Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།

1 occurrence of གཡེམ་པ་
[Clear Hits]


  
 expand section
 expand section
collapse section
  
  
  
  
  
  
  
 
སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ།
  
  


1 occurrence of གཡེམ་པ་
[Clear Hits]

 
previousསྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ།next

སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ།

༄༅། །སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཞིང་སྐྱོངས་ཌཱ་ཀྐིའི་དབང་མོ་ཚེ་རིང་མཆེད་ལྔར་བསང་མཆོད་འབུལ་པར་འདོད་པས། གནས་དབེན་ཞིང་གཙང་མའི་ས་ཕྱོགས་བླ་གབ་མེད་པར། ཕྱིང་དཀར་རམ་རས་དཀར་དྲི་མ་མེད་པའི་སྟེང་དུ། །འབྲུ་དཀར་གྱི་གཡུང་དྲུང་གཡས་སྐོར་དུ་བཀྲམ་པའི་ཁར། །བསང་བཤོས་རིན་པོ་ཆེའི་སྣོད་དུ་རི་རབ་བང་རིམ་གསུམ་བའི་ཁར། དབུས་དང་ཕྱོགས་བཞིར་བུམ་པ་ནོར་བུ་འོད་འབར་གྱིས་མཚན་པ་ཅན་ལྔ། བང་རིམ་དང་པོར་རྨ་བྱ། ལྕུང་ག ཤང་ཤང་སོགས་བྱ་འགས། གཉིས་པ་སེང་གེ་སྟག་གཟིག་སོགས་གཅན་གཟན། ཤ་རྐྱང་གླ་བ་སོགས་རི་དྭགས། གསུམ་བ་རྟ་དྲེལ་མཛོ་ཁལ་ལ་སོགས་གཡང་དྭགས། བཞི་བ་ཉ་སྦལ་ཆུ་སྲིན་སོགས་ཆུ་གནས་རྣམས་ཀྱིས་གཟུགས་བརྙན་བཀོད། དེ་ལ་དར་ཚོན། སྨན་སྣ། འབྲུ་སྣ། རིན་ཆེན་ཕྱེ་མ། དཀར་གསུམ་མངར་གསུམ་གྱི་ཟས་སྣ་མར་ཐུད་ཀྱི་རིལ་བུ་བརྒྱན་པ་བཤམས། མཐའ་བསྐོར་དུ་ཇ་ཆང་ཕུད། འོ་ཕུད། གསེར་གཡུ་བརྡའ་བའི་སྐྱེམས། གཞན་ཡང་ཕྱེ་མར། མདའ་དར། ཟས་སྣ་ཤིང་ཏོག་སོགས་ཚོགས་ཚད་བཀོད། མདུན་ངོས་སམ། གཡས་ཕྱོགས་ཅི་བདེ་བར་བསང་ཁང་ཟླུམ་ཞིང་དཀར་བོ་ཡངས་ཤིང་རྒྱ་ཆེ་བའི་ཁར་གཡས་བསྐོར་ཅན་གྱི་ལྟེ་བར་རཾ་དང་ཕྱི་རོལ་འོད་དྲྭས་བསྐོར་འབྲིས་བའི་ཁར། བདུད་རྩི་ཅན་གྱི་ཤིང་ལྔ་སོགས་དྲི་བཟང་པོའི་ཤིང་སྣ་ཟླུམ་བོར་བརྩིགས་ཅིང་རླུང་ཕྱོགས་སུ་མེ་སྒོ་ཡོད་པར་བྱས། རྩུབ་པའམ་བརྡབ་པ་ལས་བྱུང་བའི་མེའམ། རྨེ་ཤན་སོགས་མ་ཡིན་པར་གཙང་མའི་ཁྱིམ་ནས་བྱུང་བའི་མེ་སྦར། རང་ཉིད་བླ་མའི་སམཱདྷིས། བསང་སྦྱངས་བྱིན་གྱིས་རླབས་ནས་འབུལ་བ་འདི་སྐད་དོ། །ཧྲཱིཿ བདག་དང་མཁའ་ཁྱབ་སེམས་ཅན་མ་ལུས་པ། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །མཆོག་གསུམ་རྩ་བ་གསུམ་ལ་སྐྱབས་སུ་མཆི། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ཨཱཿ གཞི་དབྱིངས་ཀ་དག་སྤྲོས་པ་བྲལ་བའི་མདངས། །གཞི་སྣང་ལྷུན་གྲུབ་འོད་ལྔ་བརྡལ་བའི་ཞིང་། །སྟོང་གསལ་འཇའ་འོད་འཁྱིལ་བའི་གུར་ཁང་དབུས། །རང་རིག་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ། །སྣང་སྲིད་ཟིལ་གནོན་ཞི་ཁྲོའི་ཉམས་དང་ལྡན། །ཐེག་གསུམ་ཆས་རྫོགས་འདབ་ལྡན་པད་ཞུ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཆང་བསྣམས། །མཆན་གཡོན་གསང་ཡུམ་སྦས་ཚུལ་ཁ་ཊྭཱཾ་འཆང་། །པདྨ་སྟོང་ལྡན་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་། །དམ་ཚིག་ཡེ་ཤེས་དབྱེར་མེད་ལྷུན་གྱིས་གྲུབ། །གནས་གསུམ་འབྲུ་གསུམ་མཚན་དང་བདག་ཉིད་ལྷའི། །ཐུགས་ཀར་སྔགས་ཀྱིས་བསྐོར་བའི་འོད་སྣང་གིས། །རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་སྣང་སྲིད་དྲེགས་པའི་ཚོགས། །དབང་དུ་བསྡུས་ནས་བྲན་དུ་ཁོལ་བར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཅི་ནུས་བཟླ། ཧྲཱིཿ བདག་ཉིད་ཐུགས་ནས་རཾ་ཡཾ་ཁཾ་གསུམ་འཕྲོས། །མཆོད་རྫས་བསང་རྫས་མེ་ཐབ་དང་བཅས་པའི། །དངོས་འཛིན་འབག་ཙོག་ཉེས་སྐྱོན་བསྲེ་གཏོར་བཀྲུས། །ཐམས་ཅད་དངོས་མིན་སྟོང་པ་ཉིད་དུ་སྦྱངས། །སྟོང་བའི་ངང་ལས་རིན་ཆེན་སྣོད་ཡངས་པར། །རྫས་རྣམས་འབྲུ་གསུམ་རྣམ་པ་ཞུ་བ་ལས། །ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ། །རྣམ་པ་ལྷ་མིའི་བཟའ་བཅའ་བཏུང་བའི་རིགས། །དཀར་གསུམ་མངར་གསུམ་རིན་ཆེན་འབྲུ་སྨན་སྤོས། །དར་ཟབ་རྒྱན་ཕྲེང་གནས་མལ་བཞོན་པ་སོགས། །ཡིད་ལ་གང་འདོད་སྲིད་ཞིའི་འབྱོར་བའི་སྤྲིན། མི་ཟད་ནམ་མཁའ་མཛོད་གྱི་འཁོར་ལོར་གྱུར། །རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཿཧཱུྃ ལན་གསུམ། །ཨོཾ་སྭ་བྷ་ཝ་སོགས་སྔགས་དྲུག་ཕྱག་དྲུག་གི་སྦྱངས་སྤེལ་བསྒྱུར་ཅིང་། །མགྲོན་སོ་སོའི་ཡིད་དང་མཐུན་ལ་རྩོད་པ་མེད་པར་ལོངས་སྤྱོད་ནས་རང་རང་གི་དབང་དུ་གྱུར་བར་བསམ་མོ། །སྤྱན་དྲངས་ནས་བསང་མཆོད་འབུལ་བ་དངོས་ནི། ཀྱཻ་སྤྲོས་བྲལ་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །འགགས་མེད་རང་ཤར་དབྱིངས་ཀྱི་ཡུམ་ཆེན་ལྔ། །གནས་ཡུལ་དུར་ཁྲོད་ཞིང་སྐྱོངས་མཁའ་འགྲོའི་གཙོ། །སྤྲུལ་སྐུ་ཚེ་རིང་མཆེད་ལྔར་བཞེངས་ལ་འབོད། །དེ་རིང་བཀྲ་ཤིས་དཔལ་གྱི་ཉི་མ་ལ། རྣལ་འབྱོར་བདག་གིས་མཆོད་པའི་རྫས་བཤམས་ཤིང་། །དད་གུས་གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ན། །འོག་མིན་ཞིང་དང་རང་བཞིན་སྤྲུལ་བའི་གནས། །ཁྱད་པར་བལ་བོད་མཚམས་ན་མངོན་མཐོ་བའི། །མཐོན་མཐིང་གངས་ཀྱི་རྒྱལ་མོའི་ཕོ་བྲང་ཆེ། །སྤྲིན་དཀར་འཇའ་འོད་འཐིབས་པའི་གཞལ་ཡས་ནས། །གནས་གསུམ་ཌཱཀྐི་སྨན་ཕྲན་འབུམ་དང་བཅས། །བརྒྱུད་གསུམ་བླ་མའི་བཀའ་དང་ཐ་ཚིག་བཞིན། །འདའ་དཀའ་རྡོ་རྗེའི་དམ་ཚིག་ལ་དགོངས་ཏེ། །སྒེག་བཞད་དགྱེས་པའི་གར་གྱིས་གནས་འདིར་བྱོན། །མདུན་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་དངོས་འབྱོར་ཡིད་ལས་བྱུང་། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་མཆོད་པར་བགྱི། །ཐུགས་རྗེས་བརྩེར་དགོངས་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་དག་བྱེད་བདུད་རྩི་སྨན་གྱི་ཤིང་། །ཕྱེ་མར་འོ་བཀོལ་ཇ་དང་ཆང་གི་ཕུད། །རིན་ཆེན་འབྲུ་སྨན་དར་ཟབ་སྟག་གཟིག་རས། །འབར་བའི་མེར་བསྲེག་ཡེ་ཤེས་དུད་པའི་སྤྲིན། །འོད་ལྔའི་ཟེར་འཕྲོ་བདུད་རྩིའི་ཆར་འབེབས་པ། །ནམ་མཁའི་ཁམས་ཀུན་ཁྱབ་པའི་བསང་མཆོད་འདིས། །ཞིང་སྐྱོངས་ཌཱཀྐིའི་དབང་མོ་ཚོགས་ཀྱི་རྗེ། ལྷན་གཅིག་སྐྱེས་མ་གངས་ལྗོངས་ཡུལ་ལྷའི་གཙོ། །རིག་འཛིན་རྣལ་འབྱོར་ཡོངས་ཀྱི་སྒྲུབ་སྡེ་མོ། །ཇོ་མོ་བཀྲ་ཤིས་ཚེ་རིང་བསང་ངོ་མཆོད། །མཐིང་གི་ཞལ་བཟང་སྣང་གསལ་བཀྲ་ཡི་ལྷ། །ཅོད་པཎ་མགྲོན་བཟང་རིན་ཆེན་གཏེར་གྱི་བདག །མི་གཡོ་གླང་བཟང་རྨ་གཡང་ནོར་གྱི་མཛོད། །ཏལ་དཀར་འགྲོ་བཟང་རྐང་བཞི་ཕྱུག་གི་ལྷ། །འཁོར་གྱི་ལྷ་མོ་རྣམ་བཞི་བསང་ངོ་མཆོད། །གཞན་ཡང་མཆེད་ཟླ་བོད་ཡུལ་བརྟན་སྐྱོང་མ། བཅུ་གཉིས་སྤྲུལ་བ་ཡང་སྤྲུལ་འཁོར་དང་བཅས། །རང་བྱུང་པདྨ་རྒྱལ་པོའི་དབང་བསྐུར་ཞིང་། །དམ་མནོས་དམ་ལྡན་སྐྱོངས་བར་ཞལ་བཞེས་པའི། །མ་སྲིང་མཁའ་འགྲོའི་ཚོགས་རྣམས་བསང་ངོ་མཆོད། །གཞན་ཡང་མཆོད་པར་འོས་པའི་དམ་ཚིག་རྫས། །བདུད་རྩི་སྨན་དང་རཀྟའི་རྒྱ་མཚོ་བསྐྱིལ། །སྲིད་པ་བཞིར་བཞེངས་གཏོར་མ་རི་ལྟར་སྤུངས། །ཐུགས་ལ་བཞེད་རྒྱུའི་འདོད་ཡོན་སྤྲིན་ལྟར་གཏིབ། །དར་འཕན་སྤྱན་གཟིགས་ནམ་མཁའི་སྐར་ལྟར་བཀྲ། །རྔ་གླིང་རལ་མོ་དབྱངས་ཀྱི་འགྱུར་བ་སོགས། །ཡིད་འཕྲོག་སྙན་པའི་སྒྲ་དབྱངས་འབྲུག་ལྟར་སྒྲོགས། །ཉེར་སྤྱོད་འདོད་ཡོན་བཀྲ་ཤིས་རྫས་རྟགས་སོགས། །ཕུན་ཚོགས་དཔལ་གྱི་འབྱོར་བ་རྒྱ་མཚོ་འདིས། །མ་རྒྱུད་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་མཆོད། །རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་གྲོགས་མཛོད་ཅིག །རིན་ཆེན་ཁང་བཟང་སྐྱེད་ཚལ་ཁྲུས་ཀྱི་རྫིང་། དཔག་བསམ་ལྗོན་བཟང་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་ཕྲེང་ཡུལ་འཁོར་ལོ་ཏོག་འབྲུ། །ཤ་རྐྱང་མ་ཧེ་འདོད་འཇོའི་བ་མོ་དང་། །སྤོས་ཀྱི་གླང་པོ་འབྲོང་གཡག་ཞོལ་བོ་དང་། །མྱུར་འགྱོགས་རྩལ་ལྡན་རྟ་དང་དྲེའུ་ཚོགས། །རྨ་བྱ་ནཻ་ཙོ་ཤང་ཤང་སྐྱུང་ཀ་སོགས། །མཐུན་པའི་རྫས་དང་སྲོག་འཁོར་བླ་ཡིན་རྟེན། །མདའ་དར་མེ་ལོང་ཤེལ་དང་མིག་མེད་གཡུ། །མགྲོན་བུ་དང་ཤྭ་གསེར་སོགས་ཁྱད་པར་གྱི། །རྫས་རྣམས་མ་ཚང་མེད་བཀང་ཏིང་འཛིན་གྱི། །རྣལ་འབྱོར་ཕ་མཐའ་ཡས་པའི་མཆོད་པའི་སྤྲིན། །ཀུན་བཟང་མཆོད་པའི་སྤྲིན་ལྟར་རྒྱ་ཆེ་བས། །མ་གཅིག་ཚེ་རིང་མཆེད་ལྔ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །བདག་ཅག་མི་ཤེས་རྨོངས་པའི་གཞན་དབང་གིས། །དམ་ཚིག་སྡོམ་པ་ཉམས་ཆགས་ཉེས་ལྟུང་རིགས། །ཐེག་གསུམ་ལམ་དང་འགལ་བ་ཅི་བགྱིས་པ། །ཡེ་ཤེས་སྤྱན་ལྡན་ལྷ་མོའི་ཚོགས་ལ་བཤགས། བརྩེ་བས་རྗེས་བཟུང་ཚངས་པ་སྩལ་དུ་གསོལ། །གཞན་ཡང་ཐབ་གཞོབ་མཁོན་དང་མི་གཙང་གྲིབ། །རྨེ་བཤད་མནོལ་རྩོག་མཛེ་ཡུག་དམ་ཉམས་དང་། །ཞར་ཉམས་ཟླས་ཉམས་ཉམས་དང་འདྲེས་པའི་གྲིབ། །ཟས་གྲིབ་གོས་གྲིབ་གནས་ཁང་ངན་པའི་གྲིབ། །འགོ་བའི་ལྷ་དང་ཡེ་ཤེས་འཇིག་རྟེན་གྱི། །ལྷ་རྣམས་མནོལ་ཞིང་ གཡེམ་དང་འཁྲུགས་པའི་རྒྱུ། །མ་དག་ཉེས་པའི་ཚོགས་རྣམས་ཅི་མཆིས་ ། བདུད་རྩི་བསང་གི་དུད་པས་བསང་གྱུར་ནས། ལྷག་མཐོང་ཡེ་ཤེས་མེ་ཡིས་བརྟེན་གྱུར་ཅིག །ཏིང་འཛིན་རླུང་གིས་ཀུན་ཏུ་གཏོར་པར་གྱུར། །ཐུགས་རྗེའི་ཆབ་ཀྱིས་བཀྲུས་ཤིང་སྦྱངས་ནས་སུ། །དག་ཆེན་ཆོས་དབྱིངས་ངང་དུ་གནས་གྱུར་ཅིག །ཀྱཻ། མ་ལྟར་བྱམས་ཞིང་སྲིང་ལྟར་སྙིང་ཉེ་བའི། །མ་གཅིག་ལྷ་མོ་འཁོར་བཅས་དགོངས་སུ་གསོལ། །དེ་ལྟར་བསང་མཆོད་ཕུལ་བ་ལ་བརྟེན་ནས། དོན་དུ་གཉེར་བའི་ཕྲིན་ལས་བཅོལ་བ་ནི། །མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་ཚོགས་རྣམས་ཞབས་པད་བརྟན་པར་མཛོད། །ཁྱད་པར་ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ། །གསང་ཆེན་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །སྨོན་གྲོལ་གདམས་པའི་མཛོད་འཛིན་བཤད་སྒྲུབ་སྡེ། །ཡངས་པའི་ཐ་གྲུབ་ཀུན་ཏུ་ཁྱབ་པར་མཛོད། །བོད་ཡུལ་འགྲོ་བའི་བདེ་སྐྱིད་ཀུན་འཛོམས་ཤིང་། །ཐུབ་པའི་བསྟན་ཞབས་སྡུད་པའི་ཀླ་ཀློའི་དཔུང་། །མཐའ་དམག་དུས་འཁྲུགས་གཏོང་བའི་བདུད་རིགས་ཀྱི། །དོན་སྙིང་ལྐོག་མར་ཕྱུང་ལ་རྔམས་ཟས་གྱིས། །ཆོས་བཞིན་སྒྲུབ་ལ་བར་དུ་བཅོད་པའི་བདུད། །རྒྱལ་བསེན་དམ་སྲི་ཤི་འདྲེ་ཕོ་མོའི་ཚོགས། །དྲག་སྔགས་རྡོ་རྗེ་མཚོན་ཆའི་འཁྲུལ་འཁོར་གྱིས། །ཐལ་བར་རློག་ལ་སྐྱེ་བའི་རྒྱུན་ཐག་ཆོད། །བདག་ཅག་བྱང་ཆུབ་དོན་མཆོག་སྒྲུབ་པ་ལ། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པའི་དོན་ཀུན་མྱུར་འགྲུབ་ནས། །ཚེ་ཆོས་མཐར་རུ་ཕྱིན་པའི་ཕྲིན་ལས་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་ཞི། །ཆར་ཆུ་དུས་བབས་ལོ་ཕྱུག་རྟག་ཏུ་ལེགས། །དགེ་བཅུའི་ལས་སྒྲུབ་ཐར་པའི་ལམ་ཞུགས་ནས། །མཐར་ཐུག་མངོན་འཚང་རྒྱ་བའི་ཕྲིན་ལས་མཛོད། །རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཕུང་གཏིབས། །ཡི་དམ་ལྷ་ཚོགས་དངོས་གྲུབ་ཆར་བཞིན་འབེབས། །མ་རྒྱུད་མཁའ་འགྲོའི་ཕྲིན་ལས་གློག་ལྟར་མྱུར། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་པ་འདི་ཉིད་ཤཱཀྱའི་དགེ་ཚུལ་སཾ་བྷ་བྷ་དྲས་བསྐུལ་བཞིན་དུ་རུ་དམ་ཡང་དབེན་པདྨའི་སྐྱེད་ཚལ་ནས་རིག་འཛིན་གྱི་བཙུན་པ་པདྨ་བཛྲ་པས་བྲིས་པའི་ཚེ་སྨན་བཙུན་ཆེན་མོ་དགྱེས་པའི་རྟགས་མཚན་ཅུང་ཟད་མཐོང་བས་ཕྱོགས་དུས་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །


previousསྨན་བཙུན་ཚེ་རིང་མཆེད་ལྔའི་བསང་མཆོད་ཕྲིན་ལས་མྱུར་འགྲུབ།next