱེད་ན་རྐུ་དང་དམག་དཔོན་བྱེད། །ལྷ་རུ་མཆོད་ན་གནོད་སྦྱིན་སྲིན་པོ་མཆོད། །གྲོགས་པོ་ཚོལ་ན་ཀླུ་ལས་གདུག་པ་ཆེ་བ་མེད་པར་ཚོལ། །ཐོ་ཕྱིའི་མིག་ལ་རྐྱང་དུ་མི་ལྟོས་པས། །སྲིན་པོ་གདོང་དམར་རྒྱལ་པོ་འདོད་པ་ཅན། །གློ་བ་ཆེས་རྒྱུ་མ་མཆིས་བནྡེ་ཁྱོད་ལྟ་བུ། །བློན་པོ་ཆེ་བཙུན་ཀུན་ཀྱང་ཀ་བགྱིས་པས། །འདི་སྐད་གསུངས། སྡིག་སྤྱོད་རྒྱལ་པོ་འདི་ལ་བློ་བ་ཆེས་རྒྱུ་མ་མཆིས་ཏེ། །སྦལ་པའི་དོང་ནས་ཐོན་ནས་ཤིག་གི་དོང་དུ་སྐྱུར། །དགུ་བདུན་བར་དུ་བོད་ཀྱི་དམག་དཔུང་མ་བྱུང་ན། །ཁྱོད་ཀྱིས་བཀའ་སྩལ་གཙོ་བོར་བགྱིས་ལ་སྤྱི་བོར་བཀུར་ཟེར་རོ། །ཤིག་དོང་དུ་བསྐུར་བའི་དོན་དུ་སྦལ་དོང་ནས་ཐོན་ནས་བཱཻ་རོ་ཙ་ན་བཏོན་པས། ལུས་ལ་སྦལ་པས་མིག་མན་ཆོད་དུ་འཇུས་ནས་བྱུང་བས། བཱཻ་རོ་ཙ་ནས་འདི་སྐད་བཤགས་པ་བྱས་ཏེ། བདག་ནི་བཱཻ་རོ་ཙ་ན་སྟེ། །སྐྱེ་བ་འདིའི་གང་དེ་ཡི་སྔ་མ་ལ། །ཡུལ་ཕྱོགས་འདི་ཡི་འདབ་ཆག་ནེའུ་ལེར་སྐྱེས། །སྦྲུལ་དང་སྦལ་པ་ཟས་སུ་ཟོས། །དེ་ཡི་རྣམ་སྨིན་ད་ལྟ་བྱུང་། །ལན་ཆགས་དེ་ཡི་ཁེངས་གྱུར་ཅིག །ཅེས་གསུངས་པས། སྦལ་པ་ཐམས་ཅད་ལུས་ལས་བོག་འབྲུལ་ཏེ། སོ་སོར་བྲོས་ཏེ་སོང་བས། ཡང་ཡང་ཤིག་དོང་དུ་བསྐྱུར་རོ། །དེར་སློབ་དཔོན་གྱི་ཐུགས་ལ་ཞག་གསུམ་ནས་ཤིག་དོང་ནས་འདོན་གྱི་ཟེར་བས་དེ་ལ་དགོངས་ནས་བཟོད་པ་བསྒོམ་མོ། །ཞག་བདུན་ནས་རྒྱལ་མོ་ཚ་བའི་ཡུལ་པ་ཀུན་ཚོགས་ནས། ད་ཐོན་ཟེར་ནས་ཤིག་དོང་ནས་བཏོན་པས། ལུས་མགོ་ཞབས་ལ་གོ་མཚམས་མེད་པར་ཤིག་གི་འཇུས་ནས་བྱུང་བས། ཡང་བཱཻ་རོས་ཤིག་ལ་བཤགས་པ་བྱས་ཏེ། བདག་ནི་བཱཻ་རོ་ཙ་ན་སྟེ། །སྐྱེ་བ་འདི་ཡི་ཡང་སྔ་ན། །ཡུལ་ཕྱོགས་འདིའི་རྒྱལ་པོའི་བུ། །དགེ་སློང་པུཪྞ་བྱ་བར་སྐྱེས། །དེ་ཚེ་ཆོས་གོས་ཤིག་ཚང་བྱར་ཐུར་བཅུག །དེ་ཡི་རྣམ་སྨིན་ད་ལྟ་བྱུང་། །ལན་ཆགས་འདིའི་ཁེངས་གྱུར་ཅིག །དེ་སྐད་གསུངས་པ་དང་། ཤིག་རང་ས་སོ་སོར་བྲུལ་ནས་སོང་ངོ་། །དེར་དགེ་སློང་པུཪྞའི་བུ་དགེ་སློང་གྲུ་བྱ་བས། སྔོན་ཙ་ན་ཡབ་དགེ་སློང་ལྷ་བཙུན་པཱུཪྞ་བྱ་བ་དེ་ཡིན་པར་ངོ་ཤེས་ནས། ཆོ་ངེ་ཆེན་པོ་བཏབ། བྲང་བརྡུང་། བུ་ཙ་རྣམས་ཀྱིས་ཀྱང་སྨྲས། བདག་ཅག་གི་ཡབ་མེས་བརླག་པར་གདའ་བས། །ཡབ་མེས་སྤྲུལ་པའི་སྐུ་རུ་བྱོན་པ་ལ། །འདི་ལྟ་བུའི་སྡུག་བསྔལ་བྱས་པ་གསུངས་ཏེ་ངུས་སོ། །ཡུལ་མའི་ཚོགས་ཆེན་པོ་ཡང་མཆི་མ་ཤོར་རོ། །དེར་རྒྱལ་མོ་ཚ་བའི་ཡུལ་པ་རྗེ་འབངས་ཀུན་ཀྱང་འགྱོད་པ་སྐྱེས་ཏེ་བཤགས་པ་ཕུལ་བ་འདི་སྐད་དོ། །བོད་ལ་མི་མེད་རྒྱལ་པོ་འདོད་པ་ཅན། །སྐྱེ་བ་སྔ་ཕྱི་ཤེས་པའི་བྱང་ཆུབ་སེམས་དཔའ་ཁྱོད། །འགྲོ་དོན་ཁྱད་པར་འཕགས་པ་བོད་ཡུལ་མཛད་དགོངས་ནས། །འགྲོ་བ་འདུལ་བའི་དུས་ལ་མ་བབ་ཚ་བའི་ཡུལ་འདི་གཤེགས། །ས་བཅུ་བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་ཁྱེད་ལ་འདུད། །སྤྱོ་བ་དྲག་པོ་ བྱང་ཆུབ་སེམས་དཔའ་ལ། །བཟོད་པར་བཞེས་ཏེ་ཐུགས་རྗེ་ཆེན་པོ་ཁྱེད་ལ་མཐོལ་ཞིང་བཤགས། །བྱམས་མགོན ་སྟོན་པ་ཁྱེད་ལ་བཟོད་པར་ཕུལ། །ཅེས་བཤགས་པ་ཕུལ་ལ། དེ་ནས་དྲིས་པས་སྐྱེས་བུ་ཁྱེད་ལྟ་བུ་ལ་སྤྱུགས་པ་དང་། སྡུག་བསྔལ་འདི་ལྟ་བུ་མྱོང་བ་རྒྱུ་རྐྱེན་གང་ལགས་བྱས་པས། བཱཻ་རོ་ཙ་ནའི་ཞལ་ནས། སྐྱེ་བ་བཞི་པ་སྡོམ་པ་བླང་བ་སྟེ། སྡོམ་པ་མ་ཐུབ་ཉམས་པ་བྱ་ནེའུ་ལེར་སྐྱེས། སྡོམ་པ་བླང་བའི་སྟོབས་ཀྱི་ནེའུ་ལེ་མ་སྨིན་ཆུ་ལ་ཤི། །སྡོམ་པ་ལས་འཕྲོ་བཟང་བས་མི་རུ་སྐྱེས། །ཆོ་རིགས་བཙུན་པར་སྐྱེས་པས་དགེ་བ་མང་པོ་སྤྱོད། །དགེ་བ་མང་པོར་བསྐྱེད་པས་རྣམས་སྨིན་མི་རུ་སྐྱེས། །དེ་ཡི་དུས་སུ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུངས། །ཉིས་བརྒྱ་ལྔ་བཅུ་ཐུབ་པར་བསྲུངས་བས་མི་རུ་སྐྱེས། །རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་བཤེས་གཉེན་གྱི། །ཡང་དག་ཡེ་ཤེས་ཐུགས་ཀྱི་གསང་བ་རྡོལ། །ཚེ་འདི་ཉིད་ལ་སྐྱེ་མེད་དོན་རྟོགས་ཏེ། །ཤེས་བྱའི་སྒྲིབ་པ་ཆ་འགའ་མ་དག་པས། །དེ་ཡི་རྐྱེན་གྱིས་ཚ་བའི་ཡུལ་སྤྱུགས་སྡུག་བསྔལ་བྱུང་བ་ཡིན། །སྐྱེ་མེད་སུ་རྟོགས་ད་ལྟ་ཡེ་སངས་རྒྱས། །དེ་ལ་བྱིས་པ་རྣམས་ནི་སྒྲོ་དང་བསྐུར་པས་བཏབ། །ཅེས་གསུངས་པ། ཡང་མི་ནག་ཡུལ་མི་ཀུན་ལ་མགུར་བཞེངས་པ། དཔྱིད་ཉི་རིང་པོ་ལ་གྲོ་གསུམ་དྲང་གསུམ་འོང་། ནམ་ཟླ་རིང་པོ་ལ་འགྲོང་གསུམ་ལྟོག་གསུམ་འོང་། ལམ་ཐག་རིང་པོ་ལ་དཀར་གསུམ་འཚེར་གསུམ་གདའོ། །ཅེས་གསུངས་སོ། །མི་ནག་བྱིས་པ་ཀུན་ན་རེ། ད་རུང་གསུངས་དང་ཟེར་རོ། །ཡང་གསུངས་པ་རི་པོ་མཐོ་གདུགས་ཀྱི་རྒྱལ། གདུགས་ཀྱི་རྒྱལ་ཏེ་ཆབས་ཀྱི་ཕབ། དེ་ལ་སྐྱིད་སྡུག་ཕྱེད་མར་གདའོ། །བཙན་ཕྱུགས་བརྟན་པོ་དང་འདྲ་སྟེ་རེས་མོས་སུ་གདའོ། །རོང་ཁུང་དོག་མོར་ཆབ་ཀྱིས་རྒྱལ། ཆབ་ཀྱི་རྒྱལ་ཏེ་གདུགས་ཀྱི་ཕམ། མི་ཚེ་ཀུན་གྱི་སྐྱིད་སྡུག་ཕྱེད་མར་གདའོ། །བཙན་ཕྱུགས་ཀུན་རྨི་ལམ་དང་འདྲའོ། །བདེན་ངེས་དེ་ལྷ་ཆོས་སུ་གདའོ། །ཞེས་གསུངས་པས། ཡུལ་གྱི་མི་ནག་ཀུན་གྱིས་ལྷ་ཕྱག་གྱང་འགྱེལ་བ་ཙམ་འཚལ་ལོ། །བསྐོར་བ་ལན་གསུམ་བྱས། ཀུན་གྱིས་བཱཻ་རོ་ཙ་ནའི་ཞབས་སྤྱི་བོར་བླངས་སོ། །དེར་བཱཻ་རོ་ཙ་ནས། ཨ་ཨ་ཏྲ་ཐ་ཀ་པ་ལེ་ན་ག །ཞེས་གསུངས་པས། རྒྱལ་མོ་ཡུལ་གྱི་མི་ཀུན་ན་རེ། དེ་ཅི་ལགས་སྨྲས་པས། སློབ་དཔོན་གྱིས་བསྒྱུར་བ། འདི་སྐད་བྱ་བ་ཡིན། སྐྱེ་མེད་བྱང་སེམས་བདེ་ཆེན་མན་ངག་འདི། བོད་ཀྱི་མངའ་བདག་རྒྱལ་པོའི་སྙན་གསན་དུ། བསྟན་ཅིང་བསྙད་པས་མ་གོ་བདག་སྤྱུགས་ཏེ། བདག་གི་མངའ་བདག་རྒྱལ་པོ་དགུང་ཟླ་གསུམ་ནས་འདས་ཏེ། དེ་ལ་བདག་ནི་མ་དགའ་རྒྱལ་བློན་ཁྱེད་ཀྱང་དེ་ལྟར་མ་མཛད་ཅིག །བྱ་བ་ཡིན་གསུངས་ཏེ་མཆི་མ་ཤོར་བས། རྒྱལ་བློན་ཀུན་ཀྱང་བཤུམས་སོ། །དེ་ནས་གདན་དགུ་བརྩེགས་ཏེ་བཞུགས་སུ་གསོལ། རྒྱལ་བློན་ཀུན་གྱིས་སྣ་དྲངས་ཏེ་གསེར་དང་དངུལ་གྱི་དང་ཙེ་ཕུལ་ཏེ་འདི་སྐད་ཞུས་སོ། །རིགས་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ། ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བའི་ཐུགས། མི་དམིགས་རྒྱལ་བའི་དགོངས་པ་འཕྲོ་བ་ཐུགས། སྡེ་སྣོད་གསུམ་གྱི་ཡབ་མེན་ཐེག་པའི་རྩེ། །དུས་གསུམ་སངས་རྒྱས་སྐུ་གསུམ་ལྷུན་རྫོགས་པ། །མི་གཉིས་མཉམ་སྦྱོར་འགྲོ་བའི་མགོན་པོ་ལ། །དངུལ་གྱིས་མཎྜལ་གསེར་གྱི་མེ་ཏོག་ཕུལ། །ཐུགས་རྗེས་དགོངས་ལ་སྲིད་པའི་མཚོ་བསྒྲལ་འཚལ། །ཡེ་ཤེས་ཐུགས་རྗེའི་ཞགས་པས་བཟུང་དུ་གསོལ། །ཞེས་སྨྲས་ཏེ་མེ་ཏོག་དོར་བས། ཀུན་གུས་པ་ལས། རྒྱལ་མོ་གཡུ་སྒྲ་སྙིང་པོ་མ་གུས་ཏེ། རྒྱལ་མོ་གཡུ་སྒྲ་སྙིང་པོས་བཱཻ་རོ་ཙ་ན་ལ་ཉམས་སད་པའི་ཕྱིར་བརྟགས་པ་མཛད་དོ། །དེ་ལ་བུ་གཅིག་ཤི་བའི་ཕ་མ་བཏང་སྟེ། དེ་སྐད་བསླབ་ནས། ཆོས་ཞུ་འཚལ་ཆོས་བྱས་ན་བུ་དང་འཕྲད་དམ་མི་འཕྲད། འཕྲད་ཐབས་འདྲ་བདོག་གམ་ཞུ་ཞུས་པ་ལ། བཱཻ་རོས་མགུར་བཞེངས་པ། འོ་སྐོལ་འདི་ལྟར་འཚོགས་པ་རྣམས། །སྐྱེ་བའི་དབང་གིས་འཆི་བར་ངེས། །བུ་བས་འོ་ཅག་རང་ཡང་འཆི། །ད་རིང་སོང་འཆི་སུས་ཀྱང་མི་ཤེས་ཏེ། །སྔ་གྲོ་ཕྱི་གྲོ་ཡིན་པ་ཝ་ལེ་ཡོད། །འཆི་བའི་གྲོགས་སུ་དམ་ཆོས་བཟང་། །དམ་ཆོས་སྐྱེ་ཤི་མེད་པར་བརྟེན། །སྐྱེ་ཤི་མེད་པས་སྡུག་བསྔལ་མེད། །སྡུག་བསྔལ་མེད་པ་སངས་རྒྱས་ཡིན། །འོ་སྐོལ་འདི་རྣམས་འདིར་འཚོགས་པ། །འབྱོར་ཞིང་དར་བའི་དབང་གིས་རྒུད་པར་ངེས། །རྒུད་པའི་གྲོགས་སུ་སྦྱིན་པ་བཟང་། །སྦྱིན་པ་སྔ་བཏང་སྔོན་དུ་འོང་། །འོ་སྐོལ་འདི་རྣམས་འདིར་ཚོགས་པ། །འདུས་པའི་དབང་གིས་འབྲལ་བར་ངེས། །འབྲལ་བའི་གྲོགས་སུ་སྨོན་ལམ་བཟང་། །མི་འབྲལ་གྲོགས་པའི་སྨོན་ལམ་ཐོབ། །སྨོན་ལམ་བཏབ་ན་གནས་ཤིག་ངེས་པར་འཕྲད། །འཕྲད་ཀྱང་ངོ་ཤེས་ཤིན་ཏུ་དཀའ། །དེ་བས་རང་སེམས་ཆོས་སྐུ་ལ། །ཅེར་གྱིས་ལྟོས་ལ་ཕྱད་ཀྱིས་ཐོང་། །མ་བཅོས་རྩོལ་མེད་ཐིག་ལེ་བདེ། །ཅེས་རྒན་མོ་མཛུབ་ཚུགས་སུ་བསྟན་ནོ། །ཡང་གཡུ་སྒྲ་སྙིང་པོས། རྒན་རྒོན་འཆི་རུ་ཆ་བ་ཚན་གཅིག་བཏང་ནས། རྒན་རྒོན་གྱི་ཆོས་ཤིག་ཞུ་འཚལ་བྱས་པས། བཱཻ་རོས་མགུར་བཞེངས་པ། འོ་ཅག་རྒན་རྒོན་ཀུན་ཀྱང་ནི། །དང་པོ་ཤ་བཀྲ་བོད་ཙམ་ན། །རྒྱན་དང་རྩེད་མོ་མ་གཏོགས་པ། །དམ་པའི་ཆོས་དང་སྨོས་ཅི་དགོས། །འཕྲལ་གྱི་ལྟོ་ཡང་བརྗེད་དུ་ཆ། །བར་དུ་ཁྱིམ་ཐབས་བྱས་ཙམ་ན། །བུ་དང་ནོར་ལམ་མ་གཏོགས་པ། །དམ་པའི་ཆོས་དང་སྨོས་ཅི་དགོས། །ལྟོ་དང་རྒྱབ་ཀྱང་བརྗོད་དུ་ཆ། །དེ་ནས་རྒས་ཤིང་རྒུད་ཙམ་ན། །བཟའ་དང་བཏུང་བ་མ་ཡིན་པ། །དམ་པའི་ཆོས་ལ་སྨོས་ཅི་དགོས། །བྱམས་པའི་གཉེན་ཡང་བརྗེད་དུ་འགྲོ། །ཐ་མ་འཆི་བར་ཐུག་ཙམ་ན། །ཁ་ཆུ་སྣ་ཆུ་མིག་ཆུ་གསུམ། །ཆུ་གསུམ་ཀ་ཁའི་གདོང་ལ་བླུགས། །ལུས་ནི་མི་ཐེགས་རི་བས་ལྕི། །འགྲོ་ས་ཡོད་ཀྱང་འགྲོ་མི་ནུས། །ངག་ནི་དིགས་པ་བས་ཀྱང་ལྐུགས། །སྨྲ་རྒྱུ་ཡོད་ཀྱང་སྨྲ་མི་ནུས། །སེམས་ནི་མར་མེ་བས་ཀྱང་གསལ། །ཡུལ་མཁར་གསེར་གཡུ་བྲེས་གཅལ་ཕོག་པའི་བུ་ཚ་ཡང་། །རྒན་རྒོན་ཤི་རུང་ཟེར་ཞིང་རྒོལ་ཙམ་ན། །འཆི་བར་ངེས་པ་ཚོར་ནས་ནི། །དུས་དེར་དམ་པའི་ཆོས་དྲན་ཏེ། །བསྟན་ཡང་མི་གོ་ཅི་ལྟར་བགྱི། །འོ་སྐོལ་རྒན་རྒོན་འཆི་ཁ་མ། །འཆི་ངེས་ཤེས་པས་མ་ཆ་མ་ཞན་ཅིག །ཞན་ཅིང་ཆགས་པ་སྡུག་བསྔལ་རྒྱུ། །བྱང་སེམས་མ་བཅོས་རྩོལ་མེད་དང་། །མ་ཆགས་མ་ཞེན་བདེ་བའི་མཆོག །ཅེས་འདའ་ཁ་མའི་མན་ངག་གསུངས་ནས་དུས་འདིར་བསྟན་ཐབས་དེ་ལས་མེད་གསུངས་སོ། །ཡང་རྒྱལ་མོ་གཡུ་སྒྲ་སྙིང་པོས། ཡུལ་གྱི་ཤར་པོ་ཤར་མོ་རྒྱན་དང་ཆས་ཏེ་ཆོས་ཞུ་རུ་བཏང་ནས། ཆོས་ཞུ་འཚལ་བྱས་པས། དགའ་བདེ་འདི་ལས་ལྷག་པ་རང་། སངས་རྒྱས་རང་ལ་ཡང་ཡོད་དམ་ཞུས་པས། བཱཻ་རོ་ཙ་ནས་མགུར་བཞེངས་པ། ཉོན་ཅིག་གསོན་ཅིག་གཞོན་པ་ཀུན། །ཁྱོད་ཀྱང་འོག་རྟ་བཟང་པོ་དེ། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །རྒན་པའི་དབང་གིས་སྭོ་ཤེད་བྲལ། །སྭོ་ཤེད་གཉིས་དང་བྲལ་ཙམ་ན། །རྩ་ཆུ་མི་འཆིབ་ཁང་ཕྱི་བསྐོར། །ཐ་མ་རྟ་མགོ་ཆབ་ལ་འཕྱོ། །རྨིག་བཞི་གོག་པོ་ངན་ཁུང་བསྒྱུར། །རྟ་ལྤགས་རྩིགས་པའི་ལོག་ལ་བཀྲམ། །དེ་ལ་རྟག་པ་ཅི་ཞིག་གདའ། །ཁྱོད་ཀྱི་གོས་རྣམས་ལེགས་མོ་དེ། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །རྒས་པའི་དབང་གིས་དུག་པོར་འགྲོ། །སྣལ་མ་ཉལ་ཉིལ་མལ་པ་བསྲུངས། །ཐ་མ་ཁལ་རྟའི་སྟན་དུ་འགྲོ། །དེ་ལ་རྟག་པ་ཅི་ཞིག་གདའ། །ཁྱོད་ཀྱི་ཤ་བཀྲ་ལེགས་མོ་དེ། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །རྒས་པའི་དབང་གི་ཤ་ཟད་ཉེར་མར་འགྲོ། །དེ་ལ་རྟག་པ་ཅི་ཞིག་ཡོད། །ཁྱོད་ཀྱི་སྐྲ་ལོ་ལེགས་མོ་དེ། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །རྒས་པའི་དབང་གིས་དཀར་པོར་འགྲོ། །དེ་ལ་རྟག་པ་ཅི་ཞིག་ཡོད། །ཁྱོད་ཀྱི་ཡན་ལག་འཇམ་པོ་དེ། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །གྱོང་པོ་དྲེགས་པའི་དབང་དུ་འགྲོ། །ཁྱོད་ཀྱི་ཚིགས་བཞི་ལེགས་མོ་འདི། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །རྒས་པའི་དབང་གིས་རུས་མགོ་གྱོང་པོར་འགྲོ། །ཁྱོད་ཀྱི་བཞིན་སར་ལེགས་མོ་འདི། །ལོ་གཅིག་ལོ་གཉིས་ལོན་ཙམ་ན། །ལྤགས་པ་རྒས་ཏེ་ཧེལ་དགེ་ཚིག་པ་འདྲ། །མིག་ཆུས་བྱད་ལས་བསྲེན་མར་བཏང་། །སྣ་ཆུ་ཁ་ཡི་ནང་དུ་བླུགས། །ཁ་ཆུ་བྲང་གི་ལོག་ལ་བབས། །དེ་ལ་རྟག་པ་ཅི་ཞིག་ཡོད། །དེ་ལ་མནོ ས་ལ་ལྷ་ཆོས་མཛོད། །ཅེས་ཤེས་པ་དྲངས་ཚུགས་སུ་བསྟན་ནོ། །དེ་ནས་ཀུན་གྱི་ཆོས་དང་ལྡན་པ་མཐོང་། ཆོས་ཡོད་པར་ཡིད་ཆེས་ནས། གདན་དགུ་བརྩེགས་བཏིང་ནས། རིན་པོ་ཆེ་ལས་བྱས་པའི་མེ་ཏོག་གཏོར་ནས། ཆོས་ཞུས་པ་གནང་སྟེ། ཉིན་མོ་དཀོན་མཆོག་བརྩེགས་པ་ལ་སོགས་པ་འབུམ་སྡེ་ལྔ་བསྒྱུར། མཚན་ཉིད་སྡེ་གསུམ་དང་འགྲོ་བ་དད་པ་བསྐྱེད་པའི་བསྒྲུབ་པ་རྣམ་གསུམ་བཤད། མཚན་མོ་ནི་བྱང་ཆུབ་ཀྱི་སེམས་ཕྱོགས་བཤད། ནམ་གྱི་གུང་ལ་གསང་སྔགས་བསྒྱུར། དེ་ནས་རྒྱལ་མོ་གྲུ་ལས་སོགས་པས་ནི་ལེགས་པ་མཁྱེན། དེ་ནས་རྒྱལ་པོ་གཡུ་སྒྲ་སྙིང་པོས་འོག་རྟ་ལ་སྒ་སྲབ་བསྟད། མཐུར་མདའ་དར་ཡུག་གི་བྱས་ནས་ཞུས་པས་གནང་སྟེ། སླར་མགུར་བཞེངས་པ། ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ། །དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་། །དུད་འགྲོའི་རྒྱལ་པོར་རྟར་བཙོང་ན། །དུས་གསུམ་རྒྱལ་བའི་ལུང་དང་འགལ། །གསུང་ཏེ་མ་གནང་ངོ་། །ཡང་གསེར་ཕྱེ་བྲེ་གང་དང་། གཡུ་བྲེ་གང་ཕུལ་ཏེ། ད་མན་ངག་སྦྱིན་དགོས་བྱས་པས། ཡང་བཱཻ་རོ་ཙ་ནས་མགུར་བཞེངས་པ། གསེར་གྱི་རི་ལ་གཡུ་ཡི་ཆུ་བླུགས་ཀྱང་། །ནོར་གྱི་དམ་པ་བླ་མའི་གདམས་ངག་བཟང་། །གསུངས་ནས་མ་གནང་ངོ་། །ཡང་ཚ་བ་རོང་གི་དབང་པོར་ཁྲི་གདུགས་ལ་ཆབ་ལ་སྐུ་བསིལ་དུ་གཤེགས་ཟེར་ཏེ། གཡུ་སྒྲས་སྦ་དཀྱིལ་དུ་བཱཻ་རོ་ཙ་ན་བོར་བས། ཡང་བཱཻ་རོའི་ཞལ་ནས། ཡོན་དང་དད་པ་གཉིས་མེད་པས། །ཆོས་ལ་ནན་བཙིར་བྱས་པ་ཅང་འཁུམས་སམ། །ཤི་ཡང་གཉིས་ཀ་ཤི་བ་ལས། །ང་ཤི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གནས་སུ་འཁྱམས། །ཁྱོད་ཀྱིས་ཕོད་ན་ང་ཡི་ཕོད། །གསུངས་ཏེ་གཡུ་སྒྲའི་ལྟག་ཁུང་ནས་བཟུང་ནས་ཆབ་ལ་ཁ་རྔོགས་པས། གཡུ་སྒྲ་ན་རེ། མིན་ལགས། ཀུ་རེ་བྱས་པ་ལགས་གསུངས་ཏེ། ཡང་དར་དཀར་ལ་བྲིས་པའི་དཔེ་ཆའི་སྒྲོ་བའི་ཞབས་ཕུག་སྟེ་ཀུན་བྱེད་རྐུས་ནས། ད་ང་ལ་ཡང་རྒྱུད་སྡེ་དེ་ཡོད་བྱས་པས། ཡང་བཱཻ་རོ་ཙ་ནས་མགུར་བཞེངས་པ། རྒྱལ་བའི་དགོངས་པ་བརྟགས་དཀའ་འདི། །དྲང་དོན་མ་ཡིན་ངེས་དོན་ཡིན། །རྡོ་རྗེ་སེམས་དཔའ་ཐུགས་ལ་མ་ཤར་ན། །ཡིག་ནག་ཀློག་པས་བྱང་ཆུབ་ལམ་མི་རྙེད། །དེར་གཡུ་སྒྲ་སྙིང་པོ་ངོ་ནག་ཏིང་ངེ་སོང་ནས། མིག་ནས་མཆི་མ་གཤའ་ཟེར་བྱུང་ནས། ཨེ་མ། མཁས་པའི་རབ་མཆོག་མན་ངག་གི་སྡོང་པོ། ཁོའི་སྙིང་ལྟ་བུ་དང་འཕྲད་ནས། ཐེག་པའི་ཡང་རྩེ། ཨ་ཏི་བརྩལ་མེད་གང་ལྟར་ཞུས་ཀྱང་མ་གསུངས་ཏེ། གཡུ་སྒྲ་ངུས་པས། དེར་སློབ་དཔོན་གྱི་འདི་དད་མེད་ཚོད་ལྟ་བྱེད་པ་རུ་མི་འདུག་པ་ཐུགས་ལ་དགོངས་པས། དེ་ནས་གཡུ་སྒྲ་ལ་རྒྱུ་འབྲས་ཀྱི་ཆོས་མང་དུ་བཤད་པས། གཡུ་སྒྲ་ཡིད་མ་ཆེས་པས། ཡང་མཆི་མ་མང་པོ་བཏོན་ནས། རྗེ་མ་ཧཱ་གྷུ་རུ་ཆེན་པོ་ལ། །ཚེ་འདི་ཉིད་ལ་འཁོར་བར་མི་སྡོད་པར་སངས་རྒྱས་པའི་ཆོས་ཤིག་ཞུ་བྱས་ཏེ། བརྐྱང་ཕྱག་ལན་སྟོང་དུ་གཡུ་སྒྲས་བཙལ་བས། མོས་འདོད་དུ་འདུག་པར་གཟིགས་ནས། རྗེ་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། སྩོལ་མེད་བདེ་ཆེན་སངས་རྒྱས་ཐོབ་པར་འདོད་ན། ཁྱོད་ཀྱི་ང་ལ་སྦྱངས་པ་དགུ་དང་། ཕོད་པ་བཅུ་གསུམ་བྱེད་ནུས་སམ་གསུངས་པས། དེ་ཅི་སྟེ་མི་བྱ་གསུངས། རྒྱལ་མོ་གཡུ་སྒྲ་སྙིང་པོ་ན་རེ། མ་ཧཱ་གུ་རུ་ཆེན་པོ་ལགས། ཅི་ལྟར་གསུངས་པ་བཞིན་དུ་ཉན་པར་བགྱིས། །ཞལ་ནས་བདུད་རྩིའི་ཐིག་པ་གནང་བར་ཞུ། །བྱས་པས། རྗེ་བཱཻ་རོ་ཙ་ནའི་ཞལ་ནས། ཕྱི་རབས་ཀྱི་རྣལ་འབྱོར་རྒྱུད་དྲུག་འཁོར་བའི་གནས་ལས་ཐར་བར་འདོད་པས་སྦྱངས་པ་དགུ་པོ་འདི་ལྟར་གྱིས་ཤིག །སྐུའི་སྦྱངས་པ་གསུམ་ལ། བླ་མའི་ཞིང་ཡུལ་བཞུགས་གནས་ལ་སོ་ནམ་ལས་ཁུར་ལུས་སེམས་ཁོལ་དུ་བགྱིས། དེས་སྐལ་བར་བསགས་པའི་སྡིག་པ་དག །བླ་མ་སྨོད་ཅིང་འཇོམ་པའི་སྐུ་དགྲ་ལ། །ལུས་དང་སྲོག་ལ་མི་འཕོང་བར། །དགྲ་བཅོམ་དམག་དང་བསད་བཅད་ཀྱིས། །དེས་བསྐལ་པར་བསགས་པའི་སྒྲིབ་པར་བྱང་། །བླ་མའི་ཞབས་ཏོག་ཏུ་གྱུར་ན། །རང་གི་ཤ་རུས་ལྤགས་པས་ཡང་བརྙེས་པར་བྱ། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །གསུང་གི་སྦྱངས་པ་གསུམ་ནི། བླ་མའི་སྐུ་དགྲར་གྱུར་པ་ལ། །སྲོག་དང་སེར་བ་ལ་སོགས་པའི། །དྲག་སྔགས་བཟླས་བརྗོད་སྣ་ཚོགས་བྱེད། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །བླ་མའི་སྐུ་དགྲར་གྱུར་པ་ལ། །བརྫུན་དང་བརླང་ཚིག་ཞེ་གཅོད་སྨྲ། །དྲག་པོའི་ཤག་ཆེན་སྣ་ཚོགས་གདབ། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །རུ་ཡི་སྐྱོན་རྣམས་མི་བརྗོད་པར། །ཡོན་ཏན་སྣ་ཚོགས་བརྗོད་པར་བྱ། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །ཐུགས་ཀྱི་སྦྱངས་པ་གསུམ་ལ། རྟག་ཏུ་འགྲོ་དང་འཆགས་དང་ཉལ་ཡང་རུང་། །བླ་མ་སྤྱི་བོའི་གཙུག་ཏུ་ཁུར། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །རྟག་ཏུ་རྟོག་ཚོགས་ཡི་དམ་ལྷ་བསྒོམ་ཡང་། །སྤྱི་བོའི་གཙུག་ཏུ་བླ་མ་བསྒོམ། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །རྟག་ཏུ་མི་བརྗེད་གདུང་སེམས་གྱིས། །བླ་མ་ཁོང་གི་སྙིང་བཞིན་ཁུར། །བླ་མའི་དོན་དུ་འགྱུར་བ་ན། །བུ་དང་ཆུང་མ་ནོར་དང་འཁོར། །རྒྱལ་སྲིད་དང་ནི་ནོར་གྱིས་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་ཕུལ། །བླ་མའི་ཐུགས་ལ་གང་འཐད་འབུལ། །དེས་བསྐལ་པར་བསགས་པའི་སྒྲིབ་པ་བྱང་། །མི་ཕོད་པ་གསུམ་པ་ནི། མདོ་ཟླས་སྔགས་ཚིག་ཇི་སྙེད་པས། །བླ་མའི་སྐུ་དགྲར་གྱུར་པ་ལ། །ཞེ་བཅད་བརླངས་པོའི་ཚིག་གཅིག་དགའ། །བརྒྱ་ཕྲག་དུ་མའི་ཆར་ཡང་མི་ཕོད་དོ། །སྟོང་གསུམ་འཇིག་རྟེན་ཐ་དག་ཏུ། །རིན་ཆེན་གསེར་གཡུ་ལ་སོགས་པ། །རྒྱལ་བའི་སྐུ་གསུམ་སྣ་ཚོགས་བྱས། །དེ་ལ་ཇི་སྙེད་བསྐོར་དང་ཕྱག་འཚལ་བས། །བླ་མ་བརྙེས་པའི་འགྲོ་དོན་ཐེག་འཕྲིན་སྐད་ཅིག་དགའ། །བརྒྱ་ཕྲག་དུ་མའི་ཆར་ཡང་མི་ཕོད་དེ། །ཕྱོགས་བཅུའི་འཇིག་རྟེན་ཐ་དག་གི། །ཉན་ཐོས་རང་རྒྱལ་དགེ་ཚོགས་བཅས། །བྱང་ཆུབ་སེམས་དཔའ་ཐ་དག་ལ། །ཇི་སྙེད་མཉེས་པ་བྱས་པ་བས། །བླ་མ་དར་ཙམ་མཉེས་པས་དགའ། །བརྒྱ་ཕྲག་དུ་མའི་ཆར་ཡང་མི་ཕོད་དོ། །ཅིའི་ཕྱིར་ཞེ་ན། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་མཉེས་པར་ཤེས་པར་བྱེད། །དཔེར་ན། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །རྗེ་བཙུན་བླ་མ་རྣམས་ལ་སྐྱབས་སུ་མཆི། །དེ་ལྟར་སྦྱངས་པ་དགུ་སྦྱངས་ཤིག །རྩོལ་མེད་རྫོགས་པ་ཆེན་པོའི་བཀའ་ལུང་མན་ངག་རྙེད་པར་འགྱུར། ཅེས་རྗེ་བཱཻ་རོ་ཙ་ནས་གསུངས་པས། ཡང་རྒྱལ་བུ་གཡུ་སྒྲ་སྙིང་པོས། བརྐྱང་ཕྱག་ལན་སྟོང་དུ་འཚལ་ནས་འདི་ཞུས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱོད། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱེད། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བླ་མ་བཤེས་གཉེན་དམ་ལ་ཁྱེད། །བདག་ཅག་རྣམས་ཀྱི་མགོན་ལགས་སོ། །བླ་མ་བཤེས་གཉེན་དམ་པ་ཁྱེད། །མུན་པ་སེལ་བའི་སྒྲོན་མ་ལགས། །བླ་མ་བཤེས་གཉེན་དག་པ་ལགས། །འཁོར་བའི་དོང་ནས་འདྲེན་མཛད་པའི། །ཐུགས་རྗེ་ཆེན་པོའི་སྤྱང་ཐག་ལགས། །བླ་མས་ཅི་ལྟར་གསུང་བ་ལྟར་དུ་བགྱི་ལགས་ན། །བླ་མའི་ཐུགས་རྗེས་འཁོར་བའི་འདམ་ནས་དྲོང་དུ་གསོལ། །ཅེས་བླ་མ་ལ་གསོལ་བ་བཏབ་པས་ཡབ་རྗེ་བཱཻ་རོ་ཙ་ནས་འདི་སྐད་གསུངས། ང་ལ་ཉོན་དང་གཡུ་སྒྲ་སྙིང་པོ་ཁྱོད། །འགྲོ་དྲུག་འཁོར་བའི་རྒྱ་མཚོ་ཞེ་རེ་འཇིགས། །ངན་སོང་གསུམ་གྱི་སྡུག་བསྔལ་ཞེ་རེ་འཚེར། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཤ་རེ་གཡའ། །བསྐལ་པ་གྲངས་མེད་ཚེ་ཚད་སྐྱི་ཤ་བུན། །དེ་ལ་ཐར་བར་འདོད་པའི་གཡུ་སྒྲ་ཁྱོད། །ཕོད་པ་བཅུ་གསུམ་ཕོད་མི་ཕོད། །ཕོད་པ་བཅུ་གསུམ་མི་ཕོད་ན། །འཁོར་བའི་རྒྱ་མཚོ་ལས་ཐར་བར་དཀའ་སྟེ་མཆིས། །གསུངས་པས། རྒྱལ་བུ་གཡུ་སྒྲ་སྙིང་པོས་འདི་སྐད་ཞུས་སོ། །སྐལ་མེད་ངན་སོང་སྡུག་བསྔལ་ལས། །མི་ཚེ་གཅིག་པོ་འདི་ལ་ཅིས་ཀྱང་ཕོད་ལགས་ན། །བླ་མས་ཅིས་གསུངས་ངེས་པར་ཉན། །ཅེས་ཞུས་པ་ལས། ཡང་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས་སོ། །འོ་ན་ང་ལ་ཉོན་ཅིག་གཡུ་སྒྲ་སྙིང་པོ་ཁྱོད། །དད་དང་མོས་གུས་ཡོན་གྱི་མན་ངག་ཨ་ཏི་མི་ཞུ་བར། །གཡོ་དང་ཐབས་ཀྱིས་འགོ་བྲུས་བྱས་པས་བྱང་ཆུབ་གདིང་ཆེན་ཅི་ལ་ཐོབ། །སྔ་མ་འདྲ་ན་ང་ཡི་སྣོད་མེད་ཁྱོད་ལ་མན་ངག་སྦྱིན་དུ་དུས་གསུམ་བཀའ་རྒྱ་ཡོད། །ལྷ་སྲིན་སྡེ་བརྒྱད་ཆད་པ་འོང་། །ཕོད་པ་བཅུ་གསུམ་ཕོད་པ་ན། །གསེར་ཕྱེ་བྲེ་དོ་ཁྱེར་ལ་ལྷོ་ནུབ་ཨུ་རྒྱན་ཡུལ་དུ་སོང་། །ཀུན་བཟང་གདུང་ཚབས་རྒྱལ་བ་ཉིད་དང་མཉམ། །དགའ་རབ་རྡོ་རྗེ་ཉིད་ལ་གསེར་ཕྱེ་བྲེ་དོ་ཕུལ། །དགའ་རབ་རྡོ་རྗེའི་བརྣག་པ་ངའི་ཁྱོད་ལ་སྦྱིན། །རྒྱ་གར་མཁས་པ་ཉི་ཤུ་རྩ་གསུམ་ལ། །གསེར་ཕྱེ་བྲེ་གང་ཕུལ་ལ་བརྒྱ་ཕྱག་སྟོང་སྟོང་འཚོལ། །རྒྱ་གར་མཁས་པའི་འདྲ་འབགས་ཆེན་པོ་ང་ཡིས་ཁྱོད་ལ་སྦྱིན། །རྡོ་རྗེ་གདན་གྱི་ཁྲོམ་སེང་ལ། །གསེར་ཕྱེ་བྲེ་ཕྱེད་ཕུལ་ལ་བརྐྱང་ཕྱག་སྟོང་སྟོང་འཚོལ། །རྒྱུད་སྡེ་དྲུག་ཅུ་རྩ་བཞི་ཁྱོད་ལ་སྦྱིན། །དེང་སོང་བོད་ཡུལ་དབུས་ཀྱིས་བསམ་ཡས་ན། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །རྒྱ་གར་མཁས་པ་བི་མ་མི་ཏྲ་སྤྱན་དྲངས་ནས། །ཆོས་གྲྭའི་སློབ་དཔོན་དེ་ཡིས་མཛད། །མཁས་པ་མང་པོ་གྲྭ་ནི་བཙུགས། །བསྐུར་པ་ཆེན་པོ་བཱཻ་རོ་ཙ་ནས་ང་ལ་འདེབས། །ཐེག་དམན་ཨ་ནུ་མན་ཆད་བརྒྱད་ཀྱི་འཁོར་ལོ་བསྐོར། །གཡུ་སྒྲ་སྙིང་པོ་དེར་སོང་ལ། །རྒྱལ་བའི་དགོངས་པ་དག་བསྡུར་གྱིས། །མཁས་པའི་སྒྲ་བསྒྱུར་དེ་རུ་བསྒྱུར། །དྲེགས་པ་སུན་འབྱུང་དེ་རུ་དབྱུང་། །མཐུ་དང་རྫུ་འཕྲུལ་དེ་རུ་སྟོན། །བཱཻ་རོ་ཙ་ན་ང་ལ་ངན་པ་སྒྲོགས་པ་ཡོད། །གཡུ་སྒྲ་སྙིང་པོ་དེ་རུ་སོང་། །ཕྱི་ནང་གསང་གསུམ་དབང་མན་ངག །གཏིང་རྫོགས་འདྲ་འབགས་ང་ཡིས་སྦྱིན། །བུ་དང་ཆུང་མ་ཁབས་སུ་ཞོག །ལོ་དགུ་ང་ཡིས་གཡོག་པོ་གྱིས། །དབུ་སྐྲ་གསེར་གཡུའི་ལྕང་ལོ་རྩད་ནས་ཆོད། །གསེར་གཡུ་སོར་གདུབ་རྒྱན་ཆ་ཕོག །ཆུ་རྩས་བཙོས་པའི་ཐེར་མ་གོན། །ལོ་ཐུག་ཕྱེ་ཐུག་ཆན་ཐུག་འཐུང་། །རྟག་ཏུ་ཁེ་གྲགས་ང་རྒྱལ་ཤོལ། །རྒྱལ་སྲིད་ཡུལ་མཁར་ལྟག་ཏུ་བོར། །དེ་ཚོ་ཕོད་ན་མན་ངག་བདེ་ཆེན་རྩོལ་མེད་ང་ཡིས་ཁྱོད་ལ་སྦྱིན། །ད་ལྟ་བླ་མ་མཉེས་པར་མ་བྱས་ཤིག །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བསྒྲུབ་པ་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །བླ་མ་མཉེས་པར་མ་བྱས་པས། །མན་ངག་དང་དུ་ལེན་པ་ནི། །ཁ་བྲག་ལམ་དུ་ཞུགས་པ་འདྲ། །ཅེས་རྗེ་བཱཻ་རོ་ཙ་ནས་གསུངས། དེར་གཡུ་སྒྲ་སྙིང་པོས་སློབ་དཔོན་ལ་མེས་མི་ཚིག་པ་དང་། ཆུས་མི་ཁྱེར་བ་དང་། གཅན་གཟན་གྱིས་མི་འཇིགས་པ་དང་། རྐང་མགྱོགས་དང་། རྫུ་འཕྲུལ་མང་པོ་བསླབ་ནས་ཆིབས་རྟ་སེར་པོ་སེང་གེའི་གཤོགས་ཅན་ལ་གསེར་ཕྱེ་བྲེ་དོ་རིན་པོ་ཆེ་མང་པོ་བཀལ་ནས་ལམ་དུ་ཞུགས་ཏེ། ཨུ་རྒྱན་དང་རྒྱ་གར་ཡུལ་དུ་གཤེགས་པར་ཆས་པ་ལས། གཡུ་སྒྲའི་ཡབ་རྒྱལ་པོ་རིན་པོ་ཆེ་དང་། ཡུམ་རྒྱལ་མོ་གླུ་དང་། རྒྱལ་མོ་དཔལ་བཞེར་དང་། ཡབ་ཡུམ་རྗེ་བློན་དང་བཅས་པས་སློབ་དཔོན་ལ་ནོངས་སོར་ཤོར་བ་ལ་འགྱོད་བཤགས་སུ་ཕུལ་ནས། གཡུ་སྒྲ་སྙིང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཡུ་སྒྲ་སྙིང་པོ་བྱ་བའི་ཁེ་དྲག་ང་རྒྱལ་ཅན། །འཁོར་བའི་རྒྱ་མཚོ་བསྐོམ་པའི་ཁྲི་གདུགས་ཉི་མ་ནི། །བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་བྱོན་པ་ལ། །མོས་ཤིང་གུས་པའི་སེམས་ཀྱི་ཞབས་ནས་སྤྱི་བོས་མི་འདེགས་ཤིང་། །ཀུ་རེ་ཐུག་ཐུབ་བྱས་པ་གཡུ་སྒྲ་ཁྱོད་ཀྱི་ནོངས ། །ནང་འགལ་མཆིས་ལ་བླ་མ་ཉིད་ལ་བཟོད་པར་གསོལ། །དགའ་རབ་རྡོ་རྗེ་སངས་རྒྱས་ཀུན་གྱི་རྗེ། །བཙལ་བས་རྙེད་པར་མི་འགྱུར་གྱི། །བླ་མ་སངས་རྒྱས་ཉིད་ལ་བཟོད་པར་ཕུལ། །དེ་དང་མཉམ་པའི་འཇམ་དཔལ་བཤེས་གཉེན་སོགས། །མཁས་པ་ཉི་ཤུ་རྩ་གསུམ་ལ། །བཤགས་པ་ཕུལ་ནས་བསྐལ་པའི་སྒྲིབ་པ་བྱང་ལགས་ཏེ། །བཙལ་བས་མི་རྙེད་བླ་མ་ཉིད་ལ་བཟོད་པར་གསོལ། །ཤྲི་སིང་ཧ་དུས་གསུམ་སངས་རྒྱས་ཀུན་གྱིས་རྗེ། །དེ་ལ་བཟོད་པར་གསོལ་ན་མུན་ནག་སྦྱང་བར་ལྟར་ཅི་སྨོན། །དེ་བས་བླ་མ་ཉིད་ལ་བཟོད་པར་གསོལ། །གཡུ་སྒྲ་ཁྱོད་ལ་བཤོལ་ཡང་འདེབས། །བླ་མ་ཉིད་ལ་བཟོད་པར་གསོལ། །གཡུ་སྒྲ་འཁྱམས་ཤིང་གང་དུ་ཕྱིན་ན་ཡང་། །རྩོལ་མེད་སངས་རྒྱས་མི་རྙེད་ཚེ་ཟེད་བརྒྱག་ཆད་འོང་། །ཅེས་སྨྲས་པས། གཡུ་སྒྲ་སྙིང་པོའི་ཞལ་ནས། བླ་མའི་བཀའ་བཅག་ཏུ་མི་རུང་། རྒྱ་གར་དུ་འགྲོ་དགོས་ཟེར་ནས་མ་ཉན་ནོ། །དེ་ནས་བཱཻ་རོ་ཙ་ན་གཡུ་སྒྲའི་གན་དུ་ཕྱིན་ནས་འདི་སྐད་གསུངས། བདག་འདྲ་བཱཻ་རོ་ཙ་ན་ཡིས། །འདི་ནས་རྒྱ་གར་ཡུལ་གྱི་ལམ་བར་ལ། །དེའུ་ཤི་དེའུ་ཆད་ལྔ་བཅུ་རྩ་བདུན་བྱས། །བཀའ་བ་བཅུ་དྲུག་སྤྱད་པའི་མན་ངག་ལ། །མོས་ཤིང་གདུང་བས་མི་ཞུ་བར། །མན་ངག་ཐོབ་ཏུ་རེ་བ་སྙིང་རེ་རྗེ། །ད་ཡང་གཡུ་སྒྲ་སྙིང་པོ་ཁྱོད། །རྒྱ་གར་ཡུལ་དུ་མ་འགྲོ་བར། །ཅི་ལྟར་ཕོད་པའི་བཤགས་པ་ཁྱོད་ཀྱི་ང་ལ་གྱིས། །གསུངས་པས། དེ་ནས་གཡུ་སྒྲ་སྙིང་པོ་རྒྱ་གར་དུ་གཤེགས་པ་བཤོལ་ནས། ཡབ་རྒྱལ་པོ་རིན་པོ་ཆེ་དང་། ཡུམ་རྒྱལ་མོ་གླུ་དང་། རྒྱལ་མོ་དཔལ་བཞེར་དང་། ཡབ་ཡུམ་བློན་འབངས་འཁོར་དང་བཅས་པས། རྗེ་བཱཻ་རོ་ཙ་ན་ལ་བེར་གྱི་གདན་འཕར་བ་དགུ་རྩེགས་ནི་བཏིང་། ན་བཟའ་བེར་ཆེན་དགུ་རྩེགས་ནི་སྐུ་ལ་གསོལ། སྟེང་ནས་རྨ་བྱ་སྦབ་ཟེར་གསུམ་གྱི་གདུགས་ཕུབ། དར་ཟབ་ཀྱི་བླ་རེ་སྤྲིན་ལྟར་དུ་གཏིབ། གསེར་གྱི་རྟ་ལ་གཡུ་ཡི་སྒ་སྲབ་ཅན་དང་། གཡུ་ཡི་རྟ་ལ་གསེར་གྱི་སྒ་སྲབ་ཅན་དང་། གླང་པོ་ཆེ་དང་། མ་ཧེ་དང་། རྔ་མང་ལ་ནོར་སྣ་ཚོགས་ཀྱི་ཁལ་བཀལ་བ་དང་། གསེར་གྱི་དང་ཙེ་གཡུའི་བཀང་བ་དང་། གཡུའི་དང་རྩེ་གསེར་གྱི་བཀང་བ་དང་། གཟི་མཆོང་གི་གའུ་མུ་ཏིག་གིས་བཀང་བ་དང་། བཅུད་དང་ལྡན་པའི་བཟའ་སྐྱེམས་མང་པོ་དྲངས། བླ་མའི་ཐུགས་ནོང་པ་ལ། གསེར་གྱི་རྡོ་རྗེ་གཡུའི་འཕྲས་བརྒྱན་པ། རྩེ་གྲུ་གང་ཕྱག་ཏུ་ཕུལ། སྐུ་ཆབ་ཏུ་གཤེགས་པ་ལ་རྒྱལ་པོའི་བླ་གཡུ་འོད་ཅན་མགུལ་དུ་བཏགས། གསུངས་ནང་པ་ལ། དུང་དང་། དྲིལ་བུ། ཆ་ལང་དང་། སྒྲ་སྙན་སྣ་ཚོགས་ཕྱག་ཏུ་ཕུལ། གསེར་གྱི་མཎྜལ་ལ་གཡུའི་མེ་ཏོག་དང་། གླིང་བཞི་ཉི་ཟླ་གཟའ་སྐར་དང་བཅས་པ་བཀོད་ནས་རྗེ་བཱཻ་རོ་ཙ་ན་ལ་ཕུལ་ལོ། །གཡུ་སྒྲ་སྙིང་པོས་འདི་སྐད་གསུངས་ཏེ། རྗེ་ཡི་རྗེ་ནི་ས་བདག་རྒྱལ་པོ་ལགས། །ས་བདག་རྒྱལ་པོ་རིན་པོ་ཆེ། །ལྷ་རྒྱལ་རིན་པོ་ཆེའི་རྗེ་ནི་བཱཻ་རོ་ཙ་ན་ལགས། །དཀོན་མཆོག་བླ་མེད་ཡོན་ཏན་རིན་པོ་ཆེ། །དད་མོས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ། །བཱཻ་རོ་ཙ་ནའི་སྐུ་ལ་བཟོད་པར་གསོལ། །ཅེས་གཡུ་སྒྲ་སྙིང་པོས་གསུངས་ཏེ། བརྐྱང་ཕྱག་ལན་སྟོང་དུ་མཛད་དོ། །དེ་ནས་བཱཻ་རོ་ཙ་ནས་འདི་སྐད་གསུངས་ཏེ། སྔ་མ་ནོངས་པ་ཤོར་བ་སེམས་ཅན་འཁྲུལ་པའི་བློ། །ཕྱིས་ནས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་དང་། འགྱོད་བཤགས་ཕུལ་བ་བདག་ཀྱང་གློ་བ་དགའ། །ཅེས་གསུངས་ཏེ། གཡུ་སྒྲ་སྙིང་པོའི་སྤྱི་གཙུག་ཏུ་བཱཻ་རོ་ཙ་ནས་ཞབས་དབང་བསྐུར་རོ། །དེ་ནས་གཡུ་སྒྲ་སྙིང་པོས་དབུ་སྐྲ་གཡུའི་ལྕོང་ལོ་བྲེག །འགུལ་བརྒྱན་དང་། རྣ་བརྒྱན་དང་། ཕྱག་སོར་གྱི་བརྒྱན་རྣམས་ཕུད། སྐུ་རབ་ཏུ་བྱུང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། བུ་དང་། ཆུང་མ་དང་། འཁོར་དང་གཡོག་ཐམས་ཅད་བླ་མ་ལ་ཕུལ་ནས། དེ་ནས་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་རོ། །རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་མན་ངག་འཕྲུལ་གྱི་ལུང་དགུ་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས་སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བརྟན་པའི་དབང་བསྐུར་ནས། སྤྱོད་ལམ་ལྷུག་པའི་མན་ངག་བྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། ཡེ་ཤེས་ངོས་བཟུང་གི་མན་ངག་བྱིན། ལྷུན་གྲུབ་གཉིས་ཀྱི་དབང་བསྐུར་ནས། སྐུ་གསུམ་ཐུག་འཕྲད་མན་ངག་བྱིན། གཉིས་མེད་འབྲེལ་བའི་དབང་བསྐུར་ནས། ཕྱག་རྒྱ་ཆེན་པོའི་མན་ངག་སྦྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། རྒྱལ་ཚབས་བསྐོར་བའི་མན་ངག་བྱིན། དབང་དང་འབྲེལ་བའི་མན་ངག་བདུན་བྱིན། རྒྱུད་སྡེ་དྲུག་ཅུ་ཐམ་པ་གསུངས། མན་ངག་ཐམས་ཅད་རྩད་ནས་གཅོད་པར་གཡུ་སྒྲ་ལ་གནང་ངོ་། །གཡུ་སྒྲས་ཀྱང་ཕྱིར་མི་ལྡོག་པའི་དོན་རྙེད་དེ། འདྲ་འབགས་ཆེན་མོ་ལས། རྒྱལ་མོ་གཡུ་སྒྲ་སྙིང་པོས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱས་པའི་སྐབས་ཏེ་བཅོ་བརྒྱད་པའོ།། ༈ །།དེ་ནས་རྗེ་བཱཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་མན་ངག་མཚོར་རྫིར་གཏད་པའི་འདི་སྐད་གསུངས་སོ། །གཡུ་སྒྲ་སྙིང་པོ་འདུས་པའི་སེམས། །བདག་གི་སྨྲས་པའི་སེམས་འདི་ལས། །དུས་གསུམ་དུས་མེད་རྟོགས་པར་ཞོག །བདག་གི་དཀའ་ལས་ཅི་ཙམ་པ། །སྔ་གོང་སེམས་བརླན་པ་བས། །མན་ངག་འདི་ཡི་ཆོས་ལ། །རྒྱ་གར་ཡུལ་དུ་ཕྱིན་པའི་ཚེ། །དེའུ་ཤི་དེའུ་ཆད་ལྔ་བཅུ་རྩ་བདུན་བྱས། །གཡུ་སྒྲ་སྙིང་པོ་རིན་ཆེན་གཏེར། །དད་མོས་གཉིས་སུ་ལྡན་པའི་སློབ་མ་ཁྱོད། །མན་ངག་འདི་ལ་བཅའ་ལུགས་རྣམ་པ་གསུམ་ཡིན་ཏེ། །མན་ངག་རིན་ཆེན་དམ་པ་འདི། །ཐམས་ཅད་མཐོང་ཞིང་གསལ་བྱེད་པ། །མིག་གི་འབྲས་བུ་ལྟ་བུར་བཙའ། །ཐེག་པ་ཀུན་གྱི་སྙིང་པོ་ལུང་ཡིན་པ། །སྲོག་རྩ་སྙིང་གི་ཚུལ་དུ་བཙའ། །ཆོས་ཉིད་ནམ་མཁའི་སྙིང་ཡིན་པས། །ཡན་ལག་བཞི་ཡི་གཙུག་ཏུ་ཁུར། །ཡང་། སྦྱིན་ལུགས་རྣམ་པ་བཞི་ཡོད་དེ། །ཡུན་དུ་སྙིང་བཞིན་བྱེད་པའི་དད་ལྡན་མཛད་རིང་དང་། །བླ་མའི་བཀའ་ལ་ཟུར་ཙམ་རྡུལ་ཙམ་ཡང་། །སྐད་གཅིག་ཙམ་ཡང་མི་གཅོག་ན། །དེས་འབྲེལ་ཏི་ཀ་ས་གཅོད་དང་། །མན་ངག་དབང་དང་ངོ་སྤྲོད་སྦྲེལ་ལ་བྱིན། །ཁོང་ཁྲོ་མཚུར་ངས་དད་མེད་ལ། །ཚིག་འགའ་བྲིད་ལ་སྐྲད་ལ་བཏང་། །དད་པ་ཆུང་ལ་བཤད་པ་རིང་། །དཔེ་དང་འབྲེལ་པ་འདོད་པ་ལ། །རྒྱུད་དང་བསྟན་བཅོས་ཡུག་པ་ཀྱང་མ་གཏད། །དད་པ་ཆུང་ཡང་སྤུ་བཟང་སྙིང་ཉེ་དང་། །བསྒོ་བ་ཉན་ཅིང་དྲུང་དུ་འཁོར། །དེ་ལ་བློ་དང་སྦྱར་ལ་བཤད། །སྤུས་བཟང་སློབ་མ་ཡུན་རིང་སྣོད་ལྡན་ལ། །དད་པ་ཆུང་ཡང་ནན་གྱིས་སྦྱིན། །ཕར་ལ་བསྐུལ་ཅིག་སྦྱིན་པར་བྱ། །དད་པ་གདུང་སྟེ་དྲུང་དུ་འཁོར། །ཤེས་རབ་རྨོངས་པས་མ་གོ་ན། །ཡིག་སྣར་བྱས་ལ་སྦྱིན་པར་བྱ། །འོང་ལོང་མེད་པར་བྲི་བར་རིང་། །བྲི་ལོང་མེད་པར་གདམས་ངག་འདོད། །འཇོམ་པོས་བྲིད་ལ་བསྐྲད་ལ་བཏང་། །སྤུས་ངན་ཚོངས་པ་ཆོས་རྗེས་བྱེད། །འབུལ་བའི་སྦྱིན་པ་ལ་འུར་ཚོལ། །བརྟགས་ནས་དྷརྨཱ་འདོད་པ་ལ། །རྒྱལ་ཁམས་ཕྱ་ཡང་འཁོན་པར་བྱ། །ཡང་། སྤྱད་ལུགས་བཞི་ཡོད་དེ། །བསྒྲུབ་པ་ལུང་གི་སྤྱད་ལུགས་ནི། །ཕུར་པ་མ་བུ་བསྒྲུབ་པ་ཡང་། །གང་ཞིག་རྣག་པ་བྱེད་འདོད་ན། །ལས་སུ་བྱ་བ་རྒྱུན་དུ་བསྲིང་། །བལ་གྱི་ལྕག་རྡོ་ཅི་བཞིན་དུ། །དེ་ཡི་དགྲ་བགེགས་བརླག་པར་འགྱུར། །དྲག་སྔགས་གསང་སྔགས་གསང་ཐིག་རྣམས། །མིས་མ་ཚོར་བར་སྤྱོད་པར་བྱ། །སྤྱོད་མཐོང་ཙམ་གྱི་ཉམས་པར་འགྱུར། །ཚེ་དང་བདུད་རྩིའི་བསྒྲུབ་པ་རྣམས། །དགེ་སློང་དམ་ཉམས་བུད་མེད་དག་ལ་མི་བསྟན་པར། །གཞུང་བཞིན་བསྒྲུབ་ན་དྲོད་རྟགས་འབྱུང་། །ཡང་དག་བསྒྲུབ་ཀྱང་དེ་ལྟར་སྤྱོད། །སློབ་དཔོན་རང་གི་ཆོས་ལུགས་དང་། །རྒྱ་གར་མཁས་པའི་མན་ངག་ཡང་། །སོ་སོར་རང་རང་གཞུང་བཙན་པས། །བསླད་ཅིང་དཀྲུག་པར་མི་བྱེད་ཅིག །གཡུ་སྒྲ་སྙིང་པོ་ཁྱོད་ལ་ནི། །འཁྱམ་པོ་བཱཻ་རོ་བདག་གིས་མན་ངག་བསྟན། །སྣོད་མེད་རྣམས་ལ་མ་བསྟན་ཏེ། །ཅེས་གསུངས་ནས་གཏད་རྒྱར་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་ཚ་བ་རོང་དུ་བསྟན་པ་བསྒྲགས་པའི་སྐབས་ཏེ་བཅུ་དགུ་པའོ།། ༈ །།དེ་ནས་བཱཻ་རོ་ཙ་ན་ཚ་བའི་རོང་དུ་སྤྱུགས་ནས་ལོ་སྐོར་གཅིག་ལོན་ཙ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་བི་མ་མི་ཏྲ་བོད་ཡུལ་དབུས་ཀྱི་བསམ་ཡས་སུ་བྱོན་ནས། ཆོས་གསུངས་ཞིང་བཞུགས་པ་ལ། བོད་དུ་བྱོན་པ་ལ་ལུགས་གཉིས་ཡོད་པ་ལ། ལུགས་གཅིག་ནི་སྤྱུགས་ནས་བི་མ་ལ་མི་ཏྲ་བོད་དུ་བྱོན་པ་དང་། ལུགས་གཅིག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས་བོད་དུ་བྱོན་པའི་ལུགས་གཉིས་བདོག་པ་ལ། དང་པོ་ནི་སྤྱུགས་ནས་བི་མ་ལ་བོད་དུ་བྱོན་པའི་ལུགས་འབྱུང་སྟེ། དེ་ཡང་རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་གཅིག་ཕྱིའི་རྒྱ་མཚོ་ལ་སྐུ་སྐྱོ་བ་འཆགས་སུ་གཤེགས་པའི་སྐུའི་བར་ཆད་བསྲུངས་བའི་སྔགས་མཁན་དུ་སློབ་དཔོན་བི་མ་ལ་མི་ཏྲ་ཁྲིད་ནས། རྫིང་བཅས་ཏེ་མཚོ་ལ་བཏང་སྟེ་མཐུན་པའི་རླུང་དང་སྦྱར་ཏེ་བྱོན་ཙམ་ན། རྒྱ་མཚོའི་སུམ་ཆ་ཙམ་དུ་ཕྱིན་ཙམ་ན། རྒྱ་མཚོའི་ནང་ནས་ཆུ་སྲིན་ཆེན་པོ་ཞིག་བྱུང་ནས་ཆུ་སྲིན་ལ་སློབ་དཔོན་བི་མ་ལ་མི་ཏྲས་གདངས་མིག་ཏུ་སྤྱན་གཟིགས་པས། ཆུ་སྲིན་གྱི་བི་མ་ལ་མི་ཏྲས་སྤྱན་འབྲུ་ཚུགས་སུ་གཟིགས་པས་གཟི་བརྗིད་མ་བཟོད་ཆུ་སྲིན་དངས་ཤིང་བྲེད་པས། རྫིང་ནམ་མཁའ་ལ་གླིང་གླིང་བྱུང་བས། རྒྱལ་པོ་བྲེད་ནས། སློབ་དཔོན་བི་མ་ལ་མི་ཏྲ་ལ། རྒྱལ་པོས་ན་རེ། བནྡེ་རེམ། བནྡེ་རེམ་ཅིག་གསུངས་པས། སློབ་དཔོན་བི་མ་ལ་མི་ཏྲས་མཉམ་བཞགས་ལ་བཞུགས་པས། ཆུ་སྲིན་ཡང་ལྷན་གྱི་སོང་ངོ་། །ཆུ་སྲིན་ལྷན་གྱི་སོང་ནས་རྒྱ་མཚོ་ཡང་ལྷན་གྱིས་སོང་། རྒྱལ་པོ་བྲེད་དེ་བི་མ་ལ་མི་ཏྲ་ལ་སློབ་དཔོན་ཕྱིར་ལ་ལོག་འདོང་གསུངས་པས། བི་མ་ལའི་ཞལ་ནས། རྒྱལ་པོ་སྐུ་འཆགས་སུ་གཤེགས་གསུངས་པ་ལ། རྒྱལ་པོའི་ཞལ་ནས། ཅིས་ཀྱང་ལོག་ལ་གཤེགས་ཟེར་ནས། རྒྱལ་པོ་དང་བི་མ་མི་ཏྲ་ལ་སོགས་པས། བློན་པོ་རྣམས་ན་རེ། རྗེ་ལ་གནོད་པ་ཅི་མངའ། སྐུ་སྐྱོ་བ་མི་འཆགས་པར་ལྡོག་པ་ཅུག་ལགས་པས། རྒྱལ་པོའི་ཞལ་ནས། ང་ལ་མི་སྲིད་པའི་ཆོ་འཕྲུལ་ཆེན་པོ་ཞིག་བྱུང་བས་ལོག་པ་ཡིན། དེ་ཡང་བནྡེ་འདིས་གོ་བཅད། ཕན་བཏགས་དེ་མན་ན་ང་ཤི་གསུངས་པས། བློན་པོ་རྣམས་ན་རེ་བནྡེ་ཁོ་རང་གི་ཆོ་འཕྲུལ་ཡིན་པས་དེ་ནས་གང་ཡང་མིན་པ་ཟེར་ནས། བློན་པོ་རྣམས་ན་རེ། བནྡེ་འདི་བསད་དགོས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་དེ་ཙུག་མིན། ཁོའི་ཕན་བཏགས་གསུངས། བློན་པོ་རྣམས་མ་ལོ་བར་རྒྱལ་པོ་ལ་ཡང་ཡང་ཞུས་པས། རྒྱལ་པོའི་ཞལ་ནས་བནྡེ་འདི་བསད་པས་མི་འོང་བས། བསད་པ་བས་སྤྱུགས་པ་གནང་གསུངས་ཏེ། བསམས་ཡས་སུ་སྤྱུགས་ནས་བྱོན་པ་ཡིན་ནོ། །སྤྱན་དྲངས་ནས་བོད་དུ་བྱོན་པའི་ལུགས་ནི། རྗེ་བཱཻ་རོ་ཙ་ན་ནི་ཚ་བའི་ཡུལ་དུ་སྤྱུགས། ཆོས་གྲྭའི་སློབ་དཔོན་མེད་པར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁོན་ཀླུའི་དབང་པོ་བྱ་བ་མི་གསུམ་གསེར་ཕྱེ་བྲེ་གསུམ་བསྐུར་ནས། ཤོག་འཕྲིན་དུ་རྒྱ་གར་བ་ངའི་ཞང་པོ་ཡིན་པས། རྒྱ་གར་གྱི་རྒྱལ་པོ་ལ་གསེར་ཕྱེ་འདི་ཕུལ་ལ་བླའི་མཆོད་གནས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁྱེན་རྒྱ་གང་ཆེ་བ་ཞིག་བརྫངས་འཚལ་ལོ་ཞེས་སྤྲིངས་པས། རྒྱ་གར་གྱི་རྒྱལ་པོ་ལ་གསེར་ཕྱེ་ཕུལ་ནས་ཤིན་ཏུ་མཉེས་ནས། པཎྜི་ཏ་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱི་ནང་ནས་མཁྱེན་རྒྱ་གང་ཆེ་བ་ཅིག་བོད་ཡུལ་དུ་གཤེགས་འཚལ་ཞུས་པ་ལས། སློབ་དཔོན་བི་མ་ལ་མི་ཏྲ་ལ་པཎྜི་ཏ་རྣམས་ཀྱི་སྤྱན་གཟིགས་པ་ལ། བི་མ་ལ་མི་ཏྲ་ཁོང་བོད་ཡུལ་དུ་གཤེགས་འཚལ་དགོངས་ནས། བི་མ་ལ་མི་ཏྲའི་ཞལ་ནས། གྷུ་ཡ་ཨ་ཀ་ཤ་ཡ་ཞེས་ལན་གསུམ་གསུངས་ནས། བོད་ཡུལ་དུ་བྱོན་པ་རྗེ་བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་གསན་ནས། བཱཻ་རོ་ཙ་ནའི་ཞལ་ནས། གཡུ་སྒྲ་སྙིང་པོ་ལ་ཁྱོད་བོད་ཡུལ་དུ་སོང་ལ་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་ནི་པཎྜི་ཏ་ལྔ་བརྒྱའི་ནང་ནས། མཁས་བཙུན་ཤིན་ཏུ་མན་ངག་གི་ཨ་ཏི་ལ་མཁས་པ་ཆེན་པོ་ཡིན་པས། ངའི་ཆོས་ནི་གསང་སྔགས་སུ་འདུག་གམ། མན་ངག་ཨ་ཏི་རྫོགས་ཆེན་དུ་འདུག་གམ་བི་མ་ལ་དང་གཉིས་དགོངས་པ་སྡུར་ཅིག་གསུངས་ནས་རྒྱལ་མོ་ཚ་བའི་རོང་གི་ཡུལ་དེ་བ་ཧས་བྱ་བར་ཟླ་བ་བརྒྱད་དུ་སེམས་ཕྱོགས་ཀུན་གཟིགས་ནས། ལྕགས་འགྲེལ་ལ་སོགས་པ་འགྲེལ་པ་དགུ་རྩམ་ནས། དེ་ནས་གཡུ་སྒྲ་སྙིང་པོ་ལ་སྒྲ་འགྱུར་གྱི་སྐད་མི་འདྲ་བ་བཅུ་གསུམ་བསླབ་ནས། བི་མ་ལ་དང་གཡུ་སྒྲ་གཉིས་ཆོས་སུ་མཁས་འགྲོན་ཅིག་གསུངས་སོ། །དེ་ནས་གཡུ་སྒྲ་སྙིང་པོས་བོད་ཡུལ་བསམ་ཡས་སུ་བྱོན་པས། སློབ་དཔོན་བི་མ་ལ་དབུ་རྩེའི་ནང་ན་ཉན་ཐོས་ཀྱི་ཆོས་པྲ་ཀ་ར་ཎ་སྡེ་བརྒྱད་བྱ་བ་འཆད་པའི་ཆོས་ཐུན་ལ་བབ་པ་ལ། གཡུ་སྒྲ་སྙིང་པོས་སློབ་དཔོན་བི་མ་ལ་མི་ཏྲ་ལ། རྒྱལ་མོ་ཚ་རོང་བ་མཇལ་དགོས་བྱས་ཏེ། ཤོག་འཕྲིན་བརྫང་པས། བི་མ་ལ་མི་ཏྲས་བག་ཙམ་བཞུགས་ཅིག །ཆོས་ཐུན་ལ་བབ་ནས་ཡོད་ཀྱི་བྱས་པས། གཡུ་སྒྲ་བཞུགས་སུ་མ་བཞེད་ནས་དབུ་རྩེའི་སྒོ་ཕུལ་ནས་ནང་དུ་ཐོལ་གྱི་བྱོན་ནས། མཁས་པ་བི་མ་ལ་མི་ཏྲ་གཡུ་སྒྲས་སྤྱན་ཅེར་གྱི་གཟིགས་ནས། ཀ་ཁ་པ་རི། ཀ་ཁ་པ་རི། ཀ་ཁ་པ་རི་གསུངས་པས། བི་མ་ལ་མི་ཏྲས་དྷ་ཐིཾ་དྷ་ཐིཾ། དྷ་ཐིཾ་གསུངས་ནས་དབུ་སྨད་མཛད་ནས་བཞུགས་པས། གཡུ་སྒྲས་བཙད་པོ་ལ་སྤྱན་ཅེར་གྱི་གཟིགས་ནས། བོད་ཀྱི་མངའ་བདག་རྒྱལ་པོ་བཀའ་འཁོར་རྣམས། །མན་ངག་བདེ་ཆེན་བཙལ་དུ་མེད་པའི་ཆོས། །སྐྱེ་མེད་ལྷུན་རྫོགས་ཚིག་ཅིག་དོན་གྱི་འབྲས་བུ་སངས་རྒྱས་པ། །མན་ངག་སྙིང་པོ་ཚ་བའི་ཡུལ་དུ་སྤྱུགས། །ཨ་ཁ་ར་མི་ཐ་ཐེ་ཛ་ལི། གསུངས་ནས། ལྕེ་ལྕོ་ཤན་ཛ་མན་ཛ་གོ་ཅེས་གསུང་ཞིང་ཕྱིར་ལོག་ཏེ་གཤེགས་སོ། །བཙད་པོ་རྗེ་འབངས་ཀྱི་མཁས་པ་བི་མ་མི་ཏྲ་ལ། མ་ཧཱ་གྷུ་རུ་ལགས། མཐའ་མི་དེ་འདྲ་བ་ཞིག་དབུ་རྩེའི་ནང་དུ་འོང་ནས་དེ་འདྲའི་སྐད་སྨྲ་ནས། འགྲོ་བ་ཅི་ལགས་ཞུས་པས། བི་མ་ལ་མི་ཏྲའི་ཞལ། གཡུ་སྒྲའི་ཀ་ཁ་པ་རི། བྱ་བ་འདི་སྐད་ལགས་ཏེ། ཝ་སྤྲེའུ་དག་གི་སྒྲ་གྲགས་ཀྱང་། །སེང་གེའི་གདངས་སུ་ཅོང་འགྱུར་རམ། །ཕ་རོལ་དག་གི་འགྲོས་བསྒྲོད་ཀྱང་། །ཁམས་གསུམ་ས་གཞིར་འཁོར་བ་ཅང་འགྱུར་རམ། །ཉན་ཐོས་བྱིས་པའི་ཆོས་བཤད་པས། །རྩོལ་མེད་འབྲས་བུ་ཅང་ཐོབ་བྱ་བ་ལགས། །བདག་རང་གི་དྷ་ཐིཾ་བྱ་བ་གསུམ་པོ་དེ། ཆོས་ཐམས་ཅད་མཉམས་པ་ཉིད་ལ་འདྲ་མོད་བྱ་བ་ལགས། །གཡུ་སྒྲ་སྙིང་པོས་ཨ་ཀར་ར་པ་ར་མི་ཐ་ཐཱེད་ཛ་ལི་བྱ་བ་ནི། མ་རིག་ཉོན་མོངས་འཚལ་བའི་རྗེ་བློན་སྙིང་རེ་རྗེ་བྱ་བ་ལགས། ལྕེ་ལྕོ་ཤན་ཙ་མན་ཙ་གོ་བྱ་བ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་བྱ་ལགས་གསུངས་སོ། །དེ་ནས་གཡུ་སྒྲ་སྙིང་པོས་ཉོ་ཆང་མ་ལ་ཆང་གང་ན་ཡོད་དྲིས་ནས། ཉོ་ཆང་ཉོ་ཡིན་བཞུགས་པ་ལ། རྙག་ཛྙཱ་ན་ཀུ་མ་རས་ཉོ་ཆང་མ་ལ་ཆང་ཉོ་རྒྱུ་བསྐྱལ་ནས་ཆང་འདི་སླེབ་ཙམ་ན་ང་ལ་སྐད་ཐང་ཞིག །ང་རང་ཡང་བྱ་ར་བྱེད་ཀྱི་བྱས་པས། ཆང་གིས་སླེབས་ཏེ་ཉོ་ཆང་མས་གཡུ་སྒྲ་སྙིང་པོ་ལ་སྦྲན་ཏེ། རྙག་ཛྙཱ་ནས་ཕྲ་ཡོལ་ཟུང་ཅིག་སྣམ་ཕྲག་ཏུ་བཅུག་ནས། ཆང་མའི་ས་རུ་ཕྱིན་པས། ཆང་མས་ཕྲ་ཡོལ་ཅིག་བཟུང་སྟེ་ཆང་གི་བཀང་ནས་གཡུ་སྒྲ་ལ་གཡས་ནས་དྲངས། རྙག་ཛྙཱ་ནས་འཕྲ་ཡོལ་ཅིག་བཟུང་སྟེ་ཕྱག་གཡོན་པར་ཕུལ། ལུས་ལས་གོས་ཕུད་དེ་གཡུ་སྒྲའི་སྐུ་ལ་གསོལ་ཏེ། མན་ངག་ཆོས་ཤིག་ཞུ་འཚལ་བྱས་པས། གཡུ་སྒྲའི་ཞལ་ནས། ཁྱེད་ལ་སློབ་དཔོན་བི་མ་ལ་མི་ཏྲ་འདུག་པ་དེས་ཆོག་མོད་གསུངས་ནས། རྙག་ཛྙཱ་ནས་པཎྜི་ཏ་གཉིས་ཀ་ལ་ཆོས་ཞུ་བྱས་པས། གཡུ་སྒྲ་སྙིང་པོའི་ཞལ་ནས། ངེད་དང་བི་མ་ལ་མི་ཏྲ་གཉིས་མཐུན་ཡང་། སྣ་ལ་ཕྱག་དཀའ་ལ་ཡང་མི་མཐུན་གསུངས་ཡང་གསུངས་པས། རྙག་ཛྙཱ་ནས་བི་མ་ལ་མི་ཏྲ་ལ། གཡུ་སྒྲས་སྔོན་ལ་ཕྱག་མཛད་དམ་ཞུས་པ་ལས། ང་ལོ་ང་བརྒྱ་ལོན་པ་ཞིག་གིས་རྒྱལ་མོའི་ཕྲུ་གུ་བྱིས་པ་ལ་ཕྱག་ཅང་བྱེད་དམ་གསུངས་པས། བི་མ་ལ་མི་ཏྲས་གཡུ་སྒྲ་ལ་ཕྱག་མཛད་དུ་མ་བཞེད་དོ། །དེར་རྫུ་འཕྲུལ་གང་ཆེ་བ་ཅིག་ལ་ཕྱག་བྱ་བར་ཆད་དེ། རྫུ་འཕྲུལ་འགྲན་པ་ལ། རྒྱལ་མོ་གཡུ་སྒྲ་སྙིང་པོས་གསེར་གྱིས་བྱེའུ་ཆུང་ཞིག་ཏུ་སྤྲུལ་ནས། ལྕང་མའི་ཁར་སྤུར་ཏེ་འཕུར་ནས་སོང་བས། བི་མ་ལ་མི་ཏྲས་ཁྲ་ཧོར་པ་ཅིག་ཏུ་བརྫུས་ནས་ནམ་མཁར་ནས་སོང་བས། གསེར་གྱི་བྱིའུ་ཆུང་དེ་ས་ལ་བབ་ནས་གསེར་གྱི་རྡོ་དུམ་བུ་ཅིག་ཏུ་བྱས་ནས་ས་ལ་ཧྲིལ་ལེ་འདུག་པས། དེར་རྫུ་འཕྲུལ་མཉམས་པར་འདུག་པས་གཉིས་ཀས་ཕྱག་འཚལ་བ་མེད་པར་བྱས་སོ། །དེར་འཕན་ཡུལ་འཕན་གྱི་བྲག་ཁུང་བུ་གསུམ་སྦྲེལ་ཏེ། བར་བསམ་ལེས་བཅད་ནས། ཅིག་ཏུ་བི་མ་ལ་མི་ཏྲ་བཞུགས། ཅིག་ཏུ་གཡུ་སྒྲ་སྙིང་པོ་བཞུགས་ཏེ། བར་དུ་རྙག་ཛྙཱ་ན་ལོ་ཙ་བ་བཞུགས་ཏེ། གཡུ་སྒྲས་གཡས་ནས་སྔ་འགྱུར་ལྔ་བཤད། བི་མ་ལས་གཡོན་ནས་ཕྱི་འགྱུར་བཅུ་གསུམ་བཤད། ཁྲ་མ་བུ་སྡེབ་པ་བཞིན་དུ་ཚག་པར་གཅིག་ཀྱང་མ་འགྲུས་པར་ཁྲིག་ཁྲིག་བྱུང་ངོ་། །དེར་རྙག་ཛྙཱ་ནས་བསྒྲོ་གླེང་མཛད་པར་ཞུས་པས། མཁས་པ་བི་མ་ལ་མི་ཏྲས་གཡུ་སྒྲ་སྙིང་པོ་མ་ཐུབ་ནས། གཡུ་སྒྲས་བི་མ་ལ་མི་ཏྲ་ལ་བཞུགས་ཤིགས་བྱས་ནས། གཡུ་སྒྲས་སྔ་འགྱུར་ལྔ་བཤད་པ་འདི་ལྟར་རོ། །ཀུན་ལ་འཇུག་གིས་ལྟ་བསྒོམ་ཕྱེ། །ནམ་མཁའ་ཆེ་ཡི་ཐེག་སྒོ་གསལ། །བྱམས་པ་བསྒོམ་པས་མཉམས་པའི་ངང་ལ་ཞོག །རིག་པའི་ཁུ་བྱུག་ཐེག་དམན་ཟིལ་གྱི་མནན། །རྩལ་ཆེན་སྤྲུག་པས་འཁོར་བ་བག་ལ་བསད། །ཅེས་གསུངས་པའོ། །ཡང་གཡུ་སྒྲས་འདི་སྐད་བཤད། མི་ནུབ་རྒྱལ་མཚན་ནམ་མཁའ་དངས་པ་བཞིན་དུ་གོམ་སྒྲིབ་སོ་སོར་གསལ། ཁྱུང་ཆེན་ལྡིང་བ་བཞིན་དུ་གཤོགས་རྫོགས་མཁའ་ལ་ལྟ་བ་རླབས་ཀྱི་གཅོད། སེམས་བསྒོམ་དྲུག་པས་ཀློང་ཆེན་དྲིལ་བ་བཞིན་དུ་ཐམས་ཅད་ལ་ནི་གཅིག་ཏུ་ཟློ། རྩལ་ཆེན་སྤྲུལ་པས་སེང་གེ་གནམ་དུ་འཆང་བ་བཞིན་དུ་སེམས་ཀྱི་རྩལ་ནི་ཆོས་ཉིད་ནམ་མཁའི་དབྱིངས་སུ་རྫོགས་སོ། །རིག་པའི་ཁུ་བྱུག་བྱ་རྗེ་ཁུ་བྱུག་བཞིན་དུ་རྩོལ་བསྒྲུབ་ཟིལ་གྱིས་གནོན། རྣམ་ལྔ་སེམས་ཕྱོགས་དྲག་སྔགས་ཛྙཱ་ན་ཁྱོད་ལ་གཏད་དོ་ཤོར་ལ་རེ། ཅེས་བཤད་དོ། །རྒྱལ་མོ་གཡུ་སྒྲས་རྙག་ཛྙཱ་ན་ཀུ་མ་ར་ལ་དབང་བསྐུར། རྒྱལ་པོའི་གཞུང་དུ་དབང་བསྐུར་གསང་མཚན་རྡོ་རྗེ་གྲུབ་པ་གཏེར་དུ་བཏགས་སོ། །བཱི་མ་ལས་བདུད་རྩིའི་དཀྱིལ་འཁོར་དུ་དབང་བསྐུར་གསང་མཚན་དྲི་མེད་ཟླ་ཤར་དུ་བཏགས་སོ། །དེའི་གཡུ་སྒྲས་སྔོན་ལ་བཤད་པ་ཚོ་ལ་སྔ་འགྱུར་ལྔ་ཞེས་བྱའོ། །བཱི་མ་ལས་རྟིང་ནས་ཕྱི་འགྱུར་བཅུ་གསུམ་ཞེས་བྱའོ། །དེའི་ཚེ་དེའི་དུས་ན་བོད་ཀྱི་རྗེ་བློན་རྣམས་གྱིས། བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་སྤྱུགས་པ་ལ་འགྱོད་པ་སྐྱེས་ནས། ལ་ལ་ནི་ངུས། ལ་ལ་ནི་མཆི་མ་ཕྱུངས་ཏེ། འདི་སྐད་ཅེས་ཕྱག་འཚལ་ཏེ། དཀོན་མཆོག་རིན་ཆེན་བླ་མེད་མཆོད་གནས་པ། །རྗེ་བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པའི་གསུངས་ནི་དབྱངས་སུ་སྒྲོགས། །རྗེ་བཱཻ་རོ་ཙ་ནའི་གསུངས་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྐྱེ་མེད་ཕྱོགས་མེད་ཀློང་དུ་བཏོན། །ཀུན་བཟང་ཉིད་དུ་བཞུགས་པ་ཡི། །རྗེ་བཱཻ་རོ་ཙ་ནའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བཙལ་ཏོ། །དེ་ནས་རྗེ་བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་སྤྱུགས་པ་ལ། བོད་ཀྱི་རྗེ་བློན་འབངས་རྣམས་འགྱོད་པ་སྐྱེས་ནས། བཙད་པོ་དང་བི་མ་ལ་མི་ཏྲ་དང་། གཡུ་སྒྲ་སྙིང་པོ་དང་། རྙག་ཛྙཱ་ན་ཀུ་མ་ར་དང་། བོད་ཀྱི་ཆོས་བྱེད་མཁས་བཙུན་གྲངས་མང་པོ་འཚོགས་ནས། ཨ་ཙ་ར་བཱཻ་རོ་ཙ་ནའི་ཡོན་ཏན་བསྒྲང་བ། བོད་ཀྱི་མཁས་པ་ཨ་ཙ་ར་བཱཻ་རོ་ཙ་ན་འདི། སྐྱེ་བ་སྔ་ཕྱི་ཤེས་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །མན་ངག་གི་ཆོས་བཙལ་གྱི་མི་རྙེད་པ་མ་ལུས་པ་གཏིང་འབྱིན་པར་རྙེད་པའི་སྤྲུལ་པའི་སྐུ་ཡིན་ཡང་དག །དགུང་ལོ་བཅོ་ལྔ་ལས་མ་ལོན་པར་བོད་ནས་རྒྱ་གར་གྱིས་ཡུལ་དུ་ལམ་རྒྱུས་མེད་པར་ཕྱིན་པས། ལྷའི་སྤྱན་དང་ལྡན་པ་ཡིན་ཡང་དག །འདི་ནས་རྒྱ་གར་གྱི་ལམ་བར་ལ་མི་རྒོད་དང་། སྤྱང་ཀི་དང་། གཅན་གཟན་གདུག་པ་རྣམས་ཀྱི་འཕྲང་ལ་ཕྱིན་པས་བར་ཆད་གང་གིས་ཀྱང་མ་ཚུགས་པར་འཁོར་བར་མི་ལྡོག་པ་ཡིན་ཡང་དག །རྒྱ་གར་ཡུལ་ནས་བོད་ཡུལ་ལ་ཟླ་བ་དྲུག་གིས་ལམ་བར་ལ། ཉིན་ལམ་བདུན་གྱི་བརྟོལ་བས་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་མའི་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་ཡང་དག །སྦལ་དོང་དང་ཤིག་དོང་དུ་བཅུག་ཀྱང་འཇིགས་ཤིང་སྐྲག་པ་མེད་པས་བཟོད་པ་ཐོབ་པ་ཡིན་ཡང་དག །མན་ངག་འདིའི་ཆོས་རྣམས་ཐོས་པ་ཙམ་གྱིས་གོ་ཞིང་རྟོགས་པར་འགྱུར་བས་དོན་དམ་པའི་བདེན་པ་མཐོང་བ་ཡིན་ཡང་དག །མཐའི་ཁ་བརྒྱུད་ནས་སྒྲ་འགྱུར་ཀུན་ལ་བསླབ་པས་གང་ལ་ཡང་མ་རྨོངས་པ་ལོགས་པ་སྒྲིབ་གཉིས་བྱང་བ་ཡིན་ཡང་དག །རྒྱ་གར་གྱི་མཁས་པ་ཀུན་གྱི་མན་ངག་ནི་གང་ལ་ཡང་གཅེས་དགུ་ཐོབ་པས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཡང་དག །སངས་རྒྱས་ཀྱི་མཚན་རྟགས་ནས་ཐེག་པ་གང་ལའང་མ་རྨོངས་པར་མཁྱེན་པས་སྟོན་པའི་ཞལ་སྐྱིན་ཡིན་ཡང་དག །རྫུ་འཕྲུལ་གྱི་སྟོབས་བཅུ་དང་ལྡན་པས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །ཅེས་པས་བཱཻ་རོ་ཙ་ན་ལ་ཡང་དག་བཅུ་གཅིག་གི་ཡོན་ཏན་བསྒྲང་ནས་བསྟོད་པ་ཕུལ་ཏེ། རྗེ་བློན་འབངས་དང་མཁས་པ་མང་པས། ཚ་བའི་རོང་གི་ཡུལ་ཕྱོགས་ན་མར་ལ་ལྷ་ཕྱག་གྱང་འགྱེལ་བ་ཙམ་བཙལ་ལོ། །དེ་ནས་གཡུ་སྒྲ་ཚ་བའི་རང་དུ་སླར་བྱོན་ནས་མཁས་པ་བཱཻ་རོ་ཙ་ན་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ལ་སོགས་པའི་བཀའ་མཆིད་གླེང་མོ་ཞིབ་ཏུ་བརྗོད་པས། བཱཻ་རོ་ཙ་ན་ཤིན་ཏུ་དགྱེས་ནས་འདི་སྐད་གསུངས་སོ། །བདག་འདྲ་འཁྱམ་པོ་བཱཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །ཤེས་བྱའི་སྒྲིབ་པ་བག་ཙམ་མ་བྱང་བས། །བོད་ཡུལ་མུན་པའི་གླིང་དུ་སྐྱེས། །རྒྱ་གར་ཡུལ་ནས་མན་ངག་མཐར་ཐུག་བཙལ། །བོད་ཡུལ་རྒྱལ་དང་བློན་པོ་རྣམས། །རྒྱ་གར་ཕྲ་མ་གདུག་པ་སྙན་དུ་གསན། །རྒྱལ་དང་བློན་པོ་ཀུན་ལོགས་ནས། །མཆིས་པ་ཚ་བའི་ཡུལ་དུ་བཱཻ་རོ་ཙ་ན་སྤྱུགས། །ཚ་བའི་རྒྱལ་ཁམས་དཀར་པོར་བསྒྱུར། །ཚེ་གཞུགས་སླར་ལོག་བོད་དུ་མཆིས། །སྒྱུ་མའི་ཕུང་པོ་དེར་བསྙིལ་ནས། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །ཅེས་མགུར་བཞེངས་སོ། །འདྲ་འབགས་ཆེན་མོ་ལས། རྒྱལ་མོ་གཡུ་སྒྲ་སྙིང་པོས་བོད་ཡུལ་གྱི་གྲགས་ངན་པ་བཅག་པས། སླར་བཱཻ་རོ་ཙ་ན་ཚ་བའི་ཡུལ་དུ་སྤྱུགས་པ་ལ་འགྱོད་པ་སྐྱེས་ནས་ཡང་དག་བཅུ་གཅིག་གི་བསྟོད་པའི་སྐབས་ཏེ་ཉི་ཤུ་པའོ།། ༈ །།དེའི་དུས་དེའི་ཚེ་རྒྱལ་མོ་གཡུ་སྒྲ་སྙིང་པོས། རྗེ་བཱཻ་རོ་ཙ་ན་ལ་གསེར་བྱ་མོའི་སྒོང་ང་ཙམ་དགུ། རིན་ཆེན་ཕྲ་མེན་གྱི་བྱ་སྐྱོག་མདས་ཀྱང་མི་སླེབ་པ་ཅིག །རྒུན་སྐྱེམས་དིང་བ་དང་བཅས་ཏེ་ཕྱག་ཏུ་ཕུལ། སྤྱི་བོས་སློབ་དཔོན་གྱི་ཞབས་ལ་གཏུག་སྟེ། ཕྱག་མང་པོ་བཙལ་ནས། རྗེ་མ་ཧཱ་གུ་རུ་ཆེན་པོ་ལགས། ལུང་དང་མན་ངག་གི་ཆོས་ནི། སློབ་དཔོན་ཆེན་པོས་མཁྱེན་ཚད་ཐོས། ཐུགས་རྗེས་ཕོབ། མན་ངག་ཆོས་ལ་དགོངས་པ་འུབ་ཆུབ་ཅིག་ཏུ་རྟོགས་ཤིང་། མཁྱེན་པར་བགྱི་ན་ཅི་ལྟར་བགྱི། །དགོངས་པ་མཐར་ཐུག་ཏུ་བཞག་ན་ཅི་ལྟར་བཞག །ཅེས་གཡུ་སྒྲས་ཞུས་པས། རྗེ་བཱཻ་རོ་ཙ་ནས་མན་ངག་མཛུབ་ཚུགས་སུ་བསྟན་པས། བོད་ཀྱི་མི་ལ་སྣོད་མེད་གསང་མི་ཐུབ། སྐལ་བ་དང་ལྡན་ཉུང་བས་མ་བསྟན། ང་གཡུ་སྒྲ་སྙིང་པོ་ཁྱོད་ལ་མཁས་པ་ཉི་ཤུ་རྩ་གསུམ་གྱི་བཤད་ལུགས་ནི་རྟིང་ཕྱིན་པར་བཤད་ནི། གཡུ་སྒྲས་ཞུས་པའི་དོན་ལ། སྔ་མ་ཚོས་ཁྱོད་ཡིད་མ་ཆེས་པ་དགོངས་ནས། མན་ངག་གི་ཆོས་ཡོ་དགོངས་པ་བསླང་སྟེ། རྩད་བཅས་པའི་མདོ་དོན་ཅིག་བསྡུས་ནས་དགོངས་པའི་ཞེ་ཕུག་བཀའ་གསལ་མགུར་དུ་བཞེངས་པ་འདི་གསུངས་སོ། །ཧཱུཾཿ སྔོན་སྦྱངས་ལས་འཕྲོ་ལྡན་པའི་གཡུ་སྒྲ་ཁྱོད། །སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བག་ཆགས་སྦྱངས། །ཕོད་པ་བཅུ་གསུམ་བྱས་པས་མན་ངག་སྣོད་དུ་གྱུར། །སེམས་ཉིད་ཀློང་དུ་གྱུར་པའི་བཱཻ་རོ་ཙ་ན་བདག །བོད་ཁམས་འབྲས་བུའི་ཆོས་ཀྱི་རྒྱས་པར་བྱ་བའི་ཕྱིར། །དཀའ་བ་བཅུ་དྲུག་སྤྱད་ནས་རྒྱ་གར་ཡུལ་དུ་ཕྱིན། །རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །རྡོ་རྗེ་གདན་གྱི་མན་ངག་ལུང་བསྟན་ཏེ། །ཉི་ཤུ་རྩ་གསུམ་མཁས་པའི་མན་ངག་རྣམས། །ང་ཡི་གོ་བ་བཞིན་དུ་ཁྱོད་ལ་སྦྱིན་པ་ཡིན། །དེ་ཡིས་ཡིད་མ་ཆེས་ན་བག་ཆགས་མ་སྦྱང་ངོ་། །མན་ངག་བྱང་ཆུབ་སེམས་ཕྱོགས་ཉི་ཤུ་བཞི། །རྒྱུད་སྡེ་མ་བུ་དྲུག་ཅུ་རྩ་བརྒྱད་ལ། །མདོ་དོན་མན་ངག་གདའ་ཚང་རྩད་ནས་བཅད། །རྩ་བ་འདུས་པའི་མན་ངག་འདི་ལས་མེད། །གུས་པས་རྣ་བར་ཉོན་ལ་ཡིད་ལ་ཟུངས། །རྩོལ་སྒྲུབ་བྱ་བརྩལ་མེད་པའི་མན་ངག་སེམས་ཕྱོགས་འདི། །སྣང་སྲིད་ཕྱི་བཤིག་ནང་གྲོལ་རྩད་བཅད་པས། །ཆོས་ཐམས་ཅད་ཐམས་ཅད་ངོ་བོ་ཆོས་ཉིད་ལ། །མི་འགྱུར་ཀུན་གཞིའི་ཀློང་དུ་འདུས། །ཀུན་གཞི་མ་བཅོས་ཡེ་ནས་གནས། །རྒྱུ་ལས་མ་བྱུང་རང་བྱུང་བཅོམ་ལྡན་འདས། །རྐྱེན་དང་མ་འབྲེལ་གཉེན་པོས་བཤིག་ཏུ་མེད། །དངོས་པོ་མེད་པས་འབྲས་བུའི་འདོད་པ་བྲལ། །གཞི་ལམ་གཉིས་དང་བྲལ་ནས་ཡེ་ནས་ཆོས་ཀྱི་སྐུ། །དབྱིབས་དང་ཁ་དོག་བྲལ་བས་དཔེ་ཡི་མཚོན་དུ་མེད། །འཁོར་འདས་སྐྱེ་ཤི་མེད་པས་རྟགས་པ་ཆེན་པོའི་སྐུ། །རྟག་ཆད་གཉིས་སུ་མེད་པས་མཐའ་གཉིས་རྐྱེན་དང་བྲལ། །མཐོ་དམན་མེད་པས་ཐེག་པ་ཀུན་གྱི་རྩེ། །ཆེ་ཆུང་མེད་པས་དམིགས་པ་ཀུན་དང་བྲལ། །ཡངས་དོགས་མེད་པས་ཀུན་ཏུ་བཟང་པོའི་མཁའ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ་པས་བརྡལ། །ཕྱི་ནང་མེད་པར་ཡེ་སངས་རྒྱས། །མཚོན་དུ་མེད་པ་སྐུ་ཡི་ཚད་དང་བྲལ། །སྣང་མེད་མཚོན་བྲལ་བྱང་ཆུབ་ཆོས་ཉིད་འདི། །ཡེ་ནས་མ་བཅོས་ངང་གི་གནས་པ་ལ། །རྩོལ་བསྒྲུབ་ཅིས་ཀྱང་བཙལ་དུ་མེད་པར་རྟོགས་པར་གྱིས། །གཡུ་སྒྲ་སྙིང་པོས་སེམས་ལ་གོ་བར་གྱིས། །དགོངས་པ་ཉམས་སུ་བླང་བར་བྱ་བ་ནི། །ཡེ་ནས་མ་བཅོས་ཀུན་གཞི་དག་པའི་ཀློང་། །འབྲས་བུ་ཆོས་ཉིད་བྱ་བ་དེ་ཉིད་ཡིན། །མ་བཅོས་ཀུན་གཞིའི་ཀློང་ནས་རང་བྱུང་བདེ་ཆེན་འདི། །མ་བཅོས་རང་བཞིན་བཞག་པའོ། །དུས་གསུམ་སངས་རྒྱས་དགོངས་པ་འདི་ཡིན་ཏེ། །དེ་ལས་ལྷག་པ་བསྒོམ་དུ་ཅི་ཡང་མེད། །བསྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པ་རིག་པ་མ་ཡེངས་ཞོག །ལྟ་བསྒོམ་མན་ངག་བྱ་བ་དེ་ལས་མེད། །བཱཻ་རོ་ཙ་ན་བདག་ཉིད་ཀྱིས། །རྡོ་རྗེ་སེམས་དཔའི་ཐུགས་ཕྱུངས་བས། །མན་ངག་གཏེར་ཆེན་ཟབ་མོ་འདི། །དགའ་རབ་འཇམ་དཔལ་ཐུགས་རྗེ་བཤད། །མཁས་པ་ཉི་ཤུ་རྩ་གསུམ་གྱིས། །མན་ངག་གཏེར་ཆེན་སྦས་པ་འདི། །བཱཻ་རོ་ཙ་ནའི་ཐུགས་ཀྱི་བཅུད། །གཡུ་སྒྲ་སྙིང་པོ་བུ་ལ་གཏད། །ཡང་ནས་ཡང་དུ་སེམས་ལ་ལྷོན། །ཁྱོད་ཀྱི་ཞུས་པའི་མན་ངག་འདི། །སེམས་ལ་སྙིང་བཞིན་བརྩེ་བ་ལས། །ཁེ་དྲག་ནོར་ངོར་བཏང་བ་དང་། །ཁ་འཇམ་བྲིད་ངོར་སྟོན་པ་ན། །མགོ་བོ་གས་ཤིང་ལུས་ཡང་འཇིག །མཐར་ཡང་འབྲས་བུ་བརླག་པར་གདོན་མི་ཟ། །ཨུ་ཏི། ཨ་ཐ། ཡང་རབ་བློ་ལྡན་རེ་དང་འཕྲད་པར་ཤོག །བདག་འདྲ་བཱཻ་རོ་ཙ་ན་ཡིས། །མཁས་པའི་མན་ངག་ཏ་ཀི་རྣམས། །བཀའ་བ་ལས་དང་བསྡོས་ནས་བཙལ་བ་འདི། །བཤད་ལུགས་གྲངས་མེད་མང་པོ་ཡང་། །ས་བཅད་རང་ལུགས་དྲངས་ཚིག་དཀའ། །རྒྱ་གར་མཁས་པའི་མན་ངག་འདི། །སྐལ་ལྡན་མཆིས་ན་འཕྲད་འཚལ་བས། །གཞན་ལ་མེད་པར་ཡིད་ཆེས་གྱིས། །གཡུ་སྒྲ་སྙིང་པོའི་ཐུགས་ལ་སྟིམས། །བཱཻ་རོ་ཙ་ནའི་བཀའ་མེད་པར། །ཁེ་དྲག་ནོར་འདོད་མཁན་པོ་ཡི། །རྫུན་གྱི་ཤ་བཅུག་ཟང་དུ་བྱས། །ཚིག་གི་སྒྲོ་འདོགས་མང་པོས་བསླད། །མེད་པའི་རྒྱུ་འབྲས་ཁུར་དུ་ཁུར། །མན་ངག་ཏི་ཀ་གསང་ཆེན་འདི། །གཞན་ལ་ཡོད་རེ་ན་ར་ཀན། །ཅེས་བཱཻ་རོ་ཙ་ནས་དབུ་བསྙུང་བཞེས་ནས། རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་མན་ངག་གི་བཅུད་གཏིག་ཅིང་གནང་བའོ། །རྒྱལ་མོ་གཡུ་སྒྲ་སྙིང་པོའི་ཡབ་རྒྱལ་པོ་རིན་པོ་ཆེ། །ཡུམ་རྒྱལ་མོ་གླུ་ཡིན། སྐུ་ཚེ་ལོ་བརྒྱ་ཉི་ཤུ་ལོན་ནས་གྲངས་སོ། །ཡུལ་ཚ་བ་རོང་བ་ཡིན། འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་མན་ངག་གི་བཅུད་བཏིག་ཅིང་བྲོ་བར་པོའི་སྐབས་ཏེ་ཉེར་གཅིག་པའོ།། ༈ །།དེ་ནས་བཱཻ་རོ་ཙ་ན་ཚ་བའི་ཡུལ་ནས་རྒྱ་ནག་པོར་བྱོན་ཏེ། བདག་འདྲ་འཁྱམས་པོ་བཱཻ་རོ་ཙ་ན་ཡིས། །སྔོན་གྱི་ལས་དབང་རྔག་པས་ཚ་བའི་ཡུལ་དུ་མཆིས། །ཚ་བའི་རྒྱལ་ཁམས་དམ་པའི་ཆོས་ལ་བསྒྱུར་ནས་ནི། །རྒྱ་ནག་མཁས་པ་ཀུན་དང་དགོངས་པ་བསྡུར་དུ་མཆི། །ཅེས་གསུངས་སོ། །རྒྱ་ནག་པོའི་ཀུ་སུ་ལུ་བྷི་ཏི་གྷརྦྷས་འདི་སྐད་གསུངས་སོ། །དེ་ཁོ་ཉིད་དོན་སྐོར་ལྔ་གསུངས་པ། ཡེ་ཤེས་སྤྱི་བླུགས་སུ་འཆར་བ་ཉི་མ་ལྟ་བུ། ཆོས་ཉིད་ཐུགས་འཕྲད་དུ་འཆར་བ་རྒྱལ་པོ་མཐོང་བ་ལྟ་བུ། རྣམ་རྟོག་ཡེ་ཤེས་སུ་འཆར་བ། ནགས་ལ་མེ་ཤོར་བ་ལྟ་བུ། མཚན་མ་རང་སར་གྲོལ་བ། ནམ་མཁའི་ཀློང་ལྟ་བུ། ཏིང་ངེ་འཛིན་འབྱུང་འཇུག་མེད་པས་གསེར་གླིང་དུ་ཕྱིན་པ་ལྟ་བུ། དེ་ལྟར་དོན་སྐོར་ལྔས་བསྟན་པ་ལ། དང་པོ་ཉི་མ་ནི། དུས་ཐམས་ཅད་དུ་གསལ་འགྲིབ་མེད་པར་གནས་པ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཡིན་པས། དྲན་ཚད་སྣང་ཚད་བཟང་ངན་དང་། བླང་དོར་གྱི་མཚན་མ་མེད་དེ་རིག་པ་རང་ཤར་ཆེན་པོ། ཡེ་ཤེས་སྤྱི་བླུགས་སུ་ཤར་བའོ། །གཉིས་པ་ནི། རྒྱལ་པོ་མཐོང་བས་གཉེན་པོའི་སེམས་ཐུགས་འཕྲད་དུ་འཆར་བ་བཞིན། རྣལ་འབྱོར་པས་ཀྱང་དབང་པོ་རྣམ་ལྔ། ཤར་ཚད། དྲན་ཚད། སྣང་ཚད་སེམས་ཉིད་རང་སྣང་། རང་ཤར་ཡིན་པས་ཆོས་ཉིད་ཐུག་འཕྲད་དུ་རང་ཤར་རང་སྣང་བའོ། །གསུམ་པ་ནི། ནགས་ལ་མེ་ཤོར་བ། སྐོམ་པ་དང་། རློན་པ་དང་། ཆེ་བ་དང་ཆུང་བ་དང་། སེམས་ཅན། ས་དང་། རྡོ་ལ་སོགས་པ་ཐམས་ཅད་མེའི་གྲོགས་སུ་འཆར་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་དུ་ཤེས་པས། ལུས་ཀྱི་ལས་བྱས་ཚད། བྱུང་ཚད། ངག་གི་ལས་བྱས་ཚད། བྱུང་ཚད། ཡིད་ཀྱི་ལས་བྱས་ཚད། བྱུང་ཚད། ཡིན་པ་དང་། མིན་པ་དང་། སྣང་བ་དང་། སྟོན་པ་དང་། བྱས་ཚད། བྱུང་ཚད། ཤར་ཚད། དྲན་ཚད། སྐྱེས་ཚད། ཆོས་ཉིད་རང་ཤར་བ་མིན་པ་མེད་དོ། །བཞི་པ་ནི། ནམ་མཁའི་ཀློང་ལ། སྤྲིན་དང་། ན་བུན་དང་། འབྲུག་དང་། གློག་དང་། འོད་དང་། འཇའ་ཚོན་དང་། ཐོག་དང་། སེར་བ་དང་། ཆར་པ་དང་། རླུང་དང་། ཉིན་མོ་དང་། ནུབ་མོ་དང་། མུན་པ་དང་། དཀར་པོ་དང་། ནག་པོ་ཀུན་རང་ཤར་རང་བྱུང་། རང་སྣང་། རང་གྲོལ་ནམ་མཁའ་ཉིད་ལས་རྡུལ་ཙམ་ལས་མེད། དེ་བཞིན་དུ་བྱང་ཆུབ་སེམས་ཉིད་ནི། སངས་རྒྱས་སེམས་ཅན། འཁོར་བ། མྱང་འདས། རིགས་དྲུག་ཀུན་བྱང་ཆུབ་སེམས་སུ་སྐྱེ་བ་མེད། འཁོར་འདས་ཉོན་མོངས་བདེ་སྡུག་ཀུན་བྱང་ཆུབ་སེམས་ཡིན་ཡེ་ནས་གྲོལ། ལྔ་པ་ནི། གསེར་གླིང་དུ་ཕྱིན་པས། ཆེ་དང་། ཆུང་བ་དང་། སྦོམ་པ་དང་། ཕྲ་བ། ནར་མོ། ཟླུམ་པོ། གྲུ་བཞི་ལ་སོགས་ཏེ། རྐོ་བཟློག་བྱས་ཀྱང་གསེར། མ་བྱས་ཀྱང་གསེར། ཐམས་ཅད་དུ་ཡང་གསེར་གྱི་ངོ་བོར་ཡོད་པ་བཞིན། འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་རང་བྱུང་གི་ཡེ་ཤེས་བཅོས་བསླད་ཀྱི་རྒྱུ་རྐྱེན་དང་བྲལ་ནས་འདུག །སེམས་ལས་གཞན་པའི་ཆོས་མེད་པས། ཏིང་ངེ་འཛིན་ཉམས་སུ་བླང་བྱ་དང་། ལེན་བྱེད་གཉིས་མེད་པའོ། །དགོངས་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པ་ལ། ཡེ་ཤེས་སྤྱི་བླུགས་སུ་འཆར་བས་གོལ་སྒྲིབ་མེད་པས་ཐག་ཆད་དོ། །ཆོས་སྐུ་ཐུག་འཕྲད་དུ་ཤར་བས་སྤང་ལེན་མེད་པར་ཐག་ཆད་དོ། །རྣམ་རྟོག་ཡེ་ཤེས་སུ་ཤར་བས་སྐྱོན་ཡོན་ལ་སྤང་ལེན་མེད་པར་ཐག་ཆོད་དོ། །མཚན་མ་རང་གྲོལ་དུ་འདུག་པས། བློས་ཡི་དམ་གྱི་ལྷ་བསྒོམ་མི་དགོས་པར་ཐག་ཆོད་དོ། །ཏིང་ངེ་འཛིན་ལ་འབྱུང་འཇུག་མེད་པས། འབད་རྩོལ་བྱ་མི་དགོས་པར་ཐག་ཆོད་དོ། །ཅེས་གསུངས་སོ། །རྒྱ་ནག་ཀུ་སུ་ལུ་བྷི་ཏི་གྷརྦྷ་ཉིད་དང་ཞལ་ཐུག་གི་མཇལ་ཡང་དགོས་པ་འདི་ལས་དཔག་ཏུ་མེད་པ་ཡིན། དགེ་སློང་བཱཻ་རོ་ཙ་ན་ལ། གདམས་པ་ཀུན་གྱིས་གོ་བ་མ་ཡིན། ས་མ་ཡ་ན་ར་ཀན། ཨཐྎ། རྒྱ་རྒྱ་རྒྱ། ༼༡༽ ཡང་དགེ་སློང་བཱཻ་རོ་ཙ་ན་ལ། རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་དྷརྨཱ་བྷོ་དྷིས། རྩོལ་བསྒྲུབ་ལ་བཟླས་ཏེ་དེ་ཁོ་ན་ཉིད་རྡོ་རྗེའི་ཚིག་གསུངས་པ། ལྟ་བའི་ལ་ཟློ་ན་མུན་པའི་སྨག་ལ་རུག །བསྒོམ་པ་ལ་ཆོད་ན་རང་སྲོག་ཆོད་དེ། །སྤྱོད་པ་ལ་ཟློ་ན་གཏད་མེད་ཕྱལ་པ་བུ་ཆུང་འདྲ། །སྐྱེ་ཤི་ལ་ལ་ཟློ་ན་སེམས་ཅན་གྱི་རང་སྲོག་ཆོད། །འབྲས་བུའི་ལ་ཟླ་ན་རེ་དོགས་ཀྱི་སེམས་ཐག་པ་ཆོད། །རྒྱུ་རྐྱེན་ཕྱག་མས་བཏབ་པས་ཡེ་ཤེས་ཀྱི་ལ་ཟློས། །ཅེས་བཱཻ་རོ་ཙ་ན་ལ་གདམས་པའོ། །རྒྱ་ནག་དྷརྨཱ་བྷོ་དྷི་ཉིད་དང་ཞལ་མཇལ་ཡང་། །དགོངས་པ་དེ་ལས་དཔག་ཏུ་མེད་པ་ཡིན། །ས་མ་ཡ་ན་ར་ཀན། རྒྱ་རྒྱ་རྒྱ། ཨཐྎ། ༼༢༽ ཡང་དགེ་སློང་བཱཻ་རོ་ཙ་ནས། རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་བཛྲ་སུ་ཀེ་དེ་བ་ལ་གདམས་པ་ཞུས་པ། སྐུ་གསུམ་འདུ་འབྲལ་མེད་པའི་གདམས་པ་འདི་གསུངས་སོ། །ཤར་ཚད་སྤྲུལ་སྐུ། ཟད་པ་ཆོས་སྐུ། གཉིས་མེད་ལོངས་སྐུ། སྒོ་ལྔའི་ཡུལ་དུ་སེམས་ཀྱི་དྲན་རྟོག་གང་བྱུང་ཡང་། སྤྲུལ་པའི་སྐུ་ཉིད་ཤར་བ་ཡིན། གང་ཤར་ཅིག་ལྟར་སྣང་ཡང་རང་བཞིན་མེད་དེ། ཆོས་སྐུ་ཟད། ཟད་པ་དང་ཤར་བ་དབྱེར་མེད་དེ། ལོངས་སྐུར་ཡེ་ནས་གནས་པ་ཡིན། རང་ཤར་རང་ཟད་རང་སྣང་གསུམ། དུས་གསུམ་འདུ་འབྲལ་མེད་པ་ཡིན། སྐྱེ་མེད་འདུས་མ་བྱས་སུ་འདུག་པས་བསྒོམ་པའི་བློ་དང་བྲལ། ཅི་ཤར་སྐུ་གསུམ་ལྕོག་བཞེངས་སུ་འདུག་པས་སྤྱོད་པའི་བློ་དང་བྲལ། སྐུ་གསུམ་ལྷུན་གྲུབ་ཏུ་ཡེ་ནས་སངས་རྒྱས་པས། འབྲས་བུའི་བློ་དང་བྲལ། །ཅེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་པའོ། །བཛྲ་པུ་ཀ་དེ་བ་ཉིད་དང་མཇལ་ཡང་དེ་ལས་དཔག་ཏུ་མེད་པ་ཡིན། ཀུན་གྱི་གོ་མ་ཡིན་པས་ས་མ་ཡ་ན་ར་ཀན། ཨཐྎ། ༼༣༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་པན་ཏི་བར་མ་ལ་གདམས་པ་ཞུས་པས། རིག་པ་ཅེར་ཟིན་གྱི་མན་ངག་གསུངས་པ། རང་གི་སེམས་ལ་ལྟོས་དང་། རྒྱུ་རྐྱེན་ཁ་དོག་དངོས་པོ་གདའ་ལགས་སམ། །སྐྱེ་འཇིག་བྲལ་བས་མ་མཐོང་ངོ་། །ནམ་མཁའ་ལྟ་བུའི་དོན་ལ་གཟིགས། །ཕྱིའི་ཡུལ་ལ་ཕར་ལྟས་པས། །སྣང་ཚད་རང་གི་སེམས་སུ་འདུག །ནང་དུ་ལྟས་པས་ང་དང་བདག་ལ་རྙེད། །ཉམས་སུ་བླངས་བྱའང་མི་གདའོ། །ཅིར་སྣང་རང་ཤར་དེ་ལ་དགག་བསྒྲུབ་མེད། །ཐོབ་བྱ་ཐོབ་བྱེད་མེད་པས་འབྲས་བུའོ། །གཟའ་གཏད་ཕྱོགས་རིས་མེད་པས་ལྟ་བའི་ལ་ཆོད་ཡིན། །ཞེར་འཛིན་དམིགས་གཏད་མེད་པས་བསྒོམ་པའི་ལ་ཆོད་ཡིན། །ཅིར་ཡང་ཆོས་སྐུར་ཤེས་ན་སྤྱོད་པའི་ལ་ཆོད་ཡིན། །འཁོར་འདས་རྒྱུ་འབྲས་རེ་དོགས་བྲལ་ཙམ་ན། །འབྲས་བུའི་ལ་ཆོད་དེ་རུ་ཆོད། །ཅེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །པན་ཏི་བར་མ་ཉིད་དང་མཇལ། ཡང་དགོངས་པ་དེ་ལས་དཔག་ཏུ་མེད་པ་ཡིན་ནོ། །ཀུན་གྱི་མི་གོ་ས་མ་ཡ་ན་ར་ཀན། རྒྱ། ཐི། ཨཐྎ། ༼༤༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཙནྡྷ་རི་ཁྲོད་པ་ལ་གདམས་པ་ཞུས་པས། རི་ཁྲོད་པས་འདི་སྐད་གསུངས་སོ། །རྟོགས་པ་ཀློང་དུ་ཆུད་པར་བྱ། སྣང་བ་དབང་དུ་འདུས་པར་བྱ། རང་དབང་ཐོབ། རང་ས་ཟིན། འཁོར་བའི་རྒྱུན་ཆད། དྲན་པ་འགགས་སོ། །དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ཙནྡྷི་རི་ཁྲོད་པ་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་པ་ཡིན་ནོ། །ཀུན་གྱི་མི་གོ་བས་ས་མ་ཡ་ན་ར་ཀན། ཨཐྎ། ༼༥༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་མ་ཧཱ་བེ་དེ་ལ་གདམས་པ་ཞུས་པ་ལ། འགྱུ་བ་དང་སངས་ཀྱི་གདམས་པ་གསུངས་པ། གྱུན་པོ། འགྱུ་བ། འགྱུས་པ་དང་། བལྟས་པས། དངས་པ། ཤར་བ། གྲོལ་བ་དང་། སངས་པ་དང་དུས་མཉམས་སོ། །དུས་ཅི་ལྟར་མཉམ་ན། འགྱུ་བ་ནི་ཉོལ་ཚོར་བྱུང་བའི་དུས། འགྱུས་པ་ནི། རིག་པ་རང་ཤར་ཁྱུག་གིས་ཤར་བའི་དུས། བལྟས་པས་སྐྱེ་མེད་ཟང་ཐལ། དེ་ལ་བཞག་པས་འཛིན་མེད་དུ་དངས། རྩལ་མེད་དུ་འདུག །ཤར་བ་དང་། སྣང་བ་སངས་བ་གསུམ། གྲོལ་བ་མ་སྐྱེས་ཟང་ཐལ་ལོ། །དེ་ལྟར་ཐམས་ཅད་ངོ་བོ་ཉིད་དུ་གྲོལ་ཏེ། ཆོས་སྐུ་བློ་ཡུལ་དུ་དབྱེར་མེད་དེ། བློ་འདས་ཆེན་པོར་སངས་རྒྱས། ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་པའོ། །རྒྱ་ནག་པོའི་མཁས་པ་མ་ཧཱ་བཱེ་དེ་ཉིད་དང་མཇལ་ཡང་དགོངས་པ་དེ་ལས་དཔག་ཏུ་མེད་དོ། །ཀུན་གྱི་མི་གོ་ས་མ་ཡ་རྒྱ་ན་ར་ཀན། ཨཐྎ། ༼༦༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཤྲི་ལ་ནི་ལ་གདམས་པ་ཞུས་པ་ལ། རླུང་གསུམ་རང་སར་དང་བའི་གདམས་པ་གསུངས་པ། ཕྱི་འཚུབ་བྱེད་ཀྱི་རླུང་། སྣང་བ་འགྱུ། འཛིན་མཁན་རང་སར་དག་པའོ། །ནང་འཚུབ་བྱེད་ཀྱི་རླུང་གསལ་འགྱུ། འཛིན་མཁན་རང་སར་དངས་པའོ། །གསང་བ་འཚུབ་བྱེད་ཀྱི་རླུང་། སྟོང་འགྱུ། འཛིན་མཁན་རང་སར་དངས་པའོ། །དེས་ན་དགོངས་པ་བླ་མ་ཡིད་ཡུལ་འདས་པའོ། །དེ་ལྟར་མ་ཤེས་ཏེ་ནང་ནས་ཕྱིའི་རླུང་འཚུབ་པས། འགྱུས་པས། འཛིན་པ། ཆགས་པའོ། །རང་རླུང་དངས་སུ་མ་ཤེས་ན། ཁམས་གསུམ་དུ་འཁོར་རོ། །ཅེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་པའོ། །མཁས་པ་ཤྲི་ལ་ནི་ཉིད་དང་མཇལ་ཡང་དགོངས་པ་འདི་ལས་དཔག་ཏུ་མེད་པ་ཀུན་གྱི་གོ་བ་མ་ཡིན་ནོ། །ས་མ་ཡ་ན་ར་ཀན། ༼༧༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཧ་ཤང་བྷི་ཏི་ལ་གདམས་པ་ཞུས་པ། ཐག་ཆོད་པ་རྡོ་རྗེའི་ཚིག་དྲུག་པ་འདི་གསུངས། སྣང་སྲིད་ཐམས་ཅད་ནམ་མཁའི་ཀློང་དུ་འདུས་པས། དངོས་པོ་རང་མཚན་མེད་པར་ཐག་ཆོད། འཁོར་འདས་ཀྱི་སྙིང་པོ་སེམས་སུ་འདུས་པས། སངས་རྒྱས་གཞན་དུ་མེད་པར་ཐག་ཆོད། བདེ་བ་སྒྱུ་མར་སྣང་བས། སྡུག་བསྔལ་ལ་རང་བཞིན་མེད་པར་ཐག་ཆོད། སྟོང་པའི་འོད་ལ་བསམ་དུ་མེད་པས། སེམས་རང་བྱུང་དུ་འབར་བ་ཐག་ཆོད། ཡེ་ཤེས་ལ་སྐྱེ་འགགས་མེད་པས། འཆི་འཕོའི་འཇིགས་པ་མེད་པར་ཐག་ཆོད། འཁོར་བའི་རྒྱུ་རྐྱེན་ཟད་པས། སྐྱེ་བ་མི་ལེན་པར་ཐག་ཆོད། ཅེས་དགེ་སློབ་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ་ཁ་ཐཾ། ༼༨༽ ཡང་བཱཻ་རོ་ཙ་ན་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་དྷརྨཱ་བྷོ་དྷིའི་ཞལ་ནས། དགེ་སློང་ནམ་མཁའ་ལ་ལྟོས་དང་། སྤྲིན། གློག །འབྲུག །ཆར་རང་བྱུང་། རང་དངས་སུ་འདུག་པས། དེ་རིང་གི་སྤྲིན་དེ་ཁ་སང་གི་སྤྲིན་དེ་མེན། ནང་པར་གྱི་སྤྲིན་ནི་དི་རིང་མི་འོང་། དགེ་སློང་རང་གི་སེམས་ལ་ལྟོས་དང་། དྲན་རྟོག་རང་བྱུང་། རང་དངས་སུ་འདུག་པས། དེ་རིང་གིས་དྲན་རྟོག་ནི་ཁ་སང་གི་དྲན་རྟོག་མིན། དེ་རིང་གི་དྲན་རྟོག་ནང་པར་མི་སྡོད། ནང་པར་གྱི་དྲན་རྟོག་དེ་རིང་མི་འོང་། དྲན་རྟོག་རང་བྱུང་རང་དངས་སུ་འདུག་པས། བློ་རེ་དོགས་སུ་མ་འཛིན། ཉོན་མོངས་ཡེ་ཤེས་རང་བྱུང་རང་དངས་ཡིན། ནམ་མཁའ་སྟོང་པ་ལ་རི་མོ་བྲི་བའི་ས་མེད། རིག་པ་སྟོང་པ་ལ་སྡིག་པ་བསོགས་པའི་གནས་མེད། ཆུ་བྲན་ཆུ་བོ་ཅི་སྙེད་ཀུན། །རྒྱ་མཚོ་ཉིད་དུ་རོ་ཅིག་བྱེ་བྲག་མེད། །ཅེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ་སྣོད་མེད་ལ་ན་ར་ཀན། ༼༩༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་སུརྱ་གྷིརྟི་ལ་གདམས་པ་ཞུས་པ། རིག་པ་ཐུག་འཕྲད། རིག་པ་ཅོག་བཞག །རིག་པ་རང་རྡོལ། རིག་པ་གཅིག་གཅོད་མན་ངག་བཞི་དང་ལྡན་པར་བྱས། ཐུག་འཕྲད་རྒྱལ་པོ་ལྟ་བུས་དྲན་རྟོག་ཡེ་ཤེས་ངོས་བཟུང་། ཅོག་བཞག་བྱ་ལྟ་བུས་རྣམ་རྟོག་ཡེ་ཤེས་ངོས་བཟུང་། རང་རྡོལ་ཀོ་མོའི་རིག་པ་རང་རྡོལ། རིག་པ་ཆུ་ལྟ་བུས་འཁོར་འདས་ཀྱི་བདེ་སྡུག་མཉམ་པར་རྟོགས་ནས་རང་གྲོལ་དགོངས་པ་རྙེད་པར་ཡིན། གཅིག་ཆོད་ལོ་ངར་བཏུབ་པ་ལྟ་བུས་ཆོས་ཐམས་ཅད་ངོ་བོ་ཅིག་ཏུ་རྟོགས་སོ། །ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ། ༼༡༠༽ ཡང་བཱཻ་རོ་ཙ་ན་ལ་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཤནྟ་ཨ་ཏིས་དངོས་པོའི་འདུག་ལུགས་དེ་ཁོ་ཉིད་གདམས་པ། ཐམས་ཅད་སངས་རྒྱས་ཉག་གཅིག །བསམ་དུ་མེད་པས་འོད་གསལ། འགྱུ་བ་ཆད་པའི་གདལ་བ། ཕྱི་ནང་མེད་པའི་ཟང་ཐལ་ཆེན་པོ། ཐམས་ཅད་ཡེ་ཤེས་གཅིག་ཏུ་རྟོགས་པས་ཟང་ཐལ་ཆེན་པོ། ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ་རྒྱ། ས་མ་ཡ་རྒྱ། ༼༡༡༽ ཡང་བཱཻ་རོ་ཙ་ན་ལ་རྒྱ་ནག་པོའི་ཀུ་སུ་ལུ་ཡོ་གི་ནི་དུར་ཁྲོད་པས་གདམས་པ། སྙིང་པོ་བྱང་ཆུབ་ཀྱི་སེམས། ཅི་བཞིན་པ་དེ་རྟོགས་པར་བྱ། རྟོགས་པས་ཆོག་གམ་ན། རྟོགས་སྙམས་པ་དེ་ཡིད་ཀྱི་རྟོགས་པ་ཡིད་ཀྱི་ཡིད་ཆོས་ཀྱི་གདིངས་མ་རྙེད་ན། རེ་དོགས་ཀྱི་ཐག་པ་ཆོད་དགོས། དེ་ཙ་ན་གཉིས་མེད་བརྗོད་འདས་བསམ་མེད་བརྗོད་དུ་མེད། ངོས་བཟུང་དང་བྲལ་བའི་ཆོས་ཉིད་བློ་ཡུལ་དུ་མ་གྱུར་པའོ། །ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་པ། ས་མ་ཡ། ཨཐྎ། ༼༡༢༽ ཡང་བཱཻ་རོ་ཙ་ན་ལ་རྒྱ་ནག་པོའི་ཀུ་སུ་ལུ་པ་ཏྲི་ནི་པས། དེ་ཁོ་ན་ཉིད་ཀྱི་རྩད་གཅོད་གསུངས་པས། དང་པོ་སེམས་ཀྱི་བྱུང་ས་ཚོལ། བར་དུ་སེམས་ཀྱི་གནས་ས་ཚོལ། ཐ་མ་སེམས་ཀྱི་འགྲོ་ས་ཚོལ། དང་པོ་སེམས་ཀྱི་བྱུང་ས་མེད་པ་རྒྱུ་མེད་པ་གཅིག་ཡིན། བར་དུ་སེམས་ཀྱི་གནས་ས་མེད་པས་ལམ་མེད་པ་གཅིག་ཡིན། ཐ་མ་སེམས་ལ་འགྲོ་ས་མེད་པས་འབྲས་བུ་ལ་བསྒྲུབ་མེད་ཅིག་ཡིན། དེ་ལྟར་རྟོགས་པ་ལྟ་བ། དེ་ལ་ཡིད་ཆེས་པ་བསྒོམ་པ། དེ་ལ་ཡིད་ཆེས་པ་སྤྱོད་པ། དེ་ལ་ཐོབ་བྱ་ཐོབ་བྱེད་མེད་པ་འབྲས་བུའོ། །དེ་ནས་ཡེ་དག་ཆེན་པོ། ཡེ་གྲོལ་ཆེན་པོ། ཁྱབ་གདལ་ཆེན་པོ། སྐྱེ་མེད་ཆེན་པོ། ཕན་པ་ཆེན་པོ། གཞི་ཡེ་ནས་སངས་རྒྱས་པ་ཡིན། ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ། བློ་ཆུང་ལ་ན་ར་ཀན། གསང་རྒྱ། གསང་། ༼༡༣༽ ཡང་དགེ་སློང་བཱཻ་རོ་ཙ་ན་ལ་རྒྱ་ནག་པོའི་ཀུ་སུ་ལུ་ཡོ་གི་བར་མས་འདི་སྐད་གསུངས་སོ། །ལྟ་བ་ཡིན་པ་མེད་པར་ཐག་ཆོད། དེ་ལ་བསྒོམ་དུ་ཅིར་ཡང་མེད་པར་ཐག་ཆོད། སྤྱོད་པ་སྤང་ལེན་མེད་པར་ཐག་ཆོད། འབྲས་བུ་ལ་ཐོབ་བྱ་ཐོབ་རྒྱུ་མེད་པར་ཐག་ཆོད། རྣལ་འབྱོར་རབ་ཀྱི་དགོངས་པ་ཡིན། ས་མ་ཡ་ཁ་ཐཾ། ༼༡༤༽ ཡང་ཡོ་གི་བར་མས་བློ་གསར་བུ་ལ་གདམས་པ། སྐྱེས་བུ་ལྟ་བྱེད་ལ་བརྟེན་ནས་ལྟ་མཁན་ངོས་བཟུང་། བརྗོད་འདས་ཡིན་གྱི། བསྒོམ་བྱ་བསྒོམ་བྱེད་ལ་བརྟེན་ནས། བསྒོམ་མཁན་ངོས་བཟུང་། བསྒོམ་སྣང་ལ་བརྟེན་ནས་བསྒོམ་པ་མ་མཐོང་གི་དངོས་པོའི་འདུག་ཚུལ་ལྟོས་དང་། བློ་ཡུལ་འདས་ནས་འདུག་གོ། །སྤྱོད་བྱ་ལ་བརྟེན་ནས་སྤྱོད་མཁན་ངོས་བཟུང་དང་བྲལ་ནས་གདའོ། །ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ས་མ་ཡ། གསང་། གསང་། གསང་། རྒྱ་རྒྱ་རྒྱ། ༼༡༥༽ ཡང་དགེ་སློང་བཱཻ་རོ་ཙ་ནས་རྒྱ་ནག་གི་མཁས་པ་ཀུ་སུ་ལུ་ཧེ་ཡོ་གི་གྲོང་ཁྱེར་བ་ལ་གདམས་པ་ཞུས་པས། འཇུག་སྒོ་གསུམ་གྱི་མན་ངག་གསུངས་པ། སྣང་ལུགས། ཤར་ལུགས། ཡིན་ལུགས། སྣང་བ་རང་སྣང་དུ་ཤེས་པས་ཕྱིའི་འཇུག་སྒོ་གཏན་ལ་ཕེབ། ཤར་བ་རང་ཤར་དུ་ཤེས་པས་ནང་གི་འཇུག་སྒོ་གཏན་ལ་ཕེབ། ཡིན་ལུགས་མ་སྐྱེས་སྐྱེ་མེད་དུ་ཤེས་པས་གསང་བའི་འཇུག་སྒོ་གཏན་ལ་ཕེབ་སྟེ། ལུས་རང་རིག་བཙལ་དུ་མེད་པས། ལུས་སེམས་གཉིས་སྦྲེལ་མཁན་མེད་དེ། འགྲོ་ས་སངས་རྒྱས་ལས་མེད་པ་ཡིན། སྣང་བ་རང་སྣང་དུ་ཤེས་པས་རྐྱེན་ལས་བྱུང་བའི་མ་རིག་པ་སངས ། ཤར་བ་རང་ཤར་དུ་ཤེས་པས་རྒྱུ་རང་ལས་བྱུང་བའི་མ་རིགས་པ་སངས། རླུང་རང་རྩལ་དུ་གནོན་པས། གཉིས་ཅན་ལས་བྱུང་བའི་མ་རིག་པ་སངས ། ལུས་སེམས་གཉིས་ཀྱི་འབྲེལ་པ་ཐག་ཆོད་པས། དེས་སྒྲིབ་པ་གསུམ་ལས་གྲོལ་ཏེ། འགྲོ་ས་སངས་རྒྱས་ལས་མེད། ཞེས་དགེ་སློབ་བཱཻ་རོ་ཙ་ན་ལ་གདམས་པའོ། །གསང་རྒྱས། ༼༡༦༽ བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཧེ་སེང་ངུ་ལ་གདམས་པ་ཞུས་པ། སྐྱེ་འགགས་གཉིས་མེད་ཀྱི་མན་ངག་གསུངས་པ། འགགས་པ་མེད་པའི་སྟག་མགོ་དགུ་པ་དེའི་ཕ་རོལ་ཏུ་ལྟོས་ཤིག །སྐྱེ་མེད་དུ་ཐག་ཆོད་ནས་གདའ། དེ་གཉིས་ཀྱི་བར་དུ་ལྟོས་དང་། དེ་ལ་བརྗོད་དུ་གདའ་ཡེང་། བློ་ལས་འདས་པ་ཡིན་ནོ། །འཛིན་མེད། འགགས་མེད། ཁུང་མེད། བརྗོད་འདས་བློ་འདས། ཨ་ཧ་ནི་ལ་ཚག །ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །ཨཐྎ། ༼༡༧༽ ཡང་བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་ཡོ་གི་ནི་རི་ཁྲོད་པ་ལ་གདམས་པ་ཞུས་པ་འདི་སྐད་གསུངས། སངས་རྒྱས་པར་འདོད་ན་རྩོལ་བ་ཞོག །སེམས་བལྟ་བར་འདོད་ན་རང་གི་དབུགས་ལ་ལྟོས། ཡེ་ཤེས་འདོད་ན་དྲན་པ་རྟག་ཏུ་ལྟོས། བདེ་བ་འདོད་ན་དུག་ལྔའི་ངོ་བོ་རྙེད་དམ་ལྟོས། སངས་རྒྱས་པར་འདོད་ན་ཕུང་བ་ཡིན། ཞེས་དགེ་སློང་བཱཻ་རོ་ཙ་ན་ལ་མཁའ་འགྲོ་མས་གདམས་སོ། །ཀྱེ་ཁ་ཐཾ། གསང་ངོ་། །༼༡༨༽ བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་པྲཛྙཱ་གྷིརྟི་ལ་གདམས་པ་ཞུས་པ། འདི་སྐད་གསུངས། གནས་ལུགས་ཤེས་པ། མ་འདྲེས་པར་ཤེས་པ། ཡན་པར་ཤེས་པ། མ་བྱུང་བར་ཤེས་པ། མ་སྐྱེས་པར་ཤེས་པ། དམིགས་མེད་ཤེས་པ། དངོས་མེད་ཤེས་པ། མ་གཡོས་པ་ཤེས་པ། རང་དག་ཤེས་པ། ཤེས་བཅུ་ལྡན་ན་གྲོལ་བར་གདའ་གསུངས། དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །གསང་རྒྱ། ཨཐྎ། ༼༡༩༽ བཱཻ་རོ་ཙ་ནས་རྒྱ་ནག་པོའི་རྣལ་འབྱོར་མ་ལ་ངེས་པའི་དོན་ཅི་ལྟར་ལགས་དྲིས་པས། རི་ཁྲོད་མ་ཆུང་ངུས་འདི་སྐད་གསུངས། མཁའ་ལྟར་དག་པ་རྟོགས་པ་ན། །དགེ་སྡིག་གཉིས་ཀ་ཐ་སྙད་ཙམ། །བདུད་དང་འཁོར་བ་གདོད་ནས་མེད། །སྐྱེ་མེད་ཆོས་ལ་རྩོལ་བ་མེད། །རྣལ་གྲོལ་མེད་དེ་རྣམ་པར་བཅིང་བ་མེད། །བྱང་ཆུབ་སྙིང་པོ་བྱ་བ་གདོད་ནས་མེད། །གང་ཞིག་བྱིས་པས་དེ་ལྟར་མ་རིག་སྟེ། །དོན་མེད་སྒྲ་ཕྱིར་འབྲང་བ་རྣམས། །དགེ་བའི་ཆོས་ནི་རྣམས་སྤང་ནས། །འཁོར་བའི་ཆོས་ལ་ཆགས་ཤིང་འཛིན་པ་ཆེ། །དེ་རྣམས་མཐོང་སྟེ་ངན་འགྲོར་འཁྱམས། །ཅེས་དགེ་སློང་བཱཻ་རོ་ཙ་ན་ལ་གདམས་སོ། །༼༢༠ལྕམ་པ་༽ རྗེ་རྒྱལ་བཱཻ་རོ་ཙ་ན་ལ། རྒྱ་ནག་པོའི་མཁས་པ་རྣམས་དང་། གྲུབ་ཐོབ་རྣམས་དང་། མཁའ་འགྲོ་མ་རྣམས་དང་། རྟོགས་ལྡན་རྣམས་ཀྱིས། གདམས་པའོ། །རྒྱ་རྒྱ་རྒྱ། གསང་། གསང་། གསང་། ཁ་ཐཾ། ཁ་ཐཾ། ཁ་ཐཾ། ས་མ་ཡཱ། ས་མ་ཡཱ། ས་མ་ཡཱ། འདི་ཚེ་ཟད་སྒྲིབ་པ་ཟད་པ་རྣམས་དང་འཕྲད་པར་སྨོན། ཨཐྎ། ཉང་ཆབ་གཙང་ཆབ་འདབ་པའི་རྩ། །པོའུའི་གན་ཇག་བཱཻ་རོ་ཙ་ན་བདག །སྐད་རིགས་མི་འདྲ་སུམ་བརྒྱ་དྲུག་ཅུ་དང་། །ཡིག་རིགས་མི་ཅིག་སུམ་བརྒྱ་དྲུག་ཅུ་ཤེས། །དཀར་ནག་རྒྱ་དང་ཨུ་རྒྱན་ཡུལ། །མཁས་པ་རྣམས་ཀྱི་ཐུགས་མཛོད་བརྡོལ། །འདི་ནི་རྒྱ་ནག་ཡུལ་གྱི་རྒྱལ་ཁམས་ན། །ཧ་ཤང་གར་པ་ལ་སོགས་པ། །རི་བྲག་ཤིང་དྲུང་དུར་ཁྲོད་ནས། །རྣལ་འབྱོར་རྣམས་ཀྱི་ལ་ཟླ་རེ། །བཱཻ་རོ་ཙ་ན་བདག་ལ་གནང་། །སྐལ་ལྡན་མོས་པ་འགའ་བདོག་པས། །འདི་དག་རྟོགས་པར་ཤིན་ཏུ་དཀའ། །རྒྱལ་བའི་ཡིག་འབྲུ་དང་པོ་ལ། །ཀ་ཞིང་ཁ་བར་གསུངས་ནས་གདའ། །ཀ་ཁ་ཅེས་པ་གསུངས་པས་མངོན། །རང་གི་བློ་ཡི་མ་རྟོགས་རྟོགས་ལྡན་རྣམས་ལ་སྒྲོ་སྐུར་འདེབས། །དེས་སྒྲིབ་གོལ་བས་དམྱལ་བར་འགྲོ། །བསྐལ་པ་འབུམ་དུ་མི་ཐར་ཏེ། །ན་རག་ཆེན་པོར་ངེས་པར་ལྟུང་། །དེ་ཕྱིར་རྫོགས་ཆེན་མན་ངག་རྣམས། །ཤིན་ཏུ་གསང་ངོ་ཐུབ་པར་སྦོས། །གཡུ་སྒྲ་སྙིང་པོ་ཁྱོད་ལ་གཏད། །ས་མ་ཡ་ནི་དམ་ཚིག་རྒྱ། །དམ་ཚིག་རྒྱ་ཡི་མནན་ལ་སྦ། །ས་མ་ཡ། ས་མ་ཡ། ས་མ་ཡ། ལས་རབ་སྐལ་བར་ལྡན་པ་མ་རྙེད་ན། །སྲོག་ལ་བབ་ཀྱང་སྦ་བར་བྱ། །ཁ་ཉམས་བྲིད་ཅི་བལྟ། །ཐབས་ཀྱི་དཔེ་ཀུན་ཐོབ་ལ་རེ། །མོས་པས་མི་ཞུ་ཐབས་ཀྱི་འབྲུ། །བླ་མ་སྤྱི་གཙུག་མི་ཁུར་ཕྱག་དང་ཞེ་ས་མེད། །གཅེས་པའི་ནོར་མཆོག་མི་ཕོད་པར། །ཆགས་ཞེན་སེར་སྣས་བཅིངས་པ་ཡི། །ལག་ཏུ་ཐོབ་ན་གཞོག་ངོམ་བྱེད། །ཟོང་དུ་ཚོང་གིན་ཁ་ཚིག་བཤད། །དེ་འདྲའི་ལག་ཏུ་ཤོར་སྲིད་ན། །བདག་གཞན་གཉིས་ཀ་བརླག་པར་འགྱུར། །ཆོས་སྐྱོངས་ལྷ་སྲིན་འཁྲུགས་པར་འགྱུར། །ལོ་ཉེས་སད་སེར་ལ་སོགས་པ། །བསྐལ་པ་ཕྲ་མོ་གློ་བུར་འོང་། །ནད་རིམས་དཔེ་ངན་དར་བར་འོང་། །དེས་ན་ཨ་ཏིག་རྫོགས་ཆེན་མན་ངག་ཤིན་ཏུ་སྦ། །མཐུ་དང་ངན་སྔགས་ཤིན་ཏུ་སྦ། །ངན་ཐབས་གདུག་པའི་ལས་འདི་ཤིན་ཏུ་སྦ། །འདི་རྣམས་ཀུན་ཏུ་འཕེལ་གྱུར་ན། །དམ་ཉམས་རྣམས་ཀྱི་བསྒྲུབ་པ་ཡི། །མ་འགྲུབ་བསྟན་པ་འཇིགས་པར་འགྱུར། །མུ་སྟེགས་ལ་ལོགས་བསྒྲུབ་པ་ཡི། །སྣོད་ངན་ལག་ཏུ་སོང་ན་ནི། །སྨྱོན་པའི་ལག་ཏུ་མཚོན་ཆ་བསྐུར་འདྲ་སྟེ། །བསྟན་པ་འདི་ནི་འཇིགས་པའི་རོག །དེས་ན་མན་ངག་སྦ་བར་བྱ། །གཡུ་སྒྲ་སྙིང་པོ་བུ་གཅེས་རྒྱལ་མོ་ཚ་བའི་རོང་དུ། གཡུ་སྒྲ་སྙིང་པོ་ལ་རྒྱ་ནག་གི་མཁས་པ་རྣམས་ཀྱི་དགོངས་པ་རྗེ་བཱཻ་རོ་ཙ་ནས་ཞུས་པའི་འདྲ་འབགས་འདི་གནང་ངོ་། །གཡུ་སྒྲ་སྙིང་པོས་བོད་ཡུལ་དུ་རྙག་ཛྙཱ་ན་ཀུ་མ་ར་ལ་གདམས་སོ། །དེས་སོགས་པོ་ལྷ་དཔལ་གྱི་ཡེ་ཤེས་ལ་གདམས་སོ། །དེས་གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གནང་ངོ་། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་རྒྱ་ནག་པོའི་མཁས་པ་ཀུ་སུ་ལུ་རྣམས་དང་། དགོངས་པ་བསྡུར་བའི་སྐབས་ཏེ་ཉེར་གཉིས་པའོ།། ༈ །།དེའི་དུས་དེའི་ཚེ་ཁྲི་སྲོང་ལྡེའུ་བཙན་གྲོངས་ནས། རྗེ་བསྡུར་ཁ་བ་ལ། སྲས་མུ་ནེ་བཙད་པོ་ཆུང་བར་ཡོད་ནས། སྲས་མུ་ནེ་བཙད་པོ་དང་། བོད་ཀྱི་དགེ་བའི་བཤེས་གཉེན་རྣམས། རྗེ་ཆོས་ཀྱི་བསྡུར་བ་དགའ། བློན་པོ་རྗེ་བོན་གྱིས་བསྡུར་བ་དགའ་བ་ལས། སྲས་མུ་ནེ་བཙད་པོ་དང་། བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་དབང་ཆེ་སྟེ། རྗེ་བཱཻ་རོ་ཙ་ན་རྒྱ་ནག་པོ་ནས་བྱོན་ནས་རྒྱལ་མོ་ཚ་བ་རོང་ན་བཞུགས་ཟེར་པ་སྲས་མུ་ནི་བཙད་པོ་གསན་ནས། གཉན་སྨྱུག་ཞུ་ཅན་དང་། ཞུ་སྣ་བ་སྦ་བ་ཅན་གཉིས་རྗེ་ཆོས་ཀྱི་བསྡུར་བ་ལ་སློབ་དཔོན་བཱཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་བཞུགས་པ་སྤྱན་འདྲེན་དུ་བཏང་བ་ལ། རྗེ་བཱཻ་རོ་ཙ་ན་ཚ་བའི་རོང་ནས་བོད་དུ་གཤེགས་པར་བྱས་པ་ལ། རྒྱལ་མོ་ཚ་བ་རོང་པ་མ་དགའ་སྟེ། ལྷ་རྗེ་བླ་མ་མཁས་པ་ཆེན་པོ། །བསྒྲེས་ཁ་ས་ཕྱོགས་ངན་པར་གདའ་བས་བོད་ཡུལ་དུ་མི་གཤེགས་པར་ཞུ་བྱས་ཏེ། ཞུ་བ་ཕུལ་བ་ལ། རྗེ་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། འཁོར་འདས་ཆོས་ཉིད་ཀློང་ནས་ཤར་བ་ལ། །ཕྱོགས་དང་རིས་སུ་འཛིན་པ་སྙིང་རེ་རྗེ། །གཟུང་འཛིན་གཉིས་སུ་ལྟ་བ་ཐང་རེ་ཆད། །ང་ནི་གདུལ་བྱའི་སེམས་ཅན་སྨོན་ལམ་བཏབ་ནས་ཡོད་པས་འགྲོ། །ཁྱེད་རྣམས་ཆགས་ཞེན་མེད་པར་གདམས་པའི་སྟེང་ན་ཞོག །ཅེས་གསུངས་སོ། །མཁས་པའི་མཁས་པ་མན་ངག་བཅུ་དང་ལྡན། །དུས་གསུམ་རྒྱལ་བ་ཀུན་གྱི་བླ་ན་གཉེན། །རྗེ་མ་ཧཱ་གྷུ་རུ་རིན་པོ་ཆེ། །བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་ལོ། །རྗེ་བཱཻ་རོ་ཙ་ནའི་ཞལ་ངོ་དངོས་བསྟན་པ་དང་འདྲ་བའི། འདྲ་འབགས་ཆེན་མོ་ཞེས་བྱ་བའི་ལྟ་བའི་རྒྱལ་པོའོ། །ཨེ་མ་ཧོ། དེ་ལ་འབྲུག་གི་ལོ། ཟླ་བ་ནི་ཁྲ་ཡི་ཟླ་བའི་ཉ་ལ། གཉན་སྨྱུག་ཞུ་ཅན་དང་། ཞུ་སྣ་བ་སྦ་བ་ཅན་གཉིས་ཀྱི་བཱཻ་རོ་ཙ་ན་ཚ་བ་རོང་ནས་སྤྱན་དྲངས་ཏེ། དཔལ་དབུས་ཀྱི་བསམ་ཡས་སུ་བྱོན་པས། མི་རྣམས་ཀུན་གྱི་ལ་ལས་ནི་དར་ཕྱར། ལ་ལས་དུང་འབུད། ལ་ལས་ནི་ཆ་ལང་བརྡབ། ལ་ལས་ནི་དྲིལ་བུ་བཀྲོལ། ལ་ལས་ནི་གྷེནྜི་བརྡུངས། ལ་ལས་ནི་བདུག་སྤོས་ཁོལ། ལ་ལས་མེ་ཏོག་འཐོར། ལ་ལས་ནི་གདུགས་ཕུབ། ལ་ལས་ནི་རྒྱལ་མཚན་འཇུག །ལ་ལས་ནི་གར་བྱེད། ལ་ལས་ནི་གླུ་བླངས། ལ་ལས་ནི་ཤོག་རྩོས། ལ་ལས་ནི་དགའ་ཆེས་ངུས། ལ་ལས་ནི་རིན་ཆེན་སྣ་ཚོགས་ཕུལ། རྗེ་མངའ་བདག་གི་རྗེའི་བླ་གཡུ་དཀར་པོ་སེང་གེ་ཉལ་བ་ཕུལ་ལོ། །ཀུན་གྱིས་ལྷ་ཕྱག་གྱང་འགྱེལ་བ་ཙམ་བརྩལ་ལོ། །དེ་ནས་རྗེ་བློན་འབངས་གསུམ་ཁྲོམ་རྣམས་ཀྱིས། ཞབས་གཡས་པའི་པུས་མོ་ལྷ་ང་ས་ལ་བཙུག་སྟེ། རྗེ་མ་ཧཱ་གུ་རུ་ཆེན་པོ་ལགས། སྐུ་ནི་མི་ནུབ་རྒྱལ་མཚན་རིན་པོ་ཆེ། །དཀར་ནག་རྒྱ་དང་ཨུ་རྒྱན་བལ་ཡུལ་མོན་དང་བོད། །གདུག་པའི་སྒྲ་ཡིས་མ་ཚུགས་རྡོ་རྗེ་འདྲ། །བཱཻ་རོ་ཙ་ནའི་སྐུ་ལ་བདག་ཅག་འདུད། །གསུང་ནི་ཚངས་པའི་དབྱངས་ཀྱི་བཀའ་རྒྱུད་ཀྱི། །མན་ངག་གསུམ་ནི་དུས་ཀྱི་སྦྲང་ཆར་ལྟ་བུར་སྒྲོགས། །བཱཻ་རོ་ཙ་ནའི་གསུང་ལ་བདག་ཅག་འདུད། །ཐུགས་ནི་ཉི་མའི་སྙིང་པོ་ལྟ་བུར་གསལ་སྒྲིབ་མེད། །བཱཻ་རོ་ཙ་ནའི་ཐུགས་ལ་བདག་ཅག་འདུད། །ཡོན་ཏན་མ་ལུས་རྫོགས་པ་ཡིས། །ལྷ་རྫས་རིན་ཆེན་ལྟ་བུས་དགོས་འདོད་སྣ་ཚོགས་འབྱུང་། །བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་ཐབས་ཀྱི་སེམས་ཅན་དོན་དུ་མཛད། །བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་ཕྱག་ཕུལ་བས། རྗེ་བཱཻ་རོ་ཙ་ནས་ལན་གསུངས་པ། ཨུ་ཧུ། ལགས། རྗེ་ཡི་བཀའ་སྩལ་བདུད་པས་གཉན། བཱཻ་རོ་ཙ་ན་བདག་ལ་བསྡད་པའི་དབང་མེད་སྟོང་ཁམས་ཁྱབ་པར་འཁྱམ། ན་ཚ་ཤི་ཆད་མི་གདའ་སྙམ་པར་གདའ། དབུ་མཛད་ཞལ་གཡར་མ་མཆིས་བར་དུ་སྐུ་གསུང་ཐུགས་ལ་བསེ་ར་མ་མཆིས་སམ། ཅེས་ལགས་གསུངས། དེ་ནས་བཱཻ་རོ་ཙ་ན་ཚ་བའི་ཡུལ་ནས་བོད་དུ་བྱོན་པའི་ཞབས་ཏོག་ལ་གཡུ་སྒྲ་སྙིང་པོ་བོད་དུ་བྱོན་པས། རྒྱལ་པོ་གྲོངས་པའི་ཤིང་ཁྲ་བོ་བྱེད་པའི་ཁྲོམ་མང་པོ་འཚོགས་པའི་གསེབ་དུ་གྲལ་མེད་ནས། བཱཻ་རོ་ཙ་ན་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྒྱབ་ཏུ་བཞུགས་པས། ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྒྱབ་ནས་ཕར་གཟིགས་པས། བནྡེ་གཉིས་འདུག་ནས། བཱཻ་རོ་ཙ་ནའི་ཞལ་ནས། ཁྲོ་ཆུ་ཙིག་ཙིག་འདུག་ནས། དེར་ཅོག་རོ་ཀླུའི་རྒྱལ་མཚན་གྱི་ཀག་གི་ལོང་ནས་བཱཻ་རོ་ཙ་ན་དང་གཡུ་སྒྲ་ལ་ཕྱག་བྱས་ཏེ། དེར་ཅོག་རོ་ཀླུའི་རྒྱལ་མཚན་གྱི་གདན་ལ། པ་གོར་བཱཻ་རོ་ཙ་ན་ལ་བཞུགས་སུ་བཅོལ་ནས། དེ་ནས་རྗེ་བཱཻ་རོ་ཙ་ནས་དགོངས་པ་མཛད་དེ། གཡུ་སྒྲ་སྙིང་པོའི་ཆོ་ག་མཁན་པོ་མཛད་པས། བོན་པོ་དང་སྔགས་པ་གྲལ་མགོ་མ་འཆམ་པ་ལ། རྗེ་བཱཻ་རོ་ཙ་ནའི་གྲལ་མགོ་བཟུང་པས་ཧཱུཾ་ཞེས་གསུངས་པས། བཱཻ་རོ་ཙ་ནའི་ལུས་པོ་ཁྲོ་ཆུ་དུ་བྱིན་གྱིས་བརླབས་ཏེ་སྤྲུལ་པས། བོན་པོ་རྣམས་བྲེད་དེ་གྲལ་མགོ་ནས་འཐོན་ནོ། །དེར་རྗེ་བསྡུར་བའི་དུས་སུ་གཤེན་པོ་ཁྲི་སྲོང་ལྡེའུ་བཙན་དུ་སྤྲུལ་ནས། ལ་ཐོད་ཡེ་རེ་བྱུང་བས། བོན་པོ་ན་རེ། རྗེ་ཉིད་ཀྱི་བྱིན་བརླབས་ཀྱི་ཁུག་ནས་བྱོན་པ་ཡིན་ཟེར་བ་ལ། བཱཻ་རོ་ཙ་ནའི་ཞལ་ནས་རྗེ་མིན། གཤེན་པོ་རྗེ་རུ་སྤྲུལ་ནས་འོང་བ་ཡིན་བྱས་པས། ཡང་བོན་པོ་ན་རེ། གཤེན་པོ་མིན་རྗེ་ཉིད་ཀྱི་མཐུས་ཁུག་པ་ཡིན་ཟེར་བ་ལ། རྗེ་ཡིན་ནམ་གཤེན་པོ་ཡིན་ངའི་ལྟའོ་གསུངས་ནས། བཱཻ་རོས་མིག་བསྒྲང་ཏེ་བསྡིགས་མཛུབ་ཕྱར་ཏེ། ཧཱུཾ་ཞེས་གསུངས་ཏེ་བོན་པོས་ཁུག་པའི་རྗེ་དེ་གཤེད་པོར་སོང་སྟེ། སྐད་ངན་དང་བཅས་ཏེ་གར་སོང་ཆ་མེད་པར་བྲོས་སོ། །དེར་བོན་པོ་རྣམས་ཀྱང་ངོ་ལོག་སྟེ་འཁྲོས་སོ། །བློན་པོ་རྣམས་ཀྱང་རྗེ་ཆོས་ཀྱི་བསྡུར་བ་ལ་མ་དགའ་སྟེ་དབང་མེད་དོ། །རྗེ་ཁྲི་སྲོང་ལྡེའུ་བཙན་ཡང་ཆོས་ཀྱི་བསྡུར་རོ། །སྔགས་པ་དེ་ནས་གཉེན་པར་བྱས་སོ། །བོན་ཐམས་ཅད་ཀྱིས་སྔགས་པ་སྤྱི་བོར་ཁུར་བར་བྱས་སོ། །དེ་ནས་རྗེ་བཱཻ་རོ་ཙ་ནས་ཆོས་ཐང་དཀར་གྱི་ཡང་ཐོག་ཏུ་བསྒྱུར་རོ། །སྲས་མུ་ནེ་བཙན་པོས། གསེར་སྲང་སུམ་ཅུ་ཐམ་པ་ཕུལ་ནས་རྨད་དུ་བྱུང་བ་བཤད་དོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ན་དགུང་ལོ་བདུན་ཅུ་རྩ་གསུམ་ལ་ཚ་བ་རོང་ནས་བོད་དུ་བྱོན་པའི་སྐབས་ཏེ་ཉི་ཤུ་རྩ་གསུམ་པའོ།། ༈ །།དེ་ནས་ཀུན་གྱིས་བཟའ་སྐྱེམས་མང་པོ་དྲངས་ནས་བདག་ཅག་འཁོར་རྣམས་དམ་པའི་ཆོས་ལ་ཅི་ལྟར་འཇུག་པར་བགྱི། ཆོས་ལ་ཅི་ལྟར་སྤྱད་ནས་ལེགས་པ་ལགས། ཅེས་ཞུས་པས། བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། ཐོས་བསམ་མང་པོ་བྱས་ནས་སློབ་མ་འདུ། །དམ་ཚིག་མ་ཉམས་པར་སྲུང་ན་དམ་ཅན་འདུ། དམ་ཅན་འདུ་ན་བྱིན་བརླབས་ཆེ་སྟེ་ལོངས་སྤྱོད་འདུ། མི་ཆོས་མཁས་ན་མི་ཁ་བྱམས་ཏེ་འཁོར་དང་ལོངས་སྤྱོད་འདུ། ཆོས་པ་བྱེད་ན་ཁ་ན་མ་ཐོ་བ་མ་གསུངས་མཛོད། ཁ་གཏམ་སྨྲས་པས་གཞན་གྱི་སྙིང་ལ་ཕོག་པས་ཁ་སོང་སྙིང་སོང་དུ་མ་སྨྲ་མཛོད། སྤྱིར་ཡང་ཁ་ནི་བདུད་ཀྱི་སྒོ་མོ་ལགས་ཀྱི་སྨྲ་བ་མ་མང་མཛོད། ད་ནི་ཆ་ཡོད་དམ་ལྔ་ཡོད་དེ། སོས་ཀོས་བྱེད་བྱེད་འཆི་ཀོས་བརྗེད་པ་ཆ་ཡོད་དམ། རང་སེམས་མ་རྟོགས་པ་ལ་བྱས་ཚད་རྣམ་སྨིན་སོགས་པ་ཆ་ཡོད་དམ། ཆོས་ཉིད་མ་རྟོགས་པར་བརྗོད་ཚད་འཁྲུལ་གཏམ་ཡིན་པ་ཆ་ཡོད་དམ། མི་གྲོས་བྱེད་བྱེད་ནས་རང་ཚེ་ཟད་པ་ཆ་ཡོད་དམ། ཚོགས་སོགས་བྱེད་ཟེར་ནས་མེད་པ་ལ་ཕྲལ་ནས་མི་དགོས་པ་ལ་འབུལ་བ་ཆ་ཡོད་དམ། ད་མི་འཚེང་པ་བཞི་ཡོད་དེ། ཚོགས་བསགས་པའི་མིས་སླང་ཡང་མི་སྟེར་བའི་དགེ་རྩ་དེས་ཀྱང་མ་འཚེངས་སོ། །ཡང་དགེ་རྩ་བྱེད་ཟེར་ནས་མི་བླ་འདྲེས་ཁྱེར་ནས་མི་ཤ་ཕྱུགས་ལ་ལེན་པའི་དགེ་རྩ་དེས་ཀྱང་མ་འཚེངས་སོ། །དད་པ་ཅན་ཡིན་ཟེར་ནས་འཆི་བ་མི་དྲན་པའི་ཆོས་ཉན་དེས་ཀྱང་མ་འཚེངས་སོ། །ཆོས་པ་ཡིན་ཟེར་ནས་གོས་རིང་པོ་གོན་ནས་ལྟོ་བཟའ་ཡང་མི་ཁོམ་པར་རྒྱུག་འདྲམ་བྱེད་པའི་ཆོས་པ་དེས་ཀྱང་མ་འཚེངས་སོ། །ད་ནི་རྩིང་པོ་བཞི་ཡོད་དོ། །ངག་གི་སྤྱོད་ལམ་རྩིང་ནས་དོན་མེད་པར་དགྲ་སྡང་། ལུས་ཀྱི་སྤྱོད་ལམ་རྩིང་ནས་དོན་མེད་པའི་ན་ཚ་འོང་། སེམས་ཀྱི་སྤྱོད་ལམ་རྩིང་ནས་དོན་མེད་པའི་སྡུག་བསྔལ་བྱེད། ཟ་འཐུང་གི་སྤྱོད་ལམ་རྩིང་ནས་དོན་མེད་པའི་འཐབ་མོ་འོང་། ད་ནི་རྒོད་བྲོ་བ་བཞི་ཡོད་དེ། རྒྱུད་ངན་འགྲོགས་ཟླ་མ་རྙེད་པའི་ཅིག་གཏམ་སྤྲང་པོ་དེ་ཡང་རྒོད་རེ་བྲོ། གྲོད་པོ་ཆེའི་ལྟོག་མེད་དེ་ཡང་རྒོད་རེ་བྲོ། མ་ཐུབ་པའི་བཟོད་པ་བསྒོམ་པ་དེ་ཡང་རྒོད་རེ་བྲོ། མ་རྙེད་པའི་ཆགས་མེད་དེ་ཡང་རྒོད་རེ་བྲོ། ད་ནི་རུང་བ་བཞི་ཡོད་དོ། །གནམ་སྟོང་སྲུང་བ་བས་སྟོང་ཉིད་སྲུང་ན་རུང་། བཅོ་ལྔ་བསྲུངས་བ་བས་དུག་ལྔ་སྲུང་ན་རུང་། ཚེས་བརྒྱ་བསྲུང་བ་བས་དྲག་པའི་ཆོས་བརྒྱད་བསྲུང་ན་རུང་། སྤྱིར་སྡོམ་པ་སྲུང་བ་བས་སྡིག་བཅུ་བསྲུང་ན་རུང་། དེ་ལ་ཀྲིལ་གྱི་སློབ་མ་བཞི་ཡོད་དེ། སྦྱིན་པའི་ལམ་དུ་ཞུགས་ཙམ་ན། སེར་སྣའི་མདུད་པ་ཀྲིལ་གྱིས་སློབ། བཟོད་པའི་ལམ་དུ་ཞུག་ཙམ་ན། ཁང་ཁྲོ་ཅིག་གི་ཀྲིལ་གྱི་སློབ། བརྩོན་འགྲུས་ལམ་དུ་ཞུགས་ཙམ་ན། ལེ་ལོ་ཅིག་གི་ཀྲིལ་གྱི་སློབ། ཀྱཻ། དགུང་དང་ཉི་ཟླ་གླིང་བཞི་བསྐོར་བ་བས། །འོ་སྐོལ་ཚེ་ཟད་མགྱོགས་པར་གདའ། །རྒྱ་མཚོར་ཕ་ཝོང་བསྐྱུར་བ་བས། །འོ་སྐོལ་ཚེ་ཟད་མགྱོགས་པར་གདའ། །སྐྱེས་པའི་དཔག་ཆེན་མདའ་བས་ནི། །འོ་སྐོལ་ཚེ་ཟད་མགྱོགས་པ་གདའ། །མི་ཚེ་མི་སྡོད་འགྲོ་ཡིན་གདའ། །འོ་སྐོལ་འཆི་བ་མི་དྲན་སྟོར་ཤིང་གདའ། །ལུས་ཀྱི་སྡུག་བསྔལ་ཆུ་ཆད་ཉ་དང་འདྲ་སྟེ་ཡ་རེ་ཆ། །ངག་གི་སྡུག་བསྔལ་རྔ་མང་གི་བུ་སྟོར་བ་འདྲ་སྟེ་ཡ་རེ་ཆ། །སེམས་ཀྱི་སྡུག་བསྔལ་མགྲོན་པོ་བསྒུག་རར་ཚུད་པ་འདྲ་སྟེ་ཡ་རེ་ཆ། །ང་བདག་སྡུག་བསྔལ་གྱི་རི་དྭགས་རྒྱ་ལ་ཚུད་པ་དང་འདྲ་སྟེ་ཡ་རེ་ཆ། །མི་ལུས་ཅིག་གི་སྡུག་བསྔལ་འདི་འདྲ་ན། །བསྐལ་པ་གྲངས་མེད་ངན་སོང་གསུམ་གྱི་སྡུག་བསྔལ་ཅི་ལྟར་བྱེད། །ད་ལྟར་ལོ་ཟླ་ཞག་གྲངས་ཅིག་གི་སྡུག་བསྔལ་མི་ཚུག་ན། །བསྐལ་པར་བགྲང་བའི་སྡུག་བསྔལ་བཟོད་ལགས་སམ། །ཀྱཻ། གསོན་དང་སེམས་ལ་དལ་བ་ཐོབ་ན་ལེགས། །རྟོགས་ཚད་ཁང་དུ་ཤར་ན་ནམ་ཀྱང་ལེགས། །ལུས་སེམས་བསྐྱེད་པའི་ཕ་མ་ཁུར་ན་ལེགས། །རྡོ་རྗེ་སློབ་དཔོན་ཁུར་ན་ནམ་ཀྱང་ལེགས། །དམ་པའི་ཆོས་སྒོར་ཞུགས་ན་ནམ་ཀྱང་ལེགས། །བཀའ་རྒྱུད་མན་ངག་རྙེད་ན་ནམ་ཀྱང་ལེགས། །སྤྱིར་ཡང་དམ་པའི་ལྷ་ཆོས་སྤྱོད་ན་ལེགས། །བུ་ཚ་ཆུང་ནས་ཡིག་རྩིས་བསླབ་ན་ལེགས། །རྟག་ཏུ་ཐོས་བསམ་བྱས་ན་ལེགས། །ཐོས་པ་སེམས་ཐོག་ཕེབ་ན་ལེགས། །རྟག་ཏུ་འཆི་བ་དྲན་ན་ལེགས། །ཟས་ནོར་ཞན་པ་ཆུང་ན་ལེགས། །འདུ་འཛི་ལ་ཆགས་པ་མ་ཆེ་མཛོད། །ཆགས་པ་ཆེ་ན་སྣ་ལ་འདྲེ་རུ་སྐྱེ། །དེས་ནས་ན་རག་གནས་སུ་ལྟུང་། །ན་རག་གནས་སུ་ལྟུང་ཙ་ན། །ཐར་པ་མེད་པ་བཀའ་རྒྱུད་ཀུན་ལ་གཟིགས། །ཞེ་སྡང་ཆེ་ལ་ཁྲག་དང་ཤ་ལ་དད་ན་ན་རག་གནས་སུ་སྐྱེས། །འདོད་ཆགས་ཆེ་ན་མ་བྱིན་རྐུ་འཕྲོག་བྱས་ན་ཡི་དྭགས་གནས་སུ་སྐྱེ། །ཆོས་ལ་མི་དད་ལན་མོ་ཟླ། །བྱོལ་སོང་སྤེལ་ཞིང་བཀོལ་སྤྱོད་ཉོ་ཚང་བྱས་པས་བྱོལ་སོང་གནས་སུ་སྐྱེ། །མི་དགེ་བཅུ་ལ་སྤྱོད་ཅིང་ལས་སུ་སྡིག་པ་སྤྱོད། །དེ་ཡི་ལན་དུ་དགེ་བ་སྤྱོད་པ་བསྟན། །དེ་ནི་མི་ཡི་གནས་སུ་སྐྱེ། །དགེ་བཅུ་སྤྱོད་ཅིང་ཉ་སྟོང་དུས་བརྒྱད་བསྲུངས། །བློ་ལ་གཟུང་འཛིན་ཞེན་ཆགས་ཆེ། །འདི་ནི་ས་བདག་གནས་སུ་སྐྱེ། །དགེ་བཅུ་སྤྱོད་ཅིང་སྡོམ་པ་བསྲུངས། །རིགས་གསུམ་བསྒྲུབ་ཅིང་ཞེན་ཆགས་ཆེ། །སྔགས་དང་ཏིང་འཛིན་དམ་པར་བྱེད། །འདི་ནི་ས་བདག་གཉེར་དུ་སྐྱེ། །དགེ་བཅུ་སྤྱོད་ཅིང་མི་དགེ་སྤངས། །རིགས་གསུམ་རྗེ་དང་འབངས་ཀྱི་ཚུལ། །གཙང་བའི་མཆོད་པས་ཕྱི་ལ་མཆོད། །གཟུང་འཛིན་ཞེན་པ་མ་ཁྲོལ་བས། །འདི་ནི་ཀླུ་ཡི་རིགས་སུ་སྐྱེ། །ལྟ་བ་བདག་མེད་ཏིང་འཛིན་བསྒོམ། །སྤྱོད་པ་མས་འཛེག་ཀུན་ནས་འཛེག །ཡི་དམ་ལྷ་ལ་དམ་པར་འཛིན། །འདི་ནི་ཀླུ་ཆེན་རིགས་ལྔར་སྐྱེ། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་པས། །ལྟ་བ་ཐབས་དང་ཤེས་རབ་སྦྱོར། །ལོངས་སྤྱོད་རྫོགས་སྐུ་ཐོབ་འདོད་པས། །མ་ཧཱ་ཡོ་གའི་བསྒོམ་བསྒྲུབ་འདི། །མཐུ་སྟོབས་རྫུལ་འཕྲུལ་ལྡན་པ་ཡི། །ལྷ་མིན་གནས་སུ་ངེས་པར་སྐྱེ། །ཕ་རོལ་ཕྱིན་བཅུ་སྟོང་ཉིད་བསྒོམ་པ་དང་། །རབ་ཏུ་མ་དམིགས་དབུ་མ་ལ། །གསལ་ལ་ཞེན་མེད་བསྒོམ་པ་ཨ་མ་ན་སེ་བ། །དྲན་དང་དྲན་མེད་བློ་འདས་ཆེན་པོ་བསྒོམ་པའི་ཕྱག་རྒྱ་བ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་པའི། །ཨ་ནུའི་ཐེག་པ་ཡིས། དབྱེར་མེད་བདེ་བ་ཆེན་པོ་བསྒོམ། །འདི་རྣམས་མཐའ་བྲལ་ཡན་ཆད་ནས། །སྐྱེ་མཆེད་མུ་བཞི་མན་ཆད་སྐྱེ། །རང་སེམས་སྐྱེ་མེད་ཕྱོགས་སུ་མེད་པར་རྟོགས་པ་ནི། །དེ་ནི་རྩོལ་མེད་ཆེན་པོ་ཀུན་ཏུ་བཟང་། །ཅེས་གསུངས་པས་ཁྲོམ་ཐམས་ཅད་ཡིད་ཆེས་སོ། །རྗེ་བཱཻ་རོ་ཙ་ན། རྗེ་མངའ་བདག་གི་ཐང་ཁང་གི་ཡང་ཐོག་ཏུ་སྤྱན་དྲངས་ནས། གདན་འཕར་བ་དགུ་བརྩེགས་ནི་བཏིང་། སྟེང་ནས་བླ་རེ་དང་། གདུགས་ཕུབ། བཟའ་སྐྱེམས་མང་པོ་ནི་དྲངས། རྗེ་བློན་མང་པོས་ལྷ་ཕྱག་གྱང་འགྱེལ་བ་ཙམ་དུ་བྱས་ཏེ། ཆོས་ཞུ་བ་འཚལ་བ་ལས། རྗེ་བཱཻ་རོ་ཙ་ནའི་ཞལ་ན་འདི་སྐད་གསུངས། ལྟ་སྤྱོད་ཀུན་རིག་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བྱ་བྲལ་དྲི་མེད་ནམ་མཁའ་ལྟ་བུའི་དོན་རྟོགས་ཀྱང་། །མཛད་སྤྱོད་འདི་ལྟར་བྱས་ན་ལེགས་པར་འཁུམས། །ཀྱཻ། དོན་རྟོགས་རྣལ་འབྱོར་ཀུན་ཀྱང་དགོངས་མཛོད་དང་། །ཡང་དག་ངེས་པའི་དོན་སྟོན་བླ་མ་སྤྱི་བོར་ཁུར། །དེས་བསྟན་མན་ངག་སྙིང་ལ་རྟག་ཏུ་འཆང་། །རྣལ་འབྱོར་རྟ་ཁམས་མ་ཆུང་སྤྱོད་པ་ཁམས་མ་ཆེ། །རྒྱལ་བའི་དགོངས་པ་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན། །དགེ་སྦྱོར་ཚོགས་ལམ་མི་དགག་དྲངས་དོན་ཀུན་དང་བསྟུན། །རྟོགས་པ་ཤུགས་ལས་འཆར་གྱིས་གཏོང་ཕོད་སྙིང་རྗེ་བསྐྱེད། །ཐེག་དགུ་རང་སར་བདེན་གྱི་ཐེག་པའི་ཁ་མ་འཛིན། །དོན་དམ་ལྟ་ཕུག་ཅིག་གིས་ཆོས་སྡེ་ཕྱོགས་རིས་སྐྱུང་། །རང་རྒྱུད་ཐོས་པས་གྲོལ་གྱི་ཐོབ་པས་ངམ་མ་སྐྱེན། །མི་འཐད་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག །བདེན་ཅིང་དོན་དང་མཐུན་ན་ལེགས་བཤད་བྱིས་པའི་ཆོས་ཀྱང་ལོངས། །ཡིད་ཆོས་གདིང་ཆེན་རང་ལ་ཡོད་ཀྱང་ཀུན་ལ་དྲི་ཚུལ་སྟོན། །རང་ཉམས་རྨུ་ཅོར་མ་སྨྲ་ཤིན་ཏུ་གསང་། །བདག་གི་གཞན་སྐྱོན་མ་རྟོགས་རང་སྐྱོན་རྟོགས་ལ་ཐོང་། །སེམས་ཅན་མོས་པ་ཐ་དད་ཡིད་ཀྱི་གང་ལ་ཡང་བསྐུར་མ་བཏབ། །མཁས་པ་ཕུལ་དུ་ཕྱིན་ཡང་ང་རྒྱལ་དྲེགས་པ་སྐྱུངས། །རང་ཆེ་མཐོང་བར་འདོད་ན་གཞན་སྐྱོན་ཟུར་ཟ་སྤངས། །དོན་མེད་ཉོན་མོངས་སྐྱེ་ཡི་ཐེ་ཚོམ་རྩོད་པ་ཤོལ། །ལྷ་ཆོས་བཤད་པར་འདོད་ན་བདག་རང་ཆོས་བཞིན་མཛོད། །བཤད་པས་གང་ཟག་མི་ཐུལ་རང་ལ་ནང་དུ་ཤོད། །ངེས་ཤེས་ནང་དུ་སྐྱེ་ཡི་རྣལ་འབྱོར་རྒྱུད་ལ་བཅོལ། །ལེགས་ཉེས་ཚེ་འདིར་ཡང་གི་དམ་ཚིག་ཤིན་ཏུ་འཛེམ། །རྩེ་ཅིག་བསྒོམ་པར་འདོད་ན་ཅིག་པུར་དབེན་སར་སྡོད། །རྟོགས་ན་གར་ཡང་བདེ་ཡི་མཆེད་གྲོགས་གར་བདེ་གྱིས། །ཆོས་དང་རྒྱབ་བསྣོལ་འགྲོ་ཡི་མི་ཆོས་བྱ་བ་མཐོང་། །ཁྲོ་གཏུམ་ཁ་སྨྲ་མ་འཇུག་ཅིག་པུར་གར་དགར་སྡོད། །ཆགས་སྡང་ངང་གི་ཆུང་གི་རང་ཡུལ་བོར་ཡིན་ཐོང་། །ཆགས་སྡང་གཟུང་འཛིན་ཆུང་ན་གང་ན་བསྡད་ཀྱང་བདེ། །ཆོས་པའི་འགལ་རྐྱེན་ལགས་ཀྱི་འདུ་འཛི་གཡེང་བ་སྤངས། །གང་ཡང་ཆོས་སྐུ་ཤེས་ན་ཅིར་ཡང་སྤང་རྒྱུ་མེད། །ཆོས་གཞན་སྤྱད་པས་འཚོའི་རྣལ་འབྱོར་ལོག་འཚོ་མ་ཚོལ་ཅིག །ལྟ་དགོངས་ཁ་རུ་མ་འདོན་སྨྲས་ན་ཀུན་དང་འགལ་བའི་རྒྱུ། །སྤྱོད་པ་བཅོས་མ་མི་བྱ་བྱས་ན་བསྐུར་པའི་གཞི། །ཆེ་བཞེད་ང་རྒྱལ་བྱས་ནས་རྣལ་འབྱོར་རང་ཁ་སྦུབ། །མཁས་བཞེད་རྩོད་པ་བྱས་ན་དོན་མེད་ཉོན་མོངས་སྐྱེ། །ཟོལ་ཟོག་མི་ལ་བྱས་ན་རྣམ་སྨིན་སྔུན་སྡོད་རང་ལ་འོང་། །གཡོ་སྒྱུ་སེམས་ལ་བྱས་ན་ཡི་དམ་མཁའ་འགྲོས་ཁྲེལ། །ཚིག་མཁས་དོན་ལ་མེད་ན་རྣལ་འབྱོར་གྲོགས་ཀྱིས་ཁྲེལ། །མ་རྟོགས་རྟོགས་ཚུལ་བྱས་ན་རང་རྫུན་རང་ལ་བྱས། །མི་ཤེས་ཤེས་ཚོད་བྱས་ན་སྟོན་པ་མཁས་པའི་ཚོགས་ན་ཁྲེལ། །རྣལ་འབྱོར་འདོད་གདུང་ཆེ་ན་རང་ལྐོགས་གྲོགས་ཀྱིས་ཁྲེལ། །སྙན་གྲགས་བསོད་ནམས་ཆེ་ན་རྣལ་འབྱོར་བདུད་ཀྱི་བསླུ། །གཟུང་འཛིན་ཞེན་ཆགས་ཆེ་ན་རྟག་ཏུ་འཁོར་བར་འཁྱམ། །ཆོས་རྣམས་རྩ་བ་ལགས་ཀྱི་རང་སེམས་གཏན་ལ་ཕོབ། །རྣམ་རྟོག་རྩ་བ་ལགས་ཀྱི་ང་བདག་ཆུང་ངུ་མཛོད། །འཁོར་བའི་རྩ་བ་ལགས་ཀྱི་གཟུང་འཛིན་ཞེན་ཆག་སྐྱུར། །མྱང་འདས་རྩ་བ་ལགས་ཀྱི་རང་སེམས་གཏན་ལ་ཕོབ། །ཆོས་ཉིད་གཞན་ནས་མ་ཚོལ་རྣམ་རྟོག་ཉིད་ལ་ལྟོས། །རྣམ་རྟོག་ཆོས་ཉིད་མཐོང་རྒྱུ་མེད་ན་དེ་ཀ་ཡིན། །དཔེ་ན་བདེ་བ་དང་དུ་མ་ལན་སྡུག་བསྔལ་སྤང་དུ་མེད། །སྡུག་བསྔལ་སེམས་སུ་བདེ་བ་བརྩལ་དུ་མེད། །ཚིག་གི་རྩ་བ་མ་བཅད་དོན་གྱི་རྩ་བ་ཆོད། །ཚིག་གི་རྩ་བ་བརྩད་ན་ནམ་མཁའ་མཐའ་དང་མཉམས། །དོན་གྱི་རྩ་བ་བཅད་ན་ཚིག་མཐའ་དེ་ལས་མེད། །ཆོས་ཀྱི་རྩ་བ་མ་བཅད་སེམས་ཀྱི་རྩ་བ་ཆོད། །སེམས་ཀྱི་རྩ་བ་ཆོད་ན་ཆོས་ཉིད་རྩ་བ་ཡིན། །སངས་རྒྱས་མེད་ཀྱི་མ་ཚོལ་སེམས་ཀྱི་རྩ་བ་ཚོལ། །སེམས་ཀྱི་རྩ་བ་མ་རྙེད་སངས་རྒྱས་རྙེད། །སེམས་ཀྱི་གཞི་རྩ་ཤེས་ནས་སངས་རྒྱས་ཡིན། །འཁོར་བའི་རྩ་བ་ཆོས་ཀྱི་སྐུ་རུ་བཞུགས། །མཚོན་པའི་ཐབས་མཆོག་བླ་མ་མཁས་པ་བརྟེན། །མན་ངག་ཐ་རམ་ལྡེ་མིག་འདྲ་བ་བླ་མ་དེ་ལ་ཞུས། །ཡིན་ནམ་མིན་པའི་རྟོགས་དཔྱོད་སེམས་ལ་ཐང་། །ཐེ་ཚོམ་ཟ་ན་བཀའ་རྒྱུད་མན་ངག་ལྟོས། །ཡིད་ཆེས་ཐག་ཆོད་བྱུང་ན་འབྲས་བུ་ཐོབ་ཆེས་བྱ། །ཚེ་ལ་ངེས་པ་མེད་པས་ཡིད་ཆེས་གདེང་ལྡན་མཛོད། །རྟོགས་ན་བྱ་བརྩལ་མེད་ཀྱི་གང་དགའ་སྟབས་བདེར་མཛོད། །ཀྱཻ། གསོན་དང་རྟོགས་པར་འཚལ་བའི་གང་ཟག་རྣམས། །རིང་པར་མཛོད་ལ་དལ་བར་སྡོད། །མང་དུ་ཉོན་ལ་ཉུང་ངུ་དྲིལ། །འབྱེད་པར་ཕྱེས་ལ་འདྲེས་པར་སྲེས། །རྩིང་པོར་གོ་ཡང་ཞིབ་མོར་སྤྱོད། །ཡང་སར་མཐོང་ཡང་དགོས་པར་སྲུངས། །མཉམ་པར་རྟོགས་ཀྱང་སྡིག་པ་འཛེམ། །གཉིད་དང་འདོད་ཆགས་ཤ་ཆང་རྣམས། །འདི་ལ་བག་ཙམ་རྩིས་ཐང་ཆུང་ན་བཟང་། །ཡུལ་ངན་གྲོགས་ངན་སློབ་དཔོན་ངན། །འདི་གསུམ་ཆོས་ཀྱི་གེགས་རྐྱེན་ལགས། །སྤངས་དུ་འདོད་ན་ཐབས་ཀྱི་སྤངས། །སྙན་གྲགས་བསོད་ནམས་འཁོར་གཡོག་རྣམས། །འདི་ཡང་བདུད་ཀྱི་ཞགས་པ་ལགས། །ཐབས་ཀྱི་བདེ་བའི་ས་རུ་བྲོས། །རང་ཡུལ་གཉེན་དང་ནོར་རྫས་གསུམ། །མི་ནག་སྐྱོ་བའི་སྨན་ཡིན་ཏེ། །ཆོས་པ་རྣམས་ཀྱི་དུག་ཡིན་པས། །འདི་ལ་ཧ་ཅང་ཞེན་མ་ཆེ། །ཆོས་རྣམས་ཀུན་དང་མཐུན་པར་མཛད་པ་རྣམས། །ཁྲོ་གཏུམ་ཕྱི་ཡི་དགྲ་རྐུན་ཆམ། །གཡོ་ཟོག་ནང་གི་ཁང་སྐྲན་ཐོན། །སྡུག་བསྔལ་རྐྱེན་ལ་བསྲན་མ་ཆུང་། །འཁོར་བའི་གནས་སུ་ངང་མ་རིང་། །མི་ཆོས་ནང་དུ་རང་ཕམ་ལོང་། །མི་ཡི་ནོར་ལ་ཁ་མ་ཆེ། །བཞུ་རྒྱུ་མེད་པའི་ཟས་ནོར་དུག་དང་འདྲ། །ཆོས་ཁྲལ་ནང་དུ་ཟོག་མ་འཇུག །མཆེད་གྲོགས་ནང་དུ་སྤྱང་མ་འཚང་། །ཉོན་མོངས་གཏམ་ལ་ཟུར་མ་རྣོ། །རྒྱལ་བའི་བཀའ་ལ་འཛིན་མ་ཆུང་། །འཁྲུལ་པའི་ཆོས་ལ་བློ་མ་གསལ། །རང་དོན་ཆོས་ལ་གལ་མ་ཆུང་། །འཇིག་རྟེན་ཆོས་ལ་གལ་མ་ཆེ། །འཁྲུལ་པའི་ཆོས་ལ་ཞེན་མ་ཆེ། །སྐྱེ་ཤི་གཉིས་ལ་རིང་པར་བྲོས། །བཱཻ་རོ་ཙ་ན་ངའི་གྲོས་ལ་མ་ཉན་ན། །ངན་སོང་གསུམ་དུ་གདོན་མི་ཟ། །ལྷ་ཆོས་མཛད་པ་མང་ལགས་ཏེ། །སྐྱེ་ཤིས་འཇིགས་པ་ཉུང་བར་གདའ། །དད་པ་གཏིང་ནས་མ་སྐྱེས་ཤིང་། །ངན་སོང་གསུམ་གྱིས་མི་འཇིགས་ཅིང་། །སྐྱེ་ཤི་གཉིས་ལ་ཉམས་མི་ང་། །བསླབ་ཚུལ་སྟོན་ཀྱང་བསོད་ནམས་འདོད། །བསྒྲུབ་པར་རེམ་ཡང་རྐྱེན་བཟློག་བརྩམས། །དགེ་སྦྱོར་རེམ་ཡང་ཁ་དྲག་བརྩམས། །ཆོས་བཤད་མཁས་ཀྱང་ཁ་ཚིག་ཡིན། །ཆོས་གོས་བཞག་ནས་བསྒོམ་ཐགས་བཅུག་པ་ཚུལ་ཆོས་ཡིན། །ཆོས་པ་རྣམས་ལ་དད་པ་གཅེས་པ་ཡིན། །བདུད་ཀྱིས་བསླུས་པའི་ཆོས་པ་ཁ་ཅིག་གི། །སྙན་གྲགས་བསོད་ནམས་ཆེན་པོ་འདོད། །མི་ནག་འགོང་པོ་བསྡུས་ནས་ནི། །ལུས་ངག་ཆོས་སྤྱོད་འབད་ནས་སྤྱད། །ཁོག་པ་གཡོ་སྒྱུ་ཟོག་གི་བཀང་། །དུག་ལྔ་ཉོན་མོངས་མི་ནག་བས་ཀྱང་ཆེ། །དེ་འདྲའི་གང་ཟག་ཆོས་པ་ཅི་ལ་ཚུད། །སྐལ་ལྡན་ལས་འཕྲོ་སད་པའི་སྐྱེས་བུ་དག །ཀུན་ལ་འཕགས་པའི་རྟོགས་པ་ཁྱད་པར་ཅན། །ཀུན་དང་མཐུན་པའི་སྤྱོད་པ་བྱེད། །ཕྱི་ནང་ཕྱོགས་རིས་མེད་པར་ཞེན་པ་ཆུང་། །ནང་ན་དམ་ཆོས་འདུ་འབྲལ་མེད། །ཐད་ཀར་འཁྲི་བ་རྣམ་རྟོག་ཆོད། །དམ་ཚིག་ཕྱི་ནང་མེད་པར་སྲུང་། །སེམས་ཅན་ལུས་ལ་རྒྱལ་བའི་ཐུགས། །དེ་འདྲའི་སྐྱེས་བུ་ཤིན་ཏུ་དཀོན། །ལྟ་བ་མཐའ་ཕྱིན་ཞེ་བློ་བདེ། །བསྒོམ་པ་བརྟན་པ་ཁང་བློ་བདེ། །སྤྱོད་པ་ཡངས་པས་གར་ཡང་བདེ། །འབྲས་བུ་མཐར་ཕྱིན་ཤི་ཡང་བདེ། །དེ་འདྲའི་སྐྱེས་བུ་དམ་པ་ཤིན་ཏུ་དཀོན། །དེ་ལྟར་མཛོད་ཅིག་རྗེ་བློན་རྣམས། །བདག་འདྲ་འཁྱམ་པོ་བཱཻ་རོ་ཙ་ན་ཡིན། །མཆེད་ལྕམ་ཆོས་ངོ་མ་ཤེས་པ་རྣམས་ལ། །ཞལ་ཆེམས་མདོ་ཙམ་སྨྲས་པ་ལགས། །ཕྱི་རབས་རྣལ་འབྱོར་ཀུན་ཀྱང་ནི། །དེ་ལ་གསོན་ཅིག་ཐུགས་ལ་ཞོག །ཅེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་རྗེ་བློན་རྣམས་ལ་ཞལ་ཆེམས་བཞག་པའི་སྐབས་ཏེ་ཉེར་བཞི་པའོ།། ༈ །།དེ་ནས་རྙག་ཛྙཱ་ན་ཀུ་མ་ར་དང་། མཆིམས་ཤཀྱ་པྲ་བྷ་ཝ་དང་། རུ་སྐྱོང་དར་མ་ར་ཙ་དང་། གྲུ་གུ་ཨེ་པེ་ཤ་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། དེ་རྣམས་ཀྱི་ཁ་གཡུ་ཁ་གསེར་དེང་བཅས། ལགས་པས་དར་ཟབ་ཐེགས་ཚད་ཕྱག་ཏུ་ཕུལ་ནས། དབུ་རྩེ་ཡང་ཐོག་ཏུ་ཆོས་འདི་རྣམས་ཞུས་སོ། །རྫོགས་པ་ཆེན་པོ་རྒྱུད་ལ་ཐ་མའི་ཀློང་དགུ་བལ་པོ་ཉི་ཁྲི་ལས་བསྡུས་པ་ལས། རྒྱུད་ཀྱི་དབྱེ་བ་ལྔ་ནི། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་རྒྱུད་དང་གཅིག །ནམ་མཁའ་ཆེ་རྒྱས་པའི་རྒྱུད་དང་གཉིས། རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་སྡེ་དང་གསུམ། ཁུ་བྱུང་ཀུན་བཟང་རིག་པ་ཀློང་གི་རྒྱུད་སྡེ་དང་བཞི། བྱང་སེམས་ནམ་མཁའ་དང་མཉམ་པའི་རྒྱུད་སྡེ་དང་ལྔ་ལས། རྨད་འབྱུང་རང་ལ་རྩ་བའི་རྒྱུད་སྡེ་ལེའུ་ལྔ་པ། བཤད་པའི་རྒྱུད་ལེའུ་བཅུ་གཅིག་པ་དང་གཉིས། ཉི་ཤུ་རྩ་ལྔ་པ་དང་གསུམ། བཅུ་བཞི་པ་དང་བཞིའོ། །ནམ་མཁའ་ཆེ་རང་ལ་ཡང་ནམ་མཁའ་ཆེ་རྒྱས་པའི་རྒྱུད་དང་གཅིག །ནམ་མཁའ་ཆེ་རྒྱས་པ་གསང་བའི་རྒྱུད་དང་གཉིས། ནམ་མཁའ་ཆེ་ནག་པོ་ཁ་གདངས་པའི་རྒྱུད་དང་གསུམ། ནམ་མཁའ་ཆེ་སྐྱེ་བ་མེད་པའི་རྒྱུད་དང་བཞི། ཡི་གེ་མེད་པའི་རྒྱུད་དང་ལྔ། གདམས་ངག་དང་བཅས་ནས་བཤད་དོ། །ཡང་རྡོ་རྗེ་སེམས་དཔའ་མཁའ་མཉམ་ཀློང་གི་རྒྱུད་སྡེ་ལས། ནམ་མཁའ་དྲི་མ་མེད་པ་དང་གཅིག །གསང་བ་སྒོ་མང་གི་རྒྱུད་དང་གཉིས། །མཁའ་ལྟར་དག་པའི་རྒྱུད་དང་གསུམ་བཤད་དོ། །ཁུ་བྱུག་ཀུན་བཟང་རིག་པ་ཀློང་གི་རྒྱུད་སྡེ་ལས། རྒྱུད་མ་བུ་གསུམ་བཤད་དོ། །སེམས་སྨད་རྩ་བ་བཅོ་བརྒྱད་ལས་རྒྱུད་རེ་རེ་བཤད་དོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་མཐའ་མཉམ་པའི་རྒྱུད་སྡེ་གཉིས་ཏེ། ནམ་མཁའ་ལྟར་མཐའ་དབུས་མེད་པའི་སྟོན་པའི་རྒྱུད་དང་གཅིག །རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་དང་གཉིས་སོ། །ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ལ། རྩ་བའི་རྒྱུད་ཀུན་བྱེད་རྒྱལ་པོ། མདོ་ལེའུ་ལྔ་བཅུ་རྩ་བདུན་པ་དང་གཅིག །རྒྱུད་ཕྱི་མ་ལེའུ་བཅུ་གཉིས་པ་དང་གཉིས། རྒྱུད་ཕྱི་མའི་ཕྱི་མ་ལེའུ་བཅོ་ལྔ་པ་དང་གསུམ། གསུམ་ཀ་བསྡོམ་པས་ལེའུ་བརྒྱད་ཅུ་རྩ་བཞི་བཤད། དེ་ཚོ་བཤད་པའི་རྒྱུད། མདོ་བཅུ་དང་རྒྱུད་མ་བུ་བཞི་བཤད་དོ། །དེ་རྣམས་སྤྱིར་བཤད་པའི་རྒྱུད་ལ། ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པར་བསྟན་པའི་རྒྱུད་ལེའུ་བཅུ་བཞི་པ་དང་གཅིག །སྒོམ་པ་རྒྱ་མཚོ་དང་མཉམ་པ་རྙོག་པ་མེད་པའི་རྒྱུད་ལེའུ་བརྒྱད་པ་དང་གཉིས། སྤྱོད་པ་ཉི་ཟླ་དང་མཉམ་པ་གསལ་འགྲིབ་མེད་པར་སྟོན་པའི་རྒྱུད་ལེའུ་བཅུ་གཉིས་པ་དང་གསུམ། འབྲས་བུ་རིན་པོ་ཆེ་དང་མཉམ་པ་སྐྱེ་བ་མེད་པའི་རྒྱུད་ལེའུ་བཅོ་ལྔ་པ་དང་བཞི། དེ་རྣམས་ཀྱི་རྒྱུད་ཕྱི་མ་གསང་བ་མཐའ་དང་མཉམ་པ་བྱང་ཆུབ་ཀྱི་ཤེས་བྱ་མཐའ་གཅོད་ལེའུ་ཉེར་བཞི་དང་མ་བུ་དགུ་བཤད་དོ། །ཡང་རྡོ་རྗེ་སྙིང་པོ་གཏན་ལ་འབེབས་པའི་རྒྱུད་སྡེ་དང་། མན་ངག་རྩ་བའི་རྒྱུད་ཡེ་ཤེས་གསང་བ་དང་གཅིག །བཤད་པའི་རྒྱུད་བཛྲ་ཁ་ས་ཏནྟྲ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་དང་གཉིས། མན་ངག་བསྒོམ་པའི་ཏནྟྲ་ཡེ་ཤེས་རྫོགས་པ་དང་གསུམ། མན་ངག་གི་རིག་པ་ཀློང་རྫོགས་པའི་རྒྱུད་དང་བཞི། བསམ་གཏན་གྱི་རྙོག་མ་སེལ་བ་ཨ་ར་ལི་རྙོག་མ་སེལ་བའི་རྒྱུད་དང་ལྔ། བསྒོམ་ཆེན་གྱི་ཉམས་བསྐྱེད་པ་ཉ་མོ་བག་ལ་ཉལ་འཁོར་ལོའི་རྒྱུད་དང་དྲུག །ཕྱི་རུ་འགྲོ་བ་རིན་པོ་ཆེའི་འཁོར་ལོའི་རྒྱུད་དང་བདུན། ཡེ་ཤེས་རྫོགས་པ་ཀློང་དགུའི་རྒྱུད་དང་བརྒྱད། ཀུན་འདུས་འོད་ཀྱི་རྒྱུད་དང་དགུ། དེ་རྣམས་བཤད་པས་རྒྱུད་པ་ཐ་མར་གྲགས་སོ། །འདྲ་འབགས་ཆེན་མོ་ལས། རྒྱུད་པ་ཐ་མ་བཤད་པའི་སྐབས་ཏེ་ཉེར་ལྔ་པའོ།། ༈ །།དེ་ནས་བཱཻ་རོ་ཙ་ནས་ཐེག་དམན་ཟིལ་གྱིས་གནོན་པའི་ལྟ་བའི་གྱད་ཚིག་མགུར་དུ་བཞེངས་པ་འདི་སྐད་གསུངས་སོ། །སྣང་སྲིད་ཐམས་ཅད་བདུད་རྩིའི་རང་བཞིན་ལ། །ལ་ལས་དུག་ཏུ་མཐོང་ནས་སྤང་གི་གདའ། །ལ་ལས་སྨན་དུ་མཐོང་ནས་ལེན་གྱིས་གདའ། །ལ་ལས་འདྲེན་པར་མཐོང་ནས་འབྱེད་ཀྱི་གདའ། །ལ་ལས་དྲི་མར་མཐོང་ནས་འཁྲུད་ཀྱི་གདའ། །ལ་ལས་རྟོགས་པར་མཐོང་ནས་ཐུབ་ཀྱི་གདའ། །ང་ཡིས་འུབ་ཀྱི་བསྡུས་ནས་ཁྱུར་མིད་བྱས། །སོ་སོར་མཐོང་བ་ང་ལ་མེད། །གྱད་ཚིག་དང་པོའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །རང་གི་དྲི་མས་རང་ལ་བསྒྲིབ། །དེ་ལ་འཇིགས་ཤིང་སྐྲག་པ་ཡིན། །བསམ་པས་སེལ་བར་མི་འགྱུར་བྲོས་པས་ཐར་བ་མེད། །སྤང་བས་མི་སྤང་བཞག་པས་མི་ལུས་ཏེ། །ང་ཡི་མུན་པའི་གླིང་དུ་ཉལ་བས་གྲིབ་མ་བྱ་བ་ང་ལ་མེད། །གྱད་ཚིག་གཉིས་པའོ། །རྒྱ་མཚོ་ཆེན་པོའི་ཆུ་བོ་ལ། །དེ་ལ་འཐུང་བས་མང་བར་གདའ། །ངས་ཀྱང་ཧུབ་ཀྱི་འཐུང་བས་ང་མ་ངམ། །རྒྱ་མཚོ་ཁྲོག་གི་འཐུང་བས་ཁ་ངམ་ཙམ། །ད་འཐུང་ཡང་མི་འཐུང་ངམ་ནས་གདའ། །གྱད་ཚིག་གསུམ་པའོ། །ང་ནི་ཉལ་བའི་མལ་ས་ཚོལ། །འཇིག་རྟེན་ཁམས་ཀྱི་ས་བསྒྲོད་པས། །ང་ཡིས་ཉལ་བའི་ས་མ་རྙེད། །དམའ་སྟེ་དམྱལ་བའི་ས་ལ་རྐང་ཅིག་བཞག །རྐང་ཅིག་སྲིད་པའི་རྩེ་ནས་མནན། །སྲིད་གསུམ་གམ་པ་གང་དུ་བྱས། །དེ་ངའི་བསྡད་ས་ལུས་ངག་རྙེད། །ད་སྡོད་ས་ཚོལ་ཡང་མི་ཚོལ་ཉལ་ནས་སྡོད། །གྱད་ཚིག་བཞི་པའོ། །ང་ཡི་གོས་ཅིག་གོན་བསམ་པས། །བརྩེམ་སྡུག་གོས་ཀྱི་ང་མ་གྲོ། །ནམ་མཁའ་རྒྱབ་ཏུ་གོན་པས་རྒྱབ་གྲོ་ཙམ། །ད་གོན་ཡང་མི་གོན་བཞག་ནས་བཏང་། །གྱད་ཚིག་ལྔ་པའོ། །ང་ནི་ལྟོ་ཅིག་བཟའ་དགོས་པས། །ཁམས་ཀྱི་ཟས་ཀྱིས་ང་མི་འགྲང་། །སྣང་སྲིད་ཁྱུད་མིད་བྱས་པས་ལྟོ་བདེ་ཙམ། །ད་ཟ་ཡང་མི་ཟ་ཆོག་པར་གདའ། །གྱད་ཚིག་དྲུག་པའོ། །ང་འཇིག་རྟེན་ཁམས་ན་གྲངས་ཚད་འཇལ། །རྡུལ་ཕྲན་བསྒྲང་པས་ཡིད་མ་ཆེས། །སྣང་སྲིད་ཐམས་ཅད་གཅིག་ཏུ་བསྒྲངས། །དེས་ནི་ང་ཡི་གྲངས་རྩིས་ཡིན། །ད་བསྒྲང་ཡང་མི་བསྒྲང་བཞག་པས་ཆོག །གྱད་ཚིག་བདུན་པའོ། །ང་ནི་རྒྱ་མཚོ་གདན་དུ་བཏིང་བས་བདེ། །སེང་གེ་རྟ་རུ་ཞོན་པས་བདེ། །ནམ་མཁའ་གོས་སུ་གོན་པས་བདེ། །འཁོར་ལོ་ལག་ཏུ་ཐོགས་པས་བདེ། །ཉི་ཟླ་ཁྱུར་མིད་བྱས་པས་བདེ། །སངས་རྒྱས་རྒྱབ་ཏུ་སྦས་པས་བདེ། །དམ་ཆོས་རྒྱ་མཚོར་ཕོ་བས་བདེ། །སེམས་ཅན་ཐམས་ཅད་བསད་པས་བདེ། །འཁོར་འདས་གཉིས་ནི་ང་ལས་མེད་པས་བདེ། །ང་ནི་སུས་ཀྱང་མ་མཐོང་མཐོང་ནས་ལས་རྣམས་ཟིན། །ཅེས་གསུངས་སོ། །དར་རྗེ་དཔལ་གྱི་དྲག་པ་ན་རེ། སློབ་དཔོན་གྱི་མགུར་དབྱངས་ཚིག་སྦམ་སོང་ཡོར་ཆེ་བྱས་པས། སློབ་དཔོན་གྱིས་ཡང་མགུར་འདི་བཞེངས་པ། སེམས་ཉིད་ཐིག་ལེ་ཉག་ཅིག་འདི། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ནང་ནས་སྦོམ། །དེ་ལས་སྦོམ་པ་ངས་མ་མཐོང་། །དྲངས་དོན་འཁྲུལ་ཆོས་ཐོག་ནས་ནི། །རྫོགས་ཆེན་ཨ་ཏི་སོམ་ཡོར་ཆེ། །ཨ་ཏི་ཡོ་ག་བལྟ་བའི་སོམ་ཡོར་ཡིན། །རི་རྒྱལ་ལྷུན་པོ་རི་ཡི་སོམ་ཡོར་ནི། །རྒྱ་མཚོ་ཆེན་པོ་ཆུ་ཡི་སོམ་ཡོར་ཡིན། །ཁྲི་གདུགས་ཉི་མ་གདུགས་ཀྱི་སོམ་ཡོར་ཡིན། །རང་རིག་སེམས་ཉིད་སངས་རྒྱས་སོམ་ཡོར་ཡིན། །ཅེས་གསུངས་སོ། །སྣ་ནམ་རྡོ་རྗེ་བདུད་འཇོམས་ན་རེ། སློབ་དཔོན་ཆེན་པོས་མགུར་བཞེངས་པ་དེ་གོ་བ་མ་མཆིས། སྔར་ཡང་མང་པོ་གསུངས། ད་རུང་མན་ངག་དྲིལ་བ་ཅིག་གནོང་བྱས་པས། སློབ་དཔོན་གྱིས་འདི་སྐད་གསུངས། ཧཱུཾཿ ཐེག་པ་དམན་ལ་ཞུགས་པ་དང་། །ངང་གི་བློ་དཔང་དམའ་བ་དང་། །ཐོས་པ་ཉུང་བའི་བློ་སྦོམ་དང་། །དོན་མེད་བསླད་པའི་ཚིག་འཆལ་དང་། །ཁུར་ཞེན་དད་པ་ཆུང་བ་དང་། །ཕོ་དྲེགས་ཆེ་ལ་རང་མཐོང་ཆེ། །བཅད་ཀྱང་ཁྲག་མེད་སེར་སྣས་འཆིང་། །དེ་ལ་ཨ་ཏིའི་དོན་མི་བཤད། །བཤད་ཀྱང་སེམས་རྒྱུད་མི་ཁྲོལ་བས། །སླད་ལ་ཕྱ་ཞིང་སྒྲོ་བསྐུར་འདེབས། །དེས་ན་མན་ངག་ཨ་ཏི་ཤིན་ཏུ་གསང་། །ཅེས་གསུངས་སོ། །དེ་ནས་རྗེ་མངའ་བདག་ན་རེ། མ་ཧཱ་གུ་རུ་ཆེན་པོ་ལགས། གུ་རུས་གསུངས་པའི་མན་ངག་རྣམས། ཚིག་དོན་ཅན་ཅིག་ཡིན་པར་མཆིས་ལགས་ཏེ། དབྱར་དུ་འཁུམས་པར་མ་མཆིས་ན། དབྱར་དུ་འཁུམས་པའི་མན་ངག་ཅིག་གནང་བར་ཞུ་སྨྲས་པས། སློབ་དཔོན་ཞལ་ནས་འདི་སྐད་གསུངས། གངས་ཀྱི་སེང་གེ་གདངས་ཕྱུངས་ན། །སྡེར་ཆགས་ཕལ་དང་གདངས་མི་མཉམ། །གདངས་སྐད་འདི་ཡང་ཐུན་མོང་མིན། །རྒྱ་མཚོ་ཆེན་པོའི་བརླབ་མཐོང་ན། །ཆུ་ཕྲན་ཕལ་དང་རླབ་མི་མཉམ། །རླབ་མཆོག་འདི་ཡང་ཐུན་མོང་མིན། །རི་རྒྱལ་ལྷུན་པོའི་རྩེར་ཕྱིན་ན། །རི་ཕྲན་ཕལ་དང་ཡང་མི་མཉམ། །རྩེ་རྒྱལ་འདི་ཡང་ཐུན་མོང་མིན། །མཁའ་གསལ་ཉི་མའི་འོད་མཐོང་ན། །གཟའ་སྐར་ཕལ་དང་འོད་མི་མཉམ། །འོད་གསལ་འདི་ཡང་ཐུན་མོང་མིན། །ཁྱུང་ཆེན་གནམ་འཕང་གཅོད་མཐོང་ནས། །འདབ་ཆགས་ཕལ་དང་ཤུགས་མི་མཉམ། །རྩལ་ཤུགས་འདི་ཡང་ཐུན་མོང་མིན། །ཨ་ཏི་རྫོགས་ཆེན་དོན་མཐོང་ནས། །ཐེག་དམན་རྣམས་དང་དོན་མི་མཉམ། །དོན་མཆོག་འདི་ཡང་ཐུན་མོང་མིན། །རྡོ་རྗེ་ཐེག་པའི་གཏིང་མཐོང་ནས། །ཐེག་དམན་ཕལ་དང་གཏིང་མི་མཉམ། །གཏིང་དཔག་འདི་ཡང་ཐུན་མོང་མིན། །ཤེས་རྒྱུད་སྦྱོར་བའི་མཁས་པ་དང་། །ཐོས་པ་ཆུང་བའི་བློ་བྲམ་གཉིས། །འགྲོ་བའི་དོན་ལ་དོན་མི་མཉམ། །དོན་མཆོག་འདི་ཡང་ཐུན་མོང་མིན། །ཅེས་གསུངས་པས། ཀུན་གྱིས་ལྷ་ཕྱག་གྱང་འགྱེལ་བ་ཙམ་བཙལ་ཏོ། །དེ་ནས་ཞུ་བ་ཀུན་གྱིས་མ་སྤོབས་སོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་ཐེག་དམན་སྒྲིན་ཚིག་ཅན་ཟིལ་གྱིས་གནོན་པའི་གྱད་ཚིག་ཉི་ཤུ་རྩ་བརྒྱད་གསུངས་པའི་སྐབས་ཏེ་ཉེར་དྲུག་པའོ།། ༈ །།དེ་ནས་རུ་གྱང་དར་མ་ར་ཙ་ན་རེ། རྗེ་མ་ཧཱ་གུ་རུ་ཆེན་པོ་ལགས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། སངས་རྒྱས་བསྟན་པ་བསྲུང་བ་ལ་གལ་ཆེའམ་མི་ཆེ་ལགས་ཞུས་པ་ལ། སློབ་དཔོན་ཞལ་ནས། བསྟན་པ་བསྲུང་བ་ལ་ཤིན་ཏུ་ཡང་གལ་ཆེ་གསུངས་པས། རུ་གྱང་དར་མ་ར་ཛ་ན་རེ། མ་ཧཱ་གུ་རུ་ལགས། བསྟན་པ་བསྲུང་བ་ལ་གང་ཟག་ཅི་ལྟ་བུ་འཚལ། ཐབས་ཅི་ལྟར་བགྱི་ཞུས་པས། སློབ་དཔོན་གྱི་ཞལ་ནས་འདི་སྐད་གསུངས། ཉོན་ཅིག་བསྟན་པ་བསྲུང་བའི་སྐྱེས་བུ་རྣམས། དུག་ལྔ་རྣམ་རྟོག་ཆུང་ལ་རིག་པ་རྩལ་དང་ལྡན་པ་ཡི། བྱིན་བརླབས་བཀའ་ཡི་ཟམ་པ་མ་ཆད་པའི་བླ་མ་ལ། ཕྱི་ནང་གསང་བ་གསུམ་གྱི་ཞབས་ཏོག་མཉེས་བྱས་ལ། བསྲེ་དབང་རྫོགས་པར་ཐོབ་པར་བྱ། དེ་ནས་ཐོས་བསམ་ཤེས་རྒྱུད་ཁྲོལ་བར་བྱ། དེ་ནས་བདེ་པའི་གནས་སུ་འདུག་ནས་ནི། ལྷ་བསྙེན་ཆུ་བོའི་གཞུང་བཞིན་བསྒྲང་། རྩ་བ་ཡན་ལག་ཀུན་ནས་དམ་ཚིག་བཀའ་གཞུང་བཞིན་བསྲུང་བ་ཤིན་ཏུ་གཅེས། དམ་ཚིག་ཉམས་ན་བསྐལ་པར་བསྒྲུབ་ཀྱང་མཐུ་རྩལ་འོང་རེ་ཀན། དམ་ཚིག་བསྲུང་ན་དམ་ཅན་འདུ་བར་རྒྱལ་བས་གསུངས། དེ་ནས་གསང་སྔགས་དམ་ཚིག་གཅེས། དེ་ནས་རྣལ་འབྱོར་པ་དེས་དམ་རྫས་རྣམས་ནི་འཚོགས་པ་བསོགས། དེ་ནས་ཚ་ཚ་བཏབ། ཉེའུ་འདོན། གཏོར་ཚོགས་བྱ། ཀློག་འདོན། འདུས་བྱས་དགེ་སྦྱོར་གྲུབ་ཚད་བྱ། དེ་ནས་མདོས་ཆེན་གང་འགྲུབ་དགྲ་ཕྱོགས་བསྐྱལ། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་སམ། མ་འདྲེས་ཡོངས་རྫོགས་དབྱེར་མེད་དམ། ཐམས་ཅད་ཆོས་ཉིད་རིག་པ་རང་གི་རྩལ་དུ་ཤེས་པའི་རྣལ་འབྱོར་གྱི་རང་གཞུང་གང་ལྟར་ཡིན་པའི་འཁོར་ལོ་ལིང་ཁ་བྲིས། དེ་ནས་འཇིག་རྟེན་འདས་དང་མ་འདས་པར་དཔང་པོ་བཞག །བདེན་རྫུན་འགུག་གཞུག་ཤག་རྣམས་གདབ། དེ་ནས་དམ་ཅན་རྒྱ་མཚོ་ལྷ་སྲིན་སྡེ་བརྒྱད་བོས་ལ། གདུང་བའི་མཆི་མ་བཏོན་ལ་སྙིང་རྗེ་ཆེན་པོ་ཐུགས་རྗེ་ཡིས་ལྷ་ཕྲལ་གནས་ནས་འགུག་གཞུག་བྱེད་དུ་བཅུག །གཟུགས་ལ་བསྟིམ་ཞིང་གང་ཡིན་ལུགས་ཀྱིས་བྲབ། རྟགས་བྱུང་ནས་ནི་ལས་མཐའ་བཏུལ། ཕུང་པོ་ལས་མཁན་ཚོགས་ལ་གཏོར་མར་འབུལ། །རྣམ་ཤེས་རྒྱལ་བའི་ཚོགས་ལ་དབྱིངས་སུ་བསྟིམ། །སྲོག་ནི་རང་ལ་བསྟིམ་ལ་དབྱེར་མེད་ཆོས་ཀྱི་སྐུ། །དེས་བསྒོམ་མཁན་ཡང་ལྟུང་བར་མི་འགྱུར་ཏེ། །མཐོ་རིས་གནས་སུ་སྨོན་ཅི་དགོས། །དེ་ནི་གནས་མཆོག་ཆེན་པོ་ཡིན། །ཅེས་བཱཻ་རོ་ཙ་ན་བདག་གིས་བཤད། །རྡོ་རྗེ་སེམས་དཔའི་ཐུགས་ཀྱི་བརྣགས་པ་ཨཐྎ། །འདྲ་འབགས་ཆེན་མོ་ལས། རུ་གྱང་དར་མ་ར་ཙ་ལ་བསྟན་པ་བསྲུངས་ཤིག་པར་བསྟན་པའི་སྐབས་ཏེ་ཉེར་བདུན་པའོ།། ༈ །།དེ་ནས་གླང་དཔལ་གྱི་སེང་གེས་ན་རེ། སློབ་དཔོན་ཆེན་པོ་ལགས། སངས་རྒྱས་ཀྱི་བསྟན་པ་ཞེས་གང་ལ་བགྱི། བསྲུང་ན་ཅི་ལྟར་སྲུང་བ་ལགས། བསྟན་པའི་དགྲ་གང་ལགས། །ཅེས་ཞུས་པས། རྗེ་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། ཉོན་ཅིག་ཕྱི་རབས་རྣལ་འབྱོར་ཀུན། །སངས་རྒྱས་ཞེས་བྱ་བ་ནི་རང་རིག་པའི་ངོ་བོ་འདི། ཅི་ཡང་བཟུང་དུ་མི་བཏུབ་པ་དེ་ལ་སངས་རྒྱས་ཞེས་བྱ། དེ་ལ་སློབ་པ་དང་། དེ་ལ་གནས་པ་དང་། དེ་ལ་བསྒོམ་པ་དང་། དེ་ལ་མོས་ཤིང་འདུན་པ་ནི། སངས་རྒྱས་ཀྱི་བསྟན་པ་ཞེས་བྱའོ། །དེ་ཡང་སྤྱིར་ཡང་ཆོས་སྐུའི་བསྟན་པ་ནི། ཕྱི་སྣོད་འབྱུང་བ་ལྔ་ལས་བསྡུས་པ། ནང་བཅུད་འཁོར་བ་མྱང་འདས། ཐམས་ཅད་ཆོས་སྐུའི་བསྟན་པའོ། །སྟོན་པ་དཔལ་ཀུན་ཏུ་བཟང་པོའོ། །བསྟན་པའི་སྙིང་པོ་ཞལ་ནས་གསུངས་པའི་བཀའ། ཨ་ཏི་ཨ་ནུ་མ་ཧཱ་དང་གསུམ་མོ། །དེ་བཞིན་ལོངས་སྐུའི་སྤྲུལ་སྐུའི་སྟོན་པ་བསྟན་པ་ཞིང་ཁམས་ལ་སོགས་པ། དེས་ཡི་གེའི་འབྲེལ་པ་དང་པོས་འདུས། དེས་བསྟན་པ་ཇི་སྙེད་གསུངས་པ་ཡང་། ཐེག་པ་རིམ་དགུར་འདུས་པ་ལ། དེ་ལ་མོས་དང་སློབ་དང་བཤད་དང་ཉན་པ་དང་། །བསྒོམ་དང་བསྒྲུབ་ཅིང་སྤྱོད་པ་རྣམས། །འདི་རྣམས་སངས་རྒྱས་བསྟན་པ་ཡིན། །དེ་ལ་དམ་ཆོས་སྨོད་ཅིང་འཇོམས་པ་དང་། །བསད་བཅད་བརྡེག་བཙོག་རྐུ་ཕྲོག་བྱེད། །དབེན་གནས་བཤིག་དང་བཀའ་རྒྱུད་བསྲེག །ཁ་དྲག་དཔུང་འཚོང་ཐབས་ཀྱིས་འབྱིན། །དུག་དང་གདུག་པས་ལས་རྣམས་འབྱེད། །གཞན་ཡང་མ་ཉེས་ཐབས་ལ་གཅོད་པ་དང་། །ཁ་དྲག་ཟང་དུ་འཚང་བ་དང་། །རྨོང་པོ་ཐེབ་ལ་གནོན་པ་དང་། །མི་ཆགས་བུ་ལོན་དེད་པ་དང་། །མན་ངག་གུས་པར་མི་ཞུ་ཐབས་ཀྱི་བྲུ། །གསང་སྔགས་དམ་ལས་ལོག་པ་དང་། །སློབ་དཔོན་སྨད་ཅིང་མཆེད་གྲོགས་འཇོམས། །འདི་རྣམས་བསྟན་པའི་དགྲ་ཡིན་པས། །འདི་རྣམས་བསྲུངས་བའི་ཐབས་ལ་བརྩོན་པར་གྱིས། །ཅེས་གསུངས་སོ། །ཡང་གླང་དཔལ་གྱི་སེང་གེས་ཞུས་པ། རྗེ་མ་ཧཱ་གུ་རུ་ཆེན་པོ་ལགས། བསྟན་པ་བསྲུང་བའི་ཐབས་གང་ཆེ་ལགས། མན་ངག་གང་དཀལ་ལགས། ཞེས་ཞུས་པས། བཱཻ་རོ་ཙ་ནས་གསུངས་པ། བསྟན་པ་བསྲུང་བའི་ཐབས་ནི། ཐེག་པ་གང་མཐོང་བ་དང་། ལྟ་བ་གང་མཐོང་བ་དང་། བློ་གང་མཐོ་བ་དང་། ཐབས་གང་ཆེ་བ་དང་། ཐེག་ཆུང་བློ་དམན་དགོངས་པའི་གདིང་མེད་རྣམས་ཀྱི་བྱ་བ་མིན། བྱས་ཀྱང་མཐུ་མེད། རང་ཕུང་བྱང་ཆུབ་བརླག་པ་གདོན་མི་ཟ། དེས་ན་གང་དུ་བསྟན་པ་བཞིན་ཤེས་པར་བྱ། བསྟན་པ་བསྲུང་བའི་མན་ངག་ནི། ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ནི་མུ་སྟེགས་ངན་སྔགས་རྣམས་ལ་བྱ། །རྣོ་སྟེ་བཟློག་པ་སླན་ཚན་ཆུང་། །དགྲ་ཡང་ཕུང་སྟེ་རང་ཡང་ཕུང་། །བདག་གཞན་གཉིས་ཀ་ན་རག་གནས་སུ་ལྟུང་། །ནང་པ་སངས་རྒྱས་བསྟན་བསྲུང་ནི། །འཇིག་རྟེན་པ་དང་འདས་པ་གཉིས་སུ་ཤེས་པར་བྱ། །འཇིག་རྟེན་པ་ཡི་བསྟན་བསྲུང་ནི། །དུད་འགྲོ་སྲོག་གཏང་གཏའ་རུ་འཇུགས། །བསྙེན་དང་བསྒྲུབ་དང་འབོད་པ་དང་། །རྦད་པ་དང་ནི་བསད་པའོ། །རྟོགས་པའི་གཏིང་དང་མི་ལྡན་ན། །བསྐལ་པར་བསྒྲུབ་ཀྱང་མི་འགྲུབ་ཅིང་། །ཡི་ཆད་སྒྱིད་ལུགས་ཆོས་ལ་བསྐུར་པ་འདེབས། །སྔགས་ལ་བཟློག་དཀྲུག་ཤི་པ་བསྟན་ན་དགྲ་ཡང་འཆི། །གཏིང་ལ་རང་ཡང་སྲོག་སྐྱིན་འབེབས་ཏེ་རང་ཡང་འཆི། །ཕྱི་ནས་དྲེགས་པ་ཅན་བསྒྲུབ་ཅིང་བསྟན་པ་མེད་གྱུར་ན། །ཕུང་ཤིང་བརླག་པར་གདོན་མི་ཟ། །འཇིག་རྟེན་འདས་པའི་བརྟན་བསྲུང་ནི། །མ་གཤིན་ཕུར་གསུམ་དག་ལ་བྱ། །འདི་ནི་གོལ་ས་ཤིན་ཏུ་ཆེ། །ལྟ་དགོངས་ཚད་དུ་མ་ཕྱིན་ན། །བསྒྲུབ་པར་དཀའ་ལ་འཁུ་ལྡོག་ཆེ། །ཕྱི་མ་བདུད་དང་རུ་ཏྲ་སྲིན་པོར་སྐྱེ། །ལྟ་དགོངས་ཚད་དུ་ཕྱིན་པ་ལ། །མ་གཤིན་བྲན་བཞིན་ལས་རྣམས་བྱེད། །འཇིག་རྟེན་དྲེགས་པ་ལྟ་ཅི་སྨོན། །དགྲ་བོ་མཐོ་རིས་གནས་སུ་འགྲོ། །རྣལ་འབྱོར་གཟུགས་སྐུ་རྣམ་གཉིས་ཐོབ། །ཅེས་གསུངས་པ། རུ་གྱང་དར་མ་ར་ཙས་འདི་སྐད་གསུངས། རྗེ་མ་ཧཱ་གུ་རུ་ལགས། མཐུ་ཆེ་བ་ལ་མན་ངག་ཟབ་པ་ལ་ཆེ་བ་ལས། ཆོས་མི་མཁས་ཀྱང་མི་རུང་ལགས་སམ་ཞུས་པས། བཱཻ་རོ་ཙ་ནའི་ཞལ་ནས། སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བའི་མཐུ། །ཅེས་གསུངས་པས་མངོན་ནོ། །མཐུ་ཡི་རང་བཞིན་མཁས་ཤིང་རྟོགས་ལས་བྱུང་། །གལ་ཏེ་བྱང་ཆུབ་སེམས་དང་མ་ལྡན་ན། །གནོད་སྦྱིན་སྲིན་པོ་ལས་ལ་མི་ཆུད་སྟེ། །གཉིས་ཕུང་རང་ལ་འོང་བ་ཤིན་ཏུ་མང་། །ཅེས་གསུངས། འདྲ་འབགས་ཆེན་མོ་ལས། གླང་དཔལ་གྱི་སེང་གེ་དང་རུ་གྱང་དར་མ་ར་ཙ་བསྟན་པ་བསྲུང་བ་ལ་ཆེ་བར་བསྟན་པའི་སྐབས་ཏེ་ཉེར་བརྒྱད་པའོ།། ༈ །།རྗེ་བཱཻ་རོ་ཙ་ནས། སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་གང་ཡིན་བསྟན་པ། ཀྱཻ། བྱང་ཆུབ་སེམས་ནི་ཀུན་ཏུ་བཟང་པོ་ཡང་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཡང་ཡིན་ནོ། །རིགས་ལྔའི་སངས་རྒྱས་ཀྱང་ཡིན་ནོ། །རིགས་ཀྱི་ཡུམ་ལྔའང་ཡིན་ནོ། །བྱང་ཆུབ་སེམས་ནི་སེམས་དཔའ་དང་སེམས་མའང་ཡིན་ནོ། །བྱང་ཆུབ་སེམས་ནི་སྐུ་ཡང་ཡིན་ནོ། །གསུང་ཡང་ཡིན་ནོ། །ཐུགས་ཀྱང་ཡིན་ནོ། །བྱང་སེམས་ནི་འབྱུང་བ་ལྔ་ཡང་ཡིན་ནོ། །བྱང་ཆུབ་སེམས་ནི་རྒྱུ་ཡང་ཡིན་ནོ། །འབྲས་བུ་ཡང་ཡིན་ནོ། །རྡོ་རྗེ་ཡང་ཡིན་ནོ། །ཡེ་ཤེས་ཀྱང་ཡིན་ནོ། །ཆོས་ཉིད་ཀྱང་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་ཡིན་ནོ། །ཆོས་ཅན་ཀྱང་ཡིན་ནོ། །བྱང་ཆུབ་སེམས་ནི་དཀའ་བ་ཡང་ཡིན་ནོ། །སླ་བ་ཡང་ཡིན་ནོ། །བྱང་ཆུབ་སེམས་ནི་ཉོན་མོངས་པ་ཡང་ཡིན་ནོ། །འཁོར་བ་ཡང་ཡིན་ནོ། །ངན་སོང་ཡང་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་ཡིན་ནོ། །གཉིས་སུ་མེད་པ་ཡང་ཡིན་ནོ། །གང་ཡང་ཡིན་ནོ། །གང་ཡང་མིན་ནོ། །ཅེས་གསུངས་པས། ཀུན་ཀྱང་ཐེ་ཚོམ་སྐྱེས་སོ། །ཡང་བཱཻ་རོ་ཙ་ནས་འདི་གསུངས། ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ལ། །རྒྱ་མཚོ་ངམ་འགྲོགས་གཡང་ས་ཉམས་མི་ང་། །རྩ་གསུམ་རྫོགས་པའི་སེང་གེ་གངས་གོང་འགྲིམ་པ་ལ། །སྤྱི་བསེར་ལྷག་པས་ཉམས་མི་ང་། །རིག་པ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ། །ཁམས་གསུམ་འཁོར་བའི་གཡང་ལ་ཉམས་མི་ང་། །ཤེལ་གྱི་འཁོར་ལོ་ཉི་མའི་སྙིང་པོ་ལ། །གྲིབ་མ་མུན་པའི་ཚོགས་ཀྱི་ཉམས་མི་ང་། །མ་བཅོས་ལྷུན་གྱིས་གྲུབ་པའི་རང་བཞིན་ལས། །ཐ་སྙད་ཚིག་གི་སྒྲོ་འདོགས་ཉམས་མི་ང་། །ཞེས་གསུངས་སོ། །དེ་ནས་རྙག་ཛྙཱ་ན་ཀུ་མ་རས། ཁ་རུ་གསེར་སྦྲམ་དང་། གཡུ་སྦྲམ་བཅུག་ལག་ཏུ་དར་ཟབ་མང་པོ་ཐོགས། བསྐོར་བ་མང་པོ་ནི་བྱས། ལྷ་ཕྱག་མང་པོ་བཙལ་ནས། རྗེ་མ་ཧཱ་གུ་རུ་ལགས། བཀའ་རྒྱུད་ལུང་གི་བསྡུས་དོན། མན་ངག་གི་བཅུད་རྟོགས་དགོངས་པ་འུབ་ཆུབ་པར་བསྡུ་བའི་མན་ངག་ཅིག་གནང་འཚལ་ཞེས་ཞུས་པས་མན་ངག་གི་བཅུད་རྟོགས་པ་འདི་རྣམས་གསུངས། ཀུན་ཏུ་བཟང་པོ་བརྩལ་བ་མེད་པ་ལ་ཕྱག་འཚལ་ལོ། །རང་བྱུང་ཡེ་ཤེས་མ་བཅོས་པ། །རིག་པ་དབྱེར་མེད་བྱང་ཆུབ་སེམས། །སྣང་སྲིད་ཀུན་གྱི་གཞི་རུ་བར། །གདལ་བ་ཆེན་པོས་ཀུན་ལ་ཁྱབ། །འདི་ནི་སྣང་སྲིད་གཞི་བཞེངས་ཀྱི། །དགོངས་པ་ཞེས་པ་དེ་ལ་བྱ། །འཁོར་བ་དང་མྱ་ངན་འདས་པའི་ཆོས། འབྱུང་བ་ཆེན་པོ་ལྔ་ལ་མ་འདུས་པ་མེད་དེ། འབྱུང་བ་ཆེན་པོ་ལྔ་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་ཤར་ཏེ། ཐམས་ཅད་དེའི་ངང་དུ་སངས་མ་རྒྱས་པ་གཅིག་ཀྱང་མེད་དེ། ལུང་ལས། ས་དང་ཆུ་དང་མེ་དང་རླུང་། །དེ་བཞིན་ནམ་མཁའ་ལ་སོགས་པ། །དེ་ལྟར་སྣོད་བཅུད་འཇིག་རྟེན་རྣམས། །ཀུན་ཀྱང་རང་བྱུང་ཡེ་ཤེས་དབྱིངས། །དེ་ལྟར་མ་ཡིན་ཡེ་ཤེས་མིན། །དེ་ལས་རང་བྱུང་གུད་ན་མེད། །དེ་ཕྱིར་སྣང་སྲིད་ཡེ་སངས་རྒྱས། །དེས་ན་སངས་རྒྱས་ལོགས་ན་མེད། །ཅེས་པའོ། །དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དང་། རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཤར་བ་ལ། སངས་རྒྱས་དང་སེམས་ཅན་གཉིས་མེད། སྡུག་བསྔལ་དང་བདེ་བ་གཉིས་མེད། འཁོར་བ་དང་མྱང་འདས་གཉིས་མེད། སྣང་བ་དང་སྟོང་པ་གཉིས་མེད། རྟག་པ་དང་ཆད་པ་གཉིས་མེད། བླང་བ་དང་དོར་བ་གཉིས་མེད། ལུང་ལས་ཀྱང་། ཐམས་ཅད་རང་གིས་བྱང་ཆུབ་སེམས། །དེ་ནི་ཚད་མར་རབ་ཏུ་བསྔགས། །ཅེས་པའོ། །ཡང་ལུང་ལས། རིག་པ་གཉིས་མེད་ཤར་བ་ལ། །དེ་ལ་འཁོར་བ་ངན་སོང་ག་ལ་ཡོད། །ཅེས་པའོ། །ཡང་། སངས་རྒྱས་སེམས་ཅན་གཉིས་མེད་ལ། །ལོགས་ན་སངས་རྒྱས་ཡོད་མ་ཡིན། །ཅེས་སོ། །དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཕྱི་ནང་སྣོད་བཅུད་འཁོར་བ་མྱང་འདས། ཐམས་ཅད་ཐིག་ལེ་ཉག་ཅིག་ཏུ་གསལ་ཡོངས་སུ་རྫོགས་པ། སྣང་སྲིད་གཞིར་བཞེངས་དགོངས་པ་ཁམས་གསུམ་ཡོངས་སྒྲོལ་དགོངས་པའོ། །ཡང་ལུང་ལས། རིགས་དྲུག་དངོས་པོ་སྣ་ཚོགས་དང་། །ཆོས་ཀྱི་སྐུ་ཞེས་ཐ་དད་མེད། །ཆོས་སྐུ་གང་ཡིན་འཁོར་བ་པ། །འཁོར་བ་གང་ཡིན་ཆོས་སྐུའོ། །ཅེས་པས་མངོན་ནོ། །དེ་ལྟར་རྟོགས་པའི་དུས་ན་སངས་རྒྱས་ཞེས་བྱ་བ་དང་། ཆོས་སྐུ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་དང་། བྱང་ཆུབ་སེམས་ཞེས་བྱ་བ་དང་། རང་བྱུང་གི་ཡེ་ཤེས་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི། རང་བྱུང་གི་རིག་པ་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོར་མངོན་དུ་ཤར་བ་ལ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་གནས་ཤིང་བསྒོམ་པར་བྱ་བ་མེད་དོ། །རིག་པ་བྱང་ཆུབ་ཀྱི་སེམས་ཅི་ཡང་མ་ཡིན་པ་ཉིད་ཅིར་ཡང་འཆར་བའོ། །ཅི་ཡང་མ་གྲུབ་པ་ཉིད་སྣང་བ་ནི་ཅིར་ཡང་སྣང་བའོ། །ངོ་བོ་འདི་འདྲ་ཞེས་གང་ཡང་མ་གྲུབ་པའོ། །དེ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོར་གསུངས་སོ། །ལུང་ལས། བརྩལ་དུ་མེད་པའི་སེམས་ཉིད་འདི། །མ་བཅོས་པ་ཡི་སེམས་ཉིད་གསལ། །མ་བརྩལ་རིག་པ་གཉིས་མེད་ཤར། །ཤར་བ་ཉིད་ན་ནུབ་པ་མེད། །ཅེས་བཱཻ་རོ་ཙ་ནས་གསུངས། ཀུན་བཟང་བྱ་བརྩལ་མེད་པ་ལ་ཕྱག་འཚལ་ལོ། །མ་བཅོས་མ་བསླད་རིག་པ་བྱང་ཆུབ་སེམས། །དུས་གསུམ་བདེ་གཤེགས་ཉམས་ཀྱི་སྐུ་གསུང་ཐུགས། །སྣང་སྲིད་འཁོར་བར་རིག་པ་གཉིས་མེད་ཤར། །རྒྱུ་འབྲས་གཉིས་མེད་ལྷུན་གྱིས་གྲུབ་པས་ཡེ་སངས་རྒྱས། །ཞེས་གསུངས་ཏེ། དཔེར་ན། རིན་པོ་ཆེ་ཤེལ་གྱི་ཁང་བུའི་དགོངས་པ་སྟེ། དཔེར་ན་རིན་པོ་ཆེ་ཤེལ་གྱི་ཁང་བུ་ནི། ནང་ནས་བལྟས་ན་ཕྱི་གསལ། ཕྱི་ནས་བལྟས་ན་ནང་གསལ། ཕྱི་དང་ནང་དབྱེར་མེད་པའོ། །དེ་ནས་ནང་ནས་བལྟས་པའི་དུས་ན། སྣང་སྲིད་ཐམས་ཅད་རིན་པོ་ཆེར་མ་གྱུར་པར་མེད་དོ། །རིན་པོ་ཆེ་གསེར་ལ་དྲི་མ་མེད་པ་དང་འདྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་ཀློང་དུ་སངས་མ་རྒྱས་པ་མེད་དེ། དེའི་ཕྱིར་ལུང་ལས། ཆོས་རྣམས་ཐམས་ཅད་རིག་པ་བྱང་ཆུབ་སེམས། །སྣང་སྲིད་ཐམས་ཅད་ཡེ་ནས་མངོན་སངས་རྒྱས། །ཞེས་པའོ། །ལུང་ལས། སྣང་སྲིད་འཁོར་བའི་ཆོས་མེད་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པའོ། །དུས་གསུམ་སངས་རྒྱས་སྤང་བའི་ཕ་རོལ་ན། །འཁོར་བ་ངན་སོང་གང་ནས་ཚོལ། །སངས་རྒྱས་མིང་དུ་གྲགས་པ་ཡང་། །སྣང་སྲིད་འཁོར་བའི་ཆོས་ལ་བཏགས། །དེ་ཕྱིར་སངས་རྒྱས་མིང་ཡང་མེད། །ཅེས་པས་མངོན་ནོ། །དེའི་ཕྱིར་ཐམས་ཅད་ཀྱི་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་ལས་གཞི་དང་རྩ་བ་མེད་པས། འབྲས་བུ་ཆོས་ཀྱི་སྐུ་མཚན་མའི་དམིགས་པ་དང་བྲལ་བའོ། །དེས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་ལས་ཤར་བར་ཐག་ཆོད་དོ། །སེམས་ཉིད་གདོད་མ་ནས་མ་བྱུང་མ་སྐྱེས་པ་མེད་པའི་དབྱིངས་སུ་ཐག་ཆོད་དོ། །སྐྱེ་བ་མེད་པའི་དབྱིངས་ལས་སྐྱེ་བ་མེད་པའི་ཆོ་འཕྲུལ་སྣ་ཚོགས་ནི། ཅི་ལྟ་བུ་ཡང་ཅི་ཡང་གྲུབ་པ་མེད་དེ། སྣང་བདེ་ཙམ་ན་སྟོང་། སྟོང་བདེ་ཙམ་ན་སྣང་། དེའི་ཕྱིར་སྣང་སྟོང་དབྱེར་མེད་རང་ཤར་ཉིད། རིན་པོ་ཆེ་ཤེལ་གྱི་ཁང་བུའི་དགོངས་པའོ། །ཡང་ལུང་ལས། རིན་ཆེན་ཤེལ་གྱི་ཁོང་བུའི་དོན། །གཅེས་པ་མེད་པའི་ཤེས་པ་ལ། །གཉེན་པོ་ཅན་གྱི་དེ་མ་བསྟན། །འགྱུར་བ་མེད་པའི་ཤེས་པ་ལ། །འཆི་འཕོ་ཅན་གྱི་དེ་མ་བསྟན། །མཉམ་པ་ཉིད་ཀྱི་ཤེས་པ་ལ། །ཆེ་ཆུང་ཅན་གྱི་དེ་མ་བསྟན། །ཀུན་ཏུ་བཟང་པོའི་ཤེས་པ་ལ། །ཕྱི་ནང་ཅན་གྱི་དེ་མ་བསྟན། །ཅེས་པའོ། །བཱཻ་རོ་ཙ་ནས་འདི་སྐད་གསུངས། ཀུན་བཟང་བྱ་བརྩལ་མེད་ལ་ཕྱག་འཚལ་ལོ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཐམས་ཅད་ཀུན། །རིག་པ་ཕྱོགས་མེད་ཡེ་ཤེས་ངང་དུ་ཤར། །ཡོད་དང་མེད་པའི་ཆོས་རྣམས་ཐམས་ཅད་ཀུན། །རིག་པ་ཕྱོགས་མེད་ཤར་བའི་ངང་དུ་གདལ། །ཅེས་པའོ། །ཡང་རིག་པ་སྤྱི་བླུགས་སུ་ཤར་བའི་དགོངས་པ་ནི། དཔེར་ན་ཉི་མའི་སྙིང་པོ་དང་འདྲ། ཉི་མའི་འོད་ཟེར་སུས་ཀྱང་མ་བྱས་པ་ཡིན། ཉི་མ་ཉིད་སུས་ཀྱང་མ་བྱས་མ་བཅོས་པར་འོད་དཔུང་ཆེན་པོར་རང་ཤར་བའོ། །དེ་བཞིན་རང་གི་རིག་པ་ཉིད་སུས་ཀྱང་མ་བྱས་པར་མ་བཅོས་པར་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུར་རང་ཤར་བའོ། །ཡང་ཉི་མ་ནམ་མཁའ་ལ་ཤར་བའི་དུས་སུ། ཕྱི་ནང་སྣོད་བཅུད་ཐམས་ཅད་གསལ་བ་རང་བཞིན་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་སེམས་སུ་གསལ་ལོ། །དེ་ན་བྱང་ཆུབ་སེམས་སུ་མ་གྱུར་པའི་ཆོས་ཡང་མེད་པས། འཁོར་འདས་ཐམས་ཅད་ངོ་བོ་རང་སེམས་རང་ཤར་བ་ཡིན་པས། དེ་ལྟར་ཤེས་ཙམ་ན་ཅི་སྣང་ཅི་སྲིད་པ་ཐམས་ཅད། སེམས་ཀྱི་ངོ་བོ་མ་ཡིན་པ་མེད་པར་ཐག་ཆོད་པས། ཤེས་པར་བྱ་བའི་ཡུལ་གཅིག་དང་། ཤེས་པར་བྱེད་པའི་སེམས་གཉིས་སུ་མེད་དེ། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས། དེ་ཙམ་ན་འཁོར་བའི་རྣམ་པར་རྟོག་པའི་མིང་མེད་པས། དུས་དང་གནས་སྐབས་ཐམས་ཅད་དུ་དམིགས་གཏད་མེད་པའི་དགོངས་པ་ཤར། དེ་ལ་རིག་པ་སྤྱི་བླུག་ཏུ་ཤར་བའི་དགོངས་པ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་དོན་ཆོས་ཐམས་ཅད་ནམ་ཡང་དག་པའི་ཅིག་ལ། དམིགས་ཤིང་གཏད་ནས་བསྒོམ་པའམ། གསལ་བའམ། གོམ་པར་བྱ་ཡི་རྩོལ་བ་ཐམས་ཅད་དང་བྲལ་བ་ནི་མན་ངག་གི་དམ་པའོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་དེས། རང་གི་རིག་མི་དམིགས་ཡུལ་མེད་དེ། ལྷུན་གྲུབ་ཀྱི་དགོངས་པ་ཕྱོགས་མེད་ཆེན་པོ་ཤར་བས། རྩོལ་བ་ཐམས་ཅད་དང་བྲལ་བའོ། །ལྷུན་གྲུབ་ཀྱི་དགོངས་པ་ཞེས་བཱཻ་རོ་ཙ་ནས་གསུངས་པའོ། །བྱ་བྲལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །རང་སེམས་རང་བྱུང་ཡེ་ཤེས་ལྷུན་གྲུབ་ལས། །རྩོལ་བསྒྲུབ་ཅི་ཡང་མེད་དེ་བྱ་བྲལ་ཆོས་ཀྱི་སྐུ། །འདི་ཞེས་གནས་པ་མེད་དོ་དགོངས་པ་ལྷུན་གྲུབ་ཡིན། །འདི་ཞེས་སྤྱད་བྱ་མེད་པས་སྤྱོད་པ་ལྷུན་གྲུབ་ཡིན། །འདི་ཞེས་ཐོབ་བྱ་མེད་པས་འབྲས་བུ་ལྷུན་གྲུབ་ཡིན། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །ཆོས་ཀྱི་སྐུ་རུ་ཡེ་སངས་རྒྱས། །བྱ་བརྩལ་མེད་པ་ལྷུན་གྲུབ་ཡིན། །ཅེས་གསུངས་སོ། །དེས་ན་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་དམིགས་པ་མེད་པར་གསལ་ན། སེམས་ལས་གཞན་པའི་ཆོས་གང་དུ་ཡང་མ་མཐོང་བས། བློ་རྟོགས་གང་དུ་ཡང་མི་སྐྱེ་བར། ཅི་ལ་ཡང་སྤང་བླང་མེད་པའི་དགོངས་པ་ཡིན་ནོ། །ད་གོལ་ས་དང་སྒྲིབ་པའི་ཚོགས་མིང་ཡང་མེད་པ་ལ་རྦད་ཀྱི་ཆོད་དོ། །སྤྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡེ་ནས་ཡིན་པར་ཤེས་ཤིང་། ཐམས་ཅད་སེམས་སུ་འདུག་ཙམ་ན། སེམས་ལས་གཞན་པ་གང་ཡང་མ་མཐོང་སྟེ། ཆོས་ཐམས་ཅད་སེམས་ཉིད་ཀྱི་ཀློང་དུ་འདུག་པས་ན། ཅི་བསམ་ཆོས་ཉིད་དུ་འདུག །ཅི་བྱས་ཅི་སྣང་ཅི་དྲན་ཆོས་ཉིད་དུ་འདུག་ཙམ་ན། ཡིན་པ་དང་། མིན་པ་དང་། བླང་བ་དོར་བ་མི་འདུག་གོ། །དེ་ཙམ་ན་མི་འདུག་པ་ནི་འདུག་པའོ། །ཅི་སྣང་ཅི་སྲིད་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཤེས་པ་ནི། ཆོས་ཉིད་ཤེས་པའོ། །ཆོས་ཉིད་ཤེས་པ་ནི་ཤེས་པ་མེད་པའི་ཤེས་པའོ། །དེ་ལྟར་ན་སྤྱོད་པ་བྱེད་སྤྱོད་ཅི་བྱས་ཀྱང་། འཛིན་ཆགས་མེད་པའི་སྤྱོད་པ་ནི། བྱས་པ་མེད་པའི་སྤྱོད་པ་ཞེས་བྱ། བཱཻ་རོ་ཙ་ནས་མན་ངག་མཐའ་ལས་འདས་པ་ཞེས་བྱ་བ། དབུ་རྩེ་ཡང་ཐོག་ཏུ་གསུངས་སོ། །ཀུན་བཟང་རིག་པའི་ཀློང་ལ་ཕྱག་འཚལ་ལོ། །རིག་པ་ནམ་མཁའ་ལྟ་བུ་ཡེ་ནས་གདལ་བའི་ཕྱིར། །སྣང་ཞིང་སྲིད་པའི་ཆོས་རྣམས་ཡེ་ནས་རྣམ་པར་དག །སྲིད་གསུམ་གཉིས་མེད་ཡེ་ནས་གདལ་བ་ལ། །མཚན་མའི་ཆོས་རྣམས་ཡེ་ནས་ཆོས་ཀྱི་སྐུ། །ཁམས་གསུམ་ཡེ་ནས་རང་གྲོལ་དགོངས་པ་འདི། །དཔེར་ན་ནམ་མཁའ་ཆེན་པོ་འདྲ་སྟེ། ནམ་མཁའ་ལ་སྤྲིན་དང་། ཁུ་རླང་དང་། འབྲུག་སྒྲ་དང་། ཐོག་དང་། སེར་བ་དང་། རླུང་དང་། འཇའ་ཚོན་དང་། འཆར་པ་ལ་སོགས་པ། ནམ་མཁའ་སྟོང་པ་ཉིད་སྣ་ཚོགས་སུ་སྣང་བ་ལ། ནམ་མཁའ་སྤང་བའི་ཕ་རོལ་ནས། དེ་རྣམས་འབྱུང་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཉིད་སྤང་བའི་ཕ་རོལ་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྡུལ་ཙམ་འབྱུང་བ་ཡང་མེད་དོ། །དེ་ཙམ་ན་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད། རིག་པ་རང་བྱུང་བའི་ཡེ་ཤེས་སུ་སྣང་བར་འདུག་གོ། །མཚན་མ་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བར་འདུག་པ་དེ་ལ། མཚན་མ་རང་སར་གྲོལ་བའི་དགོངས་པ་ཞེས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ། སྐྱོན་ཡོན་གྱི་རྟོགས་པ་ཅི་ཡང་མི་སྐྱེ་སྟེ། ཐམས་ཅད་རིག་པ་རང་བྱུང་གི་ངོ་བོར་གསལ་ལོ། །དེ་ཀ་ལ་ཐ་སྙད་དུ་ཆོས་ཞེས་བཏགས་པ་ཙམ་དུ་ཟད་དོ། །ཡང་བཱཻ་རོ་ཙ་ནས་འདི་སྐད་གསུངས། སེམས་ཉིད་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །ནམ་མཁའི་རང་བཞིན་སྐྱེ་མེད་གདལ་བ་ལ། །འབྱུང་བའི་རང་བཞིན་ཡེ་ནས་རྣམ་པར་དག །སེམས་ཀྱི་རང་བཞིན་ཡེ་ནས་སྐྱེ་མེད་ལ། །འཁོར་བའི་རང་བཞིན་ཡེ་ནས་མངོན་སངས་རྒྱས། །ཞེས་འབྱུང་། དེ་ལ་འདའ་ཀ་མ་ཚིག་གསུམ་གྱི་དགོངས་པ་བྱུང་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། སྐུ་གསུང་ཐུགས་སུ་སངས་མ་རྒྱས་པ་གཅིག་ཀྱང་མེད་དོ། །གཟུགས་སུ་སྣང་ཚད་ཡེ་ནས་སྐུ། སྒྲ་རུ་གྲགས་པའི་རྣམ་པ་ཐམས་ཅད་ཡེ་ནས་གསུང་། དྲན་རྟོག་དང་གཟུང་འཛིན་སྣ་ཚོགས་སུ་སྣང་བ་ནི་ཐུགས་སོ། །ཅིའི་ཕྱིར། གཟུགས་སྣ་ཚོགས་ཅི་སྣང་བོད་ཙ་ན་སྟོང་། སྟོང་བདོ་ཙ་ན་སྣ་ཚོགས་སུ་སྣང་ངོ་། །དེའི་ཕྱིར་སྣང་བ་དང་། སྟོང་པ་དབྱེར་མེད་པ་ལ་མི་ལྟ་མི་བསྒོམ། དབྱེར་མེད་ལ་མི་གནས་མ་ཆགས་པ་ནི། འདའ་ཀ་འཆི་བྲོད་ཀྱི་དགོངས་པའོ། །ཡང་སྒྲ་རུ་གྲགས་བདོ་ལ་སྟོང་པ་ལ། སྟོང་བདོཙ་ན་སྒྲ་རུ་གྲགས་སོ། །སྒྲ་རུ་གྲགས་པ་དང་སྟོང་པ་དབྱེར་མེད་པ་ལ་མི་གནས་མི་བསྒོམ་མི་ལྟ་མི་ཆགས་པ་ནི་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོའོ། །འདའ་ཀ་འཆི་བྲོད་ཀྱི་དགོངས་པའོ། །ཡང་རྟོག་པ་སྣ་ཚོགས་ཞེས་ཅིར་རྟོག་བདོ་ཙམ་ན་སྟོང་། སྟོང་བདོ་ཙམ་ན་སྣ་ཚོགས་སུ་ཞེན་ཅིང་རྟོག་པས། དེས་ན་རྟོག་པ་དང་སྟོང་པ་དབྱེར་མེད། དབྱེར་མེད་ཙམ་ལ་མི་གནས་མ་ཆགས་པ་ནི་འདའ་ཀ་འཆི་བྲོད་ཀྱི་དགོངས་པའོ། །དེ་ལྟར་ངོ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པ་གཉིས་མེད་པའོ། །རྟོགས་པ་དེ་ལྟར་ཆོས་ཐམས་ཅད་རང་གི་སེམས་སུ་ཐག་ཆོད་པས། དེ་ནི་སངས་རྒྱས་མངོན་སུམ་པ་ཡིན། བཱཻ་རོ་ཙ་ནས་གསུངས་སོ། །རྩོལ་མེད་སེམས་ཀྱི་ཀློང་ལ་ཕྱག་འཚལ་ལོ། །རྙག་ཆེན་ཛྙཱ་ནས་གོ་བར་གྱིས། བྱང་ཆུབ་སེམས་ལས་མ་རྟོགས་པ། སངས་རྒྱས་ལོགས་ན་མེད་པར་ཡིད་ཆེས་གྱིས། ཅིའི་ཕྱིར། ལུང་ལས། སྣང་དང་སྟོང་པའི་ཆོས་རྣམས་ཀུན། །རིག་པ་བྱང་ཆུབ་སེམས་སུ་གཅིག །དག་དང་མ་དག་ཆོས་རྣམས་ཀུན། །གང་ཡང་སྤང་བླང་མེད་པ་ཅིག །དེས་ན་གཉིས་མེད་བྱང་ཆུབ་སེམས་སུ་རྫོགས། །ཞེས་གསུངས་ཏེ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དངོས་གཞི། རང་གི་བྱང་ཆུབ་སེམས་སྣང་བས། ད་འབད་རྩོལ་གྱིས་ལོག་ཏུ་བསྒྲུབ་ཏུ་མེད་དོ། །དེས་ན་ནམ་མཁའི་སྣང་བའམ། ཆུའི་ཟླ་བའམ། མེ་ལོང་གི་གཟུགས་བརྙན་ནམ། ཟ་འོག་གི་རི་མོའམ། ཆུ་ནང་གི་མར་མེ་དང་འདྲ་སྟེ། སོ་སོར་སྣང་ཡང་ངོ་བོ་མེད་པའོ། །དེས་ན་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། གང་ཡང་སྤང་བ་མེད་པར་ཀ་ནས་དག་པའོ། །སེམས་ཉིད་ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུའི་ངོ་བོར་ཡེ་ནས་ས ངས་རྒྱས་པས། རྟག་པ་དང་ཆད་པའི་མུ་མཐའ་མིང་ཡང་མེད། ཟབ་ཅིང་གཏིང་དཔག་དཀའ་སྟེ། དེ་ལྟར་མ་སྐྱེས་པའི་ཆོས་ཉིད། འབྱུང་འཇུག་མེད་པའི་དེ་ཉིད། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམ། ངོ་བོ་འདི་འདྲ་ཞེས་གང་དུ་ཡང་མ་གྲུབ། བསྒོམ་པའི་མཆོག་ལྡན་རང་གི་སེམས་ལ་ལྟོས། །བསྒོམ་ན་འདའ་ཀའི་ཚིག་གསུམ་བསྒོམ། །བསྒོམ་དུ་མེད་པའི་དོན་རྙེད་ན། །བསྒོམ་ཡང་མི་ལྟོ་སེམས་ཉིད་དང་། །བཱཻ་རོ་ཙ་ནས་གསུངས་པའོ། །འདི་ནི་ནམ་མཁའ་ཀློང་ཡང་བསྒོམ་པ་སྟེ། དཔེར་ན་ནམ་མཁའ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ནམ་མཁའི་ཀློང་ནས་ཀྱང་ཆགས་པར་སྣང་། འཇིགས་པར་སྣང་། ཆགས་འཇིགས་གཉིས་ཀ་ནམ་མཁའི་རང་བཞིན་ངང་། །ནམ་མཁའ་རང་གི་ངོ་བོ་ལ། །ནམ་མཁའ་སྤང་པའི་ཕ་རོལ་ན། །འཇིགས་ཆགས་འབྱུང་བ་གང་ཡང་མེད། །དཔེར་ན་ནམ་མཁའ་ཉིད་སྣང་སྲིད་ལྟར་སྣང་སྟེ། སྣང་སྲིད་ཉིད་ནམ་མཁའ་ལས་མ་གཡོས་པ་བཞིན། རང་རིག་པ་བྱང་ཆུབ་ཀྱི་སེམས་ལ་ཡང་། ཡིན་པ་དང་མིན་པ་ལ་སོགས་པ། མཚན་མ་སྣ་ཚོགས་ཅི་བྱུང་ཡང་། ཡིན་ན་རང་ཡིན། སྣང་ན་རང་སྣང་། ཤར་ན་རང་ཤར། བྱུང་ན་རང་བྱུང་བ་ཡིན་ནོ། །ཅི་དང་ཅི་བྱུང་བ་ཐམས་ཅད་སེམས་མ་ཡིན། རྡུལ་ཙམ་ཡང་གཡོས་ས་མེད་དོ། །དེ་ལྟར་རྟོགས་པ་ལྡན་པའི་མིས། བལྟས་ན་ད་བཟོད་མངོན་ནོ། །དེ་ལྟ་བས་ན། འབྱུང་བ་མཁན་ངང་ལས་མ་རྟོགས་པ། །སྤྲིན་དང་ཁུ་རླང་གང་ལས་བྱུང་། །རང་བྱུང་རང་ཞི་ནམ་མཁའ་རང་གི་གཤིས། །ཆོས་ཉིད་བྱང་ཆུབ་སེམས་དཔའ་མ་རྟོགས་པ། །རྟོགས་པའི་མཚན་མ་གུད་ན་ཅི་ཡང་མེད། །རང་བྱུང་སེམས་ཀྱི་རང་གི་ཀློང་། །དེ་ལྟར་རྟོགས་པའི་ཀློང་དུ་སུ་གནས་པ། །སྐུ་གཟུགས་མི་རུ་འདུག་ཀྱང་རྡོ་རྗེ་སེམས་དཔའ་དངོས། །ཞེས་གསུངས་སོ། །དཔེར་ན་ཀ་ལ་པིང་ཀ་སྒང་ང་ནང་དུ་གཤོག་དྲུག་རྫོགས་པས། །བར་སྣང་ཡངས་པ་ལམ་དུ་བདེ་བར་གདའ། །རྣལ་འབྱོར་མ་བཅོས་དོན་ལ་བློ་སྦྱངས་པས། །འགྲོ་དྲུག་གཡང་ས་ཆོས་ཀྱི་ཉིད་དུ་སྣང་། །ནམ་མཁའ་ཀློང་ཡང་དགོངས་པ་བཱཻ་རོ་ཙ་ནས་གསུངས་སོ། །རྩོལ་མེད་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །རང་སེམས་རྟོགས་པའི་རྣལ་འབྱོར་གྱིས། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན། །རྣམ་དག་མ་བཅོས་ཐིག་ལེར་བསྒྲལ། །མཁའ་ལྟར་དག་པའི་སེམས་ཉིད་ལ། །དགེ་སྡིག་གཉིས་ཀྱི་གོས་པ་མེད། །སེམས་ཉིད་ནམ་མཁའ་དག་པའི་ཕྱིར། །ཅེས་པའོ། །ཁམས་གསུམ་བསྒྲལ་ན་དེ་ལྟར་སྒྲོལ། ཁམས་གསུམ་ཡངས་པ་ནི། འདི་ལྟར་སྣང་བ་ཁམས་གསུམ་དང་། སྲིད་གསུམ་ལྟར་སྣང་བའི་ཆོས་རྣམས་ཀུན། མཚན་མ་དངོས་པོར་སྣང་བ་ཐམས་ཅད། བྱང་ཆུབ་སེམས་ཀྱི་སྣང་བ་ཡིན་ཏེ། དཔེར་གཉིད་ལོག་པའི་རྨི་ལམ་དུ། ལྷའི་ཡུལ་དུ་ཕྱིན་ཏེ། ལྷའི་ལོངས་སྤྱོད་ནི་སྣ་ཚོགས་སྤྱོད་ན། གཉིད་སད་ནས་ལྷའི་ལོངས་སྤྱོད་ཅི་ཡང་མེད་དེ། རང་གི་སེམས་ལྷའི་ལོངས་སྤྱོད་ལྟར་སྣང་ངོ་། །དེ་དང་འདྲ་བར། རང་གི་སེམས་ཁམས་གསུམ་དང་སྲིད་གསུམ་དུ་སྣང་བ་ལས། སེམས་སྤང་བའི་ཕ་རོལ་ན། ཁམས་གསུམ་སྲིད་གསུམ་བྱ་བའི་མིང་ཡང་མེད་དོ། །དེ་ལྟར་བས་ན། འདོད་པའི་ཁམས་སུ་སྣང་བ་ཡང་རང་གི་སེམས། གཟུགས་ཀྱི་ཁམས་སུ་སྣང་བ་ཡང་རང་གི་སེམས། གཟུགས་མེད་པའི་ཁམས་སུ་སྣང་བ་ཡང་རང་གི་སེམས། དེ་བས་ན། རང་ཉིད་ཁམས་གསུམ་གྱི་ངོ་བོར་མ་ཤེས་ན། བདག་གཞན་གྱི་དངོས་པོར་རྟོགས་པས་བདག་དང་བདག་གིར་མཐོང་། སོ་སོར་སྣ་ཚོགས་ཕྱེ། མཚན་མ་སྣ་ཚོགས་སུ་བཟུང་བས། ཁམས་གསུམ་དང་སྲིད་གསུམ་དུ་སྣང་ངོ་། །ཁམས་གསུམ་སྲིད་གསུམ་སྣང་བ་ཉིད། རང་གི་སེམས་སུ་ཤེས་ཤིང་། རྟོགས་ཕན་ཆད་སེམས་ནི་ཡེ་ཐོག་མ་ནས་སངས་རྒྱས་སོ། །སངས་རྒྱས་ཀྱི་མ་བྱས། སེམས་ཅན་གྱི་མ་བཅོས། སྤྲོས་བྲལ་ལམ་པའི་ཤེས་རབ་ཀྱི་མ་བྱས་པ། ད་ལེགས་པར་གཞིག་དང་། འདི་ཞེས་ཀྱི་མཚན་མ་ཅི་ཡང་མེད་དོ། །དེ་འདྲའི་རྣལ་འབྱོར་དབང་ཕྱུག་ཆེན་པོ་དེས། སེམས་རང་སྣང་བའི་ཐུགས་རྗེ་སྣ་ཚོགས་སུ་ལོངས་སྤྱོད་དོ། །ཅི་ལྟར་ན། ཆོས་ཉིད་རང་སྣང་བའོ། །དེ་ལྟར་ཕྱི་ནང་དངོས་པོ་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད། ཆོས་ཉིད་རང་གི་སེམས། སྐྱེ་མེད་ཐིག་ལེ་ཉག་གཅིག་ཅིའི་ངོ་བོར་ཡང་མ་གྲུབ་པ་ནི། ཁམས་གསུམ་ཡངས་སྒྲོལ་གྱི་དགོངས་པའོ། །ཅེས་བཱཻ་རོ་ཙ་ནས་གསུངས་སོ། །ཀུན་བཟང་དེ་ཉིད་ལ་ཕྱག་འཚལ་ལོ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་མ་བསྐྱེད་གཉེན་པོའི་མཐུས་མི་གཡོ། །སྣང་སྲིད་ཡེ་སངས་རྒྱས་པས་འབྲས་བུ་ཆོས་ཀྱི་སྐུ། །རྣལ་འབྱོར་དབང་ཕྱུག་ཆོས་ཉིད་ལོངས་སྤྱོད་བྱེད། །ཐམས་ཅད་སེམས་སུ་མཐོང་བས་འཁོར་བ་ཡེ་ནས་དག །སེམས་ཉིད་ཡེ་སངས་རྒྱས་པས་ཀུན་ཏུ་བཟང་པོའི་ཀློང་། །བདག་མེད་ཕྱོགས་དང་བྲལ་བས་རྩོལ་བ་མིང་ཡང་མེད། །རྣམ་རྟོག་རང་སེམས་ཡིན་པས་བྲག་ཆའི་སྒྲ་དང་འདྲ། །སྣ་ཚོགས་ཆོས་སྐུ་རྫོགས་པས་ཨ་ཏི་རང་གི་སེམས། །བྱེད་སྤྱོད་ཐམས་ཅད་ཡིད་བཞིན་གཏེར་དང་འདྲ། །མན་ངག་རྒྱལ་པོ་རང་གི་སེམས་ཉིད་ཡིན། །ཅེས་བཱཻ་རོ་ཙ་ན་བདག་གིས་བཤད་དོ། །རྒྱ་གར་ཡུལ་གྱི་ནུབ་ཕྱོགས་ན། །ཨུ་རྒྱན་ཡུལ་གྱི་བྱང་ཆུབ་ཤིང་དྲུང་དུ། །དགའ་རབ་རྡོ་རྗེས་ཐུགས་ཀྱི་བཅུད་ཕྱུང་ནས། །བདག་འདྲ་བཱཻ་རོ་ཙ་ནས་བློ་ཡི་སྣོད་བཟེད་ནས། །རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་པའི་གཏེར་དུ་འཁུམ། །རྣལ་འབྱོར་དམ་ཚིག་གཞུང་དུ་བཙུན། །རྡོ་རྗེ་སྙིང་པོ་དོན་གྱི་རྣལ་འབྱོར་ལ། །གསེར་གྱི་རི་མཆོག་འབར་བ་བསྒྲོད་ན་ཡང་། །ཡིད་བཞིན་རིན་ཆེན་གཏེར་ལ་སྤྱོད་འདོད་པས། །བློ་རྩེ་ལྐོག་རྣོ་བདག་གི་འདི་ལྟར་ཤེས་པར་བྱ། །དགོངས་པ་དེ་ཉིད་སླེབ་པའི་ཚད་དང་བཟློག་པའི་ས། །དེ་ལ་གོལ་བའི་ས་དང་ཉོན་མོངས་རོ། །ཚད་དང་ལྡན་ནམ་མི་ལྡན་བློ་ཡིས་བརྟགས་པར་བྱ། དེ་ལ་རང་སེམས་རང་བྱུང་གིས། ཡེ་ཤེས་ཡེ་ནས་སངས་རྒྱས་ཡིན་པར་ངོ་མ་ཤེས་ཏེ། དེ་ལྟར་མ་རིག་པས་རང་སྣང་ལོག་པའི་འཁྲུལ་པ་ལས། དེ་ལ་གཟུང་འཛིན་གྱི་ཞེན་པ་མཐུ་བརྟགས་པས། ཁམས་གསུམ་དུ་འཁྱམས་ཞིང་སྐྱེ་ཤིའི་འཁོར་ལོ་ལ་བསྐོར་ནས། ཉོན་མོངས་པའི་སྡུག་བསྔལ་རྒྱུན་མ་ཆད་པར་འཁོར་བར་འཁྱམས་པའོ། །ད་འཁོར་བ་བཟློག་པ་ནི། སྐྱེ་ཤི་འཁོར་བའི་ཆོས་ཐམས་ཅད་ནི། རང་གི་བྱང་ཆུབ་སེམས་སུ་གོ་རྟོགས་ན། །སེམས་ཀྱི་མཚན་ཉིད་ཅིས་ཀྱང་མ་གྲུབ་པ། །ཅིར་ཡང་སྤྲུལ་ནས་ཅི་ཡང་སྣང་། །སྣང་ཙམ་ཉིད་ན་སྟོང་ཉིད་དོ། །སྟོང་ཙམ་ཉིད་ན་སྣ་ཚོགས་སྣང་། །དེས་ན་སྣང་སྟོང་གཉིས་སུ་དབྱེར་མེད་དོ། །དབྱེར་མེད་རང་བྱུང་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད། །ཆོས་སྐུ་བདེ་བ་ཆེན་པོ་ལ། །གསེར་གྱི་རི་མཆོག་བསྒྲོད་ཅེས་བྱ། །རྟོགས་པའི་དོན་ལས་མ་བཅོས་ངང་། །རང་བྱུང་ཡེ་ཤེས་རྒྱུན་མི་ཆད། །བདེ་བའི་ལོངས་སྤྱོད་ཟད་མི་ཤེས། །ཡིད་བཞིན་གཏེར་དང་སྤྱོད་ཅེས་བྱ། །དེ་ཡང་སངས་རྒྱས་ཉིད་དང་དགོངས་པ་མཉམ། །ཅེས་བཱཻ་རོ་ཙ་ནས་གསུངས། དགོངས་ཤིང་ཉོན་མོངས་པ། ཆོས་ཀྱི་སྐུར་རྟོགས་ནས། སྡུག་བསྔལ་གྱིས་མི་འཇིགས་ཤིང་། རྨི་ལམ་གྱི་བདེ་སྡུག །ཐམས་ཅད་ཡེ་ནས་ཆེན་པོ་ལས་གཡོས་ན། མྱ་ངན་ལས་འདས་པའི་རྟགས་ཡིན་ནོ། །དཔེར་ན་ནམ་ཤི་བའི་དུས་ན། རང་གི་རིག་པ་རང་བྱུང་། རང་སྣང་འཛིན་མེད་དུ་ཤར་བ་ལ། དུས་སྔ་མ་དང་། ཕྱི་མ་དང་། ད་ལྟར་འཛིན་པ་མེད་དོ། །འདི་དང་ཕ་རོལ་དུ་བྱ་བ་གཉིས་སུ་མ་མཐོང་བས། ཤི་དང་མ་ཤི་བྱ་བ་ག་ལ་ཡོད་དོ། །དེ་ལྟར་དུས་གསུམ་མཉམ་པར་རྟོགས་པའི་རྣལ་འབྱོར་པ། ལུས་མིར་འདུག་ཀྱང་སེམས་སངས་རྒྱས་པར་ལ་ཐག་ཆོད་དོ། །ད་རུང་སྐྱེས་གནས་ལེན་པའི་རྟགས་ནི། ཤེས་རབ་ཀྱི་གཡང་ས་མ་ཆོད་ན། ཏིང་ངེ་འཛིན་ལ་ལོངས་སྤྱོད་ཀྱང་། ལུས་ཀྱི་ཟུག་རྔུ་དང་། བཀྲེས་སྐོམ་དང་། སེམས་ཀྱི་སྡུག་བསྔལ་དང་། རྨི་ལམ་བདེ་སྡུག་གི་རྟོགས་པ་དང་། གཟུང་འཛིན་སྣ་ཚོགས་སྐྱེས་ནས། རྟོགས་ཚད་མཐར་མ་ཕྱིན་ན། ཞེན་པ་ལས་མ་གྲོལ་བའི་སྐྱོན་ཡིན་པས། ད་རུང་བཀའ་རྒྱུད་ལུང་གསུམ། བླ་མས་གྲོལ་བར་བྱ། ཞེས་པའོ། །མ་ཧཱ་ཡོ་གའི་དགོངས་པ་བསྟན་པ། རང་རིག་ཡེ་ཤེས་སྐྱེ་མེད་དབྱིངས་ལས། ཆོ་འཕྲུལ་སྣ་ཚོགས་ནི། སྣང་སྲིད་ལྷའི་གཞལ་ཡས་ཁང་། ལུས་ཀྱི་བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ལ། ངག་གི་ཅི་བཟླས་ཐམས་ཅད་གསུང་གི་བཟླས་བརྗོད་ཡིན། ལག་གི་ཅི་བཟུང་ཐམས་ཅད་དམ་ཚིག་ཕྱག་རྒྱ། སྣོད་བཅུད་འཁོར་འདས་སྣང་སྲིད་ཀུན། ཕྱག་རྒྱ་ཆེན་པོ་ལྷ་སྐུར་རྟོགས་ཙམ་ན། ལྷ་དང་གཞལ་ཡས་ཀུན་ཀྱང་མ་བཅོས་རང་བཞིན་དབྱིངས་སུ་གསལ། དེ་ནི་མ་ཧཱ་ཡོ་གའི་དགོངས་པ་མཐར་ཐུག་པའོ། །བཱཻ་རོ་ཙ་ནས་འདི་སྐད་གསུངས། རྙག་ཛྙཱ་ན་ཀུ་མ་ར་བྱང་ཆུབ་སེམས་ཀྱི་རྩ་བ་ཆོད་པར་གྱིས། བྱང་ཆུབ་སེམས་ཀྱི་རྩ་བ་ནམ་མཁའ་ལྟ་བུའོ། །ནམ་མཁའ་ནི་ཉིན་པར་གསལ་ལ་ངེས་པར་སྣང་། ནམ་མཁའ་ནི་མཚན་མོ་ནག་ལ་འཐིབས་པ་སྣང་ངོ་། །མུན་པ་འཐིབས་ཙ་ན། ནམ་མཁའ་ངན་དུ་སོང་ངམ་ན་མ་སོང་སྟེ། ནམ་མཁའ་ལ་ངན་དུ་འགྲོ་བའི་རྒྱུ་མེད། གཟི་ལྡན་འོད་ཀྱི་རྒྱལ་པོ། གླིང་ཕར་ལ་སོང་བར། ནམ་མཁའ་མུན་པ་ལྟར་སྣང་བ་ལས་ནམ་མཁའི་ངོ་བོ་ལ་འགྱུར་བ་མེད་དོ། །དེས་དེ་བཞིན་དུ། རིག་པ་བྱང་ཆུབ་ཀྱི་སེམས་ཀྱང་། འཁོར་བ་སྡུག་བསྔལ་ལམ། སྐྱེ་ཤི་ལྟར་སྣང་བ་འདིས་སེམས་ངན་དུ་སོང་ངམ། དཔེར་ན་བཟའ་བཅའ་ཞིམ་པོ་ཟོས་པས། ཁོང་དུ་རུལ་ནས། ངན་སྐྱུག་ཏུ་སོང་བ་ལྟ་བུར་ཅིག་ཡིན་ནམ་ཞེ་ན་དེ་མིན་ཏེ། སེམས་ཉིད་ལ་ངན་དུ་འགྲོ་བའི་རྒྱུ་མེད་དོ། །སེམས་ཉིད་ལ་འཁོར་བའི་སྡུག་བསྔལ་ཉོན་མོངས་པ་ལྟར་སྣང་བ་འདི། རང་སེམས་སྐྱེ་མེད་ནམ་མཁའ་ལྟ་བུར་སྣ་ཚོགས་པར་སྣང་ངོ་། །སྣ་ཚོགས་སུ་སྣང་བ་ཉིད་སེམས་སྐྱེ་མེད་རང་སྣང་བར་མ་རིག་མ་གོ་མ་ཤེས་པས། སེམས་སྐྱེ་མེད་རང་བྱུང་རང་སྣང་ཉིད། འཁོར་བའི་སྡུག་བསྔལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་སྣང་བ་ཉིད། སེམས་ཀྱི་ངོ་བོ་སྐྱེ་མེད་ལ་འགྱུར་བ་རྡུལ་ཙམ་ཡང་མེད་དོ། །ཡང་དཔེར་ན། ནམ་མཁའ་ནི་ཉིན་པར་གསལ་ལ་དངས་པ་འདུག་པ་ནི། ནམ་མཁའ་ཁ་དོག་དང་ལྡན་པར་བཟང་དུ་སོང་བ་ཡིན་ནམ་ཞེ་ན། དེ་མ་ཡིན་ཏེ། ནམ་མཁའ་སྟོང་པ་ལ། བཟང་དུ་འགྲོ་བའི་རྒྱུ་མེད། ནམ་མཁའ་ལ་འགྱུར་བ་མེད། དེ་གསལ་ལ་དངས་པ་ལྟར་སྣང་བ་འདི། གཟི་ལྡན་འོད་ཀྱི་རྒྱལ་པོ་ནམ་མཁའ་ལ་ཤར་བས། གསལ་བ་དངས་པ་ལྟར་སྣང་བ་ཡིན། ནམ་མཁའ་ལ་བཟང་ངན་དུ་འགྱུར་བ་མེད་དེ། དཔེར་ན་དེ་བཞིན་དུ་བྱང་ཆུབ་སེམས་ལ་ཏིང་ངེ་འཛིན་དང་བསྒོམ་བསྒྲུབ་བམ། ཆོས་སྤྱོད་ཅི་སྙེད་ཅིག་སྤྱོད་ནས། བྱང་ཆུབ་སེམས་བདེ་བ་ཐོབ་པ་ལྟར་སྣང་ན། བྱང་ཆུབ་སེམས་བཟང་དུ་སོང་བ་འམ། བདེ་བ་ཐོབ་པའམ། བྱང་ཆུབ་ཐོབ་པ་ཡོད་དམ་མེད་དེ། བྱང་ཆུབ་སེམས་ལ་བསྐལ་པར་འདས་ན་བསྒོམ་བསྒྲུབ་བམ། ཆོས་སྤྱོད་བྱས་ཀྱང་། སེམས་ཉིད་བཟང་དུ་སོང་བའམ། བྱང་ཆུབ་ཐོབ་པ་མེད་དོ། །ནམ་མཁའ་ལྟ་བུ་སྐྱེ་བ་མེད་ལ་འགྱུར་བ་མེད་དོ། །བདེ་བའམ། བྱང་ཆུབ་ལྟར་སྣང་བ་ནི། རང་གི་རང་ངོ་ཤེས་སྟེ། རང་གི་རིག་པ་སྐྱེ་མེད་ཉིད། བདེ་བ་ལྟར་སྣང་། བྱང་ཆུབ་ཐོབ་པ་སྙམས་བྱེད་པར་སྣང་། མཐོ་རིས་ལྟར་སྣང་། བདེ་བ་ལྟར་སྣང་བ་ནི། རང་གི་བྱང་ཆུབ་ཀྱི་སེམས་རང་སྣང་བ་ཡིན་ནོ། །རང་སེམས་སྐྱེ་མེད་རང་སྣང་བ་མ་ཡིན་པ། རང་སེམས་སྐྱེ་མེད་ནམ་མཁའ་ལྟ་བུ་ལ། བསྐལ་པའི་བར་དུ་འབད་རྩོལ་གྱིས་བཟང་དུ་འགྲོ་བའི་རྒྱུ་མེད་དོ། །དཔེར་ན་ནམ་མཁའ་ལ་ནི་ནམ་མཁའ་བསྣན་ཀྱང་བཟང་དུ་འགྲོ་བ་མེད་དོ། །ཕན་མ་བཏགས་པ་བཞིན་ནོ། །ནམ་མཁའ་ལ་བསྐལ་པའི་བར་དུ། འཕྲི་ཡང་འབྲི་བ་མེད་དོ། །བྱང་ཆུབ་སེམས་ལ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་སྤྱད་ཀྱང་། བྱང་ཆུབ་སེམས་ལ་རྡུལ་ཙམ་ཡང་འབྲི་བ་མེད་དོ། །གནོད་པ་བསྐྱལ་ནས་ངན་དུ་སོང་བའམ་འཕོ་འགྱུར་མེད་དོ། །སྐྱེ་མེད་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར། མནར་མེད་སེམས་ཅན་དམྱལ་བའི་གནས་སུ་བཙོ་བསྲེགས་བྱུང་ཡང་། སེམས་ཀྱི་སྣང་བ་དམྱལ་བ་ལྟར་སྣང་། བཙོ་བསྲེག་ལྟར་སྣང་བ་ལས། དེ་རྣམས་ཀྱི་ངོ་བོ་སྐྱེ་མེད་ནམ་མཁའ་ལྟ་བུ་ལ་སྐྱེ་རྒྱུ་ཡང་མེད། བཙོ་བསྲེགས་བྱ་རྒྱུ་ཡང་མེད། སེམས་ཉིད་ནམ་མཁའ་ལྟ་བུའི་ཕྱིར་རོ། །ལུང་ལས། རྒྱུ་མེད་རྐྱེན་མེད་དངོས་པོ་ཡེ་སངས་རྒྱས། །ཞེས་པའོ། །བྱང་ཆུབ་སེམས་ཀྱི་རྩ་བ་དེ་ལྟར་ཆོད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གོལ་ས་མེད་པར་ལ་ཆོད་དོ། །ལྟ་བའི་ལ་ཆོད་དང་བཱཻ་རོ་ཙ་ནས་གསུངས་པའོ། །འདྲ་འབགས་ཆེན་མོ་ལས། ལྟ་བ་ཐག་ཆོད་ཀྱི་སྐབས་སྟེ་ཉེར་དགུ་པའོ།། ༈ །།རྙག་ཛྙཱ་ན་ཀུ་མ་རས་བཱཻ་རོ་ཙ་ན་ལ། གསེར་སྲང་དྲུག་ཅུ་ཐམ་པ་ཕུལ་ནས། བརྐྱང་ཕྱག་ལེན་སྟོང་དུ་མཛད་དོ། །བླ་མའི་བཀའ་དྲིན་ལན་ཅི་ལྟར་བྱས་ན་དྲིན་ལན་འཁོར་བསམ་སྟེ་ངུས་པས། བཱཻ་རོ་ཙ་ནའི་ཞལ་ནས། མོས་གུས་དད་པ་ལྡན་པའི་ཀུ་མ་ར། །རང་སེམས་ཀུན་བཟང་རྡོ་རྗེ་སེམས། །རང་སེམས་རིག་པར་མ་གྱུར་མཐོང་སྣང་སོ་སོར་མཐོང་། །བསླབ་པའི་ཆོས་ཀྱི་རང་སེམས་མཐོང་བ་མེད། །དྲངས་དོན་སྲེ་ཏེ་ཆོས་ཀྱི་བསྐལ་པའི་མཐར་བཤད་ཀྱང་། །སྐྱེ་མེད་ཕྱིར་མི་ལྡོག་པའི་སངས་རྒྱས་མཐོང་བ་མེད། །ལུས་ངག་ཡིད་གསུམ་བསླབ་པའི་ལས་བྱས་བསྐལ་པའི་འབད་རྩོལ་གྱིས། །སྐྱེ་མེད་ཕྱིར་མི་ལྡོག་པའི་སངས་རྒྱས་མཐོང་བ་མེད། །མོས་གུས་དད་དང་ལྡན་པས་མཁས་པའི་མན་ངག་རྙེད། །མན་ངག་འཕྲུལ་གྱི་མེ་ལོང་ལྟ་བུར་རང་སེམས་སྐྱེ་མེད་མཐོང་། །སྐྱེ་མེད་རང་སེམས་མཐོང་བས་འཁོར་འདས་གཉིས་དང་བྲལ། །ཕྱིར་མི་ལྡོག་པའི་སངས་རྒྱས་དེ་ལ་བྱའོ། །རང་སེམས་ཆོས་སྐུ་ནམ་མཁའ་ལྟ་བུའོ། །ནམ་མཁའ་མཐའ་དང་དབུས་མེད་ཁ་དོག་ཕྱོགས་དང་བྲལ། །སེམས་ཀྱང་མཐའ་དང་དབུས་མེད་ཁ་དོག་ཕྱོགས་དང་བྲལ། །དེ་ལྟར་ཕྱོགས་མེད་ནམ་མཁའ་ཆེན་པོ་ལ། །ལུང་པའི་དབྱིབས་དང་ཁང་ཁྱིམ་བུ་ག་སྣ་ཚོགས་དང་། །གྲུ་བཞི་གྲུ་གསུམ་ནར་མོ་ཟླུམ་པོ་ལ་སོགས་པ། །དེ་ལྟར་བྱང་སེམས་ནམ་མཁའ་ལྟ་བུའི་ཕྱོགས་མེད་ལ། །སྒོ་ལྔ་རྣམ་ཤེས་འཁོར་འདས་བདེ་སྡུག་སྣ་ཚོགས་སྣང་། །སྣང་བ་ཉིད་ན་ངོ་བོ་མེད་དེ་དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །དེས་ན་དགག་བསྒྲུབ་བླང་དོར་གང་ལ་བྱེད། །དེ་ལྟར་རང་སེམས་ཐིག་ལེ་ཉག་གཅིག་ཏུ། །རྟོགས་ནས་འཁོར་འདས་ཆོས་ཀྱི་གོལ་ས་མེད་པ་ལ་ཆོད་དོ། །ཅེས་བཱཻ་རོ་ཙ་ནས་གསུངས་སོ། །ཕྱོགས་དང་ནམ་མཁའ་ཁ་དོག་འདི་ཞེས་མེད་པ་ལ། །སྤྲིན་དང་འོད་ཀྱི་འཇའ་ཚོན་སྣ་ཚོགས་སྣང་། །དེ་བཞིན་མཁའ་ལྟར་དག་པའི་སེམས་ཉིད་ལ། །སྒོ་ལྔའི་སྣང་བ་རྟོག་པ་སྣ་ཚོགས་འཆར། །རྟོག་པ་དེ་ཉིད་རང་སེམས་ཆོས་ཀྱི་སྐུ། །བཟང་ངན་དགག་བསྒྲུབ་མེད་དོ་མཉམ་ཉིད་བདེ་བ་ཆེན་པོའི་ཀློང་། །རྙག་ཛྙཱ་ན་ཀུ་མ་ར། དེ་ལྟར་རྟོགས་ན་བཱཻ་རོ་ཙ་ན་ང་དང་མཉམས། །ང་ཡི་མན་ངག་འདི་ཐོས་ན། །བཀྲི་དྲང་པྲེ་ཏིའི་ཆོས་ལ་སློབ་པ་མགོ་བོ་ན། །རང་སེམས་རྟོགས་ན་འཁོར་འདས་ཆོས་ལ་སློབ་གཉེར་ལ་དོགས་པ་མེད་པར་ལ་ཆོད་དོ། །ཞེས་བཱཻ་རོ་ཙ་ནས་གསུངས། རྙག་ཛྙཱ་ན་ཀུ་མ་ར། དེ་ཡི་ཆོག་གོ་གོ་བར་གྱིས། །བཀའ་ཡི་སྙིང་ཁུ་ཐབས་ཀྱི་བཅུད། །ང་ཡི་གོ་བ་བཞིན་དུ་ཁྱོད་ལ་གཏད། །ཁྱོད་ཀྱི་སེམས་ཀྱི་གཏེར་དུ་སྦས། །ཞེས་གསུངས་སོ། །རང་སྣང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཅི་ཡང་མ་གྲུབ་དུག་ལྔ་ཆོས་ཀྱི་སྐུ། །སྤང་འགེག་སྦྱང་བསྒྱུར་ལ་སོགས་སྙིང་རེ་རྗེ། །རླུང་ཉིད་ནམ་མཁའ་ཡིན་པ་ཆ་ཡོད་དམ། །དེ་བཞིན་ཉོན་མོངས་སེམས་ཉིད་ཡིན་པ་ཆ་ཡོད་དམ། །སེམས་ལ་རྒྱུ་རྐྱེན་མེད་པ་ཆ་ཡོད་དམ། །རང་བྱུང་ཡེ་ཤེས་ཡིན་པ་ཆ་ཡོད་དམ། །རླུང་ཉིད་ནམ་མཁའ་ཡིན་པ་ཆ་མེད་ན། །སྦུད་པ་བུ་གའི་རླུང་གི་གང་ནས་བྱུང་། །ཉོན་མོངས་སེམས་ཉིད་ཡིན་པ་ཆ་མེད་ན། །སེམས་ལས་ལོགས་པའི་དུག་ལྔ་གང་ནས་བྱུང་། །སེམས་ལ་རྒྱུ་རྐྱེན་མེད་པ་ཆ་མེད་ན། །སེམས་ཉིད་བརྩལ་བས་མི་རྙེད་ལྟས་པས་མཐོང་བ་མེད། །སེམས་ཀྱི་ངོ་བོ་འདི་ལ་འདི་ཞེས་པ། །དུས་གསུམ་རྒྱལ་བས་མཐོང་བ་མེད། །དཔེར་ན་སེམས་ཉིད་རྟོགས་པའི་རྣལ་འབྱོར་པ། །སེམས་ཀྱང་མེད་དོ་ཆོས་ཀྱང་མེད། །ལས་ཀྱང་མེད་པ་རྣམ་སྨིན་ག་ལ་ཡོད། །དཀར་ནག་ལས་ཀྱི་འབྲས་བུ་སེམས་ཉིད་རང་སྣང་ཡིན། །སེམས་ཉིད་རང་སྣང་མིན་ཟེར་ན། །ས་རྡོ་རི་བྲག་འདི་ཡང་རྣམ་སྨིན་དང་། །བདེ་སྡུག་ཉམས་སུ་མྱོང་བར་འགྱུར། །དེས་ན་འགྲོ་དྲུག་བདེ་སྡུག་སེམས་ཉིད་རང་སྣང་ཡིན། །དེས་ན་སེམས་ཉིད་ནམ་མཁའ་ཡེ་སངས་རྒྱས། །དེས་ན་དུག་ལྔ་ཆོས་སྐུ་ཡིན་པར་ལ་ཆོད་དོ། །ཞེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། ཐེག་དམན་བློ་ཆུང་ལ་བསྟན་དུ་མི་འདོད་པའི་སྐབས་སྟེ་སུམ་བཅུ་པའོ།། །།གསང་ཅིག །གསང་ཅིག །གསང་ཅིག ༈ །བྱ་བྲལ་ལྷུན་གྲུབ་ཀློང་ལ་ཕྱག་འཚལ་ལོ། །མ་གཡོས་རྫོགས་ཆེན་སྤྱིའི་རྒྱན། །ཐེག་པའི་ཡང་རྩེ་རྒྱལ་པོ་ཡིན། །ཐམས་ཅད་འདི་རུ་གཅིག་པས་ན། །སྤྱི་ཡི་ནོར་བུ་རིན་པོ་ཆེ། །ཡོན་ཏན་མི་ཟད་ནོར་བུ་རིན་པོ་ཆེ། །དངོས་གྲུབ་ཐམས་ཅད་འབྱུང་བའི་གཞི། །ཀུན་ལ་ཉེ་རིང་མེད་པས་ན། །ཉི་མའི་འོད་བཞིན་ཁྱབ་པར་གདལ། །དུས་གསུམ་འཕོ་འགྱུར་མེད་པས་ན། །རྡོ་རྗེ་རི་བོ་རྩེ་བཞིན་ནོ། །འཇིགས་བྲལ་ཉམས་ང་ཡོངས་ཀྱི་མེད། །འགྲོ་ཉལ་འདུག་སྡོད་ཟ་ཆགས་དང་། །སྤྱོད་ལམ་རྣམ་བཞི་ཀུན་ཏུ་ཡངས། །དེ་ལ་གཡོས་པ་མེད་པའི་ཕྱིར། །ས་སྟེང་འགྲོ་བ་ཅི་བཞིན་ནོ། །རྒན་གཞོན་ན་ཚོད་མེད་པ་དང་། །ཕ་མོ་རིས་སུ་མི་ཕྱེད་པར། །ཀུན་ལ་མཉམ་པ་གནས་པས་ན། །བཟང་ངན་མེད་པའི་གསེར་གྱི་རྫས་དང་འདྲ། །དཀའ་ཐུབ་འབད་རྩོལ་མི་དགོས་སོ། །ཀུན་ལ་གཞི་ལ་བཞགས་པས་ན། །བྱར་མེད་དོན་དང་འཕྲད་པས་ཆོག །འདིས་གྲོལ་འདིས་བཅིང་མེད་པས་ན། །བཅིང་གྲོལ་གཉིས་དང་བྲལ་བའི་ཕྱིར། །མཐའ་གཞི་ཡན་པར་བཞག་པས་ཆོག །ལང་དང་ཉལ་ལ་ཁྱད་མེད་པས། །ཆོས་ཉིད་ཀློངས་ལས་མ་འདས་པས། །གར་བདེ་སྤྱོད་པ་བྱེད་པས་ཆོག །ཉེ་རིང་མེད་པས་ཆོས་ཉིད་ལ། །ཡུལ་དང་ཕྱོགས་ལ་ཁྱད་མེད་པས། །གྲང་ནག་དག་ཏུ་བསྡད་པས་ཆོག །དགོན་པ་ཐོ་ཡོར་ལ་ཁའི་མི། །བྱིན་དང་རྒོད་པ་གཉིས་མེད་པས། །འཕྲིག་དང་རྟོགས་པའི་ཡུལ་མེད་པས། །འདུ་འཛི་གཡེངས་བ་བརྟེན་པས་ཆོག །གང་མཐོང་ཆོས་ཉིད་ཅེར་མཐོང་ལ། །སྒོ་ལྔ་ཕྱེ་བཙུམ་མེད་པའི་ཕྱིར། །དབང་པོ་ཧར་བར་བཞག་པས་ཆོག །མཉམ་པའི་ཀློང་ན་གནས་པ་ལ། །བསྒོམ་དང་མ་བསྒོམ་མེད་པ་དང་། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །དམྱལ་བ་ལ་སོགས་མེ་འབར་ཆུ་འབྲུགས་ཀྱང་། །སེམས་ཉིད་རང་སྣང་ཡིན་པས་ན། །ཉམ་ང་མེད་པར་བསྡད་པས་ཆོག །ཤན་པ་སྨད་འཚོང་འཚམས་མེད་ལྔ། །ཆོས་ཉིད་ཀློང་ལས་མ་འདས་པས། །དགེ་སྡིག་མེད་པར་རིག་པས་ཆོག །ཅེས་དགའ་རབ་རྡོ་རྗེས་ཐུགས་ཀྱི་བདུད་རྩིའི་ཐིག་པ་ཟག་པས། བཱཻ་རོ་ཙ་ན་བློའི་སྣོད་དུ་བཅས། གཡུ་སྒྲ་སྙིང་པོ་དང་། རྙག་ཆེན་ཛྙཱ་ན་ཀུ་མ་ར་དང་། བདུད་རྩིའི་ཐིག་པ་ཟག་པ་ཐུགས་ཀྱི་དཀྱིལ་དུ་ཐིམ། ཤིན་ཏུ་གསང་། ཡང་ལ་གྲགས་པ་སྟེ། སྐལ་མེད་རྣམས་ཀྱི་མཐོང་ན་དམྱལ་བར་སྐྱེ། །ཅེས་བཱཻ་རོ་ཙ་ནས་གསུངས་སོ། །གསང་ངོ་། །འདི་བཱཻ་རོ་ཙ་ན་དང་ཞལ་མཇལ་བ་དང་འདྲའོ། །རང་བྱུང་ཆོས་ཉིད་ཀློང་ལ་ཕྱག་འཚལ་ལོ། །གཏི་མུག་ཆེན་པོ་བྱང་ཆུབ་སེམས། །མཉམ་པའི་ངང་ལ་ཕྱོགས་རིས་མེད། །ཞེ་སྡང་ཆེན་པོ་བྱང་ཆུབ་སེམས། །འཁོར་བ་ཞེས་གཅོད་དྲག་ཤུལ་ཐབས། །འདོད་ཆགས་ཉིད་ལ་བྱང་ཆུབ་སེམས། །འགྲོ་བ འི་དོན་ལ་ཆགས་པ་ཆེ། །ང་རྒྱལ་ཉིད་ན་བྱང་ཆུབ་སེམས། །ལྟ་དམན་ཐམས་ཅད་ཟིལ་གྱི་གནོན། །ཕྲག་དོག་ཆེན་པོ་བྱང་ཆུབ་སེམས། །ཉག་ཅིག་གང་ནས་སངས་རྒྱས་མེད། །དུག་ལྔ་གང་ནས་ཆོས་སྐུ་མེད། །དུག་ལྔ་མི་སྤང་སྤྱད་པས་ཆོག །འཇིག་རྟེན་ཆོས་བརྒྱད་ཅི་སྤྱད་ཀྱང་། །ཆོས་སྐུ་བྱང་ཆུབ་སེམས་ཀྱི་ཀློང་། །འདོད་ཡོན་ལྔ་ལས་རོལ་པས་ཆོག །སེམས་ཉིད་རྫོགས་པ་ཆེན་པོ་འདི། །གང་ཡང་འགག་པ་མེད་པར་ཤར། །ཅི་ཡང་མ་སྤང་གང་ཡང་མ་འདུས་མེད། །ཅི་ཡང་ཡིན་ལ་གང་ཡང་མིན། །དགག་བསྒྲུབ་སྤང་བླང་མེད་དོ་བྱང་ཆུབ་སེམས། །ཁྱབ་གདལ་འུབ་ཆུབ་རྫོགས་པ་ཆེ། །ཆུང་ངུ་མ་སྤང་ཆེ་རྫོགས་པས། །མཐོ་དམན་མེད་དོ་མཉམ་པ་ཉིད། །དེ་ཡི་དོན་ལས་གང་གནས་པ། །དོན་ཆེན་རྟོགས་པའི་སྐྱེས་བུ་ཡིན། །སངས་རྒྱས་ཉིད་དང་དགོངས་པ་མཉམས། །དེ་ལ་དུས་གསུམ་སངས་རྒྱས་ཀྱང་། །བུ་ཅིག་པ་ཡི་མ་ལྟར་བྱམས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་ནི། །མཐུ་རྩལ་རང་བཞིན་ཤུགས་ཀྱི་ཆེ། །ཅི་ཕྱིར་རྣལ་འབྱོར་གདིང་ལྡན་པ། །ལོ་ཀའི་ལྷ་སྲིན་སྡེ་བརྒྱད་ཀྱང་། །བྲན་གྱི་ཚུལ་དུ་ལས་རྣམས་བྱེད། །ཅི་ལྟར་བསྒོ་བ་བཞིན་དུ་ཉན། །རྣལ་འབྱོར་རྒྱལ་པོ་དེ་ལ་ནི། །རྒྱལ་པོ་བཞིན་དུ་འགྱུར་ནས་ནི། །ནོར་བུ་རིན་ཆེན་བཞིན་དུ་དགྱེས་པར་མཛད། །ཅི་ལྟར་བསྒོ་བའི་ལས་རྣམས་བྱེད། །གདིང་ལྡན་དེ་ཡི་མཐུ་དང་རྩལ་མཐོང་ན། །ཉན་ཐོས་བྱིས་པའི་སྡུག་བརྩིར་གྱིས། །མི་ཡི་ལན་མོ་སྤྲེའུ་ཟློས་འདྲ། །གདིང་ལྡན་རྣལ་འབྱོར་དེ་ལ་ནི། །ཚེ་འདི་འདོད་དགུ་འབྱུང་བ་དང་། །ཕྱི་ནང་སྐྱེ་ཤི་མེད་པ་དང་། །མོས་པ་རྣམས་ལ་ཐུགས་རྗེ་ཆར་ལྟར་ཕབ། །སྡང་ཞིང་སྨོས་པ་རྣམས་ལ་ནི། །དྲེགས་པ་ལྷ་སྲིན་རྣམས་ཀྱང་སྡང་། །དེས་ན་རྣལ་འབྱོར་གདིང་དང་མ་ལྡན་ན། །ལོ་ཀའི་ལྷ་སྲིན་སྡེ་བརྒྱད་ཀྱིས། །ཆད་པ་དབབ་པའི་གནས་སུ་མཐོང་། །དེས་ན་རྣལ་འབྱོར་ཆོས་ཉིད་མ་རྟོགས་ན། །བསྐལ་པ་སྟོང་དུ་ཚོགས་བསགས་ཀྱང་། །སྦྱིན་དང་ཁ་ཐོན་ལ་སོགས་དང་། །བདེ་གཤེགས་ཚོགས་དང་ལེགས་སྤྱད་ཅི་བྱས་པ། །སྐད་ཅིག་མི་ཡི་སྡིག་པ་འདི། །ཅི་ཙམ་བསྒྲགས་པའི་གྲོགས་རྣམས་ཀུན། །ངན་ཚིག་གཅིག་གི་བཤིག་པ་བཞིན། །བརླག་པར་བྱེད་དོ་ཀུ་མ་ར། །ནམ་མཁའ་འཇིག་པ་མེད་པ་བཞིན། །མ་སྐྱེ་པས་ན་འཇིག་པ་མེད། །སྐྱེ་མེད་རྡོ་རྗེ་རྟོགས་པར་གྱིས། །ཞེས་བཱཻ་རོ་ཙ་ནས་གསུངས། བཱཻ་རོ་ཙ་ན་ཉིད་དང་ཞལ་མཇལ་ཀྱང་། །འདི་ལས་བཅུད་ཕྱུང་རྒྱུ་མེད་པའི་ཕྱིར་འདྲ་འབགས་ཆེན་པོ་ཞེས་བྱའོ། །ང་ཡི་ངག་ལ་ཕྱི་རབ་ཀུན་ཀྱང་ཉོན། །བདག་འདྲ་བཱཻ་རོ་ཙ་ན་ཡིས། །དཀའ་བ་བཅུ་དྲུག་བྱེད་ནས་ནི། །ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ་དུ་ཕྱིན། །དགའ་རབ་རྡོ་རྗེ་མཁས་པ་ཉིད་དང་མཇལ། །དགའ་རབ་རྡོ་རྗེ་ཐུགས་ཀྱི་ཐིག་ཟག་པ། །བཱཻ་རོ་ཙ་ན་བདག་གིས་སྣོད་བཟེད་ནས། །མན་ངག་བདུད་རྩིའི་ཐིག་པ་འདི། །རྟོགས་དང་ལྡན་པ་མ་ཡིན་པ། །གཞན་གྱི་རྣ་བར་མ་གླེང་ཤིག །ཁེ་དྲག་ང་རྒྱལ་ཆེན་ལ་ཤོར་ར་རེ། །དོན་མེད་ཚིག་གི་འཆལ་པ་རྣམས་ལ་ཤོར་ལ་རེ། །ཚིག་བཅད་འབད་རྩོལ་ལས་ལ་ཞུགས་པ་རྣམས་ལ་ཤོར་ལ་རེ། །བཅད་ཀྱང་ཁྲག་མེད་སེར་སྣས་བཅིང་པ་དང་། །ཡོན་ཏན་དད་པ་གཉིས་མེད་པ། །མི་ཡི་ངོ་དྲིན་བཀའ་འཕྱར་དང་། །ཐབས་ཁྲམ་འགོ་བྲུས་བྱེད་པ་ལ། །ང་ཡི་མན་ངག་ཤོར་ལ་རེ། །མུ་སྟེགས་མཁའ་ལ་མཐོ་འཇལ་རྣམས་ལ་ཤོར་ལ་རེ། །ཉན་ཐོས་བྱིས་པ་རྣམས་ལ་ཤོར་ལ་རེ། །ལྕེ་བདེ་ཚིག་དུམ་གླུ་རུ་གྱེར་བ་རྣམས་ལ་ཤོར་ལ་རེ། །སྡེ་བདུན་པ་དང་བསྟན་པའི་སྡེ་བདར་རྣམས་ལ་ཤོར་ལ་རེ། །མན་ངག་འདི་ནི་གཏད་པ་ནི། །དད་པ་ཆེ་བའི་ཚད་ནི། །རྟག་པར་རབ་ཏུ་ངུ་བ་འདྲ། །བླ་མ་ཤིན་ཏུ་གདུང་ཞིང་གཅེས་པ། །ནོར་བུ་རིན་ཆེན་ལྟ་བུར་འཛིན། །བླ་མའི་ཕྱོགས་སུ་ལུས་སྲོག་གཉིས་ཀྱང་ཕོང་པ་མེད་པར་གཏང་དགོས་ན། །གཅེས་པ་ནོར་གྱི་དབྱིགས་དང་སྦྱོར་བ་ཟད་ཀྱི་བཅུད། །བླ་མའི་ཕྱོགས་སུ་ཕོང་པ་རྡུལ་ཙམ་མེད། །བཀའ་རྒྱུད་རྣམས་ལ་བལྟ་ཞིང་རྟག་ཏུ་བརྟེན། །ལྟ་དགོངས་སེམས་ལ་ལྟ་ཡིན་རྩོལ་མེད་ཆོས་ལ་མོས། །དེ་འདྲའི་སློབ་མ་རྙེད་ན་མན་ངག་འདི་འདྲ་གཏད་པ་ཡིན། །དེ་འདྲ་མ་རྙེད་སྲ་བརྟན་བྲག་ལ་སྦས། །ཞེས་བཱཻ་རོ་ཙ་ནས་གདམས་སོ། །གསང་ངོ་། །གསང་ངོ་། །གསང་ངོ་། །ཁ་ཐཾ། ཁ་ཐཾ། ཁ་ཐཾ། ཕྱི་རབས་རྣམས་ལ་གཏད་པ་ཡིན། བཀའ་རྒྱ་ཡིན། ཨཐྎ། འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་བཀའ་རྒྱུད་ལུང་གི་དོན་བསྡུས་པ། མན་ངག་གི་བཅུད་བཏིག་པའི་སྐབས་ཏེ་སོ་གཅིག་པའོ།། ༈ །།རྗེ་མ་ཧཱ་གུ་རུ་ལགས། ཐབས་ཀྱིས་སྤང་བར་བྱ་བའི་སློབ་དཔོན་དེ་གང་ལགས། །ཞེས་སྨྲས་པས། ཉོན་ཅིག་གཡུ་སྒྲ་སྙིང་གི་བུ། །སློབ་དཔོན་ངན་པའི་མཚན་ཉིད་ནི། །ཐེག་པ་དམན་ལ་ཞུགས་པ་དང་། །ཐེག་པ་ཆུང་བའི་བློ་སྦྲམ་དང་། །ལར་ཡང་བློ་འཕང་དམའ་བ་དང་། །ཚིག་གི་ལན་ཅིག་ཚིག་ལ་དགའ། །ཁོང་དྲེགས་ཆེ་ལ་རང་མཐོང་ཆེ། །ལུས་སྤྱོད་སྒེག་པས་ཆེ་རུ་ཆེ། །ཁ་ལྕེ་མཁས་པ་བཙུན་དུ་རེ། །ཁང་རླུང་འབུད་ཀྱིས་གདན་ལ་བཞུགས། །ནོར་དད་ཆེ་ལ་ཟས་ལ་ངན། །ཤེས་ལུང་མེད་པར་སློབ་མ་ཚོལ། །རང་གི་མི་ཤེས་གཞན་ལ་སློབ། །དྲེགས་པའི་རྩལ་གྱིས་ཁང་རླུང་འབུད། །རང་གི་དབང་རྣམས་མ་རྫོགས་པར། །གཞན་ལ་དབང་བསྐུར་བྱིན་བརླབས་བྱེད། །རྣམ་རྟོག་ཆེ་ལ་མཚན་མའི་ཆོས་སྤྱོད་འབད་ནས་བྱེད། །དེ་རྣམས་སློབ་དཔོན་ངན་པའི་མཚན་ཉིད་དོ། །དེ་ཡང་ལུང་ལས། བྱིས་པ་བསླུ་བའི་ཆོས་སྤྱོད་རྟོགས་པའི་ལམ་ལ་བཙུད་པ་ནི། །ཕྱིན་པའི་ལམ་མེད་རྟོགས་པའི་དུས་མེད་དོ། །ཆོས་ཉིད་ཚོལ་བས་རྙེད་པར་གར་ལ་འགྱུར། །སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲ་བའི་ལུང་། །ཅེས་པས་བཱཻ་རོ་ཙ་ན་བདག་གི་བཤད། །དེ་ནི་ཐབས་ཀྱིས་སྤང་བར་བྱའོ། །ཡང་གཡུ་སྒྲ་སྙིང་པོས་ཞུས་པ། མ་ཧཱ་གུ་རུ་ལགས། བླ་མ་བཟང་བའི་མཚན་ཉིད་ཅི་ལྟ་ལགས། །ཞེས་ཞུས་པ། བཱཻ་རོ་ཙ་ནས་འདི་སྐད་གསུངས། བློ་ཆེ་བློ་ཡངས་བློ་ཟབ་པ། །རིག་པའི་རྩལ་དང་ལྡན་པའི་སྐྱེས་བུ་ཡིས། །བཀའ་རྒྱུད་ལུང་གསུམ་མན་ངག་ཁོངས་སུ་ཆུད། །བླ་མ་མཁས་པའི་བྱིན་བརླབས་དབང་བསྐུར་ཐོབ། །ཚུལ་ཆོས་ཐབས་ཁྲོམ་མི་བྱེད་སྤྱོད་པ་ལྷུག་པར་སྤྱོད། །ང་རྒྱལ་དྲེགས་པ་མི་བྱེད་ཐ་མལ་ཀུན་དང་མཉམ། །ཆོས་འཚང་ཟོག་པོ་མི་བྱེད་ཆུ་རྐྱལ་ཁ་བཞིན་དམ། །དམན་པའི་ལུས་སུ་ཞུགས་ནས་ཧྲུལ་པོ་ཕགས་ཏེ་གོན། །ཟ་ན་གཙང་སྨེ་ཆུང་སྟེ་ཅི་ཡང་བྱིན་པ་ཟ། །སྨྲ་ན་ཁ་སྤྱང་མི་བྱེད་ཟང་ཐལ་ཧ་རེ་སྨྲ། །ཆོས་སྤྱོད་སྡུག་བརྩེར་མི་བྱེད་ལྟ་ཁམས་ཅོ་ལེ་སྨྲ། །གང་ལ་འཛིན་རྟོགས་མི་བྱེད་མཛེ་རོ་ལྷོག་རོ་ཁུར། །མན་ངག་མི་སྟེར་ཤིན་ཏུ་དཀའ་ལ་དམ། །དམན་པའི་ལུས་ལ་དམ་པའི་དགོངས་པ་ཅན་དེ་ལ། །མཉེས་པ་སྣ་ཚོགས་ཟས་ནོར་ཕོང་མེད་འབུལ། །ཐུགས་ཀྱི་བཅུད་རྣམས་ཆོད་པར་དེ་ལ་ཞུས། །ཞེས་བཱཻ་རོ་ཙ་ནས་ཕྱི་རབས་རྣམས་ལ་གདམ་པའོ། །ཞལ་གདམས་བདུད་རྩིའི་ཐིག་པ་ཞེས་བྱའོ། །འདྲ་འབགས་ཆེན་མོ་ལས། སློབ་དཔོན་གྱི་སྐྱོན་དང་ཡོན་ཏན་བསྟན་པའི་སྐབས་ཏེ་སོ་གཉིས་པའོ།། ༈ །།དེ་ནས་ཡང་རྙག་ཛྙཱ་ན་ཀུ་མ་རས་ཞུས་པས། རྗེ་མ་ཧཱ་གུ་རུ་ལགས། བླ་མ་མཉེས་པ་ལ། འཕྲལ་ལ་སྤྱོད་པ་ཅི་ལྟར་བགྱི་ཞུས་པས། བླ་མའི་ཞལ་ནས་འདི་སྐད་གསུངས། དམ་ཚིག་ཀུན་གྱི་རྒྱུད་དག་ན། །རྒྱ་ཆེ་ཟབ་པར་གསུངས་ནས་ཡོད། །ད་ལྟ་བཤད་ཀྱི་མི་ལོང་གི། །ཕྱག་བྱར་འོས་པ་བླ་མ་ཡིན། །ཞུ་ན་དེ་ཡང་ཉམས་པ་ཡིན། །རྗེ་བླ་མ་རྒྱང་ན་བཞུགས་ན་ཟ་ཕྱག་འཚལ། །མིག་གིས་མཐོང་ན་མཐོང་ཕྱག་འཚལ། །དྲུང་དུ་མཇལ་ན་རྟེན་དང་བཅས་པའི་ཕྱག་རྣམས་ཕུལ། །རྟེན་དང་ཆེ་བའི་ཚད་མེད་དོ། །ཆུང་བ་ཁབ་དང་དར་སྣ་ཕུལ། །རྟག་ཏུ་ལྷ་ཕྱག་འཚལ་བ་ནི། །སྒྲིབ་པ་རྣམ་གསུམ་ངེས་པར་དག །ལྷ་ཁང་གཟུགས་སྐུ་ཇི་སྙེད་པས། །བླ་མའི་ན་བཟའ་གཉེན་པ་ཡིན། །ཅེས་བཱཻ་རོ་ཙ་ནས་གསུངས། དེ་ནས་རྙག་གཉའ་ནས། བཱཻ་རོ་ཙ་ན་ལ་བརྐྱང་ཕྱག་ལེན་སྟོང་དུ་འཚལ་ཏེ་འདི་སྐད་གསུངས། ཨེ་མ་ཧོ། མི་གནས་མི་དམིགས་རང་བཞིན་དཀྱིལ་འཁོར་ནས། །བཱཻ་རོ་ཙ་ན་སངས་རྒྱས་ཀུན་གྱི་རྗེ། །ནམ་མཁའི་དབྱིངས་ལས་ཅིར་ཡང་སྣང་བའི་སྐུ། །རང་བཞིན་སྟོང་ཉིད་སྐྱེ་མེད་ཆོས་ཀྱི་སྐུ། །དུས་གསུམ་འདུས་མ་བྱས་པ་ཡེ་ཤེས་ཐབས་ཀྱི་སྐུ། །ཀུན་བཟང་བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་ལོ། །སྒྲར་སྣང་བརྗོད་མེད་དོན་ལ་མ་གཡོས་ཀྱང་། །ཐུགས་རྗེས་གདུག་པ་འདུལ་ཕྱིར་དྲག་སྔགས་ཅི་ལྟར་ཀྱང་། །གསུང་མཆོག་མཚན་མར་མི་དམིགས་ཤེས་རབ་ཕ་རོལ་ཕྱིན། །ཀུན་བཟང་བཱཻ་རོ་ཙ་ནའི་གསུང་ལ་ཕྱག་འཚལ་ལོ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །རང་བྱུང་ཡེ་ཤེས་དུས་གསུམ་འདུས་མ་བྱས། །དྲན་མེད་རིག་པའི་རྒྱལ་པོ་ཡོངས་སུ་ཤར། །ཀུན་བཟང་བཱཻ་རོ་ཙ་ནའི་ཐུགས་ལ་ཕྱག་འཚལ་ལོ། །ཆེ་བའི་ཡོན་ཏན་སྣ་ཚོགས་ཅི་ཡང་སྣང་། །སྣང་ཙམ་ཉིད་ནས་ཐིག་ལེ་ཉག་ཅིག་ཉིད། །ལྷུན་རྫོགས་མཐར་ཕྱིན་ཡོན་ཏན་རྒྱལ་བའི་སྐུ། །ཀུན་བཟང་བཱཻ་རོ་ཙ་ནའི་ཡོན་ཏན་ཕྱག་འཚལ་བསྟོད། །ཐབས་ཀྱི་ཕྲིན་ལས་འགྲོ་བ་ཡངས་ལ་བསྒྱུར། །སྐྱེ་འགྲོ་མང་པོ་ཐར་པའི་ལམ་མཆོག་སྟོན། །ཐབས་མཁས་མཐར་ཕྱིན་སྣ་ཚོགས་ཕྲིན་ལས་མཛད། །ཀུན་བཟང་བཱཻ་རོ་ཙ་ནའི་ཕྲིན་ལས་ཉིད་ལ་ཕྱག་འཚལ་བསྟོད། །བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དགྱེས་པའི་ཞབས་ཏོག་འདི་ལྟར་འཚལ་བ་བཞིན། །ཆགས་པ་མེད་པའི་ཚུལ་དུ་འབུལ་ལགས་ན། །བདག་ཅག་བཀའ་དྲིན་མི་ཟད་གཏེར་ལ་སྤྱོད་པ་འདི། །བསྟན་པ་ཁྱེད་ཀྱིས་བཀའ་དྲིན་དཔག་ཏུ་མེད། །མ་རིག་རྨོངས་པའི་བག་ཆགས་བསལ་ནས་ནི། །ཐར་པའི་ལམ་བསྟན་བླ་མ་ཁྱེད་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་ཡོངས་ལ་མ་ནོར་དོན་མཆོག་སྟོན་མཛད་པ། །བཱཻ་རོ་ཙ་ནའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཅེས་བརྐྱང་ཕྱག་ཕུལ་ལོ། །རྙག་ཛྙཱ་ན་ཀུ་མ་རའི་བརྐྱང་ཕྱག་ལན་སྟོང་དུ་བཙལ་ལོ། །འདྲ་འབགས་ཆེན་མོ་ལས། རྙག་ཛྙཱ་ནས་བརྐྱང་ཕྱག་ལན་སྟོང་དུ་འཚལ་བའི་སྐབས་ཏེ་སོ་གསུམ་པའོ།། ༈ །།ཡང་རྙག་ཛྙཱ་ན་ཀུ་མ་རས། རང་སེམས་སངས་རྒྱས་ཡིན་པར་ཡིད་ཆེས་ནས་འདི་གསུངས་སོ། །རང་བྱུང་ཡེ་ཤེས་ཆོས་ཉིད་སྙིང་པོ་ལ། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་རྣམས་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་ཅིག་གི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་རྫུན་དབྱེར་མེད་པར། །མངོན་པར་ངེས་པའི་བྱང་ཆུབ་སེམས་སྟོན་པས། །ཐེ་ཚོམ་སོམ་ཉིད་མེད་པར་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་ཅིག་གི་ངོ་བོ་ལ། །རྒྱུ་ལས་མ་སྐྱེས་རྐྱེན་ལས་མ་གྲུབ་པས། །གཞན་ལ་རག་མ་ལུས་པའི་རང་བཞིན་གྱི། །རང་བྱུང་ཡེ་ཤེས་ཡིན་པར་ཡིན་ཀྱང་ཆེས། །རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་རྩོལ་བསྒྲུབ་འབད་རྩོལ་བྱ་མི་དགོས། །མ་བརྩལ་ལྷུན་གྱིས་གྲུབ་པས་ཡིད་ཀྱང་ཆེས། །རང་བྱུང་ཡེ་ཤེས་ཡེ་ནས་མ་བསྒྲིབ་པས། །ཅི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་གསལ། །ཆོས་རྣམས་ཐམས་ཅད་གཏན་ལས་འབེབ་པའི་ཕྱིར། །བསྟོན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས། །རྙག་ཛྙཱ་ན་ཀུ་མ་རས་དེ་སྐད་གསུངས་པས། བཱཻ་རོ་ཙ་ན་དགྱེས་སོ། །འདྲ་འབགས་ཆེན་མོ་ལས། རྙག་ཛྙཱ་ནས་བླ་མ་ལ་དགོངས་པ་ཕུལ་བའི་སྐབས་ཏེ་སོ་བཞི་པའོ།། ༈ །།དེ་ནས་ཡང་བཱཻ་རོ་ཙ་ན་ལི་ཡུལ་དུ་གཤེགས་པར་ཆས་པ་ལ། སློབ་མ་རྣམས་དང་། རྗེ་བློན་འབངས་རྣམས་ཀྱིས། བཟའ་སྐྱེམས་མང་པོ་ནི་དྲོངས། ལྷ་ཕྱག་གྱང་འགྱེལ་བ་ཙམ་ནི་བྱས། ལ་ལ་ནི་ངུས། ལ་ལས་ནི་མཆི་མ་ཕྱུངས། ལ་ལས་ནི་བཱཻ་རོ་ཙ་ན་ལ་འཇུས་ཏེ། བཞུགས་པར་ཞུ་བ་ཕུལ་བས། རྗེ་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། ཀྱཻ་ཀྱཻ། གསོན་ལགས་དང་། བཱཻ་རོ་ཙ་ནས་སྙན་པའི་གླུ་ཅིག་ལེན། །ཡོན་ཏན་དད་པར་ལྡན་པའི་བུ་སློབ་ཀུན་ཀྱང་གསོན། །རྗེ་བློན་འབངས་གསུམ་མི་ནག་ཀུན་ཀྱང་གསོན། །རྒྱ་སྡེར་བཞུགས་པའི་ཁྲོམ་རྣམས་ཀུན་ཀྱང་གསོན། །ཅེས་གསུངས་པས། ཀུན་སྒྲ་བཅག་གོ། །དེ་ནས་རྗེ་བཱཻ་རོ་ཙ་ནས་འདི་སྐད་གསུངས། ཀྱཻ་དུས་གསུམ་བདེ་བར་གཤེགས་པ་རྒྱལ་བ་རྒྱ་མཚོ་དང་། །ཁྱད་པར་དགོངས་པ་ལྡན་པའི་དུས་གསུམ་བླ་མ་དང་། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་བདག་ལ་དགོངས། །ད་ནི་དུས་ཐོག་བཀའ་ཡི་ཐ་མར་སོང་། །མ་ནོར་གསང་སྔགས་སྤྱོད་པའི་དགེ་བཤེས་གསེར་བས་དཀོན། །སྔགས་པ་དམ་མེད་གྲོང་ཡུལ་འགྲིམ་ཞིང་མི་ནག་བསྒྲུབ་པར་འཇུག །རྟག་ཙམ་འཛིན་པའི་བཙུན་པ་འདུལ་ཁྲིམས་ཉམས། །བཀའ་རྒྱུད་འཛིན་པའི་བོད་ཀྱི་མཁས་པ་རྣམས། །དེས་ལ་ཐོབ་ཆོག་བྱེད་ཀྱིན་ཡིག་སྣ་ཟིན་རིས་བྱེད། །མཁས་བཞེད་རྩོད་པ་བྱས་པས་ཚིག་གི་མཐའ་ལ་ཞེན། །ཡབ་མེས་དྲེགས་པས་བཟུང་ཕྱིར་ངེས་མེད་ཤེས་རབ་བཤད། །ཚིག་མཁས་དོན་ལ་རྨོངས་པའི་དགེ་བཤེས་ཀུན། །ཤེས་ལོ་མཁས་ལོ་གྲགས་ལོས་འདོད་པས་མི་ནག་མང་པོ་བསྡུས། །མེ་ཏོག་འབུལ་བ་བྱུང་ན་མི་ནག་ཡིན་ཀྱང་སློབ། །བྱིན་བརླབས་དབང་བསྐུར་ཞུ་མི་བྱུང་ན་ཁྱི་དང་ཕག་ལ་ཡིན་ཀྱང་བྱེད། །ཆོས་ཉན་བྱུང་ན་མི་ནག་ཕོ་མོ་བྱིས་པ་དག་ལ་བཤད། །ཁེ་དྲག་དཔུང་པ་མཐོ་ན་སྡིག་ཆེན་ཡིན་ཀྱང་གདམས་པ་སྟེར། །ཟས་ནོར་ཡོད་ན་དམ་ཉམས་ཡིན་ཀྱང་ཕུག་ཏུ་འཛུད། །དབུལ་ཅིང་ཕོངས་ན་སྐལ་ལྡན་རིགས་རྒྱུད་བཟང་ཡང་ཕྱི་ལ་བདེ། །སྣམ་གསོ་ཞོལ་པོ་གོན་ནས་དྲེགས་པའི་རིགས་དབང་ཆེ། །ཟས་སྐོམ་མང་པོ་གསོལ་ནས་ཤ་ཆང་ཚད་མེད་ཟ། །ཡུལ་འཁོར་ས་བཅད་བསྲུང་ཞིང་དམག་དཔུང་ཐབ་མོ་བྱེད། །དྲེགས་པ་སྲིན་པོའི་ལས་ཏེ་ཤི་ནས་ངུ་འབོད་དམྱལ་བར་སྐྱེ། །ཞེས་བཱཻ་རོ་ཙ་ནས་ཕྱི་རབས་ཀྱི་དགེ་བཤེས་ཀུན་ལ་མཚངས་ཚིག་མགུར་དུ་བཞེངས་པའོ། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་དགེ་བཤེས་རྣམས་ལ་མཚངས་ཚིག་མགུར་དུ་བཞེངས་པའི་སྐབས་ཏེ་སོ་ལྔ་པའོ།། ༈ །།དེ་ནས་ཡང་བཱཻ་རོ་ཙ་ནས་བོད་ཀྱི་སྒྲུབ་པ་པོ་རྣམས་ལ་མགུར་བཞེངས་པ། ཀྱཻ་ཀྱཻ། འདིར་བཞུགས་པའི་མི་སྡེ་ཀུན་ཐོས་བསམ་ཤེས་རྒྱུད་མ་ཁྲོལ་མཁས་པ་ཁུར་མི་ཤེས། །བསྲེ་བའི་དབང་བསྐུར་མ་ཐོབ་མི་ནག་རང་དང་འདྲ། །བསྒོམ་བསྒྲུབ་ལྷ་བསྙེན་མ་བསྐྱལ་གཞུང་ཚིགས་ཡུག་སར་བཟུང་། །ལྡེམ་དགོངས་སྒྲ་ཚིག་མ་གོ་རྟོགས་པ་གནས་མ་གྱུར། །བཀའ་ལུང་མན་ངག་མ་ཤེས་དམ་ཚིག་བསྲུངས་མ་ཤེས། །མཆེད་གྲོགས་སུམ་འབྱིན་སློབ་དཔོན་སྤང་ལེན་བྱེད། །རྩ་བ་ཡན་ལག་དམ་ཚིག་གཏན་ནས་ཉམས། །དམ་ཅན་བསྒྲུབ་པས་མི་འགྲུབ་སླར་ལ་བདུད་དུ་འབབ། །ཆོས་ལ་ཡིད་ཆད་སློབ་དཔོན་བསྐུར་པས་འདེབས། །དེ་འདྲའི་སྔགས་པ་ཤི་ནས་ངུ་འབོད་དམྱལ་བར་སྐྱེ། །ཞེས་བཱཻ་རོ་ཙ་ནས་བསྒྲུབ་པ་པོ་རྣམས་ལ་མཚངས་ཚིག་མགུར་བཞེངས་པའོ། །འདྲ་འབགས་ཆེན་མོ་ལས། བསྒྲུབ་པ་པོ་རྣམས་ལ་མཚངས་ཚིག་མགུར་དུ་བཞེངས་པའི་སྐབས་ཏེ་སོ་དྲུག་པའོ།། ༈ །།དེ་ནས་ཡང་། བཱཻ་རོ་ཙ་ནས་བཙུན་པ་རྣམས་ལ་འདི་སྐད་མགུར་དུ་བཞེངས་པ། ཀྱཻ་ཀྱཻ། འདིར་བཞུགས་ཀྱི་བཙུན་པ་ཀུན། །འདུལ་ཁྲིམས་མི་བསྲུངས་སྡོམ་པ་ཀུན་ཀྱང་ཉམས། །དགེ་བཅུ་མི་སྤྱོད་སྡིག་བཅུ་བག་མེད་སྤྱོད། །ཁ་ཐོན་ཆོས་སྤྱོད་མི་བྱེད་ཤ་ཆང་མོ་བྱི་ཀུན་ལ་སྤྱོད། །མཆོད་རྟེན་ལྷ་ཁང་མི་རྩིགས་ཟུར་ཁང་མཁར་དེས་རྩིགས། །སྐུ་མཆོག་མཆོད་ཁང་མི་རྩིགས་ལྕགས་རི་དམག་སྣོད་སྦྱོང་། །དགེ་སློང་སེར་ཆགས་མི་བསོགས་དམགས་མི་ཨ་ར་སོགས། །ཕྱག་ཆ་བསྲེག་ཤང་མི་ཁྱེར་མདུང་དང་མདའ་གཞུ་ཁྱེར། །ལྟ་བའི་ཆོས་གོས་མི་གོན་ལྕགས་ཞྭ་ཕུབ་ཕྲབ་གོན། །གློ་ལ་ཟངས་བུམ་མི་འདོགས་རལ་གྲི་མདའ་དོང་འཐོགས། །བཙུན་པ་བདུད་ཆས་ཞུགས་ནས་སྡིག་པ་མི་དགེ་སྤྱོད། །སྡིག་ཆེན་བཙུན་པར་ཞུགས་ཚེ་དྲེགས་པ་ང་རྒྱལ་ཕྱར། །སྡེ་འཁྲུགས་ཡུལ་ཁམས་བཅོམ་པས་ས་ཚིག་ལྷ་སྲིན་འཁྲུགས། །དམ་ཉམས་དམེ་འཁྲུགས་བྱས་པས་དབྱར་རྒུན་ཚ་གྲངས་འཁྲུགས། །ལོ་ཉེས་མུ་གེ་ནད་རིམ་སད་སེར་འོང་། །འདི་འདྲའི་དུས་བྱུང་དམྱལ་ཁམས་ཆེན་པོ་རུ། །དམག་དཔོན་ཆེན་པོ་སྣ་དྲངས་ནས། །བྱ་བྱེའུ་འབུ་སྲིན་ཡན་ཆད་ཀྱང་། །ན་རག་དམྱལ་བ་ཆེན་པོའི་གནས་སུ་འགྲོ། །ཞེས་བཱཻ་རོ་ཙ་ནས་བཙུན་པ་རྣམས་ལ་མཚངས་ཚིག་མགུར་དུ་བཞེངས་པའོ། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་བཙུན་པ་རྣམས་ལ་མཚངས་ཚིག་མགུར་དུ་བཞེངས་པའི་སྐབས་ཏེ་སོ་བདུན་པའོ།། ༈ །།དེ་ནས་ཡང་། བཱཻ་རོ་ཙ་ནས་སྔགས་པ་དྲག་སྔགས་བསྒྲུབ་པ་རྣམས་ལ་འདི་སྐད་གསུངས་སོ། །བསྟན་བསྲུངས་མཛད་པའི་སྔགས་པ་ཡིས། །མཉམ་པའི་དོན་མེད་ཡི་དམ་གཏིང་མ་རྙེད། །བཀའ་ལུང་མན་ངག་མེད་པས་དགོངས་པའི་གཏིང་མ་རྙེད། །སྲོག་བཞི་སྡུད་མ་ཤེས་པས་སྔགས་ཀྱི་གདིངས་མ་རྙེད། །རྩ་བ་ཡན་ལག་དམ་ཚིག་བསྲུང་མ་ཤེས་པས་དམ་ཅན་འཁོར་བ་མེད། །གཟུ་ལུམ་རས་ཆད་བྱས་པས་གློ་བུར་ཡེ་འགྲོགས་འོང་། །དམ་ཚིག་ཚུལ་བཞིན་མ་བསྲུངས་བསྒྲུབ་པ་ཐང་ཤ་ཆད། །ནུས་པའི་རྩལ་མེད་ཟོར་དང་མནན་བསྲེག་བྱས་པས་ཕུངས། །རང་ཕུང་བྱང་ཆུབ་བརླག་པའི་སྔགས་པ་ཀུན། །ཤི་ནས་ངུ་འབོད་དམྱལ་བ་ཆེན་པོར་སྐྱེ། །ཞེས་བཱཻ་རོ་ཙ་ནས་གསུངས། འདྲ་འབགས་ཆེན་མོ་ལས། བོད་ཀྱི་སྔགས་པ་དྲག་སྔགས་བསྒྲུབ་པ་རྣམས་ལ་མཚངས་ཚིག་མགུར་དུ་བཞེངས་པའི་སྐབས་ཏེ་སོ་བརྒྱད་པའོ།། ༈ །།དེ་ནས་ཡང་། བཱཻ་རོ་ཙ་ནས་བོད་ཀྱི་ཉ་སྐྱེ་ཕོ་མོ་རྣམས་ལ་འདི་སྐད་མགུར་དུ་བཞེངས་པ། ཀྱཻ་ཀྱཻ། འདིར་བཞུགས་ཀྱི་ཉ་སྐྱེ་ཕོ་མོ་རྣམས། །དང་པོ་ཡིག་རྩིས་བསྟན་བཅོས་མེད་པས་མི་ཆོས་བྱམས་སེམས་མེད། །མཁས་པའི་དྲུང་དུ་མ་ཕྱིན་ཕྱག་དང་ཞེ་ས་མེད། །མེ་ཏོག་ཕྱག་རྟེན་མེད་པས་ཚོད་ལྟ་ཡིན་པར་ཡིད་ཀྱང་ཆེས། །བསྐྱེད་ནས་མཐོང་ཕྱག་མ་བཙལ་ཉོན་མོངས་སྒྲིབ་པ་དག་མི་སྲིད། །བཏུད་ནས་མོས་ཕྱག་མ་འཚལ་ལས་ཀྱི་སྒྲིབ་པ་དག་མི་སྲིད། །ཞུ་རྟེན་དབང་ཡོན་མེད་པར་མི་ནག་ཡིན་པར་ཡིད་ཀྱང་ཆེས། །ནང་ནུབ་མཇལ་ཕྱག་མ་བཙལ་ཤེས་བྱའི་སྒྲིབ་པ་དག་མི་སྲིད། །མཉེས་པའི་ཞབས་ཏོག་དད་པའི་འབུལ་རྫས་མེད་པས་མན་ངག་བཅུད་ལ་ཐོབ། །ཕྱི་ནང་གསང་གསུམ་དབང་གི་རྫོགས་པར་མ་ཐོབ་པས། །བཀའ་རྒྱུད་ཀྱི་མན་ངག་གི་སྣོད་མ་ཡིན། །ཆོས་ཐོབ་དེས་རྐུན་བྱེད་ཀྱིས་སྨོན་ཚིག་སྣ་ཚོགས་སྨྲས། །བན་མེན་བོན་མེན་བཙུན་པ་མེན། །ཐེག་པ་རིམ་པ་ཆེ་མེན་ཆུང་མིན་ཀྲི་ཡོག་མིན། །བཀའ་མེན་ལུང་མིན་མན་ངག་མིན། །དབུ་མིན་ཚད་མིན་བསྟན་བཅོས་མིན། །ཐེག་པ་གང་ཡིན་ཆ་མེད་པས། །ལ་ལས་ཅི་སྨྲ་ལུང་གི་ཚིག་སྨྲས་པས། །དཔེ་ཆ་གང་སྣང་བྲུལ་སྒུག་ཡིན། །དཔེར་ན་ལས་མི་ལྟོགས་པས་ཟས་ཟ་ལ། །སྤྲང་ལོང་ལྟོགས་པས་སླང་བ་བཞིན། །ཆེ་ཆེས་རས་རུལ་བྲལ་བྲུལ་བླུགས། །ཆེ་ཆུང་ཁམས་ཟན་ཆེ་ཆུང་བླུགས། །འཇུག་སྒོའི་ལམ་མེད་ཐང་ཆེན་རྨུས་ལོང་འདྲ། །སྤྱོད་པའི་གྲོགས་མེད་ལག་རྡུམ་གཤེག་ཆག་འདྲ། །ལྟ་བའི་གདིང་མེད་བྱ་སྒྲོ་རླུང་ཁྱེར་འདྲ། །དགོངས་པའི་གདིང་མེད་སུབ་འཚུབ་སྲེས་ཁར་ནོར་སྟོར་འདྲ། །བཀའ་རྒྱུད་ཟམས་པ་མེད་པས་མགོ་ཆག་འཆལ་པ་འདྲ། །ཀླུ་གཉེན་བསྲུང་གཉེན་བཞིན་དུ་གཉེན། །གོ་བའི་གདིང་མེད་གླད་ལ་མདའ་སོང་བཞིན་དུ་སྨྲ། །ལྟ་བ་མཐོང་ན་ཆང་དྲལ་དག་ཏུ་མཐོ། །དགོངས་པ་བཟང་ན་ལྟོ་འགྲང་ཉི་མས་དྲོས་ན་བཟང་། །སྤྱོད་པ་ཕྱི་མི་འབྱུང་ན་བཟང་ཚུལ་འཆོས། །འབྲས་བུ་རྟོགས་པ་མེད་པར་སངས་རྒྱས་ཐོབ་ལ་རེ། །སློབ་དཔོན་མཉེས་པ་མེད་པར་ཐུབ་ཐུབ་རས་ཆོད་བྱེད། །འདི་འདྲའི་སྐྱེས་བུ་ཤི་ནས་ངུ་འབོད་དམྱལ་བ་སྐྱེ། །ཞེས་བཱཻ་རོ་ཙ་ནས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་ཉ་སྐྱེ་ཕོ་མོ་རྣམས་ལ་འཚང་ཚིག་མགུར་དུ་བཞེངས་པའི་སྐབས་ཏེ་སོ་དགུ་པའོ།། ༈ །།དེ་ནས་ཡང་བཱཻ་རོ་ཙ་ནས་བོད་ཀྱི་མི་ནག་ཀུན་ལ་སྤྱི་རུ་འདི་སྐད་གསུངས། དགེ་བཤེས་བདུད་ཀྱིས་བསླུས་པས་དམག་དཔོན་དང་འཁྲུག་པ་བྱེད། །བཙད་པོ་བདུད་ཀྱིས་བསླུས་པས་སྔགས་དང་བོན་པོ་གཉིས་ལ་བཀའ་ཆད་འབེབས། །བཙུན་པ་བདུད་ཀྱིས་བསླུས་པས་སྡེ་འཁྲུགས་དམག་དཔོན་བྱེད། །སྔགས་པ་བདུད་ཀྱིས་བསླུས་པས་སྔགས་བོན་སེར་སྲུངས་དང་ཕྱིར་བཟློག་དང་མཐུ་གླ་བྱེད། །བསྒོམ་ཆེན་བདུད་ཀྱིས་བསླུས་པས་མིག་མཐོང་བྱེད་ནས་སྲིའུ་གསོ། །བོན་པོ་བདུད་ཀྱིས་བསླུས་པས་དྲེགས་པ་རྟེན་ཅིང་སྲོགས་ལ་འཚེ། །བན་དྷེ་བདུད་ཀྱི་བསླུས་པས་གཙོ་བོ་དང་གནས་རྟེན་བྱེད། །མི་སྐྱ་བདུད་ཀྱིས་བསླུས་པས་ཨ་ར་ལ་དང་ཇག་འཇོམས་བྱེད། །ཉ་སྐྱེ་བདུད་ཀྱི་བསླུས་པས་མ་རྟོགས་རྟོགས་རྫུན་བྱེད། །ལར་དཔེ་ལ་ཐོབ་ཆོས་བྱེད་ཀྱི་བླ་མ་དྲིན་ཆེན་གསང་། །དེ་དུས་བདུད་དང་སྲིན་པོ་གནོད་སྦྱིན་བསྟན་པ་དར། །བོན་ལ་བློ་གཏད་འདྲེ་སྲིན་དང་དུ་ལེན། །ལོང་ཀ་སྲིན་པོའི་བསྟན་པ་འཆར་ལ་ཁད། །དེ་ཕྱིར་གྲོང་ཡུལ་སྤྲོས་པ་གཅོད་པའི་གླུ་ཅིག་ལེན། །ཀྱཻ་ཀྱཻ། ཉོན་མོངས་གཏིང་ནས་འཚུབ་པའི་མུན་ནག་ལ་ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་སྟོང་ངོ་། །བསྭེ་ཤིང་མེ་འབར་ལྟ་བུའི་ཞེ་སྡང་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །ཡེ་ཤེས་རྒྱུ་འབབ་ཆུ་ཡིས་མི་སོད་དོ། །ཆུ་ཆེན་རྒྱ་མཚོ་ལྟ་བུའི་འདོད་ཆགས་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །བྱེ་མ་གསེར་དུ་སོང་ཡང་མི་ཆོག་གོ། །སུམ་མདོའི་རླུང་ལྟར་འཚུབས་པའི་ཕྲག་དོག་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །སྣང་བ་རྒྱ་ཡེངས་བྱས་ཀྱང་མི་སོང་ངོ་། །བྲག་རིའི་ཆུ་འཁྱག་ལྟ་བུའི་ང་རྒྱལ་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །གནམ་ལྕགས་ཐོག་གིས་བཅོམ་ཡངས་མི་བཅོམས་སོ། །ཚ་ལ་གར་སྤྱིན་ལྟ་བུའི་འཛིན་ཆགས་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་གཅིག་མ་རྟོགས་ན། །འཁྲུལ་ཞིག་སྨྱོན་པ་ལྟ་བུའི་མི་མཐོང་ངོ་། །སེམས་ཅན་ལོག་རྟོག་འཁོར་བར་འཁྱམས་པ་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོགས་ན། །རྒྱལ་བའི་བྱིན་བརླབས་བཀས་ཀྱང་མི་སྐྱོབས་སོ། །ཕྱིན་ཅི་ལོག་གིས་གཡང་སར་ལྟུང་བ་ལ། །ཨ་ཏི་རྫོགས་པ་ཆེན་པོའི་དོན་ཅིག་མ་རྟོག་ན། །ཐབས་མཁས་ཐུགས་རྗེའི་ཞགས་པས་བཟུངས་ཡང་མི་ཟིན་ནོ། །ཞེས་བཱཻ་རོ་ཙ་ནས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བོད་ཐམས་ཅད་ལ་སྤྱི་རུ་ཞལ་ཆེམས་བཞགས་པའི་སྐབས་ཏེ་བཞི་བཅུ་པའོ།། ༈ །།དེ་ནས་ཡང་བཱཻ་རོ་ཙ་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་ཞལ་ཆེམས་ཀྱི་གདམས་པ་འདི་གསུངས་སོ། །ལྟ་བ་གཏིང་མེད་གོལ་སའི་འཕྲང་། །ཅི་ཙམ་བསྒོམ་ཡང་དོན་མེད་འཁྱམས། །ངེས་པའི་གསང་སྒོ་མ་ཤེས་པས། །ཀུན་བཟང་སྤྱོད་པའི་དོན་མི་རྟོགས། །ལོག་རྟོགས་ཡེ་ཤེས་ཐ་དད་ཀྱང་། །སེམས་ཉིད་ཆོས་ཉིད་ངང་དུ་ཅིག །བཙལ་དུ་མེད་པའི་ཆོས་ཉིད་ལ། །རྒྱུ་འབྲས་གཉིས་ཀ་མྱ་ངན་འདས། །ཐུགས་ལས་འདས་པས་བཟུང་དུ་མེད། །སྐུ་ལས་འདས་པས་ཁ་དོག་མེད། །ཚིག་ལས་འདས་པས་བརྗོད་དུ་མེད། །སྐུ་གསུམ་ཡེ་ཤེས་རང་བཞིན་ལས། །ཁམས་གསུམ་འཁོར་བར་མི་འགྱུར་ཏེ། །གདོད་ནས་མ་བཅོས་ཡེ་སངས་རྒྱས། །སྐྱོན་དང་ཡོན་ཏན་དབྱེར་མེད་པས། །བསྒོམ་དུ་མེད་པར་ལ་ཟླའོ། །ཞེས་བཱཻ་རོ་ཙ་ནས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་རྣལ་འབྱོར་པ་རྣམས་ལ་ཞལ་ཆེམས་བཞགས་པའི་སྐབས་ཏེ་ཞེ་གཅིག་པའོ།། ༈ །།དེ་ནས་ཡང་བཱཻ་རོ་ཙ་ནས་མན་ངག་མཛུབ་ཚུགས་སུ་མགུར་འདི་ལྟར་གསུངས། ཨ་ཏི་རང་གི་སེམས་ཉིད་མ་རྟོགས་ན། །དུར་ཁྲོད་ལ་སོགས་རི་བྲག་དང་། །གཡའ་རྩེ་གངས་རྩེ་བསྒོམས་ཀྱང་ནི། །དེས་འཁོར་བའི་རྒྱ་མཚོ་ཐར་བ་མེད། །ཨ་ཏི་རང་གི་སེམས་ཉིད་མ་རྟོགས་ན། །གནམ་ལ་བྱ་བཞིན་ས་ལ་བྱི་བ་བཞིན། །ཆུ་ལ་ཉ་བཞིན་མེ་ལ་ཤེལ་བཞིན་དུ། །གང་ལ་མི་འཇིགས་རླུང་ལ་ཉི་ཟླ་བཞིན། །དེ་འདྲའི་གྲུབ་པ་ཐོབ་གྱུར་ཀྱང་། །དེས་འཁོར་རྒྱ་མཚོར་ཐར་བ་མེད། །ཨ་ཏི་རང་གི་སེམས་ཉིད་མ་རྟོགས་ན། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་མཐའ་བཅད་ཀྱང་། །དེས་འཁོར་བའི་རྒྱ་མཚོ་ལས་ཐར་བ་མེད། །ཨ་ཏི་རང་གི་སེམས་ཉིད་མ་རྟོགས་ན། །ཏིང་འཛིན་སྟོང་ཕྲག་བརྒྱད་བཅུ་བསྒོམ་གྱུར་ཀྱང་། །དེས་འཁོར་བའི་རྒྱ་མཚོ་ལས་ཐར་བ་མེད། །ཀྱཻ་ཀྱཻ། འདིར་བཞུགས་ཀྱི་རྗེ་བློན་འབངས་གསུམ་རྣམས། །འཁོར་བའི་རྒྱ་མཚོ་ལས་ཐར་འདོད་ན། །ཨ་ཏི་རང་གིས་སེམས་ཉིད་རྟོགས་པར་གྱིས། །དེས་འཁོར་བའི་རྒྱ་མཚོ་ལས་ཐར་བ་ཡིན། །དེས་ཕྱིར་མི་བཟློག་པའི་ས་ལ་ཕྱིན་པ་ཡིན། །དེས་ལས་རྣམས་ཟིན་ན་རྗེ་བློན་ཀུན། །ཅེས་བཱཻ་རོ་ཙ་ནས་གསུངས། འདྲ་འབགས་ཆེན་མོ་ལས། ལི་ཡུལ་དུ་གཤེགས་ཀར་བོད་རྣམས་ལ་མན་ངག་མཛུབ་ཚུགས་སུ་མགུར་དུ་བཞེངས་པའི་སྐབས་ཏེ་ཞེ་གཉིས་པའོ།། ༈ །།དེ་ནས་ཡང་རྗེ་བློན་འབངས་གསུམ་ཁྲོམ་རྣམས་ཀྱི། བཱཻ་རོ་ཙ་ན་ལ་ལྷ་ཕྱག་གྱང་འགྱེལ་བ་ཙམ་བཙལ་ཏོ། །དེ་ནས་རྗེ་ཁྲི་རལ་པ་ཅན་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། རྙག་ཛྙཱ་ན་ཀུ་མ་ར་དང་། གླང་དཔལ་གྱི་སེང་གེ་དང་། སྣ་ནམས་རྡོ་རྗེ་བདུད་འཇོམས་དང་། རུ་གྱང་དར་མ་ར་ཛ་དང་། མཁས་པ་མི་བརྒྱད་ལ་སོགས་པ་རྣམས་ཀྱིས། རྗེ་བཱཻ་རོ་ཙ་ན་ལ་བརྐྱང་ཕྱག་ལན་སྟོང་དུ་འཚལ་ནས་གསེར་སྲང་དྲུག་ཅུ་ཐམས་པ་ཕུལ་ཏེ། རྗེ་རིན་པོ་ཆེ་ལགས། གྱད་ཚིག་ཉི་ཤུ་རྩ་བརྒྱད་པ་འདིའི་གོ་དོན་གནང་བར་ཞུ་ཞེས་ཞུ་བ་ཕུལ་བས། རྗེ་བཱཻ་རོ་ཙ་ནས་འདི་སྐད་གསུངས། སྣང་སྲིད་ཐམས་ཅད་ཆོས་སྐུ་ལ། །ཉན་ཐོས་སྤང་ལ་རང་རྒྱལ་འགོག །མ་ཧཱས་ལན་ལ་རྒྱུ་མཚན་ཉིད་འབྱེད། །བྱང་ཆུབ་སེམས་དཔས་འཁྲུད་ལ་དབུ་མ་གཏུམ་སྟེ་ཀྲི་ཡོག་བསྒྱུར། །རིགས་དྲུག་འཁོར་འདས་མུ་སྟེགས་ཀུན། །དབྱེར་མེད་རྫོགས་པ་ཆེན་པོའི་ཆོས་ཉིད་ལས། །ཁམས་གསུམ་འཁོར་བའི་སེམས་ཅན་གྱིས། །རང་སེམས་ཨ་ཏིར་མ་གོ་མ་རིག་བསྒྲིབ་ཅིང་གོལ། །བཱཻ་རོ་ཙ་ན་བདག་གི་རང་སེམས་ཨ་ཏིར་གོ་བས་བསྒྲིབ་དང་མི་བསྒྲིབ་གཉིས་ཀ་མེད། །འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །ཐེག་པ་བརྒྱད་ཁྲི་བཞི་སྟོང་གིས། །ཐར་པ་ཐོབ་པར་འདོད་ལགས་ཏེ། །ཐར་པ་མེད་པའི་འཁོར་བར་སླར་ལ་འཁྱམས། །བཱཻ་རོ་ཙ་ན་བདག་གི་འཁོར་འདས་གཉིས་ཀ་བྱང་ཆུབ་སེམས་སུ་གོ། །རྩོལ་བསྒྲུབ་མེད་པར་འཁོར་བའི་རྒྱ་མཚོ་ལས་ཐར་ནས་གདའ། །ཐེག་པའི་ས་ལམ་བསྒྲོད་པས་ས་མ་ནོན། །ཨ་ཏི་རང་གི་སེམས་ཉིད་ལས་ནི་རང་བཞིན་ལྷུན་རྫོགས་པས། །ཀུན་ཏུ་བཟང་པོ་བཅོས་མེད་པ། །དེས་རྫོགས་པ་ཆེན་པོའི་གཅིག་ས་ནོན་བརྒྱད་ཁྲི་བཞི་སྟོང་ཐེག་དགུའི་རྩོལ་བའི་ཆོས་སྤྱད་པས། །འཁོར་བའི་རྒྱ་མཚོ་ལས་ཐར་མི་འདྲ། །བློ་ཇེ་གྲང་ཇེ་གྲང་ཆུ་གྲངས་ནང་དུ་ཉལ་བ་འདྲ། །ཨ་ཏི་རང་སེམས་རྟོགས་པ་ཡི། །བློ་སེམས་མི་གྲངས་གྲོས་ནས་གདའ། །རིགས་དྲུག་འཁོར་བའི་སྡུག་བསྔལ་གྲོལ་འདོད་ནས། །ཐེག་དགུའི་ལམ་གྱི་ཆོས་ཉིད་ཐར་མི་འདྲ། །འཁོར་འདས་གཉིས་ཀར་ཨ་ཏི་རང་གིས་སེམས་སུ་ཤེས། །རིགས་དྲུག་སྡུག་བསྔལ་ཐར་ནས་གདའ། །འཁོར་བའི་སྡུག་བསྔལ་བརྒྱད་ཁྲི་བཞི་སྟོང་ལས། །དེས་འཇོམས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གིས། །འཁོར་བའི་སྡུག་བསྔལ་མི་ཆོས་མེ་ལ་ཤིང་བསྣན་འདྲ། །སྲིད་གསུམ་འཁོར་འདས་ཐམས་ཅད་ཨ་ཏི་སེམས་སུ་རྟོགས། །དེས་འཁོར་བའི་སྡུག་བསྔལ་རྩད་ནས་གཅོད། །ཨ་ཏི་རང་སེམས་རྟོགས་པས་འཁོར་བའི་རྒྱ་མཚོར་བློ་རེ་བདེ། །ཨ་ཏི་རང་སེམས་རྟོགས་པས་སེང་གེ་ལྟ་བུར་ཉམས་ང་མེད། །ཨ་ཏི་རང་སེམས་རྟོགས་པས་ཆོས་ཉིད་ནམ་མཁའ་ལྟ་བུར་མཐོང་། །ཨ་ཏི་རང་སེམས་རྟོགས་པས་ཐིག་ལེ་ཉག་ཅིག་ཆོས་ཀྱི་འཁོར་ལོ་བསྐོར། །ཨ་ཏི་རང་སེམས་རྟོགས་པས་སངས་རྒྱས་མིང་ཙམ་མིན་པ་མེད། །ཨ་ཏི་རང་སེམས་རྟོགས་པ་དམ་ཆོས་གར་དགར་སྟབས་བདེ་ཆོག །ཨ་ཏི་རང་སེམས་རྟོགས་པས་འཁོར་འདས་ཐམས་ཅད་སྐྱེ་བ་མེད། །ཨ་ཏི་རང་སེམས་རྟོགས་པས་འཁོར་འདས་གཉིས་ན་ཆོས་སྐུ་མིན་པ་མེད། །ཆོས་སྐུ་མཐོང་ན་ལས་རྣམས་ཟིན། །བརྒྱད་ཁྲི་བཞི་སྟོང་ཐེག་པ་མཐའ་དག་ཀུན། །ཆོས་རྣམས་ཀུན་གྱི་ངོ་བོ་རང་གི་སེམས་ཉིད་ཡིན། །བཀྲི་དྲངས་འབད་རྩོལ་ཆོས་ཀྱི་དེ་ཉིད་མཐོང་བ་མེད། །སོ་ཟིས་གནམ་འཕོང་བཅད་པས་སྤན་ཚེའི་ཁར་ཕྱིན་ལྟར། །འབད་རྩོལ་བློ་ཡི་ཆོས་རྣམས་ཀྱི། །ཨ་ཏི་རང་སེམས་མཐོང་བ་མིན། །དེས་ན་ཤིན་ཏུ་གསང་ངོ་རྗེ་བློན་ཀུན། །གྱད་ཚིགས་བརྒྱད་པོས་དྲང་བའི་ཆོས་ཀྱིས་ངེས་པའི་དོན་མི་མཐོང་བར་བསྟན། །འདི་འདྲའི་མན་ངག་བྱིས་པ་རྣམས་ལ་ངས་མ་བསྟན། །བསྟན་ན་ཁྱི་ཡི་ཁ་ན་ཞག་ཐེབ་པ་དང་འདྲ། །སྡིགས་སྦུར་འབུ་སྲིན་ཉི་མས་ཚིག་པ་མཐོང་བ་འདྲ། །ཐ་མའི་གྱད་ཚིག་ཉི་ཤུ་རྩ་བརྒྱད་པའོ། །ཞེས་གསུངས་པས། མཁས་པ་མི་བརྒྱད་དང་། རྗེ་བློན་འབངས་རྣམས་ཡིད་ཆེས་ཐག་ཆོད་ནས། རྗེ་བཱཻ་རོ་ཙ་ན་ལ་ཕྱག་ལན་སྟོང་དུ་འཚལ་ནས། བླ་མ་རྗེ་བཙུན་ནོར་བུ་རིན་པོ་ཆེ་ལྟ་བུ་དགོས་འདོད་འབྱུང་བའི་སྐུ་ལ་ཕྱག་འཚལ་སྐྱབས་སུ་མཆིའོ། །མ་རིག་མུན་སེལ་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་བླ་མ་ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །འཁོར་བའི་གཅན་འཕྲང་སྒྲོལ་མཛད་པའི། །སྐྱེལ་མའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྗེ་བཱཻ་རོ་ཙ་ནའི་སྐུ་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྗེ་བཱཻ་རོ་ཙ་ནའི་གསུང་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྗེ་བཱཻ་རོ་ཙ་ནའི་ཐུགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །བསྐལ་པར་བསྒྲང་ཡང་མི་བརྗོད་དྲན་སེམས་ཀྱིས། །རྗེ་བཱཻ་རོ་ཙ་ན་ཉིད་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཡང་དག་མ་ནོར་སྟོན་པའི་བླ་མ་ཉིད་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་རྗེ་བློན་འབངས་རྣམས་ཀྱིས་བརྐྱང་ཕྱག་ལེན་སྟོང་དུ་འཚལ་ལོ། །འདྲ་འབགས་ཆེན་མོ་ལས། གྱད་ཚིག་ཉི་ཤུ་རྩ་བརྒྱད་པའི་གོ་དོན་གསུངས་པའི་སྐབས་ཏེ་ཞེ་གསུམ་པའོ།། ༈ །།ཡང་བཱཻ་རོ་ཙ་ནའི་ཞལ་ནས་འདི་སྐད་གསུངས། ད་ནི་དུས་ཐུག་རྒས་པའི་དབང་གི་ལུས་ཤེད་ཤོར། །བོད་ཀྱི་ཡུལ་འདིར་རོང་དོགས་རྩུབ། །མི་ནི་ཁ་འཇམ་གདིང་ཡང་རིང་། །སྣོད་ནི་བརྟགས་བཀའ་གདོངས་དམར་སྲིན་པོའི་རིགས། །ཉོན་མོངས་མེ་ལྟར་སྐྱེ་བའི་མེ་ལྕག་བསྟེན་ཅིང་ཤ་ཆང་དག་ལ་རྩི། །གསོད་ཅིང་གཅོད་པའི་ལས་བྱེད་དམྱལ་བའི་རྒྱུ་འབྲས་སོགས། །རྒྱུ་འབྲས་མེད་པའི་ཨ་ཏི་རང་སེམས་རྟོགས་པ་མེད། །བོད་ཀྱི་མི་ནི་ཚོར་བ་སྔ་ལ་སུན་པ་སྐྱེན། །མ་བསླབ་ཤེས་ཚུལ་སྟོན་གྱིན་ང་རྒྱལ་དྲེགས་པ་བསྐྱེ། །མ་རྟོགས་གོ་ཚུལ་སྟོན་ཞིང་མི་ནག་དག་ལ་དབང་བསྐུར་བྱེད། །དམ་ཉམས་མང་པོ་བྱས་པས་ཀུན་ཀྱང་དམྱལ་བར་བསྐུར། །དེས་ན་སྔགས་པས་གསང་ལ་བསྒྲུབ་པ་སྣོད་མེད་ཀུན་ལ་གསང་། །བདག་འདྲ་འཁྱམ་པོ་བཱཻ་རོ་ཙ་ན་ཡིས། །གཞོན་ནས་མ་བསྡད་སྟོང་ཁམས་ཁྱབ་པར་འཁྱམ། །རྒྱ་གར་མཁས་པ་རྣམས་ལ་མོས་གུས་གཞུང་བཞིན་བྱས། །མཁས་པའི་བཅུད་ཐོབ་རང་སེམས་གཏན་ལ་ཕེབ། །ང་ཡིས་གོ་བ་བཞིན་དུ་སློབ་བུ་ཀུན་ལ་བསྟན། །ཁྱེད་ཅག་ཀུན་ཀྱང་བཀའ་རྒྱུད་གཞུང་བཞིན་དུ་སྤྱོད། །ང་ཡི་མན་ངག་ཆུ་རྐྱལ་ཁ་བཞིན་སྡོམ། །དུག་གསུམ་བཙན་ཐབས་འཁྲུག་ཀྱིན་དགེ་སྡིག་སྤེལ་བའི་བཱཻ་རོ་ཙ་ན་བདག །འགྲོ་ཡང་གར་དགར་སྟབས་བདེར་འགྲོ། །ཞེས་གསུངས་སོ། །རྩང་ལེགས་གྲུབ་སྐུ་ཚེ་བཞི་བཅུ་ཞེ་བཞི་ལ། གཅན་འཕྲང་དང་པོས་བཀྲོངས་པ་དེ། ལིའི་ཡུལ་གྱི་རྒྱལ་པོའི་སྲས་མོ་ལི་ཚ་ཚུལ་ཁྲིམས་སྒྲོན་མ་བྱ་བར། སྐུ་སྐྱེ་བར་བཞེངས་པ་དེ། རྗེ་བཱཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་ནས་བྱོན་ནས། བོད་ཀྱི་ཡུལ་དུ་བཞུགས་ཟེར་བ་གསན་ནས། ལི་ཚ་ཚུལ་ཁྲིམས་སྒྲོན་མ་བོད་ཡུལ་དུ་བྱོན་ནས། རྗེ་བཱཻ་རོ་ཙ་ན་སྐུ་ཚེ་བརྒྱད་ཅུ་རྩ་བཞི་ལ་ལི་ཡུལ་དུ་སྤྱན་དྲངས་ནས་ལི་ཚ་ཚུལ་ཁྲིམས་སྒྲོན་མ་གཉིས། ཡུན་གྱི་དགོངས་པ་ལ་ལི་ཡུལ་དུ་གཤེགས་སོ། །འདྲ་འབག་ཆེན་མོ་ལས། བཱཻ་རོ་ཙ་ན་ལི་ཡུལ་དུ་ལི་ཚ་ཚུལ་ཁྲིམས་སྒྲོན་གྱིས་སྤྱན་དྲངས་ནས་གཤེགས་པའི་སྐབས་ཏེ་ཞེ་བཞི་པའོ།། ༈ །།རྗེ་བཱཻ་རོ་ཙ་ནས་འདི་སྐད་གསུངས་སོ། །ངའི་འདྲ་འབགས་ཆེན་མོ་འདི་ནི། རྒྱུད་ལུངས་ཐམས་ཅད་ཀྱི་མདོར་བསྡུས་པ། །བཀའ་དང་མན་ངག་གི་བཅུད་བཏིགས་པ། །ལས་རབས་སྐལ་བར་ལྡན་པའི་སྒོས་ཆོས། །དད་པ་མོས་གུས་དམ་ཚིག་གསུམ་དང་ལྡན་པའི་ཁྱད་པར་མ་ཡིན་པར། །ཀུན་ལ་སྤེལ་ན་གླད་པ་ཁོས་ལ་སྙིང་ཁྲག་ཁ་རུ་སྐྱུགས། །གཏད་དོ་བཀའ་བསྲུངས་ཡོངས་ལ་གཏད། །ཟུངས་ཤིག་དཔལ་ལྡན་རེ་མ་ཏི། །ལན་ཅིག་དུས་ཀྱི་ཐ་མ་ལ། །རྨོང་པོར་སྐྱེས་པའི་སྐལ་ལྡན་ཅིག །གདུག་རྩུབ་ཆེ་ལ་དུག་གསུམ་བཙན་ཐབས་འཁྲུགས། །མན་ངག་དྲག་སྔགས་ཀུན་གྱི་ཐིབ་པ་དབབ། །ལྷ་སྲིན་སྡེ་བརྒྱད་ཀུན་ཀྱང་ལུས་དང་གྲིབ་མའི་ཚུལ་དུ་འབྲང་། །སྦ་གསང་མེད་པར་སྨྲ་བ་ཡིན། གནས་ལུགས་གདིངས་ཆེན་ལམ་དུ་ཁྱེར། །སྤྱོད་པ་ལྷུབ་པར་སྡོད་ཅིང་གཙང་སྨེ་མེད་པར་ཟ། །ལུས་པོ་སྨེ་བས་བརྒྱན་ནས་སྨིན་མཚམས་བར་མ་ཆད། །སྐུ་བོང་རྩུབ་ལ་ཆེ་བའི་ཁྲོ་གཉེར་ཅན། །དེ་འདྲའི་སྐྱེས་བུ་གླང་ངམ་འབྲུག་ལ་སྐྱེས་པ་ཅིག །དེ་ནི་བཱཻ་རོ་ཙ་ན་ང་ཡི་ཐུགས་ཀྱི་སྲས་ཅིག་ཡིན། །དེས་འདྲ་འབགས་ཆེན་མོ་འདི་བཤད་ཀུན་ཀྱང་གྲོལ་བར་ངེས། །ཞེས་གསུངས་ནས་བཀའ་རྒྱས་བཏབ་ཅིང་བཀའ་བསྲུང་རེ་མ་ཏི་ལ་འདྲ་འབགས་ཆེན་མོ་འདི་གཏད་དོ། །འདྲ་འབགས་ཆེན་མོ་ལས། བཱཻ་རོ་ཙ་ནས་འདྲ་འབགས་ཆེན་མོ་སྦྱིན་པའི་སྣོད་བསྟན་པ་དང་། བཀའ་བསྲུངས་ནག་མོ་རེ་མ་ཏི་ལ་གཏད་པའི་སྐབས་ཏེ་ཞེ་ལྔ་པའོ།། ༈ །།བཱཻ་རོས་གཡུ་སྒྲ་སྙིང་པོ་ལ། བི་མ་ལ་མི་ཏྲ། ང་རྒྱལ་བཅག་པའི་སྐབས་དང་། བོད་ལ་སྙིང་ཚིག་ཤོག་ཕྲིང་བསྐྱལ་བའི་ལན་དུ་བཤད་དོ། །དེས་བོད་ཡུལ་རྙག་ཛྙཱ་ན་ཀུ་མ་ར་ལ་བཤད། དེས་ཁོང་སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ལ་བཤད། དེས་གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད། དེས་དབང་གིས་ཆུ་བོ་ཆེན་པོ་བཞི་ཞེས་བྱ་སྟེ། དེས་ཡོན་ཏན་མཆོག་དང་། བ་ཁོར་བློན་ཆེན་འཕགས་པ་དང་། སྲུ་ལེགས་པའི་སྒྲོན་མ་དང་། སོ་ཡེ་ཤེས་དབང་ཕྱུག་དང་། བཞི་པ་སོ་སོ་གུད་གུད་དུ་བཤད་དོ། །བསྒལ་པས་ཁུང་ནས་ཕྱུང་ལ་ལན་ཀྱུས་ཀྱི་གདབ་པ། གཏེར་ཁ་གེག་སེལ་བཤད་པ་དང་གཅིག །དབྱེ་བ་རྣམས་གྲངས་གཅོད་ཀྱི་བཤད་པ་དང་གཉིས། ཚིག་གི་དོན་ཚིག་བར་འབྲུ་འགྲེལ་གྱི་བཤད་པ་དང་གསུམ། བསྡུས་དོན་རྫོགས་པ་སྒོང་དྲིལ་གྱི་བཤད་པ་དང་བཞི་ཡོད་པ་ལས། མཁས་པ་རྒན་རིགས་ནི་རྒས་ཏེ་ཡལ། དོན་སྟོན་མཆོག་གི་སྲས་སློབ་དཔོན་གུད་པ་ཙནྟྲ་དེ་བས་བསམ་པ། མཁས་པ་གཅིག་ལ་བསླབས་པས་གོ་མི་ཆོད་པ་མཐོང་སྟེ། མཁས་པ་བཞི་ཀ་བསམ་ནས་ཁོང་གིས་ཞུས་སོ། །དེར་ཅིག་གི་མན་ངག་གཅིག་ཏུ་བྱུང་། ཅིག་གི་མན་ངག་གཅིག་ཏུ་བྱུང་ནས། སྲས་གུ་ཡ་དེ་བ་བཞི་ཀ་ལ་མཁས་པར་གྱུར་ཏོ། །དེར་ཁོང་ལ་ངམ་ཐུང་བྱང་ཆུབ་རྒྱལ་མཚན་དང་། སྐོར་ཐུང་ཤེས་རབ་ཡེ་ཤེས་གཉིས་ཀྱིས། རྩོད་པ་དྲིས་པས། ཚིག་དོན་གཉིས་ཀ་ལ་མཁས་ཤིང་ཐོགས་པ་མེད་པར་བྱུང་སྟེ། ཁོང་གཉིས་ཀྱི་སྲས་གུ་ཡ་ཙནྟྲ་དེ་བ་མ་ཐུབ་བོ། །དེར་ཁོང་གཉིས་ཀྱི་ཕྱག་བྱས་ཏེ་ཆོས་ཞུ་དགོས་བྱས་ཏེ། སྲས་གུ་ཡ་ཙནྟྲ་དེ་བའི་ཐུགས་ལ་ཁོང་གཉིས་ནི་བོད་ཀྱི་པཎྜི་ཏ་དྲེགས་པ་ཅན་ཡིན་པས་ཆོས་བཤད་པས། ངའི་ཞབས་སྤྱི་བོར་ཁུར་དུ་མི་འདོད། དམ་ཚིག་ཉམས་ན་བོད་ཁམས་ཀུན་ཕུང་བར་བྱེད་བསམ་ནས། ང་ཕའི་ཡིན་ནག་འདྲ་བ་འཛིན་པས། ཁྱོད་བོད་ཀྱི་པཎྜི་ཏ་ངས་ཆོས་བཤད་པར་རྔོ་མི་ཐོག་གསུངས་ཏེ་མ་གནང་ངོ་། །འོ་ན་དེས་ཞུས་བྱས་ཏེ། ཀུ་རུ་སྒ་སྲབ་ཕྲུལ་ལེ་བ་ཅིག་ཕུལ་ནས། ང་རྒུད་གསུམ་ཐང་ལ་བབས་ཀྱང་ཕའི་ཡིག་ནག་མི་ལ་མི་གཙང་གསུངས་ནས་དེས་ཡང་མ་གནང་ངོ་། །དེར་ངབ་ཐུང་བྱང་ཆུབ་རྒྱན་མཚན་མཐུས་དྲེགས་པས་ཞེ་སྡང་སྐྱེ་ནས། ཁྱེད་ལ་ཆོས་ཞུ་རུ་མི་ཚུགས་པས་ཁྱེད་བསྒོམ་ཞིང་བཞུགས་ཤིག །སང་ཕོད་ལོ་དུས་ཚུན་ཆོད་ལ། ངས་ཁྱོད་མཐུས་བསད་ཀྱི་ཟེར་ནས་ཁྲོས་ཏེ་སོང་ངོ་། །དེར་སྲས་གུ་ཡ་དེ་བ། སྐོར་ཐུང་ཤེས་རབ་ཡེ་ཤེས། ངབ་ཐུང་བྱང་ཆུབ་རྒྱལ་མཚན་ཚོ་སོ་སོར་གྱེས་སོ། །སང་ཕོད་དུས་སུ་ངབ་ཐུང་བྱང་ཆུབ་རྒྱལ་མཚན་གྱིས་མཐུས། སྲས་གུ་ཡ་དེ་བ་གུམ་མོ། །དེའི་ཚེ་མུ་གེ་ཆེན་པོ་ཞིག་བྱུང་ནས། སྐོར་ཐུང་ཤེས་རབ་ཡེ་ཤེས་ཀྱིས་སྲས་གུ་ཡ་དེ་བེའི་ཇོ་མོ་ལ་ནས་ཁལ་བརྒྱ་བྱིན་ཏེ། སྲས་གུ་ཡ་དེ་བའི་དཔེ་ཆ་འདྲ་ཞུ་བྱས་པས། མོ་ན་རེ་སོང་ནས་རང་ལ་བདེ་ལ་གཞལ་ལགས་ཟེར་ནས་བྱུང་བ་ལ། སྐོར་ཐུང་ཤེས་རབ་ཡེ་ཤེས་ཀྱིས་སྲོང་ལོ་ཕྱིན་ཏེ། ཤ་མང་མང་པོ་ཁྱེར་ཏེ་དྲངས། ཆང་གིས་ཡུག་ས་མོ་བཟི་བ་ལ་ཉལ་བས། དེ་ནས་དཔེ་ཆ་ཐམས་ཅད་གནང་ཏེ་མན་ངག་རྩད་ནས་བཤད་པས། སྐོར་ཐུང་ཤེས་རབ་ཡེ་ཤེས་མཁས་པར་གྲགས་ཏེ་མན་ངག་དེ་ལྟར་བྱུང་ངོ་། །དེར་སྐོར་ཐུང་ཤེས་རབ་ཡེ་ཤེས་ཀྱིས། སོག་རོག་པོ་ཚུལ་ཁྲིམས་རྒྱལ་མཚན་ལ་བཤད། དེས་ཞུ་བསོད་རྒྱལ་ལ་བཤད། དེས་དབང་རྫོགས་པར་བསྐུར་ཏེ། ཤག་ཚོ་བཅུ་གཉིས་ལ་བཤད། ཤག་ཚོ་བཅུ་གཉིས་ཀྱིས་གྲོ་གཙུག་ཏོར་གཞོན་ནུ་ལ་བཤད། དེས་ཟུར་ཤཱཀྱ་འབྱུང་གནས་ལ་བཤད། ཟུར་ཤཱཀྱ་འབྱུང་གནས་ལ་མེད་ཀར་གྱི་སུམ་པ་དབང་ཚུལ་གྱིས་ཞུས་པས། འདྲ་འབགས་ཆེན་མོ་དང་། རྒྱུད་ཀུན་བྱེད་རྒྱལ་པོ་མེད་པས་ཡིད་མ་ཆེས་ཏེ། ཀུན་ཏུ་ཡང་སེམས་ཚོལ་ཁྲོ་བྱེད་པ་ལ། ཉང་སྟོད་ས་མར་པ་བསྒོམ་ནག་བྱ་བ་ན་རེ། དགེ་བཤེས་ཀུན་ལ་མེད་པའི་སེམས་ཕྱོགས་ཀྱི་རྒྱུད་ཀུན་བྱེད་རྒྱལ་པོ་བྱ་བ་ནས། ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་ཅིག་ལས་མེད་པ་ལས། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ན་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུར་ཀུན་ཏུ་ཁྱབ། །འབྱུང་ནི་སྣང་སྲིད་ཀུན་ཏུ་འབྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་བརྗོད་དུ་མེད། །དེ་སྐད་བྱ་བ་ཡོད་གསུངས་ན། །ཁྱེད་ལ་ཞུ་དགོས་བྱས་པས་ཁོང་ན་རེ། །ང་ལ་ཀུན་བྱེད་རྒྱལ་པོ་བཤད་པའི་སྐབས་མེད། དེ་བཞིན་དུ་བཀའ་རྒྱ་ཡོད་གསུངས་སོ། །ཅིས་ཀྱང་ཀུན་བྱེད་རྒྱལ་པོ་ཞུ་དགོས་བྱས་པས། དེ་རང་གིས་ཀྱང་མི་ཕན། དེ་ཡང་ཁོག་དབུག་དང་། མན་ངག་ཏུ་གྱུར་པས་ཡིད་ཆེས་ཀྱིས་མན་ངག་མཛུབ་ཚུགས་གཅིག་ཏུ་བསྟན་པ་འདྲ་འབགས་ཆེན་མོ་བྱ་བ་ཞིག་དགོས་པ་ཡིན་པར་འདུག་སྟེ་ང་ལ་མེད་གསུངས། དེ་བས་ཀྱང་སེམས་ཚོལ་ཁྲོས་ཁྱེར་ནས་རྒྱལ་ཁམས་ཀུན་ཏུ་བཙལ། སྐྱེད་ཚངས་ཡོ་དཀྲོག་པས་འགྲེལ་པ་དཔར་ཁབ་དང་། སྤྱན་འགྲེལ་དང་། སྙིང་མོ་འགྲེལ་རྙེད། དེ་ནས་དྲིས་པས་ཇོ་མོ་གཟེ་མོ་བྱ་བ། གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བགྲེས་པོ་དགུང་ལོ་བརྒྱད་ཅུ་ལོན་པ་ཅིག་ལ། བུ་མོ་ལོ་བཅོ་ལྔ་ལོན་པ་ཅིག་དད་པ་སྐྱེས་ནས། མན་ངག་གི་བདག་པོ་ཡིན་པར་ངོ་ཤེས་ཏེ། ཕྱག་རྒྱ་མས་ཞབས་ཏོག་བྱས་ནས། མན་ངག་ཐོག་པ་ཅིག་བཞུགས་ཟེར་ནས། ཤིན་ཏུ་ཡང་དགའ་སྟེ། གསེར་སྲོང་གཉིས། སྤྱང་ཐུལ་གཅིག །སྐྱོ་ཚེ་གཅིག་ཁྱེར་ཏེ་དྲུང་དུ་ཕྱིན་པས་ཟླ་བ་གཉིས་སུ་མཇལ་དུ་མ་བཞེད། ནང་མ་གཅིག་གཏོར་མ་བཏོང་བ་ལ་བསྒུག་ཏུ་ཕྱིན་ཏེ། གཏོར་མ་བཏོང་དུ་བྱུང་བ་ལ། སྤྱང་སྟེ་འཇུས་ནས་ཞུས་པས། སྣ་རྒྱུད་རྡོ་རྗེ་ཟམ་པ་གནང་ངོ་། །འདྲ་འབགས་ཆེན་མོ་དང་རྒྱུད་ཀུན་བྱེད་རྒྱལ་པོ་ལ་རྙེད་ནས། སུ་ལ་ཡོད་དྲིས་པས། དབུས་ནས་མར་པ་ཁྲོམ་རྒྱལ་བྱ་བ་ལ་ཡོད་ཟེར་བ་ཐོས་ནས། ཤིན་ཏུ་དགའ་ནས། སྨོན་ལམ་འདེབས་ཀྱིན་ཕྱིན་པས། མར་པ་ཁྲོམ་རྒྱལ་གྱིས་ཞལ་ནས། སྔོན་བཱཻ་རོ་ཙ་ནས། གཡུ་སྒྲ་སྙིང་པོ་ལ་མ་སྟེར་ནས། སྦྱངས་པ་དགུ་དང་། ཕོད་པ་བཅུ་གསུམ་བྱས་པས་ཀྱང་མ་གནང་པ་ལ་གཡུ་སྒྲ་སྙིང་པོས་བོད་དུ་བྱོན་ནས་མཁས་པ་བི་མ་ལ་མི་ཏྲ་སུན་ཕྱུང་། རྒྱལ་བློན་རྣམས་ལ་ཡོག་བདར། བོད་རྣམས་ཀྱིས་བཱཻ་རོ་ལ་ཡང་དག་བཅུ་གཅིག་བསྟོད་པ་ཕུལ་ཏེ། གཉན་སྨྱུག་ཞུ་ཅན་དང་། ཞུ་སྣ་བ་ལྦ་བ་ཅན་ལ་སོགས་ཀྱིས། བཱཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ན་བཞུགས་པ་སྤྱན་དྲངས་དུ་བྱུང་ནས། བཟོད་ཅིག་བཱཻ་རོ་ཙ་ན་ཐུགས་ཁེངས་ནས། རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གནང་། གཡུ་སྒྲས་སམ་སངས་རྒྱས་མགོན་པོ་ལ་གནང་ངོ་། །དེས་ཚེ་ལ་དབང་བའི་རིག་འཛིན་ཐོབ་སྟེ། ད་རུང་བཞུགས་སོ། །དེས་ཁམས་པ་སྦ་རགྴི་ཏ་ལ་བཤད། དེས་ཡར་ལུང་གིས་དར་མི་ཤེས་རབ་ལ་བཤད། དེས་ཉང་སྟོང་པྲ་བ་ལ་བཤད། དེས་མར་པ་ཁྲོམ་རྒྱལ་ལ་བཤད། ང་ཡན་ཆོད་དུ་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱས་པ་ཡིན། རྩང་གི་བན་དྷེ་ཁྱེད་ཀྱང་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་ནུས་སམ། དེར་སུམ་པ་དབང་ཚུལ་གྱིས། བསྐལ་པར་བསྒྲང་བའི་འཁོར་བའི་སྡུག་བསྔལ་ལས་ཐར་བར་འཚལ་བས། སྦྱངས་པ་དགུ་ཅིས་ཏེ་མི་བྱ། ཕོད་པ་བཅུ་གསུམ་ཅིང་སྟེ་མི་བྱ་གསུངས་ཏེ། སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱས་སོ། །དེ་ཡན་ཆད་དུ་བརྒྱུད་པ་རེ་ལས་མ་གནང་པར་དམ་བཅའ་མནའ་བོར་རོ། །མར་པ་ཁྲོམ་རྒྱལ་ལ། རྩང་གི་སུམ་པ་དབང་ཚུལ་དང་། དབུས་ཀྱི་ན་རོག་སྟོན་པ་དང་། ལྷོ་བྲག་གིས་མར་ཆུང་ཤེས་རབ་འོད་དང་གསུམ་གྱིས་ཞུས་ཏེ། ན་རོག་སྟོན་པས་བཤད་པ་སྤང་སྟེ། དགོན་པར་གཤེགས་ནས། གྲུབ་ཐོབ་ཆེན་པོར་གྱུར་ཏོ། །མར་ཆུང་ཤེས་རབ་འོད་ནི་བློ་དམན་ཤེས་རབ་ཆུང་བས། ཡོ་བྱད་ཆེ་བས་དེས་མང་ཡང་བཤད་པ་མ་ཁྲོལ་ལོ། །རྩང་གི་བུ་རུ་ཎ་དཀར་ན་བཞུགས་པའི་སུམ་པ་བློ་རྒྱས་ནི། བློ་ཤིན་ཏུ་རྣོ་བ། ཐེག་པ་ཆེ་ཆུང་མེད་པར་སྦྱངས་པས། གསང་སྔགས་གསར་རྙིང་མེད་པར་མཁྱེན་པས། ཐེག་པ་ཐ་དག་ལ་མཁས་པར་སྦྱངས་པས། སྦྱངས་པ་སྔོན་དུ་སོང་བས། གང་ལ་ཡང་ཚར་རེར་གསན་པས་མཁྱེན་པ་ཡིན་ནོ། །དེ་ལ་ཤངས་པ་དཀར་སྟོན་གྱིས་ཞུ་རུ་བྱོན་པས། མེད་དཀར་དང་ཕུར་གྱི་དབུས་ན། དགེ་བཤེས་བྲག་སྦྱངས་བ་ཡོན་ཏན་དགུ་དང་ལྡན་པ་ཞིག་འདུག །དེ་ལ་ཤང་པ་དཀར་སྟོན་གྱིས་སྙན་གསན་བྱས་པས་ཁོང་གི་ཞལ་ནས་མགུར་འདི་སྐད་གསུངས། དངོས་ཅག་གསུམ་པ་བློ་རྒྱས་ནི། །སྦྱངས་ནི་ཐེག་པ་དགུ་ལ་སྦྱངས། །གོམ་ནི་དབུ་ཚད་གཉིས་ལ་གོམ། །སྤྱོད་ནི་གསང་སྔགས་སྒྱུ་འཕྲུལ་སྤྱོད། །དགོངས་པ་རྫོགས་ཆེན་ཀློང་ན་ཉལ། །སྐྱེ་བ་འདི་ནི་ཆུད་ནི་མ་གསན་ནམ། །དགོངས་གསུང་ངོ་། །ཡང་འདི་སྐད་གསུངས་སོ། །མན་ངག་རྫོགས་ཆེན་ཚོལ་བ་ལ། །དཔེའུ་བཱཻ་རོ་ཙ་ན་བས། །དཀའ་ལས་བདག་གིས་ཆུང་རྒྱུ་མེད་དམ་བསམ། །ཁང་གི་དུས་ན་རྒྱལ་ཁྲིམས་མ་ཉམས་པས། །བོད་ཡུལ་རྒྱལ་ཁམས་ཙམ་དུ་ཡང་། །བཀའ་རྟགས་ཕྱག་རྒྱ་བསྒྱུར་བ་ཡི། །སྐྱེལ་མ་མི་དགོས་འཇིགས་པ་མེད། །དུས་ངན་ད་ལྟ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག །བློན་པོ་ཁྲིམས་ཀྱི་སྒྲོ་བ་རལ། །ཆོས་ཁྲིམས་དར་གྱི་མདུད་པ་ཆད་ལ་ཁད། །དགོངས་དུས་ངན་པའི་ཐ་ལ་བབ། །དྲོས་ལམ་རེ་ལ་དགྲ་ས་རེ། །དགྲ་ས་རེ་ལ་སྐྱེལ་མ་རེ། །གཤིན་ཡུལ་བསྐལ་པ་ཡིན་པ་སྙམས། །ལ་རེ་འཕྲང་རེ་བཙས་རེ་སྐྱེལ་མ་རེ། །དགོངས་པའི་མན་ངག་གནམ་ས་འཕྲུལ་མས་བཙག་སྟེ་བཙལ། །འདི་ལས་ལྷག་པའི་འཆི་བརྒྱག་ཆོས། །སྐྱེད་ཚངས་བོད་དུ་ལས་ས་མེད། །དེས་ན་དཀའ་ལས་ཆེ་ཡང་དགོངས་གསུང་ངོ་། །ཡང་གསུངས་པས། དུས་གསུམ་སངས་རྒྱས་དགོངས་པ་རྫོགས་ཆེན་འདི། །དགའ་རབ་འཇམ་དཔལ་ལ་སོགས་སྙན་རྒྱུད་ནས། །བོད་ཀྱི་མཁས་པ་བཱཻ་རོ་ཙ་ན་དང་། །རྒྱ་གར་མཁས་པ་བི་མ་མི་ཏྲ་གཉིས། །མན་ངག་དམར་ཏེ་དེ་ལྟར་གཉིས་ལས་མེད། །བཱཻ་རོ་ཙ་ནའི་དམར་ཐག་མར་པ་ཁྲོམས་རྒྱལ་ལ། །བི་མ་ལའི་དམར་ཐག་ཇོ་མོ་དགེ་གནས་མ། །དེ་ལྟར་ཡིན་པས་གཉིས་ལ་དབང་ཚུལ་བདག་གིས་ཐུག །དཀའ་སླ་དེ་ལྟར་བཙལ་བས་ཡིད་ཀྱང་ཆེས། །བསོད་ནམས་ཆུང་ཡང་མན་ངག་བདག་ལྟར་འཆང་། །ཞེས་གསུངས་སོ། །དེར་ཤང་པ་དཀར་སྟོན་གྱིས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱས་ནས་ཞུས་པས་གནང་ངོ་། །ཤང་པ་དཀར་སྟོན་ལ་སྲས་མེད། གྲྭ་པ་ཀུན་གྱིས་ཞུས་པས་མ་གནང་ངོ་། །སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་ནུས་པ་མ་བྱུང་། ཆོས་ཐམས་ཅད་འདྲ། ཐུ་བ་ལས་མེད་ཟེར་ནས། མན་ངག་འདི་སྦྱིན་ས་མ་རྙེད་དེ། མེད་དཀར་ཁོག་པ་ལུང་པའི་ཕྱི་མ་ཤངས་པ་དཀར་སྟོན་གྱིས་གཏེར་དུ་སྦས་སོ། །སུམ་པ་བློ་རྒྱལ་གྱིས་ཤངས་པ་དཀར་སྟོན་ལ། མི་ཅིག་ལས་སྦྱིན་དུ་མེད་པ་ལས། བཀའ་རྒྱས་གདབ། རྒྱ་རྒྱ་རྒྱ། ཤངས་པ་དཀར་སྟོན་གྱི་བྲེས་ཕུའི་མེ་ཉག་འབྱུང་གྲགས་ལ་གནང་། དེས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱས་ཞུས་སོ། །མེ་ཉག་འབྱུང་གྲགས་ཀྱིས། ལྷ་རྗེ་བྱ་ཚངས་ལ་གནང་། ལྷ་རྗེ་བྱ་ཚང་གི་ལྷ་རྗེ་སྟོན་པ་ལ་གནང་། དེས་ཞང་གནས་གསར་བ་ལ་གནང་། ཞང་གནས་གསར་བས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་མ་གྲུབ་ནས། ཁྲབ་གཉིས་དང་། རེ་དཀར་གཅིག་དང་། གཡུ་ལྷང་གསུམ། བ་གཅིག །རྟ་གཅིག་ཕུལ་ནས་ཞུས་སོ། །གཏིང་ལ་ཞང་གནས་གསར་བས་འདེགས་ལ། ཡུལ་མི་ལ་ཁྲལ་བསྡུས་ནས། ནས་ཁལ་སྟོང་གསུམ་བརྒྱ། ཉི་ཁྲི་བཟང་པོ་ཆ་གཅིག །ཁྲབ་གཅིག །ཟངས་གཅིག །གཡུ་ལྷང་གཅིག །གོས་སྔོན་གཅིག །ལྕགས་ལྷམ་གཅིག །དེ་ཚོ་ལྷ་རྗེ་བྱ་ཚངས་ལ་མན་ངག་འདི་ལ་དྲིན་ལེན་དུ་ཞབས་ཏོག་བགྱིས་པ་ལགས་སོ། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་བླ་མ་རྣམས་འདྲ་འབགས་ཆེན་མོ་ཅི་ལྟར་བརྒྱུད་པའི་ཁུངས་བསྟན་པའི་སྐབས་ཏེ་ཞེ་དྲུག་པའོ།། ༈ །།ཡང་ཞང་གནས་གསར་བ་ལ་ཕག་བསྒོམ་གྱིས་ཞུས་པ་ནི། དང་པོ་ཕག་བསྒོམ་གྱིས། སྙོ་ཚོའི་ཆོས་སྐོར་ཞུགས་ནས། ཟ་སྟོན་པྲ་བ་ལ་ཡོ་ག་བསླབ་པས། དེ་ཀྱང་ཡིད་མ་ཆེས་ཆུ་མིག་གི་རྒྱ་བློ་སྣོན་པ་ལ། ཕ་རོལ་དུ་ཕྱིན་པའི་གདམས་ངག་ཞུས་པས། དེས་ཀྱང་ཡིད་མ་ཆེས། དེ་ནས་རིད་ཀྱི་བོར་ཁ་རུ། སྒང་སྟོན་བླ་མ་ལ། ན་རོ་པའི་ཆོས་དྲུག་ལ་སོགས་པ་བསླབ་པས། དེས་ཀྱང་ཡིད་མ་ཆེས། དེ་ནས་ལ་སྟོད་དགེ་བཤེས་ཕུག་པ་ལ་རྩ་རླུང་གི་གདམས་ངག་དང་། རྫོགས་ཆེན་དམར་ཁྲིད་བསླབ་པས། དེས་ཀྱང་ཡིད་མ་ཆེས་སོ། །དེ་ནས་མཆེམ་གྱི་སྟག་འུག་ཏུ། དགེ་བཤེས་ཁྲག་དམིགས་པ་ལ། མདོ་སྒྱུ་འཕྲུལ་ལོ་གཅིག་ཉན་པས་དེས་ཀྱང་ཡིད་མ་ཆེས་སོ། །དེ་ནས་ལ་འགོ་རུ་འེ་ལ་ཇོ་སྲས་གསེར་རེ་ལ། ཨ་རོ་བསླབ་པས་དེས་ཀྱང་ཡིད་མ་ཆེས་སོ། །དེ་ནས་ཅོག་རོ་སྤན་དུ། དགེ་བཤེས་གྲུབ་སྟོན་པ་ལ་དམར་ཁྲིད་དང་། ཨ་རོ་བསླབ་པས་དེས་ཀྱང་ཡིད་མ་ཆེས་སོ། །དེ་ནས་ཞང་གནས་གསར་བ་ལས་རྫོགས་ཆེན་སེམས་སྡེ་བཅོ་བརྒྱད། རྒྱ་མཚོ་ཀློང་དང་བཅུ་དགུ་ལ། བཤད་ལུགས་མི་འདྲ་གསུམ་བཤད་པས་ཡིད་ཆེས་པར་འབྱུང་ལགས་བྱས་པས། སྙན་རྒྱུད་ཀྱི་གདམ་པ་རེ་རེ་གཉིས་གཉིས་བཤད་པ་ལ། སྤན་དུ་ཕྱིན་པས། མེ་ཉག་སྟོན་པ་ན་རེ། དེ་འདྲ་མིན་པའི་གདམས་པ་ཁོང་ལ་ཡོད་ཀྱིས། ཞབས་ཏོག་མཉེས་པར་གྱིས་ལ་ཞུས་ཤིག་གསུངས་ནས། ནོར་བུ་བཟང་པོ་གཅིག །བ་བཟང་པོ་གཅིག །གོས་ལ་ཚར་ཐུལ་གཅིག་གི་སྣ་དྲངས་བའི་གོས་བཅུ་གསུམ། གོ་བྲིས་བྱས་པའི་ཉི་ཁྲི་འབུམ་ཆུང་ཕུལ་བས། སློབ་དཔོན་ཞང་གནས་གསར་བས། ཕག་བསྒོམ་ལ། འདྲ་འབགས་ཆེན་མོ་འདི་བསིལ་ནས་དུམ་བུ་དུམ་བུར་ལས་མ་གནང་། དེ་ནས་སློབ་དཔོན་ཞང་གནས་གསར་བ་བྱི་བའི་ལོ། །ཁྲ་ཟླའི་ཆོས་བཅུ་ལ་གྲོངས་པ་ལ། སློབ་དཔོན་ཞང་གནས་གསར་བའི་ཞལ་ནས་ང་སུ་ལའང་མི་གཅེས་ཕག་བསྒོམ་པ་ལ་གཅེས་པ་ཡིན་ཏེ། དེས་མ་ཕན་པ་ཡིན་གྱིས་ཕག་བསྒོམ་སྒོམ་ཕ་ཀིའི་ནང་ནས་པོ་ཏི་ཕྱིན་ཁུགས་ན་བཅུག་པ་ཅི་ཡོད་ཀྱི། དེ་ད་ལྟ་ལོང་ལ་ཁྱོས་ཁྱེར་གསུངས་སོ ། །དེ་ལས་འགྲན་ན་དེས་མ་དང་། ན་བཟའ་ལ་ཡངས་སུས་ཐོབ་ཏུ་སོང་ངོ་། །དེ་ནས་སློབ་དཔོན་གྱི་ཞལ་ནས། མན་ངག་དེ་ལ་སྦྱངས་པ་དགུ་དང་། ཕོད་པ་བཅུ་གསུམ་མི་བྱེད་ན། སྣོད་དང་མི་ལྡན་པ་ཡིན་པས། སུ་ལའང་གནང་བའི་བཀའ་མེད་དོ་གསུངས་ནས། དེ་ནས་སློབ་དཔོན་ཞང་གནས་གསར་བ་ཀྲོང་ཀྱི་གྲོངས་སོ། །ཕག་བསྒོམས་ཁྱེད་ལ་སྐལ་ལྡན་ཅིག་འོང་འདྲ་ཡིས། ཚགས་གྱིས་ལ་མི་གཅིག་ཙམ་ལ་བཀའ་རྒྱ་མི་ནུབ་ཙམ་བྱེད་དོ། །དེ་མིན་སུ་ལའང་གནང་བར་མ་གསུངས་སོ། །འདི་ལ་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་བྱེད་པ་བྱུང་ན་མི་རེ་རེ་ཙམ་མིན་པ། བཀའ་རྒྱ་མི་ནུབ་ཙམ། གདམ་ལ་གཏོད་གསུང་ངོ་། །དེ་ཙམ་དུ་བཀའ་སྡོམ་པ་ཅིའི་ཕྱིར་ན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བཏིག་པ། མཁས་པའི་མན་ངག་རིག་འཛིན་དང་། རིག་པ་འཛིན་པ་རྣམས་ཀྱི་མན་ངག །དགོངས་པའི་ཞེ་ཕུག །ཨ་ཙ་རའི་ལྐོག་ཆོས་ཡིན་པས། སྣོད་མེད་ལ་སྦྱིན་ན། དམ་ཚིག་ཉམས་པར་འགྱུར་རོ། །ཞེས་གསུངས་སོ། །སྔོན་རྒྱ་གར་རྡོ་རྗེ་གདན་དུ། མན་ངག་རྫོགས་ཆེན་ཨ་ཏི་འདི་པཎྜི་ཏ་མི་བརྒྱད་དང་། རྒྱ་གར་ཆོས་སྐྱོངས་བའི་རྒྱལ་པོ་ཡི། རྒྱ་རུ་སྤྲོད་དུ་མནན་ནས་གཏེར་དུ་སྦས་པ། ཤྲི་སིང་ཧ་དང་། བཱཻ་རོ་ཙ་ནས་བཤིག་ཏུ་ཕྱི་པའི་ཚེ། གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་ཅུ་དང་། སྔགས་ཕྱི་ནང་གི་བསྲུངས་མ་རྣམས་ཞལ་མངོན་སུམ་དུ་བྱོན་ནས། ཤྲི་སིང་ཧ་དང་། བཱཻ་རོ་ཙ་ན་ལ་གཡས་ཕྱོགས་ནས་གཡས་ཕྱོགས་བསྐོར་བ་བྱས་ནས། ཕྱག་བྱས་ཏེ་འདི་སྐད་གསུངས་སོ། །བདག་ཅག་མི་མ་ཡིན་ཆོས་སྐྱོངས་བའི་བསྲུངས་མ་རྣམས་ནི། བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ། །ཤིན་ཏུ་ཡང་མན་ངག་སྙན་རྒྱུད་ཀྱི་རྗེས་སུ་མཆིའོ། །རབ་ཏུ་ཡང་མཆིའོ། །སྣོད་དང་མི་ལྡན་པ་ཤེས་སོ། །གྲགས་ལོ་བཙུན་ལོ། མཁས་ལོ་ཙམ་ཉན་ལོ། ཐོས་ལོ་བསྒོམ་ལོ་ཙམ། དད་པ་གཏིང་ནས་མེད་པ། ཞེན་པ་གཏིང་ནས་མ་ལོག་པ། འཛིན་ཆགས་གཏིང་ནས་མ་ཁྲོལ་བ། དཔེ་ཆ་དང་དབུལ་བ་གཉིས་ཕམ་རྒྱལ་བལྟ་བའི་ལགས་ཏུ་འགྲིམ་ཙམ་ན། དམ་ཉམས་པའི་ལག་ཏུ་སོང་བ་ཡིན་པས། དེ་ཙ་ན་བདག་ཅག་མི་མ་ཡིན་རྣམས་མ་དགའ། ཤིན་ཏུ་ཡང་མ་དགའ། རབ་ཏུ་ཡང་མ་དགའ། བདག་ཅག་མི་མ་ཡིན་པ་ལ་ནི་ཕ་བསད་པ་སྙམས་བྱེད། ལ་ལས་ནི་མ་བསད་པ་སྙམས་བྱེད། ལ་ལས་ནི་བུ་གཅིག་པུར་སྟོར་བ་སྙམས་བྱེད། ལ་ལས་ནི་དཔྲལ་བའི་མིག་ཅིག་སྟོར་བ་སྙམས་བྱེད། ལ་ལས་ནི་ཁོང་གི་སྙིང་ཕྱུང་བ་སྙམས་བྱེད། ལ་ལ་ནི་ནོར་བུ་རིན་པོ་ཆེ་སྟོར་སྙམས་བྱེད། དེའི་དུས་དེའི་ཚེ་ནད་དང་མུ་གེ་དང་། འཁྲུགས་པ་དང་། ས་གཡོ་བ་དང་། རླུང་ནག་དང་། འཚུབ་མ་དང་། བུ་ཡུག་དང་། མི་བདེ་བ་སྣ་ཚོགས་པ་འོང་ངོ་། །ན་རག་ཆེན་པོ་ཡང་ཡངས་སུ་འཕེལ་བར་འོང་ངོ་། །སློབ་དཔོན་ལའང་ཚེ་ཐུང་ལ་ནད་མང་བར་འོང་ངོ་། །སློབ་མ་རྣམས་ལའང་འཕོང་པ་དང་། སྡུག་པ་དང་། གྲི་རུ་ཤི་བ་ལ་སོགས་པ་འོང་ངོ་། །མཐུ་ཆུང་བ་དང་། བོན་པོ་དང་། མུ་སྟེགས་དང་སྔགས་པ་དང་། སྲིན་པོ་བདུད་དུ་ལང་བའི་དུས་འོང་ངོ་། །དེ་ན་ལ་ལས་བསྲེ། ལ་ལ་ནི་དཀྲུག །ལ་ལས་ནི་འཚང་། ལ་ལས་ནི་ཀློད། དེ་ལ་བསྟན་པ་འདི་འཆང་བ་དང་། འདི་བཤད་པ་དང་། འདི་ཐུགས་ལ་འཆང་ཤིག །སངས་རྒྱས་ངོ་བོ་ཉིད་ཏེ། དེ་ལ་ལས་བསྐུར་པ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། དེ་ལྟར་བྱས་པས་བསྟན་པ་འཇིག་པར་འགྱུར། དེ་ཕྱིར་ཤིན་ཏུ་གསང་བར་སྦོས་ཤིག །གསང་བར་འཆང་ཤིག །གསང་བར་བསྟོད་ཅིག །ཟེར་ནས་གསང་སྔགས་ཕྱི་ནང་གི་ཆོས་སྐྱོངས་བའི་བསྲུང་བ་རྣམས་མཁའ་ལ་གཤེགས་སོང་ངོ་། །འདྲ་འབགས་ཆེན་མོ་ལས། བཀའ་རྒྱ་གདམས་པའི་སྐབས་ཏེ་ཞེ་བདུན་པའོ།། ༈ །།དེ་ནས་དགོངས་པ་དང་། མེ་ཉག་འབྱུང་དྲགས་བདག་འདྲ་ཡིས། འདྲ་འབགས་ཆེན་མོ་འདི་སྦྱིན་པའི་སྣོད་མེད་ནས། བྲེས་ཕུའི་བྲག་ལ་གཏེར་དུ་སྦས། ཁ་བྱང་བུ་ཚ་རིམ་གྱིས་བཞག །ཨཐྎ། དེ་ནས་མེ་ནག་འབྱུང་གྲགས་གྱིས། སྨོན་ལམ་བཏབ་པ་འདི་སྐད་དོ། །བྲེས་ཕུའི་སྟོན་པ་འབྱུང་གྲགས་བདག་འདྲ་ཡིས། །མན་ངག་གཏེར་དུ་སྦ་བར་མི་འོས་ཏེ། །བྲེས་ཕུའི་ལུང་ཆུང་དེ་རུ་སྟོན་པ་ཆ་གཉིས་འབྱུང་། །སྡེ་སྣོད་གཉིས་ཀྱི་ཚིག་གི་ན་ཡ་བཀྲམ། །ཕྱོགས་རིས་གྲྭ་འཚོགས་ནས་ཐེག་དགུའི་གྲུབ་མཐའ་བྱས། །ང་རྒྱལ་ཆེ་གྲགས་ཤ་བའི་རྭ་བཞིན་རྒྱས། །གྲུབ་མཐའ་རྩོད་པ་བྱེད་ཅིང་ཉོན་མོངས་མེ་ལྟར་འབར། །སེམས་ཉིད་རྗེན་པར་བསྟན་ཀྱང་དེ་ལ་གྲུབ་མཐའ་བྱེད། །འདི་འདྲའི་མན་ངག་སྦྱིན་པའི་སྣོད་མེད་ནས། །མན་ངག་རླུང་ལྟར་འཆོར་ཀྱིན་ཆུ་ལྟར་བསླད་པར་དོག །དེ་ཕྱིར་མན་ངག་སྦ་འོ་སྤྲ་རྟེན་བྲག་ལ་སྦ། །ཞེས་གསུངས་སོ། །ཕྱིས་ནས་མན་ངག་སྦྱིན་པའི་གནས་ནི། དད་པ་ཚད་ནད་སྐོམ་གྱིས་གདུང་བ་འདྲ་བ། བརྩོན་འགྲུས་མགོ་ལ་མེ་ཤོར་འདྲ་བ། མོས་གུས་གང་ལ་ཡང་ཆག་པ་མེད་པ་འབུལ་བ། དམ་ཚིག་རང་སྲོག་ཉན་པའི་ནད་པ་ལྟ་བུ། དེ་བཞི་འཛོམ་པའི་སྐྱེས་བུ་ཅིག་དང་འཕྲད་པར་ཤོག །སྦྱངས་པའི་ལས་འཕྲོ་ཅན་དང་འཕྲད་པར་ཤོག །ཤེས་རྒྱུད་སྦྱངས་པའི་མཁས་པ་ཅིག་དང་འཕྲོད་པར་ཤོག །འཇིག་རྟེན་ཆོས་ལ་ཞེན་པ་མེད་པ་གཅིག་དང་འཕྲད་པར་ཤོག །འདི་འདྲ་བའི་མན་ངག་བསྟན་པའི་བླ་མ་ནི། འཇིག་རྟེན་ཁམས་ན་འགྲན་གྱི་དོ་མེད་ཡིན། །བླ་མ་དེ་ལ་བཞེད་པ་བྱུང་ན་ལུས་སྲོག་དག་འཕོང་མེད་ཐོང་། །ཟས་ནོར་ལོངས་སྤྱོད་ལྟ་ཅི་སྨོས། །བཙུན་མོའི་ལུས་ལ་ནལ་བུ་ཡོད་པ་ནི། །སྐད་ཅིག་མི་འབྲལ་རྟག་ཏུ་དྲན་པ་བཞིན། །བླ་མ་དེ་ལ་རྟག་ཏུ་གུས་པའི་སེམས་ཀྱིས་དྲན་པར་བྱ། །ཞིམ་པ་ཁམས་གསུམ་ཟ་ཡང་བླ་མ་དེ་ལ་དྲན། །བཅུད་ཅན་ཧུབ་ཅིག་འཐུང་ཡང་བླ་མ་དེ་ལ་དྲན། །བླ་མའི་སྐུ་དགྲ་བྱུང་ན་སྲོག་ལ་མི་བཏང་ཧབ་ཐོབ་བྱེད། །དེ་འདྲའི་སྐྱེས་བུ་མན་ངག་འདི་དང་འཕྲད་ནས་ནི། །སྐྱེས་མེད་ཕྱིར་མི་ལྡོག་པའི་ས་ལ་འགྲོ། །ཞེས་གསུངས་ནས་མེ་ཉག་འབྱུང་གྲགས་ཀྱི་སྨོན་ལམ་དེ་སྐད་གདམས་སོ། །འདྲ་འབག་ཆེན་མོ་ལས། མེ་ཉག་འབྱུང་གྲགས་ཀྱིས་འདྲ་འབགས་ཆེན་མོ་སྦྱིན་པའི་སྣོད་མེད་ནས། བྲེས་ཕུའི་བྲག་ལ་གཏེར་དུ་སྦས་ཤིང་སྨོན་ལམ་བཏབ་པའི་སྐབས་ཏེ་ཞེ་བརྒྱད་པའོ།། ༈ །།དེ་ནས་ཡང་ཞང་གནས་གསར་པས་རྣ་བས་ཉན་པས། བྲེས་ཕུའི་འབྱུང་གྲགས་ལ། བཱཻ་རོ་ཙ་ནའི་དགོངས་པ་མཐར་ཐུག་པ་སངས་རྒྱས་མཛུབ་ཚུགས་སུ་བསྟན་པ། བཱཻ་རོ་ཙ་ན་དངོས་དང་། ཞལ་དངོས་སུ་མཇལ་བ་དང་འདྲ་བའི་འདྲ་འབགས་ཆེན་མོ་ཞེས་བྱ་བ་ཅིག །བྲེས་ཕུའི་བྲག་ལ་གཏེར་ནས་སྦས་ནས། ཞེན་ལྷ་བྱི་ལ་གཉེར་བཅོལ་ནས། ཁ་བྱང་ལྷ་རྗེ་བྱ་ཚང་ལ་བཞུགས་པར་ཐོས་ནས། གཡུ་དམར་གསང་མགོ་ཅན་བྱ་བ་དང་། ཁྲག་ནག་པོ་འོད་ཅན་བྱ་བ་ཞུ་རྟེན་ཕུལ་ནས། བཟའ་སྐྱེམས་མང་པོ་དྲངས་ནས། བླ་མ་ཆེན་པོ་ལ། ཐོས་བསམ་གྱི་བསེ་རྒྱུད་གྲོལ་མི་དགོས་པར་སེམས་རྩོལ་བསྒྲུབ་དང་བྲལ་ནས་བློ་མལ་དུ་ཆུད་པའི་འདྲ་འབགས་ཆེན་མོ་ཞེས་བྱ་བའི་ཆོས་ཟབ་མོ་གཅིག །བླ་མ་ཁྱེད་ལ་ཡོད་པར་གདའ་བས་བདག་ལ་ཞུ་འཚལ། ད་རེས་ཀྱི་མི་ལུས་འདི་མ་ཡིན་པར། སྐལ་པ་གྲངས་མེད་པའི་ལུས་བླང་ཀྱང་། འཁོར་བའི་སྡུག་བསྔལ་འདི་ལས་ཐར་སྙམས་མི་གདའ་ན། ད་རེས་མི་ལུས་འདིས་འཁོར་བའི་སྡུག་བསྔལ་ལས་ཐར་པའི་སྨན་མཆོག་གཅིག་ཐུགས་རྗེས་གཟུང་ལ་གནང་བར་ཞུ་བྱས་ཏེ། མཆི་མས་གདོང་པ་གང་བར་ངུས་ནས། ལྷ་རྗེ་བྱ་ཚང་བའི་ཞལ་ནས་འདི་སྐད་གསུངས། ཇོ་སྲས་ཞང་ཆུང་བ་ལེགས་སོ། །སྐྱེ་ཤིའི་འཇིགས་པའི་དད་པ་ལ། ལེ་ལོ་མེད་པའི་བརྩོན་འགྲུས། ལུས་སྲོག་ཕོད་པའི་མོས་གུས། དམ་ཚིག་བཀའ་བརྒྱུད་བཞིན་བསྲུངས་བ་འདི་ལྟར་འཛོམ་ན། མན་ངག་སྦྱིན་དུ་འོས་ཙམ་ཡིན། ད་ནི་དུས་ཀྱི་ཐ་མ་ལ་བབ། སློབ་དཔོན་ཁྱི་ལྟར་འཁྱམས་ཞིང་དམ་ཆོས་ཟོང་བས་མོད། སྦྱངས་བ་དགུ་དང་ཕོད་པ་བཅུ་གསུམ་བྱེད་པ་མེད། དེས་ཕ་མྱེས་ཀུན་གྱི་ཀྱང་། བདག་ཆགས་བུ་ཚ་ཀུན་ལ་མ་གནང་གཏེར་དུ་སྦས། ཇོ་སྲས་ཁྱོད་ལ་སྦྱིན་གྱིས་ཁྱོད་ཀྱང་སྣོད་དང་ལྡན་པར་མཛོད་ཅིག །དམ་ཚིག་ཉམས་པ་རེ། མན་ངག་འདི་ནི་སྨན་མཆོག་ག་པུར་དང་འདྲ། ཁེ་ཉེས་ཤིན་ཏུ་ཆེ། མན་ངག་འདི་ནི་བཙན་དུག་ནག་པོ་དང་འདྲ་སྟེ། ཁེ་ཉེན་ཤིན་ཏུ་ཆེ། མན་ངག་འདི་ནི་མེ་ལྕེ་འབར་བ་དང་འདྲ་སྟེ། ཁེ་ཉེས་ཤིན་ཏུ་ཆེ། རྟོགས་ན་སངས་རྒྱས་ཡིན། གོལ་ན་དམྱལ་བའི་གནས་སུ་འགྲོ་གསུང་ངོ་། །དེ་ནས་ཚོགས་དང་གཏོར་མ་བཏང་། སློབ་དཔོན་མེ་ཉག་བྱ་ཚང་དང་ཞང་གནས་སར་བས། རྟ་ཟླའི་ཚེས་བཅུ་བཞི་ལ་འདྲ་འབགས་ཆེན་མོ་བྲེས་ཕུང་བྲག་ལ་མེ་ཉག་འབྱུང་དྲག་གིས་གཏེར་དུ་སྦས་པ་བཏོན་ནས། ཚེས་བཅོ་ལྔ་ལ་ཞལ་ཕྱེས་ནས་འདྲ་འབགས་ཟླ་བ་བདུན་དུ་བཤད་དོ། །ཟླ་བ་རེ་ལ་གཏོར་ཚོགས་རེ་བཏང་བསེར་མ་རེ་བསངས་སོ། །ཞབས་ཏོག་ཆེར་བྱས་སོ། །ཕྱིས་འབུལ་བ་ལ་ནས་ཁལ་སྟོང་བཞི་བརྒྱ། སྡིག་སྣ་ཕག་བསྒོམ་གྱི་ཕུལ་བའི་ཉི་ཁྲི་འབུམ་ཆུང་། ཁྲབ་གསུམ། བེར་གཅིག །བསྭེ་ཕུབ་གཅིག །སྟོད་སྐོང་གཉིས། གོས་སྔོན་གཅིག །རྨོག་གཅིག །ལྕགས་ལྷམ་གཅིག །གཡུ་གཉིས། བརྒྱད་སྟོང་པ་གཉིས། རལ་གྲི་རྙིང་མ་གཉིས་ཏེ་ནོར་སྣ་བཅུ་དྲུག་གི་འབུལ་བ་བྱས་སོ། །ཞང་གནས་གསར་བས་སྡིག་སྣ་ཕག་བསྒོམ་ལ་ཡང་འདྲ་འབགས་གནང་ངོ་། །དེ་གདུང་རྟེན་ནང་དུ་ཕག་བསྒོམ་གྱིས་ཕུལ་ཞིང་སྦས་ཏེ་བཀའ་རྒྱས་བཏབ་བོ། །དེ་ནས་ཞང་གནས་གསར་བས་ཕུང་པོ་བོར་སྙམས་བྱེད། ལུས་ལ་བུད་མེད་མ་ཆགས་སྦྱོར་བ་མེད། །རྟག་ཏུ་དམྱལ་སོགས་སྡུག་བསྔལ་འཇིགས་པ་ཡི། །ཕོ་མོ་འདོད་ཆགས་སེམས་ལ་དྲན་པ་མེད། །ཕོད་པ་བཅུ་གསུམ་སྦྱངས་པ་དགུ་སོགས་པ། །སྣོད་དང་ལྡན་པའི་སློབ་བུ་མ་རྙེད་ནས། །བདག་འདྲ་ཚེ་ལ་ངེས་པ་མེད་པས། ནམ་འཆི་ཆ་ཡངས་མེད། མན་ངག་བདུད་རྩི་ལྟ་བུའི་འདྲ་འབགས་ཆེན་མོ་འདི། གནས་སར་རྫ་མོ་སེང་གེ་ཁ་གདོངས་འདྲ་བའི་འོག་ཏུ་སྦ་གསུངས་ནས་ཁྱི་ལོ་ལ་གཏེར་དུ་སྦས་སོ། །བཱཻ་རོ་ཙ་ནས་སྨོན་ལམ་དང་། མེ་ཉག་འབྱུང་གྲགས་ཀྱི་སྨོན་ལམ་ཅི་ལྟར་བཏབ་པ་བཞིན་སྐྱེས་བུ་ལས་ཅན་གཅིག་གིས་རྙེད་པར་ཤོག་གསུངས་ནས་སྨོན་ལམ་བཏབ་བོ། །འདྲ་འབགས་ཆེན་མོ་ལས། ཞང་གནས་གསར་བས་འདྲ་འབགས་ཆེན་མོ་གནས་གསར་རྫ་མོ་སེང་གེ་ཁ་གདངས་འདྲ་བའི་འོག་ཏུ་གཏེར་དུ་སྦས་པའི་སྐབས་ཏེ་ཞེ་དགུ་པའོ།། །།ས་མ་ཡ། ཁ་ཐཾ། ཁ་ཐཾ། ཁ་ཐཾ། ས་མ་ཡཱ། ཁ་ཐཾ། ༈ དེར་ཇོ་སྨན་གྱིས་གནས་གསར་རྫ་མོ་སེང་གེ་ཁ་གདངས་པ་འདྲ་བའི་བྲག་གསེབ་ན་ཡར་ལ་ར་མོ་ཤག་བྱུ་རུ་ཕྱིན་པས་བྲག་སེང་གེ་ཁ་གདངས་པ་འདྲ་བའི་འོག་ནས། རྗེ་བཱཻ་རོ་ཙ་ནའི་འདྲ་འབགས་ཆེན་མོ་འདི་རྙེད་སློབ་དཔོན་ཞང་གནས་གསར་བས་གཏེར་དུ་སྦས་ནས་ལོ་བཞི་བཅུ་ཞེ་བརྒྱད་ལས་མ་ལོན་པ་འདུག །བདག་གི་ལོ་བཞི་བཅུ་ཞེ་ལྔ་བྱའི་ལོ་ལ་རྙེད་དོ། །དེ་ནས་ཇོ་སྨན་ནས་འདི་སྐད་གསུངས། ཨེ་མ་ཧོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྟོགས་ལྡན་མཁས་པས་བཤད་པ་ཤིན་ཏུ་དཀོན། །མི་ཤེས་རྨོངས་པས་བཤད་པ་ཤིན་ཏུ་མངས། །དད་ལྡན་མོས་གུས་དམ་ཚིག་བསྲུངས་བའི་སློབ་བུ་ཤིན་ཏུ་ཉུང་། །དེ་ཕྱིར་སྦ་སྤྲོ་གསང་ངོ་། །རང་གི་སྔས་སུ་བཞག་ནས་ལྟས་ན་བལྟས་པ་ཙམ་གྱི་རྟོགས་ཤིང་གྲོལ། གདིང་ལྡན་ཡིད་ཆེས་སྐྱེས། ཁྱུང་ཆེན་མཁའ་ལ་ལྡིང་བ་དང་འདྲ་སྟེ། ཐེ་ཚོམ་མེད་པའི་རྟོགས་པ་འཆར་རོ། །རྗེ་བཱཻ་རོ་ཙ་ནའི་འདྲ་འབགས་ཆེན་མོ་ཞེས་བྱ་བ་འདི། སྐལ་ལྡན་བླ་རབ་ཡང་རྩེར་གྱུར་པ་མ་ཡིན་པ། ཀུན་ལ་བསྟན་པར་མ་གསུངས་སོ། །ཞེས་གསུངས། རྗེ་བཱཻ་རོ་ཙ་ནའི་འདྲ་འབགས་ཆེན་མོ་འདི་ལ། འབྲུ་བཏུས་དང་། ཐོག་རློམ་དང་། རས་ཆོད་བྱེད་པ་བྱུང་ན། རྗེ་བཱཻ་རོ་ཙ་ནས་གཏད་པའི་བཀའ་བསྲུངས་ནག་མོ་རེ་མ་ཏིས། ཐལ་བ་རྡུལ་བཞིན་དུ་བརླག་པར་མཛོད་ལ་ཁ་ནས་ཁྲག་སྐྱུག་ཏུ་ཆུག་ཅིག །ཅེས་ཇོ་སྨན་གྱིས་འདྲ་འབགས་ཆེན་མོའི་བཀའ་བསྲུངས་རེ་མ་ཏི་ལ་གཏད་དོ། །འདྲ་འབགས་ཆེན་མོ་ལས། ཇོ་སྨན་གྱིས་བྲག་སེང་གེ་ཁ་གདངས་ནས་གཏེར་ནས་གཏོན་ནས་ཐོན་ཅིང་བཀའ་བསྲུངས་རེ་མ་ཏི་ལ་གཏད་པའི་སྐབས་ཏེ་ལྔ་བཅུ་ཐམ་པའོ།། ༈ །།འདྲ་འབགས་ཆེན་མོའི་བརྒྱུད་པ་ནི། རྗེ་བཱཻ་རོ་ཙ་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་ཚ་བའི་རོང་དུ་བཤད། གཡུ་སྒྲ་སྙིང་པོས་སམ་སངས་རྒྱས་མགོན་པོ་ལ། དེས་ཁམས་པ་བྷ་རགྴི་ཏ་ལ། དེས་ཡར་ལུང་གི་དར་མ་ཤེས་རབ་ལ། དེས་མྱོང་སྟོན་པྲ་བྷ་ཝ་ལ། དེས་མར་པ་ཁྲམ་རྒྱལ་ལ། དེས་གཙང་གི་སུམ་པ་དབང་ཚུལ་ལ། དེས་སུམ་པ་བློ་རྒྱལ་ལ། དེས་ཤངས་པ་དཀར་སྟོན་ལ། དེས་མེ་ཉག་འབྱུང་གྲགས་ལ། དེས་ལྷ་རྗེ་བྱ་ཚང་ལ། དེས་ལྷ་རྗེ་སྟོན་པ་ལ། དེས་ཞང་གནས་གསར་བ་ལ། དེས་ཇོ་མོ་མ་ནི་བ་ལ། དེས་ལྷ་རྗེ་བླ་མ་ལ། དེས་ལྷ་རྗེ་རིམ་པ་ལ། དེས་བླ་མ་ཀུན་གསལ་བ་ལ་བཤད། དེས་ཞང་ཁང་གསར་བ་ལ་གནང་ངོ་། །འདྲ་འབགས་ཆེན་མོ་ལ། བོད་ཀྱི་བླ་མ་རྣམས་ལ་ཐ་མ་ཅི་ལྟར་བརྒྱུད་པའི་སྐབས་ཏེ་ང་གཅིག་པ་རྫོགས་སོ།། །།


previousསྤྲུལ་པའི་ལོ་ཙཱ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབགས་ཆེན་མོ།next