སྐབས་གཉིས་པ། རིག་པ་རྩིས་ཀྱི་འཇུག་སྒོ་གྲངས་རྩིས་ཀྱི་གནས་གསལ་བར་བསྟན་པ།
དེ་ནས་གྲངས་རྩིས་བསྟན་པ་ལ། རྩ་བའི་གྲངས་དང་གནས་གཞན་ཚོགས། །མངོན་བརྗོད་གྲངས་ཀྱི་བརྡའ་ཆད་བཅས། །འདི་རུ་བཤད་བྱ། དང་པོ་ནི། དགུ་གཅིག་གཅིག་ནི་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱ་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞིན། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་ནི་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་ནི་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ །ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་ལ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། །བཞི་གཉིས་གཉིས་བཞི་བརྒྱད་རང་ཡིན། །བཞི་གསུམ་གསུམ་བཞི་བཅུ་གཉིས་སོ། །བཞི་བཞི་དག་ནི་བཅུ་དྲུག་གོ །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་དག་ལ་དགུ་ཟེར་རོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་དག་ལ་བཞི་ཞེས་གྲགས། །གཅིག་གཅིག་དེ་ནི་གཅིག་ཉིད་དོ། །རྫོགས་དང་ཐོབ་པར་ཐིག་ལེའོ། །དེ་ལྟར་དགུ་མཐར་གྲགས་པ་འདི། །ངག་བྱང་ཡིད་ལ་ཆུབ་པ་གཅེས། །གཞན་ནི་རི་མོ་རྣམ་དག་གམ། །འགྲུབ་པར་དཀའ་ཞེས་རང་ཉིད་ཀྱང་། །མ་སྦྱངས་གཞན་ལ་གདམས་རིངས་བ། །ནེ་ཙོའི་སྤུན་ཟླ་དག་གིསའང་སྨྲ། །གཉིས་པ་གྲངས་ཀྱི་གནས་གཞན་ནི། །སངས་རྒྱས་པ་ཀུན་མཐུན་གྱུར་ཅིང་། །རྩིས་མཁན་རྣམས་ལ་གྲགས་ཆེ་བ། །སྡེ་སྣོད་མངོན་པ་ནས་གསུངས་གྲངས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཆེན་པོའི་ཟླ་དང་བཅས་པ་ནི། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་གཏམ། །དཀྲིགས་དང་མི་འཁྲུགས་ཁྱད་ཕྱིན་དང་། །སྤང་བརྟེན་དེད་འདྲེན་མཐའ་སྣང་དང་། །སྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་སྡུལ་དང་། །རྒྱ་སྟག་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉི་ཤུ་གཅིག །བར་དུ་བརྒྱད་ནི་མ་སྙེད་པས། །རང་གི་མིང་གང་རུང་བ་ཞུགས། །གྲགས་མེད་བར་དུ་བཅུ་འགྱུར་བསྒྲེས། །ཚིགས་བཅད་དེ་ནི་མཁས་པས་ལུང་། །སིལ་བུ་ལས་ནི་གྲངས་བཞིན་སྟེ། །དེ་ལ་བསྣན་འོས་བརྒྱད་ཀྱི་མིང་། །ཚད་མེད་བཞི་འམ་བསྡུ་བ་བཞི། །ཉལ་ཉོལ་ལ་སོགས་གང་རུང་བཞི། །ཆེན་པོར་བཅས་པས་ཁ་འགེངས་ཞེས། །མཁསམཆོག་མཁྱེན་གཏེར་ཅན་དེས་གསུངས། །འདིར་ནི་བྱམས་པ་སྙིང་རྗེ་དང་། །དགའ་བ་བཏང་སྙོམས་ཆེ་བསྣན་བརྒྱད། །དམ་པས་བཞེད་བཞིན་རང་ལུགས་བཞག །གཞན་ཡང་མདོ་དང་རྒྱུད་སྡེ་ནས། །གྲངས་གཞན་རྣམས་གྲངས་མི་འདྲ་བ། །ཇི་སྙེད་གསུངས་ལས་ཅུང་ཟད་གཅིག །ཤེས་བྱའི་ཆེད་དུ་འདིར་བརྗོད་ན། །ཐེག་ཆེན་རྒྱ་ཆེ་རོལ་པའི་མདོར། །བདག་ཅག་སྟོན་པ་གཞོན་ནུ་ཡི། །རོལ་རྩེད་སྐབས་སུ་རྩིས་མཁན་ཆེ། །སྲིད་སྒྲུབ་ཞེས་པར་བཀའ་སྩལ་གྲངས། །བྱེ་བ་ཐེར་འབུམ་ཁྲག་ཁྲིག་དང་། །གཏམ་དང་དཀྲིགས་དང་མི་འཁྲུགས་པ། །ཁྱད་འབྱིན་ཕང་སྟེང་མདའ་འཛིན་དང་། །གླང་པོའི་སྟོབསདང་ངོག་ཐོབ་དང་། །རྣམ་པར་བཞག་གདགས་རྒྱུ་རིག་པ། །ལག་སྦྱིན་རྒྱུད་དབང་རྫོགས་ཐོབ་དང་། །བསྒྲངས་རྟོགས་སྒྲིབ་པ་དང་ནི་སྟོབས། །ཀུན་སྟོབས་རྣམ་པར་བརྡའ་ཤེས་ལྡན། །བརྡའ་ཀུན་ཤེས་དང་རྣམ་པར་འབྱུང་། །དེ་ཡི་མཚན་ཉིད་ཅེས་བྱ་སྟེ། །དེ་ལྟར་གྲངས་གནས་ཉི་ཤུ་བཞི། །བྱེ་བ་བརྒྱ་ནི་ཐེར་འབུམ་སྟེ། །དེ་བཞིན་བརྒྱ་ཡི་གོང་དུ་བསྒྲེས། །དེ་ཡི་མཚན་ཉིད་ཅེས་བྱའི་རྩིས། །འདི་ནི་རི་ཡི་རྒྱལ་པོ་གང་། །རྩིས་གཞིར་བྱས་ཀྱང་ཆོད་པར་བྱེད། །དེ་ཡི་མཚན་ཉིད་གོང་དུ་ནི། །རྒྱལ་མཚན་རྩེ་མོ་ནོར་བུའི་གྲངས། །དེས་ནི་གངྒཱ་ཀླུང་དག་ནི། །བྱེད་སྙེད་རྩིས་གཞིར་བྱས་ཀྱང་གཅོད། །དེ་ཡི་གོང་ནའང་རིམ་པ་བཞིན། །རྒྱལ་མཚན་རྩེ་མོ་ངེས་སྒྲོགས་དང་། །དེད་འདྲེན་གདགས་པ་གཏན་ལ་འབེབས། །གཅོད་རྟོགས་གཅོད་རྟོགས་ལྡན་པ་རྣམས། །ཐམས་ཅད་རྣམ་པར་འབྱེད་ཞེས་ཏེ། །དེས་ནི་གངྒཱ་ཀླུང་བཅུ་ཡི། །བྱེ་མ་རྩིས་གཞིར་བྱས་ཀྱང་ཆོད། །དེ་གོང་སྙིང་པོ་མཆོག་ཤེས་གྲངས། །དེས་ནི་གངྒཱ་ཀླུང་བྱེ་བ། །ཕྲག་བརྒྱའི་བྱེ་མའང་རྩིས་གཞིར་གཅོད། །དེ་ཡི་གོང་ན་རྡུལ་ཕྲ་རགས། །འཇུག་པའི་རྗེས་སུ་སོང་བ་ཞེས། །གྲངས་དེ་ས་བཅུ་རྒྱུན་མཐའ་བའི། །སྤྱོད་ཡུལ་ཁོ་ནར་གསུངས་པ་དང་། །རྒྱལ་མཚན་རྩེ་མོའི་ནོར་བུ་ནས། །ཕྲ་རགས་ལ་འཇུག་རྗེས་སོང་བར། །གནས་བརྒྱད་བསྒྲོས་ཚད་མ་གསུངས་པས། །གོང་གི་བརྒྱ་འགྱུར་རིག་པ་ཡི། །བཟུང་ཡུལ་མིན་པར་ཁོ་བོས་རྟོགས། །གཞན་དཀའི་གྲངས་ཀྱི་བརྡར་ཤེས་སོ། །གཞན་ཡང་ཐེག་ཆེན་སྔགས་ཀྱི་རྒྱུད། །འཇམ་དཔལ་རྩ་བའི་ཆོ་ག་རུ། །དེ་བཞིན་གཤེགས་པ་ཤཱཀ་ཐུབ་ཀྱི། །འཇམ་དཔལ་ལ་གསུང་གྲངས་རྩིས་ནི། །འདི་ལྟར་གཅིག་བཅུ་བརྒྱ་སྟོང་ཁྲི། །འབུམ་ཕྲག་བྱེ་བ་ས་ཡ་དང་། །དུང་ཕྱུར་རྣམས་ནི་བསྐྱང་པ་སྟེ། །དེ་ནས་ཐེར་འབུམ་ཆེ་ཆུང་གཉིས། །ཤུ་རྔོག་མཆོག་ཉལ་རེ་རེའོ། །ཡང་ནི་རྐྱང་ཕྱེད་ཁྱད་འབྱིན་དང་། །སྒྱུ་མ་མཚོ་ཡས་རྣམས་དང་ནི། །དུག་ཆེན་རྒྱ་མཚོའི་བར་དུ་ནི། །ཀུན་ཀྱང་ཆེན་པོའི་ཟླ་བཅས་ཡིན། །མཆོག་བྱས་བན་བུན་རེ་རེའོ། །དེ་ནས་མ་ལུས་ཆེ་ཆུང་གཉིས། །དེ་ཡི་འོག་ཏུ་གྲངས་མེད་དེ། །དེ་ལྟར་གྲངས་མེད་བཅུ་དཔག་མེད། །དཔག་མེད་སྟོང་མེད་འཇིག་རྟེན་ཞེས། །འཇིག་རྟེན་བཅུ་ནི་འཇིག་རྟེན་ཆེ། །དེ་འོག་མུན་པ་སྐྱང་བའི་གྲངས། །སྣང་བ་ཕུང་པོ་ཆེ་བཅས་གཉིས། །ཕུང་པོ་ཆེ་བཅུ་ཟབ་པར་བརྗོད། །དེ་ནས་རིམ་བཞིན་བསྟེན་པ་དང་། །རབ་བརྟན་གྲངས་མང་ལྡན་རེ་རེ། །ཡང་ནི་གནས་དང་གནས་ཆེན་པོ། །དཔག་དང་དཔག་མེད་ཆེན་པོ་དང་། །དོན་ཆེན་རབ་འབྱོར་རྒྱ་མཚོ་ཆེ། །ཕན་པ་མཆོག་དང་གཙོ་བོ་ཁྱིམ། །དེ་མཐར་བསམ་མི་ཁྱབ་ཏུ་བརྗོད། །དེ་ནས་ཡང་ནི་མི་ཟད་གཟུགས། །རྒྱལ་ཐབས་འདོད་དང་དགེ་བ་རྣམས། །ཟླ་དང་བྲལ་བ་རེ་རེའོ། །དེ་ལས་སེམས་ལས་འབྱུང་ཆེ་ཆུང་། །སེམས་རྣམས་དབྱིངས་དང་བརྗོད་པ་དང་། །བརྗོད་མེད་རྣམས་ནི་རེ་རེའོ། །བསྙད་ཡས་དང་ནི་ཕྱར་ཕྱུར། །ཤུ་རྔོག་རྣམས་ནི་ཆེ་བཅས་ཉིད། །དེ་ནས་དགེ་ཞིང་ཞི་བ་ཞེས། །རྩིས་ཀྱི་ཕར་ཕྱིན་གནས་སུ་གསུངས། །དེ་ནས་ཡང་ནི་ཆུ་འབྱུང་དང་། །སེམས་སྐྱོད་དཔག་དང་དམ་པ་དང་། །སངས་རྒྱུ་ཡུལ་དང་འཕེལ་བྱེད་པ། །དེ་ཡི་མཐར་ནི་སངས་རྒྱས་ཀྱི། །གོ་འཕང་དང་ནི་སྤྱོད་ཡུལ་ལོ། །དེ་ཡང་སངས་རྒྱས་ཞིང་གངྒཱའི། །བྱེ་སྙེད་ཀུན་བསྡུས་རྡུལ་ཕྲ་རགས། །མ་ལུས་བསིལ་བ་གྲངས་རྩིས་དཔེར། །འདུལ་མཁས་རྒྱལ་བ་མཆོག་དེས་གསུངས། །དོན་དུ་ནམ་མཁའི་མཐའ་ཅི་ཙམ། །ཆེས་ཕྲའི་རྡུལ་ཕྲན་ཆར་སིལ་གྲངས། །སངས་རྒྱས་ཀྱིས་མཁྱེན་གཞན་གྱིས་མིན། །དེར་བསམ་དད་པས་འདུད་ཕྱག་འཚལ། །རྒྱུད་འདིར་གཅིག་ནས་འཕེལ་བྱེད་པར། །གྲངས་གནས་བདུན་ཅུ་རྩ་གཅིག་ལས། །ཟབ་པ་ཡན་ཆད་འཇིག་རྟེན་ཆུང་། །མ་རྟོགས་གཞན་ཀུན་བཅུ་འགྱུར་གསུངས། །དེ་ལྷག་གྲངས་གཞན་གནས་གྱུར་པའི། །སུམ་ཅུ་རྩ་བཞིའི་བསྒྲེས་བྱེད་ཚད། །གཞུང་ལས་གསལ་བར་མ་གསུངས་པས། །འདིར་ཡང་རྟོགས་པར་མི་ནུས་སོ། །གཞན་ཡང་འཇམ་དཔལ་རྩ་རྒྱུད་འདིར། །འཇིག་རྟེན་ལུགས་ཀྱི་གྲངས་རྩིས་ཞེས། །སྔོན་དུས་འཕགས་ཡུལ་སྤྱིར་གྲགས་སམ། །ཡང་ན་རིག་བྱེད་གཞུང་ཉིད་དམ། །དེ་ཡི་རིགས་སྔགས་དག་གི་རྒྱུད། །ཕལ་པ་དག་ཏུ་བརྟན་གྱུར་གྲངས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་དང་། །ཐེར་འབུམ་ཤུགས་རྔོག་མཆོག་ཉལ་དང་། །སྐྱེ་འཕྱིས་བྱེ་མ་ནབ་ནུབ་དང་། །མཚོ་ལས་ལྟབས་ཕྱོ་རྫི་ཞེ་གནས། །བཅོ་བརྒྱ་གོང་དུ་བསྡུ་འགྱུར་བསྒྲེ། །དེ་ལྟར་འདིར་ནི་རྣམ་གྲངས་ཚུལ། །ཐེག་ཆེན་མདོ་དང་སྔགས་རྒྱུད་ནས། །བཤད་པའི་གྲངས་རྩིས་རིགས་གསུམ་དང་། །མངོན་པ་དང་བཅས་བཞི་ཡིན་ལ། །གཞན་ནི་རྒྱས་པའི་མདོ་ཕལ་ཆེན། །བྱང་ཆུབ་སེམས་གནས་ལེའུ་རུ། །འཕགས་པ་སེམས་ཀྱི་རྒྱལ་པོ་ལ། །བདག་ཅག་སྟོན་པས་བཀའ་སྩལ་གྲངས། །བརྒྱ་སྟོང་ཕྲག་བརྒྱ་ནི་བྱེ་བ། །དེ་བཞིན་རིམ་པར་བསྒྲངས་བ་ཡི། །ཤིན་ཏུ་བརྟན་པ་ཞེས་བྱའི་བར། །གྲངས་གནས་བརྒྱ་དང་སུམ་ཅུ་དང་། །དེ་བཞིན་རྒྱས་པའི་མདོ་ཆེན་དེའི། །སྡོང་པོ་བཀོད་པའི་ལེའུ་རུ། །བྱང་སེམས་ཚོང་དཔོན་ནོར་བཟང་ལ། །ལྷ་མོ་དགེ་བསྙེན་ཡིད་བཞིན་གྱི། །བཤད་པ་བྱང་ཆུབ་སེམས་དཔའི་རྩིས། །གཅིག་ནས་བརྗོད་མེད་བརྗོད་མེད་པ། །བསྒྲེས་པར་གྲངས་ནས་བརྒྱ་ཕྲག་ལྷག །བཞི་བཅུ་རྩ་བཞི་ཡོད་པ་དང་། །དེ་བཞིན་བྱང་སེམས་ཁྱེའུ་གཟུང་། །དབང་པོའི་དབང་ཕྱུག་གིས་གསུངས་པ། །བརྒྱ་ནས་ཤིན་ཏུ་བརྟན་པའི་བར། །གྲངས་གནས་བརྒྱ་དང་སོ་གཅིག་དང་། །ཁྱིམ་ བདག་འཕགས་པ་ནན་ཁུག་གི །བརྒྱ་ནས་བརྗོད་མེད ་ཡང་བརྗོད་མེད། །བར་གྱི་གྲངས་གནས་སུམ་ཅུ་སོགས། །ཕལ་ཆེན་སྡོང་བཀོད་ནས་གསུང་ཞིང་། །དེ་ལྟར་བཀའ་ལས་གྲངས་རྣམས་བཞག །མང་ཉུང་ཇི་སྙེད་སྣང་གྱུར་དང་། །བསྟན་བཅོས་འདུས་བྱས་འདུས་མ་བྱས། །རྣམ་པར་ངེས་ལས་གྲངས་དྲུག་ཅུ། །གསུང་དང་འཆི་མེད་སེང་གེ་ཡི། །མངོན་བརྗོད་མཛོད་ལས་རིག་བྱེད་པའི། །ལུགས་བསྒྱུར་གཅིག་ནས་གྲངས་མེད་བར། །གྲངས་གནས་ཉི་ཤུ་རྩ་གཅིག་ཏུ། །བཤད་པ་སོགས་ནི་ཤེས་འདོད་ན། །རང་རང་གཞུང་དེར་བལྟ་བར་བྱོས། །ཉེར་མཁོ་གོང་བསྟན་གྱིས་རྟོགས་འཐུས། །འདིར་གཞན་ཞིབ་པར་མ་སྨོས་སོ། །གྲངས་འདིར་ས་ཡ་བྱེ་བ་ཞེས། །སྤྱིར་བཏང་ཀུན་ལ་དེ་ཡིན་ཡང་། །བོད་སྔགས་རྙིང་པའི་གཞུང་འགའ་རུ། །བྱེ་བ་ས་ཡ་ཞེས་པར་འདོད། །དེ་ནི་འཕགས་ཡུལ་བརྡའ་གཅིག་ལ། །བོད་སྐད་འགྱུར་ཁྱད་བྱུང་བར་སེམས། །དེ་ཚུལ་སྤྱི་ལྟ་ཡིན་སྙམ་ན། །ཞིབ་མོར་བཤད་ཀྱི་འཕགས་ཡུལ་དུ། །འབུམ་ཕྲག་སྐད་དོད་ལཀྵའི་མཐར། །འབུམ་ཕྲག་མིང་ནི་ཡུ་དྷ། །འབུམ་ཕྲག་བརྒྱ་ལ་ཀོ་ཊཱི་ཞེས། །རིམ་པར་གནས་ལ་འགྱུར་སྔ་མས། །ནི་ཡུ་དྷ་ནི་བྱེ་བར་མཛད། །ཕྱི་མས་ས་ཡ་ཞེས་སུ་བསྒྱུར། །དེ་བཞིན་ཀོ་ཊཱི་འགྱུར་སྔ་མས། །ས་ཡ་ཕྱི་མས་བྱེ་བར་བསྒྱུར། །འགྱུར་ཁྱད་དེ་ལྟ་ཡིན་པར་གྲུབ། །དེ་ཡང་བོད་རྙིང་གྲངས་གནས་ཀྱི། །རྒྱ་དཔེ་མཐོང་ན་དཔྱད་བྱ་སྟེ། །འོན་ཀྱང་འདིར་བརྗོད་ཉིད་ངེས་སྙམ། །སྤྱིར་ནི་ས་ཡ་བྱེ་བ་ལ། །སྐད་དོད་མང་ངོ་ཤེས་པར་གྱིས། །དེ་ཡང་གྲངས་རྩིས་མང་འདི་ཀུན། །འདོད་རྒྱལ་ཉིད་དུ་བརྟགས་པས་ན། །རྒྱུ་མཚན་བཤད་པར་མི་ནུས་ཞེས། །མཁས་པའི་གསུང་བཞིན་ལེགས་པར་རྟོགས། །ད་ནི་གསུམ་པ་གྲངས་ཀྱི་མིང་། །མངོན་པར་བརྗོད་པའི་བརྡའ་བསྟན་པ། །རང་བཞིན་ངོ་བོ་ཚུལ་དང་གཟུགས། །ཟླ་བ་རི་བོང་ཅན་རྣམས་གཅིག །ཕྱོགས་བསྒྲོད་མིག་ལག་ཟུང་ཁྲིག་གཉིས། །དུས་མེ་བསྲེག་ཟ་བརྣག་རྟེན་དང་། །ཡོན་ཏན་རྩེ་མོ་ཅན་རྣམས་གསུམ། །ཆུ་གཏེར་རིག་བྱེད་དུས་མཚོ་བཞི། །མདའ་དང་དབང་པོ་འབྱུང་བ་ལྔ། །དུས་དང་འོད་ཟེར་རོ་ནི་དྲུག །ཐུབ་པ་གཟའ་ཡི་ས་འཛིན་བདུན། །ནོར་ལྷ་ཀླུ་དང་ལྟོ་འགྲོ་དང་། །ལག་འགྲོ་གདེངས་ཅན་རྣམས་ནི་བརྒྱད། །གཟའ་བུག་སྲིན་པོ་དགུ་རུ་གྲགས། །ཕྱོགས་ནི་བཅུ་ངེས་སྐབས་འགའ་རུ། །བུག་པ་གཟའ་ཡང་བཅུར་འཇུག་མཐོང་། །དྲག་པོ་འཕྲོག་བྱེད་བདེ་བྱེད་དང་། །དབང་ཕྱུག་ལ་སོགས་བཅུ་གཅིག་མིང་། །ཉི་མ་ཉིན་བྱེད་ཁྱིམ་བཅུ་གཉིས། །མྱོས་བྱེད་འདོད་པ་བཅུ་གསུམ་མོ། །སྲིད་པ་མ་ནུ་ཡིད་བཅུ་བཞི། །ཚེས་དང་ཉིན་ཞག་བཅོ་ལྔའོ། །མི་བདག་རྒྱལ་པོ་བཅུ་དྲུག་འཇུག །ཉེས་པ་སྐྱོན་ནི་བཅོ་བརྒྱད་དོ། །རྒྱལ་དབང་རྒྱལ་བ་ཉེར་བཞི་ཡིན། །ཉེར་ལྔ་ལ་ནི་དེ་ཉིད་བརྗོད། །སྐར་མ་འཁོར་ལོ་ཉེར་བདུན་ནོ ། །སོ་ནི་སུམ་ཅུ་རྩ་གཉིས་དྲན། །མིང་དེ་རྣམས་ནི་བསྡུས་པའི་རྒྱུད། ། རྩ་འགྲེལ་ལས་གསུང་མདོ་ཙམ་སྟེ། །གཞན་ནི་འཕགས་ཡུལ་ལས་བྱུང་བ། །རིག་བྱེད་མངོན་བརྗོད་གཞུང་རྣམས་ལས། །གྲགས་པ་གང་ཡིན་དེར་རྟོགས་བྱ། །ཆ་ཤས་གཞན་དུ་བརྗོད་ཀྱང་འདོད། །ཕྱིས་འབྱུང་བོད་བློ་གསར་བཞག་བརྡའ། །མང་མཐོང་འདིར་ནི་བཏང་སྙོམས་སོ། །དེ་སྙད་ཚེ་ལྡན་ཡིད་ཀྱི་དབང་གསལ་ཞིང་། །རིག་པ་འདིར་འཇུག་འདོད་པ་གཞུ་ལོ། །གྲངས་རྩིས་ནོར་བུའི་འཕྲེང་བ་བསྒྲངས་བཞིན་འདི། །སྤེལ་མཐུས་ཀུན་མཁྱེན་རྒྱལ་བའི་གནས་ཐོབ་ཤོག །
ཅེས་རིག་པ་རྩིས་ཀྱི་འཇུག་སྒོ་གྲངས་རྩིས་ཀྱི་གནས་གསལ་བར་བསྟན་པའི་སྐབས་དེ་གཉིས་པའོ། །