Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

6 occurrences of དེའི་འོག་ཏུ་
[Clear Hits]


  
 
གསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ།
 
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
  


6 occurrences of དེའི་འོག་ཏུ་
[Clear Hits]

 
previousགསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ།next

གསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ།

གསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ་བཞུགས་སོ། །རྗེ་བཙུན་འཇམ་དཔལ་དབྱངས་རྡོ་རྗེའི་སློབ་དཔོན་བཀའ་དྲིན་ཅན་དུ་སྣང་བའི་ཞབས་ལ་ཕྱག་འཚལ་ལོ། །གསང་འདུས་གངས་ཅན་མཚོ་འདིའི་དཔྱིད། །ཀུན་བཟང་ཕྱག་གི་པདྨའི་རྩེས། །རྡོ་རྗེའི་རོལ་གར་འབུམ་སྒྱུར་མཁན། །ཆོས་ཀྱི་བློ་གྲོས་ཉིན་མོར་བྱེད། །དེས་ཡང་སྲིད་གདུང་རྨོངས་པའི་མུན་ལྷན་ཅིག །ཕ་རོལ་སྐྲོད་ལ་ངག་དབང་ནམ་མཁའི་མཐིང་། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་རྒྱུ་སྐར་སྡེའི། །རྒྱལ་པོ་སླར་མཛད་དེ་ལ་ཕྱག་འཚལ་ལོ། །གང་གི་ཟེར་རྒྱས་བྱུག་པ་གཡས་འཁྱིལ་ནས། །ཡན་ལག་དྲུག་ཅུའི་ལྷ་རྔ་ཇི་ལྟ་བར། །བསྟན་པ་ཐམས་ཅད་སྙན་པར་སྒྲོག་པ་ལ། །སྙིང་རྗེའི་དབུགས་ལས་བྱང་བ་ཁོ་བོ་འོངས། །དེ་ཚེ་དབྱངས་ཅན་སུག་ལས་ཀུན། །འདིས་སྦྱོར་དེ་ཕྱིར་བདག་ཅག་ནི། །རེ་ཞིག་ངལ་བསོར་འོས་སོ་ཞེས། །བཤེས་གཉེན་གཞན་དག་མནལ་བ་བཞིན། །འདིར་གང་བཤད་བྱ་དཔལ་གསང་བ་འདུས་པའི་རྒྱུད་ལས། གང་གིས་འཆད་བྱེད་རྒྱན་བདུན་གྱིས་དེ་བརྒྱན་པར་བྱ་བ་གཉིས་ལས། དང་པོ་ཐ་སྙད་ལ་བརྟེན་ནས་དོན་རྟོགས་པའི་ཕྱིར་མཚན། དེ་ཇི་ལྟར་གསུངས་ཤིང་བཀྲལ་བ། རྒྱུད་རང་གི་ངོ་བོ་གཏན་ལ་དབབ་པ་གསུམ་ལས། །དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་གུ་་ས་མཱ་ཛ་མ་ཧཱ་ཏན྄་ཏྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་ནི་གཞན་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་ལ། གསང་བ་འདུས་པ་ནི་འདི་ཉིད་ཀྱི་རྒྱུད་ཕྱི་ལས། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་སུ་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །འཚོགས་པ་འདུས་པ་ཡིན་པར་བཤད། །འདི་ལ་སྒྲོན་མ་གསལ་བ་ལས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རིགས་གསུམ་དུ་ཡོངས་སུ་གྱུར་བ་སྟེ་ཡི་གེའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་ཡི་གེ་གསུམ་གྱི་སྤྱིའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་གསུམ་པོ་རང་བཞིན་གྱིས་སྣང་བ་རླུང་གི་བཞོན་པ་ཅན་ཏེ་སྦས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་སྟེ་མཐར་ཐུག་པའོ། །ཞེས་དང་ཡང་། འདུས་པ་ཞེས་པ་ནི་གཉིས་གཅིག་ཏུ་གྱུར་པ་ནི་འདུས་པ་སྟེ་ཡི་གེའི་དོན་ཏོ། །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྤྱིའི་དོན་ནོ། །ཤེས་རབ་ཐབས་ཡང་དག་པར་སྦྱོར་བ་ནི་འདུས་པ་སྟེ་སྦས་པའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་འདྲེས་པ་ནི་འདུས་པའོ། །ཞེས་གསུངས། དེ་བཞིན་རྗེ་བཙུན་ནཱ་རོ་པས། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེ་གསུམ་དུ་སྐུ་གསུང་ཐུགས་སུ་སྣང་བ་དེ་ཉིད་གསང་བ་གཉིས་གཅིག་ཏུ་གྱུར་པ་ནི་ཡི་གེའི་དོན་གྱིས་འདུས་པའོ། །ཡི་གེ་གསུམ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུར་གྱུར་ནས་རིག་མ་དང་རྡོ་རྗེ་པདྨ་འདུས་པར་གྱུར་པ་ནི་སྤྱི་དོན་གྱི་གསང་བ་འདུས་པ་ཞེས་བྱའོ། །རྣམ་པ་གསུམ་གྱི་རླུང་གི་བཞོན་པ་དང་ལྡན་པ་དེ་ཉིད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་སྒྱུ་མ་ལྟ་བུའི་སྐུར་གྱུར་པ་ནི་སྦས་དོན་གྱི་གསང་བ་འདུས་པའོ། །བདེན་པ་རྣམ་པ་གཉིས་ཟུང་དུ་འཇུག་པ་གཉིས་སུ་མེད་པར་གྱུར་པ་ནི་མཐར་ཐུག་པའི་གསང་བ་འདུས་པ་ཞེས་བྱའོ། །དེས་ནི་རྒྱུད་ཀྱི་དོན་ཐམས་ཅད་སྨོས་པ་ཡིན་ཞེས་གསུངས་པའི་དང་པོས་དངོས་པོའི་གནས་ལུགས་དང་། དེ་ཁྱད་པར་ཅན་དུ་བྱེད་པ་དབང་། གཉིས་པ་དང་གསུམ་པས་རིམ་པ་བཞིན་བསྐྱེད་རིམ་དང་རྫོགས་རིམ་གྱི་ལམ། བཞི་པས་འབྲས་བུ། འདི་ཙམ་གྱི་དབང་པོ་རྣོན་པོས་རྒྱུད་ཐམས་ཅད་གོ་བར་ནུས་པ་ཡིན་ནོ། །ཇི་ལྟར་དང་པོས་དངོས་པོའི་གནས་ལུགས་གོ་བར་འགྱུར་ཞེ་ན། །རིགས་ནི་ལྔ་དང་གསུམ་དག་དང་། །ངོ་བོ་ཉིད་གཅིག་རིགས་བརྒྱའོ། །བྱང་ཆུབ་རྡོ་རྗེ་བཅས་གསུངས་པ། །ཞེས་པས་རང་གི་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབྱེ་བས། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པད྄་མ་དང་། ལས་དང་། རྡོ་རྗེའི་རིགས་ཅན་འབྱུང་བ་ཆེན་པོ་ལྔའི་དེ་ཁོ་ན་ཉིད་དུ་འགྱུར་རོ། །རྩ་བའི་རྒྱུད་ལས་ཀྱང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །ཞེས་གསུངས་སོ། །ལྔ་པོ་དེ་ཡང་གསུམ་དུ་འདུ་སྟེ། རིན་ཆེན་འབྱུང་གནས་དང་སྐུ་རྡོ་རྗེ། དོན་གྲུབ་དང་གསུང་རྡོ་རྗེ། མི་བསྐྱོད་པ་དང་དྲུག་པ་རྡོ་རྗེ་འཆང་གཉིས་སུ་མེད་པར་འགྱུར་བས་སངས་རྒྱས་ཐམས་ཅད་ནི་རང་གི་ལུས་དང་ངག་དང་ཡིད་ཀྱི་བསྡུས་པར་འགྱུར་བའི་ཕྱིར་གསུམ་དུ་བཤད་དོ། །ཟླ་གསང་ཐིག་ལེ་ལས་ཀྱང་། ལུས་ངག་ཡིད་ཀྱི་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་གསུངས་སོ། །གསུམ་པོ་དེ་ཡང་ལྷག་པའི་ལྷ་གསང་བ་ཆེན་པོ་རིགས་གཅིག་ཏུ་འདུ་བ་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྡུས་པའི་སྐུ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྣང་བས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་ལ་ལྷག་པའི་ལྷ་ཞེས་བྱ། དེ་ནི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ་སྟེ། ཤིན་ཏུ་རྫོགས་པ་ཆེན་པོར་གྱུར་པས་དེ་ལ་དེ་སྐད་ཅེས་བྱའོ། །བདེ་མཆོག་ལས་ཀྱང་། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་ཏུ་རབ་ཏུ་ཆེ་བའི་ལྷ། །ཞེས་གསུངས་སོ། །ཕུང་པོ་ལྔ་རྣམས་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པ་དང་། འབྱུང་བ་བཞི་ཡུམ་བཞིས་དང་། དབང་པོ་ལྔ་སེམས་དཔའ་དང་། ཡུལ་ལྔ་སེམས་མས་བྱིན་གྱིས་བརླབས་པ་སྟེ། རྩ་བའི་རྒྱུད་ལས། ས་ཡི་ཁམས་ནི་སྤྱན་མར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀི །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །ཞེས་དང་། ཡང་། རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང་། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་དང་། གཟུགས་སྒྲ་དྲི་རོ་སྔགས་པ་ཡིས། །ལྷ་རྣམས་སུ་ནི་རྟག་པར་བསྒོམ། །ཞེས་དང་། །ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །རྟག་ཏུ་གསོད་ལ་བརྩོན་པ་སྟེ། །གསོད་པའི་དོན་གྱིས་འགྲུབ་པར་འགྱུར། སྒྲུབ་པའི་མཆོག་ལ་བརྩོན་པ་ཡིན། །ཞེས་སོ། །རེ་རེ་ལ་ཡང་ལྔ་ལྔའི་དབང་དུ་བྱས་པས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་དབང་པོ་ལ་ཡེ་ཤེས་ལྔར་ཕྱེ། དེ་དབང་པོ་ཐམས་ཅད་ཀྱི་བདག་པོ་སྟེ། ཕྱིའི་ཡུལ་ནི་མེད་ཀྱིས། སོ་སོ་རང་རིག་པ། ཆོས་ཀྱི་དབྱིངས་ཡུལ་དུ་བྱས་ནས། རྡོ་རྗེ་འཆང་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རིགས་བརྒྱ་པོ་ཀུན་ལ་ཁྱབ་པར་བྱེད་པས་རིགས་བརྒྱ་སྟེ། དེ་ཉིད་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་སྟེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་སོ། །རྡོ་རྗེ་འཆང་ཆེན་པོ་དེ་ནི་མིང་གཞན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་སྟེ། དེ་དང་བཅས་པ་ནི་དེའི་མཐུ་ལས་རིགས་ལྔ་ནས་བརྒྱའི་བར་དུ་སྣང་བ་ཡིན་ལ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེའི་མཚན་ཉིད་ཀྱང་། ཐོག་མ་ཐ་མ་མེད་ཞི་བ། །དངོས་པོ་དངོས་མེད་ཟད་ཁྱབ་བདག །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་ཞེས་བྱ་བ་ཡིན། །ཞེས་པས་སེམས་དངོས་པོའི་གནས་ལུགས་དེ་ཉིད་འོད་གསལ་བ་དང་སྙིང་རྗེ་ཆེན་པོ་ལ་ཁྱབ་པ་ཐ་མི་དད་ཅིང་དབྱེར་མེད་པ་ཡིན་པས་དེ་སྐད་ཅེས་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །མི་ཕྱེད་ཅེས་པ་དེའི་དེ་ཉིད་མངོན་དུ་གྱུར་པ་ལས་རིག་པའི་སྐྱེས་བུ་ཞེས་བྱ་བ་དེར་འགྱུར་ཏེ། རིགས་དང་ལྷན་ཅིག་ལྡན་པས་ན། །རིགས་པའི་སྐྱེས་བུ་ཞེས་བརྗོད་དོ། །ཞེས་སོ། །ཕྱེ་བའི་དངོས་པོ་ཉིད་ཅེས་པ་དེ་ལ་སྣང་བ་གསུམ་སོ་སོར་བྱེ་བ་ཁམས་གསུམ?་པོའི་སེམས་ཅན་དུ་གྲུབ་པ་ཡིན་ལ། འདིས་བསྐྱེད་པའི་རིམ་པ་དང་། སྔ་མས་རྫོགས་པའི་རིམ་པའི་བསྒྲུབ་གཞི་བསྟན་པ་ཡིན་ནོ། །དེ་ཡང་དེའི་རྒྱུད་ཀྱི་རྒྱལ་པོ་ནི། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །རྒྱུད་ནི་ཐོག་མ་ཞེས་བརྗོད་དེ། །ཞེས་པ་ལ་རྗེ་བཙུན་ནཱ་རོ་པས། །རིགས་ནི་རང་གི་སེམས་ཀྱི་རྒྱུད་ཅེས་བྱ་བ་ཡིན་ཏེ། །རང་གི་སེམས་ཀྱི་རང་བཞིན་དེ་ནི་ཐོག་མ་མེད་པའི་དུས་ནས་ཡང་དག་པའི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་སྒྱུ་མ་སྣང་བ་དེ་ལ་ཐོག་མ་མེད་པ་ཞེས་བྱ་བ་དང་། རིགས་དང་རྒྱུན་དང་རྒྱུད་ཅེས་བྱའོ། །དེ་ཉིད་སེམས་རྣམ་པར་དག་པར་ཡང་དག་པར་རྟོགས་པའི་དུས་ན་ཡང་དག་པའི་རིགས་ཞེས་བྱ་བ་ཡིན་ནོ། །མི་འཇིགས་སྐྱེ་བ་མེད་གང་ཡིན་ཞེས་པ་ལ། །དོན་དམ་པར་ན་སེམས་ཀྱི་རྒྱུན་དེ་སྐྱེ་བ་མེད་པ་གང་ཡིན་པ་དེ། ཀུན་རྫོབ་ཏུ་ནི་སེམས་ཀྱི་རྒྱུད་དེ་སྒྱུ་མ་ལྟ་བུར་སྣང་བས་མི་འཇིགས་པ་ཞེས་བྱའོ། །དེ་བས་ན་མི་འཇིགས་པས་སྐྱེ་བ་མེད་པའི་སེམས་དེ་ནི་གཙོ་བོའམ་མགོན་པོའམ་རྟེན་ནམ་རྒྱུའི་ཐོག་མ་ཞེས་བྱའོ། །འདི་སྐད་སྟོན་ཏེ། རང་གི་སེམས་ཀྱི་རྒྱུན་སྒྱུ་མ་ལྟ་བུར་སྣང་བ་དེ་དོན་དམ་པར་སྐྱེ་འཇིག་མེད་པར་རྟོགས་པ་དེ་ལས་ཡེ་ཤེས་ལྔའི་ཚུལ་དུ་རིགས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ། །ཞེས་སོ། །དེ་ཐམས་ཅད་ཀྱི་གཙོ་བོར་བཞག་པས་རྒྱལ་པོ་སྟེ། གཞན་ནས་ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་འབྱུང་བས་སོ། །བརྗོད་པར་བྱ་བ་དེ་སྟོན་པའི་རྡོ་རྗེའི་ཚིག་ལེའུར་བྱས་པ་ལ་ཡང་མིང་དེ་སྐད་ཅེས་བཏགས་སོ། །སྔ་མ་ལ་དོན་དང་། །ཕྱི་མ་ལ་བརྡའི་རྒྱུད་ཅེས་ཀྱང་བྱའོ། །གཉིས་པ་ནི། རྒྱུད་དེ་ཡང་གནས་གར་སུས་གསུངས་ཞེ་ན། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཆུ་ཀླུང་ནེ་རཱཉྫྱ་ནའི་འགྲམ་དུ་ལོ་དྲུག་མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ཕྱོགས་བཅུ་ནས་སངས་རྒྱས་ཏིལ་གྱི་གང་བུ་ལྟར་འདུས་པས་སླང་། དེས་གསོལ་བ་བཏབ་པ་ལས་དཀྱིལ་འཁོར་ཆེན་པོ་སྤྲུལ་དབང་བསྐུར་ཞིང་གདམ་ངག་བསྟན་པར་མཛད་པས། དེས་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ་དགའ་ལྡན་དུ་གཤེགས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་པ་བརྩེགས་པ་ཆེན་པོར་དཀྱིལ་འཁོར་རྣམ་པར་སྤྲོས་ཏེ་གསོལ་བ་བཏབ་པའི་ངོར་དཔལ་གསང་བ་འདུས་པའི་རྒྱུད་ཉི་ཁྲི་ལྔ་སྟོང་པ་གསུངས་ཤིང་། སླར་སྙིགས་མ་ལྔ་བདོ་བའི་གདུལ་བྱ་ལ་གཟིགས་ཏེ་ཉུང་ངུའི་རྒྱུད་གཞུང་ཚད་བརྒྱ་ཕྲག་བཅོ་བརྒྱད་པ་ལེའུ་བཅུ་བདུན་ཕྱི་མ་དང་བཅས་པ་འདི་བསྟན་ཏོ་ཞེས་ཤཱཀྱ་བཤེས་གཉེན་གྱི་རིམ་པ་གཉིས་པ་དང་། རབ་ཏུ་སྒྲོན་གསལ་རྡོ་རྗེ་འཕྲེང་བའི་འགྲེལ་ཆེར་རཏྣ་ཨཱ་ཀ་ར་སོགས་ཀྱིས་བཤད་ལ། ཀུན་དགའ་སྙིང་པོས་གཞན་འཕྲུལ་དབང་བྱེད་དུ་དང་། དཔལ་དུས་ཀྱི་འཁོར་ལོ་ནས་འབྲས་སྤུང་གི་མཆོད་རྟེན་ཆེན་པོར་མིའི་གདུལ་བྱ་ལ་གསུངས་པ་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ཞེས་བྱ་བའི་རྒྱུད་ལས་ཨུ་རྒྱན་དུ་ཨིནྡྲ་བྷཱུ་ཏི་ལ་གསུངས་པ་ཐམས་ཅད་འགལ་བར་མི་སེམས་ཏེ་མོས་པ་སྣ་ཚོགས་པའི་ངོར་ཡིན་པས་སོ་སོའི་འཐད་པ་དང་། ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །ཞེས་མཚན་ཡང་དག་པར་བརྗོད་པར་གསུངས་པ་ལས་ཀྱང་ངོ་། །ཨུ་རྒྱན་གྱི་ནུབ་ཀྱི་རི་ལ་རྡོ་རྗེ་འཕྲེང་བ་དང་དེའི་ཉུང་ངུའི་རྒྱུད། ཁ་བ་ཅན་གྱི་རི་ལ་དགོངས་པ་ལུང་སྟོན། འབིགས་བྱེད་ཀྱི་རྩེར་ལྷ་མོ་བཞིས་ཞུས། གདྒཱའི་འགྲམ་དུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་བསྟན་ཏོ་ཞེས་དང་། འགའ་ཞིག་རྩ་བའི་རྒྱུད་ཕྱི་མ་བསྟན་པའི་རྗེས་ཐོགས་ཁོ་ན་དེ་དག་བསྟན་པར་བཞེད་དོ། །དེ་ཡང་རྩ་བའི་རྒྱུད་རྒྱས་པ་ནས་སླར་ཉུང་ངུར་བསྡུས་ཏེ་སྟོན་པར་མཛད་པ་ཡང་། ཤཱཀྱ་བཤེས་གཉེན་ཕྱི་མས་སྤྱོད་བསྡུས་འགྲེལ་པར། རྩོད་པའི་དུས་སུ་སེམས་ཅན་ཚེ་ཐུང་བ་དང་། ལོངས་སྤྱོད་ཞན་པ་དང་། ཤེས་རབ་ཆུང་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་དུས་སུ་རྒྱུད་ཁྱད་པར་ཅན་རྣམས་ལ་འཇུག་པར་ཡང་མི་འགྱུར་རོ། །ཞེས་དང་། ལུང་གཞན་ལས་ཀྱང་། གང་ཚེ་སྟོང་གསུམ་དུམ་བུ་ལ། །སེམས་ཅན་ཚེ་དང་བསོད་ནམས་དང་། །ལས་དང་ཤེས་རབ་ལ་སོགས་པ། །རབ་ཏུ་གྱུར་བ་རྫོགས་ལྡན་དུས། །འབྲིང་ནི་གསུམ་ལྡན་དུས་ཡིན་ཏེ། །ཐ་མ་གཉིས་ལྡན་དུས་སུ་འདོད། །མཐའ་མའི་མཐའ་མ་ཞེས་བྱ་བ། །བསྐལ་པ་རྩོད་པའི་དུས་སུ་སྦྱོར། །གསུམ་པོ་བསྟན་པ་འདི་དག་ལ། །རྒྱལ་བའི་བཀའ་ལ་ཡིད་ཆེས་འགྱུར། །ཕྱིས་ནི་དེ་ལས་བཟློག་པའོ། །ཞེས་འདྲེན་པར་མཛད་དོ། །ཡང་རྣལ་འབྱོར་གྱི་རྒྱུད་དམ་པའི་རྒྱུད་ཅེས་རྣམ་པར་བཞག་པ་འདི་ལ་འདོད་ཆགས་འདུལ་བའི་རྒྱུད། རྡོ་རྗེ་འཕྲེང་བ་ནས་གསང་བ་འདུས་པ་སྟོང་ཕྲག་གཅིག རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ་ཞེས་པ་ནས། ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །ཞེས་པའི་བར་ཉེར་བདུན། སྒྲོན་གསལ་ལས། ཇི་སྐད་ཡ་ར་ལ་ཧའི་མཐའ། །ཀ་ཁ་གྷ་ཐ་ཛ་ཎའི་མཐའ། །ད་དྷའི་མཐའ་དང་མ་མཐར་བཅས། །ཞེས་སོ་གསུམ་གསུངས་ལ། དེ་རེ་རེ་འང་རྒྱུད་གྲངས་མང་པོར་བཤད་པ། དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །ཞེས་འབྱུང་བ་དེའི་རྩ་བ་ཡི་གེ་གསུམ་སྟེ་རིགས་གསུམ་དེ་ཐམས་ཅད་ཀྱིའམ་ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་སྣོད་ལྟ་བུ་དཔལ་གསང་བ་འདུས་པ་འདི་ཡིན་ཏེ། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་ལས་འདི་ནི་རྒྱུད་ཀྱི་རྩེ། །ཞེས་གསུངས་སོ། །དེ་ལྟར་མིང་ཙམ་ཐོས་པའི་ཉི་ཁྲི་ལྔ་སྟོང་པ་ནི་རྒྱུད་དུ་མའི་རྟེན་ནམ་གཞིར་གྱུར་པས་རྩ་བའི་རྒྱུད་དུ་བཞག་པ་ཡིན་ལ། ཉུང་ངུའི་རྒྱུད་འདི་ནི་བཤད་པའི་རྒྱུད་ཀྱི་དགོངས་པ་འགྲོལ་བའི་གཞིར་གྱུར་པས་བཤད་རྒྱུད་ལ་ལྟོས་པའི་རྩ་རྒྱུད། བཤད་པའི་རྒྱུད་ཀྱིས་དེའི་དགོངས་པ་ཇི་ལྟར་འགྲེལ་ཞེ་ན། མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། ཚུལ་མི་འདྲ་བ། དོན་བསྡུས་པ། ཆ་མཐུན་པ། ཚིག་དོན་རྣམ་པར་འབྱེད་པ། དོན་གྱི་སྒོ་ནས་བཤད་པ་བདུན་གྱིས་སོ། །དེ་ལ་དང་པོ་ནི། ལྷ་མོ་བཞིས་ཞུས་པ་ལྟ་བུ། རྩ་བའི་རྒྱུད་དེར་ཐིག་ལེ་བྱང་ཆུབ་ཀྱི་སེམས་དང་ལས་ཚོགས་འགའ་ཞིག་མི་གསལ་བ་གསལ་བར་བྱས་པ། གཉིས་པ་རྡོ་རྗེ་འཕྲེང་བ་ལྟ་བུ། ལྷ་གྲངས་དང་ཆོ་ག་ཉི་ཤུ་མ་ཚང་བ་དེས་ཁ་སྐོང་བ། གསུམ་པ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལྟ་བུ། གླེང་གཞི་དང་ལྷ་ལ་སོགས་པ་འདྲ་ལ་མི་འདྲ་སྟོན་པ། འདི་ཨཱརྻ་དེ་བས་བཤད་རྒྱུད་དུ་གསུངས་སོ། །བཞི་པ་ནི། རྒྱུད་ཕྱི་མ་ལྟ་བུ་རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པོ་བསྙེན་སྒྲུབ་ཡན་ལག་བཞིར་བསྡུས་ནས་སྟོན་པ། འདི་ཐ་ག་བས་བཤད་རྒྱུད་དུ་བཤད། ལྔ་པ་ནི། རྣམ་སྣང་སྒྱུ་དྲ་ལྟ་བུ་སྔགས་དང་ལས་ཚོགས་ཆ་མཐུན་པ་སྟོན་པ། དྲུག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྟ་བུ་ཚིག་དོན་རྒྱན་བདུན་གྱི་བཤད་ཚུལ་སྟོན་པ། འདི་ཨཱརྻ་དེ་བས་བཤད་རྒྱུད་དུ་བཤད། བདུན་པ་ནི། དགོངས་པ་ལུང་སྟོན་ལྟ་བུ་དགོངས་པའི་དོན་གསལ་བར་བྱེད་པ། རྡོ་རྗེ་འཕྲེང་བའི་འགྲེལ་པར་རྩ་རྒྱུད་བཤད་རྒྱུད། ཡན་ལག་གི་རྒྱུད་གསུམ་དུ་གསུང་ལ། སྒྲ་བསྒྱུར་ཆེན་པོས་རྩ་བཤད་མན་ངག་གི་རྒྱུད་གསུམ་དུ་ཕྱེ། ཕྱི་མ་བཀའ་ཡང་དག་པའི་ཚད་མའོ། །གླེང་གཞི་སྤྱི་དོན་དུ་བཤད་པ་ལྷའི་དབང་པོས་ཞུས་པ་དང་། སྔགས་ཀྱི་དེ་ཉིད་འཆད་པ་གཉིས་མེད་རྣམ་རྒྱལ་ཞེས་ཀྱང་གསུངས་སོ། །རྩ་བའི་རྒྱུད་ཀྱི་འགྲེལ་པ་ཟླ་བས་སྒྲོན་གསལ་དང་། ཀླུ་སྒྲུབ་ཆུང་བས་མཛད་པ་གཉིས་དང་པོ་དེ་ལ་ཡང་རྒྱ་ཆེར་བཤད་པ་དང་དཀའ་འགྲེལ་གཉིས་ལེགས་ལྡན་འབྱེད་ཕྱི་མས་མཛད་པ། དེའི་ལེའུ་དང་པོའི་འགྲེལ་པ་བྲམ་ཟེའི་འཕགས་པ་ལྷས་མཛད་པ། དེ་མདོར་བཤད་སྙིང་པོའི་མེ་ལོང་ཀུ་མཱ་རས་མཛད་པ། དེའི་རྒྱན་བདུན་རྣམ་པར་འགྲོལ་བ་ཤྲདྡྷཱ་ཀ་རས་མཛད་པ། རྒྱུད་ཕྱི་མའི་འགྲེལ་པ་སྙན་གྲགས་བཟང་པོ་སྟེ་ནཱ་རོ་ཞབས་ཀྱིས་མཛད་པ། བུ་སྟོན་གྱིས་འདི་དེས་མཛད་མ་མཛད་ཐེ་ཚོམ་གྱི་གཞིར་གསུངས་ཀྱང་། ཕྱིས་དཔལ་ནགས་ཀྱི་རིན་ཆེན་གྱིས་དེས་མཛད་པ་རྩོད་པ་མེད་པར་བཞེད་པ་ལེགས་སོ། །རྡོ་རྗེ་འཕྲེང་བར་འགྲེལ་ཆེན་སོགས་འགྲེལ་པར་གཏོགས་པ་བཅུ་གཉིས། མདོར་བྱས་མདོ་སྡེ་བྱང་ཆུབ་སེམས་འགྲེལ་རིམ་པ་གཉིས། རྡོ་རྗེའི་བཟླས་པ་སྒྱུ་ལུས་མངོན་བྱང་ཟུང་འཇུག་སྟེ་རིམ་པ་བཞི། །ཨཱརྻ་དེ་བས་སྤྱོད་བསྡུས། སེམས་ཀྱི་སྒྲིབ་སྦྱོང་། བདག་བྱིན་བརླབ། རོ་སྲེག ཀླུའི་བློ་འམ་ཀླུའི་བྱང་ཆུབ་ཀྱིས་རྣམ་དག་རིམ་པ་ཆོ་ག་ཉི་ཤུ་པ་ལས་ཀྱི་མཐའི་རྣམ་འབྱེད། རིམ་ལྔ་ཁོངས་སུ་བསྡུ་བ། ཤཱཀྱ་བཤེས་གཉེན་གྱི་རིམ་པ་གཉིས་པ། ཟླ་བ་གྲགས་པས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ནཱ་རོ་ཞབས་ཀྱིས་རིམ་ལྔ་བསྡུས་པ་གསལ་བ། སློབ་དཔོན་དེ་དག་དངོས་ཀྱི་དང་ཁ་གཡས་བྱས་པའི་ཆོས་ཚན་བསྡོམས་པ་བསྟན་འགྱུར་དཀར་ཆག་ཏུ་བཞི་བཅུ་རྩ་གཉིས། ཡེ་ཤེས་ཞབས་ལུགས་ལ་འགྲེལ་པ་དགུ། སྒྲུབ་སྐོར་ལྔ་བཅུ་རྩ་གཅིག རྡོ་རྗེ་བཞད་པའི་ལུགས་ཀྱི་འགྲེལ་པ་གཉིས། སྒྲུབ་སྐོར་གསུམ། བཟང་པོ་ཞབས་དང་། སྨྲྀ་ཏི་ལུགས་ཀྱི་འགྲེལ་པ་གསུམ། སློབ་དཔོན་ཀུན་སྙིང་གིས་མཛད་པའི་དཀའ་འགྲེལ་ཚད་ལྡན་དང་། འགྲེལ་ཆེན་བུ་སྟོན་གྱི་ཁ་གཡར་དུ་བཤད་པ། སློབ་དཔོན་འདིས་གསང་འདུས་རྒྱུད་སྡེ་བཞིར་ཕྱེ་བའི་རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ལོ། །ཡོངས་སུ་དྲིལ་བས་ཆོས་ཚན་བརྒྱ་དང་ཉེར་གསུམ་ཙམ་བུ་སྟོན་གྱིས་དཀར་ཆག་ཏུ་བྲིས་མོད། སྙན་རྒྱུད་ཀྱི་གདམས་ངག་འདིར་མ་འཐུས་པ་ཡང་མང་ལ། ལྷག་པར་གྲུབ་པ་སྡེ་བདུན་ཡང་འདིའི་མན་ངག་ཏུ་བླ་མ་བཞེད་དོ། །བོད་དུ་རྗེ་བཙུན་མར་འགོས་ཀྱིས་སྟོང་ཐུན་སོགས་ཡིག་རིགས་མང་ངོ་། །གསུམ་པ་ལ། རྒྱུའི་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ནི། རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་བཞིན་རང་བཞིན་དང་། །མི་འཕྲོག་པ་ཡིས་རབ་ཕྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བར་བརྗོད། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་ལ། འདི་ལ་ནཱ་རོ་ཞབས་ཀྱིས། རྒྱུའི་རྒྱུད་སྒྲུབ་པ་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་རང་བཞིན་དང་། ཐབས་ཀྱི་རྒྱུད་བསྙེན་སྒྲུབ་ཡན་ལག་བཞི་དང་། འབྲས་བུའི་རྒྱུད་མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱི་འཕྲོག་པར་མི་ནུས་པ་ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དེ་ཉིད་རྣམ་པར་དབྱེ་བ་མེད་པས་དེ་མཐོང་བའི་ཡུལ་ཅན་གཅིག་ཡིན། དེས་ཐེག་པ་གཅིག་ཏུ་ངེས་པར་འབྱུང་བ་ཡིན་ནོ། །ཞེས་སྟོན་བཞེད་ནས་རིན་པོ་ཆེ་ལྟ་བུའི་གང་ཟག་སྨོས་ཏེ་དེ་རྣལ་འབྱོར་གྱི་རྒྱུད་འདིར་རིགས་ངེས་པ་ལ་འཇོག་པས་སོ། །དེ་ཡང་། ཨེ་མའོ་འཁོར་བ་དག་གི་རྒྱུན། །ཨེ་མའོ་མཆོག་ཏུ་མྱ་ངན་འདས། །ཞེས་པའི་འགྲེལ་པར་ནཱ་རོ་པས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་རྒྱུན་རིགས་གསུམ་ཏུ་མཆོག་ཏུ་མྱ་ངན་ལས་འདས་པ་ངོ་མཚར་བའོ་ཞེས་གསུངས་ཤིང་། མཚན་བརྗོད་ལས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པས་སོ། །དེས་གང་ཟག་ལ་ལྔར་ཕྱེ་དུས་ཀྱི་རིན་པོ་ཆེའི་གང་ཟག་ཁོ་ན་ལ་གཟུང་བ་མ་ཡིན་ནོ། །ཞེས་ཤེས་པར་འགྱུར་རོ། །དེའི་ལུས་ཀྱི་ཆོས་ནི་རྩ། ངག་གི་ཆོས་ནི་རླུང་། ཡིད་ཀྱི་ཆོས་ནི་ཐིག་ལེ་ཡིན་པས་ལུས་དངོས་པོའི་གནས་ལུགས་བཤད་ཅིང་དེ་གསུམ། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་གསུངས་པས་ཤེས་པར་བྱ་སྟེ་རྣམ་པར་གཞག་པ་འདི་ནི་བསྲེ་འཕོའི་འགྲེལ་པར་རྒྱུད་འདིའི་དགོངས་པ་བཞིན་རྒྱས་པར་བསྟན་ཟིན་པའི་ཕྱིར་རོ། །གང་ཟག་དེའི་ལུས་སོགས་གསུམ་གྱི་ཆོས་ཉིད་ནི་སེམས་དངོས་པོའི་གནས་ལུགས་ཏེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཡང་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཕྱག་རྒྱ་ཆེན་པོ། ཐུགས་ཕྱག་རྒྱ་ཆེན་པོ་ཞེས་རྣམ་པར་འཇོག་ལ་བཞག་པ་ལྟར་ཐམས་ཅད་དུ་མི་དབྱེ་ཞིང་མིང་གི་ཆོས་ཐ་དད་དུ་རུང་བ་དེའོ། །དེ་ཡང་། ཨེ་མའོ་ཀུན་ཏུ་བཟང་པོ་ཡི། །སྐུ་གསུང་ཐུགས་ཀྱི་ངེས་པ་དག །རྡོ་རྗེ་གསུམ་གྱི་ཀུན་ཏུ་ནི། །རྡོ་རྗེ་གསུམ་དུ་ཀུན་ཏུ་བཞུགས། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །ཞེས་པའི་འགྲེལ་པར། ཨེ་མའོ་ཞེས་པ་ནི་གསང་བ་འདུས་པའི་རྩ་རྒྱུད་བཤད་པ་ལ་ངོ་མཚར་དུ་གྱུར་པའོ། །གང་ལ་ངོ་མཚར་ན། ཀུན་ཏུ་བཟང་པོ་ཞེས་བྱ་བའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེ་འཆང་ཆེན་པོ་ལ་ཞེས་བྱ་སྟེ། དེའི་སྐུ་དང་གསུང་དང་ཐུགས་དང་ནི། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པའོ། །དེ་གསུམ་ངེས་པའི་རྡོ་རྗེ་གསུམ་གྱི་ཤེས་པ་ནི། དེ་གསུམ་གྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ལ་ཀུན་ཏུ་བཞུགས་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉམ་པ་ཉིད་སྒྱུ་མ་ལྟ་བུ་ལ་དམིགས་ནས་ཅང་མི་གསུང་བར་གྱུར་པ་ལ་བྱའོ། །སེམས་ཅན་ཐམས་ཅད་དུས་གསུམ་གྱི། །རྡོ་རྗེའི་ངོ་བོར་ཡང་དག་བྱུང་། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་རྣམ་པར་སྣང་མཛད་རྟེན་བརྟེན་པ་ཉིད་དུ་རྫོགས་པ་དང་མ་རྫོགས་པའི་ལུས་ངག་དབྱེར་མེད་པ་བསྟན་པ་དང་། དེ་བཞིན་དུ་ཁམས་གསུམ་པའི་ངག་དང་ཡིད་གང་ཡིན་པ་དེ་ནི་སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་གཅིག་པར་བསྟན་ཏོ་ཞེས་འབྱུང་བས་སོ། །འདི་ནི་གཉུག་མ་དོན་གྱི་རྩ་རླུང་ཐིག་ལེར་བཞག་པ། དེ་གསུམ་གཉིས་སུ་མི་ཕྱེད་པ་རོ་མཉམ་ཕྱག་རྒྱ་ཆེན་པོ། དེ་ཡང་གང་གིས་གཏན་ལ་འབེབས་ནས། རྩ་བའི་རྒྱུད་ལས་དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་ལ། དེ་སློབ་དཔོན་གྱི་སེམས་འགྲེལ་དུ། དངོས་པོ་ཐམས་ཅད་བྲལ་བས་མུ་སྟེགས་དང་། ཕུང་ཁམས་སྐྱེ་མཆེད་དང་བྲལ་བས་ཉན་ཐོས། གཟུང་བ་འཛིན་པ་རྣམ་པར་སྤངས་པས་སེམས་ཙམ་གྱི་ལྟ་བ་སུན་ཕྱུང་ནས་ལྷག་མས་དབུ་མ་རང་ལུགས་བསྟན། དེས་རང་གི་སེམས་ཇི་ལྟ་བར་རིག་པ་དེ་ལ་བྱང་ཆུབ་ཅེས་གསུངས་ཏེ་འདིས་ལྷན་ཅིག་སྐྱེས་སྦྱོར་ལ་རྣལ་འབྱོར་བཞིར་ཕྱེའོ། །དེ་ཡང་རྩ་བའི་རྒྱུད་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་དེ་དག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས་ཞེས་པའི་སྒྲོན་གསལ་དུ། སྐུ་དང་ཞེས་པ་ལ་སོགས་པ་ལ། དེ་ལྟར་བསྐྱེད་པའི་སྐུ་དང་གསུང་དང་ཐུགས་རྣམས་ནི་ནམ་མཁའ་ལྟ་བུར་ཞེས་པ་ནམ་མཁའི་ངོ་བོ་ཉིད་དུ་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་བྱ་སྟེ། ཞེས་གསུངས་ལ། སྦྱར་བའི་དོན་ཡང་། དེར་སྐྱེ་བ་མེད་པ་ནི་དོན་དམ་པའི་བདེན་པའོ། །དེར་ཡིད་ཀྱི་རང་བཞིན་གྱི་ལུས་འཇུག་པ་ནི་སྐྱེ་བ་མེད་པར་སྦྱོར་བ་སྟེ། ཞེས་གསུངས་པ་འདི་ལ་དགོངས་ནས། ཟླ་འོད་གཞོན་ནུས། ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་ཤན་འབྱེད་པར་མཛད་དོ། །དེ་བས་ལམ་འདི་ནི་ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བའི་མངོན་པར་རྟོགས་པ་ཡིན་ཞིང་། གཞུང་དེ་ནི་གསང་བ་འདུས་པའི་མན་ངག་ཏུ་ཨུ་རྒྱན་གྱི་ཡུལ་དུ་རླུང་ལྟར་དུ་གྲགས་སོ། །གཉིས་པ་ལ། ངོ་བོ་དང་རྣམ་པར་དབྱེ་བ་གཉིས་ཀྱི་དང་པོ་ནི། གང་ལ་བརྟེན་པར་བྱ་བས་སམ། གང་གིས་ཆགས་སོགས་ཉོན་མོངས་པ་ཟློག་པར་བྱེད་པས་སམ། གང་ནས་བགྲོད་དགོས་པ་ལམ། དེ་ཡང་ཤེས་རབ་དང་ཏིང་ངེ་འཛིན་གྱི་བདག་ཉིད་ཀྱི་རིམ་པས་སོ། །དེ་ཡང་། ཤེས་རབ་ནི་སྨིན་པ་དང་གྲོལ་བ་རབ་ཏུ་ཤེས་པ་ཡིན་ལ། ཏིང་ངེ་འཛིན་ནི་ཤེས་རབ་གྱིས་རབ་ཏུ་ཕྱེ་བ་དེ་ལ་སེམས་རྩེ་གཅིག་པའོ། །དེ་བས་ན་དེ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པས་གཞི་རྒྱུད་ཅེས་བཞག་ཅིང་། རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་ཐབས་ཡིན་པས་ཐབས་རྒྱུད་ཅེས་ཀྱང་བྱའོ། །གཉིས་པ་རྣམ་པར་དབྱེ་བ་ལ་སྨིན་བྱེད་དང་གྲོལ་བྱེད་གཉིས། དང་པོ་ལ། ངོ་བོ། དབྱེ་བ་གཉིས་ལས། དང་པོ་ནི། རྒྱུད་རྡོ་རྗེ་ཐེག་པའི་འོས་སུ་བྱེད་པའོ། །རྡོ་རྗེ་ཐེག་པ་ཞེས་པ་ཡང་། དེས་ན་སངས་རྒྱས་རྣམས་ཀྱིས་ཐབས། །རྡོ་རྗེའི་ཐེག་པ་ཞེས་བཤད་དོ། །ཞེས་པའི་ངེས་དོན་ནི་གཟུགས་ནི་གཏི་མུག་ཅེས་བྱར་བཤད། ཅེས་གཏི་མུག་རྣམ་པར་སྣང་མཛད་དུ་བཤད་པ་སོགས་ལ་བསྙེག་ལ། དེ་རྣམས་ནི་སངས་རྒྱས་ཀྱི་ཐབས་རྡོ་རྗེ་ཐེག་པ་སྟེ། གཉིས་སུ་མེད་པའི་ཐེག་པ་ཞེས་བྱའོ། །སྒྲོན་གསལ་ལས། འདོད་ཆགས་དང་ཞེ་སྡང་གཏི་མུག་ཆེན་པོ་སྦྱོང་བར་བྱེད་པ་ནི་རྡོ་རྗེ་ཐེག་པ་སྟེ་དེ་རབ་ཏུ་གསལ་བར་སྟོན་པས། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པའོ། །ཞེས་གསུངས་སོ། །ཞེས་སོ། །འོས་སུ་བྱེད་པ་ནི་མི་ཤེས་པའི་དྲི་མ་འཁྲུད་པ་དང་། ས་བོན་བསྐྱེད་པ་གཉིས་ཀྱིས་ཏེ། ཕྱི་མ་ནི་སྔར་བཤད་པའི་རིགས་དེ་ཁྱད་པར་ཅན་དུ་བསྒྱུར་བ་ཞེས་བྱ་ལ། ས་བོན་སྔར་མེད་པ་ཕྱིས་བླུགས་པ་ལྟ་བུ་ནི་མིན་ཏེ། སྒྲོན་གསལ་དུ། རྟོག་པའི་དྲི་མ་ཐམས་ཅད་འཁྲུ་བས་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར་བྱང་ཆུབ་སྟེ་དབང་བསྐུར་བའོ་ཞེས་སོ། །དོན་རིགས་སད་པར་བྱེད་པའོ། །གཉིས་པ་ལ། གང་གིས་གང་ལ་བསྐུར་བའི་དཔོན་སློབ། གང་དུ་བསྐུར་བའི་དཀྱིལ་འཁོར། གང་བསྐུར་བའི་དབང་། གང་གི་གྲོགས་དམ་ཚིག་དང་སྡོམ་པ་རྣམས་པར་བཞག་པ་ལས། དང་པོ་ནི། ཀླུའི་བྱང་ཆུབ་ཀྱིས་དེ་བཞིན་གཤེགས་པས་རྡོ་རྗེ་ཡི། །ཐེག་པར་སློབ་དཔོན་རྣམ་གཉིས་གསུངས། །གཅིག་ནི་གསང་སྔགས་གཙོར་བྱེད་འགྱུར། །གཅིག་ནི་བསམ་གཏན་ལ་གཞོལ་པ། །ཞེས་གསུངས་པ་དེ་ནི་བསྐུར་བ་པོའོ། །དེས། ཁ་ཅིག་གྲུབ་པ་བརྒྱད་འདོད་པས། །དཀྱིལ་འཁོར་འདི་ལ་འཇུག་པར་འགྱུར། །དེ་བཞིན་བདེན་མཐོང་དེ་བཞིན་དུ། །དཔའ་བོ་སྔགས་པས་མངགས་པ་སྟེ། །དེ་དག་སྦྱོར་བས་བླ་མ་ཡི། །རིགས་ནས་ཞེས་གསུངས་པས། གྲུབ་པ་བརྒྱད་ཙམ་དང་། བདེན་པ་མཐོང་བ་དང་། རྡོ་རྗེའི་ཐེག་པ་ལ་མོས་པས་སྤྱོད་པའི་ས་པར་འགྱུར་པའི་སློབ་མ་གསུམ་བཤད་ལ། དེ་ཉིན་མན་ངག་ལས་རིམ་སྐྱེས་ཐོད་རྒལ་ཅིག་ཅར་གསུམ་དུ་དབྱེ་བ་དང་རྒྱུད་ནས་གང་ཟག་ལྔར་དབྱེ་བ་དག་གོ །གཉིས་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །རི་མོའི་དཀྱིལ་འཁོར་བརྟགས་པར་བྱ། །ཞེས་པས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་། གསུང་རྡོ་རྗེ་སྣང་བ་མཐའ་ཡས་དང་། ཐུགས་རྡོ་རྗེ་མི་བསྐྱོད་པ་བདག་པོར་གྱུར་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་སྒྲོན་གསལ་ལས། དཀྱིལ་ནི་སྙིང་པོ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པས་དཀྱིལ་འཁོར་ཏེ་དྲང་བོའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པའི་དཀྱིལ་འཁོར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་བཤད་པའི་རྒྱུད་དུ། ཡན་ལག་ཀུན་བསྒོམས་ལས་འདས་ཤིང་། །རྟོག་དང་རྟོག་མེད་རྣམ་པར་སྤངས། །གུག་ཀྱེད་དཀྱིལ་འཁོར་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་ཏེ་ངེས་པའི་དོན་ཏོ། །ཞེས་སོ། ཀླུའི་བློས། བླ་མ་མཁས་པ་ཡིས། །སློབ་མའི་དོན་དུ་གྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་ས་བོན་དེ་བཞིན་དུ། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་རྡོ་དང་ཕྱེ་མ་སྟེ། །ཞེས་གསུངས་ལ། གང་ཟག་དེ་ལ་དེ་དཀྱིལ་འཁོར་དུ་འགྱུར་བ་ཡང་དེ་ཉིད་ཀྱིས། གསང་སྔགས་སྒྲར་གནས་རྣལ་འབྱོར་པ། །ལྷ་ལ་དམིགས་པ་ལྷུར་ལེན་པས། །དེ་ལས་མཚན་མ་རྙེད་འགྱུར་ཏེ། །རྡུལ་ཚོན་དཀྱིལ་འཁོར་བྲི་བར་བྱ། །ཞེས་སློབ་དཔོན་དང་པོ་དང་སློབ་མ་དང་པོ་ལ་དཀྱིལ་འཁོར་གྱི་རྣམ་བཞག་འདི་གསུངས་སོ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་པ། དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། ཡིད་ཀྱི་དཀྱིལ་འཁོར་གཉིས་སུ་ཕྱེ་བ། གང་ཟག་དེ་ལ་དེ་དཀྱིལ་འཁོར་དུ་འགྱུར་བ་དེ་ཉིད་ཀྱིས། གསང་སྔགས་ཚུལ་གནས་རྣལ་འབྱོར་པ། །གཉིས་མེད་ཡེ་ཤེས་སྦྱོར་ལྡན་པས། །སྒྱུ་མ་ལྟ་བུའི་ལུས་ཀྱིས་ནི། །འཁོར་ལོ་སྒྱུ་མ་ལྟ་བུར་བྲི། །ཞེས་གསུངས་ལ། སློབ་དཔོན་ཕྱི་མ་དང་སློབ་མ་ཕྱི་མ་གཉིས་ལ་དཀྱིལ་འཁོར་གྱི་རྣམ་པར་བཞག་པ་འདི་བསྟན་པས་དིང་སང་གང་ཟག་རབ་འབྲིང་ཐ་མ་ཐམས་ཅད་རྡུལ་ཚོན་དུ་དབང་བསྐུར་དགོས་སོ་ཞེས་སྨྲ་བ་དག་འདིས་ཀྱང་འཐད་པར་མ་མཐོང་ངོ་། །དེ་བས་དབང་པོ་དམན་པ་རིམ་སྐྱེས་པ་ལ་རྡུལ་ཚོན། འབྲིང་ཐོད་རྒལ་བ་ལ་ཡིད། རབ་ཅིག་ཅར་བ་ལ་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བཤད་ཅིང་། དང་པོ་འང་རིན་ཆེན་ས་བོན་ཞེས་པ། རིན་པོ་ཆེ་ལྔ། མེ་ཏོག ཚོན་ཕྱེ་མ། རྡོ། འབྲས་ལ་སོགས་པའི་ཕྱེ་མས་བྱས་པ་ལྔ། དེར་ཕྱག་རྒྱ་འགོད་པ་ནི་སྒྲོན་གསལ་ལས། ཡི་གེ་ཧཱུཾ་ལ་སོགས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ལ་སོགས་པ་མཚན་མའི་ཕྱག་རྒྱའོ། །མི་བསྐྱོད་པ་ལ་སོགས་པ་ལྷའི་འཁོར་ལོ་ནི་ཕྱག་རྒྱ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སོགས་པ་ལ་ལྟོས་ནས་ཕྱག་རྒྱ་གསུམ་པོ་འདི་དག་ཀྱང་འགོད་པར་བྱའོ། །ཞེས་གསུངས་སོ། །དེ་ནི་བཏགས་པའི་དཀྱིལ་འཁོར་དང་། །བྷ་གའི་དཀྱིལ་འཁོར་ཞེས་བྱ་དང་། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་རྣམ་པར་གསུམ་དུ་བཏགས། །ཞེས་པའི་དང་པོ་ནི་རྩ་བའི་རྒྱུད་ལས། །དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་བྷ་ག་ལ་རྡུལ་དང་བྲལ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་ནི། གསལ་བ་དེ་ཡི་ངོ་བོ་ཉིད། །སྣ་ཚོགས་གཟུགས་ཀྱི་ཀུན་ཏུ་མཚན། །སངས་རྒྱས་སྤྲིན་གྱི་ཀུན་ཏུ་ཁྱབ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །ཞེས་གསུངས། གཉིས་པ་ནི། དགོངས་པ་ལུང་སྟོན་ལས། གཟུགས་སོགས་ནང་གི་ཆོས་རྣམས་ནི། །མཐོང་བ་ལྷག་མཐོང་ཞེས་བཤད་དེ། །མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །བཏགས་པ་དག་ནི་ཞི་གནས་བྱ། །འདི་དག་དངོས་པོ་མེད་འགྱུར་བའོ། །དེ་བཞིན་ཉིད་ནི་ཞི་མིང་ཅན། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་གཞུག །ཅེས་བཤད་དོ། །ལུས་ཀྱི་དཀྱིལ་འཁོར་ནི། ཚངས་པའི་ཐིག་ནས་ཡང་དག་བརྩམ། །གྲུ་བཞི་པ་རུ་རྣམ་པར་ཕྱེ། །གཞལ་ཡས་ཁང་ལྟར་སྣང་བ་ཡི། །རྣལ་འབྱོར་པ་ཡི་སྐུའི་དཀྱིལ་འཁོར། །ཞེས་རྡོ་རྗེ་འཕྲེང་བ་སོགས་ནས་རྒྱས་པར་བཤད་ལ། ཕྱག་རྒྱ་འགོད་པ་ནི། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །ཕྱག་རྒྱ་ཐམས་ཅད་རྒྱས་བཏབ་པོ། །དེ་ནི་རྟག་པར་རྒྱ་འགོད་པ། །དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན། །ཞེས་པས་ཕུང་སོགས་ལ་ལྷ་འགོད་པ་དེ་ཉིད་ཕྱག་རྒྱ་འགོད་པའོ། །བྷ་ག་དང་ལུས་ནི་ཡིད་ཀྱི་དཀྱིལ་འཁོར་དུ་འདུའོ། །གསུམ་པ་ནི། དབང་བསྐུར་དབྱེ་བ་རྣམ་པར་གསུམ། །རྒྱུད་འདི་ལ་ནི་རབ་ཏུ་བརྟག །བུམ་པའི་དབང་བསྐུར་དང་པོ་སྟེ། །གཉིས་པ་གསང་བའི་དབང་བསྐུར་བ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །དེ་ཡང་བཞི་པ་དེ་བཞིན་ནོ། །ལུས་ཀྱི་དྲི་མ་འཁྲུད་ཅིང་སྐུ་རྡོ་རྗེའི་ས་བོན་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་བུམ་པའི་དབང་བསྐུར་ཏེ། བུམ་པའི་ཆུས་འཁྲུད་པ་སོགས་ཀྱི་དབང་བསྐུར་བས་སམ། རིགས་ལྔ་རྡོ་རྗེ་འཆང་དང་དྲུག་གི་བདག་ཉིད་ཀྱི་ཕྱིར་མི་ལྡོག་པར་བྱས་པས་ཕྱིར་མི་ལྡོག་པར་དང་། དེ་ཙམ་གྱིས་ཚོགས་པ་ལ་བཤད་པའི་སློབ་དཔོན་དུ་འོས་པར་བསྒྲུབ་པ་སློབ་དཔོན་གྱི་དབང་ཞེས་ཀྱང་བྱའོ། །དང་པོར་སྨིན་པར་བྱེད་པ་ནི་སྔར་མི་དབང་བ་ད་དབང་བ་དབུལ་པོའི་སྒྱེད་བུ་གསེར་དུ་ངོ་འཕྲོད་པ་ལྟ་བུའོ། །ཕྱི་ནས་ནི་དབང་བ་ལ་དབང་བྱེད་པ་འཁོར་ལོས་བསྒྱུར་བ་གླིང་བཞི་ལ་ལུང་གཏོང་བ་ལྟ་བུའོ། །དེ་ཡང་ཀླུའི་བློས་ཆོ་ག་ཉི་ཤུས་འགྲུབ་པར་བཤད་དེ། དང་པོར་ས་ནི་སྦྱང་བ་དང་། །དེ་ནས་ས་ཡོངས་འཛིན་པ་དང་། །ཕྱི་ནས་བགེགས་ནི་ཉེར་ཞི་དང་། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང་། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང་། །ཕྱི་ནས་སློབ་མ་ལྷག་གནས་དང་། །ནམ་མཁའ་ཐིག་ནི་གདབ་པ་དང་། །ཚོན་སྣ་ལྔ་ཡི་ཆོ་ག་དང་། །ཚོན་རྩི་རྣམས་ནི་བཀྱེ་བ་དང་། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང་། །ཁྲུས་གྱི་དཀྱིལ་འཁོར་ཆོ་ག་དང་། །དེ་ནས་སངས་རྒྱས་དབང་བསྐུར་དང་། །དེ་ནས་ཕྱག་མཚན་དབང་བསྐུར་དང་། །བླ་མ་ལྷ་དང་ཡོན་གཉིས་དང་། །རྗེས་སུ་གནང་བ་བྱིན་པ་དང་། །དེ་ནས་གཤེགས་གསོལ་ཆོ་ག་དང་། །དཀྱིལ་འཁོར་ལས་ཆེད་གྱུར་པ་དང་། །སྐུད་པ་སྐུ་བ་ཉིད་དང་ནི། །རབ་བཤད་ཆོ་ག་ཉི་ཤུ་ཡིས། །ཞེས་གསུངས་ལ། འགོས་ཀྱིས། མཚན་མ་གྲངས་སོགས་བསྙེན་པ་དང་། །ས་ཆོག་སྟ་གོན་ཐིག་ཚོན་དང་། །བསྒྲུབ་དང་བདག་ཉིད་འཇུག་པ་ལྔས། །སློབ་དཔོན་ལས་ཀྱི་ཆོ་གའོ། །དཀྱིལ་འཁོར་འཇུག་དང་དེ་བསྟན་དང་། །དབང་བསྐུར་ཕྱག་རྒྱ་སྔགས་སྦྱིན་དང་། །དམ་ཚིག་སྡོམ་པ་བསྟན་པ་ལྔས། །གཞུག་ཅིང་དབང་བསྐུར་དང་གསུམ་ཡིན། །ཞེས་འབྱུང་ལ། རྗེ་བཙུན་མར་ལུགས་སུ། སློབ་དཔོན་གྱི་མཚན་ཉིད། །སློབ་དཔོན་གྱི་ལས། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་ལྷ་ངོ་བསྟན་པ། དབང་བསྐུར་བ་དང་བཞིར་བཞེད་པ་དང་། བུམ་དབང་བསྐུར་བ་ལ། འཕགས་པས། །འཕྲེང་བ་དང་ཆུ་དང་རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་དྲིལ་བུ་སྦྱིན་པ་དང་། མེ་ལོང་དང་། མིང་དང་། སློབ་དཔོན་དང་། རྗེས་སུ་གནང་བ་སྟེ་ཆིངས་དགུར་མཛད་པའོ། །སློབ་དཔོན་གྱི་དབང་ཞེས་པ་ཕྱག་མཚན་ལ་ཀླུའི་བློས་མཛད་ལ། སྒྲ་གཅན་འཛིན་དཔལ་བཤེས་གཉེན་སྤྱི་མཐུན་ཐུན་མོང་གི་དམ་ཚིག་གསུམ་སྦྱིན་པ་ལ་མཛད། བརཏལ་ཞུགས་ལུང་བསྟན་དབུགས་དབྱུང་རྗེས་གནང་མཐའ་བརྟེན་དུ་མཛད་པ་ལྟར་ནཱ་རོ་པས་ཀྱང་གསུངས་ལ། ཁོ་བོས་ནི་ཆོ་ག་ཀླུའི་རྗེས་སུ་འབྲང་ནས་བཤད་དོ། །རྗེ་བཙུན་ནཱ་རོ་པའི་གསུང་བཞིན་དབང་ལྔ་རིགས་ལྔའི་དག་པ་དང་སྦྱར་རོ། །རྗེ་བཙུན་ཏིལ་བརྡུང་ཞབས་ཀླུའི་བློའི་དྲིན་ལས་ཕ་རྒྱུད་ཀྱི་བཀའ་བབས་པས་ལུགས་འདི་རང་ལུགས་གཙོ་བོར་ནཱ་རོ་ཉིད་ཀྱང་བཞེད་དོ། །དེ་ལྟར་དབང་གི་བསྐྱེད་པའི་རིམ་པ་དང་། །གྲུབ་པ་བརྒྱད། ལས་ཐམས་ཅད་དང་། ལུས་དབེན་ངག་དབེན་སེམས་དབེན་གསུམ་བསྒོམ་པ་ལ་དབང་བ་ཡིན་ནོ། །གཉིས་པ་ནི། །གསང་བ་བྱང་ཆུབ་ཀྱི་སེམས་སྟེར་བ་དང་ངག་གི་དྲི་མ་འཁྲུད་ཅིང་གསུང་རྡོ་རྗེའི་ས་བོན་ཁྱད་པར་ཅན་དུ་བྱེད་པས་གསང་དབང་། དེ་ཡང་རིམ་སྐྱེས་པ་གཙོ་བོར་དེ་ནས་སྒྱུ་ལུས་ལ་འཇུག་པའི་ཕྱིར་གསང་བའི་དབང་བསྐུར་ཏེ། སྤྲོས་པ་བཅས་པ་འམ་སྤྲོས་པ་མེད་པའི་སྤྱོད་པར་བཤད་པ་བཞིན་ཚོགས་ཀྱི་དཀྱིལ་འཁོར་བརྩམས་ནས། དེར་སློབ་མ་ལ་གསང་བ་དང་མཆོག་ཏུ་གསང་བའི་དབང་གཉིས་སྦྱིན་སྒྱུ་ལུས་ཀྱི་སྣོད་དུ་བྱའོ། །གསུམ་པ་ནི། དེ་ནས་བདག་བྱིན་གྱིས་རློབས། སླར་ཚོགས་ཀྱི་དཀྱིལ་འཁོར་དེ་ལྟ་བུར་སློབ་མ་ལ་ཕྱག་རྒྱ་གཏད་དྲི་བ་དྲི་ལན་གྱི་མཐར་སྙོམས་པར་ཞུགས་པར་འཛག་པའི་བདེ་བ་དབང་གསུམ་པ་ཡིན་ལ། ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ཡིན་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་། །ཡིད་ཀྱི་དྲི་མ་འཁྲུད་ཅིང་ཐུགས་རྡོ་རྗེ་ས་བོན་ཁྱད་པར་ཅན་དུ་བྱེད་པའོ། །དེ་ནས་ནང་གི་མངོན་བྱང་བསྟན་པས་དབང་བཞི་པ་སྦྱིན་པ་ནས། །མངོན་པར་བྱང་ཆུབ་པ་དང་ཟུང་འཇུག་བསྟན་ཏེ་རིམ་པ་ལྔ་ལེགས་པར་ཤེས་ནས་བཤད་པ་རྣམ་པ་གཉིས་བྱའོ། །དེ་ལྟར་ཡང་ཟླ་གསང་ཐིག་ལེ་ལས། རྡོ་རྗེ་པདྨོ་ལས་དྲངས་པ། །སྦོམ་པོ་དང་ནི་དབང་གི་སླ། །རྡོ་རྗེ་རྐན་དུ་བཞག་བྱ་སྟེ། །རྟག་པས་དགའ་བ་བདེ་བ་ཆེ། །ཀྱེ་མ་དམ་ཚིག་འདི་བརྗོད་ཅིང་། །ཀྱེ་མ་རྡོ་རྗེ་བླང་བར་བྱ། །དེ་ནི་གསང་བ་ཞེས་བྱ་སྟེ། །དབང་བསྐུར་བ་ཡི་ཐབས་མཆོག་གོ །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །རང་གི་ཁར་ནི་རྡོ་རྗེ་བཞག །སེམས་དཔའ་ཆེན་པོ་དྲངས་བྱས་ནས། །སེམས་ཀྱི་བྱང་ཆུབ་བདེ་བ་ཐོབ། །འདི་ནི་མཆོག་ཏུ་གསང་བ་སྟེ། །དབང་བསྐུར་བ་ཡི་བདེ་བའོ། །སློབ་མ་མི་ཤེས་པ་རྣམས་ལ། །འདི་དག་ཐམས་ཅད་བསྒྲག་མི་བྱ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །ཡང་ནས་ཡང་དུ་བརྟག་ཏེ་བྱ། །འདི་ཡི་དབང་ནི་བསྐུར་མ་ཐག །སློབ་མ་ཚོགས་ཀྱི་བདག་པོར་འགྱུར། །སངས་རྒྱས་རྡོ་རྗེ་འཛིན་པ་ཡི། །སློབ་དཔོན་ཉིད་དུ་བདེ་བར་འགྱུར། །གཟུང་བ་རྣམས་ཀྱིས་དག་པའི་བདག །སངས་རྒྱས་རྣམས་ཀྱི་རྡོ་རྗེར་བཤད། །མཁའ་ལ་འགྲོ་བའི་སྤྱོད་འགྱུར་ཏེ། །རི་དང་འགྲོ་བ་ཀུན་གྱི་བདག །དེས་ན་ཤེས་རབ་ཡེ་ཤེས་དབང་། །སློབ་མ་མཆོག་ལ་སྦྱིན་པར་བྱའོ། །ཞེས་འབྱུང་། དེ་ཡང་བཞི་པ་དེ་བཞིན་ནོ། །ཞེས་དབང་གསུམ་པའི་ཡེ་ཤེས་མཚོན་དཔེར་བྱས་ནས་བཤད་པས་ཚིག་དབང་ཞེས་བྱའོ། །དེ་ཡང་དབང་གསུམ་གྱི་གང་ཟག་རྒྱུད་གསུམ་སོ་སོར་སྨིན་པར་བྱས་ཀྱང་རུང་བ་གྲུབ་པ་སྡེ་བདུན་དུ། གསང་དབང་ཙམ་ནས་དང་། ཤེས་རབ་དབང་ནས་ཁྲིད་པ་དང་། །སྤྲོས་པ་ཆུང་ངུ་རྡོ་རྗེ་ཡེ་ཤེས་ཀྱི་དབང་གི་ཆོ་ག་ཞེས་བྱིན་རླབས་ཙམ་གྱི་ཆོག་པར་བཤད་པ་དང་། དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་ན་ཚིག་ཏུ་ཅི་ཡང་མ་བསྟན་ཀྱང་བྱིན་རླབས་ཀྱིས་དབང་ཐམས་ཅད་རྫོགས་པར་འགྱུར་བ་ཨུ་རྒྱན་དུ་རྒྱལ་པོའི་བུ་མོ་རོལ་པ་མོ་དང་། བོད་དུ་གྲུབ་ཆེན་གླིང་ལྟ་བུའོ། །དེ་བས་ཕྱག་རྒྱ་ཆེན་པོའི་དབང་འདི་མ་བསྐུར་བ་ཐོབ་པ་ཞེས་བྱ་ལ། དེ་དཀྱིལ་འཁོར་ཡང་། དེ་བཞིན་ཉིད་དམ་དོན་དམ་པའམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་ཐོབ་པ་ཡིན་པས་དཀྱིལ་འཁོར་མ་མཐོང་བ་སོགས་ལུགས་འདི་ལ་གནོད་བྱེད་དུ་གཏོང་བ་བཞད་གད་ཀྱི་གནས་སོ། །དེ་ལྟར་དབང་བསྐུར་བའི་སློབ་དཔོན་མཉེས་པར་བྱེད་པའི་ཚུལ་རྩ་རྒྱུད་ལས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ། །ཞེས་བསམ་གཏན་གྱི་དཀྱིལ་འཁོར་བཤད་པའི་བར་གྱི་ཚར་གསུམ་ཁུག་པ་དབང་གི་གདམས་ངག་རྣམ་པར་བཤད་དེ། རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་རྩེ་མོའོ། །བཞི་པ་ནི། མི་འདའ་བས་དམ་ཚིག་དང་། མི་མཐུན་ཕྱོགས་དགག་པས་སྡོམ་པར་བཞག་པའང་། རྩ་བའི་ལྟུང་བ་བཅུ་བཞི་ཡན་ལག་དང་བཅས་པ་དང་། བསྒྲུབ་བྱ་རིགས་ལྔའམ་དྲུག་དང་། ཉམས་སུ་བླང་བ་དང་འབྲེལ་བའི་དང་ཉམས་ན་ཕྱིར་བཅོས་པ་དག་སྟེ་སྡོམ་གསུམ་རྒྱན་དུ་བཤད་ཟིན་ཏོ། །གཉིས་པ་ལ། ལམ་སྤྱི་དང་། བྱེ་བྲག་རྣམ་པར་བཞག་པ་གཉིས་ཀྱི་དང་པོ་ནི། །ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པ་གྲོལ་བར་བྱེད་པས་གྲོལ་བྱེད། འདི་ལ་སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ལུས་སུ་གྱུར་ནས་རྡོ་རྗེ་འཆང་ཆེན་པོའི་ཡེ་ཤེས་ཀྱི་ལུས་ཐོབ་པར་འགྱུར་བ་ལ་ལམ་རྣམ་པ་གསུམ་སྟེ། སེམས་དང་པོ་བསྐྱེད་པ་ལམ་གྱི་རིམ་པ་དང་། ཐེག་པ་གསར་ལ་ཞུགས་པའི་ལམ་གྱི་རིམ་པ་དང་། རྣལ་འབྱོར་པའི་ལམ་གྱི་རིམ་པའོ། །ཞེས་གསུངས་པའི་དང་པོ་ལ། དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ། དབང་ནོད་པ། དམ་པའི་ཆོས་ཉན་པ། གྲོགས་མཐུན་པ། མཆོད་པའི་ལོངས་སྤྱོད་མཐུན་པའི་གནས་སོ། །ཐེག་པ་གསར་ལ་ཞུགས་པའི་ལམ་གྱི་རིམ་པ་ལ་རྣམ་པ་བཞི་སྟེ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང་། བཀའི་འཁོར་ལོ་དང་། བསྲུང་བའི་འཁོར་ལོ་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནོ། །རྣལ་འབྱོར་གྱི་ལམ་གྱི་རིམ་པ་ལ་རྣམ་པ་གཉིས་ཏེ། ཐུན་མོང་གི་ལམ་དང་མཆོག་གི་ལམ་མོ། །དང་པོ་ནི་རྡོ་རྗེ་རྣམ་པ་བཞི། ཕྱི་མ་ནི་སྦྱོར་བ་ཡན་ལག་དྲུག་གོ །དེ་ཡང་རིམ་པ་དྲུག་ལྷུན་གྱིས་གྲུབ་པའི་ལམ་དང་བདུན་གྱིས་བསྟན་པར་བཞེད་དེ། དེ་ཡང་དབང་པོ་བཅུ་རྣམས་ཀྱི་སོགས་སོར་སྡུད་ཀྱི་ལུས་དབེན་གྱི་གཞི། འདོད་པ་ལྔ་ནི་སོགས་བསམ་གཏན་གྱི་ཐ་མལ་ལས་དབེན་པར་བསྟན་པ་གཉིས་དང་། ཡེ་ཤེས་ལྔ་སོགས་སྲོག་རྩོལ་གྱི་ངག་ཐ་མལ་པ་ལས་དང་། རང་སྔགས་སོགས་ཀྱིས་རྣལ་འབྱོར་ལས་དབེན་པར་དང་། རང་དབང་སོགས་ཀྱིས་སེམས་དབེན་མ་རྟོགས་པའི་སྐྱོན། རིན་ཆེན་སོགས་ཀྱིས་ངག་ཐ་མལ་པ་ལས་དབེན་པར་བསྟན་པ། འགོག་པ་ཡི་སོགས་ཀྱིས་རྣལ་འབྱོར་ལས་དབེན་པར་བསྟན་ཏོ། །སོ་སོར་སྣང་བ་དེ་ལས་སྐྱེས་ཞེས་པས་སྒྱུ་ལུས་དང་། ཐབས་དང་ཤེས་རབ་སྙོམས་འཇུག་པས་ཞེས་པས་རིལ་འཛིན་དང་། དངོས་པོ་ཐམས་ཅད་མདོར་བསྡུས་ནས་ཞེས་པས་རྗེས་གཞིག་སྟེ་མངོན་བྱང་ན། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི་ནས། རྗེས་སུ་དྲན་པ་ཞེས་བཤད་དོའི་བར་གྱིས་ཟུང་འཇུག དབུས་ནི་གཟུགས་སུ་རྣམ་པར་བསྒོམ་སོགས་ཀྱིས་ལྷུན་གྱིས་གྲུབ་པའི་ལམ། ཞེས་པའི་ཚུལ་གྱིས་སོ། །ཨ་བྷ་ཡས་ལུས་དབེན་བསྐྱེད་རིམ་གྱིས་བསྟན། །རྡོ་རྗེ་བཟླས་པ། སྒྱུ་ལུས། འོད་གསལ། ཟུང་འཇུག་བཞི་ཀ་སེམས་དབེན་གྱི་རིམ་པ་ཞེས་སེམས་དབེན་ལོགས་སུ་མ་བཤད་དེ། །རིམ་ལྔའི་དཀའ་འགྲེལ་ཟླ་བའི་འོད་ཟེར་དུ། འདིར་རིམ་པ་དང་པོ་ལུས་རྣམ་པར་དབེན་པ་བསྟན་ནས། གཉིས་པ་ངག་གི་དབེན་པ་སྟེ་སེམས་དབེན་གྱི་དོན་དུའོ། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དང་བཞི་པ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་དག་གིས་ནི་སེམས་དབེན་ནོ། །ལྔ་པས་དབེན་པ་གཉིས་ཐ་མི་དད་པའི་ཕྱིར། མཐར་ཐུག་སེམས་རྣམ་པར་དབེན་པ་ཉིད་དོ། །དེའི་ནང་དུ་གཏོགས་པས་ལུས་དང་ངག་རྣམ་པར་དབེན་པ་ཡང་ངོ་། །གང་གི་ཕྱིར་ལུས་མཐར་ཐུག་པ་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་སོ། །ངག་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། གསང་སྔགས་ཀྱི་ཐེག་པར་ལོངས་སྐུར་ནི་ངག་གི་ངོ་བོར་རྣམ་པར་བཞག་པའི་ཕྱིར་རོ། །ལུས་དང་ངག་འདི་དག་ཀྱང་སེམས་ཀྱི་སྣང་བ་ཙམ་སྟེ། སེམས་ལུས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་གསུངས་པའི་ཕྱིར་རོ། །སེམས་ཀྱང་བདེ་བ་ཆེན་པོའི་བདག་ཉིད་ཅན་མངོན་པར་ཤེས་པ་དང་སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ཀུན་རྫོབ་ཀྱང་ཡིན་ལ། རང་བཞིན་མེད་པས་དོན་དམ་པ་ཡང་ཡིན་ཏེ་ཟུང་དུ་འཇུག་པའོ། །ཞེས་སོ། །ཙམ་སྒྲ་སྨོས་པས་དོན་རྡོ་རྗེ་བཟླས་པ་བསྟན་པར་བཞེད་ཅིང་འདིས་རིམ་པ་ལྔ་འཕགས་པས་མཛད་པ་བགྲངས་སོ། །ཡང་དེར་དབང་པོ་རབ་ཀྱིས་ལྷ་རྣམས་བསྒོམ་པ་དང་ཟུང་དུ་འཇུག་ཅིང་ལྡང་བ་དང་། བཟླས་པ་བཞག་ནས་སྟོང་པ་ཉིད་ཀྱི་ཆ་ལ་འབད་དེ་བསྒོམས་པ་ཅིག་ཅར་སྐད་ཅིག་གིས་རྫོགས་པ་ལྷའི་སྐུ་ཟུང་དུ་འཇུག་པ་རྒྱུན་མ་ཆད་པར་བསྒོམ་པའོ་ཞེས་དང་། བློ་གྲོས་འབྲིང་གིས་ནི། རིམ་པ་དང་པོས་ཇི་ལྟ་བར་ལྷའི་སྐུར་བསྒོམ་པའི་བདག་ཉིད་རིམ་གྱིས་ཅིག་ཅར་དུ་འོད་གསལ་ལ་རབ་ཏུ་འཇུག་ཅིང་ལྡང་བ་དང་རྡོ་རྗེའི་བཟླས་པ་དང་། ཆུང་ངུའི་ཆུང་ངུ་ཡིས་ངག་གི་བཟླས་པ་ཡང་གོམས་པར་བྱའོ། །ཞེས་དང་། ཐ་མའི་དབང་དུ་མཛད་ནས། ཁ་ཅིག་ནི་གང་ཟག་གཅིག་ཁོ་ན་དང་པོ་ཆུང་ངུ་ཡིན་པས་བསྐྱེད་པའི་རིམ་པ་བསྒོམ་པ་སྔོན་དུ་འགྲོ་བས་འོད་གསལ་ལ་རབ་ཏུ་འཇུག་ཅིང་ལྡང་བ་དང་། བཟླས་པའི་རིམ་པ་དང་པོ་གཉིས་ཀྱིས་གོམས་པར་བྱས་ནས་དེ་བློ་གྲོས་འབྲིང་དུ་འགྱུར་ཏེ་སྐད་ཅིག་གིས་ལྷའི་སྐུར་འཆར་བ་དེ་རིམ་པ་གསུམ་པ་དང་། བཞི་པས་རབ་ཏུ་འཇུག་ཅིང་ལྡང་བའོ། །དེ་གོམས་པ་རབ་ཏུ་གྱུར་པ་ལས་ཟུང་དུ་འཇུག་པ་ལྷའི་སྐུར་ལྡང་བ་ཉིད་རིམ་པ་ལྔ་པས་སོ། །ཞེས་གསུངས་ལ། ཡང་དེ་ཉིད་དུ། དེ་ལྟར་འདི་རྣམ་གང་ཟག་ཐ་དད་ཀྱི་རིམ་པ་དང་ལྔ་ལྔ་ཡིན་ནོ་ཞེས་གསུངས་ལ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་སྤྱོད་བསྡུས་སྒྲོན་མེའི་འགྲེལ་པར། འཇིག་རྟེན་ན་གང་ཟག་རིགས་ནི་གཉིས་ཏེ། དེ་ཉིད་ཀྱི་རྣམ་པ་ཅན་དང་། གཞན་ལ་རག་ལས་པའོ། །དང་པོའི་དབང་དུ་ལམ་ལྔའོ། །ཕྱི་མ་ལྟར་ན་ནི་ལམ་གཅིག་སྟེ། རིམ་པ་ལྔས་འཇུག་པར་བྱེད་པའི་ཕྱིར་རོ། །ཞེས་དང་། ཡང་། འོ་ན་རིམ་པ་རེ་རེས་སམ། འོན་ཏེ་ཐམས་ཅད་ཀྱིས་ཕན་འདོགས་པར་འགྱུར། དེ་ལ་ཕྱོགས་དང་པོ་ལྟར་ན་ནི་སྐས་ཀྱི་རིམ་པ་མ་ཡིན་པར་འགྱུར་རོ། །ཕྱི་མ་ལྟར་ན་ཡང་རིམ་པ་གཅིག་གིས་མངོན་པར་སངས་རྒྱས་ཞེས་པ་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ལྟར་དེ་ཉིད་ཀྱི་རྣམ་པ་ཅན་གྱི་གང་ཟག་གི་དབང་དུ་བྱས་ཏེ། རིམ་པ་རེ་རེས་ཀྱང་ཕན་འདོགས་པར་འགྱུར་རོ། །གཞན་ལ་རག་ལས་པའི་གང་ཟག་གི་དབང་དུ་བྱས་ཏེ་རིམ་པ་ལྔ་ལ་སོགས་པའོ། །གཞན་ཡང་རིམ་པ་གཅིག་ལ་ཡང་སྐས་ཀྱི་རིམ་པས་ཞེས་བྱ་སྟེ་ཐོས་པ་ལ་སོགས་པས་འཇུག་སྟེ་སྐས་བཞིན་ནོ། །བསྒོམ་པའི་དབང་དུ་བྱས་པ་ཡང་དེ་ཉིད་སྐད་ཅིག་མའི་རྣལ་འབྱོར་ལ་འཇུག་གོ །དེ་ནས་སྐད་ཅིག་མ་བཅུ་ལ་སོགས་པ་སྟེ། སྐས་ཀྱི་རིམ་པ་བཞིན་ནོ་ཞེས་གསུངས་པ་འདིས་བསྐྱེད་རིམ་དང་རྫོགས་རིམ་རིམ་པ་ལྔ་ལ་མཐར་གྱིས་འཇུག་དགོས་ཀྱི། དེ་ལས་གཞན་ཐོད་རྒལ་དང་ཅིག་ཅར་དུ་འཇུག་པ་གཉིས་ཀྱི་འཕགས་ལུགས་ལ་མ་གྲགས་སོ་ཞེས་སྨྲ་བ་རྨོངས་པར་བསྟན་ནོ། །འོ་ན་སྤྱོད་བསྡུས་སུ་རིམ་གྱིས་འཇུག་པས་བསླབ་པར་བྱ་ཡིས་ཅིག་ཅར་ནི་མ་ཡིན་ནོ་ཞེས་གསུངས་པ་ཇི་ལྟར་བཤད་ཅེ་ན། །དེ་ཉིད་ཀྱི་གོང་དུ་བདག་ཅག་ལྟ་བུའི་སོ་སོ་སྐྱེ་བོ་ཐོག་མ་མེད་པ་ནས་ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་པ་ལ་མངོན་པར་ཞེན་པ་ཡོད་པ་དང་། མེད་པ་དང་། གཅིག་དང་། དུ་མ་དང་། གཉིས་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་མ་ཡིན། མེད་པ་མ་ཡིན་པ་དང་། རྟག་པ་དང་ཆད་པ་ལ་སོགས་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུས་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པ་ལ་ཞུགས་པ་རྣམས་ཀྱི་རྫོགས་པའི་རིམ་པའི་གོ་རིམ་ཏིང་ངེ་འཛིན་ལ་སློབ་པ་ན་གོ་རིམ་ཇི་ལྟ་བ་བཞིན་དུ་བསླབ་པར་བགྱི་འམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་སྐད་གཅིག་གི་སོ་སོར་སྣང་བར་བགྱི་ཞེས་པའི་ལན་དུ་གསུངས་པར་ཟད་དེ། དེར་གང་ཟག་རིགས་མ་ངེས་པ་ཁོ་ན་གཟུང་ནས་དེ་རྫོགས་རིམ་ལ་སློབ་པའི་ཚུལ་དྲིས་པས་དེ་སྐད་གསུངས་པ་ཡིན་ལ། རིན་པོ་ཆེ་ལྟ་བུ་ཡང་གཟུང་ནས་དྲིས་པ་མ་ཡིན་ཏེ། སྤྱོད་བསྡུས་ཉིད་དུ་བདག་གི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མན་ངག་གིས་བསྐྱེད་པའི་གོ་རིམས་ཀྱིས་དང་། རྫོགས་པའི་གོ་རིམ་གྱིས་ཏིང་འཛིན་ཐོབ་ནས་འདུས་བྱས་པའི་སློབ་མ་རྣམས་ཀྱི་ཐུན་མོང་དུ་བཤད་པའི་སྒྲའི་སྒོ་ནས་ནི་མ་ཡིན་ནོ། །ཞེས་གསུངས། ལུགས་འདི་ལ་ཅིག་ཅར་བའི་ལམ་གྱི་རྣམ་གཞག་མེད་ན་བླ་མའི་མན་ངག་ཙམ་གྱིས་ཞེས་དོགས་པ་དཔྱོད་མི་དགོས་ཏེ། རི་བོང་གི་རྭ་རྣོ་རཏལ་བཞིན་ནོ། །སྒྲོན་གསལ་ལས། སྔགས་ཀྱི་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཞེས་བརྗོད་དོན། །ཀུན་རྫོབ་བདེན་པ་མཐོང་བ་ཡི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །ཟུང་འཇུག་ཅེས་བྱ་ལྔ་པ་སྟེ། །བདེན་པ་གཉིས་པོ་སྦྱོར་བ་གང་། །འདི་ནི་བསྒྲུབ་པའི་ཡན་ལག་མཆོག །རྒྱུད་ཀུན་གྱི་ནི་དོན་བསྡུས་པའོ། །ཞེས་པ་འདིར་སྔགས་ཀྱི་སྐུ་རབ་ཏུ་སྒྲུབ་པར་བྱེད་པར་བསྐྱེད་རིམ་རིམ་པ་དང་པོ། །སེམས་དམིགས་ཙམ་གཉིས་པ། ཀུན་རྫོབ་བདེན་པ་མཐོང་བ་གསུམ་པ། །ཀུན་རྫོབ་བདེན་པའི་དག་པ་སྟེ་མངོན་བྱང་བཞི་པ། བདེན་གཉིས་སྦྱོར་བ་ཟུང་འཇུག་སྟེ་རིམ་པ་ལྔ་པའོ། །སྒྲ་བསྒྱུར་ཆེན་པོ་རིམ་པ་གཉིས་པ་འདིར་ཆོས་ཅན་སེམས་ཀྱི་གནས་ལུས་ལ་དམིགས་པ་བསྟན་ལ། ཆོས་ཉིད་སེམས་ཀྱི་གནས་ལུགས་ལ་དམིགས་པ་ནི་རིམ་པ་ཕྱི་མ་དག་གིས་བསྟན་པས་ཙམ་སྒྲ་སྨོས་ལ། རྡོར་བཟླས་ནི་བསྐྱེད་པའི་རིམ་པས་བསྡུས་ཞེས་བཞེད་དོ། །ཨཱརྻ་དེ་བས། རིམ་གྱིས་པ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་དང་། ཐེག་པ་གསར་མ་དྲན་པ་གཅིག་པའི་ཏིང་ངེ་འཛིན་དང་། རྟོག་པའི་རྣལ་འབྱོར། ལུས་དབེན། ངག་དབེན། སེམས་དབེན། སྒྱུ་ལུས་འོད་གསལ། ཟུང་འཇུག་ལ་མཐར་གྱིས་སློབ་པ་བསྟན་པའི་དང་པོ་གསུམ་བསྐྱེད་རིམ་དུ་མཛད། ལྷག་མ་མན་རྫོགས་རིམ་འདི་དང་བཀའ་ཡང་དག་པའི་ཚད་མ་མཐུན་ནོ། །རྗེ་བཙུན་མཻ་ཏྲི་པ་མདོར་བསྡུས་པའི་རིམ་པ་དང་། རྡོ་རྗེ་བཟླས་པ། བདག་བྱིན་བརླབ། མངོན་བྱང་། ཟུང་འཇུག་བཞི་དང་པོ་བསྐྱེད་རིམ་མོ། །ཐབས་རྒྱུད་བསྙེན་སྒྲུབ་ཡན་ལག་བཞིར་བཤད་པ་ཡང་། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་བརྟག་པར་སྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་རབ་བསྒྲུབ་པ་གཉིས་པ་ཡིན། །བསྒྲུབ་པ་ཡང་ནི་གསུམ་པ་ཡིན། །བསྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་པས་སོ། །དེ་ཡང་ཐུན་མོང་དང་མཆོག་གི་དབྱེ་བས་གཉིས་སུ་འགྱུར་ཏེ། ཐུན་མོང་མཆོག་གི་བྱེ་བྲག་གིས། །བསྙེན་པའང་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་པོ་ཐུན་མོང་སྟེ། །ཡེ་ཤེས་བདུད་རྩི་མཆོག་གི་གནས། །ཞེས་དང་། ཡན་ལག་དྲུག་ནི་མཆོག་ཡིན་ནོ། །ཞེས་གཉིས་ཀར་བྱུང་བས་འགྱུར་གྱི་ཁྱད་དུ་སྣང་ངོ་། །རྡོ་རྗེ་བཞི་ཐུན་མོང་བ་ལ་བཤད་པ་ནི་གཙོ་བོར་ཡིན་ལ། ཐུན་མོང་མ་ཡིན་པ་རྫོགས་པ་ཡང་དེ་བཞིན་འཆད་དུ་རུང་སྟེ། སྒྲོན་གསལ་དུ་མཆོག་གི་བསྒྲུབ་པ་ལ་གནས་པ་རྣམས་ཀྱིས་ཡང་རྡོ་རྗེ་བཞི་དག་ནི་སྟོང་པ་ཉིད་བཞི་སྟེ་དེས་བསྙེན་པར་བྱ་ཞིང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱའོ། །ཞེས་སོ། །བསྙེན་པའང་ཞེས་པའི་འང་སྒྲས་ཉེ་བར་བསྒྲུབ་པ་སོགས་བསྟན་ནོ། །རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་སློབ་དཔོན་གྱིས། བསྐྱེད་པའི་རིམ་པར་གནས་བྱས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པས་བསྐྱེད་རྫོགས་གཉིས་སུ་རྣམ་པར་ཡང་བཞག་ལ། དབང་རྡོ་རྗེ་བཞིའི་ལམ་དུ་འདུས་པ་ཡང་བུམ་དབང་བསྐྱེད་རིམ་གྱི་དབང་དུ་འགྲོ་བ་དང་། ཕྱི་མ་གསུམ་རྫོགས་རིམ་སྒྱུ་ལུས་དང་མངོན་བྱང་གི སྔོན་འགྲོ་དམ་ཚིག་གྲོགས་སྤྱོད་པ་སོ་སོའི་སྐབས་ཐོབ་ཀྱི་བོགས་འདོན་ཡིན་པས་དེས་བསྡུས་ནས་ནཱ་རོ་ཞབས་ཀྱིས་ཐབས་རྒྱུད་ཡན་ལག་བཞིར་མཛད་པ་ཤིན་ཏུ་ལེགས་སོ། །དེ་ལྟར་གཉིས་སུ་དབྱེ་དགོས་པ་ཡང་གཞི་དུས་ཀྱི་གང་ཟག་ལ་ལྟོས་ནས་ཀྱང་སྟེ་ཤཱཀྱ་བཤེས་གཉེན་གྱིས་སྤྱོད་བསྡུས་འགྲེལ་པར། རྡོ་རྗེའི་ཐེག་པ་འདི་ལ་སྔགས་ཀྱི་སྒོར་སྤྱོད་པ་ནི་གཉིས་ཏེ་ཞེས་གསུངས་ཏེ། གང་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཡོད་པ་དེ་ནི་རྡོ་རྗེ་ཐེག་པའོ། །དེའི་སྔགས་ཀྱི་སྒོར་སྤྱོད་པ་ནི་དེ་ཉམས་སུ་ལེན་པའོ། །འདི་ལ་གཉིས་ཡོད་པས་གཉིས་ཏེ། བསྐྱེད་པ་རྫོགས་པའི་དབང་དག་ཏུ། །གང་ཟག་གཉིས་ནི་ཐུབ་པས་གསུངས། །གང་ཡིན་ཞེ་ན། གསང་སྔགས་ལ་མཆོག་ཏུ་གཞོལ་བ་དང་། ནང་ལ་མཆོག་ཏུ་གཞོལ་བ་སྟེ། སྔགས་བཟླས་པ་ལ་བརྩོན་པ་དང་། གོམས་པ་ལ་བརྩོན་པའོ། །ཡང་ན་བསྐྱེད་པའི་རིམ་པ་འམ། རྫོགས་པའི་རིམ་པའི་རིགས་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ་ཞེས་གསུངས་པས། གང་ཟག་རིམ་པ་གཉིས་ལམ་སོ་སོ་ནས་ཐོག་མར་དཀྲི་དགོས་པས། གང་ཟག་བློ་ཡི་ཁྱད་པར་གྱིས། །ཅིག་ཅར་བ་དང་རིམ་སྐྱེས་པ། །ཅིག་ཅར་བ་ཡི་སྨན་ཆེན་འདི། །རིམ་གྱིས་པ་ཡི་དུག་ཏུ་འགྱུར། །དེ་བཞིན་བཟློག་སྟེ་ཡང་གསུངས་པ། །ཅིག་ཅར་བ་ནི་འདོད་ཆགས་སོགས་རང་བཞིན་ཤེས་པས་སྤྱད་ཀྱང་ཉོན་མོངས་པར་མི་འགྱུར་བའི་སྟེང་དུ་གྲོལ་བྱེད་ཀྱི་ཐབས་ཀྱི་མཆོག་ཏུ་འགྱུར་ལ། རིམ་གྱིས་པ་རང་བཞིན་མི་ཤེས་པར་སྤྱད་ན་ངན་འགྲོའི་རྐྱེན་ཉིད་དུ་འགྱུར་བའི་ཁྱད་པར་གྱིས་སོ། །ལམ་ལ་ལྟོས་ནས་རྣལ་འབྱོར་བཞིའི་རིམ་པས་རྡོ་རྗེ་སེམས་དཔའ་ཡང་དག་པར་བསྙེན་པར་བྱ་བ་དང་། ཡན་ལག་དྲུག་གི་རིམ་པས་རྡོ་རྗེ་འཆང་ཆེན་པོ་རྫོགས་པར་བྱ་བའི་སྒོ་ནས་ཀྱང་རིམ་པ་དེ་གཉིས་བཞག་གོ །འབྲས་བུ་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཆ་ནས་ཀྱང་རིམ་པ་གཉིས་ཏེ། དང་པོས་ལོངས་སྐུ་དང་སྤྲུལ་སྐུ། ཕྱི་མས་ནི་ཆོས་སྐུ་འམ་ངོ་བོ་ཉིད་སྐུ་ལ་སོགས་པའི་མིང་ཅན་དེའོ། །རིམ་པ་ལ་གཉིས་པོ་དེ་ལ་མིང་རྣམ་གྲངས་བཏགས་པ་དང་རྫོགས་པའི་རྣལ་འབྱོར། བཅོས་མ་དང་། ཡེ་ཇི་བཞིན་པའི་རྣལ་འབྱོར་རམ། མ་དག་པའི་ལྷའི་རྣལ་འབྱོར་དང་། ཡོངས་སུ་དག་པའི་ལྷའི་རྣལ་འབྱོར་གཉིས་སམ། དང་པོ་ལ། བྱིན་རླབས་ཡོངས་བཏགས་གཉིས། ཕྱི་མ་རྫོགས་པའི་རྣལ་འབྱོར་ཞེས་ཀྱང་བྱའོ། །གཉིས་པ་ལ། ཐུན་མོང་གི་བསྙེན་བསྒྲུབ་ཡན་ལག་བཞི་དང་། ཐུན་མོང་མ་ཡིན་པའི་བསྙེན་བསྒྲུབ་ཡན་ལག་བཞི་ལས། དང་པོ་ནི། སློབ་དཔོན་གྱི་མདོ་དང་བསྲེ་བར། དེ་ལ་ཐོག་མར་གནས་ངེས་པ་དང་། སྙིང་རྗེ་ཆེན་པོ་ལ་དམིགས་པ་དང་། བསྲུང་བའི་འཁོར་ལོ་བསྒོམ་པ་དང་། སྟོང་པ་ཉིད་ལ་དམིགས་པ་དང་། སའི་ཆ་བསྐྱེད་པ་དང་། གཞལ་ཡས་ཁང་དང་། དཀྱིལ་འཁོར་དགོད་པ་དང་། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ་དང་། ལྡང་བ་དང་། ཉི་མའི་དཀྱིལ་འཁོར་ལ་དམིགས་པ་དང་། མཐར་ཟླ་བའི་དཀྱིལ་འཁོར་དང་། རྡོ་རྗེ་འཆང་ཆེན་པོ་བསྐྱེད་པ་དང་། སྔགས་ཀྱི་བྱིན་གྱིས་བརླབས་པས་ཕུང་པོ་ལ་སོགས་པ་དགོད་པ་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ལྡན་པའི་འདུས་བྱས་དང་། རྡོ་རྗེ་པདྨ་འདུས་བྱས་པ་དང་། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་ཕྱུང་བ་དང་། ཕྲ་མོའི་སྦྱོར་བ་དང་། རྡོ་རྗེའི་བཟླས་པ་དང་། ངག་གི་བཟླས་པ་དང་། དོན་དམ་པ་ལ་ཞུགས་པ་དང་། རབ་ཏུ་བསྐུལ་བས་བླང་པ་དང་། བསྟོད་པ་བྱེད་པ་དང་། ཉེ་བར་བསྡུ་བ་དང་། ལས་ཀྱི་རབ་ཏུ་དབྱེ་བ་རྣམས་སུ་ཤེས་པར་བྱའོ། །ཞེས་ཉེར་དྲུག་བསྟན་ལ། དེ་དག་ཀྱང་དང་པོར་སྦྱོར་བའི་ཏིང་ངེ་འཛིན་རྒྱལ་པོ་མཆོག་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་རྒྱལ་པོ་མཆོག་སྟེ་ཏིང་ངེ་འཛིན་གསུམ་དུ་འདུ། དང་པོ་ལ། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་བཞིར་ཕྱེ་ནས་དྲུག རྣལ་འབྱོར་ལ་དབྱེ་བ་བཅོ་ལྔ། རྗེས་སུ་རྣལ་འབྱོན་མན་ལ་བཅུ་བདུན། དེ་ཡང་རྗེས་སུ་རྣལ་འབྱོར་ལ་གསུམ། ཤིན་ཏུ་རྣལ་འབྱོར་ལ་བདུན། རྣལ་འབྱོར་ཆེན་པོ་ལ་བདུན། དཀྱིལ་འཁོར་མཆོག་ལ་ལྔ། ལས་རྒྱལ་མཆོག་ལ་བཅུ་གཉིས་ཏེ་དེ་ཉིད་དབྱེ་བ་བཞི་བཅུ་རྩ་དགུར་གསུངས་ཏེ། ཐོག་མར་གནས་ཚོགས་བསག སྙིང་རྗེ་བསྒོམ་པ། བསྲུང་འཁོར་གྱི། གཙོ་བོ་བསྒོམ་པ། མི་བསྐྱོད་པ་སྤྲུལ་ནས་བདག་ཉིད་ཞེ་སྡང་རྡོ་རྗེར་བསྒྱུར་བ། ཁྲོ་བོ་སྤྲོ་བ། བཀའ་བསྒོས་ཏེ་བགེགས་འཇོམས་པ། སྟོང་པ་ཉིད་བསྒོམ་པ། གཞལ་ཡས་ཁང་བསྒོམ་པ། དཀྱིལ་འཁོར་དགོད་པ། དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པ། ལྡང་བ། ཉི་མའི་དཀྱིལ་འཁོར་ལ་དམིགས་པ། ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་བཅོ་ལྔ་རྣལ་འབྱོར་རང་གི་ངོ་ཏི་ལྡང་བ་མན་ཏེ་གཞན་མ་དེའི་ཞར་གྱིས་བསྡུས་པའོ། །ཡི་གེ་དང་། ཕྱག་མཚན་དང་། རྡོ་རྗེ་འཆང་བསྐྱེད་པ་གསུམ་རྗེས་སུ་རྣལ་འབྱོར། མདུན་དུ་མི་བསྐྱོད་པ་སྤྲུལ་པ། དེ་བདག་ཉིད་ལ་ཞུགས་པ། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུར་བསྒྱུར་པ། ཕུང་པོ། ཁམས། སྐྱེ་མཆེད། ཡན་ལག་ལ་འགོད་པ་བདུན་ཤིན་ཏུ་རྣལ་འབྱོར། སྐུ་བྱིན་གྱིས་བརླབ་པ། གསུང་། ཐུགས། དེ་གསུམ་མི་ཕྱེད་པ། ཡེ་ཤེས་སེམས་དཔའ། རྒྱས་བཏབ། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་བདུན་རྣལ་འབྱོར་ཆེན་པོ། ལྡན་པའི་འདུས་བྱས། རྡོ་རྗེ་པདྨ་འདུས་བྱས། རྗེས་སུ་ཆགས་པའི་རྡོ་རྗེ་བྱིན་གྱིས་བརླབ་པ། པདྨའི་ནང་དུ་སྔགས་ཀྱི་དཀྱིལ་འཁོར་ཕྱུང་བ། ཕྱིར་ལྷའི་དཀྱིལ་འཁོར་ཕྱུང་བ་ལྔ་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །ཕྲ་མོ། བཟླས་པ་ནི་དོན་དམ་ལ་ཞུགས་པ། གླུས་བསྐུལ། སླར་བཞེངས་པ། བསྟོད་པ། ཉེར་བསྡུ། ཚིམ་པར་བྱེད་པའི་ཆོ་ག ནང་གི་སྦྱིན་སྲེག གཤེགས་གསོལ་གཏོར་མ། གཉིད་ལོག་པའི་ཆོ་གའི་དེ་ཉིད་དེ་བཞི་བཅུ་རྩ་དགུའོ། །དེ་ལྟར་ཡང་རྡོ་རྗེ་འཕྲེང་བ་ནས། ཐོག་མར་རེ་ཞིག་རྣལ་འབྱོར་རིམ་པས་མཆོག་ཏུ་བསྒྲུབ། ཅེས་དང་། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བས་མདོར་བསྡུས་པ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་མཆོག །ཅེས་དང་། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཉིད་དབྱེ་བ་བཅོ་ལྔ་ཡིན། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། །བསྐྱེད་པའི་རིམ་པ་མདོར་བསྡུས་པའོ། །ཞེས་སོ། །དེ་དག་གི་ནང་ནས་སའི་ཆ་བསྐྱེད་པ་ནས་ལྷག་མོས་བསྒོམ་པ་རྫོགས་པའི་བར་བསྙེན་པར་བྱ་ཞིང་བྱང་ཆུབ་ཀྱི་སེམས་ལ་དམིགས་པར་བྱ་བས་བསྙེན་པའི་ཡན་ལག་གོ །དེ་ནས་རྡོ་རྗེ་སེམས་དཔའ་རྫོགས་པའི་བར་ནི་ཉེ་བར་ཏེ་གནད་དུ་བསྒྲུབ་པར་བྱ་ཞིང་བསྐྱེད་པར་བྱ་བས་ཉེ་བར་བསྒྲུབ་པའི་ལན་ལག སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོཾ་བཀོད་པ་ནས་ཏིང་ངེ་འཛིན་རྒྱལ་པོ་མཆོག་རྫོགས་པའི་བར་ནི་ཉེ་རབ་བཞག་པའི་དོན་དུ་གསོལ་བ་འདེབས་པ་ཡིན་པས། བསྒྲུབ་པའམ་ཡང་ན་རང་གི་དོན་བསྒྲུབ་པས་བསྒྲུབ་པའི་ཡན་ལག དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ནི་གཞན་གྱི་དོན་ཆེན་པོ་བསྒྲུབ་པས་སྒྲུབ་པ་ཆེན་པོ་སྟེ། རྩ་རྒྱུད་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང་། ཉེ་བར་བསྒྲུབ་པ་འབྱུང་བ་དང་། བསྒྲུབ་པའི་དོན་གྱི་དམ་ཚིག་དང་། སྒྲུབ་པ་ཆེན་པོ་དག་དང་བཞི། །རྡོ་རྗེའི་བྱེ་བྲག་ཤེས་བྱས་ལ། །དེ་ནས་ལས་རྣམས་བསྒྲུབ་པར་བྱ། །བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཉེ་བར་བསྒྲུབ་པ་གྲུབ་མཆོག་ལ། །རྡོ་རྗེ་སྐྱེ་མཆོད་ཉེ་རབ་སྤྱད། །སྔགས་ཀྱི་བདག་པོ་བསྒོམ་པ་ཡི། །བསྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། །སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་གསུངས། །དེ་དག་ཀྱང་། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །ཤཱུ་ནྱ་ཏའི་སྔགས་དོན་བསམ་པ་སྟོང་པའི་བྱང་ཆུབ། དེ་ནས་ཡི་གེ་གསུམ་ཡོངས་སུ་གྱུར་བའི་རྡོ་རྗེ་རྩེ་ལྔ་བསྐྱེད་པའི་བར་ས་བོན་བསྡུ་བ། ཕྱག་རྒྱ་ཆེན་པོའི་གཟུགས་རྡོ་རྗེ་སེམས་དཔའ་བསྐྱེད་པ་གཟུགས་རྫོགས་པ། སྤྱི་བོར་རྣམ་སྣང་གི་རང་བཞིན་ཨོཾ་བཀོད་པ་མན་ནས་དཀྱིལ་འཁོར་ལ་གནོད་མཛེས་རྒྱལ་པོ་འགོད་པའི་བར་ཡིག་གེ་འགོད་པ་ཡིན་པས་འདི་ལ་རྡོ་རྗེ་བཞི་ཞེས་གསུངས་སོ། །སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པས་བསྙེན་བསྒྲུབ་བཞི་དང་རིམ་པ་བཞིན་སྦྱར་ལ་འདིར་ཟླ་གྲགས་དང་ནཱ་རོའི་བཞེད་པ་མཐུན་པར་ལྷག་མོས་ཡན་སྦྱོར་བ་དང་ལས་རྒྱལ་མཆོག་འཇུག རྡོ་རྗེ་རྣམ་པ་བཞི་དངོས་གཞིར་བྱས་ནས་བཤད་པ་ཡིན་ནོ། །ཡང་ལྷག་མོས་བྱིན་བརླབ་ཀྱི་རྣལ་འབྱོར། རྣལ་འབྱོར་བཞི་མན་བཏགས་པའི་རྣལ་འབྱོར། ཞུ་བ་གླུས་བསྐུལ་གྱི་རྗེས་ལ་ལངས་པ་རྫོགས་པའི་རྣལ་འབྱོར་གསུམ་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་དེ། རྣལ་འབྱོར་རྣམ་གསུམ་ཞེས་བྱ་སྟེ། །བྱིན་གྱིས་བརླབ་དང་ཡོངས་བཏགས་དང་། །གཟུགས་ཉིད་ཡོངས་སུ་རྫོགས་པ་དང་། །ཞེས་དང་། དེ་བཞིན་སྒྱུ་འཕྲུལ་དྲ་བ་ལས་ཀྱང་ངོ་། །དེ་ཉིད་སློབ་དཔོན་ཀླུ་བྱང་ཆུབ་ཀྱིས། དེ་ལ་དང་པོར་རེ་ཤིག་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྗོད་ནས་སྣོད་ལ་སོགས་པའི་དངོས་པོ་རྣམས་སྟོང་པ་ཉིད་དུ་གཞུག་པར་བྱའོ། །དེ་ནས། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བཞིའི་རིམ་གྱིས་པའི་ཆ་བསྒྲུབས་ཏེ། དེའི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་ལ། དེར་མི་བསྐྱོད་པ་ལ་སོགས་པ་ལྷ་ཡི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ། ། དེའིའོགཏུ next hit་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རིམ་པས་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད། དབང་པོ་གཉིས་མཉམ་པར་སྦྱར་བ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་ཕྱུང་སྟེ། བསྒོམ་པ་དང་བཟླས་པ་བྱས་ནས་གཤེགས་སུ་གསོལ་བ་འདི་སྒོམ་པ་བསྡུས་ཏེ་བསྟན་པའོ། །ཞེས་གསུངས་པས་རྣལ་འབྱོར་གྱི་བསྡུས་དོན་དེ་བཞིན་དུ་འགྱུར་རོ། །དེ་ཉིད་རྣམ་གཞག་རིམ་པ་བཞིར་འཆད་དེ། དང་པོར་སྣོད་བཅུད་ཞིག་པ་ལྟར་ཡེ་ཤེས་ཀྱིས་བསྒོམ་པ། ཆགས་པ་ལྟར་རྡོ་རྗེའི་ས་དང་གཞལ་ཡས་ཁང་བསྒོམ་པ། དེ་ནས་བསྐལ་པ་དང་པོའི་མི་རྫུས་ཏེ་སྐྱེ་བ་ལྟར་ལྷག་མོས་བསྒོམ། དེ་ནས་དེ་དག་ཐ་མལ་པའི་ལུས་སུ་གྱུར་པ་ལྟར་ལྷག་མོས་ལུས་ལ་བསྡུས། ཤི་ནས་བར་དོར་གནས་པ་ལྟར་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་གྱིས་དང་པོའི་མགོན་པོ་བསྐྱེད། སྐྱེ་བ་བླངས་པ་ལྟར་སྤྲུལ་སྐུར་བསྒྱུར་བ། རྣམ་བཞག་དང་པོའོ། །མངལ་དུ་ཕུང་པོ་ཁམས་སྐྱེ་མཆེད་གྲུབ་པ་ལྟར་དུ་ལུས་ལྷར་བསྐྱེད་པ་དེའི་ཕུང་པོ་ལ་སངས་རྒྱས། ཁམས་ལ་གཤེགས་མ། སྐྱེ་མཆེད་ལ་སེམས་དཔའ་སེམས་མ། ཡན་ལག་ལ་ཁྲོ་བོ་རྣམ་པར་འགོད། མངལ་ནས་སྐྱེས་ནས་ལུས་ངག་ཡིད་གསུམ་རྫོགས་པ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ཡང་ཡིན་ལུགས་བཞིན་དུ་གསལ་འདེབས་པ་སྟེ། དེ་ཉིད་དུ། གསོལ་བ། ཉོན་མོངས་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བརྙེས་པ་རྣམས་འདིར་ཐ་མལ་པའི་ལུས་ལ་དགོད་པ་མི་འགལ་ལགས་སམ། བཀའ་སྩལ་པ། ཇི་སྲིད་དུ་བཀྲུ་བཤལ་གྱི་སྣོད་ཡིན་པའི་གནས་སྐབས་སུ་ནི་མཆིལ་མ་འདོར་ལ། གཞོང་པའི་གནས་སྐབས་སུ་འཇིག་རྟེན་པ་རྣམས་ཟས་ཟའོ། །གཟུགས་བརྙན་གྱི་གནས་སྐབས་སུ་མཆོད་པར་བྱེད་དོ། །དེ་བཞིན་དུ་ཐ་མལ་པའི་ལུས་ལ་འདོད་ཆགས་དང་ཞེ་སྡང་གཏི་མུག་ལ་སོགས་པས་བརླན་པའི་སྔོན་གྱི་གནས་སྐབས་སུ་འཁོར་བའི་རྒྱུ་ཡིན་ལ། ཕྱིས་རང་བཞིན་ཡོངས་སུ་ཤེས་ཤིང་ཡོངས་སུ་དག་པས་ཐམས་ཅད་མཁྱེན་པ་གྲུབ་པའི་རྒྱུར་འགྱུར་བ་ལ་སྐྱོན་མེད་ཞེས་དང་། རྡོ་རྗེ་འཕྲེང་བར་ཡང་། ལུས་ནི་འདི་ཉིད་ཀུན་ལ་འདིར། སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་རྣམས་ཀྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །རྡོ་རྗེ་ལེགས་བྱས་བསྟན་པ་ནི། །མྱ་ངན་འདས་པ་འཇུག་པར་འབྱུང་། །ཞེས་སོ། །རྣམ་གཞག་གཉིས་པའོ། །རིགས་དང་རྗེས་སུ་མཐུན་པའི་བག་མ་བླངས་པ་བཞིན་དུ་ཕྱག་རྒྱ་འདུ་བྱས། སྙོམས་པར་ཞུགས་པས་བུ་དང་བུ་མོ་བསྐྱེད་པ་བཞིན་དུ་དཀྱིལ་འཁོར་རྒྱལ་མཆོག་སྤྲུལ། དེ་ལྟར་ལུས་ཀྱི་ལེགས་པར་བསྒོམས་ནས་གཞན་དོན་བསྒྲུབ་པའི་ཕྱིར་སྐུའི་དཀྱིལ་འཁོར་ལས་ཕྱུང་བའི་དཀྱིལ་འཁོར། དེ་ཡང་དེ་ཉིད་དུ། ལྷ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་སྤྲུལ་པའི་སྐུ་ཞལ་གསུམ་ཕྱག་དྲུག་པ་མཚན་མའི་ཕྱག་ཆ་སྣ་ཚོགས་ཕྱག་ན་བསྣམས་པ་རྣམས་བྱང་ཆུབ་སེམས་ལས་སྔགས་ཀྱི་གཟུགས་ཀྱི་སྤྲུལ་པ་ཡང་འབད་པ་མེད་པ་ཉིད་ཀྱི་སྒྲུབ་པ་པོའི་ལུས་ཀྱི་དཀྱིལ་འཁོར་ལས་འབྱུང་སྟེ་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་ཏུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་ཏིང་ངེ་འཛིན་དང་དེས་སྦྱངས་ནས་སླར་བྱོན་ཏེ། རང་རང་གི་སྟན་ལ་ཞུགས་པར་གྱུར་ཏོ། །ཞེས་པའོ། །དེ་དག་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པས་བརྒྱན་པའི་གཞིར་གྱུར་པའི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །བཙུན་མོ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ཀྱི་ཡི་གེ་ནི་ཆོས་ཀྱི་ཕྱག་རྒྱའོ། །གཟུགས་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ཅིང་སྒྲུབ་པའི་ལས་ནི་ལས་ཀྱི་ཕྱག་རྒྱའོ། །དེ་བས་འདིར་ཕྱག་རྒྱ་བཞིས་རྒྱས་བཏབ་པ་ནི་དེ་ཡིན་ལ་ལག་པའི་ཕྱག་རྒྱ་བཅིང་བ་ལ་སོགས་པ་ལ་བཞག་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཞལ་གསུམ་ལ་སོགས་པར་སྣང་བ་ནི། དགོངས་པ་ལུང་སྟོན་ལས། སྐྱབས་གསུམ་དེ་ཉིད་གསུམ་ཡིན་ཏེ། །སྐུ་གསུམ་རྣམ་པར་ཐར་གསུམ་གྱིས། །ཞལ་གསུམ་ཡིན་ཏེ་མདོག་གསུམ་ཡང་། །སྦྱོར་གསུམ་དམ་ཚིག་གསུམ་སྦྱོར་བས། །ཁམས་གསུམ་དུ་ནི་ལྷ་གསུམ་གྱི། །དཀྱིལ་འཁོར་གསུམ་གྱི་དུས་གསུམ་དུ། །ལམ་གསུམ་གྱི་ནི་ཆོག་གསུམ་གྱི། །ཇི་སྙེད་དུ་ནི་རྟོག་པས་བསྐུལ། །གསོལ་བ་འདེབས་པ་ཡིད་ལ་བྱེད། །འཇིག་རྟེན་རྣམས་ཀྱི་དོན་རྣམས་བྱེད། །ཡང་དག་སངས་རྒྱས་དེ་མཉེས་འགྱུར། །ཞེས་དེ་དག་གིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བཞིན་དུ་ལས་རྒྱལ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱས་ནས་དུས་ལ་བབ་པ་དང་ཤི་བ་བཞིན་དུ་འོད་གསལ་ལ་ཐིམ། དེ་ནས་བུད་མེད་ལ་སོགས་པ་ངུ་བ་བཞིན་དུ་གླུས་བསྐུལ། སླར་ཡང་སྐྱེས་ནས་འདོད་ཡོན་ལ་སྤྱོད་པ་བཞིན་དུ་གླུའི་ངོར་བཞེངས་ཏེ་མཆོད་བསྟོད་བདག་གིར་མཛད་པ་རྣམ་གཞག་གསུམ་པའོ། །དེ་ཡང་ཕུང་པོ་གཟུང་བ་རིམ་གྱིས་ཐིམ་ནས་རིམ་འཛིན་རྗེས་གཞིག་གིས་མི་ཤིགས་པ་མངོན་དུ་བྱས་ཏེ་འཛིན་པ་ལ་ཉེ་བར་བསྡུས་ནས། ཨོཾ་ཤཱུ་ནྱ་ཏཱ་སོགས་སྔགས་ཀྱི་དོན་འོད་གསལ་ཐམས་ཅད་སྟོང་བ་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྔགས་ཀྱི་དོན་དེ་ཡང་བཤད་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་ཀུན། །ཕྲ་མོའི་སྦྱོར་བ་རྣམས་པར་ཞུགས། །ཨོཾ་ཞེས་པ་ནི་གཅིག་དང་ལྡན། །ཤཱུ་ནྱ་ཏཱ་ནི་གཉིས་པ་ཡིན། །ཛྙྱཱ་ན་ཞེས་པ་གསུམ་པ་ཡིན། །བཞི་པ་བཛྭ་མིང་ཅན་ཏེ། །སྭ་བྷཱ་ཝ་ཨཱཏྨ་ཀཱོ་ལྔ་པ། །དྲུག་པ་ཨ་ཧཾ་ཞེས་སུ་བརྗོད། །དེ་ལྟར་དེ་བཞིན་གཤེགས་པ་དྲུག །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཨོཾ་ཤཱུ་ནྱ་ཏཱ་ཟུང་དང་པོ། །ཛྙྱཱ་ན་བཛྭ་གཉིས་པ་ཡིན། །སྭ་བྷཱ་ཝ་ཨཏྨ་ཀཱོཧཾ་གསུམ་པ་ཡིན། །དེ་ཉིད་གསུམ་དུ་འདི་རུ་བསྟན། །ཞེས་སོ། །འདི་ནི་དོན་དམ་པའི་དཀྱིལ་འཁོར་རྣམ་པར་བཞག་པ་བཞི་པའོ། །རྒྱུ་མཚན་འདིས་བསྐྱེད་པ་ནི་སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་ལྷ་བསྐྱེད་པ་ཡིན་ལ། རིམ་པ་ནི་དེ་ཉིད་རིམ་གྱིས་སྦྱོར་བར་བྱེད་པ་སྟེ་དེའི་ཕྱིར་བསྐྱེད་རིམ་ཞེས་བྱའོ། །ཡང་སྒྲ་བསྒྱུར་ཆེན་པོས། རྣམ་པར་བཞག་པ་དང་པོ་ཆོས་ཀྱི་སྐུ་ལས་དེའི་ཟབ་པའི་རྒྱུ་མཐུན་ལོངས་སྐུ། དེས་མིའི་འགྲོ་བ་འདུལ་བར་མི་ནུས་པས་སྤྲུལ་པའི་སྐུ་འཛིན་པ། གཉིས་པ་སངས་རྒྱས། གསུམ་པ་ཆོས་འཁོར་བསྐོར་བ། བཞི་བས་སླར་ལྷག་མ་མེད་ཅིང་མྱ་ངན་ལས་འདས་པ་བཞུགས་པར་མཚོན་པ། འདིའི་དབང་དུ་བྱས་ནས། བསྐྱེད་པ་ལྷ་ཡིན་ལ། རིམ་པ་འཁོར་ལོ་ལ་སོགས་པ་རྒྱས་པ་ལ་བྱ་བས་བསྐྱེད་རིམ་ཞེས་བཞེད་དོ། །དེ་ཡང་དང་ཡང་དུ་བསྒོམ་པ་ནི་དཀྱིལ་འཁོར་དུ་བསྒྲུབ་པ་ཞེས་བྱ་ལ། གང་གི་ཚེ་དངོས་གྲུབ་རྙེད་པར་མ་གྱུར་ན་དེའི་ཚེ་རང་གི་ལྷའི་གནས་ནན་ཏན་གྱིས་བསྐུལ་བར་བྱའོ། །དེ་ནི་སྔགས་ཏེ་དེའི་ངོ་བོ་ནི་བཤད་རྒྱུད་དུ། དེ་ཉིད་གསུམ་ནི་གཅིག་ཏུ་གྱུར། །གསལ་དང་མི་གསལ་མིང་ཅན་ཏེ། ཞེས། སྐུ་གསུང་ཐུགས་ཀྱི་འདུས་པ་ཐམས་ཅད་སྟོང་པ་འོད་གསལ་ལ་བཞག་པ་ཞིག་དང་། ཁྱད་པར་གསུམ་ལྡན་གྱི་མི་ཤིགས་པའི་ཐིག་ལེ་ལ་བཞག་པ། བྱེད་པའི་ལས་ནི་ཡང་དེ་ཉིད་དུ། །གཞན་ཡང་རྡོ་རྗེ་འཛིན་གང་ཞིག །གསུམ་གྱི་བརྡ་དང་ལྡན་པའི་མི། །སྤྱན་དྲངས་གཤེགས་སུ་གསོལ་བ་དང་། དེ་བཞིན་དུ་ནི་བཞུགས་པའོ། །འཇུག་པ་ཡིས་ནི་སྤྱན་དྲངས་ཏེ། །མྱུར་བ་ཡིས་ནི་གཤེགས་སུ་གསོལ། །དལ་བ་ཡིས་ནི་དེ་བཞུགས་འགྱུར། །དག་པ་ལས་ནི་དངོས་གྲུབ་མཆོག །ཅེས་སོ། །རྣམ་པར་དབྱེ་ན། སྔགས་ཀྱི་མིང་དང་། དོན་དང་། སྤེལ་བ་དང་། སྔགས་སྤྱོད་པའི་ཚུལ་བཞིའོ། །དང་པོ་ནི། མགོར་ཨོཾ་མེད་པ་མཐར་སྭཱ་ཧཱ་ཡོད་པ་དེ་ལ་མགོ་མེད། མགོར་ཨོཾ་ཡོད་པ་མཐར་སྭཱ་ཧཱ། མེད་པ་དེ་ལ་མཇུག་མེད། མགོ་མཇུག་གཉིས་ཀ་ཡོད་པའི་སྔགས་དེ་ལ་སྦྲུལ། གཉིས་ཀ་མེད་པའི་སྔགས་དེ་ལ་བསྡུས་པ་ལས་གྱུར་པ་ཟེར་རོ། །གཉིས་པ་ནི། སྒྲོན་གསལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བར་གྱུར་པའི་སྔགས་ཐམས་ཅད་ནི་སྦྲུལ་ལ་སོགས་པའི་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ཀྱི་ཐུགས་ཏེ་སྲོག་གང་གི་ཀུན་ཏུ་སྐུལ་བར་བྱེད་ཅིང་རབ་ཏུ་སད་པར་བྱེད་པ་དེ་ནི་སྔགས་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་སྐུལ་བར་བྱེད་པ་ཞེས་བྱ་བ་རབ་ཏུ་གསལ་བ་སྟེ་སྣོད་མ་ཡིན་པ་རྣམས་ལ་མཆོག་ཏུ་སྦ་བར་བྱའོ། །ཞེས་པས་རྩ་བཤད་ལས་གསུངས་པའི་སྔགས་རྣམས་ཀྱི་སྒྲ་དོན་རྣམ་པར་ཕྱེ་བའོ། །གསུམ་པ་ནི། ལས་དང་མཐུན་པའི་སྤེལ་ཚིག་འཇུག་པ་སྟེ་འདིས་སྔགས་ཀྱི་སྡེབས་རྣམ་པར་གཞག་པ་ཐམས་ཅད་མཚོན་ནོ། །བཞི་པ་ནི། བརྗོད་དང་དམིགས་པར་བཅས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་སྒྲུབ་པ་པོ་མ་ཕྱེ་བར་སྤྱིར་བསྟན་ནོ། །བྱེ་བྲག་ཏུ་སྔགས་ལ་གཞོལ་བའི་དབང་དུ་མཛད་ནས། སྒྲོན་གསལ་ལས། སྔགས་ནི་འདོན་ཅིང་བླ་མ་རྣམས་ཀྱིས་གང་ཤུབ་བུར་བརྗོད་པ་དེ་ནི་སྔགས་ཏེ། དེའི་ཡུལ་ལ་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །དེ་འདྲེན་ཅིང་ཐོབ་པར་བྱེད་པས་ཚུལ་ལོ། །དེ་རྣམ་པ་བདུན་ཏེ་གང་ཞེ་ན། དཀྱིལ་འཁོར་ཚོགས་དང་ཐབས་དང་ནི། །གཏོར་མ་འདུས་དང་རིམ་པ་དང་། །དེ་ཉིད་རྣམ་པ་བདུན་དུ་གྲགས། །དེ་ནི་སྔགས་ཀྱི་ཚུལ་ཞེས་བཤད། །ཅེས་དང་། ཐབས་དེ་དག་གི་ཞི་བ་ལ་སོགས་པ་ལ་རབ་ཏུ་འཇུག་པ་ནི་སྔགས་སྤྱོད་པའོ། །ཞེས་གསུངས་ཤིང་། དགོངས་པ་ལུང་སྟོན་ལས། སྐྱེས་བུ་དེ་དེའི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་གཅིག་ཏུ་གྱུར། །མྱུར་བ་ལ་སོགས་གསུམ་ལྡན་པ། །ཕྱག་རྒྱ་སྒྲུབ་པར་བཤད་པ་ཡིན། །ཞེས་སོ། །དེ་བས་དབྱིབས་ནི་ལུས། སྒྲ་ནི་ངག དེ་དག་ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཡིད་དེ། རྩ་བའི་རྒྱུད་ལས། ཁྱེད་ཀྱི་སེམས་ལུས་ལྟ་བུ་དང་། ལུས་སེམས་ལྟ་བུ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག ཅེས་གསུངས་སོ། །གཉིས་པ་ལ། རིམ་པ་ལྷག་མ་བཞིར་གཙོ་བོར་བསྟན། སྦྱོར་བ་དྲུག་ལ་སོགས་པ་རྣམ་གྲངས་སུ་བཤད་པ། བོགས་འདོན་དུ་སྤྱོད་པ་རྣམ་པར་དབྱེ་བ་གསུམ་ལས། དང་པོ་ནི། སེམས་དབེན་ལ། སྟེང་སྒོ་རྣམ་པར་གྲོལ་བར་རང་ལུས་ཐབས་ལྡན། འོག་སྒོ་གཞན་ལུས་ཤེས་རབ། རིན་ཆེན་འཁོར་ལོའི་འཁྲུལ་འཁོར་ཐུན་མོང་དུ་འཇུག་པ། སྤྲོས་བྲལ་རྟག་མེད་དུ་འཆར་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་གདམ་ངག་དང་བཞི། རིམ་པ་གསུམ་པ་སྒྱུ་མ་ལ། མཉམ་བཞག་སྒྱུ་མ་དང་། རྗེས་ཐོབ་སྒྱུ་མ། །ཕྱི་མ་ལ་སྒྱུ་མ་གསུམ་ཁྱུད་ཅེས་བྱ་བ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་གསུམ། རིམ་པ་བཞི་པ་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པ་ལ། ཉིན་མོ་ལམ་དང་རང་བཞིན་བསྲེ་བ། མཚན་མོ་ལམ་དང་རང་བཞིན་བསྲེ་བ། བར་དོ་ལམ་དང་རང་བཞིན་བསྲེ་བ་གསུམ། རིམ་པ་ལྔ་པ་ཟུང་འཇུག་ལ་སློབ་པ་དང་མི་སློབ་པའི་ཟུང་འཇུག་རྣམ་པ་གཉིས། རྣམ་པར་དབྱེ་བ་དེ་དག་ནི་མདོར་མཚོན་པ་ཙམ་སྟེ་རྒྱས་པར་ནི་རྒྱལ་བ་ཉིད་ཀྱི་སྤྱོད་ཡུལ་ལོ། །དེ་ལྟར་ཟླ་བ་གྲགས་པས། རིམ་པ་འདི་རྣམས་དབྱེ་བ་ཡང་། །སྤྲོས་པའི་རྣམ་པས་རྣམ་པ་མང་། །དེ་རྣམས་ཡང་དག་བསྡུས་པ་གང་། །གང་གིས་ཤེས་ཏེ་རྒྱུད་རིམ་པ། །ཞེས་གསུངས་སོ། །གཉིས་པ་ནི། བསྙེན་པ་ཡན་ལག་དྲུག་གིས་ནི། །བྱས་པ་སྒྲུབ་པ་མཆོག་ཏུ་འགྱུར། །གཞན་དུ་བསྒྲུབ་པར་གྱུར་ན་ནི། །དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་བཤད། །ཅེས་པ་ལ་སོགས་པས་བསྟན་པ་སྟེ། འདིར་བསྟན་གྱི་སྦྱོར་བ་དྲུག་དང་། དུས་ཀྱི་འཁོར་ལོ་ནས་བཤད་པའི་སྦྱོར་བ་དྲུག་མིང་མཐུན་པ་ཙམ་ཡིན་གྱིས་དོན་མི་གཅིག་གོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། འདིར་ཡང་ཐ་མལ་གྱི་འཇུག་པ་སྡུད་ཅིང་ཡེ་ཤེས་ཀྱི་སྣང་བ་སྤྲོ་བ་ལ་སོར་སྡུད། དེ་སྦྱངས་པ་རབ་ཀྱིས་མཐར་ཕྱིན་པའི་སེམས་རྩེ་གཅིག་པ་བསམ་གཏན། རྡོ་རྗེ་བཟླས་པ་ལ་སྲོག་རྩོལ། སྲོག་རྩོལ་གྱིས་ཡོན་པོ་འགགས་ནས་དབུ་མར་གཟུང་བ་ལ་འཛིན་པ། སྟོང་པ་ཉིད་ཀྱི་གཟུགས་བརྙན་རྗེས་སུ་དྲན་པར་བྱེད་པ་ལ་རྗེས་དྲན། བདེན་གཉིས་གཅིག་ཏུ་སྦྱོར་བ་ལ་ཏིང་ངེ་འཛིན་ཞེས་བཤད་ཅིང་། དུས་ཀྱི་འཁོར་ལོར་ཡང་དེ་ཉིད་ལས་དོན་ཟུར་པ་ཅི་ཡང་མ་གསུངས་སོ། །དེ་བས་ན་བསྙེན་བསྒྲུབ་བཞིར་འབྱེད་པའི་ཚུལ་ལ་རྒྱུད་སྡེ་ཐམས་ཅད་གཅིག་པར། གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །ཞེས་དང་། བྱང་ཆུབ་སེམས་དཔའ་གསུམ་གྱི་འགྲེལ་པར་ཡང་དེ་ལྟར་གསུངས་པས་སོ། །དེ་ཡང་སོར་བསམ་བསྙེན་པ། སྲོག་འཛིན་ཉེར་བསྒྲུབ། རྗེས་དྲན་སྒྲུབ་པ་ཏིང་ངེ་འཛིན་སྒྲུབ་ཆེན་ཡིན་ནོ། །རྫོགས་པའི་རིམ་པར་ལུས་དབེན་སོགས་དྲུག་དང་། རྗེས་སུ་དྲན་པ་དྲུག་རིམ་པ་བཞིན་སྦྱར་བ། སྒྲོན་གསལ་ལས། སངས་རྒྱས་རྗེས་སུ་དྲན་པ་ཞེས་པ་ལ་སོགས་པ་སྟེ། ལུས་དང་ངག་དང་སེམས་ནི་བསྒོམ། །ཞེས་པ་ནི་བསྒོམས་ལས་ཞེས་འཐོབ་སྟེ་ལུས་བསྒོམས་པས་ནི་རིགས་བརྒྱའི་རབ་ཏུ་དབྱེ་བས་ལུས་རྣམ་པར་དབེན་པར་བྱེད་པས་ནི་སངས་རྒྱས་རྗེས་སུ་དྲན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་བཟླས་པའི་མཐར་ཐུག་པས་ངག་རྣམ་པར་འབྱེད་པས་ནི་ཆོས་རྗེས་སུ་དྲན་པའོ། །རང་བཞིན་སྣང་བའི་རིམ་གྱིས་སེམས་ལ་རྣམ་པར་དཔྱོད་པས་ནི་རྡོ་རྗེ་རྗེས་སུ་དྲན་པའོ། །རིགས་ནི་རྗེས་སུ་དྲན་ཞེས་པ་ལ་རིགས་ནི་ལུས་དང་ངག་དང་སེམས་སོ། །དེའི་རྗེས་དྲན་ནི་ཡེ་ཤེས་གསུམ་གྱི་ངོ་བོ་ཉིད་དུ་སོ་སོར་ཡོངས་སུ་ཤེས་པའོ། །སྦྱོར་བ་ནི་ཕྱིས་གཅིག་ཏུ་བྱེད་པ་སྟེ། གསུམ་པོ་ཡང་དག་པར་སྦྱོར་བ་དེ་ལས། ཁྲོ་བོ་ནི་ཐམས་ཅད་ཀྱི་ཡེ་ཤེས། དེའི་རྗེས་སུ་དྲན་པ་ནི་བསྒོམ་པ་སྟེ་བར་མ་ཆད་པར་བསྐྱེད་པའོ། །ཁྲོ་བོ་རྗེས་སུ་དྲན་པ་བསྒོམ་པ་དེས་དམ་ཚིག་ནི་ལྷ་སྟེ་ཕྱག་རྒྱ་ཆེན་པོའི་གཟུགས་དེའི་རྗེས་སུ་དྲན་པ་ནི་ཆུ་ཟླ་ལ་སོགས་པའི་རྣམ་པས་ཡོངས་སུ་ཤེས་པའོ། །དེ་དང་སྦྱོར་བ་ནི་དོན་དམ་པའི་སྦྱོར་བས་གཅིག་ཏུ་བྱས་པའོ། །སྦྱོར་བ་དེ་ལས་བསྒོམས་ན་ནི་བདེན་པ་གཉིས་གཉིས་སུ་མེད་པའི་རྣམ་པས་དམིགས་ན་བྱང་ཆུབ་སྟེ་བདེ་བ་ཆེན་པོར་མཚན་ཉིད་གཅིག་པའི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་སོ། །གཞན་ཡང་སྤྱོད་བསྡུས་ལས། སྔགས་གྱི་དེ་ཁོ་ན་ཉིད་དང་། ཕྱག་རྒྱའི་དང་། བདག་གི་དང་། ཆོས་ཀྱི་དང་། ལྷའི་དེ་ཁོ་ན་ཉིད་དེ་ལྔ་དང་། དེ་ཁོ་ན་ཉིད་བཞིར་ནཱ་རོ་མཻ་ཏྲིས་བཤད་དོ། །དེ་དག་རྒྱས་པ་བསྲེ་འཕོའི་རྣམ་བཤད་དུ་བཤད་ཟིན་ཏོ། །གསུམ་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ལ་རྣལ་འབྱོར་གྱི་སྤྱོད་པ་ཞེས་གསུངས་ཏེ། རྒྱུད་ཕྱི་མའི་འགྲེལ་པར། དེ་ནི་རྣལ་འབྱོར་པའི་སྤྱོད་པ་བསྟན་པའི་ཕྱིར་ཐབས་དང་ཤེས་རབ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། རྣལ་འབྱོར་གྱི་སྤྱོད་པའི་ཐབས་དང་། ཤེས་རབ་ཀྱི་སྤྱོད་པས་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པ་ལས་བྱུང་བའི་སྤྱོད་པ་དང་ལྡན་པས། ཕུང་པོ་ཞེས་པ་ལྷ་སུམ་ཅུ་རྩ་གཉིས། རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །སྦྱོར་བ་དེས་བྱས་ཞེས་པ་སྣང་བ་གསུམ་དུ་ངེས་པ་དེ་ཉིད། ཐམས་ཅད་པ་ཞེས་པ་འོད་གསལ་དུ་མོས་པ་བྱས་ལ། ཞེས་སོ། །གསང་བའི་སྤྱོད་པ་ལ་རྨད་དུ་བྱུང་བའི་སྤྱོད་པ་ཞེས་གསུངས་ཏེ་དེར། རྨད་དུ་བྱུང་བའི་སྤྱོད་པ་བསྟན་པའི་ཕྱིར། འཇིགས་པ་ཐམས་ཅད་སྤངས་ནས་སུ་ཞེས་པ་ནི་གདོན་དང་ལྷ་མོ་ལ་སོགས་པའི་བདུད་དོ། །དོགས་པ་མེད་པའི་ཞེས་པ་ནི་ངན་སོང་ལ་སོགས་པའོ། །སེང་གེ་ཞེས་པ་ནི་སེང་གེ་ལྟ་བུའི་སྤྱོད་པ་སྤྱད་པར་བྱ་བ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཤིང་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་རྫོགས་པར་བྱེད་དོ། །སེང་གེ་ལྟ་བུ་དེ་ཉིད་རྒྱས་པར་བསྟན་པ་ནི། འདི་ལ་མི་བྱ་ཅུང་ཟད་མེད་ཅེས་པ་ལ་སོགས་པའོ། །ཞེས་སོ། །རིག་པ་བརཏལ་ཞུགས་ཀྱི་སྤྱོད་པ་ལ་ཀུན་ཏུ་སྤྱོད་པ་ཞེས་གསུངས་ལ། དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྤྱོད་པ་གཉིས་སུ་ཕྱེ་བའི་དང་པོ་ཞི་བའི་བརཏལ་ཞུགས། ཕྱི་མ་ཧེ་རུ་ཀའི་བརཏལ་ཞུགས་ཡིན་ཏེ། དེར་མཉམ་པར་མ་བཞག་སྦྱོར་ཞེས་པ་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ལས་མཉམ་པར་བཞག་པ་དང་མ་བཞག་པའི་རྟོག་པ་མེད་པ་ནི་ཀུན་ཏུ་བསྙོན་པ་ལྟ་བུར་རྒྱུ་བས་ན་ཀུན་ཏུ་སྤྱོད་པ་ཞེས་བྱའོ། །སྤྱོད་པ་དེ་ལ་ཡང་གཉིས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འཇིག་རྟེན་པ་དང་འགལ་ཡང་རུང་མི་འགལ་ཡང་རུང་། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་དང་དེས་སྔགས་པ་རྣམས་ནི་ནུས་པ་རབ་ཏུ་འཇུག་པའོ། །དེ་བཞིན་གཤེགས་པའི་སྤྱོད་པ་ནི། སློབ་དཔོན་གང་དག་གིས་དེ་ཁོ་ན་ཉིད་འདོན་ཅིང་ཟློས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་དེ་རྣམས་ཀྱི་སྤྱོད་པ་ནི་རྫོགས་པའི་གོ་རིམ་བཏགས་ནས། གང་དག་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་པ་དེ་ཉིད་ནི། ཚེ་འདི་ཉིད་ལ་རང་གི་ངོ་བོ་ཉིད་ཡོངས་སུ་བརྗེ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ལ་སྔགས་ཀྱི་སྤྱོད་པ་ཞེས་གསུངས་ཏེ། དེ་ཉིད་དུ། ད་ནི་སྔགས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། དབང་པོ་དང་ནི་ཡུལ་རྣམས་ཀྱིས་ཞེས་པ་ནི། མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔའི་རྐྱེན་གྱིས་སེམས་དང་སེམས་ལས་བྱུང་བ་དང་། མ་རིག་པའི་ཡིད་དེ་ལ། མན་ཞེས་བྱ་བར་བརྗོད་ཅེས་པའོ། །ཏྲ་སྐྱོབ་པར་བྱེད་པའི་དོན་ཞེས་པ་ནི། དེ་ལྟར་སེམས་དང་། སེམས་ལས་བྱུང་བ་དང་། མ་རིག་པ་དང་གསུམ། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཐོབ་པ་དང་། ཤེས་རབ་དང་། ཉེ་བར་ཐོབ་པ་དང་། སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་གསུམ་དུ་ཀུན་རྫོབ་ཏུ་ཤེས་པར་བྱས་ནས། ཐམས་ཅད་སྟོང་པ་དོན་དམ་པའི་བདེན་པ་རྟོགས་པའི་དུས་སུ་རང་བཞིན་བརྒྱད་ཅུའི་ཡིད་སྐྱོབ་པར་གྱུར་པས་ན་སྔགས་ཞེས་བྱའོ། །སྔགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར། །འཇིག་རྟེན་སྤྱོད་ལས་རྣམ་འགྲེལ་བར། །ཞེས་པ་ནི། སྤྱོད་པ་དེ་དང་ལྡན་ནས་འཇིག་རྟེན་པའི་སྤྱོད་པ་སྣ་ཚོགས་ལ་རྣམ་པར་གྲོལ་བར་བྱེད་དོ། །དེ་ཡང་གང་ཞེ་ན། སྔར་བཤད་དམ་ཚིག་སྡོམ་པ་ཞེས་པ་ནི། སྡར་རྩ་བའི་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། སྲིན་པོ་དང་། ཤ་ཟ་དང་། མཁའ་འགྲོ་མ་ལ་སོགས་པའི་དམ་ཚིག་དང་སྡོམ་པ་བསྟན་པ། དེ་རྣམས་རྣལ་འབྱོར་པས་སྤྱོད་པའི་བསྲུང་བ་ནི་སྔགས་ཀྱི་སྤྱོད་པ་ཞེས་བྱའོ། །ཞེས་གསུངས་སོ། །འདིའི་རྣམ་པར་གཞག་པ་རྒྱས་པར་ནི་རོ་སྙོམས་ཀྱི་རྣམ་བཤད་ཀུ་མུ་ཏར་བཤད་ཟིན་ཏོ། །གསུམ་པ་འབྲས་བུའི་རྒྱུད་ནི། མི་གནས་པའི་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་ཟུང་འཇུག་གི་སྐུ་གང་ཡིན་པ་གཞན་གྱིས་འཕྲོག་པར་མི་ནུས་པ་ནི་རིག་པའི་སྐྱེས་བུ་སྟེ། ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་དང་ལྡན་པ། དབང་ཕྱུག་བརྒྱད་ནི། སྐུ་དང་གསུང་གི་དབང་ཕྱུག་དང་། ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་དང་། །ཅི་འདོད་བསྐྱེད་དང་ཡོན་ཏན་བརྒྱད། །ཅེས་དང་། རིག་པའི་སྐྱེས་བུ་ནི། སྒྲོན་གསལ་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསྒྲུབ་པར་གྱུར་པའི་རིམ་པའི་རང་བཞིན་གྱི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ་ཞེས་དང་། དེ་ཡང་། དུས་ཇི་ཙམ་ན་ཚུལ་ཇི་ལྟ་བུས་མངོན་ཏུ་བྱེད་ན། སྒྲོན་གསལ་དུ། འོ་ན་ནི་སངས་རྒྱས་ཉིད་འདིས་ཐོབ་པར་འགྱུར་རམ་ཞེས་འགའ་ཞིག་དོགས་པར་འགྱུར་བས་སོ། །དེ་བསལ་བར་བྱ་བའི་ཕྱིར་འོན་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བ་འདུས་པ་འདི་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ། །གང་ཞིག་གདྒཱའི་ཀླུང་གི་བྱེ་མ་དཔག་ཏུ་མེད་པ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ་གསང་བ་འདུས་པ་ལ་མངོན་པར་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིད་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱེད་དོ་ཞེས་པའི་དོན་འདི་ཡིན་ཏེ། ནང་གི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དོན་དམ་པའི་བདེན་པ་ལ་ཞུགས་ནས་རྙོག་མའི་དྲི་མ་ཐམས་ཅད་བཀྲུས་ཏེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། འཛུམ་པ་ཙམ་གྱིས་རང་བྱིན་གྱིས་བརླབ་པའི་རིམ་པས་ལངས་ནས་ཐམས་ཅད་མཁྱེན་པའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར། ཞེས་པས་མངོན་པར་བྱང་ཆུབ་པ་རྟོགས་ན་བདེན་པའི་སྲོག་ཆད་དེས་རྗེས་ཐོབ་ཏུ་ལངས་ཀྱང་སྒྱུ་མ་ཙམ་ལས་གཞན་མི་སྣང་བ་དེ་ལ་སྒྱུ་ལུས་སུ་ལྡང་བའི་ཐ་སྙད་བཞག་གི་ཁོག་པ་ནས་ལུས་གསར་བ་ཞིག་འབྱུང་བ་མ་ཡིན་པས་ན་ཡས་ལྡང་མས་ལྡང་གི་ཐ་སྙད་རྒོད་བྲོའོ། །ཕྱག་རྒྱའི་ལམ་གྱིས་ནི་ཤིན་ཏུ་མྱུར་བར་ཡང་འགྲུབ་སྟེ། དེ་ཉིད་དུ། དེ་ལྟར་ཆ་རྐྱེན་མ་ཚང་བ་མེད་བས་ལེགས་པར་བསླབས་པའི་ཕྱག་རྒྱ་རྣམས་དང་ལྷན་ཅིག་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སློབ་པར་བྱེད་པ་དག་གི་ཕན་ཡོན་བསྟན་པ་ནི། ཞག་བདུན་ཞེས་པ་ལ་སོགས་པས་གསུངས་ཏེ། དབང་པོ་རབ་ཀྱི་དངོས་གྲུབ་ཀྱི་དུས་ནི་ཞག་བདུན་ནོ། །དབང་པོ་འབྲིང་གི་ཟླ་བ་ཕྱེད་དེ་ཞག་བཅོ་ལྔའོ། །དབང་པོ་ཐ་མ་ཡིས་ནི་ཟླ་བ་གཅིག་གམ་ཟླ་བ་ཕྱེད་དང་གཉིས་ཏེ་ཟླ་བ་ཕྱེད་ཀྱིས་ལྷག་པའི་ཟླ་བ་ནི་ཟླ་བ་ཕྱེད་དང་གཉིས་ཏེ་དེས་དབང་པོ་ཐམས་ཅད་གྲུབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྒྱུད་ཀྱི་དོན་བསྡུ་བ་ཤེས་ནས་མཐའ་དྲུག་ཚུལ་བཞིས་ཚིག་རྣམ་པར་དབྱེ་བ་ལ་འཇུག་པར་བྱ་སྟེ། སྔགས་དང་སེམས་དང་ལུས་དང་ནི། །རྣམ་དག་དང་ནི་ཟུང་འཇུག་སྟེ། །རིམ་པ་ལྔ་ནི་བསྡུས་པའི་དོན། །ཤེས་ནས་མཐའ་དྲུག་ལ་འཇུག་གོ །ཞེས་སོ། །གཉིས་པ་གང་གི་འཆད་བྱེད་རྒྱན་བདུན་གྱིས་དེ་ཇི་ལྟར་བརྒྱན་པའི་ཚུལ་ལ། འཆད་བྱེད་རྒྱན་གྱི་རྣམ་གཞག རྒྱན་དེས་ཇི་ལྟར་བརྒྱན་པའི་ཚུལ། རྒྱན་གྱིས་མཛེས་པའི་རྒྱུད་དངོས་གསུམ་ལས། དང་པོ་ནི། སྒྲོན་གསལ་ལས། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པར་བཞི་དང་ཡང་། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །འཆད་ཚུལ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པ་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་པས། གླེང་བསླང་བ་ལྔ། ཚུལ་བཞི། མཐའ་དྲུག་བཤད་པ་བཞི། བཤད་ཚུལ་གཉིས། གང་ཟག་ལྔ། རྫོགས་པའི་རིམ་པ་བསྒྲུབ་པ་དང་བདུན་གྱི་དང་པོ་གླེང་བསླང་བ་ལྔ་ནི། རྒྱུད་ནི་ཐ་སྙད་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །ཚིག་འདིའི་དགོས་པ་ཅི་ཞིག་ཡིན། །ཞེས་རྒྱུད་ཀྱི་མཚན་ཅི། གང་གི་དོན་དུ་མཛད། བྱེད་པ་པོ་སུ། འདིའི་ཚད་གང་། དགོས་པ་ཅི་ཡོད་ཅེས་པ་ལྔ་སྟེ། དང་པོ་ནི། རྒྱུད་ཀྱི་ཐ་སྙད་མཚན་ཡིན་ལ། །ཞེས་པས། མིང་མེད་ན་ཐ་སྙད་ཆད་པའི་ཕྱིར་འགྲོ་བ་ཐམས་ཅད་འོན་པ་དང་ལྐུགས་པར་འགྱུར་ལ། དེ་བཟློག་པའི་ཕྱིར་དང་པོར་མཚན་གཟུང་སྟེ། རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། །ཞེས་དང་། དཔལ་ལྡན་རྒྱུད་རྒྱལ་རྣལ་འབྱོར་རྒྱུད་ནི་ཤིན་ཏུ་གསལ་བས་རྣམ་པར་ཕྱེ་ཞིང་ལེགས་བཤད་པ། །ཞེས་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་ཀྱང་བྱ་སྟེ། ཤྲདྡྷཱ་ཀ་རས། མིང་ནི་ཁྲི་གསུམ་སྟོང་ཕྲག་བཞི། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་གྲགས། །ཀ་ནས་ས་ཡི་བར་དུ་ནི། །ཉི་ཤུ་རྩ་དྲུག་མིང་གིས་མཐའོ། །དེ་ཙམ་ཅུང་ཟད་དབྱེ་བ་སྟེ། །རྒྱས་པར་དབྱེ་ན་གྲངས་མེད་དོ། །བསྡུས་པའི་རྩ་བ་ཡི་གེ་གསུམ། །གསུངས་པ་སྐུ་གསུང་ཐུགས་ཤེས་གསུངས། །ཞེས་དང་། རྣལ་འབྱོར་པའི་རྒྱུད་ཅེས་ཀྱང་བྱ་ལ། བྱེ་བྲག་འདིའི་མིང་ནི་དཔལ་གསང་བ་འདུས་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོའོ། །གང་གི་དོན་དུ་མཛད་པ་ནི། །རྣལ་འབྱོར་གྱི་རྒྱུད་དེ། འདོད་ཆགས་ཞེ་སྡང་གཏི་མུག་ཅན་གྱི་གདུལ་བྱའི་ངོར་མཛད་པས་རིགས་གསུམ་དུ་འདུ་བའི་འདི་ནི་ཐུགས་ཏེ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་པས། འདོད་ཆགས་ཀྱི་རིགས་ཅན་གཙོ་བོར་བྱས་ནས་དེ་རྣམ་པར་དག་པའི་ཕྱིར་དུ་གསུངས་སོ། །བྱེད་པ་པོ་སུ་ཞེ་ན། འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཞེས་པས། རིགས་ལྔའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ། ཤྲདྡྷས། བྱེད་པ་པོ་ནི་རྡོ་རྗེ་འཆང་། །སངས་རྒྱས་དྲུག་པ་དེ་ཁོ་ན། །ཞེས་སོ། །འདིའི་ཚད་གང་ཞེ་ན། ཚད་དག་ཀྱང་ནི་བཤད་བྱ་སྟེ། །དེ་ཡང་ལེའུ་ཆོ་ག་དང་། །དུམ་བུ་རིམ་པར་ཕྱེ་བ་ཉིད། །དེ་ལྟར་རྣམ་པ་བཞིར་འགྱུར་ཞིང་། །གཞུང་ཉིད་ཀྱིས་ཀྱང་གྲངས་ཀྱིས་སོ། །ཞེས་པས། ཡོངས་སུ་འབད་པ་དང་གཞལ་བྱ་མཐར་ཐུག་པ་གང་དུ་བྱས་པ་དེ་ནི་ལེའུར་བཅད་པ། དེ་ཡང་རྩ་རྒྱུད་ཉུང་ངུ་ལ་བཅུ་བདུན་ཆོ་ག་ཉི་ཤུ། དུམ་བུ་ཕྱི་མའི་རྒྱུད་ལ་སོགས་པ་བཤད་རྒྱུད། །རིམ་པར་ཕྱེ་བ་སྲིད་པ་སྐྱེ་བའི་རིམ་པ་སྦྱོང་བྱེད་སྐྱེད་རིམ། འཆི་བའི་རིམ་པ་སྦྱོང་བྱེད་རྫོགས་རིམ་སྟེ། གཞུང་གི་ཤློ་ཀའི་གྲངས་ཀྱང་ཞར་ལ་བཤད་པ་སྟེ། ཤྲདྡྷས། ལེའུ་རྣམ་པར་བཅུ་བདུན་ཏེ། །ཆོ་ག་ཉི་ཤུར་མཁས་པས་བཤད། །དུམ་བུ་ཕྱི་མའི་རྒྱུད་དང་ནི། །བཤད་པའི་རྒྱུད་རྣམས་གྲགས་པ་ཡིན། །བསྐྱེད་དང་རྫོགས་པའི་སྒྲུབ་ཐབས་དང་། །སྲིད་པ་སྐྱེ་འཆི་རིམ་པ་ཡི། །དབྱེ་བ་བརྗོད་པ་རིམ་པ་ཡིན། །ཞེས་སོ། །དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་པ་ནི། །སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ། །ཞེས་པས་ལས་རབ་འབྱམས། གྲུབ་པ་བརྒྱད། རྫོགས་པའི་སངས་རྒྱས་ཐོབ་པ་སྟེ་གསུམ། དེའི་དང་པོ། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་དང་། རྣམ་པར་དབྱེ་བ་དང་། བསད་པ་དང་། དགར་བ་དང་། མངོན་སྤྱོད་ལ་སོགས་པའོ། །གཉིས་པ་འཁོར་ལོའི་རིག་འཛིན་གྲུབ་པ་དང་། དེ་བཞིན་དུ་རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་དང་། རལ་གྲི་དང་། མཛུབ་རིས་དང་། མིག་སྨན་དང་། རིལ་བུའི་གྲུབ་པ་རྣམས་སོ། །ཤྲདྡྷས། ཐུན་མོང་མཆོག་དང་རྣམ་བཞི་ལ། །བདག་གཞན་དོན་བྱས་དགོས་པའོ། །རྒྱུད་གཞན་ལ་ཡང་དེ་བཞིན་ནོ། །ཞེས་ཐུན་མོང་མཆོག་རེ་རེ་ལ། །བདག་དོན་གྲུབ་པ་གཞན་དོན་འགྲུབ་པའི་དགོས་པ་གཉིས་གཉིས་སུ་ཕྱེ་སྟེ་བཞིར་མཛད་དོ། །རྒྱན་གཉིས་པ་ཡང་། རྒྱུད་དང་གླེང་གཞི་ཞེས་པ་དང་། །ངེས་པའི་ཚིག་དང་རྒྱུ་ཡང་ངོ་། །ཞེས་པ་ལ། འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་ཀྱི་ཆོས་ཀྱི་དབྱེ་བས་གཉིས། དང་པོ་ལ་ཡང་། རྒྱུད། གླེང་གཞི། ངེས་ཚིག རྒྱུ་བཞིའོ། །མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་མི་གདུལ་བྱ་ཡིན་པར་འདྲ་བའི་སྐྱེ་བ་གཟུང་བ་ནི། །རིགས་པ་ཁོ་ནའོ་ཞེས་དགོངས་པས་སོ། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །མི་ཡི་སྐྱེ་བ་གཟུང་ན་ཡང་། །འདོད་ཆགས་དང་བྲལ་བ་ལ་མ་བརྟེན་པར་སེམས་ཅན་རྣམས་འདུལ་བར་མི་འགྱུར་བ་དེ་བཟློག་པའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ནས་བྱུང་བ་ཡིན་ནོ། །འདུལ་ལས་སྡོམ་པར་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པ་ཡིན། །དགོན་པར་གནས་པ་ལ་ཡང་འདོད་ཆགས་འབྱུང་བས་དེ་བཟློག་པའི་ཕྱིར་འདུལ་བའི་བསླབ་པའི་རྣམ་པ་སྣ་ཚོགས་སུ་སྤྱོད་པའོ། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་འདོད་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་འབྲས་བུས་བཞེད་པ་ཡོད་པས་བཅོམ་ལྡན་འདས་དཀའ་བ་སྤྱོད་པ་སོགས་ཆོས་སྤྱོད་པར་མཛད་པ་དེ་ནི་རྒྱུ་ཡིན་ཏེ་འབྲས་བུ་ཐོབ་པར་བྱ་བ་ལ་ཐབས་ཡིན་པའི་ཕྱིར་རོ། །གཉིས་པ་འདོད་ཆགས་ཀྱི་ཆོས་ཀྱི་རིག་པ་ལ་ཡང་རྒྱུད། གླེང་གཞི། ངེས་ཚིག རྒྱུ་བཞིའི་དང་པོ། འདོད་ཆགས་ཆོས་ཀྱི་ཚུལ་གྱི་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །ཅེས་ཉོན་མོངས་པ་ལྔ་དང་། རྣམ་ཤེས། ཕུང་པོ། རླུང་། འབྱུང་བ་ཆེན་པོ་ལྔ་རྣམ་པར་དག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་སྐུར་གཟུང་བའོ། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རིགས་ལྔར་བསྟན་པ་ཀུན་རྫོབ་སྟེ། །དེ་བཟློག་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་རིགས་ཀྱི་ངོ་བོ་གཅིག་ཏུ་མཛད་པའོ། །འདི་གཉིས་རང་དོན་ཕུན་སུམ་ཚོགས་པ། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ་ཡིན་པས་དེ་དག་རྗེས་སུ་གཟུང་བའི་ཕྱིར་རྡོ་རྗེ་ལ་སོགས་པའི་མཚོན་ཆ་བསྣམས་པ་དེ་དག་ཀྱང་ཡེ་ཤེས་རྣམ་པར་དག་པ་ཡིན་ནོ། །སྒེག་པ་ལ་སོགས་སྤྱོད་པ་ནི། རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་བཅོམ་ལྡན་འདས་ཁྲོ་ཆགས་ཀྱི་དབང་དུ་མཛད་ནས་སྒེག་པ་ལ་སོགས་གར་དགུའི་ཉམས་ཀྱི་སྤྱོད་པ་མཛད་ཅིང་། གཞན་དག་ལ་ཡང་དེ་དག་ལྟར་སྟོན་པར་མཛད་དེ། དེ་ལ་སྒེག་པའི་ཉམས་ཀྱི་སྤྱོད་པ་ནི་མཱ་མཱ་ཀཱི་ཆེན་པོ་དང་ལྷན་ཅིག་ཏུ་འདུག་པ་དང་། འཁྱུད་པ་དང་། སེན་མོ་དང་། སོས་གདབ་པ་ལ་སོགས་པའི་མཚན་ཉིད་དོ། །དཔའ་བའི་སྤྱོད་པ་ནི་ཇི་ལྟར་མཚན་མོ་དུར་ཁྲོད་ཀྱི་ཕྱོགས་སུ་རོ་སློང་བར་བྱེད་པའོ། །རྔམ་པའི་སྤྱོད་པ་ནི་གོ་གུ་ད་ཧ་ན་ཟ་བར་བྱེད་པའོ། །སྨད་པ་དང་འཇིགས་པར་བྱེད་པ་ནི་རྔམ་པ་ཞེས་བྱ་བར་བསྟན་ནོ། །རྒོད་པའི་སྤྱོད་པ་ནི་ཇི་ལྟར་ཅུང་ཟད་འཛུམ་པ་ཉིད་ཀྱི་བསྟན་པའམ། སྒེག་པའི་ཉམས་ཀྱི་བྱེ་བྲག་གམ་མཚན་མོ་རོ་ལངས་འཇིགས་པར་བྱ་བའི་ཕྱིར་གད་མོ་ཆེན་མོའོ། །དྲག་པའོ་སྤྱོད་པ་ནི་ཇི་ལྟར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བའི་རྒྱལ་པོ་བསྒོམ་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི། དེའི་ལུས་ཉིད་ཀྱི་བགེགས་སྐྲོད་པའོ། །སྙིང་རྗེའི་སྤྱོད་པ་ནི་རང་བཞིན་གྱི་གྲུབ་པ་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །རྔམ་པའི་སྤྱོད་པ་ནི་ཇི་ལྟར་འཇིག་རྟེན་དང་འགལ་བར་འགྱུར་བའི་རིམ་པས་ཀྱང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པས་སོ། །ཞི་བའི་སྤྱོད་པ་ནི་རྣམ་པར་རྟོག་པ་མེད་པ་སྟེ་འབྲས་བུའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་ནི་གཞན་དོན་ཕུན་སུམ་ཚོགས་པའོ། །རྒྱན་གསུམ་པ་ལ། དབྱེ་བ་དྲང་བ་ངེས་དོན་དང་། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་སྒྲ་མིན་ཏེ། མཐའ་ནི་དྲག་ཅེས་བྱ་བར་གྲགས། །དྲང་དོན་དང་ངེས་དོན། དགོངས་པས་བཤད་པ་དང་དགོངས་མིན། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་མ་ཡིན་པ་སྟེ་དྲུག སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །སྐལ་བ་ངན་པའི་སློབ་མ་རང་བཞིན་གྱི་དོན་ལས་གཞན་པ་ཉིད་དུ་ཁྲིད་པ་དེ་དག་ལ་ནི་དེ་ཙམ་གྱིས་དོན་དུ་འགྱུར་བ་ཡིན་ནོ། །ཡང་དག་དོན་ནི་རབ་བསྟན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །མཆོག་འདོད་པའི་སྐལ་བ་ཅན་ཡང་དག་པའི་དོན་ནི་བདེན་པ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རབ་ཏུ་སྟོན་བྱའོ། །འདི་ལ་གདོན་མི་ཟ་བའི་དོན་ཞེས་ཀྱང་བྱའོ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་དེ་དགོངས་བཤད་དོ། །མོས་པ་སྣ་ཚོགས་པའི་འཁོར་གྱི་ནང་དུ་བརྗོད་པར་མི་རུང་བའི་ཕྱིར་འཇིག་རྟེན་ལས་འགལ་བའི་ཚིག་གི་སྦྱོར་བས་གསུངས་པའོ། །དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་ཤིན་ཏུ་གསལ་བ་ཡིན། །དེ་ཉིད་གསལ་བར་སྟན་པ་ནི། །དགོངས་པ་མིན་པས་བཤད་པའོ། །ཀུ་མཱ་རས། དབང་པོ་དམན་པ་ནི་རེ་ཤིག་ཉན་པ་པོ་དབང་པོའི་ཁྱད་པར་ཐོབ་པ་མ་ཡིན་ནོ། །འོན་ཀྱང་བླ་མ་ལ་གུས་ཤིང་བདེན་པ་དང་། དཀོན་མཆོག་གསུམ་ལ་སོགས་པའི་ཡུལ་ལ་གུས་པ་དང་བཅས་ཤིང་སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཅན་དེ་ཁོ་ན་ཉིད་ཀྱི་སྣོད་དུ་རུང་བ་དེ་དག་ལ། མཆོག་ཏུ་གསལ་བས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་སྟོན་པ་གང་ཡིན་པ་དེ་ནི་དགོངས་པ་མ་ཡིན་པ་ཞེས་གསུངས་སོ། །ཤྲདྡྷས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབང་བསྐུར་མི་དམིགས་ལ་སོགས་པའི། །རྡོ་རྗེའི་ཚིག་ནི་དགོངས་བཤད་པའོ། །སྟོང་པ་བདག་མེད་འོད་གསལ་བ། །ཞེས་སོགས་ཚིག་ནི་དགོངས་པ་མིན། །ཞེས་སོ། །དཀྱིལ་འཁོར་ལ་སོགས་རྟག་པ་རུ། །སྤྱོད་པའང་ཇི་ལྟ་ཇི་ལྟ་བར། །དོན་གསལ་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །དཀྱིལ་འཁོར་གྱི་ཆོ་ག་དང་། རྟོག་པ་དང་། སྤྱོད་པ་སྒྲས་ཇི་ལྟར་བཤད་པ་དེ་ཁར་དོན་གནས་པའོ། །ཀོ་ཊ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལས་གཞན་བྱས། །དེ་བཞིན་གཤེགས་པ་རྣམས་ཀྱི་བརྡ། །དེ་ནི་དེ་བཞིན་མིན་པར་བསྒྲགས། །བ་ལང་ཞེས་པ་ལྟ་བུ་འཇིགས་རྟེན་ལ་གྲགས་པའི་སྒྲ། དེ་བཞིན་ཅེས་སོགས་བསྟན་བཅོས་ལ་གྲགས་པའི་སྒྲ། ཀོ་ཊ་ཁྱ་ལ་སོགས་པ་ནི་ལུགས་དེ་གཉིས་གང་ལ་ཡང་མ་གྲགས་པས་བཅོམ་ལྡན་འདས་ཀྱིས་རྟོག་གེ་བ་དང་སྒྲ་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་དོན་དུ་དེ་བཞིན་གཤེགས་པ་ལྔའི་མཚན་ནམ་སྲོག་ལ་སོགས་པའི་རླུང་གི་མིང་དུ་མཛད་པ་ལྟ་བུ། འདིར་བསྟན་ཞེས་བྱ་བ་ནི་ཐུན་མོང་བ་དག་གོ །ཀུ་མཱ་རས། ཅི་སྟེ་དགོངས་པ་དང་དྲང་བའི་དོན་དུ་བཤད་པ་ལ་ཐ་དད་དུ་དབྱེ་བ་ཅི་ཡོད་ཅེ་ན། སྒྲ་དང་དོན་གྱི་བྱེ་བྲག་གིས་ཐ་དད་པ་ཡིན་ནོ་ཞེས་སྨྲས་སོ། །དགོངས་པ་དང་ཇི་བཞིན་མ་ཡིན་པའི་སྒྲས་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་གྲགས་པ་མ་ཡིན་པའི་བརྡའི་བྱེ་བྲག་གིས་སོ། །དགོངས་པ་དང་ཇི་བཞིན་པའི་སྒྲས་བཤད་པ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། འགལ་བ་དང་འགལ་བ་མ་ཡིན་པའི་བྱེ་བྲག་གིས་སོ། །ངེས་པའི་དོན་དང་དགོངས་པ་མ་ཡིན་པའི་དོན་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དབང་པོ་རྣོ་བ་དང་རཏལ་པའི་བྱེ་བྲག་གིས་སོ། །ཞེས་སོ། རྒྱན་བཞི་པ་ལ། འཆད་ཚུལ་དབྱེ་བ་བརྗོད་པར་བྱ། །ཡི་གེའི་དོན་དང་སྤྱི་ཡི་དོན། །སྦས་པ་དེ་བཞིན་མཐར་ཐུག་པའོ། །དང་པོ་གཅིག་པུ་ཁོ་ན་ཉིད། །སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །སྦས་པ་རྣམ་པ་གསུམ་དུ་བཤད། །མཐར་ཐུག་ལ་ནི་རྣམ་གཉིས་བཞེད། །ཡི་གེའི་དོན། །སྤྱིའི་དོན། སྦས་པའི་དོན། མཐར་ཐུག་པའི་དོན་བཞི། སྒྲ་ཡི་བསྟན་བཅོས་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པ་རབ་བསྟན་པ། །ཡི་གེའི་དོན་དུ་ངེས་པར་བཤད། །རང་བཞིན། རྐྱེན་རྣམ་འགྱུར། མིང་། ཡི་གེའི་ངེས་པ་སྒྲ་པས་བཞག་པ་དང་མཐུན་པར་སྟོན་པ། མདོ་སྡེ་སོགས་ལ་རབ་ཞུགས་པའི། །ཐེ་ཚོམ་ཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་པའི་རྣལ་འབྱོར་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །འདི་ལ་མདོ་སྡེ་ལ་སོགས་པས་རབ་ཏུ་ཞུགས་པ་སྔགས་ཀྱི་ལམ་ལ་འཇུག་པའི་ཚེ་དམ་ཚིག་དང་སྤྱོད་པ་ཟབ་མོ་ལ་ཐེ་ཚོམ་སྐྱེས་ན་ཆོས་སྤོང་དུ་འགྱུར་བ་དེ་བཟློག་པའི་ཕྱིར་མདོ་སྡེ་དེ་དག་གི་རྗེས་སུ་མཐུན་པར་སྟོན་པ་དང་། བསྐྱེད་པའི་རིམ་པ་སྟོན་པ་གཉིས། །འདོད་ཆགས་ཆོས་ནི་རབ་སྟོན་དང་། །ཀུན་རྫོབ་བདེན་པ་བསྟན་པ་དང་། །ཡེ་ཤེས་གསུམ་པོ་རྣམ་དག་པའི། །སྙིང་པོ་ཡོད་པས་སྦས་པའོ། །འདོད་ཆགས་ཀྱིས་འདོད་ཆགས་རྣམ་པར་སྦྱོང་བ་དང་། བདག་བྱིན་གྱིས་བརླབ་པ་དང་། སེམས་རྣམ་པར་དབེན་པ་ཙམ་སྟོན་པ་གསུམ། །འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རབ་རྟོགས་བྱེད། །རྣམ་པ་གཉིས་སུ་མཐར་ཐུག་བཤད། །མཐར་ཐུག་ནི་མུར་ཐུག་པའི་ཚིག །འོད་གསལ་དང་ཟུང་འཇུག་སྟོན་པས་གཉིས་སོ། །དེ་ལ་ཡིག་དོན་གྱིས་དགོངས་མིན་དང་སྒྲ་ཇི་བཞིན་པ་གཉིས། སྤྱི་དོན་གྱིས་དྲང་ངེས་གཉིས། །སྦས་དོན་གྱིས་དགོངས་བཤད། །མཐར་ཐུག་པས་སྒྲ་ཇི་བཞིན་པ་མ་ཡིན་པ་བསྡུས་ལ། ཡང་དང་པོ་གཉིས་ཀྱིས་བསྐྱེད་རིམ། སྦས་དོན་གྱི་ཕྱོགས་གཅིག་གིས་རྡོ་རྗེ་བཟླས། །ཕྱོགས་གཉིས་གིས་སེམས་དབེན། །ཕྱོགས་གཅིག་གིས་རང་བྱིན་བརླབ། མཐར་ཐུག་གིས་མངོན་བྱང་དང་ཟུང་འཇུག་བསྡུས་པ་དེའི་ཕྱིར་མུར་ཐུག་པ་ཞེས་བྱའོ། །རྒྱན་ལྔ་པ་ལ། འཆད་པར་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མ་བཤད་པའོ། །སློབ་དཔོན་གྱིས་སློབ་མ་ལ་བཤད་པ་ལ་ཚོགས་དང་སློབ་བཤད་གཉིས། ཚོགས་ནི་འཁོར་གྱི་འདུས་པ་དང་། སློབ་མ་ནི་དམ་ཚིག་ལ་སོགས་པའི་ལམ་བསྟན་ཏེ་གཉིས་པོའི་རྣམ་དབྱེ་འོག་ཏུ་འཆད་དོ། །ཚོགས་པ་ལ་བཤད་རྒྱུ་གང་ཞེ་ན། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུ་འང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་དོན་དང་། །ཚོགས་པ་ལ་ནི་བཤད་པར་བརྗོད། །སློབ་མ་ལ་བཤད་རྒྱུ་གང་ཞེ་ན། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་པའོ། །རྒྱན་དྲུག་པ་ལ། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤལ་དང་པད་དཀར་དང་། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཉན་པའི་གང་ཟག ཨུཏྤལ་དང་པདྨ་དཀར་པོ་དང་། པདྨ་དམར་པོ་དང་། ཙན་དན་དང་། རིན་པོ་ཆེ་སྟེ་ལྔ། ལེགས་ཐོས་དངོས་པོ་མ་ལུས་པ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗོད་གྱུར་པ། །ཨུཏྤལ་གང་ཟག་ཅེས་བྱའོ། །གཟུང་བྱ་ཐོས་ནས་རྟོགས་གྱུར་ཀྱང་། །སྟོན་པ་ཡིས་ནི་ནུས་མེད་པ། །བུམ་པའི་རལ་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ །དད་དང་ལྡན་ཞིང་སྙིང་རྗེ་སྐྱེ། །ཐོས་ན་བློ་ཡི་ཁ་དབྱེ་བ། །ཚིགས་མེད་འོད་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ །ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་བཟུང་བར་མི་ནུས་པ། །ཙན་དན་ཞེས་བྱའི་གང་ཟག་གོ །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཅིང་དགོངས་པ་ཅིག །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་གང་ཟག་རབ་ཏུ་གྲགས། །ཞེས་པའི་ཙན་དན་ནི་བེམ་པོའི་རིགས་ཡིན་ནོ། །ཨུཏྤལ་ནི་དབང་པོ་ཐ་མ་ཡིན་ནོ། །པདྨ་དཀར་པོ་ནི་འབྲིང་པོ་ཡིན་ནོ། །པདྨ་ནི་རབ་ཡིན་ནོ། །རིན་པོ་ཆེ་ནི་དབང་པོ་རབ་ཀྱི་ཡང་རབ་ཡིན་ནོ། །དེའི་ཕྱིར་གང་ཟག་བཞི་པོ་ནི་ཚོགས་པ་ལ་བཤད་པར་རུང་བ་ཡིན་ལ། །གཅིག་ནི་སློབ་མ་ལ་བཤད་པའི་སྣོད་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །ཨུཏྤ་ལ་དང་པད་དཀར་ཉིད། །པདྨ་ཙན་དན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་བཤད་གང་ཟག་འབའ་ཞིག་གོ །རྫོགས་པའི་རིམ་པའི་སྐལ་ལྡན་ཞིང་། །དམ་པའི་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །གང་ཟག་ཅེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བཏགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་སོ། །རྒྱན་བདུན་པ་ལས། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་བསྒྲུབ་པའོ། །རྒྱན་དྲུག་པོ་མཐར་ཕྱིན་བསྟན་བཅོས་ཀྱི་ལུས་ཀྱི་རིམ་པ་གཉིས་སུ་ཕྱིན་པར་འགྱུར་རོ། །དེའི་ཕྱིར་རྒྱན་བདུན་ལ་རྣམ་པར་དབྱེ་བ་ཉི་ཤུ་རྩ་བརྒྱད་དོ། །གཉིས་པ་ནི། འདི་ལ་ཤྲདྡྷས། གླེང་བསླང་ལྔ་དང་མཐའ་དྲུག་རྒྱན། །བརྡ་ཡི་རྒྱུད་ལ་འཇུག་པ་ཡིན། །རིག་པ་རྣམ་བཞི་བཤད་པ་བཞི། །བདེན་གཉིས་ངེས་པའི་རྒྱན་དག་ནི། །དོན་ལ་འཇུག་པའི་རྒྱན་ཞེས་བྱའོ། །ཀུ་མཱ་རས། །མཐར་དྲུག་ལ་ཚིག་དང་དོན་གྱི་རྒྱན་གཉིས་ཀ་ཡོད་པར་དང་རྒྱན་ཐོག་མ་དང་། གཉིས་པ་ཀུན་ལ་འཇུག་པ་དང་ཐ་མ་བསྡུས་པའི་རྒྱན་ཞེས་བཞེད་དོ། །འཆད་ཚུལ་གཉིས་སྨྲ་བ་པོའི་རྒྱན་དང་། གང་ཟག་ལྔ་ཉན་པ་པོའི་རྒྱན་ནོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །གསུངས་བཤད་ཤིན་ཏུ་རྙེད་པར་དཀའ། །རྣལ་འབྱོར་རྒྱུད་ནི་འདི་ཉིད་ཀྱིས། །ངེས་པར་བྱེད་ཀྱིས་གཞན་གྱིས་མིན། །དེ་བས་རྡོ་རྗེ་བླ་མ་ཡིས། །གླེང་གཞི་རིམ་པའི་སྦྱོར་བ་དག །བཤད་པའི་རྒྱུད་ལ་མཁས་པ་ཡིས། །འབད་དེ་རྣལ་འབྱོར་རྒྱུད་བཟུང་ངོ་། །དེ་དག་རྣལ་འབྱོར་གྱི་རྒྱུད་ཀྱིས་བརྟན་པ་ཡིན་གྱིས་བྱ་བའི་རྒྱུད་ལ་སོགས་ལ་ནི་མེད་དོ། །འོ་ན་རྣལ་འབྱོར་མའི་རྒྱུད་ལ་མེད་དམ་ཞེ་ན། རྣལ་འབྱོར་མའི་རྒྱུད་ནི་ཁྱད་པར་དུ་གྱུར་པ་ཡིན་ཏེ། རྣལ་འབྱོར་གྱི་རྒྱུད་ཀྱང་དེའི་ནང་དུ་འདུས་པ་ཡིན་ནོ། །རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་མཛོད་ལ་བཏབ་པ་བཞིན་དུ། རྡོ་རྗེའི་ཚིག་རྒྱས་བཏབ་པ་དེ་ལ་ལྡེ་མིག་དང་འདྲ་བར་མཐའ་དྲུག་ཚུལ་བཞིས་འབྱེད་པ་དགའ་བ་རྒྱས་པར་བྱེད་པས་རྒྱན་ཡིན་ནོ། །དེ་ལ་ཀུ་མཱ་རས། འོ་ན་རྣལ་འབྱོར་གྱི་རྒྱུད་ཀྱི་མཐའ་རྣམ་པ་དྲུག་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། འདི་ནི་རྒྱན་རྣམ་པ་བདུན་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མེད་དེ་རེ་ཞིག་གླེང་བསླང་བ་དང་བསྟན་བཅོས་མཐའ་དག་ལ་ཁྱབ་པ་ཡིན་པའི་ཕྱིར། ཚིགས་བཅད་རེ་རེ་ལ་ནི་རྣམ་པར་དབྱེ་བ་མ་ཡིན་ཏེ་བ་ལང་གླང་ཉིད་ཅེས་སོ་སོའི་སྒྲར་བརྗོད་པ་ནི་མ་ཡིན་ལ་གླང་གི་ཚོགས་མཐའ་དག་ལ་གླང་ཉིད་ཅེས་བྱ་བ་ཅིག་གིས་ཀྱང་ཁྱབ་པའི་ཕྱིར་རོ། །སྨྲ་བའི་རྒྱན་ནི་སོ་སོར་བརྗོད་པར་བྱ་བ་མ་ཡིན་ཏེ། ཇི་སྲིད་སྨྲ་བ་པོ་མེད་པ་དེ་སྲིད་དུ་སྒྲ་དང་དོན་བསྒྲུབ་པར་མི་ནུས་ཏེ། དེ་བས་ན་ཤུགས་ཀྱིས་སྨྲ་བ་པོའི་རྒྱན་དྲུག་པ་ཡིན་ནོ། །དེ་ཡང་གཞི་མེད་པར་ནི་མ་ཡིན་ཏེ། མཐའ་དྲུག་ལ་བརྟེན་པའི་ཕྱིར་རོ། །མཐའ་དྲུག་ལ་བརྟེན་ནས་བཤད་པ་རྣམ་པ་གཉིས་སྨྲ་བ་པོས་བྱེད་པ་ཡིན་ནོ་བཤད་པ་ཞེས་བྱ་བའི་ལས་ནི་བྱེད་པ་པོ་ལ་གནས་པ་ཡིན་ནོ། །ཉན་པ་པོའི་རྒྱན་ཡང་ཐ་དད་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་ཐ་དད་པར་ཡོད་ན་ནི་སྨྲ་བ་པོ་དོན་མེད་པ་ཡིན་ཏེ། དེ་ཡང་ཉན་པ་པོ་ལ་བལྟོས་པ་ཡིན་པའི་ཕྱིར་རོ། །བསྡུས་པ་ཡི་རྒྱན་ཡང་བསྟན་བཅོས་མཐའ་དག་ལ་ཁྱབ་པར་བྱེད་པ་ཁོ་ནས་གླེང་སླང་བ་ལྔར་བསྟན་པ་དང་འདྲ་བ་ཉིད་དོ། །དེའི་ལྷག་མ་མཐའ་དྲུག་དང་བཤད་པ་དག་ནི་ཚིག་བཅད་རེ་རེ་ལ་བརྗོད་པར་བྱའོ། །གལ་ཏེ་དེ་ལྟ་ན་མཐའ་དྲུག་ཅེས་བྱ་བའི་མིང་ཅིའི་ཕྱིར་རབ་ཏུ་གྲགས་མཐའ་དྲུག་དང་བཤད་པ་བཞི་ཞེས་བྱ་བར་རིགས་སོ་ཞེ་ན། དེ་ནི་ཉེས་པ་མེད་དེ་གཉིས་གས་ཀྱང་མིང་ཐོབ་པར་འགྱུར་བ་དེ་གཞན་དང་གཞན་དག་ལས་ཀྱང་ཐ་སྙད་ཆགས་པ་དཔེར་ན་མའི་བུ་ཕའི་བུ་ཞེས་པ་ལྟ་བུའོ། །ཞེས་གསུངས་སོ། །གསུམ་པ་ལ། བསྡུས་པའི་དོན་དང་ཡན་ལག་གི་དོན་རྣམ་པ་གཉིས་ལས། དང་པོ་ནི། རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོས་ལེའུ་དང་པོར་སྤྲུལ་པའི་དཀྱིལ་འཁོར་དུ་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་རིགས་པའི་དབང་བསྐུར་བ་བྱིན་ནས། དྲང་བ་དང་ངེས་པའི་དོན་གྱིས་དབྱེ་བས་བརྟགས་པ་དང་རྫོགས་པའི་བསྒྲུབ་པའི་ཐབས་སོ་སོར་བསྟན་ནོ། །འཆད་པར་འགྱུར་བའི་ལེའུ་བཅུ་དྲུག་ཏུ་ཡང་དོན་གཞན་རྙེད་ནས་ལྷའི་རྣལ་འབྱོར་གཉིས་པ་ཉིད་སྟོན་ཏོ། །དེ་ལ་ལེའུ་གཉིས་པར་རྫོགས་པའི་རིམ་པ་འབའ་ཞིག་སྟོན་ཏོ། །ལེའུ་གསུམ་པར་དོན་ཡོངས་སུ་དག་པའི་རྣལ་འབྱོར་གསལ་བྱེད་དོ། །ལེའུ་བཞི་པར་དབང་བསྐུར་བའི་དཀྱིལ་འཁོར་སྟོན་ཏོ། །ལེའུ་ལྔ་པར་རྣལ་འབྱོར་གྱི་སྤྱོད་པ་གསུངས་སོ། །ལེའུ་དྲུག་པར་སྐུ་དང་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབ་པ་གསུངས་སོ། །ལེའུ་བདུན་པར་ལེའུ་ལྔ་པར་གསུངས་པའི་སྤྱོད་པ་སྤྲོས་ནས་བསྟན་ཏོ། །ལེའུ་བརྒྱད་པར་གསང་བའི་དབང་བསྐུར་བ་གསུངས་སོ། །ལེའུ་དགུ་པར་ཤིན་ཏུ་རྨད་དུ་བྱུང་བའི་ལུང་བསྟན་པ་གསུངས་སོ། །ལེའུ་བཅུ་པར་འདོད་པའི་དངོས་གྲུབ་མངོན་དུ་བྱ་བའི་ཕྱིར་དང་ནང་གི་བདག་ཉིད་ཅན་གྱི་ལྷའི་ཐུགས་ཡང་དག་པར་བསྐུལ་བ་གསུངས་སོ། །ལེའུ་བཅུ་གཅིག་པར་སྔགས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་ཀྱི་སྐུ་བསྐྱེད་པ་སྟོན་ཏོ། །ལེའུ་བཅུ་གཉིས་པར་ཕྱག་རྒྱ་ཆེན་པོ་ཡོངས་སུ་གྱུར་པ་གསུངས་སོ། །ལེའུ་བཅུ་གསུམ་པ་དང་བཅུ་བཞི་པར་ལས་རབ་འབྱམས་གསུངས་སོ། །ལེའུ་བཅོ་ལྔ་པར་དངོས་གྲུབ་ཐམས་ཅད་དེ་ཁོ་ན་ཉིད་རྟོགས་པ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གསུངས་སོ། །ལེའུ་བཅུ་དྲུག་པར་ལེའུ་བཞི་པར་གསུངས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྤྲོས་ཏེ་གསུངས་སོ། །ལེའུ་བཅུ་བདུན་པར་དམ་ཚིག་དང་སྡོམ་པ་རབ་ཏུ་བསྟན་ཏོ། །གཉིས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རང་བཞིན། བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་དང་། བྱང་ཆུབ་སེམས་ཀྱི་ལེའུ་དང་། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་དང་། ཀུན་ཏུ་སྤྱོད་པ་མཆོག་གི་ལེའུ་དང་། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་དང་། སྔགས་ཀྱི་སྤྱོད་པ་མཆོག་གི་ལེའུ་དང་། བཤང་གཅིའི་དམ་ཚིག་པའི་ལེའུ་དང་། །དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་དམ་ཚིག་གི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསྐུལ་བ་ཞེས་བྱ་བའི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རྡོ་རྗེ་རིག་པའི་སྐྱེས་བུ་མཆོག་གི་ལེའུ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་མཆོག་བསྟན་པའི་ལེའུ་དང་། །རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་ལ་ཞེས་བྱ་བའི་ལེའུ་དང་། སྐུ་དང་གསུང་དང་ཐུགས་རྨད་དུ་བྱུང་བའི་སྔགས་ཀྱི་འགུགས་པའི་རྣམ་པར་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་དང་། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་རྡོ་རྗེ་འབྱུང་བ་ཞེས་བྱ་བའི་ལེའུ་དང་། དངོས་གྲུབ་ཐམས་ཅད་ཀྱི་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་དང་སྡོམ་པ་རྡོ་རྗེ་བྱིན་གྱིས་བརླབ་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན་ནོ། །ཀླུ་དབང་བསོད་ནམས་ལས་གྲུབ་གསང་བའི་ཀླུང་། །མ་ལུས་འདུས་པའི་ཆུ་གཏེར་ཞག་རེ་རེར། །སྤེལ་མཁས་ཟླ་བ་གྲགས་པའི་ཆོས་ཀྱི་འོད། །བློ་གྲོས་སྒྲོན་མ་ལྟ་བུར་གསལ་མཛད་དེ། །ཚིག་སྤྲིན་མཐོང་སུ་ཆ་ཙམ་འཚུར་སྟོན་གྱིས། །སྒོམ་བྱུང་སྟོན་ཀའི་གནམ་དུ་མ་ལུས་པ། །མི་ལའི་དྲིན་ལས་མཐོང་ནས་པདྨའི་རྫིང་། །ཀུ་མུད་འཛུམ་དཀར་རྒྱས་པ་མཚར་དགུར་སྦྱར། །དངོས་འཛིན་ནད་ཀྱིས་བསླང་པ་དེ་དག་ངོར། །ལེགས་བཤད་རྫུན་མར་འགྲོ་བ་མཐོང་མོད་ཀྱང་། །སྐྱོན་མེད་མིག་མཐོང་གནས་ལུགས་ཡིན་ཤེས་ནས། །ངོ་འཛིན་མེད་པར་ཤོད་ལ་དགའ་བ་སྐྱེས། །ཞེས་དཔལ་གསང་བ་འདུས་པ་སྒྲ་སྒྱུར་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཆེན་པོའི་རྗེས་སུ་ཐུན་མོང་མ་ཡིན་པར་འཇུག་པ་གསང་བ་འདུས་པའི་རྒྱན་ཞེས་བ་ཤར་ཁའི་ལྗོངས་ཀྱི་ཕོ་བྲང་རྩེ་ཆེན་དུ་པདྨ་དཀར་པོ་རྒྱུད་སྡེའི་གསང་བ་འཛིན་པ་དེས་སྦྱར་བར་བགྱིས་པ་ཐམས་ཅད་ཀྱིས་གསང་བ་འདུས་པ་ལེགས་པར་ཤེས་པར་གྱུར་ཅིག སྒྲོ་འདོགས་ནང་ནས་དཔྱོད་པ་གྲུབ་ཐོབ་རྣམས་ཀྱི་བརྒྱུད་པ་རྒྱུད་རྐྱང་མན་ངག་དང་བཅས་པ་ནི། རྡོ་རྗེ་འཆང་། ཨིནྡྲ་བྷཱུ་ཏི། ཌཱ་ཀི་མ་བདེ་བའི་ཞབས། ཌོམྦི་ཧེ་རུ་ཀ རྡོ་རྗེ་དྲིལ་བུ་པ། ཡན་ལག་མེད་པའི་རྡོ་རྗེ། ཀལྤ་ལ་པ། ནག་པོ་སྤྱོད་པ། ཏེ་ལོ་པ། ནཱ་རོ་པ། མར་པ། ཉམས་ལེན་སྨར་ཁྲིད་བརྒྱུད་པ། །རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏི་ཀི ཏེ་ལོ་ནཱ་རོ་ནས་བསྲེ་འཕོ་བཞིན། མཁས་པ་པཎྜྻི་ཏའི་བརྒྱུད་པ་ནི། རྒྱལ་པོ་བི་སུ་ཀལྤ། དེས་ས་ར་ཧ། དེས་ཀླུ་སྒྲུབ། དེ་ལ་སློབ་མའི་མཆོག་བཞི། ཨཱརྻ་དེ་བ། ཤཱཀྱ་བཤེས་གཉེན། ཀླུ་བློ། ཟླ་གྲགས། དེ་བཞི་སློབ་པའི་རྡོ་རྗེ། །དེས་ནག་པོ་སྤྱོད་པ། དེས་དྲི་མེད་བློ་གྲོས། དེས་ནུབ་དུ་ལ་ཀྵེ་ཊའི་མཁས་པ་ཡེ་ཤེས་སྙིང་པོ། དེས་མར་པ། དེས་མཚུར་སྟོན། དེས་གད་པ་ཀཱིརྟི། དེས་མི་ཉག་ཐུར་ལ་པ། དབུས་པ་མགར་དགེ །གྲུབ་ཐོབ་ཐང་ཁུང་པ་གསུམ། དེ་གསུམ་ལ་གངས་བར་སེར་ཁའི་རིན་ཆེན་གླིང་པ་ཚུལ་ཁྲིམས་མཛེས། དེས་རྒྱ་རྣལ་འབྱོར་ཕོ་བ་ལུང་པ། དེས་དགེ་སློང་ཆོས་གྲགས་བཟང་པོ། དེས་བླ་མ་ཤཱཀྱ་གཞོན་ནུ། དེས་བླ་མ་བློ་ལྡན། དེས་འཕགས་འོད། དེས་བུ་སྟོན། ཐུགས་སྲས་པ། བྱང་ཆུབ་རྒྱལ་དབང་། སྐུ་ཞང་རིན་པོ་ཆེ། རྭ་སྒྲེང་བཀའ་བཞི་པ། སྐུ་ཞང་སངས་རྒྱས་དཔལ་འབྱོར། དུས་ཞབས་པ་ཤཱཀྱ་དབང་ཕྱུག འཇམ་པའི་དབྱངས་ཆོས་གྲགས། ཀུན་སྤངས་རྗེའམ། ཚེ་བདག དེས་བདག་གོ །རྒྱུད་འགྲེལ། ཆོས་གྲགས་ནས། །རྡོར་གླིང་པ། དེས་བདག མན་ངག་ལོགས་པའོ།། །།


previousགསང་བ་འདུས་པའི་རྒྱན་ཅེས་བྱ་བ་མར་ལུགས་ཐུན་མོང་མ་ཡིན་པའི་བཤད་པ།next