རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག
རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། །དཔལ་འབྲུག་པ་འཇམ་པའི་རྡོ་རྗེའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །རབ་དཀར་རྒྱལ་བའི་འཕྲིན་ལས་ག་བུར་ཆུ་རྒྱས་ཀྱིས་ནི་སྙིང་རྗེར་བརླན་པའི་མཐར། །སེམས་རྒྱུད་ལ་ནི་རྡོ་རྗེ་སྒེག་མོ་རྣམ་པར་རོལ་པའི་རོ་ཡི་གཏེར་གྱུར་ཀུ་མུ་ཏ་བྱེ་བར། །མཉམ་པ་ཉིད་སྦྱར་འོད་ཡངས་པོ་དེས་མུན་པ་རྣམ་བཅོམ་ལེགས་པའི་འཕྲོག་བྱེད་ཀུན་གྱི་སྤྱིར། །རྣམ་པར་འགྱིང་མཛད་ཐུབ་པའི་ཟླ་ཤེལ་མཁས་པའི་ཡིད་མཁའ་སིམ་བྱེད་མ་ལུས་ཕྱག་བྱའི་འོས། །རྣམ་དཔྱོད་ཕྲག་གོང་འཐུག་པོ་དེ་ཁོ་ནར། །རྒྱལ་བ་རྣམས་ཀྱི་གསང་བའི་ཁུར་བབས་པས། །བསྙེལ་བར་འགྱུར་སྲིད་སྙམ་ནས་བདག་ནི་གཙུག །སྒྲ་བསྒྱུར་མར་པའི་ཞབས་ལ་འདེགས་ཤིང་སྦྱོར། །ཀྱེ་མ་སྣ་ཚོགས་བཤད་པའི་ཕྱི་ས་ནི། །མ་རྟོག་ལོག་རྟོག་སོམ་ཉིའི་དྲི་ང་བ། །ཕྱོགས་འཛིན་སྦྲང་བུའི་འབབ་སྟེགས་འབའ་ཞིག་གིས། ཐུབ་གཞུང་ནོར་འཛིན་རྙོགས་པའི་སོས་ཀ་བྱུང་། །དེ་དུས་བསོད་ནམས་གདེངས་ཅན་གཉིད་སད་ནས། །ཐུགས་རྗེའི་ལྷ་དབང་བསྐུལ་ལས་མཁས་པའི་སྤྲིན། །ལེགས་པར་སྨྲ་བའི་གྲུ་ཆར་ཅན་ཁུགས་མཐུས། །སླར་དེ་དྭངས་ནས་རབ་སྔོ་མཁའ་འདྲར་གྱུར། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ཉིད་བརྙེས་ནས་གདུལ་བྱ་ཆགས་བྲལ་དང་། རྒྱ་ཆེ་བ་དང་། ཟབ་པ་ལ་མོས་པའི་ཁྱད་པར་ཇི་ལྟ་བ་བཞིན་དམ་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བ་ནི་བདེན་པའི་དེ་ཉིད་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། གསང་སྔགས་ཀྱི་ཚུལ་གསུམ་པོ་འདི་དག་སྟེ། ཚུལ་གསུམ་སྒྲོན་མ་ལས། བདེན་པའི་དེ་ཉིད་ཚུལ་མཐོང་གང་། ཕ་རོལ་ཕྱིན་པའི་ཚུལ་གང་ཡིན། །དེ་བཞིན་གསང་སྔགས་ཚུལ་མཐོང་གང་། །ཞེས་སོ། །དེ་ལས་འདིར་གསང་སྔགས་ཀྱི་ཚུལ་བཤད་པར་བྱ་སྟེ། གསང་སྔགས་ངོས་གཟུང་། དེ་ཐེག་པ་ཆེན་པོའི་ཆེན་པོར་འགྱུར་ཚུལ། དབྱེ་བ་དང་བསྡུ་བས་རྣམ་པར་འབྱེད་པ། ཕྱེ་བ་ལྟར་རིམ་པར་གཏན་ལ་ཕབ་པ་བཞི་ལས། དང་པོ་ནི། མ་ན་ཡིད། ཏྲ་ཡ་སྐྱོབ་པར་བྱེད་པས་གསང་སྔགས་ཏེ། འདུས་པ་རྒྱུད་ཕྱིར། དབང་པོ་དང་ནི་ཡུལ་རྣམས་ཀྱིས། རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྐྱོབ་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས། ཡང་ན། མན་ཤེས་པ་ལའོ་ཞེས་འདོན་པས། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ། ཏྲ་ཡ་ནི་འཇིག་རྟེན་སྐྱོབ་པའི་སྙིང་རྗེ་ཆེན་པོ། དེ་ཉིད་དབྱེར་མེད་པ་ནི་གསང་སྔགས་སྟེ། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ན།ི །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡི་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་གསུངས། ཡང་ན། སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གསང་བ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་བསྒྲུབ་པའི་ཕྱིར་སྔགས་ཏེ། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་སོ། །ཡང་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བཤད་པ་དང་། འབྲས་བུ་སྔགས་ཀྱི་ཚུལ་དུ་བཤད་པ་གཉིས་དབྱེར་མི་ཕྱེད་པ་རྡོ་རྗེ། དེར་འདིས་བགྲོད་པར་བྱེད་པས་རྡོ་རྗེའི་ཐེག་པ། དོན་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་སྟེ། དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་བའོ། །ཞེས་སོ། །ཡང་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་སྦྱོང་བར་བྱེད་པས་སམ་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་གྱི་ཐེག་པ་ཡིན་པས་རྡོ་རྗེ་ཐེག་པ་སྟེ། གསང་འདུས་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། རྡོ་རྗེ་ཐེག་པར་རབ་སྟོན་པ། ཞེས་དང་། སྐུ་དང་གསུང་ཐུགས་ཤིན་ཏུ་དག །ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། །ཞེས་པའི་འགྲེལ་པར་སྒྲོན་གསལ་དུ་དེ་ལྟར་བཤད་དོ། །ཡང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ནི་རྒྱུ་ཡིན་ལ་དེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གཙོ་བོར་སྟོན་པས་དེ་ལ་རྒྱུའི་ཐེག་པ་ཞེས་བྱ་ཞིང་། འགྱུར་བ་མེད་པའི་བདེ་བ་ཆེན་པོ་འབྲས་བུ་ཡིན་ལ། དེ་སྔགས་ཀྱི་ཚུལ་ལས་གཙོ་བོར་སྟོན་པས་འདི་ལ་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་དང་། རྡོ་རྗེ་སྙིང་འབྲེལ་ལས། ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །ངེས་འབྱུང་བྱེད་པར་བདག་གིས་བཤད། །ངེས་འབྱུང་བྱེད་པའི་རྒྱུ་དེ་དང་། །དེ་ནས་སྨོན་ལམ་དབང་ལས་ནི། །སྙིང་རྗེའི་བདག་ཉིད་འབྲས་བུ་ཆེ། །དམིགས་པ་མེད་པ་འབྱུང་བར་འགྱུར། །ཞེས་གསུངས། ཡང་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་། ལོངས་སྤྱོད་དང་། གནས་དང་། མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་དེ་ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པས་ན་རྡོ་རྗེའོ། །དེ་ནི་ཐེག་པའང་ཡིན་ཏེ། ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །ཞེས་པ་བཞིན་ནོ། །ཡང་ན་དཔུང་བཟང་གི་འགྲེལ་པ་ལས། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་ལྟ་བའི་རླུང་གི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་པའི་དོན་ཏོ། །ཞེས་བཤད་པ་ལྟར་རོ། །ཚེ་འདི་ལ་རིག་འཛིན་གྱི་འབྲས་བུ་བདུན་ཐོབ་པའི་ཚུལ་གྱིས་གསང་སྔགས་ཀྱི་སྤྱོད་པ་རྫོགས་པར་བྱེད་པས་ན་རིག་འཛིན་གྱི་སྡེ་སྣོད་དེ། རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་ཐོབ་པར་བྱེད། །ཅེས་པའི་ལུང་དང་བཅས་ཏེ་མཉམ་སྦྱོར་འགྲེལ་པ་ལས་བཤད་དོ། །རིག་འཛིན་བདུན་ནི་འགྲེལ་པ་དེར། །མོས་པས་སྤྱོད་པའི་རིག་འཛིན་དང་། །ལས་ལ་སྦྱོར་བའི་རིག་འཛིན་དང་། །སོར་ཆུད་པ་ཡི་རིག་འཛིན་དང་། །ལམ་ལ་སྤྱོད་པའི་རིག་འཛིན་དང་། །ལམ་སྨིན་པ་ཡི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །བྱ་བ་མཐར་ཕྱིན་པའི་རིག་འཛིན་གྱི་ཚུལ་གྱིས་གསང་སྔགས་ཀྱི་སྤྱོད་པ་སྤྱད་དོ། །ཞེས་པ་དག་གོ །ཡང་ན། ཡི་གེ་ཕྱིས་བསྣན་གྱི་ངེས་པའི་ཚིག་གི ཏནྟྲ་ལ། ཙི་ཏན་སེམས། ཏྲ་ཡ་སྐྱོབ་པ་སྟེ། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ་རིགས་སུ་གྱུར་བས་ན་རྒྱུད་སྡེའོ། །ཞེས་གསུངས་སོ། །རྒྱུ་མཚན་དེའི་ཕྱིར། གསང་སྔགས་དང་། རྡོ་རྗེའི་ཐེག་པ་དང་། འབྲས་བུའི་ཐེག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། རྒྱུད་སྡེ་ཞེས་བྱ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བྱས་པ་ཡིན་ནོ།། །། གཉིས་པ་དེ་ཐེག་པ་ཆེན་པོའི་ཆེན་པོར་འགྱུར་ཚུལ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐམས་ཅད་ཆོས་ཀྱི་སྐུར་རྟོགས་པས་ཀུན་ཏུ་བཟང་པོའི་རྒྱས་ཐེབས་པ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པས་བཀུར་གནས་བྱེད་པས་བྱིན་རླབས་དང་ལྡན་པ་དང་། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་ཐུགས་ལ་དགོངས་ཤིང་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་དང་། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་གཅིག་པས་འཁོར་བ་དང་ངན་སོང་གི་འཇིགས་པ་དང་བྲལ་ཞིང་དབུགས་ཕྱིན་པ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་སྐུ་དང་། གསུང་དང་། ཐུགས་མི་ཕྱེད་པས་བར་དུ་གཅོད་པ་གང་ཡང་མེད་པ་དང་། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་ཡིད་ཆེས་པས་དམ་ཚིག་ཉམས་པར་མི་འགྱུར་བ་དང་། གལ་ཏེ་ཉམས་ནའང་རང་བཞིན་གྱིས་བསྐང་བར་འགྱུར་བའི་ཁྱད་པར་རོ། །ཞེས་དང་། སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་། སྣོད་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་། ལས་ཀྱི་ཁྱད་པར་དང་། དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་སོ། །ཞེས་དང་། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱིས། ཐེག་པ་འདི་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་། ལམ་དང་། འབྲས་བུ་གསུམ་མོ། །ཞེས་དང་། སློབ་དཔོན་ཌོམྦི་ཧེ་རུ་ཀས། འདི་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། རྡོ་རྗེ་ དྲིལ་བུ ་པས། སྔགས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་ཏེ། འདི་ལྟར་རྟེན་གྱི་གང་ཟག་གི་ཁྱད་པར་དང་། འཇུག་པ་ལམ་གྱི་ཁྱད་པར་དང་། མཐར་ཐུག་འབྲས་བུའི་ཁྱད་པར་དང་། མངོན་པར་འབྱུང་བའི་ཁྱད་པར་རོ། །ཞེས་དང་། སློབ་དཔོན་ཛྙྱཱ་ན་ཤྲཱིས། གསང་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། འདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། སེམས་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་དང་། སློབ་དཔོན་ཤཱནྟི་པས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱིས་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་དང་། ནག་པོ་དམ་ཚིག་རྡོ་རྗེས། ཕ་རོལ་ཕྱིན་པའི་ཐེག་པ་ལས་ཐེག་པ་འདི་གོང་དུ་གྱུར་པ་ཡིན་ཏེ། བླ་མ་དང་། དབང་བསྐུར་བ་དང་། དམ་ཚིག་དང་། མན་ངག་དང་། བརྩོན་འགྲུས་ཀྱི་ཁྱད་པར་འཕགས་སོ། །ཞེས་དང་། ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པའི་དོན་ནི། འདི་ལྟར་གཉིས་སུ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པས་དོན་གཅིག་པ་སྟེ། རྗེ་བཙུན་མི་ལས། གསང་སྔགས་ནང་གི་ཁྱད་པར་ནི། །ཐབས་ལམ་ཙམ་ལ་མ་གཏོགས་པ། །ལྟ་བ་བཟང་ངོ་ང་མི་ཟེར། །དེས་ན་ཐབས་ལམ་ཁྱད་པར་འཕགས། །ཞེས་གསུངས་སོ། །ལྟ་བ་ནི་གནས་ཚུལ་ཇི་ལྟ་བར་གཟིགས་པ་ཡིན་ལ། དེ་ཉིད་འབྲས་བུར་བཞག་པས་སོ། །ལྟ་བ་དེ་ལྟར་ཡིན་ཀྱང་དེ་གཏན་ལ་དབབ་པའི་ཐབས་དང་སྤྱོད་པ་ལ། ཕར་ཕྱིན་གྱི་དངོས་བསྟན་ལས། རྡོ་རྗེ་ཐེག་པའི་དངོས་བསྟན་ཁྱད་པར་བཞིས་འཕགས་ཚུལ་ནི། བདེན་པ་གཉིས་ཡོངས་སུ་གཟུང་བའི་ལུས་དངོས་པོའི་དོན་མ་ལུས་པ་ཡོངས་སུ་གཅོད་པར་བྱེད་ཅིང་། བདེ་བ་ཆེན་པོའི་འབྲས་བུ་མཆོག་ལ་མངོན་པར་དགའ་བས་མ་རྨོངས་པ་ཞེས་བྱ་བ་སྟེ། ཚུལ་གསུམ་གྱི་སྒྲོན་མེ་དེ་ཉིད་དུ། །མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཞིང་། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་བོ། །ཞེས་སོ། །ཁྱད་པར་གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་མཁྱེན་ནས་གང་ལ་གང་འོས་སུ་རྒྱུད་སྡེ་བཞིར་སྤྲོས་ནས་གསུངས་པས་ཐབས་མང་བ་ཡིན་ནོ། །དེ་ཉིད་དུ། སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་སོ། །ཁྱད་པར་གསུམ་པ་ནི། སེམས་ཅན་གང་གང་མངོན་པར་འདོད་པ་དེ་ཉིད་ལ་ངེས་པར་སྦྱར་ནས་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པས་ན་དཀའ་བ་མེད་པ་སྟེ་དོན་བདེ་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ཉིད་དུ། གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས། །ཞེས་སོ། །ཁྱད་པར་བཞི་པ་ནི། གང་ཞིག་གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བ་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་རྒྱུར་སྒྱུར་བར་བྱེད་ནུས་པ་དེ་ནི་དབང་པོ་རྣོན་པོ་ཡིན་ལ། གདུལ་བྱ་དེ་རྗེས་སུ་འཛིན་པའི་ཕྱིར་གསུངས་པས་སོ། །གཞན་ཡང་། རྗེ་བཙུན་མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་ཤིང་། དེའི་དོན་གྱིས་ཁྱད་པར་གསུམ་པོ་འདི་དག་ལ་པཎྜྻི་ཏ་ཕྱག་ནས་དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་། ཕར་ཕྱིན་པས་ལུང་རིགས་ཀྱིས་གཏན་ལ་ཕབ་སྟེ་རྟོགས་པས་རྨོངས། སྔགས་པས་ལུང་རིགས་དང་བླ་མའི་མན་ངག་གིས་དངོས་སུ་རྟོགས་པས་མ་རྨོངས། ཕར་ཕྱིན་པས་ཉམས་སུ་མྱོང་བ་མེད་ཅིང་བཏང་སྙོམས་ལམ་དུ་བྱེད་པས་དཀའ། སྔགས་པས་བདེ་བ་ཆེན་པོ་ལམ་དུ་བྱེད་པས་དཀའ་བ་མེད་པ། ཕར་ཕྱིན་པ་རྒྱུ་ལམ་དུ་བྱེད་ལ། སྔགས་པས་འབྲས་བུ་ལམ་དུ་བྱེད་པས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་ཤིང་། ཕ་རོལ་ཏུ་ཕྱིན་པའི་ལམ་ནི་སྔགས་ཀྱི་ཐེག་པར་འཇུག་པའི་སྟེགས་ཙམ་སྟེ། དེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་རང་གི་འཕགས་པའི་ལམ་ཐོབ་པའང་སྔགས་ཀྱི་ལམ་ལ་རག་ལས་ན་འཚང་རྒྱ་བ་ལྟ་ཅི་སྨོས་ཞེས་བཞེད་དོ། །དཔལ་ནཱ་རོ་ཞབས་ཀྱི་བཞེད་པ་སྒྲ་བསྒྱུར་མར་པའི་ཞལ་སྔ་ནས་གསུངས་པ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ཡང་བདེ་བས་སྐྱོབ་པ་དང་མྱུར་བས་སྐྱོབ་པའོ། །དེའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཚོར་བ་སྡུག་བསྔལ་ལམ་དུ་བྱེད་ལ། སྔགས་ནི་བདེ་བ་ལམ་དུ་བྱེད་པ་སྟེ། ཞེས་གསུངས་པའི་དང་པོའི་དོན། འདོད་ཆགས་དང་བྲལ་པའི་གང་ཟག་འདུལ་བར་བྱ་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བསྟན་ཞིང་། འདོད་ཆགས་ཅན་གྱི་གང་ཟག་ཆགས་བྲལ་གྱི་ལམ་དེས་མ་འཐུལ་བ་ལ་གསང་སྔགས་སྟོན་དགོས་བྱུང་བས་འདོད་པའི་ལོངས་སྤྱོད་ཅི་དགའ་བར་ལམ་དུ་ཁྱེར་བ་ནི་འདིར་ཁྱད་པར་དུ་འཕགས་པའི་རྩ་བ་ཡིན་ཏེ་གུར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། འདོད་ཆགས་སྤངས་ན་བརླག་པར་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་ན། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཆགས་པའི་ཞགས་པས་རྣམ་བཅིངས་པས། །འཇིག་རྟེན་ཆགས་པས་མྱོས་པར་བཤད། །ཆགས་དང་བྲལ་བའི་བྱང་ཆུབ་ནི། །ཆགས་པ་མཆོག་ལྡན་རྣམས་ཀྱིས་སྨད། །ཅེས་དང་། གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་ཟད་པས། །བསྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །མྱུར་དུ་སྐྱོབ་པའི་དོན་ནི། ལོ་ཙཱ་བ་ཆེན་པོས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་བསྐལ་པ་གྲངས་མེད་པ་གསུམ་ན་འཚང་རྒྱ་བར་འདོད་ལ། འདིར་ནི་ཚེ་གཅིག་གིས་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་པ་སྟེ། ཕར་ཕྱིན་ཐེག་པར་འཚང་རྒྱ་བ་མྱུར་ཀྱང་གྲངས་མེད་གསུམ་སྒུག་དགོས་ལ། རྡོ་རྗེའི་ཐེག་པ་འདིར་ཚེ་འདིའམ་རིང་ཡང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་བཤད་པས་སོ། །འོ་ན་ཕར་ཕྱིན་དུའང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་འདོད་ན་ཞག་བདུན་གྱིས་འཚང་རྒྱ་བར་འགྱུར་རོ་ཞེས་བཤད་པས་གྲངས་མེད་གསུམ་གྱི་ངེས་པ་མེད་དོ་སྙམ་ན། བཟོད་པ་རབ་ཏུ་ཐོབ་པ་དེ་ས་བརྒྱད་པ་བ་ཡིན་ལ། དེའང་གྲངས་མེད་གཉིས་ཀྱིས་བསྒྲུབ་དགོས་ཤིང་། ལྷག་པར་དེའི་སངས་རྒྱས་ནི་མཚན་ཉིད་པ་མ་ཡིན་ཏེ། འགོག་པ་ཡང་དག་པའི་མཐའ་ལ་འབྱམས་པ་ཞིག་ལ་དགོངས་པས་སངས་རྒྱས་སུ་བཏགས་ཀྱི། དོན་དེ་འདྲར་འབྱམས་པ་ནི་གཅིག་ཀྱང་མེད་དེ་སངས་རྒྱས་རྣམས་ཀྱིས་འགོག་པ་དེ་ལས་སློང་བར་བཤད་པའི་ཕྱིར་རོ། །ཡང་ཐམས་ཅད་གསང་བའི་འགྲེལ་པ་ལས། གང་ཡང་རྒྱུའི་རྣལ་འབྱོར་ཉིད་ཀྱིས་འཚང་རྒྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་བྱ་བའི་རྒྱུད་ལ་སོགས་པ་ལས་བཤད་པ་སྟེ། དེ་ནི་དུས་ཤིན་ཏུ་རིང་བས་འབྱུང་བ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་རྣམས་སུ་ནི་རྒྱུ་དང་འབྲས་བུའི་སྦྱོར་བ་ལ་སོགས་པས་ཐེག་པ་ཆེན་པོ་མཐའ་དག་བསྡུས་པ་ཡིན་པའི་ཕྱིར་ཤིན་ཏུ་མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པ་ཡིན་ནོ། །ཞེས་བྱ་སྤྱོད་ཀྱིས་མྱུར་དུ་མི་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྣལ་འབྱོར་ཡན་ཆད་ལས་འབྲས་བུ་ཐོབ་པ་བུལ་བ་ལ་དགོངས་ཀྱི། ཕར་ཕྱིན་ལྟ་བུར་གྲངས་མེད་མང་པོར་འགྱངས་པ་ནི་མ་ཡིན་ནོ། །བྱ་སྤྱོད་ཀྱི་ལུགས་དེར་ཚེ་གཅིག་ལ་རྫས་སྔགས་ལ་བརྟེན་པའི་རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་ལྷའི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་བཞིན་དུ་ལམ་བསྒོམས་པས་སངས་རྒྱས་ཐོབ་པར་འདོད་པའོ། །དེ་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ལས། ལས་ལྡན་ཚེ་ནི་འདི་ལ་ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ཅེས་དང་། མི་གཡོ་བ་བརཏལ་ཕོད་པའི་རྟོག་པ་ལས། འདི་ནི་སངས་རྒྱས་ཞིང་རྣམས་སུ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །འཁོར་ལོས་སྒྱུར་བའི་མཁའ་ལྡིང་ཡིན། །བསམ་གྱིས་མི་ཁྱབ་ཡོན་ཏན་བརྙེས། །བསྐལ་པ་གྲངས་མེད་པ་རུ་འཚོ། །ཉི་མ་དང་ནི་ཟླ་བའི་འོད། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །བློ་བཟང་གིས་ནི་ཀུན་སྤྱད་ནས། །སངས་རྒྱས་ཞིང་ནི་གྲངས་མེད་ན། །མཆོད་གནས་འདི་ནི་སྣང་བར་བྱེད། །བསམ་མེད་པ་ཡི་དམ་ཆོས་ཉན། །བློ་ལྡན་གང་ཞིག་ཐོས་གྱུར་པས། །སངས་རྒྱས་ཡོན་ཏན་བསམ་མེད་འབྱུང་། །ཞེས་དང་། རྣམ་སྣང་མངོན་བྱང་ལས་ཀྱང་། དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོའང་རབ་ཏུ་ཐོབ་ནས། འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ལམ་འདི་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས་གསང་སྔགས་སྤྱད་པའི་ཚུལ་གྱི་ཆོ་ག་ཐུགས་དགྱེས་བཞིན་དུ་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་བསྐལ་པ་དུ་མར་རྩོལ་ཞིང་འབད་དེ་བྱ་དཀའ་བ་རྣམས་བརྩམས་ཀྱང་ཐོབ་པར་མི་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚེ་འདི་གཅིག་ཁོ་ན་ལ་ཐོབ་པར་འགྱུར་རོ་ཞེས་གསུངས་པས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཆོས་ལྡན་གྱི་གང་ཟག་ནི་དཀྱིལ་འཁོར་དུ་བཅུག་སྟེ་ཡེ་ཤེས་དབབ་པ་ཙམ་གྱིས་ས་དང་པོ་ཐོབ་ཅིང་། དེ་ནས་ཤིན་ཏུ་མྱུར་བར་འཚང་རྒྱ་ལ། ཆོས་མི་ལྡན་གྱི་གང་ཟག་ནི་ཕྱིས་མི་དགེ་བ་ལས་བཟློག་པའི་སྡོམ་པ་བླངས་ནས་རིམ་གྱིས་འཚང་རྒྱ་ཞིང་། ཐ་མའང་སྐྱེ་བ་བཅུ་དྲུག་ནས་ངེས་པར་འཚང་རྒྱ་སྟེ། རྡོ་རྗེ་རྩེ་མོར། རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །རབ་ཏུ་དགའ་བ་ཐོབ་པའམ། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ་། །ས་ལ་ཉི་ཟླ་ལྟུང་བྱེད་ཅིང་། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་པ་དང་། སློབ་དཔོན་ཀུན་སྙིང་གིས། དེ་རྣམས་ནི་འཇུག་པ་ཙམ་ཉིད་ཀྱིས་ཡེ་ཤེས་བབས་པར་འགྱུར་རོ། །དེ་ནས་ཡེ་ཤེས་བབས་པ་དེས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པར་ཡང་རྙེད་པར་དཀའ་བ་མ་ལགས་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཅེས་སྨོས་པ་ཡིན་ནོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི་དབང་པོ་རྣོ་ཞིང་བརྩོན་འགྲུས་ཆེ་བ་ཚེ་འདི་ཉིད་ལ་དང་། འབྲིང་འཆི་ཀའམ་བར་དོ། ཐ་མ་སྐྱེ་བ་གསུམ་མམ། བདུན་ནམ། བཅུ་དྲུག་གི་མཐར་ཐུག་ལ་འགྲུབ་སྟེ། འདུས་པར། གངྒཱའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་དེ། གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དང་། སཾ་པུ་ཊ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་དང་། དུས་འཁོར་ལས། རྫུ་འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལས་ཏེ། །གལ་ཏེ་ལམ་དུ་རབ་ཞུགས་འཆི་བར་འགྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས། དྲི་མེད་འོད་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྷའི་སྐྱེ་བ་ལ་ནི་མིན་ནོ་ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི་ཡང་ནས་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ལ་བྱའི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་པ་ནི་རགས་པའི་ཁམས་བཅིངས་ནས་མྱུར་དུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ནི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོ་ཚོགས་ག་ཉིས་ལྡན་གྱི་མིའི་སྐྱེ་བ་ལ་ཡིན་གྱི། གཞན་གྱི་རྟེན་ལ་མ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟ་བུས་ཀྱང་ཚེ་གཅིག་ལ་འགྲུབ་པར་བཤད་པ་ནི་ཚོགས་རྒྱ་ཆེན་པོ་བསགས་པ་ས་མཐོན་པོར་ཆུད་པའི་གང་ཟག་གཅིག་ལ་དགོངས་ཀྱི། སོ་སོ་སྐྱེ་བོས་འགྲུབ་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྩ་རྒྱུད་ལས། གདོལ་པ་སྨྱིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་གསུངས་པས། མཚམས་མེད་བྱེད་པའི་གང་ཟག་ཀྱང་ཕྱིས་བརྩོན་པས་བསྒྲུབས་ན་སྐྱེ་བ་དེ་ལ་འཚང་རྒྱ་བར་བཤད་ཅིང་། འཕགས་པ་མཚམས་མེད་བྱེད་པ་མི་སྲིད་པའི་ཕྱིར་རོ། །འཆི་ཀའམ་བར་དོ་ལ་འགྲུབ་པར། ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པའི། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་བ་གཞན་དུ་ནི། འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་དང་། དུས་འཁོར་ལས་ཀྱང་། ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །ཞེས་དང་། ཚེ་གསུམ་གྱིས་གྲོལ་བར་གསང་སྔགས་ལ་འཇུག་པ་ལས། རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་དང་། སྐྱེ་བ་བདུན་ཚུན་ལ་འགྲུབ་བར། །དྲི་མེད་འོད་ལས། ཅི་སྟེ་གང་གི་ཚེ་ལམ་དུ་རབ་ཏུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་འཆི་བར་འགྱུར་ན་དེའི་ཚེ་དེ་ཡི་འཛིན་པ་སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་འགྱུར་ཞིང་ཡེ་ཤེས་མ་བསྒོམས་ཀྱང་ངོ་ཞེས་པའི་ངེས་པའོ། །ཞེས་གསུངས་ཤིང་། དུས་འཁོར་དུ་སྐྱེ་བ་བདུན་ལས་མང་བ་མ་གསུངས་ལ། རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་སྐྱེ་བ་བཅུ་དྲུག་ཚུན་བཤད་དོ། །དཔལ་རྒྱལ་བའི་དབང་པོས། །ཁྱད་པར་འབྱེད་པའི་ཆོས་དེ་རྣམས་ཡིན་ཀྱང་། །ཁྱད་པར་གྱི་རྩ་བ་ནི། རྣམ་བཅད་དགག་པའི་རྣམ་པ་ཅན་དང་། ཡོངས་གཅོད་སྒྲུབ་པའི་རྣམ་པ་ཅན་ཏེ། སྤང་བྱ་གཉེན་པོའི་སྒོ་ནས་ཚར་གཅད་པ་དང་། སྤང་གཉེན་གཉིས་སུ་མེད་པའི་སྒོ་ནས་རྗེས་སུ་འཛིན་པའི་ཁྱད་པར་རོ། །ཞེས་གསུངས་སོ།། །། གསུམ་པ་དབྱེ་བ་དང་བསྡུ་བས་རྣམ་པར་འབྱེད་ཚུལ་ལ། དབྱེ་བསྡུའི་རྣམ་གྲངས། བཞིར་རྣམ་པར་འབྱེད་པ་གཙོ་བོར་བསྟན་པ་གཉིས་ལས། དང་པོ་ནི་ཇོ་བོ་རྗེས། བྱ་བ་སྤྱོད་སོགས་རྒྱུད་ཅེས་བྱ་བ་ནི། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྟོག་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ་ཞེས་བདུན་དུ་བཤད་ལ། རྟོག་པའི་རྒྱུད། རྟོག་པ་ཀུན་ལས་བཏུས་པ་སོགས་ནི། རིལ་བུ་མིག་སྨན་ལ་སོགས་པ་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་ཆེར་སྟོན་པས། ལོགས་སུ་ཕྱེ་བ་ཡིན་ལ། ངོ་བོ་བྱ་བའི་རྒྱུད་དུ་འདུས་སོ། །གཉིས་ཀའི་རྒྱུད་དུ་བཞེད་པའི་སྒྱུ་འཕྲུལ་དྲྭ་བ་དང་པདྨ་གར་དབང་སོགས་ཀྱང་། སྤྱོད་པའི་རྒྱུད་དམ་རྣལ་འབྱོར་གྱི་རྒྱུད་ཅི་རིགས་པར་འདུ་བ་ཡིན་ནོ། །གུར་དུ། རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན་ཞེས་རྟོག་པའི་རྒྱུད་ལོགས་སུ་ཕྱེ་བ་ལ་བལྟོས་ནས་རྣལ་འབྱོར་མ་རྒྱུད་དྲུག་པར་ཕྱེ་བ་ཞིག་གསུངས་པ་མ་རྒྱུད་ཀྱི་ཆེ་བ་དབྱུང་བའི་ཕྱིར་ཡིན་གྱི། བཞིར་མི་འདུ་བ་ནི་མ་ཡིན་ནོ། །ཡང་འགའ་ཞིག བདེ་མཆོག་ཉུང་ངུའི་རྒྱུད་དུ། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་སྦྱིན། །ཞེས་པའི་འགྲེལ་པར། སློབ་དཔོན་ལ་བ་པས། མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་གསང་བའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་དང་དྲུག་ཏུ་བཤད་དོ། །ཞེས་ཟེར་ཏེ། དེས་མཛད་པའི་འགྲེལ་པ་གྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བར་མ་བྱུང་ལ། གཞན་རྩ་རྒྱུད་ཀྱི་འགྲེལ་པ་རྣམས་སུའང་མི་གསལ་ལོ། །སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བ་ལས། ཇི་སྲིད་ཀྲི་ཡ་སོགས་སྤྱོད་ན། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། གསང་བའི་མཐའ་རྣལ་འབྱོར་མ་རྒྱུད་ཀྱི་རིམ་གྱིས་ཞེས་གསུངས་ཤིང་། དྲུག་གི་ཁ་གསལ་མ་གསུངས་ལ། ཉུང་ངུའི་རྒྱུད་ཀྱི་འགྲེལ་པ་གཞན་རྣམས་ན། ཚིག་དེ་ལ་འགྲེལ་པ་བྱས་པ་མི་སྣང་ངོ་། །གཞན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྣལ་འབྱོར་ཆེན་པོའི་རྒྱུད་དང་། གཉིས་ཀའི་དང་། སྤྱོད་པའི་དང་། བྱ་བའི་དང་། རྟོག་པའི་རྒྱུད་ཅེས་ལྔར་བཤད་ལ། དེའང་བྱ་བའི་རྒྱུད་ལས་མཆོག་གི་དངོས་གྲུབ་གཙོ་ཆེར་བསྒྲུབ་པ་བྱ་བ་དང་། ཐུན་མོང་གི་དངོས་གྲུབ་གཙོ་ཆེར་བསྒྲུབ་པ་རྟོག་པ་ཞེས་གསུངས་ཤིང་། དུས་འཁོར་ཡེ་ཤེས་ལེའུ་ཚིགས་བཅད་ཞེ་བཞི་པའི་འགྲེལ་པར། ཐུན་དང་པོའི་མངོན་མཚམས་ལ་རྒོད་པའི་རྒྱུད་དོ་ཞེས་སོགས་ཀྱི་རྒོད་པ་དང་། ལྟ་བ་དང་། ནུ་མ་ལ་རེག་པ་དང་། ལག་པ་ནས་འཛིན་པའི་བར་རྒྱུད་བཞི་བཤད་པས། གཉིས་ཀྱི་གཉིས་སྤྲོད་ཀྱི་རྒྱུད་ལྔར་དོན་གྱིས་ཐོབ་པ་དང་། མཁའ་འགྲོ་རྒྱ་མཚོར། བྷ་ག་རྣམས་སུ་རྒྱུད་ལྔ་རྣམས། །བྱ་བ་ལ་སོགས་བླ་མེད་མཐར། །བཞུགས་པ་དེ་ལྟར་དུ་ནི་ཅི། །ཞེས་དང་། སློབ་དཔོན་ཤཱནྟི་པས་ཐེག་པ་གསུམ་རྣམ་པར་གཞག་པ་ལས། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་རྣམ་པ་ལྔར་འགྱུར་རོ། །ཞེས་དང་། རྒྱ་གར་ཕྱག་ན་རྡོ་རྗེས། ཐབས་ཀྱི་རྒྱུད་ལ་ལྔ་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ། །ཞེས་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པ་དེའང་འདུས་པར་གྱུར་བ་ནི་ཆོ་ག་ལྔའི་རྒྱུད་ཀྱི་སྦྱོར་བས་བསྡུས་པ་སྟེ། འདི་ལྟ་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །ཞེས་གསུངས་ཤིང་། རབ་ཏུ་སྒྲོན་གསལ་ལས་ཀྱང་། རྡོ་རྗེ་འཆང་ཆེན་པོས་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། བག་ཆགས་ཀྱི་དབྱེ་བ་ལས་སྔགས་ཀྱི་བསྟན་བཅོས་རྣམ་པ་ལྔར་གསུངས་ཏེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་གྱི་བླ་མ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །ཞེས་གསུངས་ཤིང་། སློབ་དཔོན་ཨ་བྷ་ཡས་ཀྱང་བཤད་ལ། པཎྜྻི་ཏ་གཞན་ཡང་འདི་བཞེད་པ་མང་ངོ་། །རྣལ་འབྱོར་བླ་ན་མེད་པའི་མའི་རྒྱུད་ནི། རྣལ་འབྱོར་ཆེན་པོའམ། རྣལ་འབྱོར་བླ་མེད་ཐབས་ཀྱི་རྒྱུད་ལས། བརྡ་དང་སྒྲ་ཟབ་ཅིང་འཇིག་རྟེན་དང་འགལ་བ་རྨད་དུ་གྱུར་པའི་ཐབས་སྟོན་པས་ལོགས་སུ་ཕྱེ་བ་ཡིན་ལ། གཉིས་ཀ་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་ཟབ་མོ་གཙོ་བོར་སྟོན་པ་ཡིན་པས་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་ཏུའང་འདུས་སོ། །སྔགས་དོན་རྣམས་གཟིགས་ལས། །རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ཞེས་རྒྱུད་སྡེ་གསུམ་དུ་བསྟན་པ་དང་། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་ལས་ཀྱང་། རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་། སྦྱོར་བའི་རྒྱུད་དང་། གསང་བའི་རྒྱུད་ཁ་ཅིག་གོ །ཞེས་གསུངས་སོ། །བསྡུས་ན་དེ་དག་ཀྱང་ཕྱི་ནང་གཉིས་སུ་འདུས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་རྣལ་འབྱོར་གྱི་རྒྱུད་ནས་གསུངས་པའི་དེ་ཉིད་བཅུ་ལ། ཕྱིའི་དེ་ཉིད་བཅུ་རུ་བཤད་པའི་རིགས་པས་རྣལ་འབྱོར་གྱི་རྒྱུད་མན་ཆད་ཕྱི་ཡིན་ལ། ཁྲོ་བོ་བཅུ་ལྟ་བུའི་སྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང་། བྲིས་པའི་སྲུང་འཁོར་གྱིས་ཕྱིར་བཟློག་པ་དང་། གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དང་། ཁ་སྦྱོར་ཕྱེ་བའི་ཆོ་གས་དགྲ་བསད་པ་དང་། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང་། མ་གྲུབ་ན་སྤོགས་པའི་ཆོ་ག་དྲག་ཤུལ་ལམ་བཙན་ཐབས་ཀྱི་བསྒྲུབ་པ་སྟེ་ལྷ་བསད་པའི་ཆོ་ག་དང་། རབ་གནས་དང་། དཀྱིལ་འཁོར་བསྒྲུབ་པ། དེ་རྣམས་གསང་བའི་དེ་ཁོ་ན་ཉིད་བཅུར་བཤད་པའི་རིགས་པས། དེ་རྣམས་སྟོན་པའི་རྒྱུད་ནི་གསང་བའམ་ནང་ཡིན་པས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་སྔགས་ནང་པ་ཡིན་ནོ། །སློབ་དཔོན་ཨ་བྷ་ཡས། རྡོ་རྗེ་འཆང་གི་ཕྱི་ནང་རྡོ་རྗེ་བཞིན། །རིམ་པར་བརྒྱུད་པ་སྙིང་ལ་གཟུང་བར་མཛོད། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །སྟོན་པས་རྒྱུད་སྡེ་གཉིས་སུ་སྤྲོས། །ཞེས་རྒྱུད་སྡེ་གཉིས་སུ་བསྡུས་ཤིང་། དེའང་བྱ་བ་དང་སྤྱོད་པའི་རྒྱུད་ནི་ཕྱི། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས་ནང་དུ་བཞེད་པར་མངོན་ཏེ་ཕྱི་ནང་གསང་བ་ཐེག་པ་གསུམ་ཞེས་པའི་འགྲེལ་པ་མན་སྙེར། དམ་པའི་ཆོས་ཕྱིའི་ནི་བྱ་བའི་རྒྱུད་ལ་སོགས་པའོ། །དེ་ལ་བྱ་བའི་རྒྱུད་ནི་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། འབྱུང་པོ་འདུལ་བྱེད་ལ་སོགས་པ་སྟེ། གང་དུ་ཁྲུས་དང་སྨྲ་བཅད་ལ་སོགས་པ་རྣམས་ཀྱི་བྱ་བ་ཕྱི་རོལ་གྱི་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལྷ་རུ་དམིགས་པའོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟེ། རྣལ་འབྱོར་གྱི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་མའི་རྒྱུད་ནི་འདུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་རྣལ་འབྱོར་མའི་རྒྱུད་དོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བཞིར་འབྱེད་པ་གཙོ་བོར་བཞག་པ་ནི། སཾ་པ་ུཊ་ལས། རྒོད་དང་ལྟ་དང་ལག་བཅང་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གཞན་འཕྲུལ་དབང་བྱེད་ལ་སོགས་པ་བལྟས་པས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་བལྟས་པ་ཙམ་གྱིས་ཚིམ་པའི་དགའ་བའི་བདེ་བ་ལམ་དུ་བྱེད་པ་བྱ་བའི་རྒྱུད། འཕྲུལ་དགའ་བ་རྒོད་པས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་རྒོད་པ་ཙམ་གྱིས་ཚིམ་པའི་མཆོག་དགའི་བདེ་བ་ལམ་དུ་བྱེད་པ་སྤྱོད་པའི་རྒྱུད། དགའ་ལྡན་པ་ལག་བཅང་གིས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་ལག་པ་བཅང་པ་ཙམ་གྱིས་ཚིམ་པའི་ཁྱད་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་གྱི་རྒྱུད། སུམ་ཅུ་རྩ་གསུམ་པ་མན་ཆད་དབང་པོ་གཉིས་ཀྱི་གཉིས་སྤྲོད་ཀྱིས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་སྙོམས་པར་འཇུག་པས་ཚིམ་པའི་ལྷན་ཅིག་སྐྱེས་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ་ཆགས་པས་ཆགས་པ་འཇིག་པས་ཤིང་སྲིན་ནམ་སྡིག་པའི་ཕྲུ་གུ་དང་འདྲ་བར་གནས་སོ། །རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་པའི་འགྲེལ་པར། བྱ་བའི་རྒྱུད་ཅེས་བྱ་བ་ནི། ཕྱི་རོལ་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལྷར་དམིགས་པ་དང་། གཙང་སྦྲ་དང་བསྡམ་པ་ལ་སོགས་པ་ལྷུར་ལེན་པའོ། །བྱ་བའི་སྦྱོར་བ་ཞེས་བྱ་བ་ནི་བདག་ལས་ཕྱི་རོལ་ཏུ་དམིགས་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི་ཡེ་ཤེས་དང་བདག་ཉིད་རོ་གཅིག་ཏུ་དམིགས་པའོ། །རྣལ་འབྱོར་བླ་མ་ཞེས་བྱ་བ་ནི་རང་གི་རིག་མ་དང་འཁྱུད་པ་ལས་བྱུང་བའི་དགའ་བ་མཆོག་གི་གསང་ཆེན་ལ་སྤྱོད་པའོ། །རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་ནི་རང་གི་ལྷའི་རྡོ་རྗེ་དང་པདྨ་སྦྱོར་བ་ལས་སྐྱེས་པའི་བདེ་བ་མཆོག་ལ་དམིགས་པའོ། །ཞེས་པས་གང་ཟག་དབང་པོ་ཐ་མ་བློ་དམན་པ་རྣམས་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་པས། དེའི་དོན་དུ་ཕྱིའི་བྲིས་སྐུ་ལ་སོགས་པ་ལྷར་དམིགས་ནས་གཙང་སྦྲ་ལ་སོགས་པའི་བྱ་བ་སྟོན་པ་བྱ་བའི་རྒྱུད། གང་ཟག་དེ་བས་མཆོག་རང་དང་དེ་ལས་ཕྱི་རོལ་དུ་ལྷར་དམིགས་པ་ལ་སྤྱོད་པ་སྤྱོད་པའི་རྒྱུད། དེ་བས་ཀྱང་གང་ཟག་བློ་རྣོ་བ་རང་དང་ཡེ་ཤེས་ཀྱི་ལྷ་རོ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཁོ་ན་ལ་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་ལས་ཀྱང་གང་ཟག་མཆོག་ཏུ་གྱུར་ཅིང་བློ་རྣོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་རྣལ་འབྱོར་མཆོག་ཕ་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པ་མའི་རྒྱུད་གསུངས་སོ། །དུས་འཁོར་བསྡུས་རྒྱུད་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོ་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ། །ཞེས་གཡོན་ཞལ་གཉིད་སད་པའི་བག་ཆགས་ཀྱི་དབང་གིས་རགས་པ་ཕྱི་དོན་དུ་ཞེན་པ་ལ་བྱ་བ་དང་སྤྱོད་པའི་རྒྱུད། གཡས་ཞལ་རྨི་ལམ་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཀྱི་སྣང་བ་ཙམ་དུ་ཞེན་པ་ལ་རྣལ་འབྱོར་གྱི་རྒྱུད། མདུན་ཞལ་གཉིད་འཐུག་པོ་ལོག་པའི་བག་ཆགས་ཀྱི་དབང་གིས་ཕྱིའི་རྟོག་པ་ནུབ་པའི་མི་རྟོག་པར་ཞེན་པ་ལ་རྣལ་འབྱོར་མ་རྒྱུད། རྒྱབ་ཞལ་བཞི་པའི་བག་ཆགས་ཀྱི་དབང་གིས་བདེན་པར་ཞེན་པ་ལ་རྣལ་འབྱོར་རྗེས་རིག་གི་རྒྱུད་དེ་ཕ་གསུངས་སོ། དྲི་མེད་འོད་ལས། འདིར་ཐུན་དང་པོའི་མངོན་མཚམས་ལ་རྒོད་པའི་རྒྱུད་དོ། །ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དོ། །ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དོ། །ཐུན་བདུན་པའི་ཐུན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ། དེ་ལྟར་རྒྱུད་རྣམ་པ་བཞིའོ། །ཞེས་སོ། །ནག་པོ་པས། དུས་ནི་རྣམ་བཞི་དབྱེ་བ་ལས། རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ། །ཞེས་གསུངས་པས། རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་ལྡན་དང་། དུས་བཞི་ཡོད་པའི་དབང་གིས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་བཞིར་དབྱེའོ། །རབ་ཏུ་སྒྲོན་གསལ་ལས། དེ་ལ་རབ་དང་འབྲིང་གི་གཏི་མུག་གི་རིགས་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། དམན་པ་དང་བར་མའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཀྱི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་བླ་མའི་རྒྱུད་བསྟན་ཏོ། །རབ་ཀྱི་རབ་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏོ། །ཞེས་སོ། །བྲམ་ཟེའི་རིགས་ཁྲུས་དང་གཙང་སྦྲ་ལ་དགའ་བ་དཀའ་ཐུབ་དང་དཀའ་སྤྱད་ཀྱིས་གྲོལ་བར་ལྟ་ཞིང་རིགས་གཙོ་བོར་འཛིན་པ་ལ་བཟླས་བརྗོད་དང་སྦྱིན་སྲེག་གིས་གྲོལ་བར་སྟོན་པ་བྱ་བའི་རྒྱུད། རྗེ་རིགས་དཀའ་ཐུབ་དཀའ་སྤྱད་དྲག་པོ་མ་ནུས་ཤིང་སྨད་པའི་ལས་ལ་མི་འཇུག་པ་རྣམས་ལ་ཕྱིའི་གཙང་སྦྲ་ལ་སོགས་པ་རྣམ་པར་སྨད་ནས་ནང་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་དང་། ཕྱིའི་བྱ་བ་གཉིས་ཀ་སྟོན་པ་སྤྱོད་པའི་རྒྱུད། རྒྱལ་རིགས་དཀའ་སྤྱད་རྣམས་མི་ནུས་ཤིང་འདོད་ཡོན་ལྔའི་བདེ་བ་ལ་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་དོན་དུ་རྣལ་འབྱོར་གྱི་རྒྱུད། དམངས་རིགས་གཙང་དམེ་མེད་པར་ཐམས་ཅད་ཟ་ཞིང་བྱ་བ་ངན་པ་ཐམས་ཅད་བྱེད་པ་རྣམ་རྟོག་ཤས་ཆུང་བ་དག་ལ་རྣམ་པར་མི་རྟོག་པའི་སྒོ་ནས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཐམས་ཅད་ཟ་ཞིང་སྨད་པའི་ལས་རྣམས་དགོངས་པའི་ཚིག་གིས་སྟོན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་བསྟན་པར་རྡོ་རྗེ་འཕྲེང་བའི་འགྲེལ་པ་སློབ་དཔོན་ཨ་ལངྐ་ཀཱ་ལ་ཤས་མཛད་པ་ལས་སོ། །གདུལ་བྱ་ཕྱིའི་བྱ་བ་མང་པོ་ལ་མོས་པ་ལ་བྱ་བའི་རྒྱུད། དེ་ཁོ་ན་ཉིད་ལ་མོས་ཤིང་བྱ་བ་མང་པོ་མ་ཡིན་པ་ལ་དགའ་བ་ལ་སྤྱོད་པའི་རྒྱུད། བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་བསྒོམ་པ་ལ་གཅིག་ཏུ་མོས་པ་ལ་རྣལ་འབྱོར་གྱི་རྒྱུད། གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་མོས་པ་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་ཚུལ་གསུམ་སྒྲོན་མ་ལས་སོ། ཡང་ན་འཁོར་ལོ་བཞིའི་ཡི་གེ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གསུངས་ཏེ། རྗེ་བཙུན་ནཱ་རོ་པས། མཚམས་ཀྱི་ཡི་གེ་རྣམ་པ་བཞི། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སོ། །བོད་སྟོན་འགའ་ཞིག མུ་སྟེགས་པ་རྗེས་སུ་བཟུང་བ་ལ་ལྟོས་ནས་དང་། སངས་རྒྱས་པའི་གྲུབ་མཐའ་བཞི་ལ་བལྟོས་ནས་བཞིར་འབྱེད་པ་ནི་བཤད་མཁན་དེ་དག་གིས་ཁུངས་སུ་སྨོས་པ་གང་གིའི་ཡང་གཞུང་དུ་མ་བྱུང་བས་རང་གི་རྟོག་པར་ཟད་དོ།། །། བཞི་པ་ཕྱེ་བ་ལྟར་རིམ་པར་གཏན་ལ་ཕབ་པ་ལ། དེ་དག་སྡེ་སྣོད་གསུམ་གར་གཏོགས་པ། སོ་སོའི་ངེས་ཚིག ཁྱད་པར། རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པ་དང་བཞི་ལས། དང་པོ་ནི། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་པར་རྒྱུ་མཚན་དགུས་བསྒྲུབས་པས། འདི་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། ཤྲཱདྡྷཱ་ཀ་རས། དེ་ལ་གསང་སྔགས་ཀྱི་ཐེག་པ་སྡེ་སྣོད་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཡོངས་སུ་གཟུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །ཞེས་བཤད་པ་ནི་མཚན་ཉིད་ཀྱི་ཐེག་པར་བསྟན་པའི་སྡེ་སྣོད་གསུམ་གར་ཡང་མ་གཏོགས་པས་རིག་པ་འཛིན་པའི་སྡེ་སྣོད་ཅེས་དེ་ལ་བལྟོས་ནས་བཞི་པར་བཞག དོན་འདི་ཉིད་སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས། གཞན་སྔགས་ཉིད་སྡེ་སྣོད་གསུམ་དུ་རྣམ་པར་ཕྱེ་བ་ནི་སློབ་དཔོན་ཤྲཱ་དྷཱ་ཀ་ར་མི་བཞེད་པ་མ་ཡིན་ཏེ། དེ་ཉིད་ཀྱིས། ཡང་ན་སྡེ་སྣོད་གསུམ་དུ་འདུས་པར་ཡང་འཆད་དེ། གསུང་རབ་ཡན་ལག་དགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ལ། གསང་སྔགས་ཀྱི་སྡེ་སྣོད་ཀྱང་གསུང་རབ་ཡན་ལག་དགུར་འདུས་ཤིང་། བསླབ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་པའོ། །ཞེས་གསུངས་པས་སོ། །ཡང་སློབ་དཔོན་སངས་རྒྱས་གསང་བས། རྒྱུད་ཆེན་དེ་ཡི་དོན་རྣམས་ཀུན། །མདོར་བསྡུས་ཟབ་མོར་སྟོན་པས་ན། །མདོ་སྡེར་བདེ་བར་གཤེགས་པས་གསུངས། །ཞེས་མདོ་སྡེར་གསུངས་པ་ནི་ཤིན་ཏུ་རྒྱས་པའི་སྡེར་ཐེག་པ་ཆེན་པོ་མཐའ་དག་བསྡུ་བ་དང་མཚུངས་སོ། །ཤཱནྟི་པས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ན་འདི་གང་ཡིན་ཞེ་ན། འདི་ནི་ཟབ་མོའི་དོན་མདོར་སྟོན་པས་ན་མདོ་སྡེ་ཡིན་ནོ་ཞེས་གསུངས་པའང་དེ་ཉིད་དོ། །དོན་བདེ་བར་གཤེགས་པའི་བཀའ་ནི་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་བ་ཞིག་ཡིན་པས། རྒྱུད་སྡེ་བཞི་པོ་འདིའང་སོ་སོའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྒྱ་ཆེན་པོ་ལ་འཇུག བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམ་རྟོག་ཡིན། དེ་འདུལ་བའི་ཐབས་སྟོན་པའི་འདུལ་བ་ལ་འཇུག ཟབ་པ་དང་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་པའི་ཆོས་ཉིད་དང་མི་འགལ་བས་ཤྲཱ་དྷཱ་ཀ་ར་དང་། ཨ་བྷ་ཡ་ཀ་ར་གཉིས་ཀས། སྡེ་སྣོད་གསུམ་གའི་དོན་ཆ་ལྡན་དུ་སྟོན་པས་གསུམ་གའི་ཆར་གཏོགས་པར་བཞེད་དོ། །དོན་ཕར་ཕྱིན་གྱི་ཚུལ་ལ་དངོས་སུ་བསྟན་བྱ་མ་རྫོགས་པ་མདོ་ཙམ་ཞེས་བཞག་པ་དང་། སྔགས་ཀྱི་ཚུལ་ལ་དངོས་སུ་བསྟན་བྱ་རྫོགས་པས་སྦས་པ་བཤད་པའམ། རྒྱས་པར་བཤད་པའམ། གྱ་ནོམ་པར་བཤད་པ་ཞེས་བྱ་སྟེ། སྟོན་པ་ཉིད་ཀྱིས་རྒྱ་ཆེ་རོལ་པའི་མདོར། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་གསུངས་པས། དེའི་ཕྱིར་མདོ་སྔགས་བློ་གྲོས་ཆེན་པོའི་ངོར་ཁྱད་པར་མེད་པ་དང་། བློ་ཆུང་གི་ངོར་ཁྱད་པར་ཅན་དུ་སྣང་བ། དཔེར་ན་ཕ་རོལ་ཕྱིན་པའི་འགྲེལ་པ་དབུ་མ་རྩ་བ་དང་མངོན་པར་རྟོགས་པའི་རྒྱན་བཞིན་ནོ། །གཉིས་པ་སོ་སོའི་ངེས་ཚིག་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པ་ཕྱིའི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དེ། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་ཅེས་དང་། བསམ་གཏན་ཕྱི་མའི་འགྲེལ་པ་ལས། ཡོང་ཡེ་འདི་བྱ་བའི་རྒྱུད་ཡིན་པས་ན། རྣལ་འབྱོར་བསྒོམ་པ་བྱས་པས་ཀྱང་། གཙང་སྦྲ་བྱ་བ་ཡོངས་སུ་མི་གཏོང་ངོ་། །ཞེས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་རང་བཞིན་གཉིས་ཀ་ཆ་མཉམ་པར་སྤྱོད་པས་གཉིས་ཀའི་རྒྱུད་དམ། བརཏལ་ཞུགས་ཀྱི་སྤྱོད་པ་གཙོ་བོར་སྟོན་པས་སྤྱོད་པའི་རྒྱུད་དེ། རབ་ཏུ་སྒྲོན་གསལ་ལས། བརཏལ་ཞུགས་དང་། དངོས་གྲུབ་དང་། རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དེ་ཞེས་སམ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ཀྱིས་དེ་ལྟར་མིན། །ཞེས་དང་། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་བའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས། བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟར་སོ་སོར་བརྟགས་ཤིང་གྲགས་སོ་ཞེས་སོ། །ནང་ཐབས་ཤེས་རབ་ཀྱི་རྣལ་འབྱོར་བསྒོམ་པ་གཙོ་བོར་གྱུར་པས་རྣལ་འབྱོར་གྱི་རྒྱུད་དོ། །དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་པས་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར་སྔགས་དང་། ཕྱག་རྒྱ་དང་། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང་བརྒྱུས་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཡང་ན་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་ཤེས་པ་ཀུན་ཤེས། ཟབ་པ་དོན་དམ་པའི་བདེན་པ་ཀུན་རིག་ནས། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དེ། རྡོ་རྗེ་རྩེ་མོར། རྣལ་འབྱོར་དོན་ནི་ཅི་ཡིན་བརྗོད། །ཆོས་རྒྱ་ཆེན་པོ་དམ་པ་དང་། །ཟབ་མོའི་མཆོག་ཏུ་གྱུར་པ་སྟེ། །ཀུན་ཤེས་ཀུན་རིག་ལྡན་འབྱོར་པ། །རྣལ་འབྱོར་དོན་དུ་བརྗོད་པར་བྱ། །ཞེས་སོ། །ཐབས་ཤེས་དབྱེར་མེད་དུ་སྦྱོར་བས་རྣལ་འབྱོར། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཆེན་པོ། །དེའི་གོང་ན་རྒྱུད་གཞན་མེད་པས་ན་བླ་ན་མེད་པ་སྟེ། གསང་འདུས་རྒྱུད་ཕྱི་མ་ལས། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་བསྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་པ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །ཡེ་ཤེས་ཞེས་པ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བླ་ན་མེད་པར་བཤད་དུ་གསོལ། །ཞེས་དང་། གུར་ལས་ཀྱང་། ཨེ་མའོ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་རྣམས་ཀུན་ལ་དམ་པ་སྟེ། །རྟོགས་སླའང་རྟོགས་པར་དཀའ་བ་དང་། །རིག་ན་མ་རིག་པ་ཉིད་དོ། །ཞེས་པའི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ཁྱད་པར་ནི། སྒྲུབ་པ་པོ་གང་ཟག་གི་དང་། །སྨིན་པར་བྱེད་པ་དབང་གི་དང་། །ལམ་མངོན་པར་རྟོགས་པའི་དང་། བསྲུང་བྱ་དམ་ཚིག་གི་ཁྱད་པར་རྒྱས་པར་སྡོམ་པ་གསུམ་གྱི་རྒྱན་དུ་བཤད་ཟིན་ཏོ། །རྒྱུད་རང་གི་ངོ་བོའི་བཞུགས་ཚུལ་གྱི་ཁྱད་པར་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་གི་མཐའ་དྲུག་གང་གིས་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བཞུགས་སོ། །རིག་པའི་ལྷ་མོ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་ལ་དགོད་པ་དང་། དེ་ལས་བྱུང་བའི་བྱེད་པ་དང་ལས་ལ་བསྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། །ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་བསྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་ཆུའི་རྟོག་པ་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་། སྨན་དང་། སྦྱིན་སྲེག་དང་། ཕྱི་མ་དང་། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ། །ཞེས་པའི་དོན་གཞན་གོ་བར་སླ། གཉིས་ཀའི་རྒྱུད་ནི་ཤྲཱདྡྷ་ཀ་ར་ཝརྨས་རྣལ་འབྱོར་རྒྱུད་དུ་བཤད་ལ། ཤིན་ཏུ་འཇིགས་པར་ལྟ་ཞིང་གཙང་སྦྲ་བྱེད་པ་ནི་ཟབ་མོའི་དོན་ལ་འཇིགས་པར་ལྟ་ཞིང་ཤིན་ཏུ་གཙང་སྦྲ་བྱེད་པའོ། །ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་བསྙེམས་པ་མེད་པ་ནི་ཞེས་པའི་དོན་བདག་ལྷར་བསྐྱེད་པ་དང་། དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་མེད་པར། དགྲ་ནག་གི་འགྲེལ་པ་དང་། གུར་གྱི་འགྲེལ་པ་སོགས་ལས་ཀྱང་བྱུང་མོད། སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མའི་འགྲེལ་པར། དཔལ་རྟོག་པ་བསྡུས་པ་ལས་ནི། ཆོས་བདག་མེད་པ་གོམས་པར་བྱ་བ་དང་། ལྷའི་རྣལ་འབྱོར་གཞུང་རབ་ཏུ་མང་པོས་བསྟན་པས་འདིར་མ་བྲིས་སོ། །དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས། ཇི་ལྟར་སྲིད་པའི་ལྷའི་གཟུགས་དང་། གསང་སྔགས་ཀྱི་སྒྲའི་བསམ་གཏན་དུ་བྱས་པ་ཉིད་ཀྱིས་བཟླས་བརྗོད་གསུངས་སོ། །གང་དག་ཏུ་གདུལ་བྱའི་དབང་གིས་མ་བཤད་པ་དེ་དག་ནི་རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟང་དང་། དཔལ་རྟོག་པ་བསྡུས་པ་ལས་གསུངས་སོ་ཞེས་དང་། སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་ལེགས་པར་གྲུབ་པའི་རྒྱུད་ཀྱི་སྒྲུབ་ཐབས་བསྡུས་པ་ལས། བྱ་བའི་རྒྱུད་ལས་ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ་མཉམ་དུ་བསམ་པར་མི་བྱ་སྟེ། །བཅོམ་ལྡན་འདས་ཀྱིས་ཕལ་ཆེར་དུ་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་། དེ་ཁོ་ན་ཉིད་བཅུ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལུས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་། རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུར་བསྐྱེད་པར་བྱའོ། །ཞེས་གསུངས་པས། རྒྱུད་ལས་བདག་བསྐྱེད་མེད་པར་གསུངས་པ་ནི། རྒྱུད་ཕལ་ཆེར་དུ་བདག་བསྐྱེད་མ་བཤད་པ་ལ་དགོངས་པས་དང་། བསམ་གཏན་ཕྱི་མ་ལ་སོགས་པ་འགའ་ཞིག་ལ་དམིགས་ཀྱིས་བསལ་ནས་བདག་བསྐྱེད་ཡོད་པར་བཤད་པས། བྱ་བའི་རྒྱུད་ལས་མཐའ་གཅིག་ཏུ་བཤད་པ་མེད་དོ་སྙམ་དོ་གལ་བྱ་མི་དགོས་ཏེ། དེ་ལྟར་བྱས་ན་རྒྱུད་དང་གྲུབ་པ་མང་པོའི་གཞུང་ལ་བསྙོན་དགོས་པས་སྡིག་ཆེ་བར་འགྱུར་རོ། །བཞི་པ་རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པ་ལ། བྱ་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞུང་འཆད་ཚུལ་གྱི་རྣམ་གཞག་ཞིབ་མོར་བཤད་པ་ལས། དང་པོ་ལ། རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བ། དེ་རིགས་གསུམ་དུ་བསྡུ་བ། དེ་ཐབས་ཤེས་དང་གཉིས་མེད་རྒྱུད་དུ་བསྡུ་བ་གསུམ་ལས། དང་པོ་ནི །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའམ་དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པ་སྟེ། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་རིགས། ཉོན་མོངས་པས་མ་གོས་པའི་ཐུགས་རྗེའི་སྤྱན་གྱིས་སེམས་ཅན་ལ་གཟིགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་རིག་སྔགས་ཀྱི་ལྷ་སྒྲོལ་མ་ལ་སོགས་པ་པདྨའི་རིགས། བྱང་སེམས་ཀུན་བཟང་ལ་ཕྱིན་དྲུག་གིས་བསྐྱེད་པའི་ཡེ་ཤེས་རྡོ་རྗེ་བྱིན་གྱིས་བརླབས་དབང་བསྐུར་བས་ཕྱག་ན་རྡོ་རྗེ། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་ཁྲོ་བོ་ལ་སོགས་པ་རྡོ་རྗེའི་རིགས། ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས་དབུལ་བ་སེལ་བའི་ལྷ་ནོར་བུའི་རིགས། བུ་ཚ་འཕེལ་བ་དང་ལོངས་སྤྱོད་འཕེལ་བ་རྒྱས་པའི་ལས་གྲུབ་པར་བྱེད་པ་བུ་ལྔ་བརྒྱ་དང་འགྲོགས་ཤིང་ཆོ་ལོང་ལྔས་རྩེན་ལ་སོགས་པ་རྒྱས་པའི་རིགས་ཏེ། འདི་ལ་གླང་པོ་ཆེའི་རིགས་དང་། བོན་གླང་གི་རིགས་ཞེས་ཀྱང་ཟེར་རོ། །ལྔ་པོ་དེ་རྣམས་སུ་མ་གཏོགས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་སོ་སོའི་གསང་སྔགས་ཆོ་ག་དང་བཅས་ཏེ་ཕུལ་བ་ནི་འཇིག་རྟེན་པའི་རིགས་ཏེ། ཆོ་ག་ཞིབ་མོ་ལས། པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང་། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོའི་རིགས་དང་། ཞེས་གསུངས་པས་སོ། །དེ་དག་ལའང་། གསུང་བ་པོའི་ཁྱད་པར། བསྟན་བྱ་ལྷའི་ཁྱད་པར། དགོས་ཆེད་ཀྱི་ཁྱད་པར། གཞུང་ཚད་ཀྱི་ཁྱད་པར། སྔགས་ཀྱི་ཁྱད་པར་དང་ལྔའི་དང་པོ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་རྣམས་ནི་དེ་བཞིན་གཤེགས་པས་གསུངས། པདྨའི་རིགས་རྣམས་ནི་སྤྱན་རས་གཟིགས་ཀྱིས། རྡོ་རྗེའི་རིགས་རྣམས་ནི་ཕྱག་ན་རྡོ་རྗེས། ནོར་གྱི་རིགས་རྣམས་ནི་ནོར་གྱི་བདག་པོ་དང་། ནོར་བུ་བཟང་པོ་དང་། གང་པོའི་ཕ་ཞེས་བྱ་བ་ལྷའི་དྲང་སྲོང་རྣམ་ཐོས་གཉིས་ཀྱིས་བཤད། རྒྱས་པའི་རིགས་ནི་ལྔས་རྩེན་དང་དེའི་ཆུང་མ་འཕྲོག་མ་གཉིས་ཀྱིས་བཤད། འཇིག་རྟེན་པའི་རིགས་ནི་སངས་རྒྱས་ལ་དད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་རང་རང་སོ་སོས་བཤད་སྟོན་པས་གནང་ཞིང་རྗེས་སུ་ཡི་རང་བ་མཛད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་རིགས་ཀྱི་གཙོ་བོའམ་ཁྱབ་བདག་དངོས་སུ་མ་སྨོས་ཀྱང་དོན་གྱིས་གོ་བས་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ། རིགས་ཀྱི་བདག་པོའམ། རིགས་ཀྱི་རྒྱལ་པོ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བདུད་རྩི་རྡོ་རྗེ་ལ་སོགས་པ། ཡུམ་ནི་སངས་རྒྱས་སྤྱན་དང་། ཆེན་པོའི་རྩེ་མོ་ལ་སོགས་པ། གཙུག་ཏོར་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་ལ་སོགས་པ། རིགས་ཀྱི་ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པ། རིགས་ཀྱི་ཁྲོ་མོ་ནི་རོ་ལངས་མ་ལ་སོགས་པ། །རིགས་ཀྱི་ཕོ་ཉ་ནི་ཤིན་ཏུ་སྟོབས་ལ་སོགས་པ། རིགས་ཀྱི་ཕོ་ཉ་མོ་ནི་ཁྲོ་ཆེན་མོ་ལ་སོགས་པ། བཀའ་ཉན་དང་། མངག་གཞུག་དང་། ཕྱག་བརྙན་རྣམས་ནི་དོན་གཅིག་སྟེ། དེའི་གཙོ་བོ་མི་གཡོ་བ་ཡིན་ལ། གཞན་ཡང་སྟོབས་ཆེན་ཤུགས་ལ་སོགས་པ། བཀའ་ཉན་མ་ནི་རྡོ་རྗེ་ཡན་ལག་མ་ལ་སོགས་པ། བྱང་ཆུབ་སེམས་དཔའ་དང་། གནས་གཙང་མའི་ལྷ་ནས། ཀླུ་ལ་སོགས་པའི་འཁོར་གྱི་བར་ཏེ། དམ་ཚིག་གསུམ་བཀོད་དང་། འཇམ་དཔལ་རྩ་བའི་རྒྱུད་ལས་གསུངས་པ་རྣམས་སོ། དེ་ལྟར་ལྷ་དེ་དག་ཅི་རིགས་པ་འདུས་པའམ། རེ་རེ་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་རྒྱུད་ནི་དེ་བཞིན་གཤེགས་པའི་རིགས་སོ། །པདྨའི་རིགས་ལ་རིགས་ཀྱི་གཙོ་བོ་སྣང་མཐའ། རིགས་བདག་གམ་རིག་པའི་རྒྱལ་པོ་སྤྱན་རས་གཟིགས་དང་། རྟ་མགྲིན་དང་། ཕྱག་བཅུ་གཉིས་པ་ལ་སོགས་པ། རིགས་ཀྱི་ཡུམ་ནི་སྒྲོལ་མ་དང་གོས་དཀར་མོ། །རིགས་ཀྱི་ཁྲོ་བོ་ནི་དོན་ཡོད་རྒྱལ་པོ་དང་རྟ་མགྲིན་ལ་སོགས་པ། རིགས་ཀྱི་ཁྲོ་མོ་ནི་རི་ཁྲོད་ལོ་མ་གྱོན་མ་ལ་སོགས་པ། ཕོ་ཉ་ཁྲོ་བོ་སྤྱི་གཙུག་འབར་མ་ལ་སོགས་པ། ཕོ་ཉ་མོ་ནི་སྲིན་མོ་རལ་གཅིག་མ་ལ་སོགས་པ། ཆོ་ག་ཞིབ་མོ་དང་། དཔལ་སྡོམ་དང་འཇམ་དཔལ་རྩ་རྒྱུད་ལ་སོགས་པ་ནས་བཤད་པ་དག་གོ །རྡོ་རྗེའི་རིགས་ལ་རིགས་ཀྱི་གཙོ་བོ་མི་བསྐྱོད་པ། རིག་པའི་བདག་པོ་ནི་རིག་པ་མཆོག་དང་གླང་པོའི་རྣ་བ་ལ་སོགས་པའོ། །སྙིང་པོ་ནི། ཀི་ལི་ཀི་ལ་སོགས་པ་བརྒྱད་དོ། །རིགས་ཀྱི་ཡུམ་ནི་མཱ་མ་ཀི་དང་། དེའི་རིགས་སུ་གཏོགས་པའི་རིག་སྔགས་རྒྱལ་མོ་རྒྱལ་བ་ཅན་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་ཐབས་སྦྱོར་དང་། རབ་ཏུ་གྲུབ་པ་ལ་སོགས་པའོ། །རིགས་ཀྱི་ཁྲོ་མོ་ནི་རྡོ་རྗེ་ལུ་གུ་རྒྱུད་སོགས་དང་། རིགས་ཀྱི་ཕོ་ཉ་ནི་ཁྲོ་བོ་འཆོལ་པ་ལ་སོགས་པའོ། །རིགས་ཀྱི་ཕོ་ཉ་མོ་ནི་བློ་གྲོས་རྡོ་རྗེ་ལ་སོགས་པ་བཅུའོ། །ཕྱག་བརྙན་དྲུག་ཅུ་རྩ་བཞི་ནི་ཕོ་ཉ་མོ་བཅུ་པོ་དེ་རྣམས་ཀྱི་གཡོག་མོའོ། །ནོར་བུའི་རིགས་ནི་ནོར་བུ་བཟང་པོ་གནོད་སྦྱིན་དང་བཅས་པ་དང་། ཛམྦྷ་ལ་གནོད་སྦྱིན་བརྒྱད་དང་བཅས་པ་དང་། ནོར་རྒྱུན་མ་གནོད་སྦྱིན་མ་བརྒྱད་དང་བཅས་པ་དང་། རྣམ་ཐོས་སྲས་གནོད་སྦྱིན་བརྒྱད་དང་། སྡེ་དཔོན་ཉི་ཤུ་རྩ་བརྒྱད་སོགས་དང་བཅས་པ་སྟེ། མདོར་ན་ནོར་ལྷ་གནོད་སྦྱིན་གྱི་ཚོགས་རྣམས་སོ། །རྒྱས་པའི་རིགས་ལ། །ལྔས་རྩེན་དང་། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང་། སྲིན་མོ་ཆེན་མོ་བཞི་ལ་སོགས་པ་རྣམས་ཏེ། ལྔས་རྩེན་གྱི་བཙུན་མོ་འཕྲོག་མ་ནི། མེ་ཁ་ལ་ཞེས་པ་བོད་སྐད་དུ་བསྒྱུར་བས་འོག་པག་ཅན་རིག་པའི་དབང་ཕྱུག་གིས་གསང་སྔགས་ཐམས་ཅད་ལ་དབང་སྒྱུར་བའི་བདག་མོར་བསྐོ་བ་ལ་ལྔས་རྩེན་ཡང་དགའ་ཞིང་། དེའི་རིགས་སུ་གཏོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱང་བློ་མཐུན་པས། །འོག་པག་ཅན་འདི་དེའི་གསང་སྔགས་ཀྱི་བདག་མོར་དབང་བསྐུར་རོ། །འཇིག་རྟེན་པའི་རིགས་ནི་ལྷ་དང་ལྷ་མ་ཡིན་རྣམས་སོ། །གསུམ་པ་ནི། གཙོ་ཆེ་བ་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པའི་རིགས་རྣམས་ལྷ་དང་། ལྷ་མ་ཡིན་དང་། མི་ལ་མཆོག་གི་དངོས་གྲུབ་ཀྱི་ཕན་གདགས་པའི་ཆེད་དང་། པདྨའི་རིགས་ནི་མི་ལ་མཆོག་དམ་པ་བརྒྱད་ལ་སོགས་པ་སྦྱིན་པ་དང་། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱིས་འདུད་ཅིང་དབང་དུ་བྱེད་པའི་ཆེད་དང་། རྡོ་རྗེའི་རིགས་ནི་གསང་བ་པ་གནོད་སྦྱིན་རྣམས་འདུལ་བ་དང་། ལྷ་མ་ཡིན་དཔལ་གྱི་སྒོ་འབྱེད་པ་དང་གཏེར་དབྱུང་བ་ལ་སོགས་པ་དབུལ་བའི་སྡུག་བསྔལ་བསལ་བའི་ཆེད་དང་། ནོར་གྱི་རིགས་ནི་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་། དཔུང་བཟང་གི་འགྲེལ་པ་བསྡུས་དོན་དགྲོལ་བའི་བརྗེད་བྱང་ལས། དཔལ་ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས་སེམས་ཅན་གྱི་དབུལ་བའི་གནོད་པ་སེལ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པ་ལྟར་རོ། །རྒྱས་པའི་རིགས་ནི། རིག་པ་མཆོག་ལས། གཡུལ་དུ་རྒྱལ་བར་བྱ་བ་དང་། །རྒྱས་པ་ཡི་ནི་ལས་རྣམས་དང་། །རྩོད་པ་དང་ནི་འཐབ་པ་དང་། །བསྲུང་བའི་ལས་དང་དབང་བསྒྲུབ་དང་། །བག་མ་དང་ནི་ལེན་པ་ལ། །ཞེས་འོག་པག་ཅན་གྱི་བྱེད་ལས་སུ་བཤད་པ་དེ་རྣམས་ཀྱི་ཆེད་དུའོ། །འཇིག་རྟེན་པའི་རིགས་ནི་རང་རང་སོ་སོའི་སྐབས་ཀྱི་དགོས་ཆེད་དུ་དོན་གྱིས་གོ་བར་བྱའོ། །བཞི་པ་ནི། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་ལ་བྱེ་བ་ཕྲག་གསུམ་གསུམ་དང་། འབུམ་ཕྲག་ལྔ་ལྔ། རྡོ་རྗེའི་རིགས་ལ་བྱེ་བ་ཕྲག་བདུན། ནོར་གྱི་རིགས་ལ་འབུམ་དང་སུམ་ཁྲི། རྒྱས་པའི་རིགས་ལ་ཁྲི་ཕྲག་ཕྱེད་དང་གསུམ། འཇིག་རྟེན་པའི་རིགས་ལ་མཐའ་ཡས་ཤིང་། དེ་རྣམས་ཤློ་ཀའི་གྲངས་ཡིན་པར་དཔུང་བཟང་འགྲེལ་པ་ལས་བཤད་དོ། །ལྔ་པ་ནི། །དེ་བཞིན་གཤེགས་པའི་རིགས་རྣམས་ལ། གསང་སྔགས་ཀྱི་མགོར་ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སམ། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒཱ་ཡ། ཞེས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིགས་བཅད་ཕལ་ཆེ་བ་ལ་ཡོད་ཅིང་། མེད་པ་རྣམས་ལའང་སྦྱར་དགོས་པར་བཤད་དེ། འདི་ནི་རིགས་ལྔ་པོ་ཐམས་ཅད་ཀྱིའང་ཐོག་མར་འོང་ངོ་། །པདྨའི་རིགས་ལ་ལྷག་པར། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བ་ོདྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། །ཞེས་སོགས་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། རྡོ་རྗེའི་རིགས་ལ། ན་མཿཙཎྜྻ་བཛྭ་པཱ་ན་ཡེ། །མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཞེས་སོགས་ཕྱག་རྡོར་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །ནོར་གྱི་རིགས་ལ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཐ་ཡེ་ཞེས་ནོར་བུ་བཟང་པོ་དང་། ན་མོ་ཀུ་བེ་རཱ་ཡ། ཞེས་སོགས་རྣམ་ཐོས་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །རྒྱས་པའི་རིགས་ལ། ན་མཿཔཉྩྨི་ཀ་ཡེ་ཞེས་པ་ལྔས་རྩེན་དང་། ན་མོ་མེ་ཁ་ལཱ་ཡེ་ཞེས་པས་འོག་པག་ཅན་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པ་སྟེ་དཔུང་བཟང་ལས་བཤད་དོ། །འཇིག་རྟེན་པའི་རིགས་ལ་རང་རང་གི་བདག་པོ་ལ་ཕྱག་འཚལ་བའམ་མཐའ་གཅིག་ཏུ་མ་ངེས་སོ། །གཉིས་པ་དེ་རིགས་གསུམ་དུ་བསྡུ་བ་ནི། དཔུང་བཟང་གི་བསྡུས་དོན་དགྲོལ་བའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་འགབ་ཏུ་ཕལ་ཆེར་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ལས་བྱུང་བའང་མ་ཡིན། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པའང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་བཏགས་ཏེ། ཞེས་གསུངས་པའི་ཕྱི་མ་ལ་རྣམ་པར་འཁྱམས་པའི་རིགས་ཞེས་ཀྱང་བྱའོ། །དེ་དག་ལའང་རིགས་གསུམ་སྤྱིའི་ཁྱད་པར། ནང་ཚན་བྱེ་བྲག་གི་ཁྱད་པར་གཉིས་ཡོད་པ་ལས། དང་པོ་ནི། དཀྱིལ་འཁོར་བྲི་བའི་གནས་སྐབས་ཀྱི་ཁྱད་པར་དང་། ས་སྦྱང་པའི། ཚེས་གྲངས་ཀྱི། དཀྱིལ་ཆོག་གི་སྐབས་ཀྱི་ལས་ཐམས་ཅད་པའི། དཀྱིལ་འཁོར་དུ་དགོད་པའི་ལྷའི། བར་ཆད་བསྲུང་བའི། ལྷ་སྤྱན་དྲང་པའི། དཀྱིལ་འཁོར་མཆོད་པའི་མཆོད་རྫས་ཀྱི། དཀྱིལ་འཁོར་དུ་མེ་ཏོག་ལྷུང་པའི། དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པའི། དབང་ཐོབ་ནས་རིག་སྔགས་བསྒྲུབ་པའི་གནས་ཀྱི། འགྲུབ་པའི་དུས་ཀྱི། དངོས་གྲུབ་བསྒྲུབ་པའི། བཟླས་རྗོད་བྱེད་པའི་བགྲང་འཕྲེང་གི རྫས་བསྒྲུབ་པའི་ཆོ་གའི། གྲུབ་པའི་འབྲས་བུའི་ཁྱད་པར་གསང་བ་སྤྱི་རྒྱུད་ལས་བཤད་དོ། །གཉིས་པ་ནང་ཚན་བྱེ་བྲག་གི་ཁྱད་པར་ལའང་། ལྷ། སྔགས། འབྲས་བུའི་ཁྱད་པར་གསུམ་ལས། དང་པོ་ནི། རིགས་གསུམ་པོ་གང་ཡིན་ཀྱང་སྐུའི་སྟོད་སྐེད་སྨད་ཀྱི་ཆ་ལས་བྱུང་བའི་ལྷས་དངོས་གྲུབ་རིམ་པ་བཞིན་རབ་འབྲིང་ཐ་མ་སྟེར་བ་དང་། རིགས་ཀྱི་བདག་པོ་ཡབ་ཡུམ་གྱིས་རབ། ཁྲོ་བོ་ཁྲོ་མོས་འབྲིང་། ཕོ་ཉ་དང་མངག་གཞུག་ཕོ་མོས་ཐ་མ་དང་། ཡུམ་གྱིས་ཞི་བ། རིགས་ཀྱི་བདག་པོས་རྒྱས་པ། ཁྲོ་བོ་ཁྲོ་མོས་མངོན་སྤྱོད། ཕོ་ཉ་ཕོ་མོས་ཕྲན་ཚེགས་འགྲུབ་པར་ལེགས་གྲུབ་ལས་བཤད་དོ། །སྔགས་ཀྱི་ཁྱད་པར་ནི། སྔགས་དོན་ལ་བསྐུལ་ཚིག་གང་ཡོད་པ་དང་མཐུན་པའི་ལས་བསྒྲུབ། དེ་མེད་ན་མགོ་བོར་ཨོཾ་དང་། མཇུག་ཏུ་སྭཱ་ཧཱ་ཡོད་པས་ཞི་བ། སྔགས་ཀྱི་གསེབ་ན་ར་དང་རྐན་གྱི་ཡི་གེ་ཤས་ཆེ་ཞིང་། མཐར་ཧཱུྃ་ཕཊ྄་དང་བཅས་པས་དྲག་ཤུལ། དེ་ལས་གཞན་པ་དོན་དང་ཚིག་ཞི་བ་དང་ལྡན་ཞིང་མཐུ་དང་ལྡན་པས་རྒྱས་པ་དང་། ལས་ཐམས་ཅད་པའི་སྔགས་ཡིན་ན། རྟོག་པའི་ཆོ་གར་ཐོག་མར་སྨོས་པ་དེ་གཙོ་བོ་ཡིན་ལ། སྤྱི་རྒྱུད་ལས་གསུངས་པའི་སྔགས་ནི་གླེང་གཞིའི་དབང་དུ་མཛད་པ་གཙོ་བོ་ཡིན་ལ། གཞན་ཕལ་པ་ཡིན་པར་ཡང་ལེགས་གྲུབ་ལས་བཤད་དོ། །སྔགས་ཀྱི་ཚིག་སོ་སོའི་མིང་དང་སྐུ་མདོག་ཕྱག་མཚན་དང་། ལྷའི་མཐུ་དང་ཡོན་ཏན་སྨོས་པ་རྣམས་ནི། དེ་ལྷ་སོ་སོའི་སྔགས་སུ་ཤེས་པར་བྱས་ཤིང་། མིང་མེད་ཅིང་བསྐུལ་ཚིག་དང་ལྡན་པ་ལ། བསྐུལ་ཚིག་གི་སྒོ་ནས་ཤེས་པར་བྱའོ། །མགོ་བོར་ཨོཾ། མཇུག་ཏུ་ན་མཿདང་སྭཱ་ཧཱ་དང་ལྡན་པ། བར་དུ་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཚིག་སྨོས་ཤིང་དྲག་ཤུལ་གྱི་ཚིག་མེད་པ་ནི་སངས་རྒྱས་བྱང་སེམས་ཀྱི། ཧཱུྃ་ཕཊ྄་ཀྱི་མཐའ་བརྟེན་པ་ནི་གཙུག་ཏོར་གྱི། ཟུང་ཞིག ཟོ་ཞིག ཆོངས་ཤིག སྣུན་ཅིག སོང་ཞིག དྲོལ་ཅིག་ཅེས་དྲག་ཤུལ་གྱི་ཚིག་དང་ལྡན་པ་ནི་ཁྲོ་བོ་དང་། ཕྱག་བརྙན་གྱི། སྤྱི་བོ་དང་སྤྱི་གཙུག་ལ་སོགས་པའི་ཡན་ལག་གི་སྔགས་མེད་པའི་གཅིག་པུ་ནི་ཉན་ཐོས་ཀྱི་སྔགས་ཏེ། དེ་དག་བྱང་སེམས་ལྟར་གཟུགས་སྣ་ཚོགས་སུ་མི་འགྱུར་བའི་དགེ་སློང་གི་ཚུལ་གཅིག་པུར་གནས་ཤིང་། གང་ཟག་གི་བདག་མེད་གཅིག་པུ་ཁོང་དུ་ཆུད་པའི་མཚོན་དོན་ནོ། །རང་སངས་རྒྱས་ནི་གཞན་དེ་དང་འདྲ་བ་ལ། ཁྱད་པར་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་གྱི་ཚིག་དང་ལྡན་པ་སྟེ་རྣམ་སྣང་མངོན་བྱང་ལས་བཤད་དོ། །འབྲས་བུའི་ཁྱད་པར་ནི། དཀྱིལ་འཁོར་རབ་འབྲིང་ཐ་གསུམ་དང་། སྒྲུབ་པ་པོ་རབ་འབྲིང་ཐ་གསུམ་དང་། བསམ་པ་རབ་འབྲིང་ཐ་གསུམ་གྱིས་དངོས་གྲུབ་རབ་འབྲིང་ཐ་གསུམ་འགྲུབ་པར་འཇམ་དཔལ་རྩ་རྒྱུད་ལས་བཤད་དོ། །གསུམ་པ་དེ་ཐབས་ཤེས་དང་གཉིས་མེད་རྒྱུད་དུ་བསྡུ་བ་ནི། དེ་ལྟར་རྒྱུད་སྡེ་སྒོ་དྲུག་གམ་གསུམ་པོའང་བསྡུས་ན་གསང་སྔགས་དང་རིག་སྔགས་གཉིས་སུ་འདུས་ལ། གསང་སྔགས་ནི་ཐབས་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད་ཡིན་ལ། ལྷ་ཕོ་མོ་རེ་རེའང་གསང་སྔགས་དང་རིག་སྔགས་གཉིས་ཀར་གསུངས་པའི་རིགས་པས་དོན་གཉིས་ཀ་གཉིས་མེད་ཀྱི་རྒྱུད་དུ་གྲུབ་སྟེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་གྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་། ཕྱག་རྒྱ་དང་། ཚིག་དང་། ཡི་གེ་དང་། སྒྲ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སོ་སོ་རང་གིས་རིག་པ་སྟེ། བྱིན་གྱིས་བརླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན་དུ་མི་རུང་ངོ་ཞེས་གསུངས་སོ། །སྤྱོད་པའི་རྒྱུད་ནི་ཕལ་ཆེར་བྱ་རྒྱུད་དང་མཐུན་པས་རྣམ་གཞག་ལོགས་སུ་མ་བསྟན་ལ། གཉིས་ཀར་ཡང་རིགས་ལྔ་མ་བཤད་པ་མ་ཡིན་ཀྱང་། དངོས་གྲུབ་འགྲུབ་པའི་ལྷའི་གཙོ་བོ་རིགས་གསུམ་དུ་འདུ་བར་དགོངས་ནས་རིགས་གསུམ་དུ་གཙོ་བོར་བསྟན་ནོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ཞིབ་མོར་གཏན་ལ་ཕབ་པ་ལ། བརྗོད་བྱ་རིགས་ལྔར་དབྱེ་བ་དང་། དེ་བཞིར་འདུས་པར་བསྟན་པ་དང་། ཐབས་ཤེས་ཀྱི་ཕྱོགས་གཉིས་སུ་ཕྱེ་བ་དང་། གཉིས་མེད་རྒྱུད་དུ་བསྟན་པ་དང་བཞི་ལས། དང་པོ་ནི། རྩེ་མོར། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ། །ཞེས་བཤད་པས། རྩེ་མོ་རིགས་བསྡུས་ཀྱི་སྐབས་སུ་རིགས་ཆེན་ལྔ་པོ་རེ་རེ་ལ་རིགས་ཆུང་ལྔ་ལྔ་བཤད་པའི་ཕྱིར་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱིས་བསྒྱུར་བས་རིགས་བརྒྱའོ། རྩ་བའི་རིགས་ཆེན་ལྔ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེའི་དབྱིངས་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའི་ཚུལ་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམ་སྣང་ཆེན་པོའི་རང་བཞིན་ནི་དེ་བཞིན་གཤེགས་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་རྗེས་སུ་འཇུག་པ་གདུལ་དཀའ་བ་འདུལ་བའི་ཐབས་ལ་མཁས་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པའི་ཕར་ཕྱིན་གྱི་ངོ་བོ་ཉིད་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་རྒྱུར་དབང་བསྐུར་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་རིན་པོ་ཆེའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་རྣམ་པར་དག་པའི་ཆོས་ཀྱི་སྐུ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་མེད་ཀྱི་རང་བཞིན་ནི་པདྨའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ངོ་བོ་སེམས་ཅད་ཐམས་ཅད་ཀྱི་དགོས་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛད་པ་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་རང་བཞིན་ལས་ཀྱི་རིགས་ཏེ། འདིར། རྟག་དང་མི་འཁྲུགས་རིན་ཆེན་དབང་། །འོད་དཔག་མེད་པ་ངེས་གྲུབ་རྣམས། །རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །ཞེས་གསུངས་སོ། །རིགས་ལྔར་འབྱེད་པའི་རྒྱུ་མཚན་ཡང་། སྔོན་བྱུང་རྣམ་འཕྲུལ་གྱི་ཁྱད་པར་དང་། རྗེས་འཇུག་ཉམས་ལེན་གྱི་ཁྱད་པར་གཉིས་ཀྱི་ཡིན་ལ། དང་པོ་ལའང་། བསྟན་བྱ་རིགས་ཀྱི་རང་བཞིན། གཞན་དོན་དུ་རྣམ་འཕྲུལ་སྟོན་ཚུལ་གྱི་ཁྱད་པར། ཕྱི་རབས་ཀྱི་དོན་དུ་བཤད་ཚུལ་གྱི་ཁྱད་པར་གསུམ་ལས། དང་པོ་ལ། རིགས་འབྱུང་བའི་རྒྱུ་དང་། དེ་ལས་བྱུང་བའི་རིགས་ཀྱི་ངོ་བོ་གཉིས་ལས། དང་པོ་ལ། སྤྱི་དང་བྱེ་བྲག་གི་རྒྱུ་གཉིས་ཀྱི་སྤྱི་ནི། སེམས་ཅན་གྱི་སེམས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པས་བྱང་ཆུབ་ཀྱི་སྤྱོད་པ་མངོན་པར་བྱང་ཆུབ་པ་ལྔའི་རྗེས་སུ་མཐུན་པར་སྤྱད་པས་སེམས་དྲི་མ་དང་བཅས་པའི་བདུད་བཅོམ་ནས་རང་གི་སེམས་སོ་སོར་རྟོག་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་གདུལ་བྱའི་དོན་དུ་རིགས་ལྔར་སྣང་བ་ཡིན་ཏེ། དཔལ་མཆོག་དང་པོར། ཤེས་རབ་ཕ་རོལ་ཕྱིན་པ་ཡུམ། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའི་གདུལ་བྱའི་ཕྱིར། །རིགས་རྣམས་རབ་ཏུ་བྱུང་བའོ། །ཞེས་སོ། །བྱེ་བྲག་གི་རྒྱུ་ནི། ཤེར་ཕྱིན་དང་ཐབས་མཁས་ལས་དེ་བཞིན་གཤེགས་པའི་རིགས། བསྡུ་དངོས་བཞིས་སེམས་ཅན་གྲོལ་བར་བྱེད་པའི་མ་དང་། སེམས་ཅན་གྲོལ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཕ་ལས་རྡོ་རྗེའི་རིགས། མ་རིག་པའི་མུན་པ་སེལ་བའི་ཐབས་མཁས་དང་། ཀུན་ལ་བྱམས་པས་ཐར་པའི་ལམ་དུ་དགྲོལ་བའི་ཤེས་རབ་ལས་རིན་པོ་ཆེའི་རིགས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐབས་མཁས་དང་། །ཉོན་མོངས་གཅོད་པའི་ཤེས་རབ་ལས་པདྨའི་རིགས། སེམས་ཅན་སྨིན་གྲོལ་བྱེད་པའི་ཐབས་དང་། ཐེག་དམན་དུ་ལྷུང་བ་དང་སྡིག་པ་དང་ཉོན་མོངས་སྤོང་བའི་ཤེས་རབ་ལས། ལས་ཀྱི་རིགས་རྣམས་བྱུང་བར་རྩེ་མོ་ལས་བཤད་དོ། དེ་ལས་བྱུང་བའི་རིགས་ཀྱི་ངོ་བོ་ནི། རྩ་རྒྱུད་དུམ་བུ་དང་པོའི་སྙིང་པོ་དང་། སྔགས་དང་། ཕྱག་རྒྱའི་ལྷ་དང་། སྔགས་དང་། དངོས་གྲུབ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས། དེ་བཞིན་དུ་དུམ་བུ་གཉིས་པའི་རྣམས་རྡོ་རྗེའི་རིགས། གསུམ་པའི་རྣམས་པདྨའི་རིགས། བཞི་པའི་རྣམས་རིན་པོ་ཆེའི་རིགས་སོ། །རྩ་བའི་རྒྱུད་ནས། ལས་ཀྱི་རིགས་ཟུར་ན་མེད། རྡོ་རྗེ་རྩེ་མོའི་རིགས་བསྡུ་ན། བྱང་གི་དཀྱིལ་འཁོར་གྱི་ལྷ་སོ་བདུན་ལས་རིགས་ཡིན་ལ། རྩེ་མོའི་རྟོག་བསྡུས་དགུ་པ་ནས་ལས་ཀྱི་རིགས་ཀྱི་ལྷ་ལ་སོགས་པ་བསྟན་པ་རྣམས་སོ། །དེ་རེ་རེ་ལའང་རིགས་ལྔ་ལྔར་གྱུར་པ་ནི་རིགས་ཆུང་། སྔ་མ་ནི་རིགས་ཆེན་ནོ། །གཞན་དོན་དུ་རྣམ་འཕྲུལ་སྟོན་ཚུལ་གྱི་ཁྱད་པར་ལའང་། སྤྲུལ་བཤད་བྱེད་པ་འཁོར་ལོས་སྒྱུར་བའི་དང་། དེས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷའི་དང་། གང་གི་དོན་དུ་སྤྲུལ་པ་གདུལ་བྱའི་དང་། གང་གི་གཉེན་པོར་སྤྲུལ་པ་སྤང་བྱའི་ཁྱད་པར་དང་བཞིའི་དང་པོ་ནི། དུམ་བུ་དང་པོའི་ལྷ་ཐམས་ཅད་དེ་བཞིན་གཤེགས་པའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་སྐྱེས་པས་དེ་བཞིན་གཤེགས་པའི་རིགས་ཏེ། དེ་ཉིད་སྣང་བར། འདི་ནི་དེ་བཞིན་གཤེགས་པའི་རིགས་ཏེ། སྐྱེས་པས་རིགས་ཞེས་བཤད་པ་ཡིན་ཞེས་གསུངས་ཞེས་དྲངས་སོ། །དུམ་བུ་དང་པོར་ནི་འོག་མ་རྣམས་དང་མི་འདྲ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་ནས་འཁོར་ལོས་སྒྱུར་བ་རྣམས་ཀྱིས་བཤད་པ་བྱས་པ་ཡིན་ནོ། །འཁོར་ལོས་སྒྱུར་བ་ནི་རྡོ་རྗེ་སེམས་དཔའ་སྟེ། རྒྱུད་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ཆེ་དབུ་རྒྱན་དང་ཅོད་པན་གྱི་དབང་གི་དབང་བསྐུར་ནས་ཞེས་བཤད་པས་སོ། །དུམ་བུ་གཉིས་པའི་རྡོ་རྗེ་ཧཱུྃ་མཛད་ཡིན་ལ། དུམ་བུ་གསུམ་པ་པདྨའི་རིགས་ཀྱི་ནི་རྡོ་རྗེ་ཆོས་ཡིན་ཞིང་། དུམ་བུ་བཞི་པ་ནོར་བུའི་རིགས་ཀྱི་ནི་རྡོ་རྗེ་རིན་ཆེན་ལས་ཀྱི་རྡོ་རྗེ་ལས་སོ། །དེས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷའི་ཁྱད་པར་ནི། དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེས་མཚན་པའི་རང་རང་གི་ཕྱག་མཚན་འཛིན་ཅིང་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན་ནོ། །དུམ་བུ་གཉིས་པའི་ལྷ་ཐམས་ཅད་རྡོ་རྗེ་ཧཱུྃ་མཛད་ཀྱི་ཐུགས་ཀའི་ཁྲོ་བོའི་རྡོ་རྗེ་ལས་སྤྲུལ་པའི་ཕྱིར་རྡོ་རྗེའི་རིགས་ཡིན་ལ། ཁྲོ་བོའི་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་པ་རྡོ་རྗེ་འཕྲེང་བའི་ཅོད་པན་ནོ། །དུམ་བུ་གསུམ་པའི་ལྷ་རྣམས་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་རྡོ་རྗེ་པདྨ་ལས་སྤྲུལ་པའི་ཕྱིར་པདྨའི་རིགས་ཡིན་ལ། པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨས་མཚན་པའི་ཕྱག་མཚན་འཛིན་ཅིང་འོད་དཔག་མེད་དང་། རྡོ་རྗེ་པདྨའི་ཕྲེང་བའི་ཅོད་པན་ནོ། །དུམ་བུ་བཞི་པའི་ལྔ་རྣམས་ནམ་མཁའི་སྙིང་པོའི་ཐུགས་ཀའི་རྡོ་རྗེ་རིན་ཆེན་ལས་སྐྱེས་པའི་ཕྱིར་རིན་པོ་ཆེའི་རིགས་ཡིན་ལ། རིན་པོ་ཆེའི་ཁུ་ཚུར་གྱི་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྱག་མཚན་འཛིན་ཅིང་། རིན་ཆེན་མྱུ་གུའི་ཅོད་པན་ཅན་ནོ། །རྩེ་མོའི་ལས་རིགས་ཀྱི་རྟོག་བསྡུས་མ་འགྱུར་བས་གསལ་བར་མེད་ཀྱང་། རྡོ་རྗེའི་ལས་ཀྱི་ཐུགས་ཀའི་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་ཕྱིར་ལས་རིགས་ཡིན་ལ། ལས་ཀྱི་ཁུ་ཚུར་གྱི་སྣ་ཚོགས་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་ཅིང་སྣ་ཚོགས་རྡོ་རྗེའི་ཅོད་པན་ཅན་དུ་དོན་གྱིས་ཐོབ་པོ། །གང་གི་དོན་དུ་སྤྲུལ་པ་གདུལ་བྱའི་ཁྱད་པར་ནི། །གདུལ་བྱ་འདོད་ཆགས་ཅན་འདུལ་བའི་ཕྱིར་དེ་བཞིན་གཤེགས་པའི་རིགས་ཏེ། ཆགས་པས་ཆགས་པ་སྤང་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་ཆགས་པའི་ཉམས་ཅན་ནོ། །གདུལ་དཀའ་བའི་ཞེ་སྡང་ཅན་འདུལ་བའི་ཕྱིར་རྡོ་རྗེའི་རིགས་ཏེ། ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་ཐམས་ཅད་རབ་ཏུ་ཁྲོས་པའོ། །གཏི་མུག་གི་དབང་གིས་མུ་སྟེགས་ཅན་གྱི་ལྷ་དུ་མ་དང་ལྟ་བ་ཕྱིན་ཅི་ལོག་དུ་མ་ལ་ཞེན་པ་དག་གདུལ་བའི་ཕྱིར་པད་མའི་རིགས་ཏེ། ལྷ་རྣམས་ཕྱི་ནང་གི་ལྷ་མི་འདྲ་བ་དུ་མའི་གཟུགས་འཛིན་པ་ཉམས་སྣ་ཚོགས་པ་ཅན་ནོ། །སེར་སྣའི་དབང་གིས་ནོར་ལ་འདོད་ཅིང་བརྐམ་པ་གདུལ་བའི་ཕྱིར་རིན་པོ་ཆེའི་རིགས་ཏེ། ལྷ་ཕལ་ཆེར་རིན་པོ་ཆེ་གསེར་གྱི་མདོག་དང་རྒྱས་པའི་ཉམས་ཅན་ནོ། །ལེ་ལོའི་དབང་གིས་དཀོན་མཆོག་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མི་བརྩོན་པའི་གཉེན་པོར་ལྷ་ཐམས་ཅད་སྐུ་མདོག་ལྗང་ཁུ་ཞི་དྲག་སྣ་ཚོགས་པའི་ཉམས་ཅན་ཏེ། སྒེག་པས་རྡོ་རྗེ་སེམས་དཔའ་ཉིད། ཅེས་དང་། རྩེ་མོར། རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཞད་པ། །པདྨ་ཆེན་པོ་དུལ་ཞིང་ཞི། །དྲག་པོ་ཞི་བ་ལས་འཛིན་པ། །ཞེས་དང་། ཁ་དོག་ལྗང་ཁུ་ལས་འཛིན་པ། །ཞེས་སོ། །གང་གི་གཉེན་པོར་སྤྲུལ་པ་སྤང་བྱའི་ཁྱད་པར་ནི། དུམ་བུ་དང་པོ་ནི་འདོད་ཆགས་ཀྱི་གཉེན་པོར། གཉིས་པ་ཞེ་སྡང་། གསུམ་པ་གཏི་མུག བཞི་པ་སེར་སྣའི་གཉེན་པོར་བཤད་ལ། ལྔ་པ་ལེ་ལོའི་གཉེན་པོར་ཐོབ་བོ། ཕྱི་རབས་ཀྱི་དོན་དུ་བཤད་ཚུལ་གྱི་ཁྱད་པར་ནི། ཕྱི་རབས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོས་སྒྱུར་བ་ལ་མཚན་བརྒྱ་རྩས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་གདུལ་བྱ་རྒྱས་འབྲིང་བསྡུས་པ་ལ་དགའ་བའི་དོན་དུ་དཀྱིལ་འཁོར་རྒྱས་པ་བཞི་དང་། ཕྱག་རྒྱ་བཞི་པ་ལྔ་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བཤད་པ་རྣམས་གསུངས་སོ། །འཇིག་རྟེན་གསུམ་རྒྱལ་གྱི་དུམ་བུ་དང་། ཕྱི་རོལ་རྡོ་རྗེའི་རིགས་དུམ་བུ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱིས་སྤྲུལ་བཤད་མཛད་པ་དང་། དུམ་བུ་གསུམ་པ་པདྨའི་རིགས་སྤྱན་རས་གཟིགས་ཀྱིས་སྤྲུལ་བཤད་མཛད་པ་དང་། དུམ་བུ་བཞི་པ་རིན་པོ་ཆེའི་རིགས་ནམ་མཁའི་སྙིང་པོས་སྤྲུལ་བཤད་མཛད་པར་འབྲེལ་པར་དངོས་སུ་གསུངས་ལ། རྩེ་མོའི་ལས་རིགས་ཀྱི་རྟོག་བསྡུས་ལྟ་བུ་རྡོ་རྗེ་ལས་ཀྱིས་སྤྲུལ་བཤད་བྱས་པར་དོན་གྱིས་ཐོབ་བོ། །རྗེས་འཇུག་ཉམས་ལེན་གྱི་ཁྱད་པར་ལ། སྨིན་བྱེད་དབང་དང་། སྒྲུབ་ཐབས་ཀྱི་ཁྱད་པར་གཉིས་ལས། དང་པོ་ལ་སྨིན་བྱེད་སློབ་དཔོན་དང་། སྨིན་བྱ་སློབ་མ་དང་། དེ་དག་གི་ཆས་གོས་གདོང་རས་དང་། དཀྱིལ་འཁོར་དུ་འཇུག་ཚུལ་དང་། འཇུག་བྱའི་དཀྱིལ་འཁོར་དང་། དཀྱིལ་འཁོར་མཆོད་པའི་རྫས་དང་། ཞུགས་ནས་དབང་བསྐུར་ཚུལ་དང་། དབང་ཐོབ་པའི་སྡོམ་པ་དམ་ཚིག་གི་ཁྱད་པར་དང་བརྒྱད་དོ། །གཉིས་པ་སྒྲུབ་པའི་ཐབས་ཀྱི་ཁྱད་པར་ལའང་། ལྷ་བསྒོམ་པའི་དང་། སྔགས་བཟླས་པའི་དང་། རྗེས་སྤྱོད་ལམ་གྱི་སྐབས་སུ་བསྲུང་བའི་ཁྱད་པར་དང་གསུམ་གྱི་དང་པོ་ལ། ལྷ་བསྒོམ་པའི་སྔོན་འགྲོའི་དང་། དངོས་གཞི་ལྷ་བསྒོམ་པའི་དང་། ཕྱག་རྒྱ་བཅིང་བའི་དང་། བྱིན་གྱིས་བརླབ་པའི་དང་། དབང་བསྐུར་བའི་དང་། མཆོད་པའི་ཁྱད་པར་དང་དྲུག གཉིས་པ་སྔགས་བཟླས་པའི་ཁྱད་པར་ལ། ཐུན་མོང་དུ་ཡི་གེ་དགོད་པའི་དང་། །གསང་ཆེན་ཡིད་ཀྱི་བཟླས་པའི་དང་། གསང་བ་ངག་གི་བཟླས་པའི་ཁྱད་པར་དང་གསུམ་མོ། །གཉིས་པ་དེ་དག་བཞིར་འདུས་པར་བསྟན་པ་ནི། ལས་རིགས་རིན་པོ་ཆེའི་ནང་དུ་བསྡུས་ནས་དུམ་བུ་བཞི་རིགས་བཞིར་བསྟན་པ་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་བཞི། ཕྱག་རྒྱ་བཞི། སྤང་བྱ་བཞི། འབྲས་བུ་ཡེ་ཤེས་བཞིར་གྲངས་ངེས་པའི་ཕྱིར་ཏེ། །སྐུའི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་འཕྲུལ་པ་ནི། དེ་བཞིན་གཤེགས་པའི་རིགས། ཐུགས་ཀྱི་རྡོ་རྗེའི་རིགས། གསུང་གི་ནི་པདྨའི་རིགས། མཛད་པ་ནི་ནོར་བུའི་རིགས་སོ། །ཞེས་དང་། དེ་བཞིན་གཤེགས་པའི་རིགས་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་དམ་ཚིག་གི་རང་བཞིན་ཡིན་པས་རྡོ་རྗེའི་རིགས་ནི་དམ་ཚིག་གི་ཕྱག་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བས་པདྨའི་རིགས་ནི་ཆོས་ཀྱི་ཕྱག་རྒྱའོ། །སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལས་བྱེད་པའི་ཕྱིར་ནོར་བུའི་རིགས་ནི་ལས་ཀྱི་ཕྱག་རྒྱར་འགྲེལ་ཆེན་ལས་བཤད་དོ། །སྤང་བྱ་ནི། ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས་དང་། དབང་ཤེས་ཀྱི་གཉེན་པོར་དུམ་བུ་བཞི་རིམ་པ་བཞིན་དུ་དང་། ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རང་བཞིན་དུ་དུམ་བུ་བཞི་རིམ་པ་བཞིན་དུ་དཔལ་མཆོག་འགྲེལ་ཆེན་ལས་བཤད་དོ། །བདུད་རྩི་འབྱུང་བ་ཞེས་བྱ་བ་ལས། རྡོ་རྗེ་སེམས་དཔའི་རིགས་སུ་ཁྲོ་བོའི་རིགས་འདུས་པས་རིགས་གསུམ་དུ་འདུས་པར་བཤད་ཅེས་སངས་རྒྱས་གསང་བ་གསུང་ངོ་། །གསུམ་པ་དེ་ཐབས་ཤེས་ཀྱི་ཕྱོགས་གཉིས་སུ་ཕྱེ་བ་ནི། སྐུ་གསུང་ཐུགས་ཀྱི་གསང་བ་བརྒྱན་གྱི་བཀོད་པའི་རྒྱུད་ལས། ཤེས་རབ་ཡུམ་དུ་ལེགས་བཤད་དེ། །ཐབས་ནི་ཡབ་ཏུ་བཤད་པའོ། །ཞེས་བཤད་པས། །ཐབས་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་ཤེར་ཕྱིན་གཙོ་བོར་སྟོན་པ་མ་རྒྱུད་ཡིན་པའི་ཕྱིར། དེ་ཉིད་བསྡུས་པ་རྩ་བཤད་ནི། ཐབས་དེ་ཁོ་ན་ཉིད་བཅུ་གཙོ་བོར་སྟོན་པའི་ཕྱིར་ཡབ་བམ་ཐབས་ཀྱི་རྒྱུད་ཡིན་ལ། དཔལ་མཆོག་དང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་ལ་སོགས་པ་ཡུམ་མམ་ཤེས་རབ་ཀྱི་རྒྱུད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་འཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན། ཡབ་ནི་ཏན་ཏྲ་ཏ་ཏྭ་སཾ་གྲ་ཧ་ཞེས་བྱ་བ་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་གཉིས་རེ་རེ་ལའང་ཐབས་ཤེས་རབ་ཀྱི་ཆ་ཐ་དད་དུ་ཡོད་དེ། དེ་ཉིད་བསྡུས་པའི་དུམ་བུ་རེ་རེ་ལའང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཏེ་བཞི་བཞི་ཡོད་ལ། སྙིང་པོ་ནི། ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་སྐུའི་དཀྱིལ་འཁོར། ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར། གསང་སྔགས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར། རིག་སྔགས་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་ཡིན་པ་ལ། གཟུངས་དཀྱིལ་ནི་ལྷ་མོ་གཟུངས་མ་རྣམས་ཕྱག་མཚན་གྱི་ངོ་བོར་བྱས་ནས་དཀྱིལ་འཁོར་དུ་བཀོད། ལས་དཀྱིལ་ནི་དེ་བཞིན་གཤེགས་པ་ལྔ་མ་གཏོགས་པ་ཐམས་ཅད་ལྷ་མོར་བསྒྱུར་ནས་བཀོད་པས་དེ་གཉིས་ཤེས་རབ་ཡིན་ལ། གཞན་གཉིས་ཐབས་སོ། །དེ་བཞིན་དུ་དཔལ་མཆོག་ལ་སོགས་པ་ལའང་ཤེས་པར་བྱའོ། །བཞི་པ་གཉིས་མེད་རྒྱུད་དུ་བསྟན་པ་ནི། དེ་ལྟར་ཐབས་ཤེས་རབ་ཀྱི་ཕྱོགས་སོ་སོར་ཕྱེ་བའང་གཙོ་བོ་ཉེ་བར་གཟུང་བ་ནས་གདུལ་བྱ་དྲང་བའི་དོན་དུ་གསུངས་ཀྱི། ངེས་པའི་དོན་དུ་ན་ཐམས་ཅད་ཀྱིས་ཀྱང་ཐབས་ཤེས་རབ་ཟུང་དུ་འཇུག་པའི་རྣལ་འབྱོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་ཡིན་པས་ཐབས་ཤེས་དབྱེར་མེད་དེ། ཤེས་རབ་ཐབས་ཀྱི་དེ་ཉིད་ཆེ་ཞེས་འགྲེལ་པར་ལུང་དྲངས་པ་དང་། རྩེ་མོར། འདི་ཡི་སྟོན་པ་བྱང་ཆུབ་སེམས། །རྗེས་སུ་སྟོན་བྱེད་ཤེས་རབ་ཐབས། །ཕྱག་རྒྱ་རྣམས་ནི་སྤྱོད་ལམ་སྟེ། །སྔགས་རྣམས་དེ་ཡི་བྱ་བ་ཡིན། །ཞེས་ཐབས་ཤེས་རབ་གཉིས་ཀ་དབྱེ་བ་མེད་པར་སྟོན་པར་གསུངས་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམ་པར་གཞག་པ་ལ། རྒྱུད་སྡེའི་རྣམ་པར་དབྱེ་བའི་རིགས་ཀྱི་ཁྱད་པར། དེ་དྲང་དོན་དུ་ཤེས་རབ་གཉིས་སུ་བསྟན་པ། ངེས་དོན་དུ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་གཅིག་ཏུ་བསྟན་པ་གསུམ་ལས། །དང་པོ་ནི། ཕ་རྒྱུད་ལས། རྩ་བ་གསང་ཆེན་རིགས་གཅིག དེ་ལས་ཐབས་ཤེས་རིགས་གཉིས། དེ་ལས་སྐུ་གསུང་ཐུགས་ཀྱི་རིགས་གསུམ། དེ་ལས་རིགས་ལྔ། དེ་ལས་དམ་པ་རིགས་བརྒྱར་ཕྱེའོ། །འདིར་གཙོ་ཆེར་རིགས་ལྔར་བཤད་ཀྱང་། རྡོ་རྗེ་འཆང་གི་རིགས་ཀུན་ལ་ཁྱབ་པ་ལ་དགོངས་ཀྱི། རིགས་དྲུག་མི་འདོད་པ་མ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མར། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་འཁོར་ལོས་སྒྱུར་བ་དྲུག་བཤད་པའི་ཕྱིར་རོ། །དེ་ལས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་རྣམ་སྣང་། མི་བསྐྱོད་པ་རིན་འབྱུང་འོད་དཔག་མེད་དོན་གྲུབ་དང་ལྔ། དེ་རྣམས་ཀྱི་ཁྱབ་བྱེད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་དུ་བསྟན་ནོ། །མ་རྒྱུད་ལས་རྩ་བ་རིགས་གསུམ་གྱི་ཁར་ཡེ་ཤེས་ཀྱི་རིགས་བསྣན་པས་བཞི། དེ་ལས་རིགས་དྲུག་ཏུ་འབྱེད་དེ། རྣམ་སྣང་ནི་རྟག་པ། མི་བསྐྱོད་པ་ནི་ཧེ་རུ་ཀ རིན་འབྱུང་ནི་རྡོ་རྗེ་ཉི་མ། འོད་དཔག་མེད་ནི་པདྨ་གར་དབང་། དོན་གྲུབ་ནི་རྟ་མཆོག དྲུག་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ངེས་བརྗོད་བླ་མར། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་གསུངས་པས་སོ། །རིགས་དྲུག་པོ་དེ་དག་གི་མཚན་གྱི་རྣམ་གྲངས་ཀྱང་གུར་ལས། རྡོ་རྗེ་སེམས་དཔའ་དགྱེས་རྡོ་རྗེ། །རང་བྱུང་རྣམ་སྣང་ཆེན་པོ་སྟེ། །ཞེས་པ་ནས། དེ་རྣམས་རིགས་ནི་དྲུག་ཏུ་བརྗོད། །ཅེས་པའི་བར་གྱིས་བསྟན་ལ། དེ་དག་ཀྱང་སྔོན་བྱུང་སྟོན་པས་སྤྲུལ་བཤད་མཛད་པའི་གླེང་གཞིས་ཡིད་ཆེས་པར་བྱ་བའི་ཁྱད་པར་དང་། རྗེས་འཇུག་བསྒྲུབ་པར་བྱ་བའི་ཁྱད་པར་གཉིས་སུ་མཉམ་སྦྱོར་ལས་བཤད་དེ། ཆོ་འཕྲུལ་བཀོད་པའི་གླེང་གཞི་ཡིས། །འཇུག་པ་པོ་རྣམས་ཡིད་ཆེས་མཛད། །རྗེས་འཇུག་བསྒྲུབ་པར་བྱ་བའི་ཆོས། །ཏིང་འཛིན་ཡེ་ཤེས་གནས་ལ་སྦྱོར་ཞེས་སོ། །དེ་ལས་དང་པོ་ནི། དེ་ཉིད་དུ། སྔོན་བསྐལ་པ་བཟང་ལྡན་གྱི་དུས་དྲག་བྱེད་འདུལ་བའི་དོན་དུ་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྤྲུལ་ཏེ་བཤད། སྔོན་བསྐལ་པ་གཟུང་དཀའི་དུས་དྲག་པོ་མུན་པའི་ཚོགས་ཅན་འདུལ་བའི་དོན་དུ་རྣམ་སྣང་། སྔོན་བསྐལ་པ་དྲུག་འཛིན་གྱི་དུས་སུ་མ་ཏྲང་རུ་ཏྲ་འདུལ་བའི་དོན་དུ་ཧེ་རུ་ཀ སྔོན་བསྐལ་པ་བཅུད་ལྡན་གྱི་དུས་དྲག་བྱེད་མཐའ་ལ་གནས་པ་འདུལ་བའི་དོན་དུ་པདྨ་གར་དབང་། སྔོན་བསྐལ་པ་མི་གནས་ཞེས་བྱ་བའི་དུས་སྲིན་པོ་དྲག་བྱེད་འཇུངས་པ་ཅན་འདུལ་བའི་དོན་དུ་རྡོ་རྗེ་ཉི་མ། སྔོན་བསྐལ་པ་གཟི་ཆེན་སྣང་བའི་དུས་དྲག་བྱེད་ལྷ་ཚོགས་འཕྲུལ་འདུལ་བའི་གཉེན་པོར་རྟ་མཆོག་རོལ་བའི་དཀྱིལ་འཁོར་སྤྲུལ་བཤད་མཛད་པར་གསུངས་སོ། །རྗེས་འཇུག་བསྒྲུབ་པར་བྱ་བའི་ཁྱད་པར་ལ། སྒྲུབ་བྱ་རིགས་དྲུག་ཏུ་འབྱེད་པའི་ཁྱད་པར། དེ་བསྒྲུབ་པ་ལ་འཇུག་པའི་ཐབས་ཀྱི་ཁྱད་པར་གཉིས་ལས། དང་པོ་ལ། སྒྲིབ་པ་དྲུག་གི་གཉེན་པོའི་དང་། གདུལ་བྱ་དྲུག་འདུལ་བའི་དང་། སྐུ་དྲུག་གི་དང་། རིགས་དྲུག་གི་དང་། ཡེ་ཤེས་དྲུག་གི་དང་། འཕྲིན་ལས་དྲུག་གི་ཁྱད་པར་དུ་མཉམ་སྦྱོར་དང་གུར་ལས་བཤད་དོ། །གཉིས་པ་ཡང་། དབང་བསྐུར་བའི་དཀྱིལ་འཁོར་གྱི་དང་། དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཀྱི་དང་། དབང་བསྐུར་ཞུ་བའི་ཡོན་གྱི་དང་། དབང་ཐོབ་ནས་ལྷ་སྒྲུབ་པའི་གནས་ཀྱི་དང་། ལྷའི་མཚན་ཉིད་ཀྱི་དང་། ལྷ་མཆོད་པའི་དང་། འཕྲིན་ལས་བསྒྲུབ་པའི་ཁྱད་པར་ཏེ། གུར་དང་། མཉམ་སྦྱོར་དང་། མངོན་བརྗོད་བླ་མ་དང་། ཟླ་གསང་ཐིག་ལེ་རྣམས་ཀྱིས་བཤད་དོ། །ཕ་མ་གཉིས་ཀར་ཡང་རིགས་དྲུག་ལས་སུམ་ཅུ་རྩ་དྲུག་དང་། རིགས་བརྒྱ་དང་། དེ་ལས་ཕྱེ་བས་བགྲང་བ་དང་གཞལ་དུ་མེད་པར་སྤྲུལ་བཤད་མཛད་པས་རྒྱུད་སྡེའང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ། །གཉིས་པ་དེ་དྲང་དོན་དུ་ཐབས་དང་ཤེས་རབ་གཉིས་སུ་བསྟན་པ་ནི། རྗོད་བྱེད་སྒྲའི། བརྗོད་བྱ་དོན་གྱི། གདུལ་བྱ་གང་ཟག་གི་ཁྱད་པར་གསུམ་གྱི་ཡིན་ལ། དེའི་དང་པོ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་ཕ་རྒྱུད། གསང་བ་མཆོག་གི་དགྱེས་པ་ན། ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་མ་རྒྱུད་དེ། འདི་སྐད་བདག་གིས་ཞེས་བྱ་བ་དང་། དེ་རྗེས་ཐོས་པ་ཞེས་བྱ་སྟེ། གཞན་ཡང་དུས་ཞེས་བྱ་བ་ནི། གཅིག་ན་ཞེས་བྱར་བཅས་པ་དང་། །དེའི་འོག་ཏུ་གཞན་ཡང་ནི། །དེ་བཞིན་གཤེགས་པ་ཐམས་ཅད་དེ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །བཙུན་མོའི་བྷ་ག་རྣམས་ལ་འདིར། །བཅོམ་ལྡན་འདས་ནི་བཞུགས་སོ་ཞེས། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གྲགས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱར་གཞན་དུ་བསྟན་པ་དག །ཐོག་མ་ཐ་མར་གནས་པའི་ཚིག །རྣལ་འབྱོར་མ་རྒྱུད་དུ་བསྟན་ཏེ། །ཞེས་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས་བཤད་དོ། །བརྗོད་བྱ་དོན་གྱི་ཁྱད་པར་ལའང་དེ་ཁོ་ན་ཉིད། བསྐྱེད་རིམ། རྫོགས་རིམ། རྣམ་དག་གི་ཁྱད་པར་བཞི་ཡོད་པའི་དང་པོ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེའང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཞེས་སོ། །ཡང་བསྐྱེད་རིམ་གྱི་དེ་ཉིད་སྟོན་པས་ཕ་རྒྱུད། རྫོགས་རིམ་གྱི་དེ་ཉིད་སྟོན་པས་མ་རྒྱུད་དེ་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས་བཤད་དེ། བསྐྱེད་དང་རྫོགས་བྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །ཅེས་སོ། །གཉིས་པ་བསྐྱེད་རིམ་གྱི་ཁྱད་པར་ནི། འབྱུང་བ་རིམ་བརྩེགས་ཞུ་བ་ལས་རྡོ་རྗེའི་སའམ་གཞལ་ཡས་ཁང་བསྐྱེད་པ་ནི་ཐབས་རྒྱུད། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་ཤེས་རབ་ཀྱི་རྒྱུད་དེ། དྲི་མེད་འོད་ལས། ཐབས་ཀྱི་རྒྱུད་ལས་འདི་ཉིད་ཀྱི་ཁང་པ་བརྩེགས་པ་ལ་སོགས་པ་བྱ་སྟེ། འདིར་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་དུ་ནི་མི་འགྱུར་རོ་ཞེས་པ་དང་། ཡེ་ལེ་ལས། དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་། ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ་རྡོ་རྗེའི་གུར་རོ། །ཞེས་གསུངས་སོ། །ཡང་ཡེ་ཤེས་དགུག་གཞུག་ལ་སོགས་པའི་ལས་ཐམས་ཅད་ལ་རྣལ་འབྱོར་མ་རྣམས་རྒྱུ་ཞིང་ཐབས་མི་གཡོ་བར་གནས་པ་ཤེས་རབ་ཀྱི་རྒྱུད། ཐབས་གཡོ་ཞིང་ཤེས་རབ་མི་གཡོ་བར་གནས་པ་ཐབས་རྒྱུད་དེ། ཡེ་ལེ་ལས། ཀུན་རྫོབ་ཀྱི་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། གང་དུ་ཐབས་ནི་ལེགས་གནས་ཤིང་། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །བྱིས་པ་རྣམས་ལ་བདག་གིས་བསྟན། །གང་དུ་ཐབས་ནི་འཕོ་བྱེད་ཅིང་། །ཤེས་རབ་ཡང་དག་གནས་འགྱུར་བ། །ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད། །ཇི་ལྟར་དེ་ལྟར་ཀུན་རྫོབ་ཏུའོ། །ཞེས་སོ། །ཡང་ཉིན་མཚན་མཉམ་པ་དག་པས་ཡབ་ཡུམ་ཞལ་ཕྱག་མཉམ་པ་ནི་ཐབས་རྒྱུད། སྔ་ཕྱིའི་ཐུན་མཚམས་དག་པས་ཡབ་ཡུམ་ཞལ་ཕྱག་མི་མཉམ་པ་ནི་ཤེས་རབ་ཀྱི་རྒྱུད་དེ། ཡེ་ལེ་ལས། དེ་བཞིན་སྔ་མ་དང་ཕྱི་མའི་ཐུན་མཚམས་ནི་རྣལ་འབྱོར་མའི་རྒྱུད་ཀྱིས་འཁྱུད་པ་སྟེ། ཞལ་གཅིག་དང་ཕྱག་བཞི་པ་དག་གམ། ཞལ་གཅིག་པ་ལ་སོགས་པ་དག་དང་། ཞལ་བརྒྱད་པ་ལ་སོགས་པ་དག་གིས་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པ་ལས་སོ། །རྣལ་འབྱོར་གྱི་རྒྱུད་ལ་ཞལ་དང་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ་ཞེས་པ་དུས་ཀྱི་ཁྱད་པར་གྱི་ངེས་པའོ། །ཞེས་སོ། །ཡང་ལྷ་གཙོ་འཁོར་ཕལ་ཆེ་བ་བཞུགས་པ་ནི་ཕ་རྒྱུད། བཞེངས་པ་ནི་མ་རྒྱུད་དེ། དྲི་མེད་འོད་ལས། དེའི་ཚེ་བཅོམ་ལྡན་འདས་བཞུགས་པའང་དཔལ་གསང་བ་འདུས་པ་ལྟ་བུར་འགྱུར་རོ། །འདི་སྐྱོན་མེད་པ་ཉིད་དེ། རིགས་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་རྩོད་ལན་གྱི་ཤུགས་ལས་བསྟན་ཏོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་པ་འདི་ཤེས་བྱེད་དུ་བྱས་ནས་ལྷའི་རུས་རྒྱན་ཡོད་མེད་ལ་སོགས་པའི་ཁྱད་པར་འབྱེད་པའང་རིགས་པ་ཙམ་མོ། །གསུམ་པ་རྫོགས་རིམ་གྱི་ཁྱད་པར་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་རྒྱ་ཆེན་པོ་ལ་སྦྱོར་བས་དེ་ཁོ་ན་ཉིད་ལ་འཇུག་པ་སྟོན་པ་མ་རྒྱུད། རང་བྱིན་བརླབ་དང་མངོན་པར་བྱང་ཆུབ་པའི་རིམ་པ་གཙོ་བོར་སྟོན་པ་ལ་ཕ་རྒྱུད་དེ། གུར་ལས། བཅོམ་ལྡན་འདས་ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཀྱི་མཚན་དུ་རབ་ཏུ་འཇུག་པ་ལགས། རྡོ་རྗེ་འཛིན་གྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་བཞེད་དེ། །མཁའ་འགྲོ་མ་ནི་རྡོ་རྗེ་གུར། །ཕ་རོལ་ཕྱིན་པ་ཀུན་གྱི་ཐབས། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཞེས་དང་། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོག་དབྱེ་ཞེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཞེས་དང་། སྒྲོན་གསལ་ལས། བདག་བྱིན་བརླབས་ཆེན་མ་གཏོགས་པ། འཇིག་རྟེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་པར་དང་། །དཔལ་ལྡན་འདུས་པ་ཡོངས་གསལ་བའི། །བཞུགས་པའི་ཚིག་དོན་འདི་དང་ནི། །ཞེས་པས་སོ། །ཡང་རྩ་དང་རླུང་གི་དེ་ཉིད་གཙོ་བོར་སྟོན་པ་ནི་མ་རྒྱུད་དང་ཕ་རྒྱུད་དེ། ནཱ་རོ་པས། ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་དང་། ཤེས་རབ་ཀྱི་རྒྱལ་པོ་མ་རྒྱུད་ནས། །གདམ་ངག་གི་རྒྱལ་པོ་རྩ་རླུང་སྟོན། །ཞེས་དང་། ཞལ་ལུང་གི་འགྲེལ་པ་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མན་ངག་སྟེ། མཁའ་འགྲོ་མའི་རྒྱུད་རྣམས་ཀྱི་རྩ་གཙོ་བོར་བྱེད་པའི་རྒྱུད་དེ་དེས་རྟོགས་པའོ། །རྣལ་འབྱོར་ཐབས་གཙོ་བོར་བྱེད་པའི་རྒྱུད་ནི་རླུང་གི་དེ་ཉིད་གཙོ་བས་དེས་རྟོགས་པར་བྱེད་པའོ། །ཞེས་སོ། །རྣམ་པར་དག་པའི་ཁྱད་པར་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་ཕྱི་ནང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དེ། གང་དུ་ཕྱི་ནང་གི་རྩ་དང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ཤེས་རབ་ཀྱི་རྒྱུད་དོ། །ཞེས་གསུངས་ཤིང་། དྲི་མེད་འོད་ལས། འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས་ཐབས་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་རཏལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་སོ། །གསུམ་པ་གདུལ་བྱ་གང་ཟག་གི་ཁྱད་པར་ནི། སྐྱེས་པ་འདུལ་བ་ལ་ཕ་རྒྱུད། བུད་མེད་འདུལ་བའི་དོན་དུ་མ་རྒྱུད་དེ། གུར་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་དང་། གཞན་རང་སྡེ་དང་། གཞན་སྡེ་དག་ལྷ་ཕོ་མོ་ཤས་ཆེ་ཆུང་གིས་འབྱེད་པའང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་སྐྱེས་པ་དང་རང་གི་སྡེ་པ་འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མེད་དང་ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཞེས་སོ། །རྒྱལ་བའི་དབང་པོས། ལུས་དང་བསམ་པའི་དབྱེ་བས་འབྱེད་པར་གསུངས་ལ། ཁྱད་པར་དེ་དག་ཤས་ཆེ་བའི་ཕྱོགས་རེ་རེ་བ་མཚོན་ནས་བསྟན་པ་ཙམ་ཡིན་ནོ། །གཞན་སྟོན་པ་དང་། ཞུ་བ་པོ་དང་། སྡུད་པ་པོའི་ཁྱད་པར་ཕྱེ་བའི་འབྱེད་ཆོས་དག་ནི་ལུང་གིས་དངོས་སུ་ཟིན་པར་མི་སྣང་བས་བཞག་གོ །བཞི་པ་ངེས་དོན་དུ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བསྟན་པ་ནི། དེ་ལྟར་དམན་པ་ལ་མོས་པ་རྣམས་དྲང་བའི་དོན་དུ་ཐབས་ཤེས་རབ་ཀྱི་རྒྱུད་སོ་སོར་ཕྱི་ནས་གསུངས་ཀྱི། ངེས་པའི་དོན་དུ་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། རྣལ་འབྱོར་གྱི་གོ་དོན་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཡིན་ལ། དེ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས་ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་གི་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བཤད་ཅིང་། ཀྱེའི་རྡོ་རྗེ་ལས། ཧེའི་སྙིང་རྗེ་ཆེན་པོ་སྟེ། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་ཤིང་། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང་། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་གསུངས་ལ། དུས་འཁོར་རྩ་རྒྱུད་ལས་ཀྱང་། རྣལ་འབྱོར་ཐབས་ཀྱི་ལུས་ཀྱི་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་ནི། །ཤེས་རབ་སྒྲས་ཀྱང་འགྱུར་བ་མིན། །འདི་ནི་རྣལ་འབྱོར་རྒྱུད་ཅེས་བྱ། །ཀྱེ་ཡི་རྡོ་རྗེ་གཉིས་རྟོག་མེད། །འདུས་པ་ལ་སོགས་ཐམས་ཅད་རྣམས། །ཤེས་རབ་ཐབས་ཀྱི་བདག་ཉིད་དེས། །ཐམས་ཅད་རྣལ་འབྱོར་རྒྱུད་ཡིན་ཏེ། །ཤེས་རབ་ཐབས་ཀྱི་མིང་རྣམས་ཀྱིས། །ཞེས་གསུངས་ཤིང་། དྲི་མེད་འོད་ལས་ཀྱང་། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ། །ཞེས་པ་དང་། དེའི་ཕྱིར་རྒྱུད་གང་ལ་ཐབས་དང་ཤེས་རབ་ཀྱི་བརྗོད་པར་བྱ་བ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་རབ་ཀྱི་རྒྱུད་ཀྱང་མ་ཡིན་ལ། ཐབས་ཀྱི་རྒྱུད་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་དྲང་དོན་དུ་ཀྱེའི་རྡོ་རྗེ་དང་དུས་ཀྱི་འཁོར་ལོའང་མ་རྒྱུད་དུ་བཤད། ངེས་པའི་དོན་དུ་ཕ་མའི་རྒྱུད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བཤད་པའི་འོད་དཀར་འདིས་རིས་མེད་པ་ལ་རིས་སུ་ཕྱེ་ནས་ཀྱེའི་རྡོ་རྗེ་དང་དུས་འཁོར་ནི་གཉིས་མེད་ཀྱི་རྒྱུད། གཞན་དག་ནི་ཕ་དང་མ་ལ་སོགས་པའོ་སྙམ་སེམས་པ་དང་། ཟབ་པ་གཉིས་སུ་མེད་པའི་རྒྱུད་ཀྱེའི་རྡོ་རྗེ་དང་། རྒྱ་ཆེ་བ་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་ཞེས་སྤྱི་བརྟོལ་དུ་སྨྲས་པའི་མུན་པར་བརྡེག་འཆོས་པ་དག་ཕྱིན་ཆད་དབུགས་ཕྱིན་པར་གྱུར་ཅིག །བཞི་པ་གཞུང་རྣམ་པར་གཞག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་པ་དང་། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་ཤིང་། སངས་རྒྱས་ཐོད་པར་ཡང་དེ་དང་འདྲ་བར་གསུངས་པ་ལ། ས་ར་ཧས། རྣལ་འབྱོར་རྒྱུད་ལ་ནི་བྱེ་བ་ཕྲག་དྲུག་ཉིད་དོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་རྣམ་པ་དྲུག་ལའོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམ་པ་བཅུ་དྲུག་ལའོ། །ཞེས་རྣལ་འབྱོར་རྒྱུད་སྡེ་རྣམ་པ་དྲུག་དང་། རྣལ་འབྱོར་མའི་རྒྱུད་སྡེ་བཅུ་དྲུག་ཏུ་ཕྱེ་ནས་རེ་རེ་ལ་བྱེ་བ་ཕྲག་རེ་རེར་འབྱེད་པའི་ཚུལ་ཅིག་གསུངས་ལ། དེ་དག་ཀྱང་རྒྱུད་ཀྱི་མིང་སོ་སོ་བའི་གྲངས་ཡིན་གྱི་ཤློ་ཀའི་གྲངས་གཟུང་བ་ནི་མ་ཡིན་ནོ། །གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་བ་འདུས་པ་སྟོང་ཕྲག་གཅིག །ཅེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་ཕའི་རྒྱུད་བྱེ་བ་ཕྲག་དྲུག་ཡོད་པ་རྣམས་རྣམ་པར་འབྱེད་པའི་དོན་དུ་གསུངས་ལ། གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགྱེས་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་པས་རྣམ་གྲངས་བཅུ་གསུམ་གསུངས་པ་འདི་ནི་མའི་རྒྱུད་བྱེ་བ་ཕྲག་བཅུ་དྲུག་པ་རྣམ་པར་འབྱེད་པའི་དང་། ཡང་གསལ་བྱེད་སོ་དྲུག་དག་པས་ཕ་རྒྱུད། དབྱངས་སོ་དྲུག་དག་པས་མ་རྒྱུད་སོ་དྲུག་ཏུ་དུས་འཁོར་བསྡུས་རྒྱུད་ལས་བཤད་དེ། སོགས་ཡི་གེ་སུམ་ཅུ་ཧ་ཡ་ར་ཝ་ལ་ར་ལྡན་ཀྵ་དང་བཅས་པ་སུམ་ཅུ་རྩ་དྲུག་ཉིད། །དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་རོ་ཡིས་བསྒྱུར་བའི་རོ་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར། །སྐུ་ནི་གཉིས་པོ་ངེས་པ་ཅིག་གི་འཁོར་དང་བཅས་པ་གཉིས་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར། །ལྔ་ཡི་བདག་ཉིད་ལྔ་ཡི་འགྱུར་ཏེ་འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད། །དབྱངས་ཀྱི་གྲངས་ནི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་དྲུག་བདག་ཉིད་དེ། །ཡ་ལ་སོགས་པ་རྣམས་ཀྱི་སྒོ་སྐྱོང་མཐའ་དག་ཚོགས་ཀྱི་རིགས་ནི་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་རང་རིག་ཕྱོགས་སུ་གནས་རྣམས་རླུང་གི་དབྱངས་སོགས་དབྱེ་བ་ཡིས། །སོ་སོར་ཡི་གེའི་དབྱེ་བ་རྣམས་ཀྱི་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད། །ཅེས་སོ། །ཡང་སྒྲོན་གསལ་དུ། གསལ་བྱེད་སུམ་ཅུ་རྩ་གསུམ་མིང་གི་མཐའ་ཅན་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་དཔལ་འདུས་པ་ནི་རྩ་བའི་རྒྱུད་ཡིན་ལ། རྒྱུད་གཞན་ཐམས་ཅད་ནི་དེ་ལས་གྱེས་པའི་ཡན་ལག་ལྟ་བུ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །དེ་དག་ཅི་རིགས་པ་བོད་ན་འགྱུར་སྣང་ཞིང་། ཕལ་ཆེར་མི་སྣང་ལ། སྔར་འགྱུར་བའི་དཀར་ཆག་ལ་ཡོད་པའང་ད་ལྟ་མི་སྣང་ངོ་ཞེས་བུ་སྟོན་གསུང་ངོ་། །དེ་ལྟར་བཤད་པའི་བྱ་བའི་རྒྱུད་དེ་ལའང་། བྱ་བ་སོ་སོའི་རྒྱུད་དང་། སྤྱིའི་རྒྱུད་གཉིས། དང་པོ་ལ། རིགས་དྲུག་ལས། དེ་བཞིན་གཤེགས་པའི་རིགས་ལའང་། དམ་ཚིག་གསུམ་བཀོད་པ་ལ་སོགས་པ་རིགས་ཀྱི་གཙོ་བོའི་རྒྱུད་དང་། འཇམ་དཔལ་རྩ་རྒྱུད་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། དབང་བསྐུར་བའི་གཟུངས་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། གདུགས་དཀར་མོ་ཅན་ལ་སོགས་པ་གཙུག་ཏོར་གྱི་དང་། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པའི་གསང་རྒྱུད་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། སྒོ་བཟང་པོའི་གཟུངས་ལ་སོགས་པ་རིགས་ཀྱི་ཕོ་ཉ་མོའི་དང་། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སྔགས་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་སུ་འདུས་པའི་བྱང་སེམས་ཀྱི་དང་། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ལ་སོགས་པ་གནས་གཙང་གི་ལྷའི་རྒྱུད་དེ་བརྒྱད་དུ་རྣམ་པར་གཞག་གོ །གཉིས་པ་པདྨའི་རིགས་ལའང་། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་སོགས་པ་རིགས་ཀྱི་གཙོ་བོའི་དང་། སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨའི་དྲ་བ་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། རྟ་མགྲིན་གྱི་རྒྱུད་ཆེན་པོ་དཔལ་སྡོམ་པ་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། ཕྱིར་བཟློག་པ་སྟོབས་ཆེན་གྱི་གཟུངས་ལ་སོགས་པ་རིགས་ཀྱི་བཀའ་ཉན་ཕོ་མོའི་རྒྱུད་དེ་ལྔར་བཞག་གོ །གསུམ་པ་རྡོ་རྗེའི་རིགས་ལའང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བ་མི་འཁྲུགས་པའི་གཟུངས་ལྟ་བུ་རིགས་ཀྱི་གཙོ་བོའི་རྒྱུད་དང་། རིག་པ་མཆོག་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཀྱི་གཟུངས་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་བཞི་པའི་གཟུངས་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། སྟོབས་པོ་ཆེའི་གཟུངས་ལ་སོགས་པ་རིགས་ཀྱི་ཕོ་ཉ་དང་ཕྱག་བརྙན་ཕོ་མོའི་རྒྱུད་དེ་ལྔར་བཤད་དོ། ནོར་བུ་བཟང་པོའི་གཟུངས་ལ་སོགས་པ་ནོར་ཅན་གྱི་རྒྱུད་དང་། མེ་ཁ་ལའི་གཟུངས་ལ་སོགས་པ་ལྔས་རྩེན་གྱི་རྒྱུད་དང་། རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་རིགས་ཀྱི་རྒྱུད་དེ། དེ་དག་ཏུ་བཞག་ཏུ་མེད་ཅིང་ཞར་ལས་བཤད་པ་འཇིག་རྟེན་པའི་ལྷ་དྲག་པོ་དང་། ནོར་ལྷའི་བུ་དང་། ཚངས་པ་དང་། ཉི་མ་དང་། ནམ་མཁའ་ལྡིང་དང་། གཏུམ་བྱེད་དང་། མེ་ལྷ་དང་། ཕུར་བུ་གསུམ་པ་དང་། ཀླུའི་རྒྱལ་པོ་དང་། མཚན་མོ་རྒྱུ་བ་དང་། རྒྱལ་པོ་བཞི་དང་། ལྷ་མིན་དབང་པོ་དང་། ལྷའི་བདག་པོ་རྣམས་ཀྱིས་བཤད་པ་དེ་དག་ཀྱང་རང་རང་གི་གཞུང་ནས་འབྱུང་བའི་ཚུལ་ཆོ་ག་གཞན་དང་མ་འདྲེས་པར་རང་རང་གི་ལྷ་ལ་དད་ཅིང་ཐེ་ཚོམ་མེད་པར་བསྒྲུབས་ན་འགྲུབ་པར་དཔུང་བཟང་ལས་བཤད་དོ། །གཉིས་པ་བྱ་བ་སྤྱིའི་རྒྱུད་ལ། རིགས་ཐམས་ཅད་མཉེས་པར་བྱ་བའི་ཐབས་སུ་གྱུར་པ། འཇུག་པ་དང་། སྦྱོར་བ་དང་། སྒྲུབ་པ་དང་། གྲུབ་པའི་སྤྱོད་པ་རྣམས་འདུས་ཤིང་ཚང་ལ། གསལ་བ་དང་མ་ནོར་བར་སྟོན་པ་དཔུང་བཟང་གི་རྒྱུད། ཁྱད་པར་འཇུག་པའི་སྤྱོད་པའི་སྐབས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་སྟོན་པ་གསང་བ་སྤྱི་རྒྱུད་དེ། དེ་ཉིད་ལས། དེ་ནས་གཞན་ཡང་གསང་བའི་རྒྱུད། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །ཞེས་གསུངས་ལ། དེ་སྤྱིའི་ཆོ་གར་འགྲོ་རྒྱུའི་དཀྱིལ་འཁོར་དེ་དག་ཀྱང་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་ཁོ་ན་སྟེ། དེ་ཉིད་དུ། གཞན་གྱིས་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པ་ལ་སོགས་གང་། །པདྨའི་རིགས་ཀྱི་བཤད་པ་དག །འཇིག་རྟེན་དག་ལ་བརྩེ་ཕྱིར་ངས། །རྣམ་པར་གནོད་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་དེ་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་ངེས་བཟུང་དུ་མཛད་པའི་ཕྱིར་རོ། །འགའ་ཞིག་འདིས་རྒྱུད་སྡེ་གོང་མ་དག་གིའང་སྤྱིའི་ཆོ་ག་བསྟན་ནོ་སྙམ་སེམས་པ་ནི་རྣམ་དཔྱོད་ཞན་པར་ཟད་དོ། །དེ་ལྟར་དབང་གི་རྒྱུད་སྨིན་ནས་སྒྲུབ་ཐབས་ལ་འཇུག་པར་བྱེད་པ་ལ། སྦྱོར་བའི་ཆོ་ག་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། སྦྱོར་བ་དང་གྲུབ་པའི་སྤྱོད་པ་ཐུན་མོང་དུ་སྟོན་པ་ལེགས་པར་གྲུབ་པའི་རྒྱུད་དེ་སྤྱི་རྒྱུད་བཞིའོ། སྤྱོད་པའི་རྒྱུད་བོད་དུ་འགྱུར་བ་ནི་རྣམ་སྣང་མངོན་བྱང་སྟེ། གཞན་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ནི་སློབ་དཔོན་སངས་རྒྱས་གསང་བས། དེ་ནས་གཞན་པའི་འདུལ་བ་དག་ལ་ནི་དད་པའི་སྒོ་ནས་བྱ་བའི་ལུགས་ཅན་གྱི་རྒྱུད་ཕྱིའི་བྱ་བའི་ཁྱད་པར་ཡང་དག་པར་བསྟན་པ་ཐབས་དང་ཤེས་རབ་ལ་གོམས་པ་གཙོ་བོར་མཛད་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་བསྟན་ཏེ། འདི་ལྟར་འཕགས་པ་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། སྐུ་གསུམ་གྱི་གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་རྒྱུད་དུ་མཛད་ལ། སློབ་དཔོན་ཛྙྱཱ་ན་བོ་དྷིས། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཀྱང་ཞེས་གསུངས་པ་དང་། ཇོ་བོ་རྗེའི་ལམ་སྒྲོན་གྱི་རང་འགྲེལ་ལས་ཀྱང་། སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བརྒྱད་བཞུགས་སོ། །ཞེས་སྤྱོད་རྒྱུད་དུ་གསུངས་སོ། །རྣམ་སྣང་མངོན་བྱང་གི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་ལས། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་དོན་དམ་པའི་ཚུལ་རབ་ཏུ་བསྒྲགས་པ་བསྒྲུབ་པའི་སྦྱོར་བ་ཐབས་དང་ཤེས་རབ་ལ་གོམས་པ་སྔོན་དུ་འགྲོ་བ་ཡང་དག་པར་སྟོན་པ་ཕྱིའི་གཙང་སྦྲ་ཡོད་པ་ལ་སོགས་པ་སྒྲུབ་པ་རྣམ་པར་སྨད་པ་དོན་དམ་པའི་རྣལ་འབྱོར་ལ་གོམས་པའི་རྒྱུར་གྱུར་པ་བསྟན་པ་འདིའང་གདུལ་བའི་སྐྱེ་བོ་བྱ་བའི་རྒྱུད་ཀྱི་ལུགས་དེ་ལྟ་བུ་ལ་མོས་པ་དག་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ་ཞེས་བསྒྲགས་སོ་ཞེས་བཤད་པས་རྣམ་སྣང་མངོན་བྱང་ཡང་བྱ་རྒྱུད་དུ་བཞེད་དོ་སྙམ་ན་མ་ཡིན་ཏེ། ལུང་དེ་ཉིད་ཀྱིས། རྒྱུད་འདི་གདུལ་བྱ་གཞན་དྲང་བའི་ཆེད་དུ་བྱ་བའི་རྒྱུད་ཀྱི་མིང་གིས་བསྟན་པ་ཞིག་ཀྱང་ཡོད་པ་དང་། དེ་དགོངས་པ་ཅན་དུ་བསྟན་པས་སོ། །དེས་ན་རྒྱུད་དེ་ནི་སྤྱོད་རྒྱུད་ཀྱི་དེ་བཞིན་གཤེགས་རིགས་ཀྱི་རྒྱུད་ཡིན་ལ། ལག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་སྤྱོད་རྒྱུད་དུ་བཞེད་པ་དག་རྡོ་རྗེའི་རིགས་སུ་གསུང་ངོ་། རྣལ་འབྱོར་གྱི་རྒྱུད་ལ། དེ་ཉིད་འདུས་པ་ལ་སོགས་པ་རྩ་བའི་རྒྱུད། རྡོ་རྗེ་རྩེ་མོ་ལ་སོགས་པ་བཤད་པའི་རྒྱུད། དཔལ་མཆོག་དང་པོ་ལ་སོགས་པ་ཕྱི་མའི་རྒྱུད་དོ། །བླ་མེད་ཀྱི་ཕ་རྒྱུད་ལ་རིགས་དྲུག་ཏུ་བཤད་པའི་དང་པོ། །མི་བསྐྱོད་པའི་རིགས་ལ། གསང་འདུས་དང་། རྡོ་རྗེ་རིགས་ཀྱི་ཁྲོ་བོ། །ཕྱག་རྡོར་གྱི་སྐོར། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྐོར། རིན་པོ་ཆེའི་རིགས་ཀྱི་རྒྱུད་ནི་རིན་ཆེན་འབྱུང་གནས་དང་། ནམ་མཁའི་སྙིང་པོ་ལ་སོགས་པའི་རྒྱུད་དེ་བོད་ན་མེད། འོད་དཔག་མེད་ཀྱི་རྒྱུད་ནི། འོད་དཔག་མེད་དང་སྤྱན་རས་གཟིགས་ཀྱི་སྐོར་ཡིན་ལ། བོད་ན་རལ་པ་གཅིག་པའི་བརྟག་པ་ཙམ་མིན་པ་མེད་ཅེས་བུ་སྟོན་གསུང་ངོ་། །ལས་རིགས་ཀྱི་རྒྱུད་དོན་གྲུབ་དང་བདུད་རྩི་འཁྱིལ་བའི་སྐོར་ཀྱང་བོད་ན་མེད། ཟླ་གསང་ཐིག་ལེ་དྲུག་པ་རྡོ་རྗེ་འཆང་གི་རྒྱུད་དོ། །རྣལ་འབྱོར་མ་རྒྱུད་ལ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་རིགས་དྲུག་མཉམ་པར་སྟོན་པའི་རྒྱུད། བདེ་དགྱེས། སངས་རྒྱས་ཐོད་པ། སྒྱུ་འཕྲུལ་ཆེན་མོ། ཨ་ར་ལི་གཉིས། དུས་ཀྱི་འཁོར་ལོ་དང་བཅས་པ་རྣམས་ཧེ་རུ་ཀའི་རྒྱུད། གདན་བཞི་པ་རྣམ་སྣང་གི་རྒྱུད། རྡོ་རྗེ་བདུད་རྩི་རྡོ་རྗེ་ཉི་མའི་རྒྱུད། པདྨའི་འབར་བའི་རྒྱུད་ཆེན་པོ་ལ་སོགས་པ་པདྨ་གར་དབང་གི་རྒྱུད། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལ་སོགས་པ་རྟ་མཆོག་གི་རྒྱུད། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་དེ། དེ་ལྟར་བདུན་དུ་བཤད་དོ། །དེ་དག་ཀྱང་བཞུགས་ཚུལ་གྱི་སྒོ་ནས་རྩ་བའི་རྒྱུད། བརྟག་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་པའི་རྒྱུད། སྙིང་པོའི་རྒྱུད། འབྲས་བུའི་རྒྱུད། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་བརྒྱད་དུ་ཕྱེ་སྟེ། ཡེ་ཤེས་ཐིག་ལེར། དེ་ལྟར་རིམ་པ་ཐམས་ཅད་ནི། །ལྷ་མོ་དེ་ཉིད་ཤེས་པར་བྱ། །ས་བོན་ལས་ནི་མྱུ་གུ་བཞིན། །རྒྱུད་ཀུན་རིམ་ཤེས་རིམ་པས་སོ། །ཞེས་པས་ས་བོན་ལ་མྱུ་གུ་ནས་འབྲས་བུའི་བར་རིམ་པས་འབྱུང་བ་བཞིན་དུ། རྩ་བའི་རྒྱུད་ལས་རྒྱུད་གཞན་རྣམས་རིམ་པ་བཞིན་འབྱུང་བས་དོན་གྱི་རིམ་པས་བཞུགས་པ་ཡིན་ལ། རྒྱུད་ཀུན་རིམ་ཤེས་ཞེས་གསུངས་པའི་ཕྱིར། རྒྱུད་གཞན་ཐམས་ཅད་ལའང་མཚུངས་པ་འགྲེལ་པར་བཤད་དོ། །འདིའི་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། ལྷ་མོ་བརྒྱད་པོ་སྐུ་དང་བྲལ། །དེ་ཕྱིར་སྨྲ་བར་མི་བཏུབ་བོ། །ཞེས་པ་འདི་གཞན་དག་བདེ་སྟོང་གི་མྱོང་བ་ལ་བཤད་ཀྱང་མ་ཡིན་ཏེ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་སློབ་དཔོན་ཏེ་ལོ་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་རྒྱུད་ཐམས་ཅད་ཀྱི་ངེས་པ་སྟོན་པའི་རྒྱུད་འདི་ཡིན་ནོ། །རྒྱུ་མཚན། རྩ་བའི་རྒྱུད་ས་བོན་ལྟ་བུ་ནས། འབྲས་རྒྱུད་འབྲུར་ཆགས་པའི་དཔེ་ཅན་གྱི་བར་བཤད་ནས། བརྒྱད་པ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ནི་འབྲས་བུ་ལོངས་སྤྱོད་པ་ལྟ་བུ། དེ་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཐབས་ཀྱིས་ཉམས་སུ་མྱོང་བར་བྱེད་པའོ། །ཡང་ན་དབང་མདོར་བསྟན་ལས། རྒྱུད་ལ་མདོར་བསྟན་རྣམ་གསུམ་དང་། །རྒྱས་པར་བཤད་པ་གསུམ་དུ་འགྱུར། །ཞེས་ཀྱང་གསུངས་སོ། །ལྔ་པ་འཆད་ཚུལ་གྱི་རྣམ་པར་གཞག་པ་ཞིབ་མོར་བཤད་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་འགྲེལ་པ་ལས་བཤད་པ་ལྟར། འཇུག་པ་དང་། སྦྱོར་བ་དང་། འགྲུབ་པ་དང་། གྲུབ་པའི་སྤྱོད་པ་དང་བཞིས་བྱ་བའི་རྒྱུད་རྣམས་བཤད་པར་བྱ་བ་ལ། རྒྱུད་གང་ལ་ཐམས་ཅད་མ་ཚང་ཞིང་མི་གསལ་བ་དག་ལ། བྱ་བ་སྤྱིའི་བཤད་པའི་རྒྱུད་བཞིས་ཁ་བསྐང་སྟེ་བཤད་པར་བྱའོ། །སྤྱོད་པའི་རྒྱུད། རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པ་ལྟར། གདུལ་བྱ་དབང་རྣོན་འགོ་སྨོས་པས་གོ་བ་ལ་རྒྱུད་གྱི་མཚན་ཙམ་དང་། དབང་འབྲིང་རྣམ་པར་ཕྱེ་བས་གོ་བ་ལ་མིང་དེ་ཉིད་ཀྱིས་དོན་རབ་ཏུ་ཕྱེ་བ་ཙམ་བརྗོད་པ་དང་། དབང་རཏལ་ཚིག་ལྷུར་ལེན་པ་ལ། ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་ཕྱེ་བ་བརྟག་པའི་རིམ་གྱིས་རྒྱས་པར་སྤྲོས་ཏེ་འཆད་པའི་སྒོ་གསུམ་གྱིས་སོ། །རྣལ་འབྱོར་གྱི་རྒྱུད་རྣམས་ནི་རྩེ་མོ་ལས་བཤད་པ་ལྟར། ལས་ཐམས་ཅད་བསྡུས་པའི་བཤད་པ་དང་། གསང་ཚིག་བྱེ་བྲག་ཏུ་འབྱེད་པའི་བཤད་པ་དང་། ལྡེམ་པོར་དགོངས་པ་རྣམ་པར་འགྲེལ་པའི་བཤད་པ་དང་། དེ་ཁོ་ན་ཉིད་ཤེས་པར་བྱེད་པའི་བཤད་པ་སྟེ། རྟོག་བསྡུས་བཞི་སྦྱོར་གྱིས་སོ། །རྣལ་འབྱོར་བླ་མེད་ཀྱི་བཤད་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས་བཤད་ཐབས་ཀྱི་ཡན་ལག་རྒྱན་བདུན་དུ་གསུངས་ཏེ། གླེང་བསླང་བ་ལྔ། འཚང་རྒྱ་བའི་ཚུལ་བཞི། རྒྱས་བཤད་མཐའ་དྲུག བཤད་པའི་ཚུལ་བཞི། ཚོགས་དང་སློབ་མ་ལ་བཤད་པའི་དབྱེ་བ་གཉིས། རྒྱུད་ལ་འཇུག་པའི་གང་ཟག་ལྔ། དགོས་པ་བདེན་པ་གཉིས་རྣམ་པར་ངེས་པ་སྟེ། བདུན་གྱི་སྒོ་ནས་ཕ་རྒྱུད་གཙོ་ཆེར་བཤད་པའི་ཚུལ་སྒྲོན་མ་གསལ་བ་ལས་རྒྱས་པར་བཤད་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལས་ཕྱི་ནང་གཞན་གསུམ་གྱིས་བཤད་པའི་ཚུལ་ལམ་ནཱ་རོ་འགྲེལ་ཆེན་ལས། དྲང་བ་དང་ངེས་པའི་དོན་གྱི་རིམ་པས་རྒྱས་པར་འཆད་དེ། ཇི་ལྟར་གྱུར་པ་མདོར་བསྟན་དང་། །རྒྱས་པར་བཤད་པ་གསལ་བར་བྱེད། །ཟབ་དོན་ཤིན་ཏུ་རྒྱས་བཤད་དང་། །རྒྱུད་ཀྱི་བཤད་པ་རྣམས་གསུམ་སྟེ། །རྡོ་རྗེ་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་རྗོད་བྱེད་ཚིག་གི་རྒྱུད། བརྗོད་བྱ་དོན་གྱི་རྒྱུད་གཉིས་སུ་ཕྱེ་ནས་ཕྱི་མ་དེ་གཏན་ལ་འབེབས་པའི་ཕྱིར། དབང་རྣོན་དོན་གྱི་ཡེ་ཤེས་སུ་གོ་ནུས་པ་ལ་མཚན་དོན་དུ་བཤད་པ། དབང་འབྲིང་ཐོད་རྒལ་བ་དཔེའི་ཡེ་ཤེས་སུ་གོ་ནས་ངེས་དོན་མཚོན་ནུས་པ་ལ་གླེང་གཞི་བཞུགས་ཚུལ་དུ་བཤད་པ། དབང་པོ་ཐ་མ་རིམ་གྱིས་པ་ཚིག་གི་སྤྲོས་པ་ལ་བརྟེན་ནས་རིམ་གྱིས་དོན་གོ་བར་ནུས་པ་ལ་མདོར་བསྟན་རྒྱས་བཤད། །རྒྱས་བཤད་ཆེན་པོས་མ་རྒྱུད་གཙོ་ཆེར་འཆད་པར་གསུངས་སོ། །དེ་ལྟར་རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་འདི་ནི་དཔལ་འབྲུག་པ་ཞེས་ས་གསུམ་ན་གྲགས་པའི་པཎྜྻི་ཏ་པདྨ་དཀར་པོས་གཡས་རུ་གཙང་གི་མཐིལ་པ་སྣམ་ལྷུན་གྲུབ་རྩེར་གཞན་ལ་སྦྱིན་པར་བྱ་བའི་ཆོས་སུ་བྱས་པའོ།། །།མངྒ་ལཾ།།