Nitartha Digital Library
Tibetan
 
no previousཨ་རིག་པཎ་ཆེན་བླ་མའི་མཛད་རྣམ་ངོ་སྤྲོད་ཉུང་བསྡུས།next

ཨ་རིག་པཎ་ཆེན་བླ་མའི་མཛད་རྣམ་ངོ་སྤྲོད་ཉུང་བསྡུས།

ཀུན་གཟིགས་མཁན་ཆེན་བླ་མ་༧པདྨ་ཚེ་དབང་ལྷུན་གྲུབ་མཆོག་ནི། བོད་མདོ་ཁམས་ས་ཡི་ཐིག་ལེ་རྨ་རྫ་ཟལ་མོ་སྒང་ཞེས་གྲགས་པའི་སའི་ཆར། སློབ་དཔོན་པད་མའི་བཀའ་དམ་ལ་གནས་པའི་ཡུལ་སྐྱོང་ལྷའི་དགེ་བསྙེན་རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་གིས་སྲུང་བའི་ས་ཕྱོགས། བྱང་སྡེ་རྫ་ཆུ་ཁ་ཞེས་དཔལ་སྤྲུལ་རྡོ་རྗེ་འཆང་དང་འཇམ་མགོན་མི་ཕམ་རྒྱ་མཚོ་སོགས་ས་གསུམ་ན་འགྲན་ཟླ་བྲལ་པའི་སྐྱེས་ཆེན་དམ་པ་དུ་མ་སྐུ་འཁྲུངས་ཤིང་། འཁོར་ལོ་གསུམ་གྱི་མཛད་བཟང་གིས་བསྟན་འགྲོའི་དོན་ཆེན་མཛད་པའི་ཡུལ་གྱི་བྱེ་བྲག་དགེ་རྩེ་ཨ་རིག་རྫར། ཕུག་ཁང་བླ་མ་ཤེར་དགའ་དང་གྲུབ་དབང་ནམ་མཁའ་འཇིགས་མེད་ཀྱི་སློབ་ཆེན་ཡབ་འབའ་རེ་གྲགས་ལོ་དང་། ཡུམ་གླིང་ནག་སྐྱ་སྡོག་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༣༡བོད་རབ་བྱུང་བཅུ་དྲུག་པའི་སྐྱེས་བདག་ཅེས་པ་ལྕགས་ལུག་ལོར་བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ལ་སྐུ་འཁྲུངས། སྐུ་ན་ཕྲ་བའི་དུས་ནས་ཚངས་སྤྱོད་ཞི་དུལ་གྱི་སྤྱོད་པས་ཀུན་ཀྱི་དང་བ་འདྲེན་ཞིང་། དགུང་གྲངས་བརྒྱད་ནས་འབྲི་ཀློག་དང་བཀའ་གཏེར་ཆོ་གའི་ཕྱག་ལེན་ཀུན་མ་ནོར་བར་ཐུགས་སུ་ཆུད། ཆུང་ངུའི་དུས་ནས་ཉམས་ལེན་རྟོགས་པའི་དབང་ཕྱུག་ཁུ་བོ་བླ་མ་མཁན་ཤེས་རབ་ཀྱིས་བདག་སྐྱོང་གནང་ནས་སྔོན་འགྲོ་བློ་སྦྱོང་སོགས་ཀྱི་ཆོས་ཁྲིད་ཅི་རིགས་རྒྱུན་དུ་གསན། དགུང་གྲངས་བཅུ་གཅིག་པར་བརྟན་མཁས་ཡོན་ཏན་རྒྱ་མཚོའི་མངའ་བདག་ཕུག་ཁང་མཁན་རྒན་དགེ་ལེགས་གྲགས་པའི་ཞལ་སྔ་ལས་རབ་ཏུ་བྱུང་ཞིང་དགེ་ལེགས་ཆོས་འཕེལ་ཞེས་མཚན་གསོལ། ཕྱིས་སུ་དགུང་གྲངས་ཉེར་བརྒྱད་ཀྱི་དུས་སུ་ཨ་འཛོམས་རྒྱལ་སྲས་རིན་པོ་ཆེའི་ཐུགས་བཞེད་བཞིན་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་ལས་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། དེ་རྗེས་རིམ་བཞིན་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱི་མདུན་ནས། རྙིང་མ་བཀའ་མའི་སྐོར་དང་། རིན་ཆེན་གཏེར་མཛོད་སོགས་སྨིན་གྲོལ་གྱི་གདམས་པ་རྒྱ་ཆེར་གསན། དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཀྱི་མདུན་ནས། སྙིང་ཐིག་ཡ་བཞིའི་དབང་ལུང་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དབང་། ཀུན་བཟང་བླ་མའི་ཞལ་ལུང་། ཁྲིད་ཡིག་ཡེ་ཤེས་བླ་མ། ཀར་གླིང་བར་དོ་དྲུག་ཁྲིད་དང་། གཏེར་ཆེན་ཉིད་ཀྱི་གསུང་གསལ་རྒྱན་རྣམ་གཉིས་དང་། འབྲི་གུང་ཟངས་ཤོག་དམར་པོའི་འགྲེལ་བ་སོགས་མང་དུ་གསན། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་ལས། དཔལ་སྤྲུལ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པའི་རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ་དང་། བྱང་སེམས་སྤྱོད་འཇུག་ཆེན་མོའི་ཁྲིད་རྒྱུན་དང་། བདེ་ཆེན་ཞིང་ཁྲིད་སོགས་ཀྱི་ཆོས་སྐོར་གསན། ཀུན་གཟིགས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས། ལྟ་གྲུབ་ཤན་འབྱེད་འགྲེལ་བ་དང་། ཤེར་ཕྱིན་འགྲེལ་བ་མ་ཕམ་ཞལ་ལུང་གསན། བུ་རྒྱུད་ལྷ་སྤྲུལ་མདུན་ནས་ཆོས་མངོན་པ་མཛོད་དང་། ཤེར་ཕྱིན་སྒོམ་རིམ། རྩིས་དཀར་ནག་སོགས་དང་། བཤེས་གཉེན་དམ་པ་མཁན་ཚུལ་དགའ་ལས། རྣམ་འགྲེལ་ཊཱིཀ་ཆེན་ལེགས་བཤད་སྣང་གཏེར་སོགས་དང་། མཁས་དབང་རྫ་རྒྱལ་ཐུབ་བེ་ལས། སི་ཏུའི་སུམ་རྟགས་འགྲེལ་ཆེན་དང་སྒྲ་དང་སྙན་ངག་གི་སྐོར་མང་དུ་གསན། ཕུག་ཁང་མཁན་པོ་ཆོས་ཀྱི་རྡོ་རྗེ་ལས། གཞན་དགའི་གཞུང་ཆེན་ཁག་གི་མཆན་འགྲེལ་རྣམས་གཙོ་བོར་གྱུར་བའི་མདོ་སྔགས་ཀྱི་གཞུང་བཤད་མང་རབ་ཞུས། ཚེ་རབས་ལས་ཀྱི་འབྲེལ་བའི་བླ་མ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་འོད་གསལ་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་གདམས་ངག་ངོ་སྤྲོད་ཀྱི་སྐོར་གསན་བཞེས་གནང་སྟེ་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ལ་མངའ་དབང་འབྱོར། གཞན་སྤྱི་དོན་འོད་གསལ་སྙིང་པོ་དང་། རོང་ཟོམ་པའི་སྣང་བ་ལྷར་སྒྲུབ། སངས་རྒྱས་གསང་བའི་ལམ་རིམ་འགྲེལ་བ་རྗེ་ཉིད་ཀྱིས་མཛད་པ་རྣམས་གསན་པ་ཡིན། སྤྱིར་དུས་རྒྱུན་བླ་མ་རྣམས་ལས་ཆེས་གལ་ཆེ་བ་ཐུབ་འགའ་ཡིད་བཞིན་ནོར་བུ་དང་ཨ་འཛོམས་རྒྱལ་སྲས་གཉིས་ཀ་མཛད་ཅིང་གསོལ་འདེབས་གནང་དར། ཕྱིས་སུའང་ཨ་འཛོམས་འབྲུག་སྤྲུལ་གྱི་མདུན་དུ་ཆེད་གཉེར་གྱིས་ཕེབས་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་དང་། མི་ཕམ་རིན་པོ་ཆེའི་གསུང་ཅི་རིགས་སོགས་ཀྱི་ཁྲིད་ལུང་གི་རྒྱུན་བཞེས་པ་སོགས། མདོར་ན་སྔ་ཕྱི་ཀུན་ཏུ་བཀའ་གཏེར་དག་སྣང་གི་སྨིན་གྲོལ་གདམས་ངག་དང་། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སྒོམ་སྒྲུབ་རྒྱ་ཆེར་གནང་། དུས་ཀུན་སྤོང་ཀློག་ཁོ་ན་ལས་དཀོར་འབུལ་སྡུད་སོགས་རྣམ་པར་གཡེང་བའི་བྱ་བ་གཏན་མི་མངའ། བར་སྐབས་མི་ལོ་ཉི་ཤུ་ལྷག་གི་ཡུན་རིག་གསར་དུས་འགྱུར་རིང་མོའི་སྐབས་སུ་ཡང་། དགེ་སློང་གི་གནང་བཀག་གི་གནས་ཐམས་ཅད་ཕྲ་ཞིབ་ནས་མ་འདྲེས་པར་བསྲུངས་ཤིང་། མཉམ་ལས་སམ་སྤྱིའི་ལས་ཀ་ཐམས་ཅད་ལ་གཡོ་སྒྱུ་མི་མཛད་ཅིང་གཞན་དག་ལ་ཡང་ལས་འབྲས་ཞིབ་དགོས་པའི་ཞལ་ཏ་འབའ་ཞིག་གནང་། དེ་ནས་ཡང་དར་བསྟན་པའི་ཉི་མ་སླར་ཡང་འཆར་བ་ལ་ཕྱོགས་པའི་སྐབས། སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་དང་རྫོགས་སྤྲུལ་པདྨ་སྐལ་བཟང་རྣམ་གཉིས་ཀྱི་གསུང་གིས་ཆེད་སྐུལ་ལྟར། རྫོགས་ཆེན་ཤྲཱི་སེང་བོད་ཡིག་སློབ་གྲྭ་ཆེན་མོར་ཕེབས་ཏེ་མི་ཕམ་མཁས་འཇུག་སོགས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་རྒྱ་ཆེན་གནང་སྟེ། བོད་ཀྱི་བཅུ་ཕྲག་རིག་གཞུང་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པ་ལ་འཆི་གསོས་ཀྱི་སྨན་མཆོག་བསྩལ་ཏེ་སྲོག་གི་རྒྱུན་མཐུད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས། ཁམས་ཕྱོགས་ཀྱི་རྙིང་མའི་མ་དགོན་ཆེན་མོ་ཞེ་རྫོགས་གཉིས་སུ་སྔ་ཕྱིར་ལན་མང་ཕེབས་ཏེ། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཉམས་པ་སོར་ཆུད་གནང་ཞིང་ཐུན་མིན་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་འཆད་སྤེལ་གྱིས་བསྟན་པ་ཡང་དར་གྱི་མེ་རོ་དངོས་སུ་བསླངས། ཕྱི་ལོ་༡༩༨༧བོད་རབ་བྱུང་བཅུ་བདུན་མེ་ཡོས་གསར་ཚེས་ལོར་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཟླ་རྒྱུད་ཨ་རིག་ཆོས་གྲྭ་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་གསར་དུ་བཏབ། དེར་གདན་སའི་མཐིལ་མཛད་དེ་བཀའ་རྙིང་གཉིས་ཀྱིས་གཙོས་པའི་ཕྱོགས་ཀྱི་སློབ་ཚོགས་མང་དུ་འདུས་པ་ལ། མདོ་སྔགས་རིག་པའི་གནས་མཐའ་དག་གི་གདམས་ཁྲིད་ལེགས་པར་བསྩལ་ཞིང་བསྟན་འགྲོའི་དོན་སྒྲུབ་ནུས་པའི་ཞལ་སློབ་མང་ཐོས་ཚུལ་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བསྐྱེད་བསྲིངས། སྐྱེ་རྒུ་དང་ནང་ཆེན་མཚོ་སྔོན་པོའི་ཕྱོགས་སོགས་ས་གནས་དུ་མའི་བཀའ་རྙིང་གི་དགོན་སྡེ་མང་པོར་ཕེབས་ཏེ་བཤད་སྒྲུབ་ཀྱི་སྡེ་མང་པོ་གསར་འཛུགས་མཛད། ཕྱི་ལོ་༡༩༩༦མེ་བྱི་ལོར་སྔ་འགྱུར་བསྟན་པའི་སྲོག་ཤིང་སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུ་སོགས་སྔ་འགྱུར་རྙིང་མའི་བླ་ཆེན་མང་པོས་བསྐུལ་བ་ལྟར། འཕགས་ཡུལ་གྱི་རྙིང་མའི་དགོན་ཆེན་རྣམས་སུ་ཕེབས་ནས། སྔ་འགྱུར་རྙིང་མའི་གྲུབ་མཐའི་ཟབ་གནད་ཁོལ་བྱུང་དམིགས་བསལ་མང་པོ་དང་། མདོ་དང་སྔགས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པའི་བཀའ་ཆོས་གནང་བས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་རྣམས་ཀྱི་གཙོས་གདུལ་བྱ་མང་པོ་རྗེས་སུ་བཟུང་། ཕྱིའི་རྒྱལ་ཁབ་མང་པོར་ཕེབས་ཏེ་གདུལ་བྱ་རང་རང་དང་འཚམས་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པས་སྐྱེ་རྒུ་རྣམས་ཀྱི་དལ་འབྱོར་དོན་ཡོད་པར་མཛད། བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་དང་། དེ་བཞིན་རི་བོ་མ་ལ་ཡ་དང་མཚོ་པད་མ་ཅན་སོགས་སུ་གནས་གཟིགས་ལ་ཕེབས་ཏེ་དད་མོས་འདྲེན་པའི་གནས་བསྟོད་ཁྱད་འཕགས་ཅི་རིགས་ཐོལ་བྱུང་དུ་བརྩམས་པར་མཛད། སླར་ཡང་བོད་རབ་གནས་ས་སྟག་ལོར་གདན་ས་སྔ་འགྱུར་ཨ་རིག་ཆོས་གྲྭར་ཕྱིར་ཕེབས་ནས། ཕྱི་ལོ་༡༩༩༩ས་མོ་ཡོས་ཀྱི་ལོར་དཔལ་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་བཤད་སོགས་ཆོས་འཁོར་མང་པོ་བསྐོར་བར་མཛད། སྤྱིར་མཁན་ཆེན་བླ་མ་ཁོང་གི་སྐུ་ཚེ་གང་བོར་སོ་སོར་ཐར་བའི་བསླབ་གཞི་ཕྲ་མོའི་གནང་བཀག་ཅུང་ཟད་ལའང་ལྷོད་ཡེངས་སུ་མི་གཏོང་བར་ཆོས་བཞིན་འདུལ་བ་བཞིན་ཕྱག་ལེན་དུ་བསྟར་ཞིང་། འཆང་བར་འོས་པའི་ཆོས་གོས་རྣམ་གསུམ་དང་ཤེས་རབ་ཀྱི་རྟེན་ཕྱག་དཔེ་འགའ་ཞིག་ལས། ཡོངས་སུ་བཟུང་བའི་དངོས་པོ་ཅི་ཡང་མེད་པ་ཀུན་སྤང་བྱ་བྲལ་གྱི་སྤྱོད་པས་དུས་འདའ། གཏོ་ཡས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་ནས་ཐེག་རྩེ་རྡོ་རྗེ་སྙིང་བོའི་བར་ཐུན་མོང་ཐུན་མིན་གྱི་རིག་གཞུང་ཀུན་ལ་འཇིགས་པ་མེད་པའི་བློ་གྲོས་རྙེད་པས་ལྔ་རིག་སྨྲ་བའི་པཎ་ཆེན་གྱི་མཚན་སྙན་ཡོངས་སུ་འབར། རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་ཐུགས་ལ་བཅངས་ནས་འཆད་ཉན་དང་སྒོམ་སྒྲུབ་ཁོ་ན་གནང་བ་ལས་ཆགས་སྡང་ཆོས་བརྒྱད་ཀྱི་ཕྱག་ལས་ཤིག་བཙལ་ཀྱང་ངོ་བོ་ཉིད་ཀྱིས་མི་མངའ། གང་ཟག་མཆོག་དམན་ཀུན་ལ་དད་པ་དང་དག་སྣང་། ཉེ་ཁོར་གྱི་སྲོག་ཆགས་ཕྲ་མོ་ཡན་བྱམས་བརྩེས་སྐྱོང་བས་སྐུ་ཚེ་གང་བོར་ཐུགས་ཁྲོ་བཞེས་མ་མྱོང་བའི་ངོ་མཚར་གྱི་མཛད་པ་བྱང་སེམས་སྤྱོད་འཇུག་ཆེན་མོ་དང་ཞུ་དག་ཕེར་བ་ལྟ་བུ་ཡིན། ཐུགས་རྒྱུད་ཞི་དུལ་དང་ལྡན་པས་རྟག་ཏུ་དམན་ས་འབའ་ཞིག་བཟུང་ནས་ཕྱི་ནང་གསང་བའི་ཡོན་ཏན་མཐའ་དག་སྦས་ཤིང་། དགེ་འདུན་པའི་སྤྱི་རྒྱུ་ལ་འཛེམ་བག་སོགས་ལས་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ནས་ཕྱག་ལེན་གནང་བས། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གི་རྣམ་ཐར་སྒྲ་ཅི་བཞིན་པར་སྐྱོང་བ་སོགས་སྒྲོ་བཏགས་དང་འུར་བསྟོད་ཙམ་མ་ཡིན་པར་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་བཞུགས། སྐུ་ཚེའི་མཇུག་ལ་སྣང་སྤྱོད་གང་ལའང་རྩིས་གདབ་མེད་པ། དྲན་པ་རང་ཟད། འགྱུ་བ་རང་དག སྣང་བཞི་མཐར་སོན། ཆོས་ཟད་བློ་འདས་ཀྱི་ས་མངོན་དུ་མཛད་པ་ཡིན། དགུང་གྲངས་བདུན་ཅུ་རྩ་གཅིག་པར་རྒྱ་ནག་ཁྲིན་ཏུར་བཞུགས་སྐབས་དགུན་ཐ་མའི་ཚེས་བདུན་གྱི་ཉིན་གློ་བུར་དུ་སང་ཉིན་ཐོན་ན་རབ། དེ་མིན་ཡང་གནངས་ཉིན་ཕན་མི་འགྱང་བར་བསམ་ཡས་མཆིམས་ཕུ་དང་གངས་རི་ཐོད་དཀར་གང་རུང་ལ་ཐོན་དགོས་གསུངས། མདུན་འཁོར་རྣམས་ནས་རེ་ཞིག་རང་དགོན་གྱི་གདན་སར་ཕེབས་པར་ནན་གྱིས་ཞུས་ཀྱང་མ་གསན་པར། དེའི་ཕྱི་ཉིན་དུས་ཚོད་དང་པོ་དང་ཕྱེད་ཀྱི་སྟེང་མཁའ་གྲུར་ཞུགས་ནས་ཉིན་གུང་ཡོལ་བ་ན་ལྷ་སའི་གོང་དཀར་གནམ་ཐང་ནས་རིམ་བཞིན་བསམ་ཡས་སུ་ཕེབས། འདུས་མང་གིས་སེར་ཕྲེང་རྒྱས་སྤྲོས་ཀྱིས་བསུས་པ་ན། སྙུང་གཞི་གཏན་མེད་ལྟ་བུའི་ཞབས་ཐང་གིས་ཕེབས་ནས་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད། ཚེས་བཅུའི་ཞོགས་པའི་ཆར་ཚོགས་འཁོར་ཞིག་ཤོམས་གསུངས་ནས་མྱ་ངན་ལས་འདའ་རན་པའི་གསུང་བྱོན་པ་ན། མདུན་འཁོད་བུ་སློབ་མང་པོས་ད་དུང་བཞུགས་དགོས་པར་ཡང་ཡང་གསོལ་བ་བཏབ་པའི་ངོར། ལོ་ཕྱི་མའི་ཟླ་དང་པོའི་ཚེས་ཉེར་ལྔའི་བར་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་ཕྱོགས་ཀྱི་སློབ་ཚོགས་ཡོངས་ལ་དགྱེས་ཞལ་བསྟན་ཅིང་ཞལ་ཏ་གནང་བར་མཛད། ཕྱི་ལོ་༢༠༠༢ཟླ་༣ཚེས་༨དགུང་གྲངས་བདུན་ཅུ་རྩ་གཉིས་པ་བོད་ཆུ་རྟ་ལོའི་ཟླ་དང་པོའི་ཚེས་ཉེར་ལྔ། དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་ཆར། ཞབས་སེམས་སྐྱིལ་དང་ཕྱག་སེམས་ཉིད་ངལ་གསོའི་རྒྱ་བཅས་སྤྱན་ནམ་མཁར་གཟིགས་ཏེ་ཞི་བའི་དབྱིངས་སུ་གཤེགས། བོད་ཟླ་གཉིས་པའི་ཚེས་༡༥ཉིན་སྐུ་གདུང་མཆིམས་ཕུ་ནགས་ཀྱི་དབེན་ཁྲོད་དུ་ཞུགས་ལ་ཕུལ་བའི་ཚེ། རིགས་ལྔའི་ཕྱག་མཚན་གྱི་དབྱིབས་སུ་དོད་པའི་ཁ་བའི་མེ་ཏོག་གི་ཆར་དང་། བར་སྣང་འཇའ་སྤྲིན་གྱིས་ཁེངས་པ་སོགས་ཀྱིས་ཆ་རྒྱུས་མེད་པའི་སྐྱེ་བོ་མང་པོ་ཞིག་ཀྱང་ངོ་མཚར་བ་དང་དད་པའི་གནས་སུ་བཀོད། སྐུ་གདུང་ལས་དབུ་ཐོད་བུམ་རིལ་དང་རིང་བསྲེལ། ཁྲོ་སྐུ་རང་བྱུང་སོགས་བྱོན་པ་ཕྱི་རབས་སྐལ་ལྡན་སྐྱེ་བོའི་བསོད་ནམས་ཀྱི་ཞིང་དུ་ད་ལྟ་རྒྱལ་བ་ཕུག་ཁང་དགོན་གདན་ས་སྔ་འགྱུར་ཨ་རིག་ཆོས་གྲྭ་རུ་བཞུགས་ཡོད། དེ་ཡང་དམ་པ་འདི་ཉིད་ནི། འཁྲུལ་མེད་རྡོ་རྗེའི་ལུང་བྱང་མང་པོ་ཞིག་ལས་མཁན་ཆེན་ཞི་བ་འཚོ་དང་ལོ་ཆེན་དྷརྨ་ཤྲཱི་སོགས་ཀྱི་རྣམ་འཕྲུལ་ཡིན་པ་དང་། རྩོད་པའི་དུས་འདིར་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྨན་པའི་ཕྲིན་ལས་རྒྱ་ཆེར་འབྱུང་བར་ཡང་ཡང་བསྔགས་ཡོད་པ་སྟེ། དེ་ཡང་པདྨའི་རྒྱལ་ཚབ་མཆོག་གྱུར་བདེ་ཆེན་གླིང་བའི་གཏེར་བྱང་ལས། འཇམ་དཔལ་རྡོ་རྗེ་བདེ་བའི་ཡེ་ཤེས་གྲུབ༔ དགེ་ལེགས་མིང་ཅན་ངེས་དོན་བསྟན་པ་འཛིན༔ ཞེས་པའི་ལུང་བསྟན་འདིས་མཁན་ཆེན་བླ་མ་མཆོག་གི་ཡི་དམ་ཐུན་མིན་འཇམ་དཔལ་ཞི་དྲག་དང་། འཇམ་དཔལ་མཚན་བརྗོད་ཐུགས་དམ་གྱི་སྙིང་པོ་ཡིན་པ་དང་། ཉིད་ཀྱིས་བྱིན་གྱིས་བརླབས་པའི་ཆུ་ གཙང next hit་རིང་བསྲེལ་གྱི་ཕུང་པོ་བརྒྱ་ཕྲག་དུ་མར་གྱུར་པ་ཀུན་གྱིས་མངོན་སུམ་མཇལ་དུ་ཡོད་པས་འཕགས་པ་འཇམ་པའི་རྡོ་རྗེ་དངོས་སུ་གྲུབ་པར་མཚོན་པ་དང་། མཚན་དགེ་ལེགས་ཆོས་འཕེལ་དང་། སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེས་ཞབས་བརྟན་གསོལ་འདེབས་ལས། ངེས་དོན་བཤད་སྒྲུབ་བསྟན་པ་འཕེལ་མཛད་པའི། །ཞེས་གསུངས་པ་དང་མཐུན་པར་གདན་ས་ཨ་རིག་ཆོས་གྲྭའི་མཚན་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་སོགས་དངོས་སུ་ལུང་གིས་བསྟན་པ་དང་། ཡང་ན་སྐུ་ཚེ་གང་གི་མཛད་པ་ལ་ཆགས་སྡང་ཆོས་བརྒྱད་ཀྱི་ཉེས་པའི་ཆ་ཕྲ་མོ་ཙམ་ཡང་མེད་པའི་ངེས་པ་དོན་གྱི་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཚུལ་གསལ་བར་བསྟན་ཡོད། ཀོང་གཏེར་ཨོ་རྒྱན་འགྲོ་མགོན་གླིང་པའི་གཏེར་ལུང་ལས། འདི་ནས་རྒྱང་གྲགས་ཕྱོགས་ཀྱི་སར༔ སྔར་མེད་དུང་གི་དབྱིབས་མཚན་པའི༔ རྫ་རི་ཐོག་ཁེབས་སྔོན་པོའི་དབུས༔ གཡུ་སྒྲའི་སྤྲུལ་བ་ལུག་ལ་འཁྲུངས༔ ཉི་མ་ཤར་རིའི་དཀྱིལ་ནས་འཆར༔ བཤད་སྒྲུབ་གླིང་བཞིའི་ཁྱོན་ལ་འགེངས༔ རང་ཡུལ་འདུལ་བསྟན་རྨང་ནས་གསོ༔ ཞེས་པ་འདིས་ནི་སྐྱབས་རྗེ་མཆོག་གི་འཁྲུངས་གནས་དང་དགུང་སྙིང་། སྔ་འགྱུར་རྙིང་མའི་འདུལ་བསྟན་ལ་བྱ་བ་རྒྱ་ཆེན་མཛད་པ་བཅས་གསལ་བར་བསྟན། ཨོ་རྒྱན་ཐེག་མཆོག་རྡོ་རྗེའི་གཏེར་ལུང་ལས། བཤད་སྒྲུབ་སྔར་མེད་པདྨའི་མིང་གིས་འཛིན༔ པདྨའི་མདངས་ལ་ཆར་རྒྱུན་འབེབས་ཀྱང་སྲིད༔ བསོད་ནམས་རྒྱལ་ཁབ་འཛམ་གླིང་ཁྱོན་ལ་གྲགས༔ རང་ཡུལ་བདེ་བའི་ཉི་མ་ལན་ལྔར་འཆར༔ ཞེས་དང་། ཁམས་previous hit གཙང next hit་གཏེར་སྟོན་གྱི་གཏེར་ལུང་ལས། འདི་ནས་ལྷོ་ཕྱོགས་ཨ་ཡི་ཡུལ༔ ཕུར་བས་བྱིན་རླབས་འཇམ་དབྱངས་འཕྲུལ༔ དགེ་ལེགས་མཚན་གྱི་བ་དན་གཡོ༔ ཀུན་ཕན་ཉི་མས་གླིང་བཞིར་ཁྱབ༔ བཤད་སྒྲུབ་ཀྱི་མངའ་ཐང་ཆེས་ཆེར་མཛེས༔ ཞེས་དང་། རྫ་དཔོན་རུ་གཏེར་སྟོན་གྱིས། ཕུག་དགོན་དུ་དར་གདུགས་རི་མོ་ཅན༔ ཆར་དྲག་པོས་གདུང་ཚེ་ཧྲུལ་བོར་འགྱུར༔ གསར་བྱུང་གི་མེ་ཏོག་ལུག་ལ་སྐྱེས༔ ལུག་དཀར་གྱི་ནུས་པ་དགུང་ལ་འཆར༔ དེའི་རྐྱེན་གྱིས་རང་ཕྱོགས་ཤིན་ཏུ་དར༔ ཞེས་སོགས་ཀྱིས་འཁྲུངས་ཡུལ་དང་མཚན་སྒྲ་དགུང་སྙིང་། ཐུན་མིན་གྱི་མཛད་པ་སོགས་གསལ་བར་བསྟན་པ་དང་། གཞན་ཡང་དམ་པ་འདི་ཉིད་ལ་ཆེད་དུ་ལུང་བསྟན་བསྩལ་པ། སྒོ་ཆེན་མཆོག་སྤྲུལ་པདྨ་རྒྱལ་པོས། སྔོན་ཡན་ལ་འོག་མིན་སྨིན་གྲོལ་གླིང་༔ ཁོང་དགེ་སློང་དྷརྨ་ཤྲཱིའི་མཚན༔ ལས་འཕོས་པས་འདི་རུ་སྐྱེས་པ་ཡིན༔ འབྲེལ་ཚད་ཀུན་ཐར་བའི་ལམ་སྣ་འདྲེན༔ མགོན་འཇམ་དཔལ་མཚན་བརྗོད་ཁྲི་འདོན་ན༔ ཁོང་མཁྱེན་དཔལ་དངོས་གྲུབ་བརྙེས་པར་འགྱུར༔ ཞེས་སོགས་ཀྱིས་གསལ་བར་བསྔགས་ཡོད་པ་ཡིན་ནོ། །ཞེས་བླ་མ་མཆོག་གི་མཛད་རྣམ་གནད་བསྡུས་འདི་ཉིད་ཉེར་མཁོའི་ཆེད་དུ་སློབ་མ་ཡོངས་ཀྱི་གྲལ་མཐར་འཁོད་པ་བཙུན་གཟུགས་ཆོས་མེད་པདྨ་རིག་འཛིན་ནས་སུག་བྲིས་བྱས་པ་དགེ །
དེ་ཡང་ཀུན་གཟིགས་མཁན་ཆེན་བླ་མ་མཆོག་གི་ཐུན་མོང་ཕྱིའི་རྣམ་ཐར་སྐོར་ཞིབ་པར་མཁྱེན་འདོད་པ་དག་གིས་རྣམ་ཐར་རྒྱས་བསྡུས་དག་ལ་གཟིགས་འཚལ་ལོ། །


no previousཨ་རིག་པཎ་ཆེན་བླ་མའི་མཛད་རྣམ་ངོ་སྤྲོད་ཉུང་བསྡུས།next