Nitartha Digital Library
Tibetan
རྫོགས་ཆེན་མཁན་ཆེན་པདྨ་བཛྲའི་གསུང་འབུམ་པོད་གཉིས་པ།

11 occurrences of འཆར་སེམས་
[Clear Hits]


  
collapse section
 
སྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད།
 
 
  
  
  
  
  
  
  
 
  
 
  
expand section
expand section


11 occurrences of འཆར་སེམས་
[Clear Hits]

 
previousསྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད།next

སྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད།

༄༅། །སྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། སྐྱབས་ཀུན་འདུས་པའི་ངོ་བོ་རྡོ་རྗེ་འཆང་། །དྲིན་ཆེན་ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ནས། །སྙིང་པོའི་དོན་ལ་འཇུག་འདོད་སྐལ་བཟང་འགར། །ཕན་པའི་བསླབ་བྱར་སེམས་ནས་འདི་ལྟར་གླེང་། །དེ་ལ་རང་ཅག་རྣམས་ཀྱིས་ཚེ་རབས་དུ་མ་ནས་རྣམ་པར་དཀར་བའི་ལས་ཀྱིས་སྒྲུབ་པའི་འབྲས་བུ་དལ་འབྱོར་གྱི་རྟེན་བཟང་འདི་ལྟ་བུ་ཐོབ། བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དུ་མའི་ཞལ་མཇལ། གདམས་ངག་མཁའ་འགྲོའི་ཁ་རླངས་མ་ཡལ་ཞིང་། དམ་ཚིག་གི་སེལ་མ་ཞུགས་པའི་བདུད་རྩིའི་སྙིང་ཁུ་ལྟ་བུ་ཐོབ་ཅིང་། རང་གིས་སྒྲུབ་ནུས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཕྱི་དུས་ལ་རེ་མི་དགོས་པ་འདི་ལྟ་བུ་ཡོད་པའི་སྐབས་སུ། དོན་ཆུང་ཚེ་འདིའི་བྱ་བ་དང་། ལྟར་སྣང་གི་ཆོས་ཀྱིས་རང་ཉིད་མི་བསླུ་བར་སྲོག་འཚོ་ལྷགས་སྐྱོབ་ཙམ་གྱི་ཟས་གོས་ཀྱི་མཐུན་རྐྱེན་རྙེད་སླ་ཞིང་། མཆོག་དམན་བར་མའི་ཡུལ་གང་ལ་ཡང་འདྲེལ་འདྲིས་ཀྱི་རྣམ་གཡེང་མེད་པའི་ས་ཕྱོགས་རྣམས་སུ། འདོད་པ་ཆུང་ཞིང་ཆོག་ཤེས་པ། གསོ་སླ་ཞིང་དགང་སླ་བའི་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས། ལེ་ལོ་དང་སྒྱིད་སྙོམས་ཀྱི་དབང་དུ་མ་ཤོར་བར། ཚེ་གཅིག་གིས་སངས་རྒྱས་ཐོབ་པའི་སེམས་མཆོག་ཁྱད་པར་ཅན་ལ་ཡིད་སྤྲོ་སང་ངེ་བའི་ངང་ནས་ཉིན་མཚན་ཁོར་ཡུག་ཏུ་ཉམས་སུ་བླངས་པ་ལ་འབད་དགོས་ཏེ། ཀུན་མཁྱེན་ཆོས་རྗེས། དེང་སང་དུས་འདིར་བདག་འདྲས་འབད་ཀྱང་ནི། །གཞན་དོན་ཉིད་འགྱུར་དག་པའང་མི་འགྱུར་ན། །རང་དོན་ཞི་བའི་ཏིང་འཛིན་ཉམས་པའི་རྒྱུ། །འདི་འདྲས་ཅི་བྱ་སྙིང་པོ་འདུག་གམ་སོམས། །ཚེ་འདིར་མ་ཆགས་འདོད་ཞེན་ཅུང་ཟད་མེད། །ལུས་ངག་བརྩོན་པས་གཞན་ཕན་བསྔོས་ན་ཡང་། །ཕྲག་དོག་ཚིག་རྩུབ་སྡིག་པའི་རྐྱེན་འགྱུར་ཞིང་། །མི་དགེའི་དབང་གྱུར་འགྲོ་ལ་ཕན་ཐོག་སོམས། །རང་གི་ནུས་པའི་ཆོས་སྲིད་དགེ་བ་དེས། །འདི་ཕྱིར་ཕན་པའི་ལམ་ལ་འགོད་བྱས་ཀྱང་། །ཅུང་ཟད་རྐྱེན་གྱིས་དགྲར་འགྱུར་སློབ་མ་གང་། །ཡི་ཆད་གནས་སུ་འགྱུར་བའང་སྙིང་ནས་སོམས། །འགའ་ལས་ཐོས་པ་འགའ་ལ་བསྒྲགས་གྱུར་དང་། །འགའ་ལ་ཟང་ཟིང་འགའ་ལ་ཆོས་སྦྱིན་དང་། །འགའ་ལ་དོན་མཐུན་འགའ་ལ་གྲོས་ཆེན་འདེབས། །འགའ་ལས་བླངས་པ་འགའ་ལ་སྦྱིན་རྣམས་ཀྱང་། །སྙིང་པོ་མེད་ལ་རང་དོན་བསླུ་བའི་རྒྱུ། །བྱིས་པའི་སྤྱོད་པ་འདྲ་ཞིང་བཞད་གད་གནས། །དོན་ཆུང་ལས་ལ་མི་ཚེ་ཟད་ཉེན་མཆི། །དེ་བས་མྱུར་དུ་དབེན་པའི་ནགས་འདབ་སོང་། །ད་ནི་སྙིང་ནས་ཡི་ཆད་མཆི་མ་ཤོར། །གྲོགས་དང་སློབ་མ་བཤེས་འདྲིས་འཇིག་རྟེན་ཆོས། །རྟག་མི་ཐུབ་ཅིང་གནོད་པའི་ཚོགས་རབ་འཕེལ། །འབྲལ་ཡང་མི་དགའ་མེད་པའི་དོན་ལ་སོམས། །དེ་བས་གཞན་ལ་ཕན་པ་ཅི་ཞིག་ཡོད། །རང་གི་དོན་སྒྲུབ་ནགས་རིའི་ཁྲོད་སོང་སྟེ། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་མཛོད། །ཅེས་གསུངས་པ་ལྟར་སྙིང་ཁུང་དུ་བཅངས་ཏེ་སྒྲུབ་པ་ལ་འབད་པའི་དུས་ལ་བབས་སོ། །དེ་ཡང་ཡུལ་སྣ་ཚོགས་ཀྱི་སྣང་བ་འདི་ནི་བྲིད་མཁས། ཡིད་ཅོལ་ཆུང་གི་བྱིས་པ་འདི་ནི་བསླུ་སྐྱེན་པས། དུས་དང་རྣམ་པ་ཐམས་ཅད་དུ་རང་གིས་རང་ལ་གཉེན་པོའི་ལྕག་གིས་བསྐུལ་ནས་ཁ་འོག་ཏུ་ལུས་ཚུད་པ་ཞིག་དགོས་མ་གཏོགས། ཡིད་ཅོལ་ཆུང་འདི་རང་དགར་བཏང་ན། ཁོ་ལུས་ཚོད་དང་མི་མཐུན་པའི་གོས་དང་། ཁ་ཚོད་དང་མི་མཐུན་པའི་ཟས་འདོད་པ་ཞིག་ཡིན་འདུག་པས། མི་དྲན་དགུ་དྲན། མི་འགྱུ་དགུ་འགྱུས་ཏེ། མཐར་ཅི་བྱེད་དང་འདི་བྱེད་མེད་པའི་དྲ་བར་ཚུད་པ་ཞིག་འོང་འདུག་པས། དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། འོག་ནས་འགྲོ་བ་སྔོན་མོའི་ཆུ་ལས་མེད་པ་ཞིག་བྱས་ཏེ། ཨ་ཙ་མ། འཆི་བ་འཆི་བ་ཞེས་བྱ་བ་དེ་ནམ་འོང་ན། མདོ་མེད་ཀྱི་ཅོལ་ཆུང་ང་ཤི་ཁ་ཆོས་མེད་ལག་སྟོང་དུ་འགྲོ་བ་ཞིག་འོང་ལས་ཆེ། དེ་ལྟར་མི་ཡོང་བ་ཞིག་བླ་མ་དཀོན་མཆོག་མཁྱེན་ཨང་སྙམ་དུ། སྙིང་གྲང་ཤུར་རེ། བག་ཚ་ཤུམ་མེ། སེམས་གཉོམ་དུང་ངེ་། དུས་རྒྱུན་དུ་དྲན་རྒྱུ་འཆི་བ་ཁོ་ན་དང་། བློ་གཏོད་ས་བླ་མ་དཀོན་མཆོག་ལས་མེད་པ་ཞིག་བྱས་ནས་སྡོད་དགོས་རྒྱུ་ཡིན། དེ་ཡང་ཐོག་མར་བློ་ཆོས་སུ་འགྲོ་བར་བྱེད་པའི་ཐབས་བློ་ལྡོག་རྣམ་པ་བཞི་པོ་འདི་རྒྱུད་ལ་སྐྱེ་ངེས་པ་ཞིག་མ་བྱུང་ན། རི་འགྲིམས་དང་མཚམས་བཅད་སོགས་ཅི་བྱས་ཀྱང་ཚེ་འདིའི་ལོ་འདོད་དང་། ལྷ་མིའི་བདེ་འབྲས་ཙམ་ལས་ཐར་པའི་ལམ་དུ་འགྲོ་བའི་ཆོས་རྣམ་དག་གཏན་ནས་མི་འོང་འདུག་པས། ཐོག་མར་འདི་བཞི་ལ་ངེས་ཤེས་འཁྲུང་འཁྲུང་དུ་བློ་སྦྱོང་དགོས། དེ་ལ་དལ་འབྱོར་རྙེད་དཀའ་བའི་ཚུལ་ངོ་བོ་དཔེ་གྲངས་སོགས་གྱི་སྒོ་ནས་བསམ་པ་ཡིན་མོད་ཀྱང་། དོན་ལ་ད་རེས་ཀྱི་ལུས་རྟེན་འདིའི་སྟེང་ནས་ཆོས་ཤིག་འགྲུབ་ན་འགྲུབ་པ་ཡིན། དེ་མ་འགྲུབ་ན་ཕྱི་མ་ཆོས་རྣམ་དག་ཞིག་སྒྲུབ་པའི་རྟེན་དུ་གྱུར་པའི་མི་ལུས་ཡིད་བཞིན་ནོར་བུ་འདི་འདྲ་བ་མི་རྙེད་ཐག་ཆོད་ཡིན་བསམ་ནས་ཚེ་འདིའི་བྱ་བཞག་སོ་ཚིས་ཐམས་ཅད་བློས་ལིང་གིས་བཏང་ནས་ཆོས་ཁོ་ན་ལ་དྲིལ་འདོད་པ་ཞིག་དགོས་པ་ཡིན་པས། དལ་འབྱོར་རྙེད་དཀའ་བསམ་པ་རྒྱུད་ལ་ཨེ་སྐྱེས་དེས་ཤེས། ཚེ་མི་རྟག་པ་སྒོམ་པའི་ཚུལ། ཕྱི་སྣོད་འཇིག་རྟེན་གྱི་ཆགས་འཇིག །ནང་བཅུད་སེམས་ཅན་གྱི་སྐྱེ་འཆི། ལོ་ཟླ་དུས་ཚིགས་ཀྱི་འགྱུར་ལྡོག །གློ་བུར་འཕྲལ་རྐྱེན་གྱིས་འཁྱེར་ལུགས། སྐྱེས་མཐའ་འཆི་བ། འདུས་མཐའ་འབྲལ་བ། བསགས་མཐའ་འཛད་པ། མཐོན་པོའི་མཐའ་ལྷུང་བ་སོགས་བསམ་དགོས་པ་ཡིན་མོད་དེ། མདོ་དོན་ཚེ་ལ་ངེས་པ་མེད་པས། ད་ནང་སྔ་ཞོགས་འདིར་ཆོས་ཤིག་མ་འགྲུབ་ན། དོ་ནུབ་ཉི་མ་ནུབ་ལ་ཕྱོགས་དུས་ང་ཨེ་ཡོད་ཅི་ཤེས་སྙམ་པ་དང་། དོ་ནུབ་ཆོས་ཤིག་མ་འགྲུབ་ན་སང་ཉིན་ཉི་མ་འཛམ་གླིང་དུ་ཤར་དུས་ང་ཨེ་ཡོད་ཅི་ཤེས་སྙམ་ནས་ཉིན་མཚན་སྐད་ཅིག་ཀྱང་ཆོས་ཕྱི་བཤོལ་དུ་བཞག་ནས་ཐ་མལ་དུ་སྡོད་མི་ཕོད་པ་ཞིག་དགོས་རྒྱུ་ཡིན་པས། ཚེ་མི་རྟག་པ་རྒྱུད་ལ་ཨེ་སྐྱེས་དེས་ཤེས། ལས་རྒྱུ་འབྲས་ལ། སྤྱིར་འཁོར་བ་འགྲུབ་བྱེད་ཀྱི་ལས་ལ། རྒྱུ་མི་དགེ་བ་བཅུ་དང་། དགེ་བ་ཟག་བཅས་བཅུ་དང་། བསམ་གཟུགས་ཀྱི་སྙོམས་འཇུག་རྣམས་ཏེ། དེས་འཕང་བའི་འབྲས་བུ་ངན་སོང་གསུམ་དང་། མཐོ་རིས་ཀྱི་གནས་གཉིས་སམ་གསུམ་སྟེ། འགྲོ་བ་རྒྱུད་ལྔའམ་རིས་དྲུག་ཇི་ལྟར་སྨིན་ཚུལ། རྒྱུ་དགེ་བ་དང་མི་དགེ་བའི་ལས་རེ་རེ་ལའང་འབྲས་བུ་རྣམ་སྨིན། རྒྱུ་མཐུན། བདག་པོ། བྱེད་པའི་འབྲས་བུ་བཞི་རེ་སྨིན་ཚུལ། ལས་ཀུན་ནས་སློང་བའི་བསམ་པའི་ཁྱད་པར་གྱིས། ལས་གཅིག་ཏུ་དཀར་བ་དང་། གཅིག་ཏུ་གནག་པ་སོགས་མུ་བཞི་དང་། ལྕི་ཡང་གི་ཁྱད་པར་སོགས་ཕྲ་ཞིབ་ནས་བསམ་པ་རྣམས་ཡིན་ཀྱང་། དོན་ལ་ལས་རྒྱུ་འབྲས་བསླུ་མེད་ཀྱི་ཚུལ་ལ་ངེས་ཤེས་གཏིང་ནས་འཁྲུངས་ཏེ། སྟོན་པ་ཐམས་ཅད་མཁྱེན་པའི་གསུང་ལ་ཡིད་ཆེས་ཀྱི་དད་པ་བརྟན་པས་དོན་མེད་དུ་རྩྭ་སྔོན་གཅོད་པ་དང་། ས་ལ་རི་མོ་འབྲི་བ་སོགས་མི་དགེ་བ་དང་། ལུང་མ་བསྟན་གྱི་ལས་ཕྲ་མོ་ཙམ་ཡང་ཇི་མི་སྙམ་དུ་མི་བཞག་པར་འཇིགས་པའི་སེམས་ཀྱིས་ལྡོག་པ་དང་། མིག་ཕབས་ཏེ་བལྟ་བ་དང་། ཆུ་དང་མེ་ཏོག་གིས་དཀོན་མཆོག་མཆོད་པ་དང་། སེམས་ཅན་ཉམ་ཆུང་བ་རྣམས་ལ་བྱམས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་སོགས་དགེ་བའི་ལས་ཕྲ་མོ་ཙམ་ལ་ཡང་ཇི་མི་སྙམ་དུ་མི་བཞག་པར་སྤྲོ་བའི་སེམས་ཀྱིས་འཇུག་པར་བྱེད་ན། དགེ་སྡིག་གི་ལས་རགས་པ་རྣམས་ལ་ལྟ་ཅི་སྨོས་ཏེ་སྲོག་གི་ཕྱིར་ཡང་དགེ་སྡིག་གི་འཇུག་ལྡོག་ཁྱད་དུ་མི་གསོད་པར་གུས་པས་སྒྲུབ་པ་ཞིག་དགོས་ཏེ། དེས་ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་ཨེ་ཡོད་ཤེས། འཁོར་བའི་ཉེས་དམིགས་བསམ་པའི་ཚུལ་ལ། མ་གི་དམྱལ་བ་མནར་མེད་པའི་གནས་ནས། ཡ་གི་སྲིད་པའི་རྩེ་མོ་ཡོད་མིན་མེད་མིན་གྱི་གནས་ལ་ཐུག་གི་བར་གྱི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་གྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་ཅིང་། བྱེ་བྲག་དམྱལ་བའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་གླེན་རྨོངས་དང་བཀོལ་སྤྱོད། མིའི་སྐྱེ་རྒ་ན་འཆི། ལྷ་འཕོ་ལྟུང་དང་འདུ་བྱེད་ཀྱི་སྡུག་བསྔལ་སོགས། ཐམས་ཅད་ཀྱང་ཕུང་པོ་ལྔ་དང་བཞིའི་རང་བཞིན་ཅན་སྡུག་བསྔལ་གྱི་རྒྱུ་ལས་སྐྱེས་པ། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ། སྡུག་བསྔལ་ཉེ་བར་ལེན་པའི་རྒྱུ་དང་ལྡན་པ་སྟེ། སྡུག་བསྔལ་གྱི་སྣོད། སྡུག་བསྔལ་གྱི་ཡོ་ལང་། མེའི་དོང་དང་། སྤུ་གྲིའི་ཚལ། དུག་སྦྲུལ་གྱི་གཟེབ་བཞིན་དུ་མཐོང་ནས་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད་པ་ཡིན་ཀྱང་། མདོ་དོན་འཁོར་བའི་བདེ་འབྱོར་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་འབྲས་སུ་ཤེས་ནས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཉག་གཅིག་དོན་དུ་གཉེར་བ་ལས། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལག་ཏུ་འོང་ཡང་དང་དུ་མི་ལེན་ན། ད་ལྟའི་གནས་སྐབས་ཀྱི་བཙན་ཕྱུག་འབྱོར་གསུམ་ཕྲན་བུ་རེ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་རྣམས་ལ་ཡིད་སྨོན་རྨི་ལམ་ཙམ་དུ་ཡང་མི་བྱེད་པར་མ་ཟད་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་ཞེན་པ་གཏིང་ནས་ལྡོག་པ་ཅིག་དགོས་ཏེ། དེས་འཁོར་བའི་ཉེས་དམིགས་རྒྱུད་ལ་ཨེ་སྐྱེས་ཤེས་པ་ཡིན། མདོར་ན་ཚེ་འདིའི་ཆེ་ཐབས། ཆོས་བརྒྱད་ཀྱི་སོ་ཚིས་ཁོ་ན་ལས་སྙིང་ཐག་པ་ནས་འཆི་ཆོས་དོན་དུ་མི་གཉེར་ན་དལ་འབྱོར་རྙེད་དཀའ་མ་ཤེས་པའི་རྟགས་ཡིན། ཆོས་སྒྲུབ་འདོད་ཙམ་ཡོད་ཀྱང་སང་བྱ་གནང་བྱར་ལུས་ན་ཚེ་མི་རྟག་པར་མ་ཤེས་པའི་རྟགས་ཡིན། ཆོས་སྒྲུབ་ལོ་བྱས་ཀྱང་དགེ་སྡིག་ཕྲ་མོ་ཁྱད་དུ་བསད་ནས་ཉེས་དམིགས་ལ་མི་བསམ་པར་ངག་གི་གཏམ་དང་ལུས་ཀྱི་བྱ་བ་བྱུང་རྒྱལ་དུ་གཏོང་ན་ལས་རྒྱུ་འབྲས་མ་ཤེས་པའི་རྟགས་ཡིན། འཁོར་བ་སྤོང་བར་འདོད་ཀྱང་། ཚེ་འདིའི་བཙན་ཕྱུག་སྙན་གྲགས་ལ་ཡིད་སྨོན་འཆོར་ན་འཁོར་བའི་སྡུག་བསྔལ་མ་ཤེས་པའི་རྟགས་ཡིན། དེས་ན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ནི་ད་རེས་ལས་མི་འཐོབ། ད་རེས་ཀྱི་ལུས་རྟེན་འདི་ལ་ཆོས་ཤིག་འགྲུབ་ན་འགྲུབ། མ་འགྲུབ་ན་མི་འགྲུབ་པས་དམ་པའི་ཆོས་ཅི་འགྲུབ་ཅིག་བྱ། ཚེ་འདིའི་བྱ་བཞག་དང་སོ་ཚིས་རྣམས་ལེགས་ན་ལེགས་སུ་ཟད། ཉེས་ན་ཉེས་སུ་ཟད། ཅི་བྱུང་ན་བྱུང་སྙམ་དུ་བློ་ཕུགས་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གད་ཁུང་ལ་གཏད་ནས། ཆོས་སང་བྱ་གནང་བྱར་མི་འཇོག་པར། སྔ་དྲོ་དང་ཕྱི་དྲོ། སྲོད་དང་ནམ་ཕྱེད་ཐོ་རེངས་སོགས་ནམ་དྲན་དྲན་གྱི་དུས་སུ་ཐད་ཀ་ཐད་ཀར་སྒྲུབ་ཅིང་། དེ་ཡང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ཟིན་སྤེལ་བ་ཁོ་ན་ལས་གཞན་ན་ཆོས་སྒྲུབ་ཟེར་བ་དེ་ཅི་ཡང་མེད། དགེ་སྡིག་གི་རྩ་བ་ཡང་སེམས་འདི་ཁོ་ན་ལས་གཞན་ན་མེད་པས་སེམས་ཀྱི་ཉེས་པ་མ་དད་པ་དང་ལེ་ལོ་བརྗེད་ངེས་རྣམ་གཡེང་བདག་འཛིན་རྣམས་སྤོངས་ཤིག །དེ་དག་གི་གཉེན་པོར་དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། བདག་མེད་རྟོགས་པའི་ཤེས་རབ་རྣམས་བསྐྱེད་ཅིང་སྤེལ་བ་འདི་ཁོ་ན་ཆོས་སྒྲུབ་པ་ཡིན་ཏེ། ཐེག་པ་གསུམ་དང་རྒྱུད་སྡེ་བཞིའི་ལམ་གྱི་རིམ་པ་རྣམས་ཀྱང་དམིགས་རྣམ་གྱི་ཁྱད་པར་ཙམ་ལས་དོན་གྱི་ངོ་བོ་འདི་ཁོ་ན་ལས་གཞན་མེད་པར་ཤེས་དགོས་ཏེ། སོ་སོར་ཐར་པའི་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་བློ་ལྡོག་གི་ཆོས་བཞི་བསྒོམ་པ་འདི་ནི་སྤྱིར་གྱིས་དྲན་པ་ཉེ་བར་གཞག་པ་བཞིའི་ངོ་བོ་ཡིན་ཅིང་། དེ་ཡང་དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་གཉིས་ནི་གཙོ་བོར་ལུས་དྲན་པ་ཉེར་བཞག་དང་། འཁོར་བའི་ཉེས་དམིགས་ནི་ཚོར་བ་དྲན་པ་ཉེར་བཞག་དང་། ལས་རྒྱུ་འབྲས་ནི་སེམས་དང་ཆོས་དྲན་པ་ཉེར་བར་བཞག་པ་ཡིན་པས། ངོ་བོ་ཤེས་རབ་ཀྱི་རང་བཞིན་འཁོར་བ་སྤང་བྱ་དང་མྱང་འདས་བླང་བྱར་ཤེས་པར་བྱེད་པ་ཡིན་ནོ། །ཐར་པའི་ཕན་ཡོན་དང་། དད་པའི་རང་བཞིན། བཤེས་གཉེན་བསྟེན་པའི་ཚུལ་རྣམས་ཀྱང་དེ་དག་བསམ་པ་ལས་འབྱུང་བས་འགོག་བདེན་མངོན་དུ་བྱེད་པར་འདོད་ནས་དེའི་རྒྱུ་རྐྱེན་འཚོལ་བ་ལ་ཞུགས་པ་ཡིན་པའང་ཤེས་པར་བྱ་དགོས་སོ། །དེ་ལྟར་འཁོར་བའི་ཉེས་དམིགས་ཀྱིས་ཡིད་སྐྱོ་ནས། ཞི་བའི་དབྱིངས་སུ་ངེས་པར་འབྱུང་འདོད་ཀྱི་བསམ་པ་དང་ལྡན་པའི་གང་ཟག་དེས། ཐར་པའི་ལམ་སྟོན་དེ་ལས་གཞན་དུ་མ་དམིགས་པས་ཡིད་ཆེས་ཀྱི་དད་པས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་གུས་པས་བསྟེན་ཅིང་གདམས་ངག་གི་སྙིང་པོ་བསྡུ་བ་ལ་འབད་དགོས། དེ་ལ་བླ་མའི་གདམས་ངག་ཐམས་ཅད་ཀྱི་ཐོག་མ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་གཞི་རྟེན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ཁོ་ན་ཡིན་ཏེ། དེའི་རྒྱུ་འཇིགས་པ་དང་། དད་པ་དང་། སྙིང་རྗེ་ཆེན་པོའི་བསམ་པ་གསུམ་དང་ལྡན་པ་ཞིག་གལ་ཆེ། དེ་ལས་གཞན་དུ་རྒྱུ་མཚན་ཅི་ཡང་མེད་པའི་སྐྱབས་འགྲོའི་ཚིག་མང་དུ་བརྗོད་པ་ནི་ཡུལ་གྱི་སྟོབས་ལས་ནམ་ཞིག་ན་ཐར་བའི་རིང་རྒྱུར་འགྲོ་བ་ཙམ་ལས། དངོས་སུ་ལམ་གྱི་མངོན་རྟོགས་སྐྱེ་བའི་རྟེན་གྱི་སྐྱབས་འགྲོ་མཚན་ཉིད་པ་ནི་མིན་ནོ། །རྒྱུ་མཚན་དེའི་ཕྱིར་གང་ལ་འཇིགས་པའི་ཡུལ་སྤྱིར་འཁོར་བའི་སྡུག་བསྔལ་མཐའ་དག་དང་། དེའི་རྩ་བ་སྐྱེ་འཆི་གཉིས། དེ་གཉིས་ཀྱི་རྒྱུ་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དང་། སྙིང་རྗེ་དང་བྲལ་བའི་སྟོང་པ་ཉིད་འབའ་ཞིག་ལ་གོམས་པས། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་ཚད་མེད་པ་ལས་ཉམས་པའི་ཞི་བ་ཕྱོགས་གཅིག་པ་ཆད་པའི་མྱང་འདས་ཀྱི་གཡང་ས་མི་ཟད་པ་དང་། གནས་སྐབས་ལམ་གྱི་མི་མཐུན་ཕྱོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མཐའ་དག་དང་བཅས་གསུམ་པོ་དེ་ལ། དགྲ་ལྟ་བུ་དང་། གཡངས་ལྟ་བུ་དང་། དུག་ལྟ་བུའི་འདུ་ཤེས་ཉེ་བར་བཞག་སྟེ། དེ་རྣམས་ཀྱི་འཇིགས་པ་ལས་སྐྱོབ་པའི་ཕྱིར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པར་གཟིགས་པའི་མཁྱེན་པ་ཕུན་སུམ་ཚོགས་པ་དང་། སེམས་ཅན་མཐའ་དག་ལ་བརྩེ་བའི་ཐུགས་རྗེ་ཆེན་པོས་ཉིན་ལན་གསུམ་མཚན་ལན་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྟག་པར་གཟིགས་ཏེ། སུ་ནི་འཕེལ་སུ་ནི་འགྲིབ། སུ་ནི་འཁོར་བ་དང་ངན་སོང་དུ་གཞོལ། སུ་ཞིག་གི་སུག་པ་ནས་དྲངས་ཏེ་ལྷ་དང་མིའི་གོ་འཕང་ལ་ནི་བཞག །སུ་ཞིག་ནི་མྱ་ངན་ལས་འདས་པའི་གནས་ལ་འགོད་ཅེས་དགོངས་པའི་བརྩེ་བ་ཕུན་སུམ་ཚོགས་པ་དང་། རང་ཉིད་དད་པ་དང་ལྡན་ཅིང་སྣོད་དུ་གྱུར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཀུན་ཏུ་ཐོགས་པ་མེད་པའི་རྫུ་འཕྲུལ་དང་ལྡན་པ་ཡིན་ཏེ། དུས་སྐད་ཅིག་མ་གཅིག་ལའང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་མང་པོར་གཤེགས་ཤིང་སྐུ་གསུང་ཐུགས་སྣ་ཚོགས་པར་སྟོན་པའི་སྒོ་ནས་འདུལ་བྱེད་ཀྱི་ཐབས་ལ་མཁས་པ་སྟོང་གིས་སེམས་ཅན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཅིག་ཆར་དུ་གྲོལ་བར་བྱེད་པའི་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་པས་སྐྱབས་སུ་འོས་པའི་རྒྱུ་མཚན་ཤེས་ནས་སྟོན་པ་ཚད་མར་ཡིད་ཆེས་པའི་དད་པ་དང་། དེའི་ཐུགས་སུ་ཆུད་པའི་རྟོགས་པ་དམ་པའི་ཆོས་ནི་ཆགས་སོགས་ཀུན་ནས་ཉོན་མོངས་པ་མཐའ་དག་གི་གཉེན་པོར་གྱུར་ཅིང་། བྱང་ཆུབ་མཆོག་གི་རྒྱུའི་ཚོགས་སུ་ཉེ་བར་གནས་པ། གང་ཞིག་རྒྱུད་ལ་དག་པའི་རིམ་པ་ཇི་ལྟར་སྐྱེ་བ་དེ་ལྟར་འཕགས་པའི་གང་ཟག་གི་ཁྱད་པར་རྣམ་པར་འགོད་པ་དང་། དེའི་དམིགས་པར་གྱུར་པའི་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པ་རྣམས་ནི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ། སོ་སོའི་སྐྱེ་བོ་ལ་འཕགས་པའི་ཆོས་ཉེ་བར་གཏོད་པ། ཤེས་རབ་གསུམ་གྱི་མིག་སྦྱིན་པ་སྟེ། འདི་གཉིས་ནི་ལམ་གྱི་མཚན་ཉིད་ལ་མི་བསླུ་བས་སྐྱབས་སུ་འོས་པའི་རྒྱུ་མཚན་ཤེས་ནས་རང་གི་རྒྱུད་ལ་བསྐྱེད་པར་འདོད་པའི་དད་པ་དང་། འཕགས་པའི་དགེ་འདུན་རྣམས་ནི་ཆོས་ལས་སྐྱེས་པ། ཆོས་ལ་བརྟེན་པ། ཆོས་ཀྱི་བགོ་བཤའ་བྱེད་པ། ཆོས་ཀྱི་རྩ་ལག་ཏུ་གྱུར་པ་སྟེ། སྟོན་པས་གསུངས་པའི་ཆོས་རྣམས་བདག་ཅག་གི་རྒྱུད་ལ་སྦྱོར་བའང་འདི་དག་ལ་རག་ལས་ཤིང་། གང་འདི་རྣམས་དང་ལྷན་ཅིག་ཏུ་འགྲོགས་ཤིང་། སྤྱོད་པ་དང་། ཚུལ་ཁྲིམས་དང་། འཚོ་བ་དང་། ལྟ་བ་རྣམས་མཐུན་པར་སྤྱད་པ་དེ་དག་ནི། ཆབ་ལ་གནས་པའི་ཨུཏྤལ་བཞིན་དུ་དགེ་བའི་ཆོས་རྣམས་འཕེལ་བ་དང་། རྒྱས་པ་དང་། ཡངས་པར་འགྱུར་བས་ན་ཐར་པ་སྒྲུབ་པའི་ལམ་གྱི་གྲོགས་སུ་མི་བསླུ་བའི་མཚན་ཉིད་དང་ལྡན་པས་སྐྱབས་སུ་འོས་པའི་རྒྱུ་མཚན་ཤེས་ནས་ཡིད་དང་བའི་དད་བ་དང་ལྡན་པས། རང་གཅིག་པུའི་ཆེད་དུ་མ་ཡིན་པར་ཚེ་རབས་དུ་མར་དྲིན་ཆེན་པོས་བསྐྱངས་པའི་མ་རྒན་སེམས་ཅན་ཐམས་ཅད་འཁོར་བའི་གཅོང་རོང་ན་སྡུག་བསྔལ་གསུམ་གྱི་གཡང་ས་ལ་ལྷུང་སྟེ་ཉམས་ཐག་པར་ཡོད་པ་རྣམས་སྙིང་ཁོང་དུ་བཅངས་ཏེ། དེ་རྣམས་འཁོར་བའི་སྡུག་བསྔལ་ལས་འདོན་པར་འདོད་པའི་སྙིང་རྗེ་ཆེན་པོའི་བློ་མངོན་སུམ་དུ་བྱས་ཏེ། ཚོགས་ཞིང་སྤྱི་ལྟར་གསལ་གདབ་པའི་མདུན་དུ་སྐྱབས་སུ་འགྲོ་བར་བྱའོ། །སྐྱབས་སུ་འགྲོ་བའི་ངོ་བོ་ནི་ཁས་ལེན་པའི་དོན་ཅན་ཡིན་པས། རྫོགས་པའི་སངས་རྒྱས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དེ་ཉིད་གནས་སྐབས་སུ་སྟོན་པར་ཁས་བླངས་ཏེ་སྟོན་པ་འདི་ལས་གཞན་དུ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ། །སྟོན་པ་དེ་ཉིད་མཐར་ཐུག་གི་བསྒྲུབ་བྱར་ཁས་བླངས་ཏེ་འབྲས་བུ་དེ་ལས་གཞན་དོན་དུ་མི་གཉེར་བར་དམ་བཅས་པ་འབྲས་བུའི་སྐྱབས་འགྲོ། དེས་མཚོན་ཏེ། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་གཉིས་ཀྱང་གནས་སྐབས་སུ་ལམ་དང་གྲོགས་སུ་ཁས་བླངས་ཏེ་དེ་དང་དེ་ལས་གཞན་པའི་ལམ་དང་གྲོགས་ལ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ་དང་། དེ་གཉིས་མཐར་ཐུག་རང་རྒྱུད་ལ་བསྒྲུབ་བྱར་ཁས་བླངས་ཏེ་རྟོགས་པ་དམ་པའི་ཆོས་རང་གི་ཁོང་དུ་ཆུད་པར་བྱས་ནས། རྒྱུ་མཐུན་ལུང་གི་ཆོས་ཀྱི་འཁོར་ལོ་གཞན་རྒྱུད་ལ་བསྐོར་ཏེ་འཕགས་པའི་ཚོགས་རྣམ་པར་བཞག་ནས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོར་ཤེས་པར་བྱའོ། །དེ་ལྟར་སྐྱབས་སུ་འགྲོ་བའི་རྒྱུ་དང་ངོ་བོ་འདི་དག་ལ་ངེས་ཤེས་ལེགས་པར་འཁྲུངས་པས། སྐྱབས་འགྲོ་ལམ་ཐམས་ཅད་ཀྱི་འཇུག་སྒོ་དང་གཞི་རྟེན་ཡིན་པ། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ། སྐྱབས་འགྲོའི་དགག་སྒྲུབ་ཀྱི་བསླབ་བྱ་རྣམས་ལ་ཡང་གོ་བ་ཆེན་པོ་རེ་རྙེད་རྒྱུ་ཡོད་དོ། །དེ་ཡན་ཆད་ཀྱིས་ནི་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་པའི་ལམ་གྱི་རིམ་པ་རྣམས་སོང་བ་ཡིན་ཏེ། སྐྱེས་བུ་ཆུང་ངུའི་ལམ་པ་རྣམས་ཀྱིས་ནི། རྙེད་དཀའི་དལ་རྟེན་ཡུན་རིང་དུ་མི་གནས་པར་ཤེས་ནས་ཚེ་འདིའི་བྱ་བ་རྒྱབ་ཏུ་བསྐྱུར་ཏེ། ངན་སོང་གི་ཉེས་དམིགས་ཀྱིས་འཇིགས་ནས་བདེ་འགྲོའི་རྟེན་མཆོག་རྙེད་པའི་དོན་དུ་དེ་དག་གི་རྒྱུ་འབྲས་ལ་བླང་དོར་བྱེད་པའི་རྟེན་དུ་སྐྱབས་འགྲོ་ལྷུར་ལེན་པའོ། །སྐྱེས་བུ་འབྲིང་གི་ལམ་པ་རྣམས་ནི། རྙེད་དཀའི་དལ་རྟེན་རིང་དུ་མི་གནས་པར་ཤེས་ནས་ཚེ་འདིའི་བྱ་བ་རྒྱབ་ཏུ་དོར་ཏེ། འཁོར་བ་མཐའ་དག་གི་ཉེས་དམིགས་ཀྱིས་འཇིགས་ནས། ཞི་བ་དམ་པའི་གོ་འཕང་དོན་དུ་གཉེར་ཏེ། དེ་གཉིས་ཀྱི་རྒྱུ་འབྲས་ལ་བླང་དོར་བྱེད་པའི་རྟེན་དུ་སྐྱབས་འགྲོ་ལྷུར་ལེན་པའོ། །ཅི་སྐྱེས་བུ་ཆུང་འབྲིང་གི་ལམ་གྱི་མངོན་རྟོགས་མཐའ་དག་སྐྱབས་སུ་འགྲོ་བ་ཁོ་ནས་བསྡུས་སམ་ཞེ་ན། དེ་ནི་ལེགས་པར་བསྡུས་པ་ཡིན་ཏེ། སངས་རྒྱས་ཀྱི་རྗེས་སུ་ཞུགས་ནས་ཁྱིམ་པའམ་རབ་ཏུ་བྱུང་བའི་རྟེན་ཅན་གྱི་སོ་སོར་ཐར་པའི་སྡོམ་ཁྲིམས་གང་རིགས་བླངས་ཏེ། དེའི་བཀའ་ལས་མི་འདའ་བ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའོ། །དགེ་འདུན་ལ་གུས་པས་བསྙེན་བཀུར་བྱེད་པའམ་རང་ཉིད་དགེ་འདུན་གྱི་གྲལ་དུ་ཞུགས་ཏེ་ལྟ་སྤྱོད་ཚུལ་ཁྲིམས་འཚོ་བ་སོགས་ལ་མཐུན་པར་སློབ་པ་ནི་དགེ་འདུན་ལ་སྐྱབས་སུ་སོང་བའོ། །རྒྱུ་འབྲས་ལ་ཡིད་ཆེས་པའི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བས། དགེ་བཅུ་བསམ་གཟུགས་ཚད་མེད་སོགས་དང་། བདེན་པ་བཞི་ལ་འཇུག་ལྡོག་བྱ་བའི་རིམ་པ་རྣམས་ནི་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །རང་རང་གི་གྲུབ་པའི་འབྲས་བུ་དོན་དུ་གཉེར་ཞིང་མངོན་དུ་བྱས་པ་དག་ནི་རང་རང་གི་འབྲས་བུའི་སྐྱབས་འགྲོ་དང་སྐྱབས་སུ་འགྲོ་བ་མཐར་ཕྱིན་པའོ། །དེ་ལྟར་མཐོ་རིས་དང་ཐར་པའི་ལམ་དུ་འགྲོ་བར་བྱེད་པ་ནི་སྐྱབས་འགྲོ་ཡིན་ལ། ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་བར་བྱེད་པ་ནི། སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་ཐུན་མོང་མ་ཡིན་པ་བྱང་ཆུབ་མཆོག་གི་སེམས་རིན་པོ་ཆེ་བསྐྱེད་པ་འདི་ཉིད་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ནི་སློབ་པ་ལམ་གྱི་གནས་སྐབས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ལ་གནས་ནས། སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ནི་སྦྱོང་བར་བྱེད། སེམས་ཅན་གྱི་ཁམས་རྒྱ་མཚོ་ནི་སྨིན་པར་བྱེད། བླ་ན་མེད་པའི་ཆོས་ཀྱི་སྐུའི་དགེ་བའི་རྩ་བ་རྒྱ་མཚོ་ནི་ཡོངས་སུ་རྫོགས་པར་བྱེད་པའི་སྤྱོད་པ་རླབས་པོ་ཆེའི་གཞི་དང་རྟེན་དུ་གྱུར་ཅིང་། མཐར་ཐུག་འབྲས་བུའི་གནས་སྐབས་ན་སྲིད་པའི་འཁོར་ལོ་མ་ཟད་ཀྱི་བར་དུ་ཕན་པ་དང་བདེ་བའི་འབྲས་བུ་ཟད་མི་ཤེས་པར་འཕེན་པའི་རྒྱུ་དང་རྐྱེན་ཉིད་དུ་ཉེ་བར་གནས་པ་ཡིན་པས་རྒྱུ་དང་འབྲས་བུའི་ཐེག་པ་གང་ལ་ཞུགས་ཀྱང་མེད་དུ་མི་རུང་བའི་ལམ་གྱི་སྲོག་རྩ་མི་གནས་པའི་མྱ་ངན་ལས་འདས་པའི་ས་བོན་གྲུང་པོ་ཡིན། དེའི་ངོ་བོ་ནི་སྙིང་ཐག་པ་ནས་རང་འདོད་ཀྱི་བསམ་པ་སྤུའི་རྩེ་མོ་ཙམ་ཡང་མེད་པར། གཞན་སེམས་ཅན་རྣམས་ཁོ་ནའི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕོང་ཐོབ་པར་འདོད་པ་ཞིག་ཡིན་ཏེ། དེ་ཡང་སྙིང་རྗེ་ཆེན་པོའི་རྩ་བ་ཅན། སྙིང་རྗེའི་རྒྱུ་ལས་བྱུང་བ། སྙིང་རྗེའི་རྗེས་སུ་འགྲོ་བ། སྙིང་རྗེ་ལ་རག་ལས་པ། སྙིང་རྗེས་ཁྱད་པར་དུ་བྱེད་པ་ཞིག་ཡིན་པས་བྱང་ཆུབ་སེམས་རྒྱུད་ལ་བསྐྱེད་པར་འདོད་པས་གཞན་ཐམས་ཅད་བཞག་སྟེ་སྙིང་རྗེ་འབའ་ཞིག་ལ་རྣལ་འབྱོར་དུ་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བའི་རྣམ་པ་ཅན་གྱི་བྱམས་པ་ལས་སྐྱེ་ཞིང་། དེ་ཡང་མར་ཤེས་ཤིང་དྲིན་དྲན་པ་ལས་སྐྱེ་བས། སེམས་ཅན་ཐམས་ཅད་མར་གྱུར་པའི་ཚུལ་དང་དེ་དག་དྲིན་ཆེ་བའི་ཚུལ་ལ་བསམ་པར་བྱའོ། །དེ་ལ་ཐོག་མར་སྐྱེ་སླ་ཞིང་སེམས་སྙི་བའི་ཕྱིར། ད་ལྟའི་མ་ལས་བརྩམ་པར་བྱ་སྟེ། རང་གི་མ་རྒན་དེ་ཉིད་ཀྱི་བྱད་དབྱིབས་ལུས་ངག་སྤྱོད་ལམ་གྱི་རྣམ་འགྱུར་རྣམས་ལེགས་པར་ཡིད་ཡུལ་དུ་བསམ་སྟེ། ག་རེ་ང་ད་ལྟ་ལུས་ཀྱི་ལང་ཚོ་དར། སེམས་ཀྱི་བླ་ཤེད་རྫོགས། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། དགེ་སྡིག་གི་བླང་དོར་ཤེས། དམ་པའི་ཆོས་རྣམ་དག་སྒྲུབ་རྒྱུ་ཡོད་པ་འདི། ང་རང་ཕོ་རྒོད་ནས་མིན། བློ་རྒྱ་ཆེ་ནས་མིན། གཞན་གྱིས་གྲོགས་བྱས་ནས་མིན། སྟེས་དབང་གིས་བྱུང་བ་མིན། འདི་རྣམས་སུའི་དྲིན་ལས་བྱུང་ན། ཨ་མ་རྒན་མོ་དྲིན་ཆེན་མ་འདིའི་དྲིན་ལས་བྱུང་བ་ཡིན་འདུག །སྙིང་རེ་རྗེ་དྲིན་ཆེན་གྱི་ཨ་མ་ད་ལྟ་གཤེད་ན་ཅི་ཞིག་བྱེད་ཀྱིན་ཡོད་ཨང་། ང་དང་པོ་ལྟོ་བར་བཟུང་ནས། ཤ་ཁྲག་གི་དྭངས་མས་གསོས། དེ་ནས་ཕྱི་རོལ་དུ་བཙས་དུས་མི་གཙང་བའི་ནང་གི་སྲིན་བུ་བཞིན་ཉམས་ཆུང་བ། སྐྱུག་བྲོ་བ། རྐང་པས་ལུས་མི་ཐེག །རྐེས་མགོ་མི་ཐེག་པར་ཉར་རེ་ཉོར་རེ། ཤི་ལ་ཁད་པ་ཞིག་ཡོད་པ་དེ་ཨ་མས་པང་དུ་བླང་། སོར་མོ་བཅུའི་བར་དུ་བཟུང་། མི་གཙང་བ་ལག་པས་ཕྱིས། བྱམས་པའི་མིག་གིས་བལྟས། སྙན་པའི་ངག་གིས་བོས། སྐན་མར་ལྕེས་བྱིན། ལུས་ཀྱི་དྲོད་ལ་བཅར། ཉིན་མོ་ལྟོ་མི་དྲན་མཚན་མོ་གཉིད་མི་དྲན་པར་བསམ་རྒྱུ་དང་དྲན་རྒྱུ་ང་རང་ལས་མེད་པ་ཞིག་བྱས། ཨ་ཙ་མ་སྙིང་རེ་རྗེ། ང་རང་ན་བ་ལས་མོ་རང་ཤི་ན་དགའ། ང་ཅུང་ཟད་དགོད་པ་དང་སྨྲ་བ་བྱེད་ནུས་པའི་ཚེ། མོས་སངས་རྒྱས་ཐོབ་པ་ཙམ་གྱི་དགའ་སྤྲོ་བྱེད། འདི་ལ་ཨ་ཕ་གྱིས། ང་ལ་ཨ་མ་གྱིས། འདི་ལ་ཆེ་གེ་མོ་གྱིས། འདི་ལ་མ་མིང་ག་གེ་མོ་གྱིས། ཞེས་འཇིག་རྟེན་གྱི་བརྗོད་པ་ཐམས་ཅད་རེ་རེ་ནས་སློབ། ཅུང་ཟད་ལང་ཐུབ་པ་ཙམ་ནས་ལག་མགོ་ནས་འཐེན་ཏེ་ལྡང་ལུགས་སློབ། ལུས་གྱི་རེག་བྱས་གཡོགས། ནུ་ཞོས་གསོས། ཟས་གྲང་མོ་ལག་པས་སྲོ། ཚ་མོ་ལ་ཕུས་འདེབས། ཅུང་ཟད་ནར་སོན་ནས་ཟས་གང་ཞིམ་དང་གང་མངར། གོས་གང་འཇམ་དང་གང་མཛེས་ཐམས་ཅད་ཕངས་སེམས་མེད་པར་བྱིན། ཉིན་གཅིག་གི་ལམ་ལ་སོང་དུས་དེ་ཉིན་བློ་མི་བདེ། དུས་དང་རྣམ་པ་ཐམས་ཅད་དུ། ན་ཡིས་དོགས། འཆི་ཡིས་དོགས། མི་སྙན་པར་གྲགས་ཀྱིས་དོགས། ངའི་ཆེད་དུ་སྡིག་སྡུག་གཏམ་ངན་ཐམས་ཅད་ལ་མ་འཛེམས་པར་མི་དང་འཛིང་། ཁྱི་དང་རྩོད་ནས་བསྐྱང་བསྐྱངས་པ་ཡིན་པས་དེ་ལས་དྲིན་ཆེ་བ་སུ་ཞིག་ཡོད། ངའི་ཆེད་དུ་བསགས་པའི་སྡིག་པ་དེ་ཁོ་ནས་ཀྱང་མ་རྒན་མོ་དེ་ནི་ངན་སོང་གི་གནས་ནས་ནམ་ཡང་ཐར་མི་ནུས་པར་སོང་བ་ཡིན་ཏེ། མ་ཤི་བར་ཡོད་ན་ནི། ད་དུང་ཡང་ངའི་དོན་དུ་རེ་དོགས་ཀྱི་བསམ་བློ་མང་པོ་བཏང་ནས་ཐ་ན་རྨི་ལམ་ཚུན་ཆད་དུ་འཁྲུལ་སྣང་དང་སྡུག་བསྔལ་གྱི་དྲ་བར་ཚུད་ནས་ཡོད། ཤི་བར་གྱུར་ན་ནི་ལས་ངན་གྱིས་རྒྱུ་བྱས། རྐྱེན་ངན་གྱིས་མཚམས་སྦྱར་ནས། ད་ལྟ་ཡང་ན་ནི་དམྱལ་བའི་གནས་སུ་སྐྱེས་ཏེ། ལྕགས་སྲེག་གི་ས་གཞི་དང་མཚོན་ཆའི་ཚལ་ན་ལས་ཀྱིས་བསྐྱེད་པའི་དམྱལ་སྲུང་དང་། གཅན་གཟན་དང་བྱ་དང་ཁྱི་གཏུམ་པོ་མང་པོས་འཇིགས་པའི་རྣམ་འགྱུར་དང་བཅས་པས་གསོད་གཏུབ་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་བ་དང་། ཡང་ན་ནི་གྲང་བའི་དམྱལ་བ་ཁ་བ་དང་འཁྱག་པའི་ཁྲོད་ན། ལུས་ལ་བགོ་བའི་གོས་ནི་ལྷན་པོ་ཙམ་ཡང་མེད། གབ་པའི་སྐྱིབ་དང་འབྲོས་པའི་གནས་ནི་མེད། ཤིན་ཏུ་གྲང་བའི་རླུང་དང་ལྷགས་པའི་སྒྲ་འུར་འུར་སྒྲོག་ཞིང་ལུས་ལ་གཏབ་པས་ཆུ་བུར་ནི་རྡོལ། པགས་པ་ནི་གས། ཤའུ་ནི་ཐོན། སོ་ནི་འཐམ། སྐད་ནི་མི་ཐོན། ཨ་ཆུ་དང་ཀྱི་ཧུད་ཀྱི་སྒྲ་མི་གསལ་བར་འདོན་བཞིན་ཏུ་ཡོད་དམ། ཡང་ན་ནི་ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་འཁྱག་ལྟོག་སྐོམ་གསུམ་གྱི་སྣང་བ་བསམ་པ་ནི་ཤར། ཟས་དང་སྐོམ་ནི་ལོ་གྲངས་ལྔ་བརྒྱ་རེ་ཙམ་དུ་སྒྲ་ཡང་མི་གྲགས། ཉིན་མཚན་ཀུན་ཏུ་ཟས་སྐོམ་ཡིད་ལ་བཏགས་ནས་རྒྱུ་རྒྱུ་ཞིང་ཤ་ཐང་ཆད་པར་བཙལ་ཡང་། ངན་སྐྱུག་དང་ཕྱི་ས་ཙམ་ཡང་མི་རྙེད། ཅུང་ཟད་ཙམ་རྙེད་སྲིད་ནའང་གཞན་གྱིས་འཕྲོག་པ་དང་། ཁོང་དུ་སོང་བས་ལུས་མེ་རུ་འབར་ཞིང་འཚིག་པ་སོགས་ཀྱིས་སྡུག་བསྔལ་ཞིང་ཡོད་དམ། ཡང་ན་དུད་འགྲོའི་གནས་སུ་སྐྱེས་ནས། གཅིག་གིས་གཅིག་ཟ་བའམ། མི་བཟོད་བཞིན་དུ་ཁལ་འགེལ་བ། རྨོས་རྨོ་བ། ལུས་ཀྱི་སྤུ་བཏོག་ཅིང་ཁྲག་འབྱིན་པ། ད་ལྟ་གསོད་ཀྱང་མིག་སྔོ་ཅེ་རེར་བལྟས་ནས་སྡོད་པ་ལས་ཐབས་གཞན་མེད། གླེན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་ཉམས་སུ་མྱོང་ནས་བསྡད་ཡོད་དམ་སྙམ་དུ་བསམ་ཞིང་དེའི་སྡུག་བསྔལ་བློ་ཐོག་ཏུ་བླངས་ནས། ཨེ་མ་འདིའི་སྡུག་བསྔལ་རྒྱུ་དང་བཅས་པ་ད་ལྟ་ཉིད་དུ་བདག་ལ་སྨིན་ནས་འདི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདག་གི་བདེ་བ་རྒྱུ་དང་བཅས་པ་འདི་ལ་སྨིན་ནས་འདི་བདེ་བ་དང་ལྡན་པར་གྱུར་ཅིག དེ་ལྟར་འགྱུར་བར་བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས་ཤིག་སྙམ་དུ་ཞེ་ཐག་པ་ནས་བསམ། དེ་ནས་འདི་ལྟར་བསམ་སྟེ། ག་རེ་ཡིད་སྨོན་འབའ་ཞིག་བསྒོམ་པས་ཅི་ཕན། ད་ལྟ་ནི་ངས་མ་རྒན་འདི་ལ་ཅུང་ཟད་ཞིག་ཕན་འདོགས་པའི་ནུས་པ་མི་འདུག །གང་དུ་སྐྱེས་ཡོད་པ་ཙམ་ཡང་མི་ཤེས། དམྱལ་བའི་ཚ་གྲང་ལ་རླུང་སིལ་བུ་ཙམ་དང་། དྲོད་མེ་སྟག་ཙམ་ཞིག་གིས་ཕན་འདོགས་ཀྱང་མི་ནུས། ཡི་དྭགས་ཀྱི་བཀྲེས་སྐོམ་ལ་ཟན་ཆང་བ་གང་ངམ་ཆུ་ཐིག་པ་ཙམ་ཞིག་ཀྱང་སྐྱེལ་མི་ནུས། དུད་འགྲོར་སྐྱེས་པ་ལ་འཇིགས་པ་ལས་སྐྱོབ་པ་དང་ཅུང་ཟད་ཙམ་གྱི་ངལ་བསོ་བ་ཡང་སྦྱིན་མི་ནུས་ན་ཅི་བྱེད། དེ་བས་ན་འཁོར་བའི་འཇིགས་པ་མཐའ་དག་ལས་སྐྱོབ་པའི་ནུས་པ་ཕུན་སུམ་ཚོགས་པ་མངའ་བ་དེ་རྫོགས་པའི་སངས་རྒྱས་ཡིན་འདུག་པས། མ་རྒན་འདི་རྣམས་སྡུག་བསྔལ་མཐའ་དག་ལས་སྐྱབས་པའི་ཆེད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་སྙིང་ཐག་པ་ནས་བསམ། དེ་ལྟར་ཚེ་འདིའི་མ་ལ་དམིགས་ནས་སྙིང་རྗེ་དང་བྱང་སེམས་ཅུང་ཟད་རེ་སྐྱེ་བར་འདུག་ན། དེ་ནས་ཕ་དང་མེས་པོ། སྲིང་མོ་དང་ཨ་ནེ་སོགས་ཉེ་དུ་དང་བར་མ་རྣམས་ལ་དེ་བཞིན་ཏུ་བསམ། དེ་ནས་རང་གི་ཡིད་དུ་མི་འོང་བའི་དགྲ་ལ་ཡང་དེ་བཞིན་ཏུ་བསམ་སྟེ། ག་རེ་ད་ལྟ་ངས་དགྲ་ཡིན་པར་བཟུང་ནས་ཞེ་སྡང་ཁོང་ཁྲོ་བསྐྱེད་པའི་ཡུལ་འདི་ཡང་ཚེ་རབས་སྔ་མ་རྣམས་སུ་མ་བྱས་པའི་གྲངས་ཀྱང་མི་ཆོད། དེ་ལྟར་མ་བྱས་པའི་གནས་སྐབས་སུ་ད་ལྟའི་མ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པར་དྲིན་ཆེན་པོ་དེ་དང་འདྲ་བས་བསྐྱང་བསྐྱངས་པ་ཡིན། ད་ལྟ་སྐྱེ་བ་སྔ་ཕྱི་བརྗེས་ནས་ངོ་མ་ཤེས་པ་དང་། ཚེ་རབས་མང་པོའི་དྲིན་ལན་དང་ལན་ཆགས་མ་འཁོར་བའི་རྐྱེན་གྱིས་ད་ལྟ་དགྲ་ལྟར་སྣང་བ་ཡིན། ཁོས་དེ་ལྟར་ཡིན་པ་མི་ཤེས་པ་ཡིན་ཀྱང་། བདག་གིས་རྒྱལ་བའི་བཀའ་དང་བླ་མའི་མན་ངག་ཐོས་ནས་རྒྱུ་མཚན་ཤེས་བཞིན་ཚེ་རབས་གྲངས་མེད་པའི་མ་རྒན་ལ་དགྲར་བལྟས་ནས་ཅི་གནོད་བྱེད་པ་ང་རེ་ཞན། མཚང་རེ་ཆེ། ང་ལས་ཁྲེལ་མེད་ཚབས་ཆེ་བ་གཞན་སུ་ཞིག་ཡོད་སྙམ་རང་གིས་རང་ལ་ཞེ་ཁྲེལ་བདས་ནས། དགྲ་དེ་ལ་མའི་བློ་བཞག་སྟེ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྔར་བཞིན་བསྒོམ། དེ་ལྟར་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ཁྱད་པར་མེད་པར་ད་ལྟའི་མ་རྒན་ལྟ་བུའི་རང་བཞིན་དུ་སེམས་སྙོམ་པར་བྱས་ནས་དེ་ལྟར་སེམས་ཅན་བརྒྱ་སྟོང་གྲངས་མེད་པ་མཐར་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་དེ་ལྟར་བསྒོམ་ནས་དེ་ལ་བློ་ལེགས་པར་འབྱོང་བ་དང་། དེ་ནས་སློབ་དཔོན་དང་རྒྱལ་བ་སྲས་ཀྱི་སྤྱན་སྔར་བྱང་ཆུབ་ཀྱི་སེམས་ཆོ་ག་བཞིན་དུ་བསྐྱེད་པར་བྱའོ། །དེ་ནས་བརྩམས་སྟེ་བྱང་ཆུབ་སེམས་གྱི་བསླབ་བྱ། བདག་གཞན་མཉམ་བ། བརྗེ་བ། བདག་བས་གཞན་གཅེས་རྣམས་ལ་ཁ་ཙམ་མིན་པར་སྦྱངས་ནས། རང་དོན་ཡིད་བྱེད་ཀྱི་བསམ་པ་ལ་དགྲར་བལྟས་ཏེ། ཉིན་མཚན་དུས་དྲུག་ཏུ། སེམས་བསྐྱེད་པ། བསླབ་པ་བཟུང་བ། ཉེས་ལྟུང་བཤགས་པ་སོགས་ཀྱི་སྒོ་ནས་རང་གི་ལྷག་པའི་བསམ་པ་རིན་པོ་ཆེ་ཡང་ནས་ཡང་དུ་སྦྱོང་བར་བྱེད་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་མཐིལ་སོ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཟུང་ནས་དེའི་སྤྱོད་པ་ཟབ་མོ་ལྟ་བའི་སྤྱོད་པ་དང་། རྒྱ་ཆེན་སྤྱོད་པའི་རིམ་པ་དག་ལ་ཅི་ནུས་སུ་བསླབ་པ་ཡིན་མོད་ཀྱང་། དེའི་ནང་ནས་ཀྱང་འཕགས་པའི་ལམ་མ་ཐོབ་ཚུན་གྱི་ལས་དང་པོ་བ་མོས་པས་སྤྱོད་པའི་ལམ་གྱི་གནས་སྐབས་འདིར། སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞི་བཟུང་། སྤྱོད་པ་ཕར་ཕྱིན་དྲུག་གིས་གྲོགས་བྱས་ཏེ་གཙོ་བོར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྤྱོད་པའི་ཐབས་ཁོ་ན་ལྷུར་བླངས་ནས་འབད་པར་བྱ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་རང་དང་གཞན་གང་གི་དོན་ལ་ཡང་མཐུ་ཆུང་ཞིང་ནུས་པ་ཞན་པ། ཚུལ་བཞིན་དུ་སྒྲུབ་པར་རྔོ་མི་ཐོགས་པ་འདི་དག་ནི་སོ་སོའི་སྐྱེ་བོའི་རྒུད་པ་དང་མ་བྲལ་ཞིང་འཕགས་པའི་འབྱོར་བ་དམ་པ་མ་ཐོབ་པའི་དབང་གིས་ཡིན་ཅིང་། ཇི་སྲིད་འཕགས་པའི་འབྱོར་བ་མ་ཐོབ་པ་དེ་སྲིད་དུ་ནི། ཡོན་ཏན་བཞི་དང་ལྡན་ཅིང་ཆགས་པ་བདུན་དང་བྲལ་བའི་ཕར་ཕྱིན་མཚན་ཉིད་པ་མི་འོང་ཞིང་། དེ་མ་ཡོང་བར་རྒྱ་ཆེན་པོའི་སྤྱོད་པའང་རྗེས་མཐུན་ཙམ་ལས་མི་འོང་བས་ཐོག་མར་སོ་སོའི་སྐྱེ་བོའི་རྒུད་པ་དང་བྲལ་ཞིང་འཕགས་པའི་འབྱོར་བ་ཐོབ་པའི་ཐབས་ལ་འབད་དགོས། དེའི་ཐབས་ནི་གོང་དུ་སྨོས་པ་ལྟར་ཐབས་དང་མ་བྲལ་བའི་ཤེས་རབ་དོན་དམ་པའི་བྱང་ཆུབ་སེམས་སྦྱོང་བ་ལས་གཞན་མེད་པས་དེ་ལ་གཙོ་བོར་བྱེད་དགོས་པ་ཡིན་ནོ། །འཕགས་པའི་ལམ་མངོན་དུ་བྱས་ནས་བཟུང་སྟེ། ཟབ་མོ་ཆོས་ཉིད་ཀྱི་དོན་དང་མ་བྲལ་བའི་སྒོ་ནས། རྒྱ་ཆེན་སྤྱོད་པའི་ངོ་བོ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་གཙོ་བོར་སྤྱོད་ཅིང་སྦྱངས་སྨིན་རྫོགས་གསུམ་མཐར་ཕྱིན་པར་བྱེད་པ་ཡིན་ནོ། །དེའི་གནས་སྐབས་ན་ནི་ལས་ཀྱི་དབང་གི་སྐྱེ་འཆི་རང་མཚན་པ་མེད་པས་དེ་ལ་བརྟེན་པའི་སྡུག་བསྔལ་དག་ཀྱང་རང་མཚན་པ་མི་འབྱུང་ཞིང་། སྨོན་ལམ་དང་ཏིང་ངེ་འཛིན་རང་དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཟུང་ནས་ཇི་ལྟར་སྒྱུ་མའི་སྐྱེས་བུས་སྒྱུ་མའི་རྩེད་མོ་ལ་ལོངས་སྤྱོད་པ་བཞིན་ཏུ། འཁོར་ལོས་སྒྱུར་བའི་འབྱོར་བས་ཀྱང་དྲེགས་པར་མི་འགྱུར་ལ། ངན་སོང་གསུམ་གྱི་ཕོངས་པས་ཞུམ་པར་མི་འགྱུར་བར་རློམ་སེམས་དང་བྲལ་བའི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །དེས་ན་མོས་པས་སྤྱོད་པའི་སྐབས་སུ་ཇི་ལྟར་སྨན་ཤིང་གི་མྱུ་གུ་བསྐྱེད་ཅིང་སྲུང་བ་ལྟར་གཙོ་བོར་རང་དོན་སྤྱོད་ཀྱང་བསམ་པའི་རྒྱུ་དང་བྱེད་པའི་འབྲས་བུས་གཞན་དོན་ཁོ་ནར་འགྱུར་བ་ཡིན་ལ། འཕགས་པའི་ལམ་དུ་སྨན་ཤིང་དེ་ཉིད་ཀྱི་རྩ་བ་ལོ་འབྲས་དང་བཅས་པས་ནད་གསོ་བའི་བྱ་བ་བྱེད་པ་བཞིན་གཞི་གསུམ་གྱི་དངོས་པོ་གཏོང་བ་དང་སྤེལ་བའི་སྒོ་ནས་གཙོ་བོར་གཞན་དོན་སྤྱོད་ཀྱང་སེམས་ཅན་གྱི་ཁམས་མཐའ་ཡས་པ་བདག་གི་ལུས་སུ་བཟུང་བའི་རྣམ་གྲངས་ཀྱི་སྒོ་ནས་རང་དོན་བྱེད་པ་ཡིན་ནོ། །དེ་ལྟར་སློབ་པའི་གནས་སྐབས་ན་རང་གཞན་གྱི་དོན་ལ་ཁྱད་པར་མེད་པར་སྤྱད་པས། མི་སློབ་པའི་གནས་སྐབས་ན་དོན་གཉིས་ལྷུན་གྲུབ་ཀྱི་འབྲས་བུ་སྐུ་གཉིས་དབྱེར་མེད་པའི་མཚན་ཉིད་ཅན་མངོན་དུ་བྱེད་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོ་ཐུན་མོང་གི་ཐེག་པས་རྒྱུད་སྦྱང་བའི་སྐབས་ཀྱི་གང་གཅེས་གཅེས་རྣམས་ར་ཐོན་ལུག་ཐོན་དུ་བརྗོད་ནས། ད་ནི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་འགལ་རྐྱེན་སྒྲིབ་པ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། མཐུན་རྐྱེན་ཚོགས་གཉིས་བསགས་པ་མཎྜལ་འབུལ་བའི་རིམ་པ་དང་། ཟབ་མོའི་ལམ་གྱི་སྣོད་རུང་དུ་བྱེད་པ་ལམ་དབང་བླ་མའི་རྣལ་འབྱོར་གྱི་སྐབས་རྣམས་སུ་གཅེས་པ་ནི། ཇི་སྐད་དུ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་བ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་པ་ལྟར། དོན་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ནི། རང་གི་སྒྲིབ་སྦྱོང་ཚོགས་བསགས་གནད་དུ་སྨིན་པ་དང་། བརྒྱུད་ལྡན་གྱི་བླ་མ་ལས་བྱིན་རླབས་ཀྱི་འཕོ་བ་ཐོབ་པ་ལ་རག་ལས་པ་ཁོ་ན་ལས་ཐབས་གཞན་ཡོད་པར་མ་གསུངས། དེས་ན་རྟོག་པས་རྟོག་པ་དེད་ནས་རྟོག་པ་ཉིང་འཁྲུལ་ལ་ལྷག་མཐོང་དུ་རློམ་པ་དང་། ངོ་བོ་མ་མཐོང་བའི་མི་རྟོག་ལྟེང་པོ་ལ་སྒོམ་དུ་རེ་བ་ལས་བརྒྱ་འགྱུར་གྱིས་དགའ་བ་བསགས་སྦྱང་ལ་རེམ་པ་ཡིན། སྡིག་པ་སྦྱོང་བའི་ཐབས་མཐའ་ཡས་ཀྱང་ཟབ་པའི་མཐར་ཐུག་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན། དེ་ཡང་སྟོབས་བཞིའི་གཉེན་པོ་ལེགས་པར་ཚང་ན་མཚམས་མེད་ཀྱི་ལས་སྒྲིབ་ཀྱང་འདག་པར་ནུས་ན་ཉེས་པ་ཕྲ་མོ་དག་པ་སྨོས་ཅི་དགོས། སྟོབས་བཞི་ལས་དང་པོ་རྟེན་གྱི་སྟོབས་ནི་སེམས་བསྐྱེད་པ་དང་སྐྱབས་འགྲོ་ཡིན་ཏེ། སྔར་བཤད་པ་ལྟར་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གྱིས་ཡིད་གདུང་བའི་སྡུག་བསྔལ་མཐའ་དག་གི་རྒྱུ་སྡིག་པ་མི་བཟད་པ་ལ་འཇིགས་ཤིང་སྐྲག་ནས་སྔོན་གྱི་སྡིག་པ་ལས་ལྡོག་ཅིང་ཕྱིན་ཆད་བཀའ་ལས་མི་འདའ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སེམས་གཞན་དུ་མ་གཡེང་བར་སྙིང་པོ་ཡི་གེ་བརྒྱ་པ་འབུམ་ཕྲག་སོགས་བཟླ་ཞིང་རང་གཞན་གྱི་སྒྲིབ་བ་སྦྱོང་བའི་བདུད་རྩི་འབེབས་སྦྱོང་གི་དམིགས་པ་ལ་གནད་དུ་བསྣུན་པ་སོགས་དགེ་བའི་བྱ་བ་ལ་འཇུག་པ་མཐའ་དག་གོ །ཉེས་པ་སུན་འབྱིན་གྱི་སྟོབས་ནི་སྡིག་པའི་ལས་འབྲས་སྨིན་ཚུལ་ལ་བསམ་ནས་འགྱོད་པ་དང་། སོར་ཆུད་པའི་སྟོབས་ཕྱིན་ཆད་སྤོང་སེམས་གྱི་དམ་བཅའ་བརྟན་པ་སྟེ་བཞི་པོ་ཚང་ན་སྡིག་སྒྲིབ་སྦྱོང་བ་ལ་ཚེགས་མེད་ཅིང་། ཁ་ཙམ་གྱིས་བཤགས་པས་ནི་ཅིར་ཡང་མི་འགྱུར་བར་ཤེས་དགོས་སོ། །ཚོགས་བསགས་ཀྱི་སྐབས་སུ་ཡང་། ཞིང་དང་བསམ་པ་དངོས་པོ་གསུམ་དག་པ་གལ་ཆེ་བས། ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་དང་རྡོ་རྗེ་སློབ་དཔོན། སྙིང་རྗེའི་ཞིང་ངན་སོང་བའི་འགྲོ་བ་དང་། འཇིག་རྟེན་ན་ནད་པ་དང་དབུལ་ཕོངས་འཇིགས་སྐྲག་གིས་མནར་བ་རྣམས་ལ། བསམ་པ་ངེས་འབྱུང་སྙིང་རྗེ་དད་པ་རྣམས་ཀྱིས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པས། དངོས་པོ་སྡིག་པ་དང་ལོག་འཚོས་མ་བསྒྲུབ་པའི་རང་གི་སྒོ་གསུམ་དང་། གཅེས་པར་བཟུང་བའི་གནས་གྲོགས་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་འབུལ་ཞིང་གཏོང་ཐུབ་པ་ཞིག་སྤྱིར་དགོས་ཤིང་། གྲགས་པ་དང་ལྟར་སྣང་མཛེས་པ་ལྷུར་ལེན་པ་ལ་བསོད་ནམས་ཅི་ཡང་མི་འབྱུང་བར་ཤེས་དགོས། ཁྱད་པར་མཎྜལ་འབུལ་ཚུལ་ཁྲིད་ཡིག་ནས་བཤད་པ་བཞིན་ལག་ལེན་གཙང་ཞིང་འབྱོར་ཚོད་ཀྱི་ཡོ་བྱད་ཡོད་དགུ་རྩལ་སྤྲུག་ཏུ་འབུལ་བ་གལ་ཆེ། བླ་མའི་རྣལ་འབྱོར་ཞེས་པའང་བླ་མ་ཉིད་སངས་རྒྱས་སུ་མཐོང་བ་གཞིར་བཞག་ནས་དུས་རྒྱུན་དུ་མོས་གུས་གདུང་ཤུགས་རྒྱུན་མི་འཆད་པའི་ངང་ནས་གཟུགས་སྐུའི་རྣམ་འགྱུར་ཡིད་ལ་དྲན་བཞིན་ཐུགས་ཡིད་དབྱེར་མེད་གཉུག་མའི་རང་ཞལ་སྐྱོང་བ་ལ་དྲན་ཤེས་ཆུ་བོའི་རྒྱུན་བཞིན་སྤྱོད་ལམ་ཀུན་ཏུ་བསྟེན་ནུས་ན། ཚོགས་ཞོར་ལ་རྫོགས། བྱིན་རླབས་ཤུགས་ཀྱིས་འབྱུང་། རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དེ་ལ་བརྟེན་ནས་རྩོལ་མེད་དུ་རྒྱུད་ལ་འཆར་བ་ཡིན། དེ་ལྟར་བྱུང་ན་འོ་དོད་ཀྱིས་གསོལ་བ་མ་བཏབ་ཀྱང་ཆོག གཡོ་ཁྲམ་གྱི་ཙབ་ཙུབ་མ་མང་ཀྱང་ཆོག སྙིང་ནས་མོས་གུས་དང་། སྔགས་ཀྱི་དངོས་གྲུབ་འཐོབ་པ་ལ་སྐྱོན་ལྟར་སྣང་བའི་མཛད་སྤྱོད་རྣམས་ཀྱང་ཡོན་ཏན་དུ་མཐོང་བའི་དག་སྣང་མ་ཞིག་མེད་ན། སྐྱོན་ཡོན་སོ་སོར་བལྟ་ཞིང་གང་ཟག་བཟང་པོ་ཙམ་དུ་མཐོང་བའི་རྟོག་དཔྱོད་ནི། བྱིན་རླབས་འདྲེན་པའི་མོས་གུས་ཀྱི་ཕྱོགས་ཙམ་ཡང་ཡིན་པར་མི་འདུག ལར་དེང་སང་འགའ་རེས། སྙིང་ནས་སྔགས་ཀྱི་དངོས་གྲུབ་དོན་དུ་གཉེར་བ་ཡང་མིན། མདོ་རྒྱུད་ནས་བཤད་པ་ལྟར་བླ་མ་སངས་རྒྱས་ལས་ཀྱང་ལྷག་པར་བལྟ་དགོས་པའི་གནད་དོན་ནི་མ་གོ །ལྐོག་གྱུར་དུ་ཡིད་ངོར་ནི་ལོག་ལྟ་དང་མགུ་མཁང་བགྲང་། གཞན་ངོར་རང་ཉིད་ལ་དག་སྣང་ཅན་དུ་མཐོང་ཐབས་སམ། བླ་མ་གོ་ས་མཐོ་ཞིང་ཆེ་གྲགས་ཅན་ལ་རྣ་འཇུ་བྱས་ནས་རང་ཉིད་བཟང་བར་འདོད་ནས་དེ་ལས་སྒོམ་རྒྱུའི་གདམས་ངག་ཐོབ་པ་ཅི་ཡང་མེད་ཀྱང་དེའི་སློབ་མ་དང་ཐུགས་སྲས་ཡིན་མདོག་གི་ཁ་ཕོ་དང་། བསྟོད་ར། གསོལ་འདེབས་འུར་ཞོག །མིག་ཟིམ་ཟིམ་སྣ་ཚོགས་བྱེད་པ་སོགས་གཡོ་འཕྲུལ་ཅི་བྱས་ཀྱང་བྱིན་རླབས་འབྱུང་བའི་གོ་སྐབས་བྲལ། དེས་ན་ སེམས་ལ་གཡོ་ཟོལ་མེད་པ་དམ་ཚིག་གི་རྩ་བ། །མོས་གུས་ངོ་ལྐོག་ཐུབ་པ་དག་སྣང་གི་འཆར next hit་སྒོ་ལགས་པས། བྱིན་རླབས་འཇུག་པར་འདོད་པས་རང་previous hit སེམས་དག་སྣང་སྦྱོང་། །རྟོགས་པ་འཆར next hit་བར་འདོད་པས་རྐྱེན་ཐུབ་དད་པ་བརྟེན། །ཅི་བསམ་འགྲུབ་པར་འདོད་པས་དམ་ཚིག་ངོ་ལྐོག་སྤང་། །དེ་རྣམས་ལག་ཏུ་ཁེལ་ན་བླ་མའི་རྣལ་འབྱོར་ཡིན། །དབང་བཞི་ལེན་ལེན་མི་དགོས་རང་དབང་རང་ལས་འཐོབ། །སེམས་ལ་རང་དབང་ཐོབ་ན་འཁོར་འདས་ལྟད་མོར་ཤར། །སྲིད་ཞིའི་རང་མཚང་མཐོང་ཚེ་རེ་དོགས་ནང་ནས་ཆོད། །རེ་དོགས་བློ་དང་བྲལ་ན་དངོས་གྲུབ་རྣམ་གཉིས་འགྲུབ། །འབྲས་བུར་རེ་སྨོན་མེད་ན་གུ་ཡངས་བློ་རེ་བདེ། །ཆོས་ཟད་བློ་བདེའི་མལ་ན་ཕ་རྗེས་བུ་ཡིས་ཟིན། །གཞན་གྱིས་བྱ་བྱེད་ཟེར་བརྗོད་བྱིས་པའི་རྩེད་མོར་མཐོང་། །རིག་པ་ཡུལ་རྗེས་མི་འབྲང་སྣང་བའི་རྫུན་ཕུག་རྡིབ། །རྫུན་སྣང་སྒྱུ་མའི་རོལ་མོ་སེམས་ཀྱི་རྒྱན་དུ་ཤར། །འཆིང་དང་གྲོལ་བའི་ཐ་སྙད་ནམ་མཁའི་མདུད་པ་ཞིག །བྱ་བྲལ་ནམ་མའི་ཀློང་ན་མཉམ་རྗེས་ཆུ་མི་ཆགས། །ཡེངས་སྒོམ་འཕྲང་ལས་གྲོལ་བའི་རྣལ་འབྱོར་སོས་རེ་དལ། །འདི་བྱ་འདི་བྱེད་མེད་པའི་ཚད་མེད་སྤྱོད་ལས་འདས། །ཕྱི་ནང་གཅེར་ཉལ་ཐུབ་ན་ནམ་མཁའི་རྣལ་འབྱོར་ཡིན། །ཀུན་མཁྱེན་ཡབ་སྲས་བརྒྱུད་པའི་གྲུབ་མཐའ་བསྙེགས་པ་ཡིན། །ཆོས་མེད་ཆོས་ལས་འདས་པ་ཆོས་པའི་ཡང་རྩེ་ལགས། །ཅེས་པ་འདི་ཚོ་བླ་མའི་གསུང་དང་རང་གི་ཀུན་རྟོག་འདྲེས་མ་ཆལ་ཆོལ་ཉམས་མཚར་གྱི་ཚུལ་དུ་སྤྲང་བཙུན་པདྨ་བཛྲ་པས་བྲིས་པའོ། །དགེའོ།།


previousསྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད།next