Nitartha Digital Library
Tibetan
 
no previousno next

༄༅། །རྩོད་ལྡན་འགྲོ་བའི་འདྲེན་པ་ཆེན་པོ་༧པཎ་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་ཐུན་མོང་ཕྱིའི་མཛད་རྣམ་བཅོས་མིན་དྲང་པོའི་བདེན་གཏམ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེའི་རང་གཟུགས་༧་མཁན་ཆེན་དགེ་ལེགས་ཆོས་འཕེལ་རིན་པོ་ཆེའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།

 

                            མཚན་ཙམ་ཐོས་པས་འཇིགས་རུང་སྲིད་པའི་སྨག །

                            ཕ་མཐར་བསྙིལ་ནས་དགེ་ལེགས་འདབ་སྟོང་ཚལ། །

                            རྒྱས་མཛད་མཆོག་གསུམ་སྲིད་པའི་སྒྲོན་མེ་ཡིས། །

                            སྭ་སྟིའི་འོད་སྣང་འབུམ་གྱིས་མཛེས་གྱུར་ཅིག །

 

                            བསྐལ་པ་བཟང་པོའི་རྫོགས་ལྡན་ཉིན་བྱེད་ནུབ་རིར་ཡོལ། །

                            སྙིགས་ལྔའི་སྨག་ཆེན་འཐིབ་ལ་ཕྱོགས་ཚེ་ཉམ་ངའི་འགྲོར། །

                            བརྩེ་ཆེན་ཐུགས་རྗེའི་བདུད་རྩིའི་འོད་སྣང་སྤྲོ་བའི་བཤེས། །

                            ཐུབ་ཆེན་ཤར་གྱི་ཐིག་ལེའི་ཟེར་གྱིས་ཡིད་མཚོ་སྐྱོངས། །

 

                            ཟབ་གསལ་མཁྱེན་པའི་ཆུ་འཛིན་ལྡིང་ཁང་ནས། །

                            ལུང་རིགས་གསེར་འབྲུག་སྡེར་ལྔས་སྒྲ་དབྱངས་ལྡིར། །

                            གནས་ལྔའི་བདུད་རྩིའི་ཟིལ་དཀར་དཔལ་འཆང་བའི། །

                            མཚོ་བྱུང་བཞད་པའི་གེ་སར་ཡིད་མཚོར་སྤྱོན། །

 

                            ཆུ་ཤེལ་ལྷུན་པོའི་ཁོར་ཡུག་ར་བའི་གཞིར། །

                            ཆོས་སྲིད་གསེར་ཞུན་ཐང་མར་བརྡལ་མཛད་པའི། །

                            མེས་དབོན་གསུམ་དང་ཁྱད་པར་ཨོ་རྒྱན་རྗེའི། །

                            སྐུ་དྲིན་བསམ་གྱིན་སྙིང་ནས་དད་ཕྱག་བརྩེགས། །

 

                            ཁྱད་པར་གངས་ལྗོངས་རྒྱལ་བསྟན་མཆོག །

                            ལྐོག་མར་ཕྱིན་པའི་འཆི་སྲོག་ལ། །

                            མཛད་བཟང་ལྷ་ཡུལ་བདུད་རྩི་ཡིས། །

                            གསོ་མཛད་རིས་མེད་བསྟན་འཛིན་རྒྱལ། །

 

                            འདི་ན་གངས་ལྡན་ས་འཛིན་ཕྲེང་བར་ངུར་སྨྲིག་གཟི་སྟོང་སྤྲོ་བའི་བཤེས། །

                            ཟ་ཧོར་མཁན་ཆེན་སྨྲ་བའི་ཉི་མས་ཐུབ་བསྟན་ལུང་རྟོགས་པདྨའི་ཚལ། །

                            ཆོས་འདུལ་བདུད་རྩིའི་དྲི་བསུང་སྤྲོ་ལ་ཟླ་བྲལ་ཕྱག་རྗེས་མ་ཉམས་པར། །

                            རིགས་བདག་བླ་མ་མཆོག་གི་བར་དུ་ཆད་མེད་བྱོན་པའི་སྐུ་དྲིན་དྲན། །

 

                            རྒྱལ་བསྟན་ཡོངས་རྫོགས་པདྨའི་རིང་ལུགས་རིམ་དགུའི་ཐེག་པའི་བརྒྱུད་སྲོལ་ཆེ། །

                            དུས་ཀྱི་སྨག་རུམ་སྟུག་པོའི་ཁྲོད་དུ་མི་གསལ་བག་ལ་ཉལ་བ་ན། །

                            འབུམ་ཕྲག་མཁྱེན་བརྩེའི་འོད་སྣང་འཛིན་མཛད་ཆོས་དཔལ་རྒྱ་མཚོས་འོད་དཀར་ཉིད། །

                            ལན་གཅིག་མིན་པར་སྐུ་སྐྱེའི་ཟེར་ཕྲེང་ཁ་བའི་ལྷུན་པོའི་སྤོ་ལ་འཁྱུད། །

 

                            རྩེ་འཛིན་དཀར་ནག་རྫ་ལས་བབས་པའི་དྭངས་བསིལ་གཙང་པོ་བཞུར་བའི་ལྗོངས། །

                            གྲུབ་བསྙེས་མཁས་གྲུབ་ཚང་ཆེན་བརྡོལ་བའི་མདོ་ཁམས་ཟླ་ཀླུང་ཕྱུག་མོ་ན། །

                            མདོ་སྔགས་རིག་པའི་ཟིལ་མངར་སྟོང་ལྡན་ཉེས་སྐྱོན་འདམ་གྱིས་མ་གོས་པའི། །

                            མཁྱེན་བརྩེའི་འདབ་མ་སྟོང་དུ་བཞད་པའི་པདྨའི་མཚན་འཆང་ཁྱེད་ཅིག་བསྔགས། །

 

                            དག་པའི་སར་གནས་སེམས་དཔའི་སྤྱོད་པ་ཡང་། །

                            འཕགས་པ་མཆོག་ལས་གཞན་གྱིས་མ་ཡིན་ན། །

                            མ་ལུས་རྒྱལ་བའི་རྡུལ་བྲལ་ཕྲིན་ལས་གཟུགས། །

                            ཁྱོད་ཀྱི་ངོ་མཚར་མཛད་པ་སུ་ཡིས་དཔོག །

 

                            དེ་ལྟ་ན་ཡང་ལྗོངས་འདིའི་སྐྱེ་དགུའི་ངོར། །

                            མཛེས་སྐུ་ཟླ་གཞོན་མངལ་གནས་དབང་ཕྱོགས་ཀྱི། །

                            ལྷུན་པོའི་ཕྲག་ལས་ཐོན་ཏེ་བསྟན་འགྲོའི་ཚལ། །

                            བསྐྱངས་ཤིང་ནུབ་ཚུལ་རགས་ཙམ་གཡོ་མེད་དགོད། །

 

                            བྱིན་རླབས་སྤྲིན་ཕུང་གཡོ་བའི་བླ་མ་དང་། །

                            དངོས་གྲུབ་ཆར་ཆེན་འབེབས་མཛད་ཡི་དམ་ལྷ། །

                            ཕྲིན་ལས་མེ་འབྲས་སྐྱོང་བའི་མཁའ་འགྲོའི་ཚོགས། །

                            རྩ་གསུམ་ལྷ་ཡིས་དགེ་ལེགས་སྣང་བ་སྩོལ། །

 

མྱུར་མགྱོགས་དྲག་རྩལ་གློག་གི་རྩེ་དགའ་ལས། །

                            མི་བཟོད་ལས་ཤུགས་རྡོ་རྗེའི་ཟེགས་མ་ཡིས། །

                            འགལ་བྱེད་སྙིང་གི་བྲག་རི་སྙིལ་མཛད་པ། །

                            བསྟན་སྲུང་གཟའ་ལྷ་ཤན་གསུམ་དགྱེས་བཞིན་སྐྱོངས། །

 

དྲང་པོའི་ངག་གིས་དྲང་སྲོང་མཛད་བཟང་ལ། །

                            དྲང་པོའི་བློ་ཡིས་གུས་པས་འཇུག་ལགས་ན། །

                            དྲང་སྲོང་བདེན་པའི་བྱིན་མཐུ་ཐོ་རེངས་འོད། །

                            དྲང་བདེན་བློ་གྲོས་ཉིན་བྱེད་འདྲེན་དུ་གསོལ། །

དེ་ཡང་རྩོད་པའི་དུས་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྣུམ་ཟད་པའི་རྐོང་བུ་ལྟར་གྱུར་པ་ན། ཉམ་ཐག་འགྲོ་བའི་སྐྱབས་མགོན་དཔའ་ཆེན་དུ་མ་བྱོན་པའི་ནང་ཚན། བདག་ཅག་གི་འདྲེན་མཆོག་མཚུངས་པ་མེད་པ་མཚན་བརྗོད་པར་དཀའ་ཡང་། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཀུན་གཟིགས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཁན་ཆེན་༧དགེ་ལེགས་ཆོས་འཕེལ་ལམ་ལེགས་བཤད་སྨྲ་བའི་ཉི་མ་དཔལ་བཟང་པོ་མཆོག་ནི། དེང་གི་དུས་འདིར་རིས་སུ་མ་ཆད་པའི་བསྟན་པ་འཛིན་པའི་བཤེས་གཉེན་དག་གིས་དམ་པ་གང་གི་རྣམ་ཐར་སྤྱི་དང་། ཁྱད་པར་རྗེ་འདི་ཉིད་ནི་ཆོས་བརྒྱད་གཟའ་སྤྲིན་གྱིས་མ་གཡོགས་པའི་མཛད་ཕྲིན་རྣམ་པར་དཀར་བ། ཟླ་བ་གཞོན་ནུའི་རྗེས་སུ་ཕྱོགས་པ། བཀའ་གདམས་གོང་མའི་བརྟུལ་ཞུགས་འཆང་བ་ཞིག་གོ་ཞེས་དོན་གནས་ཀྱི་བསྔགས་བརྗོད་མེ་ཏོག་སིལ་མའི་མཆོད་སྤྲིན་སྤྲོ་བའི་གནས་སུ་གྱུར་པ་ཞིག་གོ། དེས་ན་སྐབས་འདིར་ཡང་རྒྱལ་བ་རྒྱ་མཚོའི་རྡུལ་བྲལ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་རང་གཟུགས། དཔལ་གསང་བའི་བདག་པོའི་ཡེ་ཤེས་སྒྱུ་འཕྲུལ་དྲ་བ་མཁའ་ཁྱབ་རྒྱལ་བ་རྒྱ་མཚོའི་ཞིང་ཀུན་ཏུ་ཁྱབ་པར་བརྡལ་བ་ནི། ཚུར་མཐོང་གི་ཡུལ་ལས་འདས་ཀྱང་། ལྗོངས་འདིའི་སྐྱེ་དགུ་རྣམས་ཀྱི་ལེགས་བྱས་རྣམ་པར་དཀར་བའི་རྒྱུ་དང་། མགོན་པོ་གང་གི་བརྩེ་ཆེན་ཐུགས་རྗེའི་བདག་རྐྱེན་ལ་བརྟེན་ནས་མཚུངས་བྲལ་དགེ་བའི་བཤེས་གཉེན་གྱི་རྣམ་པར་རོལ་བའི་སྙིགས་དུས་འགྲོ་བའི་མགོན་དུ་ཕེབས་པ་གང་ཉིད། གདུལ་བྱ་ཐུན་མོང་གི་ངོར་སྐུ་ཚེ་གང་པོའི་མཛད་པའི་རྣམ་ཐར་རགས་ཙམ་ཞིག་ལུང་སྦྱོར་གྱི་སྤྲོས་པ་མང་པོ་དང་། ས་བཅད་སོགས་ཀྱི་སྒོ་ནས་མ་ཡིན་པར་སྐུ་བལྟམས་པ་ནས་ཡོངས་སུ་མྱང་ངན་ལས་འདས་པའི་བར་མཐར་ཆགས་ནག་འགྲོས་སུ་དགོད་པར་འདོད་དོ། །

དེ་ཡང་བཅས་བཅོས་མི་བྱེད་པར་དྲང་པོའི་སྒོ་ནས་བརྗོད་པར་བྱ་སྟེ། རྒྱུ་མཚན་གང་གིས་ན། རྗེ་གང་གི་རྣམ་ཐར་མ་བཅོས་པར་ཆ་ཚང་བ་བརྗོད་པར་ནུས་ན་སྨོས་ཅི་འཚལ། ཆ་ཤས་རེས་ཀྱང་གཟུར་གནས་བློ་ལྡན་དག་ལ་དད་གུས་ཁྱད་པར་ཅན་རེ་སློང་བར་བྱེད་ངེས་པས་སོ། །

གཞན་དུ་ན་བསྔགས་པ་ལ་མི་མཁས་པས་བསྔགས་བརྗོད། སྨད་པར་འགྲོ་བའི་དཔེ་ལས་མ་མཆིས་པ་དེ་བས་ན་སྒྲོ་མི་འདོགས་པར་དྲང་པོའི་ངག་གིས་བརྗོད་པ་ལྷུར་ལེན་པ་ལ་ཅི་ནུས་སུ་འཇུག་པར་འདོད་དོ། །

 

                            ༈ སྟོང་ཕྲག་འདྲེན་པ་དག་ལས་སྙིང་སྟོབས་ཕུལ། །

                            ཤཱཀྱ་སེངྒེའི་སྙན་པའི་འབྲུག་སྒྲ་ལྟར། །

                            སྙིགས་མའི་ལྗན་ལྗིན་ཁྲོད་ན་མཛད་བཟང་གསེར། །

                            དྲི་མེད་རྣམ་ཐར་མཁས་པས་བསྔགས་འོས་གྱུར། །

 

                            ཁྱབ་འཇུག་ཁྲོ་དང་ཆགས་པས་གཡོ་ཐབས་བཅུ། །

                            རྨོངས་པས་ངོ་མཚར་འཛིན་ལྟར་མ་ཡིན་པར། །

                            དམ་པར་མཚོན་པའི་ཆེ་བ་དགུ་ལྡན་གནས། །

                            དྲང་པོ་རབ་རྗོད་ན་ངོ་མཚར་ཅིས་མི་བསྐྱེད། །

 

                            དེ་སླད་གཞལ་བྲལ་ཡོན་ཏན་རྒྱ་མཚོའི་རླབས། །

                            ངོ་མཚར་སྟོང་ལྡན་མཁའ་མཐོར་འཕྱུར་བ་ལས། །

                            རང་བློ་སྐྲ་རྩེར་ཆགས་པ་འགོད་འདི་ཡང་། །

                            སྐལ་བ་བཟང་སྙམ་དང་བའི་བློ་ཡིས་འཇུག །

 

དེ་ཡང་རྗེ་བཙུན་བླ་མ་རིན་པོ་ཆེ་གང་ཉིད་མཛེས་སྐུ་གང་དུ་བལྟམས་པའི་གནས་དང་ཡབ་ཡུམ་གདུང་རིགས་ནི། སྤྱིར་བོད་དུམ་བུ་གསུམ་དུ་ཆགས་པ་ལས་མདོ་ཁམས་ཀྱི་ཕྱོགས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་ཆབ་འོག་ཏུ་གཏོགས་ཤིང་། དེ་ལ་ཡང་རོང་ཁང་ཞིང་ལ་བརྟེན་པ་དང་། འབྲོག་སྦྲ་ནོར་ལ་བརྟེན་པ་གཉིས་ལས་ཕྱི་མ། དེ་ལ་ལྷོ་པ་དང་བྱང་པ་གཉིས་ལས། བྱང་འབྲོག་ཕྱུག་གི་ཡུལ་གྲུ་གསེར་ལྡན་རྫ་ཀླུང་རིང་མོ་དལ་གྱིས་འབབ་པའི་བྱང་སྡེ་རྫ་ཆུ་ཁ་ཞེས་ལྷ་རིགས་དགེ་བསྙེན་ཆེན་པོ་རྫ་ཡི་རྒྱལ་པོ་རྡོ་རྗེ་འཕན་ཕྱུག་གིས་བདག་གིར་མཛད་པའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་འཕང་དགུང་ལས་མཐོ་བ། སྔོན་གྱི་དུས་སུ་གྲུབ་བརྙེས་མཁས་གྲུབ་བགྲང་ལས་འདས་པས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་དུ་གྱུར་པ། དེ་ཉིད་ཀྱི་བྱེ་བྲག་ལྷ་དང་དཔལ་གྱི་དགེ་མཚན་མངོན་པར་མཐོ་བའི་མི་ཁྱིམ་སྟོང་ཕྲག་ལས་བརྒལ་བའི་འབྲོག་སྡེ་ཆེན་མོ། གྲུབ་དབང་ཕུག་ཁང་པ་པདྨ་རིན་ཆེན་ལ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཕྲིན་ལས་གྲིབ་བསིལ་སྣུམ་པོས་ཉེ་བར་སྐྱོང་བའི་ལྷ་འབངས། དགེ་རྩེ་ཨ་རིག་གི་ཡུལ་གྲུ་རུ། དེ་ཡང་འཕགས་ཆེན་དམ་པ་རྣམས་ནི། དགོས་དབང་གིས་སྐྱེ་རྒྱུད་ཇི་ལྟར་འཛིན་མི་ངེས་ཀྱང་། དམ་པ་འདི་ཉིད་ནི་འཕགས་པ་ཤཱ་རིའི་བུ་དང་། རྒྱལ་སྲས་སེམས་དཔའ་ཆེན་པོ་ཤནྟ་དེ་ཝ་དག་གིས་ཇི་ལྟར་སྨོན་པ་ལྟར། དབུལ་ཕྱུག་བར་མའི་དུད་ཁྱིམ་ཞིག་ཏུ་སྐུ་བལྟམས་པར་རྗེས་སུ་ཐོས་ཏེ། དུས་རབས་བཅུ་དགུ་བའི་མཇུག རབ་བྱུང་བཅུ་བཞི་བའི་ནང་དུ་སློབ་དཔོན་པདྨའི་ཐུགས་སྤྲུལ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཉིད་རྫ་རྒྱུད་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་ཐོག་མར་བསྒྱུར་བའི་ཚེ། རིམ་པར་སྒོ་ཡུལ་གསེར་ལུང་རིང་མོའི་སྟོད་ཕྱོགས་ནས་བརྒྱུད་དེ་ཕེབས་པ་ན། འབའ་རེ་རྒྱ་གར་ཟེར་བ་སྐྱེ་བོ་དྲང་བདེན་ཤེས་གསུམ་འཛོམས་པའི་སྐྱེས་བཟང་ཞིག་མཆིས་པ། དེ་ཉིད་ཀྱིས་ཕྱུགས་ཟོག་རི་ལ་སྐྱེལ་བ་དང་ཁེལ་ནས། གཏེར་ཆེན་དཔོན་སློབ་ཁྱིམ་དུ་གདན་དྲངས། མདོ་ཆེན་བྲ་ནག་རྟིང་དཀར་གཙོའི་དགུ་ཚན་དུ་མའི་འབུལ་ཆེན་ཕུལ། གཏེར་ཆེན་རིན་པོ་ཆེའི་རྫ་རྒྱུད་ཕྱོགས་ཀྱི་གདུལ་བྱའི་ཡོན་བདག་ཐོག་མ་རྒྱ་གར་ཞེས་པའི་མིང་གི་རྟེན་འབྲེལ་གྱིས་རྗེ་ཉིད་ཀྱི་གཏེར་ཆོས་རྫ་རྒྱུད་ཕྱོགས་སུ་འཕགས་ཡུལ་གྱི་བཀའ་བསྟན་ལྟར་འགྲོ་བའི་དོན་འབྱུང་བར་དགོངས་ནས། མདོ་ཆེན་བྲ་ནག་བསྟན་སྲུང་གཟའ་ལྷ་ཤན་གསུམ་གྱི་ལྷ་རྟར་ཕུལ་ཏེ། འབའ་རེའི་མི་བརྒྱུད་བསྟན་སྲུང་རྣམ་གསུམ་ལ་དུས་ཀུན་མི་གཡེལ་བ་བསྲུང་བའི་ཕྲིན་ལས་བཅོལ་བ་སོགས་གྲུབ་བརྒྱའི་གཙུག་རྒྱན། རྗེ་གཏེར་ཆེན་མཆོག་གིས་བཀའ་གཏད་བྱིན་རླབས་རྨད་དུ་བྱུང་བ་མཛད་པས་སྐྱེས་ཆེན་དམ་པ་རྒྱུན་མི་ཆད་པར་བྱོན་པ་ཞིག་སྟེ། འབའ་རེ་རྒྱ་གར་དང་། ངང་པ་སྟེ་སྐུ་མཆེད་གཉིས་ལས། རྒྱ་གར་ལ་སྲས། འབའ་གྲགས། འབའ་འབྲུགའབའ་ཤེར་དང་གསུམ་ལས། འབའ་ཤེར་ནི་ཕྱིས་སུ་ལྕང་མ་མཁན་ཆེན་དང་། ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་རྒྱལ་སྲས་རིན་པོ་ཆེ་སོགས་དམ་པ་དུ་མར་བསྟེན་ནས་དོན་རྒྱུད་རྟོགས་པའི་བཙན་ས་ཟིན་པའི་རྣལ་འབྱོར་པ་ཉིད་དུ་གྱུར། དེ་ནི་རྗེ་བླ་མའི་ཁུ་བོ་མཁན་ཤེས་རབ་ཞུ་བ་དེ་ཉིད་ཡིན་ལ། མཁན་ཆེན་བླ་མའི་སྐུའི་ཡབ་ཆེན་འབའ་རེ་གྲགས་པ་རྒྱལ་མཚན་ནི། གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་དངོས་སློབ། སྔགས་འཆང་རྡོ་རྗེ་འཛིན་པ།

འཁྲུལ་ཞིག་གི་རྣལ་འབྱོར་པ་མཛད་སྤྱོད་ལ་ངེས་པ་མེད་པ། ཁྱིམ་གྱི་གསོག་སྲུང་དང་དཀོར་སྡུད་སོགས་མཐུན་འཇུག་གི་བྱ་གཞག་བྲལ་ཅིང་། གྲུབ་པའི་སྤྱོད་པ་ངེས་མེད་དུ་སྐྱོང་བ་ལ། གཞན་གྱི་འབའ་གྲགས་སྨྱོན་པ་ཞེས་སུ་གྲགས་ཀྱང་ཞིབ་པར་བརྟགས་ན་འདུ་ཁང་དུ་ཆབས་ལྷམ་མི་མནབ་པ་དང་། ཆོ་གའི་སྐབས་རྣམས་སུ་གསུང་ངག་གཅོད་པ་། ཇ་སྙིགས་སོགས་འབགས་བཙོག་གི་རིགས་ལྷ་ཁང་དུ་མི་འདོར་བར་རྩག་འགག་གི་རུམ་དུ་བླུགས་འདུག་པ་སོགས་བསླབ་བྱའི་གནས་ལ་སྤང་བླང་ཕྲ་ཞིབ་མཛད་པས། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བའི་གསང་སྔགས་ཀྱི་རྣལ་འབྱོར་པ་ཞེས་མཚན་དོན་དང་མཐུན་པ་ཞིག་སྟེ། ཕྱིས་སུ་སྐུ་གཤེགས་པ་ན་མངོན་དགའི་ཞིང་དུ་ཕེབས་སོང་བ་གྲུབ་དབང་ནམ་མཁའ་འཇིགས་མེད་ནས་འཁོར་ཚོགས་དུ་མའི་དབུས་སུ་བསྒྲགས་པར་མཛད་པ་ཡོངས་ལ་གྲགས་པའོ། །

དེ་ལྟ་བུའི་ཡབ་རིགས་སྔགས་འཆང་ཆེན་པོ་གྲུབ་པའི་དབང་ཕྱུག་དེ་ཉིད་དང་། སྐྱེད་ཡུམ་གླང་ནག་སྐྱ་ལྡོག་ཅེས་པ་མཚན་ལྡན་གྱི་གཟུངས་མ་གཉིས་ཀྱི་སྲས་སུ། དེ་ཡང་ཀོང་གཏེར་ཨོ་རྒྱན་འགྲོ་མགོན་གླིང་པའི་གཏེར་ལུང་ལས། འདི་ནས་རྒྱང་གྲགས་ཕྱོགས་ཀྱི་སར༔སྔར་མེད་དུང་གི་དབྱིབས་མཚན་པའི༔རྫ་རི་ཐོག་ཁེབས་སྔོན་པོའི་དབུས༔གཡུ་སྒྲའི་སྤྲུལ་བ་ལུག་ལ་འཁྲུངས༔ཉི་མ་ཤར་རིའི་དཀྱིལ་ནས་འཆར༔བཤད་སྒྲུབ་གླིང་བཞིའི་ཁྱོན་ལ་འགེངས༔རང་ཡུལ་འདུལ་བསྟན་རྨང་ནས་གསོ༔ཞེས་པའི་འཁྲུལ་བ་མེད་པའི་གཏེར་ལུང་གིས་བསྔགས་པ་ལྟར། རབ་བྱུང་བཅུ་དྲུག་པའི་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོར། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་གཟར་མོ་དཔལ་གྱི་རི་སྟེ་ཡོངས་གྲགས་ལ་རྫ་དཀར་མ་ཞེས་པ་བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་གནས་སུ་བསྔགས་པ། ཕྱིའི་བཀོད་པ་ལ་ཕྱོགས་ཀྱི་ལྷུན་པོ་རྣམས་རྫ་དཀར་གཡའ་སྔོན་གྱི་སྟོད་ཁེབས་ཅན་དག་གིས་ཟླུམ་པོར་བསྐོར་བ། དབུས་ཡངས་པའི་ཁྱོན་སྤང་མཐོངས་མེ་ལོང་གི་དབྱིབས་ལྟར་མཛེས་པའི་དཀྱིལ་ན། རྒྱལ་བ་སྨན་གྱི་བླ་མའི་ལྷུང་བཟེད་དུ་གྲགས་པ། བཏུང་བ་དང་ཁྲུས་ལ་ཞུགས་ན་ལུས་སེམས་ཀྱི་གདུང་བ་ཞི་བར་བྱེད་པའི་ནད་སེལ་སྨན་གྱི་རྫིང་བུ་རང་བརྡོལ་བ། དེའི་ཉེ་ཞོལ་དུ་ཡུལ་སྐྱོང་ཆེན་པོ་རྨ་རྒྱལ་སྤོམ་ར་སོགས་དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་དབུ་ཡི་མཆོད་གནས་སུ་གྱུར་པ། དགེ་བསྙེན་ཆེན་པོ་ནམ་མཁའ་རབ་འབྱམས་གནས་པའི་སྤང་རི་ནོར་བུའི་དབྱིབས་ཅན། སེར་ལ་དྭངས་པ་བནྡེའི་བླ་རི་ཞེས་པ་ལྟར། སྐྱེས་མཆོག་དམ་པ་གང་གི་སྐྱེས་ལྷའམ་སྐྱེས་པའི་བླ་རིར་གྱུར་པ་སྟེ། ཕུན་སུམ་ཚོགས་པའི་གནས་མཆོག་དེ་ཉིད་དུ་མཛེས་སྐུ་མངོན་པར་འཁྲུངས་སོ། །

དེ་ནས་རིང་པོར་མ་ལོན་པར་མ་ཡུམ་གཤེགས་ཏེ་ལྕམ་སྲིང་ཆེན་མ་ཞེས་རིས་དང་། ཁུ་བོ་མཁན་ཤེས་རབ་གཉིས་ནས་སྐུ་ཡི་བསྐྱེད་བསྲིངས་པ་ན། སྐྱེས་རབས་རིན་པོ་ཆེའི་ཕྲེང་བར་ཚངས་སྤྱོད་ཞི་དུལ་གྱི་སྤྱོད་པ་ལ་གཅིག་ཏུ་གོམས་པ། སྐུ་ན་ཕྲ་བའི་དུས་སུ་ཡང་ལྷན་སྐྱེས་སུ་མངའ་བས་སྐྱེ་བོ་ཡོངས་ཀྱིས་བྱིས་པ་ཆུང་ངུ་དགེ་སློང་བཙུན་པ་འདྲ་བ་ཞེས་སུ་གླེང་ཞིང་། ཀུན་གྱི་ཡིད་དུ་འོང་ལ་དད་པའི་གནས་སུ་གྱུར་པ་ཞིག་གོ། དེ་ནས་དགུང་གྲངས་བརྒྱད་དུ་སོན་པ་ན་ཀློག་གི་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལས། དབུ་ཅན་དབུ་མེད་ཀྱི་ཡི་གེ་འབྲི་ཀློག་གི་གནས་ཀུན་ཚེགས་ཆུང་ངུས་བྱང་ཆུབ་པར་བསླབས། བཀའ་གཏེར་གྱི་ཆོ་ག་དུ་མ་ཐུགས་འཛིན་གནང་བས་ཀློག་བཟང་བའི་ཚད་དུ་གྲགས། དགུང་གྲངས་བཅུ་པ་ལྕགས་འབྲུག་ལོར་ཕུག་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོར། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་གདན་ཞུས་བགྱིས་ཏེ། སྔ་འགྱུར་བཀའ་མའི་དབང་ལུང་ཡོངས་རྫོགས་བསྩལ་པར་གསན། རབ་རྒྱལ་ལྕགས་སྦྲུལ་ཏེ་དགུང་གྲངས་བཅུ་གཅིག་པ་ལ། མཁན་ཆེན་ཡོན་ཏན་རྒྱ་མཚོའི་མཁན་བུ་ཕུག་ཁང་མཁན་རབས་དང་པོ་སྡོམ་བརྩོན་དམ་པ་དགེ་ལེགས་གྲགས་པའི་སྐུ་དྲུང་ནས། སྤོང་བཅུའི་སྡོམ་པ་ལེགས་པར་མནོས་ནས་རབ་དུ་བྱུང་བ་ལས། སྤོང་ཀློག་གི་གནས་ལ་གུས་རྟག་གིས་བརྩོན་པ་ལྷུར་ལེན་པའི་མཛད་པ་བསྐྱངས། དགུང་གྲངས་བཅུ་གཉིས་པ་ན་ཁུ་བོ་མཁན་ཤེས་རབ་མདུན་ནས་སྔོན་འགྲོ་ཀུན་བཟང་ཞལ་ལུང་གསན་ཏེ། འབུམ་ལྔ་གསག་སྦྱང་མཐར་ཕྱིན་པ་མཛད། དགུང་གྲངས་བཅུ་གསུམ་སྟེང་དགོན་གྱི་དབུ་མཛད་རྒན་རབས་དག་གི་མདུན་ནས། ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ལྟར། གར་དབྱངས་ཐིག་གསུམ་ལ་སོགས་མཐོང་བརྒྱུད་ཀྱི་ཕྱག་རྒྱུན་མ་ལུས་པ་ཐུགས་སུ་ཆུབ་པར་མཛད།

དགུང་གྲངས་བཅུ་བཞི་པ་ལ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་མདུན་ནས་ཀློང་སྙིང་སྔོན་འགྲོ་སྨིན་ཁྲིད་ཟབ་རྒྱས་ཐུགས་ཉམས་སུ་བཞེས། དགུང་གྲངས་བཅོ་ལྔ་པ་རབ་རྒྱལ་ཤིང་བྱ་ལོར་མཁན་འཇིགས་མེད་བསྟན་འཛིན་ལས་ཉིན་སྣང་འབྱུང་རྩིས་ཟླ་ཟེར། གླང་ནག་མཁན་པོ་ལས་ཉིན་སྣང་དབྱངས་འཆར། གཞན་ཡང་མགར་ལྷ་མཆོག་སོགས་མཁས་པ་དུ་མ་ལས་དཀར་ནག་རྩིས་རིག་གི་སྐོར་ཅི་རིགས་གསན་སྦྱོང་མཛད་པ་སོགས་ཐུན་མོང་གི་རིག་གནས་སྐོར་དུ་མ་དང་། ལོ་དེར་གྲུབ་དབང་ནམ་མཁའ་འཇིགས་མེད་ལས་སྙིང་ཐིག་གི་དབང་ཁྲིད་འགའ་དང་། དགུང་གྲངས་བཅུ་དྲུག་པ་མེ་ཁྱི་ལོར། མཁས་པ་མགར་ལྷ་མཆོག་ལས་ཀ་ཙན་དབྱངས་གསུམ་སྡེབ་སྦྱོར་བཅས་སྒྲ་རིག་གི་གནས། བླ་མ་མཁས་བཙུན་ལས་དཀྱིལ་འཁོར་ལེབ་ཐིག་དང་བློས་བསླངས། མཆོད་རྟེན་གྱི་ཐིག་རིས། ཁྲོམ་ཐོག་ཨ་པད་ལས་ལཉྫ་དང་ཝརྟུ་སོགས་ཡིག་གཟུགས་དུ་མ་དང་། མཁན་ཆོས་ཀྱི་རྡོ་རྗེ་ལས། ལྷའི་བཅའ་རིས་ཀྱི་ཐིག་ཚོན་རི་མོ་སོགས་བཟོ་རིག་པའི་གནས་ལ་ཐུགས་སྦྱོང་མཛད་དོ། །

རབ་རྒྱན་མེ་ཕག་ལོར་ཕུག་ཁུང་བཤད་གྲྭ་ལུང་རྟོགས་འཕེལ་རྒྱས་གླིང་ཉིད་གསར་དུ་དབུ་འཛུགས་པར་ལྕང་མ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གདན་ཞུས་བྱས་ཏེ། བྱང་སེམས་སྤྱོད་འཇུག་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་བཅས་ལྗགས་ཁྲིད་གནང་བ་གསན། དེ་ནས་བཟུང་ཐུན་མིན་ནང་དོན་རིགས་པའི་མདོ་རྒྱུད་ཀྱི་གནས་ལ་ཐུགས་སྦྱོང་མཛད་པའི་དབུ་བཟུང་ནས། མཁན་རབས་གཉིས་པ་ཆོས་ཀྱི་རྡོ་རྗེ་དང་། མཁན་ཟུར་པདྨ་ཐབས་མཁས། འགྱུར་མེད་མཁྱེན་རབ། འཇིགས་མེད་བསྟན་འཛིན་སོགས་སྡོམ་བརྩོན་མཁས་དབང་དུ་མ་ལས། འཇམ་མགོན་མི་ཕམ་པའི་ལེགས་བཤད་གཙོ་བོ་མཛད་དེ། འཕགས་བོད་ཀྱི་གཞུང་ལུགས་ཕྱོགས་མེད་ལ་གསན་བསམ་དཔེ་ཀློག་རྒྱ་ཆེར་མཛད། རབ་རྒྱལ་ས་བྱི་ལོར་སླར་ཡང་ཀོང་སྤྲུལ་རིན་པོ་ཆེ་ཕུག་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོར་གདན་དྲངས་ཏེ། རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཡོངས་རྫོགས་གནང་བ་གསན། ལོ་དེར་ཀུན་སྤངས་བྱ་བཏང་བ་འདན་བླ་མ་ནམ་མཁའ་ཡེ་ཤེས་ལས། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཤེར་འགྲེལ་ཀེ་ཏ་ཀ། བརྒལ་ལན་རྣམ་གསུམ། རལ་གྲི་སྐོར་གསུམ། ཨུཏྤལ་ལྔ་ལ་སོགས་པ་གཞུང་ལུགས་དུ་མ་གསན། དེ་ནས་དགུང་གྲངས་བཅུ་དགུ་ནས་ཉེར་ལྔའི་བར་སྤོང་ཀློག་གི་མཛད་པ་ཁོ་ན་ལས། དཀོར་འབུལ་སྡུད་སོགས་རྣམ་པར་གཡེང་བའི་ཕྱོགས་ལ་ཉིན་གཅིག་ཙམ་ཡང་མ་བཏང་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཤིང་། ཁྱད་པར་དགུང་གྲངས་ཉེར་གཅིག་ནས་ཉེར་ལྔའི་བར། དགུན་དུས་རྣམས་སུ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྙེན་སྒྲུབ་ཞག་བརྒྱ་ཐེངས་ལྔར་བཞུགས་པ་སོགས་མདོར་ན་གཟུགས་སྐུ་གདུལ་བྱའི་མགོན་དུ་ཕེབས་པ་ནས་བཟུང་། ཡོངས་འཛིན་དགེ་བའི་བཤེས་གཉེན་མཁན་ཤེས་རབ་ནས་བདག་སྐྱོང་མཛད་དེ། ཤེས་བྱ་རིག་པའི་གནས་ཐུན་མོང་ཐུན་མིན་གྱི་ཕྱོགས་དང་། མན་ངག་ཟབ་མོ་རྣམས་ལ་གོ་ཡུལ་ཙམ་མིན་པར་གནད་དུ་ཁེལ་བའི་ཉམས་བཞེས་གནང་བ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་ཆུན་ཅིག་དྲིལ་དུ་མཛད་པའི་སྦྱོར་བྱུང་གི་ཤེས་རབ་དང་། སྐྱེས་ནས་ཐོབ་པའི་གཟུངས་སྤོབས་ཟབ་མོའི་མཁྱེན་རབ་ཀྱིས་སྡེ་སྣོད་གསུམ་དང་། བསླབ་པ་གསུམ་གྱིས་གསང་བ་གསུམ་པོ་ཀུན་ནས་བརྒྱན་པས། ཐུབ་པའི་རྗེས་འཇུག་མང་ཐོས་སྡེ་སྣོད་འཛིན་པའི་འདུས་པ་དུ་མས་ནང་ན་ལྷ་དབང་ལྷ་ཡི་ཚལ་ན་རྒྱུ་བ་བཞིན་བླ་ན་འཕགས་པ་ཞིག་གོ་ཞེས་རྗེ་བླ་མའི་ཆོས་མཆེད་མཁྱེན་ལྡན་དུ་མས་རྗེས་སུ་བསྔགས་ཤིང་གླེང་བའོ། །

                            མདོ་ཁམས་ཞེས་བྱ་མཛེས་ལྡན་དཔལ་གྱི་ཞིང་། །

                            རྫ་ཀླུང་བདུད་རྩིའི་གཙང་ཆབ་འདྲེན་པའི་ལྗོངས། །

                            མཁས་དང་གྲུབ་པའི་འདབ་སྟོང་རྒྱས་པའི་ཚལ། །

                            ཆོས་འབྱོར་དཔལ་གྱི་ཟིལ་མངར་བྱིན་གཡང་འཁྱིལ། །

                            སྟོང་ཆེན་སྐྱེ་མེད་ཨ༷་ཡིག་མཆོག་གི་དོན། །

                            ཇི་བཞིན་རྣལ་འཇོག་རི༵ག་སྟོང་མངོན་གྱུར་པའི། །

                            གྲུབ་རིག་དུ་མའི་ཕྲིན་ལས་ཉིན་བྱེད་གཟིས། །

                            ཕུན་ཚོགས་སྡེ་བཞིའི་མེ་འབྲས་གཡུར་ཟ་ལྡེམ། །

                            བདུད་འཇོམས་གླིང་པའི་ཡེ་ཤེས་མ་དྲོས་ཀློང་། །

                            གདུང་རིགས་མཁས་གྲུབ་སྐྱེས་བུ་གངྒཱའི་རྒྱུན། །

                            ཆད་མེད་བྱིན་རླབས་དམ་པའི་རླབས་ཀྱི་ཕྲེང་། །

                            ཡབ་ཆེན་གྲགས་པས་མཛེས་སྐུའི་ཟླ་གཞོན་བསྐྱེད། །

                            རིང་ནས་གོམས་པའི་ངེས་འབྱུང་བྱམས་བརྩེའི་ཟླ། །

                            དར་བའི་ལང་ཚོ་ཡར་ཚེས་དང་འགྲོགས་ཏེ། །

                            བཅུ་གཅིག་བགྲང་བྱའི་དཔལ་འཆང་རི་བོང་འཛིན། །

                            ངུར་སྨྲིག་ཐུན་མཚམས་སྤྲིན་གྱིས་མཛེས་པར་བཀླུབས། །

                            སྤོང་བཅུའི་འདབ་ཕྲེང་དགོད་པའི་པད་གཞོན་ཉིད། །

                            རྣམ་དག་བསླབ་ཁྲིམས་གཙང་མའི་འདབ་མའི་སྦུབས། །

                            ཚུལ་བཟང་དོག་པའི་བསུང་ཞིམ་འཐུལ་བ་ཡི། །

                            དཀར་ཕྱོགས་ལྷ་མིའི་གསེར་སྦྲང་སྤྲིན་བཞིན་འཁོར། །

                            ཐུན་མོང་ཐུན་མིན་གཙུག་ལག་རྒྱ་མཚོའི་གནས། །

                            ཉིན་མཚན་ཁོར་མོར་སྦྲེལ་བའི་བརྩོན་ཤུགས་ཀྱིས། །

                            རབ་མྱུར་མཁྱེན་དཔྱོད་མ་འདྲེས་ཀུ་ཤའི་རྩེ། །

                            ཀུན་རྨོངས་སྒྲིབ་པའི་མི་གཙང་དྲི་ཡིས་དབེན། །

                            དེ་ལྟར་བཅུ་རིག་ཡལ་ལོ་ལྷུན་སྟུག་པའི། །

                            ཁྲིམས་གཙང་ཧ་རིའི་ལྗོན་པའི་རྩ་བརྟན་པ། །

                            སྡེ་ལྔའི་ལྟུང་བའི་རླུང་གིས་མ་བསྐྱོད་པར། །

                            རྣམ་དག་བསླབ་པའི་མཛེས་སྡུག་མེ་ཏོག་བཞད། །

                            འཕགས་ཆེན་དམ་པས་བསྟན་ལ་རིམ་ཞུགས་ཀྱི། །

                            རྫུ་བག་གང་གིས་བཀའ་བརྒྱུད་གོང་མ་བཞིན། །

                            ང་རྗེས་འབྲོངས་ཞེས་དོན་སྤྱོད་མཛད་བཟང་ལས། །

                            མཛུབ་མོས་ལམ་སྟོན་མིན་འདི་བསྔགས་འོས་ཆེ། །

                            ༈ ད་ནི་ཆོས་རྗེ་བླ་མ་རིན་པོ་ཆེ་ཉིད་སྐུ་ན་གཞོན་པའི་དུས། ཐོས་བསམ་ཉམས་བཞེས་མཛད་པའི་སྐབས་རྣམས་སུ། ཆེས་རྨད་དུ་བྱུང་བའི་མཛད་སྤྱོད་བཅོས་མིན་ཤུགས་འབྱུང་གི་གཤིས་ལུགས་ཇི་ལྟར་ཡིན་པ། ཉིད་ཀྱི་ཆོས་མཆེད་དྲང་བདེན་གཡོ་མེད་མཁྱེན་དཔྱོད་མི་དམན་པ་དག་གིས་ཟོལ་སྦྱོར་མིན་པའི་བདེན་གཏམ་གཙང་མ། མ་གྲོས་གཅིག་མཐུན་དུ་གླེང་བ་རྣམས་ལས་ཅུང་ཟད་འགོད་པར་འདོད་དེ། དེ་ཡང་མཁན་རིན་པོ་ཆེ་འདི་བ་ཚང་དགུང་གྲངས་བཅུ་གཅིག་སྟེང་རབ་ཏུ་བྱུང་བ་ནས། ངེད་ཅག་བཤད་གྲྭའི་ནང་ལྷན་ཏུ་འགྲོགས་པའི་རིང་ལ། ཁོང་ཉིད་ཀྱི་གྲྭ་ཤག་དང་། ཚོགས་པའི་གྲལ་ལ་སོགས་པ་སྒོ་ཕྱི་ཁྱིམ་གང་དུ་ཕེབས་བཞུགས་ཀྱི་སྐབས་ཀུན་ཏུ་རང་གར་བག་མེད་པའི་སྤྱོད་པ་རྩིང་པོ་ཞིག་གཏན་ནས་མཇལ་མ་མྱོང་། དེར་མ་ཟད་དབྱར་གནས་ལྗོངས་རྒྱུའི་སྐབས་སུ་ཡང་། རྒྱུག་མཆོང་རྩེད་འཇོ། ཀུ་རེ་ཅ་ཅོ་ལ་སོགས་ཚུལ་མིན་གྱི་སྤྱོད་པ་མི་མཛད་པར་སུ་དང་ལྷན་ཏུ་བཞུགས་པ་ན། ཆོས་མཐུན་གྱི་ཞལ་བརྡ་གནང་བཞིན་བཞུགས་འདུག་པ་ཞིག་ཡིན་པ་དང་། ཁྱད་པར་མཁན་པོ་དང་སྐྱོར་དཔོན་རྣམ་པའི་སྐུ་དྲུང་དུ་ཆོས་ཀྱི་བགྲོ་བ་མཛད་པས་དུས་འདའ་བ་དང་། དེ་བཞིན་དུ་རྒྱུན་པར་བཤད་གྲྭར་བཞུགས་སྐབས་ཀྱང་། རེས་ཉིད་ཀྱི་སྐུ་མཆེད་དབུ་གཅེས་སར་གསོལ་ཚིགས་བཞེས་པ། མཁན་པོ་དང་སྐྱོར་དཔོན་རྣམ་པའི་གཟིམ་ཤག་ཏུ་དཔེ་ཆའི་དོགས་འདྲི་རེའི་ཆེད་དུ་ཕེབས་བཞུགས་རེ་མ་གཏོགས། གྲྭ་ཤག་གཞན་དུ་ཕེབས་པ། གཞན་གྱིས་རང་གར་འཆལ་གཏམ་སྨྲ་བའི་ཕྱོགས་ལ་གསན་པ་དང་། ཞལ་ནས་ངན་ཤགས་བླ་བཙག་ལོང་གཏམ་སོགས་མི་འབྱུང་བ་ནི། ཁོང་གི་མཛད་སྤྱོད་མ་བཅོས་རང་བཞིན་གྱིས་བཙུན་ཚུགས་ཉིད་དུས་ཀུན་འཕོ་འགྱུར་མེད་པ་ཞིག་ཡིན་པར་རང་བཞིན་བརྗོད་པའི་གཏམ་ལས་ཟོལ་སྦྱོར་གྱིས་བསྟོད་འདོད་མིན་ཞེས་གཟུར་གནས་དག་གི་ངག་སྒྲོས་གཙང་མ་ན་རྒྱུན་ཆགས་པ་ཞིག་གོ། ཁྱད་པར་བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་མིག་འབྲས་བཞིན་གཅེས་སྤྲས་གནང་བའི་དམ་གཙང་གི་སྐྱེས་བུ་ཆེན་པོ་ཞིག་ཡིན་པར་བརྗོད་པ་ནི། དུས་ཕྱིས་ངེད་ཅག་གུས་སློབ་རྣམས་ལ་ཆོས་ཁྲིད་ཀྱི་ཟུར་འཕྲོས་རྣམས་སུ་ཡང་བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་འདི་ལ། རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱིས། ཁོང་ཡན་ཆད་ཀྱི་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་གོས་མ་མྱོང་བས་ཕྱི་རབས་ཁོང་གི་རྗེས་འཇུག་དག་གིས་གནས་འདི་ལ་ནན་གཟབ་དགོས་ཞེས་ཕྱག་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ཡིན་ཞེས་རྗེས་སུ་གདམས་པར་མཛད་པས་ན། ཐམས་ཅད་ཀྱིས་ཐུགས་ལ་གཞག་པ་ཅིས་ཀྱང་གལ་ཆེ། དམན་པ་བདག་གིས་ཀྱང་བླ་མ་མ་དགོས་མཆེད་གྲོགས་དག་ལ་ཡང་ལྐོག་ནས་བླ་བཙག་བྱས་པ་ཞིག་ཀྱང་དྲན་རྒྱུ་མི་འདུག ཅེས་ལན་གྲངས་དུ་མར་གསུངས་པ་ནི། དེ་དེ་བཞིན་དུ་ཁོང་གི་སྐུ་ཚེའི་སྟོད་ན་མཆེད་གྲོགས་རྣམས་ཀྱི་ཞལ་ནས་ཐོས་པའི་མཛད་རྣམ་དང་། ད་ལྟའི་ངེད་ཅག་སློབ་བུ་ཡོངས་ནས་མཇལ་དུ་ཡོད་པ་ཞིག་སྟེ། རྒྱུན་དུ་ཐ་མལ་ལོང་གཏམ་ཀུ་རེ་བཞད་གད་མཛད་པ་ཙམ་ཡང་མཇལ་དུ་མེད་པར་མ་ཟད། ཞུ་ཕོད་པ་ཙམ་ཡང་མེད་པས་ཉེས་ཚིག་དེ་འདྲ་ཞལ་ལས་འབྱུང་བའི་གནས་དང་སྐབས་ག་ལ་མཆིས། དེས་ན་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་རང་རེ་སྔ་འགྱུར་བརྒྱུད་འཛིན་རྣམས་ལ་ནན་ཏན་ཆེན་པོས་གདམས་དོན་ཇི་བཞིན་པ་ཐུགས་ཉམས་སུ་བསྟར་བའི་འདྲེན་མཆོག་མཚུངས་པ་མེད་པ་གང་ཉིད་ཀྱི་རྗེས་སུ་སློབ་ཅིང་སྒྲུབ་པར་བགྱིད་པའི་མིག་ལྟོས་མཚུངས་པ་མེད་པ་འདི་ཉིད་ཀུན་གྱིས་ཐུགས་ཉམས་སུ་བཞེས་པའི་ཆེད་དུ་ཅུང་ཟད་བརྗོད་པའོ། །

མདོར་ན་སྐུ་གཞོན་ནུ་དགུང་གྲངས་བཅུ་གཅིག་གི་སྟེང་རབ་ཏུ་བྱུང་བ་ནས་བཟུང་། དགེ་སློང་གནས་བརྟན་བགྲེས་པོ་ཞིག་གི་མཛད་སྤྱོད་ལྟར། སྐུ་བསྐྱོད་པ། ན་བཟའ་བགོ་བ། གསོལ་བ་བཞེས་པ་ལ་སོགས་མཛད་སྤྱོད་གང་གི་སྐབས་སུ་ཡང་། རིང་ལྟ་མགོ་གཏུམ། ན་བཟའ་རྩིང་འཇོལ་ཟླུམ་མིན་དང་། ཟས་ཀྱི་སྡེ་ཚན་ལས་ཅག་ཅག་གི་སྒྲ་དང་ལྕེ་ཕྱུང་སོགས་འདུལ་བ་དང་འགལ་བའི་རྩིང་སྤྱོད་ཅིག་མཇལ་མ་མྱོང་ཞེས་དེ་སྐབས་རྗེ་བླ་མའི་ཆོས་གྲོགས་གཟུར་གནས་དཔྱོད་ལྡན་དུ་མས་བསྔགས་བརྗོད་བྱེད་པ་དང་། ད་ལྟ་ཀུན་གྱི་མཐུན་སྣང་དུ། སྔོན་གྱི་དུས་སུ་སྟོན་པའི་ཉན་ཐོས་ཆེན་པོ་གནས་བརྟན་རྟ་ཐུལ་གྱི་སྤྱོད་པ་ལྟ་བུའི་འདུལ་ཁྲིམས་གཙང་མའི་མཛད་སྤྱོད་བླ་ན་མེད་པ་མིག་གི་བདུད་རྩིར་གྱུར་པ་ཞིག་གོ། དེས་ན་དཔལ་ལྡན་ཇོ་བོ་ཆེན་པོའི་བསླབ་ཁྲིམས་གཙང་མས་གངས་རིའི་ལྗོངས་ཀྱི་སྔགས་ལོག་སུན་ཕྱུང་སྟེ་རྒྱལ་བསྟན་བྱི་དོར་གྱི་མཛད་རྗེས་བླ་ན་མེད་པར་བཞག་པ་ལྟར། ངེས་པའི་དོན་དུ་དཔལ་གསང་བའི་བདག་པོ་དངོས་འདི་ཉིད་ཀྱིས་ནང་གི་ལྟ་དགོངས་མཐོན་པོའི་དགོངས་ཉམས་ཀྱི་སྤྱོད་པ་མ་བསྐྱངས་པར། རྩོད་པའི་དུས་ཀྱི་ཐུབ་པ་ཆེན་པོའི་བསྟན་པའི་ཉམས་རྒུད་གསོ་བའི་སླད་དུ་དོན་མཐུན་གྱི་སྤྱོད་པ་གཙང་མ། བསྟན་པའི་མིག་ལྟོས་མཚུངས་པ་མེད་པ་མཛད་པ་ནི། ལན་གཅིག་ཙམ་མིན་པར་ཁ་བ་རི་པའི་ལྗོངས་འདིར་ཐོག་མར་སད་མི་བདུན་བསྙེན་པར་རྫོགས་པ་ནས་བསྟན་རྩ་ཆོས་འདུལ་བདུད་རྩིའི་འོད་བཟང་སྤྲོས་ནས་ལྗོངས་འདིར་མཉམ་མེད་ཤཱཀྱ་སེངྒེའི་རྒྱལ་ཚབ་དུ་ཕེབས་ཏེ། ངོ་མཚར་བའི་མཛད་པ་བསྐྱངས་པ་དང་། དེང་གི་དུས་འདིར་སྙིགས་མའི་ཡང་སྙིགས་ཀྱི་བསྟན་པའི་རྙོག་མ་བགྲུང་བའི་ལྟ་སྤྱོད་མཚུངས་པ་མེད་པ་ནི། མཚོ་སྐྱེས་རྒྱལ་བའི་བསྟན་པའི་རང་ལུགས་ཇི་བཞིན་པ་གཞི་ནས་བསླངས་པ་སྟེ།

ཀུན་གཟིགས་མི་ཕམ་རྒྱ་མཚོས།

                            རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །

                            མཚུང་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །

                            ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ། །

                            མཚོ་སྐྱེས་རྒྱལ་བའི་བསྟན་པ།

ཞེས་གསང་ཆེན་རྙིང་མའི་བསྟན་པའི་ལྟ་སྤྱོད་ངོས་འཛིན་གནང་བ་ཉིད་རྗེ་གང་གི་གསང་བ་གསུམ་དང་མི་འགལ་བ་སྒོ་ཀུན་ནས་མཛའ་བ་ཞིག་སྟེ། སླར་ཡང་གུས་ཤིང་སྤྲོ་བའི་སྒོ་ནས་ཅུང་ཟད་བརྗོད་ན།

དུས་འདི་ཙམ་ན་རྗེ་ཁུ་དབོན་རྣམ་གཉིས་ཨ་འཛོམས་ཆོས་སྒར་དུ་ཞབས་རྐྱང་དུ་ཕེབས། རྒྱལ་སྲས་རིན་པོ་ཆེ་ནས་གསང་བ་སྙིང་ཐིག་གི་མན་ངག་རིང་བརྒྱུད་ཉེ་བརྒྱུད་བཅས་པ་བུམ་པ་གང་བྱོའི་ཚུལ་གྱིས་གནང་། སྐབས་ཤིག་ན་སྔར་འོག་མིན་སྨིན་གྲོལ་གླིང་དུ་གདུང་རིགས་གཅིག་ཏུ་བྱོན་པ་སོགས་སྐྱེས་རབས་དུ་མར་ལས་དང་སྨོན་ལམ་གྱིས་སྦྲེལ་བའི་སྔོན་གནས་རྗེས་དྲན་གྱི་ཚུལ་འགའ་གསུངས་པ། སྐབས་དེར་ལྷན་ཏུ་བཞུགས་པ་མཆེད་གྲོགས་འགའ་རེས་ཐོས་པ་དག་ལ། ཕྱིས་སུ་ལའང་བརྗོད་མི་ཉན་པའི་གསང་བ་གཉེེེར་གཏད་མཛད། དུས་ཕྱིས་སྔགས་འཆང་བྷ་བ་ཞུ་བ་དེ་ཉིད། ཉིན་ཅིག་བཤད་གྲྭའི་ཚོགས་མཆོད་སྐབས་སྙམ་མེད་དུ་གྲལ་མཇུག་ནས། ཆང་གིས་ཅུང་བཟི་བའི་ཟོབ་ཀྱི་འཆམ་སྟབས་སྣ་ཚོགས་མཛད་གྱིན་ལོ་ཆེན་དྷརྨ་ཤྲཱིའི་རྣམ་སྤྲུལ་མཁན་ཆེན་པདྨ་ཚེ་དབང་ཁོང་གི་སྐུ་ཡི་སྐྱེས་རབས་དང་། ཆེ་བ་མང་པོ་ཨ་འཛོམས་རྒྱལ་སྲས་ཚང་གིས་གསུངས་པ་རྣམས་ངས་ཤེས་ལ། ཁོང་གིས་གཞན་སུ་ལ་ཡང་བཤད་མི་ཆོག་གསུངས་ཀྱང་ངས་དེ་རིང་བཤད་བསམ་ཁི་ཡཱ་ཟེར་ཞིང་བཤད་པར་བརྩམ་པ་ལ། མཁན་རིན་པོ་ཆེ་མྱུར་བར་ཕེབས་ཏེ། ཁྱེད་ངའི་ཁྱིམ་དུ་ཕེབས་ཞེས་གསུངས་ཏེ་གཟིམ་ཤག་ཏུ་ཁྲིད་པར་མཛད། སྒོ་ཆེན་གཏེར་སྟོན་གྱིས། སྔོན་ཡན་ཆད་དུ་འོག་མིན་སྨིན་གྲོལ་གླིང༔ཁོང་དགེ་སློང་དྷརྨ་ཤྲཱིའི་མཚན༔སོགས་ལུང་བསྟན་ཞིག་ཚོགས་གྲལ་དུ་རྗེ་ཉིད་ལ་གནང་སྐབས་སུ་དེར་འཁོད་རྣམས་ཀྱིས་ཟུར་ཙམ་མཇལ་བ་ལས་ལུང་ཚིག་གཞན་རྣམས་རྗེ་ཉིད་ཀྱིས་གསང་རྒྱ་མཛད་པས་སུས་ཀྱང་མ་མཇལ་བས་ཤེས་མཁན་མེད། དེ་བཞིན་དུ་དེང་སྐབས་སུ་སློབ་བུ་དག་གིས་བཤད་གྲྭའི་ལོ་རྒྱུས་ཤིག་བྲིས་པ་ན། རྗེ་བླ་མ་སྨིན་ལོའི་སྤྲུལ་བར་བརྗོད་པ་ཉིད་གཟིགས་པས་ཐུགས་མ་མཉེས་ཏེ། ན་ཚོད་གཞོན་དུས་སྤྲུལ་སྐུ་མ་རེད་ཟིག ལོ་ལོན་མགོ་དཀར་གྱི་དུས་སུ་སྤྲུལ་སྐུ་རེད་མི་དར། འདི་ཚོ་དགོས་མེད་རེད། ལར་སྒོ་ཆེན་ལུང་བསྟན་ན། དབུས་གཙང་ཕྱོགས་ཀྱི་ཆོས་ཀྱི་མིང་ཅན་ཞིག་གི་སྐྱེ་བ་ཡིན་པར་གསུངས་པས་ལོ་ཆེན་ཡིན་པའི་ངེས་པ་ཅི་ཡོད་གསུངས། གཞན་ཡང་གཏེར་ལུང་དུ་མ་ནས་འཕགས་ཆེན་སྤྲུལ་བའི་གང་ཟག་ཏུ་བསྔགས་པ་རྣམས། དེ་ཚུལ་ཞུ་ཕོད་པ་སུ་ཡང་མེད་ལ། ཕྱིས་སྐུ་གཤེགས་རྗེས་རྣམ་ཐར་དད་པའི་གསོས་སྨན་དུ་ཁ་ཤས་ཤིག་བཀོད་པ་དེ་གའོ། །

རྒྱུན་པར་ཆོས་ཁྲིད་ཀྱི་ཟུར་འཕྲོས་རྣམས་སུ་བདག་ནི་སོ་སྐྱེ་ཐ་མལ་ལས་ཀྱང་ཡང་ཐ། ལུང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་ཀྱང་། སྔོན་བཤད་ལུང་རེ་ཟུང་ཐོས་མྱོང་བ་ད་སྐབས་བསྟན་པ་ཕྲ་ཉག་ལ་ཐུག་པའི་སྐབས་འདིར་མཚམས་སྦྱར་རེ་མི་བྱེད་ཀ་མེད་ཀྱིས་སྔར་བོད་ཡིག་སློབ་གྲྭར་ཅུང་ཟད་འདོན་ཁུལ་བྱས། དེ་ཕྱིན་མགོ་སྐོར་རྒྱུ་ཇེ་མང་ལ་སོང་ཞེས་ཐུགས་གཏིང་ནས་དམན་པའི་ས་གཟུང་ཞིང་། ན་བཟའ་ཡང་རང་བཞིན་གྲྭ་བཙུན་དཀྱུས་མ་ཞིག་གིས་བགོ་བ་ལྟ་བུ་ཞིག་མནབས་ཏེ། རྟག་ཏུ་གཅོམ་སྐྱུང་དམན་ས་ཁོ་ནས་ངང་ཚུལ་སྐྱོང་བ་ལས། གྲྭ་ཆུང་མཛུབ་མོ་ཙམ་ཞིག་ལ་ལས་ལྡན་ནམ་སྐྱེ་བཟང་རིགས་བཟང་ཞིག་གི་གསུང་ཟུར་ཙམ་འབྱུང་བ་ལྟ་ཅི། སྐུ་ཚེའི་སྨད་དུ་འཁྲུལ་ཞིག་གི་བརྟུལ་ཞུགས་སྐྱོང་བ་མཛད་པའི་སྐབས་མ་གཏོགས་ཉེར་ལྔ་ཚེས་བཅུའི་ཚོགས་མཆོད་ཀྱི་དབུ་བཞུགས་ཀྱང་གཞན་ལ་བྱེད་བཅུག་པ་ལས་ཉིད་ཀྱིས་མི་མཛད། དེར་མ་ཟད་ཆོས་ཁྲིད་ཀྱི་དུས་སུ་ཡང་འདུ་ཁང་གཡས་ཕྱོགས་ཀྱི་གྱང་རྩའི་གྲལ་གདན་གྱི་མགོར། སོབ་འབོལ་སྲབ་མོ་ཞིག་གི་སྟེང་དུ་མི་ལོ་བཅུ་ཕྲག་ལྷག་གི་བར་དུ་བཞུགས་གདན་དེ་གཅིག་པོ་ལ་མཛད་པ་སོགས། མདོར་ན་རྗེ་ཉིད་ཀྱི་གདམས་པ་ངེས་འབྱུང་བསྐུལ་གཏམ་ལས། ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས། །

                            མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས། །

                            ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །

                            ཡོད་ན་ཆོས་ཀྱི་རྩ་བ་དེ་ཡིན་གསུངས། །

ཞེས་གང་གསུངས་པ་དེ་ཁོ་ན་ལྟར་ཉམ་ཆུང་གྱི་ནའི་བརྟུལ་ཞུགས་སྐྱོང་བ་ནི། འཕགས་པ་མཆོག་རྣམས་རང་ཉིད་སྲིད་པའི་ཆོས་ལས་འདས་པའི་ཡོན་ཏན་རྨད་དུ་བྱུང་བ་ཐོབ་ཀྱང་། ང་རྒྱལ་སྤངས་པས་སྐྱེ་བོ་མཆོག་དམན་ཀུན་ལ་གུས་ཤིང་འདུད་པ་ནི། རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་བརྙེས་པ་དེའི་བྱེད་ལས་ཡིན་པར། བྱམས་པ་མགོན་པོའི་ཤེར་མདོའི་དགོངས་དོན་མན་ངག་གིས་བཀྲལ་བ་ལས་བཤད་པ་ལྟར། འཕགས་མཆོག་དམ་པ་འདི་ཉིད་ཀྱི་མཚུངས་པ་མེད་པའི་མཛད་སྤྱོད་འདི་དག་ནི། དེང་གི་དུས་བསྟན་པ་ཆལ་ཆོལ་གྱི་སྐབས་འདིར། རྒྱལ་བསྟན་རིན་པོ་ཆེར་ཁ་མིན་དོན་གྱིས་ཞབས་ཏོག་རེ་བསམ་ན། དམ་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་མིག་ལྟོས་སུ་འཛིན་པ་འོས་པར་སེམས་སོ། །

དེ་ནས་དགུང་གྲངས་ཉེར་དྲུག་པ་རབ་རྒྱལ་མེ་སྤྲེལ་ལོའི་སྟོན་ཟླ་ཐ་ཆུང་ནས་རྫ་སྟོད་ལྕང་རིའི་ཆོས་གྲྭ་བསམ་གཏན་དར་རྒྱས་གླིང་དུ་ཕེབས། སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་མཆོག་གི་མདུན་ནས། ཐུན་མོང་ཐུན་མིན་གྱི་ཟབ་ཆོས་དུ་མ་གསན། ལོ་དེའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་སྟོང་པ་དང་པོའི་ཉིན། འཇིག་རྟེན་གྱི་སྣང་བྱེད་ཆེན་པོ་ཐུབ་པའི་དབང་པོའི་རྒྱལ་ཚབ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་རེ་ཞིག་ཞི་བ་ཆོས་སྐུའི་ནུབ་རིར་བརྒལ། དེ་ནས་དགུང་གྲངས་ཉེར་བདུན་ཉེར་བརྒྱད་གཉིས་སུ་བུ་རྒྱུད་ལྷ་སྤྲུལ་ངག་དབང་བློ་གྲོས་རྒྱ་མཚོ། མཁས་དབང་རྫ་རྒྱལ་ཐུབ་བེ། མཆོག་ཚང་རྒྱ་མཚོ་སོགས་མཁས་པ་དུ་མའི་དྲུང་ནས་གཞུང་ལུགས་མང་པོ་ལ་གསན་སྦྱངས་མཛད། དེ་སྐབས་དགེ་གོང་དགོན་དུ་མཁས་མཆོག་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་མདུན་དུ་ཕེབས་ཏེ། ལྟ་གྲུབ་ཤན་འབྱེད་རྩ་འགྲེལ། མངོན་རྟོགས་རྒྱན་འགྲེལ་མ་ཕམ་ཞལ་ལུང་སོགས་གཞུང་དུ་མ་དང་། དགུང་གྲངས་ཉེར་བརྒྱད་པ་ས་ཁྱི་ལོའི་དགུན་དུས་སུ་ཨ་འཛོམས་སྒར་དུ་ཕེབས་ཏེ་རྒྱལ་སྲས་རིན་པོ་ཆེའི་སྐུ་དྲུང་ནས། སངས་རྒྱས་གསང་བའི་ལམ་རིམ་དང་དེའི་འགྲེལ་བ་རྒྱལ་སྲས་ཉིད་ཀྱིས་མཛད་པ། དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ། རོང་ཟོམ་སྣང་བ་ལྷར་སྒྲུབ། འཇམ་མགོན་མི་ཕམ་པའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་སོགས་རྒྱུད་ལུང་མན་ངག་དུ་མ་གསན་བཞེས་མཛད། སླར་ཕེབས་སྐབས་རྒྱལ་སྲས་མཆོག་གིས་བཀའ་ལུང་བཞིན་རྫོགས་ཆེན་དཔྱལ་གྱི་བྲག་དཀར་རི་ཁྲོད་དུ་སྐུ་བསྐྱོད་དེ། མཁན་ཆེན་ཐུབ་བསྟན་སྙན་གྲགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ནོད། སྐབས་དེར་དུས་ཟིང་གིས་འགྲུལ་འགྲིམ་ཅུང་དཀའ་བས་རྗེ་ཁུ་དབོན་ཞེ་ཆེན་བཤད་གྲྭར་ཕེབས། མཁན་བློ་གྲོས་རབ་གསལ་ལས་གཉུག་སེམས་སྐོར་གསུམ་སོགས་གཞུང་བཤད་ཁ་ཤས་གསན་ནས་རིམ་པས་སྐུ་ཡུལ་དུ་ཕེབས་སོ། །

                            རླབས་ཆེན་བཟང་པོ་སྤྱོད་པར་སྨོན་པའི་གནས། །

                            སྐྱེ་བར་གོམས་པའི་ཞི་འཇམ་དེས་པའི་གཤིས། །

                            དྲི་བྲལ་དུང་གི་ཟླ་བའི་ལང་ཚོ་ལ། །

                            ཉེས་ཚོགས་མི་སྡུག་ར་རིའི་དྲི་མས་དབེན། །

                            གསང་བདག་དཔལ་བོ་དངོས་སྣང་ཡེ་ཤེས་སྐུར། །

                            འཛུམ་དྲུག་སྟག་ཤམ་རྒྱན་དུ་མ་འཆང་བར། །

                            སྙིགས་མའི་རྒྱལ་བསྟན་རྙོག་མ་ཆེར་འཁྲིགས་པར། །

                            ཚངས་སྤྱོད་བླ་གོས་བགྲུང་བྱེད་མཛེས་སྐུར་བཀླུབས། །

                            བསྐལ་པར་གོམས་པའི་མཁྱེན་རབ་ཆུ་གཏེར་ཆེར། །

                            སྦྱངས་བརྩོན་དེད་དཔོན་མཛངས་པའི་འཕྲུལ་ཐབས་ཀྱིས། །

                            མཁས་མཆོག་ཀླུ་དབང་བྱེ་བའི་གཙུག་གི་རྒྱན། །

                            ཟབ་ཡངས་འདོད་འབྱུང་ནོར་བུའི་གཏེར་ལ་དབང་། །

                            ནཱ་ག་རྫུ་ནའི་མཐའ་བྲལ་ལྟ་བའི་གདེང་། །

                            ཟ་ཧོར་མཁན་པོའི་ཞི་དུལ་བསླབ་ཁྲིམས་ཏེ། །

                            ཚུལ་བཞིན་ཟུང་འཇུག་ཡ་མ་བྲལ་བ་ལ། །

                            སྔ་འགྱུར་པ་ཞེས་བསྔགས་པ་ཁྱེད་ལ་མཛའ། །

                            བགྲང་བྱ་བཅོ་ལྔའི་བར་དུ་སྤོང་བཅུའི་ཁྲིམས། །

                            གནང་བཀག་མ་འདྲེས་དྲོད་ཀྱིས་ལེགས་བསྐྱངས་ཏེ། །

                            དར་བབས་མཛེས་སྐུ་སྔོ་ལྗང་གཡུ་ལོའི་ཚལ། །

                            དམར་སེར་སྣམ་སྦྱར་འོད་ཀྱིས་སླར་ཡང་འཁྱུད། །

                            རྙོག་བྲལ་རྫ་ཆབ་གཙང་མའི་འགྱུར་ཁུག་དབྱངས། །

                            སྙན་པ་ཕྱོགས་མཐར་འཕུར་བའི་མཛེས་ལྗོངས་ཀྱི། །

                            ཕན་བདེའི་དཔྱིད་འཇོ་ངོ་མཚར་ཆོས་ཀྱི་ཞིང་། །

                            བསམ་གཏན་ཆོས་གྲྭར་ལྔ་རིག་གནས་ཀུན་བསླབས། །

                            དྲི་མེད་མཁྱེན་སྤྱན་འདབ་སྟོང་གྲོལ་གྱུར་ཀྱང་། །

                            སླུ་ཚིག་ཟོག་པོའི་སྐར་ཚོགས་ཆེས་བཀྲ་བས། །

                            མངོན་མཁྱེན་ལུང་ཚིག་འདབ་མ་ཁོང་དུ་ཟུམ། །

                            བསྟན་སད་ལོག་པས་མ་ཚུགས་རྒྱན་དུ་ཆེ། །

                            བོ་དྷི་ས་ཏྭ་གཡུ་སྒྲ་སྨིན་ལོ་པ། །

                            རིམ་དང་རིམ་མིན་སྐྱེས་རབས་ནོར་བུའི་ཚལ། །

                            འཁྲུལ་མེད་བཀའ་ལུང་ཟབ་མོས་བསྔགས་གྱུར་ཀྱང་། །

                            མངོན་ཆུང་གྱི་ནས་སྐུ་ཚེ་འཁྱོལ་བར་བྱས། །

དེ་ནས་རབ་རྒྱལ་ས་ཕག་ལོ་དགུང་ལོ་ཉེར་དགུ་པ་ཕྱི་ལོ་༡༩༥༩སྟེ། འདི་ནི་དུས་འགྱུར་གྱི་ཡོ་ལང་དྲག་ཏུ་གཡོ་བ། ཆོས་པའི་རྒྱུད་ཚོད་ཉུལ་བའི་ཤན་འབྱེད་ཀྱི་གནམ་ཐིག་ལྟ་བུར་གྱུར་པ་ཞིག་ན། རྗེ་འདི་ཉིད་ཀྱི་དམ་པའི་རང་གཤིས་གསེར་སྦྱངས་བཙོ་མའི་རང་བཞིན་མ་ཉམས་པའི་ཆེ་བའི་ཡོན་ཏན་བླ་ན་མེད་པ་ཉུང་ཤས་བརྗོད་ན། དེའི་ཕྱི་ལོ་ནས་བཟུང་སྒོ་སྨད་སྐྱ་ཀའི་མདོ་ཐད་དུ་ཨ་རྫ་ཡུལ་ཚོ་སྲིད་གཞུང་དང་གྲོང་གཞི་གསར་དུ་ཆགས། གྲོང་སྨད་ཀྱི་ཕྱོགས་སུ་ས་ཁང་ལྷགས་སྐྱོབ་ཙམ་ལ་ཁུ་དབོན་རྣམ་གཉིས་གཏན་གཞིར་བཅས། དེ་ཡང་སྣོད་བཅུད་སྡིག་པའི་ཡོ་ལང་འཁྲིགས་པའི་མི་མཐུན་པའི་རྒུད་པ་ཀུན། མཐུན་པའི་གྲོགས་སུ་འཁྱེར་བའི་རྒྱལ་སྲས་སེམས་དཔའ་མཆོག་གི་རྨད་དུ་བྱུང་བའི་མཛད་པའི་རྣམ་པར་ཐར་བ་ནི་རང་རེ་རྗེས་འཇུག་སློབ་བུ་རྣམས་དང་ཕྱི་རབས་དག་གིས་རྗེས་སུ་བསླབ་པའི་གནས་དང་། དད་པའི་ཞིང་ས་ཉིད་དུ་ངེས་མོད། དེར་བརྟེན་ཁོ་བོ་ནས་བདེན་གཏམ་གཙང་མ་འཚོལ་བ་ལ་དོན་དུ་གཉེར་ཏེ། སྐབས་དེ་ན་རྗེ་བླ་མ་དང་སུ་ཞིག་རྒྱུས་ཆེ་ཞིང་དྲང་བདེན་ཅན་གྱི་སྐྱེ་བོ་རྒན་རབས་སུ་ཞིག་མཆིས་པ་འདྲི་རྩད་བྱས་མོད། ཕྱོགས་ལྷུང་མེད་པར་ཀུན་གྱིས་མཁན་བསོད་ཚེ་དང་། བླ་མ་རིན་པོ་ཆེ་རྣམ་གཉིས་ལ་ཞབས་ཏོག་གཡོ་མེད་དུ་སྒྲུབ་ཅིང་། ཁོང་རྣམ་གཉིས་ནས་ཀྱང་ཐུགས་ཡིད་ཆེས་པ། སྐྱེ་བོ་ཡ་རབས་ཀྱི་ལུགས་བདེན་དྲང་གི་རང་བཞིན་ཅན་ནི། བྷེ་ཇ་ཟེར་བའི་སྐྱེས་བཟང་ཞིག་མཆིས། དེ་ཡང་ཁོ་རྟེན་ཁྱིམ་པ་ཡིན་ཞིང་གནམ་ལོ་དེར་ལོ་དྲུག་ཅུར་ན། ཕྱི་ལོ་༡༩༦༣པ་ནས་བཟུང་མཁན་པོ་རྣམ་གཉིས་ཀྱི་ཞབས་ཏོག་བསྒྲུབས། དེ་སྐབས་ལོ་བཅུ་དྲུག་ཡིན་ཟེར་དེ་ནས་བཟུང་ཕྱི་ལོ་༡༩༨༢བར་མི་ལོ་ཉི་ཤུའི་རིང་། མཁན་པོ་རྣམ་གཉིས་ལ་རང་ནུས་དང་བསྟུན་པའི་ཞབས་ཏོག་དང་། སྐྱིད་སྡུག་གི་གནས་ཚུལ་གང་ཐད་ནས་གསང་སྐུང་མི་དགོས་པར་ཉམས་སུ་མྱོང་བ་ཞིག་ཡིན་ཟེར། དེ་ལ་ང་རང་གིས། མཁན་རིན་པོ་ཆེའི་མཛད་སྤྱོད་གང་ཐད་ནས། ཁྱོད་ཀྱིས་མར་ལ་ཕབ་མི་དགོས། ཡར་ལ་སྒྲོས་གཏོད་དེ་ཇེ་ཡག་ཏུ་གཏོང་མི་དགོས། ཇི་མ་ཇི་བཞིན་གྱི་སྐད་ཆ་དྲང་མོ་ཞིག་བཤད་དགོས་ཞེས་དྲིས་མོད། དེ་ལ་ཁོས། མཁན་པོའི་མཛད་པ་ལ་རྫུན་གྱི་སྒོ་ནས་བསྟོད་པ་ཞིག་ཁོང་འདྲ་མོའི་ཡོངས་སུ་གྲགས་པའི་བླ་མ་ཞིག་ལ་ང་རྒད་པོ་ཞིག་གིས་དགོས་དོན་མི་འདུག་པས་ཅི་བྱེད་དཱ། ལོ་དུ་མར་སོང་བས་ཁོ་བོའི་སྐད་ཆ་ལ་ཆད་ལྷག་བྱུང་ན་རུང་ས་མེད་ཁི་ཞེས་བརྗོད་པ་ལས། སྒྲོ་བཏགས་འདོད་རྩ་བ་ནས་མེད་པ་ཞིག་གོ། གཞན་ཡང་ཁོ་དེ་སྐབས་གཞོན་ནུ་ལོ་བཅུ་དྲུག་ལོན་པ་གྲོང་གཞི་དེ་ནས་སྡེ་དམག་གི་གྲལ་དུ་ཐོན་པ་ཞིག་ཡིན་མོད། དུས་ཚོད་དེར་ཕལ་མོ་ཆེས་རང་གི་ཉེ་དུ་དང་མཛའ་བཤེས་སོགས་ཀྱི་ངོར་ཡང་མི་བལྟ་བར་ཐོབ་ཐང་དང་གོ་གནས་ལ་སྙེག་པ་ཞིག་ཡིན་ན། ན་གཞོན་སྣང་བ་རྒྱ་ཡན་གྱི་དུས་སུ་ཡང་མཁན་པོ་རྣམ་གཉིས་ལ་གཡོ་ཟོལ་མེད་པའི་ཞབས་ཏོག་དང་། བློ་སྙིང་བྲང་གསུམ་གཏོད་པའི་སྐྱེ་བོ་ཉིད་དུ་གྲགས་ཤིང་གྲུབ་པ་དེ་ཁོ་ནས་ཀྱང་ཡ་རབས་ཀྱི་སྐྱེ་བོ་དྲང་བདེན་ཤེས་གསུམ་འཛོམས་པ་ཞིག་ཏུ་ངེས་མོད། ཁྱད་པར་ཁོ་མི་ལོ་ཉི་ཤུ་ལྷག་ཏུ་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་རྣམ་གཉིས་དང་འགྲོགས་པས་ལྷན་སྐྱེས་ཀྱི་དྲི་བསུང་འཛད་པ་མེད་པའི་ཙནྡན་ལྗོན་པའི་ཡལ་གའི་འདབ་མས་ལྕིབས་པའི་འཁྲི་ཤིང་ཕལ་བ་ལས་ཀྱང་དྲི་བཟང་འབྱུང་བའི་དཔེ་ལྟར། འོག་ནས་བརྗོད་པ་བཞིན་མཁན་ཆེན་བླ་མས་མི་ཆོས་ལུགས་ཀྱི་བསླབ་བྱ་ཟབ་མོས་རྗེས་སུ་སྐྱེ་བོ་ཡ་རབས་ཉིད་དུ་ཁོའི་ངག་ལ་བརྟགས་པས་ཀྱང་ཤེས་པས་ན། གཏན་ལ་ཡིད་ཆེས་སུ་རུང་བའི་ངེས་པ་རྙེད་དེ། ཁོ་བོ་ནས་འདྲི་རྩད་བགྱིས་ཏེ་འདི་ན་ལུགས་གཉིས་ཀྱི་མཛད་པ་ཡ་མཚན་པའི་བདེན་གཏམ་གཙང་མ་འགའ་ཞིག་དགོད་པར་འདོད་དོ། །

                            འཕགས་ཆེན་དམ་པའི་མཛད་པའི་གཟི་སྟོང་ཅན། །

                            ཞི་དབྱིངས་ནུབ་ཀྱི་ས་མཐོར་གཤེགས་ན་ཡང་། །

                            ཐུགས་རྗེའི་དྲོད་ཀྱིས་བསྐྱངས་པའི་སྐྱེས་བཟང་གི །

                            དྲང་བདེན་གཏམ་གྱི་སྦྲང་རྩི་འཚོལ་ལ་བྲེལ། །

                            མཛད་བཟང་མཚུངས་པ་མེད་པའི་ཕྱག་རྗེས་ཉིད། །

                            མ་བཅོས་ངག་གི་བདུད་རྩི་མངར་མོའི་རྒྱུན། །

                            སྐལ་བཟང་གང་གི་དད་པའི་ཆུ་ལས་སྐྱེས། །

                            རབ་དགའི་འདབ་མ་འཛུམ་ལ་ཅིས་མི་ཕྱོགས། །

                            དེ་སླད་འདི་ན་ཟོལ་གྱིས་མ་བཏགས་པའི། །

                            ལྷ་དང་དཔལ་གྱི་ཕུན་ཚོགས་རྒྱ་མཚོ་ལས། །

                            ངོ་མཚར་བཀོད་པའི་ནོར་བུའི་ཕྲེང་བ་ཉིད། །

                            གུས་སྤྲོ་ཡིད་ཀྱིས་སྤེལ་འདི་དང་བས་ལོངས། །

ལར་མཁན་རིན་པོ་ཆེས་མངོན་ཤེས་དང་ལུང་བསྟན་གྲུབ་རྟགས་སོགས་ནི། ངེད་རང་རྣམས་མི་ལོ་དུ་མར་ཞབས་པད་བསྟེན་པའི་སྐབས་སུ་དེ་རིགས་ཡོད་མི་དར་བས་དེ་སྐབས་རྣམས་སུ་ཡོད་མེད་ཅི་འདྲ་ཡིན་ཞེས་དྲིས་ཚེ། མཁན་པོ་ཚང་ནས་མངོན་ཤེས་ལུང་བསྟན་གྲུབ་རྟགས་ཕར་ཞོག ཕྱག་མོ་ལ་བརྟེན་ནས་ཆ་འཇོག་གི་གསུང་ཞིག་ཀྱང་ཡོད་མི་དར་ཟེར། དེ་བཞིན་དུ་ཁོ་བོ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གསུམ་ནས་བརྒྱད་ཅུ་གྱ་གཉིས་ཀྱི་བར་མི་ལོ་ཉི་ཤུའི་རིང་མཉམ་པོར་འབྲེལ་འདྲིས་ཀྱིས་ཧ་ཅང་ནང་ལུགས་ཀྱི་ཆ་རྒྱུས་ཆེ་མོད། མཁན་པོ་ཚང་ནས་དུས་རྟག་པར་སྐྱ་སེར་མཐོ་དམན་སུ་ལ་ཡང་། དེའི་མི་རྒྱུད་ཚུན་ཆད་ལ་ངན་སྨྲ་སྐྱོན་བརྗོད་དངོས་སུ་མ་དགོས། ཞལ་རྩེད་ཀྱིས་སྒོ་ནས་འཕྱ་སྨོད་མཛད་ནོ་ཞིག་ཀྱང་གོ་མ་མྱོང་། རྟག་པར་གཞན་ལ་རན་ནོ་དང་ཕན་ནོ་དག་དག་མཛད་པ་དང་། དེར་མ་ཟད་རྗེ་ཉིད་ཀྱི་ལྕམ་སྲིང་མ་དང་ཚ་མོ་རྣམས་ཀྱི་གོས་ཀྱི་མཐའ་ཆོན་ཚུན་ཆད་ཕྱག་བཟོ་གནང་ནས། ཞལ་ནས་ཁོང་ཆ་ལ་ཡག་པོ་རེ་གོན་རྒྱུ་ཡོད་ན་དགའ་ནི་རེད་དཱ། འཁོར་ངན་གྱི་ལས་ཀ་མི་འགྲུབ་པས་འཛོམ་ནི་མ་རེད་ཅེས་མི་ཆོས་དང་ལྷ་ཆོས་ཀྱིས་ཐུགས་དགོངས་ཟབ་མོའི་གསུང་བཟང་གནང་བ་ཞིག་དང་། གཞན་ཡང་གྲོང་གི་ཉེ་སྐོར་གྱི་སྐྱེ་བོ་རྒན་གཞོན་བྱིས་པ་ཡན་ཆད་སུ་དང་སུ་ལ་དུས་རྟག་པར་བྱམས་ཤིང་བརྩེ་བས་སྒོ་ཀུན་ནས་ཕན་བདེའི་མཛད་པ་བསྐྱངས་པས་མཐོ་དམན་ཀུན་གྱིས་དྲིན་ཆེ་བའི་མཛའ་བཤེས་དང་ཕ་མ་ལྟ་བུ་བརྩི་བ་ལས། ཁོང་ལ་སྡང་སེམས་ཀྱི་གཞི་དང་། ལོག་ལྟའི་གཞིར་འཛིན་པ་ཞིག་མི་གཅིག་ཀྱང་མེད་པས། འཚོགས་འདུ་སོགས་སུ་ཕེབས་མི་དགོས་ལ། ཅིས་ཀྱང་དགོས་ན་བརྒྱབ་བརྡུང་འཐབ་རྩོད་ངན་ཚིག་སོགས་ཞུ་བ་ལྟ་ཅི། བསམ་འཆར་ཅི་ཡོད་རེ་གསུང་དགོས་ཞེས་ཞུ་བའི་མི་གཅིག་ཀྱང་མེད་པ་ཞིག་ཡིན་ཟེར། ཨེ་མ་སྟོང་དང་སྙིང་རྗེའི་ཐུགས་རྗེ་ཡེ་ཤེས་ཀྱི་རང་གཟུགས་སེམས་དཔའ་ཆེན་པོ་འདི་ཉིད་ནི། ཟ་ཧོར་མཁན་ཆེན་བྱང་ཆུབ་སེམས་དཔའ་སོགས་སྐུ་ཡི་སྐྱེས་རབས་རིན་པོ་ཆེའི་ཕྲེང་བར་དམིགས་པ་མེད་པའི་ཐུགས་རྗེའི་བདག་ཉིད་དུ་གྲུབ་པའི་ཆེ་རྟགས་འདི་ལ་ལེགས་པར་སོམས་དང་། རྒྱལ་སྲས་སེམས་དཔའ་ཆེན་པོ་མཐོང་ན་མི་མཐུན་པ་མེད་པ། སྣོད་བཅུད་སྡིག་པས་གང་བའི་བསྐལ་ངན་གྱི་ཡོ་ལང་བྱང་ཆུབ་ཆེན་པོའི་ལམ་བཟང་དུ་བསྒྱུར་བ་འདིས་སུ་ཞིག་ཡིད་དབང་མེད་དུ་མི་འཕྲོག་སྟེ། མ་རུངས་པའི་དུས་འཁྲུག་དང་སྐྱེ་བོ་ངན་པ་ཇི་ལྟ་ཇི་ལྟར་བདོ་བ་དེ་ལྟ་དེ་ལྟར་རླབས་ཆེན་རྒྱལ་སྲས་སེམས་དཔའི་ཆེ་བ་མངོན་པའི་རྐྱེན་དུ་གྱུར་པ་འདི་ནི། བསྐལ་ངན་རྒུད་པའི་མུན་པས་མ་རེག་པའི་དུས་ཀྱི་ཁམས་སུ་ཟུམ་པ་མེད་པར་འབར་བའི་སྣང་བྱེད་ཀྱི་སྒྲོན་མེ་དམ་པ་ཞིག་ཏུ་གྲུབ་བོ། །

དེ་བཞིན་དུ་འགྲུལ་པ་འགའ་ཞིག་གིས་ཕྱག་དབང་དང་སྨོན་ལམ་ཞུས་ཚེ། ངས་སྨོན་ལམ་ཞིག་འདེབས་ཤེས་ནི་མ་རེད་གསུངས་ནས་ཕྱག་དབང་དང་སྨོན་ལམ་ཅུང་མཛད་མི་དར་ལ་ཞལ་གྱི་གདམས་པ་ལ། རྒྱུན་པར་གཞན་ལ་གནོད་བསྐྱལ་ཉན་ནི་མ་རེད། མྱི་ཟིག་ལ་ཕན་ཅི་ཐོགས་གྱིས་ད་རང་གི་བྱ་བ་ལམ་ལ་འགྲོ་ནི་རེད་ཅེས་གསུངས་ནས། འགྲུལ་པ་ལམ་ལ་འཇོག་དར་ཟེར། དེ་ཡང་བྱང་ཆུབ་སེམས་ཀྱི་གཞི་རྩ་བསམ་པ་བཟང་པོ་ལ་བསླབ་དགོས་པའི་གདམས་པ་ཟབ་མོ་བསྩལ་ནས་འདི་ཕྱིར་དགེ་བའི་གནས་ལ་བཀོད་པའི་མཛད་པ་རྨད་དུ་བྱུང་བ་སྐྱོང་བ་ནི། དཔལ་དགེ་རིན་པོ་ཆེས་ཀྱང་འཁོར་སློབ་འགའ་ལ་ཞལ་གྱི་གདམས་པ་རུ། དད་པ་བྱེད་པའི་ཡུལ་གང་ཡིན་དང་ཆོས་བྱེད་ཅེས་པ་གང་། གསོལ་བ་འདེབས་སའི་བླ་མ་གང་ཡིན་གྱི་གནད་ཀྱི་གདམས་པ་རེ་བསྩལ་ནས། དེ་ལ་ཆོས་འབྲེལ་གྱིས། ད་ཕེབས་སོང་། ལོ་བརྒྱར་བསྡད་ཀྱང་ཕྱག་དབང་འཇོག་མདོག་དང་སྨོན་ལམ་འདེབས་ཁུལ་སོགས་དགོས་པ་མེད་པ་དེ་འདྲ་མི་བྱེད་ངེས་ཅན་ཡིན། ཞེས་སོགས་གསུངས་པ་བཞིན་ནོ། །

                            སྔོན་དུས་ཤར་ཕྱོགས་ཟ་ཧོར་རྒྱལ་ཁབ་ཀྱིས། །

                            ཙནྡན་མེ་ལ་ཏིལ་མར་ངར་བཏབ་པ། །

                            བསིལ་འཇམ་དྭངས་པའི་མཚོ་རུ་བསྒྱུར་བའི་རབས། །

                            གྲགས་པའི་སྤྲིངས་ཡིག་ལྷོ་གླིང་ཁྱོན་དུ་བསྒྲགས། །

                            འདི་ན་དམིགས་མེད་ཐུགས་རྗེའི་བདུད་རྩིའི་མཚོ། །

                            མ་རུངས་ངན་སྙིགས་སྐྱེ་བོའི་བསམ་སྦྱོར་མེས། །

                            ཚུགས་པར་མ་གྱུར་བྱང་ཆེན་མཛད་པའི་རླབས། །

                            རབ་དགས་རྩེན་པའི་མཛའ་གྲོགས་གྱུར་འདི་རྨད། །

                            ཙག་རླུང་བསེར་བུ་ངར་མའི་རྣོ་ངར་དབལ། །

                            རྟུལ་པོར་བྱེད་པའི་སྣང་བྱེད་འོད་པོ་ཆེ། །

                            གཟི་འོད་ལྷག་པར་འཚེར་བའི་ངོ་མཚར་གཏམ། །

                            དུས་ཀྱི་ཁམས་འདིར་བཞག་འདི་ཨེ་མ་རྨད། །

                            སྲིད་ཞིའི་རྒུད་པ་ལས་གྲོལ་འཕགས་ཆེན་གྱི། །

                            བདེན་གསུང་བདེན་ཚིག་གྲུབ་པའི་དཔལ་འཆང་ཡང་། །

                            བསླུ་བྲིད་ཟོག་པོས་གང་བའི་གནས་དུས་འདིར། །

                            འདུལ་སྤྱོད་གཙང་མས་ཐུབ་བསྟན་རྗེས་སུ་བསྐྱངས། །

ཡང་སྐབས་འགར་ཁོ་བོས། སྔོན་ཆད་སྒོ་ཟོག་བཤས་རབས་སྙན་ལམ་དུ་ཞུས་ཚེ། ཞི་ལུ། ཁྱོས་སྡིག་པ་ཡོད་ནི་མ་རེད་གཏན་ནས་བསམ་ཉན་ནི་མ་རེད། སྡིག་པ་ཡོད་ནི་རེད་བསམ་དགོས་ནི་རེད། ནམ་དྲན་ན་ངས་སེམས་ཅན་དེའི་ཤ་ཁྲག་དེ་ཅི་འདྲ་མོ་ཞིག་ཟོས་བཏང་བསམ་ནས་མ་ཎི་རེ་འདོན་དགོས་ནི་རེད་གསུང་དར་ཟེར། དེ་ལྟར་ཡང་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོས། སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་པར། །

                            ཕལ་དང་གྲོང་པའི་ངག་གིས་ཡང་དག་ལམ། །

                            ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །

ཞེས་གསུངས་པ་ལྟར། སྐྱེ་བོ་ཕལ་བ་ལ་ཕལ་བའི་ངག་གིས་གདམས་ངག་འཛིན་བདེ་བ་གནང་བ་དང་། སྐབས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་དྲག་ལས་ཀྱིས་འཛིན་གྲྭ་སོགས་སུ་འགའ་ཞིག་ལ། དཔེ་མེད་པའི་བརྒྱབ་བརྡུང་དང་། མནར་གཅོད་བྱས་རབས་ཞུས་དུས། འོ་སྡུག་ག་ཡིན་ན། དུ་ཆ་ཁའི་སྡུག་བསྔལ་རོགས་ནི་མ་རེ་གསུང་བ་དང་། འཐབ་རྩོད་བྱེད་ནོ་རྣམས་ཀྱི་ལོ་རྒྱུས་ཞུས་ཚེ་ཡ་དུ་ཆ་ཁས་རྡུང་ཁི་མི་འདུག་ཕོད་ཁི་མེད་ནོ་ཡིན་གྱོ་རེད་ཅེས་གསུངས་པ་ལས། དེ་དག་གིས་ལམ་མེད་ཀྱི་བྱ་བ་ལས་ཀ་ཅི་འདྲ་མོའི་ངན་པ་ཞེས་བཀྱོན་ཚིག་དང་། སྐྱོན་བརྗོད་མི་མཛད་པ་ཞིག་ཡིན་པར་བརྗོད་འདུག་པ་ལ་བསམ་ན། རྡུང་རྡེག་བྱེད་པ་པོ་དང་། བརྡུང་བརྡེག་བྱ་ཡུལ་ཏེ་སྡུག་བསྔལ་རྒྱུ་འབྲས་གཉིས་ལ་སྤྱོད་པ་དེ་དག་ལ་ཁྱད་པར་མི་འབྱེད་པ་ཐུགས་རྗེ་བརྩེ་བའི་ཡུལ་དུ་མཛད་པ་དང་། དེ་བཞིན་ཏུ་མི་ཆོས་ལུགས་ཀྱི་བསླབ་བྱ་བསྩལ་བ་ཡང་ཁོ་བོ་ལ་རྒྱུན་པར། བརྟན་རྒྱུ་དེ་གལ་ཆེ་ནི་རེད། བརྟན་དགོས་ནི་རེད། བརྟན་དགོས་ནི་རེད། དེའི་འཕྲོས་འདྲིས་ས་འདི་གལ་ཆེ་ནི་རེད། བཟང་པོ་རེ་དང་འདྲིས་ས་ཨེ་ལོན་ལྟོས། བཟང་པོ་རེ་དང་འདྲིས་ན་དེའི་ཤུགས་ལ་བུད་འགྱོ་ནི་རེད། ངན་པ་ཞིག་དང་འདྲེས་ན་དེའི་ཤུགས་ལ་བུད་འགྱོ་ནི་རེད། ངན་པ་གཉིས་འདྲིས་ན་གཅིག་གིས་གཅིག་ལ་ཕན་ཐོགས་ནི་མ་རེད། གཅིག་གིས་གཅིག་ལ་གནོད་སྐྱེལ་འགྱོ་ནི་རེད་གསུང་དར་ཟེར། ཚུལ་འདི་ཡང་འཇམ་མགོན་མི་ཕམ་རྒྱ་མཚོས། ཟུངས་ཐུབ་ཡོད་ན་གཞན་མེད་ཀྱང་། །

                            ཡོན་ཏན་བརྒྱ་གོ་གཅིག་ཆོད་ཡིན། །

                            མི་ཆོས་རྩ་བ་འདི་མེད་ན། །

                            ཡོན་ཏན་གཞན་ལ་རེ་ཐག་ཆད། །

ཅེས་པའི་མི་ཆོས་ཀྱི་བསླབ་བྱ་ཡལ་ལོ་བགྲང་བར་མ་ཡིན་པར་སྙིང་པོའི་རྩ་བ་ནས་བཟུང་པའི་གདམས་པ་ཟབ་མོ་གནང་བ་ཞིག་གོ། གཞན་ཡང་དང་པོའི་ལས་ཅན་དག་གི་ལུགས་གཉིས་ཀྱི་བྱ་བ་གང་ཅི་ཡང་ལེགས་པའི་ལམ་དུ་འགྲོ་བ་གྲོགས་བཟང་པོའི་རྗེས་སུ་འགྲོ་བའི་གདམས་པ་ཟབ་མོ་གནང་བ་དང་། རྗེ་ཉིད་ཀྱི་ངང་ཚུལ་ཡང་ཡུལ་རྐྱེན་གང་ལ་ཡང་རེ་དོགས་འདོར་ལེན་གང་ཡང་མེད་པར་ལྷུན་པོ་ལྟར་བརྟན་པ་ཞིག་སྟེ། འཚུབ་ལྷོང་གི་དུས་ཚོད་དེར་ཁོང་གི་ཁུ་བོ་མཁན་ཤེས་རབ་ནི་ཡུལ་གྱི་བདེ་སྡུགདུས་ཚོད་ཀྱི་གནས་ཚུལ་ཁོ་བོ་ཅག་ལ་འདྲི་ཞིང་བདེ་སྡུག་གི་སྐད་ཆ་ལ་བསམ་པ་ཞིག་ཡིན་མོད། མཁན་རིན་པོ་ཆེ་ནི་དེ་ལྟར་རེ་དོགས་ཀྱིས་བཀའ་འདྲི་གནང་བ་ཕར་ཞོགཁོ་བོ་ཅག་གི་སྐད་ཆ་ལ་གསན་ཁི་མེད་པ་འདྲ་བ་ཞིག་ཡིན་པ་དང་། སྐབས་སུ་ཚོགས་འདུ་འཚོགས་སར་ཕེབས་དགོས་པ་ན་ཐུགས་ལ་མི་བབས་པ་དང་། ཐུགས་སྐྱོ་བའི་རྣམ་པ་མེད་པར། ཡ་ཚོགས་འདུ་ལ་འགྲོ་ཨ་གསུངས་ནས་ཐུགས་དགྱེས་ཉམས་ཀྱིས་ངང་ནས་ཕེབས་འགྲོ་བ་ཞིག་ཡིན་ཟེར། དེ་ཡང་ཡུལ་རྐྱེན་གང་གིས་ཀྱང་ཟུག་རྔུ་མི་སྐྱེད་པ་ནི་ནང་གི་ལྟ་དགོངས་མཐོན་པོར་གཤེགས་པའི་ཆེ་རྟགས་སུ་མངོན་པ་སྟེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། སྣང་བ་དག་པར་ཤར་ན་ཡུལ་རྐྱེན་གྱིས་ཅི་གནོད། །

                            ཆགས་སྡང་ཆུ་རིས་ཡལ་ན་གཏད་མེད་ཀྱི་རྣལ་འབྱོར། །

ཞེས་གསུངས་པས་སོ། །དེ་བཞིན་དུ་ཉེ་འབྲེལ་སོགས་སྐྱེ་བོ་སུ་ཞིག་གིས་དགྲ་གཉེན་བར་གྱི་ཆགས་སྡང་གི་གཏམ་བརྗོད་པ་དག་ལ་ཟུར་ཙམ་ཞིག་གསན་པ་ངོ་བོ་ཉིད་ཀྱིས་མི་མངའ་བ་ཞིག་ཡིན་པར་བཤད་འདུག ཨེ་མ་དམ་པའི་སྐྱེས་བུའི་མཛད་པའི་རྣམ་ཐར་ངོ་མཚར་བ་ཆ་ཤས་རེས་ཀྱང་སྐལ་བཟང་དག་གི་དད་སྤྲོའི་འདབ་མ་ཁོང་ནས་ཅིའི་ཕྱིར་མི་འཛུམ།

 

                            སྙིང་རྗེའི་ཐུགས་བསྐྱེད་རྗེས་སུ་ཆགས་པ་ལས། །

                            གདམས་ཟབ་གནད་དུ་སྡེབ་པའི་ཕལ་གྱི་ངག །

                            སྙན་པའི་གསུང་གིས་བསྩལ་པའི་བདུད་རྩིའི་རྒྱུན། །

                            ལས་ཉོན་ཚ་བས་གདུང་ལ་འཛད་མེད་གནང་། །

                            བཙན་དུག་ཁོང་ནས་ལྡང་བའི་ཉམ་ཐག་དང་། །

                            དུག་ཅན་ཟས་ལ་སྤྱོད་པའི་རྨོངས་པ་བཞིན། །

                            སྔོན་ལས་བཙན་པོའི་ཁྲིམས་ཀྱིས་མནར་གཅོད་དང་། །

                            སྡིག་ལས་ཁྲིམས་བདག་གཉིས་ལ་ཁྱད་མེད་བཟུང་། །

                            ཀྱེ་མ་དུས་ཀྱིས་རབ་མནར་ཉམ་ངའི་འགྲོར། །

                            རིས་མེད་ཐུགས་རྗེ་ཡེ་ཤེས་སྒྲོན་མེ་ཆེ། །

                            སྙོམས་པོར་འཆང་བའི་ཕན་བདེའི་འོད་སྣང་ཉིད། །

                            བསྐལ་ངན་མུན་པས་མ་བཅོམ་ལྷག་པར་འཚེར། །

 

དེ་བཞིན་དུ་སྡོམ་བརྩོན་དམ་པ་ཤཱཀྱའི་སྲས་པོ་གནས་བརྟན་ཆེན་པོ་འདི་ཉིད་ནི་གང་བྱུང་དེས་ཆོག ལྟོ་འགྲང་ལྷགས་སྐྱོབ་ཙམ་གྱིས་འཚོ་བ། བཀའ་གདམས་གོང་མའི་རྣམ་ཐར་རྗེས་སུ་སྐྱོང་བའི་བརྟུལ་ཞུགས་བླ་ན་མེད་པའི་ཆེ་བའི་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་སྨྲོས་ན། ཉེ་སྐོར་གྱི་ཁྱིམ་པའི་སྐྱེ་བོ་འགས། ཀོ་སྤུ་འབྲེད་བྱེད་ཀྱི་སྐྱི་གྲི་བརྡར་རྒྱུ་ཡང་ཉིན་རེར་ཐེངས་གཉིས་གསུམ་དུ་བརྡར་བཅུག་ན་ཡང་། བྱང་སེམས་སྙིང་རྗེའི་བདག་ཉིད་ཆེན་པོས་རྗེས་སུ་བརྩེ་བཞིན་བགྱིད་པ་ཞིག་སྟེ། གཞན་དག་ནས་ཁྱེད་ཀྱིས་དེ་ཙམ་དུ་དཀའ་ལས་ཐུབ་གི་ནེས་ཞུས་ཚེ། ངས་གྱི་ཡག་པ་ཞིག་བརྡར་མི་ཤེས་ཁི་ད། ཅི་ག་ཆོད་ཁི་མེད་ཁི་ནི་བརྡར་རོགས་འདྲ་ཡེད་ཁ་ཡིས་ནི་རེད་ཅེས་གསུང་དར་ཟེར། དེ་ལྟར་ཡང་བྱང་སེམས་སྤྱོད་འཇུག་ཆེན་མོར། གཞན་དག་དམན་པའི་ལས་བྱེད་ན། །

                            བདག་ཉིད་ཀྱང་ནི་ཇི་ལྟར་འདུག །

ཞེས་པའི་དོན་ཡོངས་ཀྱི་དགེ་བའི་བཤེས་གཉེན་དཔལ་དགེ་རིན་པོ་ཆེའི་ཞལ་རྒྱུན་ལྟར་སྤྱོད་འགྲེལ་བདུད་རྩིའི་ཐིགས་པ་ན། གཞ༵ན་དག༵་རྩྭ་འཐུ་ཤིང་འབྲེག་ཁུར་འཁུར་བ་སོགས་དམ༵ན་པ༵འི་ལ༵ས་བྱེད༵་ན༵། བད༵ག་ཉི༵ད་ཀྱ༵ང་ནི༵་ཇི༵་ལྟ༵ར་བདེ་བར་འདུག༵་སྟེ་འདུག་མི་རིགས་པ་སྡིག་པ་མི་འབྱུང་བའི་དམན་པའི་ལས་དེ་སྒྲུབ་པའི་གྲོགས་བྱེད་དགོས་ཏེ། དཔེར་ན་འབྲོམ་སྟོན་པས། སྔགས་རྒན་ཞིག་གི་ཁུར་རང་གིས་འཁུར་བར་མཛད་པ་དང་། རྒྱ་གར་དམ་པས་ཨ་ཙ་ར་སྨ་ར་སེར་པོ་ཅན་གྱི་ཁུར་འཁུར་བ་མཛད་པ་བཞིན་ནོ། །

ཞེས་གསུངས་པ་བཞིན་བྱང་སེམས་སྙིང་རྗེའི་མངའ་བདག་གིས་མཛད་པ་རྨད་དུ་བྱུང་བ་གནང་བ་དང་། དེ་བཞིན་དུ་དེ་སྐབས་མཉམ་ལས་རྒྱུ་རྫས་བདག་གཉེར་པ་རྒད་པོ་ཞིག་ཡོད་པ། ཁོས་རྩིས་རིགས་དང་ཡི་གེ་འབྲི་འདོན་གང་ཡང་མི་ཤེས་པས། དངོས་རྫས་ཕར་སྤྲད་ཚུར་ལེན་ནམ་ནམ་དུ་གྲོང་གི་ཉེ་སྐོར་ཀུན་གྱིས་ཐོས་འདུག་པར་མཁན་རིན་པོ་ཆེ་ལ་འབོད་སྐད་བཏང་ནས་རྩིས་བགྲང་བརྒྱག་རྒྱུ་དང་། ཡི་གེ་འབྲི་རོགས་ལ་དྲངས་པ་ན། ཁོང་ཉིད་ཁོམ་མི་ཁོམ་དང་སྐུ་ངལ་འཛེམ་པ་སོགས་མེད་པར་དུས་རྒྱུན་པར་ཐུགས་དགྱེས་བཞིན་བརྩེ་བཞིན་དུ་སྐུ་དྲིན་བསྐྱངས་པར་མཛད་པ་དང་། དེར་མ་ཟད་སུ་དང་སུ་ཞིག་གིས་མངག་གཞུག་ཏུ། བྱིས་པ་ཆུང་ངུ་ཞིག་གིས་ཞུས་པ་ཡན་ཆད་ལ་ཧ་ཅང་ཐུགས་རྒྱུད་ཞི་འཇམ་དེས་པའི་བྱང་སེམས་བདག་ཉིད་ཆེན་པོས་སྐྱེ་བོ་ཡོངས་ཀྱི་རེ་འདོད་སྐོང་བ་ལས་ཐུགས་ཁྲོ་བ་དང་། ཉེ་རིང་གི་གནས་ལ་ཕྱོགས་སུ་ལྷུང་བའི་མཛད་པ་ཞིག་གཏན་ནས་མི་མངའ་བས་ཀུན་གྱི་ཡིད་དུ་འོང་བས་རྗེ་ཉིད་ཀྱིས་ཁྱིམ་པའི་གོས་དོར་མ་ཙམ་ཡང་ནབ་མི་དགོས་པ་དང་། རྒྱུན་པར་མཐོ་དམན་སུས་ཀྱང་ངན་སེམས་དང་སྨད་པ་ཙམ་ཡང་མེད་པར་བཞུགས་ཆོག་པ་ནི། འཇིག་རྟེན་པའི་སྐྱེ་བོ་རྣམས་ཀྱིས་ཁོང་རྒྱུད་འཇམ་ཞིང་། ངང་རྒྱུད་བཟང་ནོ་གིས་རེད་ཅེས་དང་། ཅུང་མི་ཤེས་པ་འགས་ཉམ་ཆུང་ནེ་ཁི་རེད་ཅེས་གླེང་བ་ཞིག་གོ། དེ་བཞིན་དུ་རྗེ་ཉིད་ཀྱི་གཟིམ་ཁང་གི་ཉེ་བ་ན་ཨ་ཡེས་བཟང་སྒྲོན་ཟེར་བ། རྔོ་འཐག་བཟང་པོ་ཞིག་མཆིས་པ་དེ་སོགས་གཞན་དག་གིས་ཁོང་ཁུ་དབོན་གཉིས་ལ་བརྔོ་འཐག་བྱེད་རོགས་བགྱིད་ཅེས་ཞུས་ཚེ། རྒ་རྒས་ལག་པ་ན་བས་དགོས་ནི་མ་རེད་གསུངས་ནས་སྐུ་ཉིད་ཁོ་ནས་ཕྱག་ལས་མཛད་པ་ཞིག་ཡིན་ཟེར། དེ་ལྟར་ཡང་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ནི་ནམ་ཡང་གཞན་བྲན་དུ་མི་བཀོལ་བར་རང་ཉིད་དམན་པའི་འགྲོ་བ་རྣམས་ཀྱི་ལག་གཡོག་མཛད་པའི་རྣམ་པར་ཐར་པ་འདི་དག་ལ་བློ་ལྡན་དག་གིས་ལེགས་པར་སོམས་དང་། དེ་བཞིན་དུ་སྔ་སོར་རྗེ་ཁུ་དབོན་ཁོང་རྣམ་གཉིས་དང་། མེ་ཐབ་ཆུང་ངུ་ཞིག་ཤོང་ཙམ་གྱི་ནག་ཚང་རྡོ་སྟ་མ་ཞིག་ཡོད་པ་དེའི་ཆོག་ཆོག་གིས་བཞུགས་པ་ལས། གཟིམ་ཁང་ལས་རྒྱུའི་ཐུགས་མོས་གཏན་ནས་མེད་པ་ལ། ཁོང་གི་མཆེད་ཡ་ཞིག་གིས་ས་ཁང་ལྷགས་སྐྱོབ་ཙམ་ཞིག་ལས་ཏེ་ཕུལ་བ་ལ་མི་ལོ་ཉི་ཤུ་ལྷག་ཏུ་གཏན་བཞུགས་བགྱིས། ཕྱིས་ཆོས་སྒོ་འབྱེད་པ་ལ་ཉེ་བ་ན་ཉེ་དུ་རྣམས་ནས་གཟིམ་ཁང་རྒྱ་བསྐྱེད་སྤུས་ཇེ་ལེགས་གཏོང་དགོས་ཚུལ་ཞུས་ཀྱང་མ་གནང་བར་བཞུགས་ཐེངས་གཅིག་གིས་གཟིམ་ཁང་ཐབས་ཆག་ཙམ་པོ་དེར་བཞུགས་པར་མཛད། སྐབས་སུ་རང་སྡེ་གཞན་སྡེ་གང་གི་ཉེ་འབྲེལ་མཛའ་བཤེས་སོགས་ལ་འབྲེལ་གཏུག་གིས་ཞག་གཅིག་ཏུ་ཡང་བྱོན་བཞུགས་མཛད་པ་མེད་པར་མ་ཟད་རྒྱུན་པར་ཆུ་ལེན་ཐལ་འཕོ་ཆབ་གསང་ཕེབས་པའི་སྒོར་བྱོན་གྱི་སྐབས་ཚུན་ཆད་དང་། དབྱར་དང་དཔྱིད་ཀྱི་དུས་སོགས་ནམ་ཟླ་སྤྲོ་བའི་སྐབས་སུ་ཁམས་གསེང་གིས་ཐང་ན་བཞུགས་འདུག་པ་ཞིག་དང་། ཕན་ཚུན་རྒྱུ་འགྲུལ་གྱི་མི་དང་གཏུག་འབྲེལ་མཛད་འདུག་པ་དང་། ཉི་དྲོད་ལྡེས་ནས་སོས་དལ་གྱིས་བཞུགས་འདུག་པ་སོགས་ཀྱང་གཏན་ནས་མཇལ་མ་མྱོང་ཟེར། དེ་ལྟ་ན་རྒྱུན་པར་ཉིན་མཚན་ཁོར་མོར་སྤོང་ཀློག་གི་མཛད་པས་དུས་འདའ་བ་ཞིག་གོ། ཕྱིས་སུ་མཁན་ཤེས་རབ་སྐུ་གཤེགས་ཚེ་གདུང་མཆོད་འབུལ་བའི་ཆ་རྐྱེན་ལ། མར་གྲོད་གཡོག་རྒྱ་མ་ལྔ་དྲུག་ཅན་གཉིས་དང་། ཆུར་བ་ཅ་ནེ་བཅུ་ཁ་ཞིག་ཁོང་རྣམ་གཉིས་ཀྱི་ཁ་བཞོས་མཛོ་མོ་གཅིག་ཡོད་པའི་དཀར་གསོག་ལ་མཆིས་པ་ལས། གཞན་ཕྱག་རྒྱུ་དངོས་པོ་བཟང་པོ་གཟན་ཤམ་ཌ་དྲིལ་མཆོད་ཆས། རྟ་དྲེལ་ཇ་དངུལ་སོགས་ཅི་ཡང་མེད་པས་ཉེ་དུ་རྣམས་ཀྱིས་གདུང་མཆོད་ཕུལ་སོང་བ་རེད་ཟེར། དེ་བཞིན་དུ་གཞན་གྱིས་སྐྱབས་རྟེན་བསྔོ་སྨོན་ཞུ་རྟེན་ཧ་ཅང་ཨུ་ཚུགས་ཀྱིས་ཕུལ་བ་རྣམས་སྒོར་རེ་རེའམ་དངོས་རྫས་དག་ལས་འབྲེལ་འཇོག་ཕྲན་བུ་ལས་གཏན་ནས་མི་བཞེས་པ་དང་། གྲོང་གི་ན་ཤི་སོགས་ལ་འབྱོན་པར་ཞུས་ཚེ། ཨ་ཁུས་ཇ་རག་ནི་མ་རེད་ནི། ངས་མ་ཎི་རེ་འདོན་འདུག་གསུངས་ནས་ཕེབས་པར་མི་མཛད་པས་དཀོར་འབུལ་བསྡུད་ཅིག་གཏན་ནས་མི་མཛད་པ་དང་། རྒྱུན་པར་ཁོང་རྣམ་གཉིས་ནས་ཤ་མར་གྲོ་ཆུར་དང་། གོས་ཕྲུག་ཐེར་རས་སོགས་ཡོ་བྱད་ཅི་ཡང་གསོག་འཇོག་གིས་ཚགས་དང་གཞན་ལ་དགོས་བཅོལ་སོགས་ཅི་ཡང་མི་མཛད་པ་མ་ཟད། གཞན་གྱིས་ཚ་རུ་པགས་པ་སོགས་སྐྱབས་རྟེན་བསྔོ་ཞུས་ཆེད་དུ་ཕུལ་བ་ན་མཁན་རིན་པོ་ཆེ་ནས་ཨ་ཁུ་ནི་ད་ལོ་གོན་རྒྱུ་ཡོད་གསུངས་ནས་བཞེས་པར་མི་མཛད། རྗེ་ཉིད་ཀྱིས་དབྱར་དགུན་གཉིས་ཀ་པགས་རྩག་ཤུབ་མོ་ཕུ་དུང་ཕྲ་མོ་ཅན་ཞིག་མནབས་འདུག་པ་ལ། ཀུན་གྱིས་མཁན་ཤེར་ཁུ་ཚན་གཉིས་ནི་དབྱར་དགུན་གཉིས་ལ་གོན་རྒྱུ་གཅིག་ལས་མེད་པས། དབྱར་ཁ་སོ་དྲོ་ནེ་གིས་གྱོན་ཐུབ་ས་མེད་ཁི་ཞེས་གླེང་འདུག་པ་དང་། དེ་བཞིན་དུ་གསོལ་ཆས་ཀྱང་ཁོང་རྣམ་གཉིས་ཀྱི་ཞལ་བཞོས་མཛོ་མོ་གཅིག་པོ་དང་། ཉེ་དུ་དག་གིས་ཅུང་ཟད་ཕུལ་བ་དེའི་གུང་ཚིགས་ཀྱི་ཆ་རྐྱེན་བྱེད་པ་ཞིག་ཡིན་དར་ཟེར། དེས་ན་ཟས་གོས་ཡོ་བྱད་ལྟོ་འགྲང་ལྷགས་སྐྱོབ་ཙམ་ལས་གཞན་གསོག་འཇོག་མེད་པར་མ་ཟད་རྟེན་གསུམ་ཡང་དཔེ་ཆའི་སྐོར་པོ་ཏི་ཁ་ཤས་ཡོད་པ་མཁན་བསོད་སྡིས་སར་འཇོག་ཅིང་འདུལ་བ་ནས་བཤད་པའི་ཚད་ལྡན་གྱི་གཟིམ་ཁང་ན། དགེ་སློང་གི་ཡོ་བྱད་ལ་འོས་པ་དག་བྱིན་གྱིས་བརླབས་ཏེ་བཞུགས་པར་མཛད་པ་ཞིག་གོ། གཞན་ཡང་ཉིན་རེའི་ཐུན་དང་ཐུགས་དམ་ནར་མ་ཇི་ལྟར་བགྱིད་པའི་ཚུལ་ཡང་། སྤྱིར་འདི་རིགས་གསང་བ་ལ་དགྱེས་པས་ཇི་བཞིན་མི་ཤེས་མོད། ཁོང་མཇལ་དུ་ཡོད་པ་བརྗོད་པ་དག་དད་པའི་གསོས་སུ་ཉུང་ངུ་ཞིག་འགོད་ན། ཁོང་ཁུ་དབོན་གཉིས་ནས་ནངས་ཇ་སྔ་བར་གསོལ་ནས་གསོལ་ཆས་ཕྲན་བུ་ཡོད་པའི་སྟེང་དུ་ཤིང་ལེབ་ཐུང་ངུ་། མར་མེ་གཅིག་དང་། མཎྜལ་དང་བདུན་ཚར་ཆ་གཅིག་ཆུད་པ་ཞིག་ལ་མཆོད་པ་བཤམས་ནས། དེ་ནས་སྔ་དྲོའི་དུས་ཕལ་ཆེར་མཁན་བསོད་ཚེ་སར་ཕེབས་ཏེ་དཔེ་གཟིགས་མཛད་པ་དང་། སྐབས་འགར་ཁོང་རྣམ་གཉིས་དཔེ་ཆ་ལ་ཐུགས་ཡེངས་སོང་ཚེ་ཨ་ཁུའི་ཇ་བསྐོལ་འཕྱི་སོང་གསུངས་ནས་ཐུགས་བྲེལ་གྱིས་ཕེབས་ཏེ། ཐལ་བ་འཕོ་སར་འབྱོན་པ་ན། ཞལ་ནས་བཟང་སྤྱོད་སྨོན་ལམ་གསུང་བཞིན་ཕེབས་འགྲོ་བ་དང་། དེ་ནས་མདུན་མེ་འབུད་པ་སོགས་ཕྱག་ལས་གང་གི་སྐབས་སུ་ཡང་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་པའི་སྐབས་མ་གཏོགས་ཕྱག་ཕྲེང་ནི་ནས་རྔོ་བ་ཚུན་ཆད་ལ་སྣོམ་འདུག་པ་ཞིག་ཡིན་དར་ཟེར། དེ་ནས་ཉིན་གུང་གསོལ་ཚིགས་བཞེས་ཟིན་པ་དང་། མཆོད་པ་གཤེགས་པར་མཛད་པ་རྣམས་ནི་ཉིན་གཅིག་བཞིན་དུ་ཆག་མེད་དུ་མཛད་པ་ཞིག་ཡིན་པ་ནི་སྐུ་ཚེ་གང་པོར་ཆམ་རིམས་ཤིག་གིས་སྙུང་ཚུལ་ཙམ་ཡང་མེད་པས་དེ་ཁས་ཡིན་ཟེར། སྐབས་སུ་འགྲུལ་འགྲིམ་གང་ཡང་མེད་ཚེ་གཟིམས་མལ་དུ་སྐུ་ལུས་དྲང་ཟིང་ངེར་བཞུགས་འདུག་པ་ལས། གཡས་གཡོན་དང་སྐུ་རྒྱབ་བརྟེན་པ་མཛད་པ་ཞིག་མེད་པར་མ་ཟད་གཟིམས་མལ་ཡང་དཀྱིལ་ཀྲུང་གིས་བཞུགས་པ་ལས་གཟིམས་ཁྲི་རིང་པོ་ཞིག་ཡིན་ནི་མ་རེད་ཟེར། ནུབ་མོ་ང་མྱིག་ངན་ནོ་གིས་དཀར་འོད་མེད་ན་དགའ་ཁི་གསུངས་ནས་མར་མེ་མཆོད་མི་དར་ཟེར། དེ་ལྟར་ན་ཉི་མ་རེ་བཞིན་མཆོད་འབུལ་ཚོགས་བསགས་དང་། གཞུང་ལུགས་རབ་འབྱམས་དཔེ་ཀློག་གཟིགས་རྟོག་གིས་གཏན་ལ་ཕབ་ཅིང་། མཚན་མོ་ཧྲིལ་གྱིས་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ཉམས་པ་མེད་པར་འཛིན་སྐྱོང་གནང་བ་འདི་ནི། རྗེ་བཙུན་མཆོག་གི་ཆེ་བའི་མཛད་རྣམ་ངོ་མཚར་བའི་གཏམ་ཡིད་བཞིན་ནོར་བུའི་ཕྲེང་བ་ལྟ་བུ་ལས། ཆེས་རྨད་དུ་བྱུང་བའི་བཀོད་པའི་རབས་ཤིག་གོ།

                            གནས་ཁང་ཡོ་བྱད་སྨན་སོགས་ཉེར་སྤྱད་རིགས། །

                            ཆོས་འདུལ་རྒྱ་མཚོའི་གཞུང་ལས་གནང་བཀག་གཞི། །

                            ཚུལ་བཞིན་བླང་དོར་བགྱིད་པའི་མཛད་བཟང་གིས། །

                            མུན་པའི་དུས་སུ་ཁྲིམས་གཙང་སྒྲོན་མེ་སྦར། །

                            སྐྱེ་བོ་གང་ཞིག་བྲེལ་ཞིང་ཕོངས་པའི་ལས། །

                            སྡིག་པའི་ལས་སུ་འགྱུར་བ་མ་ཡིན་པར། །

                            སྐུ་ངལ་འཛེམ་པ་མེད་པའི་རྗེས་བསྐྱངས་པས། །

                            འབྲོམ་རྗེ་རྒྱལ་བའི་རྣམ་ཐར་འདི་ན་བཀོད། །

                            བཀའ་བསྟན་གསུང་རབས་རྒྱ་མཚོའི་དགོངས་པའི་མཐིལ། །

                            སྤོང་ཀློག་ཟུང་དུ་སྦྱོར་བའི་རྣལ་འབྱོར་གྱི། །

                            བཀའ་གདམས་གཞུང་པའི་མཛད་བཟང་གསེར་གྱི་ཁམས། །

                            སྙིགས་མའི་ལྗན་ལྗིན་ཁྲོད་ནས་ཁྱེད་ཀྱིས་བསླངས། །

                            བཟའ་བཅའ་མཆོག་གིས་མ་ཡིན་གང་བྱུང་དང་། །

                            ཧྲུལ་པོའི་པགས་པའི་ན་བཟའ་རེ་རེས་ཀྱང་། །

                            བགྲང་བྱ་དུ་མར་འཚོ་བའི་ཀུན་སྤོང་པ། །

                            སྤྱན་སྔ་ཀོ་ཤམ་པ་ཡི་བརྟུལ་ཞུགས་བསྐྱངས། །

དེ་བཞིན་དུ་མི་ཆོས་ལུགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ་ཡང་། གོང་བཤད་ལྟར་མི་ཆོས་ཀྱི་རྩ་བ་ཟུངས་ཐུབ་པའམ་རང་ཚུགས་མ་ཤོར་བའི་རྒྱུད་བརྟན་དགོས་པར་གཞན་ལ་གདམས་པ་ལྟར། རྗེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཟིལ་ཆེ་ལ་བརྗིད་ཅིང་བརྟན་པ་ཞིག་སྟེ། དེ་ཡང་ཆོས་དང་ལུགས་ཀྱི་གནས་ལ་རྨོངས་པའི་སྐྱེ་བོ་དག་གིས་ཐུབ་པའི་མཛད་པ་ལ་ཡང་ལོག་པར་ལྟ་ན། དེ་འདྲའི་གང་ཟག་ཐ་ཤལ་རྣམས་ནི་དེར་ཟད། དེ་ལས་གཞན་པའི་སྐྱེ་བོ་བློ་ལྡན་དག་གིས་རྗེ་ཉིད་མཇལ་བ་ན། ཡིད་དབང་མེད་དུ་འཕྲོག་པ་སྐུ་མཆོག་མཚུངས་པ་མེད་པ་རྟག་ཏུ་སོར་བྱང་སྔགས་ཀྱི་བསླབ་པ་དང་། མི་ཆོས་ལུགས་ཀྱི་བརྟན་ཅིང་ཟུངས་ཐུབ་པས་སུས་ཀྱང་བརྙས་སུ་མེད་པའི་སྐུ་ཟིལ་ཆེ་བ། གསུང་གི་གསང་བ་ཡང་ཐུབ་པ་དྲང་སྲོང་ཆེན་པོའི་གསུང་གི་ཆེ་བ་ལྟར་འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱིས་ཡིད་ཆེས་ཤིང་། བདེན་གསུང་སྙན་པའི་དབྱངས་ཀྱིས་དགའ་བདེ་བླ་ན་མེད་པ་སྟེར་བ། ཐུགས་ཀྱི་དགོངས་པའི་གཏིང་ནི་སུས་ཀྱང་དཔོག་དཀའ་བའི་མཁྱེན་དང་བརྩེ་བའི་བདག་ཉིད་གང་ཞིག་རྗེས་སུ་འཇུག་ཅིང་ལྟོས་བཅས་ཀྱི་འགྲོ་བ་ཀུན། མི་མཐུན་པའི་རྒུད་པ་ལས་གྲོལ་ཞིང། ཕན་པ་དང་བདེ་བའི་དཔལ་ཀུན་སྦྱིན་པས་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། མདོར་ན་སྐལ་པ་ངན་པའི་སྐྱེ་བོ་དག་གིས་མ་རབས་ངན་སྤྱོད་བདོ་བས་སའི་ཁྱོན་ཀུན་གང་བར་གྱུར་པ་ན། འདམ་ལས་སྐྱེས་པའི་པདྨ་གཞོན་ནུའི་ལང་ཚོ་ལྟར་སྐྱོན་གྱི་མ་རེག་པའི་མི་ཆོས་གཙང་མའི་རང་གཤིས་འགྱུར་བ་མེད་པར་བཞུགས་པ་ནི། ཀུན་གཟིགས་མི་ཕམ་རིན་པོ་ཆེས།

                            ས་འདི་མ་རབས་ཀྱིས་གང་ཡང་། །

                            རང་ཉིད་ཡ་རབས་སྤྱོད་པ་བྱ། །

                            དེ་ལྟ་ན་ནི་ཆོས་ཉིད་ཀྱིས། །

                            རང་ལ་ཕུན་སུམ་ཚོགས་པར་འགྱུར། །

ཞེས་གསུངས་པ་ལྟར་རོ། །དེ་བཞིན་ཏུ་མི་ཆོས་ཀྱི་རྩ་བ་བྱ་བ་ལེགས་ཉེས་ལ་མ་རྨོངས་པའི་མཁྱེན་པའི་སྤྱན་རས་ཡངས་པ། གསང་བ་གསུམ་པོ་ཡུལ་རྐྱེན་གང་གིས་ཀྱང་གཡོ་བ་མེད་པས་ཀུན་ནས་བརླིང་ཞིང་འཇིག་རྟེན་ལུགས་ཀྱི་ལེགས་ཚོགས་སྡེ་བཞིའི་འབྱུང་གནས་སུ་གྱུར་པ་ཞིག་སྟེ། ཕྱིས་སུ་ཆོས་སྒོ་འབྱེད་པ་ལ་ཉེ་བ་ན། ལས་བྱེད་པ་འཇིག་རྟེན་ལུགས་ཀྱི་གཙུག་ལག་གི་གནས་ལ་ཧ་ཅང་མཁས་པར་རློམ་པའི་ཁེངས་དྲེགས་ཅན་ཞིག་གིས། རྗེ་བླ་མ་རིག་གནས་ལ་མཁས་པ་ཡིན་པར་གོ་བས་ཁོས་ཚོད་བགམ་པའི་འདྲི་རྩད་བགྱིས་པ་ལ། པཎ་ཆེན་བླ་མ་ལུགས་གཉིས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་ལ་རང་བྱན་ཆུད་པའི་མཁྱེན་རབ་ཟབ་མོའི་ཟིལ་གྱིས་རང་མཐོང་གི་རྒྱགས་པ་དང་ང་རྒྱལ་ཆག་སྟེ། དེ་ཕྱིན་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་གནས་སུ་བཀོད་པ་ནི་དམ་པ་གོང་མས། གཞན་གྱིས་དྲོད་ཉུལ་བའི་གནས་ལ་ངོ་མཚར་བའི་ལན་གྱིས་ཟིལ་གྱིས་མནན་པ་ཡང་མཁས་པ་དག་གི་ལས་སུ་བྱ་བ་ཡིན་པར་གསུངས་པ་བཞིན་ནོ། །

གཞན་ཡང་སྐབས་སུ་མི་ཆོས་ལུགས་ཀྱི་བསླབ་བྱ་ཟབ་མོ་གྲོང་ཚིག་དཀྱུས་མས་བསྩལ་བ་ཅུང་ཟད་བརྗོད་ན། གཞན་འགའ་རེས་ཕྱག་དབང་དང་སྨོན་ལམ་རེ་ཞུས་ཚེ། སྨོན་ལམ་ཅི་ག་མི་ཤེས་ཁི་ད། མི་གཞི་བཟང་རྒྱུ་ད། འགྲོགས་ཡུན་ཡོད་རྒྱུ། རྫུན་བཤད་མི་ཉན་རྒྱུ་བོ་གལ་ཆེ། རྫུན་བཤད་ཁི་བསྡད་ན་རང་གིས་རྫུན་རྐུབ་མ་ཕུད་ན་ཡང་། ཉིན་ཅིག་གཞན་གྱིས་ཕུད་ཡོང་ནི་རེད། ཅེས་གསུངས་ཤིང་། ཡང་སྐབས་འདི་ལྟར་གདམས་པར་མཛད་དེ། འདྲིས་ངོ་ཡོད་པ་དང་། འདྲིས་ཡུན་རྟག་དགོས་ནི་རེད། ལོ་རེས་ཆ་རེས་འགྱུར་ལྡོག་འགྲོ་ཉན་ནི་མ་རེད། ཅེས་གསུངས་ཤིང་། ཁོང་གི་ངང་ཚུལ་ཡང་། དུས་ཕྱིས་མདོ་དབུས་ཁམས་གསུམ་རྒྱ་དཀར་ནག་སོགས་རྒྱལ་ཁབ་ཉི་ཤུ་ལྷག་གི་རྒྱལ་སར་ཞབས་པད་བསྐྱོད་ནས་སྟོབས་འབྱོར་དྲེགས་ལྡན་གྱི་རྒྱལ་བློན། མཁས་པ་དང་མཛངས་པའི་རིགས་པ་སྨྲ་བ། མཚན་སྙན་གྱི་གྲགས་པ་མཐོ་བའི་མཁན་སྤྲུལ་དགེ་བཤེས་སོགས་ཆེན་པོ་དག་གིས་གཙུག་གི་རྒྱན་ཏུ་བཀུར་བའི་གནས་སུ་གྱུར་ནས་སླར་གདན་ས་རིན་པོ་ཆེར་སྐུར་བསྐྱོད་པ་ན། སྔར་ལས་སྤྲོས་པ་ཇེ་ཆུང་གིས་སྔོན་ཆད་སྐྱིད་སྡུག་ལྷན་མྱོང་གི་སྐྱེ་བོ་རྒན་རྒོན་དག་གི་སར་ཞབས་ཐང་གིས་ཆེད་དུ་ཕེབས་ཤིང་། བརྩེ་བའི་གསུང་གིས་ཞལ་བརྡ་གནང་བ་ཞིག་སྟེ། བྷེ་ཇ་ནས། དུས་ཕྱིས་མཁན་པོ་ཚང་རྒྱ་དཀར་ནག་གང་དུ་ཕེབས་ཏེ་ཕྱིར་ཕེབས་སྐབས་ནམ་ནམ་དུ་ངེད་རང་གི་ཁང་ངན་ནང་དུ་བྱོན་ནས་གསོལ་ཇ་དལ་མོ་བཞེས་ཞིང་ཞལ་བརྡ་གནང་ནས་བྱོན་འགྲོ་བ་དང་། ཕྱིས་སུ་རྗེ་བླ་མས་ཇོ་དར་སྒྲོན་རྒྱུ་སོགས་ལས་ཀ་ཕྲན་བུ་རེ་ལ་ཁོ་བོ་ཤོག་ཅེས་སྐབས་སུ་གསུང་ཆ་བསྐུར་འོང་བ་ན། ང་རང་ནས་སྔོན་ཆད་ཁྱེད་ཁུ་དབོན་ལ་རང་ནུས་ཅི་ཡོད་ཀྱི་ཞབས་ཞུ་རེ་བྱས་མོད། ད་ནི་ཐབས་ཆག་མེད་ཚུལ་ཞུས་པ་ན། ཨ་བོ་མངག་རྒྱུ་མི་ཆུད་ནས་མ་རེད་ད། ཁྲིག་གེ་འདྲིས་ནེ་གིས་རེད། ཅེས་གསུངས་པ་དང་། དེ་བཞིན་དུ་ཞེ་རྫོགས་སོགས་སུ་ཕེབས་སྐབས་ང་རང་གིས་གསོལ་མར་ཅུང་ཟད་རེ་ཕུལ་བ་ལ། ཁོང་གིས། བྷེ་ཇ་ངེད་ཆ་ཁ་ཡུན་རིང་འདྲིས་ནི་རེད། བསམ་པ་བཟང་གྱོ་རེད་ནི་བྷེ་ཇའི་མར་དེ། ཁ་ཡབ་ཡེད་དགོས། གསུངས་ནས་ནང་མ་རེ་བཞིན་གསོལ་བར་མཛད་པ་སོགས་འདྲིས་གཞུང་གི་ཕྱི་ཐག་རིང་ཞིང་ཞབས་ཏོག་དང་བསྙེན་བཀུར་ཅུང་ཟད་རེ་ཞུས་པ་ལ། རྟག་ཏུ་ཐུགས་ནས་མི་འདོར་ཞིང་བྱམས་བརྩེའི་རྗེས་སུ་སྐྱོང་བ། བྱས་ཤེས་དྲིན་བཟོའི་ཡ་རབས་སྐྱེས་བཟང་གི་མཛད་སྤྱོད་ནི། མི་ཆོས་ཀྱི་རྩ་བ་མེད་ན་མི་འབྱུང་གི་བདག་ཉིད་དུ་ངེས་ཏེ། ཇི་སྐད་དུ། དམ་པའི་སྐྱེས་བུ་མཆོག་རྣམས་ནི། །

                            བྱས་པ་ཆུང་ཡང་དྲིན་གཟོ་ཆེ། །

                            འདི་འདྲའི་ཡོན་ཏན་ལྡན་གྱུར་ན། །

                            ཡོན་ཏན་ཆེན་པོ་གཞན་ཀྱང་བདོག །

                            གང་ཞིག་བྱས་པ་མི་གཟོ་བ། །

                            དེ་ལ་བློ་མེད་ཟུངས་ཐུབ་དང་། །

                            ཁྲེལ་དང་བག་ཡོད་དྲང་པོ་སོགས། །

                            ཡོན་ཏན་གཞན་ཡང་ཇི་ལྟར་ཡོད། །

                            ཅེས་གསུངས་པ་ལྟར་རོ། །

                            གང་ཞིག་ཆོས་མཆོག་དམ་ཆོས་འབྲས་བཟང་བཅུད། །

                            བློ་དང་ཟུངས་ཐུབ་ལྗོན་པའི་རྩ་བརྟན་པ། །

                            འདི་ལས་གཞན་དུ་མ་ཡིན་དེ་ཕྱིར་དེས། །

                            མངོན་པར་བརྒྱན་པའི་དྲི་བསུང་འཛད་མེད་འཐུལ། །

                            མ་རུངས་གཡོ་སྒྱུའི་བྱ་བ་ལ་བརྟེན་པ། །

                            ཆེ་བའི་ཡོན་ཏན་རློམ་པའི་ཕྱིན་ལོག་མཁན། །

                            མཁྱེན་རབ་འོད་ཆགས་ཛམྦུའི་གསེར་ཞུན་གྱིས། །

                            རྒྱགས་སྙེམས་ར་གན་ཁ་དོག་མོག་པོར་བྱས། །

                            བསླབ་གསུམ་ཡོན་ཏན་གཟི་སྟོང་འབར་བའི་དབང་། །

                            ཆེ་དགུའི་གསེར་རིའི་བླ་ནས་བསྐྱོད་གྱུར་ཀྱང་། །

                            ཐུགས་རྗེའི་དྲོད་ཁོལ་སྙོམས་པོས་ཡང་དང་ཡང་། །

                            སྔར་འདྲིས་རྫིང་གི་པདྨོ་ཡོལ་མེད་སྐྱོང་། །

                            བསྙེན་བཀུར་ཆུང་ངུའི་མེ་ཏོག་སིལ་མ་ཡང་། །

                            དགོངས་ཀློང་མ་དྲོས་མཚོ་ཆེན་ལས་བྱུང་བའི། །

                            གཞུང་བཟང་ཕྱི་ཐག་རིང་པོའི་གངྒཱ་མས། །

                            ཐུགས་བསྐྱེད་ཡོངས་བསྔོའི་ཆུ་གཏེར་འཇིངས་སུ་དྲངས། །

དེ་བཞིན་ཏུ་ངོ་མཚར་བའི་མཛད་པའི་རྣམ་པར་ཐར་པ་གཞནཡང་། ཞལ་ནས། རང་རེ་རྣམས་ཆོས་ཕྱོགས་ལ་མོས་པ་དང་བརྩོན་འགྲུས་མེད་ནོ་གི་རེད་མ་གཏོགས། སྔོན་གྲྭ་རྒན་ཞིག་གིས་བཀའ་འགྱུར་ཀློག་པ་ལ་གཞན་རྣམས་ཀྱིས་ཁྱོད་ཀྱིས་ཉིན་རེ་ཇི་ཙམ་ཐུབ་གི་ཞེས་དྲིས་ཚེ། ཁོ་བོས་ཇ་བརྡུང་ཇ་རྒོད་པོ་ཞིག་བསྐོལཏེ་ལྕེ་ལ་ངར་བླུད་ནས་བཏོན་དུས་ཉིན་རེ་ལྡེབ་རིང་གསུམ་རེ་ཐུབ་འགྲོ་ཁི་ཟེར་བ་ལ། གཞན་དག་འཕྱ་སྨོད་བྱས་མོད། ཁོ་མོས་པ་དང་བརྩོན་འགྲུས་ལྡོག་མེད་དུ་ཡོད་པས་བཀའ་འགྱུར་ཚར་གཅིག་ཀློག་ཐུབ་ནི་རེད་ཟེར་དར། བཏོན་ཁི་བསྡད་ན་ཟད་པའི་རྒྱུ་ཡིན་པས་ཐུབ་འགྲོ་ནི་རེད། ཅེས་ཡོན་ཏན་ཐམས་ཅད་བརྩོན་འགྲུས་དང་མོས་པ་ལ་རག་ལས་པའི་གདམས་ཟབ་གནང་ཞིང་། རྗེ་ཉིད་ནི་རྒྱུན་པར་ཕྱག་ལས་གང་གི་སྐབས་སུ་ཡང་ཕྱག་ཕྲེང་འཛིན་ལུགས་མེད་པའི་དུས་སུའང་ཞལ་ནས་འདོན་པ་ཆད་སོང་བ་ཞིག་ཡོད་མི་དར་ཟེར། དེ་ལྟར་ན་མཛད་སྤྱོད་རྣམ་བཞིའི་སྐབས་ཀུན་ཏུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བཟླས་བརྗོད་དང་སྤོང་ཀློག་གི་དུས་འདའ་བ་ཞིག་གོ། ཡང་ཁོས་བཤད་རྒྱུར། ཕྱིས་སུ་མཁན་རིན་པོ་ཆེ་བཤད་གྲྭ་ན་བཞུགས་ཡོད་དུས་ཁོ་བོ་ལ། བྷེ་ཇ་ང་རང་སྔོན་ཆད་ལས་ད་སྐབས་དཀའ་ལས་ཆེ་ཁི་ཡོད་ཨི་རེད། ནུབ་མོ་ཡི་གེ་རེ་མི་ལྟ་ནི། ཉིན་ཁར་དགེ་འདུན་པ་རྣམས་ལ་ཟེར་ཉེས་བཤད་ཉེས་བྱས་སོང་ན་ཕྱིན་ཅི་ལོག་ཏུ་ཁྲིད་འགྱོ་ནི་རེད་ནི། ནུབ་མོ་མཆོད་མེའི་འོད་ནས་ཡི་གེ་ལྟ་དགོས་ཐུགས་པས་ང་མྱིག་ངན་ནེ་ཁི་ཨི་རེད་གསུང་ཁི་ཟེར། དེ་ལྟར་ཡང་ཀུན་མཁྱེན་དབྱིག་གི་གཉེན་གྱིས། གང་དག་ཆོས་ལོག་པར་འཆད་པར་བྱེད་པའམ། སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་བསྟི་དང་གྲགས་པ་འདོད་པས་འཆད་པ་དེ་དག་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །

ཞེས་གསུངས་པའི་དགོངས་དོན་ཐུགས་ལ་འཆང་བའི་མཛད་པ་འདི་ཉིད། རང་རེ་ཐོས་བསམ་པ་དག་གིས་བཀའ་དྲིན་ཅན་འདི་ཉིད་གྱི་རྗེས་སུ་བསླབ་སྟེ་བབ་ཅོལ་དང་། རང་མཐོང་གིས་གང་བབ་བྱུང་རྒྱལ་རྟོག་བཟོས་སྒོ་ནས་དམ་ཆོས་ལོག་པར་བཤད་པའི་ཉེས་དམིགས་ལ་སྒོ་ཀུན་ནས་བག་ཡོད་པ་ལ་བསླབ་པར་བྱ་དགོས་པར་སེམས་ཏེ། སྐྱེས་སྦྱོང་ཟབ་མོའི་མཁྱེན་རབ་ཀྱིས་ཤེས་བྱ་རིག་པའི་གནས་ཀུན་ཐུགས་སུ་ཆུབ་པའི་མཁས་གྲུབ་ཆེན་པོ་ཁོང་ལྟ་བུས་ཀྱང་། རྒྱལ་སྲས་སེམས་དཔའི་དོན་མཐུན་གྱི་མཛད་པ་གནང་བའི་སྒོ་ནས། གང་ལྗགས་ཁྲིད་གནང་བའི་གཞུང་དེ་ཉིད་རལ་གྲི་ཕྱུང་བརྒྱབ་ལྟ་བུ་མི་མཛད་པར་དཔེ་ཀློག་ཞིབ་གཟིགས་མཛད་པའི་ཚུལ་འདི་ཉིད་ཀྱིས་སོ། །

སྐྱེས་བུ་དམ་པའི་ཡོན་ཏན་གཞན་ཡང་རྒན་པ་དང་སློབ་དཔོན་ལ་བཀུར་བཟོས་བླ་ན་མེད་པར་མཛད་པ་ཡང་། ཉིད་གྱི་ཁུ་བོ་མཁན་ཤེས་རབ་ལ་རྒྱུན་པར་གསོལ་ཆས་ན་གཟའ། གཟིམ་འགེབ། ཕྱིས་སུ་དགུང་ལོ་མཐོ་བའི་སྐབས་སུ་སྐུ་ཆིངས་བཅིང་བ། ཆབས་ལྷམ་བཀོན་རྒྱུ། སྒོར་བྱོན་གྱི་སྐབས་སུ་ཕྱག་རྟེན་པ་ཡན་ཆད་ཉིན་གཅིག་བཞིན་ཏུ་མཛད་པ་ནི་འཇིག་རྟེན་ལུགས་ཀྱིས་བྱས་ཤེས་དྲིན་གཟོའི་མཛད་པ་ཡིན་པར་མ་ཟད། གོང་བཤད་ལྟར་སྐུ་ན་ཆུང་ངུའི་དུས་སུ་ཀློང་སྙིང་སྔོན་འགྲོ་སོགས་ཐུན་མོང་ཐུན་མིན་གྱི་གདམས་པ་དུ་མ་གསན་པའི་བླ་མ་དང་སློབ་དཔོན་གྱི་དད་གུས་གྱིས་ཀྱང་ཞབས་ཏོག་སྒྲུབ་པའོ། །

དེ་བཞིན་ཏུ་ཕྱིས་སུ་ལྕང་མ་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུའི་སློབ་བུ་འཇུ་ཉུང་མཁན་པོ་རིག་རྩལ་རྡོ་རྗེ་། གསང་སྙིང་ཞག་བཅུའི་དབུ་འཛུགས་པར་མཁན་ཆེན་བླ་མས་ཆེད་དུ་གདན་དྲངས་པར་མཛད་སྐབས་སུ། ཆོས་རྗེ་ཉིད་གྱིས་ཞབས་ཕྱི་མཛད་པ་ལས། སློབ་བུ་གཞན་ཞབས་ཕྱི་པ་སྐོ་བར་མི་མཛད་པར་ཁྲི་གདན་བཤམ་པ། སྤྱན་འདྲེན་པ། གཟིམས་ཁང་དུ་སྐྱེལ་བ། གཏང་རག་གི་མཎྜལ་དང་། འབུལ་བཤད་གནང་བ། ཐ་ན་ཆབ་གསང་ཕེབས་པ་ན་ནབ་འགག་གི་སྒབ་མ་འཐེན་པ་ཡན་ཆད་སྐུ་ཉིད་ཁོ་ནས་གུས་པ་ཆེན་པོས་མཛད་པ་ཉིད་མཇལ་དུས། རྒྱལ་སྲས་སེམས་དཔའ་དག་གིས་དགེ་བའི་བཤེས་གཉེན་ནི་རང་ལུས་བས་ཀྱང་གཅེས་པར་སྐྱོང་ཞིང་། ཁྱད་པར་རྒྱུད་དུས་འཆད་པའི་སྟོན་པ་ནི་སྙིང་མིག་ལྟར་གཅེས་པར་འཛིན་པའི་ཚུལ་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་དད་གུས་བླ་ན་མེད་པར་སྐྱེད་པ་ཞིག་གོ།

                            སྤང་རྟོགས་མ་ལུས་དམ་ཆོས་རྗེས་འགྲོ་ཞིང་། །

                            དེ་ཡང་རྩེ་གཅིག་མོས་ལ་རག་ལས་པས། །

                            བག་ཡོད་བརྟེན་ལ་དགེ་བློ་མོས་པའི་གནས། །

                            ཡིད་བཞིན་ནོར་འདྲའི་གནས་ལ་སློབས་ཞེས་གདམས། །

                            སྔོན་རབས་སྦྱངས་པའི་མཁྱེན་མཆོག་མཐར་སོན་པ། །

                            སྦྱོར་བྱུང་བརྩོན་པའི་ཚུལ་ལ་ལྟོས་མིན་ཡང་། །

                            སྐལ་བཟང་གང་ཞིག་རྣམ་གསུམ་ཤེས་རབ་རིམ། །

                            དཀྲི་བའི་སླད་དུ་དོན་སྤྱོད་མཛད་པ་བསྟན། །

                            རྗེ་ཁྱོད་ཉེས་ཚོགས་མ་ལུས་རྣམ་གྲོལ་ཞིང་། །

                            སྟོབས་བཅུ་ཡོན་ཏན་རྒྱ་མཚོའི་དཔལ་འཆང་པ། །

                            ལྷར་བཅས་འགྲོ་བའི་མགོན་པོར་ཕེབས་ན་ཡང་། །

                            རབ་གུས་དད་པས་བཤེས་གཉེན་གཙུག་ཏུ་བཀུར། །

གཞན་ཡང་ཁོའི་ངག་ལས་འདི་ལྟར་རྗེས་སུ་ཐོས་ཏེ། ཆོས་སྒོ་འབྱེད་པ་ལ་ཉེ་བའི་དུས་སུ་མཁན་པོ་རྣམ་གཉིས་དང་ཁོ་བོ་ཅག་སྐྱ་མི་བཅུ་ཁ་ཞིག་འདན་ཁོག་ཕྱོགས་སུ་བླ་མ་བློ་གྲོས་རྒྱ་མཚོའི་སྐུ་དྲུང་དུ་ཕེབས་སྐབས། ཁོ་བོ་དང་མཁན་པོ་བསོད་སྡིས་སོགས་འགའ་ཞིག་ཐབ་ཤོག་གཅིག་ཏུ་བྱས། མཁན་རིན་པོ་ཆེ་དང་ཁོང་ཚ་བུ་འགའ་རེ་དང་ཐབ་ཀ་གཅིག་ཏུ་མཛད་ནས་བྱོན་པ་ན། ལམ་བར་གྱི་ཚ་ཇ་སྐོལ་བ་སོགས་སྐབས་སུ། ཞོན་རྟ་རྣམས་ཀྱི་སྒ་སྟན་བླངས་ཚར་མ་ཐག་ཚ་བུ་ཐམས་ཅད་ལ་ཡི་གེ་སྦྱོང་དུ་བཅུག་ནས་རྗེ་ཉིད་ཀྱི་འབུད་ཤིང་འཐུ་བ་དང་། ཐབ་རྡོ་དང་། ཇ་ཆུ་ལེན་པ་སོགས་ཇ་སྐོལ་བའི་ཕྱག་ལས་སྐུ་ཉིད་ཁོ་ནས་མཛད་པ་ཞིག་ཡིན་པར་བཤད་མོད། དེ་ལྟར་ཡང་རྗེ་བླ་མ་ནི་རྒྱུན་དུ་གཞན་དག་ཡོན་ཏན་གྱི་གནས་ལ་སྦྱོང་བརྩོན་རེ་བྱེད་པ་ལ་ཐུགས་དགྱེས་ཤིང་། ཁོང་ཉིད་ཀྱིས་སྐུ་ངལ་ལ་མི་འཛེམ་པར་ཕྱག་ལས་བགྱིད་པ་ནི་ཁོང་གི་ངང་ཚུལ་ཞིག་གོ། འདན་བླ་མ་བློ་གྲོས་རྒྱ་མཚོོ་ནི་རྒྱལ་བ་སྨན་གྱི་བླ་མ་དངོས་ཉིད་དུ་གྲགས་ཤིང་གྲུབ་མོད། སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་མཁན་རིན་པོ་ཆེ་རྣམ་གཉིས་ལ་ཧ་ཅང་ཐུགས་བརྩེས་ཆེན་པོ་མཛད་དེ། ད་རེས་གསེར་གྱི་ཕ་བོང་སྒོ་འགྲིལ་བྱུང་བ་འདི་ལྟ་བུའི་སྐལ་པ་བཟང་པོ་ལ་མཁན་རིན་པོ་ཆེ་རྣམ་གཉིས་ནས་ངེད་རྨ་རོང་སྡེ་བའི་སྐྱེ་བོ་ཡོངས་ལ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྐུར་སོགས་ཆོས་འབྲེལ་ཟབ་མོ་གནང་དགོས་ལ། ཉིན་ཁ་ཤས་ཐུགས་བྲེལ་མི་ཉན། སྡེ་པ་རྣམས་ལ་ཆ་བརྒྱག་དགོས། ཞ་བོ་ཡོད་ན་འཁུར་ཤོག་ཟེར་དགོས། ལོང་བ་ཡོད་ན་ཁྲིད་ཤོག་ཟེར་དགོས། ཆོས་ཞབས་སུ་མ་ཐོན་པ་གཅིག་ཀྱང་མེད་པ་ཞིག་བྱེད་དགོས་གསུངས་ནས་ཡུལ་སྡེ་ཡོངས་ལ་སྨིན་གྲོལ་ཆོས་ཀྱི་གདམས་པ་བསྩལ་བར་མཛད་བཅུག་པ་ནས་ཕྱིར་ཕེབས་དེ་ཕྱིན་ཁོང་རྣམ་གཉིས་མཁན་པོ་ཡིན་དར་ཟིག་བསམ་པ་ལས། སྔོན་ཆད་མཁན་སར་བསྐོས་མ་མྱོང་བས་ཅུང་མ་ཤེས་ཟེར། དེས་ན་ཆོས་རྗེ་བླ་མ་རིན་པོ་ཆེ་ནི་དུས་ཀུན་རང་གི་ཆེ་བ་སྒོ་ཀུན་ནས་སྦས་ཤིང་ཐ་ན་ལམ་དུ་འགྲོ་བའི་དུས་སུ་མེ་འབུད་ཆུ་ལེན་སོགས་ལ་ཡང་སྐྱེ་བོ་རོགས་བཟང་ཞིག་གི་ལུགས་ཀྱི་མཛད་པ་བསྐྱང་བ་ལས་ཐོབ་ཐང་གིས་འགྱིང་ཚུགས་སོགས་མེད་པར་མ་ཟད། རང་གི་ཚ་བུ་དག་མངག་གཞུག་བགྱིད་པ་ཡང་མི་མཛད་པར་རང་བཞིན་གྲྭ་བཙུན་དཀྱུས་མ་ཞིག་གི་ངང་ཚུལ་ཁོ་ན་བསྐྱངས་པས་སྐྱེ་བོ་ཕལ་བ་དག་གིས་བནྡེ་གཤིས་བཟང་རྒྱུད་འཇམ་ཡ་རབས་ཤིག་ཏུ་རྩི་བ་ལས། མཁན་པོ་དང་བླ་མ་ཆེན་པོ་ཉིད་དུ་སུས་ཀྱང་འཇོག་པར་མི་བྱེད་ཀྱང་། དམ་པའི་ཡོན་ཏན་དམ་པས་བསྒྲགས་པས་ཀུན་ལ་སྙན་པར་གྲགས་པའོ། །

གཞན་ཡང་ཁོང་གི་ཁུ་བོ་ཤེས་རབ་ཕུག་དགོན་གྱི་མཁན་ཐོབ་ཡོད་ཀྱང་ཞྭ་གོན་པ་ཉིད་དུ་མ་སོང་པ་ནི། སྔོན་ཆད་དཀོར་འབུལ་སྡུད་སོགས་གང་ཡང་མ་མཛད་པར། ཨ་ཅོ་ཆོས་ཞུ་བྱ་བཏང་གི་སྤྱོད་པ་བསྐྱངས་པས་འབྱོར་བ་ཅང་མེད་པས་དེ་ཁས་ཡིན་ལ། དུས་ཕྱིས་ཁོང་རྣམ་གཉིས་དང་ཁྱད་པར་མཁན་ཤེས་རབ་ལ་བསྔོ་རྟེན་དང་སྐྱབས་རྟེན་གྱི་དངོས་རྫས་ཆེ་ཕྲ་མང་པོ་རང་སྡེ་གཞན་སྡེ་དག་གིས་ཅི་ལྟར་ཕུལ་ཡང་མཁན་རིན་པོ་ཆེ་ནས་བཞེས་པར་མི་མཛད་པ་ཞིག་སྟེ། ཕུལ་ཚད་ཐམས་ཅད་བཞེས་པ་ཞིག་ན་སྤྲོས་པ་རྒྱ་ཆེར་འབྱུང་ཆོག་པ་ཞིག་ཡིན་ཟེར། དེ་ལྟར་ཡང་དགེ་དབོན་བསྟན་འཛིན་ནོར་བུ་འདའ་ཁའི་ཞལ་གསུང་དུ། ངས་སྔར་དཀོར་གྱི་གཟི་བྱིན་བསྐྱེད་དེ་ལོངས་སྤྱོད་མང་པོ་ཞིག་བསྒྲུབས་ཡོད་ན། འཇིག་རྟེན་ལུགས་ཀྱི་ལྟར་སྣང་ཟང་ཟིང་གི་གཏོང་སྒོ་རྒྱ་ཆེན་པོ་རེ་བྱེད་ལོས་ཆོག་ཀྱང་། དེ་འདྲ་ནི་ཤཱཀྱའི་རྗེས་འཇུག་གི་ཚུལ་མིན་པར་མ་ཟད་ཉེས་པའང་ཤིན་ཏུ་ཆེ་བ་ཡིན་པར་གསུངས་པ་ལྟར་ཐུབ་པའི་རྗེས་འཇུག་གནས་བརྟན་ཆེན་པོས་རྣམ་པར་ཐར་པ་ལ་གནས་པས་དད་རྫས་འབུལ་དཀོར་སོགས་འདོད་ཡོན་གྱི་རྙེད་པའི་སྒོ་མི་འབྱེད་པར་འདོད་ཆུང་ཆོག་ཤེས་ཀྱིས་བཞུགས་པ་ཞིག་སྟེ། རྟག་ཏུ་འཇིག་རྟེན་ལུགས་ཀྱི་དོན་བྱ་ཉུང་ཞིང་། སྤོང་ཀློག་གི་མཛད་པ་ལ་གོ་སྐབས་ཡངས་པས་མང་ཐོས་ཚུལ་ལྡན་གྱི་མཛད་སྤྱོད། རྒྱལ་བསྟན་ཉམས་རྒུད་ཀྱི་གནས་སྐབས་འདིར། སྙིགས་མའི་གདུལ་བྱ་རྗེས་སུ་འཛིན་པ་ལ་ཆེས་རྨད་དུ་བྱུང་བའི་མཛད་པ་འདི་ལྟ་བུ་ནི། སྨོན་ལམ་དང་ཐུགས་བསྐྱེད་དུས་སུ་སྨིན་པ་ལས་གཞན་སུ་ཡིན་ཡིན་ལ་མེད་པར་སེམས་སོ། །

དེ་བཞིན་དུ་ཕྱིས་རྗེ་ཉིད་ཕྱི་ནང་གི་རྒྱལ་ཁབ་དུ་མར་ཕེབས་ནས་སླར་གདན་སར་ཞབས་པད་བསྐྱོད་པ་ན། སྐབས་ཤིག་ཆོས་གྲྭ་གཞན་གྱི་འདུས་པ་རྣམས་ལ་ཁོང་གི་འབྲེལ་ཐོགས་རྣམས་བསྔོ་སྨོན་སྐྱབས་རྟེན་ཞུ་ཡོན་ཞིག་བསྐུར་དགོས་པས་མདུན་འདུག་པ་ལ་ཞུ་རྟེན་འབུལ་ཡིག་འབྲིར་བཅུག་པ་ན། རྒྱལ་ཕྱི་ནང་གི་འབྲེལ་ཐོགས་ཞེས་བྲིས་པ་ལ། རྗེ་ཉིད་ནས། འབྲེལ་ཐོགས་ཡོད་རིགས་ཞེས་བྲིས་ན་དགའ་ནི་རེད། ཁོ་ག་ཤད་ན་ཐོན་སོང་མདོག་ཨོས་རེད་གསུངས། དེ་བཞིན་དུ་རེས་ཤིག་ན་མགོ་ལོག་ཕྱོགས་ནས་ཡུལ་དགོན་འགས་དགོན་པའི་ལས་འཛིན་དག་གིས་མཁན་རིན་པོ་ཆེ་ལ། ཁོ་བོ་ཅག་གིས་དམར་ཆོག་གི་སྲོལ་ངན་རྒྱུན་གཅོད་པ་ལ་རྗེ་ཉིད་ནས་སྡེ་དགོན་སྤྱི་ལ་བཀའ་གསུང་ནན་མོའི་གསུང་ཤོག་ཅིག་གནང་རོགས་ཞེས་ཞུས་ཚེ། མདུན་འདུག་པས་ཆོས་གྲྭའི་འབྲི་ཤོག་ལ་འབྲི་བར་རྩོམ་པ་ན། འདི་མ་ཡིན་པའི་རི་མོ་མེད་པའི་ཤོག་འཇམ་ཞིག་ཁྱེར་ཤོག་དང་དགའ་ཁི་འབྲི་ཤོག་འདི་རྫིག་ཉམས་སུ་འགྲོ་བས་དགོས་པ་མེད་གསུངས་ནས། ཞལ་ནས་དམར་ཆོག་གི་རྒྱུན་གཅོད་པ་ནི་རྒན་བུ་ནས་ཀྱང་རེ་བ་དང་། དེ་ལྟར་བགྱིད་པ་ལ་རྗེས་སུ་ཡི་རངས་ཡོད་ཅེས་པ་སོགས་བྲིས་ཤིག །ཅེས་གསུངས་པ་ལས་བཀའ་ཤོག་གི་རྣམ་པ་ལྟ་ཅི། ཚིག་ལ་སྒྲོས་ཉམས་ཙམ་ཡང་མི་མཛད་པ་ཞིག་གོ།

 

                            རྟག་ཏུ་ཕན་པ་འབའ་ཞིག་ལྷུར་མཛད་ཅིང་། །

                            དམའ་བའི་ས་ནས་ཀུན་གྱི་གཡོག་བགྱིད་དེ། །

                            རང་ཆེ་སྦས་པའི་རྣལ་འབྱོར་དབང་ཕྱུག་ཆེ། །

                            དམ་པའི་ཡོན་ཏན་དམ་པས་ཕྱོགས་སུ་བསྒྲགས། །

                            དམ་པའི་དྲི་བསུང་རྫི་ཕྱོགས་མ་ཡིན་པར། །

                            ལྷོ་གླིང་ཡངས་པའི་ཁྱོན་ཀུན་ཁྱབ་ན་ཡང་། །

                            མངོན་ཆུང་སྤྲོས་མེད་སྐྱོང་བའི་བསིལ་ཟེར་གྱིས། །

                            ཡོན་ཏན་འདབ་བརྒྱ་ཁོང་དུ་ཟུམ་ལ་ཕྱོགས། །

                            ཡིད་འོང་འདོད་རྒུའི་དཔལ་གྱིས་མངོན་མཆོད་ཀྱང་། །

                            དྲང་སྲོང་ཆེན་པོའི་རྗེས་སུ་སྙེག་པའི་གཤིས། །

                            འགྱུར་མེད་གནས་བརྟན་ཆེན་པོའི་ངང་ཚུལ་དེས། །

                            འདོད་ཡོན་སྤྲོས་པའི་སྒོ་འཕར་དམ་པོར་གཅོད། །

                            ཁྱེད་ནི་གྲུབ་བརྒྱའི་རལ་པའི་ཅོད་པན་རྩེར། །

                            མངོན་པར་མཆོད་པ་གསང་བདག་དཔའ་བོ་ཉིད། །

                            འདི་ན་སྙིགས་མའི་བསྟན་སད་ཐ་བའི་གཞིར། །

                            ཆོས་འདུལ་སྤྱོད་པའི་གྲུ་ཆར་སྙོམས་པོ་ཕབས། །

 

དེ་བཞིན་དུ་རྗེ་བླ་མའི་སྐུ་མཆེད་ཤིང་བཟོ་དཔལ་རྒྱལ་ཟེར་བ་སྐྱེ་བོ་བདེན་དྲང་གཏམ་ལ་མཐོ་དམའ་མི་གཏོང་པ་ཞིག་མཆིས་པས་དེའི་བདེན་གཏམ་གཙང་མ་ཅུང་ཟད་འགོད་ན། ཁོ་བོ། མཁན་ཤེས་རབ་ཁུ་དབོན་གཉིས་ཀྱི་གཟིམ་ཁང་དང་མཉམ་པོར་ཡོད་པ་མ་ཟད། འབྲེལ་འདྲིས་ཆེ་ཞིང་། ཐུགས་ཡིད་ཆེས་པ་ཞིག་ཀྱང་ཡིན་ཞེས་ཟེར། གཞན་དག་གིས་ཀྱང་དེ་སྐོར་ན་དེ་ཉིད་རྒྱུས་ཆེ་ཤོས་ཡིན་པར་བརྗོད་འདུག འོན་ཀྱང་ཁོ་ཁྱིམ་པའི་སྐྱེ་བོ་ཆོས་ཕྱོགས་ལ་རྒྱུས་མེད་པས་སྐད་ཆ་སྒྲོས་གཙང་ཞིག་བཤད་མི་ཤེས་ཀྱང་། མ་བཅོས་པའི་བདེན་གཏམ་འགའ་དང་འགའ་ན་ཆེས་ངོ་མཚར་བའི་གཏམ། དམ་པའི་རྣམ་ཐར་ཡིད་ཆེས་པ་གོ་རྒྱུ་འདུག་པ་རྣམས་ཅུང་ཟད་བརྗོད་ན། འདི་ལྟར་བརྗོད་འདུགཁོང་རྣམ་པའི་གཟིམ་ཆུང་གི་ཤིང་རའི་ནང་དུ་ཁྲོ་སྣོད་ཅིག་ཡོད་པ་ལ། ནམ་རྒྱུན་གསོལ་ལྷག་དང་འབྲུ་རིགས་རྣམས་དམ་རྫས་མྱོང་གྲོལ་བཏབ་ནས་བླུགས་ཏེ་བྱ་བྱེའུ་ཚོགས་ལ་སྦྱིན་པ་དང་། རེས་ཆར་ཆུ་མི་འབབ་ཅིང་ཚ་བའི་དུས་སུ་ཁྲོ་སྣོད་དེར་སྐམ་དུ་ཆུ་འཇོག་འདུག་པས་ཁོང་ཁུ་དབོན་གཟིམ་ཁང་གི་སྒོ་ཕྱི་ནང་ཐམས་ཅད་ན་བྱ་བྱེའི་བྲུན་དཀར་ཙག་ཙག་ཡོད་པ་ཞིག་ཡིན་དར་ཟེར། དེ་ལྟར་ངན་ལྷུང་གི་གནས་ལ་སེམས་དཔའ་ཆེན་པོའི་བྱམས་བརྩེས་སྐྱོང་བའི་མཛད་སྤྱོད་དེ་ལྟ་བུ་ཞིག་ཡིན་པ་ནི་ངེད་ཅག་ལའང་ངེས་པ་གཏིང་ནས་འདྲེན་རྒྱུ་ཡོད་པ་ཞིག་སྟེ། ཕྱིས་སུ་ཡང་ཉིན་རེར་བཞིན་ནངས་མོ་སྔ་བར་ལག་རིས་གསལ་བ་ལ་ཉེ་བའི་དུས་སུ། བཤད་གྲྭའི་གྲྭ་ཤག་དང་འདུ་ཁང་གི་དྲལ་ལྕམ་སོགས་སུ་ཉལ་བའི་བྱེའུ་རྣམས་དུས་ཐོག་གཅིག་ཏུ་རྗེ་བླ་མའི་གཟིམ་ཁང་སྒོར་འདུ་བ་ན། མཎྜལ་གྱི་མཆོད་འབྲུ་གསར་རྙིང་བརྗེས་ཏེ་ཞལ་ནས་མི་འཁྲུགས་པའི་གཟུངས་གསུང་གིན་གནང་སྦྱིན་མཛད་པ་ན། བྱིའུ་དག་འཇིགས་པ་དང་བག་མི་ཚ་བར་སྐུའི་ཉེ་གམ་དུ་འཚོགས་པ་ཞིག་ཡིན་པ་རྒྱུན་པར་མཇལ་དུ་ཡོད་པས་སོ། །

དེ་བཞིན་དུ་ཁོང་རྣམ་གཉིས་ཀྱིས་གསོལ་ཟས་སྣུམ་བག་ཅན་གྱི་རིགས་ཉིན་གུང་ཁོ་ན་ལ་བཞེས་ནས་ཕྱི་དྲོའི་དུས་སུ་ཟ་མ་གསོལ་མི་དར། ཞལ་ནས། ཨ་བོ་རང་རེའི་མྱི་རྒྱུད་འདི་ལ་མགོ་ནད་ངན་པ་ཞིག་ཡོད་པ་དེ་ཁས། ཕྱི་དྲོ་ཟ་མ་སྣུམ་ཅན་ཟ་ཕོད་ནི་མ་རེད་གསུང་ཁི་གདའ། དེའི་སྐབས་ངས་ཧ་མ་གོ་ཡང་ཕྱིས་ཆོས་སྒོ་ཕྱེས་རྒྱབ་མཁན་པོ་ཚང་གིས་གུང་ཚིགས་མཛད་འདུག་པ་གོ་བས་དེའི་སྐབས་སུ་ཡང་གུང་ཚིགས་མཛད་འདུག་པ་ཡིན་པ་ད་གཟོད་ཤེས་ཐལ་ཟེར། དེ་བཞིན་དུ་ཁོ་བོས་གཟིམས་ཁྲི་ཞིག་ལས་ནས་ཕུལ་དུས། ཉལ་ཁྲི་འདིའི་རུ་བཞིའི་རྐང་པ་མ་བཅད་ན་ཡར་འགོ་མར་བབ་བདེ་མོ་ཞིག་མི་འདུག་གསུང་ཁི་གདའ། དགེ་སློང་ཉལ་ཁྲི་མཐོན་པོ་ལ་གཟིམ་མི་དར་བ་དུས་ཕྱིས་ལས་མ་ཤེས་ཞེས་གླེང་འདུག ཡང་སྐོར་ཞིག་ན་ཞྭ་གོན་པ་དག་དང་གྲལ་རིམ་མཐོ་བའི་ཁེར་རྐྱང་པ་འགའ་དང་། རྗེ་བླ་མ་བཅས་སྲིད་གཞུང་གི་ཁང་པར་བསྡུས་ཏེ། འགོ་ཁྲིད་པས་གཤེ་ཚིག་མང་དུ་ཞུས་ཤིང་། མཁན་རིན་པོ་ཆེ་རྒྱུན་པར་ན་བཟའ་ཤུབ་མོར་མཛད་འདུག་པ་ལ། དེ་ཉིན་བརྫེ་ལོ་བྱེད་དུ་བཅུག་པས་དེ་སྔོན་སྐུ་ཚེ་གང་པོར་ན་བཟའ་བརྫེ་ལོ་བྱས་པ་མཇལ་མ་མྱོང་བས་ཚོགས་འདུ་གྱེས་པ་དང་ཁོང་རྣམས་དགོད་བྲོ་བ་ཞིག་བྱུང་ཞེས་ཟེར། དེ་བཞིན་དུ་བྷེ་ཇའི་ངག་ནས། བསོད་སྡེས་ཚང་མཉམ་ལས་རུ་ཁག་གཅིག་གི་རྒྱུ་གཉེར་པ་ཡིན་ལ། སྐབས་འགའ་ན་མཁན་པོ་རིན་པོ་ཆེ་བདག་གཉེར་ཁང་གི་བསོད་ཚེའི་གཟིམ་མལ་ན་གཟིམ་པར་བྱོན། བསོད་སྡེས་མཁན་པོའི་གཟིམ་མལ་དུ་གཟིམས་པར་མཛད་འདུག་པ་ན། ཁོས་མཁན་བསོད་སྡིས་ལ་ཁྱེད་གཉིས་ཀྱིས་ཅི་ཡེད་ནི་རེད་ཉལ་ས་འདྲ་ཞིག་བརྗེ་འདུག་པ་ཞུས་དུས། ཁོང་གིས་ཅི་ག་མ་རེད། དོ་དགོང་པན་སྡིས་ཚང་གི་ཆེ་ཡོད་ཆུང་ཡོད་པོའི་རྒྱུ་ཆ་ཁ་ངའི་རེད་བསམས་ནས་ཉལ་འདུག་དགོས་ནི་རེད། དི་མི་ཅི་ག་ཡོད་ནི་མ་རེད་གསུང་གི་ཟེར། མཁྱེན་ལྡན་དག་གིས་གནས་འདི་དག་ལ་བསམ་གཞིག་རེ་མཛོད་དང་ཁྱིམ་པའི་སྐྱེ་བོའི་མ་བཅོས་པའི་གྲོང་ཚིག་དཀྱུས་མའི་ལམ་ནས་འདུལ་འཛིན་ཆེན་པོས་ཆོས་འདུལ་བ་རིན་པོ་ཆེའི་བསླབ་བྱ་སྒོ་ཀུན་ནས་ཐུགས་ཉམས་སུ་བསྟར་བའི་འཚོ་མཁོ་ལྷག་པའི་ཡོ་བྱད་ཀྱི་གནས་ཀུན་བྱིན་གྱིས་བརླབས་པར་མཛད་པའི་ངོ་མཚར་བའི་མཛད་སྤྱོད་ཀྱི་རྣམ་པར་ཐར་པའི་བདེན་གཏམ་འདི་ནི། རྡོ་བཅངས་ལྕགས་མདུད་མངོན་ཤེས་ལུང་བསྟན་སོགས་གྲུབ་པའི་སྤྱོད་པ་ལྟར་སྣང་བ་ཕལ་གྱིས་ཡ་མཚན་དུ་བརྩི་བ་དག་གིས་འགྲན་དུ་ག་ལ་ཡོད་དེ། ཨོ་རྒྱན་བསྟན་འཛིན་ནོར་བུའི་ཞལ་ནས། ལར་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་གནས་མི་གནས་ཀྱི་ཚད་བཤད་པ་ཐམས་ཅད་དམ་ཆོས་འདུལ་བའི་བསྟན་པ་ཡོད་མེད་ལ་བྱ་དགོས་པས་སྙིགས་མའི་དུས་འདིར་དགེ་སློང་ཕམ་ལྷག་བཅུ་བདུན་གྱིས་མ་གོས་པ་ཞིག་དང་། སྔགས་འཆང་སྟག་ལ་ཆིབས་པ་ནམ་མཁའ་ལ་བྱ་ལྟར་འཕུར། ཆུ་ནང་དུ་ཉ་ལྟར་རྒྱུག་པ་ཞིག་དང་ལྷན་ཅིག་ཏུ་བཞུགས་པ་ལ། ཁྱོད་ཀྱིས་གང་ལ་ཕྱག་འཚལ་བ་ཡིན་ཞེེས་འགའ་ཞིག་གིས་བདག་ལ་དྲི་བར་བྱེད་ན་ཁོ་བོ་ནི་ཐེ་ཚོམ་མེད་པ་དགེ་སློང་ལ་ཕྱག་འཚལ་བ་ཡིན་ཏེ། ཁོ་བོ་ནི་ཚུལ་ཁྲིམས་དང་ལྡན་པ་ལ་དད་པ་འོང་བ་ལྟར་གཞན་སུ་ལ་ཡང་འོངས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

ཨེ་མ་དཔྱོད་ལྡན་དག་གིས་ལེགས་པར་སོམས་དང་། ཉམ་ང་བའི་དུས་ཀྱི་འཚུབ་རླུང་གི་ཁྲོད་དུ་ཡང་། ཕྱེད་ཡོལ་གྱི་ཁ་ཟས་དང་། ཚད་ལྷག་གི་གཟིམས་ཁྲི། ཡོ་བྱད་ཀྱི་གནས་ལ་བྱིན་རླབས། ན་བཟའ་བགོ་བའི་ཚུལ་གྱི་ཉེས་བྱས་ཕྲ་མོ་ཚུན་ཤིན་ཏུ་གཅེས་སྤྲས་ཀྱིས་བསླབ་པ་རིན་པོ་ཆེ་ནན་ཏན་གྱིས་སྲུང་བའི་འདུལ་ཁྲིམས་རྣམ་པར་དག་པའི་ཚུལ་འདིས་བློ་ལྡན་སུ་ཞིག་ཡིད་དབང་མེད་དུ་འཕྲོག་ཅིང་དད་གུས་བླ་ལྷག་ཏུ་ཅིའི་ཕྱིར་མི་འཕེལ།

 

                            རྩུབ་པའི་དུས་འགྱུར་འཇམ་མཉེན་མེ་ཏོག་བཞིན། །

                            སྙིང་རྗེའི་སྤྱོད་པའི་ཆུ་མཚོའི་རྒྱན་གྱུར་ཏེ། །

                            དམན་ལ་ལྷག་པར་བརྩེ་བས་ལོག་པའི་འགྲོར། །

                            ཐར་དང་རྣམ་མཁྱེན་མཆོག་གི་ས་བོན་བསྩལ། །

                            ངན་སྤྱོད་སྤྲིན་ནག་འཁྲིགས་པའི་དུས་ཀྱི་མཁར། །

                            བཙུན་གཟུགས་ཕལ་གྱི་སྐར་ཕྲན་རང་འོད་ཡལ། །

                            ཟག་བྲལ་མི་ཤིགས་གསང་གསུམ་མཁའི་ནོར་བུ། །

                            སྡོམ་གསུམ་བསླབ་པའི་འོད་སྣང་ཆེས་ཆེར་འབར། །

                            དངུལ་ཆུའི་ཁམས་དང་གསེར་བཟང་དག་པའི་གཤིས། །

                            རབ་ངར་མེ་ཡིས་བཅིལ་བས་ཕྱེད་པ་བཞིན། །

                            དུས་སུ་མངོན་པའི་ཁྲིམས་གཙང་དག་པའི་གཤིས། །

                            ལེགས་པར་སོམས་དང་རབ་གུས་ཅིས་མི་འཕེལ། །

 

དེ་བཞིན་དུ་ལས་འབྲས་ཀྱི་གནས་ལ་བླང་དོར་ཕྲ་ཞིབ་གནང་ཞིང་། ཐུགས་ཆེན་བརྩེ་བའི་གཞན་ཕན་གྱི་མཛད་སྤྱོད་ངོ་མཚར་བ་བསྐྱངས་པ་ཡང་། དད་པའི་ས་བོན་ཙམ་དུ་འགོད་ན། སྤྱིར་བཏང་མཁན་རིན་པོ་ཆེ་འདི་ཉིད་དཔོན་བརྒྱུད་དང་བླ་ཐོབ། མཁན་ཐོབ་གང་ཡང་མ་བཞེས་པར་དམན་པའི་ས་ནས་ཧྲུལ་པོའི་ན་བཟའ་བགོས་ཏེ། ཨ་ཅོ་ཁུར་ཐོགས་སྤྲོས་མེད་ཀྱིས་ཕྱོགས་མེད་ཀྱི་ཆོས་གྲྭ་དང་དབེན་གནས་རྣམས་སུ་རྒྱུ་ཞིང་། ཡོངས་འཛིན་དམ་པའི་ཞབས་པད་བསྙེན་ནས་ཐོས་བསམ་སྒོམ་པའི་མཛད་པས་སྐུ་ཚེའི་སྟོད་ཐམས་ཅད་འདའ་བར་མཛད་པ་གོང་བཤད་ལྟར་ཏེ། དཀོར་འབུལ་སྡུད་རྒྱུ་ཆེར་ལྟ་ཞོག བདུན་ཚིགས་གཞི་སྲུང་གཏོ་མདོས་སོགས་ཀྱང་ཅུང་ཟད་མ་མཛད་པས་ཞྭ་གོན་པ་དང་། གྲལ་རིམ་མཐོ་བའི་ཕྱོགས་སུ་མ་བརྩིས་པས་རྒྱལ་ཁབ་ཀྱི་ལྟ་སྟངས་མི་ངན་ཡང་། ཁུ་བོ་དགོན་པའི་མཁན་ཐོབ་ཡོད་པའི་སྟབས་ཀྱིས། དགོན་གྱི་བླ་སྤྲུལ་མཁན་གསུམ་དང་། འབྲོག་བདག་པ་སོགས་དང་ལྷན་དུ་སྐབས་སྐབས་སུ་ངལ་རྩོལ་བསྒྱུར་བཀོད་ཀྱིས་འོ་བརྒྱལ་དུ་མ་བྱུང་བ་ཞིག་སྟེ། ཐེངས་ཤིག་ན་མཉམ་ལས་ཀྱི་ཕྱུགས་ཟོག་གསོ་བྱེད་འབྲོག་པའི་ལྷས་ནང་དུ་ཁོང་དང་བྷེ་ཇ་གཉིས་འགོ་ཁྲིད་པས་རྩྭ་འཐུ་རུ་མངགས། རྗེ་བླ་མས་ནི་ཉིན་ཧྲིལ་པོར་དལ་མེད་དུ་བརྩོན་པ་ཆེན་པོས་ཕྱག་ལས་མཛད་དེ་སྐུ་ངལ་ཅུང་ཟད་མི་གསོ་བ་ལ། ཁོས་ངལ་ཅུང་ཟད་གསོ་ན་ཞུས་ཚེ། འུ་གཉིས་རྩྭ་འཐུ་རུ་མངགས་ན་བསྡད་འདུག་རྒྱུ་ཨེ་ཡོད་ན་གསུངས་ནས་གསན་རོགས་མི་མཛད། སྐབས་འགར་ཁོས་གནའ་སྒྲུང་བཤད་ཁུལ་དང་འབུ་ནག་གིས་ཁུང་བུར་ལྕི་བ་ཁུར་བ་ལ་འདི་ན་འབུ་ནག་གིས་ལྕི་བ་ཁུར་ཤེས་ཁི་ཞེས་པ་ལ་སོགས་ཀྱིས་དབུ་བསྐོར་ཏེ་ཅུང་ཟད་ངལ་གསོ་རྒྱུ་ལོན་ཁི་ཟེར། དེ་ནི་གཅིག་དུ་ན་མུ་གེས་མནར་བའི་དཔྱིད་ཁའི་ཕྱུགས་ཟོག་ལ་ཐུགས་བརྩེ་བས་དཀའ་བ་སྤྱད་པ་དང་། གཉིས་སུ་ན་བྱང་སེམས་སྙིང་རྗེའི་བདག་ཉིད་རྣམས་ནི། རྟག་པར་གཞན་དག་བྲན་དུ་བཀོལ་བའི་དཔོན་དུ་མི་སྨོན་པར། རང་ཉིད་ཉམ་ཐག་འགྲོ་བའི་བྲན་གཡོག་བཟང་པོར་སྨོན་པ་ཞིག་སྟེ།

ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་ནས།

                            འཁོར་བའི་མཐའ་དང་ལུས་ཅན་མཐའ་དེ་སྲིད། །

                            ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤངས་ནས། །

                            ཉམ་ཐག་མ་རྒན་རྣམས་ཀྱི་གཡོག་བགྱིད་ཅིང་། །

                            དེ་ཀུན་རྫོགས་སངས་རྒྱས་པའི་ཆོས་འཛིན་ཤོག །

ཅེས་གསུངས་པ་ཉིད་དུ་ངེས་ཀྱང་གཞན་ཕན་བྱམས་བརྩེའི་སྒོ་ནས་སྡུག་བསྔལ་དང་ལེན་བྱེད་དགོས་པ་དང་། ཁོང་ཉིད་ནས་མཛད་ཀྱིན་ཡོད་པ་སོགས་ཆོས་གཏམ་ཞལ་ནས་མི་སྒྲོག་པ་ནི། ཇོ་བོ་བཀའ་གདམས་པ་དག་གིས། བློ་སྦྱོང་ཐམས་ཅད་མངོན་མཚན་ཆུང་ལ་ས་ཆོད་ཆེ་བ་ཞིག་དགོས་པར་གསུང་བ་གང་ཡིན་པ་དེ་ཉིད་ཀྱི་ངང་ཚུལ་ལས་མི་འདའ་བ་ཞིག་གོ། དེ་བཞིན་དུ་བྷེ་ཇའི་སྐད་ཆ་ལ། ཁོ་བོས་མར་ཆུར་རུལ་བ་སོགས་ཁ་ཟས་ངན་པ་རེ་ཡོད་པ་རྣམས་ཚོགས་དང་མར་མེའི་རྒྱུར་ཕུལ་གཏང་ན་ཞུས་ཚེ། གཏན་ནས་རུང་ནི་མ་རེད། རང་ལ་གང་ཞིམ་དང་གང་ཡག་གིས་མཆོད་དགོས་ནི་རེད། ལས་རྒྱུ་འབྲས་བསླུ་བ་མེད་པ་ཡིན་པས་མཆོད་རྫས་ངན་པ་ལ་འབྲས་བུ་ཡག་པ་ཞིག་སྨིན་རྒྱུ་ཡོད་ནི་མ་རེད་གསུངས་པ་དང་། ཡང་ཁོ་བོས་ཆོས་སྒོ་འབྱེད་པ་ལ་ཉེ་བ་ན། གནའ་གོས་གསེར་མ་ཡག་པ་ཞིག་དབུ་ཞྭ་གཡོག་བྱེད་དུ་ཕུལ་བ་ན། ཐང་ཀ་ཞིག་གི་ཐང་ཤན་ལ་སྤྲད་དགོས་གསུང་ཁི། ང་རང་གིས་ཁྱེད་ཀྱི་དབུ་ཞྭའི་གཡོག་མཛད་སོང་ན་དགའ་ལ། ཐང་ཀ་ལ་དེ་ཙམ་ཡག་ཅི་དགོས་ཞུས་དུས། ཞལ་ནས་ལྷ་ལ་འབུལ་རྒྱུ་ཡག་དགོས་ནི་རེད། ལྷ་ཡེ་ཤེས་པ་ལ་ཡག་བཙོག་གི་རེ་དོགས་ཡོད་ནི་མ་རེད་གདའ། རང་གི་རྒྱུ་རྫས་གང་ཡག་དེ་ལྷ་ལ་འབུལ་དགོས་ནི་རེད། ངེད་རང་གི་ལུས་མི་གཙང་བའི་རང་བཞིན་འདི་རྒྱན་ཁི་བསྡད་ན་ཡག་རྒྱུ་ཡོད་ནི་མ་རེད་གསུངས། དེ་བཞིན་དུ་ཁོང་ཁུ་དབོན་གཉིས་ལ་ཞལ་བཞོས་མཛོ་མོ་ཞིག་ཡོད་པ་དེ་གཞན་གྱིས་བཞོ་རོགས་བགྱིད་པ་ན། འོ་མ་ཕྱེད་ལས་བཞོ་མི་དགོས་རྟོ་ལེ་དང་ངེད་ཆ་ཁ་བགོ་དགོས་ནི་རེད་གསུངས་ནས་ཕྱེད་ལས་བཞོར་མི་འཇུག །རེས་ཤིག་རྟོ་ལེ་མགོ་འཁོར་གྱི་ནད་ཀྱིས་ཟིན་པ་ལ། བྷེ་ཇ་ལ་ཁོང་གི་ཉེ་དུའི་སར་བཅོལ་དུ་བཅུག་སྟེ་འདི་ལ་བྱམས་སྐྱོང་ལེགས་པོ་གྱིས་ཞེས་ཆེད་དུ་གླ་རྔན་དཔའ་དར་བཅས་གནང་བ་དང་། དེ་བཞིན་དུ་མྱོང་གྲོལ་གྱི་དམ་རྫས་ཀྱིས་བཏབ་པའི་ཆུ་དང་ཕྱེ་ཟན་དགུན་དུས་རྣམས་སུ་བྱ་ཁྱི་སོགས་ལ་གནང་བ་སྟེ། ལོག་པར་ལྟུང་བའི་མགོན་མེད་ཀྱི་འགྲོ་བ་ཀུན་ལ་བྱམས་བརྩེའི་ཐུགས་རྗེས་སྐྱོང་བའི་མཛད་པ་དང་། དུས་རྟག་པར་སྐྱེ་བོ་དམན་སྤྲང་རྣམས་ལ་ལྷག་པར་བྱམས་བརྩེའི་རྗེས་སུ་བསྐྱངས་ཤིང་། གཞན་ལ་ཡང་དེ་ཉིད་ཁོ་ན་བསླབ་བྱ་གནང་བ་ཞིག་སྟེ། དེ་སྐབས་ཅུང་ཟད་དབང་ཡོད་པ་དང་། མི་གཞི་བཟང་བ་ཆོས་ལ་དོན་གཉེར་ཅན་མཉམ་ལས་ཀྱི་རྩིས་པ་དོན་གཉིས་སོགས་འགའ་དང་འགས་རྗེ་ཁུ་དབོན་རྣམ་གཉིས་ལ་ཆོས་འབྲེལ་རེ་གནང་རོགས་ཞུས་ཚེ། ཞལ་ནས་ཨ་ཁུ་ནི་ལོ་ལོན་པས་གོ་བརྡ་འཕྲོད་མོ་ཞིག་འོང་མ་རེད། ངས་ནི་ཅི་ག་ཤེས་ནི་མ་རེད་གདའ། ད་ལྟ་ཁྱེད་ཆ་ཁ་དབང་ཆ་རེ་ཡོད་དུས་རང་ལས་མན་ན་ཡོད་པ་དག་གིས་སྐར་མ་ཨང་ཀི་རེ་ནོར་བ་སོགས་སྐད་ཆ་རེ་བཤད་འོང་དུས། ཡག་པར་ཡས་ཉན་རྒྱུ་དང་། གོ་བརྡ་ཡག་པ་རེ་སྤྲད་རྒྱུ་དི་ཚོས་དགའ་ཅི་ཡོད་རེད། དི་མིན་ངས་ཆོས་ཤིག་བཤད་ཤེས་ནི་མ་རེད། ང་ རང་ནས་རྩིས་རེ་དང་རིག next hit་གནས་རེ་ཅི་ཟིག་ཤེས་ན་དི་ཚོ་ནི་སྩོབ་རོགས་ལོས་ཡེད་གསུངས། དེས་ན་ཉིད་ཀྱི་ཕྱག་ལེན་དང་། གཞན་ལ་བསླབ་བྱ་ཐམས་ཅད་དམན་ལ་བྱམས་པས་སྐྱོང་བ་ཁོ་ན་ལ་གཙིགས་སུ་འཛད་པའོ། །

 

                            གཞོན་སྐུ་མྱུ་གུ་མང་ཐོས་འབྲས་ཁུར་ཅན། །

                            འགལ་བྱེད་སད་སེར་དྲག་པོས་མ་ཚུགས་པར། །

                            ཕུན་ཚོགས་བཀོད་པའི་གཡུར་ཟ་ལྡེམ་པ་ཉིད། །

                            ལྷག་ལྷག་བཞད་པའི་གཏམ་གྱིས་དགའ་བ་སྟེར། །

                            གཅིག་ཏུ་དམན་ལ་བརྩེ་བའི་ཐུགས་རྗེའི་ཤུགས། །

                            ནམ་ཡང་བཟློག་པ་མེད་པའི་སྙིང་རྗེའི་ལྷ། །

                            བསམ་བཞིན་མི་གཟུགས་བརྫུ་བའི་མཛད་པའི་རབས། །

                            དུས་མཐར་ལྷག་པར་མངོན་འདི་སུ་ཡིས་འགྲན། །

                            ཇི་ལྟར་འོན་ལོང་ལྐུག་པའི་བུ་ཕྲུག་ལ། །

                            སྙིང་བརྩེའི་ཨ་མས་ལྷག་ཏུ་བྱམས་པ་ལྟར། །

                            བླུན་རྨོངས་འགྲོ་ལ་བྱམས་ཆེན་ཐུགས་རྗེའི་རླབས། །

                            ཆེས་ཆེར་གཡོ་བའི་མཛད་བཟང་བླ་ན་མཛེས། །

 

དེ་བཞིན་དུ་སྐབས་ཤིག་ན་བླ་མ་རིན་པོ་ཆེ་དང་ཞྭ་གོན་པ་འགའ་ལ་སྲིད་གཞུང་གི་ཁང་པ་ལས་བྱེད་ཀྱི་རྡོ། ཕྱོགས་གང་ནས་གཞལ་ཡང་སྨི་གང་ཡོད་དགོས་པ་སྟེ། རྡོ་ཁ་གང་མ་དུ་མ་རེ་ལོན་དགོས་པའི་འགན་བཀལ་བ་ལ། སྐྱེ་བོ་ཕལ་བ་དག་རྡོ་ཁ་གྲུ་བཞིའི་ནང་སྟོང་སོབ་ཀྱིས་ཁྲལ་ཅི་སོད་བགྱིས་ཀྱང་། རྗེ་བླ་མས་ནི། དྲང་པོའི་མཛད་བཟང་ཁོ་ན་སྐྱོང་བ་ལས་གཡོ་སྒྱུ་ཞིག་གཏན་ནས་མཛད་མི་དར་ཞེས། དེ་སྐབས་ཀྱི་ལས་རོགས་པ་དག་གིས་བཤད་པ་ད་ལྟ་ཀུན་ལ་གྲགས་པ་ཞིག་གོ། དེ་དང་ཚུལ་འདྲ་བ་མཁན་རིན་པོ་ཆེ་ཞྭ་གོན་པ་ཞིག་དང་ལྷན་ཏུ་འབྲོག་པའི་རྩྭ་རར་རྡོ་བརྩིག་བྱེད་དུ་བཅུག་སྟེ། རྩིག་དཔངས་དང་རྩིག་ཞེང་འདི་དང་འདི་ལྟ་བུ་དགོས་ཞེས་བརྗོད་པ་ན། དཔྱིད་དུས་རྡུལ་རླུང་དང་། གསོལ་ཆས་ཞན་པ། ཉིན་མང་པོར་ས་རྡོའི་ལས་ཀ་དཀའ་མོས་ངལ་བས། གྲོགས་ཀྱིས་རྩིག་ཞེང་དང་རྩིག་དཔངས་ཅུང་སྲབ་པ་དང་དམའ་བར་བྱེད་པ་ན། རྗེ་བླ་མས། འུ་གཉིས་ལ་འདི་ལྟར་བྱེད་མི་ཉན་ཨུས་ཟེར། ཇི་ལྟར་གྱིས་ཟེར་ན་དི་ལྟ་དུ་དགོས་ནི་རེད་ཅེས་གསུངས་ནས། དེ་མ་ཐག་བཅོས་པར་མཛད་པས། གཡོ་སྒྱུ་གཏན་ནས་མེད་པའི་གཤིས་རྒྱུད་དྲང་པོ་ཁོང་འདྲ་བ་ཞིག་དེ་སྐབས་དཀོན་ཟེར། དེ་བཞིན་དུ་གསང་བ་གསུམ་ལ་གཡོ་སྒྱུའི་དྲི་མ་མི་མངའ་བའི་དམ་པའི་རང་གཤིས་རྨད་དུ་བྱུང་བ་གཞན་ཡང་། རྒྱལ་ཁབ་ཀྱི་ཁང་ལས་སོགས་བྱ་བ་གང་ལ་ཡང་གཡོ་ཟོལ་མི་མངའ་ཞིང་། སྐུ་ངལ་འཛེམ་པ་མེད་པའི་ཕྱག་ལས་ལ་འགོ་ཁྲིད་པ་དག་གིས། ཁོང་གི་ལས་ཀ་ལ་ལྟ་རྟོག་བྱེད་མི་དགོས་པ་ཉིད་དུ་བརྩི་བ་ཞིག་ཡིན་པ་དང་། རྒྱུན་པར་ཁོང་ཁུ་དབོན་གཉིས་ཀྱི་ཞལ་བརྡ་ལ་མྱི་དི་སོ་ཐུ་གྱོ་རེད། རྒྱུད་དྲང་ནེ་ཁི་ཡིན་ན་ཞེས་གསུངས་པ་དང་། གཞན་ལ་ཡང་རྐུ་གཡོ་སྒྱུ་མི་ཉན་པ་དང་། རྒྱུད་དྲང་དགོས་པའི་བསླབ་བྱ་ཁོ་ན་གནང་བ་ཞིག་གོ།

དེ་ལྟར་ཡང་དཔལ་སྤྲུལ་རིན་པོ་ཆེས་ཀྱང་།

                            དྲང་པོ་མི་ཡི་ཆོས་ལུགས་ཞེས་བྱ་སྟེ། །

                            ཤིན་ཏུ་དྲང་ན་ལྷ་ཡི་ཆོས་ལུགས་ཡིན། །

                            འཁྱོག་པོ་སྙིགས་མའི་སྤྱོད་པའི་ཆོས་ལུགས་ཏེ། །

                            ཤིན་ཏུ་འཁྱོག་པོ་དམྱལ་བའི་ཆོས་ལུགས་ཡིན། །

                            དྲང་པོ་དེ་ཡང་གང་ཞེ་ན། །

                            གཡོ་སྒྱུ་ཡོངས་སུ་སྤངས་ནས་ནི། །

                            ཁ་དང་དོན་དུ་མཚུངས་པ་དང་། །

                            ཕྱི་དང་ནང་དུ་མཚུངས་པ་འོ། །ཞེས་གསུངས་པ་དང་།

འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་།

                            དྲང་སྲོང་ལྷ་ཡི་ལམ་ཡིན་ལ། །

                            གྱ་གྱུ་ཅན་ནི་འདྲེ་ཡི་ལམ། །

                            ལམ་འདི་གཉིས་ལས་ལྷ་དང་ནི། །

                            བདུད་ཀྱི་སྒོ་རུ་འཇུག་པ་ཡིན། །

                            ཞེས་དང་། དྲང་པོ་ཞེས་བྱའི་ཡོན་ཏན་ནི། །

                            ཡོན་ཏན་ནང་ན་ཡོན་ཏན་མཆོག །

                            མི་ཆོས་གཙང་མའི་སྙིང་པོ་སྟེ། །

                            ཞེས་པ་ལྟར་སྐྱེ་བོ་མི་བསྲུན་པ་སྙིགས་མའི་སྤྱོད་པ་ཇི་ལྟ་ཇི་ལྟར་བདོ་བ་དེ་ལྟ་དེ་ལྟར་དམ་པའི་རང་གཤིས་དྲང་པོའི་མཛད་སྤྱོད་དགེ་སྡིག་བླང་དོར་ཕྲ་ཞིབ་ཀྱི་མཛད་སྤྱོད་འདི་ནི། དམ་པའི་སྐྱེས་བུ་ཆེན་པོར་མཚོན་པའི་མཛད་པ་བླ་ན་མེད་པ་ཞིག་ཡིན་ཏེ། དགེ་མང་དབོན་བསྟན་འཛིན་ནོར་བུའི་ཞལ་ནས། འོ་ཅག་རྒྱུ་འབྲས་ལ་ཡིད་ཆེས་མེད་པས་ཆོས་མི་འགྲུབ་པ་ཡིན། གལ་ཏེ་ལས་འབྲས་འདི་ལ་ཡིད་ཆེས་ཤིག་རྙེད་ན། ཐམས་ཅད་ཁོ་བོའི་བླ་མ་ཨ་བུ་བཀའ་དྲིན་ཅན་ལྟ་བུ་ཤ་སྟག་འོང་གི་ཞེས་གསུངས་པ་དང་། འབྲོམ་སྟོན་པས་ཀྱང་། སྙིང་ཁམས་ཆེར་མི་རུང་། རྟེན་འབྲེལ་འདི་ཕྲ། ཞེས་གསུངས་ཤིང་། དགེ་བཤེས་ཁམས་ལུང་པས་ཀྱང་། ཕུ་ཆུང་བ་ལ་། བཤེས་གཉེན་པས་ནི། ལས་འབྲས་ཁོ་ན་གཙོ་བར་གསུངས་པ་ལ། ད་ལྟ་བཤད་པ་དང་ཉན་པ་དང་སྒོམ་རིན་མེད་པར་བྱེད་པ་ལ། འདི་ཁོ་ན་ཉམས་སུ་བླང་བ་དཀའ་བར་གསུངས། ཕུ་ཆུང་པས་ཀྱང་དེ་ཙུག་ལགས་གསུངས་པ་ལྟར། ཆོས་ལག་ཏུ་བླངས་པའི་དམ་པ་དག་གིས་གནས་འདི་ཉིད་ཉམས་སུ་ལེན་པར་དཀའ་ལ། ཉམས་སུ་ལོན་ན་ཆོས་པ་ཡང་དག་འོང་བའི་ཚོད་ནི། ལས་འབྲས་ཀྱི་གནས་ལ་ཕྲ་ཞིབ་ཀྱི་ལག་ལེན་འདི་ཁོ་ན་ལ་དགོངས་པ་གཅིག་མཐུན་དུ་སོང་བས་སོ། །

ཡང་བྷེ་ཇ་ནས་ཕྱིས་མཁན་རིན་པོ་ཆེ་རྒྱལ་ཁབ་དུ་མར་ཕེབས་ནས་གདན་སར་ཕེབས་སྐབས་ཤིག་ན། ཁོ་བོ་སྐུ་མདུན་དུ་ཤོག་ཅེས་པའི་གསུང་ཆ་ཞིག་བསྐུར་བྱུང་བ་ལ་སྐུ་མདུན་དུ་སོང་དུས། ད་རེས་ནི་ཁྱོད་མངག་རྒྱུ་ཅི་ག་མེད་སྒོར་མོ་བརྒྱ་འདི་ཁྱོད་ལ་སྦྱིན་བསམ་ནི་ཡིན། འདི་ན་ཅི་ག་ཡོད་ནི་ མ་རེད་མོད་ད། ད་རེས་སྒོར་མོ་རེ་ཨི་མི་ཡོད་བསམ་གྱི་ཞིག་རེད་གདའ། ཁྱོད་ལ་སྦྱིན་བཏང་ཆོག་རྒྱུ་ཞིག་མེད་ཁི་ཞེས་གསུང་ཁི་ཟེར། དེ་ནི་འོག་ཏུ་འབྱུང་བ་ལྟར་རྒྱུན་པར་སྐྱབས་རྟེན་བསྔོ་ཞུས་མཇལ་དར་རྣམས་སོ་སོར་མ་འདྲེས་པར་མཛད་ནས་ཇོ་དར་མར་མེ་དགེ་འདུན་པ་ལ་བསྙེན་བཀུར་བགྱི་བ་སོགས་ལ་ཕྱག་ལེན་ཞིབ་མོ་གནང་བས་དེ་ཁའི་ཡིན་པ་དང་། དེ་བཞིན་དུ་ཕྱིས་བཤད་གྲྭའི་ཞལ་བཞོས་འཚོ་སྐྱོང་བྱེད་པ་རྗེ་ཉིད་ཀྱི་ཉེ་དུ་རེ་ལ་ཁེལ་བ་ན་སྐབས་སུ་ཞོ་དང་འོ་མ་ལ་གཟིགས་རྟོག་མཛད་ནས། དགེ་འདུན་པའི་ཞལ་དུ་འདུ་བའི་གནས་ལ་ནན་གཟབ་བྱེད་དུ་འཇུག་པ་སོགས་ལས་འབྲས་ལ་ཕྲ་ཞིབ་ཀྱིས་ཕྱག་ལེན་གནང་བ་ཁོང་ལྟ་བུ་སྙིགས་མའི་དུས་སུ་དཀའ་བ་ཞིག་གོ། དེས་ན་དམ་པ་མཆོག་གི་བླ་ན་མེད་པའི་མཛད་སྤྱོད་ཀྱི་ཚུལ་གཞན་ལ་འདྲི་རྩད་བགྱིས་ཏེ་ཅུང་ཟད་བཀོད་པ་འདི་དག་ལ་རང་རེ་རྗེས་འཇུག་དག་གིས་གཟིགས་རྟོག་རེ་མཛད་པ་ཆེས་གལ་ཆེ་བ་ཉིད་དུ་སེམས་སོ། །

 

                            འདི་ན་སྙིགས་མའི་ངམ་གྲོག་གཅོང་རོང་གཞིར། །

                            ངན་སྤྱོད་གྱ་གྱུའི་འཁྲི་ཤིང་འཁྲིགས་པའི་ཁྲོད། །

                            དྲང་སྲོང་སྤོས་དཀར་ལྗོན་པའི་དབང་པོ་ཞིག །

                            དམ་པའི་ཡོན་ཏན་ལྷན་སྐྱེས་བསུང་ངད་རྒྱས། །

                            ཨེ་མ་དྲང་ལྡན་ལས་འབྲས་ཕྲ་ཞིབ་གནས། །

                            དམ་པའི་སྐྱེས་བཟང་སྐྲུན་པའི་སྐྱེད་ཡུམ་ཏེ། །

                            ཁྱོད་མེད་པ་ན་དྲི་བཅས་མངོན་ཤེས་སོགས། །

                            ངོ་མཚར་ཆེ་ཡང་རབས་ཆད་བུ་མོ་བཞིན། །

                            ལྗོངས་འདིར་རིས་མེད་བཀའ་བརྒྱུད་གོང་མ་ནས། །

                            རྩོད་དུས་སྐྱབས་གཅིག་རྗེ་བཙུན་མཆོག་གི་བར། །

                            ལས་འབྲས་ཕྲ་ཞིབ་སྟོན་པའི་གདམས་ཟབ་གནས། །

                            ཇི་བཞིན་ཉམས་སུ་བླངས་ལས་ཕྲེང་དུ་བསྟར། །

 

དེ་བཞིན་དུ་ཉམ་ང་བའི་དུས་དེར་ཡང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་མ་ཉམས་པར་བཟུང་བའི་ཚུལ་ཡང་ཅུང་ཟད་སྨོས་ན། རྟོགས་པའི་དབང་ཕྱུག་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཕུག་ཁང་མགོན་བླ་མ་པདྨ་འོད་ཟེར་མཆོག་དང་། བསླབ་གསུམ་སྡེ་སྣོད་འཛིན་པ་མཁན་བསོད་ཚེ་སོགས་སྐྱེས་ཆེན་དམ་པ་རྣམས་དང་། ཕན་ཚུན་ཟབ་ཆོས་དུ་མ་ལྐོག་ནོར་དུ་གནང་རེས་དང་། ཉམས་རྟོགས་ཁྱད་པར་ཅན་གྱིས་སྐྱེས་འབུལ་སོགས་ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཉིད་དོན་དུ་ཉམས་པ་མེད་པར་འཛིན་སྐྱོང་གནང་བ་དང་། གཞན་ཡང་གཙང་ལ་སྟོད་ནས་ཕེབས་པའི་བླ་མ་དིང་རི་ཞུ་བ་ཞིག་རྗེ་བླ་མའི་སྐུ་དྲུང་དུ་གསང་ཐབས་ཀྱིས་ཕེབས་ནས། འཇམ་མགོན་བླ་མའི་རྒྱུད་བླ་མའི་སྟོང་ཐུན་སོགས་གཞུང་བཤད་དུ་མ་ཞུས་པ་དང་། ར་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུ་སྨན་ལྡུམ་འཐུ་བའི་ཟོལ་གྱིས་ལན་དུ་མར་ཕེབས་ནས་དཔལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་ལུང་མན་ངག་དུ་མ་བགྲོ་གླེང་དང་། ཕན་ཚུན་བཀའ་ཆོས་དུ་མ་འབུལ་རེས་མཛད་པ་ཡང་། ཕྱིས་སུ་ཉིད་རྣམ་གཉིས་ཀྱི་གསུང་འཕྲོས་ལས་གསལ་བར་ཐོས་ལ། འཇམ་དཔལ་དོན་གཉིས་སོགས་བློ་གསལ་འགའ་ལ་རྩིས་དཀར་ནག་སྒྲ་རིག་སོགས་ཐུན་མོང་རིག་གནས་སྐོར་དུ་མ་གསུངས་པ་དང་། དེ་བཞིན་དུ་དཔལ་རྒྱལ་གྱི་ངག་ལས་ཐོས་པ་འགའ་ཞིག་བརྗོད་ན། སྐབས་འགར་སྐད་ལུགས་མི་གཅིག་པ་དང་། ཡུལ་གང་ཡིན་མི་ཤེས་པ་འགའ་ལྐོག་འགྲོས་ཀྱིས་སྐུ་མདུན་དུ་ཐོན་འོང་རྒྱུ་ཡོད། དེ་དག་གིས་ཡི་གེ་པོ་ཏི་རེ་བཟུང་ནས་ཁོང་ལ་འདྲི་འདུག་དར་ང་རང་གི་སེམས་ལ་པན་སྡིས་འདི་ལ་ཅི་འདྲ་མོའི་བློ་འཛིན་ཅིག་ཡོད་དར་ཟིག པོ་ཏི་འདི་དག་ཚང་མ་བློ་ན་ཡོད་ཁི་བསམ་མྱོང་། ནུབ་མོ་ཁོང་ཁུ་ཚན་གཉིས་ཀྱི་ཁང་ཆུང་ནང་མི་ཆུད་པས། ང་རང་གི་ཁྱིམ་དུ་འདུག་བཅུག་དར་ཡང་། ས་ཆ་གང་ཡིན་བཤད་མི་དར། དེ་འདྲ་བ་སྐབས་སྐབས་སུ་ཡོང་འདུག་རྒྱུ་ཡོད་ཀྱང་ང་རང་རྒད་པོ་རང་ག་བ་ཡིན་པས་ཆོས་ནི་ཅི་ཞིག་ཞུ་འདུག་ཁི་ཡོད་མི་ཤེས་ཟེར། དེ་ལྟར་ན་སྐབས་དེ་རྣམས་སུ་མདོ་རྒྱུད་མང་པོ་འཆད་སྤེལ་གྱིས་བསྟན་པ་འཛིན་སྐྱོང་གནང་བ་རྣམས། རྗེ་ཉིད་ཐུགས་སྒམ་པས་ཞལ་ནས་དངོས་སུ་ཐོས་པའི་སྐབས་མ་རྙེད་པས། དེ་སྐབས་རྒྱུས་ཡོད་རྣམས་ཀྱི་དྲང་པོའི་ངག་ཚིག་ལས་བྱུང་བ་དེ་ཙམ་ལས་ལོ་ཟླ་དང་། དུས་ཚོད་འདི་ལ་སློབ་བུ་གང་ཞིག་ལ་གཞུང་འདི་དང་འདི་ཞེས་གསལ་པོར་འབྲི་རྔོ་མི་ཐོགས་སོ། །

ཉམས་ལེན་སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱངས་ཚུལ་ཅུང་ཟད་སྨོས་ན། ཡང་ཁོ་བོ་རེས་བྱ་བ་དོན་ཆེན་འགའ་རེའི་ཕྱིར་དུ། མཚན་མོ་ནམ་དཀྱིལ་དང་ནམ་སྨད་སྐབས་ནམ་ནམ་དུ་སོང་ཡང་། ཁོང་གཟིམས་བསྡད་ཡོད་པ་དང་། སྐུ་ཆིངས་བཤིག་འདུག་ཡོད་པ་ཞིག་ཐུག་མ་མྱོང་བས། ཅི་ག་གཟིམ་ཁི་ལ་མེད་ནི་འདྲ་རེད་ཅེས་ཟེར། དེས་ན་ཉིན་མཚན་ཁོར་ཡུག་ཏུ་སྤོང་ཀློག་གི་མཛད་པ་ལྷུར་ལེན་པ་ཞིག་ནའང་། ཡི་དམ་གང་ལ་བསྙེན་སྒྲུབ་འདི་དང་འདི་མཛད་པ་ག་ལ་ཞིག་སྟེ། རྒྱུན་གྱི་ཐུགས་དམ་གང་ཡིན་མི་ཤེས་པ་ཞིག་ཡིན་པས་རེ་ཞིག་དེ་ཙམ་མོ། །

ཁྱད་པར་དུ་དུས་ཀྱི་ཁུགས་སོ་དེ་ན་ཡང་། ཁོང་ཁུ་དབོན་རྣམ་གཉིས། མཁན་བསོད་ཚེ། དགེ་སློང་ཨ་ཤེར། ཞི་ཕྲུག་སོགས་ཁོང་རྣམ་པས་གྲོ་ཞུན་ཟླ་བའི་ཚེས་བཅུ་དྲུག་ནས་དབྱར་གནས་པར་ཁས་བླངས་ཏེ། ཉིན་ལྟར་ཐོ་རེངས་ཀྱི་དུས་སུ་ཆོས་གོས་རྣམ་གསུམ་ཕྲག་ཏུ་བསྣམས་ཏེ། རྒྱུན་ཆགས་གསུམ་པ་གསུང་བའི་མཇུག་ཏུ་སྡོམ་གསུམ་ཆོས་ཁྲིད་བཅས་ཟླ་བ་ཕྱེད་གཉིས་ཀྱི་མཇུག་ཏུ་ཚོགས་འཁོར་དང་བཅས་ཆ་ཚང་བར་མཛད་པ་ནི། མཁན་བསོད་ཚེ་ཚང་གི་ཞལ་ནས། སྐབས་དེ་དུས་སུ་ཡང་དབྱར་གནས་ཆད་མ་མྱོང་ཞེས་གསུངས་པ་རྗེས་སུ་ཐོས། དེ་ལྟར་ན་ཆེས་ཡ་ང་བའི་དུས་དེ་ན། ཆོས་པ་ཕལ་རྣམས་སད་ཀྱིས་ཁྱེར། ཅུང་བཟང་བ་རྣམས་ནས་ཀྱང་ཆོས་ཚུགས་ཅི་ཟིན་གྱིས་རང་རང་གིའཆི་ཆོས་ལ་འབད་པ་ལས། བཀའ་བསྟན་གྱི་གཞུང་ལུགས་ཀློག་ཅིང་གཞན་ལ་འཆད་སྤེལ་དང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ལྟ་ཅི། སྔོན་འགྲོ་རེ་གཞན་ལ་བཤད་ཐུབ་པ་ཡང་དཀོན་པའི་གནས་སུ་གྱུར་ཅིང་། ཡང་འགའ་རེས་ལ་ལུང་གི་དུད་ཁྱིམ་རེ་ཟུང་དང་། གྲོང་གི་ཁང་ཁྱིམ་འགའ་ན་དྲིལ་ལྕེ་ཁབ་སྦོོམ་དང་བལ་གྱིས་དཀྲིས་ཏེ། ཆོ་ག་ཐན་ཐུན་རེ་ལྐོག་འདོན་བགྱིས་པ་ཡང་གཞན་གྱིས་ཐོས་ནས་དཀའ་སྡུག་དུ་མ་མྱོང་བ་ཆེས་མང་མོད། རྗེ་འདི་ཉིད་ནི་མཁས་གྲུབ་ཀླུ་དབང་བྱེ་བའི་རོལ་གནས་རྫ་རྒྱུད་ཕྱོགས་སུ། དེ་སྐབས་སུ་ཡང་བསྟན་པའི་སྙིང་པོ་མ་ཉམས་པར་འཛིན་སྤེལ་བགྱིས་པའི་ཚུལ་ལ་བསམས་ན། ངོ་མཚར་བའི་རྣམ་པར་ཐར་པ་འདི་ལས་ལྷག་པ་ལྟ་ཅི། འདི་དང་མཉམ་པ་ཞིག་ཀྱང་དཀའ་བར་སེམས་སོ། །

 

                            དུས་ཀྱི་རྒུད་པའི་ས་རུམ་སྟུག་པོའི་ཀློང་། །

                            དམ་པའི་ཡོན་ཏན་རིན་ཆེན་དང་པོའི་ཁམས། །

                            རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བཀྲག་ཟིལ་ཉིད། །

                            མ་ཉམས་འཚེར་བས་ཡ་མཚན་གཏམ་འདི་རྨད། །

                            གང་ན་འཁོར་ཚོགས་རྣམ་བཞི་རྒྱུ་བ་དང་། །

                            གང་ན་ཡོངས་སྦྱོང་བསླབ་པའི་གནས་གསུམ་པོ། །

                            མ་རྨད་ཉམས་སུ་བསྟར་བའི་མཛད་བཟང་ལ། །

                            བསྟན་པ་གནས་ཞེས་བདེན་གསུང་མཆོག་གིས་བསྒྲགས། །

                            ལུང་དང་རྟོགས་པའི་རྒྱལ་བསྟན་སྙིང་པོའི་བཅུད། །

                            བཤད་དང་སྒྲུབ་པའི་མཛད་བཟང་བདུད་རྩིའི་རླབས། །

                            ཟློག་མེད་མཁའ་མཐོར་འཁྱིལ་བའི་ཆད་མེད་རྒྱུན། །

                            རྒུད་པ་མཐར་ཐུག་དུས་སུ་བསླངས་འདི་རྨད། །

 

དེ་ལྟར་དགུང་གྲངས་ཉེར་དགུའི་ལོ་ང་དགུའི་དུས་འཁྲུགས་ཆེན་མོ་ནས་བརྒྱད་ཅུ་ཐམ་པའི་བར་བགྲང་བྱ་ཉེར་གཅིག་གི་རིང་ལ། ཡུལ་རྐྱེན་ངན་པ་ཇི་ལྟར་འཕྲད་ཀྱང་། བཟང་པོའི་གསེར་ཁམས་ཉིད་ཇི་ལྟར་བསྲེག་ཅིང་བཅད་དེ་བརྡར་བར་བྱས་པ་དེ་ཙམ་དུ། གསེར་གྱི་ཡིན་ལུགས་བཀྲག་མདངས་མཚེར་བ་ལྟར། དམ་པ་གང་གི་ཆེ་བའི་ཡོན་ཏན་མངོན་པའི་རྒྱུར་སོང་བས་ན། ད་དུང་ཆེས་ངོ་མཚར་བའི་རྣམ་ཐར་མང་དུ་མཆིས་པ་གོར་མ་ཆག་ཀྱང་། སྐྱེ་བོ་དྲང་བདེན་ཤེས་གསུམ་འཛོམས་པ་དག་ལ་འདྲི་རྩད་ཀྱིས་གོ་ཐོས་སུ་གྱུར་པའི་བདེན་ངག་གཙང་མ་བཀོད་པ་རེ་ཞིག་དེ་ཙམ་མོ། །

 

                            མི་བཟོད་དུས་ཀྱི་འཁྲུག་སློང་དྲག་པོའི་རླུང་། །

                            རྣམ་དག་བསླབ་ཁྲིམས་གཙང་མའི་རླབས་ཀྱི་ཕྲེང་། །

                            དག་གཙང་དུང་གི་ལྦུ་དཀར་ཉེར་བསྐྱེད་པའི། །

                            ངོ་མཚར་འདུལ་སྤྱོད་གཙང་མའི་རྒྱན་དུ་གྱུར། །

                            དགོངས་ཀློང་ཟབ་གསལ་མཁའ་ལྟར་རབ་ཡངས་ཀྱང་། །

                            ལས་འབྲས་སྤང་བླང་མ་འདྲེས་བདུད་རྩིའི་ཟེར། །

                            སྙིགས་ལྔའི་སྤྲིན་ཚོགས་སྟུག་པོས་མ་གཡོགས་པར། །

                            བཤེས་གཉེན་ཟླ་བའི་ལང་ཚོ་ལྷག་པར་དར། །

                            ཀྱེ་མ་དུས་ཀྱི་མེ་དབལ་དྲག་པོ་ཡིས། །

                            ཇི་ལྟར་གདུང་བཞིན་དམ་པ་མཆོག་གིས་གཤིས། །

                            བཟང་པོའི་གསེར་འོད་མ་སྒྲིབ་ལྷང་ངེ་བ། །

                            ཆོས་མཛད་བརྒྱ་སྟོང་ནང་ན་རེ་རེ་ཙམ། །

                            ཁྱད་པར་བསྟན་འཛིན་ཕལ་ལ་མི་མངའ་བ། །

                            འགྲན་བྲལ་སྙིང་སྟོབས་དཔུང་ཤུགས་བཙན་པོ་ཡིས། །

                            ལུང་རྟོགས་རྒྱལ་བསྟན་ས་ཆེན་འདེགས་བཟོད་པའི། །

                            དུས་ཀྱི་ཁམས་འདིར་མཛད་རྗེས་སུ་ཡིས་བསྐྲུན། །

 

ད་ནི་ཡང་དར་བསྟན་པའི་སྣང་བ་སྐྱེ་རྒུའི་དཔལ་དུ་ཤར་བ་ན་ཀུན་གཟིགས་མཆོག་གིས་སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པའི་ཤེ་མོང་གིས་རྒྱལ་བསྟན་གཞིར་བཞེངས་སུ་བསླངས་བའི་ཚུལ་ཅུང་ཟད་བརྗོད་ན། དེ་ཡང་ཐུབ་ཆེན་དོན་ཀུན་གྲུབ་པ་དེ་ཉིད་ལྷོ་གླིང་འཛིན་མའི་ལྟེ་བ། དབུས་འགྱུར་འཆང་ཆེན་པོའི་གནས་མཆོག་ལུམྦི་ནའི་དགའ་ཚལ་དུ། མཚན་དཔེ་རི་བོང་འཛིན་པའི་བཀྲ་ཤིས་ཀྱི་རེ་ཁྭ་མངོན་པར་བཀྲ་བ། ཟག་བྲལ་ཡེ་ཤེས་བདུད་རྩིའི་ཕུང་པོ་དཀར་ཕྱོགས་ཉ་རྒྱས་ཟླ་བའི་ལང་ཚོ་ཉིད། ཞིང་འདིའི་འདྲེན་པ་སྟོང་གི་སྐྱེད་ཡུམ་སྒྱུ་འཕྲུལ་ལྷ་ཡི་བུ་མོའི་ལྷུམས་རྒྱ་སྟོན་མཚན་མཛེས་པའི་སྤྲིན་དཀར་ལས་གྲོལ་ཏེ། སྙིགས་མ་ལྔས་མནར་བའི་འགྲོ་བ་རྣམས་ཀྱི་ཤུགས་དྲག་ལས་ཉོན་གྱི་ཚ་གདུང་འཇོམས་པའི་དཔའ་བོ་ཆེན་པོ། ཟླ་མེད་པའི་སྙིང་སྟོབས་དང་། སྨོན་ལམ་ཕུལ་དུ་ཕྱིན་པ་དེ་ཉིད། མ་ལུས་སྐྱེ་དགུ་ཡོངས་ཀྱི་མགོན་དུ་ཕེབས་ནས་བྱིན་གྱིས་རླབས་པའི་དུས་བཟང་སྟེ། རབ་བྱུང་བཅུ་དྲུག་པའི་དྲག་པོ་ལྕགས་སྤྲེལ་གྱི་གནམ་ལོ་གསར་ཚེས་ནས་བརྩམས་ཏེ། འགྲོ་བའི་ལེགས་བྱས་བཟང་པོ་དང་། མཆོག་གསུམ་རྩ་གསུམ་རྒྱ་མཚོའི་ཐུགས་རྗེའི་བྱིན་རླབས་ནང་འཛོམས་པའི་ཐོ་རེངས་འཛུམ་དཀར་གྱིས། ཡང་དར་བསྟན་པའི་ཉི་གཞོན་བསིལ་ལྗོངས་དཔལ་དུ་འདྲེན་པ་ལ་ཕྱོགས་པ་ན། ཕྱོགས་དང་ཕྱོགས་ནས་བསྟན་པའི་བབས་སོ་ཆེན་པོ་བཞིས་བསྡུས་པའི་སྐྱེས་ཆེན་དམ་པའི་གདན་ས། ཆོས་སྡེ་ཆེན་པོ་རྣམས་ཉམས་པ་སླར་གསོ་ལ་ཀུན་གྱིས་དགོངས་འཆར་འགོག་མེད་དུ་བཀོད་པར་གྱུར་ཏོ། །

དེ་དང་ཆབས་ཅིག་ཆེ་བ་དྲུག་གིས་མངོན་པར་འཕགས་པའི་གསང་ཆེན་སྔ་འགྱུར་པའི་བསྟན་པའི་འཕྲོ་གཞི། མདོ་དབུས་ཕྱོགས་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ། རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་། དཔལ་གྱི་སེངྒེ་རིའི་གནས་མཆོག་ག་ལ་བར། ཐུན་མོང་ཐུན་མིན་གྱི་རིག་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་ཀུན་མཁྱེན་རོང་ཀློང་ཡབ་སྲས་བརྒྱུད་པའི་ཐུན་མིན་མདོ་རྒྱུད་རིག་པའི་བཞེད་གཞུང་། ཉམས་པ་སླར་གསོ་བགྱིད་པ་ལ། སླད་མེད་ཀྱི་ལྷག་བསམ། རླབས་ཆེན་གྱི་སྤོབས་པ་གང་ནས་ཀྱང་འགྲན་དུ་མེད་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ། མཆོག་སྤྲུལ་རིན་པོ་ཆེ་གཟན་དཀར་ཐུབ་བསྟན་ཉི་མ། རྫོགས་སྤྲུལ་པདྨ་སྐལ་བཟང་རྣམ་གཉིས་ཀྱི་དགོངས་འཆར་ལྟར། ཕྱོགས་ཐམས་ཅད་ནས་གྲུབ་མཐའ་རིས་མེད་ཀྱི་མཁན་པོ་དང་དགེ་བཤེས་ཆེན་པོ་རྣམས་དང་ཤེས་ཡོན་པ་དུ་མ་གདན་དྲངས་ནས། ཤེས་བརྩོན་ངང་བཟང་གི་ཡ་རབས་གཞོན་ནུ་མང་པོ་བསྡུས་ཤིང་། གཞན་ཡང་བློ་གསལ་དོན་གཉེར་ཅན་གྱི་གྲྭ་གཞོན་བཙུན་པ་མང་པོ་དྭངས་བའི་མཚོ་ལ་ངང་མོ་བཞིན་ཕྱོགས་ཀུན་ནས་ཕེབས་པ་རྣམས་ཀྱང་། ཟུར་ཞུགས་ཀྱིས་བཞུགས་ཤིང་། འདུས་པ་བརྒྱ་ཕྲག་དུ་མས། གནས་ལྔས་བསྡུས་པའི་རིག་གཞུང་དག་ལ་འཆད་རྩོད་རྩོམ་པའི་བྱ་བས་རྒྱལ་བ་ཤཱཀྱ་སེངྒེའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ་ཕྱོགས་སོ། །

དེ་ལྟ་ནའང་ཁོང་རྣམ་གཉིས་ཀྱི་ཐུགས་ཀྱི་བཞེད་དོན་སྙིང་པོ་སྔ་འགྱུར་རྙིང་མའི་ལྟ་གྲུབ་ཀྱི་གནད་སློང་ནུས་པ་ནི་དཀོན་པས། མདོ་སྔགས་རབ་འབྱམས་པ་ཆེན་པོ་ར་སྐོར་མཁན་ཆེན་ཐུབ་བསྟན་ནོར་བུ་མཆོག་ཉིད་ལ་གདན་ས་ཆེན་པོ་ཉིད་དུ་བསྟན་པ་གསོ་བའི་ཆེད་དུ་སྐུ་ཉིད་འབྱོན་ཐུབ་པ་དང་། གཞན་ཡང་དེང་སྐབས་བསྟན་པ་ཉམས་གསོ་ནུས་པའི་སྐྱེས་ཆེན་དམ་པ་གང་ན་སུ་ཞིག་བཞུགས་ཞེས་ཞུས་པ་ན། དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་ནས་ནོར་བུ་རིན་པོ་ཆེའི་རིན་ཐང་དང་ཡོན་ཏན། འབྱོར་ལྡན་མཁས་པ་ལས་བླུན་རྨོངས་དབུལ་པོས་མི་ཤེས་པ་ལྟར། མཁས་པའི་ཡོན་ཏན་དཔྱོད་ལྡན་མཁས་པ་ལས། བླུན་པོ་དག་གི་མི་ཤེས་པར་གསུངས་པ་དང་།

ས་སྐྱ་པཎ་ཆེན་གྱིས་ཀྱང་།

                            མཁས་པའི་ཡོན་ཏན་མཁས་པ་ལས། །

                            བླུན་པོས་མཁས་པ་ཇི་ལྟར་ཤེས། །

                            ཙནྡན་གསེར་ལས་རིན་ཆེ་ཡང་། །

                            བླུན་པོས་སོལ་བ་བྱས་ལ་ལྟོས། །

 

ཞེས་གསུངས་པ་ལྟར་དམ་པའི་སྐྱེས་བུ་མཁས་གྲུབ་ཀྱི་བླ་མ་འདི་གཉིས་ནི། གོང་དུ་བརྗོད་པ་ལྟར་སྔར་ནས་གཅིག་གཅིག་ལ་ཐུགས་རྒྱུས་ཆེ་བ་ཡིན་པས། ཁོང་གི་ཞལ་ནས། ད་ལྟ་ཡོངས་ལ་གྲགས་འུར་མི་ཆེ་ཡང་། རྫ་ཕུག་ཁང་དགོན་དུ་མཁན་པོ་པདྨ་ཚེ་དབང་ཞུ་བ་ཞིག་བཞུགས་འདུག་པས། བཅུ་ཕྲག་previous hit རིག་གཞུང་སྤྱི་དང་། ཁྱད་པར་པདྨའི་རང next hit་ལུགས་གང་ཐད་ནས་ཁོང་ལས་ལྷག་པ་རྫ་རྒྱུད་ཕྱོགས་ན་མེད་པས། ཅི་ནས་ཀྱང་དེ་ཉིད་གདན་འདྲེན་དགོས་པར་བཀའ་གསུང་གནང་བ་ཉིད་ཐུགས་ཀྱི་དཀྱིལ་དུ་བཅངས་ནས། རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་གི་ལོ་༡༩༨༣པར་མཆོག་སྤྲུལ་རྣམ་གཉིས་དང་། སྐུ་ཞབས་ཆོས་དགའ་བཅས་ཆེད་གཏད་ཀྱིས་ཨ་རིག་ཕུག་ཁང་དགོན་དུ་གདན་ཞུར་ཕེབས་པ་ལ་ཕྱོགས། རིམ་པས་རྫ་ལུང་རིང་མོའི་ཕྱོགས་ནས་བརྒྱུད་དེ། སྒོ་ཡི་གསེར་ཉ་ཁུག་ཏུ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་བརྒྱུད་འཛིན་པ། རྒྱལ་བ་ཕུག་ཁང་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོའི་དགོན་གནས་པཎ་ཆེན་བླ་མའི་སྐུ་དྲུང་དུ་ཕེབས་ཏེ། རྗེ་རྣམ་གཉིས་ནས་སྐབས་བབས་ཀྱི་ཞུ་བ་ནན་ཏན་ཆེན་པོས་ཕུལ་བ་ལ། སྤྱིར་ན་ཆོས་རྗེ་མཆོག་ནི། གོང་བཤད་ལྟར་ཁོང་ཉིད་ཀྱི་ཆེ་བ་སྦས་ཤིང་རྟག་ཏུ་དམན་པའི་ས་ནས་མངོན་ཆུང་དུ་བཞུགས་པར་ཁོ་ན་ལྷུར་ལེན་པ་ཞིག་ན་ཡང་། རྒྱལ་བསྟན་སྤྱི་སྒོས་ཀྱི་ཉམས་རྒུད་ལ་ཐུགས་ཀྱིས་མ་བཟོད་པར་ཕེབས་པར་ཞལ་གྱིས་བཞེས། དེར་ཁོང་རྣམ་གཉིས་ནས། མཁན་རིན་པོ་ཆེ་ལ། སྐུ་ཉིད་ཀྱི་ཡོ་བྱད་དང་གཟིམ་ཁང་ལ་སོགས་གཞན་ལ་བཅོལ་གཏམ་དགོས་པའི་རིགས་ལ། ཕྱག་ལས་ཅི་ཡོད་མཛོད་དང་། བྲེལ་བ་མེད་ཚུལ་ཞུས་པ་ན། བྱ་བ་ཅུང་མེད་ནངས་པར་ཕེབས་ཆོག་པར་གསུངས་པས། ཞིབ་ཏུ་བལྟས་ན་ས་ཁང་ལྷགས་སྐྱོབ་ཙམ་པོའི་ནང་ན། ཕྱག་དཔེ་པོ་ཏི་ཁ་ཤས་དང་། ཐབ་ཆས་ཐབས་ཆག་ཙམ་དང་། གདིང་བ་ཆུ་ཚགས་ལྷུང་བཟེད་ལ་སོགས་དགེ་སློང་གི་ཡོ་བྱད་གཙོ་བོའི་རིགས་དང་། ཉེར་སྤྱད་ཕྲན་ཚགས་ལས་ཅི་ཡང་མི་འདུག་ཅིང་། ཕྱིར་ཉིན་ཆོས་སྣམ་དང་ཕྱག་དཔེ་དུམ་བུ་ཞིག་བསྣམས་ཏེ་ཕེབས་པར་མཛད་པས། དུས་ཀྱི་ཡང་ཐ་འདིར་ཡང་སྟོན་པའི་རྗེས་འཇུག་གནས་བརྟན་ཆེན་པོའི་བརྟུལ་ཞུགས་འཆང་བ། འདུལ་སྤྱོད་གཙང་མའི་ངོ་མཚར་བཀོད་པས་དམ་པ་རྣམ་གཉིས་ཀྱི་ཐུགས་ཡིད་དབང་མེད་དུ་འཕྲོག་སྟེ་དད་གུས་གཏིང་ནས་བསླངས་པར་གྱུར་པ་རྗེས་སུ་ཐོས་སོ། །

དེ་ནས་མདོ་སྨད་གནས་ཆེན་ཉེར་ལྔའི་ནང་ཚན། བདུད་རྩི་ཡོན་ཏན་གྱི་གནས་མཆོག རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ཏེ། ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་ཟབ་ཆོས་ནི། བསྟན་པ་ཡོངས་སུ་རྫོགས་པ་སྡེ་སྣོད་གསུམ་གྱི་དགོངས་དོན་དང་། ཁྱད་པར་ཤེས་བྱ་རིག་པའི་གནས་ཐུན་མོང་དང་ཐུན་མིན་གྱི་གནད་གསང་ཁྱད་པར་བ་སྟོན་པ། ཀུན་གཟིགས་མི་ཕམ་ཆོས་རྗེའི་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་ལེགས་བཤད་ཆེན་པོ་དེ་ཉིད་ཡིན་ལ། འདི་ཉིད་ནི་སྔར་འཇམ་མགོན་མི་ཕམ་པ་ཉིད་ཀྱིས་ཀྱང་། མཁས་འཇུག་འདི་གཞུང་ཆ་ཚང་བར་བརྩམས་པར་གྲུབ་ན་དགོས་པ་ཆེ་ཞེས་གསུངས་པ་ལ། འོད་གསལ་རིག་པའི་རྡོ་རྗེས་ཡང་ཡང་ནན་གྱིས་བསྐུལ་བས། དཔལ་གྱི་སེངྒེ་རིའི་གདན་ས་དེ་ཉིད་དུ་བསྟན་བཅོས་ཆེན་པོའི་མཇུག་ལེགས་པར་གྲུབ་པ་ཡིན་པས། རྗེ་བླ་མའི་ཆོས་འཁོར་གྱི་ཐོག་མའི་གནས་དང་ཆོས་གཉིས་པོ་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་སུ་གྱུར་ཅིང་། མཆོག་གསུམ་རིན་པོ་ཆེའི་ཡོན་ཏན་སྒྲོག་ཆོག་པའི་སྐལ་པ་བཟང་པོས་ཐུགས་དགྱེས་པ་ཆེན་པོས་བསྟན་བཅོས་ཀྱི་མཆོད་བརྗོད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །

ཞེས་པ་ཉིན་དུ་མར་རྒྱས་སྤྲོས་ཀྱིས་རྒྱ་ཆེར་བཀྲལ་བས། དུས་ཕྱིས་བོད་ཡིག་སློབ་གྲྭའི་དགེ་སློབ་དག་གིས་མཁན་རིན་པོ་ཆེས་མཁས་འཇུག་ཤིན་ཏུ་རྒྱས་པར་གསུངས་ལོ་ཞེེས་ཀུན་གྱིས་གླེང་གཞིར་གྱུར། ཕྱིས་ཁོ་བོ་ཅག་ལ་གཞུང་འདི་ཉིད་གསུང་སྐབས། ཞལ་ནས་སྔར་བདག་གིས་རྫོགས་ཆེན་བོད་ཡིག་སློབ་གྲྭར་མཁས་འཇུག་འདི་ཐོག་མར་བཤད་སྐབས། འདོན་ས་རྣམས་གྲྭ་ཆས་དང་རྒྱ་གོས་ཅན་སྣ་ཚོགས་སུ་འདུག་པ་ལ། ང་རང་གི་བསམ་པ། ཨ་ད་སྔོན་མི་ལོ་མང་པོར་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་བཤད་ཆོག་པར་ལྟ་ཅི། འཁོར་ལོ་ཕྲེང་བ་འཛིན་པ་ཙམ་ཡང་མི་ཆོག་པའི་དུས་ཤིག་བྱུང་ན། ད་ནི་འདི་ལྟ་བུའི་སྐྱ་སེར་ཆལ་ཆོལ་དུ་མ་ཚོགས་པའི་ནང་དུ་དཀོན་མཆོག་གི་ཡོན་ཏན་སྒྲོག་ཆོག་པ་འདི་ནི་སྐལ་པ་བཟང་པོའོ་སྙམ་དུ་སྤྲོ་བ་སྐྱེས་ནས་ཅུང་ཟད་བཤད་ཁུལ་བྱས་ཞེས་བར་འཕྲོས་རྣམས་སུ་བརྩལ། འདོར་ན་ལེགས་བཤད་ཆེན་པོའི་དགོངས་གནད་དཔྱིས་ཕྱིན་པར་བསླངས་པས། དེ་སྐབས་གཞན་ཕྱོགས་ཀྱི་རིགས་པ་སྨྲ་བ་རྣམས་ཀྱིས། བསྟན་བཅོས་མཁས་པ་ལ་འཇུག་པའི་སྒོ་དང་། མཛད་པ་པོ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་གྲགས་པ་དོན་ལ་གནས་པའི་ངེས་པ་འདྲོངས་པའི་གནས་སུ་བཀོད་པར་མཛད་དོ། །

དེ་ནས་བཟུང་ཤིང་བྱི། ཤིང་གླང་། མེ་སྟག་སྟེ། བགྲང་བྱ་བཞིའི་རིང་ལ་འཆད་ཁྲིད་ཀྱི་རྩ་བ་འཇམ་མགོན་མི་ཕམ་ལེགས་བཤད་ཆེན་པོ་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཉིད་རྒྱས་འབྲིང་བསྡུས་པའི་སྒོ་ནས་བསྩལ་བ་གཞིར་བཟུང་སྟེ། གཞན་ཡང་དགེ་སློབ་ཡོངས་ལ་གཞན་དགའི་རྒྱུད་བླའི་འགྲེལ་བ་དང་། འཇུག་པ་མཆན་འགྲེལ། འཇམ་མགོན་མི་ཕམ་པའི་འབྱེད་རྣམ་གཉིས་ཀྱི་འགྲེལ་བ། ཤེར་འགྲེལ་ཀེ་ཏ་ཀ། བརྒལ་ལན་ཉིན་སྣང་། ངེས་ཤེས་སྒྲོན་མེ། དབུ་མ་རྒྱན་འགྲེལ། གཉུག་སེམས་སྐོར་གསུམ། རྒྱལ་སྲས་ལག་ལེན། བོད་སྤྲུལ་ཤེར་ཕྱིན། སྤྱོད་འཇུག་རྩ་བ་རྒྱས་ཁྲིད་བཅས་དང་། གཞན་ཟུར་ཞུགས་ཀྱི་མཁན་སྤྲུལ་བླ་གྲྭ་མང་པོ་དང་། དགེ་རྒན་རྣམ་པ་ལ། སྡོམ་གསུམ་རྣམ་ངེས་རྩ་འགྲེལ། ཀཱ་རི་ཀཱ དོན་རྣམ་ངེས་ཤེས་རབ་རལ་གྲི། བོད་སྤྲུལ་ལྟ་གྲུབ་ཤན་འབྱེད། སྤྱོད་འཇུག་ལེའུ་བཞི་མ། ཚུལ་ཁྲིམས་བསྟོད་པའི་འགྲེལ་བ་བླང་དོར་གསལ་བྱེད་སོགས་དང་། མཆོག་སྤྲུལ་རྡོར་ལོ་དང་མདོ་རིན་པོ་ཆེ་རྣམ་གཉིས་ལ་གསང་སྙིང་རྩ་བའི་རྒྱུད་དང་། སྤྱི་དོན་ལུགས་མང་པོ་རྒྱས་ཁྲིད་དང་། རིན་ཆེན་མཛོད་ཀྱི་ལྡེ་མིག སྤྱི་དོན་འོད་གསལ་སྙིང་པོ་སོགས་མདོར་སྔགས་ཀྱི་གཞུང་ལྗགས་ལུང་དུ་བསྩལ་བའི་བསྐོར། འཇམ་དབྱངས་མཁྱེན་བརྩེ་དབང་པོས་མཛད་པའི་དཔལ་སྤྲུལ་རིན་པོ་ཆེའི་ཚེ་རབས་རྗེས་འཛིན་བསྟོད་སྨོན་བཀྲ་ཤིས་བིར་ཝའི་ལྗོན་བཟང་། མཚན་ཡང་དག་པར་བརྗོད་པ། འཇམ་མགོན་མི་ཕམ་རིན་པོ་ཆེའི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་། ཆོས་ཀྱི་གྲགས་པའི་བླ་མའི་རྣལ་འབྱོར། ཆོ་འཕྲུལ་སྨོན་ལམ། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གུ་རུའི་རྣམ་ཐར་བཀའི་ཐང་ཡིག་གི་དོན་བསྡུས་གསོལ་འདེབས་ངོ་མཚར་ཨུ་དུམ་ཝ་རའི་ཕྲེང་མཛེས། བྱང་པ་རིག་ལྡན་གྱི་ཆོ་འཕྲུལ་སྨོན་ལམ། རྒྱལ་དབང་ཀློང་ཆེན་པའི་རྣམ་ཐར་གསོལ་འདེབས་ཡེ་ཤེས་སྤྲིན་གྱི་རོལ་མོ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་རྩ་བ། མཁྱེན་བརྩེ་དབང་པོའི་འཇམ་དཔལ་མཚན་བརྗོད་ཀྱི་བཀླག་ཐབས་དང་བཅས་པ། གཞན་ཡང་འཇམ་དཔལ་བསྟོད་སྒྲུབ་སོགས་བཀླག་ལུང་དུ་མ་བསྩལ་ཅིང་། གཞན་ཡང་སྙན་སུམ་དག་གསུམ། སྒྲ་རྩིས་སྡེབ་སྦྱོར་སོགས་ཐུན་མོང་ཐུན་མིན་གྱི་རིག་པའི་གཞུང་ལུགས་མང་པོ་འཆད་སྤེལ་གནང་སྟེ། བསྟན་པ་སྤྱི་དང་བྱེ་བྲག་གི་སྒོ་འཕར་ཡངས་པོར་ཕྱེས་པ་ལ་བརྟེན་ནས། རིམ་པས་ཁམས་དབུས་གཙང་གསུམ་ནས་ལྷགས་པའི་འདུས་སྡེའི་ཚོགས་དབྱར་མཚོ་ལྟར་རྒྱས་ཏེ། ངུར་སྨྲིག་འཛིན་པའི་ཆོས་གྲྭ་ཤྲཱི་སེང་ལྔ་རིག་ནང་བསྟན་སློབ་གླིང་ཞེས་སུ་གྱུར་ཅིང་། ཕྱིས་སུ་ཡང་སྐབས་སྐབས་སུ་ཕེབས་ཏེ། མདོ་སྔགས་ཀྱི་བསྟན་པ་སྤེལ་བའི་ཚུལ་ལོ་ཚིགས་དང་བསྒྲིགས་ཏེ་འོག་ཏུ་བརྗོད་པར་བྱའོ། །

དེ་བཞིན་དུ་རབ་རྒྱལ་ཤིང་བྱི་ནས། ཤིང་ཕག མེ་སྟག་སྟེ་བགྲང་བྱ་གསུམ་གྱི་དབྱར་དུས་རྣམས་སུ་པདྨའི་རྒྱལ་ཚབ་དིལ་མགོའི་མཁྱེན་བརྩེ་རབ་གསལ་ཟླ་བའི་གསུང་གིས་བསྐུལ་བ་ལྟར། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ནས། བསྟན་པའི་གཞི་མ་ཆོས་འདུལ་བ་རིན་པོའི་གཞི་གསུམ་གྱི་ཕྱག་བཞེས་སླར་གསོ་དང་། འཆད་ཉན་གྱིས་བསྟན་པའི་དབུ་བཙུགས། དུས་དུས་སུ་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཚུལ་ཡང་འོག་ཏུ་རིམ་པར་འབྱུང་ངོ་། །

                            རབ་གནག་དགུན་གསུམ་དྲག་པོའི་ལྷག་རླུང་ཉིད། །

                            བཅུ་གཉིས་བདག་པོའི་འགྲོས་ཀྱིས་ཕ་མཐར་བསྐྲད། །

                            ཆར་ཟིལ་དྲོད་བཅུད་འཇོམས་པའི་དཔྱིད་ཀྱི་དཔལ། །

                            གསེར་སྦྲང་གཞོན་ནུའི་ཚོགས་ཀྱི་དགའ་སྟོན་གྱུར། །

                            མོན་ནས་ཕེབས་པའི་གསུང་སྙན་ཁུ་བྱུག་ཟུང་། །

                            མཐོན་པོའི་རྫ་རྩེའི་ཆབ་དཀར་གཙང་མའི་རྒྱུན། །

                            གཅིག་ཏུ་རེ་བའི་དྲུག་འགྱུར་མགྲིན་པའི་གླུ། །

                            སྙན་སྙན་སྒྲོག་པའི་རེ་འབྲས་དཔལ་དུ་ཁུག །

                            ལྷོ་ཡི་གངས་དཀར་རྩེ་མོའི་ཆར་ལྡན་སྤྲིན། །

                            བྱང་ཕྱོགས་གསེར་འབྲུག་སེར་པོའི་ལྡིང་ཁང་གྱུར། །

                            བརྗིད་ལྡན་གསུང་དབྱངས་དལ་གྱིས་ལྡིར་བ་དེས། །

                            མདོངས་མཐའི་ཚོགས་ཀྱི་མངལ་གནས་ལྕི་བར་བྱས། །

                            རིང་ནས་སྒུག་པའི་ཕུན་ཚོགས་ཆར་ལྡན་དུས། །

                            པདྨའི་ཆོས་ལུང་པད་དཀར་བཞད་པའི་ལྗོངས། །

                             རྫོགས་ལྡན་གཉིས་པའི་དགའ་བ་འཕེལ་བའི་ཚལ། །

                            འགྲོ་བསོད་དཔྱིད་དུ་བསྐྲུན་འདི་ཨེ་མ་རྨད། །

ད་ནི་རྩ་བའི་གདན་ས་རིན་པོ་ཆེའི་བྱུང་བ་ཅུང་ཟད་བརྗོད་པ་ལ་འཇུག་པར་བྱའོ། །

དེ་ཡང་ས་གསུམ་འགྲོ་བ་ཡོངས་ཀྱི་སྐྱབས་ཀྱི་ཕུལ། མགོན་གྱི་དམ་པ། ཁྱད་པར་སྙིགས་མའི་དུས་ཀྱི་ཉམ་ཐག་འགྲོ་བ་ཡོངས་ཀྱི་རེ་ལྟོས་སུ་གྱུར་པ། ལྔ་རིག་སྨྲ་བའི་དབང་ཕྱུག་རྗེ་བཙུན་བླ་མ་རིན་པོ་ཆེ་གང་གི་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་ཚད་མེད་པའི་བཀོད་པ་ལས་བྱུང་བའི། ལྷར་བཅས་འགྲོ་བ་ཡོངས་ཀྱི་མཆོད་གནས་དམ་པ། གངས་ལྗོངས་ཆོལ་ཁ་གསུམ་ནས་རྒྱ་གར་འཕགས་པའི་ཡུལ་ལ་སོགས་པ་འཛམ་གླིང་ཡངས་པའི་ཁྱོན་ཀུན་ཏུ། སྙན་པའི་གྲགས་པས་ཁྱབ་པའི་ཆོས་སྡེ་ཆེན་མོ༧སྔ་འགྱུར་བསྟན་པའི་མཛེས་རྒྱན་ཟླ་རྒྱུད་ཆོས་གྲྭ་ཆེན་མོ་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་དེ་ཉིད། གནས་གང་དུ་ཆགས། དུས་ནམ་ཞིག་ལ་བཏབ། རྗེ་ཉིད་དགུང་གྲངས་དུ་ཡི་དུས་སུ་ཡིན་པ་རྣམས་རིམ་པར་བརྗོད་པ་ལ། གང་དུ་ཆགས་པའི་གནས་ནི། ཟུར་གསུམ་འཛིན་མའི་གཞི་འདིའི་ཡུལ་དབུས་མ་གྷ་དྷའི་བྱང་ཕྱོགས། གངས་ཅན་བོད་ཀྱི་བྱེ་བྲག་མདོ་ཁམས་སྒང་དྲུག་ཆུ་བཞིའི་ནང་ཚན། བརྗིད་ལྡན་ཟླ་ཀླུང་རིང་མོ་དལ་གྱིས་བཞུར་བའི་ངོགས་སུ་གནས་གཞི་བཟུང་བ་ལ། ཁམས་བྱང་ཕྱོགས་རྫ་ཆུ་ཁ་ཞེས་སུ་གྲགས་པའི་ལྗོངས་འདི་ཉིད་ནི་འཛམ་གླིང་ཡངས་པའི་ཁྱོན་འདིའི་གནས་གཞི་ས་ཡི་བཀོད་པའི་མཐོ་བའི་མཐོ་སྒང་དུ་བསྔགས་ཤིང་། ཁོར་ཡུག་འབགས་བཙོག་གི་མ་གོས་པ་དང་། ལྗོངས་འདིའི་སྐྱེ་འགྲོ་རྣམས་མཁའ་དབུགས་གཙང་མའི་དྭངས་བཅུད་ལ་རོལ་པས། ལུས་ཁམས་དང་བློ་རིགས་གཞན་ལས་དྭངས་པ། ས་ཡི་དགེ་བཅུ་ཚང་ཞིང་། ཆོས་སྲིད་ལུགས་གཉིས་ཀྱི་དཔལ་ཡོན་རྒྱས་པའི་ངོ་མཚར་བའི་གནས་མཆོག་ཁྱད་པར་ཅན་ཞིག་སྟེ།

མཁས་མཆོག་བློ་བཟང་རབ་གསལ་ནས་ཀྱང་།

                            ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་པའི་ཀློང་། །

                            ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །ཞེས་དང་།

 

                            ཁམས་སུ་གྲགས་པའི་ཡུལ་ལྗོངས་ཁྱོན་ཡངས་པ། །

                            དགེ་མཚན་ཕྱོགས་བཅུའི་འདབ་མ་རབ་རྒྱས་ཤིང་། །

                            སྲིད་ན་གྲགས་པའི་ངོ་མཚར་བཟོ་རིག་དང་། །

                            རྨོངས་པའི་མུན་སེལ་ནང་དོན་རིག་པའི་བཟོ། །

                            མདོ་སྔགས་བཤད་སྒྲུབ་ལས་ཀྱིས་ཐུབ་པའི་བསྟན། །

                            སྤེལ་བའི་ས་དགེ་ཕྱག་རྫོགས་དྲན་དབང་བརྒྱས། །

                            ཡོངས་སུ་བཟུང་བས་ཆོས་ཀྱི་ལོངས་སྤྱོད་རྫོགས། །

ཞེས་སུ་བསྔགས་པ་དང་། དེ་ལས་ཀྱང་མདོ་སྔགས་རིག་པའི་ཆུ་ཀླུང་སྟོང་ཕྲག་དུ་མ་གཞོལ་ཞིང་འབབ་པའི་མཁས་གྲུབ་ཀླུ་དབང་དག་གིས། ལུང་རྟོགས་ནོར་བུའི་དགའ་སྟོན་བསྟན་འགྲོའི་དཔལ་དུ་སྤྲོས་པས། ལྷ་ཆོས་ཀྱི་བྱིན་གཡང་འཁྱིལ་ཞིང་། མི་ཆོས་ཀྱི་དཔལ་ཡོན་དར་བའི་གནས་མཆོག་ཁྱད་པར་ཅན། དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་རྗེ་བོ་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་སྟེ། ཡུལ་སྐྱོང་ཆེན་པོ་དེ་ཉིད་ཀྱི། སྐྱེས་ཆེན་དམ་པའི་སྐུ་ཚེ་དང་དབུ་འཕང་། སྐྱེ་འགྲོའི་ལས་དབང་བསོད་ནམས་ཡར་ལ་སྤེལ་བས། ཡུལ་འདིའི་སྙན་པ་ཕྱོགས་ཀུན་ཁྱབ་པར་བརྡལ་བ་ཞིག་གོ། ཁྱད་པར་རབ་བྱུང་བཅུ་བཞི་བའི་ནང་དུ། ལྗོངས་འདིར་རྒྱལ་སྲས་རིགས་གསུམ་སེམས་དཔའ་ཞལ་འཛོམས་བྱུང་བར་གྲགས་པ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་མིག་མི་འཛུམ་པ་མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུ། རྗེ་བཙུན་འཇམ་དཔལ་གཞོན་ནུ་པཎ་ཆེན་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཐུ་སྟོབས་གསང་བའི་བདག་པོ་རོག་བཟའི་དཔལ་དགེ་སྟེ་དམ་པ་འདི་གསུམ་དུ་གྲགས་ཤིང་། དེ་བཞིན་དུ་ཀུན་མཁྱེན་འཇིགས་བྲལ་གླིང་པའི་རིག་འཛིན་གྲུབ་པའི་སློབ་ཚོགས་ཡོངས་ཀྱི་མཆོག་གྱུར་ཁམས་ཀྱི་འཇིགས་མེད་རྣམ་བཞིའི་ནང་ཚན། ཀི་ལུང་འཇིགས་མེད་ངོ་མཚར་རྒྱ་མཚོ། འབར་ཆུང་འཇིགས་མེད་གོ་ཆ། རྡོ་གྲུབ་ཆེན་གྱི་རྡོ་རྗེའི་གདུང་བཞིའི་ནང་ཚན་རྒྱལ་སྲས་རིག་པའི་རྡོ་རྗེའམ་གཞན་ཕན་མཐའ་ཡས་འོད་ཟེར། གུ་རུ་པདྨ་སཾ་བྷ་ཝ་དགེ་སློང་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་ཨོ་རྒྱན་བསྟན་འཛིན་ནོར་བུ། གཞན་ཡང་གངས་རིའི་ཁྲོད་ཀྱི་རིག་པའི་སེང་ཆེན་སྔ་འགྱུར་བསྟན་པའི་སྣང་བྱེད་ཆེན་པོ་རྗེ་བཙུན་བསྟན་པའི་འཁོར་ལོ་བསམ་བཞིན་བསྟན་འགྲོའི་དཔལ་དུ་བྱོན་པ༧མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རྒྱལ་སྲས་སེམས་དཔའ་ཆེན་པོ་མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས། དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོ། མི་ར་པདྨ་བདེ་ཆེན་བཟང་པོ། མཁར་ནང་རྒྱ་རྐོང་གཞན་ཕན་རིན་པོ་ཆེ་སོགས་ནས་ད་ལྟའི་དུས་འདིར་བསྟན་པའི་མེ་རོ་གཏིང་ནས་སློང་བའི་སློབ་བརྒྱུད་དུ་མས་མདོ་དབུས་ཁམས་གསུམ་ནས། འཕགས་བོད་ཀུན་ཏུ་ཁྱབ་པར་བསྐྲུན་པའི་ཐུགས་བསྐྱེད་དང་མཛད་པ་མཚུངས་པ་མེད་པ། མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་པྭ་ཐུར་ཐུབ་བསྟན་ཆོས་འཕེལ་སོགས་གཅིག་ལས་གཅིག་མཚར་གྱི་འཕགས་ཆེན་དམ་པ་བགྲང་བ་ལས་འདས་པ་དག་གིས། མཚན་དཔེ་ཟློས་གར་དངོས་སུ་བསྒྱུར་ཏེ་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་བསྐྱངས་པ་དང་། གཞན་ཡང་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། བྱ་བཏང་ཀུན་དགའ་དཔལ་ལྡན། དཔལ་སྤྲུལ་ནམ་མཁའ་འཇིགས་མེད། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་སྐྱེས་ཆེན་དམ་པ་མཁའ་ངོས་རྒྱུ་སྐར་གྱི་གྲངས་ལ་འགྲན་པ་དག་གིས། བཤད་དང་སྒྲུབ་པས་ཐུབ་པའི་བསྟན་པ་རིན་པོ་ཆེ་མཁའ་ཁྱབ་ཏུ་སྤེལ་བའི་སྒོ་ནས། དགེ་ལེགས་དཔལ་གྱིས་འཁྱུད་པའི་གནས་མཆོག་ཁྱད་པར་ཅན་དུ་གྱུར་པ་ནི། མཛེས་ལྡན་རྫ་ལུང་ཕྱུག་མོའི་གནས་འདིའི་ཆེ་བ་སྤྱིར་སྨྲས་པའོ། །

                            དབུ་རྩེ་གངས་དཀར་ཐིགས་ཕྲེང་རྫ་ལ་བབས། །

                            རྫ་བྲག་རི་ལུང་འགྲིམ་པའི་ཕུ་ཆུ་སྟོང་། །

                            མ་བསྡུས་གཙང་ཆབ་རིང་མོའི་རྒྱུན་གྱུར་པས། །

                            དལ་འབབ་རྫ་ཀླུང་སྙན་པ་ཕྱོགས་ཀུན་འཕུར། །

                            ངེས་གསང་བསྟན་པའི་གཟི་འབར་དྲི་མེད་འོད། །

                            འཇིགས་བྲལ་མཁྱེན་བརྩེའི་འདབ་སྟོང་སྦུབས་སུ་འཁྱིལ། །

                            ཟབ་རྒྱས་སྨིན་གྲོལ་བྱེ་བའི་རྡུལ་མར་གྱིས། །

                            རྒྱལ་སྲས་རྒྱལ་བའི་མྱུ་གུའི་གཤོག་ཡངས་རྒྱས། །

                            དམར་སེར་ངང་པའི་ཁྱུ་འདྲེན་སེམས་དཔའ་ཆེ། །

                            རྒྱལ་སྲས་རིག་པའི་རྡོ་རྗེ་ཆོས་ཀྱི་དབང་། །

                            བསྟན་འཛིན་ནོར་བུ་ཡོན་ཏན་རྒྱ་མཚོ་སོགས། །

                            འདུལ་འཛིན་ཕྲེང་དུ་བསྟར་བའི་རྫ་ཀླུང་ལྗོངས། །

                            རིག་བཅུའི་འདབ་ཡངས་མཚོ་བྱུང་བཞད་པ་དང་། །

                            ལུང་རིགས་གཟི་འབར་བསྟན་པའི་ཉི་མ་སོགས། །

                            ཕས་རྒོལ་སྙིལ་བའི་སྟོབས་ལྡན་གླང་པོའི་ཁྱུ། །

                            མཁས་མང་ཚང་ཆེན་བརྡོལ་བའི་རྫ་ཀླུང་ལྗོངས། །

                            རྒྱལ་བསྟན་མཁའ་ལ་སྤེལ་བའི་དམ་པའི་བཤེས། །

                            ཀུན་བཟང་དཔལ་ལྡན་གཞན་ཕན་སྣང་བའི་རྗེ། །

                            ཐུབ་བསྟན་ཆོས་འཕེལ་ལ་སོགས་རིས་མེད་ཀྱི། །

                            བསྟན་འཛིན་བགྲང་ཡས་བྱོན་པའི་རྗ་ཀླུང་ལྗོངས། །

                            བདེ་སྟོང་རྡོ་རྗེའི་ཉམས་རྩལ་འབར་བའི་སྤྲིན། །

                            འབྱམས་སུ་ཀླས་པའི་གྲུབ་པའི་ཕྱག་རྒྱའི་ཆར། །

                            འཇིགས་བྲལ་ནམ་མཁའི་རྣལ་འབྱོར་གྲུབ་བརྙེས་ཀྱི། །

                            དཔོན་སློབ་པདྨོའི་ཚལ་ལྡན་རྫ་ཀླུང་ལྗོངས། །

                            བཙུན་དང་མཁས་དང་གྲུབ་པ་རྣམ་མང་པོ། །

                            སེར་ཆེན་མེ་ཏོག་པདྨ་ཀུ་མུད་ད། །

                            དཔྱིད་ཀྱི་ལང་ཚོ་རྒྱས་པའི་ཉམས་འགྱུར་ལྟར། །

                            མཁས་གྲུབ་སྟོང་གི་བསྟི་གནས་རྫ་ཀླུང་ལྗོངས། །

                            རྦ་རླབས་མཁའ་མཐོར་བསྐྱོད་པའི་མཆོད་ཁ་ཉིད། །

                            བགྲང་བྱ་སྟོང་ཕྲག་དུ་མར་ཁྱེད་ཀྱིས་བཞེས། །

                            གཙང་མའི་ལྷ་རིགས་རྫ་ཡི་བདག་པོ་ཆེས། །

                            སྐྱེས་ཆེན་དམ་པའི་གདོངས་གྲོགས་གཡེལ་མེད་མཛད། །

ད་ནི་བྱེ་བྲག་གདན་ས་རིན་པོ་ཆེའི་གནས་གཞི་བཤད་པ་ལ་འཇུག་པར་འདོད་དེ། དེ་ཡང་གོང་བཤད་ལྟར་རྒྱལ་བ་དང་རྒྱལ་སྲས་སེམས་དཔའི་རྣམ་པར་རོལ་པ་དག་གི་མདོ་སྔགས་རིག་པ་དང་བཅས་པའི་བརྒྱུད་པའི་ཆུ་ཀླུང་སྟོང་གི་རྒྱུན་ཕྱོགས་གང་དུ་འབབ་པའི་གངྒཱའི་ཀླུང་ཆེན་པོ། སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་མཆོག་གི་ཟབ་གསལ་མཁྱེན་རབ་ཡངས་པའི་ཀློང་ལས་བརྒྱུད་དེ། རྗེ་བཙུན་བླ་མ་རིན་པོ་ཆེ་གང་གི་བཅུ་རིག་འདོད་དགུའི་འབྱུང་གནས་དགོངས་ཀློང་ཡངས་པའི་མཚོ་ཆེན་པོར་བསྐྱིལ་བ་ཉིད། ཐུགས་བསྐྱེད་དུས་སུ་སྨིན་པ་སྟེ། ཁམས་གཙང་གཏེར་སྟོན་གྱི་གཏེར་ལུང་ལས། འདི་ནས་ལྷོ་ཕྱོགས་ཨ་ཡི་ཡུལ༔ཕུར་པས་བྱིན་རླབས་འཇམ་དབྱངས་འཕྲུལ༔དགེ་ལེགས་མཚན་གྱི་བ་དན་གཡོ༔ཀུན་ཕན་ཉི་མ་གླིང་བཞིར་ཁྱབ༔ བཤད་སྒྲུབ་ཀྱི་མངའ་ཐང་ཆེས་ཆེར་མཛེས༔ཞེས་གསུངས་ཤིང་། གཏེར་སྟོན་ཉིད་ཀྱི་གདན་ས་ལ་ལྟོས་པའི་ལྷོ་ཕྱོགས་དང་འཁྲུངས་ཡུལ་ཨ་རིག་གི་མིང་། འཕྲིན་ལས་ཕུར་བའི་དངོས་གྲུབ་བརྙེས་ཤིང་འཇམ་དཔལ་གྱི་སྤྲུལ་བ་དགེ་ལེགས་ཆོས་འཕེལ་གྱི་མཚན་ཟུར་དང་། འཕྲིན་ལས་ཀྱི་ཉི་མ་གླིང་གཞིར་ཁྱབ་ཅིང་བཤད་སྒྲུབ་ཀྱི་བསྟན་པའི་མངའ་ཐང་རྒྱས་པར་ལུང་དུ་གསལ་བོར་བསྟན་པ་དང་། ཡང་དབོན་རི་གཏེར་སྟོན་གྱིས། ཕུག་དགོན་དུ་དར་གདུགས་རི་མོ་ཅན༔ ཆར་དྲག་པོས་གདུང་ཚེ་ཧྲུལ་བོར་འགྱུར༔ གསར་བྱུང་གི་མེ་ཏོག་ལུག་ལ་སྐྱེ༔ ལུག་དཀར་གྱི་ནུས་པ་དགུང་ལ་འཆར༔ དེའི་རྐྱེན་གྱིས་རང་ཕྱོགས་ཤིན་ཏུ་དར༔ ཞེས་ཀུན་གཟིགས་མཁན་ཆེན་བླ་མ་རིན་པོ་ཆེའི་གདན་ས་རྒྱལ་བ་ཕུག་ཁང་དགོན་གྱི་བཤད་སྒྲུབ་ཀྱི་བསྟན་པའི་གདུགས་དཀར། རེ་ཞིག་ནག་ཕྱོགས་གདུག་པའི་དུས་ཀྱི་འཚུབ་འགྱུར་གྱི་ཆར་རླུང་གི་ཧྲུལ་བོར་འགྱུར་བ་ན། བགྲང་བྱ་ལུག་ལ་འཁྲུངས་བའི་བདག་ཉིད་ཆེན་པོ་གང་གིས་ནུས་པས་རྒྱལ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་སྔ་འགྱུར་བའི་རང་ལུགས་དར་རྒྱས་སུ་འབྱུང་བར་ལུང་བསྟན་པ་ལྟར། བྱང་མདོ་ཁམས་རྫ་ཡུལ་ཕྱུག་མོའི་ཕྱོགས། ཕུན་ཚོགས་དགེ་མཚན་འབུམ་གྱི་འོད་སྣང་མངོན་པར་བཀྲ་བའི་ཨ་རིག་ལྷ་སྡེའི་སའི་ཆར། སྐུ་རྗེ་སེང་ཆེན་རྒྱལ་པོ་དང་། དཔའ་བོ་སེང་སྟག་ཨ་དོམ་སོགས་གླིང་དཀར་པོའི་དཔའ་རྟུལ་རྣམས་ཀྱི་ཟོ་དོར་སྐྱེས་ལྷ་གཉན་པོ་ཕ་བླ་མའི་པད་ཞྭ་མནབ་འདྲ་པད་ཞྭ་དར་གྱིས་བརྒྱན་འདྲའི་གེར་འཛོའི་རི་དམར་དབང་ཞུ་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱིས་གསང་གསུམ་སྒྱུ་འཕྲུལ་གྱི་བཀོད་པ་འབྱམས་ཀླས་པའི་ཐུགས་རྗེའི་མཐུ་བྱིན་གྱིས་འཁྲུངས་བའི་གྲོལ་བ་བཞི་ལྡན་གྱི་རྟེན་མཆོག་རྨད་དུ་བྱུང་བ། ཁྲ་མོ་གླིང་གི་དུས་སུ་བཞེངས་བར་གྲགས་པའི་མ་ཎིའི་རྡོ་མཁར་མཐོང་བ་རང་གྲོལ། ངོ་མཚར་བྱིན་རླབས་ཀྱི་གཟི་བྱིན་བརྒྱ་ཕྲག་གི་མངོན་པར་ཕྱུག་ཅིང་བསྐལ་ངན་དུས་འཁྲུག་གི་ཉེས་པས་མ་གོས་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོད་སྡོང་ཆེན་མོ་དང་།

གཞན་ཡང་གྲུབ་དབང་ནམ་མཁའ་འཇིགས་མེད་མཆོག་གིས་སྨིན་གྲོལ་བདུད་རྩིའི་གྲུ་ཆར་འགྲོ་ལ་བསྩལ་བས། རིག་པ་འཛིན་པའི་རྣལ་འབྱོར་པ་བགྲང་ལས་འདས་པ་དག་གིས་རིམ་གཉིས་ཟབ་མོ་ཉམས་སུ་བཞེས་པའི་དབེན་གནས་དམ་པ་བྲག་དམར་དབེན་ཁྲོད་སོགས་ཀྱི་ཉེ་འགྲམ་དེར། སྔོན་གྱི་སྐྱེས་ཆེན་དམ་པ་དུ་མས་རྒྱལ་བ་ཕུག་ཁང་དགོན་འདི་ཉིད་སྒྲོག་སུམ་ལག་གི་དབྱིབས་ལྟ་བུའི་གནས་སུ་ཆགས་པའི་དུས་ན། བསྟན་པ་རྒྱས་པར་འགྱུར་བ་ལུང་བསྟན་པ་ཡོངས་ལ་གྲགས་པ་དང་། ཁྱད་པར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཀྱང་། ས་དབྱིབས་དེ་ལྟ་བུ་ཞིག་ཏུ་ཆགས་པ་ན། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་དར་བ་ལུང་གིས་སྔགས་པ་ལྟར། གཡས་ཕྱོགས་མ་ཆུ་ལུང་པ། གཡོན་ཕྱོགས་ཧར་འོད་གཉིས་པོ་ལུང་གཞུང་གཅིག་ཏུ་སྦྲེལ་བས། རྟ་སྒྲོག་གི་དབྱིབས་ལྟ་བུའི་སྒྲོག་མདོའི་གསེར་ཉ་ལུང་པའི་ཁུག་སོ་སྟེ།

གླིང་ཞིག་བླ་མའི་ལུང་བྱང་ལས།

                            གསེར་ཉ་ཁུག་ཏུ་གསེར་གྱི་རྒྱལ་མཚན་འཛུགས། །

ཞེས་དང་། ཁྱུང་སྤྲུལ་ངག་དབང་རྒྱལ་མཚོས་ཕུར་བ་སྦས་པའི་གསང་ལུང་ལས། སྒོ༵་ཡི་ཡུ༵ལ་དུ་བཤ༵ད་སྒྲུ༵བ་རྒྱས༔སྔར་མེད་བསྟ༵ན་པ༵འི་ཉི༵་མ༵་འབྱུང་༔ཞེས་འཁྲུལ་བ་མེད་པའི་བཀའ་ལུང་གིས་ལེགས་པར་བསྔགས་པའི་གནས་སུ་བསྟན་པའི་ཆོས་གཞི་ཆེན་པོ་ཉིད་ཕྱག་བཏབ་མཛད་པའོ། །

དེ་ཡང་གནས་གཞི་ས་ཡི་དཔྱད་པ་ལ། བོད་ས་ལྟར་ན། སའི་ཀ་བཞི་སྲུང་བཞི་ལ་སོགས་ཡོན་ཏན་གྱི་ཆ་རྣམས་ཚང་ཞིང་། འབྱུང་བའི་མི་ཤིས་པའི་སྦྲོན་ཆེན་དྲུག་སོགས་ཀྱི་སྐྱོན་དང་བྲལ་བ། རྒྱ་ས་ལྟར་ན། རྒྱལ་ཁབ་ཆེན་པོ་དང་དགོན་སྡེ་ཆེན་པོ་ལ་འོས་པའི་འབྲུག་རྒྱུད་ལེགས་ཤིང་། གུར་དང་མདོ་འགག་རླུང་སྐྱོབ། ར་བ་སྒོ་སྲུང་ལ་སོགས་ས་ཡི་སྲོག་གནད་ལེགས་པར་ཚང་ཞིང་། ཁྱད་པར་རྒྱ་ནག་ལུགས་ཀྱི་ས་བཤད་ལ། ཕུན་སུམ་ཚོགས་པའི་ས་དཔལ་རབ་ལ། འབྲུག་རྒྱུད་དགུ་འདུས། འབྲིང་ལ་བདུན་ནམ་ལྔ་ལ་སོགས་པ་བཤད་ན། མ་ཧཱ་ཙི་ནའི་ལུགས་ཀྱི་ས་དཔྱད་ལ་མཁས་པའི་རྒྱ་རིགས་ཀྱི་ས་མཁན་ཞིག་གིས། གནས་འདི་ཉིད་འབྲུག་རྒྱུད་དགུ་འདུས་ཀྱི་ས་དཔལ་ཁྱད་པར་ཅན་ཡོད་པར་བསྔགས་བརྗོད་བྱས་སོ་ཞེས་རྗེས་སུ་ཐོས། དེ་ཡང་རྒྱབ་རི་བཀྲ་ཤིས་ལྷ་རྩེའི་དབུ་རྩེ་མཐོན་པོའི་མཁའ་ལ་བསྙེགས་ཤིང་། ཕྱོགས་ཀྱི་རི་ཕྲན་ཐམས་ཅད་བློན་པོ་གྲོགས་ལ་འདུ་འདྲ། མདུན་རི་ནོར་བུ་འཛིན་པ། རིན་ཆེན་གསེར་གྱི་གཞོང་བར་དགོས་འབྱུང་ནོར་བུ་སྤུངས་འདྲ། ནུབ་ཀྱི་ཕྱོགས་ནས་མ་ཆུ་རིང་མོ་དང་། བྱང་གི་ཧར་ཆུ་ཕྲ་མོ། གཡུ་འབྲུག་མ་བུ་འདྲེས་ཏེ་མདུན་ཐང་ན་བ་རྒྱས་པའི་ནེའུ་གསེང་སྤང་ལྗང་གཡུ་ལོའི་ཚལ་ནས་འགྱུར་ཁུག་གི་འགྲོས་ཀྱིས་འབབ་པ་ཉིད། ཤར་རི་སྒོ་རྒྱལ་ཕྱུག་མོའི་དབུ་རྩེ་ནས་ཆས་པའི་ཉིན་བྱེད་དང་འགྲོགས་པས། གསེར་བྱ་གཡུ་འབྲུག་ལ་ཞོན་པ་སྟེ། རྗེ་བླ་མའི་གླིང་དཀར་དཔའ་བོའི་བྲོ་གར་དུས་སྟོན་དགྲ་བླ་དགྱེས་པའི་ཚངས་དབྱངས་ལས།

                            ཤར་གསེར་རིའི་རྩེ་ནས་ཉིན་བྱེད་བཀྲ། །

                            མདུན་ཆུ་བོ་ཞོན་ནས་ཡར་ལ་འགྲོ། །

                            དེ་ཕུན་ཚོགས་ཡར་གྱི་དཔལ་ལ་འགྲན། །

ཞེས་པའི་ལུང་གིས་བསྔགས་པ་དང་། དེ་བཞིན་ལྷ་རིགས་དགེ་བསྙེན་ཌཱ་ཀི་སྡེ་ལྔ་གནས་པའི་སྒོ་རྒྱལ་གསེར་རི་ལྷུན་པོའི་མདུན་ཐང་ནས་བཞུར་བའི། ཤར་གྱི་གྲོགས་ཆུ་ཕྲ་མོ་སྒོ་ཀླུང་མྱུར་འཁྱུག་གི་འགྲོས་དང་འགྲོགས་ཏེ། བཀྲ་ཤིས་ལྷ་ལྒང་རིང་མོའི་གཡས་ཕྱོགས་ནས་འབབ་པའི་རྫ་ཆུ་དལ་འབབ་རིང་མོའི་འགྱིང་ཁུག་དང་སྦྲེལ་ནས། ཤར་ཕྱོགས་རྒྱ་མཚོའི་ཀློང་དུ་སྙེག་པ། གཞན་ཡང་ཤར་ལྷོར་ཡངས་པའི་མདའ་ལྟོང་ཡོན་ཏན་གྱི་འགྲིམ་སྒོ་ཡངས་པ། མདུན་རི་ནོར་བུ་འཛིན་པའི་ངོགས་སུ་ཆོས་ལམ་རིང་མོ་དགུང་དུ་འཐེན་པ། ལྷོར་དབྱར་མི་ཞུ་བའི་འཁྱག་དཀར་ལྷ་མོ་དངུལ་སྐྱོགས་སྣོམ་པའི་རང་གཟུགས་བཀྲ་བའི་ལོགས་ན། གཡས་འཁྱིལ་དུང་གི་རི་མོ་འབུར་གྱིས་ཐོན་པ། མདུན་རིའི་ངོས་ན་དཔལ་བེའུ་དང་བླ་གོས་ཀྱི་རེ་ཁཱ་བཀྲ་བ། རྒྱབ་རི་གདུགས་ཀྱི་ཤམ་བུ་བསྐྱོད་འདྲ། ཤར་རི་གསེར་གྱི་བུམ་བཟང་། ནུབ་ཕྱོགས་མཐོན་པོའི་རྫ་ཁྲ་རྒྱལ་མཚན་མཁའ་ལ་བསྒྲེངས་པ་འདྲ།

བསྟོད་པ་དགྲ་བླ་དགྱེས་པའི་ཚངས་ཆེན་ལས།

                            རི་ཟུར་གསུམ་གྲ་གཞུང་གནམ་དུ་མཐོ། །

                            དེ་མཁའ་འགྲོས་རྒྱལ་མཚན་བསྒྲེངས་པ་འདྲ། །

ཞེས་པའི་བསྔགས་བརྗོད་གནང་བ་ལྟར་དང་། དེ་བཞིན་དུ་བྱང་ཕྱོགས་གསེར་ལུང་གི་གསེར་གྱི་ཉ་མོ་ཁ་སྤྲོད། ཕྱོགས་མཚམས་ཀྱི་ཁོར་ཡུག་ཡངས་པ་ཀུན་ནས་ཟླུམ་པོར། ས་འཛིན་ལྷུན་པོ་ཚར་དུ་དངར་བའི་རྩེ་བརྒྱད་པདྨའི་འདབ་མ་ལ། རྩིབས་བརྒྱད་གནམ་སྔོན་འཁོར་ལོས་བརྒྱན་པ་ལ་སོགས་ཕྱོགས་མཚམས་ཀུན་ནས་དགེ་ལེགས་ཤིས་པའི་མཚན་རྟགས་བརྒྱད་ཀྱིས་བརྒྱན་པ་ཞིག་སྟེ། མདོར་ན་དཀར་ནག་རྩིས་ཀྱི་གཞུང་ནས་བཤད་པའི་གནམ་ས་བར་སྣང་གི་དཔལ་ཀུན་མ་ཚང་བ་མེད་པའི་ཕུན་སུམ་ཚོགས་པའི་གནས་དེ་ཉིད་ཀྱི་བརྗིད་ཆེན་བཀྲ་ཤིས་ལྷ་རྩེའི་བ་གམ་ཡངས་པོར། སྟག་འབྲུག་ཁྱུང་གསུམ་སྟེ། མཁས་པ་འབྱུང་བའི་གདན་ཁྲི་སུམ་བརྩེགས་ཀྱི་སྟེང་དུ་ཆགས་པ་ཞིག་གོ། ཞེས་གདན་ས་ཆེན་མོ་བཤད་སྒྲུབ་དཔལ་གྱི་འབྱུང་གནས་དེ་ཉིད་གང་དུ་ཆགས་པའི་གནས་ཀྱི་ཆེ་བ་མདོར་ཙམ་བརྗོད་པའོ། །

 

                            ཁམས་ཞེས་གྲགས་པའི་སྒང་དྲུག་འདབ་མའི་གཞིར། །

                            གཙང་ཆབ་བཞི་ཡི་ཟིལ་དཀར་གཡོ་བའི་ངོགས། །

                            ལེགས་ཚོགས་སྒོ་འཕར་འབྱེད་པའི་སྒོ་ཡི་ཡུལ། །

                            གསེར་གྱི་ཉ་མོ་འཁྱུག་འདྲའི་འགྱིང་ཁུག་ན། །

                            བཀྲ་ཤིས་ལྷ་རྩེའི་དབུ་འཕང་དགུང་ལ་བསྙེགས། །

                            གསེར་རི་སྒོ་རྒྱལ་འདོད་འབྱུང་བུམ་བཟང་བཀྲ།

                            ཉིན་ལུང་རྫ་ཁྲ་མཐོན་པོའི་རྒྱལ་མཚན་འཕྱར། །

                            ཤར་ལྷོར་གཡས་འཁྱིལ་དུང་གི་རི་མོ་བཀྲ།

                            ཁོར་ཡུག་རི་ལུང་དབྱིག་འཛིན་འདབ་བརྒྱད་རྩེར། །

                            མཐིང་མདོག་དགུང་སྔོན་རྩིབས་བརྒྱད་འཁོར་ལོས་མཛེས། །

                            རྒྱབ་རི་གདུགས་དཀར་ཤམ་བུ་ཡོལ་བས་བྲེས། །

                            ཤིས་མཚན་བརྒྱད་ཀྱི་བཀོད་པས་ཀུན་ནས་སྤུད། །

                            ཤར་ཕྱོགས་གྲོགས་ལམ་སྒོ་འཕར་ཡངས་པོར་ཕྱེས། །

                            ལྷོ་ཡི་གཡང་གི་ནོར་བུའི་ས་འཛིན་སྤུངས། །

                            ནུབ་ཀྱི་གཤིན་རྗེ་གདུག་པའི་རྒྱུ་ལམ་འདན། །

                            བྱང་ཕྱོགས་འཚེ་བའི་དགྲ་ལམ་ཡོལ་བས་བཅད། །

                            ཤར་ལྷོར་ལུང་རིགས་ཡོན་ཏན་མདའ་ལྟོང་ཡངས། །

                            ལྷོ་ནུབ་འདུལ་སྤྱོད་གཙང་མས་ཆོས་ལམ་འཐེན། །

                            ནུབ་བྱང་བྱང་ཆེན་སྤྱོད་པའི་གདུགས་དཀར་བཀྲ།

                            བྱང་ཤར་ངེས་ལེགས་འབྲས་བཟང་ལྗོན་ཚལ་རྒྱས། །

                            དབང་ཕྱོགས་རྒྱ་སྟག་ངར་མ་འབྲུག་ལ་ཞོན། །

                            ལྷོ་འབྲུག་རྔམ་ཆེན་དམར་ཡག་སྟག་ལ་རོལ། །

                            ནུབ་ཀྱི་རྨ་བྱ་གཡུ་འབྲུག་འཁྱུག་ལ་རྩེན། །

                            བྱང་ཕྱོགས་གསེར་སྦལ་སྟག་འབྲུག་བསྣོལ་མས་བཏེགས། །

                            དྭངས་གཙང་མ་ཆུ་རིང་མོའི་ལྷུང་ལྷུང་སྒྲས། །

                            ཧར་ཆུ་ཕྲ་མོ་གྱ་གྱུའི་འགྲོས་ཀྱིས་བྲེལ། །

                            མདུན་ཐང་ན་བ་རྒྱས་པའི་དགའ་ཚལ་ན། །

                            མ་བུ་ལྷན་འཛོམས་ཉལ་འགྲོས་གོམ་སྟབས་ཅན། །

                            གསེར་ལྡན་སྒོ་ཀླུང་མྱུར་འཁྱུག་དང་འགྲོགས་ཏེ། །

                            བྱང་ཕྱོགས་རྫ་ཆབ་ཟིལ་མའི་འགྱིང་ཁུག་དང་། །

                            སྦྲེལ་ཏེ་མཐའ་མེད་རྒྱ་མཚོར་འབབ་པ་འདིས། །

                            ཆོས་དང་སློབ་བརྒྱུད་ཆད་མེད་རྒྱས་པར་སྟོན། །

                            ཕྱོགས་མཚམས་རི་ཆེན་དགུ་ཡི་འབྲུག་གི་རྒྱུད། །

                            ལེགས་པར་བཀྲ་བས་དཔོན་སློབ་བརྒྱུད་པར་བཅས། །

                            མཚན་སྙན་གྲགས་དཀར་གཡོ་བའི་བ་དན་ཆེ། །

                            སྲིད་པའི་རྩེ་མོར་སྐྱོད་པའི་ཆེ་རྟགས་ངོམ། །

                            དཀར་ནག་རྩིས་ཀྱི་སྒོ་མོ་ལས། །

                            ཇི་སྐད་བྱུང་བའི་ལེགས་པའི་དཔལ། །

                            ཕྱོགས་འདིའི་ས་འཛིན་ལག་པ་ཆེ། །

                            མཐའ་དག་ཁྱོད་ཀྱིས་བསྡུས་སམ་ཅི། །

                            སྲིད་འདིའི་ཕུན་ཚོགས་དགེ་ལེགས་འབྲས། །

                            མ་ལུས་འཛིན་བཟོད་ངེས་དོན་གླིང་། །

                            དགུ་ལྡན་གཡུ་འབྲུག་ནུས་ཤུགས་ལས། །

                            དབྱིག་འཛིན་ཕལ་གྱིས་འདེགས་ནུས་མིན། །

 

དེ་ནས་གདན་ས་ཆོས་གྲྭ་ཆེན་མོ་ཉིད་དུས་ནམ་ཞིག་ལ་བཏབ་པ་བརྗོད་པར་བྱ་སྟེ། དེ་ལྟར་དཀར་ནག་རྒྱ་དང་བོད་ཀྱི་ས་གཞུང་དག་ནས་བཤད་པའི་ཕུན་སུམ་ཚོགས་པའི་དཔལ་གྱིས་བྱུར་བུར་གཏམས་པའི་གནས་མཆོག་ཁྱད་པར་ཅན་ག་ལ་བ་དེར། ཀུན་གཟིགས་བླ་མ་ཉིད་དགུང་གྲངས་ལྔ་བཅུ་རྩ་བདུན་དུ་ཕེབས་པ། རབ་བྱུང་བཅུ་བདུན་པའི་མེ་ཡོས་གསར་ཚེས་ཀྱི་དུས་ཚེས་ཀྱི་དགེ་བའི་ཆར། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཀྱིས་ཤིས་པ་བསྒྲུབས་ཏེ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྐལ་བཟང་རྫོགས་ལྡན་དང་པོའི་དུས་སྟོན་བླ་ན་མེད་པ་ཚེས་སོ། །

དེ་ནས་བཟུང་གདན་ས་རིན་པོ་ཆེ་དང་ཕྱོགས་ཀྱི་ཆོས་གྲྭ་དང་། དགོན་སྡེ་སོགས་སུ་མདོ་སྔགས་རིག་པའི་གནས་ཀྱི་དབང་ཁྲིད་བཤད་ལུང་གནང་བ་དགུང་གྲངས་ལྔ་བཅུ་རྩ་བདུན་པ་ནས། བདུན་ཅུ་རྩ་གཅིག་གི་བར་བགྲང་བྱ་བཅོ་ལྔའི་རིང་། ཕེབས་མལ་གྱི་ཉིན་ཤས་རེ་མ་གཏོགས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པ་བསྐོར་བ་མཐའ་དག་འགོད་པར་མི་ནུས་ནའང་། ཟུར་ཁྲིད་མ་ཡིན་པར་འདུས་པ་སྤྱི་ལ་བསྩལ་བ་རྣམས་རགས་ཙམ་འགོད་པ་ལ། ཐོག་མར་གདན་ས་རིན་པོ་ཆེར་རྗེ་བླ་མའི་ཕྱག་རྒྱུན་ལ། ཡར་ངོས་མར་ངོས་ཀྱི་ཚོགས་མཆོད། གསོ་སྦྱོང་ཇི་ལྟར་བགྱིད་པ། ཆོས་ཁྲིད་དབུ་འཛུགས་ཀྱི་རྒྱུན་འདོན་གྱི་རིམ་པ་ལྕང་མ་སྒར་གྱི་ཕྱག་རྒྱུན་ལྟར་ཡོན་སྐལ་འདོན་ལུགས་རྣམས། རྩ་བའི་གདན་ས་འདི་ཉིད་ལས་འཕྲོས་པའི་ཆོས་སྡེ་གཞན་དག་ནས་རྗེ་བླ་མའི་ཕྱག་རྒྱུན་ལྟར་བགྱིད་པ་དག་གིས་ཇི་བཞིན་མཁྱེན་པ་དང་། གདན་ས་ཆོས་སྡེ་ཆེན་པོ་འདི་ཉིད་ནས་ཀྱང་ཕྱག་རྒྱུན་མི་འཆུག་པ་སོགས་ཀྱི་དགོས་པ་འགའ་ལ་བསམ་ནས་ཅུང་ཞིག་བརྗོད་པར་འདོད་དོ། །

དེ་ཡང་དགུན་དུས་ཞག་བརྒྱའི་དཔེ་མཚམས། དགུན་ཟླ་ར་བའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོས་དུས་སུ་རྒྱལ་ཐོ་བཞག་ཏེ། དེའི་ཕྱི་ཉིན་ཚེས་བཅུ་བདུན་ཉིན་ནས་མཁན་སློབ་ཡོངས་ནས་བསམ་ལྷུན་མཆོད་ཆོག་དང་འཁོར་འདས་མཆོད་པ་གཉིས་སྒྲུབ་ཁག་གཉིས་སུ་བཅད་དེ་བཏོན། ཕྱི་ཉིན་ཚེས་བཅོ་བརྒྱད་ཀྱི་ཉིན་གཞུང་ཆུ་ཚོད་དང་པོ་དང་ཕྱེད་ནས་ཆོས་ཁྲིད་ཀྱི་དབུ་འཛིན་པ་ཡིན། དེ་བཞིན་ཡར་ཚེས་བཅུའི་ཉིན་ཚོགས་མཆོད་འདོན་པའི་ཆོ་གའི་རིམ་པ་ནི། ཐོག་མར་ཚིག་བདུན་སྤྱན་འདྲེན་གྱི་དབུ་བསྐུལ་ནས། རིག་འཛིན་འཇིགས་མེད་གླིང་པའི་ཚེས་བཅུའི་ཕན་ཡོན་གསོལ་འདེབས། བྱང་བདག་དཔའ་བོ་སྡེའི་རྗེ་འབངས་ཉེར་ལྔའི་གསོལ་འདེབས་བྱིན་རླབས་དབང་གི་ཆུ་རྒྱུན། མཁན་པད་རྡོར་གསུང་སྙིང་ཐིག་བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་། མཁན་ཆེན་བླ་མས་མཛད་པའི་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་བརྟན་གསོལ་འདེབས་སྟོབས་བཅུའི་མངའ་བདག་མ། མཁས་དབང་ཐུབ་བེས་མཛད་པའི་ཐུབ་དགའ་ཡིད་བཞིན་ནོར་བུའི་རྣམ་ཐར་གསོལ་འདེབས་དད་པའི་འཁྲི་ཤིང་། ཀློང་ཆེན་སྙིང་ཐིག་གི་བརྒྱུད་པའི་གསོལ་འདེབས། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས་རྒྱལ་དབང་ཀློང་ཆེན་པའི་གསོལ་འདེབས། ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེ་སོགས་ཀུན་མཁྱེན་འཇིགས་མེད་གླིང་པའི་གསོལ་འདེབས། གདོད་ནས་རྣམ་དག་ཀུན་ཁྱབ་རིག་པའི་གཤིས་སོགས་སྨིན་གླིང་གཏེར་ཆེན་གསོལ་འདེབས། བསླབ་གསུམ་རྣམ་དག་མང་ཐོས་འཇིག་རྟེན་མིག་སོགས་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་གསོལ་འདེབས། མཐའ་ཡས་ཤེས་བྱ་ཀུན་གཟིགས་འཇམ་པའི་དབྱངས་སོགས་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསོལ་འདེབས། ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོའི་གཏེར་སོགས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་གསོལ་འདེབས། ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ་སོགས་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསོལ་འདེབས། རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས་སོགས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསོལ་འདེབས། དགེ་ལེགས་ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན་སོགས་རྗེ་བླ་མའི་གསོལ་འདེབས། དེ་ནས་བླ་མ་previous hit རིག་འཛིན་འདུས་པའི་སྒྲུབ་ཁོག་ལ་འཇུག སྙིང་ཐིག་རང next hit་གཞུང་གི་རྒྱུན་གསོལ་མ་མགོན་སོགས་ལ་གཏེར་ཁ་གཞན་གྱི་དམ་ཅན་སྤྱི་གཏོར། རིག་འཛིན་དགའ་སྟོན་སོགས་ནས། ན་རག་སྐོང་བཤགས་ཚར་གསུམ། ཚོགས་སྐོང་གི་འཇུག་ཏུ་འཇིགས་གླིང་དཔལ་རིའི་སྨོན་ལམ། སྐུ་གསུམ་ཞིང་སྦྱོང་བའི་སྨོན་ལམ། གཞི་ལམ་འབྲས་བུའི་སྨོན་ལམ་སོགས་དང་། ཆོ་གའི་འཇུག་གྲུབ་པ་དང་། བཟང་སྤྱོད་སྨོན་ལམ། སྒྲོལ་མ་ཉེར་གཅིག་བསྟོད་ཕྱགཐུབ་བསྟན་མཛེས་པའི༴འཇིགས་བྲལ་སྔ་འགྱུར༴ས་གསུམ་དབང་བྱེད༴གངས་རི་ར་བས༴ཕན་བདེ་འབྱུང་བའི༴དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ༴བླ་མ་སྐུ་ཁམས་བཟང་བར༴རྒྱལ་བ་ཀུན་གྱི་གསང་ཆེན༴རྒྱལ་བའི་བསྟན་པ་དར་ཞིང་རྒྱས༴སྐར་མ་རབ་རིབ་མར་མེ་སོགས་གསུངས་ནས་ཚོགས་གྲོལ། མཁན་རིན་པོ་ཆེས་ཆོས་ཁྲིད་ཉུང་ངུ་ཞིག་མི་ཆག་པ་མཛད་པ་ཞིག་གོ ། ཉེར་ལྔའི་ཚོགས་མཆོད་ལ། ཆོ་གའི་མགོར་ཐུབ་དགའི་རྣམ་ཐར་གསོལ་འདེབས་དད་པའི་ཁྲི་ཤིང་མི་བཏོན་པ་ཐུབ་བསྟན་འདུལ་བའི་ཚུལ་ཁྲིམས་རྣམ་པར་དག་སོགས། གསོལ་འདེབས་ཚིགས་སུ་བཅད་པ་གཅིག་པུས་ཆོག་པར་མཛད་པ་དང་། ན་རག་སྐོང་བཤགས་ཚར་གཅིག་ལས་མི་འདོན་པ་དང་། དུས་ཕྱིས་མེ་མཆོད་ཡང་བཤད་གྲྭའི་རིམ་གྲོ་རུ་གསུངས་པ་ལས་ག་གཞན་ཚེས་བཅུའི་སྐབས་ལྟར་མཛད་པའོ། །

དེ་བཞིན་དུ་གསོ་སྦྱོང་ཇི་ལྟར་བགྱིད་པའི་རིམ་པ་ཡང་། སྤྱིར་རབ་ཏུ་བྱུང་བ་དག་གིས་གསོ་སྦྱོང་དུས་སུ་བགྱིད་དགོས་པའི་བསླབ་བྱ་སྐབས་སུ་བསྩལ་ཅིང་། གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་པའི་དུས་ཚེས་ཀྱང་། ཡར་ངོས་ཚེས་གང་ལ་བབས་པ་དང་། མར་ངོ་བཅུ་བཞི་བཅོ་ལྔའི་སྐབས་གང་བབས་ཀྱི་གྲལ་ཚེས་ཀྱང་རྗེ་ཉིད་དང་། མདོ་བསྐུལ་ཞུ་བ་པོ་གནས་བརྟན་པས་བགྲང་བར་མཛད་ནས། སྤོས་དང་མར་མེ་ཡོན་ཆབ་གཉུག་གཏོར་རྣམས་མཆོད་དཔོན་དང་ལྷ་གཉེར་པ་དག་ལ་སྔ་ནས་སྟ་གོས་ལེགས་པར་ཚོགས་པར་བྱེད་དུ་བཅུག་སྟེ། ཡར་ངོར་མདོ་ལས་བྱུང་བའི་བསྟོད་པ་ཚིགས་སུ་བཅད་པ་དང་། འབྲི་གུང་སྐྱོང་པའི་གསུང་ཐབས་མཁས་ཐུགས་རྗེ་མ་དང་། སློབ་དཔོན་དཔའ་བོའི་གང་ཚེ་རྐང་གཉིས་མ་སྟེ་ཐུབ་བསྟོད་གཉིས་པོ་དང་། མར་ངོས་ཚིགས་བཅད་བཞི་བ་དང་། ཐུབ་བསྟོད་ཐུབ་རྣམས་སྤང་རྟོགས་སོགས་དང་། སྡོམ་རྒྱུན་གསོལ་འདེབས་བཏོན་པའི་རྗེས་སུ་མདོ་བསྐུལ་ནས་སོར་མདོའི་མཇུག་ཏུ་མཁན་པོས་བསྔོ་སྨོན་བཀྲ་ཤིས་གནང་བའི་རྗེས་སུ་མི་ཕམ་རིན་པོ་ཆེའི་བསྟན་རྒྱས་སྨོན་ལམ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་བོད་ཡུལ་བདེ་བའི་སྨོན་ལམ་བཅས་ནས། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་སོགས་བརྗོད་དེ་ཚུལ་ཁྲིམས་རྣམ་དག་གི་གཟུངས་གསུང་བཞིན་དགེ་བསྐོས་ཀྱིས་སྤོས་བསུ་དང་རྒྱ་གླིང་བཅས། མཁན་རིན་པོ་ཆེས་མཁར་གསིལ་ཕྱག་བསྣམས་མཛད་ནས་སེར་ཕྲེང་གིས་གཙུག་ལག་ཁང་བསྐོར་བ་མཛད་པའོ། །

རྒྱུན་གྱི་ཆོས་ཁྲིད་ཀྱི་དབུ་མཇུག་ཏུ་གསུང་ཆོག་ཀྱང་ཚིག་བདུན་གསོལ་འདེབས་སྔོན་དུ་འགྲོ་བའི་བསམ་ལྷུན་རྒྱས་པ་དང་། བར་ཆད་ལམ་སེལ་གཉིས་པོ་ཚར་རེ། བསམ་ལྷུན་དང་བར་ཆད་ལམ་སེལ་བསྡུས་པ་ཚར་གསུམ་རེ། སྤྲུལ་པའི་གུ་རུ་ལན་གསུམ། སྐྱབས་མགོན་ཁྱེད་ལ་གསོལ་བ་བཏབ་པའི་མཐུས་སོགས་འདོད་གསོལ་བཅས་ནས། ཤེར་སྙིང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པ་གསུམ་པོ་རེས་མོས། མར་མེའི་སྨོན་ལམ་བཅས་ནས། འཇམ་དབྱངས་བསྟོད་པ་གང་བློ་མ་ཚར་གསུམ། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཡན་ལག་བདུན་པའི་མཇུག་ཏུ་ཆོས་འཆད་བསྐུལ་བ་ནས། ཆོས་ཁྲིད་མཇུག་ཏུ་བསོད་ནམས་འདི་ཡིས༴རིན་ཆེན་དགེ་ཚོགས་སོགས་ནས་བཟང་སྤྱོད་སྨོོན་ལམ་གྱི་འདས་པའི་སངས་རྒྱས་སོགས་ཀྱི་མཇུག་ཏུ། ཆོས་ཁྲིད་མཇུག་རྫོགས་ཉིན་ཡིན་ན་བསྟན་རྒྱས་སྨོན་ལམ། བོད་ཡུལ་བདེ་བའི་སྨོན་ལམ་གསུངས་པ་དང་། ཐུབ་བསྟན་མཛེས་པའི་རྒྱན་གཅིག་སོགས། སྔར་ཚོགས་འཁོར་གྱི་མཇུག་གི་སྔོན་སྨོན་བཀྲ་ཤིས་ཇི་ལྟར་བགྱིས་པའི་རིམ་པར་ལྟར་སྐབས་འདི་དང་ཡོན་སྐལ་གྱི་མཇུག་ཐམས་ཅད་གཅིག་གོ།

ཁྱད་པར་དུ་དཔལ་སྤྲུལ་རིན་པོ་ཆེ་ནས་བརྒྱུད་པའི་ལྕང་མ་སྒར་གྱི་ཞལ་བཞེས་ལྟར་ཤི་གསོན་གྱི་བསྔོ་སྨོན་སྐྱབས་སྲུང་རིམ་གྲོ་གསུང་ཚུལ་སྐོར་གལ་ཆེ་བར་མཛད་པའི་ཅུང་ཟད་བརྗོད་ན། ཞལ་འཕྲོའི་རྣམས་སུ་འཇིག་རྟེན་པའི་ཁ་རྒྱུན་ལ་ཤི་བོ་འཁྱག་རིལ་ལེ། གསོན་པོ་གཟེར་རེ་ལི་ཟེར་བ་ལྟར་བར་དོ་གསར་པ་རང་རེ་ལ་སྐྱབས་འཚོལ་བའི་སེམས་ཅན་རྣམས་ནི་འཇིགས་སྐྲག་སྔངས་གསུམ་གྱི་ངང་ནས་ལས་ཀྱིས་དེད་པའི་གར་འགྲོ་གཏོལ་མེད་པའི་ཤོག་སྐྱ་རླུང་གིས་ཁྱེར་བ་ལྟར་རང་དབང་མེད་པར་རྒྱུ་བའི་སྐྱབས་མེད་པའི་འགྲོ་བ་ཉམ་ཐག་པ་རྣམས་དང་འབྲེལ་ཐོགས་གསོན་པོ་རྣམས་ནས་ཀྱང་འཇིག་རྟེན་འཁོར་བའི་བྱ་བ་མི་འགྲུབ་པར་སྔར་ལང་ཉལ་ཕྱིས་ཚེགས་དཀའ་ལས་ཀྱི་ངང་དུ་མི་ཚེ་ཟད་པ། ཨོ་རྒྱན་ཆེན་པོས། བྲེལ་ཕོངས་སྡུག་བསྔལ་བརྗོད་ལས་འདས་ཞེས་གསུངས་པ་ལྟར་སྡུག་དཀའ་ལས་ཀྱིས་དུས་འདའ་བའི་ངང་ནས་མྱི་ན་ཚ་ཕྱུགས་གོད་ཁ་བྱུང་བཏང་བ་ཡིན་ན་འདྲ། མིན་ན་མོ་ངན་རྩིས་ངན་ལྟ་བུའི་མིི་འགྲིག་པ་ཞིག་བྱུང་བས་ཡིན་པ་ལས། དུས་རྒྱུན་སྒོར་ལྡོག་རེ་ཡང་འཕྲོ་བརླག་ཏུ་གཏོང་བ་ཞིག་སུ་ཡང་མེད་པས་སེན་མོ་དཀར་དམར་གཉིས་ཀྱི་མཚམས་ནས་བྲིས་ཏེ་འུ་ཆ་ག་ལ་སྐྱབས་འཚོལ་བ་ཡིན་ན་ཁྱེད་རྣམ་པས་ཡོན་སྐལ་གསུང་རྒྱུ་འདི་གལ་ཆེ་ནི་རེད།

སྔོན་ཆད་ཐུབ་དགའ་ཡིད་བཞིན་ནོར་བུ་ནས་ཡོན་སྐལ་གསུང་དུས་དཔེ་ར་ཁ་བསུམ་བཏང་བཅུག་དར་གདའ། གལ་སྲིད་ཁྱེད་རྣམ་པས་དཔེ་ཆ་བལྟས་བསྡད་ན་དགེ་སྐོས་ནས་ཞུས་པའི་མ་ཎི། སིདྡྷི། སྐྱབས་འགྲོ་སོགས་བསྙེན་པ་འདོན་བདེ་པ་རྣམས་ཞལ་ནས་མ་གཅོད།

མགོར་འབྲེལ་ཐོགས་ཤི་གསོན་དག་གི་གཙོས་སེམས་ཅན་རྣམས་ལ་དམིགས་པའི་སེམས་བསྐྱེད། བར་དུ་དཔེ་ཆ་ལྟ་བཞིན་པའི་སྐབས་སུ། མ་ཎི་དང་སྐྱབས་འགྲོ་རེ་ཞལ་ནས་གསུང་རྒྱུ་མ་གཅོད། མཇུག་ཏུ་བསྔོ་སྨོན་རེ་མཛད་རྒྱུ་གལ་ཆེ་ནི་རེད། ཅེས་པ་ལ་སོགས་སྐབས་སྐབས་སུ་གསུངས་པ་དང་། ཡང་དགེ་སྐོས་ནས་ཤི་གསོན་གྱི་ཡོན་གྱི་བདག་པོ་དེ་དང་དེའི་ཆེད་དུ། གསུང་བྱ་འདི་དང་འདི། གེགས་དང་བར་ཆད་འདི་སེལ་བའི་ཕྱིར་རམ། འདོད་དོན་གྱི་བྱ་བ་འདིའི་ཆེད་དུ་ཞེས་པའི་ཞུ་བ་རྣམས། ཞུ་ནི་བོས་སྒྲ་གསལ་མོ་དགེ་འདུན་པའི་གསན་ངེས་ཤིག་ཞུ་རྒྱུ་དང་། དགེ་འདུན་རྣམ་པས་ཀྱང་ཞིབ་པ་གསན་རྒྱུ་གལ་ཆེ་ནི་རེད་གསུངས། ཉིན་ཞིག་ཡོན་སྐལ་ཞུ་བ་པོས་ཞལ་ནོར་བས་འགའ་ཞིག་དགོད་པས། ཐུགས་མ་བབས་པ་ཕྱི་ཉིན་ཆོས་ཁྲིད་ཀྱི་ཞལ་འཕྲོས་སུ་ཡོན་སྐལ་ཞུ་དུས་ཁྱེད་རྣམ་པས་ཡག་པ་ཡིས་གསན་དགོས་ནི་རེད། ཁ་རང་གིས་ནོར་གྱོ་རེད། རོགས་ཀྱིས་ནོར་གྱོ་རེད་ཅེས་པའི་བཀྱོན་ཚིག་གི་རྣམ་པ་ཞིག་གནང་བར་མཛད་པ་ནི། གནས་འདི་ཉིད་དུ་ཧ་ཅང་གལ་ཆེ་བ་ལས། གཞན་དུ་བཀྱོན་ཚིག་གིས་ཟུར་ཙམ་ཡང་འབྱུང་མི་སྲིད་དོ། །

ཡོན་བདག་རྣམས་ཀྱི་འདི་ཕྱི་གང་གི་ཆེད་དུ་དངོས་རྫས་གང་ཡོད་རྣམས་གསལ་པོར་དགེ་འདུན་རྣམས་ལ་སྙན་གསན་ཕུལ་དུ་བཅུག་ནས། དེ་རྗེས་སླར་ཤི་གསོན་གང་གི་ཡིན་པ་དེའི་མིང་ནས་སྨོས་ཏེ་སྒོར་མོའི་གྲངས་དང་། དངོས་རྫས་གཞན་གང་ཡོད་ལ་ཡོན་བདག་གིས་རིན་གོང་བརྗོད་པ་ལྟར། གསུང་བྱ་ལ་བསྙེན་པ་དང་ཆོ་ག་སོགས་ལ་བགོས་ཏེ་རེེ་རེ་ནས་སྙན་ལམ་དུ་ཞུས་ཚེ། གོང་མའི་ཕྱག་རྒྱུན་ལྟར་ཤོག་སྒོར་ལ་རེ་ལ་བསྙེན་པ་ཁྲི་ཚོ་འདུས་པའི་ཞལ་གྲངས་ལྟར་འགྲོ་ངེས་དགོས་པ། དཔེར་ན་འདུས་པའི་ཞལ་གྲངས་བརྒྱ་ཡོད་ན་སྒོར་རེ་ལ་ཕྲེང་སྐོར་རེ་གསུང་དགོས་ཤིང་། དེ་ཡང་ཕྲེང་བ་མཐེབ་གཅོད་དང་། ཆངས་འཇལ་མི་ཆོག་ལ། མཐེབ་བོང་ཅི་མགྱོགས་ཀྱིས་བགྲང་ཆོག་པ་ཕྱག་བཞེས་ཡིན་པར་གསུངས། དེ་བཞིན་དུ་ཟླ་རེའི་ནང་དུ་ཡོན་སྐལ་ཉར་ཚག་བྱེད་པ་གྲྭ་པ་གཉིས་རེ་བསྐོས་ཏེ་ཟླ་སྨད་ཀྱི་ཚེས་ཉེར་དགུ་དང་གནམ་སྟོང་ནས་མཁན་ཆུང་དང་སྐྱོར་དཔོན། གཞན་ཡང་གྲྭ་བ་ཆེ་གྲས་བཅའ་ལག་གི་རིན་གོང་ཤེས་པ་རྣམས་ཀྱི་མདུན་དུ་རྩིས་སྤྲོད་དང་གོང་ཚད་རྒྱག་པ་ཕྱུགས་ཟོག་ཕོ་ཕྱོགས་ཚེ་ཐར་དང་ཚེ་གོང་སོགས་ཀྱི་སྡིག་རྩར་མི་འགྲོ་བར་ནན་གཟབ་བྱེད་འཇུག་པ་དང་། དགེ་འདུན་སྤྱིའི་རྒྱུ་ཡོན་སྐལ་ལ་རློམ་སེམས་ཙམ་གྱི་ཉེས་པ་ཡང་ཧ་ཅང་ལྕི་བས་བགོ་ཉིན་མ་གཏོགས་སྐྱ་སེར་ཀུན་གྱིས་མི་མཐོང་བར་བྱེད་དུ་འཇུག་པ་ལ་སོགས་པ་འདི་ཕྱོགས་ཀྱི་ཕྱག་ལེན་ལ་ཆེས་ཞིབ་ཆ་མཛད་པ་ཞིག་ཡིན་ན་ཡང་། རེ་ཞིག་དེ་ཙམ་ལས་དྲན་མེད་ལྷོད་མེད་པོ་བདག་གིས་འབྲི་རྔོ་མ་ཐོགས་སོ། །

དེ་ལྟར་ཐུབ་པ་བཅོམ་ལྡན་འདས་ཀྱི་མདོ་སྡེ་ཟབ་མོའི་དགོངས་དོན་ལྟར་དུ་མཛད་པ་རྗེས་སུ་བསྐྱངས་པས། འཕགས་པའི་ཡུལ་དུ་ཡང་སྤྱོད་པ་རྨད་དུ་བྱུང་བ་རྒྱལ་སྲས་ཞི་བ་ལྷ་ཞེས་པའི་གྲགས་པ་དཀར་པོའི་སྙན་པ་ལྡིར་བ་གང་ཉིད་ཀྱི་རྣམ་པར་རོལ་པ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཕྱག་བཞེས་ཉིད། སླར་ཡང་རྗེ་དེ་ཉིད་ཀྱི་གསུང་རྡོ་རྗེའི་རྣམ་པར་འཕྲུལ་པ་སྙིགས་དུས་བསྟན་པའི་གསལ་བྱེད་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་རིན་པོ་ཆེས་རྫ་སྟོད་ལྕང་རའི་ཆོས་གྲྭ་བསམ་གཏན་དར་རྒྱས་གླིང་གི་མཛད་པའི་ཕྱག་བཞེས་ཞིབ་ཅིང་ཕྲ་བ་བཀོད་པ་གང་ཡིན་པ་དེ་དག་ནོར་འཆུག་མེད་པས་ཁོག་ཕུབ་ནས། རྒྱལ་བ་ཤཱཀྱ་སེངྒེའི་ལུང་གི་བསྟན་པ་སྡེ་སྣོད་དགོངས་འགྲེལ་དང་བཅས་པ། རྟོགས་པའི་བསྟན་པ་མངོན་རྟོགས་བསླབ་པ་གསུམ་པོ་འཛིན་སྐྱོང་སྤེལ་བ་ལ། ཀློག་པ་པ་དང་། སྤོང་བ་པའི་སྡེ་གཉིས་ལ་རག་ལས་ཤིང་། དེ་ཡང་གཞི་ཚུལ་ཁྲིམས་ཀྱིས་འཛིན་དགོས་ན། གོང་དུ་བཤད་པ་ལྟར་ཉམ་ང་བའི་དུས་སུ་ཡང་བསྟན་རྩ་ཆོས་འདུལ་བ་རིན་པོ་ཆེ་མ་ཉམས་པར་བསྐྱངས་ཤིང་། ཁྱད་པར་དུ་དུས་འདི་ཙམ་ནས་བཟུང་རབ་ཏུ་བྱུང་བའི་སྡོམ་པ་གནང་ཞིང་། ཁྲིམས་ལྡན་འདུས་པའི་སྡེ་བཙུགས་ཏེ། རྒྱལ་བའི་བསྟན་པ་སྤྱིའི་བསླབ་པའི་གོ་རིམ་དུ།

མགོན་པོ་དབྱིག་གཉེན་གྱིས།

                            ཚུལ་གནས་ཐོས་དང་བསམ་ལྡན་པས། །

                            སྒོམ་པ་ལ་ནི་རབ་ཏུ་སྦྱོར། །

 

ཅེས་གསུངས་པ་ལྟར། ཐོག་མར་ལུང་གི་ཆོས་ལ་འཆད་ཉན་བགྱིད་པ་རྩལ་དུ་བཏོན་ཏེ་བསྟན་པ་རིན་པོ་ཆེའི་རྒུད་པ་གསོ་བ་ལ་རྨད་དུ་བྱུང་བའི་ཕྲིན་ལས་དུས་སུ་སྨིན་པའོ། །

 

                            འཛམ་གླིང་འཛིན་མའི་ཐིག་ལེ་མ་ག་དྷའི། །

                            འཕགས་ཆེན་དམ་པའི་མེ་ཏོག་བཞད་པའི་ཚལ། །

                            ཕུལ་བྱུང་སྤྱོད་པའི་བསུང་ཞིམ་འཐུལ་བ་ཡིས། །

                            ཞི་བ་ལྷ་ཞེས་གྲགས་པའི་པད་དཀར་འཛུམ། །

 

                            ལས་སྨོན་རྣམ་པར་དཀར་བའི་ཁ་བའི་ལྗོངས། །

                            བརྟན་པའི་འཁོར་ལོ་ཤནྟ་དེ་ཝའི་འཕྲུལ། །

                            ཆོས་ཀྱི་དབང་པོ་གདུང་སེལ་ཟླ་བའི་ཟེར། །

                            ཐུབ་བསྟན་འདབ་ཕྲེང་དཀར་པོ་སྐྱོང་ལ་ལྷགས། །

 

                            གང་གི་གསུང་གསང་མི་ཤིགས་རྡོ་རྗེའི་དཔྱིད། །

                            རྫ་ཡུལ་ལྕང་རའི་ཆོས་ཀྱི་ཞིང་མཆོག་ཏུ། །

                            རྣམ་གསུམ་ངུར་སྨྲིག་འཛིན་པའི་དགེ་སྦྱོང་གཟུགས། །

                            མངོན་པར་སྟོན་ནས་མཛད་ཕྲིན་དུས་སུ་དར། །

 

                            འདི་ན་གང་དེས་བསྟན་པའི་ཕྱག་རྗེས་ཉིད། །

                            གཅིག་ཏུ་དཀར་བའི་དྭངས་གསལ་ཤོག་བུ་རུ། །

                            ཁྲིམས་གཙང་སྤོང་ཀློག་མཛེས་སྡུག་རི་མོ་ཅན། །

                            དབྱ༵ངས་ཅ༵ན་དག༷འ་བ༵ས་རྩེན་པའི་འཕྲུལ་གྱིས་བསྐྲུན། །

 

༈ དེ་ཡང་ལོ་རིམ་དང་པོ་ལ། མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་སྤྱོད་འཇུག་མཆན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་བདུད་རྩིའི་ཐིགས་པ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། རྡོ་བ་དམ་ཆོས་ཀྱི་དོགས་སེལ། མཁན་ཆེན་གཞན་ཕན་སྣང་བའི་དབུ་མ་འཇུག་པའི་མཆན་འགྲེལ། སྤྱོད་འཇུག་ཤེར་རབ་ལེའུའི་འགྲེལ་བ་ནོར་བུ་ཀེ་ཏ་ཀ བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་མ་ཕམ་ཞལ་ལུང་རྣམས་ལྗགས་ཁྲིད་གནང་།

༈ ལོ་རིམ་གཉིས་པ་རབ་རྒྱན་ས་འབྲུག་ལོ་དགུང་གྲངས་ལྔ་བཅུ་རྩ་བརྒྱད་པ་ལ། གདན་སའི་ཆོས་ཁྲིད་གཞན་དགའི་མངོན་མཛོད་མཆན་འགྲེལ། སྤྱོད་འཇུག་རྩ་བ། ཤེར་འགྲེལ་བརྒལ་ལན་ཉིན་བྱེད་སྣང་བ། དོན་རྣམ་ངེས་ཤེས་རབ་རལ་གྲི། བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ། དཀྱིལ་འཁོར་ཐིག་རྩ་རབ་གསལ་ཀུན་དགའ། བོད་སྤྲུལ་རིན་པོ་ཆེའི་སུམ་རྟགས་འགྲེལ་བ་དབྱངས་ཅན་སྒྲ་དབྱངས་རྣམས་གསུངས་ནས། སྟོན་ཟླ་ར་བར་ཞེ་ཆེན་བཤད་གྲྭ་ལེགས་བཤད་ཉི་ཟླའི་གླིང་དུ་གདན་ཏེ། འཇམ་མགོན་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ། བརྒལ་ལན་ཉིན་སྣང་། འཇམ་དབྱངས་བློ་གཏེར་དབང་པོའི་ཚད་མ་རིགས་གཏེར་མཆན་འགྲེལ་སྡེ་འདུན་དགོངས་པ་གསལ་བའི་སྒྲོན་མེ་བཅས་གསུངས་ཏེ་སྟོན་མཇུག་ཏུ། རྟའུར་ཞིང་ཆེན་བོད་ཡིག་སློབ་གྲྭར་གདན་ཞུས་བགྱིས། མཐོ་རིམ་འཛིན་གྲྭར། གཞན་དགའི་དབུ་མ་བཞི་བརྒྱ་བའི་མཆན་འགྲེལ། འཇམ་མགོན་མི་ཕམ་རྒྱ་མཚོའི་ཚད་མ་རྣམ་འགྲེལ་འགྲེལ་ཆེན་ལེགས་བཤད་སྣང་གཏེར་གྱི་ལེའུ་གཉིས་པ་སྟོན་པ་ཚད་སྒྲུབ། སློབ་མ་བདུན་བརྒྱ་ལྷག་དང་དགེ་རྒན་རྣམ་པ་དང་བཅས་དགེ་སློབ་ཡོངས་ལ། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བའི་སུམ་རྟགས་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་བཅས་གནང་སྟེ་གདན་ས་རིན་པོ་ཆེར་ཞབས་པད་བསྐྱོད།

༈ ལོ་རིམ་གསུམ་པ་དགུང་གྲངས་ང་དགུ་པ་ས་མོ་སྦྲུལ་གྱི་ལོར། གདན་སའི་ཆོས་ཁྲིད་འཇམ་མགོན་མི་ཕམ་རྒྱ་མཚོའི་ཚད་མ་རིགས་གཏེར་འགྲེལ་བ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དང་། འཇམ་དབྱངས་བློ་གཏེར་དབང་པོའི་རིགས་གཏེར་མཆན་འགྲེལ་སྡེ་བདུན་གསལ་སྒྲོན། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་སྤྱོད་འགྲེལ་ལེགས་བཤད་རྒྱ་མཚོ། མི་ཕམ་རིན་པོ་ཆེའི་འཇུག་འགྲེལ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་། མཁས་པའི་ཚུལ་ལ་འཇུག་པའི་སྒོ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་ཡེ་ཤེས་སྣང་བ་རྣམ་འབྱེད་བཅས་གསུངས་ཏེ། དབྱར་ཐ་མའི་ཚེས་བཅུ་ནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་གདན་ཞུས་བགྱིས། མཆོག་སྤྲུལ་པདྨ་སྐལ་བཟང་སོགས་འདུས་པ་བརྒྱ་ཕྲག་ལྷག་ལ་འཇམ་མགོན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་དང་གཞན་དགའ་རིན་པོ་ཆེའི་དབུ་མ་འཇུག་པའི་མཆན་འགྲེལ་གཉིས་སྦྲགས་ཏེ་གསུངས། སྟོན་འབྲིང་པོར་ཞེ་ཆེན་བཤད་གྲྭར་གདན་དྲངས། བློ་གཏེར་དབང་པོའི་ཚད་མ་རིགས་པའི་གཏེར་གྱི་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ། འཇམ་དབྱངས་བླ་མའི་ཤེར་འགྲེལ་ཀེ་ཏ་ཀ སྙན་འགྲེལ་དབྱངས་ཅན་རོལ་མཆོའི་ལེའུ་བར་པ། གཞན་དགའི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་རྣམས། གཡག་ཟེའི་མཁན་པོ་བསོད་ནམས་རིན་ཆེན་དང། ལྷོ་ནང་ཆེན་ཕྱོགས་ཀྱི་མཁན་པོ་དུ་མ་དང་གཞན་ཡང་ཕྱོགས་བྱོན་གྱི་འདུས་པ་དུ་མ་ལ་གཞུང་ཆོས་དང་ཟུར་ཁྲིད་བཅས་གནང་བའི་ཞོར་དུ། བཤད་གྲྭའི་འདུ་ཁང་གི་ཁྲི་ཆེན་ཞིག་གི་སྟེང་ན། བཀའ་འགྱུར་གྱི་པོ་ཏི་རྣམས་བརྩིགས་འདུག་པ་ཉིན་རེ་པོད་གཉིས་གསུམ་རེ་ཕྱག་བསྣམས་མཛད་དེ་ཕྱིར་ཉིན་ནས་ཡར་འཇོག་ཅིང་། སླར་དུམ་པ་གཉིས་གསུམ་རེ་བསྣམས་འགྲོ་བས་དེ་སྐབས་སུ་ཡང་བཀའ་འགྱུར་ཕལ་ཆེར་དཔེ་གཟིགས་གནང་། སྟོན་ཐ་མའི་མཇུག་ཏུ་རྟའུར་བོད་ཡིག་སློབ་གྲྭར་ཕེབས། འཛིན་གྲྭའི་གོ་རིམ་བཞིན་གཞན་དགའི་མཆན་འགྲེལ་དབུ་མའི་རིགས་ཚོགས་ཆུང་བའི་སྐོར་སྟོང་ཉིད་བདུན་ཅུ། རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐགརྩོད་ཟློག ཐལ་ཟློག་རྣམས་དང་སྨིན་གླིང་ལོ་ཆེན་གྱི་སྒྱུ་འཕྲུལ་བློས་བསླངས་གསལ་སྒྲོན། སི་ཏུའི་སུམ་རྟགས་འགྲེལ་ཆེན་བཅས་བསྩལ།

ལོ་རིམ་བཞི་བ་དགུང་གྲངས་དྲུག་ཅུ་པ། རབ་རྒྱན་ལྕགས་རྟ་ལོར་གདན་སའི་ཆོས་ཁྲིད་གཞན་ཕན་སྣང་བའི་མངོན་མཛོད་མཆན་འགྲེལ། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཀུན་མཁྱེན་མི་ཕམ་པའི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་པུཎྜ་རི་ཀའི་དོ་ཤལ། དཔལ་སྤྲུལ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འབྲུ་འགྲེལ་དང་སྒོམ་རིམ། གཞན་ཡང་བར་མཚམས་རྣམས་སུ་འཇམ་མགོན་མི་ཕམ་པའི་ནག་རྩིས་སྔོན་འགྲོ་རབ་གསལ་མེ་ལོང་། ཀེག་རྩིས་འཆི་མེད་བཅུད་ལེན་སྐར་རྩིས་རིན་ཆེན་མེ་ལོང་སོགས་ཐུན་མོང་གི་རིག་གནས་དུ་མ་གནང་། ལོ་དེའི་དཔྱིད་ཟླ་ར་བར། རྫ་སྟོད་ལྕང་མ་རི་ཁྲོད་དུ་ཕེབས་ནས་འདུས་པ་བརྒྱ་ཕྲག་ཏུ་ཉེ་བ་རྣམས་ལ་ཕར་ཕྱིན་འགྲེལ་བ་དོན་གསལ། སྒྲ་མཚམས་སྦྱོར་ལྔ་བ་སོགས་གཞུང་དུ་མ་གནང་། དབྱར་སྟོད་ནས་ཡུལ་ཤུལ་སྲིད་གཞུང་ཆོས་ལུགས་ལས་ཁུངས་ནས་གདན་ཞུས་ལྟར་ཡུལ་ཤུལ་ནང་བསྟན་འཛིན་གྲྭ་གསར་དུ་བཙུགས་ཏེ། འདམ་དཀར་ཆོས་རྗེ། ཟུར་མང་བསྟན་སྤྲུལ། སྐྱོ་བྲག་གསལ་དགའ་སོགས་བླ་སྤྲུལ་མང་པོ་དང་། འདུས་པ་དུ་མ་ལ་དགེ་མང་ཡོན་ཏན་རྒྱ་མཚོའི་སྡོམ་གསུམ་རྣམ་ངེས་མཆན་འགྲེལ་རིག་འཛིན་འཇུག་ངོགས་སོགས་བཀའ་ཆོས་དུ་མ་བསྩལ། དབྱར་སྨད་ནས་རྫོགས་ཆེན་ཤྲཱི་སེང་དུ་གདན་དྲངས་མཁན་སྤྲུལ་དུ་མ་དང་བཅས་འདུས་པ་ཉིས་བརྒྱ་ལྷག་ལ་གཞན་དགའི་མངོན་མཛོད་མཆན་འགྲེལ། དམ་ཆོས་དོགས་སེལ། གོ་ལའི་ཐིག་དང་དཔྱད་པ་བཅས། གཞུང་བཤད་དུ་མ་འཆད་ཁྲིད་གནང་ནས་སྟོན་ཐོག་ཏུ་བོད་ཡིག་སློབ་གྲྭ་སྔར་རྒྱུན་ལྟར་ཕེབས། ལྟ་གྲུབ་ཤན་འབྱེད། ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་རྩ་བ་སོགས་གཞུང་དུ་མ་གསུངས་ཏེ་སླར་གདན་སར་ཕེབས་ལམ་དུ། དཀར་མཛེས་ནང་བསྟན་སློབ་གླིང་དུ་གདན་དྲངས། དགེ་སློབ་བརྒྱ་ཕྲག་ལ་ཉེ་བ་དག་ལ་ཤེར་འགྲེལ་ཀེ་ཏ་ཀ སྔགས་བཀླག་ཐབས་བཅས་གསུངས་ནས་གདན་སར་ཕེབས།

༈ ལོ་རིམ་ལྔ་པ། རྗེ་བླ་མ་དགོང་གྲངས་དྲུག་ཅུ་རྩ་གཅིག་པ་རབ་རྒྱན་ལྕགས་ལུག་ལོར་གདན་སའི་ཆོས་ཁྲིད་ལོ་ཆེན་དྷརྨ་ཤྲཱིའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་བ་དོན་གསལ་མེ་ལོང་། དཀར་རྩིས་རིགས་ལྡན་སྙིང་ཐིག མི་ཕམ་གསོ་བ་རིག་པའི་རྩ་རྒྱུད་རྡེའུ་འགྲིམ་མྱ་ངན་མེད་པའི་ལྗོན་པ། མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་གྲགས་ཀྱི་ངེས་ཤེས་སྒྲོན་མེའི་འགྲེལ་བ་བློ་གྲོས་སྣང་བའི་སྒོ་འབྱེད་ལ་སོགས་གཞུང་འགྲེལ་དུ་མ་གནང་།

༈ ལོ་རིམ་དྲུག་པ་རབ་རྒྱན་ཆུ་སྤྲེལ་ལོ་མཁན་ཆེན་བླ་མ་ཉིད་དགུང་གྲངས་དྲུག་ཅུ་རྩ་གཉིས་པ་ལ་གདན་སའི་ཆོས་ཁྲིད་རྒྱ་ཀོང་གཞན་ཕན་གྱི་དབུ་མ་འཇུག་པའི་འགྲེལ་མཆན་ལེགས་བཤད་ཟླ་བའི་འོད་ཟེར། ཀུན་གཟིགས་མི་ཕམ་རྒྱ་མཚོའི་ཚད་མ་རྣམ་འགྲེལ་འགྲེལ་ཆེན་ལེགས་བཤད་སྣང་གཏེར། དབུ་མ་རྩ་བའི་འགྲེལ་བ་རབ་གསལ་ཀླུ་དབང་དགོངས་རྒྱན། གཞན་དགའ་རིན་པོ་ཆེའི་རྩ་ཤེས་མཆན་འགྲེལ་རྣམས་སོ། །

༈ ལོ་རིམ་བདུན་པ་ཆོས་རྗེ་བླ་མ་ཉིད་དགུང་གྲངས་དྲུག་ཅུ་རྩ་གསུམ་པ་རབ་རྒྱན་ཆུ་བྱ་ལོར་གདན་སའི་ཆོས་ཁྲིད་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ལེགས་བཤད་ཆེན་པོ་མཁས་པའི་ཚུལ་ལ་འཇུག་པའི་སྒོ། ཤེར་འགྲེལ་ཀེ་ཏ་ཀའི་བརྒལ་ལན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད། བརྒལ་ལན་ཉིན་བྱེད་སྣང་བ། མཆིམས་འཇམ་པའི་དབྱངས་ཀྱི་དམ་ཆོས་མངོན་པ་མཛོད་ཀྱི་འགྲེལ་ཆེན་མངོན་པའི་རྒྱན། མཁན་ཆེན་གཞན་ཕན་སྣང་བའི་དབུ་མ་བཞི་བརྒྱ་བའི་མཆན་འགྲེལ་བཅས་སོ། །

༈ ལོ་རིམ་བརྒྱད་པ་ཀུན་གཟིགས་པཎ་ཆེན་བླ་མ་ཉིད་དགུང་གྲངས་དྲུག་ཅུ་རྩ་བཞི་པ་ཤིང་ཁྱི་ལོར་གདན་སའི་ཆོས་ཁྲིད་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་སྡོམ་གསུམ་རྣམ་ངེས་འགྲེལ་བ་ལེགས་བཤད་དཔག་བསམ་སྙེ་མ། དགེ་རྩེ་མ་ཧཱ་པཎྚི་ཏའི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་འོད་ཟེར་བརྒྱ་པ། དེའི་ལྷན་ཐབས་རྗེ་ཉིད་ཀྱིས་མཛད་པའི་བརྡ་སྤྲོད་ཉིན་བྱེད་འདྲེན་པའི་ཤིང་རྟ། རྒྱལ་དབང་ཀློང་ཆེན་པའི་ཡིད་བཞིན་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོ། གྲུབ་ཆེན་གསང་བདག་བསྟན་པའི་ཉི་མའི་གསང་འགྲེལ་སྤྱི་དོན་རིན་ཆེན་མཛོད་ཀྱི་ལྡེ་མིག་རྣམས་སོ། །

དབྱར་ཐ་མའི་ཚེས་མགོ་ནས་སློབ་བུ་མཁན་བདེ་ཆེན་དར་རྒྱས་ཀྱིས་རྫ་ཀཿཐོག་དགོན་གྱི་བཤད་གྲྭ་གསར་འཛུགས་ལ་གདན་ཞུས་ལྟར་ཕེབས་ནས། མཁན་སྤྲུལ་འདུས་པ་བརྒྱ་ཕྲག་ཏུ་ཉེ་བ་ལ། འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་ལྗགས་ཁྲིད་ཞིབ་རྒྱས་གནང་། མི་སྐྱ་ཡོངས་ལ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སོགས་ཆོས་འབྲེལ་གྱིས་རྗེས་འཛིན་མཛད། སྟོན་འགོ་མར་རྟའུ་བོད་ཡིག་སློབ་གྲྭར་ཕེབས་ཀུན་དཔལ་ངེས་སྒྲོན་འགྲེལ་ཆུང་སོགས་གཞུང་འགྲེལ་ཁ་ཤས་གསུངས་ནས་སྟོན་འབྲིང་ནང་གདན་སར་ཕེབས། སྟོན་ཐ་ཆུང་གི་ལྷ་བབས་དུས་ཆེན་ལ། སློབ་བུ་མཁན་ཀརྨ་མཆོག་ལྡན་གྱི་ཟུར་མང་རྣམ་རྒྱལ་རྩེའི་བཤད་གྲྭ་གསར་འཛུགས་ལ་གདན་དྲངས། མི་ཕམ་རིན་པོ་ཆེའི་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། གཞན་དགའི་འཇུག་པ་མཆན་ཆུང་སོགས་བཀའ་ཆོས་དུ་མ་དང་། ཇོ་སེར་བརྒྱ་ཕྲག་བརྒལ་བ་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་དང་། དད་ལྡན་སྐྱེ་བོ་སྟོང་ཕྲག་དུ་མ་ལ་བདེ་ཆེན་ཞིང་ཁྲིད་དང་ཞིང་དབང་བཅས་བསྩལ། ཕེབས་ལམ་དུ་གོ་ཆེ་དགོན་དུ་སེར་སྐྱ་ཡོངས་ལ་ཆོས་འབྲེལ་ཟབ་མོ་གནང་། དེ་ནས་སྐྱོ་བྲག་དགོན་དུ་ཕེབས་ཏེ། འདུས་པ་ཡོངས་ལ་འབྱེད་རྣམ་གཉིས་དང་། ཁྱིམ་པ་རྣམས་ལ་ཆོས་འབྲེལ་ཟབ་རྒྱས་གནང་སྟེ། སླར་སྐྱེ་རྒུ་འདམ་དཀར་དགོན་གྱིས་གདན་ཞུས་ལྟར་ཕེབས་ནས། དཀོན་མཆོག་རྗེས་དྲན་སོགས་བཀའ་ཆོས་དུ་མ་གསུངས། དེ་ནས་རྫ་སྟོད་སྒྲུབ་བརྒྱུད་དགོན་གྱི་སློབ་བུ་སྐྱེ་སྔ་རིན་པོ་ཆེས་བཤད་གྲྭ་གསར་འཛུགས་ལ་གདན་ཞུས་ལྟར་ཕེབས་བཀྲ་ཤིས་པའི་གསོ་སྦྱོང་གིས་ཤིས་པ་བསྒྲུབས་ཏེ། དཀོན་མཆོག་རྗེས་དྲན་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། བདེ་གཤེགས་སྙིང་པོའི་སྟོང་ཐུན་སེངྒེའི་ང་རོ་སོགས་གཞུང་ཁ་ཤས་ལྗགས་ཁྲིད་གནང་ནས། སླར་ཡང་གདན་ས་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་པད་བཀོད།

༈ ལོ་རིམ་དགུ་བ་རབ་རྒྱན་ཤིང་ཕག་ལོ་ཆོས་རྗེ་བླ་མ་དགུང་གྲངས་དྲུག་ཅུ་རེ་ལྔ་པ་ལ་གདན་སའི་ཆོས་ཁྲིད། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་ཕྱི་དུམ་དང་མི་ཕམ་རིན་པོ་ཆེའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བ་མི་ཕམ་ཞལ་ལུང་བཅས་གསུངས་ནས་དབྱར་ནང་ལྷོ་སིབ་མདའ་དགོན་དུ་ཕེབས། མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་དང་། ངེས་དགའ་སོགས་འདུས་པ་བརྒྱ་ཕྲག་ལྷག་ལ་གསང་སྙིང་སྤྱི་དོན་མཛོད་ལྡེ་དང་། གཞན་ཡང་དེ་ཕྱོགས་ཀྱི་སྐྱབས་ཆེ་དགོན་སོགས་ཀྱི་ཇོ་སེར་ཆེས་མང་པོ་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དད་ལྡན་ཁྱིམ་པ་བརྒྱ་ཕྲག་མང་པོར་ཟབ་ཆོས་ཀྱི་འབྲེལ་བ་བསྩལ། དེ་ནས་སློབ་བུ་མཁན་ཨ་ཆུང་གིས་གདན་ཞུས་ལྟར་ལྕང་བྲག་དགོན་ཏུ་ཕེབས་ཏེ་སེར་སྐྱ་ཡོངས་ལ་ཚེ་དབང་དང་ཞིང་དབང་བདེ་ཆེན་ཞིང་ཁྲིད་སོགས་ཆོས་འབྲེལ་ཟབ་རྒྱས་གནང་། དབྱར་སྨད་ནས་རྫོགས་ཆེན་ཤྲཱི་སེང་དུ་གདན་དྲངས། འདུས་པ་བརྒྱ་ཕྲག་ལྷག་ལ་གཞན་དགའི་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་ལྗགས་ཁྲིད་གནང་ཞིང་། སྟོན་ཁར་རྫ་ཀཿཐོག་དགོན་གྱི་བཤད་གྲྭར་ཕེབས། མཁས་དབང་མདོ་སྔགས་བསྟན་པའི་ཉི་མའི་ལྟ་གྲུབ་ཤན་འབྱེད་ཀྱི་འགྲེལ་བ་འཇམ་དབྱངས་དགོངས་རྒྱན། རྟོགས་ལྡན་ལྷག་བསམ་གྱི་དོན་རྣམ་ངེས་འགྲེལ་བ་བཅས་བརྩལ་ནས་སླར་རྫོགས་ཆེན་གཤིན་རྗེ་སྒྲུབ་ཕུག་ཏུ་སྐུ་མཚམས་སུ་བཞུགས། དེ་ནས་སྟོན་འབྲིང་གི་མཇུག་ཏུ་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་གདན་དྲངས། སྔ་འགྱུར་ལྟ་གྲུབ་ཚེས་གསུམ་ཟླ་བའི་སྟེང་ནས་ཟབ་གནད་ཁྱད་པར་ཅན་བསླངས་པས། རིས་མེད་ཀྱི་དགེ་བཤེས་མང་རབས་དག་གིས་བསྔགས་པའི་མེ་ཏོག་གཏོར་བར་བྱས། ཟུར་དུ་དགེ་སློབ་དུ་མ་ལ་དབུ་མ་འཇུག་པ་བསྐྱེད་རྫོགས་ཟིན་བྲིས། འཕོ་ཁྲིད། རྒྱལ་སྲས་ལག་ལེན་སོགས་ཟབ་ཆོས་མང་དུ་གནང་། དེ་ནས་རྫོགས་ཆེན་རིན་པོ་ཆེ་འཇིགས་མེད་བློ་གསལ་དབང་པོ། མཆོག་སྤྲུལ་ཐུབ་བསྟན་ཉི་མ། བསོད་རྒྱལ་རིན་པོ་ཆེ་སོགས་དམ་པ་དུ་མས་གདན་ཞུས་ལྟར། ཕྱི་ཕྱོགས་སུ་ཕེབས་ཐེངས་དང་པོ་ལ། དབྱིན་ཇི། ཁ་ན་ཏ་སོགས་སུ་ཕེབས་ཏེ། རྫོགས་ཆེན་རིན་པོ་ཆེ་ལ་སོགས་སློབ་ཚོགས་དུ་མ་ལ། གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། དད་ལྡན་ཁྱིམ་པ་དག་ལ་ཟབ་ཆོས་ཀྱི་འབྲེལ་བ། གཞན་རིགས་སྨྲའི་ཚོགས་ཀྱིས་དོགས་གཅོད་གནང་བ་སོགས་འགྲོ་བ་དཔག་ཏུ་མེད་པ་དངོས་བརྒྱུད་ཀྱིས་ཐར་པ་དང་རྣམ་མཁྱེན་གྱི་སྐལ་བ་ཅན་དུ་མཛད་པའོ། །

                            སླར་ཡང་དགུང་གྲངས་དྲུག་ཅུ་རེ་དྲུག་པ་རབ་རྒྱན་མེ་བྱི་ལོར་གངས་ལྗོངས་བསྟན་འགྲོའི་དཔལ་དུ་ཞབས་པད་བསྐྱོད་དེ། ཨ་འཛོམས་འོད་གསལ་ཐེག་མཆོག་གླིང་དུ་ཕེབས། འབྲུག་སྤྲུལ་ཐུབ་བསྟན་པདྨ་ཕྲིན་ལས་སྐུ་དྲུང་ནས་དུས་ཀྱི་འཁོར་ལོའི་དབང་དང་། ངལ་གསོ་སྐོར་གསུམ་ཆ་ལག་དང་བཅས་པ་གསན། རྗེ་ཉིད་ནས་འདུས་པ་ཡོངས་ལ་བཀའ་ཆོས་ཅི་རིགས་དང་། རབ་བྱུང་བསྙེན་རྫོགས་བརྒྱ་ཕྲག་ལ་ཉེ་བ་བསྒྲུབས། ཕེབས་ལམ་དུ་ཁྲོམ་རྡོ་ཁོ་དགོན་གྱི་བླ་གྲྭ་འདུས་པ་ཡོངས་ལ་ཆོས་འབྲེལ་ཟབ་མོ་གནང་། དེ་ནས་སྔ་འགྱུར་སྒྲུབ་བརྒྱུད་བསྟན་པའི་འབྱུང་གནས་ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས། མཁན་རིན་པོ་ཆེ་ཨ་ཁྱུག་ཚང་ནས། ཞབས་ཐང་གིས་རྒྱང་རིང་དུ་བསུ་བར་ཕེབས་ཏེ། མི་ལོ་བཞི་བཅུ་ལྷག་གི་རིང་ན་མ་འཕྲད་པའི་དུས་ཡུན་ནང་། ཡ་ང་བའི་སྣང་ཚུལ་བློས་མི་ཆུད་པ་ཞིག་ཉམས་སུ་མྱངས་ཏེ། སླར་དགྱེས་ཞལ་ལྷན་འཛོམས་ཀྱི་གོ་སྐབས་བཟང་པོ་བྱུང་བ་ལ། དགའ་སྐྱོ་འདྲེས་མའི་ཉམས་ཀྱིས་ན་བཟའ་ལ་འཇུས་ནས་སྤྱན་ཆབ་གསིལ་ཞིང་། ཉིན་དུ་མར་དགྱེས་བརྩེའི་གསུང་གླེང་གནང་། གྲུབ་དབང་མཆོག་བཅས་བླ་སློབ་ཡོངས་ལ་བཤེས་པའི་སྤྲིངས་ཡིག་སོགས་གདམས་ཟབ་དུ་མ་གནང་སྟེ། དབྱར་ཟླ་ར་བར་གདན་ས་ཆེན་མོར་ཕེབས། བུ་སློབ་ཡོངས་ལ་མཆོག་གླིང་སྒྱུ་འཕྲུལ་ཞི་བ་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ། ཀུན་དཔལ་ངེས་སྒྲོན་འགྲེལ་བ། ཨ་འཛོམས་རྒྱལ་སྲས་དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ་སོགས་མདོ་སྔགས་ཀྱི་ཆོས་བཀའ་དུ་མ་གནང་། འདི་ལོ་སྒྲུབ་སྡེ་ངེས་དོན་སྨིན་གྲོལ་ཆོས་གླིང་ཉིད། མཁན་བསོད་ཚེ་དང་ཁོང་རྣམ་གཉིས་ཀྱི་གཟིམ་ཁང་གཉིས་པོའི་གཞིར་བྱས་ཏེ། གྲྭ་ཤག་འགའ་དང་ལྷ་ཁང་བཅས་གསར་དུ་བསྐྲུན་ཏེ། མཁན་བསམ་གཏན་རྡོ་རྗེ་སྒྲུབ་དཔོན་དང་མཚམས་གྲྭ་དུ་མ་ལ། དབང་ལུང་གདམས་པ་ཟབ་རྒྱས་བསྩལ་ཏེ། ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་དམ་མཚམས་ནང་། འབུམ་ལྔ་བློ་སྦྱོང་ཞག་བརྒྱ། བླ་མའི་རྣལ་འབྱོར་ལ་སིདྡྷི་འབུམ་ཕྲག་བརྒྱ་འགྲོ་ངེས་དང་། སྨིན་གླིང་རྡོར་སེམས། བཀའ་བརྒྱད། དཀོན་མཆོག་སྤྱི་འདུས། ཀར་གླིང་ཞི་ཁྲོ། གར་དབང་བདེ་གཤེགས་ཀུན་འདུས་སོགས་ཀྱི་བསྙེན་སྒྲུབ་ཚད་ལྡན། ཆོ་འཕྲུལ་ཟླ་བ་དང་ས་ག་ཟླ་བ་སྨྱུང་གནས་དཀར་པོ་ཆ་བརྒྱད་རེ་དང་། ཉེར་ལྔ་ཚེས་བཅུའི་ཚོགས་མཆོད་དང་། ལོ་གསུམ་གྱི་སྐབས་དེ་དག་ཏུ་སེམས་ཉིད་ངལ་གསོའི་དོན་ཁྲིད་དཔྱད་སྒོམ་བགྱི་བ་སོགས་ཉམས་ལེན་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་དབུ་བཙུགས། དེ་སྐབས་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེངྒེ་སོགས་སྐྱེས་ཆེན་དུ་མས་བལ་ཡུལ་དང་འཕགས་ཡུལ་སོགས་སུ་གདན་ཞུས་ཕུལ་བ་ལ། གནས་ཆེན་བཞི་དང་། རི་མ་ལ་ཡ་སོགས་སུ་འབྱོན་པར་བཞེད་པའི་ཐུགས་དགོངས་འཁྲུངས། སྟོན་སོ་ནས་བཟུང་ལྷ་ལྡན་ཕྱོགས་ཀྱི་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་གནས་ལ་མཇལ་གཟིགས་དང་། ཇོ་བོ་རིན་པོ་ཆེར་གསེར་ཆབ་དང་ཚོགས་མཆོད་མར་མེ་སོགས་མཆོད་པ་རྒྱས་སྤྲོས་གནང་སྟེ། བསྟན་འགྲོར་ཐུགས་བསྐྱེད་ཟབ་མོ་གནང་ནས་དཔལ་གྱི་བསམ་ཡས་སུ་ཕེབས། གནས་མཇལ་མཆོད་འབུལ་ཐུགས་སྨོན་བླ་མེད་མཛད་དེ། འདུས་པ་སྤྱི་ལ་བཀའ་ཆོས་འབྲེལ་བ་བཅས་བོད་ཡུལ་གྱི་སྒྲུབ་གནས་ཁྱད་པར་བ། མཆིམས་ཕུ་ནགས་ཀྱི་དབེན་གནས་སུ་སྐུ་མཚམས་བཞུགས་ཡུན། ཐུན་བར་རྣམས་སུ་དེ་བཞུགས་སྒྲུབ་བརྩོན་སྐལ་ལྡན་དག་གིས་ཞུས་ངོ་ལྟར། བཤེས་སྤྲིངས་འགྲེལ་བ་པད་མ་དཀར་པོའི་ཕྲེང་བ་བསྩལ་ནས་སྐུ་མཚམས་ལས་གྲོལ་ཏེ། ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས་རྗེ་གཏེར་ཆེན་ཡབ་སྲས་བརྒྱུད་པའི་མཛད་རྗེས་ལྷག་མ་ལུས་པ་རྣམས་ལ། མཇལ་གཟིགས་དང་ཐུགས་བསྐྱེད་བླ་མེད་ཀྱིས་མཚམས་སྦྱར་གནང་ཞིང་། འདུས་པ་ཡོངས་ལ་ཆོས་འབྲེལ་དང་སྐུ་འགྱེད་བཅས་གནང་། དགོན་གྱི་བླ་སྤྲུལ་དག་གི་དད་གུས་བླ་མེད་ཀྱིས་བཀུར་བཟོས་རྒྱ་ཆེན་ཕུལ་ནས་བླ་གྲྭ་ཡོངས་ཀྱིས། གོང་དཀར་གནམ་གྲུ་ཐང་བར་སྐྱེལ་མ་ཞུས། དེ་ནས་བལ་ཡུལ་ཞེ་ཆེན་དགོན་དུ་ཕེབས། རབ་འབྱམས་རིན་པོ་ཆེས་དབུ་མཛད་འདུས་པ་ཡོངས་ཀྱིས་དད་གུས་ཚད་མེད་པས་བསུ་བ་སེར་སྦྲེང་སོགས་བཀུར་བསྟི་བླ་མེད་མཛད། མཆོག་གླིང་སྤྲུལ་སྐུ། བཀའ་བརྒྱུད་ཆོས་ཀྱི་ཉི་མ་སོགས་མཁན་སྤྲུལ་བརྒྱ་ཕྲག་ལ་ཉེ་བ་དང་། འདུས་པ་བརྒྱ་ཕྲག་དུ་མར་བཀའ་ཆོས་མང་དུ་གསུངས་ཤིང་། ཁྱད་པར་རབ་འབྱམས་ རིན་པོ་ཆེས་ཐུན་མིན་རིགས་བདག་ཏུ་བཀུར་ཏེ། ཞུས་དོན་ལྟར་མ་ཏིའི་འཇམ་དཀར་གྱི་དབང་། གྲུབ་ཆེན་རིན་པོ་ཆེའི་སྤྱི་དོན་རིན་ཆེན་མཛོད་ལྡེ། རོང་ཟོམ་སྣང་བ་ལྷར་སྒྲུབ་སོགས་སྨིན་གྲོལ་ཟབ་མོའི་བཀའ་ཆོས་མང་དུ་བསྩལ། མཁས་པ་ཆེན་པོ་རྡོ་རྫོང་རིན་པོ་ཆེས་བཀའ་འདྲི་འགའ་ཞུས་པ་ལ། ཐོགས་པ་མེད་པའི་བཀའ་ལན་བསྩལ་བས། གྲགས་པ་དོན་ལྡན་གྱི་སྐྱེས་བུ་ཆེན་པོར་ཐུགས་ཐག་ཆོད་པའི་ངེས་ཤེས་འཁྲུངས་ཏེ། དེང་གི་དུས་འདིར་མཁས་པ་ཆེན་པོ་ཁོང་ལྟ་བུ་མཇལ་རྒྱུ་མི་འདུག་ཅེས་གཟུར་གནས་མཁས་པས་བསྟོད་ཚིག་ཕུལ། དེ་ནས་བདག་ཅག་གི་སྟོན་པས་བསྐལ་པ་གྲངས་མེད་པའི་ཚོགས་གཉིས་རླབས་པོ་ཆེས་བསྐྲུན་པའི་ཞབས་ཀྱི་པདྨོ་ཐོག་མར་བཀོད་པའི་གནས་མཆོག་ཁྱད་པར་ཅན། དཔལ་ལྡན་ལིམྦི་ནའི་དགའ་ཚལ་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས། འབྲི་གུང་སྐྱབས་མགོན་དང་སྟག་ལུང་མ་སྤྲུལ་སོགས་སྐྱེས་ཆེན་དུ་མ་དང་། འདུས་པ་མང་པོ་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ཁྲིད་གནང་། བྱ་བྲལ་སངས་རྒྱས་རྡོ་རྗེ་དང་མཇལ་འཕྲད་གནང་སྟེ་གསུང་གླེང་ཞིབ་རྒྱས་མཛད། དེ་ནས་རིམ་བཞིན་དུ་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། སྨིན་གླིང་ཁྲི་ཆེན་ཀུན་བཟང་དབང་རྒྱལ་དང་མཇལ་འཕྲད་གནང་། ཁྲི་ཆེན་རིན་པོ་ཆེ་ནས་མཁན་ཆེན་བྷོ་དྷི་ས་ཏྭའི་དོན་གྱི་སྤྲུལ་བ་ནི་ཁྱེད་ཁོ་ནའོ། །

ད་ཕྱིན་ཁྱེད་ལ་མཁན་ཆེན་བྷོ་དྷི་ས་ཏྭ་ཞུ་དགོས་ཞེས་གསུངས་ནས་ཐུགས་གཙིགས་ཆེན་པོར་གནང་། འདུས་པ་ཡོངས་ལ་དཀོན་མཆོག་རྗེས་དྲན་སོགས་ཆོས་འབྲེལ་དང་། དེ་ནས་སངས་རྒྱས་ཐུགས་རྗེ་ཅན་གང་དུ་ཞི་བ་བརྙེས་པའི་གནས་མཆོག་ཁྱད་པར་ཅན་དབུས་འགྱུར་ཚལ་རྡོ་རྗེའི་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས། གསོ་སྦྱོང་གི་དུས་སུ་བབས་པ་ན། དེར་བཞུགས་ཀྱི་དམ་པ་དག་གིས་ད་ལམ་གནས་མཆོག་ཁྱད་པར་ཅན་འདི་ཉིད་དུ་སྙིགས་མའི་དུས་འདིར་ཐུབ་པ་ཆེན་པོའི་རྒྱལ་ཚབ་ལྟ་བུ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་བྷོ་དྷི་ས་ཏྭའི་རྣམ་པར་འཕྲུལ་བ་ཉིད། གསོ་སྦྱོང་གི་མཁན་པོ་མཛད་པ་ནི་ཆེས་སྐལ་བ་བཟང་པོའོ་ཞེས་ཀུན་གྱིས་གསོལ་བ་བཏབ་པའི་ངོར་ཁྲིམས་གཙང་འདུས་པ་སྟོང་ཕྲག་ལས་བརྒལ་བའི་དབུས་སུ། སེངྒེའི་ཁྲི་ཆེན་པོར།

ཇི་སྐད་དུ།

                            ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །

                            ཚུལ་ཁྲིམས་ལྡན་པའི་གྲགས་འགྱུར་བདེ་བ་འཐོབ། །

ཅེས་གསུངས་པ་ལྟར། བསླབ་ཁྲིམས་གཙང་མའི་གཟི་བྱིན་གྱིས་འདུས་པ་ཆེན་པོའི་འཁོར་ཚོགས་ཟིལ་གྱིས་མནན་པ་ནི། ཐུབ་པའི་དབང་པོ་སླར་ཡང་ཕེབས་པ་ལྟ་བུའི་ངོ་མཚར་གྱིས་བཀོད་པས་དཀར་ཕྱོགས་དགའ་བ་སྤེལ་བའི་རྨད་དུ་བྱུང་བའི་རྣམ་ཐར་ཀུན་གྱིས་གླེང་གཞིར་གྱུར་ཏོ། །

སླར་ཡང་བྱང་ཆུབ་ཤིང་དྲུང་དུ་སྲས་བཅས་རྒྱལ་བའི་རྣམ་པར་ཐར་པ་མ་ལུས་པ་རྗེས་སུ་བཟུང་བའི་རླབས་ཆེན་བཟང་པོ་སྤྱོད་པའི་སྨོན་ལམ་དང་། སྟོན་པ་ཐུགས་རྗེ་ཅན་གྱི་ཡོན་ཏན་རྗེས་སུ་དྲན་པའི་མགུར་དབྱངས་བརྩལ་བ་ཡང་།

 

                            རྨད་བྱུང་ཚོགས་གཉིས་ཤིང་རྟས་ལེགས་དྲངས་ཏེ། །

                            མཁྱེན་ནུས་བརྩེ་བའི་འོད་སྣང་འབུམ་དུ་བརྡལ། །

                            སྲིད་པའི་རྨོངས་མུན་འཇོམས་པའི་སྣང་བྱེད་ཆེ། །

                            རྣམ་འདྲེན་བཞི་པ་ཟས་གཙང་སྲས་པོར་འདུད། །

 

                            ཤིན་ཏུ་གདུལ་དཀའ་ལྔ་བདོའི་འགྲོ་བ་རྣམས། །

                            བརྩེ་ཆེན་ཞགས་པས་ནམ་ཡང་མི་གཏོང་བར། །

                            སྨོན་ལམ་ཆེན་པོ་ལྔ་བརྒྱས་རྗེས་བཟུང་བའི། །

                            སྟོན་མཆོག་ཐུབ་པའི་དབང་པོ་གཏན་གྱི་སྐྱབས། །

 

                            མཁྱེན་པའི་ཆ་ཤས་ཡོངས་རྫོགས་སྨྲ་བའི་དབང་། །

                            བརྩེ་བའི་བསིལ་ཟེར་འོད་སྣང་ཀུན་ནས་འགྱེད། །

                            ནུས་པས་གདུལ་འགྲོའི་རྨོངས་པའི་ཚ་གདུང་བཅིལ། །

                            ཐུབ་ཆེན་ཟླ་བའི་དབང་པོ་གཙུག་གིས་བསྟེན། །

 

                            ཟག་མེད་ཆོས་སྐུའི་དགོངས་པ་མཁའ་ལྟར་ཡངས། །

                            བསྟན་འགྲོའི་པད་ཚལ་འབྱེད་པའི་གཟུགས་ཀྱི་སྐུ། །

                            རྣམ་དཀར་ཕྲིན་ལས་སྣང་བའི་མུ་ཁྱུད་འཛིན། །

                            ཐུབ་དབང་ཉིན་མོར་བྱེད་པ་གཙུག་གི་རྒྱན། །

 

                            བསམ་རྟོག་གཉིས་མེད་ཞི་བསིལ་བདུད་རྩིའི་མཚོ། །

                            འཕགས་ལམ་ཡན་ལག་བརྒྱད་ལྡན་མ་དྲོས་ཀླུང་། །

                            རྣམ་དག་ལུང་གི་རླབས་ཕྲེང་ཀུན་ནས་མཛེས། །

                            ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་ཟས་གཙང་སྲས། །

 

                            རྒྱལ་སྲས་ས་བཅུའི་དབང་ཕྱུག་རྣམས་ཀྱི་ཡབ། །

                            འཕགས་ཚོགས་ཟུང་བཞི་ཉན་previous hit རང་རྣམས་ཀྱི་རྒྱལ། །

                            བསྟན་པའི་འབྱུང་གནས་རིག next hit་གྲོལ་གཙུག་གི་རྒྱན། །

                            བསྐལ་བཟང་རྣམ་འདྲེན་བཞི་པ་ཐུབ་པའི་དབང་། །

 

                            འཕགས་པའི་ཡུལ་དུ་རྣམ་འདྲེན་རྒྱལ་བ་ཡི། །

                            བཞུགས་པའི་གནས་མཆོག་ངོ་མཚར་བཀོད་པ་རྣམས། །

                            མིག་གི་བདུད་རྩིར་ཡང་ཡང་ངོམ་པའི་ཚེ། །

                            སྐྱབས་གཅིག་རྒྱལ་བ་དྲན་ནོ་བྱིན་གྱིས་རློབས། །

 

                            ད་ནི་སྙིགས་ལྔའི་རྒུད་པ་ཆེར་བདོ་བས། །

                            ཕུན་ཚོགས་དགེ་མཚན་སྣང་བ་འཇོམས་ལ་ཉེ། །

                            རྒྱལ་བ་རིན་ཆེན་མཚན་གྱིས་བསྔགས་པ་བཞིན། །

                            རྨད་བྱུང་ཕྲིན་ལས་སྣང་བས་ཡོངས་ཁྱབ་ཤོག །

ཅེས་དང་། དེ་བཞིན་དུ་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་བྲག་ཕུག་མ་ར་ཏི་ཀ་སོགས་སུ་མཇལ་སྐོར་ཕེབས་སྐབས་སུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་རྗེས་སུ་དྲན་པའི་ཉམས་མགུར་གནང་བ་ཡང་།

 

ན་མོ་གུ་རུ་མ་ཧཱ་སུ་ཁ་པདྨ་ཀ་ར་ཡེ།

 

                            སྐུ་གསུམ་རྒྱལ་བ་ཡོངས་ཀྱི་ཡེ་ཤེས་ནི་གཅིག་བསྡུས། །

                            མདངས་ལྡན་འོད་ལྔ་བཀྲ་བའི་གུར་ཁྱིམ་གྱི་དབུས་ན། །

                            འཕོ་མེད་གཉུག་མའི་ཡེ་ཤེས་མཚན་དཔེ་རུ་ཤར་བའི། །

                            མཚོ་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང་། །

 

                            མི་ཤིགས་ཆོས་སྐུའི་རྒྱལ་ཐབས་ཆེན་པོ་ལ་དབང་བསྒྱུར། །

                            ཟག་བྲལ་མི་འཇིགས་དགོངས་པའི་རྩལ་ཆེན་དེ་རྫོགས་ནས། །

                            སྲིད་དང་ཞི་བའི་དཔྱིད་དཔལ་ཆེན་པོ་རུ་བཞུགས་བའི། །

                            མཚོ་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང་། །

 

                            འཕོ་ཆེན་འཇའ་ལུས་རྡོ་རྗེ་མི་ཤིགས་པའི་སྐུ་མཆོག །

                            རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ཀྱི་དབུས་ན། །

                            དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཚོགས་རྗེ་རུ་བཞུགས་པའི། །

                            མཚོ་འཁྲུངས་རྒྱལ་བ་གཉིས་པ་སྙིང་དབུས་ནས་དྲན་བྱུང་། །

 

                            འཕགས་ཡུལ་ལ་སོགས་འཛམ་གླིང་གནས་ཆེན་ནི་རྣམས་སུ། །

                            ཉིད་ཀྱི་རྫུ་འཕྲུལ་བཀོད་པའི་ཁྱད་པར་རྣམས་མཐོང་ཚེ། །

                            མཁས་གྲུབ་ཕལ་གྱི་རྣམ་ཐར་དེ་ག་རང་ཙམ་ལས། །

                            ངོ་མཚར་ཆེ་བའི་རང་བཞིན་ཡིད་ཡུལ་ནས་ནས་བོར་སོང་། །

 

                            མངལ་སྐྱོན་མ་གོས་ཨུ་དུམ་ཝ་ར་ཡི་རྩེ་ལ། །

                            previous hit རང་བྱུང་རིག next hit་པ་ཐོལ་སྐྱེས་མཚན་དཔེ་རུ་ཤར་བ། །

                            དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་སེམས་དཔའ་ཡི་ཚོགས་རྗེ། །

                            ཧེ་རུ་ཀ་པ་མཚོ་འཁྲུངས་རྒྱལ་བ་དེ་དྲན་ནོ། །

 

                            དུས་གསུམ་རྒྱལ་བ་ཀུན་དང་དགོངས་ཀློང་ནི་རོ་གཅིག །

                            འགོག་ལམ་ཡོན་ཏན་རྫོགས་པ་དམ་ཆོས་ཀྱི་ངོ་བོ། །

                            རྣམ་མང་རྒྱལ་སྲས་གཙོ་བོ་དགེ་འདུན་གྱི་ཚོགས་དཔོན། །

                            སྐྱབས་མཆོག་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་དེ་དྲན་ནོ། །

 

                            དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བྱིན་རླབས་ཀྱི་མཛོད་འཛིན། །

                            བདེ་ཆེན་གར་གྱི་དབང་ཕྱུག་དངོས་གྲུབ་ཀྱི་རྩ་བ། །

                            ཕྱི་ནང་བར་ཆད་ཀུན་སེལ་ལས་བཞི་ཡི་བྱེད་པོ། །

                            རྩ་གསུམ་ཀུན་འདུས་མངའ་བདག་གུ་རུ་རྗེ་དྲན་ནོ། །

 

                            ཀ་དག་ཟང་ཐལ་ཆོས་སྐུའི་དགོངས་པ་ལས་མ་གཡོས། །

                            ལྷུན་གྲུབ་བདེ་ཆེན་ཁ་སྦྱོར་བདུན་ལྡན་ལ་ལོངས་སྤྱོད། །

                            གྲངས་མེད་སྤྲུལ་པ་རྒྱ་མཚོས་འགྲོ་ཁམས་ཀུན་འདྲེན་པའི། །

                            སྐུ་གསུམ་སྟོན་པའི་མངའ་བདག་མཚོ་འཁྲུངས་ཀྱི་རྒྱལ་བ། །

 

                            མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ། །

                            དགོངས་པའི་རྩལ་ཆེན་རྫོགས་པའི་མཚོ་སྐྱེས་ཀྱི་བླ་མས། །

                            བྱིན་རླབས་ཕ་ཕོག་མཆོག་གི་དངོས་གྲུབ་ཀྱི་སྐལ་བ། །

                            བདག་སོགས་གསོལ་འདེབས་བུ་ལ་མྱུར་བ་རུ་སྩོལ་ཤོག །

                            མཐའ་མེད་འཁོར་བར་འཕྱན་པའི་མ་རྒན་གྱི་འགྲོ་བ། །

                            སྣ་ཚོགས་དུཿཁ་འཁྲུགས་པའི་འཁོར་མཚོ་ལས་བསྒྲལ་ཏེ། །

                            སེམས་ཉིད་ཡེ་སངས་རྒྱས་པའི་དགོངས་པ་དང་སྤྲད་ནས། །

                            སྐུ་གསུམ་རྒྱལ་བ་མཆོག་གི་མངའ་བདག་ཏུ་གྱུར་ཅིག །

ཅེས་པ་ལ་སོགས་པའི་ཉམས་མགུར་བསྩལ་བ་རྒྱུན་པར་ཉིད་ཀྱིས་འདི་ལྟར་མཛད་པ་ཞིག་མ་ཡིན་ནའང་། གནས་ཆེན་དེ་དག་ཏུ་ཕེབས་སྐབས་མ་བསྐུལ་ཤུགས་ཀྱིས་གནང་བ་ཞིག་ཏུ་གྱུར་ཅིང་། གཞན་ཡང་ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་མཚོ་པདྨ་ཅན་སོགས་སུ་ཕེབས་པ་ན་ཡང་།

                            འཕགས་བོད་འགྲོ་ལྡིང་ལ་སོགས་གནས་ཀུན་དང་། །

                            རབ་འབྱམས་ཞིང་ཁམས་རྒྱ་མཚོར་སྐུས་བཀོད་པ། །

                            མཐའ་ཡས་སྒྱུ་འཕྲུལ་རོལ་པ་བསམ་ལས་འདས། །

                            མཚོ་སྐྱེས་རྡོ་རྗེ་རྒྱལ་ཀུན་ཞལ་སྐྱིན་དངོས། །

 

                            གང་གི་གསང་གསུམ་ངོ་མཚར་འབུམ་གྱི་གཟུགས། །

                            རྣམ་མཁྱེན་ཡེ་ཤེས་དག་པའི་མེ་ལོང་ལས། །

                            འཕགས་ཆེན་དམ་པའི་བློས་ཀྱང་གཞལ་འོས་མིན། །

                            བློ་ཆུང་བདག་འདྲའི་དཔག་པར་ནུས་སམ་ཅི། །

 

                            འོན་ཀྱང་རྣམ་རོལ་མཛད་པའི་རོལ་མོ་ལ། །

                            བདག་ཡིད་དང་བའི་གུས་པས་རྗེ་དྲན་པའི། །

                            མཁྱེན་ནུས་བརྩེ་བའི་ཡོན་ཏན་ཆ་འགའ་ཞིག །

                            དད་པའི་སེམས་ཀྱིས་ཅུང་ཟད་བརྗོད་ལ་མོས། །

 

                            དངོས་སྣང་སྒྱུ་མར་དབང་བསྒྱུར་རོལ་པ་ཡིས། །

                            མེ་དཔུང་མཚོ་རུ་བསྒྱུར་སོགས་ངོ་མཚར་གྱི། །

                            བཀོད་པ་བརྒྱ་ཕྲག་གཟུགས་ཅན་ཇི་བཞིན་དུ། །

                            དེང་ཡང་གསལ་བས་དད་པའི་གནས་ལ་བཀོད། །

 

                            ཁྱད་པར་སྔོན་གྱི་སྨོན་ལམ་བཟང་པོ་ཡིས། །

                            ལེགས་པར་བསྐྲུན་པའི་བསིལ་ལྡན་ལྗོངས་འདི་རུ། །

                            དྲི་མེད་རྒྱལ་བསྟན་མདོ་དང་སྔགས་ཀྱི་ཚུལ། །

                            རྩིབས་སྟོང་གསེར་གྱི་འཁོར་ལོས་ཀུན་ནས་ཁྱབ། །

 

                            ཕན་བདེའི་ལེགས་ཚོགས་བྱེ་བའི་གཏེར་གཅིག་པུ། །

                            མདོ་རྒྱུད་ཆོས་ཚུལ་མཐའ་དག་བོད་དུ་དྲངས། །

                            བསིལ་ལྡན་རྒྱལ་བསྟན་ཡོངས་ཀྱི་འབྱུང་གནས་ཆེ། །

                            མཁན་སློབ་ཆོས་རྒྱལ་བཀའ་དྲིན་ཕ་མཐའ་ཡས། །

 

                            གངས་ལྗོངས་བསྟན་པ་རྒྱ་མཚོའི་དབུས་ཉིད་ན། །

                            ཆེ་བ་དྲུག་གིས་མངོན་འཕགས་སྔ་འགྱུར་ཞེས། །

                            མཁས་དང་གྲུབ་པ་བགྲང་ཡས་བྱོན་པ་ཡིས། །

                            ཁྱད་ཆོས་འདི་ཉིད་བསྔགས་འོས་ངོ་མཚར་གནས། །

 

                            ཁྱད་པར་གྲུབ་མཐའ་གཞན་ལ་མ་གྲགས་པ། །

                            ཡེ་ཤེས་ལམ་བྱེད་ཐེག་རྩེ་ཨ་ཏི་ཞེས། །

                            ཟང་ཐལ་རིག་པ་རྗེན་པར་སྟོན་པའི་ཚུལ། །

                            ཟག་མེད་འོད་ལུས་གྲུབ་པ་གཞན་ལས་འཕགས། །

 

                            འོད་གསལ་ཡེ་གདངས་སྐུ་དང་ཡེ་ཤེས་དངོས། །

                            མངོན་སུམ་སྟོོན་པའི་ལྷུན་གྲུབ་ཐོད་རྒལ་གྱིས། །

                            འཕོ་ཆེན་དྭངས་མའི་སྐུར་གྱུར་ཁྱད་པར་འདི། །

                            ཐེག་དང་གྲུབ་མཐའ་ཡོངས་ཀྱི་དབུས་ན་མཐོ། །

 

                            བརྒྱུད་པ་དགུ་ལྡན་ཟབ་མོ་གཏེར་གྱི་ཚུལ། །

                            མཚོ་བྲག་ནམ་མཁའ་ལ་སོགས་གནས་ཀུན་ཀྱང་། །

                            རྨད་བྱུང་ངོ་མཚར་འབུམ་གྱིས་བཀྲ་བཞིན་དུ། །

                            སྐལ་ལྡན་བུ་ལ་གཏད་རྒྱ་སྨོན་ལམ་མཛད། །

 

                            ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་འོག་བཅུག །

                            དཔལ་གྱི་བསམ་ཡས་ཆོས་འཁོར་ལྷུན་གྱིས་གྲུབ། །

                            གངས་དང་རི་བྲག་ཕྱག་ཞབས་རྗེས་ཀྱིས་བཀྲ། །

                            ངོ་མཚར་སྣང་བས་གདུལ་བྱ་ཐར་ལམ་དྲངས། །

 

                            རྒྱལ་ཀུན་ཞལ་སྐྱིན་མཚོ་སྐྱེས་བླ་མ་ཡིས། །

                            བྱིན་རླབས་སྣང་བས་ཡིད་ཀྱི་མུན་པ་བསལ། །

                            བསྟན་སྲིད་འོད་སྣང་ཕྱོགས་བཅུ་ཀུན་ཁྱབ་སྟེ། །

                            འཇིག་རྟེན་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག །

ཅེས་སོགས་ཉམས་མགུར་དུ་མ་བསྩལ་བ། ད་ལྟ་གསུང་ཐོར་བུའི་ཁྲོད་དུ་ཅུང་ཟད་འཁོད་པ་ལྟར། ཕྱིས་གདན་ས་རིན་པོ་ཆེར་ཞལ་བཟང་མཇལ་སྐབས་གསུང་འཕྲོས་སུ་རྒྱལ་མཆོག་ལྔ་པ་ནས། ཨོ་རྒྱན་ཆེན་པོའི་ངོ་མཚར་གྱི་མཛད་པ་ལ་བསམ་ཚེ་གྲུབ་ཐོབ་ཕལ་གྱི་མཛད་པ་ནི་དེ་ག་ཙམ་དུ་ཟད་ཅེས་གསུངས་པ་ལྟར། སྤྱིར་འཕགས་པའི་ཡུལ་དུ་ལི་ནག་དྲིལ་གསུམ་ལ་སོགས་གྲུབ་པའི་སྐྱེས་བུ་མང་དུ་བྱོན་མོད། ད་ལྟ་རྒྱ་གར་ལྷོ་ཕྱོགས་ན་གྲུབ་ཆེན་བརྒྱད་ཅུའི་ཕུག་པ་ཞིག་མཇལ་རྒྱུ་ཡོད་པར་བཤད་འདུག་པ་ཙམ་ལས་ཆེར་མི་འདུག གུ་རུའི་མཛད་པ་ནི་འཕགས་བོད་ཀུན་ཏུ་རི་བྲག་མཚོ་ཆུ་སོགས་སུ་སྒྲུབ་གནས་དང་། ཕྱག་ཞབས་ཀྱི་རྗེས་བཏབ་པ་ལ་སོགས་པ་ངོ་མཚར་གྱི་བཀོད་པས་མ་ཁྱབ་པ་ཞིག་མི་འདུག་པས། ཨོ་རྒྱན་ཆེན་པོའི་མཛད་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་ཕྱག་ཐལ་མོ་སྦྱར་ཏེ་གསུང་འདུག དེ་བཞིན་དུ་འབྲས་ལྗོངས་རྒྱལ་ཁབ་ཏུ་ཕེབས་ཏེ། རྡོ་གྲུབ་རིན་པོ་ཆེ་དང་མཇལ་འཕྲད་མཛད། ཟུར་མང་གར་དབང་རིན་པོ་ཆེས་དད་གུས་ཆེན་པོས་གཙུག་ཏུ་བཀུར་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་བཀའ་ཆོས་དུ་མ་ཞུས། དེ་ནས་རབ་འབྱམས་རིན་པོ་ཆེ་སོགས་ཀྱིས་ཞབས་ཏོག་ཞུས་ཏེ། འབྲུག་རྒྱལ་ཁབ་ཏུ་ཕེབས། སྤ་གྲོ་སྟག་ཚང་དུ་གནས་གཟིགས་དང་སྐུ་མཚམས་མཛད། གཞན་ཡང་བུམ་ཐང་ཐར་པ་གླིང་སོགས་གནས་ཆེན་དུ་མར་མཇལ་སྐོར་མཛད་པ་དང་། ཆོས་སྡེ་འགའ་ལ་ཆོས་འབྲེལ་བཅས་སླར་རྫོགས་ཆེན་རིན་པོ་ཆེས་གདན་ཞུས་ལྟར་རྒྱ་གར་རྫོགས་ཆེན་དགོན་དུ་ཕེབས། འདུས་པ་མང་པོ་ལ་དབུ་མ་རྒྱན་དང་དོགས་སེལ་སོགས་གཞུང་འགྲེལ་འགའ་དང་། རྫོགས་ཆེན་རིན་པོ་ཆེ་སོགས་སློབ་བུ་ཉུང་ཤས་ལ་ཡེ་ཤེས་བླ་མ་སོགས་ཐུན་མིན་མན་ངག་གི་སྐོར་དང་། དད་ལྡན་ཁྱིམ་པ་མང་པོ་ལ་བཀའ་ཆོས་ཟབ་མོའི་འབྲེལ་བ་རྒྱ་ཆེར་བསྩལ།

༈ དེ་ནས་དགུང་གྲངས་དྲུག་ཅུ་རྩ་བདུན་པ་མེ་མོ་གླང་གི་ལོར་འཕགས་པའི་ཡུལ་གྱི་སྔ་འགྱུར་རྙིང་མའི་ཆོས་སྡེ་ཀུན་གྱི་འཕྲོ་གཞི་དཔལ་ཡུལ་ཐེག་མཆོག་རྣམ་གྲོལ་གླིང་དུ། གྲུབ་དབང་པདྨ་ནོར་བུ་མཆོག་ནས་གདན་ཞུས་ལྟར་ཞབས་པད་བསྐྱོད། གྲུབ་དབང་མཆོག་གིས་གདན་ས་འདི་ཉིད་ང་རང་ནས་ད་བར་བསྐྱངས་པ་བྱས་མོད། ད་ནི་མཁན་རིན་པོ་ཆེ་ཉིད་ལ་ཕུལ་བ་ཡིན། སྐུ་ཉིད་ནས་བདག་པོ་གནང་དགོས། ད་ནས་རྩིས་སྤྲོད་པ་ཡིན། ཐུགས་བརྩེ་བས་རྗེས་སུ་བསྐྱངས་ནས་གཏན་བཞུགས་མཛད་དགོས་པའི་ཞུ་བ་ཕུལ་བ་སོགས་ཧ་ཅང་ཐུགས་བརྩིས་ཆེན་པོ་མཛད། ཤེས་བྱ་རིག་པའི་གནས་ལ་ལེགས་པར་དཔྱོད་པའི་བློ་མིག་ཡངས་པའི་འདུས་པ་སྟོང་ཕྲག་བརྒལ་བ་ལ། བོད་སྤྲུལ་རིན་པོ་ཆེའི་ལྟ་གྲུབ་ཤན་འབྱེད་ཀྱི་རང་འགྲེལ། ཤེར་ཕྱིན་རྒྱན་གྱི་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་དང་། གཞན་སློབ་བུ་འགའ་ལ་མན་ངག་གི་སྐོར་དུ་མ་བསྩལ། སྐབས་དེར་བློ་གསལ་དྲན་དབང་དག་གིས་མདོའི་པོད་ལྔ་ནས་སྔགས་ཀྱི་ཐེག་རྩེ་ཨ་ཏིའི་དགོངས་དོན་བར་ཀྱི་དཀའ་གནས་དོགས་འདྲི། དྲི་ཚན་ལྔ་བཅུར་ཉེ་བར་ཞུས་པ་ལ། རེ་རེ་ནས་ལུང་རིགས་མན་ངག་ཟབ་མོས་ཐོགས་མེད་དུ་ལན་གནང་བས། ཟབ་མྱུར་མཁྱེན་རབ་ཀྱིས་གཟི་འོད་མང་ཐོས་མཁྱེན་དཔྱོད་དཔལ་གྱིས་མཛེས་པའི་མཁས་དབང་དག་གི་ཡིད་དབང་མེད་དུ་འཕྲོག་སྟེ། དད་པའི་ཆུ་སྐྱེས་ཀྱི་འདབ་མ་འཛུམ་པའི་བསྔགས་བརྗོད་སྙན་ཚིག་དྲི་བསུང་གི་མཆོད་སྤྲིན་སྤྲོས་པ་ཡང་།

                            དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར། །

                            གྲུབ་དབང་ཡིད་བཞིན་ནོར་བུས་བཀའ་བསྐུལ་བཞིན། །

                            རྒྱལ་བས་ལུང་གིས་རབ་བསྔགས་བེ་ཏའི་ཡུལ། །

                            རྣམ་གླིང་ཆོས་ཀྱི་དགའ་ཚལ་ཞབས་སོར་འཁོད། །

                            སྐལ་ལྡན་འདུས་པ་སྟོང་ཕྲག་བརྒལ་བ་ལ། །

                            སྔ་འགྱུར་རིག་འཛིན་བརྒྱུད་པའི་དགོངས་བཞེད་ཀུན། །

                            ལུང་རིགས་མན་ངག་སྒོ་ནས་ལྷུག་པོར་བསྩལ། །

                            འབྲེལ་ཚད་བྱང་ཆུབ་ལམ་ལ་བཀོད་པར་མཛད། །

                            གང་གི་གསང་གསུམ་རྣམ་ཐར་མཛད་པ་ཀུན། །

                            ཀུན་མཁྱེན་ཀྱིས་ཀྱང་བརྗོད་པར་མི་ནུས་ན། །

                            ན་ཚོད་ཕྲ་བ་བདག་གིས་བརྗོད་ན་ཡང་། །

                            ཡང་ཅིག་མཁས་རྣམས་ཁྲེལ་བའི་རྒྱུ་ལས་ཅི། །

                            རྒྱལ་བསྟན་རིན་ཆེན་སྐྱོང་བའི་མགོན་པོ་དང་། །

                            བཤད་སྒྲུབ་སྒོ་བརྒྱ་འབྱེད་པའི་འཇིག་རྟེན་མིག །

                            སྲིད་པའི་མུན་སེལ་སྒྲོན་མེའང་ཁྱེད་ཁོ་ན། །

ཞེས་པ་ལ་སོགས་པའི་བསྔགས་བརྗོད་དད་གསུམ་སྤྲིན་གྱི་རོལ་མོ་དཀྲོལ་བར་བྱས་སོ། །

དེ་བཞིན་དུ་བཀའ་བརྒྱུད་ཨ་དབྱང་དགོན་ཏུ་གདན་ཞུས་ལྟར་ཕེབས་ཏེ་བཀའ་ཆོས་ཟབ་རྒྱས་གནང་། དེ་ནས་རིམ་པས་བསོད་རྒྱལ་རིན་པོ་ཆེ་སོགས་ཀྱིས་ཞབས་ཏོག་གིས་ཨ་རི། དབྱིན་ཇི། འཇར་པན། ཁ་ན་ཏ། སིང་ག་ལ་སོགས་རྒྱལ་ཁབ་ཉི་ཤུ་རྩ་ལྔ་ལྷག་དང་། ཆོས་ཚོགས་ལྔ་བཅུ་ལས་བརྒལ་བར་ཞབས་ཀྱིས་བཅགས་ཤིང་། གདུལ་བྱ་རྣས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་མཐུ་ཅན་མཛད་དོ། །

ཁྱད་པར་རྗེ་ཉིད་ཀྱི་ཞལ་ནས། ང་རང་དང་པོ་རྒྱ་གར་དུ་སོང་བ་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་སོགས་གནས་ཆེན་བཞི་དང་། གོང་ས་ཐམས་ཅད་མཁྱེན་པ་མཇལ་ཟིན་པ་ནས། སིང་ག་ལའི་རི་མ་ལ་ཡ་ཁོ་ན་མཇལ་འདོད་ཆེ། དེ་སྐབས་ཕྱོགས་དེར་འཁྲུག་པ་རེ་འོང་པའི་བཤད་གླེང་འདུག་ཀྱང་། བླ་མ་དང་མཆོག་གསུམ་ལ་གསོལ་བ་བཏབ་སྟེ། སོང་བས་བར་ཆད་གང་ཡང་མ་བྱུང་ལ། གནས་དེ་ནི་ཚད་པ་ཆེ་ཤོས་ཤིག་ཡིན་པས་ཡུལ་དེའི་རི་ངོགས་འགའ་ན། བྲག་སྐྱིབ་དཀྱུས་སུ་རིང་བ་རྣམས་སུ། སྐུ་བརྙན་དུ་མ་བཞུགས་པ་རྣམས་མཇལ་སྐོར་བྱས་སྐབས། ལྷ་མདུན་ནས་རྐང་རྗེན་དུ་སོང་དུས་ཚད་པ་ཧ་ཅང་ཆེ་བས་གཞི་ཐམས་ཅད་ཚ་བས་རེག་ཏུ་མི་བཟོད་པ་ཞིག་རེ་འདུག ངས་བསམ་པ་ལ་རྐང་པ་འདི་ཆུ་བུར་སོང་ན་རི་མ་ལ་ཡའི་རྩེར་འགྲོ་བར་མི་ནུས་པ་ཞིག་རེད་ཨེ་འགྲོ། དེ་མིན་ངས་དོན་མེད་ཀྱི་ཚ་གྲང་ཅི་འདྲ་མྱོང་མ་མྱངས་ན་སྙམ་པ་ལས། རྐང་བ་ལ་སེར་སྣ་ཅུང་མ་བྱས་ཞེས་ཞལ་འཕྲོས་སུ་བརྩལ། གནས་རི་ཆེན་པོ་དེ་ཉིད་ཀྱི་རྩེ་མོར་བགྲོད་པ་ལ། རྩ་བ་ནས་རྩེ་མོའི་བར་ལྕགས་སྐས་རིང་མོ་ཐེམ་པ་འབུམ་དུ་ཡོད་པར་གྲགས་པ་ཉིན་མོ་ཚད་པས་བགྲོད་མི་ནུས་པས། མཇལ་སྐོར་རྣམས་མཚན་འགྲོས་བྱེད་དགོས་པས། སྐྱབས་རྗེ་དཔོན་སློབ་རྣམས་ནས་ཀྱང་། ཕྱི་དྲོ་ནས་བརྩམས་ཏེ། མཚན་ཐོག་ཐག་ཏུ་སྐུ་ངལ་འཛེམ་མེད་ཀྱིས་ཕེབས་པས། ནམ་ལངས་པ་དང་གནས་རིའི་རྩེར་ཕེབས་ཐུབ། རྩ་རྒྱུད་གསང་བ་སྙིང་པོའི་གླེང་གཞི་གླེང་བསླངས་བཅས་གསུངས་ཤིང་། ཉིད་ཀྱི་ཐུགས་དགོངས་ལ་དག་པའི་སྣང་བ་འབྱམས་ཀླུས་པར་འཆར་བ་གསུང་འཕྲོས་ལས་དངོས་སུ་མི་ཕེབས་ནའང་སྐབས་དེར་གནང་བའི་ཉམས་མགུར་བསྩལ་བ་ལས།

                            གསང་སྔགས་དགོངས་པ་མངོན་དུ་བྱས་པ་ཡི། །

                            དམ་པའི་མཆོག་གྱུར་རིགས་ཅན་དྲ་མ་ལྔས། །

                            སྐུ་གསུམ་རྒྱལ་བའི་དགོངས་པ་བསྐུལ་བ་ཡི། །

                            གདུང་ཚིག་ཉེར་གསུམ་གླུ་རུ་བླངས་པ་ན། །

 

                            བདེ་གཤེགས་དགོངས་པའི་གསང་མཛོད་མཐའ་དག་ལ། །

                            མངའ་དབང་བསྒྱུར་པའི་གསང་འཛིན་བདག་པོ་ཉིད། །

                            དངོས་སུ་བྱོན་ནས་གསང་ཆེན་བླ་མེད་ཀྱི། །

                            ཏནྟྲ་ཆེན་པོ་སྡེ་ཚན་བཅོ་བརྒྱད་སོགས། །

 

                            གསང་བ་བླ་མེད་རྒྱུད་སྡེ་མཐའ་ཡས་པ། །

                            གསུངས་པའི་གནས་མཆོག་ལྕང་ལོ་ཅན་མཚུངས་པའི། །

                            འཛམ་གླིང་ཤར་ལྷོའི་རི་བོ་མ་ལ་ཡ། །

                            དྲག་ཤུལ་ཅན་ཞེས་བྱ་བའི་རི་ཡི་རྩེར། །

 

                            ད་ལྟ་དངོས་སུ་སླེབས་པའི་ཚུལ་འདི་ནི། །

                            སྐྱེ་བ་དུ་མར་གསང་ཆེན་བླ་མེད་ཀྱི། །

                            ཆོས་དང་འབྲེལ་པའི་ལས་འཕྲོ་སད་པའི་རྟགས། །

                            བརྒྱུད་གསུམ་བླ་མའི་བྱིན་རླབས་འོད་སྣང་གིས། །

 

                            ཆོས་ཅན་ཀུན་རྫོབ་ལྷ་ཡི་སྣང་བར་རྫོགས། །

                            ཆོས་ཉིད་རྟོགས་པའི་རྩལ་ཆེན་རབ་རྫོགས་ནས། །

                            འགྲོ་ཀུན་སྐུ་བཞིའི་གོ་འཕང་འགོད་གྱུར་ཅིག །

ཅེས་གསུང་པ་ལ་བསམ་ན། རྒྱུན་པར་ཉིད་ནས་བདག་ནི་འཆིང་བ་ཀུན་ལྡན་གྱི་སོ་སྐྱེ་ཐ་མལ་ལས་ཀྱང་ཡང་ཐ་ཞེས་དང་།

ངེས་འབྱུང་བསྐུལ་གཏམ་ན་ཡང་།

                            བདག་ནི་སྔོན་བསགས་བཙན་པོས་ལས་ཤུགས་ཀྱིས། །

                            མཐའ་མེད་སྲིད་པའི་མཚོ་ལ་འཁྱམས་འཁྱམས་ནས། །

                            ད་རུང་འདི་སྣང་སྲིད་པའི་བསླུ་བྲིད་ལ། །

                            ཞེན་ཆགས་མཚོ་ཆེན་ཁོང་ནས་རྡོལ་བཞིན་དུ། །

                            བདག་འཛིན་རྨོངས་པའི་སྨག་རུམ་འཁྱམས་པ་ཡིས། །

                            བར་མེད་ཀུན་ནས་མནར་བཞིན་དུག་ལྔ་ཡིས། །

ཁོལ་བོར་དལ་མེད་རྒྱུ་བས་གདུང་བ་ཞེས་པ་ལ་སོགས་གསུངས་འདུག་ནའང་། དེ་སྐབས་སུ་ཉམས་མགུར་འདི་ན། སྐྱེས་རབས་རིན་པོ་ཆེར་གསང་ཆེན་བླ་ན་མེད་པའི་དགོངས་དོན་ཉམས་སུ་བླངས་པའི་སྐལ་ལྡན་གྱི་སྐྱེས་བུ་དམ་པ་ཉིད་དུ་ཞལ་བཞེས་གནང་བ་འདི་ཉིད་ཀྱིས་དཔོག་པར་ནུས་སོ། །

ཚུལ་འདི་ནི་དཔལ་དགེ་རིན་པོ་ཆེས་ཀྱང་། དུག་ལྔའི་ཁོལ་པོ། ཁྱི་རྒན་སྡོམ་པོ་ལ་སོགས་དུས་རྟག་པར་ཁོང་ཉིད་ངན་པ་དང་སྡུག་པོ་ཞིག་ཡིན་པར་ཁོ་ན་གསུངས་འདུག་པ་ལ། རེས་ཤིག་ཉེ་གནས་པ་ནས། ཁྱེད་དེ་ཙམ་དུ་ངན་ནམ་ཞུས་པས། ང་ངན་དང་ངན་ཏེ་འོན་ཀྱང་སྤྱོད་འཇུག་དང་ནི་འབྲལ་མ་མྱོང་གསུངས་ཏེ་བཞད་སྒྲ་ཆེན་པོ་ཞིག་མཛད་པ་ནི། རྒྱལ་སྲས་སེམས་དཔའ་ཆེན་པོས། སྲས་བཅས་རྒྱལ་བའི་ལམ་བཟང་བྱང་ཆུབ་སྤྱོད་འཇུག་ཆེན་མོའི་ལྟ་སྤྱོད་ལས་འདའ་མ་མྱོང་བར་ཞལ་བཞེས་མཛད་པ་ལྟར་རོ། །

དེ་སྐབས་སུ་རྗེ་ཉིད་ཀྱིས་ཕྱག་བསྣམས་མཛད་པའི་རི་མ་ལ་ཡའི་བཀོད་པ་རྩེ་མོར་སྟོན་པའི་ཞབས་རྗེས། མཁའ་ངོས་ན་ཤཱཀྱའི་དབང་པོ་ལངྐའི་གནས་སུ་རྫུ་འཕྲུལ་གྱིས་ཐོག་མར་གཤེགས་པའི་ལྷའི་འཁོར་དང་བཅས་པ་བྱོན་ནས་ལང་ཀར་གཤེགས་མདོ་གསུངས་བའི་འཁོར་གྱི་དབུས་སུ་ཆོས་འཁོར་བསྐོར་བའི་རྣམ་པ་རྣམས་གསལ་བའི་མཛེས་རིས་ཅན་གྱི་པར་ཉིད་མང་དུ་སྤེལ་ནས་རྒྱུན་པར་གནང་ཞིང་། ཐུགས་གཙིགས་ཆེན་པོ་མཛད་པ་ལ། རྒྱུ་མཚན་ཆེན་པོ་ཡོད་མོད་འདི་རིགས་ཞལ་ནས་མི་འབྱུང་བས། དེ་གའི་ལོ་རྒྱུས་ཞུས་ཚེ་གནས་རིར་ཕེབས་པའི་ཕྱིར་ལམ་ནས་ཁོང་གི་མདུན་དུ་ཤོག་བུ་ལྟེབ་ཆག་བྱས་པ་ཞིག་རླུང་གིས་ཁྱེར་བྱུང་བ་པར་འདི་ཉིད་རེད་འདུག་ཅེས་གསུངས་པ་ལས་གཞན་ཅུང་མི་གསུང་། པར་དེ་ཉིད་ཁྱིམ་པའི་སྐྱེ་བོ་ཞིག་ལ་གནང་བ་ན་ཡང་། ཞལ་ནས་འདི་ནི་རི་མ་ལ་ཡར་གསང་བདག་དངོས་སུ་བྱོན་ནས་གསང་ཆེན་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་གསུང་བའི་གནས་ཆེན་རེད་ཅེས་དང་། སྐབས་འགར་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་རེ་རེ་ནས་བགྲངས་ཏེ། དེ་དག་གསུང་བའི་གནས་ཆེན་ཡིན་པ་སོགས་ཐུགས་བྲེལ་བའི་སྐབས་སུ་ཡང་ལོ་རྒྱུས་དང་བཅས་ཏེ་གནང་བ་ཞིག་གོ། གཞན་ཡང་ཡུལ་དེར་པཎྚི་ཏ་རྒན་གཞོན་གཉིས་མཆིས་པ་ལས། གཞོན་པ་དགུང་གྲངས་དྲུག་ཅུར་ཕེབས་པ་དེ་དང་དབྱིན་སྐད་ཀྱི་སྟེང་ནས་ཕན་ཚུན་བགྲོ་གླེང་མཛད་པ་ན། པཎྚི་ཏའི་ཞལ་ནས་ངེད་སིང་ག་ལའི་ཡུལ་འདིའི་སྟོན་པ་དང་བསྟན་པ་གཉིས་ཀ་དམ་པའི་ཆོས་འདུལ་བ་ཡིན་གསུངས་འདུག་པས་ཡུལ་དེར་ཐེག་པ་ཆེན་པོའི་ཆོས་མེད་ཀྱང་། མདོ་ལང་གཤེགས་གསུང་བའི་གནས་ནི་དེ་ཉིད་ཡིན་པར་ཁས་ལེན་འདུག གཞན་ཡང་པཎྚི་ཏའི་ཐུགས་བརྩེ་བས་གཞན་ལ་མི་སྟོན་པའི་རྒྱ་དཔེ་རྩ་ཆེའི་རིགས་གཙུག་ལག་ཁང་དུ་བཞུགས་པ་རྣམས་མཇལ་དུ་བཅུག་སྐབས། སྔོན་ཆད་སྲས་དར་མ་མདོ་སྡེས་ཁོང་གི་ཕ་ཇོ་ནས་གསེར་དུ་མ་ཁྱེར་ཏེ་རྒྱ་གར་ནས་པོ་ཏི་ཕྲ་ལ་རིང་བ་དུ་མ་སྣོམ་ཡོང་བ་ཞིག་ཡིན་པ་གསུངས་པ་ཡང་འདི་འདྲ་ལོས་ཡིན་སྙམ་པའི་ངེས་ཤེས་འདྲོང་རྒྱུ་འདུག་ཅེས་དང་། དེ་བཞིན་དུ་པཎྚི་ཏའི་ཞལ་ནས། ང་ཆུང་དུས་བོད་ཀྱི་དགེ་འདུན་ཆོས་འཕེལ་ལས། སྙན་ངག་ཅིག་ཐོབ་མྱོང་བར་མ་ཟད་ང་རང་ཡོད་སའི་སློབ་གྲྭ་དེར་ཁོང་གི་སྙན་རྩོམ་ཞིག་ཀྱང་སློབ་དེབ་ཏུ་ཡོད་གསུངས། ཡུལ་དེའི་མཚོ་ཁ་ཞིག་ན། དགེ་འདུན་ཆོས་འཕེལ་གྱི་འདྲ་སྐུ། བཞེང་སྐུ་སེར་སེང་ངེ་བ་ཞིག་དྲན་རྟེན་དུ་བཞེངས་འདུག །ཅེས་པ་ལ་སོགས་གསུང་འཕྲོས་དུ་མ་གནང་། དེ་ལྟར་འཛམ་གླིང་འཛིན་མའི་ཁྱོན་འདི་ཉིད་གཡས་སུ་བསྐོར་ནས་ཐར་འདོད་གྲངས་མེད་པ་མངོན་མཐོ་དང་ངེས་ལེགས་ཀྱི་དཔལ་ལ་བཀོད་ཅིང་། མཐོང་ཐོས་དྲན་རེག་གི་ལུས་ཅན་ཐམས་ཅད་ཐར་པ་མཆོག་གི་ས་བོན་ཅན་དུ་མཛད་པའོ། །

༈ དེ་ནས་རབ་རྒྱན་ས་སྟག་ལོ་དགུང་གྲངས་དྲུག་ཅུ་རྩ་བརྒྱད་པར་ཕེབས་པའི་སྐབས། རྒྱ་བལ་སོགས་ནས་དམ་པ་དག་གིས་ཆོས་སྡེ་དུ་མའི་གདན་ས་ཕུལ་ཏེ་གཏན་བཞུགས་དང་། ཡུན་རིང་དུ་བཞུགས་པར་ནན་གྱིས་གསོལ་བ་བཏབ་ཀྱང་ཞལ་གྱིས་མ་བཞེས་པར། སླར་ཡང་གངས་ལྗོངས་བསྟན་འགྲོ་སྤྱི་དང་བྱེ་བྲག་གདན་ས་ཆོས་སྡེ་ན་འཁོད་པའི་ལྟོས་བཅས་ཡོངས་ལ་ཐུགས་བརྩེས་རྗེས་སུ་དགོངས་ནས། ཁ་བའི་ལྗོངས་སུ་དགྱེས་ཞལ་མངོན་པར་ཕྱོགས་ཏེ། ཧོར་ཟླ་གསུམ་པའི་ཡར་ཚེས་བརྒྱད་ཀྱི་རྒྱལ་བ་དང་པོར་གདན་ས་ངེས་དོན་བཤད་སྒྲུབ་ཆོས་གླིང་དུ་དཔོན་སློབ་ཞལ་འཛོམས་ཀྱི་དགའ་སྟོན་ཆེན་པོའི་ཡོ་ལང་ཚེས་པ་སྟེ། གཞིར་བཞུགས་ཀྱི་བུ་སློབ་རྣམས་དང་། སྡེ་དགོན་ཡོངས་ནས་བསུ་བ་སེར་སྦྲེང་རྒྱས་སྤྲོས་ཕུན་སུམ་ཚོགས་པས་ཉེ་བར་དྲངས་པ་ན། སེམས་དཔའ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་མཆོག་སླར་ཡང་གདན་སར་འཁོད་པ་ལ། དཀར་ཕྱོགས་ཀྱི་ལྷ་རྣམས་མངོན་པར་དགའ་བའི་དན་རྟགས་སུ་གདན་ས་མཐོ་སྒང་གི་གཞིར་དཔྱིད་ཐ་མར་ཁ་བ་ཁོ་ན་ལས་ཆར་བ་འབབ་པ་ཞིག་ནམ་རྒྱུན་མིན་ཡང་གློ་བུར་དུ་ཆར་ཟིལ་གསར་དུ་སྙིལ་བའི་སྤྲིན་སྔོན་གྱི་ཀློང་ནས། སྙན་ལ་ལྷོད་པའི་དབྱར་རྔ་དལ་གྱིས་ལྡིར་ཞིང་། རི་ལུང་གཞུང་གསུམ་ཀུན་ཏུ་སྔོ་ལྗང་གི་ལོ་འདབ་རྒྱས་ཏེ། གནས་གཞི་ཐམས་ཅད་སྔར་དང་མི་འདྲ་བའི་གཟི་བྱིན་དང་། བརྗིད་ཉམས་རྒྱས་པས་ཉམས་དགའ་ཞིང་བག་དྲོ་བ་སྨྲ་མི་ཤེེས་པ་ཞིག་བྱུང་ངོ་། །

དེ་རྗེས་དད་ལྡན་འདུས་པ་ཆེས་མང་པོ་རྣམས་ལ་ཉིན་བདུན་གྱི་རིང་བདེ་ཆེན་ཞིང་སྒྲུབ་ཆེན་མོའི་དབང་ཁྲིད་བཅས་རྒྱས་པར་བསྩལ་ཏེ། ཆོས་དོན་གཉེར་བའི་སྐྱེ་བོའི་ཚོགས་རྣམས་ཚིམ་པར་མཛད་དོ། །

དེ་ནས་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་གསང་བ་སྙིང་པོའི་འགྲེལ་བ་གསང་བདག་དགོངས་པའི་རྒྱན་དང་སྤྱི་དོན་གསང་བདག་ཞལ་ལུང་། རྒྱལ་དབང་ཀློང་ཆེན་པའི་གྲུབ་མཐའ་རིན་པོ་ཆེའི་མཛོད་རྣམས་གསུངས་རྗེས་སྟོན་ཟླ་ར་བར་བྱང་དགུ་རོང་གི་ཕྱོགས། དགུ་རོང་སྣ་ཚོགས་རང་གྲོལ་གྱི་གདན་ས་བྲག་ཁང་སྣ་ཁ་རུ་རྒྱལ་སྲས་རིན་པོ་ཆེ་ནས་གདན་ཞུས་ལྟར་ཕེབས་ཏེ། ཞབས་དཀར་ཡང་སྲིད་གཙོའི་རབ་བྱུང་དང་སྔགས་འཆང་འདུས་པ་ཉིས་བརྒྱ་ལྷག་ལ་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། སྒྲོལ་མའི་དབང་། གསང་འགྲེལ་སྤྱི་དོན་འོད་གསལ་སྙིང་པོ། ཁྲིད་ཡིག་ཡེ་ཤེས་བླ་མ་བཅས་གནང་། གཞན་ཡང་ཇོ་སེར་བརྒྱ་ཕྲག་ལྷག་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དེ་ནས་ཇོ་སྐོར་དགོན་ཕུན་ཚོགས་རྣམ་རྒྱལ་གླིང་དུ་རྗེ་ཉིད་ཀྱི་སློབ་བུ་མཁན་ཆོས་ཉིད་དང་མཁན་དགེ་ལེགས་གཉིས་ནས་གདན་དྲངས། འདུས་པ་ཉིས་བརྒྱ་ལྷག་ལ་མ་ཏིའི་འཇམ་དཀར་དབང་དང་། ཚིགས་གསུམ་གནད་བརྡེག ཁྱིམ་པའི་སྐྱེ་བོ་ཁྲི་ཕྲག་ལ་ཉེ་བའི་དད་ལྡན་རྣམས་ལ་བདེ་ཆེན་ཞིང་དབང་དང་ཞིང་ཁྲིད་བཅས་གནང་ནས། དེ་ནས་མཚོ་སྙིང་མ་ཧཱ་དེ་ཝར་གནས་གཟིགས་ལ་ཕེབས། གནས་རིའི་རྩེ་མོར་ཨོ་རྒྱན་ལྷ་ཁང་དུ་སྙིང་ཐིག་རྣམ་མཁྱེན་ལམ་བཟང་གི་ཟབ་ལམ་བླ་མའི་རྣལ་འབྱོར་དང་བསྟན་འགྲོར་སྨན་པའི་ཐུགས་སྨོན་ཟབ་རྒྱས་གནང་། སླར་གདན་སར་ཕེབས་ནས་ཆོས་རྗེ་མི་ཕམ་རིན་པོ་ཆེའི་མངོན་མཛོད་འགྲེལ་བ་བློ་གསལ་དགྱེས་པའི་མགུལ་རྒྱན། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གནས་ལུགས་རིན་པོ་ཆེའི་མཛོད་བཅས་ལྗགས་ཁྲིད་གནང་།

༈ འདི་དུས་ཇོ་མོ་དགོན་འོག་མིན་གཡུ་ལོ་བཀོད་པའི་ཆོས་གླིང་རྟེན་བརྟེན་པ་གསར་དུ་བསྐྲུན། དེ་ནས་དགུང་གྲངས་དྲུག་ཅུ་རྩ་དགུ་པ་རབ་རྒྱན་ས་ཡོས་ལོར། ཀུན་མཁྱེན་བླ་མའི་གསང་བ་བླ་ན་མེད་པའི་གནས་གསུམ་གསལ་བྱེད་ཚིག་དོན་རིན་པོ་ཆེའི་མཛོད་དང་། མན་ངག་རིན་པོ་ཆེའི་མཛོད། དེ་བཞིན་དུ་མཁན་ཆེན་གཞན་ཕན་སྣང་བའི་འདུལ་བ་མདོ་རྩའི་འགྲེལ་བ་པད་དཀར་ལྗོན་ཤིང་བཅས་གསུངས་ཏེ། དཔྱིད་ཐ་མའི་ཚེས་མགོར་སེར་ཤུལ་གངས་རྒྱན་སྨོན་ལམ་དུ་ཕེབས། རིས་སུ་མ་ཆད་པའི་འངུས་པ་ཁྲི་ཕྲག་ལ་ཉེ་བར་སྐྱབས་འགྲོ་ལས་བརྩམས་ཏེ་བཀའ་ཆོས་ཟབ་མོ་གནང་། དེ་ནས་གདན་སར་ས་ག་ཟླ་བའི་ཡར་ཚེས་དགུ་ནས་བཟུང་ཞི་བདེའི་སྨོན་ལམ་གྱི་དབུ་བཙུགས། གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་བརྒྱ་ཕྲག་ལས་བརྒལ་བ་དང་། དགེ་འདུན་འདུས་པ་སུམ་སྟོང་ལ་ཉེ་བ། དད་ལྡན་སྐྱེ་བོ་སྟོང་ཕྲག་དུ་མར་ཚེས་བཅུ་ནས་བརྩམས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བརྩལ། གཞན་ཡང་དགེ་འདུན་པ་རྣམས་ལ་འཇམ་དབྱངས་སྨྲ་སེང་རྗེས་གནང་། ཁྱིམ་པ་རྣམས་ལ་ཞིང་ཁྲིད་བཅས་གནང་ནས་མཇུག་ལེགས་པར་གྲུབ། ཟླ་དེའི་ཚེས་བཅུ་བདུན་ནས་བཟུང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ལམ་འགྱུར་མེད་མི་བསྐྱོད་རྡོ་རྗེའི་དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ་ལྗགས་ཁྲིད་གནང་སྟེ། དབྱར་ཐ་མའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ། དགའ་སྟོན་ཚོགས་མཆོད་བཅས་མཇུག་གྲོལ། དེ་ནས་ཤེར་འགྲེལ་ཀེ་ཏ་ཀ བརྒལ་ལན་ཉིན་སྣང་སོགས་གཞུང་འགྲེེལ་ཁ་ཤས་དང་། དགུན་ཟླ་ར་བའི་ཚེས་བཅུ་དྲུག་ནས་སྔར་རྒྱུན་ལྟར་ཞག་བརྒྱའི་དབུ་བཟུང་ནས། གཞན་དགའི་དབུ་མ་ཐལ་བཟློག་ལྗགས་ཁྲིད་གནང་། ལོ་དེའི་དཔྱིད་དུས་ནས་སྐུ་ཁམས་ཅུང་འཁྲུག་པའི་སྙུང་གཞིའི་རྣམ་པ་མཆིས་པས། སློབ་མ་ཡོངས་ནས་གསོལ་བ་བཏབ་ངོར། དགུན་ངོས་སྨན་ཁང་དུ་ཕེབས།

༈ དགུང་གྲངས་བདུན་ཅུ་པ། ལྕགས་འབྲུག་ལོའི་ཆོ་འཕྲུལ་ཟླ་བ་ཕྱི་མའི་ཚེས་ཉེར་བདུན་གདན་སར་ཕེབས། ཉེར་དགུ་ནས་བཟུང་སྡུད་འགྲེལ་ཡུམ་ལ་འཇུག་པ་གསུངས་ནས་མཇུག་གྲུབ་པ་དང་། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ནས་ཐེངས་གཉིས་པའི་སྨོན་ལམ་ཆེན་མོ་འཚོགས་པའི་དབུ་བཟུང་། འདུས་པ་སུམ་སྟོང་ལྔ་བརྒྱ་ལྷག་ལ་རིག་འདུས་རྩལ་དབང་རྒྱལ་ཐབས་སྤྱི་བླུག མཚན་ཡང་དག་པར་བརྗོད་པ་སྒྲུབ་ཐབས་དང་བཅས་པ། གཞན་ཡང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་བཅས་ཀྱི་ལུང་དང། དད་ལྡན་ཁྲི་ཕྲག་ལ་ཉེ་བར་ཀླུ་སྒྲུབ་བདེ་སྨོན། དཔལ་མོའི་ལུགས་ཀྱི་སྨྱུང་གནས་རྗེས་གནང་སོགས་དབང་ལུང་ཟབ་མོ་དུ་མ་གནང་ནས་མཇུག་གྲོལ། ཚེས་ཉེར་གཉིས་ནས་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་ཆེན་ཤིང་རྟ་ཆེན་པོ་དང་། བསྡུས་དོན་པད་དཀར་ཕྲེང་བ། དོན་ཁྲིད་བྱང་ཆུབ་ལམ་བཟང་བཅས་དང་། སྒྱུ་མ་ངལ་གསོའི་འགྲེལ་བ་ཤིང་རྟ་བཟང་པོ། བསྡུས་དོན་མནྡ་རའི་ཕྲེང་བ། དོན་ཁྲིད་ཡིད་བཞིན་ནོར་བུ་དང་། བསམ་གཏན་ངལ་གསོའི་འགྲེལ་བ་ཤིང་རྟ་རྣམ་དག་བསྡུས་དོན་པུཎྚ་རཱི་ཀའི་ཕྲེང་བ། དོན་ཁྲིད་སྙིང་པོ་བཅུད་བསྡུས་བཅས་རྒྱས་ཁྲིད་གནང་། གཞན་ཡང་དོན་རྣམ་ངེས་ཤེས་རབ་རལ་གྲི། དཔལ་སྤྲུལ་རིན་པོ་ཆེའི་ཤེར་ཕྱིན་རྒྱན་གྱི་སྤྱི་དོན་སྒོམ་རིམ། ཀུན་གཟིགས་མི་ཕམ་ཆོས་རྗེའི་སྡུད་པ་རྒྱན་སྦྱར་མ་ཕམ་ཞལ་ལུང་རྣམས་གསུངས་ནས་སྟོན་དུས་ལྷ་བབས་དུས་ཆེན་དུ་སློབ་བུ་མཁན་བསྟན་པ་རབ་རྒྱས་ཀྱིས་གོ་ཆེ་དགོན་གྱི་བཤད་གྲྭ་གསར་འཛུགས་ལ་གདན་དྲངས། འདུས་པ་བརྒྱ་ཕྲག་ལ་འཇམ་དཀར་རྗེས་གནང་། དཀོན་མཆོག་རྗེས་དྲན་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། དད་ལྡན་སྤྱི་ལ་ཚེ་དབང་དང་འཕོ་ཁྲིད། གཞན་ཡང་རབ་བྱུང་བསྙེན་རྫོགས་དུ་མ་གནང་། དེ་ནས་བླ་མ་སངས་རྒྱས་བསྟན་འཛིན་གྱི་ཞུས་ངོ་ལྟར། དགོན་ཞབས་དགོན་དུ་ཕེབས། མཁན་སྤྲུལ་བླ་གྲྭ་ཡོངས་ལ་འཇམ་དཀར་རྗེས་གནང་། གསང་ཐིག་ཕུར་པའི་དབང་སོགས་དང་། བཤད་གྲྭ་པ་ལ་མི་ཕམ་རིན་པོ་ཆེའི་བརྡ་ཤན་འབྱེད་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི། སྒྲུབ་གྲྭ་གོང་འོག་གི་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བ་མང་པོ་ལ་སྡོམ་པ་གནང་། སེར་སྐྱ་སྟོང་ཕྲག་དུ་མར་འཕོ་ཁྲིད་དང་སྨིན་དབང་ཅི་རིགས་གནང་། དེ་ནས་ཟུར་མང་རྣམ་རྒྱལ་རྩེར་ཕེབས། མཁན་སྤྲུལ་འདུས་པ་བརྒྱ་ཕྲག་དུ་མ་ལ། འཇམ་དཀར་དང་ཕུར་བ་སོགས་ཀྱི་དབང་དང་། ཁྱིམ་པ་སྟོང་ཕྲག་དུ་མར་ཞི་ཁྲོ་དང་། ཚེ་དབང་སོགས་ཀྱི་སྨིན་དབང་བརྩལ། དེ་ནས་སློབ་བུ་མཁན་དམ་ཆོས་ཟླ་བ་ནས་གདན་ཞུས་ལྟར་སྐྱེ་དགུ་ནང་བསྟན་སློབ་གླིང་དུ་ཕེབས། དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་འཆད་ཁྲིད་གནང་། སྤྲུལ་སྐུ་དུ་མས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། སློབ་བུ་མཁན་ཀུན་དགའ་བཟང་པོ་ནས་སྐྱེ་དགུ་དགོན་གྱི་བཤད་གྲྭར་གདན། ཆོས་འབྲེལ་ཟབ་མོ་གནང་། དེ་ནས་སྒྲུབ་བརྒྱུད་དགོན་དུ་ཕེབས། འདུས་པ་སུམ་བརྒྱ་ལྷག་ལ་འཇམ་དཔལ་རྒྱུད་ལུགས་ཀྱི་དབང་། སྒྲུབ་སྡེ་པ་ལ་གདམས་པ་དང་། དད་ལྡན་ཡོངས་ལ་ཆོས་འབྲེལ་བཅས། ཕེབས་ལམ་དུ་སེབ་པ་དགོན་གྱི་ཨོ་རྒྱན་ཆེན་པོའི་འདྲ་སྐུ་མཇལ་དུ་ཕེབས། རྟེན་དང་བརྟེན་པའི་བཀོད་པ་ལ་ཐུགས་མཉེས་ཚོར་དཔེ་མེད་པ་མཛད་དེ། དེ་དག་གིས་ཞུས་དོན་བཞིན་རབ་གནས་དང་བཀྲ་ཤིས་སྨོན་ལམ་སྤྱི་དང་། བོད་ཡུལ་བདེ་བའི་སྨོན་ལམ་བཅས་གསུངས་ནས་སླར་གདན་སར་ཕེབས། དགུང་གྲངས་དོན་གཅིག་པ་ལྕགས་མོ་སྦྲུལ་ལོའི་ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ནས། ཐེངས་གསུམ་པའི་སྨོན་ལམ་ཆེན་མོའི་དབུ་བཟུང་། འདུས་པ་ལྔ་སྟོང་ལ་ཉེ་བར་བི་མའི་ལུགས་ཀྱི་གདུགས་དཀར་རྗེས་གནང་སོགས་བཀའ་ཆོས་དུ་མ་དང་། དད་ལྡན་ཁྲི་ཕྲག་ལས་བརྒལ་བ་ལ། མཆོག་གླིང་ཐུགས་ཆེན་འཁོར་བ་དོང་སྤྲུག་གི་མགྱོགས་དབང་དང་། བདེ་ཆེན་ཞིང་ཁྲིད་ཆེན་མོ་སོགས་ཆོས་འཁོར་ཟབ་རྒྱས་བསྐོར་ཏེ་སྨོན་ལམ་གྱི་མཇུག་ཏུ། གདན་སར་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་སངས་རྒྱས་གསང་པའི་སྒྱུ་འཕྲུལ་ལམ་རིམ་གྱི་འབྲུ་འགྲེལ་བློ་གྲོས་མུན་སེལ་ བཅས་གནང་། འདི་སྐབས་རྣམས་སུ་སྐུ་ཁམས་སྙུང་ཚུལ་བསྟན་པས་ཕྱོགས་ཀྱི་དམ་པ་རྣམས་ཀྱི་དགོངས་ལུང་ལས་ཞབས་བརྟན་རིགས་རྒྱ་ཆེན་བསྒྲུབས་པ་དང་། བརྟན་བཞུགས་ཕུལ་བ་སོགས་ནན་ཏན་གྱི་སྨན་ཁང་དུ་འབྱོན་པར་གསོལ་བ་བཏབ་པས། རེ་ཞིག་ཧྲང་ཧེའི་ཆེས་མཐོའི་སྨན་ཁང་དུ་ཟླ་གཉིས་ཙམ་བཞུགས་པས། སྐུ་ཁམས་ཡར་དྭངས་བྱུང་སྟེ། སླར་གདན་སར་ཕེབས། ཁམས་བཟང་ངང་མཇལ་འཛོམས་བྱུང་བས། དགྱེས་སྤྲོས་བཅས་ཉིན་ཤས་སྐུ་ངལ་གསོ་བར་ཞུས་པ་ལྟར། བདུད་ཀློང་གི་གཏེར་ཆོས་དཔེ་གཟིགས་གནང་བཞིན་གུ་ཡངས་ཀྱིས་བཞུགས། སྟོན་ཁར་རྗེ་ཉིད་ཀྱི་ཐུགས་བཞེད་ལ། དབུས་ཕྱོགས་བསམ་ཡས་སུ་ཕེབས་འཆར་མཆིས་ཀྱང་། རེ་ཞིག་སྔར་གྱི་སྙུང་གཞི། ཡང་བསྐྱར་ཞིབ་རྟོག་གིས་ཧྲང་ཧེའི་སྨན་ཁང་དུ་འབྱོན་པར་ཞུས་དོན་ལྟར་ཞལ་བཞེས་གནང་། སྟོན་ཐ་མའི་ཚེས་བདུན་གྱི་ཉིན་ཇོ་སེར་འདུས་པ་ཡོངས་ལ། ཀུན་མཁྱེན་མི་ཕམ་པའི་ཁྲེགས་ཆོད་དང་ཐོད་རྒལ་གནད་ཀྱི་གདམས་པ་གཉིས་པོ་དང་། དཔལ་དགེ་རིན་པོ་ཆེའི་ཚིག་གསུམ་གནད་བརྡེགཁྲིད་ཡིག་ཡེ་ཤེས་བླ་མའི་མཚན་དོན་མཇུག་བྱང་བཅས་ཐུགས་བརྩེས་རྗེས་སུ་གནང་ཞིང་། དེར་འཁོད་ཀྱི་ཁྱིམ་པ་རྣམས་ལ་ཡང་། ཟབ་མོའི་གདམས་པ་བཅས་རེ་ཞིག་གདན་ས་རིན་པོ་ཆེར་ཆོས་འཁོར་གྱི་ཐ་མར་གྱུར་ཏོ། །

དེ་ལྟར་རྩ་བའི་གདན་ས་དང་། འཕགས་བོད་ཀུན་ཏུ་གྲུབ་མཐའ་རིས་མེད་ཀྱི་ཆོས་གྲྭ་དང་། དགོན་སྡེ་རྣམས་སུ་སྨིན་གྲོལ་ཟབ་མོའི་ཆོས་འཁོར་བསྐོར་ཏེ་བསྟན་འགྲོར་སྨན་པའི་རླབས་ཆེན་མཛད་པ་བསྐྱངས་ནས། སྐུ་ཚེ་མཐར་ཕྱིན་པའི་མཛད་པ་ལས་འདིར་ཆ་ཤས་ཙམ་བཀོད་པའོ། །

 

                            དཔལ་ལྡན་ངེས་པ་དོན་གྱི་དགའ་བའི་ཚལ། །

                            ལུང་རྟོགས་འདབ་བརྒྱ་སྐྱོང་བའི་ཉིན་བྱེད་དབང་། །

                            ཐུགས་ཆེན་སྐྱོབ་པའི་རླུང་ཤུགས་ཀྱིས་བསྐུལ་བའི། །

                            མཛད་བཟང་བཅུ་གཉིས་འགྲོས་འདི་ཨེ་མ་རྨད། །

 

                            མགོན་ཁྱོད་རྒྱལ་ཀུན་གསུང་གི་གཉེར་འཛིན་པ། །

                            ཆེ་བ་གང་དེས་འདི་ན་བདེ་གཤེགས་ཀྱི། །

                            རྣམ་པར་རོལ་པའི་མཁས་གྲུབ་བགྲང་ཡས་ཀྱང་། །

                            སྨིན་གྲོལ་བདུད་རྩིའི་དགའ་སྟོན་གཉེར་ལ་བྲེལ། །

 

                            དུས་འདིའི་ཡར་སྔོན་ལྗོངས་འདི་ཡི། །

                            སེམས་དཔའ་དུ་མའི་མཛད་པའི་ཁུར། །

                            མཐའ་དག་ཁྱོད་ཀྱིས་འདེགས་བཟོད་པའི། །

                            མ་སྨད་ཤུགས་འདི་གང་ལས་བླངས། །

 

                            ཆོས་སྲིད་དཔལ་ཡོན་རྒྱས་པའི་གཞིར། །

                            འཕགས་ཆེན་མེ་ཏོག་ཕྲེང་ཚལ་ལས། །

                            བསྟན་སྲོག་འཆི་ཁའི་དབུགས་ཀྱི་རྒྱུན། །

                            གསོ་མཛད་བདུད་རྩིའི་དཔལ་ཁྱོད་རྨད། །

 

དེ་ཡན་ཆད་ཀྱིས་འཕགས་པའི་ཡུལ་དང་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་རིས་མེད་ཀྱི། གང་ན་བཤད་དང་སྒྲུབ་པའི་སྡེ་ཆེན་པོ་མཆིས་པ་ཕལ་མོ་ཆེར་ཐུགས་སྲས་བུ་སློབ་རྣམས་དང་། སྐྱེས་ཆེན་དམ་པ་རྣམས་བསྟན་གཞི་གསར་དུ་འཛུགས་པ། ཉམས་པ་སླར་གསོ། བསྟན་རྒྱུན་རྒྱ་ཆེར་སྤེལ་བ་སོགས་ཀྱི་སླད་དུ་བྱང་ཆུབ་སེམས་ཀྱི་མངའ་བདག་རྒྱལ་སྲས་སེམས་དཔའ་ཆེན་པོ་ཉིད། སྤྱན་དྲངས་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་ཏེ། ལུང་རྟོགས་ཀྱི་བསྟན་པ་ཕྱོགས་མེད་དུ་སྤེལ་བ་ལ་སོགས་པ་ཐ་མའི་མཛད་པ་སྟོན་པ་ལ་ཐུག་གི་བར། ལོ་ཚིགས་དང་སྦྲགས་ཏེ་རགས་ཙམ་བཀོད་ཟིན་ཏོ། །

༈ གཞན་ཡང་རྗེ་འདི་ཉིད་ཀྱི་མཁས་པའི་ཚུལ། བཙུན་པའི་ཚུགས། གྲུབ་པའི་མངོན་རྟོགས། བཟང་པོའི་ཕྲིན་ལས་ལས་བརྩམས་ཏེ། མཁྱེན་པར་འཚལ་ན་རྣམ་ཐར་སྐལ་བཟང་དད་པའི་གསོས་སྨན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་གྲངས་ཀྱིས་ཅུང་ཟད་ཞིབ་པར་བརྗོད་པ་ལ་གཟིགས་པས་འཐུས་ལ་འདིར་དེ་དག་ལས་མདོར་བསྡུས་པ་ཙམ་ཞིག་སྨོས་ན། དང་པོ་ཤེས་བྱ་ཀུན་ལ་སྐྱེས་སྦྱངས་ཟབ་མོས་ཤེས་རབ་previous hit རང་བྱན་ཆུད་པའི་རྩོད་མེད་ཀྱི་མཁས་པ་ཡིན་པ་ནི། དེ་ཡང་མཁས་བྱའི་གནས་བཅུ་ཕྲག་རིག next hit་གཞུང་རྒྱ་མཚོར་མཁྱེན་པའི་ཆ་ཤས་ཡོངས་སུ་གང་བས་དེང་གི་དུས་འདིར་རྗེ་འདི་ཉིད་ལ། ལྔ་རིག་སྨྲ་བའི་པཎྚི་ཏ་ཉིད་དུ་གྲགས་ཤིང་གྲུབ་མོད། དེ་ལྟ་ནའང་སྐུ་ཚེ་འདིའི་སྦྱོར་བྱུང་གི་མཁྱེན་རབ་ཙམ་མིན་པར། གྲུབ་བརྙེས་ཀྱི་སྐྱེས་ཆེན་དག་གི་ལུང་གིས་བསྔགས་པ་ལྟར། སྦྱངས་པ་མཐར་སོན་གྱི་འཕགས་ཆེན་སྤྲུལ་པའི་གང་ཟག་རྩོད་དུས་བསྟན་འགྲོའི་དཔལ་དུ་བྱོན་པར་ངེས་པའི་འབྲས་རྟགས་སུ། དཔལ་རོང་ཟོམ་པ་ཆེན་པོའི་རྣམ་པར་ཐར་པ་བཞིན་མདོ་སྔགས་རིག་གནས་མཐའ་དག་བཤད་པ་ཚར་རེའམ། ཕལ་མོ་ཆེ་ལུང་རྒྱུན་ཙམ་བླངས་པས་ཐུགས་སུ་ཆུབ་པར་མཛད་པ་ནི། ཉིད་ཀྱི་གསུང་འཕྲོའི་རྣམས་སུ་ང་རང་གི་དཔེ་ཆ་ཅང་མི་ཤེས་པ་ནི། དུས་དབང་གི་རྐྱེན་གྱིས་བལྟ་རྒྱུ་དང་། ཐོབ་རྒྱུ་ཆེར་མ་བྱུང་། རང་དགོན་གྱི་བཤད་གྲྭ་ལོ་ཤས་དང་། ལྕང་མ་སྒར་དུ་ལོ་གཉིས་ལྷག་ཙམ་དང་བོད་པ་སྤྲུལ་སྐུའི་མདུན་ཟླ་ཤས་ཙམ་གྱིས་དུས་འཁྲུགས་ཀྱི་དབང་དུ་སོང་བ་ཡིན་གསུངས་པ་བཞིན་ནོ། །

སྤྱིར་རྗེ་འདིའི་མཁས་པའི་རྣམ་དཔྱོད་ལ་མཚོན་ན་མ་གི་ཞང་ཞུང་གི་ཇུ་ཐིག་བགྲང་ལུགས་ལྟོ་ཡས་ཀྱི་ཕྱག་ལེན་ཕྲ་མོ་ཡན་ཆད་ནས་ཡ་གི་འོད་གསལ་རྡོ་རྗེ་སྙིང་པོའི་བར་མདོ་སྔགས་previous hit རིག་གནས་དང་བཅས་པ་མི་མཁྱེན་པ་གང་ཡང་མེད་ཀྱང་། གཞུང་ལུགས་གང་འཆད་ཀྱང་རང next hit་གར་ཚིག་འགྲེལ་རེ་དང་། རྩིས་བགྲང་རེ་ཙམ་མ་ཡིན་པར་རྒྱ་བོད་མཁས་པའི་གསུང་སྒྲོས་དང་། རྣམ་དཔྱོད་རིག་པའི་འཆར་ཆ་ཟུང་དུ་འབྲེལ་བའི་སྒོ་ནས་དཀའ་གནས་མཐའ་དག་ཀུ་ཤའི་རྩེ་མོ་ལྟར་མ་འདྲེས་པར་འཆད་པས། གཞུང་གང་གསུངས་ཀྱང་སྐུ་ཚེ་གང་པོར་དེ་ཉིད་ཁོ་ནར་གཟིགས་གནང་མཛད་དམ་སྙམ་པ་ལྟ་བུ་ཞིག་སྟེ། གཟབ་གཤར་ལན་ཝར་གྱི་འབྲི་རྩལ་ཡན་ཆད་ལ་སྦྱངས་པ་ཕུལ་དུ་བྱུང་བ་ཞིག་གོ། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་ཆོས་དེ་ཡང་སྔོན་སྦྱངས་རྣམ་པར་དག་པའི་ཤེ་མོང་སྟོབས་སུ་གྱུར་ཅིང་། སྐུ་ཚེ་འདིར་མཚན་ཡང་དག་བརྗོད་པའི་རྒྱུད་དང་། ཡི་དམ་འཇམ་དཔལ་ཚེ་བདག་གཉིས་ལ་བསྟེན་ནས་ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས་པ་སྟེ། སྒོ་ཆེན་སྤྲུལ་སྐུ་པདྨ་རྒྱལ་པོའི་གཏེར་ལུང་ལས། མགོན་འཇམ་དཔལ་མཚན་བརྗོད་ཁྲི་འདོན་ན༔ཁོང་མཁྱེན་དཔལ་དངོས་གྲུབ་བརྙེས་པར་འགྱུར༔ཞེས་པའི་འཁྲུལ་བ་མེད་པའི་ལུང་གིས་བསྔགས་པ་ལྟར་རོ། །

དེ་ལྟ་ནའང་ཉི་མ་དྲོད་དང་ཟླ་བ་བསིལ་བའི་previous hit རང་བཞིན་དུ་འགྲོ་བ་མིའི་རིགས་ལ་མཐུན་སྣང་དུ་གྲུབ་པ་བཞིན། ཕྱོགས་ཐམས་ཅད་དུ་མདོ་སྔགས་རིག next hit་གཞུང་རྒྱ་མཚོའི་ཕ་མཐར་སོན་པའི་བཅུ་ཕྲག་རིག་པ་སྨྲ་བའི་པཎ་ཆེན་ཉིད་དུ་ཡོངས་སུ་གྲགས་ཤིང་གྲུབ་པའི་ཆེ་བ་ནི། བཟང་པོ་སྤྱོད་པ་ལས། ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །

ཅེས་པའི་སྨོན་འབྲས་མངོན་དུ་གྱུར་པ་ཉིད་དུ་ངེས་པས། རྗེ་འདི་ཉིད་ཀྱི་མཁས་པའི་ཡོན་ཏན་འདི་ཙམ་མོ་ཞེས་བརྗོད་པའི་ཡུལ་མ་ཡིན་ཡང་། མི་ཕམ་རིན་པོ་ཆེས་འཇམ་དབྱངས་མཁྱེན་བརྩེ་དབང་པོར་བསྔགས་བརྗོད་བདེན་ཚིག་རྡོ་རྗེ་རོལ་མོ་ལས། ཕྱི་དང་ནང་གི་རིག་པའི་གནས། །

                            ཀུན་ལ་ཁྱབ་པར་རྗེས་སོང་བ། །

                            མཁའ་དང་མཉམ་པའི་བློ་གྲོས་ཅན། །

                            ཁྱེད་ནི་ཆོས་གཏེར་ཆོས་ཀྱི་མཛོད། །

                            མཁས་པར་གྲགས་པ་མང་ན་ཡང་། །

                            ཐེ་ཚོམ་སྨག་དང་བྲལ་བ་ནི། །

                            ཡེ་ཤེས་ཉི་མའི་འོད་ཟེར་ཅན། །

                            མཁྱེན་རབ་གཙང་མ་ཁྱེད་འདྲ་དཀོན། །

ཅེས་པ་ལྟར་མདོ་སྔགས་ཀྱི་གཞུང་གང་འཆད་ཀྱང་སྙན་ཞིང་གསལ་ལ་གོ་བདེ་བ། དོན་གྱི་བྱིངས་འཇལ་བ་ལ། མཁྱེན་རབ་ཀྱི་རླབས་ཆེ་བ། རང་གཞན་གྱི་གཞུང་ལུགས་ལ། སོ་སོར་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་ཀྱང་། དོན་མེད་ཆགས་སྡང་གི་དགག་སྒྲུབ་མི་གནང་བར་ཟབ་གནད་རེ་རེ་ནས་ཡང་དག་པའི་བཀའ་དང་། འགྲེལ་བ་ཚད་ལྡན་རྣམས་ཀྱི་དགོངས་པ་བཞིན་ལེགས་པར་འདོམས་པ་ཁོ་ན་ལྷུར་མཛད་པ་ཡིན། སྔ་ཕྱིར་དོན་གཉེར་ཅན་དུ་མས་ལྟ་གྲུབ་ཤན་འབྱེད་དང་། ངེས་ཤེས་སྒྲོན་མེ་གཉིས་ལ་འགྲེལ་བ་གསལ་རྒྱས་ཤིག་མཛད་པར་ཞུས་ཀྱང་མ་གནང་། ཅིས་ཀྱང་ནན་གྱིས་ཞུས་པ་ན། སྔོན་བྱོན་དམ་པ་རྣམས་ཀྱིས་མ་གསུངས་པའི་རིགས་པ་གསར་པ་ནི་བདག་ལ་གང་ཡང་མེད། སྔར་ཡོད་ཀྱི་གཞུང་ཚིག་རྣམས་ཕྱོགས་བསྒྲིགས་བྱས་པ་ལ་གོ་རྒྱུ་ལྷག་པོ་མེད་པར་མ་ཟད། ཆགས་སྡང་གི་རྒྱུར་འགྱུར་ཉེན་ཆེ། སྤྱིར་ང་རང་གི་ངོས་ནས་བསྟན་བཅོས་རྩོམ་པའི་མཚན་ཉིད་ཚང་བའི་གང་ཟག་མ་ཡིན་པས། དེ་བས་སྔོན་བྱོན་དམ་པའི་གསུང་། བཤད་ལུང་རེ་ཡོད་པ་རྣམས་ཚར་གྲངས་མང་ཙམ་འཆད་ཉན་བྱས་ན་ང་རང་ཡང་དགའ་བཞིན་སྤྲོ་བཞིན་ཡིན་གསུངས་པ་ལས་ཞལ་བཞེས་མ་གནང་། དེ་བཞིན་དུ་རང་གཞུང་ན་གསལ་ཁ་མེད་པའི་དཀའ་གནད་རེ་ཞུས་ཚེ། འཕགས་ཡུལ་གྱི་མཁས་པ་རྣམ་དང་ས་དགེ་བཀའ་རྙིང་གི་ཆེན་པོ་རྣམས་ཀྱིས་བཞེད་པའི་ཁྱད་པར་རང་གི་གོ་ཕྱོགས་ཅུང་ཟད་ཡོད་པ་རྣམས་བཤད་ཁུལ་བྱས་པ་ལས། རང་ལུགས་ལ་འདི་ལྟར་བྱས་ན་ཞེས་ངས་ནི་ཅི་ཡང་མི་ཤེས་གསུངས་པ་ལས། གསལ་གསལ་བོ་དང་མཚར་མཚར་པོ་ཞིག་གཏན་ནས་གསུངས་པར་མི་མཛད་པ་ནི། འཇམ་པའི་དབྱངས་དངོས་མི་ཕམ་རྣམ་པར་རྒྱལ་བས་ཀྱང་། བདག་ལྟ་བུའི་རྟོག་གེ་བའི་དཔྱད་ངོར་ཡང་། གོ་ཡུལ་སྣ་ཚོགས་འཆར་འདུག་ཀྱང་། གཞུང་གི་རྣམ་བཤད་ཅུང་ཟད་རེ་བྲིས་པའི་ཚེ། གཞུང་དེ་དག་དོན་ལ་འདི་ཞེས་བཞེད་པ་སྔོན་གྱི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་ཆེན་པོ་རྣམས་ཀྱི་གསུང་བཞིན་མཛད་པ་ལས། གསུང་ན་མེད་བཞིན་རང་བཟོས་བཤད་པ་ཅུང་ཟད་ཀྱང་བགྱིད་མི་རུང་བར་ནན་ཏན་དུ་བསམ་པ་ཡིན་ཞེས་གསུངས་པ་ལྟ་བུ་དེ་ཁོ་ན་ཐུགས་ཉམས་སུ་བསྟར་བ་ཞིག་ཡིན་པས། གནས་འདི་ཉིད་ད་ལྟའི་དུས་འདིར་ཐོས་བསམ་པ་དག་གིས་སྒྲིམ་པོའི་བློ་ཡིས་དམ་པ་འདི་དག་གི་རྗེས་སུ་སློབ་ཅིང་། འཇུག་པ་ནི་ཆེས་གལ་ཆེ་བ་ཉིད་དུ་སེམས་ཏེ། རྣམ་པ་གཅིག་ཏུ་ན་རྗེ་འདི་ཉིད་ལྷག་ལྷ་རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྱིན་རླབས་ཐུགས་ལ་ཞུགས་པས་ཤེས་བྱ་ཀུན་ལ་མཁྱེན་རབ་ཕྱོགས་མེད་དུ་རྒྱས་ཤིང་། ཆོས་ཉིད་ཟབ་མོའི་དགོངས་པ་མངོན་དུ་གྱུར་པ་ནི། སྒོ་ཆེན་གཏེར་ལུང་དུ་གསལ་བ་ལྟར་སྐུ་སྐྱེ་འདིར་ལྷག་པའི་ལྷ་ལ་བསྟེན་ནས་མཁྱེན་རབ་ཀྱི་དཔལ་བརྙེས་ཚུལ་སྟོན་པ་ནི་དྲང་དོན་ལྟར་ལ། ངེས་པའི་དོན་དུ་ན། རྒྱལ་བ་ཀུན་གྱི་མཁྱེན་པའི་རང་གཟུགས་འཇམ་དཔལ་དཔའ་བོ་དངོས་ཉིད་ཞིང་འདིར་དགེ་བའི་བཤེས་གཉེན་གྱི་ཟོལ་གྱིས་བསྟན་འགྲོའི་མགོན་དུ་སྣང་བ་སྟེ། ཁམས་གཙང་གཏེར་སྟོན་གྱི་གཏེར་ལུང་ལས། འདི་ནས་ལྷོ་ཕྱོགས་ཨ༵་ཡི་ཡུལ༔ཕུར་པས་བྱིན་རླབས་འཇམ་དབྱངས་འཕྲུལ༔དགེ༵་ལེ༵གས་མཚན་གྱི་བ་དན་གཡོ༔ཀུན་ཕན་ཉི་མ་གླིང་བཞིར་ཁྱབ༔བཤ༵ད་སྒྲུབ༵་ཀྱི་མངའ་ཐང་ཆེས་ཆེར་མཛེས༔ཞེས་པའི་འཁྲུལ་བྲལ་ལུང་གིས་བསྔགས་པས་སོ། །

དེ་ལྟ་བུའི་འཕགས་ཆེན་སྤྲུལ་པའི་གང་ཟག་ཁོང་ལྟ་བུ་ལ། ཟབ་ཡངས་མཁྱེན་རབ་སྤྲིན་ཕུང་སྟུག་པོ་ལས་བྱུང་བའི་རིགས་འཕྲུལ་གློག་གི་ཟློས་གར་འབད་མེད་དུ་འབྱུང་བ་ནི་སྨོས་མ་དགོས་ཀྱང་། དེ་ཡང་འཇམ་མགོན་མི་ཕམ་པས། དེང་སང་གི་མི་རྣམས་ཕལ་ཆེར་ཕྱོགས་ཞེན་ཆགས་སྡང་ནི་ཆེ། གཟུ་བོར་ནི་མི་གནས། གསར་རྙིང་གི་ཀློག་པ་པོ་རྣམས་ཚིག་གི་འཐེན་རྩོད་ཀྱི་རྩོད་པ་ལྷུར་ལེན་པ་ལས། ཟབ་དོན་ཚུལ་བཞིན་འཚོལ་བའི་གཟུར་གནས་ནི་དཀོན་པའི་སྐབས་ཡིན་པར་གསུངས་པ་ལྟར་རོ། །

དེར་མ་ཟད་previous hit རང་གཞན་གྱི་གྲུབ་མཐའི་དགག་གཞག་གི་གནས་སྟོན་པའི་གཞུང་ལུགས་མ་ཡིན་པ་ཐུན་མོང་གི་རིག next hit་པའི་གནས། དགེ་པཎ་དབྱངས་ཅན་སྒྲ་མདོའི་འགྲེལ་བ་འོད་ཟེར་བརྒྱ་པའི་བཤད་ལུང་རྗེ་ཉིད་ལ་མ་བཞུགས་པ་ལ་རྨེ་བ་མཆོག་སྤྲུལ་རྡོར་ལོ་ལས་བཤད་རྒྱུན་གསན་སྐབས། རྡོ་ལོར་ཚང་ནས་ཞུ་མི་འོས་ཤིང་མི་སྤོབས་ལ ། ཅིས་ཀྱང་དགོས་ན་སྒྲ་འགྲེལ་འདི་ལ་ལྷན་ཐབས་གསལ་རྒྱས་ཤིག་མི་མཛད་ཐབས་མེད་ཡིན་ཞུ་བ་ཕུལ་བ་ན། ཞུ་ངོར་མ་ཟློག་པར་ཞལ་བཞེས་གནང་ན་ཡང་མཆོད་བརྗོད་མཇུག་རྩོམ་གང་ཡང་མེད་པར་སྐབས་སྐབས་སུ་གསལ་བྱེད་ཀྱི་ལྷན་ཐབས་ཉུང་ཤས་ཤིག་ལས་མཛད་པ་མ་གནང་། སླར་ཡང་མཆོག་སྤྲུལ་རིན་པོ་ཆེ་ནས་གལ་པོ་ཆེ་ལ་ནན་ཏན་གྱི་ཞུ་ཡིག་ཕུལ་བ་འདི་ལྟར།

 

༈ འཕྲིན་ཡིག་སྤོས་ཀྱི་དྲི་བསུང་།

ན་མོ་གུ་རུ་བེཿ

                            རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན་པའི་བདག །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            སྒྲ་ཚད་བཟོ་གསོ་བཅུ་ཕྲག་རིག་པ་འཛིན། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            དབུ་ཕར་མཛོད་འདུལ་གཞུང་ལུགས་རྒྱ་མཚོའི་མཛོད། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            ཟབ་ལམ་སྔགས་ཀྱི་དེ་ཉིད་གསལ་མཛད་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            དགེ་འདུན་བྱེ་བའི་གཙུག་ན་མངོན་འཕགས་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            མཁས་ཚུལ་གསུམ་གྱིས་རྒྱལ་བའི་བསྟན་པ་འཛིན། །

                             བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            སྡོམ་གསུམ་མིག་གི་འབྲས་བཞིན་སྲུང་མཛད་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            མཁྱེན་པའི་རང་བཞིན་འཇམ་དཔལ་གཞོན་ནུའི་སྐུ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            བརྩེ་བའི་བདག་ཉིད་པད་དཀར་འཆང་བའི་གསུང་། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            ནུས་མཐུ་གསང་བདག་གར་གྱི་རྣམ་རོལ་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            རིན་ཐང་བྲལ་བའི་གདམས་པ་གནང་མཛད་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            དགེ༵་ལེག༵ས་ཆོ༵ས་ཚུལ་རྒྱ་མཚོ་འཕེ༵ལ་མཛད་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་པ། །

                            བཤེས་གཉེན་ཁྱོད་ནི་བདག་གི་མགོན་ཡིན་ནོ། །

                            མི་ཤེས་རྨོངས་པར་འཁྱམས་པའི་སློབ་བུ་བདག །

                            གཏན་བདེ་རྒྱལ་བའི་གོ་འཕང་མ་ཐོབ་པར། །

                            འབྲལ་མེད་སྤྱི་བོའི་རྒྱན་དུ་བཞུགས་གྱུར་ནས། །

                            ལུང་དང་རྟོགས་པའི་ཉི་གཞོན་འཆར་བ་དང་། །

                            འགྲོ་བ་འདྲེན་པའི་དཔལ་དུ་གྱུར་ཅིག་གུ།

ཅེས་དང་། སླར་ཡང་གསང་སྔགས་སྔ་འགྱུར་པ་ལ་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བཅུད་ཀྱི་ཉིང་ཁུ་ཡོད་པ་གཞིར་བྱས་མ་ཟད་ཐུན་མོང་གི་རིག་གནས་ཆ་ཚང་བ་ཡོད་པ་ལ་རིག་གནས་ཀུན་གྱི་ཡ་གྱལ་ལྷ་མོ་དབྱངས་ཅན་མའི་ཞལ་གསུང་སྒྲ་མདོའི་འགྲེལ་བ་དགེ་རྩེ་མ་ཧཱ་དོན་གྱི་པཎྚི་ཏའི་གསུང་གི་རྒྱུན་ཆད་ལ་ཁད་དུ་ཉེ་བའི་སྐབས་འདིར་ཁྱད་འཕགས་ཀྱི་སྒྲ་མཆན་དོན་གོ་ཆེ་བ་འདི་ལྟར་དབུ་ནས་མཚན་དང་ལོ་རྒྱུས། བར་སྐབ་ཀྱི་ཚིགས་ཅད་དང་། མཐར་གྱི་འཇུག་རྩོམ་ལ་སོགས་པ་མཐར་ཆགས་གྲུབ་པར་བགྱི་བ་ཐུགས་ལ་འདོགས་འཚལ་ཞེས་ཡང་ནས་ཡང་དུ་ཞུ་ཞུ་ཞུ། ཐུགས་དམ་རྡོ་རྗེའི་རྭ་གུར་ལས་ནམ་ཡང་མི་དོར་བའི་བཀའ་དྲིན་ཞུ་རྒྱུ་དང་། བཀྲ་ཤིས་པར་མཚོན་བྱེད་དར་དང་སྤོས་ཕོར་བཅས་སློབ་བུ་ཐ་ཤལ་རྡོར་ལོས་བོད་ཟླ་བཅུ་པའི་ཚེས་ལྔ་ལ་དགེ་བར་གུས་ཕུལ། ཞེས་པའི་དོན་གཉེར་ཆེན་པོས་སྔ་ཕྱི་ཀུན་ཏུ་ཡང་ནས་ཡང་དུ་ཞུ་སྐུལ་ནན་མོར་བགྱིས་པའི་སྐུ་དྲིན་ལས་བརྡ་སྤྲོད་ཉིན་བྱེད་འདྲེན་པའི་ཤིང་རྟ་ཞེས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་དབུ་མཇུག་ཆ་ཚང་གནང་བ་ལས། གཞན་དུ་ཆོས་རྗེ་བླ་མ་རིན་པོ་ཆེ་ནི་གོང་བཤད་ལྟར། སྔར་བྱོན་གྱི་ཆེན་པོ་དག་གི་གཞུང་ལུགས་ལེགས་བཤད་རྣམས་ཀྱི་དགོངས་པ་འགལ་མེད་གཅིག་ཏུ་བསྒྲུབས་ནས། འཆད་སྤེལ་གྱིས་རྩོད་དུས་ཀྱི་གདུལ་བྱ་ཉེས་སྤྱོད་ཀྱི་གཡང་ལས་སྐྱོབ་ཅིང་། རྒྱལ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་གནང་བ་ལས། གཞུང་འགྲེལ་གསར་དུ་གནང་བའི་མཛད་པ་གཙིགས་སུ་མི་མཛད་པས་སོ། །

དེས་ན་དུས་ཀྱི་ཐ་མ་འདིར་བསྟན་འགྲོའི་མཛད་བཟང་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བས་སྐུ་ཚེ་ཧྲིལ་པོར་རིས་སུ་མ་ཆད་པའི་གྲུབ་མཐའ་དང་། སྐྱེ་འགྲོ་ཀུན་གྱི་དད་པའི་ཞིང་ས་ཁོ་ནར་སོང་བ་ལས་ཆགས་སྡང་གཟའ་སྤྲིན་གྱིས་མ་བསྒྲིབས་པའི་མཁས་པའི་མཛད་འཕྲིན་ཟླ་མེད་པའི་དུང་ཟླ་དཀར་པོ་ཉིད། ཞི་བ་ཆོས་སྐུའི་ནུབ་རིར་བརྒལ་བའི་ཚུལ་འདི་ནི། ལྟ་བའི་སྙིགས་མ་རྨུ་རྒོད་ཀྱི་གདུལ་བྱ་འདུལ་བ་ལ་ཆེས་འབྱུང་བར་དཀའ་བའི་རྨད་དུ་བྱུང་བའི་མཛད་པ་ཞིག་ཏུ་འཁུམས་སོ། །

མདོར་ན་དེང་གི་དུས་འདིར་འཕགས་བོད་ཀྱི་གནས་ན་གང་ཟག་ཆོས་སྤྱན་ལྡན་པ་ཀུན་གྱིས་རྗེ་འདི་ཉིད་ཀྱི་ཐུན་མོང་ཐུན་མིན་གྱི་རིག་པའི་གནས་ཟབ་པ་དང་རྒྱ་ཆེ་བའི་གནད་གསང་ཀུན་ཐུགས་སུ་ཆུད་པའི་མཁྱེན་རབ་ཀྱིས་ཡིད་དབང་མེད་དུ་འཕྲོག་སྟེ། གཙུག་གི་རྒྱན་དུ་བཀུར་བ་ནི་རྩོད་མེད་མཁས་པའི་ཁྱད་ཆོས་མདོ་ཙམ་བརྗོད་པའོ། །

 

                            སྣ་ཚོགས་ཤེས་བྱའི་ལྗང་ལོ་བསྐྱོད་པའི་ཚལ། །

                            མཁྱེན་བཟང་ནོར་དབྱིག་འཛིན་པའི་དཔྱིད་དཔལ་ལ། །

                            རིས་མེད་མཁས་གྲུབ་ལྷོ་མོན་ཁུ་བྱུག་ཚོགས། །

                            བསྔགས་བརྗོད་མགྲིན་གླུ་སྙན་མོས་ཡིད་དབང་འཕྲོག །

 

                            སྙིགས་དུས་བསྟན་སད་མྱ་ངམ་བྱེ་མའི་ཐང་། །

                            དགག་གཞག་སེར་སྤྲིན་འཐོར་རླུང་མ་ཡིན་པར། །

                            རྒྱལ་བསྟན་འགལ་མེད་གྲུ་བཞི་ལམ་ཁྱེར་གྱི། །

                            གྲུ་ཆར་སྙོམས་པོས་བཤད་སྒྲུབ་སྙེ་མ་བསྐྱངས། །

 

                            ཉི་ཚེའི་སྦྱངས་པ་ཆར་གྱི་ཐིགས་པ་ལས། །

                            ཆ་ཤས་རིག་པའི་རྫིང་ཕྲན་འཁྱིལ་མིན་པར། །

                            སྐྱེ་བར་གོམས་པའི་མཁྱེན་རབ་ནོར་བུའི་མཛོད། །

                            གཞལ་བྲལ་ཡོན་ཏན་རྒྱ་མཚོ་གཏིང་མཐའ་བྲལ། །

 

                            དེང་དུས་རྒྱལ་བསྟན་གསལ་བྱེད་མཁས་པའི་ཁྱུར། །

                            མཁྱེན་བཟང་ཁོ་ལག་རྫོགས་པ་ཁྱེད་ཉིད་ཙམ། །

                            སྟོན་མཚན་བཅོ་ལྔའི་དགུང་སྔོན་མཛེས་པའི་རྒྱན། །

                            འོད་བཟང་ཆ་ཤས་གང་བ་གཉིས་པ་དབེན། །

 

༈ དེ་ནས་སོར་བྱང་སྔགས་ཀྱི་སྡོམ་པར་ཉེས་ལྟུང་ཕྲ་བས་ཀྱང་མ་རེག་པའི་སྡོམ་བརྩོན་བཙུན་པའི་རྣམ་ཐར་ཅུང་ཟད་བརྗོད་ན། དེ་ཡང་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས།

                            ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །

                            རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །

                            དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །

                            གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །

 

ཞེས་པ་བཞིན་ཡོན་ཏན་རིན་པོ་ཆེ་མཐའ་དག་གི་རྩ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཁོ་ན་ཡིན་པར་ངེས་ཤེས་གཏིང་ཚུགས་པ་ཡེ་ནས་མངའ་བ་གོང་དུ་བརྗོད་པ་ལྟར། དགེ་མང་ཡོན་ཏན་རྒྱ་མཚོའི་མཁན་བུ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཕུག་ཁང་མཁན་ཆེན་དགེ་ལེགས་གྲགས་པའི་སྐུ་དྲུང་ནས་རབ་ཏུ་བྱུང་། དགེ་ལེགས་ཆོས་འཕེལ་ཞེས་པའི་མཚན་གྱི་ཅོད་པན་བསྩལ་བ་ནས་རིམ་པས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ནས། བསླབ་པའི་གནས་མཐའ་དག་ལ་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུངས་པས། ངུར་སྨྲིག་གི་རྒྱལ་མཚན་འཆང་བ་རྣམས་ཀྱི་མཆོག་ཏུ་གྱུར། བྱང་ཆུབ་སེམས་དཔའི་བསླབ་པ་དང་། གསང་བ་སྔགས་ཀྱི་དམ་ཚིག་གི་རིམ་པ་ལ། སྐྱེས་རབས་རིན་པོ་ཆེའི་ཕྲེང་བ་ཀུན་ཏུ་མི་འདའ་བའི་ཆོས་ཅན་ཞིག་ལགས་མོད། སྐུ་ཚེ་འདིར་ཡང་མཆོག་གི་རྡོ་རྗེ་སློབ་དཔོན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ལས། མདོ་དབང་ཆེན་མོའི་ཐེག་པ་རིམ་དགུའི་འཇུག་སྒོ་དབང་གི་དཀྱིལ་འཁོར་དུ་སྨིན་པར་མཛད་པས། བྱང་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་བླངས། དེ་ལྟར་ནོད་པའི་སྡོམ་པ་གསུམ་པོ་ཡང་།

རྒྱལ་དབང་ཀློང་ཆེན་པས།

                            སྟོང་ཉིད་ངང་ནས་རྒྱུ་འབྲས་སྤྱོད་བྱེད་ཅིང་། །

                            བྱར་མེད་རྟོགས་ནས་སྡོམ་གསུམ་སྲུང་བ་དང་། །

                            དམིགས་མེད་སྙིང་རྗེ་འགྲོ་ལ་ཕན་བརྩོན་པ། །

 

ཞེས་གསུངས་པ་ལྟར། རྒྱུ་འབྲས་ཡིད་ཆེས་ཀྱི་ངེས་འབྱུང་། དམིགས་པ་མེད་པའི་སྙིང་རྗེ། སྟོང་ཉིད་ཟབ་མོ་རྟོགས་པས། སྲུང་སྡོམ་ཁུར་དུ་མ་སོང་བར་ཐུབ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་རྗེས་སུ་བསྐྲུན་པར་མཛད་པའི་ཚུལ་ལས། རེ་ཞིག་ཕྱི་སོ་ཐར་གྱི་འདུལ་ཁྲིམས་རྣམ་པར་དག་པའི་ཚུལ་ཅུང་ཟད་བརྗོད་ན། སྤྱིར་རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ་དཔལ་གསང་བའི་བདག་པོ་དང་ཞལ་མི་གཉིས་པ་མཁན་ཆེན་ཞི་བ་འཚོའི་རྣམ་འཕྲུལ་ཉིད་དུ་འཁྲུལ་བ་མེད་པའི་བཀའ་ལུང་གིས་བསྔགས་པས་ན། རྒྱུད་སྡེ་ཟབ་མོ་དག་ནས་འབྱུང་བའི་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལ་དབང་ཡང་། རྩོད་དུས་བསྟན་པའི་མིག་ལྟོས་ལ་དགོངས་ཏེ། ལྷ་གཅིག་དཱི་པཾཀ་རའི་རྣམ་ཐར་རྗེས་སུ་བསྐྱངས་བས། ཕམ་ལྷག་སྟུང་བྱེད་ཀྱི་ཉེས་པ་ལྟ་ཅི། ཉེས་བྱས་ཕྲ་བའི་གོ་སྐབས་ཀྱང་མི་འགྱེད་པ་ནི། གུང་ཚིགས་ཀྱི་དུས་སྨྲ་བཞིན་དང་། ཅག་ཅག་ཕུ་ཕུ་སོགས་ཟས་ཟ་བའི་སྡེ་ཚན་གྱི་ཉེས་བྱས་ཕྲ་མོའི་རྣམ་གྲངས་ཡན་ཆད་ཞིབ་མོར་བརྟགས་ཀྱང་། འགལ་བ་ཅུང་ཟད་མེད་པ་དང་། འཚོ་མཁོ་ལྷག་པོའི་ཡོ་བྱད་བྱིན་རླབས་དང་མི་འབྲལ་བ་དང་། གཞན་ལ་ཡང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བའི་རྗེས་སུ། དགེ་སློང་དུ་གྱུར་ཕན་ཆད་མ་མཐར་ལྟུང་བྱེད་ཡན་ཆད་ཀྱིས་དང་པོ་ནས་མ་གོས་པ་ཞིག་དགོས། སྔོན་ཆད་ཐུབ་དགའ་ཡིད་བཞིན་ནོར་བུའི་ཕྱག་བཞེས་ལ། བསྙེན་པར་རྫོགས་པའི་ཕྱི་ཉིན་ནས་འདུལ་བ་མདོ་རྩ་ཞིག་ཞུ་བཅུག་དར་ཞེས་གསུངས་ནས། འདུལ་གཞུང་ལ་ཐོས་བསམ་བགྱི་བ། བསླབ་པ་རིན་པོ་ཆེར་ནན་ཏན་དགོས་པར་རྗེས་སུ་གདམས་པ་དང་། དེ་བཞིན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བླངས་པ་དེ་མ་ཐག་ཟས་བཅད་དུ་འདུག་རྒྱུ་གལ་ཆེ་ནི་རེད། ང་རང་ཡང་ཨ་འཛོམས་དུ་སོང་བའི་ཡར་ལམ་བསྙེན་རྫོགས་བསྒྲུབས་ནས་ལམ་དུ་འགྲོ་ཞོར་ཟས་བཅད་འདུག་རྒྱུ་རེད་སོང་བས། ང་རུས་སོབ་ནེ་ཁི་དཀའ་མོ་འདྲ་ཞིག་ཡིན་ཐ་གསུངས། གཞན་ཡང་དགེ་ཚུལ་གྱི་སྡོམ་པ་གནང་བའི་རྗེས་སུ་ཡང་། བསྒྲུབ་བྱ་མང་བ་དང་། དུས་ཚོད་བྲེལ་བའི་སྐབས་གང་ཡིན་ཡང་། བསླབ་པ་བརྗོད་པ་ཀློག་འདོན་ཙམ་གྱིས་གོ་ཆོད་པའི་སླ་ཆོས་མི་མཛད་པར། རགས་པ་བཅུ་དྲིལ་རེ་ཞིབ་པར་དུ་མི་གསུངས་པའི་དུས་མེད་པ་དང་། ཁྱད་པར་ཕྱིས་སྐུ་ན་བགྲེས་ཤིང་། སྙུང་གཞི་ལྕི་བའི་སྐབས་རྣམས་སུ་ཡང་། བསྙེན་རྫོགས་ཀྱི་སྡོམ་པ་གནང་བར་ཞུས་པ་ན། སྐུ་ངལ་འོ་བརྒྱལ་ལ་མི་འཛེམ་པར། ཐུགས་དགྱེས་པ་ཆེན་པོས་རྗེས་སུ་བཟུང་སྟེ། བསྒྲུབ་བྱ་ལ་གོས་གཏད་པའི་སྐབས་སུ་སློབ་བུ་དག་གིས། ཉིད་འོ་བརྒྱལ་མི་ཐུབ་པས། གྲོགས་དན་པས་བགྱི་བར་ཞུས་ཚེ། བླ་གོས་སྦྲགས་ཏེ་མཁན་པོས་བསྐོན་པར་བྱའོ། །

ཞེས་གསུངས་པར། ལག་ལེན་རྩིང་པོ་བྱ་མི་རུང་གསུངས་ནས་ཕྱག་གཡས་གཡོན་ནས་གཞན་གྱིས་བསྐྱོར་ཏེ་བཞེངས་དགོས་པ་དང་། སྐུ་བརྟེན་དགོས་པ་ཅི་བྱུང་ཡང་། སླ་ཆོས་དང་བག་ཡངས་སུ་གཏོང་བ་ཞིག་གཏན་མི་མཛད། ཕྱིའི་རྒྱལ་ཁབ་རྣམས་སུ་བྱོན་དུས་ཕེབས་ལམ་དུ་ཞུགས་པ་སོགས་ཀྱི་རྐྱེན་གྱིས་གཅིག་ནས་ཉིན་གཉིས་གསུམ་བར་གུང་ཚིགས་ཡོལ་བས་གསོལ་ཚིགས་མ་བཞེས་པར་ཉིན་རེ་གཉིས་ལ་གུང་ཚིགས་མ་ཟོས་ཀྱང་ཁམས་དྭངས་མོ་འདྲ་རེད་ཅེས་གསུངས་ནས། ཐུགས་ཁམས་དྭངས་དྭངས་ཀྱིས་བཞུགས་ཞེས་སུ་ཐོས། ཕྱིས་གདན་སར་ཕེབས་ནས་ཞལ་བརྡ་གནང་བ་ན་ཡང་ད་ལྟ་དམ་ཆོས་འདུལ་བའི་བསྟན་པ་ཤིན་ཏུ་ཉམས་དམའ་བའི་དུས་སུ་སླེབས་འདུག འཕགས་ཡུལ་སོགས་སུའང་དགེ་སློང་ཡོ་བྱད་བྱིན་རླབས་ལྡན་པ་དཀོན་པོར་འདུག་སྟེ། འགའ་རེར་ཡོ་བྱད་བྱིན་རླབས་ཨེ་ཡོད་ཅེས་དྲིས་ཚེ་གོ་བརྡ་མི་འཕྲོད་པར། ཅ་ལག་ཅིག་ཨེ་ཡོད་ཅེས་འདྲི་བ་ཡིན་སྣང་འཆར་འདུག ལར་དེང་སང་ཐམས་ཅད་ཀྱིས་བསླབ་པ་ཁྱད་གསོད་དང་། བག་མེད་ཀྱི་དབང་དུ་བཏང་བས། ཅུང་ཟད་ཕན་དུ་རེ་ནསཕྱི་ཕྱོགས་སུ་སོང་སྐབས། ལམ་ཞུགས་ཀྱི་རྐྱེན་གྱིས་ཉིན་ཁ་ཤས་གུང་ཚིགས་ཡོལ་བར་གྱུར་ཀྱང་། ཕྱི་དྲོའི་ཁ་ཟས་མ་ཟོས་གསུངས། གཞན་ཡང་ཆོས་ཁྲིད་ཀྱི་ཟུར་འཕྲོས་རྣམས་སུ། རབ་ཏུ་བྱུང་བ་བསྒྲུབ་བྱའི་གཙོ་བོ། གཞི་གསུམ་དང་། ཁྱད་པར་གསོ་སྦྱོང་ནི་རབ་བྱུང་རྣམས་ཀྱིས་ཅི་ནས་ཀྱང་མི་མཛད་ཐབས་མེད་ཡིན་ཞེས་ནན་ཏན་གྱིས་གསུངས་ཤིང་། དེ་བཞིན་དུ་ཞལ་ནས། གྲུབ་བསྙེས་ཆེན་པོ་རྣམས་ཀྱིས་གྲུབ་པའི་མཛད་སྤྱོད་ལ་བརྟེན་ནས་བསྟན་འགྲོའི་དོན་མཛད་པ་ཡོད་མོད། རང་ལྟ་བུ་ལ་དེ་ལྟ་བུའི་ཁ་ཐབས་དང་འཁོས་ཀ་མེད་པས། དམ་ཆོས་འདུལ་བ་ལ་གཟབ་གཟབ་རེ་བྱེད་པ་ལས་གལ་ཆེ་བ་མེད་གསུངས། སྐུ་ཚེ་སྨད་བྱོན་བཞུགས་ཧ་ཅང་དཀའ་བའི་དུས་སུ་ཡང་། གསོ་སྦྱོང་གི་ཉིན་གཎྜི་མ་བརྡུང་བའི་སྔ་རོལ་འཁར་རྔའི་བརྡས་བསྐུལ་བའི་དུས་ནས། སྐུ་ཉིད་འདུ་ཁང་དུ་ཕེབས་ཏེ། སྤོས་ཤིང་སོགས་དྲི་བཟང་གི་བདུག་པ་གཏུལ་བཞིན། ཡོན་ཆབ་མར་མེ་རྣམས་ཡོ་བཅོས་གནང་ཞིང་། རྒྱུན་ཆགས་གསུམ་པའི་སྐབས་སུ་ཕྱག་དང་བཞེངས་བཞུགས་སོགས་ཆད་ལུས་མེད་པར་མཛད་ཅིང་། ན་བཟའ་རྣམས་ཀྱང་། རྒྱུ། ཚད། ཁ་དོག བགོ་ཚུལ་སོགས་གང་ནས་ཀྱང་འདུལ་བ་ནས་འབྱུང་བ་ལྟར། ཆེས་མཛེས་ཤིང་ཡིད་དུ་འོང་བ། གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་པའི་དུས་དང་། ལས་གང་ལ་འདུན་པ་ལེན་རུང་མི་རུང་གི་གནས་སོགས་ལ་ཕྲ་ཞིང་ཕྲ་བ་ནས་ཕྱག་ལེན་དུ་བསྟར་བ་ལས། འདུལ་གཞུང་དང་མཐོང་བརྒྱུད་ན་མེད་པའི་སླ་ཆོས་ཀྱི་རིགས་མི་མཛད་པ་དང་། རྟེན་གསུམ་བཞུགས་པའི་ལྷ་ཁང་། དགེ་འདུན་པའི་འདུ་ཁང་། གཙུག་ལག་ཁང་རྣམས་སུ་བྱོན་སྐབས། མཆིལ་ལྷམ་ནབ་པ། སྐུ་ཕྱག་མི་འབུལ་བ། གྲལ་གདན་སྐེད་གཅོད་ཀྱིས་བགོམ་པ་མཛད་པ། གདིང་བ་མེད་པར་ཆོས་ཁྲི་ལ་བཞུགས་པ་སོགས་ཀྱི་མཛད་སྤྱོད་ངོ་བོ་ཉིད་ཀྱིས་མི་མངའ་འོ། །

སྒེག་ཆོས་ཀྱི་རྣམ་པ་གཞན་ལྟ་ཅི། དུས་ཚོད་འཁོར་ལོ་ཡང་ཕྱག་ཏུ་མི་སྒྲོག་པ་དང་། བུད་མེད་ལ་ཕྱག་དབང་གནང་སྐབས་ཕྱག་ནབ་གཟན་གྱིས་ལྕིབས་ཏེ་འཇོག་པ་ལས་ཕྱག་རྗེན་པས་ཕྱག་དབང་མི་གནང་པ་སོགས་དང་། ཁྱད་པར་དགེ་འདུན་པའི་ཞལ་དུ་འདུ་བའི་སྒོ་སོགས་དགེ་འདུན་དང་འབྲེལ་བའི་དངོས་པོ་གང་ཟག་གིས་རང་གར་སྤྱད་ན་ཉེས་པ་གཞན་གྱིས་དོ་ཟླ་མེད་པ་ཞིག་ཡིན་ཚུལ་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་པ། དཀོན་མཆོག་གསུམ་ལ་ཆུང་ངུ་ཞིག་བླངས་ནའང་ཆེན་པོར་འགྱུར་ཏེ། དེ་དག་ལ་རིས་མཐུན་པར་སླར་ཕུལ་ན་སངས་རྒྱས་དང་ཆོས་ཀྱིས་དག་པར་འགྱུར་ལ། དགེ་འདུན་གྱི་ནི་ཚོར་བ་མ་མྱོང་བར་དག་པར་མི་འགྱུར་ཏེ། ཞིང་ལྕི་བས་སོ། །

དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ཞིག་ཡིན་ན་ནི། དམྱལ་བར་ཆེན་པོར་གཏོང་ལ། ཞལ་དུ་འདུ་བ་མ་ཡིན་ན་ནི་མནར་མེད་པའི་ཁོར་ཡུག་མུན་པ་ཆེན་པོ་ལ་སོགས་པར་སྐྱེའོ། །

ཞེས་པ་ལ་སོགས་པ་དང་། གཞན་ཡང་མདོ་གཏམ་རྒྱུད་རྣམས་དང་། དཔལ་སྤྲུལ་རིན་པོ་ཆེ་ཕྱག་བཞེས་བཞིན། ལྕང་མ་རི་ཁྲོད་ནས་དགེ་འདུན་པའི་ཡོན་ཁའི་དངོས་རྫས་རྣམས་གཞན་གྱིས་མཐོང་བ་ཙམ་བྱས་ཀྱང་། རློམ་སེམས་ཀྱིས་ཉེས་པ་འབྱུང་བས། བགོ་ཉིན་མ་གཏོགས་གཞན་སུ་ལ་ཡང་བསྟན་པར་མཛད་མི་དར་ཞེས། ཐུབ་དགའ་ཡིད་བཞིན་ནོར་བུའི་ཕྱག་རྒྱུན་ལན་གྲངས་དུ་མར་གསུངས་ཤིང་། གཞན་ཡང་ཨ་ཁུ་ནམ་མཁའ་ཡེ་ཤེས་ཞུ་བ་ཀུན་སྤངས་བྱ་བཏང་གི་སྤྱོད་པས་ཕྱོགས་ཐམས་ཅད་དུ་རྒྱུ་བ་ཞིག་ཡོད་པ་དེ་ཉིད་ལྕང་མ་སྒར་དུ་ཕེབས་དུས། ཁོང་ཆུ་ལེན་དུ་སོང་བས་ཆུ་འགོར་སྐྱོགས་ཆེན་པོ་ཞིག་བཞག་འདུག་པས། ཁོང་གིས་དེའི་བཅུ་བར་བརྩམ་པ་ན། གྲྭ་ཆུང་གཉིས་ཀྱིས་བླ་མ་ཁྱེད་ཀྱིས་སྐྱོགས་དེས་ཆུ་མ་བཅུ་ཐུབ་དགའ་ཡིད་བཞིན་ནོར་བུས་བཀྱོན་ཡོང་ནི་རེད། ངེད་གཉིས་ནས་སྐྱོགས་གཡར་ཟེར། ཁོང་གིས་སྐྱོགས་འདིས་ཆུ་བཅུ་མི་ཉན་པ་ཅི་རེད་གསུངས་དུས། འདི་དགེ་འདུན་སྤྱིའི་ཡིན་པས་འཚོགས་པའི་དུས་མ་གཏོགས་སྤྱོད་ཉན་ནི་མ་རེད་ཅེས་ཟེར། ཁོང་ནས་ང་རང་ཕྱོགས་ཀྱི་གདན་ས་ཕལ་ཆེར་དུ་སོང་མྱོང་ཀྱང་། དེ་འདྲའི་ལས་འབྲས་ལ་ཕྲ་ཞིབ་ཀྱི་ཕྱག་ལེན་བྱེད་པ་ཞིག་མཇལ་མ་མྱོང་གསུངས། ཞེས་ཞལ་རྒྱུན་འདི་ཉིད་གདན་ས་ངེས་དོན་ཆོས་གླིང་དང་། ཕྱོགས་ཀྱི་ཆོས་གཞི་གཞན་རྣམས་སུའང་ལན་གྲངས་དུ་མར་གསུངས། གཞན་ཡང་ཁོང་གི་གསུང་སྐྱེས་བུ་སློབ་རྣམས་ལ་ཁྱེད་རྣམ་པ་མང་ཐོས་ཚུལ་ལྡན་ཤ་སྟག་ཡིན་པས། ཕྱིས་སུ་ཕྱོགས་གང་དུ་བཞུགས་ཀྱང་ཐམས་ཅད་ཀྱིས་མཆོད་གནས་སྐུ་བསོད་ཅན་རེ་རེད་འགྲོ་ངེས་ཡིན་པས། དེའི་དུས་སུ་དགེ་འདུན་པའི་ཡོ་བྱད་ལ་འཛེམ་བག་རེ་མཛད་པ་ཅི་ནས་ཐུགས་སུ་འཆང་དགོས་ཞེས་གསུང་འཕྲོས་རྣམས་སུ་ནན་གྱིས་བརྩལ། དགུང་གྲངས་དྲུག་ཅུར་མ་ཕེབས་བར་དུ་ཞབས་ཞུ་དང་མདུན་མེ་འབུད་པ་ཡང་གཞན་ལ་བྱེད་དུ་མི་འཇུག་པར་རྗེ་ཉིད་ནས་མཛད། དབྱར་གནས་ཀྱི་སྐབས་སོགས་སུ་གཞུང་གི་སྤྱི་ཐབ་ལས། མེ་ཉུང་ངུ་ཞིག་བླངས་ཚེ་ཕྱིར་འབུད་རྒྱུ་ལྕགས་ཁེམ་དོ་རེ་གནང་འདུག་པ་ནི། ལྕང་མ་སྒར་གྱི་ཕྱག་རྒྱུན་ཡིན་པར་གྲགས། ཟུར་མང་རྣམ་རྒྱལ་རྩེར་བྱོན་སྐབས་འདུ་ཁང་གི་ཡང་ཐོག་ཏུ་གཟིམས་མལ་དང་། ཡོ་བྱད་རྣམས་དགེ་འདུན་སྤྱིའི་ཡིན་པར་གསན་མ་ཐག ནམ་གུང་ནས་གཞན་དུ་སྤོར་བཅུག་པ་དང་། གོང་བཤད་ལྟར་རྟའུ་བོད་ཡིག་སློབ་གྲྭར་ལོ་རེ་བཞིན་ཕེབས་སྐབས། ཞབས་ཞུ་བུ་སློབ་དག་ལ། ངེད་རང་རྣམས་གྲོང་གི་ཉལ་ཁང་གླ་རྒྱུ་ཡོད་ས་ཞིག་ཏུ་འདུག་རྒྱུ་རེད་ན་དགའ། ང་ནི་ཡར་མར་དུ་འཁྱར་ལོབ་མ་ཡིན་པས། གོན་རྒྱུ་ཅི་འདྲ་ཡིན་ཀྱང་མི་སྐྱོན། དགོན་པ་ཞིག་ཏུ་བསྡད་ན་དགེ་འདུན་པའི་ཉེར་སྤྱད་དང་འབྲེལ་ཨེ་ཡོང་མི་ཤེས་ཁི་གསུངས། གཞན་ཡང་ཆོས་གྲྭའི་འདུ་ཁང་དང་། སྒེར་གྱི་གྲྭ་ཤག ར་བ་ཞིག་རལ་བཅོས་པ། རྒྱ་ར་ཕྱི་ནང་ཕྱག་དར་བྱ་བ་ཚུན་ཆད། གྲྭ་བ་དཀྱུས་མ་རྒྱུད་དྲང་ཞིག་གིས་ལས་ཀ་ཅི་བགྱི་རྣམས། ཆག་མེད་དུ་མཛད་པ་དང་། རྒྱུན་པར་དགེ་འདུན་པའི་བསྟི་གནས་ཁོར་ཡུག་ཀུན་ཏུ་འབགས་བརྩོག་གིས་གོས་པ་རྣམས་གཙང་སྦྲ་དང་། ར་བའི་ཕྱོགས་ཀྱི་སྒོ་གཏན་འབྱེད་གཅོད། ཁྱི་ལྟོ་བླུད་སྣོད་ཚུན་ཆད་ལ་གཟིགས་སྐྱོང་གནང་བ་སོགས་ཀྱི་མཛད་སྤྱོད་རྣམས་མཇལ་བ་ན། འདུལ་བ་ལུང་ལས། རང་རེའི་སྟོན་པས་ནད་པའི་རིམ་གྲོ་དང་། དགེ་འདུན་གྱི་ཁྲི་དང་མལ་ཆ། གདིང་བ་སོགས་ཉི་ཆར་ལས་སྐྱོབ་པའི་ཕྱག་ལས་གནང་བ་སོགས་ཀྱི་སྟོན་པའི་རྣམ་ཐར་ཡང་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་དད་པའི་སྤུ་ལོང་གཡོ་བ་ཞིག་ཡིན་ནོ། །

མདོར་ན་མཁས་དབང་དགེ་འདུན་ཆོས་འཕེལ་ནས། བོད་ཀྱི་འདུལ་བ་ཁ་ནས་བཤད་པ་སེངྒ་ལ་ནས་དངོས་སུ་མཇལ་རྒྱུ་འདུག་པར་གསུངས་པ་ལྟར། འདུལ་གཞུང་རྒྱ་མཚོའི་བསྟན་དོན་དྲི་མ་མེད་པ་ཇི་བཞིན་ཕྱག་ལེན་ཏུ་བསྟར་བའི་ངོ་མཚར་བའི་མཛད་སྤྱོད། མཐོང་ན་མི་མཐུན་པ་མེད་པ་འདུལ་བ་འཛིན་པ་ཡོངས་ཀྱི་དབུས་ན། ལྷུན་པོ་ལྟར་མངོན་པར་འཕགས་པ་ནི་རང་བསྟོད་ཀྱིས་མ་ཡིན་ཏེ། སྔར་དུས་རྫོགས་ཆེན་བོད་ཡིག་སློབ་གྲྭར་གསར་རྙིང་རིས་མེད་ཀྱི་དམ་པའི་སྐྱེས་བུ་དུ་མ་བཞུགས་པ་ལས། གྲུབ་མཐའ་གཞན་ཕྱོགས་ཀྱི་དགེ་བཤེས་མཁས་དབང་དག་རང་གི་ཆོས་གྲྭ་ཕྱིར་ཕེབས། ད་སྐབས་རྙིང་མ་པ་ལ་མཁས་པ་ཅང་ཡོད་ཁུ་མེད་ལ། ཞེས་དྲིས་ཚེ། འུ་ཅག་གི་མཁས་པ་ལས་ཀྱང་མཁས་པ་འདུག་གསུངས། ཡང་བཙུན་པ་འདྲ་ཅང་མེད་ལ་ཟེར་བ་ལ། རང་རེའི་བཙུན་པ་ལས་ཀྱང་བཙུན་པ་པ་འདུག་ཅེས་དཔྱོད་ལྡན་མཁས་དབང་ཐུགས་དྲང་པོར་གནས་པ་དག་གིས་ཟོལ་མེད་ཀྱི་གསུང་འཕྲོས་བསྩལ་འདུག་པ་རྗེས་སུ་ཐོས་པས། གཞན་ཕྱོགས་ཀྱི་མཁས་པ་དག་གིས་བསྔགས་བརྗོད་བླ་ན་མེད་པ་མཛད་པས་སོ། །

དེ་ལ་སོགས་པ་རྨད་དུ་བྱུང་བའི་མཛད་སྤྱོད་རྣམས་ལས་ཆ་ཤས་ཙམ་སྨོས་པ་ལས། སྐུ་ཚེ་གང་པོའི་ཁྲིམས་གཙང་གི་སྤྱོད་པ་བླ་ན་མེད་པའི་ཆེ་བ་ཇི་བཞིན་འབུར་དུ་ཐོན་པ་ཞིག་བརྗོད་མི་ནུས་པས། གང་གི་བཀའ་སློབ་ཆོས་སྤྱན་ལྡན་པ་དག་གིས་ཐུགས་དགོངས་དགྱེས་པ་སྐྱེས་པའི་ནུས་པ་མ་མཆིས་ནའང་། རང་གི་གོ་ཚོད་དང་བསྟུན་པའི་བཙུན་པའི་རྣམ་ཐར་ཅི་དྲན་གང་དྲན་གྱིས་ཅུང་ཞིག་སྨོས་པ་ནི། སྡོམ་པ་དང་དམ་ཚིག་གིས་རྒྱུད་མ་བསྡམས་པས་མ་དྲང་གྲོལ་བའི་ལྷོད་པོ་རང་དང་སྐལ་མཉམ་དང་། གུས་སློབ་གཞན་ལ་དྲན་བསྐུལ། དེར་མ་ཟད་སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་མཁས་པའི་ཉམས་ལེན་ཞེས་པ་ལྟར་སྙིགས་དུས་ཀྱི་འདུལ་བསྟན་ལ་ཅུང་ཟད་ཕན་དུ་རེ་ནས་བརྗོད་པའོ། །

གཞན་ཡང་རྗེ་གང་གི་སློབ་བུ་དགེ་འགྱུར་མེད་ཚེ་དབང་གི་ཟིན་བྲིས་ལས་བྱུང་བ་ཅུང་ཟད་དགོད་ན། བླ་མ་རིན་པོ་ཆེ་ནི། དངོས་ཀྱི་ཤེས་རིག་གི་དཔེ་མཛོད་ཁང་ཞིག་ཡིན་པར་མ་ཟད། ཡིད་འོང་གི་མཛད་སྤྱོད་དེ་དག་མཇལ་བ་ཙམ་གྱིས་རྒྱ་གར་གྱི་དྲང་སྲོང་ཆེན་པོ་འདི་མིན་ན་སུ་ཡིན་སྙམ་པའི་སྣང་བ་དབང་མེད་དུ་སྟེར་བ་ཞིག་སྟེ། ལན་གཅིག་ངེད་སློབ་གྲྭར་ཞིང་ཆེན་གྱི་འགོ་ཁྲིད་པ་མང་པོ་ཞིག་ལྟ་སྐོར་དང་། འཚམས་འདྲི་གནང་བར་ཕེབས་པས། དེའི་གྲལ་དུ་བུད་མེད་འགོ་ཁྲིད་ཅིག་འདུག ཁོ་མོས་དེང་དུས་སྤྱི་ཡི་འགྲོ་ལུགས་བཞིན་སྤྲོ་དགའི་རྣམ་པས་བླ་མ་རིན་པོ་ཆེའི་ཕྱག་ལ་འཇུ་གྲབས་བྱེད་སྐབས། རིན་པོ་ཆེས་ནི། ཕྱག་འཁུམ་འཁུམ་གྱིས་ཕྱིར་ནུད་པ་མཐོང་། ང་རང་ནི་བླ་མ་རིན་པོ་ཆེ་ལ། ལྷག་པར་ཡིད་ཆེས་དང་དད་པ་ཞིག་བྱུང་། དེ་ལྟ་བུའི་འདུལ་བའི་བཅས་པ་ཕྲ་མོ་ཙམ་ཡང་ཉམས་མི་བཅུག་པའི་བླ་མ་དེ་འདྲ་ཆེས་དཀོན་པོ་རེད། ཆོས་འཆད་ཀྱི་ཕྱག་ལས་མེད་པར་རྒྱུན་བཞུགས་གནང་སྐབས་ཆགས་སྡང་གི་གཏམ་ལ་ཞེན་པ་ལོག་སྟེ། ཧད་དེ་བཞུགས་པས་སློབ་མ་ཚོས་ཅི་ཞུ་འདི་ཞུ་མེད་པ་བྱེད་ཀྱི་ཡོད། ཆོས་ཀྱིས་ཁྲི་ལ་འཁོད་ཚར་ནས་བཟུང་། ཉིན་མཚན་སྦྲེལ་ནས་ཆོས་དང་རིག་གཞུང་འཆད་པར་འོ་བརྒྱལ་མི་མཛད་པ་ནི། བཟོད་པ་དམ་པས་བརྒྱན་པའི་རྒྱལ་སྲས་སེམས་དཔའི་རྣམ་ཐར་འཛིན་པ་ཞིག་ཡིན་ནོ། །ཞེས་སོ། །

དེ་ལྟར་བསྟན་པའི་རྩ་བ་ཆོས་འདུལ་བ་རིན་པོ་ཆེ་ཉིད་གཅེས་སྤྲས་སུ་མཛད་པའི་ཁྲིམས་གཙང་ཡིད་འོང་གི་མཛད་སྤྱོད་ངོ་མཚར་མཚུངས་པ་མེད་པ་དེ་ནི། དག་སྣང་ལྷུར་མི་བྱེད་པ་གཞན་སྐྱོན་རྟོག་པ་ལ་བློ་རྣོ་བའི་རྟོག་གེ་པ་ཅི་ལྟ་བུ་ཞིག་ཡིན་ཡང་། མཁན་ཆེན་བླ་མའི་སྐུ་དྲུང་དུ་ལྷགས་ནས་ལོ་དང་ཟླ་བ་ཇི་ལྟར་སོང་བཞིན་འདུལ་གཞུང་རྒྱ་མཚོའི་གནང་བཀག་བསྒྲུབ་པ་གང་ལའང་སྒོ་ཐམས་ཅད་ནས་དུས་ཐམས་ཅད་དུ་འགལ་བ་མེད་པར་ཐུགས་ཉམས་སུ་བཞེས་པའི་མཛད་སྤྱོད་གཅིག་ཏུ་དཀར་བ་ལ། སྐྱོན་གྱི་ར་རི་ཕྲ་རབ་ཙམ་ཡང་མི་རྙེད་པར། ཕྱི་ཕྱིར་དད་གུས་ཡར་ཚེས་ཀྱི་རྗེས་སུ་ཕྱོགས་ཤིང་། སྡོམ་བརྩོན་ཞི་ཞིང་དུལ་བའི་དམ་པ་ཤ་སྟག་ཏུ་བསྒྱུར་བར་མཛད་དོ། །

༈ ད་ནི་བྱང་སྔགས་ཀྱི་བླ་ན་མེད་པའི་མཛད་སྤྱོད་ཅུང་ཟད་བརྗོད་ན། དང་པོ་བྱང་སེམས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་དབང་འབྱོར་བའི་ཚུལ་ནི། སྤྱིར་ཆོས་རྗེ་བླ་མ་གང་ཉིད། གློ་བུར་གྱི་ངེས་འབྱུང་དང་། སྙིང་རྗེ་སད་སུད་སྐྱེས་པའི་གང་ཟག་འགའ་ལྟར་མངོན་མངོན་དུ་སྤྱན་ཅེར་ཅེར་དང་། སྙིང་རྗེ་རྗེ་སྐད་དུ་མི་སྨྲ་ལ། ཆེ་ས་ནས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་གྱི་དོན་མཛད་པའི་རྣམ་གྲངས་གཞལ་དུ་མེད་མོད། རྒྱུན་གྱི་མཛད་སྤྱོད་མཇལ་དུ་ཡོད་པའི་གཞན་དོན་གྱི་མཛད་པ་ཕྲན་ཚེགས་འགའ་སྨོས་ན། དེ་ཡང་བྱང་སེམས་བདག་ཉིད་ཆེན་པོ་ནི།

ཇི་སྐད་དུ།

                            ཀུན་ནས་ཞི་དང་ཐམས་ཅད་ལ། །

                            འདུད་དང་ཉོན་མོངས་ལས་རྒྱལ་དང་། །

ཞེས་པ་ལྟར། རྗེ་འདི་ཉིད་ཀྱང་། སྐུ་ཉིད་ཀྱི་ངོས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་དབང་བསྒྱུར་བས། ཞིང་འདིའི་ཆེ་དགུ་ཀུན་གྱིས་མངོན་པར་མཆོད་པ་ཞིག་ནའང་།

འགྲོ་བ་མཆོག་དམན་གང་སུ་ཞིག་མདུན་དུ་ལྷགས་པ་ན། མཇལ་བ་ཙམ་གྱིས་དད་པའི་སྤུ་ལང་གཡོ་ཞིང་། མོས་གུས་ཀྱི་མཆི་མ་འཁྲུག་པའི་གནས་སུ་འགོད་པའི་དགྱེས་ཤིང་འཛུམ་པའི་ཞལ་བཟང་ཕྱོགས་ནས། གསུང་དབྱངས་འཇམ་པོས་དེའི་ཡིད་ལ་གང་འབབ་པའི་གསུང་ཁོ་ན་དང་། རེ་རེ་ནས་ཐུགས་བསྐྱེད་དང་སྨོན་ལམ་ཟབ་རྒྱས་གནང་ཞིང་། ཁྱད་པར་ངུར་སྨྲིག་གི་རྟགས་འཛིན་པ་ཞིག་ཡིན་ཕྱིན། སྐུ་དྲུང་ནས་མཇལ་ཕྱག་ཕུལ་ཚེ་ཕྱག་མ་གནང་ཕྱག་མ་གནང་ཞེས་ཞེ་སའི་གསུང་ཁོ་ན་འབྱོན་ཞིང་གཟིམ་མལ་ལས་བཞེངས་པ་དང་། ཕྱག་དབང་ཞུས་དུས་དབུ་ཐོད་གཏུགས་ནས་བྱིན་རླབས་གནང་བ་ལས། ཕྱག་དབང་གནང་བར་མི་མཛད་ཅིང་། ཆོས་འབྲེལ་དང་སྨོན་ལམ་གནང་བ་ན་ཆོས་བརྒྱད་རོ་སྙོམས་འབྱུང་ཞིང་དབེན་རིར་ཉམས་རྟོགས་མཐར་ཕྱིན་པའི་ཐུགས་སྨོན་ཟབ་མོར་གནང་བ་ཨ་འཛོམས་རྒྱལ་སྲས་རིན་པོ་ཆེའི་གསུང་།

 

                            ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །

                            བདག་སོགས་ཁྱེད་ཀྱི་རྗེས་འཇུག་ཀུན། །

                            དལ་འབྱོར་སྙིང་པོ་ལོན་པ་དང་། །

                            མི་རྟག་འཆི་བས་རྒྱུད་བསྐུལ་ཏེ། །

                            དགེ་སྡིག་བླང་དོར་གནས་ལ་ཞིབ། །

                            འཁོར་བ་སྡུག་བསྔལ་རང་བཞིན་མཐོང་། །

                            འཇིག་རྟེན་ཆོས་བརྒྱད་རོ་སྙོམས་ཤིང་། །

                            གཅིག་པུར་དབེན་པའི་རི་ངོགས་ཟིན། །

                            སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཏེ། །

                            ཁྱད་ཆོས་དྲུག་ལྡན་གདོད་མའི་ཀློང་། །

                            འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག །ཅེས་དང་།

འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་གསུང་།

                            ཅོག་གཞག་བཞི་ལྡན་ཁྲེགས་ཆོད་དགོངས་པ་དང་། །

                            མངོན་སུམ་འོད་གསལ་ཐོད་རྒལ་ཉམས་ལེན་གཉིས། །

                            ཟུང་འཇུག་རྡོ་རྗེ་སྙིང་པོའི་ལམ་མཆོག་གིས། །

                            ཚེ་འདིར་གདོད་མའི་གཏན་སྲིད་ཟིན་པར་ཤོག །

ཅེས་པ་ལ་སོགས་པའི་སྨོན་ལམ་ཟབ་མོ་གནང་བ་དང་། དུས་རྒྱུན་ཕྱོགས་ནས་འདུས་བའི་བུ་སློབ་རྣམས་ལ། འདི་དག་ནི་ང་ལ་བརྟེན་ནས་བཞུགས་པ་ཡིན་མོད། ང་ལ་ནི་ཁོང་རྣམ་པའི་ཐུགས་རྒྱུད་ལ་ཕན་ཐོགས་པའི་ནུས་པ་གང་ཡང་མི་འདུག་གསུངས་ནས། ཐུགས་བརྩེ་རྒྱ་ཆེར་གནང་ཞིང་། དེ་དག་གིས་ཞུས་པ་རྣམས་ཀྱང་ཆེ་རྒུ་གཞན་གྱིས་ཞུས་པ་དང་མི་འདྲ་བའི་བརྩིས་ཆེན་མཛད། འབྱོར་བ་མེད་པ་རྣམས་ལ་ཟས་གོས་ཡོ་བྱད་ཅི་ཐད་ནས་གནང་སྦྱིན་དང་། དུས་དུས་སུ་བཟའ་བཅའ་སོགས་ཀྱི་ཕོངས་པ་ཨེ་འདུག་ཅེས་འདྲི་བ་དང་། སྐབས་འགར་སྐུ་ཉིད་དངོས་སུ་ཕེབས་ཏེ། གྲྭ་ཁང་རྣམས་ལ་གཟིགས་རྟོག་དང་གནང་སྦྱིན་བསྩལ་བ། གཞི་བྱེས་ཀྱི་སློབ་བུ་རྣམས་སུ་ཞིག་སྙུང་བའི་དུས་ན། ཉིན་མཚན་ནམ་ནམ་དུ་སྐུ་བསྐྱོད་ནས། བྱིན་རླབས་སྐྱབས་སྲུང་གནང་བ། དཔེ་ཆ་ཟས་གོས་ནས་འབུད་རྒྱུ་ཡན་ཆད་དངོས་རྫས་ཆེ་ཆུང་གང་དང་གང་གནང་ཡང་། སྣོད་སོགས་དེ་དང་དེའི་ཕྱོགས་གཅིག་ནས་ཕྱག་གིས་བཟུང་བཞིན་སེམས་དཔའ་ཆེན་པོའི་རང་གི་ལག་གིས་སྦྱིན་པ་འབའ་ཞིག་གནང་བ་ལས། མ་དག་པའི་སྦྱིན་པ་ཆ་ཙམ་ཡང་མི་མངའ་ཞིང་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངང་ཚུལ་ནི། དམ་པ་མ་ཡིན་པ་ལ་ལྷག་པར་བརྩེ་བ་སྟེ།

མདོ་སྡེ་རྒྱན་ལས།

                            བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །

                            ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །

                            ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང་། །

                            ལོག་པར་མངོན་པར་ཞེན་ལ་སྙིང་རྗེ་འོ། །

ཞེས་གསུངས་པ་ལྟར། བུ་སློབ་གང་ཞིག་རིགས་རུས་སམ་འབྱོར་བ་དང་ལྡན་པ་ལ། མཁས་བཙུན་གྲགས་པ་པས་ཀྱང་། སྙིང་རྗེས་དབང་གིས་སྤྲང་པོ་ཁས་དམན་རྣམས་ལ་ལྷག་པར་བརྩེ་བ་གནང་བས། དབུལ་ཕོངས་རྩ་བདག་མེད་པའི་སློབ་མ་རྣམས། ནམ་ནམ་དུ་སྐུ་མདུན་ལ་གཅར་ཕོད་པ་ནི། དེ་དག་ལ་ཐུགས་བརྩེ་བརྩེར་མཛད་པས་ནའོ། །

གདན་ས་ཆོས་གྲྭ་ཉིད་བྱང་འབྲོག་མཐོ་སྒང་དུ་ཆགས་པས། དགུན་ཆེས་གྲང་ལྷགས་ཆེ་བའི་སྐབས་སུའང་། བློ་གྲོས་གསར་རྙིང་གི་སློབ་བུ་རྣམས་ལ་གཞུང་འགྲེལ་གཉིས་གསུམ་རེ་སྦྲགས་ཏེ་གསུངས་ཤིང་། ཕྱི་ཉིན་ཡང་བསྐྱར་གྱིས་ཞིབ་གསལ་དུ་གསུངས་པ་སོགས་ལྷག་བསམ་དང་ཐུགས་བརྩེ་ཆེན་པོས་འོ་བརྒྱལ་རྒྱ་ཆེར་གནང་བས། སློབ་བུ་འགའ་རེས་རྗེ་ཉིད་སྐུ་ངལ་ཆེ་བས་ངལ་གསོ་ཅུང་གནང་བར་ཞུས་པ་ན། ཞལ་ནས། ཐམས་ཅད་ཀྱིས་སྦྱོང་བརྩོན་རེ་མཛད་རོགས་གནང་ན་ང་ལ་ལྷག་བསམ་དང་། ཕན་སེམས་ཆེ་བས་མ་ཡིན་ཀྱང་། ཁ་ཆོས་བཤད་པ་ལ་གོམས་སོང་བས་དཀའ་ངལ་ཅི་མི་འདུག་ཅེས་གསུངས་ནས་ཉིན་གཅིག་ལ་ཡང་སྐུ་ངལ་མི་གསོ་བར་དཔེ་ཁྲིད་རྒྱུན་མི་ཆད་པར་གནང་བ་ཞིག་སྟེ། དགེ་ཕྱོགས་ཀྱི་མཁས་པ་ཞིག་ཕྱིས་རྗེ་བླ་མའི་ཞལ་སློབ་ཏུ་གྱུར་པ་ཁོང་གིས། ཁོ་བོ་གདན་ས་ཆེན་པོ་དག་ཏུ་ལོ་ཟླ་འགར་འདུག་མྱོང་ཡང་རྗེ་འདི་པ་ཚང་དང་འདྲ་བ་རིག་གནས་ཡོངས་རྫོགས་ཆ་ཚང་བའི་མཁས་པ་དེང་སང་ཆེས་དཀོན་འདུག ཚད་མངོན་སོགས་གཞུང་རེ་རེ་ནས་འདྲ་བ་རེ་ཡོད་ཀྱང་། གཞུང་གཅིག་ལྟ་བུ་ཡང་ལོ་རེ་གཉིས་ལས་མཇུག་མི་རྫོགས་པ་དང་། མཇུག་ཕུད་རྒྱུ་ཡང་དཀའ་སྟེ། འཆད་པ་པོ་ཐུགས་སྐབས་མོ་ཞིག་དཀོན་པས་སོ། །

མཁས་པ་ཆེན་པོ་གཞུང་ཆེན་མང་པོ། རྒྱུན་མི་ཆད་པར་གང་འདོད་དུ་ཞུ་འདུག་ཆོག་པ་འདི་འདྲ་བ་ཞིག་ཐུག་རྒྱུ་མི་འདུག་ཅེས་གསུངས། དུས་ཕྱིས་ཞིང་སྒྲུབ་དང་སྨོན་ལམ་ཆེན་མོ་སོགས་ཀྱི་སྐབས་སུ། སྐྱ་སེར་གྱི་འདུ་ལོང་ཧ་ཅང་མང་བའི་ཚེ། ད་རེས་ང་རང་གིས་ཁྱིམ་པ་ཕོ་མོ་རྣམས་ལ་ཁ་བརྡ་འདྲ་བྱེད་རྒྱུ་ཡིན་གསུངས་ཤིང་། དགེ་འདུན་གྱི་སེར་ཕྲེང་དང་། སྤོས་བསུ་སོགས་ལ་འཛེམ་བག་གིས་ཐེངས་དུ་མར་ཞབས་ཞུ་པ་ལའང་གོ་མི་བཅུག་པར་ནངས་སྔ་བར་གསང་སྟབས་ཀྱིས་ཁོང་ཉིད་གཅིག་པུ་ཁྲི་ཁར་ཕེབས་པའང་ལན་དུ་མར་བྱུང་ཞིང་། ཆོས་ར་འདུ་ཁང་གི་ཕྱི་རོལ་གྱི་ཁྱམས་སུ་བཙུགས་སྐབས་ཉི་ཆར་རྡུལ་རླུང་སོགས་ཚ་གྲང་གང་བྱུང་ཡང་། ཆོས་ཀྱི་ཕྱིར་ཡིན་པས་བསོད་ནམས་ཀྱི་རྒྱུར་འགྲོ་བ་ཡིན་གསུངས་ནས། སྐུ་ངལ་འོ་བརྒྱལ་ལ་གཏན་ནས་འཛེམ་པར་མི་བྱེད། འདི་སྐབས་རྣམས་སུ་སྙུང་ཁམས་དང་སྐུ་ན་སོགས་གང་ཐད་ནས་འོ་བརྒྱལ་ཆེ་ཡང་། སྙིང་རྗེས་གཞན་དབང་དུ་སོང་བས་ཆོས་ཀྱི་སྦྱིན་པས་འགྲོ་ཕན་གྱི་མཛད་པ་ཁོ་ན་སྐྱོང་བ་ལས། མཚམས་འཇོག་མི་གནང་། དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས། སེར་ཤུལ། འབུམ་གསར་རྙིང་། བོ་རོད། དབོན་པོ་དགོན་པ་སོགས་དགེ་ཕྱོགས་དང་། ཟུར་མང་། འདམ་དཀར། སྒྲུབ་བརྒྱུད། སྐྱོ་བྲག གོ་ཆེ་སོགས་བཀའ་བརྒྱུད་པ་དང་། སྐྱེ་དགུ། སྡེ་དགེ་དགོན་ཆེན། སེ་འཇོ། ལྷ་བྱ། གླང་ནག་སོགས་ས་སྐྱ་པ་དང་། རྫོགས་ཆེན། ཞེ་ཆེན། སིབ་མདའ། ལྕང་ནག ཁྲོ་ཤུལ་གོང་འགབ། འབར་གསར་རྙིང་། རྫ་ཀཿཐོག ཁྲོམ་འགབ། དགེ་མང་། རྫ་རྒྱ། ལྕང་མ། དགེ་གོང་། གི་ལུང་སོགས་སྔ་འགྱུར་རྙིང་མ་པ་སྟེ་བཀའ་བབ་ཀྱི་གྲུབ་མཐའི་ཆུ་བོ་ཆེན་པོ་བཞིའི་བླ་སྤྲུལ་མཁན་གསུམ། དགེ་འདུན་འདུས་པ་སྟོང་ཕྲག་དུ་མ་དང་། གཞན་ཡང་རྒྱལ་ཕྱི་ནང་གི་དད་ལྡན་བརྒྱ་ཕྲག་མང་པོ། མདོ་དབུས་ཁམས་ཀྱི་དད་ལྡན་སྐྱེ་བོ་སྟོང་ཕྲག་མང་པོ་ལ་དབང་གི་འཕྲོས་དོན་དུ། གྲུབ་མཐའ་རིས་མེད་དུ་སྐྱོང་དགོས་པ་དང་།

ཁྱད་པར་ནང་པའི་ཆོས་ཀྱི་རྩ་བ་སེམས་ཅན་ལ་གནོད་འཚེ་སྤོང་བ་ཁོ་ན་གལ་ཆེ་བར་གསུངས་པ་ལས། གཞན་པའི་གསུང་འཕྲོས་མང་དུ་མ་གནང་བ་ལ། དམ་པ་དག་གིས། མཁན་ཆེན་དམ་པ་ཁོང་ལྟ་བུ་ལ། མཁས་པ་དགྱེས་པའི་ལེགས་བཤད་ལུང་རིགས་ཀྱི་སྤྲོས་པ་མང་དུ་འབེལ་རྒྱུ་ཡོད་མོད། འོན་ཀྱང་སྙིང་རྗེ་ལས་བརྩམས་པའི་ གསུང་འབའ་ཞིག་འབྱོན་པ་ནི། རྒྱལ་སྲས་སེམས་དཔའ་ཆེན་པོ་སྙིང་རྗེས་གཞན་དབང་ཅན་ཆོས་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་ཁྱད་ཆོས་བླ་ན་མེད་པའི་གདམས་པ་ཟབ་མོ་བསྩལ་བ་རེད་ཅེས་ཕྱག་ཐལ་མོ་སྦྱར་ཏེ་བསྟོད་བསྔགས་མཛད་པ་དང་། དེ་བཞིན་དུ་མཁན་གྲགས་པ་རྒྱལ་མཚན་ལ་རྗེ་བླ་མའི་མཛད་རྣམ་སྐོར་དྲིས་པ་ལས། ཁོང་གི་ཞལ་ནས། ཕྱི་ལོ༡༩༦༠ལོར་མུ་གེའི་དུས་ཚོད་ཡ་ང་བ་ཤར་བའི་ཕྱི་ལོ་དྲུག་ཅུ་རེ་གཅིག་གི་ལོར། མཁན་རིན་པོ་ཆེ་ཁུ་དབོན་གཉིས་ལ་ཞལ་བཞོས་འབྲི་རྒན་གཅིག་པོ་ཞིག་ཡོད་པ་རྐུན་མས་ཁྲིད་སོང་། ཁོ་བོ་ཅག་ནས་མཁན་ཤེར་དགུང་ལོ་མཐོ་བ། དུས་ཚོད་ངན་པ་སོགས་ཅི་ཐད་ནས་གྱོང་ཁ་ཆེན་པོ་བྱུང་སོང་བའི་སྐད་ཆ་ཞུས་དུས། མཁན་རིན་པོ་ཆེ་ནས་ཨ་བོ་བུ་ལོན་ཞིག་མི་སོད་ནི་ལོས་ཡིན་གསུངས་པ་ལས། གཞན་རྩད་གཅོད་ཉམས་འཇོག་སོགས་ཅུང་ཟད་མི་མཛད་པ་ན། ཕྱིས་རྐུན་མ་ནས་མཁན་པོ་ཁུ་དབོན་གྱི་ཡིན་པར་ཤེས་ནས་ཉེས་པ་ངོས་མཐོང་གིས་འཇལ་བཤགས་ཅི་དང་ཅི་དགོས་ཀྱང་བགྱི་བར་ཞུས་ཚེ། བྱང་སེམས་སྙིང་རྗེའི་རང་གཟུགས་ཁོང་ཉིད་ཐུགས་ལ་མ་བབས་པའི་རྣམ་འགྱུར་ཙམ་ཡང་མེད་པར་མ་ཟད། འཇལ་བཤགས་གང་ཡང་བཞེས་པར་མཛད་མ་ཐལ་གསུངས་མོད། དེ་ལྟ་བུའི་མུ་གེའི་བསྐལ་ངན་གྱི་དུས་དེར་མི་རེ་ལ་ཇ་སྲང་ལྔ་རེ་ལས་བཙོང་རྒྱུ་མེད་པ་དང་། མཁན་ཤེས་རབ་སྐུ་ན་བགྲེས་ཤིང་། ཁོང་རྣམ་གཉིས་གསོལ་ཆས་ཧ་ཅང་ཞན་ཡང་། བཟོད་པ་མཆོག་གིས་ཐུགས་རྒྱུད་བརྒྱན་པའི་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་པས་བྱམས་ཤིང་བརྩེ་བས་རྗེས་སུ་འཛིན་པ་ལས་ཁྲོ་འཁྲུག་གི་རྣམ་པ་ཙམ་ཡང་མེད་པ་ནི། རྒྱུན་དུ་ཉིད་ཀྱི་ཞལ་འཕྲོས་སུ་དམ་པ་གོང་མ་དག་གིས། དལ་བའི་དུས་ན་བསླབ་པ་དེ་བྲེལ་བའི་དུས་སུ་ཡོད་དགོས་པར་གསུང་ནི་རེད་ཅེས། གདམས་པ་བསྩལ་པ་ཉིད་ཚུལ་འདི་ལྟ་བུ་ལ་གསུང་པ་ལོས་ཡིན་སྙམ་མོ། །

གཞན་ཡང་རྗེ་བླ་མའི་ཁུ་བོ་མཁན་ཤེས་རབ་སྐུ་འདའ་ཁར་མཁན་བསོད་སྡིས་དང་ང་རང་གཉིས་ཡོད་ལ། དགོང་མོ་བར་སྐབས་མཁན་རིན་པོ་ཆེ་ནས་མཁན་ཤེར་སྙན་ལམ་དུ། ཁོང་གི་བླ་མ་ཨ་འཛོམས་འབྲུག་རྒན་ཚང་གི་མཚན་ནས་ལན་འགར་བརྗོད་པར་མཛད་ཐལ། དེ་རྗེས་མཁན་བསོད་སྡིས་ནས། མཁན་རིན་པོ་ཆེ་ལ་ཉམས་ལེན་མཉམ་གཞག་མ་སོགས་གསལ་འདེབས་ཀྱི་ཚིག་རེ་བརྗོད་དགོས་སམ་ཞུས་དུས། དགོས་ནི་མ་རེད་བླ་མ་དྲན་དུས་གདམས་ངག་དྲན་གཏང་ནི་རེད་ཅེས་གསུངས་ཁི་ཟེར། དེ་བཞིན་དུ་དགུང་གྲངས་དོན་གཅིག་ལ་ཕེབས་པའི་སྐབས་ཀྱི། དབྱར་གཞུང་དུ་ཡ་ཚེ་ཚང་ཟེར་བ་ཁྱོ་ཤུག་གཉིས་ཀ་ལོ་བརྒྱད་ཅུའི་ནང་དུ་བསླེབས་པ། འབྱོར་བ་ཤིན་ཏུ་སྲབ་པ་བུ་མོ་ཞིག་ལ་བདག་མེད་ཀྱི་བྱིས་པ་དུ་མ་མཆིས་པ། ཉམ་ཐག་པའི་དུད་ཁྱིམ་ཞིག་གི་རྒད་པོ་འཆི་ལ་ཉེ་བས། བཤད་གྲྭའི་ཉེ་འདབས་སུ་རུ་བ་སྤོས་བྱུང་བའི་རྒད་པོ་སྣ་ལོའི་གོང་ནས་ཕོག་པ་དང་། མ་འགྱང་པར་ཚེ་ལས་འདས། ཆོས་ཀྱི་ཉེར་སྤྱད་ཅི་ཡང་མེད་པས་བཤད་གྲྭའི་འདུས་པ་ཡོངས་ཀྱིས་ཆོས་སྦྱིན་བསྔོ་སྨོན་ནར་མ་མཛད། བླ་མ་རིན་པོ་ཆེ་སྐུ་ན་མ་བགྲེས་གོང་དང་། སྐུ་ཁམས་དྭངས་སྐབས་རྣམས་སུ། ཉེ་ཕྱོགས་ཀྱི་གྲོང་ཁྱིམ་དག་གིས་གཤིན་ཆོག་དང་། བསྔོ་སྨོན་ལ་བཤད་གྲྭ་པ་གདན་ཞུས་དང་འབྲེལ་ཚེ་ནམ་ནམ་དུ་ཞབས་ཐང་གིས་བྱོན་པ་ཞིག་ཡིན་ཡང་། དེ་སྐབས་སྙུང་གཞི་ལྕི་ཞིང་། སྐུ་ན་བགྲེས་པ་སོགས་ཀྱིས་སུས་ཀྱང་ཞུ་བར་མ་སྤོབས་པ་ལ། སློབ་བུ་ཞིག་གིས་རྒན་པོ་ཡ་ཚེ་ཚེ་ལས་འདས་ཚུལ་གྱི་ལོ་རྒྱུས་ཞུས་ཏེ་བསྔོ་སྨོན་གྱི་ཐུགས་རྗེས་འཛིན་པར་ཞུས་པ་ན། ཡ། དི་ན་ང་ཅིག་འགྲོ་གསུངས་ནས་འབྱོན་གྲབས་མཛད་པས། ཉིད་ནས་བསྔོ་སྨོན་མཛད་པས་ཆོག་གི ཆར་ཞོད་དང་འཇིམ་འདམ་ཧ་ཅང་ཆེ་བས་འབྱོན་དཀའ་བར་འདུག་ཞུས་ཀྱང་། མི་གསན་པར། རྒྱལ་པོ་གནམ་མི་རིག་ས་དང་། སྤྲང་པོ་ཁྱིས་མི་དེད་སར་འགྲོ་ས་ཡོད་ནི་མ་རེད། ཟེར་ཨེ་མི་དར་དབྱར་ཁའི་ཆར་ཆུས་ཅི་སྐྱོན་འགྲོ་འགྲོ་གསུངས་པས་ཞབས་ཐང་གིས་སློབ་བུ་གཉིས་ཀྱིས་སྐུ་སྐྱོར་བཞིན་ཕེབས། མིང་བྱང་འབྲིར་བཅུག་ནས་འཕོ་བ་བསྔོ་སྨོན་ཟབ་རྒྱས་བསྩལ། ཤུལ་དུ་ལུས་པའི་ཉམ་ཐག་པའི་རྒན་མོ་ཞེས་ལོ་ལ་ཡང་། ཐུགས་སྨོན་ཟབ་རྒྱས་གནང་། དེས་ན་བདག་ཉིད་ཆེན་པོ་འདི་ཉིད་ནི། ཆེ་དགུ་རྣམས་ཀྱིས་ཇི་ལྟར་བཀུར་བ་དེ་ལྟར། ཐུགས་ལས་ཆུང་ངུའི་རྣམ་པ་ལྷུར་ལེན་པས་ཡུལ་གྱི་སྐྱེ་བོ་གྲྭ་རྒན་ལོ་ལོན་སོགས། སྔར་འདྲིས་ཀྱི་གང་ཟག་སུ་ཞིག་མདུན་དུ་གཅར་ཚེ། དེ་དག་རྣམས་ཀྱིས་རང་རང་ནས་སྐྱིད་སྡུག་གི་སྐད་ཆ་སོགས་ཉོབ་གཏམ་ཇི་ལྟར་ཞུས་པ་རྣམས་ལ། གསན་ཚུལ་གནང་ནས་སྙིང་རྗེས་དབང་གིས་གཞན་སེམས་སྲུང་བའི་མཛད་པ་ལྷུར་ལེན་པའོ། །

ཉེ་འདབས་ཀྱི་གྲོང་ཁྱིམ་པ་དག་གིས། གཤིན་གསོན་གྱི་སྐྱབས་སྲུང་ཆོ་ག་དང་། འཕོ་ཆོག་སོགས་ལ་འབྱོན་པ་ནའང་སྐུ་ཉིད་ཞབས་ཐང་གིས་ཕེབས་པ་སོགས། གདུལ་བྱ་མང་ཉུང་གང་གི་དོན་དུ་ཡིན་ཡང་། སྐུ་ངལ་འཛེམ་མེད་དུ་གནང་བ་ལ་སོགས། མདོར་ན་དམ་པ་གང་གི་མཛད་སྤྱོད་ཀྱི་ཆ་རེ་རེ་ནས་ཞིབ་ཏུ་བསམས་ན་རྒྱལ་སྲས་སེམས་དཔའི་སྤྱོད་པ་སྟོན་པའི་དེ་བཞིན་གཤེགས་པའི་མདོ་སྡེ་རྣམས་དང་། བྱང་སེམས་སྤྱོད་འཇུག་ཆེན་མོ་དང་། བསླབ་པ་ཀུན་ལས་བཏུས་པ་ལ་སོགས་བཀའ་བསྟན་གྱི་གསུང་རབ་དག་དང་། མ་དཔེ་དག་གཙང་ལ་ཞུས་དག་བགྱིས་པ་ལྟར་གྱུར་པ་ནི་ཕྱོགས་ཞེན་དང་བསྟོད་འདོད་ཀྱིས་སྒྲོ་བཏགས་མ་ཡིན་པ་དཔྱོད་ལྡན་མཁས་པའི་ཚོགས་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་ཞིག་གོ། ཁྱད་པར་དུ་ཉིད་ཀྱི་ཐུགས་ཉམས་སུ་བསྟར་བ་དང་འཆད་སྤེལ་གྱི་གཙོ་བོ་ནི་དཔལ་སྤྲུལ་རིན་པོ་ཆེ་དང་ལྕང་མ་ཐུབ་དགའ་རིན་པོ་ཆེའི་ཕྱག་བཞེས་ལྟར་གོང་དུ་བརྗོད་པ་བཞིན་ལོ་སྟར་ཆགས་སུ་སྤྱོད་འཇུག་རྩ་འགྲེལ་གང་རུང་ཞིག་འཆད་ཁྲིད་མི་གནང་བ་ཞིག་མེད་དོ། །

 

༈ དེ་བཞིན་དུ་རིག་འཛིན་སྔགས་ཀྱི་དམ་ཚིག་རྣམ་པར་དག་པའི་ཚུལ་ཡང་། རྒྱུད་སྡེ་སྤྱི་དང་བྱེ་བྲག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་རྗེས་སུ་གདམས་པའི་སྐབས་ན། སྒོ་ཀུན་ནས་རྗེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་དང་ཅི་ནས་མཛའ་བས་དད་གུས་བླ་ན་མེད་པ་སྐྱེད་པའི་རང་བཞིན་ཅན་ཞིག་ཡིན་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་སྡོམ་པའི་རྩ་བ་དག་པའི་སྣང་བ་འབྱམས་སུ་ཀླས་པར་གྱུར་པ་སྐུ་ཚེ་སྨད་དུ་འཁྲུལ་སྣང་དབྱིངས་སུ་སངས་ཏེ། སྣང་སྲིད་དག་པར་གཟིགས་པའི་གསུང་ཤ་སྟག་འབྱིན་པ་འོག་ཏུ་འབྱུང་བ་ལྟར་དང་། རྒྱུན་དུ་ཡང་སྔོན་གྱི་དམ་པ་རྣམས་དང་། དེ་དག་གི་གསུང་ལ་ཟུར་ཙམ་སྨད་པ་ལྟ་ཅི། སྒོ་ཀུན་ནས་དད་གུས་དང་། འགལ་སྤོང་དགོངས་མཐུན་སྒྲུབ་པ་ཁོ་ན་གནང་ཞིང་། དེར་མ་ཟད་ངུར་སྨྲིག་འཛིན་པ་དང་དཀར་ཆས་འཆང་པའི་རིགས་གང་ཡིན་ཡང་ཞེ་ས་དང་། གུས་འདུད་ཁོ་ན་གནང་ཞིང་། སྐུ་མདུན་དུ་ཆོས་དང་གང་ཟག་གཞན་ལ་དངོས་དང་ཟུར་གྱིས་སྨོད་ཚིག་ཅིག་ཞུས་ཚེ་ཅུང་མི་གསུང་བར་ཁྲིག་གེར་བཞུགས་ཤིང་། བསྟོད་བསྔགས་ཀྱི་ཚིག་ནི་ཟུར་ཙམ་ཞུས་ཀྱང་ཐུགས་དགྱེས་པ་མཛད་ནས། ཁོང་ཉིད་ཀྱིས་རྗེས་སུ་བསྔགས་པར་མཛད་པ་དང་། ཁྱད་པར་རྗེ་ཉིད་ནས་མཆེད་གྲོགས་རྣམས་ལ་ཚིག་རྩུབ་དང་སྨད་པ་ལྟ་ཅི། ལྐོག་ནས་བླ་བཙག་ཙམ་ཡང་བྱེད་མ་མྱོང་བ་ནི་རང་སེམས་དཔང་དུ་བཙུགས་ཆོག་ཅེས་ཁྱུ་མཆོག་གི་དབྱངས་ཀྱིས་བདེན་ཚིག་བསྒྲགས་པ་འདི་ཁོ་ནས་ཀྱང་། སྣང་སྲིད་རྣམ་དག་གི་དག་སྣང་ཚད་དུ་ཕྱིན་པར་བདེ་བླག་ཏུ་ངེས་ནུས་པ་ཞིག་སྟེ། དོན་གྱི་དབང་འདི་དག་གཟིགས་ནས། མཆོག་གཟིགས་དམ་པ་རྣམས་ཀྱིས་ཀྱང་། རིགས་ཀྱི་བདག་པོ་ཉིད་དུ་བཀུར་བ་དང་། རྡོ་རྗེའི་ལུང་གིས་བསྔགས་པའོ། །

དེ་ཡང་རྣལ་འབྱོར་དམ་པ་ཁོང་ལྟ་བུ་ལས། གཞན་པའི་སོ་སྐྱེས་རང་ག་བ་ཞིག་ལ། ཆོས་དང་གང་ཟག་མཆོག་དམན་སུ་ལ་ཡང་སྒྲོ་སྐུར་གྱི་ཉེས་པ་ཕྲ་བས་ཀྱང་མ་གོས་པ་དེ་ལྟ་བུ་ཞིག་ཤིན་ཏུ་འབྱུང་བར་དཀའ་བ་སྨོས་མ་དགོས་པའོ། །

དེ་ལྟར་ན་སྡོམ་བརྩོན་མཁས་པའི་དབང་པོ་འདི་ཉིད་ནི། ཕྱི་སོ་ཐར་གྱི་བསླབ་ཁྲིམས་ཆོས་འདུལ་བ་རིན་པོ་ཆེའི་བསྟན་དོན་དྲི་མ་མེད་པ་ཐུགས་ཉམས་སུ་བསྟར་བས། ཉེས་བྱས་ཕྲ་བས་ཀྱང་མ་གོས། ནང་རྒྱལ་སྲས་སེམས་དཔའི་ལྟ་སྤྱོད་སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པས་མ་འདྲིས་པའི་འགྲོ་བ་ཡོངས་ཀྱི་མགོན་དང་། གླིང་དང་། དཔུང་གཉེན་དུ་གྱུར་པ། གསང་བ་གསང་ཆེན་སྙིང་པོ་སྡེ་གསུམ་ཀློང་དགུའི་དགོངས་དོན་མཐར་ཕྱིན་པས་གྲུབ་པའི་རྒྱལ་སར་རྩོད་མེད་དུ་གཤེགས་པ་ཏེ། སྔ་འགྱུར་རིག་འཛིན་གོང་མ་བཞིན་མདོ་སྔགས་ཟུང་དུ་འབྲེལ་བས། ལྟ་སྤྱོད་ཡ་མ་བྲལ། བཤད་སྒྲུབ་ཟུང་དུ་སྦྱོར་བས་མཁས་གྲུབ་གཉིས་ལྡན་དུ་བཞུགས་པ་སྟེ། ཚུལ་འདི་ཡང་།

འཇམ་མགོན་མི་ཕམ་པའི་ཞལ་ནས།

                            ལྟ་གདེང་མཐོན་པོར་གཤེགས་ན་ཡང་། །

                            བསྟན་པའི་མིག་ལྟོས་དྲི་མེད་ལ། །

                            བསམ་ཏེ་རྣམ་ཐར་གཙང་མའི་ཚུལ། །

                            སྐྱོང་བ་བསྟན་འཛིན་དམ་པའི་སྲོལ། །ཞེས་དང་།

 

                            ཁྱོད་ནི་རིམ་གཉིས་ཟབ་མོ་ཡིས། །

                            གང་བའི་བུམ་པ་ལྟར་གང་ཡང་། །

                            དམན་པའི་སྐྱེ་བོ་སྲུང་བའི་སླད། །

                            སྤྱོད་ལམ་པདྨ་བཞིན་དུ་གཙང་། །

  ཞེས་པའི་བསྟོད་ཚིག་བདེན་གསུང་རྡོ་རྗེའི་རོལ་མོ་དང་སྒོ་ཀུན་ནས་མཐུན་པའོ། །

 

                            སྐུ་སྐྱེ་ནོར་བུའི་ཕྲེང་ཚར་བསྟར་བ་ཉིད། །

                            ངེས་འབྱུང་བྱམས་བརྩེ་དག་སྣང་གཟི་འོད་ཅན། །

                            སྐལ་བཟང་ཀླུ་དབང་བྱེ་བའི་གཙུག་གི་རྒྱན། །

                            བསྟན་ལ་ཞུགས་པ་རྫོགས་པའི་ཚུལ་འདི་རྨད། །

 

                            བསྟན་པའི་ཉིན་བྱེད་ནུབ་ཀྱི་རི་བོར་ཕྱོགས། །

                            ཉེས་སྤྱོད་མུན་རྡུལ་མཐའ་ནས་འཁྲིགས་པ་ན། །

                            ཁྲིམས་གཙང་འོད་དཀར་འགྱེད་པའི་རི་བོང་འཛིན། །

                            རྒྱལ་བསྟན་མཁའ་ལ་རྒྱུ་བའི་རྣམ་ཐར་རྨད། །

 

                            ཁྲིམས་ལྡན་གསེར་གྱི་ངང་མོའི་ཁྱུ་ཚོགས་སྤེལ། །

                            བྱང་ཆེན་སྤྱོད་པས་འགྲོ་ཕན་ཆུ་མཚོ་རྒྱས། །

                            ངེས་གསང་བསྟན་པའི་འདོད་འབྱུང་ནོར་བུས་གཏམས། །

                            སྡོམ་བརྩོན་བཙུན་པའི་མཛད་བཟང་ཀུན་ནས་མཛེས། །

 

                            དྲི་བྲལ་ཁྲིམས་ཀྱི་བསུང་ཞིམ་མངར་མོའི་རྒྱུན། །

                            རབ་འབྱམས་ཞིང་ཀུན་ཁྱབ་པའི་ངོ་མཚར་གནས། །

                            དོག་པའི་དྲི་ངད་རྫི་ཕྱོགས་མ་ཡིན་པའི། །

                            ཕུན་ཚོགས་ཡོངས་འདུ་ལྗོན་པའི་རྗེས་སུ་ཕྱོགས། །

 

༈ དེ་བཞིན་དུ་བསྟན་འགྲོའི་རྒུད་པ་མཐའ་དག་གསོས་ཏེ། བཤད་སྒྲུབ་ལས་གསུམ་གྱིས་སྒོ་ནས་བཟང་པོའི་ཕྲིན་ལས་བསྐྱངས་པའི་ཚུལ་ནི། དམ་པ་འདི་ཉིད་ཀྱི་བསྟན་པའི་མཛད་རྗེས་གཙོ་བོ་ཁྲིམས་ལྡན་འདུས་པའི་སྡེ་བཙུགས་ནས། བཤད་དང་སྒྲུབ་པས་ལུང་རྟོགས་ཀྱི་བསྟན་པ་སྤེལ་བ་ཁོ་ན་ལ་གཙིགས་སུ་གནང་བ་ཞིག་སྟེ། གུས་སློབ་མང་ཐོས་ཚུལ་ལྡན་བཤེས་གཉེན་དག་གིས་ཕྱོགས་དང་ཕྱོགས་སུ། བཤད་སྒྲུབ་ཀྱི་གནས་གཞི་གསར་དུ་བཙུགས་པ་རྣམས་སུ། གདན་ཞུས་བཞིན་ཕེབས་ཏེ། ཟབ་རྒྱས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཅིང་རྒྱལ་བསྟན་མཁའ་ཁྱབ་ཏུ་སྤེལ་བའི་རླབས་ཆེན་གྱི་མཛད་པ་བསྐྱངས་པ་དང་། གདན་ས་རིན་པོ་ཆེར་ཡང་འོག་ནས་འབྱུང་བ་ལྟར། བཀའ་བསྟན་གྱི་གསུང་རབ་ཁ་ཤས་གཙུག་ལག་ཁང་དག་ཏུ་བཞེངས་པ་ལས། སྐུ་གཟུགས་དང་མཆོད་རྟེན་ཆེ་ཕྲ་གང་ཡང་བཞེངས་པར་མ་མཛད། དགོན་སྡེ་གཞན་དུ་ཕེབས་སྐབས་ཀྱི་ཞལ་འཕྲོས་སུའང་། རྒྱལ་བསྟན་བོད་དུ་རྒྱ་ཆེར་དར་བ་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུའང་ཐུགས་ཀྱི་རྟེན་ནི། དགེ་འདུན་དཀོན་མཆོག་ཁོ་ན་ལ་འཇོག་པ་སྟེ། ཨོ་རྒྱན་ཆེན་པོས་ཀྱང་། བྷོ་དྷི་ས་ཏྭ་བསྟན་པའི་གཞི་མ་ཡིན༔དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེད༔དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་བཤད༔ཅེས་གསུང་པས། བསྟན་རྩ་ལུང་དང་རྟོགས་པ་མང་ཐོས་ཚུལ་ལྡན་གྱི་གང་ཟག་གི་ཐུགས་རྒྱུད་ལ་འཇོག་པར་མཛད་མོད། དེ་ལས་གཞན་པའི་ཕྱིའི་གཙུག་ལག་ཁང་དང་། ནང་གི་འཕན་གདུགས་ཡོ་བྱད། གཞན་ཡང་འཆམ་རྔ་རོལ་སོགས་ཅི་འདྲའི་ངོ་མཚར་བ་རྣམས་ནི། བསྟན་པ་མཛེས་པའི་རྒྱན་ཙམ་དུ་ཟད་དེ། དེ་ཡང་སྔོན་གྱི་དུས་སུ། རྫ་རྒྱུད་ཕྱོགས་འདིར་དགོན་སྡེ་ཆེན་པོ་རྣམས་ཀྱི་བཀོད་པ་དང་། སྒྲུབ་པའི་ཆ་ལག་ངོ་མཚར་བ་རྣམས་ཀྱང་སྐབས་དེ་ན། མཛེས་ཤིང་གཟི་བརྗིད་ཅན་ཞིག་ཏུ་ཡིན་མོད། དེའི་དུས་སུ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་དང་། མཁན་པོ་ཆོས་ཁྱབ་ཁོང་རྣམ་གཉིས་ལ་མཚོན་ན། ལྕང་མ་སྒར་དང་བོད་སྤྲུལ་མདུན་ན་ཨ་ཅོ་སྤྲང་པོ་གཉིས་རེད་མ་གཏོགས། གྲགས་ཆེན་ཞིག་ཅང་མ་ཡིན་མོད། ད་ལྟ་ཁོང་རྣམ་གཉིས་ཀྱིས་བསྟན་པ་ཅི་འདྲའི་རྒྱ་ཆེན་སྤེལ་འདུག དགོན་སྡེ་ཆེན་པོ་དག་གི་ཡོ་བྱད་ནི་དེ་ཙམ་དུ་ཟད། ད་ལྟའི་སྐབས་ལ་མཚོན་ན་ཡང་ཤོག་སྒོར་ཁྲི་ཚོ་འགའ་རེ་ཡོད་ན་ཚོང་ཁང་དག་ལས་འཕན་གདུགས་ཡོ་བྱད་ཅི་མཚར་མཚར་ཞིག་ཉོ་རྒྱུ་ལོན་ནི་རེད་མོད། སྒོར་མོ་འབུམ་ཕྲག་མང་པོ་ཁུར་ནས་སོང་ཡང་། ཕྱི་ནང་མཚུངས་པའི་ཆོས་པ་ཉམ་ཆུང་མང་ཐོས་ཚུལ་ལྡན་ཞིག་ཉོ་རྒྱུ་ལོན་ནི་མ་རེད། དེ་བས་ན་བསྟན་པའི་རྩ་བ་མང་ཐོས་ཚུལ་ལྡན་གྱི་འདུས་པའི་སྡེ་ལ་རག་ལས་པས། བླ་སློབ་ཀུན་གྱིས་འདི་ཁོ་ན་ལ་གཙིགས་སུ་མཛད་དགོས། ཞེས་ཡང་ཡང་གསུངས། སྐུ་ཚེའི་སྟོད་རྣམས་སུ་མདོའི་པོད་ལྔ་རིག་གནས་དང་བཅས་པ། སྔགས་ཀྱི་སྨིན་གྲོལ་བཤད་བཀའ་ཡོངས་རྫོགས་དོན་གཉེར་དང་། བརྩོན་པ་ཆེན་པོས་ཡུན་ཐུང་ངུའི་ཐུགས་སུ་ཆུད་པར་མཛད་། དེ་ནས་རྒྱལ་བསྟན་རིན་པོ་ཆེ་ཉམས་ཤིང་རྒུད་དེ། ཕལ་བ་དག་གིས་བགྲང་ཕྲེང་ཙམ་ཡང་འཛིན་མི་ཕོད་པར་གྱུར་ཚེ། མདོ་སྔགས་རིག་གནས་དང་བཅས་པ་ལ། སྦྱོང་པ་མཐར་ཕྱིན་པར་གནང་བའི་ཚུལ། ཁུ་བོ་མཁན་ཤེས་རབ་དང་ཁོང་རྣམ་གཉིས་ལ་ཐབ་ཀ་ཆུང་ངུ་ཞིག་ཡོད་པའི་ཟུར་དུ། བུད་ཤིང་འཇོག་སྣོད་ཀྱི་ཟོལ་གྱིས་ས་སྒམ་སྦུབས་ཁུང་ཡིག་ལྡེབ་ཁ་ཤས་གླེགས་ཤིང་དང་བཅས་པ་ཤོང་བ་ཞིག་བྱས་ནས། འགྲུལ་པ་བྱུང་ཚེ་ཕར་དེ་ཁར་སྦས་ཤིང་། དེ་ལས་གཞན་དུ་མདུན་མེ་འབུད་ཞོར་ཚུན་ཆད་དུའང་དཔེ་གཟིགས་གནང་ཞིང་། མཚན་མོ་ཡང་ཅུང་ཟད་ལས་མི་གཟིམ་པར་སྤོང་ཀློག་གི་ལས་ཁོ་ནའི་དུས་འདའ་བར་མཛད་ཅིང་མི་མཐུན་པའི་རྒུད་པ་མཐའ་དག་མཐུན་པའི་གྲོགས་སུ་ཁྱེར། ཁྱད་པར་སྙིང་རྗེའི་སྤྱོད་པ་རླབས་ཆེན་གྱིས།

ཇི་སྐད་དུ།

                            སྣོད་བཅུད་སྡིག་པས་གང་བའི་ཚེ། །

                            རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །

ཞེས་རྐྱེན་སྣང་བྱང་ཆུབ་ཀྱི་གྲོགས་སུ་ཁྱེར་ནས། བགྲང་བྱ་ཉེར་གཉིས་སུ་བཞུགས་པ་སོགས་ཞིབ་པར་གོང་དུ་བཤད་པ་ལྟར་དང་། དེ་ནས་ཡང་དར་གྱི་བསྟན་པའི་མེ་རོ་གཏིང་ནས་གསོས་ཏེ། འཛིན་སྐྱོང་སྤེལ་བས་བཟང་པོའི་ཕྲིན་ལས་ཟླ་མེད་པ་ཡང་སྔར་ལོ་ཚིགས་དང་སྦྲགས་ཏེ་ཅུང་ཟད་བརྗོད་པ་ལྟར་རོ། །

གཞན་ཡང་དེ་དག་གི་སྐབས་སུ་འགྲོ་ཕན་རྣམ་པར་དཀར་བ་བསྐྱངས་པའི་ཚུལ་ལས་བརྩམས་ཏེ་སླར་ཡང་ཅུང་ཟད་བརྗོད་ན། དེ་ཡང་ཕྱོགས་ཀྱི་དགོན་སྡེ་རྣམས་སུ་ཕེབས་སྐབས་སྐུ་ན་བགྲེས་པས། བྱོན་བཞུགས་དཀའ་བའི་དུས་སུ་ཡང་ཉིན་གང་པོར་བཀའ་ཆོས་ཀྱིས་བྲེལ་ཡང་གཤིན་གསོན་གྱི་སྐྱབས་སྲུང་། ཕྱོགས་ཕྱོགས་ནས་ཡི་གེར་འདེབས་བཅུག་ནས། མཚན་མོ་ཆུ་ཚོད་དང་པོ་དང་གཉིས་པའི་བར་སྟར་ཆགས་སུ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དེ་ནས་ནམ་གུང་ཡོལ་བའི་དུས། མར་མེའི་འོད་ལ་བརྟེན་ནས་བསྔོ་སྨོན་སྐྱབས་འཇུག་ཞུ་ཡིག་རྣམས་རེ་རེ་ནས་གཟིགས་བཞིན་བསྔོ་སྨོན་གསུང་བ་དང་། སྐུ་ཕྱག་འབུལ་རྒྱུ། མཎྜལ་མཆོད་པ་སོགས་ཐུགས་དམ་ནར་མ་རྣམས་ལ་འཇུག་པ་ཞིག་སྟེ། སྒྲོ་གཏན་ནས་མ་བཏགས་པར་བརྗོད་ན། མཚན་མོ་གཅིག་ལ་ད་ལྟའི་ཆུ་ཚོད་གཉིས་རེ་ཙམ་དུ་སྐུ་ཁམས་གསོ་བར་མཛད་པ་ཙམ་ཞིག་ཡིན་པ་ནི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་བདེན་གཏམ་རྣམས་དང་། སྐུ་ཚེའི་སྨད་ནས་མཁན་ཐུབ་བསྟན་སྨོན་ལམ་ནས་ཞབས་ཕྱི་བགྱིས་པ་ན། ཁོང་གི་ཞལ་ནས་མཁན་རིན་པོ་ཆེ་ནི་རྒྱུན་པར་ནམ་གུང་ཡོལ་བ་དུས་ཚོད་གཉིས་པ་དང་གསུམ་པའི་སྟེང་ནས་གཟིམས་ཤིང་དེ་ནས་དུས་ཚོད་བཞིའི་སྟེང་ནས་བཞེངས་པར་མཛད་པ་ཞིག་ཡིན་ལ། ཞལ་ནས། རྒ་རྒས་དེ་གཉིད་རྒྱུ་ཡོད་མ་དར་ཟིག དེའི་འཕྲོས་ང་ངན་ལོབ་སོང་ནི་རེད་ཤེ་གསུངས་ཁི། དེ་བཞིན་དུ་སྔ་ཐོག་རྫོགས་ཆེན་ཤྲཱི་སེང་དུ་ངེད་དཔོན་གཡོག་བཞུགས་སྐབས། ཁོ་བོ་ཅག་གི་ངོར་མཛད་ནས་དུས་ཚོད་དང་པོ་དང་གཉིས་པའི་སྟེང་གཟིམ་ཚུལ་མཛད་དེ། ངེད་ཅག་ཉལ་ནས་ཅུང་མི་འགོར་བ་དབུ་བཀྱག་པ་མཛད་པ་ཞིག་ཡིན་དར་གསུངས་པས་སོ། །

ཤི་གསོན་གྱི་ཡོན་རྩ་དེ་དག་ཀྱང་གཞན་ལ་ཞལ་བཀོད་ཀྱིས་བཅོལ་གནང་ཙམ་མིན་པར། རྗེ་ཉིད་ཀྱིས་ཕྱག་ལས་གཙོ་བོ་གནང་ནས་མ་ཎིའི་དར་ལྕོག་ཁྲི་དར་མང་པོ་བསྒྲེངས་པ་དང་། སྐབས་དང་སྐབས་སུ་འདུས་སྡེ་སྤྱི་ལ་བསྔོ་སྨོན་ཞུ་ཡོན་དུ་ཡང་གནང་ཞིང་། ཆོས་ཁྲིད་ཀྱི་མཇུག་ཏུ་ཉིན་རེ་བཞིན་བསྔོ་ཡིག་རྣམས་དུམ་བུ་དུམ་བུར་གསུངས་པར་མཛད་པ་དང་། སྐུ་གཤེགས་པའི་ཉིན་མ་གཏོགས། ཕལ་ཆེར་མི་འཁྲུགས་པ་སོགས་ཀྱི་ཆོ་གའི་སྒོ་ནས་སྲེག་ཆོག་ཆད་མེད་མཛད་པ་སྟེ།

ཀུན་མཁྱེན་འཇིགས་མེད་གླིང་པས།

                            གསོན་དད་པས་བྱིན་པའི་ཟང་ཟིང་གི་དངོས་པོ། །

                            གཤིན་འགག་ལ་ཐུག་པའི་ཉེར་སྤྱད་ཀྱི་རྣམ་གྲངས། །

                            འདིས་ཐར་པའི་སྲོག་རྩ་བཙན་ཐབས་སུ་གཅོད་པས། །

                            ཁབ་སྐུད་པར་བརྒྱུས་ཏེ་མཆོད་སྦྱིན་ལ་ཐོངས་མཛོད། །

 

ཅེས་གསུངས་པའི་ཚུལ་ལ་ཡི་དམ་དུ་བགྱིད་པའི་སྔ་འགྱུར་རིག་འཛིན་གོང་མ། རྒྱལ་སྲས་རྒྱལ་བའི་མྱུ་གུ། དཔལ་སྤྲུལ་རིན་པོ་ཆེ་དང་ལྕང་མ་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་སོགས་ད་ལྟ་བདག་ཅག་གི་འདྲེན་མཆོག་མཚུངས་པ་མེད་པ་ཆོས་རྗེ་བླ་མ་བཀའ་དྲིན་ཅན་ཏེ། སྙིང་ཐིག་བརྒྱུད་པའི་བླ་མ་རྣམས་དང་། ཇོ་བོ་བཀའ་གདམས་པ་རྣམས་ནི་ལྷག་པར་ལས་འབྲས་དང་བསླབ་པའི་གནས་ལ། ཕྲ་ཞིང་ཞིབ་པ་གནང་བའི་མཛད་པ་བླ་ན་མེད་པ་སྐྱོང་བ་ཞིག་གོ། དེ་བཞིན་དུ་ལུས་ཅན་དག་གི་སྡུག་བསྔལ་གྱི་གཅོང་ནད་དྲུང་ནས་འབྱིན་པའི་གཉེན་པོ་དང་། ཕན་བདེ་མཐའ་དག་གི་གཞི་མ་ནི། རྒྱལ་བའི་བསྟན་པ་དང་དེའི་རྩ་བ་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་བ་ཁོ་ན་ལས། གཞན་དུ་མ་དམིགས་པ་ཐུགས་སུ་བཅངས་པ་དང་ཞལ་འཕྲོས་སུ་ཡང་དེ་ཉིད་ཁོ་ན་བསྩལ་བ་ཞིག་སྟེ། སྔ་སོར་གདན་ས་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་གི་རྗེ་ཉིད་ཀྱི་གཟིམ་ཁང་དང་། གྲྭ་ཤག་ཐམས་ཅད་ས་ཁང་ཁ་ཆར་ལྷགས་པ་སྐྱོབ་ཙམ་དང་། དེར་མ་ཟད་ཆོས་གྲྭའི་འདུ་ཁང་ཆེན་མོ་ཡང་། ཤིང་བརྐོས་དང་གསེར་ཏོག་རྒྱ་ཕིབས་སོགས་ལྟ་ཅི། ཚོན་རིས་ཙམ་ཡང་མེད་པའི་སྐྱ་ཁོག་གེ་བ་ཞིག་ཡིན་ན་ཡང་། བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་པོ་ཁོ་ནར་གཙིགས་སུ་མཛད་དེ། རྗེ་བླ་མ་ཉིད་ཀྱི་སྐུ་ཚེའི་སྨད་རྣམས་སུ་རྒྱ་བོད་ཀྱི་ཡོན་བདག་དག་གིས། དངོས་རྫས་ཕུལ་བ་རྣམས་བཀའ་བསྟན་ཆ་མང་པོ་དང་། རྙིང་མ་བཀའ་གཏེར་གྱི་གླེགས་བམ་བརྒྱ་ཕྲག་དུ་མ། གསང་སྙིང་ལྷ་ཁང་དང་འདུ་ཁང་སོགས་ཀྱི་དྲྭ་མིག་རྣམས་སུ་བཞུགས་སུ་གསོལ་བ་དང་། ཁྱད་པར་སྒྲུབ་སྡེ་སྨིན་གྲོལ་ཆོས་གླིང་གི་སྒྲུབ་པ་པོ་རྣམས་ལ་སྒྲུབ་རྒྱགས། གཞན་ཡང་ཕྱོགས་བྱོན་ཆ་རྐྱེན་ཞན་པ་སོགས། གཙོ་བོ་སྤོང་ཀློག་གི་གནས་ལ་བརྩོན་པའི་དགེ་འདུན་པའི་ཉེར་སྤྱད་ཁོ་ནར་བསྩལ་བ་ཞིག་ལས་སྤོམ་ཆེན་གྱི་རྟེན་བཞེངས་ཤིག་མི་གནང་སྟེ། རྒྱའི་ཡོན་བདག་ཅིག་གིས་རླངས་འཁོར་རིན་གོང་ཆེ་བ་ཞིག་ཕུལ་བ་ན། ང་བན་རྒན་རྒ་རྒས་ཤིག་འདིའི་ནང་ནས་གང་དུ་འགྲོ་འདུགདེ་བས་ང་རང་གི་རྩ་ན་ཨ་ཅོ་དཔེ་ཆ་པ་འགའ་རེ་ཡོད་པ་དེ་དག་གི་དཔེ་ཆ་གཟིགས་བྱེད་མར་མེའི་གོ་ཆོད་པ་རེ་ཡོད་ན་དེས་དགའ་ཁི་གསུངས་པས། སྒྲོན་མེ་བརྒྱ་ཕྲག་སྦར་ཐུབ་པའི་གློག་འདོན་འཕྲུལ་ཞིག་ཕུལ་བ་ཆོས་གྲྭ་ལ་གནང་བ་དང་། རྒྱུན་པར་གཞི་བྱེས་ཀྱི་གྲྭ་པ་འབྱོར་མེད་སུ་ཞིག་གིས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བ་གསན་པ་ན། ཐུགས་ཤིན་ཏུ་དགྱེས་ཏེ། ཆོས་སྣམ་སོགས་མཐུན་རྐྱེན་གྱི་བཀའ་དྲིན་བསྐྱངས། འགའ་ཞིག་གིས་ཁྱེད་ཀྱི་ཞབས་བརྟན་དུ་རིམ་གྲོ་བགྱི་བར་ཞུས་པ་ན། ཨོ་ཡ་ཡ་གདའ། དཔེ་ཆ་རེ་གཟིགས་བསྡད་ན་དེའི་དགའ་ནི་རེད་གསུང་བ་དང་། འདུས་པ་སྤྱི་ནས་ཞབས་བརྟན་གསུངས་སྐབས་ཀྱང་། ད་གསུང་དགོས་ནི་མ་རེད། དཔེ་ཆ་འཆད་ཉན་རེའི་རྒྱུན་བསྐྱངས་ན་ང་ལ་དེའི་དགའ་ཡོད་ནི་མ་རེད་ཅེས་ཡང་ཡང་གསུང་བ་ཞིག་སྟེ། དེས་ན་དམ་པ་གང་གི་བཟང་པོའི་ཕྲིན་ལས་ཀྱི་རྣམ་ཐར་གཙོ་བོ་ནི། ལུང་གི་ཆོས་ལ་འཆད་ཉན་དང་། རྟོགས་པའི་ཆོས་ལ་ཉམས་ལེན་གྱིས། བཤད་སྒྲུབ་ཀྱི་བསྟན་པ་ལ་ཕྱག་རྗེས་བླ་ན་མེད་པ་བཞག་པ་སྟེ། ཚུལ་འདི་ནི་བསྟན་འཛིན་ཟོལ་མ་དག་ལ་མེད་པའི་མཛད་བཟང་དམ་པ་ཞིག་ཡིན་པ་ནི།

ཇི་སྐད་དུ་འཇམ་མགོན་མི་ཕམ་རིན་པོ་ཆེས་ཀྱང་།

                            རིག་པའི་གཞུང་ལུགས་ཕྱོགས་རེ་བའི། །

                            དོན་ལ་མཁས་པའི་སྙེམས་པ་དང་། །

                            བཟླས་དང་དཀའ་ཐུབ་ཏིང་ངེ་འཛིན། །

                            ཕྲ་མོའི་བརྟུལ་ཞུགས་བརྟེན་རྣམས་ཀྱི། །

                            སྒྲུབ་པའི་འབྲས་བུ་ཟང་ཟིང་དང་། །

                            ཚེ་འདིའི་སྙན་པར་བཙོངས་བས་སུ། །

                            མི་བཟད་གདོན་དང་མཚུངས་པ་ཡིན། །

                            འཁོར་ངན་རྣམས་ཀྱི་རྩོད་གཞིར་སྒྲུབ། །

                            ཀློག་དང་སྤོང་བ་ཕྲིན་ལས་ཀྱི། །

                            འཁོར་ལོ་གསུམ་གྱི་ཚུལ་བཟང་ལ། །

                            ཕན་པའི་ཐབས་ཚུལ་བསམ་པ་ནི། །

                            ཀྱེ་མ་དེང་སང་དུས་ན་སུ། །

 

ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་རྗེ་བླ་མའི་ཕྱག་རྗེས་བླ་ན་མེད་པ་བསྟན་པ་སྐྱོང་བའི་བརྒྱུད་འཛིན་བགྲང་ལས་འདས་པ་བསྐྲུན་པའི་ཚུལ་ནི། ཡིག་ཚོགས་ཀྱིས་ངལ་བས་ས་བོན་ཙམ་ཞིག་རྣམ་ཐར་སྐལ་བཟང་དད་པའི་གསོས་སྨན་དུ་བཀོད་པ་ལས་མཁྱེན་པར་འདོད་པ་དག་གིས་དེར་གཟིགས་པར་ཞུའོ། །

 

                            སྔོན་བྱོན་མཁས་གྲུབ་དག་གི་བསྟི་གནས་མཆོག །

                            དེང་དུས་ལུང་རྟོགས་རྒྱལ་བསྟན་ཉག་ཕྲ་བར། །

                            ལེ༵གས་བཤ༵ད་སྨྲ༵་བ༵འི་ཉི༵་མ༵་ཁྱེད་མེད་ན། །

                            རྨོངས་པ་མུན་པའི་རུམ་ནས་སུ་ཡིས་འབྱིན། །

 

                            རྗེ་ཁྱོད་སྔོན་ཡང་གངས་ལྡན་རི་བོའི་ལྗོངས། །

                            སད་མི་བདུན་སོགས་ཁྲིམས་ལྡན་འདུས་པ་བསྐྱངས། །

                            འདིར་ཡང་རིས་མེད་ཆོས་ཀྱི་སྡེ་ཀུན་ཏུ། །

                            མང་ཐོས་བསླབ་ལྡན་སྤེལ་འདི་ཁྱེད་ཀྱི་ཚུལ། །

 

                            རྡུལ་བྲལ་ཕྲིན་ལས་བྱེ་བའི་དཔུང་ཤུགས་ཉིད། །

                            སྨིན་གྲོལ་ཆོས་ཀྱི་འཁོར་ལོས་ལུས་ཅན་ཀུན། །

                            ཕན་བདེའི་སྐལ་བ་མཆོག་ཏུ་བཀོད་པ་ལས། །

                            གྲགས་འུར་མཐོན་པོའི་ཕྱག་རྗེས་གནས་ལ་མིན། །

 

                            ཕྱོགས་བཅུའི་རྒྱལ་བས་བསྔགས་པའི་མེ་ཏོག་ཆར། །

                            སྙིལ་མཛད་ཐུབ་དབང་མཆོག་གི་རྣམ་ཐར་བཞིན། །

                            བསྟན་འགྲོའི་ཕན་བདེ་རྒུད་པའི་དུས་བྱུང་ཚེ། །

                            དཔའ་ཆེན་གང་གི་མཛད་བཟང་དུས་སུ་སྨིན། །

 

                            ཐུབ་བསྟན་དཔྱིད་ཀྱི་ལྗང་ལོ་རྒྱས་པའི་ཚལ། །

                            འཕགས་ཆེན་མགྲིན་སྙན་དག་གིས་རྩེན་གྱུར་ཀྱང་། །

                            སྡེ་བཞིའི་འབྲས་བཟང་ཉམས་པའི་ཁ་བའི་དུས། །

                            ཕམ་བྱེད་སོ་ཁའི་དྲོད་ཁོལ་ཁྱེད་ཉིད་ཙམ། །

 

༈ ད་ནི་ལྟ་དགོངས་ས་མཐོར་གཤེགས་ཤིང་ངེས་དོན་གྲུབ་པའི་གོ་འཕང་བརྙེས་པའི་ཚུལ་མཚོན་ཙམ་བརྗོད་ན། སྤྱིར་བསྒྲུབས་འབྲས་ཀྱི་མངོན་རྟོགས་ལས་སྐྱེས་པའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་ངོ་མཚར་བའི་ཆོ་རོལ་ངོམ་པ་གྲུབ་པའི་རྟགས་མཚན་དུ་གྲགས་མོད།

དེ་ལྟ་ནའང་འཇམ་མགོན་ཐམས་ཅད་མཁྱེན་པ་མི་ཕམ་རིན་པོ་ཆེའི་ཞལ་ནས།

                            རྡེའུ་ཁབ་ཤིང་སོགས་ལ་བརྟེན་ནས། །

                            དོན་ཆུང་ཉི་ཚེའི་རྫུ་བག་ལས། །

                            ལམ་གྱི་མངོན་རྟོགས་ངོམ་བྱེད་པའི། །

                            གྲུབ་པས་དེང་སང་ས་འདི་གང་། །

                            ཅི་འདི་ཟག་བཅས་ཟག་མེད་ཀྱི། །

                            བསམ་གཏན་དག་གམ་རིག་སྔགས་ཀྱིས། །

                            གྲུབ་སྟེ་འདི་ལ་འདི་ལས་གཞན། །

                            གཙོ་བོའི་ཡོན་ཏན་ཅི་ཞིག་ཅེས། །

                            དྲིས་ནས་བརྟགས་ཤིང་དཔྱད་པ་ན། །

                            ལམ་གྱིས་གྲུབ་པ་ལྟ་ཞོག་སྟེ། །

                            ལམ་གྱི་ཚུལ་ལའང་ཆེར་རྨོངས་པའི། །

                            རང་མཚང་མ་སྦས་གསལ་བོར་མངོན། །

 

ཞེས་སོགས་གསུངས་པས་རྡོ་བཅིངས་ལྕགས་མདུད་མངོན་ཤེས་ལུང་བསྟན་སོགས་མཐའ་གཅིག་ཏུ་གྲུབ་པའི་རྟགས་མཚན་དུ་འཇོག་དཀའ་བར་གསུངས་པ་དང་།

ཚུལ་དེ་དང་མཐུན་པར་མངའ་རིས་པཎ་ཆེན་གྱིས་ཀྱང་།

                            བྲག་དམར་གྱི་མཚོ་ལ་རོ་སྙོམས་བྱས། །

                            སྨིན་ནག་གི་ཆུ་ལ་རྡོག་པས་བརྫིས། །

                            ལྷ་ལུང་གི་བྲག་ལ་བྱ་ལྟར་ལྡིང་། །

                            བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །

                            གོ་བོ་ཅན་བྲག་གི་ལོགས་ལ་བརྒྱུགས། །

                            གྲོགས་ཤེར་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། །

                            བྱང་རྒྱལ་དང་བླ་མ་རིན་སེར་བ། །

                            སྐྱེས་ཕོ་མོ་འགས་གྲུབ་ཐོབ་གྲུབ་ཐོབ་ཟེར། །

                            དེ་གྲུབ་ཐོབ་ཀྱི་གོ་བ་ངས་མི་ལེན། །

                            ཉམས་བླངས་ཀྱི་ཉམས་སྣང་ཐོན་ཙམ་ཡིན། །

                            དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །

                            ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། །

 

ཞེས་གྲུབ་རྟགས་ཀྱི་མཐར་ཐུག་འཕགས་པའི་མངོན་རྟོགས་ལ་ངོས་བཟུང་བ་དང་། དེར་མ་ཟད་འཇིག་རྟེན་གསུམ་གྱི་མགོན་པོ་ཐུབ་པ་བཅོམ་ལྡན་འདས་ཀྱི་ཐུན་མིན་གྱི་ཆེ་བ་ངོས་འཛིན་པ་ནའང་། བྱམས་པ་མགོན་པོས། གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །

ཞེས་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་མཛད་ཅིང་། དེ་ཉིད་ཀྱིས་ལྷ་དང་དྲང་སྲོང་ལ་སོགས་སུས་ཀྱང་མི་ནུས་པའི་ཆོས་འཁོར་བསྐོར་བ་ཉིད་ལ་འཇོག་པར་མཛད་པ་ལས། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ཀྱིས་མ་བརྗོད་པ་དང་།

ཀུན་གཟིགས་མི་ཕམ་རིན་པོ་ཆེས་ཀྱང་།

                            རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས། །

                            དགོངས་པའི་ཀློང་ནས་སྤོབས་པའི་གཏེར་བརྒྱད་གྲོལ། །

                            ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག །

 

ཨ་ཛི་ཏ་བི་ཛ་ཡ་ཞེས་རིག་སྟོང་འཇམ་དཔལ་དཔའ་བོའི་བྱིན་རླབས་ཐུགས་ལ་སིམ་པས་འཇིགས་བྲལ་གཟུངས་དང་སྤོབས་པའི་གཏེར་བརྒྱད་གྲོལ་ཏེ། ཆོས་ཚུལ་རྒྱ་མཚོའི་དགོངས་དོན་ཐུགས་ཀློང་ནས་བརྡོལ་བ་དེ་ཉིད་འཇམ་དབྱངས་བླ་མ་ཉིད་ཀྱི་ཐུན་མིན་གྱི་ཆེ་བ་ཉིད་དུ་ཞལ་གྱིས་བཞེས་པ་ལྟར། སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱང་། གྲུབ་བརྒྱུའི་གཙུག་རྒྱན་ཨོ་རྒྱན་གཏེར་བདག་གླིང་པའི་ཡེ་ཤེས་སྒྱུ་མའི་རོལ་གར་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེས། previous hit རིག་པ་ཅིག་ཆར་དུ་ངོ་སྤྲད་པས། སྔོན་བྱོན་གྲུབ་པ་སྟོང་གི་རྒྱལ་ས་རྫོགས་པ་ཆེན་པོ་རང next hit་སྣང་རིས་མེད་ཀྱི་དགོངས་པ་ཤེས་ཉམས་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་གཟིགས་ཤིང་། ལྷག་ལྷ་འཇམ་དཔལ་གཞོན་ནུའི་བྱིན་རླབས་ཀྱི་གཟི་འོད་རྣོན་པོས། མཁྱེན་པའི་འདབ་སྟོང་ལྷུག་པོར་གྲོལ་བས་མདོ་སྔགས་རིག་གཞུང་མཐའ་དག་ལ་ཡུན་རིང་སྦྱངས་པའི་ངལ་བ་མ་དགོས་པར་སྒོམ་བྱུང་གི་མཁྱེན་རབ་ཟབ་མོ་རང་བརྡོལ་བ་འདི་ཉིད་ཀྱིས་སོ། །

གཞན་ཡང་འཇམ་མགོན་མི་ཕམ་པས། མཁན་ཆེན་བོ་དྷི་ས་ཏྭའི་གྲུབ་པའི་འབྲས་རྟགས་དངོས་ངོས་འཛིན་པ་ན། བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་སྣང་བར་མཛད་ནུས་པ། དེ་ནི་རྒྱལ་སྲས་སེམས་དཔའ་གཞན་ལ་མེད་པ་ཞེས་གྲུབ་པའི་འབྲས་རྟགས་སུ་ངོས་འཛིན་གནང་བ་ལྟར། ཤིན་ཏུ་ཉག་ཕྲ་བའི་སྙིགས་མའི་རྒུད་པའི་དུས་འདིར་ལུང་རིགས་མན་ངག་རྒྱ་མཚོ་ལ་རང་བྱན་ཆུད་པའི་མཁྱེན་རབ་ཟབ་མོ་དང་། དམིགས་པ་མེད་པའི་ཐུགས་རྗེ་ཟུང་དུ་འབྲེལ་བས་སྨིན་གྲོལ་ཟབ་རྒྱས་ཀྱི་གདམས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་གསོ་བའི་ཕྲིན་ལས་རྨད་དུ་བྱུང་བ་འདི་ཉིད་ནི་གྲུབ་པའི་འབྲས་རྟགས་ཟླ་དང་བྲལ་བའོ། །

དེ་ལྟར་ན་རྨད་བྱུང་མཁས་བཙུན་བཟང་གྲུབ་ཀྱི་རྣམ་ཐར་འདི་ལྟ་བུ་དེང་གི་དུས་འདིར་ཕྱོགས་རེ་ཚང་བའང་རྙེད་པར་དཀའ་བའི་ཚུལ་ལ་བསམས་ན། ཡོན་ཏན་གྱི་འབྱོར་བ་མཐའ་དག་གིས་ཡོངས་སུ་རྒྱན་པའི་ཚུལ་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་བ་སྟེ།

ཇི་སྐད་དུ།

                            དེང་སང་གངས་རིའི་ཁྲོད་འདི་ན། །

                            གྲུབ་པ་གྲགས་ཀྱང་མཁས་བཙུན་བྲལ། །

                            མཁས་ཀྱང་གྲུབ་འབྲས་མཐོང་དཀའ་བས། །

                            ཕུན་ཚོགས་ལྡན་པ་རྙེད་པར་དཀའ། །

                            མཁས་དང་བཙུན་དང་གྲུབ་པ་གསུམ། །

                            འགྲན་པ་བཞིན་དུ་ཁྱེད་ལ་འཕེལ། །

                            འདི་འདྲའི་ཕུན་ཚོགས་མཐོང་དཀའ་བ། །

                            ངོ་མཚར་ཆེ་ཡང་ཤེས་པ་དཀོན། །

                            དེ་དག་རེ་རེའི་ཚུལ་ལ་འང་། །

                            འགྲན་པ་དཀའ་ན་ཀུན་བསྡོམས་པའི། །

                            རྣམ་ཐར་ཟབ་མོ་ནམ་མཁའི་ཁྱོན། །

                            རྒྱས་པར་བཀང་བ་སུ་ཞིག་འགྲན། །ཞེས་གསུངས་པ་ལྟར་རོ། །

 

མདོར་ན་མཁས་གྲུབ་ཀརྨ་ཆགས་མེད་རིན་པོ་ཆེས།

                            བན་རྒན་སྡོམ་པ་གཙང་བ་དེ། །

                            གྲུབ་རྟགས་ནང་གི་ཆེ་ཤོས་ཡིན། །

ཞེས་གསུངས་པ་ལྟར། རྟོགས་པ་དོན་གྱི་རྒྱལ་ས་ཟིན་པས་ཟག་བཅས་ཀྱི་ལམ་ལ་བརྟེན་པའི་ཉམས་སྣང་ཟ་ཟི་ལ་སྒོམ་ཆེན་དང་གྲུབ་ཐོབ་ཏུ་རློམ་པ་སྟོང་གིས་ཀྱང་། མ་ཐུལ་བའི་ཉེས་ལྟུང་ཡིད་སྲུབས་ཀྱི་སྡེ་ལས་རྣམ་པར་རྒྱལ་བའི་ངེས་དོན་གྲུབ་པའི་རྒྱལ་རྟགས་ཅིར་ཡང་བཞག་པ་ནི། གྲུབ་པའི་རྟགས་མཚན་བླ་ན་མེད་པ་ཉིད་དུ་སེམས་སོ། །

 

                            མ་ངེས་རྒྱང་གི་སྐྱ་བོའི་རྫས། །

                            མེ་སྒྲུབ་པ་ལ་ནུས་མེད་ལྟར། །

                            མངོན་ཤེས་རྫུ་འཕྲུལ་བཀོད་པ་ཡིས། །

                            ངེས་དོན་གྲུབ་ཐོབ་སྒྲུབ་ནུས་མིན། །

 

                            དོན་བརྒྱུད་རྟོགས་པའི་རྩལ་རྫོགས་པས། །

                            ལུང་རྟོགས་ཆོས་ཀྱི་མཛོད་སྒོ་ནས། །

                            རྒྱལ་བསྟན་རྒུད་པ་གསོ་མཛད་པ། །

                            ཡབ་མེས་གྲུབ་པའི་ཕ་ཁྱིམ་ངེས། །

 

                            སྲ་མཁྲེགས་རྡོ་ལྕགས་དངོས་པོའི་ཁམས། །

                            རྫས་སྔགས་ཀྱིས་ཀྱང་ཐལ་བར་རློག །

                            སྲིད་གསུམ་ཕྱོགས་ཀྱང་ཕམ་བྱེད་པའི། །

                            ཉོན་མོངས་གཡུལ་རྒྱལ་གྲུབ་རྟགས་མཆོག །

 

                            འདི་འདྲའི་གྲུབ་པ་ལྟ་ཅི་ཞིག །

                            ཅི་འདི་གྲུབ་འབྲས་དངོས་ཉིད་དུ། །

                            ཤེས་པའང་དེང་དུས་དཀོན་པས་ན། །

                            དོན་གྱི་གྲུབ་ཐོབ་ཁྱོད་ཉིད་ཙམ། །

 

༈ ད་ནི་དེར་མ་འཁོད་པའི་གཞན་མཐོང་ཐོས་གང་ཡོད་གོ་རིམ་མེད་པར་དུམ་དུམ་དུ་སྐལ་བཟང་དག་གིས་དད་གུས་དང་མིག་ལྟོས་སོགས་སུ་དམིགས་ཏེ་ཁ་ཤས་ཤིག་འགོད་ན། དེ་ཡང་རྗེ་འདི་ཉིད་ཀྱིས་གཞུང་འཆད་པའི་སྐབས་ཀྱི་ཟུར་འཕྲོས་དང་གདམས་ངག་གི་གཞུང་ལུགས་གསུང་བ་སོགས་སྐབས་གང་ཡིན་ཡང་། ཐུགས་གཏིང་ནས་ཁོང་ཉིད་དམན་པ་ཞིག་ཏུ་ཞལ་གྱིས་བཞེས་ཤིང་། སྐུ་ཉིད་དང་སྦྱར་བའམ་གཞུང་ནས་གསུང་བ་ཉིད་དབང་དུ་བྱས་ཏེ་སྦྱི་ལ་སྦྱར་བ་ལས། དམིགས་བསལ་དུ་གཞན་ལ་བཀའ་བཀྱོན་དང་ཟུར་ཟ་ཞིག་འབྱུང་བ་ལྟ་ཅི་ཆེད་དུ་མཚང་འདོན་གྱི་ཞལ་གདམས་ཞུས་ཀྱང་མི་གནང་བ་ཞིག་སྟེ། རྗེ་བླ་མའི་ཞལ་སློབ་དམ་པ་རྨེ་བ་མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་ནས་སྔ་མོ་རྟའུ་རྫོང་དུ་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཏབ་སྐོར་ཁོང་གིས་སྤྱིར་སྔོན་བྱོན་དམ་པའི་ཞལ་གདམས་ཟབ་མོ་མང་དུ་མཆིས་ཀྱང་ད་ལྟའི་དུས་གནས་དང་ཁྱད་པར་ཁོ་བོའི་གནད་མཚང་ལ་རྒོལ་བའི་ཞལ་གྱི་གདམས་པ་ཟབ་མོ་ཞིག་གནང་བར་ཞུས་པ་ན། ང་རང་དེ་འདྲའི་གང་ཟག་མ་རེད་ཅེས་གསུངས་ནས་མཛད་པར་མི་གནང་པ་ན་ཡང་ཡང་བསྐུལ་བ་ལས་རྗེས་སུ་བསྩལ་བའི་གདམས་པ་ཉིད། རྗེ་ཉིད་ལ་སྦྱར་བ་ལས་ཁོ་བོ་ཞུ་བ་པོ་ལ་སྦྱར་བ་ཞིག་མ་བྱུང་ཞེས་གསུངས་པ་ལྟར་རོ། །

དེ་ལྟ་ན་ཆེས་ཟབ་པའི་ཞལ་གྱི་གདམས་པ་དེ་ཉིད་ནི་དམ་པ་འགའ་ཞིག་གིས་ཀྱང་ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས་དང་། གོང་ལ་ངོ་སྲུང་འོག་མ་ཨེ་མགུའི་རེ་དོགས་ལ་སོགས་པའི་གསུང་འདི་དག་རྗེ་འདི་ཉིད་ཀྱི་རྣམ་ཐར་ཉིད་དུ་སོང་འདུག་ཅེས་གསུངས་ཤིང་། ད་ལྟའི་རང་རེ་རྗེས་འཇུག་དག་གིས་ཉམས་སུ་ལེན་བྱ་ཆེས་གལ་ཆེ་བ་ཉིད་དུ་སེམས་ནས་འདིར་བཀོད་ན།

༈ ངེས་འབྱུང་བསྐུལ་བའི་གཏམ་ཐར་ལམ་གསལ་བའི་སྣང་བྱེད་བཞུགས་སོ། །

 

                            ན་མོ་གུ་རུ་པདྨ་ཀཱ་ར་ཡེ།

                            བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་གྲུ་གཟིངས་ཀྱིས། །

                            འགྲོ་ཁམས་སྲིད་པའི་འཇིགས་ལས་སྒྲོལ་བ་ལ། །

                            གཅིག་ཏུ་དཔའ་བའི་རྣམ་འདྲེན་བཞི་བ་དང་། །

                            དབྱེར་མེད་རྩ་བརྒྱུད་བླ་མར་གུས་པས་འདུད། །

 

                            བདག་ནི་སྔོན་བསགས་བཙན་པོའི་ལས་ཤུགས་ཀྱིས། །

                            མཐའ་མེད་སྲིད་པའི་མཚོ་ལ་འཁྱམས་འཁྱམས་ནས། །

                            ད་རུང་འདི་སྣང་སྲིད་པའི་བསླུ་བྲིད་ལ། །

                            ཞེན་ཆགས་མཚོ་ཆེན་ཁོང་ནས་རྡོལ་བཞིན་དུ། །

 

                            བདག་འཛིན་རྨོངས་པའི་སྨག་རུམ་སྟུག་པོ་ཡིས། །

                            བར་མེད་ཀུན་ནས་མནར་བཞིན་དུག་ལྔ་ཡིས། །

                            ཁོལ་བོར་དལ་མེད་རྒྱུ་བས་གདུང་བ་ལ། །

                            ཀྱེ་ཧུད་སྲས་བཅས་རྒྱལ་བས་ཐུགས་རྗེས་གཟིགས། །

 

                            ཕྱི་ཚུལ་ཆོས་པར་འཆོས་ཀྱང་ནང་མ་ཐུལ། །

                            སྡོམ་གསུམ་རྒྱུད་ལ་བླངས་ཀྱང་སྲུང་མཚམས་ལྷོད། །

                            ཆོས་ལ་ཉན་བཤད་བགྱིས་ཀྱང་ཆོས་བརྒྱད་ཆེ། །

                            འདི་འདྲའི་ཚུལ་གྱིས་གཏན་འདུན་ཅི་ལྟར་འགྲུབ། །

 

                            སྐད་ཅིག་མི་སྡོད་གཡོ་བའི་རང་སེམས་འདི། །

                            གཅིག་རྗེས་གཉིས་མཐུད་སྣ་ཚོགས་ཀུན་རྟོག་ཚུལ། །

                            སྤོས་རྒྱའི་རི་མོ་བཞིན་དུ་བཀྲམ་པ་ཡིས། །

                            མཐའ་མེད་སྲིད་པའི་གཟེབ་ཏུ་འཆིང་ལ་ལྟོས། །

 

                            ལྟར་སྣང་བསྟན་དོན་སྒྲུབ་མདོག་རང་དོན་ཤོར། །

                            གཞན་རྒྱུད་འདུལ་རློམ་རང་རྒྱུད་རྭ་བཞིན་གྱོང་། །

                            མཐོང་རྩིས་འགའ་ཡིས་བྱས་ལ་ཡིན་རློམ་སྐྱེས། །

                            དོན་ལ་རང་ཚུལ་རི་མོའི་སྣང་བྱེད་མཚུངས། །

 

                            ཐུན་མོང་ཤེས་བྱའི་གནས་ལ་ཅུང་ཟད་སྦྱངས། །

                            ཐུན་མིན་སྡེ་སྣོད་ཕྱོགས་ཀྱང་ཐོས་མོད་ཀྱང་། །

                            འདུན་མའི་རྩ་བ་ཚེ་འདིའི་ཕྱོགས་སུ་ཤོར། །

                            དམ་པའི་ཆོས་ཀྱང་སྲིད་པའི་སྣོན་མར་བྱས། །

 

                            གོང་ལ་ངོས་འཛིན་བྱེད་པའི་བྱ་བ་དང་། །

                            ཐད་ཀའི་གྲྭ་སྡེ་ཡུལ་མིའི་ངོ་བསྲུང་དང་། །

                            དམའ་བའི་གནས་རྣམས་ཨེ་མགུའི་རེ་དོགས་ཀྱིས། །

                            བྱ་བས་བྲེལ་བ་འདི་ཀོ་ངལ་བའི་རྒྱུ། །

 

                            ད་ནི་སྙིགས་མའི་རང་གཤིས་དར་དྲག་པས། །

                            གཡོ་སྒྱུའི་བསམ་པ་རང་འདོད་ཞགས་པ་ཡིས། །

                            གཞན་སེམས་བསླུ་བའི་གཏམ་དང་སྤྱོད་ཚུལ་འདིས། །

                            ཅོལ་ཆུང་སྣང་བ་འབྲིད་པའི་ཚུལ་ལ་ལྟོས། །

 

                            ངོས་ནས་དགའ་བའི་ཚིག་གིས་བསུ་བཞིན་དུ། །

                            གུས་པའི་རྣམ་འགྱུར་དུད་པའི་སྙེ་མར་མཚུངས། །

                            ལྐོག་ནས་ཕལ་ཆེར་རེངས་པའི་རྭ་བཞིན་དུ། །

                            སྙད་འདོགས་ཡ་གིའི་རུ་རྩེ་ཀུན་ནས་གཟེངས། །

 

                            སྔོན་དུས་ཕུན་ཚོགས་དཔལ་དང་འབྱོར་བ་ཡིས། །

                            མངོན་འཕགས་སྐྱེ་དགུའི་བསྐུར་འོས་མཆོག་རྣམས་ཀྱང་། །

                            མ་རུང་དུས་ཀྱི་དུཿཁས་གཙེས་པ་ཡིས། །

                            མི་བརྟན་འདུས་བྱས་རང་མཚང་ངོམས་འདིར་སོམས། །

 

                            སྲ་བརྟན་ཆེ་བརྗིད་མཛེས་པའི་ཕོ་བྲང་དང་། །

                            རྣམ་མང་ནོར་དབྱིག་མཛོད་ལ་དབང་བསྒྱུར་ཞིང་། །

                            ཆེར་རློམ་དྲེགས་པའི་རུ་མཚོན་འཕྱར་བ་རྣམས། །

                            མིང་གི་ལྷག་མར་གྱུར་བས་ཡིད་བརྟན་མེད། །

 

                            སྣོད་ཀྱི་དཔལ་ཉམས་འབྱུང་བ་ཆ་མི་སྙོམ། །

                            བཅུད་ཀྱི་འགྲོ་བས་སྡིག་ལས་ཧབ་ཐོབ་བྱེད། །

                            གཤིས་ངན་རང་སེམས་འདི་སྣང་ཞེན་པས་བཅིངས། །

                            ཚུལ་འདིར་བསམས་ན་བློ་སེམས་སྐྱོ་བའི་གནས། །

 

                            ཕྱི་སྣོད་འབྱུང་བའི་དངོས་པོ་མི་བརྟན་འགྱུར། །

                            དུས་བཞིའི་ཡོ་ལང་རིམ་བཞིན་འཕོ་བས་འགྱུར། །

                            བཅུད་ཀྱི་འགྲོ་བ་སྐྱེ་འཆི་རྒ་བས་འཇིག །

                            སྣང་བའི་དངོས་ལ་ཡིད་བརྟན་གནས་འགའ་མེད། །

 

                            སྔར་དུས་ཕུན་ཚོགས་དངོས་པོའི་དཔལ་ཀུན་ཉམས། །

                            དཔང་གྱུར་དམ་པའི་སྐྱེ་བོ་ཕལ་ཆེར་ཟད། །

                            སྙིགས་མའི་རང་རྟགས་བདོ་བས་ཆོས་སྲིད་འཇིག །

                            ད་ནི་སྙིགས་མ་ལས་ཀྱང་ཡང་སྙིགས་དུས། །

 

                            དལ་བའི་རྟེན་བཟང་མི་ཡི་ལུས་མཆོག་འདི། །

                            ཕྱི་ནས་འབྱུང་བ་རྒུད་པས་ཀུན་ནས་མནར། །

                            ནང་དུ་ལས་ཉོན་ཁུར་ཆེན་བརྩེགས་པས་མནར། །

                            ཚེ་མཐའ་གཏུགས་པས་གཤིན་རྗེའི་གྲོང་སྒོར་སླེབས། །

 

                            སྲིད་པ་འདི་ན་རྣམ་གསུམ་དུཿཁ་ཡིས། །

                            ཀུན་ནས་མནར་བས་བདེ་བའི་གོ་སྐབས་མེད། །

                            ད་དུང་གཏིང་ཟབ་སྡུག་བསྔལ་རྒྱ་མཚོའི་ནང་། །

                            མཐའ་མེད་འཁྱམས་ན་ཐར་བའི་དུས་སྐབས་ཅི། །

 

                            ལུགས་གཉིས་བྱ་བ་རབ་བཀྲ་དབང་པོའི་གཞུ། །

                            ལག་ཏུ་ལེན་ནས་ལོངས་སུ་སྤྱོད་སྙམ་ཡང་། །

                            ཟིན་པའི་དུས་སྐབས་མེད་པའི་ཚུལ་བསམས་ནས། །

                            རང་གར་བག་ཕེབས་སྡོད་ལ་འདུན་པ་དྲིལ། །

 

                            ངེས་འབྱུང་བསམ་པ་ཐར་ལམ་འཇུག་པའི་སྒོ། །

                            སྲིད་པའི་སྐྱོན་མཚང་གཏིང་ནས་མཐོང་བ་ཡིས། །

                            མེ་ཡི་རླུབས་དང་དུག་ཆེན་ཟས་བཞིན་དུ། །

                            ཤེས་ནས་ཞེན་ལོག་བསམ་པ་ཀུན་ནས་བསྐྱེད། །

 

                            ཞི་བསིལ་བདུད་རྩིའི་འབྱུང་གནས་དབེན་པའི་གནས། །

                            རྣམ་གཡེང་ཆགས་སྡང་འདུ་འཛིས་རྙོག་པ་བྲལ། །

                            སྔོན་བྱོན་མཁས་གྲུབ་དམ་པའི་བསྟི་གནས་དེར། །

                            ལེགས་པའི་ཡོན་ཏན་སྣ་ཚོགས་ངང་གིས་འབྱུང་། །

 

                            དེ་ན་གོང་འོག་འཚོ་སྲུང་བྱ་བྱེད་མེད། །

                            འདི་སྣང་ཆོས་བརྒྱད་འཆིང་ཐག་ངང་གིས་ལྷོད། །

                            གལ་ཆེན་ཕྱི་མའི་དོན་མཆོག་སེམས་པ་ལ། །

                            གཡེང་སྐྱོན་མེད་པས་གཏན་འདུན་རིམ་གྱིས་འགྲུབ། །

 

                            བཟོད་མེད་འཁོར་བའི་སྡུག་བསྔལ་གཡུལ་ཆེན་ལས། །

                            སྒྲོལ་བའི་དེད་དཔོན་བསླུ་མེད་མཆོག་གསུམ་ལ། །

                            རྨད་བྱུང་ཡོན་ཏན་ཁྱད་པར་ཤེས་པ་ཡིས། །

                            བློ་བཀལ་ལིངས་ཀྱིས་སྙིང་ནས་སྐྱབས་སུ་བརྟེན། །

 

                            རང་ཉིད་གཅེས་འཛིན་བློ་ངན་ཤུགས་དྲག་པས། །

                            གཞན་ཕན་བསམ་པ་འབྱུང་བ་ཅིས་ཀྱང་དཀའ། །

                            མར་ཤེས་དྲིན་དྲན་བྱམས་དང་སྙིང་རྗེ་ལ། །

                            ནན་ཏན་བློ་སྦྱོང་ཐེག་ཆེན་ལམ་གྱི་གཞི། །

 

                            རྣམ་དག་འདུལ་ཁྲིམས་ཡན་ལག་བརྒྱད་པའི་ཆབ། །

                            ཉེས་ལྟུང་རྙོག་པའི་སྐྱོན་གྱིས་མ་དཀྲུགས་པར། །

                            བག་ཡོད་བློ་ཡིས་ལེགས་པར་བརྟེན་ནུས་ན། །

                            ཡོན་ཏན་ལུས་ཟུངས་རྒྱས་པས་གཅེས་སྤྲས་འཚལ། །

 

                            བདག་སོགས་གངས་ལྗོངས་འགྲོ་བ་མཐའ་དག་གི །

                            སྐྱབས་མཆོག་ཐུགས་རྗེ་ཕྲིན་ལས་རྨད་བྱུང་བ། །

                            མཚོ་འཁྲུངས་རྒྱལ་བར་དུས་ཀུན་གདུང་ཤུགས་ཀྱིས། །

                            ཐུགས་རྒྱུད་བསྐུལ་ཞིང་དོན་གཉིས་འགྲུབ་པར་སྨོན། །

 

                            ཀུན་ནས་མ་དུལ་རང་རྒྱུད་ཐ་རྒོད་གཞིར། །

                            སྨིན་གྲོལ་བདུད་རྩིའི་གྲུ་ཆར་འབེབས་བཞིན་དུ། །

                            བརྩེ་ཆེན་ཐུགས་རྗེའི་ཞགས་པས་མི་གཏོང་བའི། །

                            སྐྱབས་མཆོག་བླ་མ་སྒྲུབ་འདི་ཆོས་ཀྱི་གནད། །

 

                            སོར་བྱང་སྔགས་ཀྱི་སྡོམ་དང་དམ་ཚིག་གནས། །

                            འགལ་ཉམས་འདས་རལ་བཟླས་ཉམས་ལ་སོགས་པའི། །

                            ཉེས་ལྟུང་མུན་པ་འཇོམས་ལ་ཆེས་དཔའ་བའི། །

                            གསང་ཆེན་རིགས་གཅིག་ལྷ་སྔགས་འདི་ཡང་གཅེས། །

 

                            རྒྱ་ཆེན་ཤེས་བྱ་གྲངས་མང་རྟོགས་པར་དཀའ། །

                            ཆོས་ཚུལ་རྣམ་གྲངས་མཐའ་དག་བློས་མི་ལྕོགས། །

                            ཆོས་ཀྱི་སྙིང་བོ་རང་སེམས་འདུལ་བ་འདི། །

                            སྲས་བཅས་རྒྱལ་བའི་གསུང་གི་ཡང་སྙིང་ལགས། །

 

                            འདི་སྣང་ཆོས་ལ་ཞེན་ཆགས་གཅོད་པ་དང་། །

                            མ་གྱུར་འགྲོ་ལ་ཕན་སེམས་བཟང་བོ་དང་། །

                            སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་མཆོག་གིས། །

                            རང་སེམས་ཐ་རྒོད་འདི་ཉིད་འདུལ་ལ་འབད། །

 

                            ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས། །

                            མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས། །

                            ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །

                            ཡོད་ན་ཆོས་ཀྱི་རྩ་བ་དེ་ཡིན་གསུངས། །

 

                            རྗེ་ཁྱོད་སྔོན་ནས་དམ་པའི་ངང་ཚུལ་ལྡན། །

                            ཐར་ལམ་དེད་དཔོན་བཤེས་གཉེན་མགོན་གྱིས་ཟིན། །

                            ཉམས་ལེན་གདམས་པའི་གནད་ཀྱང་མང་ལྡན་པས། །

                            དགོས་དོན་སྙིང་པོ་གཅིག་ཏུ་དྲིལ་ན་ལེགས། །

 

                            ཆོས་ཚུལ་ཀུན་གྱི་ཡང་བཅུད་སྙིང་པོ་དང་། །

                            བཀའ་བབ་རྣམ་བཞིའི་གདམས་པའི་ཡང་རྩེ་ནི། །

                            ཐེག་པའི་རྒྱལ་པོ་རྡོ་རྗེ་རྩེ་མོ་ཞེས། །

                            རང་གྲོལ་རྟོགས་པའི་གནད་ལྡན་སྙིང་ཐིག་མཆོག །

 

                            ཡིན་པར་གསུངས་པ་ཐུགས་ལ་ངེས་པ་ལྟར། །

                            ཆོས་དང་གང་ཟག་གཞན་ལ་མི་ལྟོས་པར། །

                            རྨད་བྱུང་དོན་བརྒྱུད་རྒྱལ་ས་ཟིན་གྱུར་ནས། །

                            དོན་གཉིས་མཐར་ཕྱིན་འགྱུར་བར་སྙིང་ནས་སྨོན། །

 

དེ་ལྟར་ཆོས་མཐུན་གྱི་ཚིག་ཕྲེང་འགའ་ཞིག་རང་བློས་བསྡེབས་པ་འདི་རང་རྒྱུད་ན་མེད་པའི་ཁ་བཤད་འདི་འདྲ་འབྲི་བར་མི་འོས་པ་ཤེས་མོད། ལུང་རྟོགས་ནོར་བུའི་མཛོད་འཆང་། མ་བཞིན་ཐུགས་བརྩེས་རྗེས་སྐྱོང་མཛད་པའི་དམ་པའི་སྐྱེས་བུ། རྒྱལ་བསྟན་གསལ་བའི་སྣང་བྱེད་ཆེན་པོ་གང་གི་བཀའ་གསུང་ཡལ་བར་འདོར་མ་ཕོད་པར། པདྨ་ཚེ་དབང་ལྷུན་གྲུབ་བམ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་བྲིས་པ་དགེ་བར་གྱུར་ཅིག །

 

གཞན་ཡང་དགོན་སྡེ་ཆེན་པོའི་བླ་སྤྲུལ་དང་། ཡུལ་སྡེའི་དཔོན་ཆེན་སོགས་སྐྱེ་བོ་མང་པོས་ཇི་ལྟར་བཀུར་བསྟི་རྒྱ་ཆེར་ཕུལ་བ་དེ་ལྟར་མངོན་ཆུང་ཁོ་ན་ལྷུར་ལེན་པ་ཞིག་སྟེ། གོང་དུ་བརྗོད་པ་ལྟར་རྫོགས་ཆེན་སྐྱབས་མགོན་སོགས་སྐྱེས་ཆེན་དམ་པ་དུ་མས་ཕྱིའི་རྒྱལ་ཁབ་དུ་མར་གདན་ཞུས་བྱས་པའི་ཐེངས་དང་པོ་ལས་ཕྱིར་གདན་སར་ཕེབས་སྐབས། སྐུ་ཚ་འབྲུག་གྲགས་ནས་གཟིམ་ཁང་ཅུང་རྒྱ་ཆེ་བ་ཞིག་བཞེངས་ཏེ་ཕུལ་བ་ལ། ནང་ཆོད་རྣམས་ལེན་དུ་བཅུག་ནས་གསང་སྙིང་ལྷ་ཁང་དུ་ཕུལ་ཏེ་རྗེ་ཉིད་གྲྭ་ཤག་ཅིག་ཏུ་བཞུགས་པར་མཛད། ཕྱིས་སུ་བྱོན་བཞུགས་མི་བདེ་བས་ལོགས་སུ་གཟིམ་ཁང་ཆུང་ངུ་ཞིག་ལས་དགོས་པར་ཞུས་ཚེ། ཅིས་ཀྱང་ལས་ན་གྱང་ཁང་ནི་དབྱར་ཚ་དུས་བསིལ་བ། དགུན་གྲང་ལྷགས་སྐྱོབ་པས་ཆེས་བཟང་བས་ས་ཁང་ཆུང་ངུ་ནང་དུ་ཡི་གེ་འཇོག་ས་ཤིང་ལེབ་ཀྱི་གདན་ཁྲི་འགའ་བྱས་ན་ཚོན་རིས་སོགས་རྒྱས་པར་མི་དགོས་ཞེས་གསུངས་ཀྱང་། སྐུ་དབོན་སོགས་ནས་ལྐོག་ལས་ཀྱིས་ཅུང་ཟད་རྒྱས་སྤྲོས་མཛད་པ་འདི་ཀའོ། །

དེ་བཞིན་དུ་སློབ་མ་དག་གིས་ཕྱོགས་སུ་གདན་དྲངས་ཚེ་ཉིན་ཁ་གྲངས་ཅི་ཙམ་ཐུགས་སྐབས་ཡོད་པར་ཞུས་པ་ན། ཉིན་གྲངས་འདི་ཙམ་བྱས་ན་ཐུགས་ཁ་ཨེ་གང་གི་ཇི་ལྟར་དགོས་ན་དེ་ལྟར་བྱེད། ང་རང་མཐོན་པོ་དང་ཆེན་པོ་ཞིག་ལས་ཨ་ཅོ་སྔོན་ཆད་འབྲེལ་འདྲིས་སོང་བ་ཞིག་གི་གལ་ཆེ། ཆེན་པོ་དང་མཐོན་པོ་ཡིན་ཡང་ད་ལྟར་རང་དབང་ཡོད་པས་དེ་གའི་འུར་ལངས་པས་ཡིན་མོད་ངོ་སྲུང་ཅུང་མི་དགོས། ཞེས་ཆེ་དགུ་བརྒྱ་ལས་སྤྲང་བན་ཞིག་གི་ངོ་སོ་མཐོ་བར་མཛད། གཞན་ཡང་བོད་ཡིག་སློབ་གྲྭར་བཞུགས་དུས་ཉིན་ཞིག་དཔེ་ཁྲིད་གནང་སྐབས་ཐུགས་ཁམས་དྭངས་པའི་ངང་། གསུང་གསང་མཐོན་པོས་འཆད་ཁྲིད་གནང་འདུག་པ་ན། གློ་བུར་དུ་ཨེ་འདིའི་འདུག་ཁྲིའུ་འདྲ་བོའི་སྟེང་ཐོན་དུས་འུར་འདྲ་ཞིག་ལངས། ཞེས་གསུངས་ནས་གློ་བུར་དུ་ཁོང་ཉིད་ཀྱི་ཐུགས་རྒྱལ་བཅག་པར་མཛད་འདུག་ཅེས་རྗེས་སུ་ཐོས། གཞན་ཡང་སྔར་གདན་ས་རིན་པོ་ཆེར་དགུང་གྲངས་ལྔ་བཅུ་རྩ་བདུན་པ་ནས་མི་ལོ་བཅུ་ཕྲག་ཕྱེད་གཉིས་ཀྱི་རིང་དུ། མདོ་སྔགས་རིག་གནས་དང་བཅས་པའི་ཟབ་ཆོས་དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བའི་སྐབས་དེ་དག་ཏུ། གསར་བྱུང་ཞིག་གིས་མཇལ་ན། གྲྭ་བཙུན་དཀྱུས་མ་ཞིག་དང་། གནས་ཁང་། ན་བཟའ་སོགས་གང་ནས་ཀྱང་ཁྱད་འབྱེད་མི་ཤེས་པ་དང་། དེར་མ་ཟད་དཔེ་ཁྲིད་གནང་སྐབས་སུ་ཡང་འདུ་ཁང་ནང་གི་གྱང་རྩའི་གྲལ་གདན་རིང་བརྐྱངས་ཀྱི་གྲལ་འགོ་ན། སོབ་འབོལ་སྲབ་མོ་ཞིག་གི་སྟེང་དུ་བལ་སྟན་ཁ་གང་ཞིག་ལ་སྐུ་ཚེའི་སྨད་དུ་འཁྲུལ་ཞིག་གི་མཛད་པ་མ་བསྐྱངས་པའི་བར་བཞུགས་གདན་དེ་ཁོ་ནར་བགྱིས་ནས། ཉིན་གཅིག་མ་དགོས་དུས་ཚོད་སྐར་ཆ་ཙམ་ལ་བླ་མ་ཐུགས་མི་སྐབས་པས་ཆོས་ཁྲིད་ཕྱིར་བསྣུད་དགོས་པ་ཞིག་མེད་དེ།

 

                            གོང་ལ་ངོས་འཛིན་བྱེད་པའི་བྱ་བ་དང་། །

                            ཐད་ཀའི་གྲྭ་སྡེ་ཡུལ་མའི་ངོ་བསྲུང་དང་། །

                            དམན་པའི་གནས་རྣམས་ཨེ་མགུའི་རེ་དོགས་ཀྱིས། །

                            བྱ་བས་བྲེལ་བ་འདི་ཀོ་ངལ་བའི་རྒྱུ། །

ཞེས་པའི་ཞལ་གསུང་ལྟར། གོང་འོག་བར་གསུམ་ལ་ངོ་འཛིན་མཐུན་འཇུག་གི་མཛད་པ་དྲི་ཙམ་ཡང་མི་བྲོ་བས་སོ། །དེར་མ་ཟད་སྐུ་ཆམ་ཞིག་གི་རྣམ་པས་ཀྱང་བཀའ་ཆོས་ལ་བར་ཆད་ཉིན་གཅིག་ཀྱང་མེད་དོ། །དེ་བཞིན་དུ་ཆོས་ཁྲིད་དང་སྐྱོར་སྦྱང་གཉིས་ཀ་རྗེ་ཉིད་ཀྱིས་མཛད་ཅིང་སྐྱོར་སྦྱང་གི་དུས་སུ་བར་གསེང་ཞིག་དོགས་འདྲི་ཞུ་བའི་དུས་ཚོད་དུ་འཇོག་པར་མཛད་ཅིང་། སྐབས་དེར་མཁས་བླུན་སུས་དྲིས་ཀྱང་། ཐུགས་དགྱེས་པའི་སྒོ་ནས་ལན་གནང་ཞིང་། ཁྱད་པར་དྲི་བ་པོས་མི་འོས་པ་དང་། སྐབས་མིན་དང། དྲི་ཚིག་ལེགས་པར་བརྗོད་མི་ཤེས་པ་ལ་སོགས་པ་ཇི་ལྟར་ཡང་། འཇམ་པོའི་གསུང་གིས་ཁྱེད་ཀྱིས་ཚུལ་འདི་དང་འདི་ལྟ་བུ་གསུང་ནི་རེད་མོད། ཅེས་བརྗོད་སྒྲོས་ལེགས་པར་བཅོས་ནས་ཞི་འཇམ་དེས་པའི་སྒོ་ནས་ལན་དུ་གནང་བ་ལས། གཏིང་ཚིག་གི་ཚུལ་ཞིག་འབྱུང་བ་ལྟ་ཅི། ཅུང་མི་འོས་པའི་རྣམ་པའི་གཟིགས་སྟངས་ཙམ་ཡང་མི་མངའ་བ་སེམས་དཔའ་ཆེན་པོས་གཞན་སེམས་སྲུང་བའི་སྤྱོད་པ་རྨད་དུ་བྱུང་བ་ཞིག་གོ། དེ་བཞིན་དུ་དམ་པའི་ངང་ཚུལ་འཆང་བའི་ཁེངས་པ་བསྐྱུངས་པའི་ཚུལ་ཡང་འདིར་ཅུང་ཟད་བརྗོད་ན། འདི་ལྟར་རྗེས་སུ་ཐོས་ཏེ། སྔོན་ཆད་ཐོག་མར་གདན་སའི་འཆད་ཁྲིད་དབུ་བཟུང་བའི་སྐབས་བཙུན་ཆུང་ཉི་ཤུའི་ནང་ཞིག་མཆིས་པ་རྣམས་ལ་སྤྱོད་འཇུག་གསུངས་སྐབས་གྲལ་མགོར་ཡང་བཞུགས་པར་མི་མཛད་པ་འདུ་ཁང་གི་བར་ལམ་དུ་བཞུགས་ནས་ཁྱེད་རྣམ་པ་ཡར་བཞུགས་གསུངས་ནས་འཆད་ཁྲིད་གནང་སྐབས། སློབ་བུ་སུ་ཡང་བླ་མའི་གོང་ནས་ཆོས་ཞུ་བ་ཞིག་མེད་པས་དཔོན་སློབ་ཐམས་ཅད་འདུ་ཁང་གི་སྨད་དུ་འཚོགས་འདུག་པ་ཞིག་ཡིན་པ་ལ། དེ་ནས་འདུས་པ་རིམ་གྱིས་འཕེལ་བས། མ་ཆུད་པར་ཅི་བྱ་མེད་པར་འདུ་ཁང་གི་སྟོད་དུ་ཡར་ཕེབས་སོང་བ་རེད་ཅེས་གླེང་རྒྱུ་འདུག གསུང་འཕྲོས་རྣམས་སུ་ཁྱེད་རྣམ་པ་སྐྱོན་མེད་ཡོན་ཏན་ལྡན་པའི་སྐྱེས་བུ་ཤ་སྟག་སྟེ། དུས་ཚོད་ཚུར་ར་གློད་དེ་བསྟན་པ་རིན་པོ་ཆེ་དར་བའི་སྐབས་སུ་སྐྱེས་པ་ཡིན་མོད། དེ་ནི་ཁྱེད་རྣམ་པ་བསོད་ནམས་ཆེ་བས་ཡིན་ལ། ང་རང་ནི་ངན་པ་ཁ་རྒས། ཀླ་ཀློའི་ཁ་ཆུས་གོས་པ་སྔོན་ཆད་གླང་དར་གྱིས་བསྟན་པ་བསྣུབས་པའི་དུས་སུ་ཡང་། ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་འཁོར་ཞེས་པ་ལྟར། ང་རང་ཡང་དུས་ཚོད་ངན་པ་དེའི་སྐབས་སུ་ཡང་ཞྭ་གོན་པ་ཙམ་ཡང་མ་རེད་པར་འཕྲང་པ་རེ་ལྷག་བསྡད་པ་དེ་བཟང་ཆེ་བས་མ་ཡིན་ཏེ། ཆོས་པ་ཐ་མ་དེ་དག་གི་འཁོར་དུ་གྱུར་པ་ཡིན་ནོ། །

དེ་ལྟ་ན་ཡང་བསྟན་པ་སྔ་ཕྱིའི་བར་དུ་བཤད་ལུང་གི་མཚམས་སྦྱོར་རེ་བྱས་པ་ནི། སྔོན་ཆད་བཤད་ལུང་ཅུང་ཟད་རེ་ཐོབ་མྱོང་བས་རྒྱུ་མཚན་གྱིས་ཡིན་པས་ཁྱེད་རྣམ་པ་ལ་ཡར་ཕུལ་བ་མ་གཏོགས་ང་རང་མར་འཆད་པ་པོ་ཞིག་མ་ཡིན་གསུངས་པ་སོགས། འདི་ལྟར་ཡིག་ཚོགས་ལ་མི་འཛེམས་པར་ཅུང་ཞིབ་པར་བརྗོད་པ་ཡང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས་ནས་དེང་གི་དུས་འདི་ན་བསྟན་པ་ཉག་ཅིག་ལ་ལྷག་པའི་བསམ་པ་ཅན་ཞིག་ནི། ཡ་ཐའི་རྫ་ཆུ་ཁ་ན་མཁན་པོ་པདྨ་ཚེ་དབང་ཞུ་བ་ལས་དཀོན་པར་འདུག་ཅེས་གསུངས་པས་ན། སྐབས་འདིར་ཡང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གདམས་པ་སྙིང་པོ་ཚིག་དྲུག་མ་ལས། དམ་པ་གོང་མའི་གདན་ས་ངོས་འཛིན་གནང་བ་ཉིད་ཐུགས་ཉམས་སུ་བསྟར་བའི་ངོ་མཚར་བའི་མཛད་པ་ཅུང་ཟད་བཀོད་པའོ། །

དེ་བཞིན་དུ་རྗེ་འདི་ཉིད་ནི་བླ་ཆེན་ཁྲི་འཛིན་ཆེན་པོའི་གོ་གནས་འཛིན་པ་དང་། སྔགས་འཆང་གྲུབ་པའི་སྤྱོད་པ་སྐྱོང་བའི་གང་ཟག་ནས། ཀུན་ཀྱི་གྲལ་མཐར་འཇོག་པའི་དམན་གནས་སུ་བརྩི་བ་སོགས་མཆོག་དམན་བར་མ་ཐམས་ཅད་ལ་གུས་ཤིང་འདུད་པ་ཁོ་ན་གནང་ཡང་། ལྟ་དགོངས་མཐོན་པོར་གཤེགས་ཤིང་འདུལ་ཁྲིམས་རྣམ་པར་དག་པས་འཁོར་གྱི་ནང་དུ་བརྗིད་ལྡན་སྐུ་ཡི་དཀྱིལ་འཁོར་ལྷང་ངེར་འཕགས་ཤིང་། ཆེན་པོ་དག་གིས་ཀྱང་སྐུ་དྲུང་དུ་ལྷགས་པ་ན་མཁས་གྲུབ་ཆེན་པོ་འདི་ཉིད་ལ་ཞུ་བ་ཕུལ་བཟོད་པ་དཀའ་བའི་གཟི་བྱིན་ཅན་ཞིག་གོ། ཕྱིས་སྐུ་ན་མཐོན་པོར་ཕེབས་ཤིང་འདའ་བ་ལ་ཉེ་བའི་སྐབས། ཞི་བདེའི་སྨོན་ལམ་གྱི་སྐབས་སུ་ཡར་མར་གྱི་གྲྭ་རྒན་འགའ་རེ་སྐུ་མདུན་དུ་ལྷགས་པ་ན། ཞལ་རས་མཇལ་བ་དང་གསུང་དབྱངས་ཐོས་པ་ཙམ་གྱིས་དད་པའི་ཡུས་ཀྱིས་མཆི་མ་དབང་མེད་དུ་འབྱིན་ཞིང་། ཕྱིར་གཟིམ་ཁང་གི་སྒོ་ཐོན་པ་ན་ཅི་འདྲ་མོའི་བླ་མ་བྱང་ཆུབ་སེམས་དཔའ་ཞིག་བཞུགས་ཡོད་དར་ཟིག ད་སྔར་ཞིབ་པར་མཇལ་མ་མྱོང་ཞེས་བྱང་སེམས་བདག་ཉིད་ཆེན་པོ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལང་གཡོ་བ་ཆགས་སྡང་གི་རྟོག་ངན་རྒྱུ་བའི་གོ་སྐབས་མེད་པར་དེ་བཞིན་གཤེགས་པའི་སྐུ་དྲུང་དུ་གདུལ་བྱ་ལྷགས་པའི་རྣམ་ཐར་ལྟ་བུ་ཞིག་གོ། མདོར་ན་སྙིགས་མའི་དུས་འདིར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་ལྟར་རྒྱལ་སྲས་སེམས་དཔའི་རྨད་དུ་བྱུང་བའི་མཛད་པ་བཟང་པོ་སྤྲིན་བྲལ་གསེར་གྱི་ཉི་མ་ཆུ་ལྷའི་ཕྱོགས་སུ་བརྒལ་བ་ལྟ་བུའི་རང་བཞིན་ནི་འཕགས་བོད་ཀུན་ཏུ་གྲགས་ཤིང་གྲུབ་པའོ། །

 

                            ཆོས་བརྒྱད་གཡའ་ཡིས་མ་གོས་པའི། །

                            མཛད་བཟང་གསེར་གྱི་ཐིགས་པ་རེས། །

                            བཀའ་བརྒྱུད་གོང་མའི་བརྟུལ་ཞུགས་ཀྱི། །

                            ངོ་མཚར་མཛད་པ་རྗེས་སུ་སྟོན། །

                            མཆོག་དམན་བར་མའི་སྐྱེ་བོ་ཀུན། །

                            དབུ་ཡི་གཙུག་ཏུ་བཞེས་ན་ཡང་། །

                            ཆེ་དགུ་རལ་བའི་ཅོད་པན་གྱིས། །

                            ཞབས་སེན་ནོར་བུ་རྒྱན་དུ་བླངས། །

                            སྟོབས་འབྱོར་དྲེགས་ལྡན་སྟོང་ལས་ཀྱང་། །

                            ཉམས་ཆུང་སྤྲང་བོའི་ངོ་སོ་མཐོ། །

                            དམན་ལ་ལྷག་པར་བརྩེ་བ་ཡིས། །

                            སེམས་དཔའ་ཁྱེད་འདྲ་དེང་དུས་དཀོན། །

 

དེ་ནས་ཐ་མའི་མཛད་པ་ལྟ་དགོངས་མཐོན་པོར་སོན་པའི་འཁྲུལ་ཞིག་གི་སྤྱོད་པ་བསྐྱངས་ནས་ཕྱི་སྣང་དུ་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་པའི་ཚུལ་ནི། རྗེ་བླ་མ་ཉིད་དགུང་གྲངས་དྲུག་ཅུ་རྩ་དགུ་པ་ས་མོ་ཡོས་ཀྱི་ལོ་ནས་བཟུང་། སྐུ་ན་བགྲེས་པ་དང་། སྔར་དང་མི་འདྲ་བར་སྐུ་ཁམས་ཅུང་ཟད་རྙོགས་པའི་ཚུལ་དང་། དེ་ཡང་རང་ཅག་གི་སྟོན་མཆོག་མཚུངས་མེད་རྣམ་འདྲེན་ཐུབ་པའི་དབང་པོས། དཔལ་ལྡན་དུས་ཀྱི་འཁོར་ལོ་ཐ་མའི་ཞལ་ཆེམས་སུ་གདམས་པ་དང་སྨྲ་བའི་སེངྒེ་མི་ཕམ་རིན་པོ་ཆེས་ཀྱང་། འདའ་ཁ་མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་གསུངས་པར་མཛད་པ་དང་། ཉེ་གནས་འོད་གསལ་རིག་པའི་རྡོ་རྗེ་དང་མཁན་ཀུན་བཟང་དཔལ་ལྡན་གཉིས་ལ་བྱིན་གྱིས་བརླབས་པར་མཛད་ནས་ཐ་མའི་ཆོས་འཁོར་ཡང་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་འགྲེལ་རྡོ་རྗེ་ཉི་མ་ཉིད་བསྩལ་བ་བཞིན་དམ་པ་འདི་ཉིད་ཀྱིས་ཀྱང་དུས་འདི་ཙམ་ནས་གཏེར་ཁ་དུ་མའི་མི་འཁྲུགས་པའི་བཟླས་ཆོག་རྣམས་ལ་བརྟེན་ནས་མི་འཁྲུགས་གཟུངས་བཟླས་པ་འབའ་ཞིག་མཛད་པ་དང་། དཔལ་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གནང་བའི་རྗེས་ནས་ཞིང་བརྗེ་བའི་ཐུགས་འདུན་གནང་བ་སྟེ། དེ་ནས་བཟུང་སྔར་གྱི་མཛད་སྤྱོད་དང་མི་འདྲ་བར་འཁྲུལ་ཞིག་གི་མཛད་པ་སྟོན་པ། རེས་བྱིས་པ་རྩེད་རར་རྒྱུ་བ་ལྟར། ཉིད་ཀྱི་གཟིམ་ཤག་ནང་གི་མཆོད་ཆས་སོགས་ཀྱི་བཀོད་པ་རྣམས་ལའང་། རེ་རེ་ནས་སྔར་གཟིགས་མ་མྱོང་བའི་རྣམ་པས་སྐུ་བསྐྱོད་ནས་ལྟད་མོར་གཟིགས་ཤིང། གཞན་ལའང་འདི་དང་འདི་ཅི་ཞིག་རེད་ཅེས་འདྲི་གནང་མཛད་པ་དང། རེ་འགའ་ཆོས་ཁྲིད་གསུང་སར་ཕེབས་རན་སོང་ཞུས་ཚེ། ཆབ་གསང་ལ་འབྱོན་དགོས་མིན་ཡང་གཞན་ལ་འདྲི་བ་དང་། ཉིན་མཚན་གྱི་གསལ་སྒྲིབ་དག་པའི་རྟགས་སུ། མཚན་མོ་མར་མེ་སོགས་ལ་མི་ལྟོས་པར་དཔེ་གཟིགས་གནང་བ། རེས་གཟིམ་སྒྲ་དང་བཅས་གཟིམ་པ་འབའ་ཞིག་མཛད་པ་ལ། མདུན་གཡོག་པས་གཟིམ་བཀག་སྟེ། བླ་མ་གཟིམ་མི་ཉན་ཞུས་ཚེ། བླ་མ་གཟིམ་ཡོད་ནི་མ་རེད། མྱིག་འདྲ་བཙུམ་འདུག་ནི་རེད་གསུངས། དེ་ཡང་ཐ་མལ་བའི་སྣང་ངོར་ཕལ་བ་བཞིན་དུ་གཟིམ་པ་ལྟར་སྣང་ན་ཡང་། དོན་ལ་འོད་གསལ་ཁོར་ཡུག་ཏུ་འདྲེས་པ་སྟེ། དགེ་དབོན་བསྟནའཛིན་ནོར་བུ་སྐུ་གཤེགས་ཁར་ཡང་། སྐབས་འགའ་ན་སྤྱན་བཙུམ་སྟེ་ཅང་མི་གསུང་བར་བཞུགས་པ་ན་ཁྱེད་གཉིད་འགྲོ་འམ་ཞུས་ཚེ། ང་གཉིད་དུ་འགྲོ་བ་མིན། གཉིད་ཡུར་བ་ནི་སེམས་མི་གསལ་ཞིང་རྨུགས་མཐིབ་སེ་འགྲོ་བ་ལ། ང་རང་གི་སེམས་གསལ་དྭངས་ཀྱི་རྣམ་པ་འདུག་ཅེས་གསུངས་པ་ཡང་། གཞན་དགའ་རིན་པོ་ཆེས་འོད་གསལ་འབའ་ཞིག་གི་ངང་དུ་བཞུགས་པར་གདའ་ཞེས་གསུངས་པ་ལྟར་དང་། དེ་བཞིན་དུ་དཔལ་སྤྲུལ་རིན་པོ་ཆེ་སྐུ་གཤེགས་ཁར། ད་ནང་ཁྱེད་རྣམ་པས་གནས་བརྟན་ཕྱག་མཆོད་གསུངས་སྐབས་ང་རང་གཉིད་མེད་སྣང་ཤར་ཡང་སད་རྒྱུ་ཞིག་འདུག་ཅེས་གསུངས་པ་ལྟར་རོ། །

འདི་སྐབས་རྣམས་སུ་གསུང་བ་དག་ཀྱང་འདི་དང་འདི་གསུང་གི་དོན་འཚོལ་དཀའ་ཐད་ཀར་དུམ་བུ་དུམ་བུར་གསུང་བ་ཞིག་གོ། ཆོས་ཁྲིད་གསུངས་སྐབས་ཀྱང་ཡིག་ཕྲེང་རེ་རེ་ཨ་གསུངས་ཡང་གསུངས་མཛད་དེ་ཅུང་འགྲེལ་བར་དགོངས་ཚེ། ད་མི་དྲན་ཁི་གསུངས་ནས་མཚམས་འཇོག་པ་དང་། ཡང་སྐབས་འགར་བཞད་པ་འབའ་ཞིག་མཛད་ནས། ཆོས་ཁྲིད་ཆེར་མི་འགྲོ་བ་སོགས་དང་། ཉིན་རེར་ཆེས་མང་པོ་གསུངས་པས་འཇོག་མཚམས་གཞན་གྱིས་འཛིན་དགོས་པ་ཡང་དུ་མ་དང་། ལས་གྲལ་དུ་བྱོན་སྐབས་བཞད་པ་འབའ་ཞིག་མཛད་ཀྱིན་བཞུགས་པ་དང་། ནམ་སྙུན་འདྲི་ཞུས་ཚེ། ང་ན་ཁི་ཡོད་ནི་མ་རེད། སྐྱིད་ཁི་ཡོད་ནི་རེད་ཅེས་གསུངས་ནས་ཐུགས་སྣང་དྭངས་མོར་ཞལ་རས་འཛུམ་གྱིས་གང་བཞིན་བཞུགས་པ་ཞིག་གོ། དགུང་གྲངས་དོན་གཅིག་པ་རབ་རྒྱན་ལྕགས་སྦྲུལ་ལོ་སྟོན་ཐ་མའི་ཚེས་འགོ་ནས་རྗེ་ཉིད་དཔལ་གྱི་བསམ་ཡས་སུ་ཕེབས་འདུན་འདུག་ན་ཡང་། རེ་ཞིག་སྙུང་གཞིའི་དབང་གིས་སྨན་ཁང་དུ་འབྱོན་པར་ཞུས་ཚེ། སློབ་བུ་རྣམས་ཀྱི་རེ་བ་དང་རྗེས་སུ་མཐུན་པར་ཕེབས་པར་ཞལ་གྱིས་བཞེས། གསུངས་བཤད་བསྟར་ཆགས་སུ་གནང་བ་མེད་ཀྱང་། ཐ་མའི་ཞལ་ཆེམས་ཐ་ཐོར་དུ་བསྩལ་བ་རྣམས་ནི་སློབ་གཉེར་ལ་ནན་ཏན་དགོས་པ་ཁོ་ནའོ། །

ཟླ་དེའི་ཡར་ཚེས་བརྒྱད་ཀྱི་ཉིན་ནས་དར་མདོའི་སྨན་ཁང་དུ། རྡོ་བྲག་དགོན་གྱིས་ཞབས་ཏོག་ཞུས་ཏེ་ཟླ་བ་གཅིག་ལྷག་བཞུགས། དེ་སྐབས་རྟོགས་པའི་དབང་ཕྱུག་ཆེན་པོ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ཆེད་དུ་ཕེབས་ནས། རྗེ་ཉིད་ལ་ཁྱེད་ད་ལྟ་སྐུ་ལུས་གཞོན་ཤ་ཆགས་ཤིང་གཉེར་མ་མེད་པ་སོགས་སྣང་བཞི་མཐར་སོན་ནས་ཆོས་ཉིད་ཟད་པའི་སར་ཕྱིན་པའི་རྟགས་མངོན་དུ་གྱུར་འདུག་པ་ལས། སྙུང་གཞི་ཞིག་མི་འདུག་གསུངས། ཡང་ཁོང་གིས་སྤྱིར་ལས་ཅན་དག་པའི་སྣང་ངོར་ཁོ་བོའི་སྤྱི་གཙུག་ན་ཀུན་ཏུ་བཟང་པོ། སྨིན་མཚམས་སུ་སངས་རྒྱས་སྣང་བ་མཐའ་ཡས། སྣ་རྩེར་ཨ་དཀར་སོགས་མཇལ་རྒྱུ་ཡོད་པས་ཉིད་ཀྱིས་གཟིགས་སམ་གསུངས་པས། ཨོ་མཇལ་ཁི་མཇལ་ཁི་གསུངས། ཡང་ཁོང་གིས་ཁྱེད་ཅི་ནས་སྐུ་མི་འདའ་བའི་ཞལ་བཞེས་དགོས་པར་མ་ཟད་ཕྱག་བྲིས་ཀྱང་གནང་དགོས་ཞེས་ཞུ་བ་ནན་ཏན་དུ་ཕུལ། དེ་སྐབས་རྣམས་སུ་དར་མདོའི་བོད་ཡིག་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ནས་ངལ་གསོའི་དུས་རྣམས་སུ་ཞབས་ཏོག་དང་། སྙུན་འདྲི་སོགས་ཐུགས་ཁུར་ཚད་མེད་བཞེས། ལར་བླ་མ་རིན་པོ་ཆེས་ཀྱང་ནམ་རྒྱུན་བོད་ཡིག་སློབ་གྲྭའི་དགེ་སློབ་རྣམས་དང་འདུན་པ་མ་འཛོལ་བ་ཡིན་གསུངས་ནས་ཐུགས་བརྩེ་གནང་བ་ཞིག་གོ། དེ་ནས་ཁྲིན་ཏུར་ཕེབས། ཆོས་རྗེ་འཇིགས་མེད་ཕུན་ཚོགས་སྨན་ཁང་དུ་བཞུགས་པ་དང་མཇལ་འཕྲད་གནང་། ཆོས་རྗེ་མཆོག་གིས་མཁན་ཆེན་རིན་པོ་ཆེ་ཉིད་བསྟན་འགྲོའི་མགོན་དུ་ཡུན་རིང་བཞུགས་དགོས་པའི་བཀའ་གསུང་རྒྱ་ཆེར་བསྩལ་ཀྱང་གསུང་ལན་གང་ཡང་མ་ཕུལ། ཕེབས་ཁར་ཁྱེད་ཉིད་བསྟན་འགྲོའི་དཔལ་དུ་འཚོ་གཞེས་གནང་དགོས་པར་གསུངས། དེ་སྐབས་སུ་རྨེ་བ་མཆོག་སྤྲུལ་རྡོར་ལོ་ཚང་ནས། མདུན་གཡོག་པ་གྲྭ་རིག་དཔལ་ཆེད་དུ་སྙུན་འདྲིར་མངགས་ནས་བསྟན་འགྲོའི་དཔལ་དུ་ཞབས་པད་ཡུན་ཏུ་བརྟན་དགོས་པའི་ཞུ་ཤོག་ནན་མོ་ཕུལ། རྗེ་བླ་མས་ཟངས་མདོག་དཔལ་རིའི་ལོ་རྒྱུས་ཤིག་གསུངས་འདུག་པ་ལ། ཁོང་གཉིས་ནས་ད་སྐབས་གདན་སར་དཔལ་རི་ཞིག་བཞེངས་ཁི་ཡོད་པ་ཨེ་རེད་ཅེས་མདུན་གཡོག་པ་ལ་དྲིས་པ་ན། དེ་མ་རེད། འདི་འདྲ་བ་རྒྱུད་དུ་གསུང་ཁི་འདུག་ཅེས་ཟེར། དེ་ནས་དགུན་འབྲིང་ནང་ཧྲང་ཧེའི་སྨན་ཁང་དུ་བྱོན། དེ་སྐབས་རྒྱའི་སློབ་མ་དུ་མས་སྐྱོ་གདུང་གི་ངང་ནས་སྙུན་འདྲི་ཞུས་ཚེ། ཞལ་ནས་ང་རང་གི་སེམས་འདི་ལ་མི་བདེ་བ་ཞིག་མི་འདུག ལུས་པོ་ནི་ཅི་རེད་ཁི་ཡོད་མི་ཤེས་གསུངས་པ་དང་། རྒྱུན་པར་ཐུགས་ཁམས་ཆེས་དྭངས་ཤིང་ཞལ་འཛུམ་མེར་བཞུགས་འདུག་པ་ཞིག་གོ། སླར་ཁྲིན་ཏུར་ཕེབས་དགུན་ཐ་མའི་ཚེས་བདུན་གྱི་ཉིན་གློ་བུར་དུ་སང་ཉིན་ཐོན་ན་རབ་ཅིས་ཀྱང་གནངས་ཉིན་ཕན་མི་འགྱངས་བར་བསམ་ཡས་མཆིམས་ཕུ་དང་། གངས་རི་ཐོད་དཀར་གང་རུང་ལ་འཐོན་དགོས་གསུང་བ་ལ། མདུན་འཁོར་སྐུ་ཚ་འབྲུག་གྲགས་སྤྲུལ་སྐུ་སོགས་ཀྱིས་རེ་ཞིག་གདན་སར་ཕེབས་པར་ནན་གྱིས་ཞུས་ཀྱང་མ་གསན་པར་ཕྱི་ཉིན་དུས་ཚོད་དང་པོ་དང་ཕྱེད་ཀྱི་སྟེང་གནམ་གྲུར་ཞུགས་ནས། ཉིན་གུང་ཡོལ་བ་ན་གོང་དཀར་གནམ་གྲུ་ཐང་དུ་ཕེབས། དེའི་ཕྱི་དྲོར་དཔལ་གྱི་བསམ་ཡས་སུ་སྐུ་བསྐྱོད། འདུས་པ་མང་པོས་སེར་ཕྲེང་སྤོས་བསུ་རྒྱས་སྤྲོས་ཀྱིས་བསུས་ཚེ། མདོ་ལུ་ལས་ཕེབས་དགོས་པའི་འབྱོན་བཞུགས་དཀའ་བའི་སྐུ་ཉིད་སྙུང་གཞི་གཏན་མེད་པ་ལྟ་བུའི་ཞབས་ཐང་གིས། མཁན་སློབ་རྗེ་འབངས་གྲུབ་པ་རྒྱ་མཚོས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་གནས་ཀྱི་ལྟེ་བ། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཆེན་པོའི་སེངྒེའི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་ནས། ཞལ་རས་འཛུམ་མདངས་ཀྱིས་གང་བཞིན་གཙུག་ལག་ཁང་གི་བཀོད་པ་རྣམས་ལ་གཟིགས་མོ་མཛད་ཀྱིན་འདུས་པ་ཡོངས་ཀྱི་མཇལ་དར་རེ་རེ་ནས་དགྱེས་བཞེས་མཛད། དེ་ནས་གཟིམ་ཤག་གི་ཐོག་ཁང་དུ་འབྱོན་སྐབས། ཐེམ་སྐས་རྣམས་ལ་སྐུ་ལུས་ཀྱང་ཆམ་མེར་བགྲོད། དགུང་མོ་ནས་ཕྱི་ཉིན་ཉིན་གུང་ཡོལ་གྱི་བར་དུ་གཟིམ་ཐེངས་གཅིག་གིས་གཟིམ། སད་པ་དང་ད་ནི་ཤིན་ཏུ་སྐྱིད་ཀི་ཞེས་གསུངས་ནས་དགྱེས་དགྱེས་སུ་བཞུགས། འཁོར་སློབ་རྣམས་ནི་གནས་འདིར་ཕེབས་པའི་རྟེན་འབྲེལ་གྱིས་རྗེ་ཉིད་སྐུ་ཚེ་བརྟན་པ་ཡིན་ནམ་སྙམ་དུ་སྤྲོ་བའི་ངང་གནས། དེའི་ཕྱིར་ཉིན་ཡར་ངོས་ཚེས་བཅུའི་ནང་སྔ་བར་དབུ་བཀྱགས་ཏེ། དམར་སེར་གཉིས་ཀ་ཁྱེར་ཤོག ད་ནི་ཆོས་ཉིད་ཟད་པའི་སར་ཕྱིན་སོང་། ཚོགས་འཁོར་ཞིག་ཤོམས་དང་དགོས་པ་རེ་ཡོད་གསུངས་། ཚོགས་རྫས་རྣམས་བཤམས། ཆོ་ག་ནི་ཅི་ཡང་གསུངས་པར་མི་མཛད། དེ་ནས་ཚོགས་རྫས་ཁྱེར་ཤོག་གསུངས་ཏེ། ཉིད་ཀྱིས་བཞེས་ཤིང་མདུན་འཁོར་ཡོངས་ལ་གནང་ནས་མྱ་ངན་ལས་འདས་རན་པའི་གསུང་བསྩལ་པ་དང་། མདུན་འཁོར་རྣམས་དང་ཕྱོགས་ཀྱི་བུ་སློབ་ཡོངས་ཀྱིས། སྤྱིར་སྐུ་ཚེ་བརྟན་དགོས་ཚུལ་དང་། ཁྱད་པར་ད་ལམ་གདན་སའི་འཁོར་སློབ་ཡོངས་ནས་ཉིན་མཚན་ལྟོས་མེད་ཀྱིས་མཇལ་གཅར་དུ་ཡོངས་ཀྱིན་ཡོད་པས། ཅི་ནས་ཀྱང་བཞུགས་དགོས་པའི་ཞུ་བ་ཕུལ་བས་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙིནྟས་ཞུས་ངོར་ཟླ་བ་གཅིག་ཏུ་འཚོ་གཞེས་གནང་བ་བཞིན་སྐུ་ཚེའི་འདུ་བྱེད་གཏོང་ཡང་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་རེ་ཞིག་མི་འདའ་བའི་ཞལ་བཞེས་ཐོབ། དེ་སྐབས་མདུན་འཁོར་གུས་སློབ་རྣམས་དང་། ཁྱད་པར་བསམ་ཡས་དགོན། སྨིན་གྲོལ་གླིང་། རྡོ་རྗེ་བྲག མཆིམས་ཕུ་རི་ཁྲོད་པ་སོགས་འདུས་པ་མང་པོས་བརྟན་བཞུགས་དང་རིམ་གྲོ་རྒྱ་ཆེར་བསྒྲུབས། ཚེས་བཅུ་བཞི་དང་བཅོ་ལྔ་ན་གཞི་སྡོད་ཀྱི་བུ་སློབ་རྣམས་ཕེབས་ཐུབ་ཐམས་ཅད་ཀྱིས་དགའ་སྐྱོ་འདྲེས་མའི་ངང་ནས་མཇལ་དར་ཕུལ་ནས་སྙུན་འདྲི་ཞུས། དགྱེས་བརྩེའི་ཞལ་རིས་འཛུམ་བཞིན་ང་རང་ད་ལྟ་བདེ་བར་གནས་ཡོད་གསུངས་ཤིང་། གཞན་གསུང་མང་པོ་མི་འབྱོན་པར་ལོ་དེའི་དགུན་ཆོས་མངོན་པ་ཡིན་པས་ཁྱེད་རྣམས་ནས་མངོན་པ་དེ་ལ་འཆད་ཉན་ལེགས་པར་མཛོད་གསུངས། དེ་ནས་ཕྱོགས་ཀྱི་སློབ་མ་མཁན་སྤྲུལ་མང་པོ་ཕེབས་ཏེ། གདུང་བ་དྲག་པོས་བཞུགས་ཞུས་ནན་ཏན་ཕུལ་ཞིང་ཁྱད་པར་སློབ་བུ་དམ་ཆོས་ཟླ་བས་གདུང་བའི་ཡུས་ཀྱིས་མཆི་མ་བཏོན་ཏེ་ཞུ་བ་ཕུལ་བ་ན། གཟབ་རྒྱུ་ཅི་ཡོད་གཅིག་གཟབ་ན་ད་དུང་མྱང་ངན་ལས་འདས་རན་ཨི་ཡོད་ན་ཞེས་པའི་གསུང་ཟུར་ཅིག་བྱོན་པས་བུ་སློབ་རྣམས་ནས། ལོ་ཁ་ཤས་བཞུགས་པ་ཡིན་ནམ་སྙམ་པའི་སྤྲོ་སྣང་ཞིག་ཐོབ་ཀྱང་། ལོ་རྗེས་མའི་ཆོ་འཕྲུལ་ཟླ་བའི་མཇུག་བར་འཚོ་གཞེས་གནང་བ་ལ་དགོངས་པར་རྗེས་སུ་ངེས་སོ། །

དགུན་ཟླ་ཐ་ཆུང་གི་ཚེས་ཉེར་དྲུག་ཉིན་ད་ནི་ཉལ་མི་འདུག་གསུངས་ནས་གཟིམ་མལ་ལས་བཞེངས་ཏེ་གཙུག་ལག་ཁང་གི་བར་ཁང་གི་འཁོར་ས་ཕྱི་མའི་སྟེང་གི་ཕྱི་རིམ་ནས་བསྐོར་བ་མཛད་ཅིང་། རེས་ཞབས་ཐང་དང་། རེས་འཁོར་ཁྲིའུ་ལ་བཞུགས་སུ་གསོལ་ནས་ཕེབས། བར་ཁང་གཡུ་ཞལ་འབར་བར་ཞིབ་མཇལ་གནང་ཞིང་ཤར་སྒོའི་སྟེང་གི་ཕྱི་རོལ་དུ་ཞལ་མཆིམས་ཕུར་ཕྱོགས་ནས། སྤྱན་མི་ཟུམ་པར་དལ་གཅིག་ཏུ་བཞུགས། ཡང་ཉིན་གཅིག་ཕྱོགས་ཀྱི་ནེ་ཐང་ལ་ཁམས་གསེང་དང་གཙུག་ལག་ཁང་གི་འོག་ཁང་དང་། རྟ་མགྲིན་གླིང་སོགས་ལ་མཇལ་གཟིགས་གནང་ཞིང་མུ་རན་གྱི་མཐའི་འཁོར་ལོ་རྣམས་རེ་རེ་ནས་ཕྱག་གིས་བསྐོར་བ་དང་། སྐུ་ཕྱག་འབུལ་བ་སོགས་མཛད་ཅིང་བདུད་འདུལ་སྔགས་པ་གླིང་ཞིག་གསོས་བྱས་མེད་པ་གཟིགས་པས་སྐུ་ཚ་མཆོག་ལ་བདུད་འདུལ་སྔགས་པ་གླིང་བཞེངས་པའི་ཆ་རྐྱེན་སྒོར་ཁྲི་གཅིག་ཕུལ་བཅུག་དེ་བཞིན་དུ་ཞབས་ཕྱི་པ་མཁན་ཐུབ་སྨོན་དང་མཁན་པདྨ་རིག་འཛིན་བསམ་གཏན་རྡོ་རྗེ་སོགས་ཁོང་རྣམ་པའི་ཞལ་ནས་ཐོས་པ་འགའ་བཀོད་ན་འདི་སྐབས་རྣམས་སུ་ཐ་མལ་བའི་བརྗོད་ཚིག་རང་རྒྱུད་པ་མི་འབྱུང་བར་བརྡ་ཚིག་ཁོ་ན་གསུང་བ། དཔེར་ན་ཞབས་སྐྱིལ་ཀྲུང་བཅའ་བར་དགོངས་ཚེ། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བ་གདབས་མི་དགོས། སྐྱིལ་ཀྲུང་མཁར་བཅས་རྒྱལ་བ་བྱང་ཆུབ་ཡིན་གོ་གསུངས་པ་དང་། སྐྱིལ་ཀྲུང་བཤིག་པར་དགོངས་ཚེ་ནམ་མཁའི་རྡོ་རྗེ་སྐྱིལ་ཀྲུང་བྱང་ཆུབ་ད་བཤིག་གཏོང་ཨ་གསུང་བ་སོགས་དང་། ཡང་སྐབས་ཤིག་ན་བྱམས་བཞུགས་བགྱི་བའི་འདུག་ཁྲིའུ་ལ་བཞུགས་སུ་གསོལ་བ་ལས་ཅུང་ཞིག་ནས། ད་མངོན་པར་དགའ་བའི་ཞིང་ལ་ལྟ་གདའ་གསུངས་པ་དང་། མདུན་གཡོག་པ་དག་གིས་མ་ཤེས་པར་སླར་ཇི་ལྟར་དྲིས་ཀྱང་དེ་ཉིད་ཡང་ཡང་གསུང་བ་ལས་གཞན་མ་འབྱུང་། ཞལ་ཤར་དུ་ཕྱོགས་པར་བྱས་པ་ན་ད་རེད་ཐལ་གསུངས། ཡང་ཅུང་ཞིག་ན་རྡོ་རྗེ་སེམས་དཔའི་ཕྱག་མཚན་དེ་ཁྱེར་ཤོག་ཅེས་གསུངས་པ་ན་ཕྱག་ཕྲེང་ཕྱག་ཏུ་ཕུལ་ནས་འདི་ཨི་རེད་ཞུས་ཚེ་རེད་རེད་ཅེས་གསུངས། དེ་དང་འདྲ་བར་བརྡ་ཚིག་གཞན་དང་གཞན་བྱུང་བ་རྣམས། དོན་ཚོལ་མི་ཤེས་པ་དག་ཡང་ཡང་དྲིས་ཀྱང་གཏན་ནས་མི་ཤེས་པ་ན་རེས་བཞད་པ་འབའ་ཞིག་མཛད་ཀྱིན་བཞུགས་འདུག་པ་སོགས་དག་པའི་སྣང་བ་འབྱམས་ཀླས་པ་ཤར་བ་ལས། མ་དག་པའི་སྣང་བ་མེད་པའི་རྟགས་སུ་མདུན་འཁོར་རྣམས་ལ་ཡང་། ལྷ་ཟ་མ་ཟ་འདུག་ནི་རྣམས་འདིར་བྱོན་དང་། ཟ་མ་མཉམ་པོར་གསོལ་གསུང་བ་དང་། མགོན་པོ་ཚེ་དཔག་མེད་དང་། གྲུབ་དབང་ནམ་མཁའ་རྒྱལ་མཚན་སོགས་ལྷ་དང་བླ་མ་མང་པོའི་མཚན་ནས་གསུངས་ཤིང་དེ་དང་དེ་དག་མཇལ་འདུག་པར་གསུངས་པ་རྣམས་ཞིབ་པར་བྲིས་ན་དེ་ཉིད་ཁོ་ན་ཡང་བསྐྱར་གྱིས་གསུང་འདུག་པ་ཞིག་གོ། ཡང་ནུབ་ཅིག་མདུན་འཁོར་ཐམས་ཅད་སྐུ་དྲུང་དུ་འཁོད་སྐབས་སྐུ་གསུང་ཐུགས་རྟེན་དང་། ཡོན་ཏན་དང་ཕྲིན་ལས་ཀྱི་རྟེན་དུ་གྱུར་པ་མགོན་པོ་མ་ནིང་ཡིན་པས་དེ་གལ་ཆེ་གསུངས། དེ་ལ་སོགས་པ་ངོ་མཚར་བའི་ཞལ་གསུང་མང་དུ་བསྩལ་བ་ལས་དད་པའི་ས་བོན་ཙམ་བཀོད་པའོ། །

དེ་ཡང་རྗེ་བཙུན་དཔལ་མགོན་བླ་མ་རིན་པོ་ཆེ་གང་ཉིད་ནི། ངེས་དོན་དུ་ཆོས་སྐུའི་ཀློང་ན་ཀུན་བཟང་དང་པོའི་མགོན་པོ་དེ་ཉིད། ལོངས་སྐུའི་ཞིང་ན་གཙོ་དང་འཁོར་གྱི་རྣམ་པ་རོལ་བར་སྟོན་པ། སླར་ཡང་གསང་བ་བླ་ན་མེད་པའི་མཛོད་འཛིན་པའི་རྣམ་པར་སྣང་བ་དེ་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བ་ཚད་མེད་པའི་བཀོད་པ་འབྱམས་སུ་ཀླས་པ་ལས། གདུལ་བྱ་བྱེ་བྲག་པ་འགའ་དང་འགའི་སྣང་ངོར་རིག་འཛིན་དགའ་རབ་རྡོ་རྗེ། གསང་འཛིན་ཞི་བ་འཚོ། རྒྱལ་མོ་པ་གཡུ་སྒྲ་སྙིང་པོ། ལོ་ཆེན་དྷརྨ་ཤྲི་སོགས་ལོ་པཎ་སྐྱེས་མཆོག་དུ་མའི་རྣམ་པར་འཕྲུལ་བས་ལྗོངས་འདིར་རིམ་དང་རིམ་མིན་གྱི་བཀོད་པ་སྟོན་པ་དང་། ཁྱད་པར་མཁན་ཆེན་བོ་དྷི་ས་ཏྭ་ཉིད་ཀྱིས་གངས་ཅན་བསྟན་འགྲོའི་རྒུད་པ་གསོ་བ་ལ་དུས་སུ་འབྱོན་པར་ཞལ་བཞེས་རྡོ་རྗེའི་རི་མོ་ཉམས་པ་མེད་པའི་རང་གཟུགས་སུ་སྣང་བ་འདི་ཉིད་ལ། ལམ་རིམ་བགྲོད་ཀྱི་གང་ཟག་ཉིད་དུ་བལྟས་ཏེ། ལམ་རྟགས་ཀྱི་ཡོན་ཏན་འདི་དང་འདི་ལྟར་བྱུང་ཞེས་བརྗོད་འོས་པ་ཞིག་མ་ལགས་ཀྱང་། སྔར་སངས་རྒྱས་པའི་ཐུབ་པ་བཅོམ་ལྡན་འདས་རྣམས་ཀྱང་།

ཇི་སྐད་དུ།

                            ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །

                            སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །

                            ཞེས་དང་། ངེས་འབྱུང་དཀའ་བ་བསྐྱེད་པ་དང་། །

                            བདུད་སྡེ་བཅོམ་དང་རྫོགས་པ་ཡི། །

 

བྱང་ཆུབ་ཅེས་པ་ལ་སོགས་པ་གསུངས་པ་ལྟར་གདུལ་བྱའི་སྣང་ཚུལ་ལ་རྫོགས་པ་ཆེན་པོའི་རྒྱུད་དང་དེ་དག་གི་དགོངས་འགྲེལ་མན་ངག་དག་ལས་འབྱུང་བ་བཞིན། སྣང་གཞི་བགྲོད་པའི་རྟགས་ཚད་རྣམས་གདུལ་བྱ་རྗེས་སུ་དཀྲི་བའི་ཆེད་དུ་མངོན་པ་ཉིད། སླར་ཡང་སྒྲོ་སྐུར་མེད་པར་ཡིད་ཆེས་པའི་རྒྱུད་ལུང་མན་ངག་དག་དང་སྦྱར་ནས་ཅུང་ཟད་བརྗོད་ན། ཁྲིད་ཡིག་ཆེན་པོ་རྣམས་སུ།

 

                            རྟགས་སྒོ་གསུམ་ལ་འཆར་བ། །

                            ཚད་རྨི་ལམ་གྱིས་བཟུང་བ། །

 

ཞེས་སུ་གསུངས་པས། རླུང་དབུ་མར་ཐིམ་པས་རྫོགས་པ་ཆེན་པོ་བཟང་ངན་མེད་པའི་དོན་ལུས་ལ་བཞུགས་པས་ལུས་སྒེག་འཆོས་ངོ་ཚ་དང་བྲལ་བར་འབྱུང་བ་གསུངས་པ་ལྟར། སྔར་དང་མི་འདྲ་བ་ནབ་འགག་དང་མཐང་གོས་རྣམས་ཞབས་ཕྱི་པ་དག་གིས་འཆོས་པ་ལས་གང་བབས་བཅས་བཅོས་མེད་པར་རིང་ཐུང་མཐོ་དམའ་སྣ་ཚོགས་བགོ་བར་མཛད་པ་དང་། ནབ་སྟོད་ཀྱང་རེས་ཕྱི་ནང་བརྗེས་པ་ཡང་མི་གཟིགས་པར་ནབ་པ། རྐང་འབོར་རིང་པོ་ཞིག་མནབ་པ་རེས་ཞབས་རྐང་གི་ལོང་བུ་བར་མར་འཐེན་ཏེ་སར་འདྲུད་ཅིང་བྱོན་པ་དང་། དེ་བཞིན་དུ་སྔོན་ཆོད་ཕྱོགས་སུ་ཕེབས་ནས་གདན་སར་བསྐྱོད་སྐབས་སྐྱ་ཕྲེང་གི་བསུ་མ་ལ་འཛེམ་བག་གིས་ཐེངས་དུ་མར་གདན་སར་མཚན་མོར་ཕེབས་པར་མཛད་པ་ཞིག་ན་ཡང་། འདི་སྐབས་སྐྱ་བསུ་བྱས་དུས། སྐྱ་དར་བསྒྲོན་ནས་རྟ་རྒྱུགས་བཏང་བ་ལ་གཟིགས་ཏེ་བཞད་མོ་འབའ་ཞིག་མཛད་ཀྱིན་བྱིས་པ་ཆུང་ངུའི་སྤྱོད་པ་ལྟ་བུ་དང་། གདན་སའི་ཉེར་ཕྱོགས་མ་ཆུའི་ལ་མགོར་ཕེབས་པ་ན་སྐྱ་སེར་བརྒྱ་ཕྲག་དུ་མས་དད་སྤྲོས་ངང་མཇལ་ཕྱག་མཇལ་དར་ཕུལ་བ་ན། བྱིས་པའི་རྣམ་པ་ལྟ་བུ་འཁྲུལ་ཞིག་གི་གཤིས་ལུགས་མ་སྦས་པར་མངོན་པ་ནི། གོང་བཤད་ལྟར་རྫོགས་པ་ཆེན་པོ་བཟང་ངན་མེད་པའི་དོན་སྐུ་ལ་ཞུགས་པས་ཐ་མར་པ་ལྟར། སྒེག་འཆོས་དང་ངོ་ཚ་བྲལ་བས་དེར་ཆབ་གསང་གནང་བ་ན་ནབ་འགག་གི་འགབ་མ་སྐུ་སྐེད་བར་བརྫེས་ཏེ་ཆབ་གསང་མཛད་པ་དང་། རྫོགས་པ་ཆེན་པོ་དགག་སྒྲུབ་ལས་འདས་པ་ངག་ལ་ཞུགས་པས་སྨྱོན་པ་རང་ཚིག་བརྡོལ་བ་བཞིན་ལྟོས་མེད་བྱུང་རྒྱལ་དུ་འབྱུང་བ་གསུངས་བ་ཉིད་མངོན་དུ་གྱུར་པ་ཡང་། གསུང་བཤད་ཁྲིགས་ཆགས་སུ་མི་གནང་བ། དུམ་དུམ་བྱུང་རྒྱལ་དུ་མདུན་འཁོར་སོགས་ཀྱིས་ཞུ་བ་ལ་མི་ལྟོས་པར་སྐབས་སྐབས་སུ་འབྱོན་པ་ཡང་། ཆགས་འཇོག་ས་མི་རྙེད་པ་ཐོལ་བྱུང་དུ་གསུང་བ་ཞིག་སྟེ། ཁྱད་པར་ཆོས་ཟད་ཀྱི་དུས་སུ་བཤད་པའི་ཐེག་པའི་རྒྱལ་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲགས་པ་ལ་ཞུགས་པས་བརྗོད་པ་སྟོང་པའི་སྒྲ་བྲག་ཅའི་རྣམ་པར་སོང་ནས་ཕ་རོལ་གྱི་རྗེས་སུ་བཟློ་བར་འབྱུང་བ་གསུངས་པ་ཡང་ཇི་བཞིན་མངོན་དུ་གྱུར་པ། བླ་མ་ཆབ་གསང་ལ་ཕེབས་ཞུས་ཚེ། བླ་མ་ཆབ་གསང་ལ་ཕེབ་གསུངས་པ་དང་། བླ་མ་གསོལ་བཅའ་མཛད་ན་ཞུས་ཚེ། བླ་མ་གསོལ་བཅའ་མཛད། ཞེས་དང་། བླ་མ་ལ་སྒོར་བཞེངས་ཞུས་ཚེ། བླ་མ་སྒོར་བཞེངས་ལ་སོགས་རྗེས་སུ་ཟློ་བ་མཛད་པ་དང་། དེ་བཞིན་དུ་དགུང་གྲངས་བདུན་ཅུའི་ནང་དགུན་ཁར་སྨན་ཁང་དུ་ཕེབས་ཏེ། སོས་ཁར་སྙུན་གཞི་ཡར་དྭངས་ངང་གདན་སར་ཞབས་པད་འཁོད་པ་ན། འདུ་ཁང་ཆོས་ཁྲིའི་སྟེང་དུ་བཞུགས་སུ་གསོལ་ནས་མཇལ་དར་ཕུལ་ཞིང་སྤྲོ་དགའི་ངང་སློབ་ཚོགས་ཐམས་ཅད་མདུན་དུ་འཁོད་པ་ན། རྗེ་བླ་མའི་ཕྱག་དཔེ་ནང་དུ་ཡུན་རིང་གཟིགས་ནས་ཁྱེད་རྣམ་པ་བཟང་ཟིག་ཞེས་པ་དེ་ཉིད་ལས་ཅུང་མེད་པ་ཉིད་གསུངས་འདུག དེ་བཞིན་དུ་སྐབས་སུ་སྐུ་མདུན་དུ་ཡོད་པ་ན། མགོ་མཇུག་གང་ཡང་མེད་པར་ཁྱོས་ཨི་ཤེས་གསུང་བ་ལས་གཞན་མེད་པས་གང་ཡིན་ཚོལ་མི་ཤེས་པ་དང་། རེས་ཁོང་གི་མདུན་དུ་ཅི་ཡོད་ལ་མ་ཞུས་ཀྱང་ཡི་གེ་འབྲི་བྱེད་རེད་ཞེས་ལ་སོགས་པ་གསུང་བ་ཐོལ་བྱུང་དུ་འབྱུང་བ་ཞིག་གོ། དེ་བཞིན་དུ་ངེས་གསང་ཐེག་རྒྱལ་དག་ན། མི་འགྱུར་གསང་པའི་རྟགས་ལ་ཟོ་མདོག་བཟང་བ་སྐྲ་དཀར་དང་གཉེར་མ་མེད་པ། ལུས་ལ་གཞོན་ཤ་ཆགས་པ་སོགས་གསུངས་པ་དག་ཀྱང་། ཕྱིས་སྐུ་ན་ཇི་ཙམ་བགྲེས་པ་ན་སྐུའི་གཟི་མདངས་ཇེ་ཆེ། སྐུའི་གཉེར་མ་ཞིག་པ། སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་གཞོན་ཤ་ཆགས་པས་གོང་སྨོས་ལྟར། ཐེག་མཆོག་རྒྱལ་པོའི་དགོངས་དོན་མངོན་དུ་གཟིགས་པའི་གྲུབ་དབང་ལུང་རྟོགས་རྒྱལ་མཚན་ནས་ཀྱང་། མཁན་རིན་པོ་ཆེ་ལ་སྙུང་གཞི་ཞིག་མི་འདུག སྐུ་གཞོན་ཤ་ཆགས་པ། གཉེར་མ་མེད་པ་སོགས་ཀྱིས་མི་འགྱུར་གསང་བའི་རྟགས་ཁྱད་པར་པས་ཆོས་ཟད་ཀྱི་སར་ཕེབས་པའི་གང་ཟག་ཏུ་བསྔགས་བརྗོད་གནང་བ་བཞིན་ནོ། །

དེ་ལྟར་ན་ལུས་འབྱུང་བཞིའི་བཅིངས་པ་ལས་གྲོལ་བས། ད་འབྱུང་བ་རང་རྒྱུད་དུ་སྡོད་མི་སྲིད་པའི་གནད་དང་། ངག་གི་བརྗོད་གཞི། བརྗོད་རྐྱེན། བརྗོད་བྱ། རྗོད་བྱེད་བཞིའི་བཅིངས་པ་ལས་གྲོལ་བས། ད་བརྗོད་ཚིག་རང་རྒྱུད་དུ་སྨྲ་མི་སྲིད་པ་དང་། སེམས། དྲན་པ། དྲན་མེད། སྐྱེ་མེད། བློ་འདས་བཞིའི་བཅིངས་པ་ལས་གྲོལ་བས། ད་དྲན་བསམ་ཡུལ་གྱི་འཁོར་ལོ་ལ་འཇུག་མི་སྲིད་པ་སྟེ། སྒོ་གསུམ་གྱི་རྟགས་ཚད་ཁྱད་པར་ཅན་དེ་དག་ཀྱང་། རྟགས་ལུས་ལ་འཆར་བའི་ངག་ལས་ཤེས། གདེང་སེམས་ན་འཆར་བའི་རྨི་ལམ་གྱིས་ཟིན་པར་གསུངས་པས་ན་ཐེག་པའི་རྒྱལ་པོའི་རྒྱུད་ལུང་དང་མན་ངག་གི་རྗེས་སུ་དཔག་སྟེ། སྐུ་དང་གསུང་གི་རྟགས་ཚད་ཅུང་ཟད་བརྗོད་པ་དེ་དག་དང་། གདེང་ཐུགས་ལ་འཆར་བ་ཡང་། སྔར་བཤད་པ་ལྟར་འོད་གསལ་འཁོར་ཡུག་ཏུ་འདྲེས་པའི་ཆེ་བས་མཚོན་པར་ནུས་ཏེ།

ཇི་སྐད་དུ།

                            རབ་ལ་འཆར་དང་འབྲིང་གིས་ཤེས། །

                            ཐ་མ་འབྱོར་བ་ངེས་པ་སྟེ། །

 

ཞེས་པས། ལས་དང་བག་ཆགས་ཀྱི་འབྲེལ་ཆོད། རྨི་ལམ་དབྱིངས་སུ་དག གཉིད་འོད་གསལ་དུ་འཆར་བའི་རབ་ཀྱི་རྟགས་ཚད་རྗོགས་པས་ན། ཡང་གསང་བླ་ན་མེད་པའི་རྒྱུད་རྒྱལ་དག་ལ་བལྟས་པས་ངོ་མཚར་དང་ཡིད་ཆེས་ཀྱི་དད་པ་ཁོང་ནས་འཆར་བ་ཞིག་གོ། །

 

                            སྐུ་གསུམ་རྒྱལ་བའི་ཐུགས་གསང་རྡོ་རྗེའི་གར། །

                            དགའ་རབ་རྡོ་རྗེ་གསང་འཛིན་ཞི་བ་འཚོ། །

                            སྣ་ཚོགས་སྤྲུལ་བའི་བཀོད་པ་བསམ་ཡས་པར། །

                            རིམ་སྦྱང་སྣང་བཞི་བགྲོད་པ་ག་ལ་མཆིས། །

 

                            དེ་ལྟ་ན་ཡང་ངེས་གསང་ཐེག་རྩེ་ཡི། །

                            ལམ་བཟང་གདུལ་བྱ་གང་དག་དཀྲི་བའི་སླད། །

                            མི་འགྱུར་གསང་བའི་རྟགས་ཚད་མངོན་གྱུར་པས། །

                            ངོ་མཚར་ཡིད་ཆེས་སྟེར་བའི་ཆེ་བ་རྨད། །

 

                            རིམ་དགུའི་ཐེག་རྩེའི་རྒྱུད་དང་མན་ངག་དག །

                            ཚུལ་བཞིན་བསམ་ཚེ་གང་གི་གསང་གསུམ་གནས། །

                            དགོངས་དོན་ཇི་བཞིན་ཞུགས་པའི་ཡ་མཚན་གྱིས། །

                            ཡིད་ཆེས་དད་པའི་སྣང་བ་ཁོང་ནས་འཆར། །

 

དི་སྐབས་རྣམས་སུ་མཛད་པ་དང་ཞལ་གསུང་གང་ལ་རྟགས་ན་ཡང་ཡུན་དུ་ཞལ་བཞུགས་པར་དཀའ་བས་སྔར་རྒྱ་ཡུལ་ནས་དབུས་ཕྱོགས་སུ་ཕེབས་དགོས་པའི་ཞལ་གསུང་ལ། མཆིམས་ཕུ་དང་གངས་རི་ཐོད་དཀར་གང་རུང་དུ་ཕེབས་ཐུབ་དགོས་པ་བསྩལ་བས། དགོངས་པ་ཆོས་དབྱིངས་སུ་གཤེགས་གནས་མཆིམས་ཕུའི་དབེན་ཁྲོད་ཡིན་དགོས་སམ་སྙམ་དུ་མཁན་ཐུབ་སྨོན་ནས་བླ་མ་ད་ལྟ་རང་རེ་དཔོན་སློབ་བསམ་ཡས་མཐིལ་དུ་བཞུགས་ཡོད་ནི་རེད་ཨི་རེད་ཞུས་དུས། རེད་རེད་གསུངས། ད་མཆིམས་ཕུར་ཕེབས་དགོས་ནི་ཨི་རེད་ཅེས་ཞུས་ཚེ་མ་རེད། ད་རེད་གདའ་ཡོད་ནི་རེད་གསུང་ཁི་ཟེར། དེ་ལྟ་ན་རྗེ་བླ་མའི་སྐུ་ཡི་སྐྱེས་རབས་གསང་འཛིན་རྡོ་རྗེ་ཆོས་མཁན་ཆེན་ཞི་བ་འཚོ་ཉིད་ཀྱང་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་གནས། རིག་པ་འཛིན་པའི་ས་ལ་བཞུགས་པ་མཁན་སློབ་རྗེ་འབངས་ལོ་པཎ་བརྒྱ་ཕྲག་དག་གིས་བཀའ་བསྟན་གསུང་རབ་རྒྱ་མཚོ་བསྒྱུར་བཤད་ཀྱིས་སྨིན་གྲོལ་ཟབ་ཆོས་རྒྱ་ཆེར་དར་པའི་གནས་མཆོག་ཁྱད་པར་ཅན་འོག་མིན་སྤྲུལ་པའི་གན་དྷོ་ལའམ་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་མདུན་ཕྱོགས་ཀྱི་གཡས་ཟུར་ལྷོ་སྒོ་བྱམས་པ་གླིང་གི་ཉེ་ཞོལ་སྔོན་དུས་རྒྱལ་དབང་རིམ་བྱོན་གྱི་ནང་མི་མདུན་འཁོར་དང་། དེང་དུས་རྗེ་རྒྱལ་བའི་དབང་པོ་ཀརྨ་པ་སོགས་སྐྱེས་ཆེན་དག་གི་བཞུགས་གནས་དང་གཟིམ་ཁང་ག་ལ་བར་དགུང་གྲངས་བདུན་ཅུ་རྩ་གཉིས་པ་ཆུ་ཕོ་རྟ་ཡི་ལོའི་ཆོ་འཕྲུལ་ཟླ་བའི་མར་ངོས་ཚེས་ཉེར་ལྔའི་ཕྱི་དྲོའི་དུས་དེང་དུས་ཀྱི་ཆུ་ཚོད་བཞི་དང་སྐར་མ་བཞི་བཅུའི་སྐོར་ཞབས་སེམས་དཔའི་སྐྱིལ་ཀྲུང་། ཕྱག་ངལ་གསོའི་རྒྱ་བཅས་སྤྱན་ནམ་མཁར་ཧད་པོར་གཟིགས་ཏེ། གཟུགས་སྐུ་ཉིན་བྱེད་ཀྱི་དཀྱིལ་འཁོར་ནུབ་རིར་བརྒལ་བས་ཉམ་ཐག་སྙིགས་མའི་སྐྱེ་བོ་བགྲང་ལས་འདས་པ་མྱ་ངན་མུན་པའི་ཀློང་དུ་འཕྱན་པར་གྱུར་ཏོ། །

 

                            ཀྱེ་མའོ་སྙིང་གི་དྭངས་བཅུད་དྲོད་ཁོལ་ཡལ། །

                            ཀྱེ་ཧུད་དམུས་ལོང་བྱེ་བའི་དམིགས་བུ་བྲལ། །

                            ངེས་དོན་ཆོས་གླིང་མཁས་དང་བཙུན་པའི་སྡེའི། །

                            གདེངས་ཅན་སྟོང་གི་གཙུག་རྒྱན་ནོར་བུ་བསྟོར། །

 

                            ས་སྟེང་གནས་པའི་རབ་རིབ་ཕམ་བྱེད་པའི། །

                            འདྲེན་མཆོག་ཡེ་ཤེས་ཉི་མ་དེ་ཉིད་ནུབ། །

                            ལྔ་རིག་བདུད་རྩིས་གཏམས་པའི་བུམ་པ་བཟང་། །

                            གཞི་དབྱིངས་གསེར་འཛིན་གོ་ལའི་ལྟོ་བར་དྲངས། །

 

                            པ༵ད་དཀར་འདབ་བཅུའི་མཚར་སྡུག་ལང་ཚོའི་གཟི། །

                            མ༵་སྨད་བསུང་ཞིམ་འཁྱིལ་བའི་གེ་སར་བཅུད། །

                            ཚེ༵་འདིར་མྱོང་བའི་རེ་བྲལ་སྐལ་ངན་ཅན། །

                            དབ༵ང་མེད་ཤུལ་ལུས་སྦྲང་བུ་ཡིད་རེ་སྐྱོ། །

 

                            དགེ༵་མཚན་དཔག་བསམ་སྙེ་མའི་ཡལ་འདབ་བསྐྱོད། །

                            ལེགས༵་ཚོགས་ཆར་དུ་འབེབས་པའི་མེ་འབྲས་བཞད། །

                            ཆོ༵ས་ཀྱི་འགྲོ་ཕན་ཀུན་འབྱུང་ལྷའི་འཁྲི་ཤིང་། །

                            འཕེ༵ལ་འགྲིབ་སྤངས་པའི་སྐུ་མཆོག་གང་དུ་གཤེགས། །

 

                            དབྱ༵ངས་ཅ༵ན་རྒྱལ་ཡུམ་འཕགས་མ་རྗེས་ཆགས་ཀྱི། །

                            དག༵འ་བ༵འི་ཡེ་ཤེས་འཕྲུལ་ཐབས་ལས་བྱུང་བའི། །

                            གོ༵་ཆ་གཞོམ་མེད་སྤོབས་པའི་གཏེར་འཆང་བ། །

                            གངས་ཁྲོད་སྨྲ་བའི་དབང་ཕྱུག་གང་དུ་འཕྱོ། །

 

                            ལེ༵གས་བཤད་ཆོས་ཀྱི་ཆུ་ལས་སྐྱེས་པའི་ཚལ། །

                            སྨྲ༵་བའི་བདུད་རྩིས་བསྐྱེད་པའི་ཕུན་ཚོགས་དཔལ། །

                            ཉི༵་མ་གཞོན་ནུ་ལྟ་བུའི་ཐུགས་རྗེའི་དྲོད། །

                            དབྱིངས་སུ་ཡལ་བས་ཡིད་སེམས་འཁྱགས་པས་བསྡམས། །

 

                            སྣང་བྱེད་ཆེན་པོ་ནུབ་རིའི་ཕག་ཏུ་ལྷུང་། །

                            བསིལ་བྱེད་ཆེན་པོ་སྤྲིན་གྱི་ཕང་བར་ཡིབས། །

                            འདོད་འབྱུང་ཆེན་པོ་མ་དྲོས་གནས་སུ་དྲངས། །

                            སྡེར་ཆགས་ཆེན་པོ་སཱ་ལའི་ལྗོངས་ནས་བསྐྱོད། །

 

                            རྫ་ཀླུང་ཆབ་དཀར་རོལ་པའི་ངུར་སེར་ཁྱུ། །

                            གསེར་འཁོར་དྲ་བའི་ལག་ལྡན་ལྷའི་བྱ་རྒྱལ། །

                            མུ་མེད་མཁའ་ཀློང་གཤེགས་པའི་བཏུལ་ཞུགས་ཀྱིས། །

                            མགོན་མེད་ཐང་དུ་འཁྱམས་པའི་བསྐལ་ངན་ཚེས། །

 

                            རྗེས་སུ་དྲན་ནོ་ཐུགས་བརྩེ་སྙིང་རྗེའི་གཏེར། །

                            གདུང་བས་ཡུས་སོ་དྲི་བྲལ་དག་པའི་སྙན། །

                            སྙིང་ནས་གསོལ་ལོ་སྐུ་དྲིན་མཚུངས་མེད་རྗེ། །

                            བྱིན་གྱིས་རློབས་ཤིག་འདྲེན་མཆོག་ཆོས་ཀྱི་རྗེ། །

 

                            བྱམ༵ས་ཆེན་ཐུགས་རྗེ་བྱམ༵ས་པའི་བདུད་རྩི་ཡིས། །

                            ཡི༵ད་ཀྱི་ཆུ་སྐྱེས་ཡི༵ད་གཅོང་རྙིང་པའི་འདབ། །

                            དུ༵ས་ཀུན་སྐྱོང་ལ་དུས༵་ལས་མི་ཡོལ་བའི། །

                            སྐུ༵་མཆོག་ཁྱེད་ཀྱི་སྐུ༵་དྲིན་བརྗོད་མཐའ་བྲལ། །ཅེས་པའང་གདུང་བའི་ཤུགས་ཀྱིས་ཐལ་ལོ། །

 

དེ་ཡང་རྗེ་བཙུན་བླ་མ་ཐུགས་རྗེ་ཅན་གྱི་ཕྲིན་ལས་རྒྱ་མཚོའི་རླབས་ཀྱིས་བསྐྲུན་པའི་བསྟན་སྐྱོང་ཟླ་གཞོན་འབུམ་དུ་བསྟར་བ་དག་གིས། འབྱུང་འགྱུར་འདྲེན་མཆོག་ལྔ་བའི་ཉི་གཞོན་འཆར་བ་སྲིད་དུ། ཐུབ་བསྟན་འོད་སྣང་དཀར་པོས་ཡངས་པའི་ཐ་གྲུ་ཀུན་ཏུ་ཁྱབ་པར་བརྡལ་བ་ལ་ཕྱི་ནང་གསང་བའི་མི་མཐུན་པའི་གེགས་དང་བར་ཆད་ལས་གྲོལ་ཏེ་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་འབད་མེད་ཡིད་བཞིན་དུ་འབྱུང་བའི་བསྐལ་པ་བཟང་པོའི་དུས་སྟོན་གྱི་ཡོ་ལང་ལ་ཡིད་ཅན་སྐྱེ་དགུ་ཀུན་གྱིས་ལོངས་སྤྱོད་པ་ལ་གཅིག་ཏུ་སྨོན་ཞིང་མགོན་པོ་གང་གི་ཐུགས་རྒྱུད་གདུང་དབྱངས་ཀྱིས་སྐུལ་ལོ། །

 

༈ ད་ནི་སྐུ་གདུང་རིན་པོ་ཆེ་ལ་ཞབས་ཏོག་ཇི་ལྟར་ཕུལ་བའི་ཚུལ་ཅུང་ཟད་བརྗོད་ན། ཚེས་ཉེར་བརྒྱད་ནས་སྐུ་གདུང་རིན་པོ་ལོངས་སྤྱོད་རྫོགས་སྐུར་ཞལ་བསྒྱུར། དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་བཞིའི་བར་ཚོགས་མཆོད་མར་མེ་ལ་སོགས་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་མཆོད་ཅིང་། དད་ལྡན་སྐྱེ་འགྲོ་ཡོངས་ལ་མཇལ་ཁ་གནང་། མདོ་དབུས་ཁམས་གསུམ། རྒྱལ་ཕྱི་ནང་སོགས་ནས་ཆོས་འབྲེལ་ཡོད་མེད་ཀྱི་སྐྱེ་བོ་བགྲང་ལས་འདས་པས་སྡིག་སྤང་དགེ་སྒྲུབ་ཀྱི་དམ་བཅའ་དང་། མཆོད་འབུལ་སྨོན་ལམ་དཔག་མེད་བགྱིས། དེ་ནས་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ནངས་མོར་སྐུ་གདུང་རིན་པོ་ཆེ་ཉིད་གྲུབ་ཆེན་རྗེའབངས་ཉེར་ལྔ་ལ་སོགས་ལས་ཅན་སྐྱེས་བུ་དུ་མས་མཆོག་གི་དངོས་གྲུབ་བརྙེས་པའི་གནས་མཆོག་ཁྱད་པར་ཅན་མཆིམས་ཕུ་དཔལ་གྱི་ནགས་ཁྲོད་དུ་གདན་དྲངས་པ་ན། ནམ་མཁའ་གཡའ་དག་ཅིང་དྭངས་ཤིང་གསལ་བ་ལས་དཔལ་གྱི་བསམ་ཡས་ཀྱི་གཙུག་ལག་ཁང་མཐའི་ལྕགས་རི་ཁོར་ཡུག་དང་བཅས་ཁེབས་པའི་བར་སྣང་དག་པའི་ཀློང་ན་སྤྲིན་གྱི་ཁ་དོག་ལས་ཀྱང་དཀར་མདངས་འཚེར་བའི་འོད་ཕུང་རྩེ་མོ་ཇེ་ཕྲ་སོང་བའི་སྣེ། མཆིམས་ཕུའི་རི་ཁྲོད་དུ་ཟུག་ཅིང་རྩ་བ་ཟླུམ་པོ་ལུགས་གསུམ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྟེང་ན་ཡོད་པ་ཞིག་ཏུ་སྐུ་གདུང་སྤྱན་འདྲེན་པ་པོ་དག་གིས་མཐོང་ཞིང་། མཆིམས་ཕུའི་རི་ཁྲོད་པ་དག་གིས་འོད་ཁྱིམ་དཀར་པོའི་རྩེ་ཕྲ་བ་བསམ་ཡས་མཐིལ་དུ་ཟུག་ཅིང་རྩ་བའི་འོད་ཟླུམ་གྱིས་མཆིམས་ཕུའི་རི་ཁྲོད་ཁེབས་པ་ཞིག་ཏུ་མཐོང་། སྐུ་གདུང་མཆིམས་ཕུར་ཕེབས་པ་ཉེ་བ་ན། སྔར་གྱི་འོད་ཁྱིམ་དཀར་པོ་དེ་ཉིད་སྣམ་བུ་བརྐྱངས་ཤར་གྱིས་བྱུང་སྟེ་ནམ་མཁའི་ངོས་ནས་མས་ཀྱི་སྣེ་མོ་བསམ་ཡས་གདན་སར་དམའ་བའི་རྣམ་པ་ཅན་དང་། ཡས་ཀྱི་སྣེ་མཆིམས་ཕུའི་ཟངས་མདོག་རིའི་རྩེ་མོར་ཟུག་འདུག་པ་རྗེ་བླ་མའི་སློབ་བུ་མཁན་པདྨ་བསྟན་འཛིན་ནས་ཁོང་དང་དེར་འཁོད་མཆིམས་ཕུའི་སྒྲུབ་བརྩོན་རྣལ་འབྱོར་ཀུན་གྱི་གཟིགས་མོར་གྱུར་ཅེས་དང་། དེ་བཞིན་དུ་སྐུ་འདས་ཉིན་ཡང་སྒྲགས་ཡང་རྫོང་གི་མཚམས་གྲྭ་རྣམས་ཀྱིས་བསམ་ཡས་མཐིལ་གྱི་ནམ་མཁའི་ཀློང་ན་འཇའ་འོད་ཆེས་ཡ་མཚན་པ་ཞིག་ཤར་བ་མཐོང་ཞེས་ཁོང་ལ་ཞུས་འདུག་པ་རྗེས་སུ་ཐོས། དེ་ནས་སྐུ་གདུང་རིན་པོ་ཆེ་མཆིམས་ཕུའི་ནགས་ཁྲོད་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཐུགས་སྲས་རྗེ་འབངས་ཉེར་ལྔ་སྨིན་གྲོལ་ཆིག་ཆོད་ཀྱིས་རིག་འཛིན་གྱི་སར་བཀོད་པའི་འོག་མིན་གནས་མཆོག་ཆེན་པོ་བྲག་དམར་དཔལ་གྱི་ཀེའུ་ཚང་གི་མདུན་ཞོལ། མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གིས་མཆོག་གི་དངོས་གྲུབ་བརྙེས་པའི་སྒྲུབ་གནས་དང་། ཁྱད་པར་རྒྱལ་དབང་ཀློང་ཆེན་རབ་འབྱམས་བཟང་པོས་ཀུན་མཁྱེན་འཇིགས་བྲལ་གླིང་པ་ཡེ་ཤེས་སྒྱུ་མའི་སྐུས་ཐེངས་གསུམ་རྗེས་སུ་བཟུང་བའི་རང་བྱུང་བྲག་རིའི་ཁང་བཟང་གསང་ཆེན་མེ་ཏོག་ཕུག་གི་སྟེང་ཕྱོགས། previous hit རང་བྱུང་ཟངས་མདོག་དཔལ་རིའི་རྩེ་མོར། གྲུབ་ཆེན་རིག ་པ་འཛིན་པ་རྨ་ཐོག་རིན་ཆེན་གྱིས་ཕ་བོང་ཟན་ལྟར་གསོལ་བའི་རྫུ་འཕྲུལ་གྱི་ཕྱག་རྗེས་མ་ཉམས་པ་བཀྲ་བ་དེ་ཉིད་ཀྱི་སྟེང་དུ་སྤྱན་དྲངས། དེ་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་བླ་གྲྭ་རྣམས་ཀྱིས་བྱང་གཏེར་རྡོར་སེམས་ཞི་བའི། མཆིམས་ཕུའི་སྒོམ་གྲྭ་པ་རྣམས་ཀྱིས་བླ་མ་རིག་འཛིན་འདུས་པའི་སྒོ་ནས་རྒྱས་པའི། ཨོ་རྒྱན་སྨིན་གྲོལ་གླིང་གི་གར་དབང་བདེ་གཤེགས་ཀུན་འདུས་ཀྱི་དབང་གི དཔལ་གྱི་བསམ་ཡས་དགོན་གྱིས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་སྒོ་ནས་དྲག་པོའི། ལྷོ་སིབ་མདའ་དགོན་གྱིས་དཀར་གླིང་ཞི་ཁྲོའི་སྒོ་ནས་མཆོག་སྟེ། ལས་བཞི་མཆོག་དང་བཅས་པའི་སྲེག་ཆོག་གིས་ཞུགས་སུ་ཕུལ་བ་ན། མདུན་ཐད་ཀློང་ཆེན་ཆོས་རའི་ཕྱོགས་ནས། གློ་བུར་དུ་སྨུག་སྤྲིན་ལང་ལོང་གཡོ་བ་ཞིག་གདུང་ཁང་སྟེང་གི་བར་སྣང་དུ་བྱུང་བ་ལས་ཁུ་འཕངས་ཐར་ཐོར་དུ་འབབ་པ་སོགས་བག་དྲོ་བས་སྣང་བ་བསྒྱུར་ཏེ། ཐེག་རྩེ་རྡོ་རྗེ་སྙིང་པོ་ནས་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་པ་རྣམས་ལ་གྲོལ་རྟགས་ཁྱད་པར་ཅན་འབྱུང་བ་བཤད་པ།

རང་ཤར་ལས།

                            སྐུ་དང་གདུང་དང་འོད་རྣམས་ཀྱང་། །

                            མྱ་ངན་འདའ་བ་གང་ཡིན་པ། །

                            དེ་ལ་རྟགས་རྣམས་འབྱུང་བར་བཤད། །

 

ཅེས་གསུངས་པ་དང་། ཁྱད་པར་ཀུན་མཁྱེན་འཇིགས་མེད་གླིང་བའི་ཁྲིད་ཡིག་ཡེ་ཤེས་བླ་མ་ལས། རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོར། འོད་རྣམ་པ་གཉིས་ལས་ཁྱིམ། སྒྲ་རྣམ་པ་གཉིས་ལས་འུར་བ། སྐུ་རྣམ་པ་གཉིས་ལས་ཁྲོ་བོ་འབྱུང་བས་མི་བཤིགས་པའི་གདུང་དང་རིང་བསྲེལ་རྣམ་པ་གཉིས་ཀས་ཆེན་པོ་འདི་འུར་རབ་ཏུ་འུར། འགུལ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་པའི་གཡོ་བ་རྣམ་པ་དྲུག་ལན་བདུན་དུ་བསྒྲགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་རྟགས་མ་ཚང་བ་མེད་པ་བསྟན་ནས་གདོད་མའི་སར་གཤེགས་སོང་བར་གསུངས་བ་ལྟར། རྗེ་བླ་མ་ལ་ཡང་གྲོལ་ཚད་ཀྱི་རྟགས་ཀུན་མ་ཚང་བ་མེད་པར་བྱུང་བ་སྒྲོ་སྐུར་མེད་པ་དམ་པའི་སྐྱེ་བུ་དག་གི་གསུང་ལས་ཐོས་པ་ཅུང་ཟད་བརྗོད་ན། མཆོག་སྤྲུལ་རིན་པོ་ཆེ་དགེ་རྒྱམ་ཚང་གི་ཞལ་གསུང་ལ། ང་རང་སྐུ་གདུང་ཞུགས་འབུལ་བཀྱགས་སྐབས། ནང་དུ་ཆོ་ག་མ་བཏོན་པར་གདུང་ཁང་གི་ཉེར་ཕྱོགས་ནས་མཇལ་ཏེ་བསྡད་པ་ན། ནམ་མཁའི་དཀྱིལ་ཐམས་ཅད་རྡུལ་དང་ཁུག་སྣ་སོགས་ཀྱི་ལྷད་རྐྱེན་དང་བྲལ་བའི་ཤིན་ཏུ་དྭངས་ཤིང་གཡའ་དག་ཅིང་། མཐའ་ཀུན་སྔོ་མདངས་མི་སྒྲིབ་པའི་སྤྲིན་དཀར་སྲབ་མོ་ཞིག་ཆགས་པ་ལས། ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ནམ་མཁར། ཁ་དོག་ལྔ་ལྡན་གྱི་འོད་གྱེན་དུ་འགྲེང་པ་སྐས་ཀྱི་རྣམ་པ་ལྟ་བུ་ཞིག་བྱུང་བར་གསུངས། དེ་ལྟ་ན་ཐེག་མཆོག་མཛོད་དུ། གྱེན་འགྲེང་གནམ་འཐེན་ལྟར་བྱུང་ན་ཀ་དག་ལ་ཟང་ཐལ་བས་ཆོས་ཉིད་ཀྱི་བར་དོ་མེད་པར་གྲོལ་ལོ་ཞེས་དང་།

སྐུ་གདུང་འབར་བ་ལས།

                            འོད་ནི་རྣམ་པ་གསུམ་ཡིན་ཏེ། །

                            མི་ཁྱུད་ཁོར་ཡུག་བཅས་པ་ནི། །

                            གང་གི་ཤུལ་ལ་བྱུང་བ་ན། །

                            འདི་ནི་བར་དོ་དང་པོ་ལ། །

                            ངེས་པ་ཡི་ནི་འབྲས་བུ་འཐོབ། །ཅེས་དང་།

                            གལ་ཏེ་གྱེན་ལ་འགྲེང་པ་ནི། །

                            འདི་ནི་བར་དོ་མི་སྣང་བར། །

                            སྐད་ཅིག་ལས་ནི་སངས་རྒྱས་སོ། །

 

ཞེས་གསུངས་པ་ཉིད་དུ་ངེས་སོ། ཡང་ཁོང་གི་ཞལ་ནས། དེ་ནས་གདུང་ཁང་གི་སྟེང་གི་ནམ་མཁའི་ཀློང་ནས་སྒྲ་འུར་བ་དང་ཐུག་པ་གཉིས་ལས་འུར་བའི་སྒྲ་ཆེན་པོ་གྲགས་པ་ན། སྐབས་དེར་ང་རང་གིས་ཆུ་ཚོད་ལ་བལྟས་པས་སྐར་མ་བཅུ་བཞིའི་བར་སྒྲ་ལ་ཆེ་ཆུང་མེད་པར་གྲག དེ་ནས་ཇེ་ཆུང་གིས་སྐར་མ་བཅོ་ལྔ་ན་མེད་སོང་། འདི་དུས་ང་རང་ཉག་རོང་གནས་སྐོར་གྲྭ་པ་ལྔ་ཡོད་པ་ངེད་ཅག་རྣམས་ལས། ཁོང་རྣམ་པས་ནང་ནས་ལས་བཞི་མཆོག་དང་བཅས་པའི་སྒྲུབ་ཁག་ལྔའི་རྔ་རོལ་དུང་རྒྱག་གི་འུར་ཆོམ་གྱིས་གསན་མི་འདུག་གསུངས།

དེ་ལྟར་ན་སྐུ་གདུང་འབར་བ་ལས།

                            གང་དུ་འདས་པའི་གདུང་ཁང་གི །

                            ཤར་གྱི་ཕྱོགས་ནས་ཉེ་བའི་སར། །

                            སྒྲ་ནི་རབ་ཏུ་གྲག་པ་ན། །

                            འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །

                            དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང་། །

                            སྒྲས་ནི་རིན་ཆེན་རིགས་སུ་སྣང་། །

                            ནུབ་ཏུ་པདྨ་དེ་བཞིན་ནོ། །

                            བྱང་དུ་ལས་ཀྱི་རིགས་སུ་འགྱུར། །

                            དེ་བཞིན་སྟེང་དུ་དེ་བཞིན་གཤེགས། །

                            སྒྲ་ཡི་རང་བཞིན་འདི་ལྟ་བུ། །

                            འུར་ཞིང་ཐུག་པ་བརྩེགས་པ་དང་། །

                            རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །

                            ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །

                            དེ་ལྟར་སྒྲ་དང་ལྡན་གྱུར་ན། །

                            འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །

                            སྐུ་ཡི་འབྲས་བུ་ཐོབ་པའོ། །

                            དེ་ཀུན་ལོངས་སྐུའི་ཚད་དང་མཉམ། །

                            འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང་། །

                            སྤྲུལ་བའི་སྐུ་ཡང་འབྱིན་པར་ནུས། །

                            ནུས་དང་མཐུན་འཇུག་ཐབས་ཀྱིས་ནི། །

                            འདི་ཡི་ས་ལ་མཐར་ཕྱིན་པའོ། །ཞེས་དང་།

རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལ་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཞེས་པ་ལ་སོགས་པའི་རྡོ་རྗེའི་རྒྱུད་ཚིག་རྣམས་དང་བསྒྲིགས་ནས་མཁྱེན་པར་འཚལ་ལོ། །

དེ་བཞིན་དུ་ཁོང་གི་ཞལ་ནས་ས་གཡོ་བ་ཡང་ཉིན་དེ་ནས་བཟུང་ཞག་བདུན་དུ་ལན་ལྔ་རུ་གཡོས་པ་བྱུང་གསུངས་པ་དང་། གཞན་ཡང་གདུང་དང་རིང་བསྲེལ་ཡང་སྐུ་གདུང་ཐོག་མར་ཞུགས་ལ་སྒྲོན་བཞིན་པའི་སྐབས་ན། གདུང་ཁང་གི་འོག་གཞི་བུམ་པའི་ལྟོ་བའི་མེ་ནང་དུ་ཁ་དོག་སྣ་ཚོགས་ཅན་མང་དུ་བབས་དེར་སྐབས་པར་དུ་སྒྲོན་པ་མཇལ་དུ་ཡོད་པ་འདི་ཀའོ། །

ཞག་བདུན་གྱི་རྗེས་གདུང་སྒོ་ཕྱེས་སྐབས། དེ་ཙམ་དུ་མ་བྱུང་བ་ནི། ཙན་དན་དཀར་དམར་སོགས་ཀྱི་ཆེས་ངར་བའི་མེ་ལ་མར་དོ་བོ་གཉིས་བཞུས་ཏེ་མར་ཁུ་ཀ་ཏོ་རས་བཅལ་ནས་བླུགས་པ་ན་མེ་ལྕེ་ནམ་མཁའ་མཐོན་པོར་མཆེད་པས་ཕར་ཚུར་གྱི་ཤིང་ནགས་ལ་མེ་མཆེད་པར་དོགས་དགོས་པར་བྱུང་བ་བཤད་འདུག་པས་དེ་ལྟ་བུའི་གདུང་མེ་ངར་མས་ཧ་ཅང་བསྲེག་ཐལ་བས་རིང་བསྲེལ་རྣམས་འཇིག་སོང་བའམ། མི་མིན་གྱིས་གདན་དྲངས་སོང་བ་ཡིན་ནམ། རྗེས་སུ་མཆིམས་ཕུའི་མཚམས་པ་གོ་འཇོའི་གྲྭ་ཚེ་རིང་ནས་གདུང་ཁང་གི་སྒོར་འབྱར་བ་རིང་བསྲེལ་ཕྲ་མོ་སྲོ་མ་ཙམ་རེག་པ་ན་སོ་སོར་འཐོར་འགྲོ་བ་བཅུ་ཕྲག་གཅིག་རྙེད་པ་དང་། སླར་སྐུ་གདུང་བཞུས་ཤུལ་དུ་མཆོད་རྟེན་བཞེངས་སྐབས་གདུང་ཁང་བཤིག་དུས་ཁྱུང་པོ་སྟེང་ཆེན་གྱི་གྲྭ་སྙན་གྲགས་ཀྱིས་རྙེད་པའི་ཕྱི་ནང་གསལ་སྒྲིབ་མེད་པའི་ཤེལ་ལྟར་དྭངས་པ་དབྱིབ་ཟླུམ་པ་ཁ་དོག་དམར་པོ་ཡུངས་འབྲུ་ཙམ་གཏིང་གསལ་གྱི་འོད་དང་ལྡན་པ་གདུང་ཆེན་བསེ་རི་རཾ་ཉིད་དུ་ངེས་པ་ཞིག་ཡོད་པ་མཆིམས་ཕུའི་སྐུ་གདུང་མཆོད་རྟེན་གྱི་གཟུངས་གཞུག་གི་སྙིང་པོ་བཞུགས་སུ་གསོལ་བ་དེ་ཉིད་དང་། ད་ལྟ་དངོས་སུ་མཇལ་དུ་ཡོད་པ་གཟིམས་ཁང་དུ་བཞུགས་པའི་གདུང་ཆེན་ཆེ་ཆུང་གི་ཚད་ཡུངས་ཀར་ཙམ། དབྱིབས་ཤིན་ཏུ་ཟླུམ་པ། ཁ་དོག་དམར་པོ་སྣུམ་ལ་བཀྲག་མདངས་ཅན་ཞིག་མཇལ་ཡོད་པ་འདི་ནི།

སྐུ་གདུང་འབར་བ་ལས།

                            བསེ་རི་རཾ་ནི་དམར་ལ་དྭངས། །

                            ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །

                            འདི་ནི་འབྱུང་བ་འདུས་ལ་འདྲིལ། །

                            སྐལ་དང་ལྡན་པའི་མཁར་མ་ལས། །

                            འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །

ཞེས་གསུངས་པས་དེ་ཡིན་པར་ངེས་ལ། དེ་ལྟ་ན་ཐེག་མཆོག་མཛོད་དུ་སྐྱེས་བུ་ལ་གདུང་རིགས་ལྔ་ལས། རེ་རེའམ་ཐམས་ཅད་ཚང་བ་གང་བྱུང་ཡང་རིགས་ལྔ་ཚོམ་བུའི་སྣང་བ་ལ། གདུང་རིགས་དེའི་སངས་རྒྱས་སུ་གྲོལ་བའི་རྟགས་ཡིན་ཏེ།

སྐུ་གདུང་འབར་བ་ལས།

                            ཐབས་ལྡན་མྱ་ངན་འདས་པ་ཡི། །

                            ལུས་ལ་འདི་ཀུན་འབྱུང་བ་སྟེ། །

                            སོ་སོའི་རིགས་ཀྱི་གདུང་བྱུང་ན། །

                            ཆོས་ཉིད་བར་མ་དོ་ལ་ཡང་། །

                            རང་རང་རིགས་ཀྱི་སངས་རྒྱས་ཀྱི། །

                            སྐུ་ནི་མཐོང་བས་གྲོལ་བའོ། །ཞེས་དང་།

རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གདུང་ལ་ཡང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཁ་དོག་དཀར་པོ་རྡོ་རྗེ་སེམས་དཔའི། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི། །ཁ་དོག་དམར་པོ་སྣང་བ་མཐའ་ཡས་ཀྱི། །ཁ་དོག་ལྗང་གུ་ནི་དོན་ཡོད་གྲུབ་པས། །ཁ་དོག་སྣ་ཚོགས་པ་ནི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །ཞེས་སོགས་གསུངས་སོ། །

དེ་ལྟ་ན་རྡོ་རྗེ་འཆང་གི་ཞལ་གསུང་རྒྱུད་རྡོ་རྗེའི་ཚིག་རྣམས་མཇལ་ན་གནས་འདི་ལ་ཡིད་ཆེས་ཤིང་ངོ་མཚར་དད་པའི་གནས་སུ་བཀོད་པ་ཞིག་གོ། །

འདི་སྐོར་ལྷོ་སྐྱབས་ཆེ་དགོན་བླ་མ་བསོད་ནམས་འགྱུར་མེད་ནས། དཀར་པོ་དམར་པོ་སེར་པོ་ཅན་མང་པོ་དང་། མཁན་བསམ་གཏན་རྡོ་རྗེ་སོགས་ནས་ཁ་དོག་སྣེ་ལྔ་ཡོད་པར་མཇལ་བ་སོགས་རྗེས་སུ་ཐོས་ཀྱང་། གདུང་དང་རིང་བསྲེལ་གང་ཡིན་མ་ངེས་ལ། འོན་ཀྱང་ཕྱིས་སུ་དེ་ཙམ་མཇལ་དུ་མེད་པ་ནི་གནས་ཡུལ་གྱི་ལྷ་སྲུང་དག་གིས་སྤྱན་དྲངས་པར་གོར་མ་ཆག་སྙམ་མོ། །

གཞན་ཡང་སྐུ་གདུང་འབར་བ་ལས། དེ་བཞིན་སྐུ་ནི་མགོ་ལས་སོ། །

                            ཡང་ན་སྒལ་བའི་བརྩེགས་མཚམས་ནས། །ཞེས་འབྱུང་བ་ལྟར།

བླ་མ་རིན་པོ་ཆེར་ཁྲོ་སྐུ་ཡབ་ཡུམ་འཁྲིལ་སྦྱོར་ཅན་བྱོན་པ་ཡང་། སྒལ་ཚིགས་ལ་བརྟེན་ནས་བྱུང་ཞིང་།

སྐུ་གདུང་འབར་བ་ན།

                            གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །

                            འདི་ནི་ཆོས་ཉིད་བར་དོ་ལ། །

                            སྐད་གཅིག་ཉིད་ནི་ཆ་ལྔ་ལ། །

                             གྲོལ་བར་འགྱུར་བར་མཁའ་འགྲོ་མ། །ཞེས་དང་།

རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པར་ཐོབ་སྟེ། སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་བྱུང་ན་དེ་ཉིད་བརྟན་པ་ཐོབ་སྟེ་ཞག་ཉི་ཤུ་གཅིག་ནས་སྤྲུལ་བའི་སྐུ་འབྱིན་ནུས་སོ། །ཞེས་རྫོགས་ཆེན་གྱི་རྒྱུད་སྡེ་དག་ནས་འབྱུང་བའི་གྲོལ་རྟགས་རྣམས་དང་བསྟུན་ཏེ་ཞིབ་ཏུ་བརྟགས་ན་ཇི་བཞིན་བྱུང་བས། དུས་ཀྱི་ཁམས་འདིར་ངེས་གསང་སྙིང་པོའི་ཆོས་ཀྱི་ཆེ་རྟགས་བླ་ན་མེད་པར་བཞག་པའི་ངོ་མཚར་བའི་བཀོད་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བརྡལ་བ་ཞིག་གོ། གཞན་ཡང་ཁ་དོག་སྣ་ཚོགས་ཀྱི་འཇའ་དང་འོད་ཟེར་གྱི་དྲ་བས་ནམ་མཁའ་བར་སྣང་ཐམས་ཅད་གང་བ་སོགས་ངོ་མཚར་བའི་བལྟས་དུ་མས་དེར་འཁོོད་ཀྱི་སེར་སྐྱ་སྟོང་ཕྲག་མང་པོ་དད་པའི་གནས་སུ་བཀོད་པ་སྟེ། དེ་ཡང་མཐོང་སྣང་འདྲ་མིན་སྣ་ཚོགས་བྱུང་བ་ཞིག་སྟེ་འགའ་རེས་ནམ་མཁའ་མཐིང་མདོག་གི་གཏིང་ན་ཞིབ་པར་བལྟས་ཚེ་ཁ་དོག་ལྔ་ལྡན་གྱི་འཇའ་འོད་དུམ་དུམ་ཁྲིག་ཁྲིག་ཏུ་ཡོད་པ་མཐོང་བ་དང་། འགའ་ཞིག་གིས་ཤར་ནུབ་ཀྱི་ནམ་མཁའ་ཁ་དོག་ལྔ་ལྡན་གྱི་འཇའ་འོད་ཅུང་ཟད་འཁྱོག་པའི་རྣམ་པ་ཅན་དུ་སྣང་བ་སོགས་གཅིག་ཏུ་མ་ངེས་སོ། །

དེ་བཞིན་དུ་དབུ་བུམ་རིལ་ཞུགས་མ་བཞེས་པར་གདུང་ཁང་ལས་འཕར་བ་ཉིད། གདུང་སྒོ་བརྒྱབ་སྐབས་དར་གྱིས་དྲིལ་ཏེ་གདུང་ཁང་དུབཞག་པ་ན། ཙནྡན་གྱི་མེ་ཤིན་ཏུ་ཚ་བས་ཀྱང་། གོས་དར་སྲབ་མོ་དབུ་ལ་རེག་པའི་ཕྱོགས་ཐམས་ཅད་མ་ཚིག་པ་ལུས་འདུག་པ་ནི། བདག་ཅག་གི་སྟོན་པའི་སྐུ་གདུང་ཞུགས་ལ་འབུལ་སྐབས་རས་ཚིག་པ་དང་མ་ཚིག་པ་བྱུང་བ་ལྟར་རོ། །

དེ་ལྟར་ན་མཁན་ཐུབ་སྨོན་གསུང་ལས་སྐུ་འདའ་བ་ལ་ཉེ་བའི་ཉིན་གཅིག །སང་ཉིན་འགྲོ་དུས་བཤད་གྲྭའི་ནང་ལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་སྤྱན་དྲངས་དགོས་གསུང་པ་ན། འདུ་འཁོར་ན་ཡོད་པའི་བླ་མ་འགས་བཤད་གྲྭར་འཇོག་རྒྱུའི་གསེར་སྐུ་རེ་དང་། ཡིག་ཆ་རེ་ཡོད་པ་དེ་དག་ཡིན་ནམ་སྙམ་ནས། དེ་ཨེ་རེད་ཞུས་དུས་མ་རེད་གསུངས། ་ཡང་དུ་དྲིས་ཚེ། སྔར་ལྟར་ལས་ལྷག་པོ་གང་ཡང་གསལ་པོར་གསུང་བར་མི་མཛད་གཞན་དེ་མིན་པའི་དེ་ཡིན་ནམ་འདི་ཡིན་ནམ་ཞེས་ཆ་འཇོག་གི་ཞུ་བ་ཇི་ལྟར་ཕུལ་ཡང་། མ་རེེད་གསུངས་པ་ལས་ཐག་ཆོད་པོ་མ་བྱུང་ཡང་། ཁྲོ་སྐུ་བབས་པ་དེ་ཉིད་ཡིན་ནམ་སྙམ་པ་ཞིག་བྱུང་གསུངས། དེ་ལྟར་ན་སྐུ་རྟེན་དབུ་ཐོད་བུམ་རིལ་ཞུགས་མ་བཞེས་པ་བྱུང་བ་དང་། གསུང་རྟེན་གསུང་སྣང་བ་མཐའ་ཡས་ཀྱི་ངོ་བོར་སངས་རྒྱས་པའི་གདུང་ཆེན་བསེ་རི་རཾ་བཞག་པ། ཐུགས་རྟེན་དུ་སྒལ་ཚིགས་ལ་བརྒྱུད་ནས་ཐུགས་ཞུན་དུ་དྲིལ་ཏེ་ཁྲོ་སྐུ་ཡབ་ཡུམ་འཁྲིལ་སྦྱོར་ཅན་ཏུ་བྱུང་བ་ཉིད་དུ་བཞུགས་པ་གདན་ས་རིན་པོ་ཆེར་གདན་དགོས་པའི་བརྡ་ཚིག་རྡོ་རྗེའི་གསུང་དབྱངས་བསྩལ་བ་ཉིད་དུ་ངེས་སོ། །

ལར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཡང་། འོད་གསལ་གྱི་གཞི་ལ་སྙོམས་པར་འཇུག་པར་བཞེད་ནས་འདའ་ཁར་གནས་གཞན་དུ་སྐྱེ་བ་ལས་གནས་འདིར་འཆིི་ན་དགའ་ཞེས་གསུངས་ཏེ་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་གཤེགས་པའི་རྣམ་པར་ཐར་བ་བཞིན། ཆོས་རྗེ་བཀའ་དྲིན་ཅན་འདི་ཉིད་ཀྱང་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡན་པ་ནས་དཔལ་གྱི་བསམ་ཡས་སུ་ཆེད་དུ་བསྐྱོད་པ་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་བར་གྱི་མཛད་པ་ངོ་མཚར་བའི་བཀོད་པས་སྐྱེ་འགྲོ་ཀུན་དད་པའི་ལམ་དུ་བཀོད་དོ། །

དེ་ལྟར་ན་ལྗོངས་འདིར་གདུལ་བྱའི་མགོན་དུ་ཕེབས་པ་ན། སྐུ་བྱིས་པའི་དུས་ནས་ལྷན་སྐྱེས་སུ་དམ་པའི་ཡོན་ཏན་གྱི་དྲི་བསུང་ལྡན་པ་དང་། ཁྱད་པར་དགུང་གྲངས་བཅུ་གཅིག་པ་ནས་རབ་ཏུ་བྱུང་བའི་བསླབ་པ་ཐུགས་ཉམས་སུ་བཞེས་ཏེ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་མཁན་ཆེན་བོ་དྷི་ས་ཏྭའི་རྨད་དུ་བྱུང་བའི་སྤྱོད་པ་ཇི་ལྟ་བ་བཞིན་དུ་མངའ་བས་མཁན་ཆེན་ཞི་བ་མཚོའི་རྣམ་པར་འཕྲུལ་པ་ཉིད་དུ་གྲགས་པ་དོན་དང་ལྡན་ཞིང་། ནང་དུ་བྱང་ཆུབ་སེམས་དཔའི་བསླབ་པས་རྒྱུད་བསྡམས་པས། སྟོང་ཉིད་སྙིང་རྗེས་ཐུགས་རྒྱུད་ཡོངས་སུ་ཕྱུག་ཅིང་ཐེག་པ་ཆེན་པོའི་སྡེ་སྣོད་དག་གི་དགོངས་དོན་ལ་མཁས་པ། དེ་ཡང་ཚིག་ཙམ་ཞིག་མ་ཡིན་པར་རྒྱུ་འབྲས་སྤང་བླང་གི་གནས་ལ་ཕྱག་ལེན་ཞིབ་ཅིང་ཕྲ་བས། བཀའ་གདམས་གོང་མ་དག་གིས་དོག་སར་དོག་དགོས་པར་གསུངས་པ་ལྟར་དང་། དེ་བཞིན་དུ་ཡངས་སར་ཡངས་དགོས་ཞེས་པ་ལྟར་མདོ་སྡེ་ཟབ་མོ་དག་གི་ངེས་དོན་བླ་ན་མེད་པའི་དགོངས་དོན་ལྟར་དོན་དམ་མཁའ་ལྟར་དག་པའི་གནས་ལུགས་ཐུགས་སུ་ཆུད་པས་ནང་གི་གསང་བདག་ཞི་བ་འཚོའི་དེ་ཉིད་མངོན་དུ་གྱུར་པ་དང་། དེ་བཞིན་དུ་གསང་སྔགས་ནང་རྒྱུད་བླ་ན་མེད་པའི་དགོངས་དོན་རིམ་པ་གཉིས་ཀྱི་གནས་ལ་མཁྱེན་སྤྱན་མཁའ་ལྟར་ཡངས་པས་གསང་སྔགས་བཀའ་ཡི་སྡུད་་པོའི་ངོ་བོར་བཞུགས་པའི་གཤིས་ལུགས་མ་སྦས་པར་སྟོན་པ་དང་། ཁྱད་པར་དུ་ཐེག་རྩེ་རྡོ་རྗེ་སྙིང་པོའི་དགོངས་དོན་མཐར་ཐུག་པ་མངོན་དུ་གཟིགས་པའི་རྟགས་ཚད་མཐའ་དག་མངོན་པ་སྟེ། དེ་ལྟར་ན་སྐུ་ཚེ་གང་པོའི་ངོ་མཚར་མཛད་པའི་རྣམ་ཐར་ནི།

ཇི་སྐད་དུ། དཔལ་གསང་བ་འདུས་པ་ལས།

                            ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །

                            ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་།

ཨོ་རྒྱན་ཆེན་པོས་ཀྱང་།

                            ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །

                            རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །

                            ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །

                            བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །

                            གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །

                            ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །

ཅེས་གསུངས་པས་བསྟན་པ་ལ་ཞུགས་པའི་གང་ཟག་སྤྱི་དང་། ཁྱད་པར་གསང་སྔགས་རྙིང་མ་པ་དག་གིས་ནི་གུ་རུ་པདྨས་རང་རེ་རྗེས་འཇུག་དག་གིས་ལྟ་སྒོམ་སྤྱོད་པའི་རིམ་པ་ཇི་ལྟར་བགྱི་བ་རྗེས་སུ་གདམས་པ་ལྟར་དུ་རྗེ་འདི་ཉིད་ཀྱིས་ཇི་བཞིན་ཕྱག་ལེན་དུ་བསྟར་བ་ཉིད་མིག་ལྟོས་བླ་ན་མེད་པར་གྱུར་པས་ན་སྒྲོ་སྐུར་མེད་པར་ཅུང་ཟད་བརྗོད་པའོ། །

 

                            ཤིན་ཏུ་ཉམ་ཐག་ལྔ་ཕྲག་སྙིགས་མའི་འགྲོར། །

                            བཟོད་མེད་ཐུགས་ཆེན་བརྩེ་བའི་ཉིན་མོར་བྱེད། །

                            བསྟན་འགྲོའི་རྒུད་པའི་སྨག་རུམ་འཐིབ་པ་ན། །

                            འཕྲིན་ལས་འོད་ཞགས་ཡོལ་མེད་དུས་སུ་བརྐྱངས། །

 

                            སྙན་པར་གྲགས་པའི་པཎ་ཆེན་གྲུབ་པའི་བཤེས། །

                            བཙུན་དང་མཁས་ཤིང་བཟ་ང་པོའི་རྣམ་ཐར་དང་། །

                            ཡང་གསང་སྙིང་པོའི་གསང་བའི་ལམ་མཆོག་ནས། །

                            དོན་རྒྱུད་རྟོགས་པའི་ཆེ་རྟགས་ངོམ་པ་འདིས། །

 

                            དུས་ཀྱི་རྩུབ་འགྱུར་དྲག་ཏུ་འཁྲུགས་པའི་ཀློང་། །

                            གསན་བསམ་སྒོམ་པའི་གོ་སྐབས་ཆེས་ཕྲ་ཡང་། །

                            བཅུ་ཕྲག་རིག་གཞུང་མཁྱེན་པའི་རྣམ་དཔྱོད་དང་། །

                            དགོངས་པའི་རྩལ་ཆེན་རྫོགས་འདི་གང་ལས་གྱུར། །

 

                            དེ་ཕྱིར་མགོན་ཁྱོད་གསང་འཛིན་ཞི་བ་འཚོ། །

                            སྨྲ་དབང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས།

                            འཕགས་ཆེན་སྤྲུལ་པའི་སྐྱེས་རབས་ནོར་བུའི་ཕྲེང་། །

                            བརྒྱུད་མར་བསྟར་བའི་གནས་ལ་བདག་ཡིད་ཆེས། །

 

                            ཨེ་མ་འཇིག་རྟེན་མིག་གཅིག་སྙིགས་མའི་མགོན། །

                            ཐ་མའི་མཛད་པ་སྟོན་ལ་ཕྱོགས་པ་ན། །

                            ཤར་ཕྱོགས་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས། །

                            དཔལ་གྱི་བསམ་ཡས་ལྗོངས་སུ་མངོན་པར་བསྐྱོད། །

 

                            དེ་ཚེ་མགོན་ཁྱོད་གདོད་མའི་གཞི་དབྱིངས་སུ། །

                            ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་པས། །

                            དྭངས་པའི་མཁའ་ནས་སྙན་འཇམ་སྒྲ་དབྱངས་དང་། །

                            སྐུ་དང་གདུང་དང་འོད་ཀྱི་བཀོད་པས་མཛེས། །

 

དེ་རྗེས་གདན་ས་རིན་པོ་ནས་གདུང་མཆོད་ཀྱི་རིམ་པ་ཇི་ལྟར་བགྱིས་པའི་ཚུལ་རྣམ་ཐར་དད་པའི་གསོས་སྨན་དུ་གསལ་བས་འདིར་མ་བཀོད་དོ། །

དེ་ཡན་ཀྱིས་ལྔ་བདོའི་འགྲོ་བ་ཡོངས་ཀྱི་འདྲེན་མཆོག་མཚུངས་པ་མེད་པ་རྗེ་བཙུན་བླ་མ་རིན་པོ་ཆེའི་རྣམ་པར་ཐར་པ་རགས་ཙམ་བརྗོད་ནས་ད་ནི་དེ་དག་གི་བརྗོད་བྱའི་སྙིང་པོ་བསྡུས་ཏེ་བསྟན་པར་འདོད་དོ། །

དེ་ཡང་ཐོག་མར་གངས་རིའི་ལྗོངས་འདིའི་མུན་སེལ་ཆོས་ཀྱི་ཉི་མ་མཁན་ཆེན་ཞི་བ་འཚོ་དང་། བར་དུ་བསྟན་པ་སྤྱི་དང་ཁྱད་པར་གསང་ཆེན་རྙིང་མའི་རྒྱུད་དང་མན་ངག་གི་སྨིན་གྲོལ་བཤད་བཀའ་དང་བཅས་པ། སོར་བྱང་སྔགས་གསུམ་གྱི་སྡོམ་པའི་རྒྱུན་དང་གཞུང་བཤད་རྣམས་ཉམས་པ་སླར་གསོས་ཏེ། མདོ་དབུས་ཁམས་གསུམ་དུ་ཁྱབ་པར་སྤེལ་བའི་སྐུ་དྲིན་གཞལ་མཐའ་དང་བྲལ་བ་ལོ་ཆེན་ཆོས་དཔལ་རྒྱ་མཚོ་དེ་ཉིད་དང་། ཐ་མ་དུས་ཀྱི་མར་གཤམ་འདི་ན་ཐུབ་བསྟན་རིན་པོ་ཆེ་ཤིན་ཏུ་ཉག་ཕྲ་བ་མིང་གི་ལྷག་མ་ཙམ་དུ་གྱུར་པ་ན་འཆི་ཁའི་མི་ལ་སྲོག་གི་ཟུངས་སྟེར་བ་བཞིན། ལྗོངས་འདིའི་སྟོད་སྨད་བར་གྱི་གདན་ས་ཆེན་པོ་རྣམས་དང་། རྒྱ་བལ་སོགས་འཛམ་གླིང་ཤར་ནུབ་ལྷོ་གསུམ་གྱི་རྒྱལ་ཁབ་ཕལ་ཆེར་ཞབས་ཀྱིས་བཅགས་ནས་མདོ་སྔགས་རིག་གནས་དང་བཅས་པ་འཆད་སྤེལ་བགྱིས་ཏེ་རྒྱལ་བསྟན་མཁའ་ཁྱབ་ཏུ་སྤེལ་ཞིང་། བསྟན་རྒྱུན་སྐྱོང་བའི་མཁས་བཙུན་གྱི་སྐྱེས་བཟང་བགྲང་ལས་འདས་པར་བསྐྲུན་པ་སྟེ། དེ་ལྟར་སྐྱེས་རབས་རིན་པོ་ཆེའི་ཕྲེང་བ་རྣམས་ལ་ལེགས་པར་བསམ་ན། རྗེ་གང་གི་ཆེ་བ་དང་དག་སྐུ་དྲིན་གཞལ་དུ་མེད་ཅིང་ནམ་ཡང་བརྗེད་དུ་མེད་པ་ཞིག་གོ། ཁྱད་པར་དུས་མཐའི་བསྟན་པའི་ཉམས་རྒུད་གསོ་བ་ལ་དུག་དང་འདྲེས་པའི་ཟས་ལྟར་མ་ཡིན་པར། སྐལ་བཟང་ལྷ་ཡི་བདུད་རྩི་ལྟ་བུ་ཞིག་ཏུ་གྱུར་པ་སྟེ། དེ་ཡང་མཁས་པའི་མཛད་པ་ལ་མཚོན་ན། འཕགས་བོད་མཁས་གྲུབ་གོང་མ་དག་གི་དགོངས་པའི་ཆུ་བོའི་རྒྱུན་ཕྱོགས། ཀུན་ཁྱབ་གྱི་ཚད་མ་གསུམ་གྱི་འགལ་མེད་གནད་གསང་གཅིག་པའི་ཡུ་བར་དྲངས་ནས། རྒྱལ་བ་ཤཱཀྱ་སེང་གེའི་མདོ་རྒྱུད་རྒྱ་མཚོའི་དགོངས་པའི་འཇིངས་སུ་སྐྱེལ་བ་ལས། ལྟ་བའི་སྙིགས་མའི་དུས་འདིར་འདུ་ཤེས་ལོག་པར་འཁྲུགས་པའི་རྒྱུ། འགལ་བ་ལྟག་པ་སྤྲད་པའི་དགག་བཞག་གི་སྤྲོས་པ་མ་བསྐྱངས་པར་གཅིག་ཏུ་རྣམ་པར་དཀར་བའི་མཁས་པའི་རྣམ་ཐར་དང་། བཙུན་པའི་ཚུགས་ཀྱང་སྡོམ་གསུམ་ཕྱོགས་རེ་ནས་མ་ཡིན་པར་སོར་བྱང་སྔགས་ཀྱི་བསླབ་པའི་གནས་གང་ཞིག་སྟོན་པའི་གཞུང་གདམས་ངག་མན་ངག་ཅི་ལ་བསམ་ཀྱང་སྐུ་གསུང་ཐུགས་ལ་མི་མཛའ་བ་འཚོལ་དུ་མེད་པས་དུས་མཐའི་དམུ་རྒོད་ཀྱི་འགྲོ་བ་སུས་ཀྱང་ལོག་ལྟའི་གཞིར་མ་སོང་བ། ཐུབ་པ་བཅོམ་ལྡན་འདས་དང་མཚུངས་པར་སྙིགས་དུསཀྱི་རྒྱལ་བསྟན་ཉམས་ཤིང་རྒུད་པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་བསླབ་གསུམ་ནོར་བུའི་རྒྱན་གྱིས་སྤྲས་པའི་རང་བཞིན་རྒྱལ་བསྟན་རིན་པོ་ཆེའི་མིག་ལྟོས་བླ་ན་མེད་པ་ནི་བཙུན་ཚུལ་རྨད་དུ་བྱུང་བ་དང་། གྲུབ་པའི་ཚུལ་ཡང་ཆེན་པོ་གསུམ་གྱི་ལྟ་དགོངས་མཐར་ཕྱིན་པས། རང་སྣང་དབང་དུ་འདུས་ཤིང་གཞན་སྣང་ཟིལ་གྱིས་མནན་ཏེ། ཀུན་བཟང་ཆོས་སྐུའི་དགོངས་པ་མངོན་དུ་བྱས་པས་གྲུབ་པའི་རྒྱལ་སར་རྩོད་མེད་དུ་གཤེགས་པའི་དན་རྟགས་སུ། ངེས་གསང་རྒྱུད་རྒྱལ་དག་ལས་བྱུང་བའི་གྲོལ་རྟགས་ཁྱད་པར་ཅན་རྣམས་ཐ་མའི་མཛད་པ་སྟོན་པའི་སྐབས་རྣམས་སུ་རྨད་དུ་བྱུང་བའི་བཀོད་པ་མཐུན་སྣང་དུ་སྟོན་པ་འདི་ནི་ཕལ་གྱི་གང་ཟག་ལ་མི་འབྱུང་བའི་གྲུབ་པའི་རྟགས་མཚན་ཁྱད་པར་དུ་འཕགས་པའོ། །

དེ་བཞིན་དུ་བཟང་པོའི་ཕྲིན་ལས་ཡང་བསྟན་པ་དང་འགྲོ་བའི་ཕན་བདེ་སྤེལ་བའི་ཚུལ་ལ་བསམས་ན་ངེས་དོན་གྱི་སེམས་དཔའ་ཆེན་པོ་འདི་ཉིད་དགུངས་གྲངས་བདུན་ཅུ་རྩ་གཉིས་བར་དུ་འཚོ་གཞེས་གནང་སྟེ། འཕགས་པའི་ཡུལ་དང་གངས་ཅན་གྱི་ལྗོངས་ལ་སོགས་པ་ལྷོ་གླིང་འཛིན་མའི་ཁྱོན་ཀུན་ཏུ་རྣམ་པར་དཀར་བའི་མཛད་ཕྲིན་གྱིས་ཁྱབ་པར་བརྡལ་བ་དང་། གཞན་ཡང་ཕྲིན་ལས་ཀྱི་གཙོ་བོ་ཀུན་མཁྱེན་དབྱིག་གི་གཉེན་གྱིས་སྙིང་པོའི་བསྟན་པ་ངོས་བཟུང་བ། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་དགུང་གྲངས་བཅུ་གཅིག་པ་ནས་སྐུ་རབ་ཏུ་བྱུང་སྟེ་ཐུབ་པ་དྲང་སྲོང་ཆེན་པོའི་གསེར་གྱི་རྒྱལ་མཚན་བསྒྲེངས་ཤིང་གསན་བསམ་སྒོམ་པ། འཆད་རྩོད་རྩོམ་པ། བཤད་སྒྲུབ་ལས་ཀྱི་མཛད་པ་རྣམས་ཐོད་ཀྱིས་མ་བརྒལ་བར་རྒྱལ་སྲས་སེམས་དཔའི་དོན་མཐུན་གྱི་མཛད་པས་དུས་ཀྱི་མཐའ་མ་འདི་ན་སུས་ཀྱང་འགྲན་པར་དཀའ་བ་ཉིད་ཀྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་རྨད་དུ་བྱུང་བ་དང་། ཁྱད་པར་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་མིང་གི་ལྷག་མ་ཙམ་དུ་གྱུར་བའི་བསྐལ་ངན་གྱི་ཁུགས་སོ་ན་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་པས་བསྟན་པ་གཞིར་བཞེངས་སུ་བསླངས་བའི་རླབས་ཆེན་གྱི་མཛད་རྗེས་འཇོག་པ་འདི་ཉིད་ནི་ཆེས་ངོ་མཚར་བའི་བཟང་པོའི་ཕྲིན་ལས་འགྲན་པར་དཀའ་བ་ཉིད་དུ་གྲུབ་བོ། །

ལྷག་པར་དུ་མན་ངག་གསང་བ་སྙིང་ཐིག་གི་བསྟན་པ་འདི་ཉིད་འཕགས་བོད་ཀུན་ཏུ་ལས་ཅན་སྐྱེས་བུ་བགྲང་ལས་འདས་པར་སྨིན་གྲོལ་ཟབ་མོའི་གྲུ་ཆར་གྱིས་བརྒྱུད་འཛིན་མུ་ཏིག་དཀར་པོའི་འཁྲི་ཤིང་གི་ཕྲེང་ཚར་ཕྱོགས་མེད་དུ་སྤེལ་ཏེ། །

མཛད་པ་ཐ་མའི་ངོ་མཚར་གྱི་བཀོད་པ་བོད་ཡུལ་སྒྲུབ་རིའི་རྒྱལ་པོ་མཆིམས་ཕུ་དཔལ་གྱི་དབེན་ཁྲོད་ནས་ཁྱད་དུ་འཕགས་པའི་གྲོལ་བའི་འབྲས་རྟགས་ཀྱིས་སྐྱེ་རྒུ་ཡོངས་ལ་ཆོས་དང་གང་ཟག་ལ་མི་ཕྱེད་པའི་དད་སྤྲོ་ཆེར་སྦར་བ་འདི་ནི་དུས་ཀྱི་ཁམས་འདིར་ཀུན་བཟང་ཐུགས་ཀྱི་བསྟན་པ་གཞི་ནས་སློང་བའི་ཕྲིན་ལས་ཀྱི་ཁྱད་ཆོས་སུ་གྲུབ་པའོ། །

དེ་ཉིད་སླར་ཡང་མདོར་བསྡུས་ཏེ་བཅུད་དུ་དྲིལ་ན་སྐྱེས་རབས་རིན་པོ་ཆེའི་ཕྲེང་བར་སེམས་དཔའ་གཞན་ལས་ཁྱད་དུ་འཔགས་པ་མུན་གླིང་དཀར་པོར་བསྒྱུར་ཅིང་རྒྱལ་བསྟན་ཉམས་རྒུད་ཀྱི་སྲོག་རྩ་འཐུད་པ། མཁས་བཙུན་བཟང་གྲུབ་ཀྱི་བཀོད་པ་བསྟན་འགྲོ་ཁོ་ནའི་ཉེར་འཚོའི་གསོས་སུ་སྨིན་པ། ཁྱད་པར་ལུང་རྟོགས་ཀྱི་བསྟན་པ་དང་བསྟན་སྐྱོང་མང་ཐོས་བསླབ་ལྡན་གྱིས་ཡངས་པའི་ཁྱོན་ཀུན་ཏུ་ཁྱབ་པར་བསྐྲུན་པའི་མཛད་པས་སྐུ་ཚེ་ཧྲིལ་པོར་རྫོགས་པར་མཛད་ནས། ཕྱི་གསལ་གཟུགས་སྐུའི་ཆོ་རོལ་ནང་དབྱིངས་བུམ་སྐུར་བསྡུས་པའི་ཆེ་རྟགས་རྨད་དུ་བྱུང་བས་ས་ཆེན་པོའི་ཁྱོན་ཀུན་ཏུ་ཁྱབ་པར་སྟོན་པ་ཉིད་དུ་འདུས་པར་སེམས་སོ། །

 

                            སྐྱེས་རབས་གསེར་གྱི་ཉིན་བྱེད་འོད་སྟོང་ཅན། །

                            ག་བུར་ཟིལ་དཀར་འཛིན་པའི་ཉ་རྒྱས་ཟླ། །

                            བདུད་རྩིའི་བཅུད་ཀྱིས་གཏམས་པའི་བུམ་བཟང་གིས། །

                            རྒུད་མུན་སེལ་ཞིང་བསྟན་སྲོག་རྒྱུན་ཐག་བསྲིངས། །

 

                            བཙུན་དང་མཁས་གྲུབ་བཟང་པོའི་མཛད་པ་ཡི། །

                            ངོ་མཚར་བཀོད་པའི་ཕུན་ཚོགས་བདུད་རྩིའི་ཆབ། །

                            ལུང་དང་རྟོགས་པའི་འབྲས་ལྡན་སྙེ་མ་ལས། །

                            བཅུད་བྲལ་རྔམ་ཆེན་ས་རྫི་ཀ་ལ་མིན། །

 

                            འདི་ན་དོན་ཀུན་གྲུབ་པའི་མཚན་འབར་བས། །

                            སེར་སྐྱའི་རྒྱལ་པོའི་སྲིད་འབྱོར་རིང་དུ་དོར། །

                            རྩོད་ལྡན་སྐྱེ་འགྲོ་སྐྱོབ་པའི་ཕྱག་རྗེས་ཉིད། །

                            དུས་ཀྱི་ཁམས་སུ་བསླངས་འདི་སུ་ཡིས་འགྲན། །

 

༈ ད་ནི་རྗེ་བླ་མའི་སྐུ་གསུང་ཐུགས་ཀྱི་བཀོད་པ་བླ་ན་མེད་པ་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་ཡོན་ཏན་རྒྱ་མཚོའི་འཇིངས་ལྟ་བུ་ལས་རང་བློར་འཚམས་པའི་ཕྱིའི་མཛད་རྣམ་ངོ་མཚར་དད་པའི་རོལ་མཚོ་འདི་ཉིད་རང་དང་གཞན་གྱི་མོས་གུས་དད་པའི་གསོས་སུ་བཀོད་པ་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་ཏེ་མཇུག་བསྡུ་བ་ལ་ཕྱོགས་པར་བྱའོ། །

དེ་ཡང་རྗེ་བཙུན་མཆོག་གི་རྗེས་སུ་འཇུག་པའི་སྐལ་བཟང་གུས་སློབ་དག་གིས་དཔལ་ལྡན་བླ་མ་མཆོག་ལ་བྱས་ཤིང་དྲིན་བཟོ། རང་བཞིན་བསོད་ནམས་དང་། དད་པའི་རྒྱུ་ལ་དམིགས་ནས་རྣམ་ཐར་། རྗེས་དྲན། བསྟོད་ཚིག་ལ་སོགས་ཅི་དང་ཅི་བརྩམ་པར་འདོད་པ་དག་ལ་རང་གི་བསམ་འཆར་ཞུ་རྒྱུར། སྤྱིར་མཁན་ཆེན་བླ་མའི་ནང་དང་གསང་བའི་རྣམ་ཐར་འབྲི་བ་ནི་རྗེ་ཉིད་དམ། ཡང་ན་ཁོང་དང་ལྟ་དགོངས་མཉམ་པ་ལས་གཞན་གྱིས་སྤྱོད་ཡུལ་མིན་པ་ཞིག་ན། ཐུན་མིན་ནང་གསང་གི་ཚུལ་ཉིད་ཀྱི་ཞལ་ནས་འབྱུང་བ་ཞིག་ནི་མེད་དེ། །

རྒྱུན་པར་ཁོང་ཉིད་ཀྱི་སློབ་བུ་རེ་ན་བ་སོགས་གལ་འགག་གི་དུས་སུ་ཕྱག་མོ་རེ་གཟིགས་པ་ན་ཡང་། འཇམ་མགོན་མི་ཕམ་པའི་ཨ་ར་པ་ཙའི་མོ་ཡིག་འཇམ་དཔལ་དགྱེས་པའི་ཞལ་ལུང་ལ་བརྟེན་ནས། པྱག་ཕྲེང་རེ་བཅད་དེ་རྟགས་བབ་ཀྱི་ཐད་དེ་གའི་ཚིག་རྣམས་གསུང་བ་ལས། ཁ་གསལ་གྱི་དཔྱད་པ་ཙམ་ཡང་མཛད་མི་དར་ན། ཞལ་གཟིགས་ལུང་བསྟན་མངོན་ཤེས་གྲུབ་རྟགས་སོགས་མི་གསུང་ཞིང་མི་སྟོན་པ་ཀུན་གྱི་ཤེས་གསལ་ལྟར་ལ། སྤྱིར་ཡང་འཕགས་ཆེན་དམ་པ་རྣམས་ལ་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་ཆེ་བའི་ཡོན་ཏན་ཁྱད་པར་པ་ཉིད་དུ་བསྔགས་འོང་སུ་མི་ཆེ་ཞེས་སྔོན་གྱི་དམ་པ་དག་གིས་ཡང་ཡང་གསུངས་པས་རྗེ་འདི་ལ་ཡང་དེ་འདྲ་བརྗོད་རྒྱུ་མ་ལོན་པས་ཕོངས་སེམས་མི་དགོས་ལ། གལ་ཏེ་དེ་འདྲའི་རིགས་གཞན་གྱིས་བཤད་གླེང་ཡོད་ཀྱང་དེ་རིགས་རྣམས་ནི་སྒྲོ་བཏགས་པ་ཡིན་པས་ཁས་བླང་བར་མི་བྱ་ཞིང་འབྲི་བར་མི་བྱའོ། །

དེ་བས་དམ་པ་འདི་ཉིད་ཀྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་མཛད་པ་ཇི་ལྟར་བསྐྱངས་པའི་ཚུལ་བདེན་ངག་གཙང་མ་འཚོལ་བ་དང་། རང་ཉིད་ཀྱིས་དངོས་སུ་མཇལ་བའི་མཁས་བཙུན་བཟང་པོའི་རྣམ་ཐར་སྒྲོ་མི་འདོགས་པར་བརྗོད་པ་ལ་ནི། བདག་ཀྱང་དགའ་བས་རྗེས་སུ་ཡི་རང་ཞིང་། དེ་ལྟར་མཛད་པ་ལ་ཡང་ཅི་ནས་འབད་པར་མཛད་རོགས་ཞུ་ཞེས་སྙིང་ཁོང་གི་རེ་བ་ལགས། དེས་ན་རྨོངས་པ་བདག་གིས་ཀྱང་རྣམ་ཐར་འདི་ཉིད་དུ་གཞན་གྱིས་ངག་སྒྲོས་རང་གི་མཐོང་ཐོས་གང་ལ་ཡང་བཀྱགས་ཕབ་དང་། སྒྲོ་སྐུར་མེད་པ་ལ་ལྷུར་ལེན་ཁུལ་བགྱིས་སོ། །

འོན་ཀྱང་བརྗོད་འོས་མ་བརྗོད་པ་དང་། བརྗོད་པ་མ་ཚང་བ། ཆེ་བའི་ཡོན་ཏན་འབུར་དུ་མ་ཐོན་པ་དུ་མ་མཆིས་པ་སྨོས་མ་དགོས་པས་དཔལ་ལྡན་བླ་མ་མཆོག་དང་། ཆོས་སྤྱན་ལྡན་པའི་དམ་པའི་མཆེད་གྲོགས་ཡོངས་དང་། མཁྱེན་ལྡན་རྣམས་ལ་སྙིང་ཐག་པ་ནས་མཐོལ་བཤགས་བགྱིད་པ་ལགས་ན་དག་ཚངས་མཆོགས་གི་དངོས་གྲུབ་བསྩལ་དུ་གསོལ་ཞེས་ཞུ་ཞིང་གསོལ་བ་འདེབས་པ་ལགས་སོ། །

 

                            ཤ་དང་རུས་པའི་ལྷུན་པོ་བརྩེགས་ཤིང་རྣག་ཁྲག་མཆི་མའི་རྒྱ་མཚོ་འཁྲིགས། །

                            སྡུག་བསྔལ་གསུམ་གྱི་ཁུར་གྱིས་དུད་བཞིན་གནས་རིས་དྲུག་གི་གྲོང་ཁྱེར་ཉུལ། །

                            བགྲང་ཡས་སྐྱེ་བའི་ཕྲེང་ཐག་རིང་མོའི་ད་རེས་སྐྱེ་ལུས་ཕྲ་མོ་འདིར། །

                            འཕགས་ཆེན་དམ་པའི་ཞལ་རས་མཇལ་འདི་ཨེ་མ་བདག་ནི་སྐལ་བ་བཟང་། །

 

                            འོན་ཀྱང་གོམས་པའི་ལས་ཉོན་ཆུ་བོ་ཤུགས་ཀྱིས་བཞུར་བའི་རྦ་ཀློང་ཆེ། །

                            ཉམ་ཆུང་གཉེན་པོའི་དྲན་ཤེས་རྒྱུན་འདིས་གཅོད་པར་མ་ནུས་རླབས་ཀྱིས་ཁྱེར། །

                            མཐའ་མེད་གཏིང་རིང་སྲིད་མཚོར་ལྷུང་བའི་བདག་དང་བདག་འདྲའི་དམན་པའི་འགྲོ།

                            བརྩེ་ཆེན་ཐུགས་རྗེའི་དེད་དཔོན་མཆོག་གིས་མཛད་ཕྲིན་གཟིངས་ཀྱིས་ཕ་མཐར་སྒྲོལ། །

 

                            ངན་རྟོག་སྙིགས་མའི་རྡུལ་ཕུང་ཁྲོད་ནས་བཤེས་གཉེན་དམ་པའི་ཡོན་ཏན་དཔལ། །

                            མ་བཅོས་དྲང་པོའི་གཏམ་བཟང་ནོར་བུ་བློ་དམན་དམུས་ལོང་བདག་གིས་རྙེད། །

                            ཟང་ཟིང་བློ་ཡི་མི་གཙང་དྲི་མ་ངེས་འབྱུང་བཅོས་མའི་ཆབ་ཀྱིས་བཀྲུས། །

                            ལྷག་བསམ་གནས་ལ་གཅིག་ཏུ་བསྒྲིམས་ནས་རྣམ་ཐར་དད་པའི་རོལ་མཚོ་བྱས། །

 

                            ལེགས་བྱས་དགེ་བ་རྫོགས་ལྡན་ཆར་སྤྲིན་ཡོངས་བསྔོ་ལྷོ་ཀླུང་དལ་བས་ཕུལ། །

                            མ་ལུས་འགྲོ་བའི་ཕན་དང་བདེ་བའི་གཡུར་དུ་ཟ་བའི་མྱུ་གུའི་ཚལ། །

                            མི་ཤིག་རྒུད་པའི་སད་སེར་ལས་རྒྱལ་དོན་གཉིས་དཔལ་གྱིས་མངོན་འཚོ་བར། །

                            གཅིག་ཏུ་སྨོན་ལ་རྩ་གསུམ་ལྷ་ཡི་བདེན་གསུང་སྤྲིན་གྱི་རོལ་མོ་ཁྲོལ། །

 

                            འདྲེན་པ་མཉམ་མེད་ཟས་གཙང་སྲས་པོའི་རྟེན་འབྱུང་ལྟ་བའི་ནམ་མཁའི་ཁྱོན། །

                            འཚེ་མེད་སྤྱོད་པའི་ག་བུར་ཐིགས་ཕྲེང་འགྲོ་བསོད་ཀུན་དའི་ཚལ་སྐྱོང་བ། །

                            རིན་ཆེན་གསུམ་གྱི་འོད་སྣང་དཔལ་འཆང་ཐུབ་བསྟན་ཟླ་བ་གཞོན་ནུའི་དཔྱིད། །

                            བཤད་དང་སྒྲུབ་པའི་ཡར་ཚེས་དང་འགྲོགས་ལུང་རྟོགས་ཆ་ཤས་གང་བར་སྨོན། །

 

                            ཁྱད་པར་ཆེར་སྙིགས་དུས་ཀྱི་མཐར་འདིར་བསྟན་འགྲོའི་རྒུད་པའི་སྨག་རུམ་ཆེ། །

                            མཛད་ཕྲིན་གཟི་ཡིས་ལྷག་མེད་གཞོམ་མཛད་རྗེ་བཙུན་མཆོག་གི་ཐུགས་བསྐྱེད་ལས། །

                            སྲིད་པའི་ཚ་གདུང་མངོན་པར་བཅོམ་ཞིང་ངེས་ལེགས་གྲིབ་བསིལ་སྟེར་མཛད་པ། །

                            ངེས་དོན་ཆོས་གླིང་ལྷ་རྫས་གདུགས་དཀར་སྐྱེ་དགུའི་བླ་ན་རྟག་བརྟན་ཤོག །

 

                            དུས་བཞིའི་དཔྱིད་དཔལ་དར་བའི་ཀུན་དགའི་དཔལ། །

                            དགའ་བས་རྩེ་པའི་མགྲིན་སྙན་མང་མཆིས་ཀྱང་། །

                            ཕུན་ཚོགས་དབྱར་སྟོན་བྲལ་བའི་ཁ་བའི་དུས། །

                            གཞོམ་མཛད་བརྗིད་ལྡན་གཡུ་འབྲུག་ཉིད་ལས་སུ། །

 

                            ལྗོངས་འདིའི་བསྟན་འགྲོའི་དཔལ་ཡོན་རྒུད་པ་ན། །

                            རླབས་ཆེན་ཐུགས་བསྐྱེད་སྨོན་པའི་སྐྱེས་རབས་ཕྲེང་། །

                            དུས་སུ་ཡོལ་མེད་བསྟར་བའི་མཛད་བཟང་དཔྱིད། །

                            སེམས་དཔའ་ཕལ་ལ་དབེན་འདི་སླར་ཡང་དྲན། །

 

                            མ་འོངས་འདྲེན་པ་དུང་ཟླའི་ལང་ཚོའི་གཟི། །

                            ཚེས་པ་སྲིད་དུ་བཤད་སྒྲུབ་པདྨའི་ཚལ། །

                            ཆོས་ཀྱི་རྒྱལ་པོ་ལེགས་བཤད་སྣང་བའི་གཏེར། །

                            ཐུགས་རྗེའི་ཟེར་ཐག་མ་ཉམས་ཉམ་ཐག་མགོན། །

 

                            ལུང་རྟོགས་རིན་ཆེན་གྱིས་ཕོངས་ཤིང་། །

                            ཕན་བདེའི་འབྱོར་བས་རབ་དབེན་པའི། །

                            མཐའ་འཁོབ་པྲེ་ཏའི་ལྗོངས་འདི་ཡི། །

                            དགོས་འབྱུང་ནོར་བུ་རིན་པོ་ཆེ། །

 

                            ཁྱད་པར་ཆོས་འདུལ་བདུད་རྩིའི་མཚོ། །

                            ཁྲིམས་ལྡན་གསེར་གྱི་ངང་མོའི་ཚོགས། །

                            བསིལ་ལྗོངས་ཆོས་སྲིད་མཛེས་པའི་གཞིར། །

                            སྐྱེད་མཛད་སྐྱེས་རབས་རིན་པོ་ཆེ། །

 

                            མུན་སེལ་སྙིང་གི་ཉི་མ་དང་། །

                            བསིལ་བྱེད་སེམས་ཀྱི་ཟླ་བ་ཉིད། །

                            རྒུད་པ་ཀུན་འཇོམས་ཡིད་བཞིན་དབང་། །

                            དྲིན་ལ་ཟླ་མེད་རིན་པོ་ཆེ། །

 

                            དོན་བརྒྱུད་རྟོགས་པའི་ཕ་ཕོག་ཉིད། །

                            ལྷག་མེད་སྩོལ་བའི་བྱམས་ཆེན་ཕ། །

                            སྙིང་རྗེའི་རང་གཟུགས་བརྩེ་ཆེན་མ། །

                            བདག་གི་མགོན་གཅིག་རིན་པོ་ཆེ། །

 

                            རྣམ་དག་བསླབ་གསུམ་དབྱིག་འཛིན་གཞིར། །

                            རྣམ་བཞིའི་སྡེ་སྣོད་མ་དྲོས་ཀླུང་། །

                            སྐུ་བཞིའི་བ་གམ་རབ་བརྗིད་པ། །

                            སྙིགས་དུས་རྣམ་འདྲེན་རིན་པོ་ཆེ། །

 

                            མདོ་རྒྱུད་རྒྱ་མཚོའི་མཁྱེན་པ་རྒྱས། །

                            དམིགས་མེད་བརྩི་བའི་སྤྱན་སྟོང་ཅན། །

                            ནུས་པས་ཡིད་སྲུབས་ལྷ་མིན་འཇོམས། །

                            རིག་གསུམ་འདུས་ཞལ་རིན་པོ་ཆེ། །

 

                            སྙིགས་མའི་མྱ་ངམ་གྱིས་སྐོམ་པའི། །

                            གདུང་སེལ་བདུད་རྩིའི་རླབས་ཕྲེང་ཅན། །

                            ཡིད་ལ་བཏགས་པའི་གུས་སློབ་ཚོགས། །

                            རྗེས་སུ་སྐྱོངས་ཤིག་སྙིང་རྗེའི་གཟུགས། །

 

                            སྐྱེ་བ་ཀུན་ཏུ་ཁྱེད་ཞབས་པད་དཀར་ལ་ཆགས་རྡུལ། །

                            གཙུག་གིས་ལེན་པའི་སྐལ་བཟང་གནས་ལ་ཡང་དང་ཡང་། །

                            སྨོན་པའི་གནས་འདིར་ཟག་བྲལ་ཡེ་ཤེས་སྤྱན་མངའ་བ། །

                            རྒྱལ་དང་སེམས་དཔའི་བདེན་གསུང་མཆོག་གིས་མཐུན་འགྱུར་ཞུ། །

 

                            གང་གི་རྣམ་ཐར་ཟབ་ཅིང་རྒྱ་ཆེ་མུ་མཐའ་ཡོངས་བྲལ་མ་དྲོས་ཀླུང་། །

                            སེམས་དཔའ་མཆོག་གི་མཁྱེན་མཆོག་ཟབ་མོ་ཀླུ་དབང་སྟོང་གིས་རོལ་གནས་ཆེ། །

                            ཤིན་ཏུ་ཉམ་ཆུང་བློ་གྲོས་བློ་ཡི་སྦལ་བའི་རྐྱལ་གྱིས་གཞལ་བ་ཡིས། །

                            མ་རྟོགས་ལོག་པའི་ཉེས་པའི་དྲི་བྲལ་དག་ཚངས་དབྱིག་གི་དཔལ་སྩོལ་ཅིག །

 

                            སྲིད་ལ་མི་འཇིགས་ཞི་ལ་མི་ཆགས་པར། །

                            དཔའ་བོ་ཁྱེད་ཀྱི་ཐུགས་བསྐྱེད་མངོན་གྱུར་ཏེ། །

                            ནམ་མཁའ་སྲིད་དུ་འགྲོ་བའི་དོན་བརྩོན་པར། །

                            ཀུན་ཏུ་བཟང་པོའི་སྤྱོད་ལ་དབང་འབྱོར་ཤོག །

 

                            གནས་སྐབས་ཀུན་ཏུ་རྒྱལ་ཁམས་སུ། །

                            ལོ་ལེགས་ཕྱུག་གི་གཡང་ཁ་འཕེལ་། །

                            འཁྲུག་རྩོད་རྒུད་པའི་མིང་ཡང་མེད། །

                            བདེ་ལྡན་དཔལ་གྱིས་མཛེས་གྱུར་ཅིག །

 

ཅེས་བྱང་ཆུབ་སེམས་ཀྱི་མངའ་བདག་མཁན་ཆེན་བོ་དྷི་ས་ཏྭ་བསམ་བཞིན་སྙིགས་མའི་མགོན་དུ་ཕེབས་པའི་རྗེ་བཙུན་བླ་མ་རིན་པོ་ཆེའི་ཐུན་མོང་ཕྱིའི་མཛད་རྣམ་བཅོས་མིན་དྲང་བདེན་ངོ་མཚར་དད་པའི་རོལ་མཚོ་འདི་ཉིད། ཆོས་རྗེ་དམ་པ་གང་གི་ནང་ཐུགས་ཀྱི་སྲས་སུ་གྱུར་པ་༧མཆོག་སྤྲུལ་སྐྱེ་སྔ་བསྟན་པའི་རྒྱལ་མཚན་ནས་སྔར་རབ་རྒྱན་ཆུ་ལུག་ལོར་བཀོད་པའི་རྗེ་བླ་མའི་རྣམ་ཐར་སྐལ་བཟང་དད་པའི་གསོས་སྨན་ལ་གཞིར་བགྱིས་ཏེ། ད་དུང་བདེན་གཏམ་གཙང་མ་འཚོལ་བསྡུ་ཅི་ཐུབ་ཀྱིས་སླར་ཡང་མཛད་རྣམ་ཅུང་ཟད་ཞིབ་རྒྱས་ཤིག་བགྱི་དགོས་པའི་བཀའ་གསུང་ནན་མོ་བསྩལ་བ་བཟློག་ཏུ་མ་སྤོབས་ཤིང་། རང་ཉིད་ཀྱི་ཀུན་རྟོག་ལ་ཡང་དུས་ཀྱི་ཡང་མཐའ་འདི་ན་བསྟན་པའི་མིག་ལྟོས་བླ་ན་མེད་པ་ཡོངས་འཛིན་དམ་པའི་མཛད་པ་རྨད་དུ་བྱུང་བའི་ཆ་ཤས་ཙམ་རེ་གཡོ་མེད་དྲང་པོར་བརྗོད་པས་བསྟན་དང་རྗེས་འཇུག་པ་དག་ལ་ཅུང་ཟད་རེ་སྨན་པར་འགྱུར་རམ་སྙམ་དུ་འབྲི་བའི་ལྷག་བློ་མཚན་མོའི་གློག་འོད་ལྟ་བུས་བསླངས་ཏེ་བགྱིད་པ་པོ་ནི་མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བ་བཟང་པོར་གྱུར་ན་ཡང་རང་གཤིས་ངན་པས་རྒྱུད་ཚོད་ཐ་མལ་ལས་སྤུ་མདོག་མ་བརྗེས་པ་རྨོངས་བན་ཐུབ་བསྟན་བཤད་སྒྲུབ་ནས། རབ་རྒྱན་ས་བྱི་ལོ་ནས་དབུ་བརྩམས་ཏེ། ལོ་ཕྱི་མ་ས་མོ་གླང་གི་ལོའི་སྟོན་ཟླ་འབྲིང་པོའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཏེ། མཁན་ཆེན་བླ་མ་རིན་པོ་ཆེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཟིམས་པས་བྱིན་གྱིས་རླབས་པའི་དུས་བཟང་དང་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ཀྱིས་མཇུག་ལེགས་པར་གྲུབ་པ་དགེའོ།

དགེའོ། དགེའོ།


no previousno next