དཔལ་པདྨ་དཀར་པོའི་རྡོ་རྗེའི་གླུའི་འཕྲེང་བ་སྔ་མ།
དཔལ་པདྨ་དཀར་པོའི་རྡོ་རྗེའི་གླུའི་འཕྲེང་བ་སྔ་མ་བཞུགས་སོ། །རྒྱལ་བ་ཐམས་ཅད་ཀྱི་གོང་བུ་དཔལ་འབྲུག་པ་ཡབ་སྲས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཐུགས་རྗེའི་ཨུཏྤལ་རྒྱས་པའི་སྙིང་། །འཇམ་མགོན་རལ་གྲི་ཞུགས་པའི་དཔལ་གྱི་གཟི། །འཁོར་བའི་མུན་པ་གཞོམ་ལ་ཉིན་བྱེད་ལྟའི། །ངོ་མཚར་ནུས་པའི་ཕུལ་ལ་ཕྱག་འཚལ་ལོ། །སྣ་ཚོགས་གདུལ་བྱའི་ངོ་ན་རྣ་བའི་བཅུད། །དྲི་ཟའི་གླུ་དབྱངས་འདྲ་བ་བརྒྱ་ཕྲག་མང་། །མགུར་ལས་མངོན་འོངས་ཐར་པར་དྲང་བའི་ཐབས། །ཀུན་དགའི་འདོད་དགུར་འཆར་བ་འདི་ནའོ། །འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྒྱལ་བའི་དབང་པོ་གསུམ་པ། དཔལ་འབྲུག་པ་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་ཁྱབ་པ་ཆེན་པོ་དེའི་རྡོ་རྗེ་མགུར་ཆེ་བའི་རིམ་པ་དགུང་ལོ་བཅུ་དགུ་ནས་ལྔ་བཅུའི་བར་དུ་ཕེབས་པ་ཆབས་གཅིག་ཏུ་བསྒྲིགས་པ། དཔལ་འཇིགས་བྱེད་ཧེ་རུ་ཀ་དགྱེས་པར་རོལ་པའི་གནས་ཆེན། །དཔའ་བོ་དང་དཔའ་མོ་སྤྲིན་བཞིན་དུ་འདུ་བའི་ས་ཙ་རི་ཏྲ་བསྐོར་བར་ཕྱིན་པའི་ཚེ་བླངས་པ་ལྟ་སྒོམ་སྤྱོད་པ་གསུམ་གྱི་གླུ། དཔལ་ཕུན་ཚོགས་ཀུན་གྱི་བྱེད་པ་པོ། །ཡོངས་མི་མངོན་དབྱིངས་ཀྱི་རྡོ་རྗེ་འཆང་། །དུས་ད་ལྟ་ངག་དབང་ཆོས་ཀྱི་རྒྱལ། །ཕ་འགྲན་ཟླ་མེད་པའི་ཞབས་ལ་འདུད། །སྣང་ཐོག་ཏུ་ཚོལ་དང་སྟོང་པ་ཉིད། །རིག་ཐོག་ཏུ་ལྟོས་དང་གཞི་རྩ་བྲལ། །བལྟ་རྒྱུ་དང་ལྟ་བ་གནས་རྙེད། །བཟང་ངན་ལ་རྩོད་པས་༼༢ན༣༽ཅི་རང་མཛད། །ལུང་རིགས་ཀྱིས་འཇལ་བ་མ་ཡིན་པའི། །ཉམས་སུ་མྱོང་བ་འདི་གཅེས་པར་གོ། །དཔེ་ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཡིད་གཞུངས་ནས་སྒོམས་ཤིག་པདྨ་དཀར། །ཐོལ་སྐྱེས་ཀྱི་ཤེས་པ་ལྷུག་པར་སྐྱོངས། །ཚོགས་དྲུག་གི་སྟོང་དུ་མ་བཅོས་གློད། །གང་ཤར་ལས་གཞན་དུ་སྒོམ་མི་སྣང་། །སེམས་འཛིན་གྱི་སྤྲོས་པས་ཅིར་མཛད། །རྒྱ་འབྱམས་སུ་སོང་བ་མ་ཡིན་པའི། །ཡིད་བྱེད་དང་བྲལ་བ་ཞིག །གཅེས་པར་གོ། །དཔེ་རྒྱུན་ཆད་མེད་པའི་ཆུ་བོ་བཞིན། །ཡིད་གཞུངས་ནས་སྒོམས་ཤིག་པདྨ་དཀར། །ཉོན་མོངས་ཀྱི་རང་ངོ་རྗེན་པར་ལྟོས། །རེ་དོགས་ཀྱི་སྟེང་དུ་ཐོག་བརྫིས་ཐོང་། །འགལ་རྐྱེན་ལས་གཞན་པའི་མཐུན་རྐྱེན་མེད། །སྤང་གཉེན་གྱི་བླང་དོར་ཅི་རང་མཛད། །རྒྱུ་འབྲས་ལ་ཁྱད་གསོད་མ་ཡིན་པའི། །འཇར་ཉལ་འཁྲིས་མེད་ཞིག་གཅེས་པར་གོ། དཔེ་གླང་ཆེན་མྱོས་པ་རྒྱུག་པ་བཞིན། །ཡིད་གཞུངས་ནས་སྒོམས་ཤིག་པདྨ་དཀར། །མགོན་ཧེ་རུ་ཀ་དཔལ་རོལ་པའི་ཞིང་། །མ་མཁའ་འགྲོའི་དོར་ཙ་རི་ཏྲ། །ཉམས་རྟོགས་པ་ཅིག་ཅར་ནགས་མའི་ལྗོངས། །གྲུབ་བརྒྱུད་ཀྱི་མཆོད་སྡོང་དམ་པ་ན། །རྒྱལ་ཁམས་ལ་འཕྱོ་བའི་བསམ་གཏན་པ། །ཡིད་དགའི་ཞིང་སྐྱིད་དུ་ཚོར་ནས་བླངས། །དབྱངས་མཆོད་པར་འབུལ་ལོ་དཀོན་མཆོག་རྣམས། །དྲན་གསོའི་གླུ་ཤར་ཀོང་པོའི་ཡུལ་གྱི་སྒྲུབ་གནས་ཆེན་པོ་མེ་རག་མདོར་མཚམས་ཀྱི་བཅད་རྒྱ་ལ་འདུག་པའི་ཚེ་བླངས་པ། བློ་མ་སྤྲོ་མ་སྤྲོ་ནང་དུ་ཁུག །བློ་སྤྲོས་ན་འདོད་ཡོན་གྱི་སྣང་བ་དྲན། །དགའ་གདུངས་ཀྱི་སྲེད་པ་འགྲོགས་ཡུན་རིང་། ཉོན་མོངས་ཀྱི་དགྲ་བོ་བློ་འདྲིད་མཁས། རྣམ་རྟོག་གི་དཔུང་ཚོགས་རགས་ལ་མང་། བྱིང་རྒོད་ཀྱི་སོ་པ་ཅང་ལ་གྲིམ། ༼༢བ༤༽དྲན་ཤེས་ཀྱི་གྲོགས་པོ་རྒྱུ་མ་རིང་། །སྙོམས་སེམས་ཀྱི་ལེ་ལོ་འགྲོ་མཚམས་མཁས། །ཅོལ་ཆུང་གི་བློ་ན་འགྲོ་ལ་དགའ། །ཞི་གནས་ཀྱི་ཡུལ་འཁོར་འཇོམས་ཉེན་གདའོ། །ཁ་ནང་དུ་ལྟོས་ཤིག་པདྨ་དཀར། །སེམས་མ་བཅིངས་མ་བཅིངས་གློད་ལ་ཞོག །སེམས་བཅིངས་ན་ཕྱོགས་བཅུར་འགྲོ་བར་རྩོམ། །རྒྱ་ཡན་དུ་གཞག་ན་རྣལ་དུ་ཕེབས། །ཡེངས་མེད་དུ་བསྐྱངས་ན་རང་མཚང་རིག །སྡུག་བཙིར་རང་བྱས་པའི་སྒོམ་གྱིས་སླུ། །བཅས་བཅོས་ཀ་མ་བྱེད་ལྷུག་པར་ཞོག །ཚོགས་དྲུག་གི་སྣང་བ་ཐད་ཀར་ཁྱེར། །ཀུན་རྫོབ་ཀྱི་རྫུ་ན་ཕུགས་དབང་མེད་རྡིབ། །འཁྲུལ་ཚོགས་ཀྱི་བྲོས་མཚང་ཐམས་ཅད་རིག །དགྲ་ཐབས་ཀྱི་བརྩོམ་པ་གྲོགས་སུ་འགྲོ། །འཁོར་འདས་ཀྱི་ཞེ་ཁོ་ན་གཏིང་ནས་སངས། །ཞེས་པའོ། །མཁས་པ་ཕལ་ཆེར་ཆོས་བརྒྱད་ཕུང་པོས་ངལ། །སྒོམ་ཆེན་རྣམས་ཀྱང་འཇིག་རྟེན་རི་ལ་འཛིན། །ད་ལྟ་དུས་ངན་སྙིགས་མས་གང་བའི་སྐབས། །སྙིང་ནས་ལྷ་ཆོས་བྱེད་པ་ཤིན་ཏུ་དཀོན། །རབ་བྱུང་ཁས་འཆེ་འདོད་པའི་བྲན་དུ་སོང་། །རྟོགས་ལྡན་རྣམས་ནི་སྒོམ་མའི་རྗེས་སུ་བསྙེག །སངས་རྒྱས་བསྟན་པ་ནུབ་ལ་ཉེ་བའི་དུས། །ཐོས་བསམ་སྒོམ་པ་ཚུལ་བཞིན་སྒྲུབ་པ་དཀོན། །ཀུན་ཏུ་ཆོས་བཞིན་འདའ་བར་རྫུ་བ་ཚོ། །རྐྱེན་ངན་གནོད་པའི་དྲུང་ན་དམ་ཆོས་ཡར། །བྱས་ཚད་དོན་མེད་འགྱུར་བ་ཁོ་ན་ལས། །རང་གཞན་ཕན་དང་བདེ་ལ་འབད་པ་དཀོན། །ཆེར་རློམ་ཕལ་ཆེར་གྲགས་འདོད་རེ་བས་བཅིངས། །དམའ་རྣམས་བརྙས་པའི་དོང་དུ་ལྷུང་བས་མནར། །བར་མ་དོན་མེད་བྱམས་ཉིན་མཚན་བྲེལ། །དལ་འབྱོར་དོན་ལྡན་བྱེད་པ་ཤིན་ཏུ་དཀོན། །འདུས་བྱས་ཐམས་ཅད་མི་རྟག་ཡིན་པའི་གཏམ། །མང་པོའི་དབུས་སུ་རྟག་པར་སྒྲོག་བྱེད་ཀྱང་། །ཕྱི་ཚིགས་གསོག་འཇོག་ཁོ་ན་སྒྲུབ་བྱེད་པས། །ཁ་དང་ཞེ་ཕུགས་མཐུན་པ་ཤིན་ཏུ་དཀོན། །ཚུལ་འདི་གཞན་སྐྱོན་གླེངས་པ་མ་ཡིན་ཀྱང་། །གནས་ཚུལ་བརྗོད་པས་༼༣ན༥༽མཚང་འདྲུར་སོང་བ་ཡིན། །དེ་ལས་ཕྱིར་ཟློག་བསྟན་པའི་རྗེས་འཇུག་པ། །ཐུབ་གསུང་ཇི་བཞིན་སྤྱོད་པ་ཤེས་ལྡན་ནོ། །དམན་པའི་ས་གཟུང་སྲུལ་པོའི་གོས་གྱོན་ལ། །ལྟོ་གོས་གཏམ་གསུམ་ཀུན་ལ་གྱོང་བསྐུར་ཏེ། །དབེན་པར། ཀུན་ཏུ་ཐོས་བསམ་སྔོན་འགྲོ་བའི། །རྩེ་གཅིག་སྒྲུབ་པ་སྙིང་པོར་བྱ་བ་གཅེས། །དཀོན་པ་ལྔ་ཡི་དབྱངས་ཆུང་འདི། །རྟོགས་ལྡན་རྡོ་རྗེ་སེམས་དཔའ་ལ། །དགེ་སློང་པདྨ་དཀར་པོ་ཡིས། །ཕན་ལ་རེ་ན་བླངས་པ་ཡིན། །ཞེས་སོ། །དལ་འབྱོར་རྙེད་དཀའ་ཡིན་པ་ཤེས་གྱུར་ཅིང་། །ནམ་འཆི་ངེས་མེད་པའང་གོ་མོད་ལ། །ལས་འབྲས་བསླུ་མེད་སྨིན་པའི་ཚུལ་མཐོང་ཡང་། །སྙིང་ནས་དམ་ཆོས་མི་བྱེད་སྒྱིད་པ་སྐྱུར། །བསགས་པ་ཀུན་གྱི་མཐའ་མ་ཟད་པར་གོ། །འདུས་བྱས་མྱུར་དུ་འབྲལ་བར་ལེགས་རྟོགས་ཤིང་། །ཀུན་གྱི་ཆོས་ཉིད་འཇིག་པའི་ཚུལ་རིག་ཀྱང་། །རྟག་རྩིས་གསོག་འཇོག་བྱེད་པ་སྒྱིད་པ་སྐྱུར། །དགེ་བའི་བར་ཆོད་ལེ་ལོ་སྙོམས་ལས་ཡིན། དགེ་ལེགས་འབྱུང་གནས་ཐུབ་བསྟན་ཡུན་ཐུང་ལས། །དགེ་འབྲས་ལེན་ལ་བརྩོན་པར་མི་བྱེད་པའི། །ཆོས་པར་ཁས་ཀྱིས་འཆེ་བ་སྒྱིད་པ་སྐྱུར། །ཕན་བདེ་མཚན་ལྡན་བླ་མ་ལས་འབྱུང་ཞིང་། །དེ་ཉིད་མཉེས་པའི་ཐབས་ཀྱིས་བསྟེན་དགོས་ཀྱང་། །འདོད་པ་ཅུང་ཟད་མ་འགྲུབ་ལོག་ལྟ་སྒོམ། །ཚེ་གཅིག་སངས་རྒྱས་རེ་བ་སྒྱིད་པ་སྐྱུར། །ཆོས་རྣམས་སེམས་ཉིད་གཅིག་པུའི་རོལ་པ་སྟེ། །འཛིན་པ་གཏན་ལ་ཕེབས་ན་རྟོགས་ལགས་ཀྱང་། །བྱིང་རྒོད་རྨུགས་པའི་དབང་དུ་རྟག་པར་སོང་། །སྟོང་སྐད་གནམ་ལ་འཕྱར་ཀྱང་སྒྱིད་པ་སྐྱུར། །སྒྱིད་སྐྱུར་ལྔ་ཡི་དབྱངས་ཆུང་ལ། །འཁོར་འདས་གཉིས་ཀྱི་འདུས་ས་ཡོད། །སེམས་ལ་འདེབས་པའི་གཟེར་ཆེན་ཡིན། །ཉམས་ལེན་བྱེད་པའི་ངོ་སྤྲོད་ཟབ། །ཅེས་འདི་ཀོང་ཡུལ་ཤར་ཕྱོགས་སུ། །དགེ་སློང་སངས་རྒྱས་འབྲུག་རྒྱས་ལ། །འགྲོ་བར་ཆས་པའི་དུས་སུ་ནི། །པདྨ་༼༣བ༦༽དཀར་པོས་གདམས་པའོ། །གངས་རིའི་ཁྲོད་ན་འགྲན་ཟླ་མེད་པའི་སྒྲུབ་གནས་ཆེན་པོ། །ར་ལུང་ཐེལ་གྱི་དཔལ་སྤོས་སྐྱའི་ཡང་དབེན་དུ་བསྒོམས་པའི་ཚེ། རང་ལ་གྲོས་འདེབས་ཀྱི་གླུ་མི་རྟག་པའི་དཔེ་བཅུ་འདི་འཐེན་ནོ། །རྒྱ་གར་ན་ཌོམྦི་ཧེ་རུ་ཀ་བོད་འབངས་ཀྱིས་ནཱ་རོ་པ་ལོ་ཙར་བཏགས། རྗེ་དེ་དང་གཉིས་སུ་དབྱེར་མེད་པ། །དཔལ་ངག་གི་དབང་པོར་གསོལ་བ་འདེབས། །ཀུན་རྫོབ་རྣམས་ཆུ་ཡི་ཆུ་ལྦུར་འདྲ། །འཕྲལ་ལ་སྐྱེ་ཞིང་འཕྲལ་མར་ནུབ། །གསབ་གསོབ་ལ་བདེན་ཞེན་མ་ཆེ་བར། །སྙིང་པོའི་དོན་ལ་སྒྲིལ་ཅིག་ཡང་། །འདུས་བྱས་ཀུན་ཆུ་ཤིང་སྡོང་པོ་འདྲ། །བརྟགས་ཤིང་དབྱད་ན་སྙིང་པོ་མེད། །བློ་བྲིས་ཀྱི་སྒྱུ་མ་བཀྲག་ལེགས་ཀྱང་། །འདོད་པ་དང་སྲེད་པ་མ་སྐྱེ་ཨང་། །ལུས་བདག་པོ་མེད་པའི་ཁང་པ་འདྲ། །ཕྱི་ལོ་ཟླའི་ཆར་གྱིས་བརྡུངས་ནས་ཞིག །ནང་ཞག་དང་ཟ་མའི་ཐིགས་པས་བཅོམ། །རྒྱུན་རིངས་ཀྱི་སྡོད་གྲབས་མི་ཐུབ་ཨང་། །ཚེ་རི་གཟར་ངོས་ཀྱི་རྦབ་དང་འདྲ། །ཡུད་ཙམ་ཞིག་སྡོད་པའི་ལོང་མེད་པར། །འཆི་བདག་གི་དྲུང་དུ་འབད་པས་སྙེག །རྟག་རྩིས་ཀྱི་གཤོམ་ར་མ་འདིངས་ཨང་། །སྲོག་འཚུབ་མའི་ནང་གི་མར་མེ་འདྲ། །རྐྱེན་གནོད་པ་ཁོ་ནའི་དྲུང་ན་འཁོད། །དར་ཅིག་ལ་ཐུབ་ཀྱང་གདེང་མ་ཁེལ། །ལོང་ཡོད་ཀྱི་ལེ་ལོ་མ་བྱེད་ཨང་། །དབུགས་འཇག་སྐྱའི་རྩེ་མོའི་ཟིལ་བ་འདྲ། །དུས་ད་ལྟ་རང་ལ་མ་ཡལ་རུང་། ཡུན་རིང་པོ་སྡོད་པ་མི་སྲིད་པས། །དོན་མེད་ཀྱི་བསམ་རྒྱ་མ་ཆེ་ཨང་། །ལུས་སེམས་ཚོང་དུས་ཀྱི་གནས་མགྲོན་འདྲ། །ལྷན་ཅིག་ཏུ་འགྲོགས་པའི་དེ་མ་ཐག །ཕྱོགས་ཕྱོགས་སུ་གྱེས་ནས་འགྲོ་དགོས་པས། དགའ་གདུངས་ཀྱི་ཆགས་པས་མ་འཆིང་ཨང་། འཆི་བ་ཁོ་ཉི་ནས་གྲིབ་སོ་འདྲ། ཕར་ཕར་བྲོས་ཀྱང་ཚུར་ཚུར་འདེད། །ཅང་འཁྱུག་ཏུ་འཛོམ་ཡང་ཐར་ས་མེད། །མདོ་མེད་ཀྱི་བྱ་བ་མ་མང་ཨང་། མི་ཚེ་འདི་བཤས་རའི་དུད་འགྲོ་འདྲ། སྐད་ཅིག་རེས་འཆི་བར་ཉེ་བ་ལ། དེ་རིང་དང་སང་གི་༼༤ན༧༽ངང་རིངས་ན། །མལ་མཐའ་ནས་འོ་དོད་འཆོར་རོ་ཨང་། །དལ་འབྱོར་འདི་མུན་ཁྲོད་ཀྱི་གློག་དང་འདྲ། །སྐམ་ཙམ་ཞིག་སྔོན་བསགས་མཐུ་ཡིས་རྙེད། །དེས་ཡེངས་མེད་ཕན་བདེ་མ་བསྒྲུབས་ན། །ཕྱིས་ཡང་ཡང་འབྱོར་པ་མིན་ནོ་ཨང་། །མགོན་གྲུབ་པའི་འབྱུང་གནས་ར་ལུང་ཐེལ། །གནས་བཀྲ་ཤིས་གཡང་ཆགས་ཉམས་དགའ་ཡང་། བློ་རྒྱ་འབྱམས་བཏང་བས་དོན་མི་འགྲུབ། །ལུས་དབེན་པར་བསྡད་པའི་དོན་གོ་སྟོར། སེམས་ནང་དུ་ཁུག་ལ་དྲན་པས་འཐུལ། །སྤྱིར་འཁོར་བའི་ཆོས་ལ་ཡིད་བརྟན་མེད། །དགོས་འདིར་ཞེན་རང་ཉིད་སྡུག་བསྔལ་སྐྱེད། །བློ་སྲེད་འདོད་སྐྱུར་ཅིག་པདྨ་དཀར། །ཡང་དབེན་གནས་དེ་ཉིད་དུ་འདག་སྦྱར་ཤིན་ཏུ་དམ་པས་རིག་པ་དངས་སྙིགས་ཕྱེ། དེའི་སྟོབས་ཀྱིས་རྣམ་པར་རྟོག་པ་རི་གཟར་ལ་ཆུ་རྒྱུག་པ་བཞིན་ཤར། ངོས་འཛིན་གྱི་དྲན་པ་དང་རྒྱུ་རིང་། འབད་པས་བཀུག་ཀྱང་ཡོང་མ་ཉན་པས། སྐྱོ་གྲོགས་རྒྱང་གླུ་འདི་ལ་བཅོལ་བ་ལགས་སོ། །དཔལ་ཡོན་ཏན་ཀུན་ལ་དབང་སྒྱུར་བ། །མགོན་སྒྱུ་མའི་གར་མཁན་རིན་པོ་ཆེ། །མཚན་ཡོངས་སུ་གྲགས་པའི་ཀུན་སྤངས་རྗེ། །བུ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕ་བླ་མེ་དགྱེས་པའི་རི་ཁྲོད་བསྟེན། །མིག་ཡར་ལ་བལྟས་ནས་འདག་སྦྱར་བྱས། །ཕྱི་སྐྱེ་བོའི་རྒྱུ་འགྲུལ་པད་ཀྱིས་ཆོད། །མཐུན་འཇུག་གི་ངོ་བསྲུང་ངང་གིས་དེངས། །རྣམ་གཡེང་གི་འདུ་འཛི་རྡོག་པས་མནན། །སྐྱིད་འདོད་ཀྱི་རེ་བ་རླུང་ལ་བསྐུར། །གྲོགས་མེད་ཀྱི་བསམ་གཏན་ཁང་བུར་བསྒོམས། །ངག་ལོང་གཏམ་འཕེལ་བའི་སྨྲ་བ་བཅད། །སྒོ་གསུམ་དགེ་སྦྱོར་གྱི་བསྲངས་སུ་བཅུག །རང་བབས་ཀྱི་བྱ་བ་ཆོས་སུ་སོང་། །གནས་ཉམས་སུ་དགའ་ལ་བག་ཀྱང་ཕེབས། །ཡིད་གཏོད་ས་བཟང་བས་དང་ཡང་སྤྲོ། །དེར་རིག་པ་དངས་སྙིགས་སངས་ཀྱིས་ཕྱེད། །སེམས་བཅོལ་ཆུང་པོ་ཁོ་བཞུགས་མ་ཉན། །སྔར་འདས་ཀྱི་ཤུལ་རྗེས་ཐམས་ཅད་༼༤བ༨༽བསྙེགས། མ་འོངས་པའི་བྱ་ལོ་བྱེ་ལོ་སེམས། །ད་ལྟ་འདོད་ཡོན་ལ་དུང་དུངས་བྱེད། །ངལ་བ་དང་དུབ་པ་ཡང་མི་དྲག་ལ། །སྐྱོ་སུན་གྱི་ཉམས་ཀྱང་མི་གདའ་འོ། །གཏད་མེད་ལ་བཀྲ་ལག་ཆེ་ཆེ་མོ། །ཉམས་ཀྱང་ནི་དགའ་ལ་རྒོད་ཀྱང་བྲོ། །མནན་པས་ནི་མནན་པའི་ཡུལ་དང་བྲལ། ངོས་འཛིན་གྱི་དྲན་པ་རྒྱུ་མ་རིངས། །དགོས་སྐབས་དེར་སླེབ་པའི་དུས་མ་བྱུང་། །བཀུག་པས་ཀྱང་འགུགས་མཁན་ཁོང་ཕྱོགས་ཐལ། །ཕན་འདོགས་པ་མེད་ལ་གནོད་པ་མང་། །བློ་རྣལ་དུ་ཕེབས་པ་ཅི་ལས་དཀའ། །ཞི་གནས་ཀྱི་ཏིང་འཛིན་རྒྱང་རིང་བཞུད། །ལྷག་མཐོང་གི་རྟོགས་པ་སྩལ་དུ་གསོལ། །གང་ཤར་ཚོ་རང་སར་གྲོལ་བ་དང་། །ཡེངས་མེད་ཀྱི་མཉམ་གཞག་སྦྱིན་དུ་གསོལ། །སྣང་སྟོང་གཉིས་རོ་མཉམ་འགྱུར་བར་ཤོག །རྗེ་བཙུན་ཁྱོད་ཐུགས་རྗེའི་གཏེར་མཛོད་ལགས། །འབངས་ཉམས་ཆུང་ང་ལ་བྱིན་གྱིས་རློབས།། །།ཡང་དེ་ཉིད་དུ་བསྐོམས་པའི་ཚེ་ཡིད་ལ། །མཚན་ལྡན་གྱི་གླ་མས་ནི་རྗེས་སུ་བཟུང་། །སྙན་རྒྱུད་ཀྱི་གདམས་ངག་ནི་ཐོག་ཞེ་འབོད་ཀྱི་སྤྲོས་པ་ནི་ཞི། འཇིག་རྟེན་གྱི་འཆིང་བ་ནི་གྲོལ། །གནམ་ས་ཆ་ལང་བཞིན་དུ་རྡེབ་ཀྱང་ཉམ་ང་ཁུ་འཕྲིག་ནི་མེད། །ལས་སུ་བྱ་བ་ནི་དམ་པའི་ལྷ་ཆོས་ཁོ་ན་ཡིན་པས་ཉམས་དགའ་ཞིང་སྐྱིད་དུ་ཚོར། །འདི་དག་ཐམས་ཅད་བླ་མའི་བཀའ་དྲིན་དུ་འདུག་བསམ་ནས་གུ་ཡངས་ཀྱི་རྒྱང་གླུ་འདི་འཐེན་པ་ལགས་སོ། །ས་གོན་ཕྱག་ན་པདྨའི་ཞིང་ཁམས་ཀྱི། །ཡུལ་གཡང་ཆགས་དབུས་གཙང་གཉིས་ཀྱི་མདུད། དཔལ་གྲུབ་པའི་འབྱུང་གནས་ར་ལུང་ཐེལ། །རི་སྤོས་དད་ཅན་གྱི་ཡང་དབེན་ནས། །ཡིད་སྐྱོ་བསངས་ཀྱི་རྒྱང་ཀླུ་འདི་ལྟར་འཐེན། །སྔོན་སྦྱངས་ཀྱི་ལས་འཕྲོ་དཀར་པོ་སད། །གཞོན་ནུས་དམ་པའི་ཆོས་སྒོར་ཞུགས། །ཐོས་བསམ་གྱི་ཤེས་རབ་མི་དམན་ཙམ། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །བདེན་བྲལ་གྱི་མུན་ལམ་མ་འཁྱམས་པར། །དཔལ་དགང་པོ་བཀའ་༼༥ན༩༽རྒྱུད་དེ་ལ་ཐུག །འཇིག་རྟེན་གྱི་འཁྲི་བ་ངང་གིས་ཆོད། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །རྗེ་རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །ཕ་ངག་གི་དབང་པོས་དབུ་མཛད་པའི། །མཚུངས་བྲལ་གྱི་རྗེ་བཙུན་འགའ་དང་མཇལ། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལེན་དུ་སྒྲུབ་པའི་མཆོད་པ་འབུལ། །ཆོས་ཐེག་པའི་ཡང་རྩེ་གསང་ཆེན་གྱི། །གནད་ཟབ་དགུའི་ཉིང་ཁུ་འཐུངས་ལགས་པས། །དུས་ད་ལྟ་ཤེས་པ་གདེངས་དང་ལྡན། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །ངན་པ་ལ་སྤང་བློ་མ་སྐྱེས་ཤིང་། །བཟང་པོ་ཞིག་བསྒྲུབ་བློམ་མཆིས་པས། །གང་བྱུང་གིས་འཚོ་བའི་སྟབས་བདེ་པོ། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །བཟང་ངན་གྱི་སྣང་བ་ཇི་སྙེད་པ། །རང་སེམས་ཀྱི་ཟློས་གར་སྒྱུར་ལུགས་ཏེ། །ཆུ་བོ་དང་ཆུ་རླབས་ལྟ་བུར་སོང་། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །སེམས་ཉིད་ཀྱི་སྟེང་དུ་བལྟས་ལགས་པས། །ལྟ་བྱེད་ཀྱི་ཤེས་པ་དབྱིངས་སུ་ཡལ། །བལྟ་བྱ་དང་ལྟ་མཁན་ཐམས་ཅད་ཟད། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །ཐོལ་སྐྱེས་ཀྱི་ཤེས་པ་མ་བསླད་པ། །བཟོ་མེད་དུ་བསྐྱངས་པས་ས་རྒྱ་ཆོད། །སེམས་འཛིན་གྱི་སྡུག་སྒུར་བྱ་མ་དགོས། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །སྣང་ཐོག་ཏུ་སྟོང་པའི་འདུག་ལུགས་རིག །སྟོང་ཐོག་ཏུ་སྣང་བའི་འཆར་ཚུལ་གོ། །གར་ཤར་ལ་སྒོམ་གྱི་ངོ་ཏི་བྱས། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་༼༥བ༡༠༽ལན་དུ་སྒྲུབ་པའི་མཆོད་པ་འབུལ། །བློ་རེ་བའི་མགོ་བོ་དོགས་པས་བཅག །གང་དོགས་པའི་སྟེང་དུ་ཐོག་བརྫིས་གཏོང་། །ཁོང་གནམ་ས་རྡེབ་ཀྱང་ཉམ་མིང་། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །སྐྱིད་ན་ནི་བདེ་བ་ཀུན་ལ་བགོ། །སྡུག་བསྔལ་སྔོན་ལས་ཀྱི་འཁྲུད་མར་བལྟས། །སྐྱིད་སྡུག་ལ་གདམ་ཀ་བྱེད་མ་ཤེས། །ཨ་ལ་ལ་མཚན་ལྡན་བླ་མའི་དྲིན། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །ཞེས་ཀྱང་སྨྲས་སོ།། །།ཡང་ཀར་འབྲུག་གཉིས་འཁྲུགས་པའི་ཚེ། །ཡིད་ལ་སྤྱིར་སྙིགས་མའི་དུས་སུ་སོང་། །སྒོས་གངས་ཅན་གྱི་སྐྱེ་བོ་རྣམས་ཆགས་སྡང་གིས་མི་བསྲུན་པར་གྱུར་པས་དོན་མེད་དུ་གནོད་ཅིང་འཚོལ། །ངན་ལན་ངན་གྱིས་འཇལ་བ་ནི་ཆ་མ་ཡིན། །རྐྱེན་ཐམས་ཅད་གྲོགས་སུ་འགྲོ་བ་ནི་དཀའ། །དེ་བས་ཆེ་ཐབས་ཀྱི་སྤྲོས་པ་སྤངས་ནས་མི་མེད་ཀྱི་ལུང་སྟོང་རྣམས་སུ་གཅིག་པུར་བསྒྲུབ་པ་སྙིང་པོར་བྱས་ན། །བསྟན་པ་ལའང་དེ་ཀ་ཕན་སེམས་ཅན་གྱི་དོན་དུའང་དེ་ཉིད་འགྱུར་ཆེ་བསམ། །ཡིད་སྐྱོ་དྲན་འདེབས་ཀྱི་གླུ་ཞེ་མནའ་དགུ་མ་འདི་འཐེན་པ་ལགས་སོ། །དཔལ་དུས་གསུམ་རྒྱལ་བའི་ཐུགས་རྗེའི་སྐུ། །འབངས་དད་པའི་སྣང་ངོར་ཤར་བ་ལ། །རྗེ་དག་གི་དབང་པོ་མི་ཟེར་རམ། །ཕ་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཆུ་གཏེར་ལྟར་གཡོ་བའི་ཟང་ཟིངས་ནོར། །གཅིག་བྱུང་གཉིས་དགོས་ཀྱི་ངང་ནས་འཛད། །དེ་ཕྱུག་པོར་གསོགས་ཀྱང་རྩོད་པའི་གཞི། །ད་ཕྱག་དར་རྩྭ་བཞིན་མི་འདོར་རི། །ཆུ་འཛིན་ལྟར་འདུས་པའི་འཁོར་མང་ཡོད། །སྣོད་ལྡན་གྱི་སློབ་མ་སྲིད་པ་ཙམ། །འདུ་ཚོགས་འདི་གཞན་རྒྱུད་འཁྲུག་པའི་རྒྱུ། །ང་གཅིག་པུར་དབེན་པ་མི་བསྟེན་རི། །ཆུ་ཤིང་ལྟར་སྙིང་པོ་མི་སྣང་བའི། །ཉམ་ཆུང་གི་མངའ་རིས་སྐྱོང་བྲན་ལ། །ཞེ་སྡང་གི་དགྲ་བོ་བཏུལ་གྱིན་ལྡང་། །ང་བཅོས་མའི་ཆེ་ཁྱད་མི་འདོར་རི། །ཆུ་གཏེར་ལྟར་གཅིག་རྗེས་གཅིག་ནོན་པའི། །༼༦ན༡༡༽ལས་བྱེད་རྒྱུ་མང་ལ་ཟིན་རྒྱུ་ཆུང་། །དེ་གྲུབ་ཀྱང་འཚེངས་པ་མི་གདའ་བས། །ང་འཇིག་རྟེན་བྱ་བ་མི་གཏོང་རི། །ཆུ་རླབས་ལྟར་གཡོ་བའི་མི་སེམས་ལ། །མཐུན་འཇུག་གིས་ཟིན་དུ་རེ་ན་ཡང་། །གཅིག་གཟུང་གཉིས་ཤོར་གྱིས་སྦྱང་གྲིར་ཤི། །ང་ངོ་བསྲུང་ཐག་པ་མི་གཅོད་རི། །ཆུ་རྙོག་ལྟར་མི་གཙང་སྒྱུ་མའི་ལུས། །གཞོན་ལང་ཚོས་གཡོགས་དུས་དགའ་བ་ཙམ། །རྒས་རང་བཞིན་བསྟན་ཚེ་སྐྱུག་བྲོའི་གནས། །ང་གཅོས་པའི་བསྲུང་སྐྱོབ་མི་བཤོལ་རི། །ཆུ་ལྦུར་ལྟར་འཁྲིགས་པའི་འདོད་ཡོན་རྣམས། །སྔར་འདྲིས་ཀྱི་མིག་ངོར་བཀྲག་ལེགས་ཀྱང་། །བློ་གཞིགས་ན་སྐྱོན་གྱི་ལྟད་རྩེ་ཡིན། །ང་ཞེན་ཆགས་རྩད་ནས་མི་སྐྲོད་རི། །ཆུ་རྒྱུན་ལྟར་རྒྱུག་པའི་ཚེ་སྲོག་འདི། །སྐད་ཅིག་མ་རེར་ཡང་སྡོད་མི་ཁོམ། །གློ་བུར་བའི་རྐྱེན་གྱིས་ཤི་ཡང་སྲིད། །ང་ཕྱི་བཤོལ་གྱི་སྙོམས་ལས་མི་སྤོང་རི། །ཆུ་ཤེལ་ལྟར་གང་ཡང་འགྲིབ་པ་ལ། །ནམ་ཕུགས་ཞིག་སེམས་པའི་བློ་རྒྱ་ཡང་། །རང་སྡུག་ལ་རིན་གྱིས་ཉོས་པར་གོ། །ང་རང་མགོ་ཆོས་ཀྱི་མི་འདོན་རི། །དུས་སྙིགས་མར་སྤྱོད་པའི་གནས་སྐབས་འདིར། །བདུད་རིགས་ཀྱི་བར་ཆད་མང་ལགས་པས། །རང་ཆོས་བཞིན་བྱས་ཀྱང་གཞན་གྱིས་འཚེ། །རྐྱེན་གྲོགས་སུ་ཤར་བ་གཤིས་ཀྱིས་དཀའ། །དྲན་ཤེས་ཀྱི་གཉེན་པོ་རེས་འཇོག་ལ། །ཡུལ་ངན་པ་ཐམས་གྱིས་སྤོང་ཞེས་གྲགས། །ང་དེ་ཕྱིར་མི་མེད་ཀྱི་ལུང་སྟོང་འགྲོ་མ། །བློ་འཁོར་བའི་བཙོན་རས་འཇིགས་ལགས་ཤིང་། །འཆི་བདག་གིས་ཟིན་དོགས་ལྷག་པར་བྲེད། །མ་འགྲོ་དྲུག་སྡུག་པ་ཤས་མི་བཟོད། །བཏང་སྙོམས་སུ་སྡོད་པར་ཅི་ལ་ནུས། །འདུ་འཛི་ལ་དགའ་གདུངས་ག་ནས་སྐྱེ། །བློ་རྩེ་གཅིག་དམ་པའི་ཆོས་ལ་འབུངས། །ཚེ་བློས་བཏང་སྒྲུབ་པའི་རྒྱང་སོ་འཛུགས། །ཡབ་དཀར་རྒྱུད་གོང་མའི་བཤུལ་རྗེས་སྙེག །ཁྱེད་རྣམས་གཡེང་འདོད་པའི་འཁོར་སློབ་དང་། །ཁོང་འདིར་སྣང་སྒྲུབ་པའི་ཆེན་པོ་རྣམས། །ཡོངས་སྐྱིད་པར་སྙེག་གམ་འཁྲུག་ཅིང་༼༦བ༡༢༽རྩོད། མི་འདུ་ལོང་གང་ཆེར་རྒྱུག་བཤར་བྱེད། རང་གང་མནོ་ལགས་སོ་ཅི་དགྱེས་མཛོད།། །།ཡང་། གཙང་ཤར་ཁ་གཞུང་གི་སའི་ཐིག་ལེ། རྒྱལ་བྱེད་ཀྱི་ཚལ་ཆེན་པོའི་ནགས་ཁྲོད་ན་འདུག་དུས། མཚན་ལྡན་བླ་མ་དྲན་པའི་མོས་གུས་ཀྱིས་གདུང་བས་ཡིད་བརྒྱལ་བ་སངས་པར་བྱེད་པ། བླ་མ་རྒྱང་ནས་འབོད་པ་རྡོ་རྗེའི་གླུ་འདི་ཉམས་དབྱངས་སུ་འཐེན་ནོ། །དཔལ་འཛམ་བུ་གླིང་གི་བྱང་གི་རྒྱུད། །རི་ཁ་བ་ཅན་གྱིས་བསྐོར་བའི་ཞིང་། །མི་གདོད་དམར་ཡུལ་གྱི་ལྟེ་བ་ན། །མ་མཁའ་འགྲོའི་མཆོད་སྡོང་ར་ལུང་ཐེལ། །གནས་གཡང་ཆགས་གྲུབ་པའི་འབྱུང་ཁུངས་ན། །ཁོང་རྫོགས་པའི་སངས་རྒྱས་བཀའ་བགྲོས་ནས། །འབངས་སྙིགས་དུས་འགྲོ་བའི་གཙུག་རྒྱན་ལ། །མགོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མི་གཟུགས་ཀྱིས་བྱོན་པ་ཐུགས་རྗེའི་གཏེར། །ཕ་མཚན་སྙན་ངག་དབང་ཆོས་ཀྱི་རྒྱལ། །འབངས་སྙིང་ནས་དྲན་ནོ་བཀའ་དྲིན་ཅན། །བུ་མོས་པས་གདུང་ལ་བརྩེ་བས་གཟིགས། །སྐུ་མཐོང་ན་དགའ་བའི་གཟི་མདངས་ཅན། །དེ་བལྟས་ཀྱིན་མི་ངོམས་མཚན་དཔེས་བརྗིད། །ཞལ་མཇལ་པའི་མོད་ལ་སྣང་བ་བསྒྱུར། །བློ་ཆོས་ཀྱིས་ཕྲོགས་ནས་འདིར་སྣང་འགག །ལུས་བཅོས་མིན་དད་པའི་བ་སྤུ་ལྡང་། །ཡིད་གདུང་ཤུགས་དྲག་པོའི་མཆི་མ་འཁྲུག །ལག་ཐལ་སྦྱར་ལྷ་ཕྱག་ཅི་ཡང་འཚོར། །རྗེ་མཐོང་ཐོས་དྲན་པའི་སྐད་ཅིག་ལ། །རྐྱེན་བར་ཆད་ཐམས་ཅད་རང་སར་ཞི། །དཔལ་ནུས་མཐུའི་གོང་བུ་ར་ལུང་པ། །འབངས་སྙིང་ནས་དྲན་ནོ་བཀའ་དྲིན་ཅན། །བུ་མོས་པས་གདུངས་ལ་བརྩེ་བས་གཟིགས། །ཁོང་སྐལ་བ་བཟང་པོའི་ཚོགས་ཀྱི་དབུས། །ཚེ་གཅིག་གི་སངས་རྒྱས་རྙེད་སླ་བའི། །ཐབས་རྡོ་རྗེ་ཐེག་པའི་སྙིང་ཕྱུང་བ། །གནད་ཟབ་ཅིང་འདྲིལ་བའི་ཆོས་ཀྱི་མཛོད། །ཚིག་ཐ་སྙད་ཙམ་དུ་མི་འཇོག་པར། །དོན་གཅམ་བུར་མ་ལུས་ཡིན་ལུགས་ཉིད། །ཚིག་སྙན་པའི་དབྱངས་ཀྱིས་རྗེན་པར་སྟོན། །མཐར་ཐུག་པའི་སྙིང་པོ་གཞན་༼༧ན༡༣༽རྒྱུད་ལ། །བདེ་བླག་ཏུ་སྟོན་པའི་ཐབས་མཁས་པོ། །མཚུངས་བྲལ་གྱི་རྗེ་བཙུན་འབྲུག་པའི་ཞབས། །འབངས་སྙིང་ནས་དྲན་ནོ་བཀའ་དྲིན་ཅན། །བུ་མོས་པས་གདུངས་ལ་བརྩེ་བས་གཟིགས། །ཐ་མལ་གྱི་ཤེས་པའི་རང་མ་ཚང་དེ། །གཟིགས་ལགས་པས་དག་དང་མ་དག་པའི། །སྣང་གྲགས་རྣམས་ཕྱག་རྒྱ་ཆེན་པོར་རོལ། །བསྒོམ་བྱ་དང་སྒོམ་བྱེད་གཉིས་ལས་གྲོལ། །སྤང་བླང་གི་མདུད་པ་དམ་པོ་ཞིག །སྒྲིབ་གཉིས་ཀྱི་མུན་པ་རང་སར་དེངས། །ཚད་མེད་ཀྱི་ཐུགས་རྗེའི་གློང་བརྡོལ་བས། །མཁའ་མཉམ་ལ་ཁྱབ་པའི་འཕྲིན་ལས་ཅན། །མཚན་ཉིད་ཀུན་ལྡན་གྱི་དགེ་བའི་བཤེས། །སྐྱབས་གསུམ་གྱི་མཐར་ཐུག་རིན་པོ་ཆེ། །འབངས་སྙིང་ནས་དྲན་ནོ་བཀའ་དྲིན་ཅན། །བུམ་མོས་པས་གདུངས་ལ་བརྩེ་བས་གཟིགས། །ཚེ་འདི་ནས་ཕྱི་མ་གར་སྐྱེས་ཀྱང་། །དུས་ བྱང་ཆུབ་སྙིང་པོ་མ་ཐོབ་བར། །སྐྱབས་མགོན ་དང་རེ་ས་གཞན་མི་འཚོལ། །སྒོ་གསུམ་ཆིག་དྲིལ་གྱི་བློ་བལྟོས་འཆའ། །འབངས་དད་པའི་གཙུག་རྒྱུན་མཛད་དུ་གསོལ། །ཡིད་ལྟེམ་རྐྱང་མེད་པའི་གསོལ་བ་འདེབས། རྗེ་མི་མངོན་དབྱིངས་ནས་མི་གཟིགས་སམ། །ངེད་ཁམས་གསུམ་སེམས་ཅན་མ་ལུས་པ། །སྡུག་བསྔལ་གྱི་བཙོན་རར་མི་འཁོར་བར། །བདེ་ཆེན་གྱི་ས་ལ་སྐྱེལ་བ་ཞིག །ཕ་རྗེ་བཙུན་མཁྱེན་ནོ་ཐུགས་རྗེ་ཅན།། །།ཡང་། དམར་སེར་གྱི་མེ་ཏོག་གཞོན་ནུ་མ། །ཟིལ་དངར་གྱི་ལང་ཚོ་རྒྱས་དུས་འདིར། །དགྲ་བ་མོ་འཕོག་ན་མི་རུང་བས། །རོགས་ལྷོ་སྤྲིན་སྦྲོན་ཅིག་རྐང་དྲུག་རྣམས། །སྔོ་ལྗང་གི་མྱུ་གུ་ཡིད་འཕྲོག་མ། །འབྲས་སྙེ་མའི་ནུ་འབུར་མཐོ་དུས་འདིར། །དགྲ་སེར་བ་བབ་ན་མི་དུང་བས། །རོགས་སྔགས་འཆང་སྦྲོན་ཅིག་སྲེད་ལྡན་ཚོ། །དཀར་དངས་ཀྱི་བདུད་རྩིའི་འོད་ལྡན་མ། །བཅུ་དྲུག་གི་ཆ་ཤས་གང་དུས་འདིར། །དགྲ་མུན་ཅན་བྱུང་ན་མི་རུང་བས། །རོགས་བརྒྱ་བྱིན་སྤྲོན་ཅིག་རྒྱུ་སྐར་རྣམས། །བསོད་ནམས་ཀྱི་དལ་༼༧བ༡༤༽པ་འབྱོར་པའི་མི། །བླང་དོར་གྱི་དབྱེ་བ་ཕྱེད་དུས་འདིར། །དགྲ་འཆི་བདག་བྱུང་ན་མི་རུང་བས། །རོགས་དཀོན་མཆོག་སྦྲོན་ཅིག་པདྨ་དཀར། །ཙན་དན་གྱི་ལྗོན་ཤིང་ན་གཞོན་མ། །བསུང་ཞིམ་གྱི་བྱུག་པས་བསྒོས་དུས་འདིར། །དགྲ་སྟར་ཐོགས་ཡོང་ན་མི་རུང་བས། །རོགས་ཚང་ཚིང་སྦྲོན་ཅིག་ནགས་མའི་ལྗོངས། །མཛེས་སྡུག་གི་ན་བུན་སྔོ་བསངས་མ། །འཇའ་རིས་ཀྱི་རྒྱན་གྱིས་བརྒྱན་དུས་འདིར། །དགྲ་རླུང་དམར་ལྡང་ན་མི་རུང་བས། །རོགས་དྲོ་འཇམ་སྦྲོན་ཅིག་བར་སྣང་ཁམས། །རབ་དཀར་གྱི་དད་མོ་བཞིན་བཟང་མ། །འགྱུར་ཁུག་གི་གླུ་དབྱངས་སྙན་དུས་འདིར། །དགྲ་ཐག་རྙིས་གཟུང་ན་མི་རུང་བས། །རོགས་སྟོབས་ལྡན་སྤྲོན་ཅིག་ཆུ་བྱ་རྣམས། །དུས་ལན་ཅིག་རྙེད་པའི་མི་ལུས་ཀྱིས། །ཚེ་ཕ་རོལ་དོན་ཆེན་སྒྲུབ་དུས་འདིར། །དགྲ་ལེ་ལོས་ཟིན་ན་མི་རུང་བས། །རོགས་བརྩོན་འགྲུས་སྐྱེད་ཅིག་པདྨ་དཀར། །ལུས་འཁྱོག་པོར་བགྲོད་པའི་དལ་འགྲོ་མ། །རྦ་རླབས་ཀྱི་འཛུམ་དཀར་སྤྲོ་དུས་འདིར། །དགྲ་ཐན་པས་བཅོམ་ན་མི་རུང་བས། །རོགས་ཆུ་ཆར་སྤྲོན་ཅིག་ཆུ་བོའི་ཚོགས། །སྤུ་སྡུག་གི་རི་སྐྱེས་ན་ཆུང་མ། མིག་ཡངས་ཀྱི་ཟུར་མིག་འཕེན་དུས་འདིར། །དགྲ་སྦྱངས་ཀྱིས་སླེབ་ན་མི་རུང་བས། །རོགས་རྫ་རི་སྦྲོན་ཅིག་རི་དགས་ཚོ། །མཐོ་རིས་ཀྱི་བུ་མོ་མེ་ན་ཀ །ལུས་འདོད་དགུའི་གར་གྱིས་རྩེ་དུས་འདིར། །དགྲ་སྦྱིན་སྐྱེས་བྱུང་ན་མི་རུང་བས། །རགས་དཔུང་བཞི་སྦྲོན་ཅིག་ལྷ་གཞོན་རྣམས། །ཚེ་མི་རྟག་ངེས་པའི་ཡུན་ཐུང་ལ། །བློ་རྩེ་གཅིག་སྒྲུབ་པའི་དུས་ཚོད་འདིར། །དགྲ་ཆགས་སྡང་གཟིར་ན་མི་རུང་བས། །རོགས་ཞེན་ལོག་སྦྲོན་ཅིག་པདྨ་དཀར། །ཞེས་པ་འདི་ཡང་རྒྱལ་བྱེད་ཀྱི་ཚལ་དུའོ།། །།ཡང་དེའི་ཚེ་ཉིན་གཅིག་གདུགས་འཇམ་ཞིང་ཤིན་ཏུ་དངས་པ་ལ། བྱ་རྒྱལ་རྒོད་པོ་ཞིག་མདུན་གྱི་བར་སྣང་ལ་ལྡིང་ཞིང་ནམ་འཕང་སྤྱོད་ཀྱིན་འདུག་པ་ན། ཡིད་ངེས་འབྱུང་ཚད་མེད་པས་བསྐུལ་བའི་རྐྱེན་གྱིས། སྣང་བ་བསྒྱུར་བ་རྡོ་རྗེའི་གླུ་འཕྲིན་༼༨ན༡༥༽དུ་བསྐུར་བ་འདི་ལྟར་རོ། །བར་སྣང་མཐོན་པོ་ལ་ལྡིང་བའི། །ཐང་དཀར་རྒོད་པོ་ཁྱོད་ཉོན་དང་། །བོད་ཁམས་རྒྱལ་སྡེ་ཡི་ཁྲོམ་ལ། །བདེན་པའི་འཕྲིན་གླུ་འདི་སྐྱོལ་ཞིག །འདུས་བྱས་དངོས་པོ་ཡི་ཆོས་ཉིད། །སྐད་ཅིག་འགྱུར་ཞིང་ལ་འཇིག་པས། །བློ་གཏད་གདེངས་ཁེལ་དུ་མི་སྣང་། །བསམས་ཀྱིན་ཡིད་མུག་གི་རྟེན་མ། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །དམ་པའི་ལྷ་ཆོས་ལ་འབུང་ངོ་། །དལ་བརྒྱད་འབྱོར་པ་དང་ལྡན་པ། །སྔོན་བསགས་མང་པོ་ལས་ཐོབ་སྟེ། །འཆི་བདག་གཤིན་རྗེ་ཡི་ཕོ་ཉས། ནམ་གསོད་ངེས་པ་དང་བྲལ་སྣང་། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །རྩེ་གཅིག་སྒྲུབ་པ་ལ་འཇུག་གོ། །འདོད་ཡོན་བློ་འདྲིད་ཀྱི་སྒྱུ་མ། །སྤྱད་ཅིང་སྲེད་པ་ཡིས་གདུངས་ཤིང་། །འཁོར་བ་སྐྱིད་མེད་ཀྱི་བཙོན་རར། །སྐྱིད་བསྒུག་སྡུག་བསྔལ་གྱིས་མནར་བས། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །འཇིག་རྟེན་བྱ་བ་ཚོ་གཏོང་ངོ་། །དགོས་དུས་ཕན་མེད་ཀྱི་ཉེ་འཁོར། །འབྱོར་དུས་ལང་ལོང་དུ་འདུས་པ། །གཞན་རྒྱུད་ཆགས་སྡང་གི་ས་བོན། །ཆོས་མཐུན་གྲོགས་པོ་ནི་དཀོན་པས། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །ད་ནི་གཅིག་པུར་རང་བསྒོམ་མོ། །རང་སེམས་ཉོན་མོངས་ཀྱིས་རེངས་པའི། །ཁ་ནས་ཆོས་བཤད་ཀྱི་འགྲོ་དོན། །སྐལ་བཟང་གདུལ་བྱ་དང་ཕྲད་ཀྱང་། །ཕན་མེད་གནོད་པ་རུ་སྣང་བས། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །མི་མེད་ལུང་སྟོན་འདྲ་འགྲིམ་མོ། །གྲོང་ལྟག་སྡེ་དགོན་གྱི་འདུ་འཛི། །ཡོན་བདག་དད་ལྡན་གྱི་ཚོགས་གསོག །སྙིགས་དུས་མིག་ལམ་ལ་བཟང་ཡང་། །རྣམ་སྨིན་སྡུག་བསྔལ་དུ་འདུག་པས། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །དཀའ་ཐུབ་སྡུག་སྒུར་ལ་བརྟེན་ནོ། །ཐོས་བསམ་ཕྱོགས་མེད་དུ་སྦངས་ཀྱང་། །ཉོན་མོངས་ཁ་རྒྱལ་དུ་ཤོར་བའི། །བཟང་རྫུ་རྒྱབ་ལག་གིས་ཆོས་ཚུགས། །མི་ལུས་སུན་འབྱིན་དུ་གདའ་བས། །ཤོ་མོ་ཉམས་བསངས་ལ་སྐྱོ་ནས། །ཁ་ཞེ་མཐུན་ངེས་ཞིག་བྱའོ། །ཞེས་ཀྱང་སྨྲས་སོ།། །།༼༨བ༡༦༽དྲན་པའི་མོད་ལ་བརྩོན་པས་མི་བསྒྲུབ་པར། །ཕྱིས་ནས་བྱེད་ལོར་འབྱམས་པའི་ངང་རིངས་ལ། །འཆི་བ་ཐོག་བབས་བྱུང་ན་ཇི་ལྟར་བྱེད། །ཉིན་མཚན་ཡེངས་མེད་སྒོམས་ཤིག་པདྨ་དཀར། །ཡུན་རིངས་འབད་པས་བསྒྲུབས་པའི་ཐེམ་སྐས་ལས། །ཐར་པའི་གྲོང་ཁྱེར་ཆེ་དེར་མ་ཕྱིན་ན། །འཁོར་བའི་མྱ་ངན་ཐང་ལས་བསྒྲལ་བའི་སྐབས། །ཕྱི་ནས་ཅུང་ཟད་མེད་དོ་པདྨ་དཀར། །སྒོ་གསུམ་དོན་ཆུང་དབང་དུ་བཏང་བཏང་ནས། །རང་གཞན་ཕན་དང་བདེ་བ་ཡལ་བར་དོར། །ཤེས་ལྡན་རློམ་པའི་སྙིང་རུལ་ཁྱོད་འདྲ་བ། །འཁོར་བར་གཏན་འཁྱམས་ཡོང་ངོ་པདྨ་དཀར། །ཞེས་འདི་ཡང་སེ་བྲག་གཡའ་ལུང་གི་རི་བོའི་མགུལ་དུ་ཐོལ་བྱུང་གིས་སྨྲས་པའོ།། །།གྲོས་འདེབས་ཀྱི་གླུ་གཅེས་པ་བཅུ་པ་ཞེས་བྱ་བ། །རིང་དུ་བསྟེན་ན་ཆགས་སྡང་དབང་གིས། །ང་རིས་གཅོད་པའི་བླ་མ་སློབ་དཔོན། །མེད་ཀྱང་ཆོག་སྟེ་མཚན་ཉིད་ཀུན་ལྡན། །དགེ་བའི་བཤེས་སུ་བསྟན་པ་གཅེས་སོ། །འབད་པས་སྦྱངས་ཀྱང་རྣམ་མཁྱེན་ཐོབ་ལ། །ཁ་ཐག་རིང་བའི་ཐ་སྙད་སློབ་གཉེར། །མེད་ཀྱང་ཆོག་སྟེ་རྒྱུད་སྡེའི་ཉིང་ཁུ། །གདམས་ངག་ཟབ་མོའི་ཐོས་བསམ་གཅེས་སོ། །མང་དུ་བསྒོམས་ཀྱང་ཉམས་རྟོགས་བུལ་ཞིང་། །གོལ་ཤོར་འབྱུང་དེར་བརྩོན་ཅིང་འགྲུས་པ། །མེད་ཀྱང་ཆོག་སྟེ་རྒྱུད་ལྡན་གདམས་པ། །ཆུད་ཟོས་མེད་པའི་ཉམས་ལེན་གཅེས་སོ། །གཉིས་གསུམ་ཚོགས་ཀྱང་ལོང་གཏམ་འཕེལ་ལ། །མང་དུ་ཚོགས་ན་མིག་ལྟོས་ལད་པ། །མེད་ཀྱང་ཆོག་སྟེ་ཆོས་མཐུན་གྲོགས་རེ། །བཙན་ས་ཟིན་ཟིན་བསྟན་པ་གཅེས་སོ། །རྟགས་དང་མཚན་མ་བྲང་བྲེང་རེ་ལ། །ཆོས་ཉིད་མཐོང་བའི་ཁོང་ཡུས་ཆེན་པོ། །མེད་ཀྱང་ཆོག་སྟེ་ཤིག་དང་འཛུབ་བཞིན། །འཆི་ཀར་བྲོད་པའི་གདེང་ཚད་གཅེས་སོ། །སྐྱིད་པའི་སྐབས་དེར་ཆོས་པའི་བཟང་ཤོས། །རྐྱེན་ངན་སླེབ་ཚེ་ཐ་མལ་འགྱུར་བ། །མེད་ཀྱང་ཆོག་སྟེ་བཟང་ངན་ཀུན་ལ། །ཐོག་ཏུ་བརྫི་བའི་རོ་སྙོམས་གཅེས་སོ། །༼༩ན༡༧༽འཐབ་མོས་བསྐུལ་ནས་ཆོས་ལ་བྲོས་ཤིང་། །ཆོས་བཞིན་གཅུར་ན་ཡར་བའི་འཁོར་རྣམས། །མེད་ཀྱང་ཆོག་སྟེ་དད་པའི་དབང་གིས། །ཅི་གསུང་བསྒྲུབ་ན་སྐྱོང་བྲན་གཅེས་སོ། །འཆི་བས་འཇིགས་ནས་རང་ཉིད་གཅིག་པུ། །ཐར་པ་སྒྲུབ་པའི་ཡོན་ཏན་སྣ་ཚོགས། །མེད་ཀྱང་ཆོག་སྟེ་འགྲོ་བ་ཀུན་ལ། །བུ་གཅིག་ལྟར་བརྩེའི་སྤྱོད་པ་གཅེས་སོ། །མི་རྟག་འཇིག་པ་ཁ་ནས་བཤད་ཀྱིན། །རྟག་ཏུ་རེ་བའི་བཤོམ་ར་འདིང་པ། །མེད་ཀྱང་ཆོག་སྟེ་འདུས་བྱས་དངོས་པོའི། །ཆས་ཉིད་མཐོང་བའི་ཞེན་ལོག་གཅེས་སོ། །ནོར་དང་གཡོ་སྒྱུ་ཚུལ་འཆོས་དབང་གིས། །གཞན་སེམས་འདྲིད་པའི་ཚུགས་ཁྱེར་བཟང་པོ། །མེད་ཀྱང་ཆོག་སྟེ་རང་སེམས་བཏུལ་ནས། །བསྡུ་བ་རྣམ་བཞིས་གཞན་ཕན་གཅེས་སོ། །ཞེས་པ་འདི་དགེ་སློང་བསམ་གཏན་པ་ཤེས་རབ་དཔལ་ལྡན་ལ་གདམས་པའོ།། །།འབྱོར་པ་ཆེན་པོ་གཡེང་བ་སྟེ། །འབྱོར་པ་སྤངས་ན་དབེན་པའི་ངང་། །གྲོགས་མང་ལོང་གཏམ་འཕེལ་བ་སྟེ། །གཅིག་པུར་བསྡད་ན་དགེ་སྦྱོར་དང་། །བྱ་མང་འཆིང་བའི་སྒྲོག་ཡིན་ཏེ། །བྱ་བ་བཏད་ན་བདེ་བའི་ངང་། །སྨྲ་བ་ཟུག་རྔུའི་གཞི་མོ་སྟེ། །སྨྲ་བ་བསྐྱུངས་ན་ཆོས་ཀྱི་དད། །སེམས་འཛིན་འཕྲོ་བའི་རྒྱུ་ཉིད་དེ། །མ་ཡེང་ས་གློད་ན་གྲོལ་བའི་ངང་། །བལྟ་བྱ་ལྟ་བྱེད་དུག་ཡིན་ཏེ། །ལྟུག་པར་ལྟ་བ་ཡང་དག་དང་། ཚོགས་དྲུག་འགེགས་པ་དལ་བ་སྟེ། །དེ་ཉིད་ཁོ་ན་སྟོད་པའི་ངང་། །སྟོང་པ་ཅང་མེད་སྒོམ་སྐྱོན་ཏེ། །སྣང་བར་ཤེས་ན་ཟུང་འཇུག་དང་། །སྒྱུ་མར་ཤེས་ཀྱང་དམན་པ་སྟེ། །སྣང་མི་སྣང་ཟད་ཆོས་དབྱིངས་དང་། །འཇིག་རྟེན་ཕན་འབད་ཉམ་ཆུང་སྟེ། །འབད་མེད་དོན་བྱེད་སྙིང་རྗེའི་ངང་། །ངང་བཅུ་པའོ།། །།རྣལ་འབྱོར་པ་རྡོ་རྗེ་བསམ་གྲུབ་ཀྱི་ངོར་བླངས་པའི་གླུ་ལམ་ཟབ་ངོ་སྤྲོད་མེ། །དཔལ་གང་གི་དྲིན་གྱིས་བོད་ཁམས་འདི། །མགོན་གྲུབ་པ་བརྙེས་པས་གང་མཛད་པའི། །རྗེ་མཚུངས་༼༩བ༡༨༽བ་མེད་པའི་ཐུགས་རྗེའི་གཏེར། །ཕ་ངག་གི་དབང་པོར་གསོལ་བ་འདེབས། །བུ་ཕ་དང་མཉམ་པའི་བྱིན་རླབས་ཞུ། །མི་ང་ལ་ཉམས་མྱོང་མི་བདོག་སྟེ། །ཕ་གྲུབ་ཐོབ་མཇལ་བའི་གསང་ཚིག་ཡོད། །དེ་ཉམས་དགའ་སྤྲོ་བས་གླུ་རུ་ལེན། །ཕ་མཚན་ལྡན་རྗེ་ལ་བློ་གཏད་ནས། །གནད་དམིགས་པའི་ཁ་བསྒྱུར་གསོལ་འདེབས་ཀྱིས། །ཡིད་བཞིན་དུ་འདོད་པ་འཇོ་བས་ན། །ལམ་ཟབ་མོ་འདི་ལ་ཅིས་མི་འཇུག །དཔལ་བསམ་གྱིས་མི་ཁྱབ་གཉུག་མའི་དོན། །རང་རིག་གིས་གཏན་ལ་མ་ཕབ་ན། །གཞན་རྐྱེན་གྱིས་རྟོགས་པ་མི་སྲིད་པས། །ངེས་དོན་གྱི་བླ་མ་ནང་དུ་འཚོལ། །གང་སྲིད་ཞིའི་ཕུན་ཚོགས་ཀུན་བྱེད་ཀྱང་། །དབྱིངས་ཆོས་ཀྱི་སྐུ་ལས་མི་གཡོ་བ། །རྗེ་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །རང་སྣང་ལས་གཞན་དུ་མཆེད་པ་མིན། །ཤེས་བྱ་དང་ཤེས་བྱེད་རོ་གཅིག་པའི། །རང་སེམས་ལ་ཞལ་མཇལ་མ་ཞུས་པར། །ཕ་ཆོས་ཀྱི་སྐུ་དང་མི་ཕྲད་པས། །བློ་བཟོ་བཅས་བཤིག་ལ་མཉམ་གཞག་སྐྱོངས། །སེམས་འཛིན་གྱི་སྒྱུ་མ་གྲངས་མང་པོས། །ཡིན་ལུགས་ལ་ཚོད་འཇལ་མ་བྱས་ན། །ཉམས་མཚོན་དུ་མེད་པའི་ཡེ་ཤེས་དང་། །སྔར་འདྲིས་ཀྱི་མི་བཞིན་གཏུག་གིས་མཇལ། །སེམས་ཇི་བཞིན་གཞག་པའི་གསལ་ཆ་ལས། །དོན་གཞན་པའི་སྟོང་ཉིད་བཙལ་གྱུར་ན། །སྣང་གྲགས་རྣམས་བླ་མར་ཅི་ལ་འཆར། །གང་སྣང་གི་སྟེང་དུ་ལྷུག་པར་ཞོག །རྣམ་པ་ཀུན་ཆོས་སྐུའི་རོལ་པ་དང་། །ཆོས་སྐུ་ཉིད་རྣམ་པ་ཐམས་ཅད་པའི། །བདག་ཉིད་དུ་རིག་པའི་གསད་ཆེན་འདི། །མི་ཕལ་མོ་ཆེ་ལ་རྫུན་པའི་གཏམ། །ཡིན་ལུགས་ཀྱི་སྟེང་དུ་རྒྱ་འབྱམས་ནས། །བསྒོམ་བྱ་དང་སྒོམ་བྱེད་སྟོར་གྱུར་ན། །སྣང་སྲིད་དང་བླ་མ་དམ་པའི་སྐུ། །རོ་མཉམ་གྱི་ལྟད་མོ་མཐོང་བ་ཡིན། །ཨ་ལ་ལ་ཟབ་མོའི་ཉམས་ལེན་ལ། །ཚུལ་བཞིན་དུ་གཞན་དྲིང་མི་དགོས་པ། །ཨེ་མ་ཧོ་སྐལ་བ་བཟང་ངོ་སྙམ། །ཚེ་རབས་ནས་བསོད་ནམས་བསགས་པར་གོ། །༼༡༠ན༡༩༽ཞེས་རང་སེམས་དང་བླ་མ་དམ་པ་གཉིས་སུ་མེད་པར་སྟོན་པའི་གདམས་པའི་ཉིང་ཁུ་རྡོ་རྗེའི་ཚིག་གིས་བྱིན་པ་མངྒ་ལཾ།། །།ཆུ་མོ་གླང་ལོ་སྡེ་པ་བྱ་སྟག་གཉིས་མ་འཆམ་པའི་བཟླུམས་ལ་ཡོང་བའི་སྐབས། འབྲོག་པ་རི་སྒང་གི་ལྗོངས་ནས་གནོད་སྦྱིན་གངས་པ་བཟང་པོའི་གངས་རི་མཐོང་བའི་རྐྱེན་གྱིས་རང་ཚུལ་མཐུན་འཇུག་གི་མི་ཁྱུ་བསྙེག་བསྙེག་ནས་དམ་པའི་ཆོས་ཕྱི་བཤོལ་དུ་སོང་བར་མཐོང་ནས་ཡིད་སྐྱོ་དྲན་པའི་ལྕག་འདེབས་འདི་འཐེན་ནོ། །ས་ཡ་གི་ཉི་མ་ནུབ་ཀྱི་ཕྱོགས། །དགུང་སྔོ་བསངས་མཐོན་པའི་ཕ་མཐའ་ན། །སྤྲིན་དཀར་པོ་ལྡིང་ཞིང་འཁྲིགས་པའི་འོག །གངས་རྩེ་མོ་གནམ་དུ་སྙེག་འདྲ་བའི། །དཔལ་ནོར་སྦྱིན་དབང་པོ་གངས་པ་བཟང་། །འབྲོག་གཡང་ཆགས་རི་བོ་མཐོང་བའི་མོད། །ཡིད་སྐྱོ་ཤས་ཅན་གྱིས་རང་ཚུལ་དྲན། །རང་ཡིད་ལ་དྲན་འདེབས་གླུ་འདི་འཐེན། །ཚེ་སྔོན་བསགས་མཐུ་ཡིས་བརྒྱ་ལམ་ནས། །སྟོས་དབང་གིས་ཐོབ་པའི་མི་ལུས་འདི། །སྟོང་ཟད་དང་སྟོང་ངམ་པདྨ་དཀར། །དུས་གཏན་དོན་བསྒྲུབ་ན་རན་ནས་གདའོ། །ཕྱི་དུས་བཞི་མོ་སྡོད་འགྱུར་བ་སྟོན། །ཚེ་ལོང་མེད་ཕལ་ཆེར་གློ་བུར་འཆི། །རང་རྟག་པར་འཛིན་ནམ་པདྨ་དཀར། །ཆོས་སྙིང་ནས་བྱེད་ན་རན་ནས་གདའོ། །ལུས་ལང་ཚོ་རྒྱས་པས་རྟག་མི་ཐུབ། །སྲོག་ཟིལ་པ་འདྲ་བས་གདེངས་མ་ཁེལ། །བློ་ཕྱི་པ་ཤོལ་རུང་དམ་པདྨ་དཀར། །ཚེ་ཕ་རོལ་བསམས་ན་རན་ནས་གདའོ། །གྲོགས་མང་པོར་ཚོགས་པ་སོ་སོར་གྱེས། །ནོར་ཕྱུག་པོར་བསགས་པ་སུས་ཟ་མེད། །ཡིད་གཏད་ཐུབ་རུང་ངམ་པདྨ་དཀར། །ད་ཆེ་ཐབས་བསྐྱུར་ན་རན་ནས་གདའོ། །ཞག་ཟ་མ་གཉིས་ཀྱི་རེ་མོས་འདིས། །ཚེམ་ཚོར་ཟད་ནས་རྒས་པའི་སྐབས། །ལུས་འབྱུང་བཞིས་ནུས་སམ་པདྨ་དཀར། །ད་དཀའ་སྤྱད་བསྒྲུབ་ན་རན་ནས་གདའོ། །ལུས་འཆི་བའི་ནད་ཀྱིས་བཏབ་པའི་ཚེ། །ལས་ཕན་དུ་རེ་བ་བརྒྱ་རྡུགས་ནས། །ཡིད་འགྱོད་ལུགས་༼༡༠བ༢༠༽མཐོང་ངམ་པདྨ་དཀར། །དེར་ཕན་དེས་ཚོལ་ན་རན་ནས་གདའོ། །ཡིད་ཁམས་གསུམ་སྡུག་བསྔལ་མི་འདོད་པར། །ལས་ནག་པོ་སྤོང་བར་མི་བྱེད་པ། །བློ་རྨོས་པ་ཡིན་ནམ་པདྨ་དཀར། །དེ་མིན་ན་སྡིག་སྦྱོང་རན་ནས་གདའོ། །ཁོང་འཁྲུལ་པའི་གཞན་ངོ་མ་བཟློག་པར། །དུས་རྟག་ཏུ་སྡུག་བསྔལ་སྤྱད་སྤྱད་ནས། །ད་སུན་པ་སྐྱེས་སམ་པདྨ་དཀར། །གནས་དེ་ནས་འབྲོས་ན་རན་ནས་གདའོ། །ད་ནི་བསམས་ན་ཚེ་འདིའི་བྱ་གཞག་རྣམས། །བྱས་པ་ཟིན་མེད་ཟིན་ཀྱང་དོན་མེད་འདིས། །རང་གཞན་ཕུང་བ་མིན་ནམ་པདྨ་དཀར། །འཁྲི་བ་བཙན་ཐབས་གཅོད་ན་རན་ནས་གདའོ། །བརྟགས་ཀྱིན་བརྟགས་ཀྱིན་ད་ལྟའི་འདུན་ཐབས་འདི། །དོན་ཆེན་ཡལ་བར་བོར་བར་མི་འདུག་གམ། །བསམས་གཞིག་ལེགས་པར་ཐོད་དང་པདྨ་དཀར། །དབེན་པར་རང་སེམས་འདུལ་བ་རན་ནས་གདའོ།། །།རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་དེ་ཝི་ཀོ་ཊི་ཡིན་ནོ་ཞེས་གྲགས་ཤིང་། ཕལ་གྱིས་ལྷོ་བྲག་མཁར་ཆུ་ཞེས་འབོད་པ། དཔའ་བོ་དང་དཔའ་མོ་སྤྲིན་བཞིན་དུ་འདུ་བའི་རི་བོ་ཡ་མཚན་རྒྱས་པའི་རྩེ་མོ་རིན་པོ་ཆེའི་གླིང་། ནོར་བུ་སྤུངས་པའི་གཞལ་མེད་ཀྱི་ཁང་པ་ན། ཉམས་དགའ་བ་སྐྱེས་པའི་དབྱངས་འདི་འཐེན་ནོ། །དཔལ་སྤྲུལ་པའི་ཆོས་རྒྱལ་མེས་དབོན་དང་། སྔ་རབས་ཀྱི་སློབ་དཔོན་པདྨ་འབྱུང་། དེ་སོགས་ཀྱི་གྲུབ་ཆེན་གྲངས་མེད་པས། ཡང་ཡང་དུ་བརྟེན་ནས་བྱིན་བརླབས་པ། ཡུལ་གཡང་ཆགས་མོན་དང་བོད་ཀྱི་མཚམས། ས་ཁོལ་བྱུང་མཁོ་མཐིང་གཉིས་ཀྱི་མདུད། ཤིང་ཚང་ཚིང་འཁྲིགས་པའི་ནགས་ཀྱི་ལྗོངས། གཅན་གཏུམ་པ་རྒྱུ་བའི་ཚལ་གྱི་དབུས། བྲག་དགར་པོ་མཚོན་ཆ་གཟིངས་འདྲའི་རི། སྤྲིན་ན་བུན་འཁྲུག་པའི་ར་བ་འདི། ས་མ་བརྟག་ཉམས་དགའ་མཁར་ཆུའི་བྲག །བརྟག་ས་ན་དཔའ་བོ་དགའ་མོའི་མཁར། །གནས་གདོད་ནས་དག་པའི་དུར་ཁྲོད་ན། །ང་བོད་ཀྱི་རྣལ་འབྱོར་པདྨ་དཀར། །སྐྱོ་བསངས་ཀྱི་རྒྱང་༼༡༡ན༢༡༽གླུ་འདི་ལྟར་འཐེན། །ཡུལ་འདོད་དགུའི་འབྱུང་གནས་བོད་ཡུལ་ཤར། །འཐུང་གཅོད་ཀྱི་གནས་སྒོར་སྐྱེས་ན་ཡང་། །ཕ་ཡུལ་ལ་ཞེན་པ་མ་མཆིས་པས། །རྒྱལ་ཁམས་འདི་གཏན་གྱི་ཡུལ་དུ་ཁུགས། །ད་ག་ན་བསྡད་ཀྱང་བདེ་བ་ལ། །དྲིན་གཅིག་ཏུ་ཚ་བའི་ཕ་དང་མ། །སེམས་འཕྲེང་བའི་དངོས་པོར་ཆེ་ལགས་ཀྱང་། །ཡིད་དུང་སེམས་ཞེན་པ་མ་མཆིས་པས། །རྗེ་མཚན་ལྡན་བླ་མ་ཕ་མར་ཁུགས། །ད་འདུན་མའི་ཞུ་ས་ལེགས་པ་ལ། །ཡིད་མཛའ་ཞིང་གཅུགས་པའི་གཉེན་དང་འཁོར། ཚེ་འདི་ན་དགོས་པའི་མཆོག་ཡིན་ཀྱང་། །བློ་ཆགས་སྡང་ཞེན་པ་མ་མཆིས་པས། །དཀོན་མཆོག་གསུམ་གཏན་གྱི་ཉེ་དུར་ཁུགས། །ར་སུ་དང་འགྲོགས་ཀྱང་བྱམས་པའི་གཉེན། །དུས་གར་ཡང་མཁོ་བའི་ཟང་ཟིང་ནོར། །མི་ཆེ་ཕྲན་ཡོངས་ཀྱིས་གསོ་མོད་ཀྱང་། །ང་སེར་སྣའི་གསོག་འཇོག་མ་ཤེས་པས། །ཆོག་ཤེས་འདི་རྒྱུན་གྱི་ནོར་དུ་ཁུགས། །ད་ཡོད་མེད་ཀྱི་རྩིས་གདབ་བྱ་མ་དགོས། །ཆོས་ཤེས་བྱ་ཀུན་ལ་སྦྱངས་སྦྱངས་ནས། །དོན་འཆུག་མེད་གཏན་ལ་འབེབས་དགོས་ཀྱང་། བློ་ཐ་སྙད་ཕྱིར་རྗེས་མ་བསྙེགས་པས། ཆོས་ཡིན་ལུགས་ལམ་གྱི་བསུན་མར་ཁུགས། ད་གང་ལྟར་བྱས་ཀྱང་ཆོས་སུ་སོང་། །ལུས་དབེན་པ་བསྟེན་པའི་བདག་སྦྱར་གྱིས། །སེམས་དྲན་པས་འདུལ་ལ་བརྩོན་དགོས་ཀྱང་། སེམས་འཛིན་ལ་ཞལ་འདྲིས་མ་གོས་པས། །ཐ་མལ་གྱི་ཤེས་པ་སྒོམ་དུ་ཁུགས། །ད་ཡིན་ལུགས་ཚོད་འཇལ་བྱེད་མ་དགོས། །ཚོགས་དྲུག་ཏུ་སྣང་བའི་རྟོག་པ་འདི། །ཆོས་གཞན་མ་སྤང་བྱར་བྱེད་མོད་ཀྱང་། ཅིར་སྣ་ལ་གདོང་བཟློག་མ་སྤོབས་པས། །གང་ཤར་གྱི་སྣང་དྲགས་སྟོང་པར་ཁུགས། །སྤང་བླང་གི་མདུད་པ་འགྲོལ་མ་དགོས། །དོ་ཤི་དང་དོ་ཆད་ལ་སོགས་པ། །འགལ་རྐྱེན་འདི་གཞན་དག་མི་འདོད་ཀྱང་། །གང་བྱུང་ལས་གཞན་ཞིག་མ་བཙལ་པས། །རྐྱེན་ངན་ཉིད་མཐུན་རྐྱེན་གྱི་༼༡༡བ༢༢༽མཆོག་ཏུ་ཁུགས། ད་རེ་དོགས་གཉིས་པོ་བྲོས་ནས་སོང་། ཨ་ལ་ལ་རྣལ་འབྱོར་གྱི་དགའ་བ་ལ། སྐྱིད་དུ་རང་ཚོར་རོ་དཀོན་མཆོག་གསུམ། ཞེས་སོ།། །།ཀྱེ་མ་བདག་གི་ཚེ་འདི་རླུང་གསེབ་མར་མེ་འདྲ། །སྐད་ཅིག་གནས་པའི་གདེང་ཡང་མ་ཐོབ་པས། །ཡུན་རིང་སྡོད་གྲབ་འདིང་བའི་སྙིང་རུལ་བོ། །འཆི་བདག་བདུད་ཀྱིས་བཅོམ་དུས་མི་འགྱོད་དམ། །བདེ་སྡུག་དགེ་སྡིག་ལས་ཀྱི་རྗེས་འགྲོ་ལ། །མཛའ་དང་མི་མཛའ་ཆེད་དུ་ཆགས་སྡང་བགྱིད། །དགྲ་གཉེན་རྟག་ཏུ་རེ་བའི་སྙིང་རུལ་པོ། །འཁོར་བར་གཏན་འཁྱམས་བྱུང་ན་མི་འགྱོད་དམ། །མཐོ་རིས་ངན་འགྲོའི་ཐེམ་སྐས་མི་ལུས་ལ། །ཅི་དགར་སྤྱད་དུ་ཡོད་དུས་སྙོམས་ལས་ཀྱིས། །ངན་འགྲོའི་གཡང་ས་འདེམ་པའི་སྙིང་རུལ་པོ། །འདི་ནས་ཕ་རོལ་ཆས་ཚེ་མི་འགྱོད་དམ། །ཐོག་མེད་དུས་ནས་ཚུད་པའི་བཙོན་ར་འདིར། །སྡུག་བསྔལ་འབའ་ཞིག་སྤྱད་ཀྱང་ད་དྲུང་དུ། །སྐྱིད་རེའི་བསྒུག་སྡོད་བྱེད་པའི་སྙིང་རུལ་བོ། །སྦྱངས་སྦྱངས་སྡུག་གྲིར་ཤི་ན་མི་འགྱོད་དམ། །སྔོན་མས་མ་ཚར་ལས་པའི་ཤུལ་མཐོང་ཤིང་། །བྱས་ཀྱང་ཟིན་པ་མེད་པའི་སྣང་ཚུལ་ལ། །རང་གི་འགྲུབ་ཏུ་རེ་བའི་སྙིང་རུལ་པོ། །བསམ་པ་ལམ་དུ་ལས་ཚེ་མི་འགྱོད་དམ། །འདུས་བྱས་ཀུན་གྱིས་མི་རྟག་དཔེ་སྟོན་ཅིང་། །གཡས་ཤི་གཡོན་ཤི་རེ་མོས་རང་ཡིན་ཀྱང་། །དོན་ཆུང་བྱ་བ་བཤོལ་སྙིང་རུལ་པོ། །གློ་བུར་འཆི་ནད་བཏབ་ཚེ་མི་འགྱོད་དམ། །སྲོག་ནི་རྩྭ་རྩེའི་ཟིལ་བ་བས་ཀྱང་གཡེར། །དབུགས་ནི་ལྷགས་པའི་གསེབ་ཀྱི་སྤྲིན་འདྲ་ལ། །མི་ཚེ་ལོང་ཡོད་རེ་བའི་སྙིང་རུལ་པོ། །ལྷ་ཆོས་ཕྱི་བ་ཤོལ་ལས་པ་མི་འགྱོད་དམ། །སྐྱེས་ནས་སྐད་ཅིག་མི་སྡོད་འཆི་བ་ལ། །འཇིག་རྟེན་འདི་ན་ཕན་པ་འགའ་མེད་ཀྱང་། །གཏད་མེད་བྱ་བས་བྲེལ་བའི་སྙིང་རུལ་པོ། །དོན་ཆེན་ཡལ་བར་བོར་གྲ་མི་འགྱོད་དམ། །མི་ཚེ་སྐད་ཅིག་བར་སྣང་གློག་འདྲ་ལ། །ཆོས་དང་འཇིག་རྟེན་བྱ་བའི་རྣམ་གྲངས་ཀྱི། །༼༡༢ན༢༣༽རང་ཉིད་རང་གིས་བསླུ་བའི་སྙིང་རུལ་པོ། བྱས་པ་དོན་མེད་གྱུར་པ་མི་འགྱོད་དམ། །མ་བརྟགས་ཉམས་དགའ་ཙམ་གྱི་འཇིག་རྟེན་ལ། །རྟག་བརྟན་བདེན་པར་འཛིན་པའི་ཆོས་གཟུགས་པ། །བློ་རྩེ་གང་སྐྱིད་འདེམ་པའི་སྙིང་རུལ་པོ། །རྐྱེན་ངན་བར་ཆད་བྱུང་ན་མི་འགྱོད་དམ། །བསམས་ཀྱིན་བསམས་ཀྱིན་ད་ལྟའི་བྱ་གཞག་རྣམས། །དལ་འབྱོར་སྟོང་པར་རློག་པའི་ཐབས་ཡིན་ནམ། །མནོ་བསམས་ནང་དུ་ཁུགས་དང་པདྨ་དཀར། །བཟང་རྫུས་ཐར་པའི་གོ་འཕང་མི་ཐོབ་བོ། །ཞེས་པདྨ་དཀར་པོ་རང་ཉིད་ཀྱི་སྣང་ཚུལ་ལ་སྐྱོ་ནས་རང་ལ་བཏབ་པའི་གླུའོ།། །།གནས་ཆེན་གྱི་མཆོག་དེ་ལྷོ་བྲག་གི་མཁར་ཆུ། །དཔའ་བོ་དང་མཁའ་འགྲོ་སྤྲིན་བཞིན་དུ་འདུས་པས། །ཉམས་མྱོང་དང་རྟོགས་པ་ཅིག་ཅར་དུ་སྐྱེའོ། །བར་ཆད་ལ་མེད་དོ་གནས་ཆེན་གྱི་ཁྱད་པར། །རྒྱལ་ཁམས་ཀྱི་མཆོད་གནས་རྣལ་འབྱོར་གྱི་དཔོན་སློབ། །སྒྲུབ་བརྒྱུད་ཀྱི་བསྟན་འཛིན་འགྲན་མེད་དུ་འདུག་པས། །ཐོས་བསམ་དང་བསྒོམ་པ་ཅིག་ཅར་དུ་བགྱིད་པ། །བར་ཆད་ལ་མེད་དོ་བྱིན་རླབས་ཀྱི་ཁྱད་པར། །ལྟ་བ་ཡི་མཆོག་དེ་རྟོགས་པ་ལ་ཐུག་པས། །ལུང་རིགས་ཀྱིས་སྒྲོ་འདོགས་གཅོད་དགོས་སུ་མ་བྱུང་། །མ་བཅོས་བ་ཆུ་བོའི་གཞུང་བཞིན་དུ་གཞག་གོ། །བར་ཆད་ལ་མེད་དོ་ཕྱག་ཆེན་གྱི་ཁྱད་པར། །བསྒོམ་པ་ཡི་མཆོག་དེ་གཏུམ་མོ་ལ་བྱས་པས། །བྱིང་རྒོད་ལ་རྨོངས་པའི་མཚན་མ་དང་བྲལ་ནས། །གང་ཤར་ཉིད་ཉམས་ལེན་གྱི་གཞུང་ཤིང་དུ་བྱུང་ངོ་། །བར་ཆད་ལ་མེད་དོ་རྩ་རླུང་གི་ཁྱད་པར། །སྤྱོད་པ་ཡི་མཆོག་དེ་ཐོག་བརྫིས་ལ་བྱས་པས། །རེ་དོགས་ཀྱི་མདུད་པ་རང་ས་རུ་ཞིག་ནས། །འགལ་རྐྱེན་དེ་མཐུན་རྐྱེན་གཙོ་བོ་རུ་བྱུང་ངོ་། །བར་ཆད་ལ་མེད་དོ་རོ་སྙོམས་ཀྱི་ཁྱད་པར། །བོགས་འདོན་གྱི་མཆོག་དེ་མོས་གུས་ལ་བཅོལ་བས། །ལོག་ལྟ་ཡི་དགྲ་བོ་དབང་མེད་དུ་བྲོས་ནས། །དགོས་འདོད་ཀྱི་བང་མཛོད་རང་སེམས་ལ་༼༡༢བ༢༤༽རྙེད་དོ། །བར་ཆད་ལ་མེད་དོ་ལམ་ཟབ་ཀྱི་ཁྱད་པར། །རྟེན་འབྲེལ་གྱི་མཆོག་དེ་མཉམ་གཞག་ཏུ་བསྒོམས་པས། །མ་དག་པའི་སྒྲིབ་པ་མ་སྤངས་པར་ངག་ནས། །ཇི་སྙེད་པའི་མཁྱེན་པ་ཕྱོགས་མེད་དུ་རྒྱས་སོ། །བར་ཆད་ལ་མེད་དོར་བདུན་མའི་ཁྱད་པར། །སྦྱིན་བདག་གི་མཆོག་དེ་ས་སྐྱོང་གི་ཀུན་བཟང་། །ཐོག་མེད་ཀྱི་དུས་ནས་ལས་འབྲེལ་དུ་ཟབ་པས། །དཔོན་སློབ་རྣམས་ཐུགས་ཡིད་གཅིག་འདྲེས་སུ་སོང་ངོ་། །བར་ཆད་ལ་མེད་དོ་དམ་ཚིག་གི་ཁྱད་པར། །ལྷོ་བྲག་མཁར་ཆུ་རིན་པོ་ཆེའི་གླིང་ནོར་བུ་སྤུངས་པའི་གཞལ་མེད་ཁང་ཆེན་པོར་སྡེ་པ་དྲུང་ཆེན་ཀུན་ཏུ་བཟང་པོ་ལ་ཤུགས་འབྱུང་དུ་གནང་བའོ།། །།ཤྲེ་ཡ་སེ་སྟུ། ང་གང་ཟག་ཕལ་པས་མ་བསླད་པའི། །མགོན་སངས་རྒྱས་སྤྲུལ་པ་ཉག་གཅིག་གི། །དཔལ་དགས་པོའི་བཀའ་རྒྱུད་མ་ལགས་པ། །གཞན་བརྒྱུད་པ་ཀུན་ལ་ཡིད་མ་ཤོར། །རང་མོས་པའི་ས་ཀ་མ་ལོག་ན། །གནས་འཁོར་བའི་འཇིགས་པས་གླགས་མི་རྙེད། །དུས་གཏན་གྱི་སྐྱབས་སུ་འདི་ཁ་བཟང་། །བློ་རེ་ལྟོས་ཚོལ་ཞིག་སྐལ་ལྡན་ཚོ། །རྗེ་རང་དོན་རྟོགས་པའི་རྒྱལ་ས་ཟིན། །གཞན་དོན་ཐུགས་རྗེའི་མཚན་ཁ་བརྡོལ། །ཕ་མཚན་ལྡན་འབྲུག་པ་མ་ལགས་པ། །གཞན་བླ་མ་ཀུན་ལ་ཡིད་མ་ཤོར། །རང་གསོལ་བ་འདེབས་ཕྱོགས་མ་ལོག་ན། །ཚེ་འདི་ཕྱིའི་དགོས་འདོད་ཇི་སྙེད་པ། །བདེ་བླག་ཏུ་སྟེར་བའི་ནུས་པ་མངའ། །བློ་ཚམ་ཚོམ་མེད་པའི་གསོལ་འདེབས་འཚལ། །ཆོས་བཤད་ན་རྒྱ་ཆེ་གཟུང་ན་འདྲིལ། །རྒྱུད་ཟབ་མོ་ཀུན་གྱི་ཁོང་པའི་སྙིང་། །ལམ་ཡང་ཟབ་བསྲེ་འཕོ་མ་ལགས་པ། །གཞན་གདམས་ངག་ཀུན་ལ་ཡིད་མ་ཤོར། །རང་ཉམས་ལེན་བྱེད་ཚུལ་མ་ལོག་ན། །རྩ་འཁོར་ལོ་དྲུག་གི་མདུད་གྲོལ་ནས། །བདེ་ཆེན་གྱི་འགྲོས་བཞི་མཐར་སོན་པའི། །ཚེ་གཅིག་གིས་སངས་རྒྱས་འགྲུབ་ངེས་ཡིན། །འདི་ཡང་མཁར་ཆུ་འཇིགས་རུང་རྔམ་པ་རྒོད་པའི་ནགས་མ་༼༡༣ན༢༥༽བཟང་པོར། ལྷ་ཁང་ནས་སྡེ་པ་མ་ཆེ་མི་དབང་ཆོས་ཀྱི་རྒྱལ་པོར་གདམས་པའོ།། །།དཔལ་བྱིན་རླབས་ཀྱི་སྡོང་པོ་བཀའ་རྒྱུད་རྗེ། །ཁྱེད་ཐུགས་རྗེའི་ཡལ་འདབ་གཡོ་བ་ཡིས། །འབངས་སྡུག་བསྔལ་ཚ་བས་གཟིར་པ་རྣམས། །དུས་རྟག་སྐྱོབས་ཤིག་འབྲུག་པའི་ཞབས། །ཁྱོད་ཤེས་བྱ་ཡངས་པའི་ཐང་ཆེན་དུ། །བློ་ཐ་སྙད་སྨིག་རྒྱུའི་ཕྱིར་བསྙེགས་པས། །ཆོས་གནས་ལུགས་ཆུ་དང་མི་ཕྲད་ཀྱི། །ད་ངེས་པའི་དོན་ལ་ཞལ་འདྲིས་ཐོགས། །ཁྱོད་སྤྲིན་ལྟར་གཡོ་བའི་འཇིག་རྟེན་འདིར། །བློ་དངོས་འཛིན་འདོད་པ་མ་ཆེ་བར། །ད་འདུ་འཛི་མེད་པར་པདྨོའི་མཚོར། །བྱ་ངང་མོ་བཞིན་དུ་འཇུག་པ་གཅེས། །ཁྱོད་བདེ་གསལ་ཉམས་ཀྱི་ཞི་གནས་ལ། །བློ་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །ཁོང་ཉོན་མོངས་འཁྲི་ཤིང་གཅོད་བྱེད་པའི། །ཆོས་རྣམ་པར་འབྱེད་པའི་རལ་གྲི་འཚོལ། །ཁྱོད་ཐོག་མེད་མ་རྒལ་འགྲོ་དྲུག་ལ། །བློ་ཆགས་སྡང་ང་རིས་མ་དབྱེ་བར། །ཀུན་བྱམས་དང་སྙིང་རྗེའི་དྲིན་ལན་གྱིས། །མས་བུ་གཅིག་ལྟ་བུར་བསྐྱངས་ན་འཐད། །ཁྱོད་བདེ་བ་འདོད་ཕྱིར་སྡུག་བསྔལ་ལ། །བློ་སྤང་བློ་སྐྱེ་བ་ཇི་ལྟ་བར། །མཁའ་མཉམ་པའི་སེམས་ཅན་དེ་ལྟ་བས། །ད་བདག་གཞན་མཉམ་པའི་བྱང་སེམས་བསྒོམ། །ཁྱོད་བྱིས་པ་རང་གི་དོན་བྱས་པས། །བློ་གཏན་དུ་ངལ་བའི་ཉེས་དམིགས་ལ། །ཡིད་བསམས་ཤིང་བདག་གཞན་བརྗེ་བའི་སེམས། །ནད་དྲག་པོས་ཉེན་པའི་སྨན་བཞིན་བསྟེན། །ཁྱོད་གདོད་ནས་དག་པའི་བྱང་སེམས་ལ། །བློ་བཅོས་མའི་ལྷན་པ་མ་འདེབས་པར། །གང་སྤྲོས་དང་བྲལ་བའི་དེ་ཉིད་ལ། །སེམས་སྤྲོས་དང་བྲལ་བར་མཉམ་པར་ཞོག །ཁྱོད་ཡོན་ཏན་གོང་དུ་བླ་མ་ལ། །བློ་ལོག་ལྟའི་མཆོད་པ་མ་འབུལ་བར། །རྗེ་རྣམ་ཐར་ཅི་མཛད་ལེགས་མཐོང་བའི། །ད་མོས་གུས་གྱིས་དང་དོན་ཀུན་འགྲུབ། །ཁྱོད་རྩེ་གཅིག་སངས་རྒྱས་ཐོབ་འདོད་ན། །བློ་རྩེ་གཉིས་འཁྲི་བ་ལེགས་བཅད་དེ། །༼༡༣བ༢༦༽ཕ་བཀའ་རྒྱུད་བླ་མར་ཡིད་གཏད་ན། །དོན་མྱུར་དུ་འགྲུབ་པར་མི་འགྱུར་རམ། །རང་གི་སློབ་བུ་བྱང་པ་རབ་འབྱམས་ཆོས་དཔལ་བཟང་། །རིག་པ་འཛིན་པར་ཡང་གྲགས་པ་ལ་ཀུ་རི་བྱང་ཆུབ་སྙིང་པོའི་སྤོ་དམ་པར་གདམས་པའོ། །འཛམ་གླིང་ཆུ་མཚོན་འགྱིང་བ་ཀུ་མུད་ཀྱི་སྡོང་པོ། །དེ་ལ་མཛའ་གཅུག་ས་སུ་ལྡན་པ་ཆུ་ཤེལ་གྱི་ཟླ་བ། དུས་ཚོད་ཉིན་མཚན་གྱི་བགྲོད་པས་ཟླ་བ་ངས་ཆས་ནས། གླིང་གསུམ་ཉིན་འཁོར་ལ་བྱས་ནས་ལྷོ་གླིང་འདིར་སླེབ་འོང་། འོད་དཀར་དགའ་སྟོན་དུ་འགྱེད་དོ་ཀུ་མུད་ཀྱི་ནགས་ཚལ། ས་མོ་ས་སེར་བ་ལས་སྲུངས་ཤིག་སྔགས་འཆང་གི་ནག་པོ། །སྤང་གཤོངས་མཐོན་པོ་ན་མཛེས་པ་སྤང་རྒྱན་གྱི་སྔོན་མོ། དེ་ལ་མཛའ་གཅུགས་སུ་ལྡན་པ་སྟག་ཆུང་གི་བུང་བ། དུས་ཚོད་བསེར་བུ་ཡི་བསྐུལ་བས་བུང་བ་ངས་ཆས་ནས། ནགས་མཐའ་ཡུད་ཙམ་གྱིས་བསྐོར་ནས་སྤང་གཤོངས་འདིར་སློབ་འོང་། གླུ་སྒྲ་དང་དིར་གྱིས་འགེངས་སོ་སྤང་རྒྱན་གྱི་ཚལ་ཆེན། །མེ་ཏོག་བ་མོ་ལས་སྐྱོབས་ཤིག་ལྷོ་སྤྲིན་གྱི་སྨུག་པོ། །ལྷོ་བྲག་ལུང་གསུམ་ན་སྐྱིད་པ་གནས་ཆེན་གྱི་མཁར་ཆུ། དེ་ལ་མཛའ་གཅུགས་སུ་ལྡན་པ་རྣལ་འབྱོར་གྱི་པད་དཀར། དུས་ཚོད་བྱ་གཞག་གིས་བྲེལ་བས་པད་དཀར་ངས་ཆས་ནས། ལྷོ་གཙང་སྐད་ཅིག་གིས་བསྐོར་ནས་གནས་ཆེན་འདིར་སླེབ་འོང་། དམ་ཆོས་དགའ་སྟོན་དུ་འགྱེད་འདིར་བཞུགས་པའི་མཆོད་ཡོན། ཁྱེད་ཅག་བར་ཆད་ལས་སྐྱོབས་ཤིག་བླ་མ་ཡི་དཀོན་མཆོག །ཅེས་སོ།། །།ནགས་ལྗོངས་ཕལ་མོ་ལ་འགྲིམ་པ་རྒྱ་སྟག་གི་ཁྲ་བོ། །ཙན་དན་ནགས་མ་དང་ཕྲད་པས་སེམས་ཡིད་ལ་ཤོར་ནས། ནགས་མཐའ་སྙེག་པ་ལ་མི་དགའ་སྟག་ཕྲུག་གི་གཞོན་ནུ། །འཛུམ་དྲུག་བསྟན་ས་ལ་བྱ་ཡིན་ཙན་དན་གྱི་ནགས་མ། གངས་རི་ཟུར་ཁ་ལ་འགྲིམ་པ་སེང་གེ་ཡི་དཀར་མོ། གངས་སྟོད་མཐོན་པོ་དང་ཕྲད་པས་སེམས་ཡིད་ལ་ཤོར་ནས། ཟུར་ཁ་སྙེག་པ་ལ་མི་དགའ་སེང་ཕྲུག་གི་༼༡༤ན༢༧༽གཞོན་ནུ། །གཡུ་རལ་གསིགས་ས་ལ་བྱ་ཡིན་གངས་སྟོད་ཀྱི་མཐོན་པོ། མཚོ་མཐའ་སྒོར་མོ་ལ་འགྲིམ་པ་འགྱུར་ལྕམ་གྱི་ཉ་མོ། །ཆུ་ཀླུང་དངས་མོ་དང་ཕྲད་པས་སེམས་ཡིད་ལ་ཤོར་ནས། །མཚོ་མཐའ་སྙེག་པ་ལ་མི་དགའ་ལྟང་དཀར་གྱི་ཉ་ཕྲུག །གསར་མིག་བལྟ་ས་ལ་བྱ་ཡིན་གཡུ་མཚོ་ཡི་སྔོན་མོ། དགུང་སྔོན་མཐོན་པོ་ལ་འགྲིམ་པ་བྱ་རྒྱལ་གྱི་རྒོད་པོ། བྲག་དམར་རི་བོ་དང་ཕྲད་པས་སེམས་ཡིད་ལ་ཤོར་ནས། ནམ་འཕངས་སྤྱོད་པ་ལ་མི་དགའ་ཐང་དཀར་གྱི་གཞོན་ནུ། གཤོག་ཕྲུག་བརྐྱངས་ལ་བྱ་ཡིན་བྲག་དམར་གྱི་མཐོན་པོ། རྒྱལ་ཁམས་ཕྱོགས་མེད་ལ་འགྲིམ་པ་རྣལ་འབྱོར་གྱི་དཔོན་སློབ། གནས་ཆེན་མཁར་ཆུ་དང་ཕྲད་པས་སེམས་ཡིད་ལ་ཤོར་ནས། རྒྱལ་ཁམས་འགྲིམ་པ་ལ་མི་དགའ་བསྟན་འཛིན་གྱི་གཞོན་ནུ། །སྒོམ་སྒྲུབ་འདག་སྦྱར་ལ་བྱ་ཡིན་དེ་ཝི་ཡི་ཀོ་ཊི། ཞེས་པ་འདི་གཉིས་ཤུགས་འབྱུང་དུ་གསུངས་པའོ།། །།དགུང་སྔོན་མཐོན་པོ་ཡི་ཕྱོགས་སུ། །འཁྲིགས་གདུགས་ཉི་མ་ཡིས་སླེབ་ཚེ། མེ་ཏོག་གེ་སར་དུ་རྒྱས་པ། རྟེན་ཅིང་འབྲེལ་འབྱུང་དུ་འདུག་གོ་རིན་ཆེན་སྐྱེད་ཚལ་གྱི་ཕྱོགས་སུ། རྨ་བྱ་གཞོན་ནུ་འདྲ་སླེབ་ཚེ། །གླུ་དབྱངས་ཟློས་གར་གྱི་རོལ་པ། རྟེན་ཅིང་འབྲེལ་འབྱུང་དུ་འདུག་གོ། །ལྷོ་བྲག་རོང་གསུམ་གྱི་ཕྱོགས་སུ། །རྣལ་འབྱོར་དཔོན་སློབ་ཀྱིས་སླེབ་ཚོ། །སྐལ་ལྡན་ངལ་གསོ་རུ་གྱུར་པ། །རྟེན་རེ་འབྲེལ་འབྱུང་དུ་འདུག་གོ། །ཞེས་མཁོ་མཐིང་ལྷ་ཁང་དུ་སྡེ་པ་ཕྱག་རྡོར་རབ་བརྟན་པ་ལ་གདམས་པའོ།། །།ཤྲེ་ཡ་སེ་སྟུ། ནམ་གཞག་གཏན་གྱི་སྐྱབས་གནས། །མཚན་ལྡན་བླ་མ་རུ་འདུག་པས། །གསོལ་བ་སྙིང་ངང་ནས་ཐོབ་དང་། །དགོས་དགུ་ཡིད་བཞིན་དུ་འགྲུབ་བོ། །སྤྲུལ་པས་སྤྲུལ་སྐུ་ཡི་བསྟན་འཛིན། །དགས་པོ་བཀའ་བརྒྱུད་དུ་འདུག་པས། །འདི་ཕྱིའི་རེ་ལྟོས་འདྲ་ཞུས་དང་། །ཅི་བསམ་ཡིད་བཞིན་དུ་འགྲུབ་བོ། །ཐོག་མེད་དུས་ནས་ཀྱི་ཕ་མ། །འགྲོ་དྲུག་༼༡༤བ༢༨༽སེམས་ཅན་དུ་འདུག་པས། སྙིང་ནས་ཅི་ཕན་ཞིག་གྱིས་དང་། དོན་གཉིས་ཡིད་བཞིན་དུ་འགྲུབ་བོ། །འདི་ཡང་སྡེ་པ་བསྟན་འཛིན་དབང་བསྒྱུར་ལ་གདམས་པའོ།། །།དཔྱིད་གསུམ་ལྡུམ་ར་རུ་སྐྱེས་པའི། །མེ་ཏོག་ཧ་ལོ་ཡི་སྟོང་ལྡན། །མདངས་བཟང་གེ་སར་དུ་འཛོམ་དུས། །དཀོན་མཆོག་ཞབས་དྲུང་རང་སྟེན་ཅིག །ཙན་དན་འཁྲི་ཤིང་ལས་སྐྱེས་པའི། །བསྲུང་ཞིམ་སྤོས་ངད་ཀྱི་དམ་པ། །ལྷོ་ཕྱོགས་རླུང་གཞོན་དང་འཛོམ་དུས། །དོན་མཐུན་ངལ་གསོས་རང་གྱིས་ཤིག །སྔོན་བསགས་བསོད་ནམས་ལས་སྐྱེས་པའི། །ཡོན་ཏན་བདུན་ལྡན་གྱི་མི་ལུས། །སངས་རྒྱས་བསྟན་པ་དང་འཛམ་དུས། །དམ་པའི་ལྷ་ཆོས་རང་གྱིས་ཤིག །འདི་ཡང་ལྷ་ཁང་དུ་སྲས་མོ་རྡོ་རྗེ་སྒྲོལ་མ་ལའོ།། །།ན་མོ་རཏྣ་གུ་རུ། ཕྱི་རྨ་གཡང་བྲག་རི་ནགས་ཚལ་ཅན། །ནང་དག་པ་ལུས་ཀྱི་རྩ་ཁམས་དང་། །གཞན་རྡོ་རྗེ་བཙུན་མོའི་མཁའ་གློང་སྟེ། །གནས་ཡ་མཚན་ལྷོ་བྲག་མཁར་ཆུའི་རི། །ཕྱི་ལྟར་ན་དད་ལྡན་ཕོ་མོའི་ཁྲོམ། །ནང་ལྟར་ན་དཔའ་བོ་མཁའ་འགྲོའི་ཚོགས། །གཞན་ལྟར་ན་བདག་གཞན་གཅིག་པའི་ཞིང་། །གནས་ཡ་མཚན་ལྷོ་བྲག་མཁར་ཆུའི་རི། །ཕུ་གངས་དཀར་ཧཾ་ཡིག་བདེ་བའི་གནས། །མདའ་རོང་གསུམ་ཚད་པ་ཙཎྜྻཱིའི་མེ། །བར་འབབ་ཆུའི་རྒྱུན་འདི་དགའ་བཞིའི་འགྲོས། །གནས་ཡ་མཚན་ལྷོ་བྲག་མཁར་ཆུའི་རི། གཡས་མཁར་ཆེན་ཝཾ་ཡིག་རྡོ་རྗེའི་རི། གཡོན་ལྕགས་ཕུག་ཨེ་ཡིག་ཤེས་རབ་མཁའ། །དབུས་མཉམ་སྤྱོད་ཟུང་འཇུག་ཡངས་པའི་གླིང་། །གནས་ཡ་མཚན་ལྷོ་བྲག་མཁར་ཆུའི་རི། །ཕྱི་སྣང་བ་བརྡ་ཐབས་ཀྱི་རོལ་རྩེད་ཀྱིས། །ནང་རིག་པ་སེམས་ཀྱི་ཕུགས་བསྟན་ནས། །གཞན་ཕྱག་རྒྱ་ཆེན་པོར་སྦྱོར་བ་ཡི། །གནས་ཡ་མཚན་ལྷོ་བྲག་མཁའ་ཆུའི་རི། །ཕྱི་འགག་མེད་ཀྱི་འཆར་སྒོ་ཇི་སྙེད་པ། །ནང་སྟོང་ཉིད་ཀྱི་ངང་དུ་རོ་གཅིག་པའི། །གཞན་གསང་ཆེན་གྱི་ལྟད་མོ་སྙེག་འདོད་རྣམས། །གནས་ཡ་༼༡༥ན༢༩༽མཚན་ལྟོ་བྲག་མཁར་ཆུར་བྱོན། །ལྕགས་ཕུར་ཅན་གྱི་ཕུག་པ་གསང་བ་མཆོག་གི་ཞིང་དུ། པདྨ་དཀར་པོས་ཉམས་དབྱངས་སུ་བྱས་ཏེ། སྡེ་པ་ཆོས་རྒྱལ་བསྟན་འཛིན་དང་ཆོས་རྒྱས་རབ་བརྟན་ལ་གདམས་པའོ།། །།བརྒྱུད་པ་དེ་དགས་པོ་བཀའ་རྒྱུད་ལ་ཐུག་པ། །བླ་མ་དེ་དཔལ་ལྡན་འབྲུག་པ་ལ་ཞུས་ནས། །བློ་རྩེ་དེ་ཚེ་འདི་བློས་བཏང་ལ་གཏད་པས། །བསམས་ཀྱིན་སྣང་བའི་བདེ་ཤོས་སུ་བྱུང་ངོ་། །བརྟགས་ཀྱིན་ཉམས་བསངས་དགའ་བ་ལ་བྱུང་ངོ་། །ལྟ་བ་དེ་ཕྱག་ཆེན་སུ་གཏན་ལ་ཕབ་པ། སྒོམ་པ་དེ་ཆོས་དྲུག་གི་གསང་ལམ་ལ་ཞུས་ནས། བོགས་འདོན་དེ་རོ་སྙོམས་སྐོར་དྲུག་ལ་བཅོལ་བས། བསམས་ཀྱིན་སྣང་བའི་བདེ་ཤོས་སུ་བྱུང་ངོ་། །བརྟགས་ཀྱིན་ཉམས་བསངས་དགའ་བ་ལ་བྱུང་ངོ་། །ཆེ་ཐབས་ཀྱི་བཅོས་མ་ཁྱད་དུ་རང་བསད་ནས། །གང་བྱུང་ལ་འདུན་མའི་གཙོ་བོ་འདྲ་ཞུས་ནས། །གང་དགའ་སྟབས་བདེ་ལ་བློ་རྩེ་འདྲ་གཏད་པས། །བསམས་ཀྱིན་སྣང་བའི་བདེ་ཤོས་སུ་བྱུང་ངོ་། །བརྟགས་ཀྱིན་ཉམས་བསངས་དགའ་བ་ལ་བྱུང་ངོ་། །མ་རྒན་དེ་འགྲོ་དྲུག་གི་སེམས་ཅན་ལ་བྱས་པ། །དྲིན་ལེན་དེ་དམ་པའི་ལྷ་ཆོས་ལ་ཞུས་ནས། །ནམ་གཞག་གཏན་གྱི་དོན་ཆེན་འདྲ་སྒྲུབ་པ། །བསམས་ཀྱིན་སྣང་བའི་བདེ་ཤོས་སུ་བྱུང་ངོ་། །བརྟགས་ཀྱིན་ཉམས་བསངས་དགའ་བ་ལ་བྱུང་ངོ་། །ཞེས་པ་འདི་ཡང་ཅོག་བུ་བ་དགེ་སློང་ཤེས་རབ་འཕེལ་ལ་གནས་ཆེན་མཁར་ཆུར་གནང་བའོ།། །།ཚེ་དེས་མེད་དུ་འདུག་པས་སྙོམས་ལས་བསྒྱུར། །མ་འགྲོ་དྲུག་ཏུ་འདུག་པས་སྙིང་རྗེ་བསྒོམས། །རྗེ་སངས་རྒྱས་སུ་འདུག་པས་གསོལ་བ་ཐོབ། སེམས་ཆོས་སྐུར་འདུག་པས་རང་ཞལ་ལྟོས། ཡུལ་སེམས་གཟུགས་སུ་འདུག་པས་ལྷུག་པར་ཞོག །དགེ་བ་འབུན་སྐྱེད་དུ་འདུག་པས་སྨོན་ལམ་ཐོབ། །ཅེས་ཕར་གདོད་དབོན་པོ་ལ་གདམས་པའོ།། །།ཚེ་རབས་ཀྱི་འཕྲེང་བ་གྲངས་མང་པོར། བསོད་༼༡༥བ༣༠༽ནམས་ཀྱི་ཚོད་ཟོང་གིས་བསྒྲུབས་པའི། །མཐོ་རིས་ཀྱི་ཡོན་ཏན་བདུན་ལྡན་འདིས། །དུས་ནམ་གཞག་གཏན་དོན་བསྒྲུབ་པ་གཅེས། །སྡུག་བསྔལ་གྱི་རྦ་གློང་ཆེར་འཁྲུག་པའི། །གནས་འཁོར་བའི་ཆུ་བོ་མཐའ་མེད་ལ། །དུས་ད་རེ་སྒྲོལ་བའི་གྲུ་རྙེད་ཚེ། །སྙོམས་ལས་དང་ལེ་ལོ་བསྐྱུར་བ་གཅེས། །ཡུན་བར་སྣང་གློག་འགྱུ་ལྟ་བུ་ཡི། །བློ་སྐྱོ་བ་སྐྱེས་པའི་གནས་སྐབས་སུ། །བརྩོན་འགྲུས་ཀྱི་བསྐུལ་མ་ལེགས་བསྟེན་ནས། །བདེ་ཆེན་གྱི་གོ་འཕང་སྙེག་པ་གཅེས། །ཞེས་པ་འདི་ཡང་ཁྲ་བསམ་གྲུབ་རབ་བརྟན་རྩེ་ར་ནང་སོ་ངག་དབང་ལ་གདམས་པའོ།། །།ཚེ་འདིའི་སྐྱིད་དང་འདོད་ལ་མ་ཆགས་པར། །མི་མེད་དབེན་པའི་གནས་འདིར་བསྙེགས་ལགས་པས། །བཀའ་རྒྱུད་གོང་མའི་ཤུལ་རྗེས་མ་ནོན་ཀྱང་། །འཇིག་རྟེན་ཁྱིམ་པའི་ནང་དུ་འཁྱམས་ཨ་མད། ལོ་གསར་དྲང་ངད་ཚ་བའི་ཟླ་གསུམ་ལ། །གངས་དཀར་བསིལ་བའི་གླིང་དུ་བསྒོམས་པ་འདིས། །གཏུམ་མོའི་དྲོད་རྟགས་ཡོ་ཏན་མ་སྐྱེས་ཀྱང་། །གྲང་བའི་ནད་བུས་ཟིན་དགོས་སྡུག་བསྔལ་མེད། །ཚང་ཚིང་འཁྲིགས་པའི་ནགས་ཀྱི་མུན་རུམ་ན། །གཅིག་པུ་ཟླ་གྲོགས་མེད་པར་བསྡད་པ་འདིས། །གནས་ལུགས་ཕྱག་རྒྱ་ཆེ་དང་མ་མཇལ་ཀྱང་། །བར་ཆད་བགེགས་ཀྱི་དབང་དུ་སོང་དོགས་མེད། །བྱིས་པའི་དུས་ནས་ཆོས་ལ་ཐོས་བསམ་བྱས། །གཞོན་པའི་དུས་ནས་སྒྲུབ་ལ་ནན་ཏན་བགྱིས། །འཆི་ཡང་དོད་པའི་གདེངས་ཚད་མ་ཐོབ་ཀྱང་། །རྒས་འཁོགས་འཆི་བ་གང་ལ་འགྱོད་པ་མེད། །བསམ་པས་རང་དོན་བསྒྲུབས་པ་རྒྱབ་ཏུ་བསྐྱུར། །སྤྱོད་པས་ཞི་བདེ་དོན་གཉེར་ཁྱད་དུ་བསད། །བྱང་ཆུབ་སེམས་དཔའི་ཁྲོད་དུ་མ་ཚུད་ཀྱང་། དམན་ལམ་ཉན་རང་གཉིས་སུ་གོལ་བ་མེད། །དོན་ཆུང་ཚེ་འདིའི་བྱ་བ་གདོང་འདེད་བྱས། གཏན་དོན་དམ་པའི་ཆོས་ལ་སྙིང་རུས་བསྐྱེད། །བདག་གཞན་དོན་གཉིས་མྱུར་དུ་མ་གྲུབ་ཀྱང་། །བསམ་མེད་དྲེད་པོའི་ཟླ་ལ་ཤོར་བ་མེད། །བཟང་དང་སྐྱིད་པ་དང་དུ་མ་བླངས་ཤིང་། ༼༡༦ན༣༡༽ངན་དང་སྡུག་པ་ཆེད་དུ་མ་སྤངས་པས། །སྒོམ་ཆེན་རབ་ཀྱི་ལམ་ཁྱེར་མ་ཐུབ་ཀྱང་། །མཐའ་མའི་ཁྲོད་དུ་ནམ་ཡང་ལས་པ་མེད། །ཆེ་ཐབས་བཅོས་མའི་སྡིར་ཁ་དགྲ་བོར་གཟུང་། །གྲགས་འདོད་སྙན་པའི་གཏམ་ལ་ཕྱི་ཐག་བསྟུངས། །ཆོས་མཛད་དམ་པའི་རྒྱལ་ས་མ་ཐོབ་ཀྱང་། །སེར་གཟུགས་ཁྱིམ་པའི་བྲན་དང་མཚུངས་པ་མེད། །ཅེས་པ་འདི་དཔལ་མཁའ་ལ་སྤྱོད་པའི་དཔའ་བོའི་གནས། ཅིག་ཅར་དཔལ་གྱི་ནགས་ལྗོངས་གྱི་ཡང་དབེན་ནས་ལྷོ་ཕྱོགས་ནོར་འཛིན་སྐྱོང་བའི་དབང་པོ་མཚོ་སྐྱེས་རྡོ་རྗེ་ལ་གདམས་པའོ།། །།དཔལ་འགྲན་བྲལ་བཀའ་རྒྱུད་ཀྱི་བླ་མ་དང་། །མགོན་མཚུངས་མེད་ཀྱི་ཆོས་རྗེ་ཁུ་དབོན་སྲས། །སྒོས་བཀའ་དྲིན་ཅན་ངག་གི་དབང་པོ་ལ། །ང་ཁ་ཚིག་ཙམ་མིན་པར་གསོལ་བ་འདེབས། །གྲོགས་བཟང་པོ་ཚོང་དུས་མགྲོན་པོ་འདྲ། །དུས་ཁ་རྩང་བར་ཡོད་པ་དེ་རིང་མེད། །འདུས་པ་སོ་སོར་བྲལ་བས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །འཇིག་རྟེན་བྱ་བ་མདངས་གསུམ་རྨི་ལམ་འདྲ། །ད་ལྟ་སྐྱིད་སྐྱིད་འདྲ་ཡང་ཡུད་ཀྱིས་སྡུག །སྐྱིད་སྡུག་རེ་མོས་འཁོར་བས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །བསགས་པའི་ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ། །སེར་སྣས་སྙིང་དུ་བསམས་པ་དགྲ་འདྲེས་འཁྱེར། །རང་རྫས་གཞན་གྱིས་སྤྱོད་པས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །ཚེ་འདིའི་གྲགས་པ་ལུང་སྟོང་བྲག་ཅ་འདྲ། །ད་གི་ལྷང་ལྷང་གསལ་༼༡༦བ༣༢༽ཀྱང་ད་ལྟ་མེད། །སྙན་པ་མི་རྟག་འགྱུར་བས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །གཟུགས་ཀྱི་མཐོ་ཡོར་ཁང་བ་རུལ་པ་འདྲ། །བསྲུང་སྐྱོབ་ཅི་ཕན་བྱས་ཀྱང་ངེས་པར་འཇིག །མཐའ་མར་དུར་ཁྲོད་བོར་བས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །དབུགས་ཀྱི་འགྱུ་བ་བར་སྣང་སྤྲིན་དང་འདྲ། །གློ་བུར་སྐྱི་བསེར་རླུང་གིས་འདེད་རིང་འདིས། །ན་མ་ཡལ་ངེས་པ་མེད་པས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །ཚེ་འདིའི་བྱ་བ་ཆུ་ཡི་གཉེར་མ་འདྲ། །གཅིག་ཤུལ་གཅིག་གིས་ནོན་པར་བསྒྲུབས་བསྒྲུབས་ཀྱང་། །མཐའ་མར་ཟིན་རྗེས་མེད་པས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། །ཁོ་བོ་བསམས་ཀྱིན་དམ་པའི་ལྷ་ཆོས་དྲན། །འདིར་དགོས་བློ་སྣ་བང་མཛོད་མཐིལ་བརྡོལ་འདྲ། །གཏན་དོན་ཡལ་བར་བོར་ནས་བཀང་བཀངས་ཀྱང་། །ཆོག་ཤེས་ཁེང་རྒྱུ་མེད་པས་བློ་མ་བདེ། །བློ་བདེ་ཁོང་དུ་ཚུད་དམ་རིག་འཛིན་པ། །མ་ཚུད་དབེན་པའི་རི་བོར་༼༡༧ན༣༣༽བསྒོམ་དུ་གཤེགས། །འཇིག་རྟེན་གཡེང་བ་གཞོག་ལ་བསྒོམ་དུ་གཤེགས། ཁོ་བོ་བསམ་ཀྱིན་དམ་པའི་ལྷ་ཆོས་དྲན། །བཟང་པོའི་གྲོགས་དེ་མི་རྟག་ཞིག་པ་འདིས། །ཁོ་བོ་སྙིང་ནས་སྐྱོ་བས་ཚུགས་པ་མེད། །ཁྱོད་ཀྱང་ངེས་པར་སྐྱོ་ཞིང་ཡིད་འབྱུང་ན། །ང་བཞིན་དབེན་པའི་གནས་སུ་བསྒོམ་དུ་བྱོན། །རྒྱལ་པོའི་ཕོ་བྲང་དག་ཏུ་ཡིད་ཕེབས་ཤིང་། །འདོད་པའི་འདུ་འཛིའི་གཡེང་བས་ཡིད་བྲེལ་ན། །བཤེས་གཉེན་ཁྱོད་ཀྱང་ནེ་ཙོའི་མཁས་པ་འདྲ། །སྙིང་ནས་མནོ་བསམ་མཐོང་ལ་བསྒོམ་དུ་བྱོན། །ཞེས་པ་གནས་ཆེན་ཙ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ནས་རབ་འབྱམས་སྨྲ་བ་ཆོས་དཔལ་བཟང་ལ་གདམས་པ་འདི་ཉིད་གཞུང་ལུགས་གྲངས་སུ་བཅད་པ་བཅོ་བརྒྱད་དང་། །མ་བཅད་པ་དུས་ཀྱི་འཁོར་ལོ་ལ་སོགས་པ་བཀའ་དང་བསྟན་བཅོས་མང་པོའི་བློ་ནོར་གྱིས་ཕྱུག་པ་སྟོན་སྒོམ་སངས་རྒྱས་ལེགས་པ་དེ་ཉིད་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཡིད་སྐྱོ་ཤས་དྲག་པོས་བསྐུལ་བའི་རྐྱེན་གྱིས་སོ།། །།སྔོན་བྱོན་གྲུབ་ཐོབ་ཀྱི་དབུས་ན། རྩོད་མེད་ཡོངས་གྲགས་ཀྱི་རྗེ་བཙུན། །རས་ཆུང་རྡོ་རྗེ་ཡི་གྲགས་པ། །དད་ལྡན་གསོལ་འདེབས་ཀྱི་བུ་ལ། །བྱིན་རླབས་དངོས་གྲུབ་འདྲས་སྩལ་དང་། །མཁའ་སྤྱོད་རིག་འཛིན་གྱི་དབུས་ན། འཇའ་ལུས་སྒྱུ་འཕྲུལ་གྱི་གར་མཁན། །རས་ཆུང་རྡོ་རྗེ་ཡི་གྲགས་པ། །དད་ལྡན་གསོལ་འདེབས་ཀྱི་བུ་ལ། །བྱིན་རླབས་དངོས་གྲུབ་འདྲས་སྩོལ་དང་། །དམ་པ་རིགས་བརྒྱ་གི་དབུས་ན། ཁྱབ་བདག་རྡོ་རྗེའི་འཆང་དངོས། །རས་ཆུང་རྡོ་རྗེ་ཡི་གྲགས་པ། །དད་ལྡན་གསོལ་འདེབས་ཀྱི་བུ་ལ། བྱིན་རླབས་དངོས་གྲུབ་འདྲས་པོ་ལ་དང་། ཞིས་པ་འདི་ཡང་། རྗེ་བཙུན་རས་ཆུང་པའི་སྒྲུབ་གནས་གློན་བྱེས་འགོལ་དུ། །དམ་པ་དེ་ཉིད་དྲན་པའི་མོད་ལ་པདྨ་དཀར་པོས་བགྱིས་པའོ།། །།ཚེ་སྔོན་ནས་བསྒྲུབས་པའི་མི་ལུས་འདི། །དུས་གཏན་དོན་བསྒྲུབ་ན་མེད་མི་རུང་། ༼༡༧བ༣༤༽དེ་ཤིན་ཏུ་ཡུན་ཐུང་འཇིག་སླ་བ། །ཆོས་སྙིང་ནས་བཞེད་ན་ལེ་ལོ་བསྐྱུར། །ལམ་ཟབ་རྒྱས་གཉིས་ལ་ཐོས་བསམ་འདི། །བློ་རྨོངས་པ་སེལ་ན་མེད་མི་རུང་། །དེ་ཤིན་ཏུ་ཕ་མཐའ་ཆོད་དཀའ་བས། །ཆོས་སྙིང་ནས་བཞེད་ན་བརྩོན་འགྲུས་འཚལ། །ཡིད་མཉམ་གཞག་གི་བསམ་གཏན་སྐྱོང་བ་འདི། །འདི་བྱང་ཆུབ་བསྒྲུབ་ན་མེད་མི་རུང་། །དེ་ཤིན་ཏུ་བྱིང་རྒོད་འཕྲང་དམ་པས། །ཆོས་སྙིང་ནས་བཞེད་ན་རྩེ་གཅིག་བསྒོམས། །བློ་གཞན་དོན་གཉེར་བའི་སེམས་བསྐྱེད་འདི། །དཔལ་སངས་རྒྱས་བསྒྲུབ་ན་མེད་མི་རུང་། །དེ་ཤིན་ཏུ་སྤྱོད་པ་གཏིང་ཟབ་པས། །ཆོས་སྙིང་ནས་བྱེད་ན་རང་དོན་བསྐྱུར། །སྡེ་པ་ཚོང་འདུས་པར་གདམས་པའོ།། །།དཔལ་ལོངས་སྐུའི་ཞིང་གི་རྡོ་རྗེ་འཆང་། །འགྲོ་དྲུག་གི་སྣང་ངོར་རོལ་བའི་ཚེ། །མཚན་སྙན་པོ་ངག་དབང་ཆོས་རྒྱལ་ལོ། །ཕ་རྗེ་བཙུན་དེ་ཡི་བཀའ་དྲིན་ལས། །ཡུན་རིང་བ་ཙམ་རང་མ་སྦྱངས་ཀྱང་། །ཆོས་ལུང་རིགས་ཚད་མས་གཞལ་བ་ལ། །དུས་དེང་སང་སྨྲ་བའི་སེང་གེར་གྱུར། །ཁོང་མཁས་པ་ཚོགས་ཀྱེན་ང་རེ་བྲོད། །ཡིད་གཉེན་པའི་ཆུ་ལོན་མ་བྲན་ཏེ། །འདོད་ཡོན་གྱི་སྣང་བ་ཅི་བཀྲ་ཡང་། །ཞེན་ཆགས་ཀྱི་སྲེད་པ་མི་ལྡང་བས། །ཁོང་བཙུན་པོ་ཚོགས་ཀྱིན་ང་རེ་བྲོད། །རང་ཉིད་ཀྱིས་ཆེད་དུ་མ་གཉེར་ཀྱང་། །གཞན་ཕན་ལ་དགའ་བའི་བྱ་གཞག་འདིས། །སྲིད་ཞི་ཡི་ཕུན་ཚོགས་ཞར་ལ་བྱུང་། །ལོང་ཆེན་པོ་ཚོགས་ཀྱིན་ང་རེ་བྲེད། །ཐོས་ལོའི་ཐོབ་རྒྱ་མི་ཆེ་ཡང་། །ལམ་ཟབ་རྒྱས་འབྱེད་པའི་གདམས་ངག་རྣམས། །རང་རྒྱུད་དང་གཅིག་ཏུ་འདྲེས་པའི་ཕྱིར། །ཁོང་གདམས་ངག་ཅན་ཚོགས་ཀྱིན་ང་རེ་བྲོད། །འདག་སྦྱར་གྱི་བསྒོམ་ཡུན་མ་བྱས་ཏེ། །ལམ་ཉམས་སུ་མྱོང་བའི་དྲོད་རྟགས་ལ། །ཇི་ལྟ་བའི་སྤུ་རིས་ཕྱེད་པའི་ཕྱིར། །གྲོགས་སྒོམ་ཆེན་ཆོགས་ཀྱིན་ང་རེ་བྲོད། །བློ་བཅོས་མའི་ཐོ་ཅོ་མི་ཆེ་སྟེ། །སྐྱིད་འདོད་ཀྱི་རེ་བ་མ་བྱས་པས། །སྡུག་དོགས་ཀྱི་འཛིན་པ་རང་སར་དག །ཁོང་རྟོགས་༼༡༨ན༣༥༽ལྡན་ཚོགས་ཀྱིན་ང་རེ་བྲོད། །གཏོར་མ་དང་བཟླས་བསྒྲུབ་མི་བརྩོན་ཀྱང་། །མ་མཁའ་འགྲོ་ཆོས་སྐྱོང་དགྱེས་པའི་ཕྱིར། །གང་བསམས་ཀྱི་འདུན་མ་ཡིད་བཞིན་འགྲུབ། །ཁོང་དམ་ཚིག་ཅན་ཚོགས་ཀྱིན་ང་རེ་བྲོད། །མི་བདག་གི་བྲོད་པ་འདི་དག་ཀྱང་། །ཕ་མཚན་ལྡན་བླ་མ་ཁོང་གི་དྲིན། །དྲིན་འཁོར་ཐབས་མེད་པས་གསོལ་འདེབས་འདི། །རྗེ་དམ་པའི་སྙན་ལ་གཟན་ཡང་བྱས། །མི་ཁྱེད་ཀྱང་དེ་བཞིན་འབྱུང་འདོད་ན། །དུས་འདི་ཕྱིའི་རེ་ལྟོས་མ་མང་བར། །མཚན་ལྡན་གྱི་བླ་མ་ཉག་གཅིག་ལ། །རྩེ་གཅིག་གུས་པའི་གསོལ་འདེབས་ཀྱིས། །ཞེས་པདྨ་དཀར་པོས། རྒྱུད་སྡེ་མན་ངག་ལ་ཐོས་པ་ཅན་སྨོན་འགྲོ་ཀུན་སྤངས་པ་ལ་རྒྱལ་བྱེད་ཚལ་ནས་གདམས་པའོ།། །།དུས་དེའི་ཚེ། མཁས་བླུན་མང་པོ་ནི་གུ་ལ་སོགས་པའི་གདམས་པ་མིན་པ་གཞན་གྱིས་གོ་མི་ཆོད་པ་སྐད་བྱེད་སྣང་བ་ལ་ཟུར་ཟར་བླངས་པ། སྔོན་སྦྱངས་ཀྱི་ལས་འཕྲོས་རྒྱུད་བསྐུལ་ནས། །ལམ་ཟབ་མོ་ཚོལ་བའི་སྤོབས་པ་རྙེད། །ལམ་འབྲས་དང་ནི་གུ་སྦྱོར་དྲུག་སོགས། །བླ་མེད་ཀྱི་སྙིང་པོར་ཡིད་ཆེས་ཤིང་། །དབུས་གཙང་གི་ལྗོངས་ན་དར་མོད་ཀྱང་། །དུས་དིང་སང་ཁ་བཤད་ཁྲམ་པའི་ཆས། །ལག་ལེན་གྱི་འཕྲང་ལ་རྡུགས་མཐོང་ནས། །ཞུ་འདོད་ཀྱི་སྤྲོས་པ་དེ་ཁར་ཆབ །སྙན་རྒྱུད་ཀྱི་ཆུ་བོ་བཞི་འདུས་པའི། །དཔལ་ནཱ་རོའི་ཆོས་དྲུག་གཡེད་ཆེན་པོ། དེ་བཤད་ན་རྒྱ་ཆེ་གཟུང་ན་ཡང་། ཕྱག་བཞེས་ཀྱི་བྱིན་རླབས་མ་ཡལ་བས། །ཡིད་རྩེ་གཅིག་སྒྲིལ་ས་འདི་ལ་བྱས། །སྒམ་སྒོམ་གྱི་བླ་མ་མ་ལགས་མ། །ཡོངས་གྲགས་ཀྱི་རྗེ་བཙུན་བསྟེན་ལས་རྙེད། འབངས་སྦྱོང་བའི་ངལ་བ་མ་དགོས་པར། །ཆོས་ཀུན་ལ་མཁས་པའི་གནས་ཐོབ་པས། །རྗེ་བཀའ་དྲིན་ཅན་དུ་ཅིས་མི་ཤེས། །སྐུ་དྲིན་ལ་འཁོར་ཐབས་ག་ལ་ཡོད། །ཆོས་ཁ་བོ་ཆེ་བ་མང་ན་ཡང་། །སྔར་བསྒོམས་པས་དྲོད་རྟགས་འཐོན་པ་སྟེ། །བཀའ་རྒྱུད་ཀྱི་གཞུང་ལམ་འདི་ཀ་མང་། །ང་བསམས་༼༡༨བ༣༦༽ཀྱིན་འཚེངས་སོ་འདིར་ཚོགས་རྣམས། །བློ་གསལ་པདྨ་དཀར་པོ་བདག་ཉིད་གནས་ཆེན་དེ་ཝི་ཀོ་ཊི་ན། དད་འདུས་ཀྱི་ཚོགས་ལ་རོ་སྙོམས་སྐོར་དྲུག་ལ་སོགས་པའི་ཟབ་ཆོས་ཐོས་བསྒྲགས་སུ་བྱེད་པའི་ཚེ། །ཆོས་པ་བཟང་པོར་རློམ་པའི་སྤྱོད་ཚུལ་འཇིག་རྟེན་འདིར་ནང་ལས་མ་འཕགས་པ་མང་དུ་མཐོང་། རང་སྤྱོད་དམ་པའི་ཆོས་བཞིན་དུ་སྣང་བ་བླ་མའི་དྲིན་དུ་ཤེས་པའི་གླུ་འདི་འཐེན་པ་ཡིན་ནོ།། །།ན་མོ། ཆོས་ཆོས་བཞིན་སྟོན་པའི་བླ་མ་ལ། །རྗེ་མཚན་ལྡན་འབྲུག་པ་སྐད་ཀྱིན་གདའ། །ང་གཞན་མའི་སློབ་དཔོན་མཐོང་བཞིན་དུ། །རྗེ་ཁོང་ལ་བསམས་བཞིན་དད་པ་སྐྱེས། །ཡིད་བལྟོས་པ་བཅས་པའི་བུ་སློབ་ལ། །ཆོས་བརྒྱད་ཀྱི་གར་བུམ་བཟོས་པར། །ཚེ་བློས་བཏང་སྒྲུབ་པའི་གནས་སུ་བཞག །དེ་དྲན་ཀྱིན་སྙིང་ནས་མོས་གུས་སྐྱེས། །མགོན་མཚུངས་མེད་དེ་ཡི་བཀའ་དྲིན་ལས། །བློ་བཅོས་མའི་ཁྲིགས་ཁམ་ལགས་པའི། །ཉམས་ལེན་གྱི་གདེངས་ཚད་འདི་ལྟར་ཐོབ། །ཨ་ལ་ལ་ཐུགས་སར་གཏུགས་པའི་མཐུས། །འགྱུ་བྱེད་ཀྱི་ཡལ་ས་ཤེས་པའི་ཕྱིར། །རྣམ་རྟོག་གི་སྟེང་དུ་ཐོག་བརྫིས་བཏང་། །སྤང་བླང་དུ་འཛིན་པའི་གཉིས་ཆོས་ཞིག །ལྟས་ངན་པ་གཡང་ལོན་བླ་མའི་དྲིན། །ཐབས་མཁས་ཀྱི་གནད་ཀ་ལྡན་པའི་ཕྱིར། །ཉོན་མོངས་ལ་བཟློག་པའི་བསྒོམ་པ་བྱས། །ཡེ་ཤེས་གསལ་འདེབས་ཀྱི་གདེངས་ཚད་ལོན། །དུག་བདུད་རྩིར་བསྒྱུར་བ་བླ་མའི་དྲིན། །ནང་རྩ་གནས་རྟེན་འབྲེལ་ཤེས་པའི་ཕྱིར། །འཁྲུལ་སྣང་གི་གདོན་ལ་རོ་སྙོམས་བགྱིས། །བར་ཆད་དངོས་གྲུབ་ཀྱི་རོལ་པར་སོང་། །བགེགས་རྒྱན་དུ་ཤར་བ་བླ་མའི་དྲིན། །འགྲོ་བ་ཀུན་ཕ་མར་མཐོང་བའི་ཕྱིར། །བདག་གཞན་གཉིས་བརྗེ་བའི་བྱང་སེམས་བསྒོམས། །སྡུག་བསྔལ་དང་ལེན་གྱི་གོ་ཆ་ཐོབ། །རྐྱེན་གྲོགས་སུ་སོང་བ་བླ་མའི་དྲིན། །ནད་སྒྲིབ་པའི་ཕྱགས་མར་ངེས་པའི་ཕྱིར། །ཕན་འདོད་ཀྱི་བདག་འཛིན་བློས་བཏང་བས། །འབྱུང་བཞི་རོ་སྙོམས་ཀྱི་ལྟད་མོ་མཐོང་། །ཟུག་བདེ་༼༡༩ན༣༧༽བར་ཤར་བ་བླ་མའི་དྲིན། །གཞི་གཉུག་མའི་འཆར་ཚུལ་ངོ་འཕྲོད་ཕྱིར། །ཚོགས་དྲུག་གི་སྣང་བ་ལམ་དུ་འཁྱེར། །འོད་གསལ་གྱི་མ་བུ་འདྲེས་ནས་ཐལ། །འཆི་དུས་སུ་བྲོད་པ་བླ་མའི་དྲིན། །བཟང་རྫུ་ལ་རེ་བ་མ་དགོས་པར། །ལྟོ་འགྲངས་ཉིན་དྲོས་ཀྱི་ཆོས་པ་མིན། །ཆེ་འདོད་ཀྱི་ཁོང་སྐྲན་མ་ཞུགས་པས། །ཅི་དྲག་གི་རྩི་ཁ་ཞུ་དགོས་མེད། །ཅེས་སྨྲས་སོ།། །།གཞན་དོན་ལྷུར་ལེན་གྱི་བསམ་པ་བཅངས། །ལག་ལེན་དུ་བསྡུ་བ་བཞི་བསླབས། །རང་འདོད་ཀྱི་ཁོང་མཚང་ཡུལ་ནས་བཏོན། །ཡ་རབས་གཅོད་པའི་བུ་ཚ་མིན། །ལུང་རིགས་ཀྱི་ཚིག་གིས་བརྡར་ཤ་བཅད། །མཉམ་གཞག་གིས་དོན་གྱི་སྒྲོ་འདོགས་བསལ། །འཆུགས་མེད་ཀྱི་དམ་ཆོས་ངོས་སུ་རྙེད། །རྫུན་འོལ་བཤད་བྱེད་པའི་མཁས་པ་མིན། །རང་རིག་གི་ངང་དུ་ཉོན་མོངས་བཏུལ། །ལས་འབྲས་ལ་ཡིད་ཆེས་བླང་དོར་བྱས། །ཞེན་ལོག་གིས་རློམ་པའི་དྲི་མ་དབྲལ། །ཚེར་མ་དར་གཏུམས་ཀྱི་ཆོས་པ་མིན། །ཆོས་རྒྱུད་སྡེ་བཞི་ཡི་ཁོང་སྙིང་རྣམས། །ལག་ལེན་གྱི་འཕྲང་ལ་བརྡར་བརྡར་བའི། །སྨར་ཁྲིད་དུ་བསྟན་པ་རྒྱུད་ལ་སིམ། །ཆོས་དཔེ་ཐོག་ལས་པའི་མཁས་པ་མིན། །གཅེས་འཛིན་གྱི་འགོང་པོ་དྲན་པས་བསད། །འདོད་ཡོན་གྱི་སེར་བ་གདོང་ནས་བཟློག །འཇར་ཉལ་འཁྲིས་མེད་ཀྱི་ཉམས་ལེན་ཤེས། །བཟང་རྫུ་ལ་སྐྱབས་པའི་སྒོམ་ཆེན་མིན། །སྟོང་ཉིད་ཀྱི་བསྲུང་བ་རང་ལས་རྙེད། །བདག་འཛིན་བློས་བཏང་གི་ངང་དུ་ཉལ། །བྱར་མེད་ཀྱི་ངང་དུ་ལས་ཀུན་ཟིན། །མཐོ་ཅོ་ལ་རེ་བའི་རྟོགས་ལྡན་མིན། །འཇིག་རྟེན་པའི་མིག་ངོར་མཛེས་པའི་ཆོས། །ཁོང་ཆེ་དགུས་ཧབ་བཤའ་མཛད་པས་ཟད། །ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་ཆོས། །མི་རྣལ་འབྱོར་ང་ཡི་སྐལ་བར་ལས། །ཞེས་སྨྲས་སོ།། །།བྱིན་རླབས་ཀྱི་གོང་བུ་བཀའ་རྒྱུད་ལ། །མོས་གུས་ཀྱི་ལྟེམ་ཀྱང་མ་ཤོར་བས། །སངས་རྒྱས་ཀྱི་ས་ལ་སྐྱེལ་མི་སྐྱེལ། །རྗེ་ཁྱེད་ཀྱི་ཐུགས་རྗེར་༼༡༩བ༣༨༽དག་ལ་བྱུང་། །སྙན་རྒྱུད་ཀྱི་གདམ་ངག་ཟབ་དགུ་ཤེས། །ལག་ལེན་གྱི་ཐད་དུ་མ་རྨོངས་པས། །དངས་མའི་འཇའ་ལུས་ཞིག་འགྲུབ་མི་འགྲུབ། །ཉམས་སུ་ལེན་ཚུལ་ལ་རག་ལས་བྱུང་། །སྙིང་ནས་འཆི་དྲན་གྱི་བསྐུལ་མ་བྱུང་། །སྲིད་གསུམ་གྱི་འབྱོར་པར་མ་ཆགས་པས། །བློ་ཆོས་སུ་འགྲོ་བ་ཡོང་མི་ཡོང་། །ཐག་ཆོད་ཀྱི་བློ་ལ་རག་ལས་བྱུང་། །རྒྱུད་གཉའ་རེངས་ཡན་པར་མ་གཏང་ཞིང་། །གཞན་གནོད་ཀྱི་བྱ་བ་མ་བགྱིས་པས། །ཆོས་ལམ་དུ་འགྲོ་བ་ཡོང་མི་ཡོང་། །རློམ་སེམས་ཡོད་མེད་ལ་རག་ལས་བྱུང་། །འཁོར་བའི་དེ་ཉིད་ཤེས་པའི་ཕྱིར། །འཁྲུལ་མེད་ཀྱི་སྒྲུབ་བྱེད་མ་བཤམས་པས། །ལམ་འཁྲུལ་པ་སེལ་བ་ཡོང་མི་ཡོང་། །ཐོག་བརྫིས་ཀྱི་སྤྱོད་པར་རག་ལས་བྱུང་། །བྱམས་སྙིང་རྗེ་གཉིས་པོ་ཁོང་ནས་བརྡོལ། །སྡུག་བསྔལ་དང་ལེན་གྱི་བསུན་མ་བྱུང་། །གཞན་དོན་ལྷུན་གྲུབ་ཞིག་ཡོང་མི་ཡོང་། །ཞེ་འདོད་བྲལ་བ་ལ་རག་ལས་བྱུང་། །འདི་ཡང་ལྕགས་ཕུར་ཅན་དུ་སྔགས་འཆང་མཁྱེན་རབ་རྒྱ་མཚོས་བསྐུལ་བའི་ངོར་བགྱིས་པའོ།། །།ཡང་གནུབས་ཀྱི་སྔགས་འཆང་མཁྱེན་རབ་རྒྱ་མཚོ་དེ་ཉིད། །དྲག་པོ་མངོན་སྤྱོད་ཀྱི་ལས་ལ་སུན། །རྣམ་སྨིན་ལ་བྲེད། །རང་གིས་རང་སུན་མ་ཕྱིན་པར་སྒྲུབ་པ་ཆོས་བཞིན་དུ་བྱེད་དགོས་པ་ནམ་སྙམ་པའི་ཐེ་ཚོམ་ལོག་གེ་བ་ཞིག་འདུག་པའི་ཚེ། །པདྨ་དཀར་པོས་གཏམ་གྲོས་སུ་བསྙད་ནས། །བརྗེད་ཐོ་གླུར་བཀོད་པ་འདི་བྱས་སོ། །ཡུལ་རྒྱ་གར་དབུས་ན་སྒྲ་ཆེ་བ། །རྗེ་ཏིལླི་ནཱ་རོ་སྐད་པར་གདའ། །མགོན་མཆོག་གཟིགས་གཉིས་པོའི་རྒྱལ་སར་བཞུགས། །མཚུངས་མེད་ཀྱི་ལོ་ཆེན་མར་པའི་ཞབས། །མས་ཁོང་ལ་ཐུག་པའི་བཀའ་རྒྱུད་འདི། །ཆོས་ལག་ཏུ་བཀལ་ནས་སེམས་རྒྱུད་སྦྱོང་། །དེ་བྱིན་རླབས་ཚན་ཁ་ཆེ་བའི་ཕྱིར། །གྲུབ་ཐོབ་ཀྱི་གཏེར་ཁ་གྲངས་མེད་ཕྱེད། །ཚེ་གཅིག་གི་སངས་རྒྱས་བཞེད་པ་ན། །མི་ཁྱོད་ཀྱང་སྒྲུབ་བརྒྱུད་འདི་ལ་ཞུགས། །ཟིན་མེད་ཀྱི་༼༢༠ན༣༩༽བྱ་བ་བསྒྲུབས་ནས་ཅི། །ཐག་ཆོད་ཀྱི་མི་ཚེ་ཆོས་ལ་སྐྱོལ། །རྗེ་རས་ཆེན་དང་ཟླ་འོད་ངན་རྫོང་པ། །གླིང་རས་དང་འགྲོ་མགོན་གཙང་པའི་ཞབས། །བཀའ་ཐེག་པ་རིམ་དགུར་སྦྱངས་རྣམས་ཀྱང་། །དྲོད་རྟགས་ཀྱི་ཡོན་ཏན་འདི་ལས་འཐོན། །དེ་བསམས་ཀྱིན་གནུབས་ཀྱི་སྔགས་འཆང་ཁྱོད། །རང་སེམས་ལ་རང་གིས་གྲོས་བཏབ་ནས། །དལ་འབྱོར་གྱི་མི་ལུས་དོན་ལྡན་དུ། །རྩེ་གཅིག་གིས་སྒྲུབ་པར་མི་འབྱོན་ནམ། །རྣམ་གཡེང་གི་འདུ་འཛི་རྒྱང་རིང་བཞུད། །མི་དགེ་ཡི་ཆོམ་རྐུན་ངང་གིས་ཞི། །བསམ་གཏན་གྱི་ཚེར་མས་དབེན་པའི་གནས། །དཔལ་མཁའ་སྤྱོད་དབང་པོའི་དོ་རར་བྱོན། །མ་གནས་གསུམ་མཁའ་འགྲོ་དེ་ན་འདུ། །དཔལ་ཆོས་སྐྱོང་བསྲུངས་མས་དེ་ན་སྐྱོབ། །བག་ཕེབས་ཀྱི་ནགས་མ་དེ་ན་བཟང་། །ཚེ་བློས་བཏང་མཛད་ན་དེ་རུ་བྱོན། །གནས་དེ་ན་དུད་འགྲོའི་སེམས་ཅན་ཡང་། །མཁའ་སྤྱོད་ཀྱི་ས་ལ་ཐོགས་མེད་འགྲོ། །རང་ཤེས་ལྡན་གྱི་མི་ལ་དགོས་པའི་རྫས། །མཆོག་ཐུན་མོང་གི་དངོས་གྲུབ་དེ་ལ་ཡོད། །ཅེས་སྨྲས་སོ།། །།འདི་ཕྱི་ཀུན་གྱི་སྐྱབས་མགོན་ཞུས། །མཚན་ལྡན་འཐུག་པ་ཁོ་རང་ལ་བྱས་ནས། །སྙིགས་དུས་ཁྲམ་པའི་བུ་སློབ་ལ་སྐྱོ་བའི། །རྒྱད་གླུ་གནས་ཆེན་མཁར་ཆུ་ནས་ཐེན་ནོ། །དད་ཟས་ལེན་དུས་ཀྱི་ཧམ་པ་ཅན་ཚོ། །ཟོས་ཚད་རྒྱལ་བ་ཅིག་ཡིན་ཡིན་མ་འདྲ། །རང་རྒྱུད་དེ་གྱོང་པའི་ཤིང་ལྟར་རེངས་དུས། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །ཆོས་འགལ་ལ་སྤྱོད་པའི་ངོ་ལྐོག་ཅན་ཚོ། །གསངས་པས་ཉེས་མེད་ཅིག་ཡིན་ཡིན་མ་འདྲ། །འདི་ཕྱི་གཉིས་མེད་ཀྱི་མཁའ་ལ་འཁྱོམ་ཚེ། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །འདོད་ཡོན་ལ་སྲེད་པའི་དོན་གཉེར་ཅན་ཚོ། །བསྒྲུབས་ཚད་ཡགས་པ་ཅིག་ཡིན་ཡིན་མ་འདྲ། །ངན་པ་ལང་ཤོར་གྱི་བག་ཆགས་འཐས་དུས། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །སྡུག་དགོས་ཁོང་འཚངས་ཀྱི་སེར་སྣ་ཅན་ཚོ། །བསགས་༼༢༠བ༤༠༽ཚད་དོན་ལྡན་ཅིག་ཡིན་ཡིན་མ་འདྲ། །འཆི་བདག་གཏུམ་པོ་ཁོའི་ཤབ་བརྒྱུགས་སླེབ་ཚེ། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །ཆེན་པོ་ལ་རིང་བའི་ཞེ་འདོད་ཅན་ཚོ། །བསམས་ཚད་ཡོང་བ་ཅིག་ཡིན་ཡིན་ཡ་འདྲ། །དོན་མེད་རྒྱལ་སྡེ་ཡི་མི་ཁས་བཅོམ་དུས། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །གཞན་སྐྱོན་གླེང་བསླང་གི་ཁ་བདེ་པོ་ཆེ། །བཤད་ཚད་ཡགས་པ་ཅིག་ཡིན་ཡིན་མ་འདྲ། །རང་ཉིད་མི་ཁའི་འདམ་རྫབ་ལ་བྱིང་སྐབས། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །ཉམས་ལེན་ཕྱི་བཤོལ་བའི་ལེ་ལོ་ཅན་ཚོ། །ཉལ་ཚད་ཡགས་པ་ཅིག་ཡིན་ཡིན་མ་འདྲ། །ཅི་ཡང་མི་ནུས་པའི་བློ་དྲེད་ཁྱེར་ཚེ། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །གདམས་ངག་ཟིན་བྲིས་ཀྱི་ཁུར་པོ་ཅན་ཚོ། །བཏབ་ཚད་ལེགས་པ་ཅིག་ཡིན་ཡིན་མ་འདྲ། །ཆོས་དང་ཤེས་རྒྱུད་ཐ་དད་དུ་ཤོར་ཚེ། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །ཕན་གཏམ་ལ་མི་ཉན་པའི་དྲེད་པོ་བརྒྱ་ཚོ། །བྱས་ཚད་ཐོག་ཁེལ་ཞིག་ཡིན་ཡིན་མ་འདྲ། །མི་ཚེ་རིང་པོ་འདི་འབྱིད་དགོས་བབ་ཚེ། །འགྱོད་པ་སྐྱེས་ཀྱང་འཕྱིས་པ་ཙམ་མིན་ནེ། །ཞེས་པ་འདི་འགའ་ཞིག་ལ་དགོངས་པ་ཅན་གྱིས་གནང་བར་གདའོ།། །།ཞགས་པ་དེའུའི་བླ་མར། སྲིད་གསུམ་གྱི་འབྱོར་པར་མ་ཆགས་པར། །ཚེ་བློས་བཏང་སྒྲུབ་པའི་རྒྱལ་མཚན་ཚུགས། །ཐ་སྙད་ཀྱིས་འཇལ་བར་མི་ནུས་པའི། །དོན་རང་རྒྱུད་ལ་རྟོགས་པ་ཐེ་མི་ཚོམ། །མཚན་ལྡན་གྱི་བླ་མར་གསོལ་བ་ཐོབ། །ཚེ་འདི་དང་ཕྱི་མའི་ཕུན་ཚོགས་རྣམས། །བདེ་བླག་ཏུ་འབྱུང་བར་ཐེ་མི་ཚོམ། །དགྲ་གཉེན་ཞེས་རིས་སུ་མ་གཅོད་པར། །བདག་གཞན་མཉམ་ཉིད་ཀྱི་བྱང་སེམས་བསྒོམས། །ཆགས་སྡང་གི་མིང་ཡང་མི་གྲགས་པའི། །ཞིག་པོ་ཞིག་འབྱུང་བར་གདོན་མི་ཟ། །སྐྱིད་འདོད་ཀྱི་ཁོང་སྐྲན་མ་ཞུགས་པས། །རྐྱེན་ཐོག་ཏུ་སྤང་བློ་མ་ཤོར་ན། །ཆོས་རྫུ་ལ་སྐྱབས་པ་མ་ཡིན་པའི། །སྒོམ་ཆེན་ཞིག་ཡོང་བར་ཐེ་མི་ཚོམ། །རང་འདོད་ཀྱི་༼༢༡ན༤༡༽འདུན་མ་རླུང་ལ་བསྐུར། །ཟོས་བདེ་ལ་གཏན་གྱི་དགྲ་བོར་གཟུང་། །དུག་གསུམ་ལ་དྲན་ཤེས་ཀྱི་སོ་པ་གཞོག །གཞན་དོན་ལྷུན་གྲུབ་ཅིག་ཐེ་མི་ཚོམ། །ཞེས་སོ།། །།ལུས་བསྒྱུར་ལ་ཆོས་གོ་སྤྱོད་སྤྱོད་ནས། །གཏན་དོན་གྱི་ཕན་བདེ་མ་བསྒྲུབས་པས། །ཚེ་སྟོང་ཟད་སོང་བ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །ཐ་སྙད་ཀྱི་ཚིག་གུམ་འཐུ་འཐུ་ནས། །གལ་ཅན་གྱི་ཉམས་ལེན་མ་བྱས་པས། །ཆོས་མདོ་མེད་ལས་པ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །ཚུལ་འཆོས་ལ་ཁྲིམས་སུ་སེམས་སེམས་ནས། །ཆགས་བྲལ་གྱི་ཞེན་ལོགས་རས་སུ་བོར། །རྒྱུད་ཆོས་དང་གྱེས་པ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །འཕྲལ་ཕྱིད་ཀྱི་ལྷོ་ཕྱིར་ལྡོམ་ལྡོམ་ནས། །དོན་ལྡན་གྱི་སྒྲུབ་པ་བྱེད་མ་ཁོམ། །རྒྱུད་ཐ་མལ་དུ་ལས་པ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །ཁ་བཤད་ཀྱི་ཁྲམ་པ་བྱེད་བྱེད་ནས། །བློ་གཏད་ཀྱི་ཤེས་རྒྱུད་ཆུད་ཟོས་བཏང་། །རང་གཞན་གཉིས་འཕུང་དེ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །བག་འཁྱལ་ལ་ཞིབ་པོར་ལྟ་ལྟ་ནས། །རྒྱུ་འབྲས་ཀྱི་ལྷ་ཆོས་ཁྱད་དུ་བསད། །རྣམ་སྨིན་གྱི་སྡུག་བསྔལ་འཆི་ཀར་ཚོར། །དེ་མཐོང་གིན་སྙིང་ནས་ལྷ་ཆོས་དྲན། །ལར་སྙིགས་དུས་ཀྱི་ཆོས་པར་སེམས་པ་ཕུལ། །རང་ཉིད་ལ་མགོ་སྐོར་གྱི་གཡོ་ཐབས་མཁན། །ཁྱེད་རང་སེམས་ལ་རང་གིས་གྲོས་ཐབས་ན། །གཏམ་འདི་དོན་ལ་མྱངས་ཀྱིན་བླང་དོར་འཚལ། །གནས་ཁམས་གསུམ་གྱི་འཁོར་བ་ཉམ་ང་ཡང་། །བློ་བག་ཚ་མི་དགོས་སྐྱོབ་པའི་གཉེན། །ཕ་མཚན་ལྡན་གྱི་བླ་མས་བསྐྱངས་པའི་བུ། །མི་ང་རང་གི་འདུན་མ་གང་བྱས་བདེ། །ཞེས་དཀའ་བཅུ་སྨྲ་བ་སྟག །མིང་དངོས་དབང་ཕྱུག་དཔལ་ལྡན་ལ་གནས་ཆེན་མཁར་ཆུར་གདམས་པའོ།། །།ན་མོ་གུ་རུ། སྙིགས་དུས་གྲྭ་སློབ་ལྷོ་རྒྱབ་འཁོལ་པོ་ལ། །སྙན་རྒྱུད་གདམ་༼༢༡བ༤༢༽ངག་ཐང་མར་བརྡལ་ནས་ཅི། །དེ་བས་འཆད་པའི་རྣམ་གཡེང་དོར་ནས་སུ། །དབེན་པར་རང་སེམས་འཐུལ་དང་པདྨ་དཀར། །དུས་ངན་མི་འདི་བྱས་ཆུང་ཡུས་ཆེ་ལ། །བསྟུན་པ་བདེ་བདེའི་ངོ་བསྲུང་བྱས་ནས་ཅི། །དེ་བས་ཚེ་འདིའི་འཁྲི་བ་བཅད་ནས་སུ། །གཅིག་པུར་ཉམས་ལེན་གྱིས་དང་པདྨ་དཀར། །གཟུགས་བརྙན་བཙུན་པའི་སྡུག་གསོག་སྐྱོང་བྲན་ལ། །བསྟན་པ་འཛིན་པའི་མིང་བཟང་བཏགས་ནས་ཅི། །དེ་བས་འདོད་པའི་འདུ་ལོང་བོར་ནས་སུ། །རྩེ་གཅིག་སྒྲུབ་པ་གྱིས་དང་པདྨ་དཀར། །རྨོངས་པའི་ཁྲོད་དུ་ཡིན་ལུགས་ཆོས་ཀྱི་གཏམ། །དཔེ་དང་དོན་དུ་མཐུན་པ་བསྟན་ནས་ཅི། །དེ་བས་སྨྲ་བ་རྒྱང་རིང་སྤངས་ནས་སུ། །རང་རྒྱུད་ཆོས་དང་བསྟུན་དང་པདྨ་དཀར། །ཞེས་སོ།། །།མཚན་ལྡན་གྱི་རྗེ་བཙུན་འབྲུག་པའི་ཞབས། །མི་བདག་གི་སྤྱི་བོར་བཞུགས་ནས་ཀྱང་། །ལུས་ངག་ཡིད་བྱིན་གྱིས་བརླབས་ནས་སུ། །རྗེ་ཁྱེད་རང་འགྲུབ་པར་མཛད་དུ་གསོལ། སྤྱིར་ཁམས་གསུམ་འཁོར་བའི་རྒྱལ་ཁམས་ན། །བློ་གཏད་ཐུབ་ཀྱི་བདེ་བ་མ་མཐོང་ཞིང་། སྒོས་སྙིགས་མ་ལྔ་བདོའི་བོད་ཡུལ་དུ། །ཡིད་བསམས་ཀྱིན་དགའ་བ་སུ་ཡིས་རྙེད། ང་དེ་ཕྱིར་དམ་པའི་ལྷ་ཆོས་ལ། ཁ་ཙམ་ཞིག་མིན་པའི་འདོད་པ་སྐྱེས། ད་ཚེ་འདིའི་འཁྲ་བ་བཅད་ནས་སུ། གནས་དབེན་པ་མ་མེད་ཀྱི་རི་ཁྲོད་དུ། །རྩེ་གཅིག་ཏུ་སྒྲུབ་པ་སྙིང་པོར་བྱེད། །བློ་སྙོམས་སེམས་ལེ་ལོ་རྒྱང་དུ་དོར། །མཐུན་འཇུག་གི་ངོ་བསྲུང་བསྐྱུར་ནས་གཏོང་། །འདི་ཡང་ལྷ་ཁང་དུ་སྡེ་པ་སྐུ་སྐྱེ་ལ་གནང་བའོ།། །།ཁུ་བྱུག་སྔོན་མོ་ལྕང་གསེབ་རྒྱུ་བ་དགའ་མོ་ལྟ་འདུག་སྟེ། ཐག་རྙི་ཕྲ་མོས་གར་ཟིན་མེད་ལ་འདི་སྐྱོ་རང་དྲགས་ནས། །གཤོག་སྒྲོ་བརྐྱང་ནས་སྣང་བ་དེ་མོ་ལ་སྐོར་བ་བསྐོར་གྱིན། །ཐང་དཀར་རྒོད་པོའི་ཕྱིར་རྗེས་སྙེག་པ་ལ་ཡིད་སྨོན་འཆའོ། །ཉེའུ་སྐྱ་བོ་ཆུ་མཐའ་བསིལ་མོས་དགའ་མོ་ལྟ་འདུག་སྟེ། །ལྕགས་ཀྱུ་སྔོན་མོས་ནམ་འདེབས་མེད་༼༢༢ན༤༣༽པ་འདི་སྐྱོ་རང་དྲགས་ནས། །གཙང་ཆབ་གཞུང་གི་རྦ་གློང་མེད་པ་ལ་དཔའ་རྩལ་ངོམ་ཀྱིན། །ཉ་ཆེན་ཡོར་མོའི་ཕྱིར་རྗེས་སྙེག་པ་ལ་ཡིད་སྨོན་འཆའོ། །པདྨ་དཀར་པོ་འཆད་ཉན་བྱེད་པ་དགའ་མོ་ལྟ་འདུག་སྟེ། །འཆི་བདག་བདུད་པོས་ནམ་སླེབ་མེད་པ་འདི་སྐྱོ་རང་དྲགས་ནས། འཁྲི་བ་བཅད་ནས་མི་མེད་ལུང་སྟོང་ལ་སྒྲུབ་པ་བྱེད་ཀྱིན། །བཀའ་རྒྱུད་གོང་མའི་ཕྱིར་རྗེས་སྙེག་པ་ལ་ཡིད་སྨོན་འཆའོ། །འདི་ཡང་ཤུགས་འབྱུང་དུ་བགྱིས་པའོ།། །།འཁྲུངས་ས་བཟང་ཅིག་ལ་བཟང་པ་དེ་ཕྱིའི་དང་རྒྱ་མཚོ། །འཁྲུངས་ས་བཟང་ཀྱང་ལ་མ་ཆགས་པའི་མེ་ཤེལ་ཉི་མ་ཁྱོད་རང་། །གླིང་བཞི་བསྐོར་ཀྱིན་མུན་པ་སེལ་བ་དགའ་མོ་ལྟ་ཡིན་ཏེ། །འབྲལ་བས་སྐྱོ་བ་ཅིག་དོག་སའི་འདབ་བརྒྱ་ངེད་ལ་བྱུང་བས། ཕྱི་མིག་ཅིག་གཟིགས་ནས་དགུང་སྔོན་མཐོན་པོ་འདི་ཁར་བཞུགས་དང་། འཁྲུངས་ས་བཟང་ཅིག་ལ་བཟང་བ་དེ་གངས་རི་དང་དཀར་མོ། འཁྲུངས་ས་བཟང་ཀྱང་ལ་མ་ཆགས་པའི་དར་སེང་དཀར་མོ་ཁྱོད་རང་། རི་ཕུག་བསྐོར་ཞིང་དཔའ་རྩལ་ངོམ་པ་དགའ་མོ་ལྟ་ཡིན་ཏེ། འབྲལ་བས་སྐྱོ་བ་ཅིག་ནགས་ཀྱི་རི་དགས་ངེད་ལ་བྱུང་བས། །ཕྱི་མིག་ཅིག་གཟིགས་ནས་རི་ངོས་ཡངས་པ་འདི་ཁར་བཞུགས་དང་། འཁྲུངས་ས་བཟང་ཅིག་ལ་བཟང་བ་དེ་ཆོས་དབྱངས་དང་སྤྲོས་བྲལ། འཁྲུངས་ས་བཟང་ཀྱང་ལ་མ་ཆགས་པའི་མཚན་ལྡན་འབྲུག་པ་ཁྱོད་རང་། །འཁོར་བར་བསྐོར་ཀྱིན་གཞན་ཕན་མཛད་པ་དགའ་མོ་ལྟ་ཡིན་ཏེ། །འབྲལ་བས་སྐྱོ་བ་ཅིག་དད་ལྡན་བུ་ཚ་ངེད་ལ་བྱུང་བས། ཕྱི་མིག་ཅིག་གཟིགས་ནས་སྙིང་གི་གུར་ཁང་འདི་ཁར་བཞུགས་དང་། འཁྲིགས་གདུགས་ཉི་འོད་ལན་བརྒྱར་འཐུངས་པས། ཟིལ་དང་ར་ཞིམ་པོ་འདབ་རྒྱས་སྐྱུགས་བྱུང་། །སྐྱུགས་ཀྱང་ཆོག་སྣང་ཟེ་འབྲུ་རྒྱས་ཟིན། །བསམས་ཀྱིན་དགའ་ནས་བུང་པ་ངེད་ཚོ། །བར་སྣང་བདེ་མོར་ཕྱམ་པས་༼༢༢བ༤༤༽བྱའོ། །དབྱར་གསུམ་ནམ་པའི་ཁུ་རླངས་འཐིབས་པས། །སྦྲང་ཆར་ཟམ་ཟིམ་སྤྲིན་པས་སྐྱུགས་བྱུང་། །སྐྱུགས་ཀྱང་ཆོག་སྣང་ཆུ་རིས་གཡོས་དྲག །བསམས་ཀྱིན་དགའ་ནས་རྨ་བྱ་ངེད་ཚོ། །དོག་ས་བདེ་མོར་ཕྱམ་པས་བྱའོ། །ཟབ་རྒྱས་ཆོས་ཀྱི་གནད་མཚངས་ལོན་པས། །གདམས་ངག་ཟབ་མོ་བླ་མས་བསྟན་བྱུང་། །བསྟན་ཀྱང་ཆོག་སྣང་སྐལ་བར་ལྡན་འདུག །བསམས་ཀྱིན་དགའ་ནས་རྡོ་རྗེ་སྤུན་ཚོ། །དོར་བདེ་མོར་ཕྱམ་པས་བྱའོ། །ཞེས་སོ།། །།སེམས་འཐུལ་གྱི་སངས་རྒྱས་ག་ནའང་དཀའ། །སེམས་འདུལ་ལ་མ་ཡེངས་པའི་སྒོམ་པ་གཅེས། །སེམས་རང་རིག་གི་གཞི་རྩ་ཆོད་གྱུར་ན། །སེམས་ངོ་ཤེས་ཀྱི་གྲུབ་ཐོབ་འབྱུང་ངོ་བུ། །རྐྱེན་ཐོག་ཏུ་མི་འདྲེའི་སྤྱོད་པས་ཅི། །རྐྱེན་གང་བྱུང་ལམ་དུ་ཁྱེར་བ་ལ། །རྐྱེན་གང་བྱུང་ཐུག་ཕྲད་འབུར་འཇོམ་གྱིས། །རྐྱེན་སྣང་རང་གྲོལ་དུ་འཆར་ངེས་ཡིན། །རེ་དོགས་ཀྱི་འཆིང་བ་མ་གྲོལ་བར། །རེ་བའི་འབྲས་བུ་མི་རྙེད་པས། །རེ་བ་གང་བྱུང་དོགས་པ་མཐོང་། །རེ་ཞིག་ན་ཐམས་ཅད་གཉེན་དུ་ཁུགས། །མངའ་རིས་ཟངས་དཀར་བ་དཔོན་པོ་བློ་གྲོས་ལ་མཁར་ཆུར་གདམས་པའོ།། །།མི་རྟོག་པ་ལ་ལྷོད་དེ་བཞག་པས། །བདེ་བའི་རང་གདངས་འོད་གསལ་དུ་ཤར་ནས། །འགྱུ་བའི་ཕུ་ཐག་རིག་ཐོག་ཏུ་བཅད་པ། །ཨ་ལེ་མ་དཔའ་བོ་དགའ་བའི་གླུ་སྒྲ། །ལ་ལེ་མ་དཔའ་མོ་དགྱེས་པའི་གར་སྟབས། ཨ་འོ་བྱས་རྩེ་གཅིག་གི་དོ་རར་ཤིགས་ཤིགས། །འཁྲུལ་ཐོག་ཏུ་གློད་པས་དོར་རྒྱུ་མ་རྙེད། །གྲོལ་ཐོག་ཏུ་བཞག་པས་བསྣན་རྒྱུ་ཟད་འདུག །བླང་དོར་མེད་པ་འདི་སེམས་ཀྱི་གནས་ལུགས། །དགའ་འོ་བྱས་བླ་མ་དགྱེས་པའི་མཆོད་སྤྲིན། །སྐྱིད་དོ་བྱས་མཁའ་འགྲོ་མཉེས་པའི་དམ་རྫས། །སྤྲོས་བྲལ་གྱི་མཁའ་ལ་འབོལ་ལེ་འཛོམ་འཛོམ། །ཡུལ་ཐོག་ཏུ་བཞག་པས་སྟོང་པར་ལངས་སོང་། །སེམས་ཐོག་ཏུ་གནས་པས་བདེ་ཆེན་དུ་གྲོལ་བ། །ཟུང་འཇུག་འདི་སྣང་སེམས་ཀྱི་སྟེང་ནས་རྙེད་༼༢༣ན༤༥༽བ། ཨའོ་གཡས་པ་འདི་རྡོ་རྗེའི་གར། །ཏོ་ཁྱངས་གཡོན་པ་འདི་དྲིལ་བུའི་འདུག་སྟངས། །རོ་གཅིག་གི་དོ་ར་ལ་རལ་ས་གསིག་གསིགས་པས་བྱའོ། །མཉམ་ཉིད་ལས་གཏན་དུ་མ་གཡོས། །ཐུགས་རྗེའི་ཆུ་བོ་ནི་བརྡོལ། །གང་བྱས་ཆོས་སྐུའི་ཡོ་ལང་འདི་ཁ །དགའ་འོ་སྨྲས་ཏེ་གཡས་པ་རྒྱོབ། །སྐྱིད་པ་སྨྲས་ཏེ་གཡོན་པ་བསྒྱུར་ནས། །སྒོམ་མེད་ཆེན་པོ་ན་འབོལ་མོ་ཤོག་ཤོག །དཔོན་ཚང་ལྷ་མོ་རིག་འཛིན་ལ་བློ་གསལ་པདྨ་དཀར་པོས་སྦྱིན་པའི་གླུའོ།། །།རྒྱལ་བྱེད་ཀྱི་ཚལ་དུ་རང་སྤྱོད་ལ་བསམས་གཞིགས་བཏང་བས་ཡིད་སྐྱོ། །བླ་མ་དྲན། །ཕ་རྗེས་སུ་བསབ་པ་ཞིག་མ་བྱུང་ན་བརྒྱུད་པ་བཟང་པོ་འདིའི་རིགས་སུ་སྐྱེས་པ་ལ་དོན་མི་འདུག་བསམ་ནས་གླུ་འདི་བླངས་སོ། །རྗེ་དྲན་གྱིན་དུ་གདུང་སེམས་ཇེ་ཆེར་འཕེལ། །འབངས་ང་ཡིས་ནི་འདི་ཕྱི་བར་མདོར། །བློ་གཏོད་ས་རུ་བྱས་པ་ཁྱོད་ལས་མེད། །ཕ་མཇལ་ཙམ་ཞིག་གནང་དང་འབྲུག་པའི་རྗེ། །ང་བསྟན་པའི་གཟུགས་བརྙན་ཞིག་སྐྱོང་བ་འདི། །མི་ཆེན་པོའི་ངོ་འཛིན་གྱི་ཐེས་སུ་འདུག །ཟིན་མེད་ཀྱི་སེམས་གཟུང་འདི་བསྐྱུར་ནས་སུ། །ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། །བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །མིང་བཙུན་པ་སྐད་བཏགས་པའི་བློ་འདྲིད་ཀྱི། །སྐྲ་མེད་ཀྱི་དྲུང་འཁོར་བསྐྱང་བས་ནི་བྲེལ། དགོས་མེད་ཀྱི་འདུ་ཚོགས་འདི་བསྐྱུར་ནས་སུ། ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །ཁ་བཤད་འདོད་བསྒྲུབ་པའི་བསླབ་སྦྱངས་འདི། །ཚེ་ཕལ་ཆེར་ཟད་འཇུག་གི་སྙད་ཁར་གོ། ཁྲམ་གཏམ་ལ་ཞེན་པ་འདི་བསྐྱུར་ནས་སུ། ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །ཆོས་བཤད་དོ་སྙམ་ནས་ཡུས་པ་འདིས། །ཐོས་ལོ་དོན་གཉེར་བའི་ཚེ་འབྱིད་དུ་གོ། །འཁོར་མེད་ཀྱི་གཡར་ཁྲལ་འདི་བསྐྱུར་ནས་སུ། །༼༢༣བ༤༦༽ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། །བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །གཞན་ཕན་དུ་བསམས་ནས་འགྲོ་འགྲོ་བ། །བྱེད་དགོས་ངེས་ཀྱི་བྱ་བའི་བཤོལ་འདེབས་ཏེ། །ད་མི་ཁྱུའི་བཤུལ་སྙེག་འདི་བསྐྱུར་ནས་སུ། །ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། །བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །ཉེའོ་སྙམ་བསམ་ནས་འགྲོགས་འགྲོགས་པ། །སྙིང་གཏམ་དེ་རླུང་ལ་བསྐུར་མཁན་དུ་མཐོང་། །གཉིས་ཚོགས་ཀྱི་ཡོང་གཏམ་འདི་བསྐྱུར་ནས་སུ། །ཕ་ཁྱེད་རྗེས་འབྲང་བའི་ལྷ་ཆོས་ཞིག་བྱེད། །བུའི་འདོད་དོན་འགྲུབ་པ་ཞིག་བྱིན་གྱིས་རློབས། །ཞེས་སོ།། །།དཔལ་ཕྱོགས་དུས་ཀུན་ལས་རྣམ་རྒྱལ་བའི། །མགོན་གྲུབ་པའི་དཔའ་བོ་ར་ལུང་པ། །མཚན་ཐོས་པས་འཚེངས་པའི་རྗེ་བཙུན་ཁྱེད། །འབངས་རྣམ་གཡེངས་ཅན་ལ་ཐུགས་རྗེས་གཟིགས། །ཆུང་མ་ལས་སྐྱེས་ནས་ད་བར་ལ། །ཚེ་བློས་བཏང་གི་ཆོས་ཤིག་བྱའོ་སྙམ། །འཕྲལ་བསྟན་པར་བསྙད་པའི་འཛིན་སྐྱོང་འདིས། སྔན་ཆད་ཀྱི་བསམ་མནོ་ངོ་མར་ཐལ། ད་དུང་མཐུན་འཇུག་ལ་མི་འབྱམས་པར། ཆོས་སྙིང་ནས་བྱེད་པར་ཐུགས་རྗེས་གཟུང་། ཆུང་བསྟན་པའི་སྒོ་རུ་ཞུགས་ཙ་ན། །ཆོས་རྒྱུད་ཁེལ་བ་ཞིག་བྱའོ་སྙམ། འཕྲལ་བཤད་པར་བསྙད་པའི་ཁྲམ་གཏས་འདིས། །སྔན་ཆད་ཀྱི་བསམ་མནོ་རོ་མར་ཐལ། །ད་དུང་ཐ་སྙད་ལ་མི་འབྱམས་པར། །ཆོས་རྐྱེན་དང་འདྲེ་བར་ཐུགས་རྗེས་གཟུང་། །ཆུང་སྨྲ་ཤེས་དོན་གོ་ཙམ་ཚུན་ནས། །རྒྱུན་ཉོན་མོངས་འཐུལ་པ་ཞིག་བྱའོ་སྙམ། །འཕྲལ་འབྲུག་པར་བསྙད་པའི་ཕྱོགས་རིས་འདིས། །སྔན་ཆད་ཀྱི་བསམ་མནོ་རོ་མར་ཐལ། །ད་དུང་ཆགས་སྡང་ལ་མི་འབྱམས་པར། །དག་སྣང་འབྱོངས་པ་ཞིག་ཐུགས་རྗེས་གཟུང་། །ཆུང་མཚན་ལྡན་བླ་མས་ཟིན་ཙ་ན། །བརྒྱུད་པ་ཟིན་པ་ཞིག་བྱའོ་སྙམ། །འཕྲལ་གདུལ་བྱར་བསྙད་པའི་འདུ་ལོང་འདིས། །སྔན་ཆད་ཀྱི་བསམ་མནོ་རོ་མར་ཐལ། །༼༢༤ན༤༧༽ད་དུང་རྣམ་གཡེང་ལ་མི་འབྱམས་པར། །འབྲེལ་ཚད་དོན་ལྡན་ཞིག་ཐུགས་རྗེས་གཟུང་། །འདི་ཡང་རྒྱལ་རྩེར་རོ།། །།དང་པོ་ལྷ་ཆོས་ཚུལ་བཞིན་མཛད་ནས། །བར་དུ་མཆོག་གི་དངོས་གྲུབ་བརྙེས་ཏེ། །མཐའ་མར་གཞན་དོན་འབའ་ཞིག་མཛད་པ། །ང་ཡི་དང་བླ་མ་མཚན་ལྡན་འབྲུག་པ་ཁོང་ཡིན། །དང་པོ་ལྟ་བས་སྒྲོ་འདོགས་བཅད་ནས། །བར་དུ་རླུང་སེམས་ཐིག་ལེ་གཅུན་ཏེ། །མཐའ་མར་སྤྱོད་པས་བོགས་འདོན་བྱེད་པ། །ང་ཡི་དང་དམ་ཆོས་བསྲེ་འཕོ་སྐོར་གསུམ་ཁོང་ཡིན། །དང་པོ་ཚེ་འདིའི་ཞེན་པ་དོར་ནས། །བར་དུ་ཐོས་བསམ་སྒོམ་ལ་འབད་ཅིང་། །མཐའ་མར་རང་འདོད་ཡུལ་ནས་འདོན་པ། །ང་ཡི་དང་རྣམ་ཐར་གཞན་དོན་བྱེད་པ་ཁོང་ཡིན། །དང་པོ་ལང་ཤོར་སེམས་རྒྱུད་བཏུལ་ནས། །བར་དུ་རིག་པ་རང་སོ་གཟུང་སྟེ། །མཐའ་མར་རྐྱེན་གྱི་ཐོག་ཏུ་བསྲེ་བ། །ང་ཡི་དང་ཉམས་ལེན་མ་བཅོས་གཞག་པ་ཁོང་ཡིན། །དང་པོ་རྩོལ་བསྒྲུབ་རྣམ་གཡེང་མ་མཆིས། །བར་དུ་བསྲུང་སྐྱོབ་ངལ་བ་མེད་ཅིང་། །མཐའ་མར་མཛད་པའི་དོགས་པ་བྲལ་བ། །ང་ཡི་དང་འཕགས་ནོར་བཅུད་ལེན་ཟབ་མོ་ཁོང་ཡིན། འདི་བྱང་ཁྲི་ལྕམ་ལའོ།། །།མཚན་ཐོས་ཀྱིན་དུ་སྐྱོབ་བསངས་པའི་རྗེ། །ཡིད་དྲན་གྱིན་དུ་མོས་གུས་སྐྱེ་བའི་མགོན། །བློ་བསམ་ཀྱིན་དུ་ཐུགས་རྗེ་ཆེ་བའི་སྐྱབས། །སེམས་བརྟགས་ཀྱིན་དུ་དྲེན་ཅན་འབྲུག་པ་མཁྱེན། །ཚེ་འདི་ལ་ཙམ་ཐུབ་ཀྱི་ངེས་མེད། །འཆི་བདག་ནི་དལ་བྲེལ་གྱི་དུས་མི་བལྟ། །རྐྱེན་གློ་བུར་དུ་འོང་པ་འདི་མཐོང་བཞིན་དུ། །སྙིང་ནས་ཀྱི་ལྷ་ཆོས་ཤིག་མི་བྱེད་རི། །བློ་མཛའ་བས་ཀྱང་བཤོལ་བའི་སྐབས་མེད་ཅིང་། །ཡིད་གཅུགས་ཀྱང་ནི་འཛིན་པའི་མཐུ་ཟད་ནས། །ཉེ་དུ་དང་འབྲལ་བ་འདི་མཐོང་བཞིན་དུ། །སྙིང་ནས་ཀྱི་ལྷ་ཆོས་ཤིག་མི་བྱེད་རི། །ཡུལ་ཁང་ཁྱིམ་བཙན་པ་ཚོ་ཕྱི་ནས་བོར། །ནོར་བསགས་པའི་ཕྱོགས་ལ་ནི་མིག་ཅེ་རེ། །རང་ལག་སྟོང་དུ་ཆས་པ་འདི་མཐོང་བཞིན་དུ། །སྙིང་ནས་ཀྱི་ལྷ་ཆོས་ཤིག་མི་༼༢༤བ༤༨༽བྱེད་རི། །ལུས་གཅེས་གཅེས་སུ་བསྐྱངས་པ་བལྟབ་སྟེ་བཞག །བྱད་ཕྱི་བསྟར་གྱིས་སྦྱངས་པ་བྱ་ཁྱིས་ཟ། །མིང་ཙམ་གྱི་ལྷག་མ་འདི་མཐོང་བཞིན་དུ། །སྙིང་ནས་ཀྱི་ལྷ་ཆོས་ཤིག་མི་བྱེད་རི། །ཆོས་ཁ་བཤད་ཀྱི་ཡོང་ཤས་དགོས་ཀར་གཏོང་། །ཚེ་སོམ་གཉིས་ཀྱི་བྱས་པ་ཁྲམ་པར་ཤེས། །འཆི་དུས་ཀྱི་བྲད་སྡངས་འདི་མཐོང་བཞིན་དུ། །སྙིང་ནས་ཀྱི་ལྷ་ཆོས་ཤིག་མི་བྱེད་རི། །ངས་གཏན་དུ་གང་ཕན་གྱི་མནོ་བསམ་བཏང་། །ཚེ་བློས་བཏང་གི་ཆོས་ལས་གཞན་མ་རྙེད། །སྔན་ཆད་རྐྱེན་དབང་གིས་ཅུང་ཟད་གནོད། །ད་ཞེན་པའི་འཁྲི་བ་མི་གཅོད་རི། །མི་ངེད་ཕྱིར་འབྲང་འདོད་ཀྱི་ཆོས་མཛད་རྣམས། །ཁ་མཁས་དང་ལུས་བཅོས་ལ་མ་འབྱམས་པར། །ཕ་བླ་མའི་བཞུགས་གནས་རི་ཁྲོད་དུ། །གྱོང་ལྟོ་གོས་གཏམ་ལ་བསྐུར་ཏེ་སྒྲུབས། །འདི་ཡང་རྒྱལ་རྩེ་རུའོ།། །།ངས་བཀའ་རྒྱུད་ཀྱི་སྙིང་པོ་འབྲུག་པ་བསྟེན། །ཆོས་ཤེས་སར་གཏུགས་པའི་གནད་ཀ་དེས། །ཕྱི་སྣང་སྲིད་ཀྱི་འཁོར་ལོ་དཔེ་ཆར་ཤར། །སྡུག་བཙིར་གྱིས་བསླབ་སྦྱངས་ཞིག་མ་དགོས་པར། །བློ་རྣོ་ཞིང་གསལ་བའི་མཁས་པར་གྱུར། །ཤེས་སོ་སྙམ་སྦོས་པ་ཚོའི་འཇུ་སྨན་ཡིན། །ཨ་ལ་ལ་བདེན་རྫུན་ཐུག་ན་གསལ། །མི་རློམ་པ་ཅན་ཡོད་ན་རྩོད་པས་ཆོག །ངས་རང་རྒྱུད་ལ་ངན་ལང་མ་བཏང་བར། །བློ་དྲན་ཤེས་ཀྱིས་ཉམས་སུ་བསྟར་བ་དེས། །ཁོང་དུག་ལྔའི་དགྲ་བོ་རྣམས་སྲིད་དུ་ཆོད། །སྡུག་འཁུམས་ཀྱིས་སྒོ་གསུམ་མ་མནར་བར། །གྲོགས་འཕགས་པ་རྣམས་དགྱེས་པའི་བཙུན་པར་གྱུར། །བཙུན་མི་བཙུན་གཞལ་བ་ལ་འབྱེད་ཐང་ཡིན། །ཨ་ལ་ལ་བདེན་བརྫུན་གཉིས་གཞིགས་ན་གསལ། །མི་སུམ་ཉི་ཅན་ཡོད་ན་ངོ་ལྐོག་གཟིགས། །ངས་གཞན་དོན་འབའ་ཞིག་སེམས་སེམས་ནས། །རང་འདོད་ཀྱི་ཁོང་མཚང་ཚོ་འཐོན་པ་དེས། །སྡུག་བསྔལ་དང་ལེན་གྱི་གོ་ཆ་རྙེད། །ཕྱོགས་རིས་ཀྱི་རྨོངས་ཞེན་མ་མཆིས་པར། །བྱམས་སྙིང་རྗེ་ཚད་༼༢༥ན༤༩༽མེད་ཀྱི་གཞན་དབང་སོང་། །ཁོང་བཟང་པོར་གྲགས་པ་ཚོའི་བཀྲུ་སྨན་ཡིན། །ཨ་ལ་ལ་བདེན་རྫུན་འབྲེལ་གྱིན་གསལ། །མི་ལོག་ལྟ་ཅན་ཡོད་ན་ཉེ་རིང་ལྟོས། །འདི་ཡང་རྒྱལ་རྩེར་ལྷོ་པ་དཔོན་ཚང་ལྷ་མོ་རིག་འཛིན་ལའོ།། །།ནམ་གཞག་གཏན་དུ་བའི་སྐྱབས་མགོན། །རུས་གསུམ་སངས་རྒྱས་ཀྱི་སྤྱི་གཟུགས། །བལྟས་པ་ངོས་མེད་ཀྱི་སྐུ་ཅན། །མཚན་ལྡན་འབྲུག་པ་དེ་དྲན་པ། །ཐ་སྙད་ལུང་རིགས་ངང་མཐུན་པས། །ཡིན་ལུགས་ངེས་དོན་ལ་གཞོལ་བའི། །གང་གསུང་གདམ་ངག་གི་གཏེར་ཆེན། །མཚན་ལྡན་འབྲུག་པ་དེ་དྲན་པ། །སྐལ་ལྡན་ཆོས་བྱེད་ཀྱི་དབུས་ན། །དད་ལྡན་ཐར་པ་ལ་དགོད་པའི། །ཡ་མཚན་རྣམ་ཐར་གྱི་རོལ་པའི། །མཚན་ལྡན་འབྲུག་པ་དེ་དྲན་པ། །ཡོན་གནས་རྗེ་བཙུན་གྱི་དབུས་ན། །མཉམ་མེད་དགས་པོ་ཡི་དཀར་བརྒྱུད། །ཀུན་འདུས་ཡིད་བཞིན་གྱི་ནོར་བུ། །མཚན་ལྡན་འབྲུག་པ་དེ་དྲན་པ། །མཐོང་ཐོས་དྲན་རེག་གི་གདུལ་བྱ། །ཁམས་གསུམ་འཁོར་བ་ལས་ཕྱུངས་ནས། །ཐར་པའི་བདེ་ལམ་ལ་འགོད་པའི། །མཚན་ལྡན་འབྲུག་པ་དེ་དྲན་པ། །སྙིགས་དུས་བཤེས་གཉེན་གྱི་ཁྲོད་ན། ཆོས་བརྒྱད་མགོ་སྙོམས་སུ་བྱེད་ཅིང་། །དམ་ཆོས་དམ་ཆོས་སུ་སྟོན་པའི། །མཚན་ལྡན་འབྲུག་པ་དེ་དྲན་པ། །ཅེས་སོ།། །།ཁོང་ཐུལ་བར་དཀའ་བའི་བདག་འཛིན་འདི། །སེམས་གཉུག་མའི་ཕ་མཁར་དང་ཕྲལ་ནས། །གནས་མི་བཟད་འཁོར་བའི་བརྩོན་རར་བཅིངས། །དགྲ་དེ་འདྲ་ཐུལ་ན་དཔའ་བོ་ཡིན། །དོན་ཡིན་ལུགས་རང་ངོ་ཤེས་པ་འདིས། །སྤང་གཉེན་གྱི་རེ་དོགས་ཀུན་བྲལ་ནས། །གནས་ཞི་བའི་བདེ་ལ་སྐྱིད་དུ་བཅུག །གཉེན་དེ་འདྲ་མཐོང་ན་ཕོ་སྐྱེས་ཟེར། །ཅེས་སོ།། །།ཨའོ་རང་དྲོ་འཇམ་ད་ཁྱོངས་ནས་འཁྲིགས་གདུགས་ང་སླེབ་ཡོད། །དགའ་མོས་གྱིས་ཨང་དགུང་བསངས་ཀྱི་མཐོན་པོ། །བསམ་ཚད་འགྲུབ་པ་འདབ་བརྒྱ་ལ་འོད་དག །༼༢༥བ༥༠༽སྐྱིད་ཟེར་ར་གཡུ་སྦྲང་གཞོན་ནུའི་བགོས་སྐལ། །སྦྲང་ཆར་ཐོགས་ནས་ལྷོ་སྤྲིན་ང་སླེབ་ཡོད། །དགའ་མོས་གྱིས་ཨང་ནམ་ལའི་རྒྱལ་མོ། །བསམ་ཚད་འགྲུབ་པ་དོགས་ལ་འོང་དག །སྐྱིད་ཟེར་ཁུ་བྱུག་སྔོན་མོའི་བགོས་སྐལ། །ལེགས་བཤད་འཁྱེར་ནས་པད་དཀར་དུ་སླེབ་ཡོད། །དགའ་མོས་ཀྱིས་ཨང་ཐུབ་བསྟན་གྱི་བགྲེས་པོ། །བསམ་ཚད་འགྲུབ་པ་ཐར་འདོད་ལ་འོང་དེག །སྐྱིད་ཟེར་ར་དད་ཅན་སློབ་མའི་བགོས་སྐལ། །འདི་རྣམས་འཕྱོང་རྒྱས་སུའོ།། །།དཔལ་དྲི་མ་མོད་པའི་ཞིང་ཁམས་སུ། །ཡོངས་ཉི་ཟླ་ལྟར་གྲགས་ཤིང་རྟའི་སྲོལ། །རྗེ་བཀའ་རྒྱུད་བླ་མས་གཏོད་པའི་ལམ། །སེམས་གཉུག་མའི་དོན་དང་སྤྲོད་པའི་ཐབས། །ཡིད་རྩེ་གཅིག་ཏུ་བསྒོམ་པའི་རྣལ་འབྱོར་རྣམས། །མཆོག་ཐར་པའི་གོ་སར་འཇུག་པ་ལ། །བདེ་བླག་ཏུ་གེགས་མེད་ཤིས་པར་རྙེད། །མ་ཁམས་གསུམ་འགྲོ་བའི་དོན་འགྲུབ་ཅིང་། །དཔལ་འབྲུག་པའི་བསྟན་པ་དར་བ་སྙམ། །འདི་གཞུང་གསེར་ཏོག་དུའོ།། །།རྗེ་དྲན་ཀྱིན་དུ་གདུང་ཤུགས་ཇེ་ཆེར་ཐལ། །རྗེ་དྲན་བཞིན་དུ་གདུང་སེམས་མི་འཕེལ་དུ། །སྔར་མཇལ་ས་ཡོད་པ་དང་ད་མ་འདྲ། །ཕ་ཁོང་གི་རྣམ་ཐར་དེ་གཞན་ལ་མེད། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་མི་ཚེ་རིང་སྦྱངས་པའི་མཁས་པས་ཀྱང་། །དོན་ཡིན་ལུགས་སུ་བསྙད་པ་བློས་མི་འཆུན། །ཕ་གཅིག་ཤེས་ཀུན་གྲོལ་གྱི་རྒྱལ་ཁམས་ན། །ཆོས་ཚིག་རེ་ལ་འཁོར་འདས་ཀྱི་མདོ་རྒྱས་སྟོན། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་གྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་གདམས་ངག་སྣ་ཚོགས་པའི་གཏེར་བདག་པོ། ལམ་བསྒྱུར་ཁ་བསྒྱུར་ཁ་ལ་སངས་རྒྱས་འཚོལ། །ཕ་མ་ཡེངས་པའི་འཇོག་ཚུལ་གཅིག་པུ་ལ། །ཐེག་གསུམ་གྱི་བྱང་ཆུབ་དེ་སོ་སོར་བྱོན། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་༼༢༦ན༥༡༽ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོའོ་སྒྲུབ་པ་མཛད་མཛད་པའི་ཞིག་པོ་ཆོ། །བླང་དོར་གྱི་སྤུ་རིས་དེ་ཅི་ལས་ཕྱེད། །ཕ་རྐྱེན་ངན་ལ་དགེ་བའི་བཤེས་དགོངས་ནས། །ལམ་གང་ཤར་ལ་དགག་སྒྲུབ་མི་དགོས་གསུངས། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་ཕལ་ཆེར་བྱང་སེམས་ཀྱི་ཞལ་པོ་འདོན། །མི་གཞན་མ་ལེགས་པའི་ཚེ་སྡུག་བསྔལ་མཛད། །ཕ་རང་ཉིད་ནི་དམན་པའི་ཁྲོད་ཞུགས་ནས། །མི་གཞན་མ་ཅི་ལེགས་ཀྱི་ཐབས་རྩོལ་མཛད། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་འདུལ་ཁྲིམས་ལ་གཙོ་བོར་མཛད་དགོངས་པ། སྡེ་དགོན་གྱི་ཁྲོད་དུ་ཀ་ཁ་འཚོལ་མཛད། །ཕ་ཉོན་མོངས་ཀྱི་སྔན་ཆད་རེངས་རེངས་པའི། །རང་སེམས་འདི་བཏུ་ལ་ན་འདུལ་བར་སྟོན། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་ཡི་དམ་གྱི་ལྷ་ཚོགས་བསྙེན་སྒྲུབས། །ཕྱི་དགྲ་བགེགས་ཀྱི་སྟེང་དུ་འཕྲིན་ལས་སྟོན། །ཕ་རང་ལུས་ཀྱི་ལྷ་ལ་མཆོད་མཆོད་ནས། །དགྲ་ངར་འཛིན་གྱི་སྟེང་དུ་མཐུ་གཏད་སྤུངས། །འདི་བསམས་ཀྱིན་དུ་བླ་མ་དྲན། །ཁོང་ཡི་དམ་གྱི་ལྷ་ཚོགས་བསྙེན་སྒྲུབ་པ། །ཕྱི་དགྲ་བགེགས་ཀྱི་སྟེང་དུ་འཕྲིན་ལས་སྟོན། །ཕ་རང་ལུས་ཀྱི་ལྷ་ལ་མཆོད་མཆོད་ནས། །དགྲ་ངར་འཛིན་གྱི་སྟེང་དུ་མཐུ་གཏད་སྤུངས། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །ཁོང་སྣང་བ་ལ་རང་དབང་འདུས་འདུས་པོ། །མྱོས་བྱེད་ཀྱི་རང་ཉམས་སྟོན་སྟོན་པའི་ངང་། །ཕ་གཞན་གྱི་དོན་དུ་ནི་མི་འགྱུར་ན། །སྐུ་རྣམ་འགྱུར་ལ་འགྱུར་བ་མི་མངའ་བས། །འདི་བསམས་ཀྱིན་བསམས་ཀྱིན་དུ་བླ་མ་དྲན། །༼༢༦བ༥༢༽བསྒོམས་ཀྱིན་དུ་མཚུངས་མེད་ཀྱི་འབྲུག་པ་དྲན། །འདི་རྒྱལ་བྱེད་ཚལ་དུ་ཤུགས་འབྱུང་དུའོ།། །།ངའི་དང་བླ་མཚན་ལྡན་འབྲུག་ཕ་ལ་ཐུགས་རྗེ་ཡོད་གྲག་འོ་འཕྲིན་ལས་འཆོལ་དང་ཡའི། །ངའི་དང་ཕ་ཡུལ་རྒྱལ་ཁམས་ཕྱོགས་མེད་ལ་གུ་ཡངས་ཡོད་གྲག་འོ་ཉམས་དགའ་སྐྱོངས་དང་ཡའི། ངའི་དང་ཉེ་ཚན་འགྲོ་དྲུག་སེམས་ཅན་ལ་ཉེ་རིངས་མེད་གྲག་འོ་བྱང་སེམས་སྤྱོངས་དང་ཡའི། །ངའི་དང་ཕ་ནོར་འཕགས་པའི་ནོར་བདུན་ལ་ཟད་པ་མེད་གྲག་འོ་ཀུན་ལ་བགོས་དང་ཡའི། །ངའི་དང་ལྟ་བ་ཕྱག་རྒྱ་ཆེན་པོ་ལ་ལྟད་མོ་ས་དང་ཡའི་བལྟ་རྒྱུ་ཨེ་འདུག་གཟིགས། ངའི་དང་སྒོམ་པ་ནཱ་རོ་ཆོས་དྲུག་འདི་ཡེངས་མེད་སྒོམས་དང་ཡའི་ཟབ་ཁྱད་ཨེ་འདུག་གཟིགས། ངའི་དང་སྤྱོད་པར་སྙོམས་སྐོར་དྲུག་ལ་སྤྱད་པ་སྤྱོད་དང་ཡའི་སྤང་བླང་ཨེ་འདུག་གཟིགས། །ངའི་དང་འབྲས་བུ་ཤར་གྲོལ་དུས་མཉམ་ལ་ཡ་མཚན་ཡོད་གྲག་འོ་རེ་དོགས་ཨེ་འདུག་གཟིགས། བློ་བདེ་པོ་གུ་ཡངས་པ་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་བློ་བདེ་པོ་གུ་ཡངས་པ། བློ་བདེ་ལ་གུ་ཡངས་པ་འཁྲུལ་ལུགས་འཁོར་བའི་རང་མཚད་རིག་པ་བློ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་ལ་ད་ལྟ་གང་ཤར་གཞི་མེད་རྩ་བྲལ་བློ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་པ་ཚོགས་དྲུག་སྣང་སྒྱུ་མའི་གློང་དུ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་པ་རང་སེམས་སྟོང་པ་གཤིས་དང་འདྲེས་ཕ་བློ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་པ་ད་ལྟ་སྣང་བ་ཆོས་སྐུའི་རྒྱ་ཡན་བློ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་པ་འཁོར་འདས་ཆོས་གྱི་རྫུན་ཕུབ་རྡིབ་པ་བློ་བདེ་པོ་གུ་༼༢༧ན༥༣༽ཡངས་པ། བློ་བདེ་པོ་གུ་ཡངས་པ་བསམ་གྱིས་མི་ཁྱབ་གཉུག་མའི་ངང་དུ་བློ་བདེ་པོ་གུ་ཡངས་པ། བློ་བདེ་པོ་གུ་ཡངས་པ་ད་ལྟ་སྣང་སྲིད་དག་པ་རབ་འབྱམས་བློ་བདེ་པོ་གུ་ཡངས་པ། འདི་གཉིས་འཕྱོང་རྒྱས་སུ་རྒྱལ་བུ་སྐུ་གཞོན་པ་འཆོས་བྲོའི་ཚུལ་དུ་བགྱིས་སོ།། །།འོག་མིན་པའི་སྟོན་པའི་གཅེས་ཕྲུག་ལ། །རྒྱ་གར་བ་མཆོག་གཟིགས་རྣམ་གཉིས་ཟེར། །མཚན་བརྗོད་ན་ཏིལླི་ནཱ་རོ་ལོ། །པཎ་གྲུབ་ཀྱི་དབུས་ན་ཁྱད་དུ་འཐོན། །གངས་ཅན་ན་སྔོན་ཚེ་བསྟན་པ་དར། །གསང་ཆེན་གྱི་ཐེག་པ་སྦས་ནས་སྤྱོད། །སྡིག་སྤྱོད་ཀྱི་རྒྱལ་པོས་བསྣུབས་པའི་རྗེས། །བཀའ་དྲི་མེད་ལག་ཏུ་དྲི་མར་ལེན། །དེར་སྐྱེ་དགུའི་བསོད་ནམས་ཚོང་ཟོང་གིས། །འཕགས་མཆོག་གི་ཐུགས་རྗེ་ཉོས་པ་ལ། །འཇིག་རྟེན་གྱི་དམིགས་བུ་མཐའ་དག་བྱོན། །ཁོང་དེ་པའི་དབུས་ན་སྒྲ་ཆེ་བ། །རྗེ་མར་པའི་ལོ་ཙ་སྐད་ཀྱིན་གདའ། །མི་ཁོང་གི་རྗེས་འཇུག་གྲུབ་པའི་ཁྱུས། །མཁའ་སྤྱོད་ཀྱི་ཞིང་ཁམས་དོག་པོར་བཏང་། །ཕ་དེར་རྗེས་འབྲངས་པའི་བཀའ་རྒྱུད་པ། །ཚེ་བློས་བཏང་ཆོས་ཅིག་སྙིང་བསམས། །འཇིག་རྟེན་པའི་མཐུན་འཇུག་ལ་དེ་མི་བརྩི། །སྔོན་བསགས་ཀྱི་ནུས་པས་འཕངས་པ་ཡིས། །འཕྲལ་འབྱོར་པར་སྣང་ཡང་ཞེན་པ་མེད། །མི་ཕྲག་དོན་ཅན་གྱིས་དགག་མི་ཐུབ། །ཐུགས་ལྷོད་དེར་བཞུགས་དང་དད་པ་ཅན། །རྗེ་མཚན་ལྡན་བླ་མའི་སྐུ་རྡོ་རྗེ། །བརྟན་གཡོ་ཀུན་དང་མཉམ་པ་ཉིད། །དེ་སྣ་ཚོགས་གཟུགས་བརྙན་སྤྲུལ་སྐུའོ། །སྐུ་མ་མཇལ་དགོངས་པ་མཛད་མི་དགོས། །ཤར་ཚད་མོས་གུས་སུ་འཁྱེར་བ་འཚལ། །འདི་རྡོ་རྗེ་ཐེག་པའི་གསེབ་ལམ་ཡིན། །རྗེ་མཚན་ལྡན་བླ་མའི་གསུང་རྡོ་རྗེ། །ཟིན་མ་ཟིན་སྒྲ་དང་མཉམ་པ་ཉིད། །དེ་གཞོམ་མེད་ཐམས་ཅད་མཁྱེན་པའི་སྐད། །དོན་དེ་ཕྱིར་གྲག་ཚད་བླ་མའི་གསུང་། །གསུང་མ་ཐོས་དགོངས་པ་མཛད་མི་དགོས། །ཅི་གསན་མོས་གུས་སུ་༼༢༧བ༥༤༽འཁྱེར་བ་འཚལ། །འདི་རྡོ་རྗེ་ཐེག་པའི་གསང་ཚིག་ཡིན། །རྗེ་མཚན་ལྡན་བླ་མའི་ཐུགས་རྡོ་རྗེ། །རྟོག་མི་རྟོག་ཀུན་དང་མཉམ་པ་ཉིད། །དེ་ལྷན་སྐྱེས་རྣམ་པ་ཐམས་ཅད་པ། །དོན་དེ་ཕྱིར་དྲན་ཚད་བླ་མའི་ཐུགས། །དྲིན་མ་བསྐྱངས་དགོངས་པ་མཛད་མི་དགོས། །རིག་ཚད་མོས་གུས་སུ་འཁྱེར་བ་འཚལ། །འདི་གྲུབ་ཐོབ་ཀུན་གྱི་ཐུགས་ཀྱི་བཅུད། །ཅེས་པ་འདི་བྱང་ཁྲི་ལྕམ་ཀུན་དགའ་དཔལ་སྒྲོན་ལའོ།། །།སྙིང་རྗེ་ཅན་གཞན་གྱི་དོན་མཛད་པ། །དུས་གསུམ་གྱི་རྒྱལ་བ་སྲས་བཅས་སྐད། །རྗེ་དེ་དང་གཉིས་སུ་མ་མཆིས་པ། །མི་ཁོ་བོའི་སྙིང་ག་མཛེས་པའི་རྒྱན། །དཔལ་ཕྱོགས་དུས་ཀུན་ལས་རྣམ་རྒྱལ་བ། །ཕ་གྲུབ་པའི་རིགས་བདག་འབྲུག་པའི་ཞབས། །ས་གསུམ་གྱི་མཆོད་རྟེན་དེ་ལ་འདུད། །གཞན་ང་ཟེར་ཡ་མཚན་མི་ཆེ་ཡང་། །ཁོང་རྡོ་རྗེ་འཛིན་པ་རྣམས་བགྲོས་པའི། །རྟོགས་པ་དོན་བརྒྱུད་ཀྱི་གསང་ཚིག་ཐོས། །དེ་གཞན་ལ་མ་གྲགས་སྙན་པའི་གཏམ། །དུས་ད་རེས་ཅུང་ཟད་དབྱངས་སུ་འཐེན། །བློ་གཉིས་སྣང་ལ་མཐོ་རེག་མ་ཐོངས་པར། །ལས་འབྲས་ལ་སྐུར་པ་མ་འདེབས་ཨང་། འདི་འཁྲུལ་ངོར་སྣང་བ་ལྟར་སྨིན་ལ། །དོན་བརྟགས་ན་མི་བཟོད་ཆུ་ཟླའི་གར། །རང་ཞི་བ་དོན་གཉེར་ལམ་ཞུགས་ནས། །ཉམས་བདེན་པའི་དེ་ཉིད་འཚོལ་བ་ལའང་། །ཐེག་དམན་ཞེས་སྐུར་པ་མི་གདབ་སྟེ། །མཐར་ཐུག་གི་ཐེག་པར་མཆོངས་སྟེགས་ཡིན། །ཐབས་ཀུན་རྫོབ་བྱང་སེམས་ལ་སྦྱངས་ནས། །ཚོགས་གཉིས་ཀྱི་བསགས་པའི་འཚོལ་བ་ཡང་། །རིང་ལམ་ཞེས་ཀླན་ཀའི་སྙད་མ་བཀོད། །རྒྱུ་འབྲས་དབྱེར་མེད་ཀྱི་ཁྱེར་ཚུལ་ཡིན། །བྱ་བ་དང་རྣལ་འབྱོར་གང་གིས་ཀྱང་། །ཉོན་མོངས་རྣམས་ཁ་སྒྱུར་བྱེད་པ་ཡང་། །བསྒྱུར་ལམ་ཡིན་ནོ་ཞེས་འཇོག་མི་དགོས། །མཉམ་ཉིད་དུ་ཁྲིད་བའི་སྙད་ཀ་ཡིན། །གཞི་དངོས་པོའི་གནས་ཚུལ་གཏན་ལ་ཕབ། །ལམ་སྨིན་པར་༼༢༨ན༥༥༽བྱེད་པའི་དབང་ལ་ཞུགས། །དོན་བསྐྱེད་རྫོགས་ཟུང་འཇུག་ཉམས་སུ་བསྟར། །འབྲས་ཡིན་ལུགས་ཡིན་བཞིན་མངོན་དུ་གྱུར། །འདི་གྲུབ་ཐོབ་ཀུན་གྱི་ཞལ་སྐྱིན་ཏེ། །དཔལ་རྡོ་རྗེ་སེམས་དཔའི་དགོངས་པའི་དོན། །མ་མཁའ་འགྲོ་རྣམས་ཀྱི་ཁོང་པའི་སྙིང་། །རྒྱུད་ཟབ་མོའི་ཞོ་ལས་མར་ལྟ་བུ། །མི་ང་དང་ང་འདྲའི་ཆོས་སྐལ་ཡིན། །ལུས་ཁམས་དྲུག་ལྡན་པའི་ཆགས་ཚུལ་བསྟན། །རྩ་ཕྲ་རགས་དབུ་མའི་རིམ་པར་ཕྱེ། །རླུང་ལས་དད་ཡེ་ཤེས་འཇུག་ལྡོག་གསལ། །ཁམས་ཐིག་ལེ་རང་བཞིན་རྣམ་འགྱུར་བརྗོད། །དོན་ཟབ་གསལ་ཟུང་འཇུག་ཡིན་པར་བཤད། །གཏན་ལ་ཕྱག་ཆེན་དུ་ཁྲིད་ནས་འབེབས། །རྟོགས་པའི་དོན་དབང་ཞིག་ཐོབ་བམ་བལྟ། །གང་ཟག་ལ་བསྐལ་ན་མོས་རྗེས་བསྐུར། །དང་པོར་བསྐྱེད་རིམ་ལ་ཟུང་འཇུག་སློབ། །ངེས་ཐུན་མོང་གི་སྒྲུབ་ཆེན་ཨ་ཅང་ཆེ། །འགའ་ཞིག་ལ་མཆོག་གི་བདེན་པའང་སྟོན། །བརྒྱ་གལ་ཏེ་འགྱངས་ན་གཏུམ་མོས་ཁྲིད། །གནད་རྡོ་རྗེའི་ལུས་ལ་རླུང་སེམས་གཅུན། །རྫས་ཕྱག་མཚན་སྒོམ་པའི་ཙཎྜྻཱི་སྦོར། །ཉམས་སེམས་ཁར་འཇོགས་ཞར་ལ་འབྱུང་། །ཁྱད་ཐིག་ལེ་ནཱ་དའི་གཏུམ་མོས་འདོན། །མཆོག་གཉུག་མ་དོན་གྱི་བསུན་མ་སླེབ། །དུས་དེ་ནས་རྡོ་རྗེ་འཆང་དུ་འགྲོ། །འགའ་ཞིག་ལ་བཙན་ཐབས་ཕོ་ཉའི་ལམ། །རྟེན་ཕུན་ཚོགས་འབྱོར་བའི་མཐུ་ལས་ཁྲིད། །ཡུལ་སྟོང་བཞིར་སྦྱངས་པས་དེ་དང་དེར། །ཐབས་དགའ་བཞིས་ཡེ་ཤེས་མྱུ་གུ་སྐྱེད། །ཡང་ན་ནི་སྒྱུ་མ་གསུམ་གྱིས་འཁྱུད། །ཉིན་སྣང་རྣམས་འཇའ་ཚོན་འདྲ་བར་དངས། མཚན་དུས་སུ་འདོད་དགུར་སྒྱུར་བ་ཐོབ། །བར་དོ་མི་འཁྲུལ་ཏེ་ལོངས་སྐུར་འབྱོངས། །དོན་མངོན་པར་བྱང་ཆུབ་ཀྱི་ལམ་ལ་ཞུགས། །ཟུང་འཇུག་གི་སྐུ་གཉིས་རིམ་པས་བཞེངས། །ཚེ་འདི་ལ་ལོངས་མེད་གཡེངས་པས་འཁྱེར། །བར་དུ་དང་པོ་ལ་ནམ་ཡང་འགྲུབ། །ཉམས་ཐོད་བརྒལ་འབྱོངས་ན་གྲོང་འཇུག་བརྟེན། །༼༢༨བ༥༦༽ལམ་སྦྱངས་པ་དམན་ན་འཕོ་བས་བསུ། །རྒྱུད་སྤྱོད་པ་བོགས་འབྱིན་རོ་སྙོམས་དྲུག །འདི་ཁ་སྦྱོར་ཡན་ལག་བདུན་ཚང་བའི། །ལམ་རྡོ་རྗེའི་ས་ལ་མྱུར་དུ་སྐྱེལ། །ཅི་འགྱངས་ཀྱང་སྐྱེ་བ་ཕྱི་མ་ཙམ། །དེ་ཕྱིར་དམ་ཚིག་གི་གནད་ལ་བསྒྲིམས། །ཅི་བྱེད་གཞན་དོན་དུ་སོང་བ་ན། །དགེ་ཡང་འཚེངས་ལ་སྡིག་ཀྱང་འཚེངས། །ཞེས་པཎ་ཆེན་དབོན་་་་་མདོ་སྔགས་ཀྱི་ཞུང་ལུགས་བརྒྱ་ཕྲག་སྨྲ་བ་གང་དེ་གངས་རི་ཆེན་པོ་ཏི་སེའི་རྡོར་འཛད་ལ་ཆས་པའི་དུས་སུ་པདྨ་དཀར་པོས་གདམས་པའོ།། །།གནས་གད་པ་གསེར་གྱི་བྱ་སྐྱིབས་ཅན། ཉམས་དགའ་སྐྱིད་འཛོམ་པའི་ནགས་གྱི་ཁྲོད། དཔལ་ཅོག་སྒར་ཤེལ་གྱི་གཞལ་མེད་ནས། ད་རྣལ་འབྱོར་སྐྱིད་པའི་གླུ་ཅིག་ལེན། །སྔོན་སྦྱངས་ཀྱི་ལས་འཕྲོ་དཀར་པོ་སད། །བཙལ་ནི་མཚན་ལྡན་གྱི་བླ་མ་བཙལ། །ཐུག་ནི་ཡིད་བཞིན་གྱི་ནོར་བུར་ཐུག །བསམ་ཚད་འགྲུབ་པ་འདི་རྒྱན་དུ་ཆེ། །འདི་བསམ་ཀྱིན་བྱས་པའི་ལས་ལ་འཚེངས། །འདི་བརྟགས་ཀྱིན་འདུག་མའི་ཡང་རྩེ་ཨང་། །སྔོན་སྒྱངས་ཀྱི་ལས་འཕྲོ་ཆོས་སུ་སད། །བསླབ་ནི་སྙན་བརྒྱུད་ཀྱི་གདམས་པ་བསླབས། །ཤེས་ནི་མདོ་རྒྱུད་ཐམས་ཅད་ཤེས། །གཅིག་ཤེས་ཀུན་གྲོལ་འདི་རྒྱན་དུ་ཆེ། །འདི་བསམས་ཀྱིན་བྱས་པའི་ལས་ལ་འཚེངས། །འདི་བརྟགས་ཀྱིན་འདུན་མའི་ཡང་རྩེ་ཨང་། །སྔོན་གོམས་ཀྱི་བག་ཆགས་བཟང་པོ་སད། །བྱས་ནི་དམ་པའི་ལྷ་ཆོས་བྱས། །བྱུང་ནི་མི་ཆེན་གྱི་མགོན་ཅིག་བྱུང་། །འདི་ཕྱི་གཉིས་འགྲུབ་འདི་རྒྱན་དུ་ཆེ། །འདི་བསམས་ཀྱིན་བྱས་པའི་ལས་ལ་འཚེངས། །འདི་བརྟགས་ཀྱི་འདུན་མའི་ཡང་རྩེ་ཨང་། །སྔོན་ལས་ཀྱི་གོམས་པ་ངང་གིས་སད། །བྱས་ནི་སེམས་ཅན་ལ་གང་ཕན་བྱས། །བྱུང་ནི་ཐུབ་བསྟན་གྱི་དཔལ་ཅིག་བྱུང་། །འཆད་རྩོད་རྩོམ་གསུམ་འདི་རྒྱན་དུ་ཆེ། །འདི་བསམས་ཀྱིན་བྱས་པའི་ལས་ལ་འཆོངས། །འདི་བརྟགས་ཀྱིན་འདུན་མའི་ཡང་རྩེ་ཨང་། །༼༢༩ན༥༧༽གར་གསེར་དུ་དཔོན་དྲུང་མགོན་པོ་རབ་བརྟན་པས་བསྐུལ་བའི་རྐྱེན་གྱིས་སོ།། །།རྗེ་བཟང་ངན་གྱི་རྩོད་པ་མི་དགོས་པར། །མདོ་རྒྱུད་ནས་བཤད་པའི་མཚན་ཉིད་ལྡན། །དཔལ་འབྲུག་པ་ཡབ་སྲས་ཐུགས་རྗེའི་གཏེར། །འབངས་བློ་སྣ་ཚོགས་འགྱུར་བར་མཛོད། །ཕྱི་འདོད་ཡོན་གྱི་སྣང་བ་བཀྲག་ཆེ་ཡང་། །ནང་བློ་གྲོས་ཀྱིས་གཞིག་ན་རྟག་མི་ཐུབ། །དོན་མདོ་མེད་ཅིག་ལ་མ་སྐྱེལ་བར། །ངེས་འབྱུང་སྐྱོ་ཤས་སྐྱེད་ཅིག་ཧེ་རུ་ཀ །ཕྱི་གནས་བསྐོར་གྱི་མཐོང་རྒྱ་ཙམ་ཆེ་ཡང་། །ནང་རང་སེམས་འཐུལ་བར་མ་གྱུར་ན། །དོན་ལྷ་ཆོས་ཀྱི་དགོས་པ་སྟོར་བའི་ཕྱིར། །དབེན་གནས་རི་ཁྲོད་འགྲིམས་ཤིག་ཧེ་རུ་ཀ །ཕྱི་ལུས་ངག་གི་སྤྱོད་པ་ཙམ་རྫིག་ཀྱང་། །ནང་ཞེན་ལོག་གིས་འཁྲི་བ་མ་ཆོད་ན། །དོན་ཐར་བའི་རྒྱལ་ས་མི་སྙོགས་པས། །བཟང་རྫུའི་སྤྱོད་པ་བོར་དང་ཧེ་རུ་ཀ །ཕྱི་ཧེ་རུ་ཀ་དཔལ་གྱི་ཆ་བྱད་ཀྱང་། །ནང་བརཏལ་ཞུགས་ཀྱི་དར་དང་མི་ལྡན་ན། །དོན་གསང་ཆེན་གྱི་སྤྱོད་པར་མི་འགྲོ་བས། །ཐོ་ཅོའི་རྩ་དི་སྲལ་སྤོངས་ཤིག་ཧེ་རུ་ཀ །ཕྱི་ཕོ་ཉའི་ལམ་གྱིས་རྩལ་ཡོངས་ཡང་། །ནང་འཛག་བདེའི་རྒྱུ་ལམ་མ་ཁེགས་ན། །དོན་དགའ་བཞིའི་ཕ་མཐར་མི་སོན་པས། །ཕྱག་རྒྱའི་འཁྲི་བ་ཆོད་ཅིག་ཧེ་རུ་ཀ །ཕྱི་རྩ་རླུང་གི་རྩབ་རྩུབ་ཅི་བྱས་ཀྱང་། །ནང་དཔྱིད་ཀྱི་ཐིག་ལེ་འདི་མ་འབར་ན། །དོན་ལུས་ཀྱི་རྩ་མདུད་མི་ཁྲོལ་བས། །གདན་ས་པའི་གནད་ཀ་གཟུང་ཞིག་ཧེ་རུ་ཀ །ཕྱི་སྨྲ་ཚོད་ཀྱི་ལྟ་བ་ཙམ་བཟང་ཡང་། །ནང་གཟུང་འཛིན་གྱི་མགོ་བོ་མཆོག་ན། །དོན་ཡིན་ལུགས་ཀྱི་སྒྲོ་འདོགས་མི་ཆོད་པས། །ད་ཁ་ནང་དུ་ལྟོས་ཤིག་ཧེ་རུ་ཀ །ཕྱི་ཟབ་ཟབ་ཀྱི་སྒོམ་ཚུལ་ཅི་མང་ཡང་། །ནང་བཅོས་མིན་གྱི་གདེངས་ཚད་མ་རྙེད་ན། །དོན་གནས་ལུགས་ཀྱི་རང་ངོ་མི་མཐོང་བས། །སེམས་བཅས་བཅོས་སྤོངས་ཤིག་ཧེ་རུ་ཀ །ཕྱི་ལྟ་ཚུལ་ལ་སྦྱོར་བའི་ཐབས་མཁས་ཀྱང་། །ནང་སྟོང་ཉིད་ཀྱི་ཁྱེར་༼༢༩བ༥༨༽སོས་མ་ཟིན་ན། །དོན་མཐར་ཐུག་གི་ས་ལམ་འདི་མི་བགྲོད་པས། །ཁ་དང་ཞེ་ཕུགས་བསྟུན་ཞིག་ཧེ་རུ་ཀ །ཕྱི་གཞན་སྣང་གི་འགྲོ་དོན་རྒྱ་ཆེ་ཡང་། །ནང་རང་འདོད་ཀྱི་འཁྲི་བ་མ་ཟད་ན། །དོན་བདག་གཞན་གྱི་ཕན་བདེ་མི་འགྲུབ་པས། །ད་རང་འདོད་སྤོངས་ཤིག་ཧེ་རུ་ཀ །འདི་ཡང་གཞུང་ལུགས་རབ་འབྱམས་སྨྲ་བ་མདོ་སྔགས་རས་ཆེན་ཁྲག་འཐུང་ཀུན་དགའ་དཔལ་ཞེས་པའི་སློབ་བུ་ལ། མ་དང་མཁའ་འགྲོའི་འདུན་ས་ཙ་རི་ཏྲར་གདམས་པའོ།། །།ཡུལ་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་འདིར། །ཆོས་མཁས་པར་རློམ་པ་གྲངས་མང་ཡང་། །དོན་ཡིན་ལུགས་མཛུབ་ཚུགས་སྟོན་པ་དེ། །མཚན་སྙན་པར་གྲགས་པའི་ར་ལུང་པ། །དཔལ་ངག་དབང་ཆོས་ཀྱི་རྒྱལ་པོ་ཙམ། །ཕ་དུས་གསུམ་རྒྱལ་བའི་གར་པུ་དེར། །ཚེ་འདི་ཕྱི་ཀུན་གྱི་སྐྱབས་གཏད་ནས། །ཁྱོད་ཁ་ཙམ་མིན་པར་གསོལ་བ་ཐོབ། །མཆོག་ཐུན་མོང་ཟེར་བའི་སྒྲ་བོ་ཆེ། །འབད་མེད་དུ་འབྱུང་བར་ཐེ་མི་ཚོམ། །བསྒོམ་བྱ་དང་སྒོམ་བྱེད་སྒོམ་པ་གསུམ། །ཡིན་ལུགས་ལ་སྒྲིབ་པའི་ཟོལ་སྦྱོར་ཏེ། །རྣམ་རྟོག་གི་དགྲ་བོས་སྲིད་དུ་བཀུག །བཅོས་མའི་གྱ་གྱུར་ཆགས་ཀྱང་ཅི། །སེམས་མ་བཅོས་ཇི་བཞིན་བཞག་པ་ལ། །གཉེན་པོའི་ལྷན་པ་མི་གདབ་མ། །འདི་དུས་གསུམ་རྒྱལ་བའི་གཞུང་ལམ་ཡིན། །ཆོས་ཀུན་གྱི་རང་ཞལ་ཡེངས་མེད་བལྟས། །བྱིང་རྒོད་ཀྱི་མཚན་མ་དེ་ཁར་ཞིག །སྤང་གཉེན་མཉམ་ཉིད་ཀྱི་ངང་དུ་འབྱམས། །དུས་རྟགས་ལ་མ་ལྟོས་རྒྱལ་ས་སྙོགས། །རྗེས་ཤེས་ལ་སྙིང་རྗེའི་རང་ཉམས་འཆར། །སྒྱུ་མ་ལ་སྒྱུ་མའི་མཁན་པོས་བཞིན། །སྡིག་སྦྱོང་དགེ་སྒྲུབ་ལ་ལག་ལེན་གྱིས། །ཚིག་དེ་སྐད་བཀའ་བརྒྱུད་བླ་མའི་བུ། །མིང་ཡོངས་སུ་གྲགས་པའི་པད་དཀར་གྱིས། །ཁྱོད་བྱས་པ་ཅན་གྱིས་དྲིས་པའི་ལན། །ཚིག་སྒྲ་ཚད་ཀྱིས་གཞལ་ན་ངེས་ཤེས་སྐྱེ། །དོན་གསུང་རབ་ལ་གཏུགས་པས་ཉིང་ཁུར་མཐོང་། །༼༣༠ན༥༩༽ཞེས་པ་སྐྱིད་ཞོད་ནས་སྡེ་པ་ཨ་བསོད་པས་ཞུས་པ་ལ་གནང་བའོ།། །།འཕན་པོ་རབ་འབྱམས་པ་ཆོས་གྲུབ་དཔལ་བཟང་བཅུད་ལེན་ལ་བརྟེན་ནས་ལོ་བདུན་བྱང་སེན་མོ་དོར་སྒྲུབ་པ་ལ་བཞུགས། སྐབས་ཞིག་བྱ་ཡུལ་གྱི་གཞིས་ཁ་ཆོས་རྒྱལ་ལྷུན་རྩེར་མཇལ་བ་ལ་ཁོར་ཅིག་ཡོངས་པ་ལ་གནང་བ། དབེན་གནས་རི་ཁྲོད་འགྲིམ་པ་ན། ཆེད་གཉེར་གྱི་རི་ཁྲོད་འགྲིམ་པ་ན། །ཆེད་གཉེར་གྱིས་ཁ་ཟས་མི་བསྒྲུབ་ཅིང་། །སྡུག་སྒུར་གྱིས་ལུས་ཆུད་མི་གསན་པར། །གང་བྱུང་ལ་བརྟེན་ན་ལེགས་པར་གོ། །སེམས་མི་རྟོག་ངང་དུ་འབྱམས་པའི་དུས། །ལྟོགས་སྐོམ་གྱི་སྣང་བ་གང་ཡང་མེད། །མིང་སྙན་པོ་ཏིང་འཛིན་གྱི་ཁ་ཟས་ཟེར། །ཁྱོད་སྒོ་གསུམ་བསྲངས་སུ་བཅུག་པ་ན། །ལུས་དལ་ཡང་སེམས་ཁོ་རྒྱུ་འགྲུལ་མང་། །དེ་བསྒོམ་ཆེན་བུབ་པའི་ས་ཅིག་ཡིན། །བློ་མདེའུ་རྩེ་ནང་དུ་གཏད་ནས་སུ། །སྐད་ཅིག་མ་རེར་ཡང་ཡངས་མ་འཇུག །བསམ་མེད་ཀྱི་ངང་དུ་ལས་མེད་པར། །མཉམ་གཞག་ལ་ཇི་ཙམ་གཞག་སྡོང་པ། །དེ་ནས་ཟད་པར་སོགས་ཡང་ཡང་བསླབ། །མངོན་ཤེས་དང་རྫུ་འཕྲུལ་ཅི་དགའ་འབྱུང་། །ཞེ་འདོད་ཀྱི་ཁོང་སྐྲན་མ་ཞུགས་ཤིང་། །ཡོན་ཏན་ལ་དགའ་རློམ་མ་སྐྱེལ་བས། །སྙིང་རུས་ཀྱིས་སྒོམ་པ་མཐར་ཕྱུང་བ། །བཀའ་བརྒྱུད་ཀྱི་བླ་མའི་གྲྭ་སར་ཆུག །ཤཱཀྱ་ཐུབ་ཀྱི་བསྟན་པའི་སྲོལ་ཁ་ཟིན། །ཐབས་མཁས་ཀྱི་འགྲོ་དོན་འགྲུབ་སྟེ་འོང་། །མི་ང་ཟེར་བདེན་ནམ་རྫུན་པ་སྟེ། །ཅི་ཟེར་དེ་ལག་ཏུ་བླངས་ན་གསལ། །རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་མཁན་མིན། །བློ་འཆུག་མེད་ཀྱི་གདེངས་ཚང་བཀལ་བས་ཆོག །ཅེས་སོ།། །།རྗེ་བཙུན་འབྲུག་པ་འདི་བླ་མར་བཟང་ན་བསྟེན། །མོས་གུས་ལྟེམ་བརྐྱང་འདི་ཞེ་ནས་འཛངས་ནས་བསྐྱུར། །བྱིན་རླབས་ཆེན་པོ་འདི་གནང་ང་ལ་མཁས་པས་བྱུང་། །ཅི་གསུང་དང་བཀའ་སྒྲུབ་འདི་ཞུ་བ་ལ་ཤེས་པས་བྱུང་། །གནང་མཁས་དང་ཞུ་ཤེས་འདི་༼༣༠བ༦༠༽སྣང་བ་བདེ་བས་བྱུང་། །སེམས་ཉིད་བདེ་བས་བྱུང་། །གཅིག་ཤེས་ཀུན་གྲོལ་འདི་ཡིད་སྨོན་ཤོར་རར་བྱུང་། །ཀུན་ཤེས་གཅིག་རྡུགས་ལ་ཞེ་ནས་ཁྲེལ་བས་བསྐྱུར། །པདྨ་དཀར་པོ་འདི་འཆད་པ་ལ་མཁས་པར་སོང་། །དད་ལྡན་བུ་སློབ་ཚོ་ཉན་པ་ཤེས་པས་ཆོག །འཆད་ཤེས་དང་ཉན་ཤེས་འདི་སྣང་བ་བདེ་བས་བྱུང་། །སེམས་ཉིད་བདེ་བས་བྱུང་། །ལྷོ་ཕྱོགས་རྒྱལ་ཁམས་འདི་དུས་ཁམས་བདེ་བས་གཟུང་། །སྒོམ་འདྲིས་དྲེད་པོ་ལ་ཞེ་ནས་འཛངས་པས་གཟུང་། །སུ་དགོས་ཕན་འདོགས་འདི་ཆོས་པའི་རྣམ་ཐར་ཡིན། །བྱས་ཤེས་དྲིན་བཟོ་འདི་མི་ལུགས་ལེགས་པར་གྲག །ཕན་འདོགས་དང་དྲིན་གཟོ་འདི་སྣང་བ་བདེ་བས་བྱུང་། །སེམས་ཉིད་བདེ་བས་བྱུང་། །སྒྲུབ་འདོད་གཤའ་མ་གཅིག་སྙིང་གི་ཁོང་ནས་ལངས། །རྣམ་གཡེངས་བཤོལ་འདེབས་ཤིག་ག་ནས་འོང་སྙམ་དྲེད། །གོང་མའི་གཤེགས་བཤུལ་བྲོས་དུས་སླེབ་པ་ན། ཁམས་གསུམ་འཁོར་བ་ལ་རྒྱང་པོར་རན་པ་ནོ། །བྲོས་དུས་དང་པོར་དུས་འདི་སྣང་བ་བདེ་བས་བྱུང་། །སེམས་ཉིད་བདེ་བས་བྱུང་། །ཞེས་པ་དམག་སྡེ་གདགས་ཕུ་དགོན་གསར་དུའོ།། །།འདི་ཁ་ཤེད་གསང་སྔགས་རྡོ་རྗེའི་གླིང་། །རྗེ་མཐུ་སྟོབས་ཞབས་ཀྱི་གདན་སའི་མཐལ། །ཁྱབ་བདག་རང་བྱོན་གྱི་དགའ་ཚལ་ན། །ཉམས་སྤྲོ་བའི་ངང་དུ་ཡལ་ལ་ལ། །བློ་བདེ་བའི་རྒྱང་གླུ་རྩེ་རེ་རེ། །ཕུ་ཡིད་འོང་བྲག་རི་མཐོན་པོའི་རྩེར། །གཡའ་སྤང་གི་སྨིན་འཁྱུག་བརྗིད་ཆགས་པ། །སྤྲིན་སྨུག་པོའི་འཁོར་ས་གཟིགས་མོར་ཆེ། །བྱ་རི་དགས་རྩེད་འཇོ་ཡིད་ལ་འབབ། །ཚེ་བློས་བཏང་མཛད་པའི་བཞུགས་སར་གདའ། །བར་ཙན་དན་ནགས་མ་སྨན་གྱི་ལྗོངས། །གཙུག་ལག་ཁང་ཁང་པ་ཕྲན་གྱིས་བསྐོར། །ཆོས་བྱེད་ཀྱི་འདུ་ལོང་དེ་རུ་བྱེད། །ཚེ་དོན་ལྡན་གྱི་སྐལ་བ་དགེ་ས་འདིར། །ཐོས་བསམ་ཞིག་མཛད་ན་ད་ལྟ་བྱོན། །མདའ་དད་ལྡན་སྦྱིན་བདག་འདུ་བའི་གྲོང་། །དེ་འབྱོར་༼༣༡ན༦༡༽ཞིང་རྒྱས་པ་མི་ཡིས་གང་། །ཁོང་གདོང་དམར་བོད་དང་ཁ་ཁྭའི་ཟོང་། །ཅི་འདོད་ཀྱི་འགྲིམ་ས་དེ་ན་མཆིས། །ཕྱུག་པོ་ཞིག་མཛད་ན་དེ་ཚོར་སོང་། །རང་གང་འདོད་ཡོད་པའི་འདུ་ས་འདི། །སུམ་རྩེན་གྱི་གནས་ལྷག་ཡིན་ནམ་སྙམ། ཞེས་རྡོ་རྗེ་གླིང་གི་གནས་བསྟོད་ཕྱག་མཛོད་བསོད་རྒྱམ་པའི་ངོར་བླངས་པའོ།། །།བླ་མས་བསྟན་པའི་གདམས་ངག་ཚུལ་བཞིན་དུ། །སྒོམ་པ་འདི་ཉིད་ཚོགས་གསོག་རབ་ཡིན་གྱི། །དུས་རྣམས་ཀུན་ཏུ་འབད་པ་ཆེན་པོ་ཡིས། །ཚེ་གཅིག་སངས་རྒྱས་བསྒྲུབ་པའི་གོ་ཆ་གྱོན། །ཟབ་ཁྲིད་མང་པོའི་ཐོས་ལོ་གསོགས་པ་ལས། །སྙིང་ལ་གང་ཕན་གཅིག་ལ་ཕུར་བཙུགས་ནས། །ཉིན་མཚན་ལེ་ལོ་མེད་པའི་བརྩོན་འགྲུས་ཀྱིས། །ཐོས་བསམ་སྒོམ་པའི་སྙིང་པོ་བླང་བར་གྱིས། །རྒྱལ་ཁམས་ཕྱོགས་མེད་འགྲིམས་པའི་ལྡོམ་བུ་བས། །ཆགས་མེད་སྟན་ཐོགས་གཅིག་ཏུ་འདུག་ཚུགས་པ། །འདུན་མའི་སྤྱོད་ཁམས་ཆེ་བར་ངེས་པས་སུ། །མ་གཅིག་ཚེ་དང་བསྒྲུབ་པ་ཨེ་སྙོམས་ལྟོས། །སེམས་འཛིན་དམིགས་པ་མང་པོའི་སྤྲོ་བསྡུ་བས། །མ་ཡེངས་དྲན་པས་རྩེ་གཅིག་བཞུར་བ་འདི། །སྒོམ་ཐབས་ཟབ་ཤོས་ཡིན་ནོ་རྣམ་ཀུན་ཏུ། །སྐད་ཅིག་ཉིད་ལ་ཡེངས་སམ་བྱ་ར་གྱིས། །ཡི་དམ་ལྷ་ལ་བསྙེན་བསྒྲུབ་བྱ་བ་ལས། །གཅིག་ཆོག་བླ་མ་ཡིན་པར་ཤེས་ནས་སུ། །གསོལ་འདེབས་ཁོ་ནས་ནམ་གཞག་འདའ་བ་འདི། །ལམ་གྱི་ས་ཆོད་ཆེའོ་རབ་འབྱམས་པ། །ཞེས་པ་ལྷོ་བྲག་རྒྱལ་རྩེ་སྤང་དུ་བྱ་རྒོད་གཤོང་བའི་རབ་འབྱམས་པ་ཆོས་འཕེལ་བཟང་པོ་ལ་གདམས་པའོ།། །།རྒྱལ་བྱེད་ཚལ་དུ་ངོ་མཚར་བའི་ལྟས་བརྒྱད་གླུར་བླངས་པ། །ཡབ་བཀའ་རྒྱུད་བླ་མའི་གཅེས་ཕྲུག་ང་། །ཡུམ་གནས་གསུམ་མཁའ་འགྲོས་སྐྱོང་བཞིན་པ། །སྣང་ཉམས་ལ་དོ་གལ་མི་ཆེ་ཡང་། །འཕྲལ་མཚར་བའི་རྨི་ལྟས་དབྱངས་སུ་ཐེན། །ཤར་སྐྱིད་པའི་འབྱུང་གནས་ཀོང་༼༣༡བ༦༢༽པོའི་མཐིལ། །གནས་ཁུ་ཆུ་གསང་བའི་ནགས་ཁྲོད་དེར། །མགོན་འཁོར་ལོ་སྡོམ་པ་བསྙེན་པའི་ཚེ། །འོད་མཐོན་མཐིང་སྤྱི་བོར་ཞུགས་པའི་མོད། །ཟིལ་མཚུངས་པ་མེད་དེ་བརྒྱལ་བ་ཙམ། །ལུས་ཨིནྡྲ་ནཱི་ལའི་བཅག་འཕྲོ་འདྲ། །དེར་གཡོན་གྱི་ཕྱོགས་ནས་བར་ཆད་བགེགས། །རླུང་དམར་པོ་འཚུབས་ཀྱིན་དོན་པ་རྨིས། །གངས་དབེན་པའི་རི་བོ་སྤོས་དད་ལྡན། །རང་བྱུང་གི་འཕགས་པ་བཞུགས་པའི་སར། །ཡིད་བསྒོམས་ཀྱང་མི་ཤེས་སྒྱུ་མའི་ལུས། །ལྷ་རིག་འཛིན་དྲག་པོ་རྩལ་དུ་ཤར། །རི་རྟ་གདོང་འབར་དྲའི་བྱིན་ཆགས་མདུན། ཁོང་ལྷ་སྲིན་དམ་བཅའ་ལེན་པ་རྨིས། །མ་གྲུབ་པའི་རྒྱལ་མོས་ལུང་བསྟན་པ། །ལྗོངས་རྡོ་བོད་མཚམས་ཀྱི་བྱེས་འགོལ་དུ། །མིག་ངོམ་པ་མེད་པའི་ན་ཆུང་གཉིས། །གཡས་གཡོན་ནས་བསྟེན་པའི་རས་ཆུང་པ། །མཛེས་སྡུག་གི་ཕུལ་ཕྱིན་གཞོན་ནུའི་ཚུལ། །རས་དྲི་མེད་དཀར་བའི་ན་བཟའ་ཅན། །འཛུམ་བཞིན་དུ་བྱིན་གྱིས་རློབས་པ་རྨིས། །དཔལ་བཀྲ་ཤིས་མཐོང་སྨོན་ཆོས་གྲྭ་དེར། །ཕ་བཞད་པ་རྡོ་རྗེའི་ཞལ་སྔ་ནས། །ཞིང་མངོན་དགའ་རྒྱལ་བའི་སྲས་ཀྱི་གཙོ། །མཚན་པ་ལ་གླང་སྤོས་ཀྱི་གླང་པོ་ཞེས། །སྐུ་སྔོ་བསངས་འདྲེན་བྱེད་བདུད་རྩིའི་བཅུད། །ས་སྐྱེད་མོས་ཚལ་གྱི་གཞལ་མེད་དུ། །མཚམས་ལྷ་བུས་སྦྱར་ཏེ་མཇལ་བ་རྨིས། །ཡུལ་ཌཱ་ཀིའི་འདུན་ས་ཙ་མི་ཚ་རི། རི་མ་རྒད་ཞུན་མས་བྱུགས་འདྲའི་སྤོར། མཚོ་ཟླ་བ་ལྟར་དཀར་ཆེ་བའི་མཁར། །མི་གཡོ་མགོན་སྤྲིན་ཕུང་འཁྲིགས་འདྲ་བ། །ཤར་ཉིན་བྱེད་ཤར་བའི་འོད་ཟེར་བཅས། །བྱིན་མཚུངས་པ་མེད་པའི་ཟིལ་འོད་ཀྱིས། མི་ཁོ་བོའི་སྙིང་མུན་བསལ་བ་རྨིས། །གཙང་གཡང་ཆགས་ཉང་ལུང་བར་གྱི་ཁུལ། །མི་ཆོས་སྨྲའི་འདུན་ས་རྒྱལ་བྱེད་ཚལ། །ནུབ་ཕྱོགས་ཀྱི་དགུང་སྔོན་མཐོན་པོའི་དབུས། །འཇའ་འོད་ཀྱི་ཆུ་འཛིན་འཛུམ་པའི་བར། །འཇམ་པའི་དབྱངས་ལྷོ་ལ་ཆོས་འཆད་པ། ཕུན་༼༣༢ན༦༣༽སུམ་དུ་ཚོགས་པའི་བཀོད་པ་རྨིས། །ལྷོ་མཁོ་མཐིང་གཏེར་གྱི་ལྷ་ཁང་དུ། །ཐད་སྙོམས་པ་ལག་མཐིལ་འདྲ་བའི་དབུས། །རི་ཕག་པ་འདྲ་བ་སྨུག་པོའི་བྲག །དཔལ་དིང་རི་གླང་འཁོར་ཡིན་སྙམ་པར། །ཕ་དམ་པ་སངས་རྒྱས་འགྲོ་བའི་མགོན། །ལམ་སྡུག་བསྔལ་ཞི་བར་བྱེད་པ་ལ། །ཅེར་མཐོང་གི་བཀའ་བབས་གཏད་པ་རྨིས། །མཁའ་འགྲོ་མ་འདུ་བ་དུད་གི་བྲག །སེམས་ཉམས་དགའི་ནོར་བུ་སྤུངས་བའི་ནང་། །གཡའ་དག་གི་མེ་ལོང་གཙང་མ་དེར། །ཁོང་དུས་གསུམ་རྒྱལ་བའི་སྤྱི་གཟུགས་པ། །མཚན་སྙན་པོ་མར་པ་ལོ་ཙ་བྱོན། །རྒྱུད་བརྟག་གཉིས་རྫོགས་པར་ཉན་པ་རྨིས། །ཞེས་སོ།། །།དེར་རྨི་ལམ་བརྡ་བཞི་མགུར་དུ་བླངས་པ། ཤར་གསང་ཡུལ་ནེ་ཙུ་ལ་ཡི་ཚལ། །རྒྱལ་ཆེན་གྱི་ཕོ་བྲང་ཉམས་དགའ་བར། །མདུན་བཞུགས་ཀྱི་མཆོག་གསུམ་ཁོ་བོ་སྐྱོང་། །ལྟས་ངོ་མཚར་མ་འོངས་ལུང་སྟོན་བརྡ། །ལྷོ་དེ་ཝི་ཀོ་ཊིའི་བྲག་སྟེང་དུ། །ཕ་རྗེ་བཙུན་སྐུ་གདུང་ཟོས་ཀྱིན་འཕེལ། །མཐར་ས་གཞི་ཐམས་ཅད་འཕྱུར་གྱིས་ཁྱབ། །ལྟས་ངོ་མཚར་མ་འོངས་ལུང་སྟོན་བརྡའ། །ནུབ་སྤོས་སྐྱའི་ཡང་དབེན་གཡའ་སྤངས་མཚམས། །བཀའ་འགྱུར་རོའི་གླེགས་བམ་ཟིན་སྙམ་པར། །ཀུན་གཅིག་ལ་གཅིག་ཐ་མི་རྔར་གྱུར་བརྡུངས། །ལྟས་ཡ་མཚན་མ་འོངས་ལུང་སྟོན་བརྡའ། །བྱང་ཟབ་ཡང་དབུ་རྩེ་ཆེན་པོའི་འདབ། །རྗེ་འཇམ་མགོན་ཕྱག་གི་རལ་གྲི་རྙེད། །དེ་གཡུགས་པས་ནགས་ཚལ་དུམ་བུར་བཅད། །ལྟས་ཡ་མཚན་མ་འོངས་ལུང་སྟོན་བརྡ། །ཅེས་སོ།། །།གནས་ཁམས་གསུམ་འཁོར་བའི་བཙོན་་་་་་་། འགྲོ་དྲུག་མནར་བ་འདི་བསམ་ཀྱིན། །ཆོས་སྙིང་ནས་བྱེད་པའི་གོ་ཆ་ཡིས། །རིགས་དྲུག་ལ་ཐར་པའི་གོ་འཕང་སྦྱིན། །ཕ་མཚན་ལྡན་གྱི་བྱིན་རླབས་མ་ཞུགས་ན། །དོན་རྒྱ་ཆེན་གྱི་གཞན་དགའ་མི་བྱུང་བས། །དུས་རྒྱུན་ཆད་མེད་པར་མོས་གུས་གྱིས། །གསོལ་འདེབས་ལ་༼༣༢བ༦༤༽བརྩོན་པ་ཅིས་ཀྱང་ལེགས། །རང་རྒྱུད་ལ་སུ་ཕན་དགེ་བའི་བཤེས། །ཕྱོགས་འཛིན་གྱི་གདོན་གྱིས་མ་བསླང་བར། །ཕྱོགས་མེད་ལ་བླ་མར་མཐོང་གྱུར་ན། །སྣང་སྲིད་ཀུན་བླ་མར་འགྱུར་ངེས་ཡིན། །གཅིག་ཤེས་ཀུན་གྲོལ་གཅིག་ཅིས་མི་ཡོང་། །ཞེས་རྫ་སྣ་གདན་ས་ཚུལ་ཁྲིམས་སེང་གེ་ལ་འབྲོག་རི་བོ་བྲག་ཏུ་གདམས་པའོ།། །།ཆོས་སྔར་བྱས་ཀྱི་དོན་ཀུན་སྒྲུབ་པའི་མི། །ཉམས་རྟོགས་ཀྱི་ཡོན་ཏན་འབར་བས་ན། །དངོས་འཛིན་གྱི་རྟོག་པར་བསྙོན་ཐངས་མཁན། །ཕྱག་ཆེན་རྒྱལ་ཁམས་འགྲིམ་པ་ཡི། །མི་ཁྱེད་དང་སྔོན་ནས་འབྲེལ་བའི་བཤེས། །མིང་ཡོངས་སུ་གྲགས་པའི་པདྨ་དཀར། །གཞན་ཕན་དུ་བསྙད་པའི་རྣམ་གཡེང་གིས། །ཀུན་རྫོབ་ཀྱི་གློང་དུ་འཁྱམས་པ་ལགས། །བདེན་གཉིས་ལ་ཐ་དད་མ་ཕྱེད་པས། །བློ་ཆེན་པོའི་ངོ་ན་བསམ་གཏན་ལ། །དེ་བདེན་རྫུན་གྲུབ་ཐོབ་ཁྱོད་ཀྱིས་ལྟོས། །མི་གཞན་ངོར་ཚིག་འདི་སྙད་ཀའི་གཞི། །རང་དཔོན་སློབ་གཉིས་ལ་བརྗོད་བྲལ་ཡིན། །ཞེས་རི་བོ་བྲག་ནས་རྫ་སྣ་བླ་མ་ཀུན་སྤངས་པ་ལ་སྤྲིངས་པའོ།། །།དེ་ཡང་ཙ་རི་སྟག་དུ་ནམ་བྱི་གུང་ཐུན་ལ་གནས་མཉམ་དུ་བསྐོར་བའི་གསེབ་ན་ངོ་མཚར་གྱི་རྟེན་འབྲེལ་ཁོ་བོས་འགྲིག་པ་ཤེལ་གོང་མདུན་དུ་མཉམ་པར་གནས་ཀྱང་རྡོ་རྗེ་ཀརྨ་བབས་པ་ལ་དེ་ཉིད་དུ་ཅིར་ཡང་འཆར་ལ་གཞན་མིག་སྐྱོན་མེད་པའི་ཡུལ་ཀྱིས་བརྒྱལ་ཀྱང་ཤེས་རྗེན་ཅེ་རེ་བ་ལྟར་དུ་ངེས་ནས་འདི་བགྱིས་སོ། །གནས་བྱིན་རླབས་སུ་ཆེའོ་མཁའ་སྤྱོད་གྱི་ཙ་རི། །རྒྱུད་གཉན་པོ་ཀུན་ནས་གནས་མཆོག་ཏུ་གསུངས་པ། །གནས་བྱིན་རླབས་སུ་ཆེ་བསམ་ངག་དབང་གི་ནོར་བུ། །སེམས་དད་པ་ལ་བརྟེན་ནས་བསྐོར་བ་ལ་ཆས་སོ། །ལུས་ངལ་དུབ་ཏུ་གྱུར་ཀྱང་ཁུ་འཁྲིག་འདྲ་མེད་པས། །སྔོན་གྲུབ་ཐོབ་ཀྱིས་བྱོན་པའི་བཤུལ་རྗེས་སུ་བསྙེགས་པ། །ཕྱི་རི་མཚོ་ཤིང་གསུམ་དེ་ཙམ་ཞིག་མིན་པ། །ནང་སྤྲུལ་པའི་ལྷ་ཞལ་རིས་མེད་དུ་༼༣༣ན༦༥༽ཤར་བས། མཆོག་ཐུན་མོང་གི་དངོས་གྲུབ་འབད་མེད་དུ་རྙེད་ནས། །ཡུལ་སྣང་དང་རང་སེམས་གཉིས་མེད་དུ་འདྲེས་པ། །རྗེ་ཁོང་ཚོ་དང་མཉམ་པའི་ངོ་མཚར་གྱི་ལྟས་ཙམ། །མི་ང་ལ་ཡོང་བའི་རེ་གོ་ཡང་ཅེ་མཆིས། །གནས་ལྷན་ཅིག་ཏུ་འཁོར་སྙམ་ཡུས་པོའི་གསེབ་ན། །མ་མཁའ་འགྲོས་གཟིགས་པ་ཁོ་བོ་ལ་བྱུང་བས། །རྐྱེན་ཕྱི་ནང་གི་བར་ཆད་རང་སར་ཞི་ནས། །ཉམས་ངོ་མཚར་གྱི་མཚན་མ་དུ་མའི་འཆར་སྒོ། །འཕྲལ་དགོས་འདོད་ཀྱི་རྟེན་འབྲེལ་ཡིད་བཞིན་དུ་འགྲིག་བྱུང་། །ཕྱི་སྣང་བའི་རྐྱེན་ལ་ཁྱད་པར་མེད་ཀྱང་། །རང་མོས་པའི་རྗེས་འགྲོ་མིག་ཅན་མདུན་དུ། །ཤེལ་གོང་སོགས་རྐྱེན་ཞིག་ཁྱད་མེད་དུ་བཀོད་ཀྱང་། །པྲ་བབས་ཀྱི་ན་ཆུང་གཅིག་པུས་མཐོང་ལྟར། །ང་རང་སྣང་ལ་ཡིད་ཆེས་དགའ་ཡོ་སྐྱིད་དོ། །གནས་ཙ་རི་འཁོར་བསམ་ཉམས་དགའ་བློ་བདེ། །དོན་འཆུགས་མེད་འགྲུབ་པས་འབོལ་ལེ་ཤིག་ཤིག །ད་གང་བྱས་བདེ་བའི་གུ་ཡངས་ལ་བསླེབ་བོ། །ཅེས་སོ།། །།ཡུལ་དབུས་གཙང་དག་པའི་ཞིང་ཁམས་སུ། །ལྷ་ཞིང་སྐྱོང་ཌཱ་ཀི་བསུ་མར་བསླེབ། །མ་འགྲོ་དྲུག་སྒྲོལ་བའི་རྟེན་འབྲེལ་ཞིག །དཔལ་ཙ་རི་ཏྲ་རུ་སྒྲིགས་ཤིག་ལོ། །འདིར་སྣང་ལ་དོ་གལ་མ་བྱས་པས། །གནས་ཌཱ་ཀིའི་ཕོ་བྲང་ཆེན་པོར་བསླེབ། །མགོན་རྡོ་རྗེ་བཙུན་མོའི་ལྷ་ཁང་བགྱིས། །དེར་གནས་གསུམ་མཁའ་འགྲོ་གླུ་གར་མཛད། །དེ་མཐོང་ཐོས་བསམ་གཏན་བདེ་བར་རེག །ཨེ་མ་ཧོ་སྐལ་བ་བཟང་ངོ་སྙམ། །དཔལ་རྡོ་བའི་སྙིང་ཕུག་ཆེན་པོར་བསྒོམ། །ཁོང་ཞིང་སྐྱོང་མཁའ་འགྲོའི་གྲལ་ཁྱུར་ཚུད། །ཚོགས་རོ་བརྒྱ་ལྡན་པའི་ཁ་ཟས་མྱོང་། །ལོངས་སྤྱོད་མི་འབྱུང་གི་དོན་མ་མཆིས། །སང་དེ་ནས་སྒྲོལ་མའི་བླ་རི་བརྒལ། །མགོན་ནག་པོ་ཆེན་པོ་བཞུགས་པའི་རོང་། །བྱ་རོག་གདོང་གཏམ་སྙན་དབྱངས་སུ་གྱེར། །དགྲ་གཉའ་རེངས་ཡན་བར་མི་འཆོར་གསུང་། །ས་དེ་ནས་ལ་གསུམ་བརྒལ་བའི་༼༣༣བ༦༦༽ཕུག །མ་རྡོ་རྗེ་ཕག་མོའི་མཚན་སྙན་དུ། །ཕྱོགས་ཤར་ནས་དཀར་གསལ་ཟླ་ཤར་ཚེ། །མི་ཁོ་བོ་འདུག་པའི་བྲག་སྟེང་ནས། །རྫས་ནོར་བུ་ཆུ་ཤེལ་འཛག་པའི་ཆུ། །གོས་དམར་སྟེང་འཁྱིལ་བ་མྱངས་ཀྱིན་ཞིམ། །དེ་ནས་རྐྱེན་མེད་ཀྱི་སྒྲ་ཆེན་གྲག །སང་རྣམ་པར་རྒྱལ་བའི་མཆོད་རྟེན་མཐོང་། །གསར་བྱུང་གི་བདུད་རྩི་སྐོམ་དུ་བསྟེན། །དེར་ས་གཞི་འདར་ཞིང་རི་བོ་འཁྲོལ། །བར་ཆད་དངོས་གྲུབ་འཐབ་པ་ཕྱི་མ་རྒྱལ། །མི་འཇིགས་པའི་སེང་གེའི་ཁྲི་ཆེན་རྙེད། །མཁའ་འགྲོ་མ་འདུ་བའི་རྒྱལ་སྒོ་མཐོང་། །ལྷ་རྣམས་རྒྱལ་ཐུགས་ཀྱི་འོད་ཟེར་ལྔ། །མི་ཁོ་བོའི་སྙིང་གར་ཐལ་གྱིས་ཟུག །ལམ་དཀའ་ཡང་བསྡོས་ཏེ་ཕྱིན་པས་འཚངས། །འོད་འབར་དུ་དགོས་འདོད་ཀྱི་རྟེན་འབྲེལ་འགྲིག །གཡུ་མཚོར་བགེགས་ཚོགས་ཀྱི་བབས་ཞུས་ལོངས། །སྟག་ཚང་དུ་མངོན་སྤོད་ཀྱི་ལས་པར་བསྐོས། །ཉམས་འཕྲལ་སྣང་གི་འཆར་སྒོ་བཤད་མི་རྫོགས། །དུས་མ་འོངས་སྟོན་པ་འདི་ཀ་ཙམ། །ཁྱེད་གྲོགས་ལ་དགའ་ནས་བླངས་པ་ཡིན། །མི་ཀུན་ལ་མི་བསྒྲགས་གསང་བར་འཚལ། །གཏམ་བདེན་རྫུན་ལོ་རས་གསལ་དུ་འགྲོ། །ང་དགའ་ཡོ་སྐྱིད་དོ་ཐོལ་ལེ་རྒྱལ། །ཅེས་སོ།། །།ཡུལ་ཌཱ་ཀིའི་ཕོ་བྲང་དཔལ་གྱི་ཙ་རི། །གསང་ཆེན་གྱི་དཀྱིལ་འཁོར་རིས་མེད་དུ་འཆར་བ། །དེ་འདྲ་ཚོ་འཁོར་བ་སྐལ་བཟང་གི་མེ་ལོང་། །དངོས་གྲུབ་ལེན་ཤེས་འདི་འདུན་མའི་ཡང་རྩེ། །བསམས་ཀྱིན་འཚེངས་པ་འདི་གཏན་གྱི་གཏན་དོན། །དད་ལྡན་བསྐོར་མི་ཚོ་སྐྱིད་པའི་གླུ་ལེན། །གསང་ཆེན་སྣོད་གྱུར་འདིས་དགའ་བའི་བྲོ་བརྡུང་། །བློ་བདེ་དང་གུ་ཡངས་སུ་འབོལ་མོ་འཛོམ་འཛོམ། །དལ་འབྱོར་གྱི་མི་ལུས་དོན་ལྡན་དུ་སྦྱར་ནས། །གཞན་དོན་གྱི་སྙིང་པོ་བྱང་ཆུབ་མཆོག་སྒྲུབ་པ། །དེ་འདྲ་ཚོ་ཤཱཀྱ་ཐུབ་བསྟན་འཛིན་གྱི་མེ་ལོང་། །ལྷ་ཆོས་བྱེད་ཤེས་འདི་འདུན་མའི་ཡང་རྩེ། །བྱས་པས་འཚེངས་པ་འདི་གཏན་གྱི་གཏན་དོན། །དད་ལྡན་མཆེད་ལྕམ་ཚོ་སྐྱིད་པའི་གླུ་ལེན། །སངས་རྒྱས་༼༣༤ན༦༧༽སར་ཆས་འདིས་དགའ་བའི་བྲོ་བརྡུང་། །ཐར་པ་དང་རྣམ་གྲོལ་དུ་འབོལ་མོ་འཛོམ་འཛོམ། །མཚན་ལྡན་གྱི་བླ་མ་ཚུལ་བཞིན་དུ་བསྟེན་ནས། །ཐོས་བསམ་གྱི་མཐར་ཐུག་སྒྲུབ་པ་ལ་སྦྱར་བ། །དེ་འདྲ་ཚོ་བྱ་བཏང་ཚོགས་བའི་མེ་ལོང་། །ཕ་རྗེས་སྙོག་ཤེས་འདི་འདུན་མའི་ཡང་རྩེ། །བློ་རྩེ་གཅིག་འདྲིལ་འདི་གཏན་གྱི་གཏན་དོན། །སྒོམ་ཆེན་གྲལ་རིང་ཚོ་སྐྱིད་པའི་གླུ་ལེན། །ཆགས་ཞེན་མེད་པ་འདིས་དགའ་བའི་བྲོ་བརྡུང་། །འོག་མིན་གནས་མཆོག་ཏུ་འབོལ་མོ་འཛོམ་འཛོམ། །ཞེས་པ་འདི་ཡང་ཤར་མེ་རག་མདོ་པ་སངས་རྒྱས་རྒྱ་མཚོ་དང་། །བསོད་ནམས་འབྲུག་རྒྱལ་གཉིས་ཀྱིས་བསྐུལ་བའི་ངོར་པདྨ་དཀར་པོས་སྦྱོར་བའོ།། །།མ་འགྲོ་དྲུག་གི་དོན་དུ་རབ་དམིགས་ནས། །ཕ་མཚན་ལྡན་གྱི་བླ་མར་བློ་གཏད་དེ། །སེམས་བཅོས་མིན་གྱི་ངང་དུ་མཉམ་པར་ཞོག །ཚོགས་དྲུག་གི་སྣང་བ་མི་དགག་ལ། །གསར་སྐྱེས་ཀྱི་རྟོག་པའི་རང་ངོ་བལྟ། །ཆུ་ཐོག་ཏུ་ཆུ་རྒྱུན་བླུག་པ་བཞིན། །རྐྱེན་རང་གྲོལ་གྱི་ཉམས་ལེན་བློ་བདེ་པོ། །བོགས་རླུང་རྩོལ་གྱིས་བཏོན་ན་གསལ་ཉམས་ཆེ། །ཡིད་མི་རྟོག་པའི་ངང་དུ་འབྱམས་ཀླས་ན། །རང་ཅི་འདོད་ཀྱི་མངོན་ཤེས་རྫུ་འཕྲུལ་འགྲུབ། །དེ་མྱུར་ལམ་གསོལ་འདེབས་ཀྱི་ཟབ་མོ་ཡིན། །ཐུན་མཇུག་ཏུ་དགེ་བ་གཞན་དོན་བསྔོས། །ཐུན་མཚམས་སུ་གཏོར་མཆོས་སྤྱོད་རེམ། །བདེན་གཉིས་ཟུང་འབྲེལ་གྱི་ལམ་ཆེན་པོ། །སངས་རྒྱས་སུ་འགྲོ་བའི་སྟགས་ཀ་ཡིན། །ནོར་ཡོད་དགུ་དགེ་སྦྱོར་གྱི་བྱ་བཏང་ཁྱོད། །གནས་འདི་འདྲར་བསྒོམ་པ་སྐལ་བ་བཟང་། །ཚེ་འདི་དང་ཕྱི་མ་ཐམས་ཅད་དུ། །འབྲལ་མེད་ཀྱི་སྨོན་ལམ་ཁོ་བོས་འདེབས། །ཞེས་སྟང་རྩ་དགེ་སློང་ཀུན་དགའ་དབང་ཕྱུག་ཙ་རི་ཏྲར་ལོ་མཚམས་ཀྱི་བཅད་རྒྱར་གནས་པའི་བྱ་དགར་པདྨ་དཀར་པོས་གདམས་པའོ།། །།ལྟོ་གོས་གཏམ་གསུམ་ལ་རྩི་གཞག་བསྒྱུར་བ་ནོ། །༼༣༤བ༦༨༽འཇིག་རྟེན་ཆོས་བརྒྱད་ལ་ཐེག་བརྫིས་བྱེད་པ་ནོ། །ཚེ་འདི་བློས་གཏང་ལ་ཉམས་ལེན་བྱེད་པ་ནོ། །ཆོས་རྗེ་རྒྱ་རས་ཀྱི་རྣམ་ཐར་སློབ་པ་ནོ། །ལོ་རྒོད་རྣམ་གཉིས་ཀྱི་སྲོལ་ལ་འཇུག་པ་ནོ། །ཕ་རྗེས་བུས་གསེབ་ཀྱི་གོ་ཆ་གྱོན་པ་ནོ། །རི་ཁྲོད་དབེན་དང་ལ་ཕ་ཡུལ་བྱེད་པ་ནོ། །ཞེན་ལོག་སྙིང་རུས་ལ་པ་ནོར་བྱེད་པ་ནོ། །སྙིང་རྗེ་དང་མོས་གུས་ལ་གྲོགས་པོ་འཆོལ་བ་ནོ། །སྟོང་ཉིད་ཟབ་མོ་ལ་རྟེན་ཕུར་འཛུགས་པ་ནོ། །ཆགས་སྣང་རྨོངས་གསུམ་ལ་རོ་སྙོམས་བྱེད་པ་ནོ། །རང་དོན་ཡིད་བྱེད་ལ་དགྲ་རུ་ལྟ་བ་ནོ། །སེམས་ཅན་ཀུན་དོན་ལ་ལག་ལེན་བྱེད་པ་ནོ། །ཞེས་པ་མཚོ་ཡུལ་པདྨ་གླིང་དུའོ།། །།ལྷ་བཟང་པོ་དཀོན་མཆོག་རིན་ཆེན་གསུམ། །མཚན་སྙན་པོ་བཤད་ན་འབྲུག་པའི་རྗེ། །ཕ་དེ་ལ་དད་པའི་གསོལ་འདེབས་མཁན། །ངེད་རྣལ་འབྱོར་གྱི་བྱུང་ཚུལ་འདི་ལྟར་ཡིན། །ཡུལ་གྲགས་པ་ཅན་གྱི་ཀོང་པོར་སྐྱེས། །ཐོག་མེད་ཀྱི་རིགས་བདག་བླ་མར་བསྟེན། །ལོ་གསུམ་གྱི་ངོ་ན་ཆོས་དང་མཇལ། །སྔར་སྦྱངས་ཀྱི་ལས་འཕྲོ་ཡིན་ལུགས་སད། །རིགས་རྒྱུད་དང་སྐྱེས་ས་མི་དྲག་ཀྱང་། །མི་ཆེན་གྱི་ཁྲོད་དུ་འབད་མེད་ཚུད། །འབངས་ཆབ་སྲིད་བོད་ཡུལ་སུ་ཆེར་དོ། །ཆེ་བཙུན་གྱི་བློ་གཏད་བཤད་མི་རྫོགས། །ཚེ་འདི་ཀས་འཐུས་ན་དེ་ཀས་འོང་། །རིག་གནས་ཀུན་མ་བསླབས་ཁོང་དུ་ཆུད། །ཡི་དམ་གྱི་བྱིན་རླབས་ངོ་མཚར་ཆེ། །དུས་ད་ལྟ་དབུས་གཙང་དག་པའི་ལྗོངས། །སུ་མཁས་ཀྱི་ཚོགས་སུ་རྩོད་ཀྱིན་དུ། །མི་ཁོ་བོའི་ཤེས་པར་འགྲན་མཁན་མེད། །མཐོས་དོགས་ཀྱི་ཟུག་རྔུ་ལྡང་བ་མང་། །གཟུར་གནས་ཀྱིས་སྨྲ་བའི་དབང་པོར་བསྔགས། །ཆོས་ཤེས་རྒྱུའི་སྦག་སྦུག་བྱེད་མ་དགོས། །ཆོས་བཤད་ལ་འགྲན་མེད་ཅིས་མི་འོང་། །སྡོམ་གསུམ་གྱི་ནོམ་པ་ཚུལ་བཞིན་བླངས། །གཞན་ཕན་གྱི་ཆེད་དུ་སྒོ་གསུམ་བཀོལ། །རང་དོན་གྱི་གཉེར་ཁ་རྒྱང་དུ་བྲིམས། །གནོད་བྱས་ཀྱི་ལན་དུ་བདེ་བ་སྤྲོ། །༼༣༥ན༦༩༽སྨན་ལན་དུ་དུག་འཇལ་ལ་མི་ཁྲོ། །ཕྲག་དོག་གིས་གཞན་ལེགས་དགག་མ་མྱོང་། །རང་རྒྱུད་ལ་ཉོན་མོངས་ཡན་མི་གཏོང་། །ཁ་འཇམ་གཏིང་རྩུབ་ལ་ཁྱད་གསད་བྱས། །ཚེར་མ་དར་བསྟུམས་དང་ཅུང་མི་འདྲ། །མི་ཚེ་རབ་ཅིག་འདྲ་དེས་ཕྱིར་མོད། །ང་དེ་ཀུན་གྱིས་བློ་ཁ་མ་རྫོགས་ནས། །རྗེ་རས་ཆེན་འདྲ་བའི་ཆོས་ཅིག་བསམས། །འཇིག་རྟེན་ཆོས་བརྒྱད་ལ་རྔོག་བརྫིས་བྱེད། །སྙིང་ནས་ཀྱི་ཐར་པ་སྒྲུབ་ལ་འགྲོ། །མི་ངེད་ཀྱི་རྗེས་སུ་འཇུག་པ་དཀའ། །ཁྱེད་ལྷ་ཡི་སྲས་མོ་དད་པ་ཅན། །བློ་རྩེ་གཅིག་མཚན་ལྡན་བླ་མར་གཏོད། །ལས་མི་དགེ་བཅུ་ལ་མཛེས་པ་དང་། །དཀར་པོ་དགེ་བ་བརྩོན་པས་བསྒྲུབས། །འདི་ཕྱི་བར་གསུམ་དུ་ལེགས་པའི་ཐབས། །ཞེས་སྤེལ་བྱུང་ནས་ཨ་ཆེ་བསོད་ནམས་དབང་མོས་བསྐུལ་བའི་ངོར་པདྨ་དཀར་པོས་མཁོ་མཐིང་ལྷ་ཁང་ཆེན་པོར་བྲིས་པ་དགེ། །ཐུབ་བསྟན་ལང་ཚོ་བདོ་བའི་ཐང་བྱམས་པ་ཆེན་པོའི་ཆོས་ཀྱི་གླིང་དང་ཁང་ཉེ་བའི་ལྗོན་ཤིང་གི་གསེབ་ཏུ་གནས་པའི་ནུབ་གཅིག་རྨི་ལམ་དུ། །གནས་བརྟན་མཁས་པར་རློམ་པའི་བཙུན་པ་རྒན་སེབ་པ་ཞྭ་ཅན་ཞིག་ན་རེ། །ཁྱོད་མདོ་རྒྱུད་སྡེ་རབ་འབྱམས་ལ་སྦྱངས་པ་མ་བྱས་པར་ཤོད་མི་འོས། །ཆོས་ལ་བརྒྱུད་པ། །དེ་ཡང་ཐོས་བསམ་བྱས་པ་བར་མ་ཆད་པ་དགོས་པ་ཡིན། །གཞན་མཁའ་འགྲོའི་ཆད་པ་འོད་ཟེར་བའི་ལན་འདི་སྐད་བཏབ་པ་རྨིས་སོ། །རྗེ་ན་མོ། །དུས་གསུམ་གྱི་སངས་རྒྱས་སྐད་གྲགས་ཅན། །མཚན་ལྡན་གྱི་སློབ་དཔོན་འདི་ཁར་འདུག །དེ་ཕྱིར་བརྒྱུད་བརྒྱུད་ཀྱི་ཉེ་རིང་བཞག །བློ་བླ་མར་བཀལ་བ་ངེད་ཀྱི་ལུགས། །ཕ་རྡོ་རྗེ་འཆང་ཆེན་ངག་གི་དབང་། །འཁོར་མང་པོ་འདུས་པའི་ཚོགས་དབུས་སུ། །མི་ཁོ་བོའི་སྙིང་ལ་ཕྱག་མཛུབ་གཏད། །བསླབ་སྦྱང་གི་ངལ་བ་བྱ་མི་དགོས། །ཆོས་ཀུན་ཤེས་འདི་ནས་རང་བརྡོལ་འོང་། །ལྷག་པར་གཞན་དོན་གཤེགས་ཀའི་དུས། །༼༣༥བ༧༠༽མི་ཁྱོད་དང་ཆོས་སྐྱོང་ཕྱག་བཞི་པར། །སངས་རྒྱས་ཀྱི་བསྟན་པའི་ཁུར་བབ་གསུང་། །དེ་སྙིང་ལ་མ་བརྗེད་བྲིས་པའི་ཕྱིར། །དུས་ད་ལྟ་ཆགས་སྡང་གི་ཚེར་དོང་བུ། །ཟུང་རྔུ་ལ་མ་འཛེམ་བསྟན་པ་སྤེལ། །མི་བདག་གི་ལག་པའི་སྙིམ་པ་ཟུང་། །ཕ་རྗེ་བཙུན་ཕྱག་གིས་བཅངས་བཅངས་ནས། །སྟེང་འོག་དང་ཕྱོགས་བཞི་མཚམས་བརྒྱད་དུ། །བསྟན་པ་དར་ཞིང་དུ་རྒྱས་པའི་རྒྱུད། །ཁྱོད་ཉིད་གྱུར་ཅིག་གི་སྨོན་ལམ་མཛད། །བདེན་སྟོབས་ཀྱི་ཕུལ་འདིས་ཕྱོགས་དུས་གར། །མི་ཁོ་བོའི་འཕྲིན་ལས་ནུབ་མི་སྙམ། །གཞན་དུ་ཡང་རྗེ་བཙུན་བཙུན་མོ་ཅན། །དཔལ་ཨ་ཝ་དྷཱུ་ཏིའི་ཞལ་སྔ་ནས། །སྙན་རྒྱུད་ཀྱི་གདམས་ངག་ཅི་འཕྲོད་མཛད། །ལག་ཁྲིད་ཀྱི་འཕྲང་ལ་བརྡར་ནས་ཞུས། །ཕྱོགས་འདི་ལ་རྨོངས་པ་ཡིད་ཆེས་ཕྱིར། །བཀའ་ཐོབ་དང་ལུང་ཐོབ་ཙམ་གྱིས་ཆོག །མངལ་གནས་ཀྱི་དྲ་མི་མྱུར་དུ་བྱང་། །ཚིག་རེ་ལ་ཟབ་རྒྱས་ཀྱི་གཏེར་འདོན་ངེས། །མཆེད་ལྕམ་དྲལ་འདུས་པའི་དབུས་སུ་གསུང་། །རྗེ་རྡོ་རྗེ་གླིང་པ་མཐུ་སྟོབས་ཞབས། །ཇི་སྙེད་ཀྱི་དཔེ་ཀུན་ལག་གཏད་ནས། །ཁྱེད་ནཱ་རོ་ཆོས་ཀྱི་སྤྱན་ལྡན་ཡིན། ཆོས་ཀུན་གྱི་རྡོ་རྗེ་སློབ་དཔོན་འོས། །ཁྱད་པར་དུ་དུད་སོལ་ལྷ་མོ་ལ། །ང་ཕྱིན་ཆད་ད་ཕྱིར་མི་དགོས་ཀྱི། །མི་འདི་ཡི་ལུས་དང་གྲིབ་མར་འགྲོགས། །ཅི་བཅོ་བའི་ལས་ཀ་བགྱི་ཞེས་གདམས། །དེ་བདེན་པའི་དཔང་དུ་མཆེད་གྲོགས་མང་། །ཕ་གྲུབ་ཐོབ་གསུམ་གྱིས་བྱིན་གྱིས་བརླབས། །ལུང་བསྟན་དང་རྗེས་སུ་གནང་བ་ཐོབ། །ཁོང་ཕྱོགས་བཅུའི་སངས་རྒྱས་བྱོན་ལགས་ཀྱང་། །དོན་དེ་བས་ལྷག་པ་ཡོད་སྙམ་མེད། །ཚེ་འདི་ལ་རྣམ་པར་གཡེང་བའི་ངང་། །མི་གཞན་མ་བྱ་བྱ་སྦྱང་མ་ཁོམ། །འོན་ཀྱང་དུ་ཤེས་བྱ་རིག་པའི་གནས། །ཕལ་ཆེར་ལ་མ་རྨོངས་མཁས་པར་གྲགས། །དུས་ད་ལྟ་སྡེ་སྣོད་འཛིན་པའི་ཁྲོད། །མི་ཁོ་བོའི་དོ་ཡ་ནོན་མཁན་མེད། །ང་དེ་ཕྱིར་ཤེས་ནས་འཆད་པ་ཡིན། །གནང་བ་ཐོབ་ནས་རྩོམས་པ་ཡིན། །ལོག་སྨྲ་འདུག་ནས་རྩོད་༼༣༦ན༧༡༽པ་ཡིན། །འདི་བསམས་ཀྱིན་རྗེ་བཙུན་ལུང་བསྟན་དྲན། །དྲན་གྱིན་དུ་གདུང་ཤུགས་ཇེ་ཆེར་ཐལ། །ཞེས་ནམ་སེང་ཕྲལ་ཟིན་བྲིས་སུ་བྱས་སོ།། །།དཔལ་གང་གི་ཞབས་སྐྱེས་འཁོར་ལོ་ཟུང་། །སུ་དད་པས་ཐོད་བཞིན་བསྟེན་པ་དེ། །དགྲ་མི་མཐུན་ཕྱོགས་ལས་རྣམ་རྒྱལ་བའི། །མགོན་རྒྱལ་བ་རྒྱ་མཚོའི་གྲལ་ཁྱུར་འཛུད། །ད་དེ་ཕྱིར་དད་པས་གསོལ་བ་འདེབས། །ཁྱོད་ཉོན་དང་ཆོས་མཛད་སྒྲུབ་པ་པོ། །བློ་རྩེ་གཅིག་སངས་རྒྱས་བསྒྲུབ་ཟེར་ན། །མ་ཁམས་གསུམ་འགྲོ་ལ་སྙིང་རྗེའི་བློས། །ཚེ་འདི་ཕྱིའི་སྐྱབས་མགོན་བླ་མར་ཞུས། །དུས་རྒྱུན་ཆད་མེད་པའི་གསོལ་བ་ཐོབ། །ཆོས་ཀུན་གྱི་གནས་ལུགས་ཇི་ལྟ་བ། །རང་སེམས་ལས་གཞན་དུ་མི་རྙེད་པས། །སེམས་ཇི་བཞིན་བཞག་པ་སྒོམ་པའི་ལམ། །ཕྱིས་གཉེན་པོས་བཅོས་སླད་མི་གཞུག་པར། །གང་ཤར་གྱི་སྟེང་དུ་རྒྱ་ཡན་གློད། །མཉམ་ཉིད་ཀྱི་གློང་དུ་འབྱམས་པར་མཆིས། །མ་བཅོས་ལྷུན་གྲུབ་ཀྱིས་འབྲས་བུ་འབྱུང་། །ཕ་བཀའ་བརྒྱུད་བླ་མའི་གསང་ཚིག་ཡིན། །ཁོང་ཀུ་ས་ལི་པའི་སྨན་སྦྱོར་ཏེ། །བཀའ་མདོ་རྒྱུད་ཀུན་གྱི་ཞེ་ཕུགས་ལགས། །ཞེས་རོང་ལུང་བསྟན་དགོན་པ་དཔོན་སློབ་རྣམས་ཀྱིས་ཞུས་པ་ལའོ།། །།རྗེ་བླ་མའི་སྒྲུབ་གནས་རོང་རི་འཐུལ་དུ་གནས་འབྲེལ་ཙམ་བགྱིས་པའི་ནུབ། །བཙུན་པ་ཆེན་པོ་གཅིག་གིས་བྱང་དྲངས་ཁྲོམ་ཚད་མེད་པ་ཞིག་ཁོ་བོ་ལ་དགའ་བའི་ལུགས་ཀྱིས་བསྙེན་བཀུར་འཕྲོས་པ་སྣ་ཚོགས་གཏམ་དུ་བགྱིད་པའི་རྨི་ལམ་ཅུང་ཟད་གསལ་བཏབ་པ། ཁྱོད་འདིར་ཚོགས་ལྟ་འདྲེ་གྲོས་བྱས་ནས། མཐོ་འཚམ་དམག་གི་བསྐོར་ལགས་ཀྱང་། །ཕ་ཆོས་ཉིད་བདེན་པ་གཟིགས་པ་དེས། །བློ་བདེ་བའི་རྩལ་དུ་ཁྱེར་བས་སུ། །བར་ཆད་བདུད་ཀྱི་སྐབས་མ་ཕྱེ། །དེར་ཡ་མཚན་ཁྱེད་ཀྱིས་མཚན་གསོས་པ། །དཔལ་སྒྱུ་མའི་གར་མཁན་རིན་པོ་ཆེ། །ཁྱེད་ཐམས་ཅད་བཀའ་ཡི་འབངས་སུ་བགྱིས། །དེ་མི་ཏྲ་ཛ་གིའི་༼༣༦བ༧༢༽ཐུགས་རྗེའི་རླབས། །མི་ཁོ་བོའི་སྙིང་ལ་གསོས་སུ་བརླན། །བློ་པདྨ་དཀར་པོའི་འདབ་བརྒྱ་ཕྱེ། །ཆོས་ལེགས་བཤད་དྲི་བཟང་ཁུངས་སུ་སོང་། །མགོན་འཇམ་པའི་དབྱངས་ཀྱི་གདན་དུ་ཕུལ། །ཁོང་བློ་གསལ་སྙིང་ག་སིམ་མོད་ཀྱང་། །ཉམས་བདུད་རྩིའི་ཟིལ་དངར་རྒྱས་པའི་ཕྱིར། །ས་འདིར་ཡང་བག་ཕེབས་གྲོགས་སུ་བསྙེན། །དེ་ལྷ་མི་ཚོགས་པའི་དགའ་སྟོན་ཡིན། །རྗེ་དམ་པའི་བཀའ་བཏགས་རྗེས་དགོངས་ལ། །གནས་འདིར་བསྒོམ་འགལ་རྐྱེན་མི་འབྱུང་བར། །ཡིད་མཐུན་པའི་དོན་ཀུན་གྲུབ་པར་མཛོད། །ཅེས་སྨྲས་སོ།། །།དེ་ལ་གནས་བསྟོད་དུ་བགྱིས་པ། །རྗེ་ན་མོ། །སྟེང་བྲག་དམར་ཟུར་གསུམ་རྩེ་མ་ཐོབ། །དེ་སྔོན་མོ་གནམ་གྱི་གྲོགས་འོས་སྙམ། །མཚམས་ཆུ་འཛིན་འཐུག་པོས་སྦྱར་བ་ཡིས། །གཏམ་སྙན་པ་འབྲུག་གིས་ཆེས་ཆེར་སྒྲོག །ཉམས་དགའ་པའི་རོལ་པ་གློག་གི་རྩེས། །སྒྲ་འུར་འུར་གནམ་ལྕགས་ཐོག་གིས་སྦྱོར། །ཡིད་སེམ་པ་ཟླ་ཤེལ་ཁུ་བས་སྐྱེད། །དེ་ངོ་མཚར་ལྷ་ཡི་སྐྱེད་མོས་ཚལ། །བར་གཡའ་སྡང་འཐབ་པ་འཇའ་ཚོན་འདྲ། །ནད་བརྒྱ་རྩ་འཇོམས་པའི་སྨན་ཀུན་འཁྲུངས། །བྱ་ཡིད་འོད་དུས་ཀྱི་སྒྲ་སྙན་བསྒྱུར། །ཆུ་དངས་མོ་རྫིང་དུ་འཁྱིལ་བ་ཅན། །རི་གཡས་གཡོན་སྤང་པོ་ངོས་གཟར་བ། །དབྱར་མཐོན་ཁའི་ནེ་གསིང་བརྡལ་བ་ལ། །བློ་སྤྲོ་བའི་མེ་ཏོག་ཚལ་དུ་ཆགས། །ཁོང་བུང་བ་གླུ་ལེན་ལྡིང་བའི་ཁྲོད། །ལྷ་གཉན་པོ་ཀུན་གྱི་རྩེད་འཇོ་རྩོམ། །སྨན་མཚར་མོའི་དོར་གཟིགས་མོར་ཆེ། །ས་དེ་འདྲའི་སྐྱིབས་ན་བསམ་གཏན་ཁང་། །ཕ་ནམ་མཁའ་རྡོ་རྗེའི་གྲོང་བཞུགས་པ། །གནས་རྡོ་རྗེའི་གདན་དང་མཚུངས་པ་ཡོད། སྨད་བྲག་རི་ནགས་ཚལ་དྲ་བ་ཅན། །གཅན་གཏུམ་པོའི་ངུར་སྒྲ་སྐྱི་ཤ་གཡའ། །ཆུ་དྲག་པོའི་ཧཱུཾ་སྒྲ་བ་སྤུ་ལྡང་། །འདྲེ་ལྟ་སྲིན་གྱི་གས་སྒྲ་ཞེ་རྩ་འཇིགས། །མི་སྐལ་མེད་ཀྱི་སྲོག་ལ་ཧབ་བཤའ་ཡོང་། །གྲོགས་སྐལ་ལྡན་གྱི་ཚོགས་ལ་སྤ་བཀོང་ནས། །མཐར་དངོས་གྲུབ་སྟེར་བའི་གཉེན་དུ་ཁུགས། །༼༣༧ན༧༣༽ས་དེ་ལ་མཚན་སྙན་རོང་རི་འཐུལ། །མདུན་རྡོ་བོད་མཚམས་ཀྱི་གངས་རི་རྣམས། །འཕྲལ་སྐྱོ་ཤས་ཀྱི་དགེ་བསྐུལ་ཆེ་ལ་བདར། །རྐྱེན་བསེར་བུས་བྱིང་བ་སེལ་བའི་དཔྱིད། །ཚེ་བློས་བཏང་གི་འབྱོན་ས་འདི་ན་གདའ། །ཞེས་སོ།། །།སྡོན་བྱོན་གྲུབ་ཐོབ་ཀྱི་པདྨ་འབྱུང་། །ཕྱིས་དར་པ་རྗེ་བཙུན་རས་ཆུང་ནས། །ཕ་སྒྱུ་མའི་གར་མཁན་ཡན་ཆོད་དུ། །སྐྱེས་ཆེན་གྱིས་བྱིན་བརླབས་བྱར་བུའི་ནགས། །དཔལ་རྡོ་རྗེ་གཞོན་ནུ་སྒྲུབ་པའི་གནས། །ས་དེར་ཡང་རྣལ་འབྱོར་སྒྱུ་མའི་འཕྲུལ། །ངེས་འགའ་ནི་མི་ཆེན་གྱི་ཚོགས་དབུས་ན། །སྡིག་སྤྱོད་ལ་ཙ་ར་བདའ་འདེད་པ། །འགའ་ཞིག་ཏུ་རབ་བྱུང་བཙུན་པའི་གསེབ། །ལུང་རིགས་ཀྱིས་ཆོས་ལོག་སུན་འབྱིན་མཁན། །ལ་ལ་ན་ཕ་རྗེས་བུས་སྙོག་པའི། །ཚེ་བློས་བཏང་རྣལ་འབྱོར་བྲེལ་བ་ཅན། །བརྟགས་ན་བྱར་མེད་ཀྱི་རྣལ་འབྱོར་པ། །མ་བརྟགས་པའི་ངོ་ན་ལས་མང་པོ། །འདི་ཐམས་ཅད་གཞན་དོན་གྱི་རྩལ་སྦྱོང་ཞེས། །ཉམས་དགའ་ནས་རྒྱ་གླུ་འཐེན་ལགས་ཀྱི། །ཁྱེད་བློ་ཁ་ཚིམ་མམ་དད་ལྡན་རྣམས། །དབྱངས་མཆོད་པའི་རྫས་བཞེས་ཌཱ་ཀི་མ། །ཞེས་སོ།། །།བྱང་དམ་རིངས་ཀྱི་ཆོས་གྲྭ་ཆེན་པོར་དགེ་བའི་བཤེས་གཉེན་སློབ་དཔོན་འབུམ་རབ་འབྱམས་པ་ལ་བསྲིངས་པ། །དཔལ་སྙིང་པོ་དོན་གྱི་བསྟན་འཛིན་ལ། །རྒྱ་གར་ན་གྲུབ་ཐོབ་བརྒྱད་ཅུ་བཞི། །བོད་ཡུལ་ན་དགས་པོ་བཀའ་བརྒྱུད་ཙམ། །གཞན་ཐ་སྙད་ལ་སངས་རྒྱས་དངོས་སུ་རེ། །ངེད་བཅོས་མིན་གྱི་ལམ་པ་ཕྱག་རྒྱ་ཆེ། །གཤིས་རྣམ་དབྱེས་བཏང་བའི་ལྷན་ཅིག་སྐྱེས། །རང་གཞན་གྱི་སྟོང་པ་སྒྲོ་བཏགས་ཡིན། །ཁྱབ་གདལ་དུ་འཇོག་ཤེས་ཅིག་ཅར་བ། །སེམས་སྐྱེ་མེད་རིམ་པའི་ཕྱོགས་ལ་ནི། །རྩེ་གཅིག་དང་སྤྲོས་བྲལ་རོ་གཅིག་དང་། །སྒོམ་མེད་ཀྱི་ལྷན་ཅིག་སྐྱེས་རྣམ་བཞི། །མི་ཐོད་བརྒལ་འཇུག་པའི་ལམ་རིམ་མོ། །སེམས་ཤིན་སྦྱངས་ཡིད་བྱེད་ཀྱི་རང་བཞིན་ལ། །མིང་རྩེ་གཅིག་ཕ་རྒྱུད་༼༣༧བ༧༤༽པ་སེམས་དབེན་ཟེར། །སེམས་རྣམ་བཅས་དམིགས་པ་ཉེར་ཞི་ལ། །སྤྲོས་བྲལ་ཏེ་མངོན་པར་བྱང་ཆུབ་པ། །སྔར་དུ་མར་གཟུང་བ་གཅིག་ཏུ་འདྲེས། །དེ་རོ་གཅིག་སློབ་པའི་ཟུང་འཇུག་སྟེ། །གློ་བུར་གྱི་བརྫུས་མ་ཐམས་ཅད་ཟད། །ལམ་གཞིར་ཕེབས་སྒོམ་མེད་མི་སློབ་པ། །དེ་རེ་རེ་ཆུང་འབྲིང་ཆེན་པོའི་ཚུལ། །ཉམས་མྱོང་གི་སྤུ་རིས་རིམ་གྱིས་པ། །དེ་ལྟ་བ་གཏན་ལ་འབེབས་ཚུལ་ཡིན། །ལུས་བྱེད་བཅིངས་ཁ་སྦྱོར་རླུང་གནད་ཀྱིས། །ཡུལ་ཐིག་ལེས་རྩ་རྣམས་སྦྱངས་པའི་མཐར། །དཔྱིད་བདེ་བའི་སྙོམས་འཇུག་ལ་ཞུགས་པས། །ཉམས་ཐུན་མོང་ཁྱད་པར་མཆོག་གསུམ་འཆར། །དཔེ་ཅན་གྱི་སྒྱུ་མ་ཀུན་གྱིས་སྨྲ། །ལྟ་གཟུགས་ཀྱི་རོལ་མོ་གསང་སྔགས་པ། །མཆོག་རྣམ་པ་ཀུན་ལྡན་འདི་ཤེས་པས། །དེ་སྣང་རྨི་བར་དོའི་ལམ་ཁྱེར་ཡིན། །ཕྱི་མངོན་བྱང་མཚོན་བྱེད་དོན་དམ་པ། །སེམས་རྟོག་པ་སྔ་ཕྱིའི་བར་དུ་འབར། །གཉིད་དུས་སུ་མངོན་སུམ་བྱེད་འདིའི་ཁྱད། །འཆི་དུས་སུ་ཅིས་ཀྱང་རྩལ་རྫོགས་ལོ། །སྐལ་དམན་ལ་འཕོ་བའི་སྐྱེས་མེ་ཞེས། །འདི་སྒོམ་པ་ལམ་གྱི་ཁྱེར་སོ་ཡིན། །སྔོན་འགྲོ་ལ་མི་མཐུན་བྱུང་ན་དགའ། །དངོས་གཞི་སྟོང་ཉིད་མ་བཅོས་པ། །རྣམ་རྟོག་དང་ཉོན་མོངས་ལྟ་འདྲེ་དང་། །སྡུག་བསྔལ་དང་ན་ཚ་འཆི་བ་སོགས། །རི་མཉམ་དུ་ཁྱེར་བ་སྤྱོད་པ་ཡིན། །ཚིག་ཆ་ཙམ་འབུམ་ཕྲག་གཞུང་འཛིན་པ། །ཆོས་བཤད་པས་གོ་བ་དེ་ལ་གདམས། །ཞེས་སོ།། །།གཅིག་ཤེས་ཀུན་གྲོལ་གྱི་བླ་མ། །སྙིང་གའི་ཐིག་ལེ་ལ་བཞུགས་པས། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། །འཛད་མེད་ལེགས་བཤད་ཀྱི་གང་བྱུང་། །མ་བཅོས་མཉམ་གཞག་གི་དང་ན། །སྣང་གྲགས་ལྷ་ཞལ་དུ་མཐོང་བས། །ཅི་བྱེད་གཞན་དོན་དུ་གྱུར་ནས། འཕྲིན་ལས་ཕྱོགས་མེད་དུ་ལྡན་སོང་། །སེམས་གཡེང་བར་བཅད་དུ་ཤེས་ཏེ། །ཡེངས་མེད་དྲན་པ་རུ་བརྟེན་པས། །བདུད་རིགས་ཆོས་སྐྱོང་དུ་འགྱུར་ནས། །༼༣༨ན༧༥༽གང་བསྒོ་དང་ལེན་ལ་ཆས་བྱུང་། །ལས་འབྲས་ཚུལ་བཞིན་དུ་གོ་བས། །འཁོར་བ་སྡུག་བསྔལ་དུ་ཤེས་ཏེ། །ཀུན་འབྱུང་གཉེན་པོ་ལ་འབད་པས། །ཐར་པ་གཏན་འདུན་ལ་ཁུགས་བྱུང་། །ཞི་བདེ་རང་དོན་དུ་ཤེས་ནས། །སྐད་ཅིག་དེ་དབང་དུ་མ་བཏང་། །སྒོ་གསུམ་གཞན་ཕན་ལ་བསྔོས་པས། །སྐྱིད་སྡུག་གདམ་དེ་དང་བྲལ་སོང་། །སྣང་བ་རྩལ་སྦྱོར་ལ་ཁོ་ནས། །སྦྱིན་སོགས་ཆོས་སྤྱོད་ལ་བརྩོན་བཞིན། །ཞེན་པ་རང་གྲོལ་དུ་བཏང་བས། །འཁོར་གསུམ་ཡོངས་དག་ཏུ་གྱུར་སོང་། །གང་ཤར་རང་རིག་གི་ལོངས་སྤྱོད། །སྣང་མེད་གཤིས་ལུགས་ཀྱི་བབས་གཉིས། །བལྟ་བྱ་ལྟ་བྱེད་དུ་འདྲེས་ནས། །མཉམ་ཉིད་ཁྱབ་གདལ་དུ་ལངས་སོང་། །མཁའ་ཁྱབ་སེམས་ཅན་གྱི་དོན་ལ། །འབད་མེད་སྒྱུ་མ་ཡི་རོལ་རྩེད། རྟོགས་ལྡན་རྣལ་འབྱོར་གྱི་བྱ་གཞག །ཁ་སྐད་མིང་རྐྱང་དུ་མ་ལུས། །ཅེས་པ་འདི་ཡང་བླ་མ་ནེའུ་རིངས་པ་ཆོས་སྐྱོང་བདེ་ལེགས་འགྲོ་དོན་ཇི་ལྟར་བྱེད་འདྲི་བ་ན་རང་ལུགས་ཀྱི་འགྲོ་དོན་འདི་ལྟར་བྱེད་ཅེས་གདམས་པའོ།། །།དེ་ལྟར་ཀུན་མཁྱེན་པདྨ་དཀར་པོ་དགུང་ལོ་ལྔ་བཅུ་ལ་ཕེབས་པ་ཡན་གྱི་རྡོ་རྗེའི་གླུ་ཇི་ལྟར་རྙེད་པ་ཕྱོགས་གཅིག་ཏུ་བསྡེབས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་ཡང་དག་པའི་ལམ་ལ་སྐལ་བ་བཟང་པོ་དང་ལྡན་པར་གྱུར་ཅིག། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱིད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།