སྒྲུབ་ཐབས་གསོ་སྦྱོང་དང་འགྲེལ་པ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་གསོལ་འདེབས་ཚད་མེད་ཐུགས་རྗེ་རྒྱུན་འབེབས།
༈ ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་གསོ་སྦྱོང་དང་འགྲེལ་པ་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་གསོལ་འདེབས་ཚད་མེད་ཐུགས་རྗེ་རྒྱུན་འབེབས་ཞེས་བྱ་བ་བཞུགས་སོ། །
ན་མོ་ལོ་ཀེ་ཤྭ་ར་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམས་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་ཆད་པའི་འཕྲིན་ལས་ཅན། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨིཎྜ་བྷོ་དྷིས་ལུང་བསྟན་འཕགས་པ་བསྒྲུབ། །ཤིང་འཕེལ་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །མཁར་ས་པཎིར་ཆོ་འཕྲུལ་ཆེན་པོ་བསྟན། །དཔལ་ལྡན་དཔལ་མོའི་ཞབས་ལ་ཕྱག་འཚལ་ལོ། །མི་བཟད་སྡུག་བསྔལ་ལམ་གྱི་གྲོགས་སུ་ཤར། །དད་པའི་སྟོབས་ཀྱི་བླ་མ་འཕགས་པར་གཟིགས། །བསྒྲུབ་ལ་བརྩོན་པས་མཆོག་གི་དངོས་གྲུབ་བརྙེས། །ཡེ་ཤེས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དཔལ་སྨྲ་བའི་སེང་གེས་ལུང་བསྟན་ནས། །ཐུགས་རྗེ་ཆེན་པོ་སྒྲུབ་པས་དངོས་གྲུབ་བརྙེས། །གནས་ལྔ་རིག་པའི་བལ་པོ་པཎྜི་ཏ། །སེ་ཉ་པའི་ཞབས་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཟུང་གི་དཀྱིལ་འཁོར་རབ་རྫོགས་ཤིང་། །སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཅན། །ཐུགས་རྗེ་ཆེན་པོ་དགེ་སློང་ཚུལ་བསྟན་པའི། །བྱང་སེམས་ཟླ་རྒྱལ་ཞབས་ལ་ཕྱག་འཚལ་ལོ། །གུས་པས་བླ་མ་དམ་པ་ཉེར་བསྟེན་ཅིང་། །བསྒྲུབ་ལ་བརྩོན་པས་དངོས་གྲུབ་མཆོག་བརྙེས་ནས། །འགྲོ་ལ་བརྩེ་བས་གཞན་དོན་ལྷུར་ལེན་པའི། །གྲུབ་ཐོབ་ཉི་ཕུག་པ་ལ་ཕྱག་འཚལ་ལོ། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །འཕགས་པའི་ནོར་བདུན་ལྡན་པ་འགྲོ་བའི་མགོན། །རྡོ་རྗེ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །སྦྱིན་པས་བསྡུས་པའི་འགྲོ་ལ་ཕར་ཕྱིན་དྲུག །སྙན་པར་སྨྲ་ནས་དེ་བཞིན་བསྒྲུབ་འཇུག་ཅིང་། །བདག་ཉིད་ཕར་ཕྱིན་དྲུག་ལ་རྗེས་འཇུག་པའི། །ཞང་སྟོན་དགྲ་འཇིག་ཞབས་ལ་ཕྱག་འཚལ་ལོ། །མཐུན་པའི་ཡུལ་གནས་སྐྱེས་བུ་དམ་པ་བསྟན། །བདག་གི་ལེགས་སྨོན་སྔོན་བསགས་བསོད་ནམས་ཅན། །འཁོར་ལོ་བཞི་དང་ལྡན་པ་ཆོས་ཀྱི་རྗེ། །བདེ་བ་ཅན་པའི་ཞབས་ལ་ཕྱག་འཚལ་ལོ། །ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་གོས་ཤིང་། །གཡེལ་བ་མེད་པར་དགེ་བའི་ཆོས་ལ་བརྩོན། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་པའི། །བྱང་སེམས་ཆུ་བཟང་ པ་ལ་ཕྱག་འཚལ་ལོ། །དགོས ་འདོན་མ་ལུས་འབྱུང་བའི་རིན་པོ་ཆེ། །གནས་ལུགས་ཇི་བཞིན་རྟོགས་པའི་ཤེས་རབ་ཅན། །ཡོན་ཏན་འབུམ་ཕྲག་དཔག་ཏུ་མེད་པའི་གཏེར། །ཆོས་རྗེ་ཤེས་རབ་འབུམ་ལ་ཕྱག་འཚལ་ལོ། །ཐོག་མེད་དུས་ནས་བྱང་ཆུབ་ཐུགས་བསྐྱེད་འབྲས། །རྫོགས་སངས་རྒྱས་ཀྱང་སྨོན་ལམ་མཐའི་གདུལ་བྱ། །འདྲེན་པའི་དེད་དཔོན་རྒྱལ་སྲས་སེམས་པའི་ཚུལ། །ཐོགས་མེད་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་གནོད་སེམས་འཚལ་ཚུལ་ཀུན་སྤངས་པ། །བློ་མཛོད་དམ་ཆོས་རིན་ཆེན་གྱིས་ཁེངས་ནས། །གདུལ་བྱའི་དབུལ་བ་སེལ་མཛད་སེམས་དཔའ་ཆེ། །ཆོས་ཀྱི་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །ཡེ་ཤེས་དོན་དམ་སེམས་ཀྱི་ནམ་མཁའ་ལ། །བསོད་ནམས་ཀུན་རྫོབ་སེམས་ཀྱི་རིན་ཆེན་སྤྲིན། །གཞན་ཕན་བདུད་རྩིའི་རྒྱུན་འཛག་སེམས་དཔའ་ཆེ། །བསོད་ནམས་རིན་ཆེན་ཞབས་ལ་ཕྱག་འཚལ་ལོ། །འབྱམས་ཀླས་བསོད་ནམས་ཀླུ་དབང་ལས་བྱུང་བའི། །ཕུན་ཚོགས་བསམ་འཕེལ་རྒྱལ་མཚན་འོད་ཀྱིས་རྟོགས། །འགྲོ་བའི་རེ་འདོད་ཡོངས་སྩལ་སེམས་དཔའ་ཆེ། །བསོད་ནམས་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །ཀུན་ཏུ་རྒྱལ་བསྟན་མང་ཐོས་གླེགས་བམ་དང་། །རབ་དགའ་མཁྱེན་པའི་རལ་གྲི་ཟླ་མེད་འཛིན། །སེམས་ཀྱི་མདུད་གྲོལ་ཕྱོགས་ཀྱི་སྤྱོད་པ་སྐྱོང་། །འཇམ་མགོན་གྲོལ་མཆོག་ཞབས་ལ་ཕྱག་འཚལ་ལོ། །ཀུན་གསལ་རྣམ་དཔྱོད་གྲུ་གཟིངས་བཟང་པོ་ཡིས། །སྡེ་སྣོད་རྒྱ་མཚོར་དགའ་བས་རབ་འཇུག་ནས། །རིམ་གཉིས་ནོར་བུའི་རྒྱལ་མཚན་འཛིན་མཁས་པ། །ཀུན་དགའ་རྒྱལ་བའི་མཚན་ལ་ཕྱག་འཚལ་ལོ། །རྒྱལ་བས་ལུང་བསྟན་ཀུན་མཁྱེན་མཆོག་དགའི་གཏེར། །སྙིང་པོའི་གསལ་འབྱེད་ཟླ་མེད་ཤིང་རྟ་ཆེ། །གྲུབ་པ་བྱེ་བས་ཕྱག་བྱས་ཏེ་ཧེ་རུ་ཀ །འཇམ་མགོན་ཀུན་དགའ་སྙིང་པོར་ཕྱག་འཚལ་ལོ། །ཀུན་ནས་མཁྱེན་སྤྱོད་མ་སྨད་ཆེ་དགའ་བས། །རྗེ་བཙུན་ཡེ་ཤེས་སྐུ་ཆེན་ཐུགས་ཀྱི་བཅུད། །ངོམ་མེད་བདུད་རྩི་རྒྱ་མཚོར་རྟག་རོལ་མཛད། །སྐྱེས་མཆོག་ཡེ་ཤེས་རྒྱ་མཚོར་ཕྱག་འཚལ་ལོ། །རྒྱལ་བ་གཉིས་པས་རྒྱལ་ཚབ་དབང་བསྐུར་ཞིང་། །ཤེས་རབ་རིན་ཆེན་གསུམ་གྱི་སྨིན་གཏོང་གི །སྐལ་ལྡན་རྒྱ་མཚོའི་ཚོགས་ཀུན་ཚིམ་མཛད་པ། །རྒྱལ་ཚབ་རིན་ཆེན་རྒྱ་མཚོར་ཕྱག་འཚལ་ལོ། །ཟབ་ལམ་སྙིང་པོའི་བསྟན་པ་འཛིན་མཛད་མགོན། །བློ་གྲོས་རྒྱ་མཚོའི་འཇིང་ལ་དབང་བསྒྱུར་ཞིང་། །རྣམ་ཀུན་རྒྱལ་བའི་སྲས་གྱུར་རྣལ་འབྱོར་གཙོ། །སྙིང་པོ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་ཀུན་ནས་དགའ་བའི་དཔལ། །རྡོ་རྗེའི་རྣལ་འབྱོར་བསྒྲུབ་པའི་འཕྲིན་ལས་རྒྱུན། །ཕྱོགས་ཀུན་རྒྱལ་མཛོད་དཔལ་ལྡན་ཆང་ལུང་པ། །ངག་དབང་འཕྲིན་ལས་དཔལ་ལ་ཕྱག་འཚལ་ལོ། །སྙིགས་དུས་འགྲོ་ལ་ཀུན་ཏུ་བཟང་པོ་ཉིད། །རྣལ་འབྱོར་དབང་པོའི་ཚུལ་དུ་བསྐུར་བསྟན་ནས། །སྙིང་པོའི་བསྟན་པས་ས་གསུམ་འགེངས་མཛད་པ། །རྗེ་བཙུན་ཀུན་བཟང་དབང་པོར་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །གཅིག་བསྡུས་གདུལ་བྱའི་འདྲེན་པ་རྡོ་རྗེ་འཛིན། །བཀའ་དྲིན་གསུམ་ལྡན་འཁོར་ལོའི་མགོན་པོ་ཆེ། །དྲིན་ཆེན་རྩ་བའི་བླ་མར་ཕྱག་འཚལ་ལོ། །མཁའ་ཁྱབ་བླ་མ་སངས་རྒྱས་སྲས་བཅས་ལ། །མཁའ་ཁམས་ཁེངས་པར་རྡུལ་སྙེད་ལུས་སྤྲུལ་ཞིང་། །མཁའ་དབྱིངས་ཀུན་བཟང་མཆོད་སྤྲིན་གྱིས་གཏིབ་བཞིན། །མཁའ་ཁྱབ་འགྲོ་ཀུན་དོན་དུ་ཕྱག་འཚལ་ལོ། །རྩ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །རྒྱལ་བ་རྒྱ་མཚོ་ཀུན་དངོས་སྤྱན་རས་གཟིགས། །དེ་ལ་བདག་གི་སྙིང་ནས་རབ་གུས་ཤིང་། །མི་ཕྱེད་དད་མོས་དང་བའི་ཡིད་བཟང་པོས། །ངག་ནས་བསྟོད་སྙན་བརྗོད་ཅིང་ལུས་བཏུད་བྱས། །སྒོ་གསུམ་དགེ་བའི་རྩ་བ་བསགས་འདི་ཡི། །བདག་སོགས་སེམས་ཅན་ཀུན་གྱི་ཐོག་མེད་ནས། །བསགས་པའི་མི་དགེ་སྡིག་སྒྲིབ་ཀུན་དག་ཅིང་། །དགེ་བའི་རྩ་བ་ཅུང་ཟད་མཆིས་ཀུན་ཡང་། །མ་ཉམས་འགྲིམ་མེད་བྱང་ཆུབ་ཆེན་པོར་འབབ། །ཀུན་ཀྱང་རྒྱལ་བའི་ལམ་བཟང་ཐེག་པ་ཚོར། །ཞུམ་མེད་དགའ་བའི་སེམས་ཀྱི་གཞོལ་བར་ཤོག །བདག་སོགས་ཚེ་རབས་ཚེ་རྒྱུད་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་དང་འཕགས་ནོར་བདུན། །རྣམ་པར་སྨིན་པའི་ཡོན་ཏན་བཟང་པོ་བརྒྱད། །མི་འབྲེལ་འཁོར་ལོ་རྟག་ཏུ་སྤྱོད་པར་ཤོག །གཞན་རྐྱེན་མ་ལྟོས་སེམས་ལ་རང་རྡོལ་གྱི། །འགྲོ་ལ་རྟག་ཏུ་སྙིང་རྗེའི་རྒྱུན་འཛག་ཅིང་། །བྱམས་པས་བུ་བཞིན་བལྟས་ནས་གཞན་ཕན་སྤྱོད། །དེ་ལ་ལྡེམ་ཀྱང་ངལ་བ་མེད་པར་ཤོག །ཁྱད་པར་དགེ་མཐུ་འདི་ཡི་ཚེ་རབས་ཀུན། །ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་མཆོག །མཚན་ལྡན་ཀུན་མཇལ་ཐུགས་ཀྱི་བརྩེ་བས་བཟུང་། །དེ་དགྱེས་ལས་ལ་རྟག་ཏུ་སྤྱོད་པར་ཤོག །ཆོས་ཀྱི་གེགས་གྱུར་ཁྲོ་འཁོན་འཛིན་པ་དམ། །ནོར་ལ་སྐམ་དང་བག་མེད་ལེ་ལོ་རྣམས། །རིང་སྤངས་དགེ་བའི་བཤེས་གྱུར་རྒྱུ་ཚོགས་ཀུན། །ཚང་ལ་མ་ཉམས་རྣམ་དག་ཉིད་ལྡན་ཤོག །སྤངས་འོས་རྣམ་རྟོག་སྤང་ཞིང་རྒྱུན་ཆད་ནུས། །འོས་རུང་དགེ་སེམས་ཀུན་འཆང་བརྟན་ཚུགས་ཤིང་། །ཉིན་མཚན་འཁོར་ཡུག་དམ་ཆོས་ཐོས་བསམ་སྒོམས། །དགེ་ལས་འཁོར་ལོ་རྒྱུན་མི་ཆད་སྤྱོད་ཤོག །སྐྱེ་ཀུན་གང་དུ་གནས་པའི་ས་ཕྱོགས་དེར། །ནད་ཉུང་གདོན་ཞི་དུག་མཚོན་སྐལ་བ་ཉམས། །མུ་གེ་མེད་པར་སྨན་འབྲུ་ཕྱུགས་འབྱོར་འཕེལ། །འགྲོ་ཀུན་མཛའ་བཤེས་བདེ་ལ་སྤྱོད་ཤོག །ཁྱད་པར་བདག་ཉིད་མཐོང་ཐོས་དྲན་རེག་གིས། །འགྲོ་བ་ཀུན་གྱི་སྡུག་བསྔལ་རྒྱུ་འབྲས་ཟད། །དྲི་མེད་ཚོགས་གསུམ་ལ་འཇུག་ཡོན་ཏན་འཕེལ། །ཀུན་ནས་ཀུན་བཟང་ཇི་འདྲ་དེ་ཐོབ་ཤོག །གནས་སྐབས་ནུབ་ཕྱོགས་ཞིང་ཁམས་བདེ་བ་ཅན། །མེ་ཏོག་པདྨའི་དབུས་སུ་བརྫུས་སྐྱེས་ཏེ། །སངས་རྒྱས་འོད་དཔག་མེད་ལ་ཆོས་ཉན་ཅིང་། །སངས་རྒྱས་མ་ལུས་མཆོད་པས་དགྱེས་བྱེད་ཤོག །མདོར་ན་འོད་དཔག་མེད་མགོན་སྤྱན་རས་གཟིགས། །གང་གི་བྱང་ཆུབ་བསྐྱེད་སྤྱོད་སྨོན་ལམ་གང་། །མདོར་ན་འོད་དཔག་མེད་མགོན་སྤྱན་རས་གཟིགས། །གང་གི་བྱང་ཆུབ་བསྐྱེད་སྤྱོད་སྨོན་ལམ་གང་། །དེ་འདྲ་ཇི་བཞིན་བདག་གི་ཉེར་འགྲུབ་ཅིང་། །དེ་ཡི་གོ་འཕང་མྱུར་ཏུ་ཐོབ་པར་ཤོག །
དེ་ལྟར་ཕྱག་འཚལ་རྒྱས་པ་དང་། འབྲིང་པོ་ནི་བཅུ་གཅིག་ཞལ་གྱི་མཆོག་གི་དཀྱུས་སུ་བསྟན་པ་གཉིས་དང་གལ་ཏེ་དེ་ཡང་མདོར་བསྡུས་པར་འདོད་ན་འདི་ལྟར་བྱ་སྟེ།
ན་མོ་ལོ་ཀེ་ཤྭ་ར་ཡ། བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་བླ་ན་མེད། །ཚེ་དང་ཡེ་ཤེས་དཔག་མེད་རྣམ་ངེས་པ། །གཟི་བརྗིད་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེས་མཁའ་ལྟར་བརྡལ་བའི་སྤྱན་རས་གཟིགས། །ཤེས་རབ་ངོ་བོ་དགེ་སློང་དཔལ་མོས་ཞབས། །གྲུབ་བརྙེས་ཟླ་བ་གཞན་དུ་ཡེ་ཤེས་ཞབས། །པེ་ཉ་པ་སྟེ་རྒྱ་བལ་པཎྜི་ཏ། །སྤྱན་རས་གཟིགས་སྤྲུལ་ཟླ་བ་རྒྱལ་བའི་མཚན། །གྲུབ་གྱུར་ཉི་ཕུག་སྤུ་སྟོན་ཞང་དགྲ་འཇིག །མཁན་ཆེན་རྩེ་འདུལ་བ་དང་བདེ་བ་ཅན། །བྱང་སེམས་ཆུ་བཟང་ཆོས་རྗེ་ཤེས་རབ་འབུམ། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་ཞབས། །སེམས་དཔའ་ཆོས་རིན་བསོད་ནམས་རིན་པོ་ཆེ། །བསོད་ནམས་རྒྱལ་མཚན་སེམས་ཀྱི་མདུད་གྲོལ་ཏེ། །མཆོག་གཉིས་ཐུགས་སྲས་ཀུན་དགའ་རྒྱལ་བའི་མཚན། །རྡོ་རྗེ་སེམས་དཔའ་དངོས་གྱུར་ཀུན་དགའ་སྙིང་། །སྐྱེས་མཆོག་ཡེ་ཤེས་རིན་ཆེན་རྒྱ་མཚོ་སྟེ། །སྙིང་པོ་བློ་གྲོས་ངག་དབང་འཕྲིན་ལས་དཔལ། །རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་ཀུན་བཟང་དབང་། །མཚུངས་མེད་རྩ་བརྒྱུད་བླ་མར་ཕྱག་འཚལ་ལོ། །བདག་གི་ཚད་མེད་བྱམས་པའི་ཆུ་རྒྱུན་གྱིས། །ཐོག་མེད་ནས་རེངས་བདག་བློའི་ཐ་རྒོད་བརླན། །ཐུགས་རྗེའི་གཤོལ་གྱིས་ཡོངས་སུ་རོལ་བྱས་ཏེ། །བྱང་ཆུབ་མཆོག་ཏུ་དགའ་བའི་ས་བོན་བསྐྲུན། །སྡང་སྲེད་ཡོངས་སྤངས་བཏང་སྙོམས་རླུང་གིས་བསྐུལ། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྨྱུ་གུ་ལ། །དོན་དམ་བྱང་ཆུབ་སེམས་ཀྱི་སྟོན་འབྲས་སྨིན། །བྱང་ཆུབ་མཆོག་གི་བདག་པོའི་མཛོད་ཁེངས་ནས། །ཕུན་ཚོགས་ཀུན་ཏུ་བཟང་པོའི་དགའ་སྟོན་གྱིས། །མཁའ་མཉམ་གདུལ་བྱའི་ཡིད་ཀྱི་དབུས་སེལ་ཞིང་། །མངོན་མཐོའི་དཔལ་འབྱོར་མཐར་ཐུག་ངེས་ལེགས་འབྲས། །འཇིག་རྟེན་དབང་ཕྱུག་གོ་འཕང་བཀོད་པར་ཤོག །
ཅེས་སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་གསོ་སྦྱོང་དང་འབྲེལ་བའི་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་རྒྱས་པའི་ཆོས་རྗེ་ཤེས་རབ་འབུམ་ཡན་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་གསུང་དང་། དེ་འཕྲོས་སུ་བླ་བརྒྱུད་ཁ་སྐོང་དང་ཕྱག་འཚལ་བསྡུས་པ་གོང་འོག་གི་སྨོན་ལམ་དང་བཅས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་རྒྱལ་ཁམས་པ་ཚེ་དབང་ནོར་བུའི་རབ་བྱུང་བཅུ་གསུམ་པའི་དཔལ་གདོང་ཆུ་བྱ་ནག་ཟླའི་ཚེས་དྲུག་ཀུན་མཁྱེན་དོལ་པོ་པའི་དུས་ཆེན་དུ་བོད་ཡུལ་སྟོད་མངའ་རིས་མང་ཡུལ་ལྗོངས་ལ་དྭགས་རྒྱལ་པོའི་ཁ་ཊྭ་ཝཾ་ལེའི་གཙུག་ལག་ཁང་འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་བརྙན་ལྷ་བཙུན་ན་ག་ར་ཛའི་ཐུགས་དམ་རྟེན་མཆོག་བཞུགས་པའི་ངོགས་སུ་བཀོད་པ་དགེའོ། །འདིའི་བརྒྱུད་པར་ཟླ་བ་གཞོན་ནུ་དང་ཡེ་ཤེས་བཟང་པོ་གཉིས་ཀ་དཔལ་མོའི་ཞབས་ལ་ཐུག་པ་ཡིན་པས་རྒྱལ་སྲས་ཆོས་རྫོང་བས་ཕྱག་འཚལ་སྐབས་ཡེ་ཤེས་བཟང་པོས་བཀོད་ཅིང་། རྒྱལ་སྲས་ཐོགས་མེད་ནས་གྲོལ་མཆོག་བར་བརྒྱུད་པའི་རྣམ་གྲངས་གཞན་ཡིན་ཡང་། རྗེ་རྡོ་རིང་བས་སེམས་པ་བསོད་ནམས་རྒྱལ་མཚན་དང་། གྲོལ་མཆོག་ཞབས་ལ་གསན་པས། སེམས་དཔའ་ཆེན་པོ་དང་ལྷན་དུ་བགྲང་བ་ཡིན་ལ། གཞན་ཡང་འདི་ལ་བརྒྱུད་པའི་རྣམ་གྲངས་ཁ་ཤས་ཡོད་པ་ཡང་ཤེས་པར་བྱའོ། །སརྦ་མངྒ་ལཾ།