Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

4 occurrences of མགོན་པོ་བྱང་
[Clear Hits]


  
  
  
  
  
  
  
  
  
  
  
 
བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
  
  
 
  


4 occurrences of མགོན་པོ་བྱང་
[Clear Hits]

 
previousབླ་མ་དྲག་པོ་ཀཱི་ལ་ཡའི་མན་ངགnext

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག

བླ་མ་དྲག་པོ་ཀཱི་ལ་ཡའི་མན་ངག་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དང་པདྨ་འབྱུང་། །ཆོས་ལོངས་སྤྲུལ་པའི་སྐུར་བཞེངས་གྲགས་པའི་གཞིའི། །ཞབས་ཟུང་བྱང་ཆུབ་སྙིང་པོ་དེ་ཚུན་དུ། །བདག་གི་སྤྱི་བོའི་ནོར་བུ་ཉིད་གྱུར་ཅིག། དེའང་གཉལ་ཡངས་པ་ཅན་ཞེས་པའི་གྲོང་ཁྱེར་ཆེན་པོའི་དབུས། དཔལ་གྱི་རི་བོའི་ངོགས་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ཁོ་བོ་སླེབས་པའི་སྐབས་ཤིག མཚན་མོའི་ཐུན་ཐ་མ་རྫོགས་ཏེ། སྐྱ་རེངས་འཆར་ཀ་ཙམ་ལ་གཉིད་ཐུམ་དུ་སོང་བའི་རྨི་ལམ་དུ་སྲིན་ཡུལ་རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བརྫངས་པའི་ཕོ་ཉ་བ་སྲིན་པོ་གདོང་གཅིག་པ། མདོག་སྨུག་ནག་ན་རའི་གཡང་གཞིས་སྨད་དཀྲིས་ཤིང་། མི་མགོ་ཡ་མགལ་གཅིག་ཐོད་དུ་བཅིངས་པ་གཉིས་བྱུང་ནས་སློབ་དཔོན་ཆེན་པོའི་བཀའ་ལས་ཁྱོད་ལ་ད་ལོར་དམ་སྲི་སྤུན་དགུའི་བར་ཆད་ཆེ་བར་འདུག་པས། གདམས་པ་འདི་ཉམས་སུ་ལོངས་དང་། དེས་བཟློག་པར་འགྱུར་ལ། ཕྱིས་ཀྱང་དེ་བཞིན་བྱེད་ན་བར་ཆད་ལས་རྒྱལ་བར་འགྱུར་རོ། །ཞེས་བཀའ་སྩལ་བརྒྱུར་ཏེ་ལོག་གོ་སྙམ་སེམས་པའི་མོད་དེ་ཁར་རང་གི་མདུན་གྱི་ནམ་མཁའི་སྣམ་ལོགས་གཡོན་དུ་ཉེ་བའི་ཐད་ན་རིག་འཛིན་ཆེན་པོ་དྲག་པོ་རྩལ་སྟོད་ཁྲོ་རྒྱལ་སྨད་ཕུར་པའི་དབྱིབས་འཆད་པར་འགྱུར་བ་ཇི་ལྟ་བ། སྐུའི་རྒྱན་དང་སྔགས་ཕྱག་རྒྱ་མི་སྒྲིབ་ཅིང་དྲག་པོའི་སྔགས་སྒྲ་དང་བཅས་པ་མཐོང་བའི་མོད་ལ་ཟིལ་གྱིས་བརྒྱལ་བ་སྙམ་བྱེད་པ་ཞིག་བྱུང་སྟེ་མཐར་རང་ཡལ་ལོ། །སད་ནས་རིག་འཛིན་ཆེན་པོས་བདག་ལ་བྱིན་རླབས་འཕོ་བའི་དབང་བསྐུར་བ་ཡིན་ནོ་སྙམ་དགའ་མགུ་རངས་པ་བསམ་གྱིས་མི་ཁྱབ་བོ། །བཀའ་སྩལ་ཇི་ལྟར་བསྒྱུར་བའི་སྙིང་པོ་ནི་འདིའོ། །རྫོགས་པ་ཆེན་པོའི་ཀློང་ཉིད་ལས། དྲན་རིག་འདི་ཀ་དྲག་པོའི་སྐུ། །རྡོ་རྗེ་ཕུར་པའི་གཟུགས་སུ་ནི། །ཆུ་ལས་ཆུ་བུར་བརྡོལ་ལྟར་བསྐྱེད། །རྒྱན་དང་སྤྲུལ་པ་ཇི་ལྟ་བ། །ཡས་ལ་ཀཱ་སྟེ་མས་ལ་ཨཱ། །དམོད་པའི་མཚོན་ཆ་བར་དུ་ལྟེམས། །ཙིཏྟའི་གུར་ཁྱིམ་ཕྱག་རྒྱ་བཅའ། །ཕྱོགས་བཅུའི་ཞིང་ནས་སྤྱན་དྲངས་བསྟིམ། །རེ་རེས་གཟི་བརྗིད་འབུམ་དུ་གྱུར། །རིགས་ལྔར་གསོལ་བཏབ་དབང་བསྐུར་བླང་། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་བཟླས་དགུག་གཞུག་ཡང་ཡང་བྱ། སྟོད་ལས་སོ། །ཁྲོ་བཅུའི་དྲེགས་པ་དེས་གནོད་བྱེད། །བཅིང་བ་ལྔས་བཅིངས་བྲུབ་ཁུང་བཅུག །ཡེ་ཤེས་རང་བསྟིམ་འཇིག་རྟེན་པ། །གཟིར་བས་ལྷ་ཕྲལ་ཕུར་པས་བསྒྲལ། །ཆེ་གེ་མོ་ཏྲིག་ནན། ཆེ་གེ་མོའི་སྙིང་ལ་ཧུར་ཐུམ་ཛཿ གཟིར་བའོ། །བསྒྲལ་བ་ནི། གནོད་བྱེད་དགྲའམ་བགེགས་ཐམས་ཅད་མཱ་ར་ཡ་སྟེ། གཉིས་ཀ་སྔགས་ཀྱི་ཤམ་བུར་བྱའོ། །པདྨ་ང་ཡི་སྙིང་ཐིག་སྟེ། །བསྙེན་སྒྲུབ་ལས་སྦྱོར་ཆིག་དྲིལ་ཡིན། །སྲུང་ཟློག་བསད་ལས་མཐར་ཐུག་པས། །སྐལ་ལྡན་སྙིང་གི་དཀྱིལ་དུ་སྦོས། །ས་མ་ཡ། དམ་ཚིག་གི་རྒྱའོ། །ད་ནི་དེའི་དོན་སློབ་དཔོན་ཉིད་ཀྱི་བྱིན་རླབས་ཀྱིས་རྙེད་པ་ནི། བདེ་བའི་སྟན་ལ་འདུག་སྟེ། རྣལ་འབྱོར་གྱི་ཡོ་བྱད་མདུན་དུ་བཤམས་ཏེ། བར་ཆད་ཀྱི་གདོན་བགེགས་དགྲ་བོ་ཐམས་ཅད་བསྒྲལ་ཏེ་ བྱང་ཆུབ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་པས། བདག་ནི་མགོན next hit་པོ་གཞན་སྤངས་ནས། །རིག་འཛིན་ཆེན་པོ་ཁྱོད་ལ་སྐྱབས། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སངས་རྒྱས་ཆོས་ཚོགས་ཀུན་ལགས་སོ། །དེ་ཕྱིར་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་པ་དང་། །ཁྱོད་ཀྱིས་མཛད་པ་གང་ལགས་པ། །དེ་ལ་བདག་གིས་བསླབ་པར་བགྱི། །ཞེས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷཱོོཧཾ། ཡེ་དག་ཡེ་རྫོགས་ཆེན་པོའི་ཀློང་། དྲན་རིག་ཡེ་ཤེས་ཀྱི་ཆ། རིག་འཛིན་ཆེན་པོ་པདྨ་དྲག་པོ་རྩལ་བསྐལ་པའི་མེའི་བོང་དང་མདངས་དང་གཟི་བརྗིད་འཛིན་པ། ཞལ་གནམ་ས་ཙམ་དུ་གདངས་ཤིང་མཆེ་བ་གངས་རི་ལྟར་གཙིགས་པ། མིད་པ་སྟོང་གསུམ་ཙམ་བརྒྱངས་པའི་ཡ་རྐན་ལ་ཉི་མ་ཀཱ་ལིས་མཚན་པ། མ་མགལ་ལ་ཟླ་བ་ཨཱ་ལིས་མཚན་པ། ལྗགས་ཀྱི་རྩེ་རྟ་གདོང་གི་མེ་ལྕེ་ལྟ་བུར་བསྐྱོད་པའི་རྩ་བར་ཧཱུྃ་ལ་ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་པའི་ཡིག་འབྲུ་དམར་པོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་གྲགས་བཞིན་པས་བསྐོར་བ། དམར་བའི་སྤྱན་གསུམ་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་བསྣམས་པས་གདུག་པ་ཅན་ཐམས་ཅད་གཟིར་བ། དཔལ་གྱི་ཆས་ཀྱིས་ལེགས་པར་བརྒྱན་པ་སྐུ་སྨད་ཆུ་སྲིན་ཁྲོས་པའི་ཁ་ནས་གནམ་ལྕགས་འབར་བའི་ཕུར་བུ་དབལ་གསུམ་རྩེ་མོ་གཅིག་ཏུ་རྣོ་བ། ནང་ཁོང་སེང་ཅན། དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་གསེར་མདོག་ཅན་གཡས་རལ་གྲི་འཕྱར་བ། མགྲིན་པར་རྟ་མགྲིན་དམར་པོ་གཡས་དབྱུག་ཐོ་འཕྱར་བ། བྲང་དབུས་ཀྱི་ཐད་ཀྱི་ནང་དུ་དྲེགས་པ་ཕྱག་ན་རྡོ་རྗེ་སྔོན་པོ་གཡས་རྡོ་རྗེ་འཕྱར་བ། གསང་གནས་སུ་ཁྲོ་བོ་ཡཀྵ་མེ་དབལ་སྨུག་ནག་གཡས་ཐོ་བ་འཕྱར་བ། དེ་ཐམས་ཅད་གཡོན་ཐུགས་ཀར་སྡིག་མཛུབ། ཤིན་ཏུ་ཁྲོ་ལ་དཔལ་གྱི་ཆས་ཀྱིས་བརྒྱན་ཅིང་། གཡོན་བརྐྱང་གིས་གནས་པ། ལྟེ་བར་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་འཕྱར་ཞིང་། གཡོན་ཐུགས་ཀར་ཐོད་ཁྲག་འཛིན་པ་གཅེར་མོ་ཆགས་པ་རྒྱས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། ཐོད་ཀྱི་མགོ་བོ་རྣམས་ཀྱི་དབུས་མ་ལ་བུདྡྷ་ཐོད་ཕྲེང་རྩལ་གཡས་སུ་རྡོ་རྗེ་ཐོད་ཕྲེང་རྩལ་དང་རཏྣ་ཐོད་ཕྲེང་རྩལ། གཡོན་དུ་པདྨ་ཐོད་ཕྲེང་རྩལ་དང་ཀརྨ་ཐོད་ཕྲེང་རྩལ། དཀར་སྔོ་སེར་དམར་ལྗང་བ། ཐམས་ཅད་ཞི་མ་ཁྲོ་ཟ་འོག་སྨུག་པོའི་བེར། ལྷུབ་གྱོན་དུ་མཛད་ཅིང་རུས་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དབུ་ལ་ཤ་བའི་སྙན་ཞུ་རྒོད་ཀྱི་རྩེ་འཕྲུ་དར་གྱི་ཅོད་པན་འཕུར་བ་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་ཐོད་ཁྲག་དཀུར་བརྟེན་པས་རང་རིགས་ཀྱི་ཡུམ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པ་ལ་འཁྱུད་དེ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བ། མཚོག་མར་སྤྲུལ་པའི་ཁྱུང་མཐིང་ནག་གདུག་པ་ཅན་གྱི་ཀླུ་ཟས་སུ་ཟ་བ། སྤྱི་བོའི་བུ་གར་གཙུག་ཏོར་འཁོར་ལོས་སྒྱུར་བ། མིག་སྣ་རྣ་བ་ཁ་ལྟེ་བ་བརྒྱད་དུ་རྣམ་རྒྱལ། གཤིན་རྗེ་གཤེད། རྟ་མགྲིན། བགེགས་མཐར་བྱེད། དབྱུག་སྔོན་ཅན། མི་གཡོ་བ། འདོད་རྒྱལ། སྟོབས་པོ་ཆེ། ཕུར་པའི་དབལ་གྱི་ནང་རྩེར་གནོད་མཛེས་ཐམས་ཅད་ཁྲོ་བོའི་ཆས་ཅན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གཡོན་བརྐྱང་ཐམས་ཅད་མཐིང་ག ཙིཏྟ་རིན་པོ་ཆེའི་གུར་ཁྱིམ་དུ་ཟླ་བ་ལ་གསེར་གྱི་རྡོ་རྗེ་རྩེ་དགུ་པ་འཇའ་འོད་སྣ་ལྔའི་དབུས་ན་གནས་པ། དེའི་གནས་སོ་སོའི་ལྷ་ལས་འོད་འཕྲོས་རྔ་ཡབ་གླིང་གི་པདྨ་འོད་ཀྱི་གཞལ་མེད་ཁང་སོགས་ཕྱོགས་བཅུའི་འཇིག་རྟེན་ན་སློབ་དཔོན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དཀོན་མཆོག་གསུམ་དུ་རྣམ་པར་རོལ་པ་ཐམས་ཅད་སྤྱན་དྲངས་པར་གྱུར་པར་བསམ་ཏེ། ཧཱུྃ། འདི་ནས་ཉི་མ་ལྷོ་ནུབ་མཚམས་ཤེད་ན། །ཨོ་རྒྱན་སྤྲུལ་སྐུའི་ཞིང་ཁམས་རྔ་ཡབ་གླིང་། །རཱཀྴ་མི་ཟན་རྣམས་ཀྱི་རྒྱལ་པོའི་ཁབ། །དཔལ་རི་པདྨ་འོད་ཀྱི་ཕོ་བྲང་དང་། །ཕྱོགས་བཅུའི་རྒྱལ་བའི་ཞིང་ཁམས་ཐམས་ཅད་ནས། །སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་མི་ཟད་པའི། །རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ། །གསང་བའི་མཚན་གསོལ་གུ་རུ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །རྣལ་འབྱོར་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །དད་ལྡན་བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། སློབ་དཔོན་ཆེན་པོའི་སྐུ་རྒྱལ་བ་ཞི་ཁྲོའི་སངས་རྒྱས་ཐམས་ཅད་དུ་སྣང་བ། གསུང་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་དུ་གྲགས་པའི་ཡིག་འབྲུ་དམར་པོ། ཐུགས་ཏིང་ངེ་འཛིན་ཕྱག་རྒྱ་ཐམས་ཅད་དུ་འཆར་བ། སྟེང་ནས་ཆར་བབས་པ་ལྟ་བུ། འོག་ནས་ས་རླངས་ཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབས་པ་ལྟ་བུར་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་མེར་མེར་ཡོམ་ཡོམ་ཤིག་ཤིག་བྱོན་ནས་བདག་གི་ལུས་ལྷར་གསལ་བ་དང་། ངག་སྔགས་སུ་གསལ་བ་དང་། ཡིད་ཕྱག་རྒྱར་གསལ་བ་ལ་རིམ་རིམ་ཐིམ་པར་བསམ་ཏེ། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་ཛབ྄་ཉེར་གཅིག་གམ་བདུན་ཅིས་ཀྱང་བཟླའོ། །དེ་ནས་དབང་སྒྲུབ་ལྷ་ལྔ་ལ་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་གདབ་སྟེ། ཀྱེ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྗེ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དེ་བཞིན་ཚིག་རྐང་དང་པོ་དང་། བཞི་པ་འདོན་པ་ཅུང་ཟད་བསྒྱུར་བ་རིགས་ལྔ་ཀ་ལ་ཤེས་པར་བྱ་སྟེ། སྐུ་མཆོག་འགྱུར་མེད་བུདྡྷ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་བུདྡྷ་ཧེ་རུ་ཀ །ཞེས་དང་། གསུང་མཆོག་འགག་མེད་པདྨ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་པདྨ་ཧེ་རུ་ཀ །ཐུགས་མཆོག་དྲི་མེད་བཛྭ་ཐོད་ཕྲེང་རྩལ། །ཞེས་དང་། མཉམ་པ་མེད་པའི་བཛྭ་ཧེ་རུ་ཀ ། ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་རྩལ། ཞེས་དང་། མཉམ་པ་མེད་པའི་རཏྣ་ཧེ་རུ་ཀ །ཕྲིན་ལས་ཐོགས་མེད་ཀརྨ་ཐོད་ཕྲེང་རྩལ། ཞེས་དང་། མཉམ་པ་མེད་པའི་ཀརྨ་ཧེ་རུ་ཀ །དེ་ནས། དབང་སྒྲུབ་ཀྱི་ལྷ་ཚོགས་ཐམས་ཅད་སྙོམས་པར་ཞུགས་པས་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་དཔག་ཏུ་མེད་པ་བབས། བདག་གིས་སྤྱི་བོ་ནས་བྱེ་མ་ལ་ཆུ་བཏབ་པ་ལྟ་བུར་ཞུགས། སྤྱི་བོ་གང་། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་གང་། ངག་གི་དྲི་མ་དག གསང་བའི་དབང་ཐོབ། སྙིང་ག་གང་། ཡིད་ཀྱི་དྲི་མ་དག དབང་གསུམ་པ་ཐོབ། ལྟེ་བ་གང་། སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག དབང་བཞི་པ་ཐོབ། ལུས་ཐམས་ཅད་གང་བའི་རྒྱུན་སྤྱི་བོར་ལུད་པས་རལ་པ་གྱེན་དུ་བརྫེས་པའི་དབུས་སུ་སྣང་བ་མཐའ་ཡས་མཆོག་གི་སྤྲུལ་པའི་སྐུའི་ཆ་ལུགས་ཅན་དུ་གྱུར་པར་བསམ་ཏེ་བསྐྱེད་རིམ་ལ་ཇི་སྲིད་མི་སྐྱོའི་བར་དུ་བསྒོམ། སྐྱོ་ན། ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྭ་ཀཱི་ལི་ཀཱི་ལ་ཡ། ཞེས་པ་བཟླ། དེ་ལ་སྐྱོ་ན་སྔར་བཞིན་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་སྤྱན་དྲངས་ཤིང་བསྟིམ་པ་ཡང་ཡང་བྱ། བསྟིམ་ཐེབ་རེ་རེ་ལ་ལུས་གཟི་བརྗིད། ངག་ནུས་པ། སེམས་ཏིང་ངེ་འཛིན་རྩལ་ཇེ་ཆེར་འགྲོ་བར་བསམ་མོ། །འདི་ནི་སྟོད་ལས་སུ་བཞག་སྟེ་བྱང་ཆུབ་སྒྲུབ་པའི་ལམ་ངོ་མའོ། །དེ་ནས། རང་གི་འོག་ཏུ་བྲུབ་ཁུང་ལྕགས་བསྲེགས་ཀྱི་ཁང་སྒྲོམ་ནག་ལ་གཏིང་རིང་བ་ཞིག་ཏུ་བསམ། ཁྲོ་བོ་བཅུས་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཀུག དེ་དག་གཟིར་བས་བདག་གི་བྲན་དུ་ཁས་བླངས་པར་བསམ་ལ། ཡིད་ཨ་ཡ་མ་དུ་རུ་ཙ་ཤ་ན་ཕྱུང་སྟེ་ཕྲལ། ལུས་བདག་གིས་ཅི་བསྒོ་བའི་ལས་བྱེད་པར་བསམ་ལ། དེ་ནས། དེ་དག་གིས་བདག་ལ་སྔ་དགྲ་ལག་ལ་བདར་བ། ད་དགྲ་དངོས་སུ་བྱེད་པ། ཕྱི་དགྲ་ཡིད་ལ་སེམས་པ། ཐོག་ཏུ་འགེལ་ནུས་པའི་གནོད་བྱེད་གདོན་བགེགས་དགྲ་ཅི་ཡོད་པ་ཐམས་ཅད་ལྕགས་ཀྱུས་རང་དབང་བྲལ་བར་བཀུག ཞགས་པས་ལུས་བཅིངས། ནུས་པས་ངག ཏིང་ངེ་འཛིན་གྱིས་སེམས། མཐུ་རྩལ་གྱིས་སྐྱོབ་བྱེད་ལྷ་ཐམས་ཅད་བཅིངས་ནས་གཤེད་མས་བཙོན་ཁྲིད་པ་བཞིན་བྲུབ་ཁུང་དུ་བཅུག དེ་ལ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་སྲུང་བ་བྲལ། འདས་པའི་སྐྱོབ་བྱེད་བསྡུས་ནས་བདག་ལ་བསྟིམ། འཇིག་རྟེན་པའི་ལྷ་སྙིང་པོའི་མཐར་ངོས་ཟིན་ན་དེ་ཀའི་མིང་ངམ་གནས་སྲོག མ་ཟིན་ན་ཏྲིག་ནན་སྙིང་ལ་ཧུར་ཐུམ་ཛཿ ཞེས་གཟིར་བས་སྐྱོབ་བྱེད་དེ་བརྒྱལ་ཞིང་འབོག་ནས་དྲན་པ་ཉམས། དེ་ནས་རྩ་བའི་ཤམ་བུར་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཞེས་བཅུག་པས། བདག་ཉིད་རྡོ་རྗེ་ཕུར་པར་གསལ་བ་དེ་ནམ་མཁའ་ལ་འགྱིང་ཞིང་བསྒྲིལ་བས། ཉམས་པ་དེ་གཟིར་བས་ཁབ་ལེན་དང་འཕྲད་པའི་ལྕགས་བཞིན་ཚེ་རྟེན་འབྱུང་བའི་དྭངས་མ་ཨ། སྲོག་རྟེན་རྣམ་ཤེས་ནྲྀའི་རྣམ་པར་གནས་པ་དེ་སོ་སོའི་སྤྱི་བོ་ནས་ཐོན་ཕུར་པའི་དབལ་དུ་ཞུགས་པས་ཚེ་རྟེན་བདག་ལ་ཐིམ། སྲོག་རྟེན་རྡོ་རྗེ་ཕག་མོའི་བྷ་གའི་རྡུལ་གྱིས་དུག་གསུམ་བཀྲུས་པས་ཧཱུྃ་ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་ཀྱི་བྷ་གར་སངས་རྒྱས། རྡོ་རྗེ་ཕུར་པ་དྲག་པོའི་ཐོག་ལྷུང་བ་ལྟར་དེ་དག་གི་སྙིང་གར་བབས་པས་མར་ལ་ལྕགས་བསྲེགས་བསུར་བ་ལྟ་བུར་ཚིར་ཚིར་ཞུ་ཞིང་ཁོལ། གཞོབ་ཏུ་ཐུ་ལུ་ལུ་ཚིག་པའི་མཐར་རྡུལ་ཙམ་ཡང་མི་དམིགས་པར་བསམ་ཏེ། རྫོགས་པ་ཆེན་པོའི་ཀློང་དུ་མཉམ་པར་གཞག ལངས་པའི་དུས་དགེ་བ་བསྔོ། ཚེས་བཅུ་ལ་སོགས་པའི་ཚེ་མཆོད་པ་དང་། གཞན་རྗེས་སུ་འཛིན་ན། གཏོར་མ་ལ་ཙཀླི་བཙུག་པ་སྐུ་རྟེན། ཐོད་པར་བདུད་རྩི་ཨ་མྲྀ་ཏ་གསུང་རྟེན་རྡོ་རྗེ་རྩེ་དགུ་ཐུགས་རྟེན། བུམ་པ་ཡོན་ཏན། ཉ་བོ་སྡེ་བརྒྱད་ཀྱི་གཏོར་མ། རྡོ་རྗེ་ཕུར་པ་དང་བཅས་པ་ཕྲིན་ལས་ཀྱེ་རྟེན་དུ་བཤམས། མཆོད་རྫས་ཚོགས་གཏེར་གྱིས་མཐའ་བསྐོར། བདག་བསྐྱེད་བྱས་ནས་མདུན་བསྐྱེད་སྐུ་རྟེན་དྲག་པོ་རྒྱན་བཅས། གསུང་རྟེན་ཉི་ཟླ་གའུ་ཁ་སྦྱོར་གྱི་དབུས་སུ་སྔགས་ཕྲེང་། ཐུགས་རྟེན་ཟླ་བ་རྡོ་རྗེ། བུམ་པ་དབང་སྒྲུབ་ལྷ་ལྔ། ཕུར་པའང་དྲག་པོ་རྒྱན་ཅན་དུ་བསྐྱེད། སྤྱན་དྲངས་སོ་སོར་བསྟིམ། ལྷ་རྫས་མེ་ཏོག་ཀུན་གྱིས་ནམ་མཁའ་བཀང་། །དྲི་ཞིམ་བདུག་སྤོས་བསྲེག་པས་ས་གཞི་བཀང་། །སྣང་གསལ་འོད་ཟེར་ཕྱོགས་བཅུའི་མཐར་འབྲེལ་བ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །སིམ་སྐྱེད་བདུད་རྩི་བྱུགས་པའི་ཆུ་འཛིན་གཡོས། །བདའ་དགུའི་ཞལ་ཟས་ཐམས་ཅད་ཆར་དུ་བབས། །སྙན་པའི་འབྲུག་སྒྲ་འུར་འུར་སྒྲོག་པ་རྣམས། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །མཛེས་མས་བྲོ་བརྡུངས་སྙན་པའི་གླུ་བླངས་མཐར། །དྲི་ཞིམ་ངད་འགྱེད་མ་མཆུའི་སྦྲང་སྦྱིན་ནས། །རེག་མཐར་བདེ་བ་བྷ་གས་སྟོབ་པ་རྣམས། །རིག་འཛིན་ཆེན་པོ་ཁྱེད་ལ་མཆོད་པར་འབུལ། །མྱོས་བྱེད་དཔའ་བོའི་དམ་རྫས་ཕུད་ཆེན་འཐོར། །སྣང་སྲིད་མ་མོའི་མཆོད་རྫས་རཀྟ་སྒྲེང་། །ཐུན་མོངས་མཉེས་པའི་བ་ལིཾ་ཆེར་བཤམས་པ། །རིག་འཛིན་ཆེན་པོ་ཁྱོད་ལ་མཆོད་པར་འབུལ། །དེ་ནས་བསྟོད་པ་ནི། སྣང་བ་མཐའ་ཡས་སྐུ་ཡི་འཕྲོ་འདུ་ལས། །བདེ་གཤེགས་འདུས་པའི་ཁྲོ་རྒྱལ་དྲག་པོ་རྩལ། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ལུས་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་གསུང་གི་འཕྲོ་འདུ་ལས། །གསང་བ་འདུས་པའི་སྔགས་རྒོད་དམོད་པའི་མཚོན། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ངག་ལ་བྱིན་གྱིས་རློབས། །སྣང་བ་མཐའ་ཡས་ཐུགས་ཀྱི་འཕྲོ་འདུ་ལས། །སོར་རྟོག་ཡེ་ཤེས་རྫོགས་པ་ཆེན་པོའི་ཀློང་། །མ་རུངས་གདུག་པ་འདུལ་བའི་ཕྲིན་ལས་པ། །ཁྱོད་ལ་བསྟོད་དོ་ཡིད་ལ་བྱིན་གྱིས་རློབས། །དེ་ནས་བཟླས་པས་མདུན་བསྐྱེད་བསྐུལ། དེ་ནས་ཚོགས། ཨོཾ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབ། དང་པོ་ཕུད་ཀྱིས་མི་མཆོད་དུ། །རིག་འཛིན་ལྷ་ཚོགས་ཕུད་ལ་མཉེས། །དེས་ན་ཕུད་ཀྱི་མཆོད་པ་འདི། །ཟག་མེད་བདུད་རྩི་བསམ་ནས་འབུལ། །བར་དུ་ཚོགས་ཀྱིས་མི་མཆོད་དུ། །མ་དང་མཁའ་འགྲོ་ཚོགས་ལ་མཉེས། །དེས་ན་ཚོགས་ཀྱི་མཆོད་པ་འདི། །བཤགས་ཤིང་སྐོང་བའི་རྟེན་དུ་འབུལ། །མཐའ་མར་བསྒྲལ་བས་མི་མཆོད་དུ། །ཆོས་སྐྱོང་སྲུང་མ་བཾ་ལ་མཉེས། །དེས་ན་ཚོགས་ཀྱི་ཐ་མ་འདི། །དགྲ་བགེགས་བསྒྲལ་བའི་རྫས་སུ་འབུལ། །རྒྱས་པར་སྤྲོ་ན་གསོལ་འདེབས་ཀྱི་མཐར། ཚོགས་རྫས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བསྒྱུར། དེ་ནས་གཞན་ལ་བྱིན་རླབས་བྱེད་ན། ཁྲུས་བྱ། བགེགས་གཏོར་གཏང་། མཎྜྻལ་ཕུལ། བླ་མ་རིག་འཛིན་ཆེན་པོ་དྲག་པོ་རྩལ་དུ་མོས་ལ། ལུས་ལ་བརཏལ་ཞུགས་གཟི་བརྗིད་བསྐྱེད་དུ་གསོལ། །ངག་ལ་ནུས་པའི་བྱིན་རླབས་སྦར་དུ་གསོལ། །སེམས་ལ་རྟོགས་པའི་ཡེ་ཤེས་བསྐྱེད་དུ་གསོལ། །ལུས་ངག་ཡིད་གསུམ་སྨིན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མས་སློབ་མའི་ལུས་ལྷ། ངག་སྔགས། ཡིད་ཕྱག་རྒྱ་བཅའ་བ་རྣམས་གོང་བཞིན་བརྗོད། སྤྱན་དྲངས་པ་ནམ་མཁར་བཞུགས་པར་མོས་ལ། བསྟོད་པའི་ཐ་མར། སྐལ་ལྡན་ལུས་ལ་གཉིས་མེད་ཐིམ་གྱུར་ཅིག གཏོར་ཙག་གིས་དབང་བསྐུར། དྲག་པོ་རྩལ་སློབ་མའི་ལུས་ལ་བསྟིམ། ལུས་ལ་བརཏལ་ཞུགས་ཀྱི་གཟི་བརྗིད་རྒྱས། དེ་ནས་གཞན་འདྲ། སྐལ་ལྡན་ངག་ལ་གཉིས་མེད་ཐིམ་གྱུར་ཅིག ཐོད་པས་དབང་བསྐུར། གསུང་སྔགས་ཀྱི་ཚོགས་མགྲིན་པའི་སྔགས་ལ་བསྟིམ། ངག་ལ་ནུས་པ་འབར། དེ་ནས། སྐལ་ལྡན་ཡིད་ལ་གཉིས་མེད་ཐིམ་གྱུར་ཅིག རྡོ་རྗེ་རྩེ་དགུས་དབང་བསྐུར། ཐུགས་ཕྱག་མཚན་ལ་བསྟིམ་པས། སེམས་ལ་རྟོགས་པའི་ཡེ་ཤེས་སྐྱེས། དེ་ནས་སྤོས་དང་རོལ་མོ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་བུམ་པས་དབང་བསྐུར། ཐོད་ཕྲེང་རིགས་ལྔ་སྙོམས་པར་ཞུགས་པ་ལས། བདེ་བ་རྒྱས་པས་བྱང་སེམས་སྦྱོར་མཚམས་ལྷུང་། སྤྱི་བོ་གང་བས་ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ་སྐུ་ཡི་དངོས་གྲུབ་འགྲུབ། མགྲིན་པ་གང་བས་ངག་གི་དྲི་མ་དག གསང་བའི་དབང་ཐོབ་གསུང་གི་དངོས་གྲུབ་འགྲུབ། སྙིང་ག་གང་བས་ཡིད་ཀྱི་དྲི་མ་དག ཤེས་རབ་དབང་ཐོབ་ཐུགས་ཀྱི་དངོས་གྲུབ་འགྲུབ། ལྟེ་བ་གང་བས་ཐ་དད་དྲི་མ་དག བཞི་པའི་དབང་ཐོབ་རྫོགས་པའི་སངས་རྒྱས་འགྲུབ། གུ་རུ་དྲག་པོ་དང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མཉམ་པར་བསམ། དེ་ནས་བྲུབ་ཁུང་མདུན་དུ་བཀོད། དཔོན་སློབ་གཉིས་ཀས། ཁྲོ་བོ་བཅུས་སྡེ་བརྒྱད་དྲེགས་པ་ཅན་རྣམས་བཀུག ནས། བྲུབ་ཁུང་དུ་བཅུག་གི་བར། དེ་ནས། སྣང་བ་མཐའ་ཡས་ཐུགས་རྗེའི་འཕྲོ་འདུ་ལས། །པདྨ་དབང་གི་ཁྲོ་བོའི་རྒྱལ་པོ་ནི། །བར་ཆད་བགེགས་འདུལ་བཛྭ་ཀཱི་ལ་ཡ། །གནོད་བྱེད་གདུག་པ་ཅན་རྣམས་བསྒྲལ་བར་གྱིས། །དྲག་སྔགས་ཛབ྄་ཏུ་བཟླ། ཕུར་བསྐོར་བྱེད་དུས་དམིགས་པ་ལྷག་པར་བརྟན། དམིགས་མེད་དུ་མི་གཏོང་བར་ཤ་ཁྲག་དུམ་བུ་དུམ་བུར་གཏུབ། ཉ་བོ་གཏུབས་ནས་གཏོར་མར་བྲན་ཏེ། དེ་ལག་ཏུ་ཐོགས་ནས། རིག་འཛིན་བླ་མའི་ལྷ་ཚོགས་དང་། །བཀའ་སྲུང་ལས་བྱེད་ཤན་པ་རྣམས། །ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདངས་ཤིག །གངས་རི་ཙམ་གྱི་མཆེ་གཙིགས་ཤིག །བར་སྣང་ཙམ་གྱི་ལྗགས་རྐྱོངས་ཤིག །སྟོང་གསུམ་ཙམ་གྱི་མིད་པ་གདངས། །དགྲ་བགེགས་གདུག་པ་བསྒྲལ་བའི་རྫས། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །ཞེས་བརྗོད་ཅིང་ལིང་རོ་ནས་དུམ་བུ་རེ་བྱིན་ལ་སྡེ་བརྒྱད། གཙྪས་གཤེགས། ཚོགས་ལ་རོལ། ལྷག་མ་ནི། ལྷག་མ་བཤལ་ཆུས་མི་མཆོད་དུ། །མ་སྲིང་མ་མོ་ལྷག་ལ་དགྱེས། །ཁ་ཕྲུས་བྲན་པའི་མཆོད་པ་འདི། །མཐུན་པའི་རྫས་སུ་བསྔོས་ནས་འབུལ། །ཞེས་ཕྱིར་དོར་རོ། །འདི་ནི་ལྷ་རྩེ་བླ་མ་དགེ་འདུན་གྱིས་བསྐུལ་བའི་ངོར་དང་། གཞན་མང་པོ་ལ་ཕན་པའི་དོན་དུ་བྲི་འོས་པའི་མཚན་མ་མཐོང་ནས། སློབ་དཔོན་པདྨ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྔགས་པ་ནག་པོ་ངག་དབང་ནོར་བུས་སྦྱར་བའོ། །མངྒ་ལཾ།། །།


previousབླ་མ་དྲག་པོ་ཀཱི་ལ་ཡའི་མན་ངགnext