ཡང་ཟབ་ཡིད་བཞིན་ནོར་བུ་ལྟ་བུའི་དགོངས་པའི་གཏེར་ཨུ་པ་དེ་ཤཿ གུ་རུའི་སྒྲུབ་ཐབས་ཀུན་གྱི་ཡང་ཞུན་སྙིང་གི་ཐིག་ལེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བསམ་པ་ལྷུན་གྲུབ་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ།
༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ལྟ་བུའི་དགོངས་པའི་གཏེར་ཨུ་པ་དེ་ཤཿ གུ་རུའི་སྒྲུབ་ཐབས་ཀུན་གྱི་ཡང་ཞུན་སྙིང་གི་ཐིག་ལེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བསམ་པ་ལྷུན་གྲུབ་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་ཞེས་བྱ་བ་བཞུགས་སོ། །
༈ ན་མོ་པདྨ་བཛྲ་ཤྲཱིཿ དུས་གསུམ་རྒྱལ་བ་ཀུན་གྱི་ཕྱག་གི་གནས། །དང་པོའི་སངས་རྒྱས་ཀུན་བཟང་འོད་དཔག་མེད། །འགྲོ་འདུལ་པདྨ་འབྱུང་གནས་ཞེས་བྱ་བ། །དེ་བཞིན་གཤེགས་ཀུན་རྒྱལ་པོ་དེར་ཕྱག་འཚལ། །རིགས་དང་དཀྱིལ་འཁོར་ཀུན་གཙོ་ཆེ་བའི་མཆོག །བླ་མེད་བླ་མའི་སྒྲུབ་ཐབས་བྱེ་བ་འབུམ། །ཡང་སྙིང་ཞུན་ཏིག་མོས་གུས་གསོལ་འདེབས་ཉིད། །དེ་ཡི་མཐར་ཐུག་དགོས་འདོད་ཀུན་འབྱུང་གཏེར། །གངས་ཅན་ལྷ་གཅིག་སངས་རྒྱས་པར་འབྱུང་གིས། །བོད་ཡུལ་ཐུན་མོང་སྐུ་དངོས་གདུལ་བྱ་རྣམས། །བཏུལ་བྱས་རྔ་ཡབ་གཤེགས་སྐབས་གུང་ཐང་ལར། །རྗེ་འབངས་རྣམས་ལ་ཞལ་ཆེམས་ཚུལ་གསུངས་པའི། །གསོལ་འདེབས་རྒྱལ་པོ་བསམ་པ་ལྷུན་གྲུབ་ཞེས། །མན་ངག་བཅུ་གསུམ་བསམ་འཕེལ་དངོས་གྲུབ་མཛོད། །གང་གི་སྒྲུབ་ཐབས་ཡང་སྙིང་པཎྜིརྠ། །བསྡུས་ལ་གསལ་བ་མ་ནོར་ཚུལ་བཞིན་དུ། །པད་འབྱུང་ཉིད་ཀྱི་བྱིན་རླབས་ཐུགས་རྗེའི་ཆབ། །བདག་བློའི་བུམ་པར་ཆ་ཤས་ཕྲ་མོ་ཞིག །ཞུགས་པའི་མཐུ་ལས་སྐལ་ལྡན་འགྲོ་བའི་གསོས། །གདམས་བཟང་བདུད་རྩི་དུས་འདིར་བཤད་པར་བྱ། །དེ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱིས་བསྟན། །སྤྱིར་ནི་སྣོད་བཅུད་མཚན་ལྡན་འཛོམས་པའི་དུས། །ཡིད་འོང་དབེན་པར་བློ་སྦྱོང་ཕྱག་རྒྱ་བཞི། །བསགས་སྦྱངས་སྔོན་འགྲོའི་ཕྱི་ནང་དབང་བསྐུར་བྱ། །དེ་ནས་དངོས་གཞི་རྩ་བའི་སྒྲུབ་པ་ལ། །མཐུན་རྐྱེན་བསོད་ནམས་ཚོགས་ཞིང་མདུན་མཁར་དམིགས། །སྐྱབས་སེམས་ཡན་ལག་བཅུ་ཕུལ་ཚོགས་ཀྱི་ཞིང་། །རང་ལ་ཐིམ་པས་དབྱེར་མེད་རོ་མཉམ་འདྲེས། །ཡེ་ཤེས་ཚོགས་ཕྱིར་སྣང་སེམས་རྩ་ཡན་ལག །བདག་མེད་སྟོང་སྦྱང་རྟོག་བྲལ་ངང་ལ་བཞག །མི་མཐུན་སེལ་བྱེད་བསྲུང་བའི་འཁོར་ལོ་དྲུག །སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཡེ་ཤེས་སོ། །ཞིང་ཁམས་གཞལ་ཡས་པད་སྡོང་འོད་ཐིག་སོགས། །གང་འདོད་ཡོན་ཏན་འཕྲིན་ལས་མེ་རླུང་ཆུ། །དེ་ཡང་སེམས་ཉིད་ངོ་བོ་ཡེ་ཤེས་ཀྱི། །རང་སྣང་སྒྱུར་མ་ལྟ་བུར་སྤྲོ་བའོ། །སྙིང་པོར་བདག་ཉིད་ཕུང་ཁམས་སྐྱེ་མཆེད་སོགས། །ཡི་དམ་གདན་གསུམ་ཚང་བའི་སྐུ་རུ་བསམ། །སྤྱི་བོའི་གཙུག་གམ་མདུན་གྱི་ནམ་མཁའ་རུ། །རྒྱལ་བ་ཀུན་འདུས་པདྨ་འབྱུང་གནས་གསལ། །ཚིག་བདུན་གདུང་ཤུགས་དྲག་པོས་ཞིང་གི་མཆོག །བདེ་བ་ཅན་ནས་འོད་དཔག་མེད་མགོན་གྱི། །ཐུགས་ཀྱི་དབུས་ནས་གུ་རུ་པདྨ་འབྱུང་། །སྤྱན་དྲངས་དམ་ཚིག་ཡེ་ཤེས་རོ་མཉམ་ཞུགས། །ཕྱག་མཆོད་བསྟོད་ཕུལ་གསོལ་འདེབས་ཚན་ལྔ་ཡི། །ཡོན་ཏན་རྗེས་དྲན་ཐུན་མོང་ཚུལ་གསོལ་འདེབས། །ཐུན་མིན་རྒྱལ་བ་ཀུན་གྱི་སྲོག་གི་སྙིང་། །བཛྲ་གུ་རུའི་ཕུར་ཚུགས་མོས་གུས་བསྐྱེད། །མཐར་ནི་འབྲུ་བཞིའི་འོད་ཟེར་གྱིས་དབང་བླངས། །དོན་དེས་འཁོར་ལོ་ཁ་སྦྱོར་རྒྱུན་གྱིས་བསྐངས། །རང་རིག་ངོ་བོ་བླ་མའི་ཡེ་ཤེས་ཡིན། །ཡིན་ལུགས་ཤེས་བཞིན་རོ་གཅིག་ཨར་ལ་གཏད། །སེམས་དཔའ་སུམ་བརྩེགས་རྡོ་རྗེ་བཞི་ཡི་དངོས། །གཟེར་དུ་བཏབ་ནས་བཅུ་གཉིས་རྡོ་རྗེའི་སྒྲ། །མ་ཡེངས་ཡིད་ཀྱིས་བསྐྱེད་བཟླས་རྫོགས་པའི་རིམ། །ཕྱག་ཆེན་ཡི་དམ་སྙིང་སྲོག་དེ་ཉིད་བསྒྲུབ། །གཉིས་པ་བྱེ་བྲག་ཡིད་བཞིན་ནོར་བུ་བཞིན། །བཅུ་གསུམ་སྒྲུབ་པའི་མན་ངག་ཟབ་མོ་ལ། །རེ་རེར་མདུན་བསྐྱེད་གསོལ་བཏབ་དབང་བཞི་བླངས། །བདག་བསྲེ་རྗེས་བསྡུད་རྫོགས་རིམ་དྲུག་གིས་བསྡོམ། །མདུན་གྱི་ནམ་མཁར་གུ་རུ་ཇི་འདོད་སྐུ། །གསལ་བཏབ་སྤྱན་འདྲེན་བཞུགས་དབང་རྒྱས་བཏབ་མཆོད། །འདོད་དོན་གསོལ་འདེབས་གཞུང་བཅས་རྩེ་གཅིག་བསམ། །གསོལ་འདེབས་རྒྱུན་ཆགས་དག་གིས་དབང་བཞི་བླངས། །དེ་ཡང་གུ་རུའི་དཔྲལ་ནས་རང་འདྲའི་སྐུ། །འཕྲོ་འདུ་དང་བཅས་བདག་གི་དཔྲལ་བར་བསྟིམ། །དེ་བཞིན་ཐུགས་ཀའི་ས་བོན་སྔགས་འཕྲེང་བ། །ལྗགས་ནས་འཕྲོ་འདུ་བཅས་ཏེ་བདག་ལྕེར་ཐིམ། །ཐུགས་ལས་རང་མདོག་ཐིག་ལེ་མ་ཤའི་ཚད། །རབ་འཚེར་འཕྲོ་འདུ་དང་བཅས་བདག་སྙིང་གར། །དེ་དག་རྣམས་ཀྱི་བུམ་གསང་ཤེས་རབ་ཀྱི། །སྦྱང་ཐོབ་སྨིན་བྱས་སྒོ་གསུམ་རང་བབ་དང་། །གུ་རུའི་སྐུ་གསུང་ཐུགས་དང་རོ་མཉམ་པ། །བཞི་པའི་དབང་དོན་རྒྱུད་ལ་སྐྱེས་པར་བསམ། །མཐར་ནི་གུས་པའི་གདུང་ཤུགས་ཆེན་པོ་ཡིས། །བླ་མ་རང་ཐིམ་བདག་ཉིད་དེའི་སྐུར་གྱུར། །སེམས་དཔའ་སུམ་བརྩེགས་འཕྲོ་འདུ་རང་སྔགས་བཟླས། །ཐུན་མཐར་རྗེས་གཞིག་སྟོང་གཞིལ་ལྷ་སྐུར་ལྡང་། །ཆོ་ག་རྒྱས་བསྡུས་གང་ཟག་བློ་སྒོར་དཔག །རྫོགས་རིམ་མན་ངག་གནས་ལ་ཐེབས་པར་བཏབ། །
༈ མན་ངག་བཅུ་གསུམ་དང་པོ་མེ་འཕྲེང་རྩལ། །ཞལ་གཅིག་ཕྱག་གཉིས་ཞལ་གསུམ་ཕྱག་དྲུག་པ། །དབུ་དགུ་བཅོ་བརྒྱད་ཕྱག་ལྡན་གང་མོས་སྐུ། །ཁྲོ་གར་དུར་ཁྲོད་དཔལ་ཆས་ཡུམ་དང་བཅས། །འཁོར་དུ་འཇིག་རྟེན་དྲེགས་པ་ཡོངས་ཀྱི་གཙོ། །ཡ་མ་སྐོས་རྗེ་གློག་འཕྲེང་མེ་དབལ་གཟའ། །ཀླུ་བདུད་ལྷ་ཆེན་མ་ཧཱ་ཀ་ལ་བརྒྱད། །ཟ་བྱེད་རེ་ཏི་ཁྲག་མིག་མི་བསྲུན་མ། །གནམ་སྨན་ལྕམ་གཅིག་ཨུ་མ་དུང་སྐྱོང་མ། །སྔགས་བདག་མ་མོ་བརྒྱད་དང་ལྷན་དུ་རོལ། །གཞན་ཡང་སྔགས་བདག་སྡེ་དཔོན་དཔལ་མགོན་པོ། །སྡེ་བརྒྱད་སྡེ་རིགས་གྲངས་ལས་འདས་པས་བསྐོར། །གསོལ་བ་བཏབ་ཚེ་མེ་འཕྲེང་ཐུགས་ཀ་ནས། །ཁྲོ་བོ་གྲངས་མེད་སྡེ་བརྒྱད་འཁོར་དང་བཅས། །མེ་རླུང་མཚོན་ཆས་སྤྱི་ལ་མཐའ་དམག་དང་། །བྱེ་བྲག་རྒྱལ་པོའི་འཚེ་བ་ཚར་བཅད་ནས། །ཚུར་འདུས་བསྲུང་བའི་འཁོར་ལོ་རྡོ་རྗེ་མ། །ཁྲོ་བོ་དྲེགས་པའི་ གུར་ཁང ་རབ་ཏུ་བརྟས། །མཐར་ནི་རང་ཉིད་གུ་རུ་དྲག་པོའི་སྐུ། །ཐུགས་ཀར་ཧཱུྃ་དམར་སྔགས་འཕྲེང་འོད་འཕྲོ་འདུས། །དྲེགས་པའི་སྲོག་སྙིང་གཏའ་བླང་གདན་དུ་གཟིར། །རྩེ་བསྣོལ་འཁོར་ལོས་དགྲ་བགེགས་ཕྱེ་མར་གཏང་། །མདོར་ན་མཆོག་མཐུན་དངོས་གྲུབ་གང་འདོད་པ། །རྩེ་གཅིག་གཡེང་མེད་བསྐྱེད་བཟླས་ཉིད་ལ་བརྩོན། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃཿཊཿཕཊཿཨཿཧཱུྃ་ཧཱུྃཿཊཿཕཊཿ རྒྱལ་བ་ཡོངས་ཀྱི་བྱིན་རླབས་དྲག་པོའི་སྔགས། །གནས་སྐབས་བརྒྱ་སྟོང་བཟླས་ཀྱང་བགེགས་ཞི་ཞིང་། །ཉམས་ཆག་དག་བྱེད་བར་དོར་ལམ་སྣ་ཟིན། །མང་དུ་བཟླས་པས་དེ་ཕྱིར་སྨོས་ཅི་དགོས། །ལས་སྦྱོར་སྡེ་བརྒྱད་དྲེགས་པའི་སྲོག་སྙིང་ལ། །འགུགས་གཟིར་གཅོད་བྱེད་མནན་བསད་གང་འདོད་སྦྱོར། །ཚུལ་དེས་ཁ་བསྒྱུར་ལྡེ་ཐུང་རིག་པའི་མདའ། །སྤྱོད་པས་བསམ་འཕེལ་ཡིད་བཞིན་ནོར་བུ་ཡིན། །རྫོགས་པའི་རིམ་པ་ཉམས་སུ་ལེན་པ་ནི། །ཕྱི་ཡི་དམག་འཁྲུག་ནང་གི་སྡང་སེམས་མདངས། །གཉེན་པོ་བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །རང་མདངས་སྒྱུ་མ་ལྟ་བུའི་ལམ་ཁྱེར་བསྒོམ། །དེ་ཡང་མ་དག་སྒྱུ་ལུས་ལ་དམིགས་ནས། །སྣང་སྲིད་བདེན་མེད་ཞེན་མེད་གཏན་ལ་ཕབ། །དག་པ་སྒྱུ་ལུས་ལྷ་སྐུ་ལ་དམིགས་ནས། །བསྐྱེད་རིམ་ལྷ་ཁྲིད་ཟབ་གསལ་བསྒོམ་ལ་འབད། །
༈ མན་ངག་གཉིས་པ་གུ་རུ་སྨན་བླ་བསྒྲུབ། །མདུན་གྱི་མཁའ་ལ་གུ་རུ་སྨན་གྱི་བླ། །བདེ་གཤེགས་བརྒྱད་ཀྱི་ཐུགས་སྨོན་གཅིག་བསྡུས་དཔལ། །ཨ་རུ་རིགས་ལྔ་བདུད་རྩི་ལྷུང་བཟེད་འཛིན། །འཁོར་དུ་བདེ་གཤེགས་མཆེད་བརྒྱད་ཤར་ནས་རིམ། །བཻཌཱུརྱ་འོད་མཆོག་སྦྱིན་རྣམ་རྒྱལ་འཛིན། །མངོན་མཁྱེན་རྒྱལ་པོ་ཆོས་གྲགས་རྒྱ་མཚོའི་དབྱངས། །དམར་པོ་མཆོག་སྦྱིན་མྱ་ངན་མེད་པའི་དཔལ། །དམར་པོ་མཉམ་བཞག་གསེར་བཟང་དྲི་མེད་ནི། །དཀར་སེར་རིན་ཆེན་ཟླ་བ་དམར་ལ་སེར། །མཚན་ལེགས་སེར་པོ་གཡས་པ་མཆོག་སྦྱིན་རྒྱ། །ཤཱཀྱ་ཐུབ་དབང་གསེར་མདོག་བདུད་འདུལ་རྒྱ། །ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་གཡོན་མཉམ་བཞག །བདེ་གཤེགས་ཚངས་སྤྱོད་ཆོས་གོས་རྣམས་གསུམ་གསོལ། །གཞན་ཡང་སངས་རྒྱས་སྟོང་དང་བདུད་རྩི་སྨན། །རིགས་གྲུབ་དྲང་སྲོང་ལྷ་དང་ལྷ་མོས་བསྐོར། །གསོལ་བ་བཏབ་ཚེ་སྨན་ལྷ་བདེ་གཤེགས་བརྒྱད། །ཐུགས་ཀ་མཛོད་སྤུ་ཕྱག་གི་ཟ་ཏོག་ནས། །ནད་འཇོམས་འཆི་མེད་བདུད་རྩི་སྤྲོ་བསྡུའི་རྒྱུན། །འོད་ཟེར་བཅས་བབ་སེམས་ཅན་མཐའ་དག་གི །སྤྱི་བོ་ནས་ཞུགས་ལུས་ནང་ཀུན་ཁེངས་ནས། །ནད་ཀྱི་གཞི་རྩ་དུག་གསུམ་མ་རིག་པ། །ནད་ཀྱི་དངོས་པོ་རླུང་མཁྲིས་བད་འདུས་པ། །ནད་ཀྱི་བྱེད་ལས་ཚོར་བ་སྡུག་བསྔལ་བ། །མཐའ་དག་བསང་སྦྱངས་སྒྲིབ་མེད་ཤེལ་སྒོང་ལྟར། །དྭངས་ཤིང་རྙོག་བྲལ་འཆི་མེད་སྐུ་རུ་གྱུར། །འོད་ཟེར་ཚུར་འདུས་སྣང་སྲིད་འབྱུང་ཁམས་བཅུད། །བདག་ཐིམ་འཆི་མེད་ཚེ་ཡི་རིག་འཛིན་བསམ། །བྱེ་བྲག་རང་གཞན་ན་བའི་ལུས་གནས་དེར། །གུ་རུ་སྨན་བླ་གཙོ་འཁོར་གསལ་དངས་སྐུ། །ཆེ་ཆུང་རན་ལས་བདུད་རྩིའི་རྒྱུན་བབས་པས། །ནད་རྣམས་སེལ་སྒོམས་རྩེ་གཅིག་གསོལ་བ་བཏབ། །དེ་ཡང་རླུང་ལ་བདུད་རྩི་མར་ཁུའི་མདོག །མཁྲིས་པར་དཀར་པོ་བད་ཀན་ལ་དམར་པོ། །འདུས་པར་སྔོ་སྐྱ་གདོན་ལ་ཁྲོ་ཆུ་བཞིན། །མེ་འོད་དང་བཅས་སྒྲིབ་སྦྱངས་ཤེལ་མདོག་བསྒོམ། །རང་ཉིད་སྨན་བླའི་ཐུགས་ཀར་ཟླ་བའི་སྟེང་། །ཨོཾ་མཐིང་ཆ་ལྔ་མཐའ་ལ་གཟུངས་སྔགས་བཀོད། །དེ་ལས་འོད་བྱུང་རྒྱལ་བར་དགྱེས་མཆོད་ཕུལ། །སེམས་ཅན་རྣམས་ལ་ཕོག་པས་དེ་དག་ཀུན། །སངས་རྒྱས་གུ་རུ་པདྨ་འོད་དཔག་མེད། །བདེ་གཤེགས་དགུ་ཡི་ཐུགས་བསྐྱེད་སྨོན་ལམ་གྱི། །མཐུ་ཡིས་སྡིག་སྒྲིབ་སྡུག་བསྔལ་མཐའ་དག་སྦྱངས། །མཐར་ནི་སྨན་བླའི་སྐུར་གྱུར་གཟུངས་སྔགས་ལྡིར། །ན་མོ་བྷ་ག་ཝ་ཏེ། བྷྱཻ་ཥ་ཛྱཻ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ། ས་མུད་ག་ཏེ་སྭཱ་ཧཱ། གཟུངས་རིང་ཅི་ནུས་མཐར་ནི་གཟུངས་ཐུང་བཟླ། །སངས་རྒྱས་རྣམས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དེ་ཡི་གཟུངས་སྔགས་ཕན་ཡོན་བསམ་མི་ཁྱབ། །ཤེས་ནས་དད་གུས་སྤྲོ་བས་གཟུངས་སྔགས་བཟླས། །སྐབས་སུ་སྨན་བླ་བདེ་ཆེན་ཞིང་མདོ་བཀླག །འོད་དཔག་མེད་དང་བདེ་གཤེགས་བརྒྱད་མཚན་རྫོགས། །བརྗོད་ནས་ཕྱག་སོགས་ཡན་ལག་བདུན་པ་འབུལ། །ཐུན་མཚམས་ཆོས་སྤྱོད་བཅུ་ལ་བརྩོན་པར་བྱ། །དེས་ནི་ཚེ་རབས་གྲངས་མེད་སྡིག་སྒྲིབ་འདག །འདི་དང་ཕྱི་མའི་ནད་གདོན་མ་ལུས་ཞི། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་བྱེད། །དེ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཐོབ། །འོན་ཀྱང་ལས་འབྲས་སྨིན་འོས་དུས་བབ་ནི། །འཕགས་པའི་གོ་འཕང་བརྙེས་ཀྱང་མི་ལྡོག་ན། །གཞན་ལ་ཅི་སྨོས་སྒྲིབ་སྦྱངས་ཚོགས་རྫོགས་ལམ། །འབད་རུང་ལས་འབྲས་སྨིན་ལ་ལོག་རྟོག་སྤངས། །དགེ་འབྲས་སྨིན་ཚབ་ཆེ་ཆུང་སྟོབས་ཀྱི་དུས། །འདི་ཕྱི་བར་དོ་གང་རིས་བདེ་གོང་འཕེལ། །ཐོབ་ངེས་སངས་རྒྱས་གསུང་ནི་མི་བསླུ་བས། །ཡིད་ཆེས་སྤྲོ་བས་དགེ་ལ་འབད་གཅེས་སོ། །རྫོགས་རིམ་ཕྱི་ལུས་ཚོར་བ་དྲག་པོའི་ནད། །གཞི་རྟེན་ནང་ན་རྨོངས་པས་བདག་འཛིན་བློ། །བདག་གཅེས་བཟུང་བ་འཛིན་པའི་མིང་ཡིན་ལ། །དེ་ནི་འཁྲུལ་པ་གློ་བུར་དྲི་མ་ཡིན། །གཉེན་པོ་བདག་མེད་སྟོང་ཉིད་ཡེ་ཤེས་ཏེ། །བསྒོམ་ཐབས་མི་གཡོ་བཞི་ལྡན་སྒོ་གསུམ་མིག །མཁའ་ལ་རང་བབ་དུས་གསུམ་བློས་བྱས་ཀྱི། །རྣམ་རྟོག་ལས་འདས་རང་རིག་རྗེན་པར་བཞག །དེ་ལ་རིམ་གྱིས་གོམས་པའི་ཉམས་རིམ་བཞི། །གནས་དང་མི་གཡོ་མཉམ་ཉིད་ལྷུན་གྲུབ་པ། །རེ་རེར་གཡོ་གོམས་བརྟན་པ་ཐོབ་པར་སྦྱོར། །ས་ལམ་ངེས་འབྱོར་བླ་མའི་མན་ངག་ཡིན། །
༈ མན་ངག་གསུམ་པ་གུ་རུ་ནོར་ལྷ་བསྒྲུབ། །མདུན་གྱི་མཁའ་ལ་གུ་རུ་ཛམྦྷ་ལ། །པད་ཟླར་གཏེར་བུམ་ཞབས་སྤྲོད་ཉི་མའི་སྟེང་། །ཛཾ་བཾ་སྨུག་འཛིན་མཁའ་འགྲོའི་དྲ་བ་བསྡོམས། །དམར་པོ་བརྗིད་ཆགས་ཆགས་རྒྱས་ཡིད་ཙམ་ཁྲོ། །གཡས་གཡོན་ནོར་བུ་ནེའུ་ལེ་ཐུགས་ཀ་དཀུར། །འཛིན་ཅིང་རིན་ཆེན་རྒྱན་སྤྲས་གཡས་བརྐྱངས་སྟབས། །ཡུམ་མཆོག་བདེ་རྒྱས་ནོར་བུ་ཐོད་ཁྲག་འཁྱུད། །གཞན་ཡང་ངོ་བོ་གུ་རུ་རྣམ་པར་ནི། །སྨུག་འཛིན་དཀར་སེར་དམར་ནག་ལྗང་གང་མོས། །སྒོམ་རུང་འཁོར་དུ་ནོར་བདག་གཙོ་བོ་ཆེ། །ཤར་ནས་ཕྱོགས་བཞི་མཚམས་བཞི་གཡས་རིམ་དུ། །ནོར་བཟང་ཟླ་ཤེལ་གང་བ་བཟང་སྦྱིན་མ། །ནོར་སྦྱིན་སྦྱིན་བཟང་རྣམ་ཐོས་བུ་འཕགས་མ། །མཱ་ལི་རབ་བཟང་འཇམ་འཁྱིལ་རབ་སང་མ། །ཞལ་དབང་ལྷ་མོ་སྤྱོད་དབང་དབྱངས་ཅན་མ། །ཡབ་ཡུམ་ཁ་སྦྱོར་ཕྱོགས་མཚམས་བརྒྱད་དུ་གནས། །གཞན་ཡང་ནོར་ལྷའི་རིགས་གྱུར་བྱེ་བ་བརྒྱ། །གྲངས་ལས་འདས་པས་རིན་ཆེན་ཆར་འབེབས་ཤིང་། །དགོས་འདོད་དངོས་གྲུབ་ཆེན་པོ་སྤྲིན་དུ་གཏིབས། །གསོལ་བ་བཏབ་ཚེ་གཙོ་འཁོར་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་དུས་ཀྱི། །རྒྱལ་བ་རྒྱལ་སྲས་སློབ་མར་བཅས་པ་ཡི། །སྨིན་མཚམས་ཐུགས་ཀ་ཞལ་སྒོ་ཕྱག་མཐིལ་ནས། །ཡོ་བྱད་དབང་ཕྱུག་ནམ་མཁའ་མཛོད་ཆེན་གཏེར། །རིན་ཆེན་རྣམ་པར་སྤྱན་དྲངས་དེ་ལས་གཞན། །འཇིག་རྟེན་དཔལ་འབྱོར་འབྱུང་བའི་དངས་བཅུད་ཀུན། །བསྡུས་བྱས་དེ་དང་ལྷན་ཅིག་གུ་རུ་ཡི། །སྦྱོར་མཚམས་ལྟེ་བ་ཞལ་སྒོ་ནེའུ་ལེའི་ཁ། །གཏེར་བུམ་རྣམས་ནས་རིན་ཆེན་ཆར་རྒྱུན་བབས། །བདག་དང་དབུལ་ཕོངས་བཀྲེས་སྐོམ་ཉམས་ཐག་འགྲོའི། །ལུས་དང་གནས་ཁང་ཐམས་ཅད་ཕྱུར་ཁེང་བས། །བསོད་ནམས་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་རྒྱས། །མཐར་ནི་ཀུན་ཀྱང་འཁོར་ལོས་བསྒྱུར་རྒྱལ་གྱུར། །དེ་དག་ཞིང་མཆོག་སངས་རྒྱས་མཆོད་བཀུར་ལ། །བརྩོན་པས་ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་བསམས། །རང་ཉིད་ཛམ་དམར་སྙིང་དབུས་རང་འདྲའི་སྐུ། །ཁ་སྦྱོར་མཐའ་མར་གུ་རུའི་སྙིང་པོས་བསྐོར། །ཡེ་ཤེས་ཐུགས་ཀར་ས་བོན་ཛམྦྷ་ལའི། །སྔགས་འཕྲེང་འོད་ཟེར་སྤྲོ་བསྡུའི་གོང་ལྟར་གྱི། །སྐྱབས་ཡུལ་བྱིན་རླབས་སྣང་སྲིད་དངས་བཅུད་བསྡུས། །ས་བོན་ལ་ཐིམ་བདག་ལུས་རིན་ཆེན་ཁེངས། །བསོད་ནམས་ཚད་མེད་དཔག་ཏུ་མེད་པ་རྒྱས། །ཁམས་གསུམ་འགྲོ་ཀུན་བདག་གི་དབང་གྱུར་བསམ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧྲཱིཿ ཌཱ་ཀི་ནི་ཛ་ལ་སམྦྷ་རཾ་སྭཱ་ཧཱཿ མཐར་འགྲོ་འཁོར་བསྒྱུར་སྨུག་འཛིན་ཀུན་བདག་ཐིམ། །རང་ཉིད་མཐུ་དཔལ་གཟི་བྱིན་ཆེར་རྒྱས་བསམ། །ཐུན་མཚམས་ཆུ་སྦྱིན་འབྱུང་པོ་སྤྱི་གཏོར་བཏང་། །གསེར་འོད་ནོར་རྒྱུན་མདོ་བཀླག་མཆོད་སྦྱིན་འབད། །ཁྱད་པར་བླ་མ་མཁན་སློབ་ཕ་མ་དང་། །དགེ་བའི་བཤེས་གཉེན་སྐུ་གསུང་ཐུགས་རྟེན་མཆོད། །བརྩོན་པས་ཚེ་རབས་སྒྲིབ་སྦྱངས་བསོད་ནམས་རྒྱས། །དབུལ་བྲལ་རྟག་ཏུ་འབྱོར་ལྡན་ལུས་ཐོབ་འགྱུར། །འདི་ཡི་རྫོགས་རིམ་ཕྱི་ཡི་མུ་གེའི་རྟེན། །ནང་ན་ཆགས་ཞེན་སེར་སྣས་བཅིངས་པས་ལེན། །གཉེན་པོ་བདེན་མེད་ཆགས་མེད་ཆོས་ཐམས་ཅད། །ཞེན་མེད་ངང་ལ་མཆོད་སྦྱིན་བརྩོན་པ་ཡིན། །དེ་ཡང་བདག་གི་དྲོད་དབུགས་ཤ་རུས་ཁྲག །ཀུན་གྱིས་དཀོན་མཆོག་མཆོད་ཅིང་དམ་ཅན་བསྐངས། །རིགས་དྲུག་ཚིམ་ཞིང་ལན་ཆགས་འགྱེད་བར་སྦྱིན། །འཁོར་གསུམ་དམིགས་མེད་ངང་བཞག་སྙན་སྨྲ་སྤྱོད། །མ་ཡེངས་སྒོམ་པའི་ངང་བཞག་དོན་སྤྱོད་ཅིང་། །བསྒོམ་བྲལ་བལྟ་བར་ལ་ཟླ་དོན་མཐུན་པར། །དེ་ལྟར་བསྡུ་དངོས་བཞི་ཡི་ངེས་དོན་ལ། །སྒྱུ་མ་ལྟ་བུར་མཉམ་རྗེས་མེད་པར་འབད། །
༈ མན་ངག་བཞི་པ་གུ་རུ་ཡི་དམ་བསྒྲུབ། །དེ་ལ་ངོ་བོ་བླ་མ་རྣམ་པ་སྐུ། །ཡི་དམ་རང་གི་ཡིད་ལ་གང་མོས་ལས། །མཐའ་བཟུང་གཅིག་མིན་གང་ཟག་བློ་རིགས་དང་། །མཐུན་མོད་འོན་ཀྱང་རྒྱུད་ལུང་མན་ངག་གི །ཟིན་ངེས་ཡི་དམ་གསོལ་བཏབ་དེའི་ངོ་བོ། །བླ་མར་ཤེས་ལས་རྒྱུད་དང་མན་ངག་གི །མ་ཟིན་བློ་བཅོས་ལྷ་བསྒོམ་བྱིན་རླབས་མེད། །དེ་བས་བྱིན་རླབས་མ་ཉམས་གཞུང་མན་ངག །ལྡན་ལ་ཉམས་ལེན་བྱེད་པ་གལ་འགག་ཡིན། །འདིར་ནི་ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་ལམ། །ཐུགས་སྒྲུབ་གསེར་ཞུན་རྡོ་རྗེ་ཐོད་འཕྲེང་རྩལ། །ཡང་ན་ཆེ་མཆོག་རྡོ་རྗེ་གཞོན་ནུའི་སྐུ། །གང་མོས་ཡུམ་ཅན་མདུན་གྱི་མཁའ་ལ་བསྒོམ། །བདེ་གཤེགས་ཡོངས་སུ་འདུས་པ་སྒྲུབ་སྡེ་བརྒྱད། །གཙོ་བོ་འཇམ་དཔལ་རྟ་མགྲིན་ཡང་དག་ཐུགས། །ཆེ་མཆོག་ཕུར་པ་དྲེགས་འདུལ་སྟོབས་ལྡན་ལ། །ཡུམ་མཆོག་རོ་ལངས་གཟི་ལྡན་རྡོར་དབྱིངས་མ། །གནམ་ཞལ་རྒྱས་འདེབས་སྲི་འདུལ་འབྱུང་ལྔའི་བདག །འཁྲིལ་སྦྱོར་ཁྲོ་གར་དུར་ཁྲོད་དཔལ་ཆས་རྫོགས། །གཞན་ཡང་ཡི་དམ་ཐེག་དགུ་རྒྱུད་སྡེ་དྲུག །ཞི་བ་ཁྲོ་བོ་མོ་ཞི་མ་ཁྲོ་མ་སོགས། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཚོམ་བུ་འབུམ། །གྲངས་མེད་སྤྲིན་ཕུང་གཏིབས་ལྟར་བསྐོར་བར་བསྒོམ། །གསོལ་བ་བཏབ་ཚེ་ཕྱོགས་དུས་རྒྱལ་བ་ཀུན། །འདུས་ནས་སྐུ་ནི་ཆེ་ཆུང་མ་ངེས་པར། །ཆར་བཞིན་བབས་པས་བདག་གི་ལུས་བྱིན་རླབས། །དེ་བཞིན་གསུང་ལ་ཡིག་འབྲུ་སྒྲ་དང་བཅས། །ཐུགས་ལ་ཐིག་ལེ་ཕྱག་མཚན་སྣ་ཚོགས་པ། །ཡོན་ཏན་འོད་ལྔ་འཕྲིན་ལས་མེ་རླུང་ཆུ། །འབར་བའི་ཚུལ་གྱིས་བདག་ལ་ཐིམ་པ་ཡིས། །སྒོ་གསུམ་དབང་པོ་རླུང་རྣམས་བྱིན་གྱིས་བརླབས། །གཏེར་བདག་དྲེགས་པ་མཐུ་ཆེན་ཀུན་འདུས་ནས། །བདག་ལ་དངོས་གྲུབ་ཆེ་མཆོག་རྣམས་སྩོལ་དམིགས། །མཐར་ནི་རང་ཉིད་ཡི་དམ་ཀུན་འདུས་དཔལ། །ཆེ་མཆོག་རྡོ་རྗེ་ཐོད་འཕྲེང་སྐུ་རུ་བསམ། །ཆོས་སྐྱོང་དམ་ཅན་ཀུན་གྱི་སྲོག་སྙིང་པོ། །དབང་མེད་བདག་ལ་ཕུལ་ནས་འཕྲིན་ལས་བསྒྲུབ། །སྣང་སྲིད་ཀུན་ཀྱང་གཞལ་ཡས་ལྷ་ཡི་སྐུ། །གཉིས་མེད་ཡེ་ཤེས་རང་སྔགས་སྒྲོགས་པར་དམིགས། །གསལ་བ་གསུམ་ལྡན་དགོངས་པས་ཡི་གེ་ཧཱུྃ། །ཞི་བར་རྐྱང་དེད་དྲག་པོར་ཉིས་བརྩེགས་དང་། །དབང་ལ་ལྔ་སྒྲིལ་རྒྱས་པར་བདུན་སྒྲིལ་བཟླས། །མཐར་ཐུག་དབུགས་ཉིད་ཧཱུྃ་སྟེ་རྒྱུན་ཆད་མེད། །གཞན་ནི་རང་གི་ཡི་དམ་ལྷག་པའི་ལྷ། །གསང་སྔགས་བཟླ་ཞིང་དམིགས་པའི་གཟེར་གདབ་བྱ། །སྐབས་སུ་ཐུགས་སྒྲུབ་ཀུན་གྱི་ཡང་སྙིང་མཆོག །སྙིང་པོ་གསེར་གྱི་ཡང་ཞུན་འཛབ་ཀྱང་བཟླ། །དེ་བཞིན་བླ་མ་དགོངས་འདུས་རྒྱུད་ཀྱི་སྙིང་། །རྩ་གསུམ་སྤྱི་དྲིལ་སྙིང་པོ་འདི་རྣམས་བཟླ། །ཨོྃ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཿ དེ་ལྟར་སྒྲུབ་པའི་གང་ཟག་དེ་ཉིད་ཀྱི། །ཡི་དམ་རྩ་བ་གསུམ་ཞལ་དངོས་ཉམས་རྨིར། །མཇལ་ཞིང་ལུང་སྟོན་བྱིན་རླབས་གནས་ལུགས་དོན། །རྗེན་མཐོང་མཆོག་ཐུན་དངོས་གྲུབ་མཛོད་ལ་དབང་། །གཏེར་དབང་གང་ཟག་ཡིན་ན་ཚུལ་འདི་ཉིད། །གཏེར་སྒྲུབ་མཆོག་སྟེ་དངོས་གྲུབ་མྱུར་ཐོབ་འགྱུར། །རྫོགས་རིམ་དོན་ལ་སྤྱིར་ནི་རྒྱ་ཆེའི་དོན། །འཁོར་འདས་སྣང་སྲིད་ཀུན་ཀྱང་གཏེར་ཡིན་ལ། །འདོན་ཚུལ་བསམ་གྱིས་མི་ཁྱབ་བརྗོད་མི་ལངས། །འོན་ཀྱང་མཁྱེན་གཉིས་སྒྲུབ་ལ་ཡོངས་སུ་འདུ། །གཏེར་གྱི་མདོ་དོན་སྙིང་པོ་ཟབ་པ་ནི། །དྲི་མེད་རིག་པ་ཆོས་ཀྱི་སྐུ་ཡིན་ཏེ། །དེ་ནི་གཏེར་དུ་ཇི་ལྟར་བཞུགས་ཞེ་ན། །འཁྲུལ་སྣང་བྲག་རིའི་དབུས་ན་ཚོགས་བདུན་གྱི། །རྒྱས་བཏབ་ཀུན་གཞི་རིན་ཆེན་གཏེར་སྒྲོམ་ན། །བྲི་གང་མེད་པའི་ཟབ་གཏེར་མཆོག་དེ་བཞུགས། །དེ་ཉིད་རྒྱལ་བའི་བཀའ་ལུང་ཁ་བྱང་ལ། །བླ་མའི་མན་ངག་བྱིན་རླབས་སྙིང་བྱང་སྟེ། །དད་མོས་གུས་པ་དམ་ཚིག་བརྩོན་འགྲུས་ཅན། །སྐལ་ལྡན་བུ་ཡིན་དེས་ཀྱང་ཚུལ་བཞིན་དུ། །བླ་མ་དགྱེས་བྱས་སྒོམ་སྒྲུབ་ལ་བརྩོན་པས། །གཏེར་རྣམས་ཀུན་གྱི་རྒྱལ་པོ་དེ་རྙེད་འགྱུར། །དེ་སྐད་སྤྱི་དོན་གླེང་གཞིར་བསྟན་བྱས་ནས། །སྙིང་པོ་ཉམས་ལེན་གཏན་ལ་ཕབ་པ་ནི། །དུས་གསུམ་སངས་རྒྱས་ཀུན་གྱི་བགྲོད་གཅིག་ལམ། །ཡི་དམ་དཀྱིལ་འཁོར་ཀུན་གྱི་སྲོག་སྙིང་མཆོག །སངས་རྒྱས་ཡེ་ཤེས་དྲང་ཐད་ངོ་སྤྲོད་པ། །རིག་པ་གཅེར་མཐོང་ཁྲེགས་ཆོད་གདམས་པ་མཆོག །སངས་རྒྱས་ཡེ་ཤེས་དྲང་ཐད་ངོ་སྤྲོད་པ། །རིག་པ་གཅེར་མཐོང་ཁྲེགས་ཆོད་གདམས་པ་མཆོག །སྔོན་དུ་ཐེ་ཚོམ་སེམས་ཀྱི་དྲི་མ་གསལ། །དངོས་གཞི་ངོ་སྤྲོད་ཐག་ཆོད་གདེངས་ཆའོ། །དེ་ཉིད་ཉམས་ལེན་བརྩོན་པ་མ་བྲལ་ན། །ཚེ་གཅིག་སངས་རྒྱས་རྫོགས་རིམ་རྒྱལ་པོ་ཡིན། །རང་གཞན་དོན་གཉིས་ལྷུན་གྲུབ་ཟབ་གཏེར་འདི། །སུས་ཐོན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིན། །
༈ མན་ངག་ལྔ་པ་ཟིལ་གནོན་གུ་རུར་བསྒྲུབ། །མདུན་མཁར་གུ་རུ་ཟིལ་གནོན་དྲག་པོ་རྩལ། །དཀར་དམར་ཁྲོ་འཛུམ་བེར་ཕོད་ཆོས་གོས་གསོལ། །པད་ཞུ་ཁྱུང་ལྡེམ་པྱག་གཡས་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་དགུ་མེ་འབར་ཁ་གདངས་འཕྱར། །གཡོན་པས་དྲེགས་པ་སྡེ་བཅུའི་སྙིང་འཕྲེང་འདྲེན། །དཔྲལ་མགྲིན་སྙིང་ལྟེ་གསང་བར་འཇམ་དཔལ་ནག །རྟ་ཕྱག་མགོན་པོ་སྒྲ་གཅན་དཀྱིལ་འཁོར་རྫོགས། །འཁོར་དུ་ཞིང་སྐྱོང་བསྭེ་ལྕགས་དུང་སྐྱེས་ཕྱོགས། །རྡོར་ལེགས་རྨ་ཐང་དྲེའུ་ཞོན་ལྷ་མོ་མཚམས། །གཞན་ཡང་དགེ་བསྙེན་བརྟན་མ་སྲིད་པའི་ལྷ། །ཆེ་གཉན་དྲག་བཙན་རི་དབང་མགུར་ལྷ་སོགས། །ཀུན་ཀྱང་བཀའ་གཉན་གསུང་བསྟོད་བྲན་གྱི་ཚུལ། །རིན་ཆེན་རང་རྟགས་སྲོག་གིས་གུ་རུ་མཆོད། །གསོལ་བ་བཏབ་ཚེ་གུ་རུའི་ཐུགས་ཀ་ནས། །འོད་ཟེར་འབར་བས་འཁོར་རྣམས་གནད་དབབ་པས། །ཀུན་ཀྱང་སྔོན་གྱི་གཡར་དམ་རྗེས་དྲན་ནས། །སྙིགས་མ་ལྔས་དབེན་བདེ་ལྡན་སྦས་པའི་ཡུལ། །བདག་ལ་སྟེར་ཞིང་རང་ཉིད་གང་གནས་ཕྱོགས། །དེ་རུ་དཔལ་གཡང་ཐམས་ཅད་བསྐྱེད་པར་བསམ། །མཐར་ནི་རང་ཉིད་པདྨ་ཟིལ་གནོན་སྐུ། །གནས་ལྔའི་ལྷ་བཅས་ཐུགས་ཀའི་འོད་ཟེར་ལས། །འཁོར་འདས་ལྷ་ཚོགས་བསྡུས་ནས་གནས་ལྔར་ཐིམ། །གང་འདོད་དངོས་གྲུབ་ཡིད་བཞིན་ཐོར་པར་བསམ། །ཧཱུྃ་ཨ་ཀཱ་ཡ་ཧ་ཨ་མ་ར། ཨ་ཡ་མ་དུ་རུ་ཙ་ཤ་ན། ཏྲིད་ནན། སྦུར་ཐུམས་ཛ་ཛཿ དྷ་ལོ་ཤ་པུ་ཝ་མ། ཨརྣི་ཏྲི་སིདྡྷི་ཕ་ལ་ཛ་ཛ་ཛཿ གསང་སྔགས་འདི་ལ་འཁོར་འདས་འབྱུང་བོའི་སྲོག །ཀུན་ཚང་ཕོ་མོ་མ་ནི་གཉིས་སུ་མེད། །བཟླས་ན་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང་། །འཕོ་ཚེ་བདེ་བ་ཅན་དུ་སྐྱེ་བར་གསུངས། །ཁྱད་པར་སྦས་པའི་ཡུལ་གྱི་སྒོ་འབྱེད་པར། །ཆེད་མངགས་གུ་རུའི་སྒྲུབ་ཐབས་མཆོག་ཡིན་པས། །སྦས་ཡུལ་འཇུག་དང་སྒོ་འབྱེད་འདོད་རྣམས་ཀྱི། །གུ་རུའི་གསོལ་འདེབས་སྒྲུབ་ཐབས་འདི་ཉིད་ལ། །འབད་པས་དངོས་ཉམས་རྨི་ལམ་སྣང་བ་རུ། །སྦས་ཡུལ་འབྱེད་དང་མི་འབྱེད་ལུང་སྟོན་འབྱུང་། །འབྱེད་པའི་ལུང་བསྟན་བྱུང་ན་ལམ་ཡིག་ལྟར། །སྟ་གོན་བྱས་ནས་དལ་ལ་བརྩོན་བསྐྱེད་འཇུག །ལུང་སྟོན་མེད་པར་སྦས་ཡུལ་འཇུག་འདོད་ཀྱི། །སྐམ་ཆགས་དྲག་པོས་རང་ཉིད་ངལ་བྱེད་ཡིན། །དེ་བས་ཐོག་མར་གུ་རུའི་སྒྲུབ་པ་ལ། །ནན་ཏན་རྨི་ལམ་མཚན་མ་ཐོབ་པ་གཅེས། །སྤྱིར་ཡང་དམ་ཚིག་ཤེས་རབ་བརྩོན་འགྲུས་ཅན། །རྟེན་འབྲེལ་ཐབས་ལ་མཁས་པས་བརྩམ་བྱ་ཡིན། །བབ་ཅོལ་བྱས་ན་མི་རུང་ཆོ་འཕྲུལ་འབྱུང་། །དེས་ན་ཚུལ་བཞིན་སྤྱོད་པ་ཞིབ་ཏུ་བགྱིས། །སྦས་ཡུལ་འབྱེད་སོགས་མིན་ཡང་འདི་བསྒྲུབ་པས། །གོང་དུ་བཤད་པའི་ཡོན་ཏན་ཀུན་ཐོབ་ཅིང་། །སྡེ་བརྒྱད་དྲེགས་པས་བཀའ་ཉན་འཕྲིན་ལས་བསྒྲུབ། །གུ་རུའི་བྱིན་རླབས་ཞུགས་ནས་མཆོག་ཐོབ་འགྱུར། །རྫོགས་རིམ་ཕྱི་ལྟར་སྙིགས་མ་ལྔ་སྐྱོབ་ཕྱིར། །སྦས་པའི་ཡུལ་སྟེ་ནང་ན་འཁྲུལ་སྣང་གི །དབེན་པ་མི་འགྱུར་བདེ་ཆེན་སྦས་ཡུལ་ཏེ། །དེ་ཉིད་ལམ་བྱེད་ཐབས་གྲོལ་སྟེང་འོག་སྒོ། །འདིར་ནི་སྟེང་སྒོ་ཕྱི་ནང་སྟོང་རའི་མཐར། །རླུང་སྦྱོར་བཞི་ལྡན་གཏུམ་མོའི་མེ་སྦར་ཞིང་། །ཨ་ཧཾ་འདུ་འཕྲོད་བདེ་དྲོད་ཡེ་ཤེས་བསྐྱེད། །བརྟན་པ་ཐོབ་ནས་དེ་བོག་འོག་སྒོས་འདོན། །དེ་ཡང་རོ་འབར་རྐྱང་འཛག་དབུ་མར་ཞུགས། །འཁོར་ལོ་བཞི་བསྲེག་རི་བོང་ཅན་འཛག་འཁྱིལ། །ཡས་མས་དགའ་བ་རྗེས་དྲན་ཏིང་འཛིན་པ། །ལམ་རིམ་མ་འདྲེས་ངེས་འབྱེད་ཤེས་པར་བྱ། །
༈ མན་ངག་དྲུག་པ་གུ་རུ་སེང་སྒྲར་བསྒྲུབ། །དེ་ཡང་མདུན་མཁའ་གསང་བདག་སེང་གེ་སྒྲ། །ཁྲོ་གཏུམ་རྡོ་རྗེ་སྡིག་མཛུབ་དྲག་མོས་འཁྱུད། །སྐྲ་གསེབ་སེང་ཞལ་དུར་ཁྲོད་དཔལ་ཆས་རྫོགས། །འཁོར་དུ་དཔའ་བོ་རིགས་བཞི་ཡུམ་བཅས་ཕྱོགས། །འགུགས་འཛིན་སྟོབས་རྒྱུག་གིང་བཞི་ཡུམ་བཅས་མཚམས། །གཞན་ཡང་དཔའ་བོ་མཁའ་འགྲོ་གིང་ཕོ་མོ། །བྱེ་བ་གྲངས་མེད་འཁོར་དུ་བསྐོར་བར་བསམ། །གསོལ་བ་བཏབ་ཚེ་གུར་རུའི་ཐུགས་ཀ་ནས། །འོད་འཕྲོས་ཕྱོགས་དུས་རྒྱལ་བའི་ཐུགས་རྒྱུད་བསྐུལ། །ཚུར་འདུས་བདག་གི་འཇིགས་པ་མཐའ་དག་ཞི། །འགྲོ་ཀུན་གདུག་པའི་སེམས་ཅན་གནོད་ལས་སྒྲོལ། །མཐར་ནི་རང་ཉིད་གསང་བདག་གསལ་བཏབ་ཅིང་། །ཡེ་ཤེས་སེམས་དཔའ་རྡོ་རྗེ་རྩེ་དགུའི་ལྟེར། །ཧཱུྃ་མཐར་སྔགས་འཕྲེང་འོད་ཟེར་འགལ་མེ་ལྟར། །འཁོར་ཞིང་མེ་འབར་བསྲུང་བའི་ གུར་ཁང ་བསྟས། །ཕྱི་ཡི་བར་ཆད་བདུག་པའི་གཅན་གཟན་དང་། །ནང་གི་མ་རུངས་ཕྲ་མན་གནོད་པའི་ཚོགས། །གསང་བ་བྱད་ཁ་རྦོད་གཏོང་ངན་པ་རྣམས། །རང་གཤེད་རང་དབབ་ཐལ་པའི་རྡུལ་བརླག་བསམ། །ཨོཾ་བཛྲ་གུ་རུ་སིདྷ་གཎྜེ་དྷཱརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ དེ་ལྟར་རྩ་སྔགས་སྤྱི་དྲིལ་མཚན་བརྒྱ་པ། །བདུད་འདུལ་དྲག་མོའི་གསང་སྔགས་ཡང་སྙིང་སྟེ། །གང་མོས་གཙོ་བོར་བཟླ་ཞིང་རྟགས་རྫོགས་ཚེ། །ལས་རྫོགས་གང་བརྩམས་ཐོགས་མེད་འགྲུབ་པར་འགྱུར། །རྫོགས་རིམ་ཕྱི་ན་འབྲོག་ཆེན་འཇིགས་པའི་འཕྲང་། །ནང་ན་རྣམ་རྟོག་འཕོ་བཅས་དབང་གིས་ནི། །སྐྱེ་འཆི་བར་དོར་འཁྱམས་པའི་འབྲོག་ཆེན་སྟེ། །འཇིགས་སྐྱོབ་ལམ་ཁྱེར་བར་དོའི་གདམས་བསྒོམ་གཅེས། །དེ་ཡང་བར་དོ་དྲུག་ལས་རྣམ་པ་གསུམ། །རང་བཞིན་བར་དོར་འདུ་ལ་དེར་ལམ་བསྒོམ། །འདིར་ནི་འཆི་ཀ་ཆོས་ཉིད་སྲིད་པ་སྟེ། །མེ་ལོང་མ་དང་ཝ་འཛུག་ཚུལ་དུ་གདམས། །
༈ མན་ངག་བདུན་པ་པདྨ་བཛྲ་སྒྲུབ། །དེ་ཡང་མཁའ་ལ་དགུ་རྫོགས་ཐེག་པའི་གདན། །དེ་སྟེང་འོག་དཔག་མེད་མགོན་བདེ་བ་ཆེ། །པདྨ་བཛྲ་ཞལ་གསུམ་ཕྱག་དྲུག་དམར། །ཁྲོ་འཛུམ་རྫོགས་པའི་སངས་རྒྱས་འགྱིང་བའི་སྐུ། །གཡས་དཀར་གཡོན་མཐིང་ཐོར་ཚུགས་རལ་བའི་རྩེར།།འོད་དཔག་མེད་བརྒྱན་ལྷ་ལྕམ་གསང་ཡེ་འཁྱུད།།གཡས་གསུམ་རྡོ་རྗེ་རལ་གྲི་ཚེ་ཡི་བུམ། །གཡོན་གསུམ་དྲིལ་བུ་བྷཉྫ་ནམ་མཁའི་དབྱུག །གཟི་བརྗིད་འོད་དཔག་མེད་མགོན་ཐུགས་རྗེའི་སྐུ། །དཀྱིལ་འཁོར་ཡོངས་ཀྱི་འཁོར་ལོས་བསྒྱུར་མཛད་དཔལ། །བླ་མ་དགོངས་འདུས་དཀྱིལ་འཁོར་གཙོ་མཆོག་ཡིན། །འཁོར་དུ་འབྱུང་བཞིའི་ལྷ་ནི་རིགས་ལྔ་སྟེ། །དེ་ཕྱིར་མཁའ་འགྲོ་སྡེ་ལྔ་ཡབ་ཡུམ་ཡིན། །འདིར་ནི་དཀྱིལ་འཁོར་གཙོ་འབྲེལ་རྒྱུད་དོན་བཞིན། །རིགས་ལྔ་ཧེ་རུ་ཀར་བསྟན་རྡོ་རྗེ་བརྒྱད། །ཞེ་སྡང་རྡོ་རྗེ་ང་རྒྱལ་རྡོ་རྗེ་དང་། །འདོད་ཆགས་རྡོ་རྗེ་ཕྲག་དོག་རྡོ་རྗེ་སེམས། །གཏི་མུག་རྡོ་རྗེ་བདེ་བ་རྡོ་རྗེ་སེམས། །མཚོ་སྐྱེས་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་འཆང་། །ཡུམ་བརྒྱད་བསྐྱེད་བྱེད་གཤིན་རྗེ་འཇོམས་མ་དང་། །བསྲེག་བྱེད་ཙན་ཏི་ཀ་དང་རྨོངས་བྱེད་མ། །མཱལ་མནྡྷཾ་ར་བ་གསོད་བྱེད་མ། །འཁྲིལ་སྦྱོར་དེ་ལྟར་དེ་བཞིན་གཤེགས་པ་བརྒྱད། །ཡེ་ཤེས་རང་འོད་མེ་རིག་ཁ་དོག་ལྔ། །འཁྲིག་དབུས་ཞི་མ་ཁྲོ་ཚུལ་གཟི་འོད་འབར། །གཞན་ཡང་འབྱུང་ལྔའི་མཁའ་འགྲོ་བྱེ་བ་འབུམ། །གྲངས་མེད་ཀུན་ཀྱང་བདག་ལ་བརྩེ་བས་བཞུགས། །གསོལ་བ་བཏབ་ཚེ་གཙོ་འཁོར་ཐམས་ཅད་ཀྱི། །ཐུགས་ལས་འོད་འཕྲོས་ཕྱི་ལྟར་འབྱུང་བའི་དགྲ། །ནང་ལྟར་འདུ་འཁྲུག་འབྱུང་བ་ཚ་གྲང་གེགས། །གསང་བ་ཉོན་མོངས་དུག་ལྔའི་རྣམ་རྟོག་ཞི། །མཐར་ནི་རང་ཉིད་པདྨ་བཛྲ་རྩལ། །ཐུགས་ཀར་ཉི་ཟླའི་སྟེང་དུ་རྡོ་རྗེའི་ལྟེར། །འདབ་བརྒྱད་དབུས་སུ་སངས་རྒྱས་འོད་དཔག་མེད། །མཉམ་བཞག་ཚེ་བུམ་ནང་དུ་རྡོ་རྗེ་གསུམ། །ཐུགས་ཀར་ཧྲཱིཿབཅས་སྐུ་མཐར་སྔགས་འཕྲེང་འཁོར། །འོད་ཟེར་སྤྲོ་བསྡུ་རྒྱལ་ཀུན་ཐུགས་བྱིན་བསྡུས། །སངས་རྒྱས་ཀུན་འདུས་བདག་གྱུར་ཞིང་འདི་ཡང་། །འབྱུང་བཞིའི་གནོད་བྲལ་བདེ་བ་ཅན་དུ་བསམ། ཨོཾ་ཨཱཿཧཱུྃ་གུ་རུ་ཤྲི་པདྨ་བཛྲ་ཧྲཱིཿ དྷུ་མ་གྷ་ཡེ་ཌཱཀྐི་ནི་ན་མཿ སྭཱ་ཧཱཿ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་སཿ ར་ཙ་ཧྲི་ཡ་ཛ་ཧཱུྃཿ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་སྭཱ་ཧཱཿ ཧྲིཿ མཿ ཧ་རི་ནི་ས་ར་ཙ་ཧྲི་ཡ་ཨ་རྣྲི་ཏྲི་ཛཿ སརྦ་ཨ་གུ་ཤ་ཛཿ ཙིཏྟ་ཧྲིང་ཧྲིང་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ། དེ་ལྟར་པདྨ་བཛྲ་རྩ་སྔགས་དང་། །མཁའ་འགྲོ་ཡབ་ཡུམ་སྲོག་སྔགས་རྩ་གསུམ་གྱི། །སྤྱི་དྲིལ་སྔགས་ཏེ་རང་གིས་གང་མོས་བཟླ། །ཡང་སྙིང་བཛྲ་གུ་རུ་དག་ཀྱང་ངོ་། །ལས་སྦྱོར་འབྱུང་བཞིའི་གནོད་པ་ལས་སྐྱོབ་བྱེད། །དམིགས་པ་རྟེན་འབྲེལ་རྫས་སྔགས་ཁ་ཡང་བསྒྱུར། །ནང་ལྟར་འབྱུང་འཁྲུག་རྩ་རླུང་ཐིག་ལེའི་གེགས། །བསལ་ལ་གང་འོས་མན་ངག་བཞིན་དུ་བྱ། །རྫོགས་རིམ་གསང་བ་ཏིང་འཛིན་སེམས་ཀྱི་གེགས། །བསལ་མཁས་ཟབ་གསལ་མན་ངག་བསྒོམ་པ་སྟེ། །བྱིང་སྨུག་འཐིབ་པ་གཏི་མུག་ས་ཡི་གེགས། །འཕྲོ་བ་འདོད་ཆགས་ཆུ་སྟེ་རྒོད་སྡང་མེ། །འཐོར་བ་ཕྲག་དོག་རླུང་ཡིན་གེགས་དེ་དག །སེལ་ཐབས་བསྒྲིམ་ཀློད་རང་བབ་རང་གྲོལ་བཞག །དེ་བཞིན་བསམ་གཏན་དང་པོ་གཉིས་གསུམ་བཞིར། །འདོད་པ་དགའ་གཡོ་བརྟན་པའི་ཉེས་བསལ་ནས། །མུ་བཞིར་མ་ལྷུང་ལྷག་མཐོང་ཡེ་ཤེས་ཀྱི། །རང་ཞལ་བལྟ་བ་བསྒོམ་མེད་ཡེངས་མེད་བྱ། །དེ་ཡི་གནད་ནི་མཉམ་བཞག་མཚན་ཉིད་བཞི། །ཕྲ་དངས་བསལ་ལ་མི་རྟོགས་ངང་དུ་བཞག །སྟེང་འོག་རྫོགས་རིམ་གེགས་སེལ་བོགས་འདོན་པ། །ཕལ་ཆེར་འདི་ལ་ཚང་ཞིང་གདན་འདུག་པས། །ཟབ་མོའི་རྫོགས་རིམ་འདི་ལ་གོམས་འདྲིས་གཅེས། །དེས་ནི་འདྲ་མིན་གེགས་གོལ་བྲལ་བར་བྱེད། །གསལ་བ་འབྱུང་ཁམས་རྩ་རླུང་ཐིག་ལེ་རྣམས། །དག་བྱེད་སྟོང་པའི་གཟུགས་སྒྲ་བདེ་བ་ཆེ། །གཡོ་མེད་ལམ་གྱི་བསྙེན་སྒྲུབ་ལ་འབད་ནས། །མི་ཤིགས་རྡོ་རྗེ་གསུམ་འབྲས་མངོན་སྤྱོད་བྱེད། །
༈ མན་ངག་བརྒྱད་པ་གུ་རུ་རྟ་མགྲིན་བསྒྲུབ། །དེ་ཡང་རྒྱ་མཚོ་མེ་དཔུང་ཀེང་རུས་སྟག །རུ་དྲ་ཉི་སྟེང་ཁྲོ་མཆོག་རྟ་མགྲིན་ནག །མི་ཐུང་གེལ་ཚུལ་ཕྱག་གཉིས་སེང་རྔ་བརྡུང་། །རྡོ་རྗེ་ཁྲོས་མ་གྲི་ཐོད་འཛིན་པས་འཁྱུད། །ཕྱོགས་བཞིར་ཕྱག་བརྒྱ་བཞི་འཛིན་མཁའ་འགྲོ་བཞི། །སྤྱི་བོར་པདྨ་ཐོད་འཕྲེང་ཐོད་རྔ་དྲིལ། །རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་དང་རོལ། །གསང་ཡེ་སྡེ་བཞི་ཅང་ཏིའུ་དྲིལ་བུ་ཐོགས། །གཞན་ཡང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ། །བུ་ཡུག་ལྟར་འཚུབ་མེ་ལྕེ་རྡོ་རྗེ་ར། །ཀུན་ཏུ་འཕྲོ་དབུས་འཇིགས་སུ་རུང་བར་བསྐྱེད། །གསོལ་བ་བཏབ་ཚེ་མེ་དཔུང་འཕྲོ་ཞིང་འདུ། །རབ་འབར་འཁོར་ལོས་དགྲ་ཇག་ཆོམ་རྐུན་དང་། །བྱུར་གེགས་ལྟས་ངན་སྲི་ཁ་ཀོགས་ཆགས་བྱེད། །ཉམས་ང་མཐའ་དག་ཕྱེར་བརླག་བསྲུང་གུར་གྱུར། །མཐར་ནི་རང་ཉིད་གུ་རུ་རྟ་མགྲིན་སྐུ། །ཞལ་ནས་མེ་འཕྲོས་ཕྱི་གནོད་བར་ཆད་བསྲེག །ནང་དུ་བཀུག་པས་ནང་གདོན་གདན་བཅས་བསྲེག །བར་གྱི་གཉིས་སྣང་མཐའ་དག་སྟོང་པར་སྦྱངས། །ཨོཾ་ཨཱཿཧཱུྃ་གུ་རུ་ཀྲོ་དྷ་ཧ་ཡ་གྷྲི་ཝ་ཀྲོ་ཏ་ཧ་རི་ནི་སཱ་མཱ་ཡཱ་ཛཿ ཀཱ་ལ་ཤྭ་ར་སིདྡྷི་ཕཱ་ལ་ཧཱུྃཿ ལས་སྦྱོར་ཕྱི་ལྟར་དགྲ་ཇག་ཆོམ་རྐུན་བཅིངས། །ནང་ལྟར་གཟའ་ཀླུ་གདུག་པའི་གནོད་པ་བཅིང་། །དེ་དག་ཡེངས་མེད་བསྐྱེད་རིམ་སྔགས་ནུས་པ། །རྙེད་པས་ལས་རྣམས་ཐོགས་མེད་འགྲུབ་པར་ངེས། །རྫོགས་རིམ་གསང་བ་རྣམ་རྟོག་ལམ་དུ་འཁྱེར། །དེ་ཡང་ཕྲ་སྦོམ་རགས་པ་ཚོགས་དྲུག་གི །ཡུལ་ལ་ཞེན་པས་འཁོར་བའི་རྒྱུ་བསྐྱེད་བྱེད། །ཞེན་མེད་སྤངས་གཉེན་བྲལ་བའི་གཤིས་ལ་བཞག །
༈ མན་ངག་དགུ་པ་གུ་རུ་གྲོ་ལོད་བསྒྲུབ། །མཁའ་དཀྱིལ་རྡོ་རྗེའི་ གུར་ཁང ་མེ་དཔུང་ཀློང་། །རྡོ་རྗེ་གྲོ་ལོད་དམར་སྨུག་འཆོལ་བའི་སྐུ། །ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིགས། །དབུ་སྐྲ་དམར་སེར་གྱེན་བརྫེ་ཐོད་སྐམས་བརྒྱན། །ཞབས་གཉིས་གར་སྟབས་ལིང་ལིང་འགྱིང་བག་རོལ། །ཟ་འོག་བེར་ཕོད་ཆོས་གོས་རུས་རྒྱན་གསོལ། །ཕྱག་གཉིས་རྡོ་རྗེ་རྩེ་དགུ་ཕུར་བུ་གསོལ། །འཁོར་དུ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ། །ཧཱུྃ་ཀར་རྣམ་རྒྱལ་གཤེད་ཆེན་རྟ་སྐད་ཅན། །བདུད་རྩི་དབྱུག་སྔོན་མི་གཡོ་གཞན་མི་ཐུབ། །ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ། །ཀུན་ཀྱང་མཐིང་ནག་གནམ་ལྕགས་ཕུར་བུ་འདྲིལ། །སྒྲ་འབྱིན་མདའ་སྙེམས་དུར་བདག་ཙཎྜ་ལི། །རླུང་འབྱིན་སྡེར་མོ་གཏུན་ཁུང་བསྐུལ་བྱེད་མ། །གསོད་བྱེད་མ་སྟེ་ཡབ་ཡུམ་ལྷན་ཅིག་རོལ། །གཞན་ཡང་ཁྲོ་ཆུ་རྡོ་རྗེའི་བུ་ཡུག་འཚུབ། །གསོལ་བ་བཏབ་ཚེ་ཐུགས་ཀའི་ས་བོན་དང་། །བ་སྤུའི་བུ་ག་དབུ་སྐྲ་ཕྱག་མཚན་ལས། །ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་ཡི། །བདག་ལ་སྡང་སེམས་ལྡན་པའི་དགྲ་བགེགས་ཀུན། །ཕྱེ་མར་བརླག་ཅིང་ཤ་ཁྲག་རུས་པ་ལ། །ཁྲོ་ཆུང་ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་རོལ། །ཚུར་འདུས་སྟེང་འོག་ཕྱོགས་མཚམས་རྡོ་རྗེ་ཡི། ། གུར་ཁང ་མི་ཕྱེད་གོང་བུ་གཅིག་ཏུ་གྱུར། །མཐར་ནི་རང་ཉིད་རྡོ་རྗེ་ཁྲོ་བོ་ལོའི། །ཡེ་ཤེས་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ། །ཉི་སྟེང་ཧཱུྃ་དམར་མཐའ་མ་སྔགས་འཕྲེང་འཁོར། །འོད་འཕྲོས་རྒྱལ་མཆོད་སེམས་ཅན་ལས་སྒྲིབས་སྦྱངས། །མི་དང་མི་མིན་གདུག་པའི་བསམ་སྦྱོར་ཞི། །སྔོན་ལས་འཕྲལ་རྐྱེན་བར་ཆད་ཀུན་སེལ་བསམ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོཀ་ཏྟར་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། རྩ་སྔགས་དེའམ་ཨ་རྩིག་ནི་རྩིག་གམ། །ཡང་ན་ཟུར་ཆག་སྐད་གྱུར་རྩ་བའི་སྔགས། །ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། འདི་གསུམ་རང་གི་བློ་ལ་གང་མོས་བཟླས། །སྐབས་སུ་རྩ་སྔགས་ཤམ་བུར་ཧཱུྃ་ཕཊ་ཅེས། །ངར་ལྡན་མང་བཟླས་སྣང་བའི་ཡུལ་རྣམས་ལ། །ཐོགས་བརྡུག་མེད་པར་རིག་པའི་རྩལ་ཡང་སྦྱང་། །རྙིང་མ་འགའ་དང་གསར་མ་རེ་ཟུང་ན། །ཟུར་ཆག་སྔགས་འགྱུར་འདི་འདྲ་བྱུང་བ་ལ། །རྟོག་གེ་པ་འགའ་རྒྱ་མིན་བོད་མིན་ཞེས། །དགག་པ་རང་ཉིད་ཆོས་སྤོང་སྒྲིབས་བསགས་ལས། །ཇི་བཞིན་དོན་ལ་འབྱོར་བ་མ་ཡིན་ཏེ། །འབྱོར་ཞེས་སྨྲ་ན་ཨོ་རྒྱན་ཤམྦྷ་ལ། །འགྲོ་ལྡིང་སྲིན་པོ་ཀླུ་ཡི་སྐད་ལ་སོགས། །ཚུལ་བཞིན་ཤེས་པ་ཕྱོགས་འདིར་སྨོས་ཅི་དགོས། །ལེགས་སྦྱར་སྐད་ལ་དཔྱད་པར་རློམ་ན་ཡང་། །ལེགས་སྦྱར་མཐའ་དག་དབང་པོས་མི་ཤེས་ན། །ཕལ་པ་གཞན་གྱི་སྤྱོད་ཡུལ་ག་ལ་ཞིག །འཕགས་ཡུལ་ལེགས་སྦྱར་མདོ་གཞུང་ཡོངས་རྫོགས་པ། །བོད་འདིར་མེད་ཅིང་ཡོད་པ་ཅུང་ཟད་ཀྱང་། །བྲམ་ཟེའི་གསང་ཚིག་ཚིག་བསྡུད་གྱུར་པ་ནི། །བོད་ཀྱི་ལོ་ཙཱས་རང་གར་རྟོགས་ནུས་མེད། །ལྷག་ཏུ་གསང་ཆེན་རྙིང་མའི་མན་ངག་རྣམས། །ལེགས་སྦྱར་ཁོ་ནས་སྟོན་པ་མ་ཡིན་གྱི། །ཚུལ་འདི་བསམ་གྱིས་མི་ཁྱབ་ཁོ་ནར་དྲན། །དེ་ལྟ་ན་ཡང་གང་ཟག་བློ་སྐྱོན་གྱིས། །བར་སྐབས་བཅོས་བསླད་བརྫུན་ཟོག་ཡིག་ནོར་སོགས། །ཡིན་མིན་བསྲེག་བཅད་བརྡར་བའི་གསེར་བཞིན་བརྟག །ཚད་ལྡན་ཡིན་ན་བསྒྲུབ་ན་རྟགས་ལྡན་ཞིང་། །བཟླས་ན་ནུས་འབྱུང་བསྒོམ་ན་ཉམས་རྟོགས་འཆར། །འདི་ཕྱི་བར་དོ་བདེ་སྐྱེད་ཐོབ་ན་ཡིན། །དེ་སྐད་ཟབ་མོའི་སྔགས་ལ་ལོག་རྟོག་བློ། །དགག་ཕྱིར་ཚེ་དབང་ནོར་བུའི་ཞར་བྱུང་སྨྲས། །དེ་ལྟར་ཁྲོ་ལོད་རྩ་སྔགས་གང་མོས་ལ། །བཟླས་ཞིང་ནུས་པ་ཐོན་ནས་ལས་ལ་སྦྱོར། །དེ་ཡང་མཚོན་བཟློག་རིགས་སྔགས་རྒྱལ་པོ་འདི། །དམིགས་པའི་ཁ་བསྒྱུར་ཏིང་འཛིན་ངར་དང་བཅས། །ཨོཾ་རྣལ་འབྱོར་སོད་བཟློག་ཆུང་དྲིལ་སྭཱ་ཧཱ། །བཟླས་ཞིང་རྟེན་འབྲེལ་རྫས་འཁོར་བསྲུང་བ་ཡང་། །བྱས་པས་མཚོན་གྱི་གནོད་པ་བཟློག་པར་བྱེད། །དེ་ཡང་སྔོན་ལས་ཅི་རིགས་ཕྱིར་ནུར་བྱེད། །འཕྲལ་རྐྱེན་ཡིན་ན་ངེས་པར་བཟློག་འགྱུར་རོ། །ཕྱི་ལྟར་མཚོན་ཆའི་གནོད་པ་དེ་ཉིད་ཀྱང་། །ནང་ན་ཉོན་མོངས་ཧྲག་པ་ཉིད་ལས་བྱུང་། །དེས་ན་ཉོན་མོངས་ལམ་ཁྱེར་རྫོགས་རིམ་བསྒོམ། །དེ་ཡང་ཞེ་སྡང་ངམ་གྱིས་སྐྱེས་པ་ན། །འཕྲོ་རྗེས་མི་འཐུད་ཁོ་ཡི་རང་ངོར་བལྟ། །ལྟས་པས་རང་ཡལ་སྤངས་གཉེན་ཡུལ་ལས་འདས། །རིག་པ་གསལ་སྟོང་རྗེན་པ་ཅེར་གྱིས་འཆར། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །དེ་བཞིན་འདོད་ཆགས་ང་རྒྱལ་ཕྲག་དོག་དང་། །གཏི་མུག་ལ་ཡང་དེ་ལྟར་ཉམས་མྱོང་བས། །ཉོན་མོངས་རང་དག་ཡེ་ཤེས་ཆེན་པོར་འཆར། །ཉོན་མོངས་བྲལ་ལ་ཡེ་ཤེས་སྨྲ་བར་བྱ། །
༈ མན་ངག་བཅུ་པ་པདྨའི་རྒྱལ་པོར་བསྒྲུབ། །དེ་ཡང་མཁའ་ལ་ཡེ་ཤེས་རང་འོད་དབུས། །པདྨ་རྒྱལ་པོ་སྐུ་དམར་ཞལ་གཅིག་པ། །ཕྱག་གཉིས་ཐལ་སྦྱར་གསང་ཡེ་ཡུམ་ལ་འཁྱུད། །ཞི་ཚུལ་ལོངས་སྐུའི་ཆས་རྫོགས་རྡོར་སྐྱིལ་བཞུགས། །ཐུགས་ཀར་རྡོར་སེམས་སྤྱི་བོར་སྣང་མཐས་བརྒྱན། །ཕྱི་རིམ་འདབ་བརྒྱད་ཉེ་སྲས་སེམས་དཔའ་བརྒྱད། །གཞན་ཡང་སངས་རྒྱས་བྱང་སེམས་གྲངས་མེད་བསྐོར། །གསོལ་བ་བཏབ་ཚེ་གཙོ་འཁོར་འོད་ཟེར་གྱིས། །འགྲོ་དྲུག་སྒྲིབ་སྦྱངས་འོད་ཟེར་ལྕགས་ཀྱུ་ཡིས། །བདེ་བ་ཅན་གྱི་ཞིང་དུ་ཀུན་དྲངས་ནས། །པདྨ་ལས་འཁྲུངས་སྣང་མཐའི་ཞལ་མཇལ་བསམ། །མཐར་ནི་རང་ཉིད་ལྷར་གྱུར་ཐུགས་དབུས་སུ། །པད་ཉིའི་གདན་སྟེང་འབྲུ་བཞི་བརྩེགས་མའི་མཐར། །རྒྱལ་བ་ཀུན་གྱི་ཡང་སྙིང་ཡི་གེ་དྲུག །འཁོར་བས་སྣོད་བཅུད་དག་པའི་རང་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། སྐབས་སུ་སངས་རྒྱས་བྱང་སེམས་མཚན་བརྒྱ་དང་། །ཟ་མ་ཏོག་བཀླག་ཉིན་མཚན་ཐུན་དྲུག་ཏུ། །འཆི་ཁ་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ། །རྫོགས་རིམ་འཆི་བ་ལམ་ཁྱེར་བསྒོམ་པ་སྟེ། །འཆི་བའི་རྒྱུ་ནི་འཕོ་བཅས་རྟོག་པ་ཡིན། །ལམ་ཁྱེར་རྟོག་མེད་འཐུག་པོའི་འོད་གསལ་བསྒོམ། །དེ་ལ་གོམས་ན་འཆི་ཁ་གྲོལ་བ་ཐོབ། །
༈ མན་ངག་བཅུ་གཅིག་འོད་དཔག་མེད་མགོན་བསྒྲུབ། །མདུན་མཁའ་སངས་རྒྱས་ཞིང་ཁམས་བདེ་བ་ཅན། །དབུས་སུ་སངས་རྒྱས་འོད་དཔག་མེད་མགོན་ནི། །དམར་པོ་མཉམ་བཞག་ཆོས་གོས་སྣམ་གསུམ་གསོལ། །བྱང་ཆུབ་ཤིང་མཆོག་རིན་ཆེན་པདྨོ་ནི། །རྣམ་པར་སྣང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །ཕྱི་རིམ་ཤར་དུ་སངས་རྒྱས་མི་འཁྲུགས་པ། །དེ་ནས་གཡས་བསྐོར་སངས་རྒྱས་དཔའ་བོ་བདུན། །སངས་རྒྱས་རྣམ་གཟིགས་ས་གནོན་མཉམ་བཞག་མཛད། །གཙུག་ཏོར་ཅན་ནི་མཆོག་སྦྱིན་མཉམ་བཞག་བྱེད། །ཐམས་ཅད་སྐྱོབ་ནི་སྐྱབས་སྦྱིན་མཉམ་པར་བཞག །འཁོར་བ་འཇིག་ནི་ཏིང་ངེ་འཛིན་གྱི་རྒྱ། །གསེར་གྱི་ཐུབ་པ་ཆོས་འཆད་མཉམ་བཞག་མཛད། །འོད་སྲུངས་མཆོག་སྦྱིན་ཆོས་གོས་རི་དྭགས་རྣ།།ཤཱཀྱ་ཐུབ་པ་ཆོས་འཆད་ཕྱག་རྒྱ་མཛད།།བདུན་ཀ་གསེར་མདོག་ཆོས་གོས་རྣམ་གསུམ་གསོལ། །ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་རྡོར་སྐྱིལ་བཞུགས། །རང་རང་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན། །གཞན་ཡང་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་། །བྱེ་མའི་གྲངས་དང་མཉམ་པས་མཐའ་བསྐོར་བ། །གསོལ་བ་བཏབ་ཚེ་གཙུག་ཏོར་མཛོད་སྤུ་ནས། །འོད་ཀྱིས་འགྲོ་བའི་སྒྲིབ་པ་ཡོངས་སུ་སྦྱངས། །ཀུན་ཀྱང་འཕགས་པའི་ས་ལ་ཡོངས་བཀོད་དེ། །བདེ་ཆེན་པད་མོའི་གདན་ལ་འཁོད་པར་བསམ། །མཐར་ནི་རང་ཉིད་འོད་དཔག་མེད་དུ་བསྒོམ། །ཐུགས་ཀར་ཟླ་སྟེང་རྡོ་རྗེ་ལྟེ་བར་ཧྲཱིཿ མཐའ་མར་མཚན་གཟུངས་འཁོད་ལེས་འོད་འཕྲོས་པས། །དོན་གཉིས་ཡོངས་རྫོགས་སྣོད་བཅུད་སངས་རྒྱས་ཞིང་། །ཨོཾ་ཨཱ་མི་ཏ་བྷ་ཧྲི། ཞེས་དང་འོད་དཔག་མེད་ཀྱི་མཚན་བརྒྱའི་སྔགས། །དཔའ་བོ་བདུན་དང་མི་འཁྲུག་གཟུངས་སྔགས་བཟླ། །ཐུན་མཚམས་དཀོན་བརྩེགས་འོད་དཔག་མེད་མདོ་ཀླགས། །སེམས་བསྐྱེད་འགྱུར་བ་བཅུ་ཡང་ཅི་ནུས་འབད། །རྫོགས་རིམ་བར་དོའི་སྣང་བའི་གཞི་རྩ་ནི། །ཀུན་གཞི་རྣམ་རྟོག་ལས་རླུང་བསྐྱོད་ལས་ཤར། །བར་དོ་ལམ་ཁྱེར་ཉམས་ལེན་སྙིང་པོ་ནི། །རྨི་ལམ་ངོ་བཟུང་སྦྱང་སྤེལ་བསྒྱུར་བཅད་བྱ། །
༈ མན་ངག་བཅུ་གཉིས་བླ་མ་ཀུན་བཟང་བསྒྲུབ། །མཁའ་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་། །དབུས་སུ་འོད་ལྔའི་ཐིག་ལེ་བཀྲག་འཚེར་བ། །སྙིང་པོར་ཀུན་བཟང་ཡབ་ཡུམ་གཅེར་བུའི་སྐུ། །མཉམ་བཞག་ཡུམ་གྱིས་རྡོ་དྲིལ་མཐིང་དངས་གསལ། །མདུན་དུ་རིགས་འདུས་དཔལ་ལྡན་རྡོ་རྗེ་སེམས། །ཕྱོགས་བཞིར་རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་རང་རྟགས་ཕྱག་མཚན་ཡུམ་ལ་འཁྱུད། །མཚམས་བཞིར་བདུད་བཞི་འདུལ་མཛད་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུ་བཛྲ་ཧེ་རུ་ཀ །རྟ་མགྲིན་རྒྱལ་པོ་འཆི་མེད་བདུད་རྩི་འཁྱིལ། །ཡེ་ཤེས་མེ་འོད་ལྔ་ལྡན་དབུས་ན་བཞུགས། །གཞན་ཡང་ཞི་ཁྲོ་དམ་པ་རིགས་བརྒྱ་དང་། །རིགས་ལྔ་རིགས་གཅིག་རང་བཞིན་གྲངས་མེད་པ། །སྒྱུ་འཕྲུལ་དྲ་བ་བསམ་གྱིས་མི་ཁྱབ་སྐུ། །དཔག་གིས་མི་ལང་མཁའ་ཁམས་ཁེངས་པས་བསྐོར། །གསོལ་བཏབ་ཡེ་ཤེས་རང་འོད་མེ་དཔུང་གི །ཁམས་གསུམ་འཁོར་བའི་རྒྱུ་རྩ་དྲུང་ནས་ཕྱུངས། །ཀུན་ཀྱང་རྒྱལ་བའི་དཀྱིལ་འཁོར་བྱིན་རླབས་ནས། །མི་འགྱུར་བདེ་ཆེན་མཆོག་ལ་སྤྱོད་པར་དམིགས། །མཐར་ནི་རང་ཉིད་ཀུན་བཟང་ཡབ་ཡུམ་གྱུར། །ཐུགས་ཀར་ཡེ་ཤེས་ཐིག་ལེ་ལྔ་ལྡན་དབུས། །འབྲུ་དགུ་བརྩེགས་པས་འགྲོ་ཀུན་སྒྲིབ་པ་སྦྱངས། །ཀུན་བཟང་སྐུར་གྱུར་སྔགས་ཀྱི་རང་སྒྲ་སྒྲོགས། །ཨོཾ་ཨཱཿཧཱུྃ་འ་ཨ་ཤ་ས་མ་ཧཿ འདི་ནི་ཀུན་བཟང་དགོངས་པའི་ཡང་སྙིང་སྟེ། །རྫོགས་ཆེན་འབུམ་ཕྲག་དྲུག་ཅུའི་སྙིང་པོ་ཡིན། །བཟླས་པས་རིགས་དྲུག་སྡུག་བསྔལ་དྲུང་ནས་འདོན། །མངོན་སུམ་སྣང་བ་ཚད་ལ་མྱུར་ཕེབས་འབྱུང་། །ཐུན་སྐབས་སངས་རྒྱས་སྲས་གཅིག་ས་བོན་རྒྱུད། །བཏགས་གྲོལ་རྒྱུད་དྲུག་གསེར་གྱི་ཞུན་མའི་རྒྱུད། །ཀུན་ཏུ་བཟང་པོའི་སྨོན་ལམ་མཆོག་ལ་སོགས། །གང་མང་བཀླག་ཅིང་དོན་ལ་སེམས་པར་བྱ། །རྒྱལ་བ་ཐབས་མཁས་ཆོས་ཀྱི་སྒོ་མང་ཡང་། །འཁྲུལ་སྣང་བཙན་ཐབས་བཟློག་ཅིང་སངས་རྒྱས་ཀྱི། །གོ་འཕང་མྱུར་བསྒྲུབ་སངས་རྒྱས་ཡེ་ཤེས་དངོས། །སྟོན་བྱེད་རྫོགས་ཆེན་རྒྱུད་ཀློག་ཆོས་སྤྱོད་མཆོག །སྡུག་བསྔལ་དྲག་པོའི་རྒྱུ་ནི་དངོས་ཞེན་གྱི། །འཛིན་པ་དམ་པོས་བྱས་ཏེ་དེ་བཟློག་བྱེད། །འཁྲུལ་སྣང་རང་གྲོལ་ཆོས་ཉིད་མངོན་སུམ་བལྟ། །ཐུན་མིན་འཕོ་བའི་གདམས་པ་ཉམས་སུ་ལེན། །
༈ མན་ངག་བཅུ་གསུམ་རྩ་བའི་བླ་མ་བསྒྲུབ། །རང་གི་དྲིན་ཅན་རྩ་བའི་བླ་མ་ནི། །སྤྱིར་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཁྱད་པར་པད་འབྱུང་སྒྱུ་འཕྲུལ་ཉིད་དུ་ངེས། །དེ་ཉིད་གུ་རུ་རྩ་སྒྲུབ་སྐབས་ལྟར་རམ། །ཡང་ན་གྷུ་རུ་མཉམ་བཞག་ཕྱག་མཐིལ་དུ། །ནོར་བུ་བསམ་འཕེལ་མཚོ་རྒྱལ་ཡུམ་དང་བཅས། །དྲན་པས་སྡུག་བསྔལ་གཏན་ནས་འཇོམས་པར་བསམ། །ཕྱོགས་བཞིར་རིགས་འཛིན་བཞི་སྟེ་སྐུའི་ཆ་ལུགས། །གཙོ་བོ་ཇི་བཞིན་འཁོར་ལོ་རྡོ་རྗེ་དང་། །པདྨ་རྒྱ་གྲམ་མཉམ་བཞག་ཕྱག་རྒྱས་འཛིན། །མཚམས་བཞིར་སློབ་དཔོན་བཞི་སྟེ་ཐོད་བུམ་འཛིན། །གཞན་ཡང་རིག་འཛིན་བྱེ་འབུམ་གཟི་བརྗིད་འབར། །རྩ་བ་བརྒྱུད་པའི་བླ་མ་སྤྲིན་བཞིན་འཁྲིགས། །གསོལ་བ་བཏབ་པས་དད་པའི་མཐུ་ནུས་ཀྱིས། །གནམ་ས་འཐབ་པ་ལྟ་བུའི་དགའ་བདེ་བཅས། །བྱིན་རླབས་དངོས་གྲུབ་རྟེན་ཕེབས་རབ་འབྱམས་ཀུན། །རང་བབ་རང་ཐིམ་ཆར་བཞིན་རབ་ཏུ་བབ། །རྒྱལ་བ་ཡོངས་འདུས་གུ་རུ་པདྨ་ཡི། །སྐུ་གསུང་ཐུགས་ཀྱི་ནུས་བྱིན་བདག་ལ་ཞུགས། །མཐར་ནི་རང་ཉིད་བླ་མའི་སྐུ་རུ་གྱུར། །སྙིང་གར་རྒྱལ་བ་ཀུན་གྱི་ཡེ་ཤེས་མཆོག །གཅིག་བསྡུས་བླ་མའི་སྐུ་གཟུགས་མཚོན་གང་བ། །ཐུགས་ཀའི་དབུས་སུ་རིག་པ་རྩེ་གཅིག་གིས། །རྡོ་རྗེ་ཐིག་ལེ་མངོན་སུམ་སྣང་བ་བཅས། །བསམ་གྱིས་མི་ཁྱབ་སྐུ་དང་ཞིང་ཁམས་རྫོགས། །ས་བོན་སྔགས་ཀྱི་འཕྲེང་བས་རྒྱལ་ཀུན་གྱི། །ཡེ་ཤེས་བདག་གི་རྒྱུད་ལ་སྐྱེས་པར་བསམ། །ཨོཾ་གྷུ་རུ་དྷཱ་ཀི་ནི་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཞེས་པ་ཅི་ནུས་ཉིད་དང་ཐུན་མཚམས་སུ། །ཚིག་བདུན་གསོལ་འདེབས་གདུང་ཤུགས་དྲག་པོས་བྱ། །
མདོར་ན་མན་ངག་བཅུ་གསུམ་ཐམས་ཅད་ཀྱི། །ཡང་སྙིང་བླ་མར་མོས་གུས་ཁྲིད་འདིར་འདུ། །དེ་ཡང་རྒྱལ་བའི་གསུང་རབ་མཐའ་དག་གི །འཇུག་སྒོ་མེད་ཐབས་མེད་པ་འདི་ཁོ་ན། །ལམ་གྱི་གཞུང་ཤིང་འབྲས་བུའི་སྐྱེས་སོ་ཆེ། །བླ་མ་སངས་རྒྱས་རྗེས་སུ་དྲན་པ་ལས། །ལྷག་པའི་ཆོས་གཞན་ནམ་ཡང་ཡོད་མ་ཡིན། །ཚེ་གཅིག་སངས་རྒྱས་ཉེ་མྱུར་ཟབ་མོའི་ལམ། །བླ་མེད་སྔགས་ཆོས་ཀུན་ཀྱང་འདིར་རག་ལས། །འདི་མེད་སྔགས་ལམ་སྙིང་མེད་ལུས་ཁོག་འདྲ། །དེས་ན་བླ་མར་དད་གུས་མོས་པའི་ཁྲིད། །འདི་ནི་དུས་གསུམ་རྒྱལ་བ་ཀུན་གྱི་ལམ། །ཟབ་མྱུར་ཁྱད་འཕགས་ཆོས་ཀྱི་རྒྱལ་པོ་མཆོག །འཁོར་ལོས་བསྒྱུར་ལྟར་མཚུངས་པ་མེད་པ་ཡིན། །ཟབ་ཟབ་ལེགས་ལེགས་ཆོས་ཚུལ་ཅི་འདྲ་བ། །བསྒོམ་ཡང་དད་པ་མོས་གུས་དང་བྲལ་ན། །བྱིན་རླབས་འཇུག་པའི་སྒོ་དང་བྲལ་བ་ཡིན། །མོས་གུས་ཅན་ལ་བླ་མའི་བྱིན་རླབས་འཇུག །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པ་ན། །བྱང་ཆུབ་ལམ་ལ་རང་དབང་མེད་པར་འགྲོ། །ས་ལམ་ཡོན་ཏན་མི་འདོད་ན་ཡང་འཆར། །ཡི་དམ་མཁའ་འགྲོ་ཞར་བྱུང་ཉིད་ལ་འགྲུབ། །ཅིས་ཕྱིར་ཡི་དམ་བསྒྲུབ་ཀྱང་བྱིན་རླབས་སྒོ། །བླ་མ་ལས་གཞན་མ་ཡིན་ཆོས་ཐམས་ཅད། །བླ་མར་མོས་གུས་ལྟེམ་རྐྱང་མེད་ལ་འདུ། །ཁྱད་པར་རྡོ་རྗེ་ཐེག་པའི་སྲོག་སྙིང་སྟེ། །འདི་ཡོད་སྲོག་ཡོད་འདི་མེད་སྲོག་མེད་འགྱུར། །དེས་ན་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང་། །བླ་མའི་མོས་གུས་དམ་ཚིག་བྲལ་མི་རུང་། །རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ། །སངས་རྒྱས་ཀུན་འདུས་པད་འབྱུང་ངོ་བོར་བསམ། །པདྨ་འབྱུང་ནི་སངས་རྒྱས་ཐམས་ཅད་ཀྱི། །འཕྲིན་ལས་ཐུགས་རྗེ་སྨོན་ལམ་གཅིག་བསྡུས་པས། །རྒྱལ་བ་གཞན་ལས་སྙིགས་དུས་ཐུགས་རྗེ་མྱུར། །དོན་དེས་སྙིགས་དུས་སྐྱེས་པའི་འགྲོ་བ་རྣམས། །བློ་གཏད་ཕུར་ཚུགས་བྱས་པ་པདྨ་འབྱུང་། །ལྷག་ཏུ་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས། །བླ་མའི་སྐལ་བ་པདྨ་འབྱུང་གནས་ཡིན། །ཨེ་མ་ངོ་མཚར་སངས་རྒྱས་འོད་དཔག་མེད། །དངོས་གྱུར་མགོན་འདིའི་གདུལ་བྱར་སྐྱེས་པ་ཡི། །བསོད་ནམས་འདི་འདྲར་རང་སེམས་དགའ་བདེ་ཆེས། །ཉིན་མཚན་ཁོར་ཡུག་དེ་ཉིད་ཁོ་ནས་ཁྱབ། །དེས་ན་ཐུན་དྲུག་ཀུན་ཏུ་གུ་རུ་ཡི། །གསོལ་འདེབས་དུང་དུང་བཀླག་ལ་ཤིན་ཏུ་འབད། །དེས་ནི་ཚེ་འདིའམ་ནི་བར་དོ་དང་། །ཕྱི་མ་གང་རིགས་བྱང་ཆུབ་ལམ་རྫོགས་འགྱུར། །རྫོགས་རིམ་དག་ནི་བླ་མ་རང་སེམས་དང་། །རོ་མཉམ་ཟབ་གསལ་བདེ་བ་ཆེན་པོས་ཁྱབ། །རང་མདངས་བླ་མར་མོས་གུས་ཚད་བཟུང་བྲལ། །དེ་ནི་བླ་མ་ཆོས་སྐུར་མཇལ་ཞེས་བྱ། །རྫོགས་རིམ་ཀུན་གྱི་མཐར་ཐུག་སྙིང་པོ་སྟེ། །དོན་འདི་རྟོགས་ལ་གཅིག་ཤེས་ཀུན་གྲོལ་ཞེས། །མདོ་རྒྱུད་དགོངས་དོན་མ་ནོར་བྱན་ཆུད་ཅིང་། །བྱང་ཆེན་འབྲས་བུ་མཆོག་ལ་འཁོད་པར་འགྱུར། །དེ་ལྟར་བསྒྲུབ་པའི་རིམ་པ་ཀུན་ལ་ཡང་། །བསྐྱེད་རིམ་གསལ་བརྟན་ང་རྒྱལ་དག་དྲན་པས། །རྣམ་དབྱེ་ལས་དང་པོ་དང་ཡེ་ཤེས་ཕེབས། །ཆེས་ཕེབས་ཡེ་ཤེས་ལ་དབང་ལམ་རིམ་བསྒྲོད། །སྔགས་རིམ་བརྡ་འགྱུར་བཟླས་པའི་སྐྱོན་ལྔ་སྤངས། །མ་ཡེངས་ཡིད་དང་ཁ་སྦྱོར་གྱིས་འགོག་བཟླས། །ཁྱད་པར་ཀུན་རྫོབ་དོན་དམ་རྡོར་བཟླས་ཀྱི། །སྲོག་རྩོལ་དྷུ་ཏིར་གཞུག་གནས་ཐིམ་པར་བྱེད། །རྫོགས་རིམ་མཚན་མར་གྱུར་ལ་གང་གིས་གང་། །ཇི་ལྟར་གནད་དུ་བསྣུན་པ་མ་འཆུག་གཟིར། །མཚན་མེད་གོལ་ཤོར་མཐའ་སྤང་ཞི་ལྷག་གི །ཉམས་རྟོགས་སོ་སོའི་སྤུ་རིས་མ་ནོར་ཞིང་། །མཉམ་བཞག་བསྒྲིམ་སློད་བསྒོམ་ཡེངས་བྲལ་བ་ཡི། །རང་ངོ་ཟབ་གསལ་རིག་པ་གཏོད་ལ་ཕུར། །རང་མདངས་རྣམ་རྟོག་ཅི་ལྟར་ཤར་ན་ཡང་། །སྤྲོ་བསྡུ་བླང་དོར་མེད་པར་ལ་ཡང་ཟླ། །རྗེས་ཐོབ་སྐབས་སུ་དགེ་སྡིག་ཤན་དབྱེ་པས། །མི་དགེ་སྡིག་སྤངས་དགེ་བར་ཅི་ནུས་འབད། །ཉམས་ལེན་གེགས་སེལ་བོགས་འདོན་མཐར་ཐུག་ནི། །བླ་མའི་སྒྲུབ་པ་དང་མཚུངས་གཞན་ཡོད་མིན། །ཉམས་མྱོང་རྟགས་མཚན་བཟང་པོ་ཅི་བྱུང་ཡང་། །དགའ་བྲོད་རློམ་པ་མི་བྱ་དབྱིངས་སུ་བསྒྱུར། །ལྟས་ངན་ཆོ་འཕྲུལ་སེམས་ལྷོང་ཅི་བྱུང་ཡང་། །སྙེམ་འཕྲིག་ང་ཡ་སྒྱིད་ལུག་སོགས་མི་བྱ། །བཟང་ངན་ཀུན་ཀྱང་རྣམ་རྟོག་རྟེན་འབྲེལ་གྱི། །རོལ་པར་ཤེས་ཤིང་སྒྱུ་མ་ལྟ་བུར་ལྟ། །དུས་ཀུན་གུ་རུ་ཡིད་དང་མི་འབྲེལ་བར། །དད་གུས་ཕུར་ཚུགས་གསོལ་འདེབས་རྒྱུན་མ་གཅོད། །དམ་ཚིག་རང་གི་སྲོག་ལས་ལྷག་པར་བལྟ། །ངོས་ལྐོག་མེད་པར་རང་སེམས་དཔང་ཚུགས་བྱ། །དེ་དག་བསྐྱེད་བཟླས་རྫོགས་པའི་རིམ་པ་ཡི། །གནད་ཀྱི་མན་ངག་ཞལ་ཐེམས་ཚུལ་དུ་བཀོད། །རྗེས་ཀྱི་བྱ་བ་དགེ་ཚོགས་བྱང་ཆེན་རྒྱུར། །བསྔོ་ཞིང་འགྲོ་དོན་སྨོན་ལམ་རྒྱ་ཆེན་གདབ། །སྤྱོད་ལམ་ཀུན་ཏུ་སྟོང་པ་ཉིད་སྙིང་རྗེ། །ཟུང་དུ་འཇུག་པ་མི་འབྲེལ་རྟག་ཏུ་སྐྱོངས། །གདམས་པའི་ཁ་སྐོང་འགྲོ་དུས་བསྐོར་བ་དང་། །ཟས་ནི་ཚོགས་འཁོར་དབུགས་ནི་གསང་སྔགས་སྒྲ། །རིག་པ་ཆོས་སྐུ་རྣམ་ཤེས་སྒྱུ་མའི་འཕྲུལ། །ཅིར་ཡང་ཆོས་ཉིད་རོལ་པར་ལམ་དུ་ཁྱེར། །མདོར་ན་རྒྱལ་བའི་བཀའ་ལ་ཡིད་ཆེས་པས། །བླ་མ་སངས་རྒྱས་བྱང་སེམས་དགྱེས་པའི་ལས། །བསྐྱེད་རྫོགས་ལྟ་བ་རྟོགས་པའི་གདེང་ཚད་བསྐྱལ། །ལྷག་བསམ་གཞན་ཕན་ལས་ལ་ཅི་ནུས་འབད། །རང་གཞན་མི་བསླུ་གཏན་བདེའི་ལམ་བཟང་པོར། །འཇུག་ལ་ངལ་མེད་སྤྱོད་པ་བརྩམས་པ་སྟེ། །ཏིང་འཛིན་ཤེས་རབ་སྡོམ་གསུམ་རྣམ་དག་པར། །བྱང་ཆེན་ལམ་ཀུན་ཡོངས་སུ་འདུ་བར་འགྱུར། །
ཨེ་མ། རབ་འབྱམས་རྒྱལ་བ་རྒྱ་མཚོའི་སྒྲུབ་པའི་ཐབས། །ཀུན་གྱི་མཐར་ཐུག་སྙིང་གི་ཐིག་ལེ་ནི། །གཅིག་ཆོག་བླ་མའི་སྒྲུབ་ཐབས་ཟབ་མོ་སྟེ། །དེ་ཡང་མཚུངས་མེད་བླ་མ་པདྨ་འབྱུང་། །རྫོགས་པའི་སངས་རྒྱས་གཟི་བརྗིད་འོད་དཔག་མེད། །དེ་བསྒྲུབ་ཡང་སྙིང་ཡིད་བཞིན་བསམ་འཕེལ་དབང་། །ཇི་བཞིན་མན་ངག་མཆོག་གྱུར་བཅུ་གསུམ་གྱི། །བསྐྱེད་རྫོགས་སྦྱོར་དངོས་རྗེས་ཚང་ཟབ་འདྲིལ་གནད། །དོན་བཟང་དོན་རྒྱས་དོན་གྱི་མདོ་མཐའ་དག །ལེགས་བཤད་ལེགས་གདམས་ལེགས་པར་བཀོད་པ་ཉིད། །སླར་ཡང་དེ་དོན་མན་ངག་སྙིང་པོའི་སྡོམ། །ས་བཅད་མདོ་རུ་བསྡུས་པ་འདི་ལྟ་སྟེ། །བླ་མའི་སྒྲུབ་ཐབས་ཀུན་འདུས་ནོར་བུ་ལུགས། །དེ་ཡི་བསྐྱེད་སྔགས་རྫོགས་རིམ་རྩ་བ་ཡིན། །སྒྲུབ་ཐབས་བཅུ་གསུམ་མེ་འཕྲེང་སྨན་གྱི་བླ། །སྨུག་འཛིན་དག་གིས་དམག་དང་ནད་ཆུག་བཟློག །རྡོ་རྗེ་ཐོད་འཕྲེང་ཟིལ་གནོན་སེང་གེ་སྒྲ། །གཏེར་དང་སྦས་ཡུལ་སྒོ་འབྱེད་འབྲོག་ཆེན་སྒྲོལ། །པདྨ་བཛྲ་རྟ་ནག་ཁྲོ་བོ་ལོད། །འབྱུང་བཞིའི་གནོད་པ་ཨར་ཇག་དགྲ་བོ་ཞི། །སྤྱན་རས་གཟིགས་དབང་སྣང་མཐའ་ཀུན་བཟང་གི །འཆི་དང་བར་དོར་དུཿཁ་དྲག་པོ་སེལ། །ཀུན་གྱི་ངོ་བོ་རྩ་བའི་བླ་མ་སྟེ། །དེ་བསྒྲུབ་གྷུ་རུའི་ཐུགས་རྗེས་འཕོ་མེད་གཟིགས། །ཕྱི་ཡི་དེ་ཉིད་ནང་ལ་སྦྱར་བ་ཡི། །མན་ངག་ནོར་བུ་རྫོགས་རིམ་བཅུ་གསུམ་བྱུང་། །ཕྱི་ནང་སྦྱར་བའི་བཤད་པ་སྤྲོ་བ་ན། །མང་མོད་འདིར་ནི་ཟུར་ཙམ་ཁོ་ན་ཉིད། །སྒྱུ་ལུས་བདག་མེད་ཕུང་པོ་མཆོད་སྦྱིན་གསུམ། །དམག་ནད་མུ་གེའི་བཞི་རྩ་དུག་གསུམ་སེལ། །ཁྲེག་ཆོད་ལྟ་བ་ཐབས་ལམ་གཏུམ་མོ་ཡི། །ཆོས་ཉིད་གཏེར་དང་བདེ་ཆེན་སྦས་ཡུལ་འབྱེད། །ལམ་གྱི་ཆ་རྐྱེན་བར་དོའི་གདམས་པ་ཡི། །ནང་གི་འབྲོག་ཆེན་འཇིགས་པ་སེལ་བར་བྱེད། །ཏིང་འཛིན་གེགས་སེལ་རྡོ་རྗེའི་རྣལ་འབྱོར་གྱིས། །ནང་གི་འབྱུང་ཁམས་འཁྲུལ་སྣང་གཞི་རྩ་གཅོད། །ཚོགས་དྲུག་ལམ་ཁྱེར་ཉོན་མོངས་ལམ་ཁྱེར་གྱིས། །ནང་གི་ཨར་ཇག་དགྲ་བོའི་གནོད་པ་སྒྲོལ། །འོད་གསལ་རྨི་ལམ་འཕོ་བའི་མན་ངག་གིས། །འཆི་དང་བར་དོའི་འཁྲུལ་སྣང་རང་དག་བྱེད། །བླ་མ་རང་སེམས་དབྱེར་མེད་མན་ངག་གི །འོད་གསལ་ཁོར་ཡུག་འབྲས་བུ་མངོན་སུམ་བྱེད། །རྫོགས་རིམ་འདི་རྣམས་རྒྱ་ཆེ་ཟབ་བརླིང་དོན། །བླ་མའི་མན་ངག་ཁོ་ནར་རག་ལས་པས། །ཚིག་གི་ན་ཡམ་འོད་སྤྱིར་མ་སོང་བར། །གནད་དོན་མ་འཁྲུལ་ཡང་དག་གཏན་ཕབས་གཅེས། །མན་ངག་ཆེན་པོ་རྫོགས་རིམ་བཅུ་གསུམ་དོན། །ཚུལ་བཞིན་གོ་ན་བརྒྱད་ཁྲི་བཞི་སྟོང་ཆོས། །ཀུན་གྱི་དགོངས་དོན་རྫོགས་རིམ་མ་ལུས་པ། །བདེ་བླག་རྟོགས་ཤིང་རང་བྱན་ཚུད་པར་འགྱུར། །ཉམས་སུ་བླངས་པས་ཚེ་གཅིག་རྫོགས་སངས་རྒྱས། །སྐུ་བཞིའི་དབང་ཕྱུག་ཆེན་པོ་ངེས་ཐོབ་བོ། །ཨ་ཏི་གམྦྷིར་གུ་ཧྱཱ་ཨྠྀིཿ སཱ་མཱ་ཡཱཿ རྒྱ་རྒྱ་རྒྱཿདྷ་ཐིམ།
དེ་ལྟར་གུ་རུའི་སྒྲུབ་ཐབས་རྣམ་མང་པོ། །བྱེ་བ་ཕྲག་བརྒྱའི་རྩེ་མོར་གྱུར་པ་ནི། །གུ་རུ་ཙིནྟ་མ་ཎིའི་སྐོར་བརྒྱ་རྩ། །ཀུན་གྱི་ཡང་ཞུན་བསྐྱེད་རྫོགས་ཟུང་འཇུག་ཆོས། །མན་ངག་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །འདི་ཕྱི་གཏན་བདེ་དགེ་ལེགས་ཕུན་ཚོགས་དཔལ། །མ་ལུས་འབྱུང་གནས་བསམ་པ་ལྷུན་གྲུབ་ཅེས། །གུ་རུའི་བཀའ་ཆེམས་སྒྲུབ་ཐབས་མཆོག་འདི་ཉིད། །གཞན་གསུང་གཞུང་བརྐུས་ཁ་བསྒྱུར་བསྲེ་བསླད་བཅོས། །བཀའ་ལ་གཟུ་ལུམ་རས་ཆོད་དོན་ནོར་འཁྲུལ། །ཆོས་མིན་ཆོས་བརྫུ་དྲན་གསལ་རྟོག་གེའི་བློས། །སྙོགས་པའི་སྐྱོན་གྱུར་ནམ་ཡང་ཡོད་མ་ཡིན། །འོན་ཀྱང་གཞུང་འདི་བཤད་ལ་ཉེས་པའི་ཆ། །བདག་རྨོངས་སོ་སྐྱེ་བྱིས་བློའི་དྲི་ཅི་སྦག །དཔང་གྱུར་རྩ་གསུམ་སྤྱན་སྔར་མཐོལ་བཤགས་ཀྱི། །སྒྲིབ་མེད་དག་ཚངས་མཆོག་གི་དབུགས་དབྱུང་སྩོལ། །ཨེ་མ་གུ་རུའི་སྒྲུབ་ཐབས་མཆོག་གྱུར་གྱི། །གཙོ་ཀུན་གཅིག་དྲིལ་འདི་འདྲ་ངོ་མཚར་རྨད། །བསྐྱེད་རྫོགས་འདི་དག་གནའ་ནས་བཞུགས་བཞིན་ཏེ། །དོན་དེས་བསྐྱེད་རྫོགས་སྔར་མེད་འདིར་བརྗོད་མེད། །མན་ངག་བཅུ་གསུམ་བསྐྱེད་རྫོགས་གོ་རིམ་གྱི། །འཆད་ཚུལ་འདི་འདྲ་སྔོན་ཆད་གཞན་དག་གི །མ་མྱོང་བས་ན་སྔོན་མེད་ལེགས་བཤད་ཉིད། །པད་འབྱུང་ཡབ་ཡུམ་ཐུགས་རྗེའི་གཟིགས་པ་ཡིས། །མ་དོར་མཐུ་ལས་བདག་བསྐལ་བཟང་པོས་བརྙེད། །རྩོད་བྲལ་སྤྲུལ་སྐུ་རིག་འཛིན་པདྨ་དབང་། །གཏེར་བྱོན་མན་ངག་བཅུ་གསུམ་ཡོན་ཏན་མཛོད། །ཤིན་ཏུ་ཐུགས་རྗེའི་བྱིན་རླབས་ཆེ་གྱུར་པ། །སྔོན་ནས་སྐལ་ལྡན་རྣམས་ལ་སྣང་གྱུར་མོད། །
དེ་ནི་ཤོག་སེར་འདི་ནི་དགོངས་གཏེར་ཁྱད། །བརྒྱུད་ཁུངས་ལུགས་སྲོལ་ཐ་དད་ཤེས་ཀྱང་བྱ། །དགོངས་གཏེར་སྔ་མའི་རྗེས་འབྲང་གསར་འབྱོན་མོད། །བརྡ་མཐུན་ཕན་ཚུན་ཡང་སྐྱར་འབྱོན་མ་མཐོང་། །དགོངས་གཏེར་བརྡ་ཆད་ཅི་བཞིན་ཤོག་སེར་དུ། །འབྱོན་པ་དག་ནི་མང་དུ་མཐོང་མོད་པས། །དེས་ན་ཕྱི་མའི་དུས་སམ་ད་ལྟའང་རུང་། །སྤྲུལ་སྐུ་གཏེར་སྟོན་ཚད་ལྡན་གྱུར་པ་ཡི། །སྒྲུབ་སྐོར་འདི་འདྲ་ཤོག་སེར་ནས་ཐོན་སྲིད། །དེ་བས་ཕྱིས་འབྱུང་གཞན་ཀུན་འདི་མཐར་ངེས། །སཱ་མཱ་ཡཱ་དྷཱ་ཐིམ། དེ་སྐད་རྔ་ཡབ་གླིང་ནས་པད་འབྱུང་གིས། །དགོངས་གཏད་རྗེས་སུ་གནང་བས་བྱིན་བརླབ་མཐུས། །རིག་འཛིན་བླ་མའི་མན་ངག་ཀུན་འདུས་ཤིང་། །མཁའ་འགྲོ་རྣམས་ཀྱིས་གཏད་རྒྱ་སྦྱིན་པའི་ཆོས། །སླད་མེད་ཆེས་ཟབ་ཆོས་བཀའ་ཁུངས་ལྡན་ཞིང་། །བྱིན་རླབས་ནུས་མཐུ་དྲོད་མ་ཡལ་བ་འདི། །པདྨ་ཀ་རའི་ཐུགས་ཀྱི་སྒྱུ་འཕྲུལ་ནི། །གྲུབ་མཆོག་བྱེ་བས་མཆོད་འོས་ནམ་མཁའི་སྙིང་། །གང་གི་མཚན་ཙམ་ཁོ་ནས་བྱིན་རླབས་ཀྱང་། །དགེ་བའི་སྙིང་སྟོབས་རྒྱས་ལ་སོམ་ཉི་ཅི། །ཚུལ་དེས་རིག་འཛིན་ཚེ་དབང་ནོར་བུའམ། །འོད་གསལ་བདེ་གཤེགས་སྙིང་པོ་གཏེར་བཞེད་རྩལ། །དེ་ཡིས་གཞན་ཕན་ལྷག་བསམ་དག་པ་ཡིས། །ཚུལ་བཞིན་ཡི་གེའི་རིས་སུ་བཀོད་པ་སྟེ། །བཤད་ཚེ་མ་ནོར་ཇི་བཞིན་སྨྲ་སྤོབས་ཤིང་། །སྒོམ་པ་ཉམས་མྱོང་བྱིན་རླབས་རྒྱུན་མ་ཆད། །བརྒྱུད་པར་དམ་སེལ་འདྲེས་ཁྱེར་མ་ཆུད་ཅིང་། །རང་གཟོ་བསྲེ་བསླད་ཟོག་གི་སྐྱོན་མེད་པ། །རྩ་བའི་བླ་མའི་བཀའ་དྲིན་ཉིད་དུ་ངེས། །ཆོས་འདི་པདྨ་ཧེ་རུ་ཀའི་བཀའ་འབངས། །སྔགས་བདག་དྲེགས་པའི་སྡེ་དཔོན་མི་བསྲུན་པ། །མཐུ་ཆེན་དམ་ཅན་རྒྱ་མཚོར་གཉེར་གཏད་ཀྱིས། །ཐུབ་པར་བསྲུང་མཛོད་བཛྲ་སཱ་མཱ་ཡཱ། །
ཉིན་མཚན་དུས་དྲུག་ཆོས་འདིའི་བྱ་ར་གྱིས། །ལེགས་ཉེས་སྟངས་བཟུང་རྟགས་མཚན་འཕྲལ་དུ་སྟོན། །ཟབ་བརླིང་སྙིང་པོ་བསྡུས་པའི་གཞུང་ཡིན་པས། །དེས་ན་བཀའ་འགྲེལ་རྒྱས་བཤད་ཅི་རིགས་དང་། །གང་ཟག་མོས་བསྟུན་བསྐྱེད་རྫོགས་དུམ་དུམ་ཁྲིག །ཅི་འདོད་མ་ནོར་སྤེལ་བའི་རྗེས་གནང་གི །དེ་ལ་ཆོས་བསྲུང་ཀོ་ལོང་མེད་པ་དང་། །དགྱེས་པས་དབུགས་དབྱུང་དགེ་ལེགས་བསྩལ་དུ་གསོལ། །གཞུང་འདིས་རྗེས་སུ་འཇུག་མིན་ཕན་ཚན་དུ། །འདྲ་མིན་བཟོ་བཅོས་བསྲེ་བསླད་ཁ་བསྒྱུར་བརྐུ། །བརྩམ་གཞིའི་ཡི་གེ་འཐུ་བ་སོགས་བྱས་ན། །དེ་ཡི་ཚེ་སྲོག་དྲོད་དབུགས་དུས་དེར་བསྡུས། །སྙིང་དང་སྙིང་ཁྲག་དགྱེས་པའི་དགའ་སྟོན་རོལ། །མཐུ་ནུས་རྩལ་ཤུགས་མ་ཞེན་དམ་ཅན་ཚོགས། །ཆོས་འདི་ལ་མོས་ཉམས་ལེན་འཆད་ཉན་ཀློག །གུས་པས་ཡི་གེར་འདྲི་སྦྱང་བྱེད་པ་རྣམས། །རིག་འཛིན་བཀའ་སྡོད་རྒྱ་མཚོའི་གྲོགས་མཛོད་ལ། །ཡིད་བཞིན་མཆོག་ཐུན་དངོས་གྲུབ་མཆོག་སྩོལ་ཞིག །འདི་ནི་སྙིགས་དུས་དུཿཁ་ཀུན་སེལ་ཞིང་། །སྐལ་ལྡན་གསོས་གྱུར་བདུད་རྩི་བླ་མེད་དེ། །མི་རྣམས་དམ་ཆོས་དོན་གཉེར་ཆུང་བ་དང་། །ཕྱོགས་འཛིན་གདོན་གྱིས་བསླད་ཅིང་ཕྲག་དོག་དབང་། །ཕལ་ཆེར་ལམ་བཟང་འདི་ལ་འཇུག་དཀའ་ཡང་། །གུ་རུའི་སྤྱན་སྔར་སྨོན་ལམ་བཟང་པོའི་མཐུ། །ཐོབ་གྱུར་བཀའ་བབ་དམ་པ་མང་པོ་ཡི། །འདུལ་བྱར་གྱུར་པ་མན་ངག་རྒྱས་སྤེལ་ངེས། །རྫོགས་རིམ་རྣམས་ལ་ཡེ་གསང་རྒྱཿཡོད་པས། །ཚུལ་བཞིན་སྟོན་ནུས་སྐྱེས་མཆོག་རེ་རེ་ཙམ། །འོན་ཏེ་མོས་པའི་བརྟུལ་ཞུགས་ཁོ་ནས་ཀྱང་། །མི་བསླུ་དོན་གཉིས་འགྲུབ་པས་གཏད་པའི་རྒྱཿ བསླུ་མེད་དགོངས་གཏེར་རྣམ་པར་དག་པ་ལ། །རྒྱཿདེས་བཅིངས་པ་ཀུན་ལ་ཤེས་ཀྱང་བྱ། །
ཀྱེ་མ་དེང་སང་དུས་ཀྱི་དབང་ཉིད་ཀྱིས། །ཉམས་མེད་མུ་ཏིག་དོ་ལོ་རིན་ཐང་མཉམ། །ཆོས་བཞིན་སྤྱོད་ལས་ཆོས་མིན་གཡོ་ཅན་བྲིན། །ཚུལ་བཞིན་ཤེས་ཤིང་གཟུར་གནས་རེ་རེ་ཙམ། །རྒྱུ་འབྲས་ཡིད་ཆེས་ཟོག་མེད་དྲངས་ཚིག་ལས། །མི་ཆོས་བླ་བརྫུན་འུར་འུར་སྒྲོགས་ལ་མགུ། །ཐོས་བསམ་ལ་གཡེལ་ཆེ་འདོད་འདྲེ་ཐོང་འུར། །དཀོན་མཆོག་མཆོད་དང་འདྲེ་མཆོད་ངོ་སོ་མཉམ། །དྲོད་མེད་སྔགས་སྒྲོས་འདུལ་འཛིན་ནག་ཆང་རྔམས། །ཁྲེལ་མེད་རྣལ་འབྱོར་ཐོ་ཅོ་གྲུབ་ཐོབ་ཟོལ། །འགའ་ཞིག་ཆོས་བརྒྱད་སྙིང་གབ་གཏེར་སྟོན་བརྫུ། །ཚུལ་མིན་ཆོས་ལྟར་བྱས་པས་རྒྱལ་བསྟན་སྨད། །ཞི་དུལ་གཟུགས་ལ་ཉོན་མོངས་ཆེར་རྒྱས་སེམས། །བསྒོམ་ཆེན་ཟོལ་གྱུར་ཆོས་བརྒྱད་ཡོ་ལང་མཁན། །དེ་ལྟ་ན་ཡང་འགའ་ནི་གནས་ཚུལ་ཉིད། །ཕལ་ཆེར་བདག་སྣང་མ་དག་ཁོ་ནའི་སྐྱོན། །འོན་ཀྱང་མ་སྨྲས་རྒྱལ་བསྟན་སེམས་ཁུར་ཆུང་། །སྨྲས་ན་ཀུན་གྱིས་ལྟས་ངན་དགྲ་ལྟར་འཛིན། །མི་རྣམས་མ་བརྟགས་གསར་ངས་དད་འཇུག་རྐྱེན། །ནམ་ཞིག་ལོག་ལྟས་ངན་སོང་སྐྱེད་འཕེལ་བཏང་། །དེ་བས་ཚུལ་བཞིན་སྙིགས་དུས་དཔྱད་དཀའ་ཡང་། །ཆོས་འབྲེལ་མེད་སྐབས་ཆ་ཤས་ཙམ་དཔྱད་གཅེས། །
དེ་ལྟར་རང་བློ་གཟུ་བོར་གནས་སེམས་རུང་། །གཞན་བློས་ལོག་མཐོང་སྡིག་པར་མ་གྱུར་ཅིག །བདག་ནི་སྤངས་རྟོགས་ཡོན་ཏན་ཅང་མེད་ཀྱང་། །རང་གཟོ་གཞན་གྱི་ཅལ་སྒྲོག་མ་ཡིན་པར། །པད་འབྱུང་རྡོ་རྗེའི་གསུང་གི་དབུགས་དབྱུང་མཐུས། །གཞན་དོན་སེམས་རུང་བཟོད་པ་མ་ཐོབ་སྟོབས། །ཇི་ལྟར་བྱས་ཀྱང་འགྲོ་བ་མགུ་དཀའ་ཞིང་། །དམན་བཟུང་ཁྱད་བསོད་དྲངས་ཚིག་ང་རྒྱལ་འཛིན། །གཞན་བསྟུན་མི་ཆོས་མ་བསྟུན་གཤིས་ངན་བཟུང་། །ཚུལ་བཞིན་ཤེས་པ་སྲིད་མཐའ་ཙམ་ཡིན་རུང་། །ལྷ་བདུད་ངོས་འཛིན་བྱེད་མཁན་ཆུ་བཞིན་བྲེལ། །ཕྱོགས་རིས་ཆགས་སྡང་ཕྲག་དོག་རླུང་ལྟར་འཚུབས། །དེས་ན་གཞན་དོན་མི་འགྲུབ་རང་དོན་གཡེལ། །སྤྱིར་ཡང་རང་དོན་ཚད་ལྡན་སྔོན་སོང་ན། །འགྲོ་དོན་བྱ་ས་མི་སྙེགས་དོགས་དགོས་ཅི། །འཁོར་བའི་རྒྱ་མཚོ་ཟད་མཐའ་མེད་ལགས་སོ། །དེ་བས་རེ་ཞིག་དབེན་པའི་སར་གཞོལ་ནས། །དམ་སྡོམ་རྣམ་དག་བསྐྱེད་རྫོགས་འབད་བསྒོམ་པས། །ནམ་ཞིག་གདུལ་བྱ་མ་དད་བཟློག་ནུས་པའི། །རྫུ་འཕྲུལ་ཡ་ཟུང་མངོན་པར་ཤེས་པ་བཅས། །ལུས་འདི་འབྱུང་བཞིའི་མི་རྫི་སྒྱུ་མའི་སྐུ། །ཐོབ་ཚེ་གདུལ་བྱ་རྣམས་ལ་ཡན་པའི་མཆོག །རྒྱལ་བསྟན་ཡོངས་རྫོགས་མ་ནོར་དོན་གསལ་བར། །ཕྱོགས་དུས་ཀུན་ཏུ་རྒྱ་ཆེར་སྤེལ་བར་སྨོན། །དེ་ལྟར་མ་གྱུར་ན་ཡང་བསྐྱེད་རྫོགས་དྲོད། །ཇི་བཞིན་ནམ་ཐོབ་དབེན་པར་སྒོམ་ལ་སྨོན། །འོན་ཀྱང་བདག་ལ་གཡོ་སྒྱུ་བདུད་ལས་ཀྱི། །འགྲོ་བ་བསླུ་བའི་ཆོས་ངན་ལྟོགས་གྱུར་དཀོན། །རང་ཉིད་གཅིག་པུའི་ཞི་བདེ་འབའ་ཞིག་དང་། །འཁོར་བའི་གནས་ལྷུང་དོགས་པའི་སྐྱི་ཟིང་ཆུང་། །དེ་ལྟ་ན་ཡང་མ་ལོང་ཆང་ལ་ཆུ། །བསིང་འདྲའི་འགྲོ་དོན་ཡད་ཡུད་འདི་ཅི་བྱ། །
ཀྱེ་ཧོཿ བདག་ནི་ཡང་དག་བཟོད་པ་མ་ཐོབ་པར། །དལ་འབྱོར་རྟེན་བཟང་ཡང་ཐོབ་ཆོས་སྒོར་ཞུགས། །ཆོས་སྟོན་དགེ་བཤེས་མཆོག་གིས་རྗེས་བཟུང་ནས། །ཐོས་བསམ་བཟང་པོས་ཉིན་མཚན་དུས་འདའ་ཤོག །ཚེ་འདི་ཡུན་ཐུང་ཆོས་ཀྱི་འཚེ་མང་བས། །སྒོམ་ལ་འབད་ཀྱིས་དབེན་པའི་གནས་སུ་གཞོལ། །ཐེག་ཆེན་མཐར་ཐུག་སྔགས་ཀྱི་ལམ་ལ་ཞུགས། །མཉེས་པ་གསུམ་གྱིས་སློབ་དཔོན་མཉེས་པར་ཤོག །སྡོམ་པ་གསུམ་ལ་ཉེས་མེད་རྣམ་དག་ཅིང་། །རིམ་གཉིས་ལམ་སྒོམ་རིང་པོར་མི་ཐོགས་པར། །ས་ལམ་ངེས་འབྱེད་ཡོན་ཏན་གཞུང་བཞིན་སྐྱེས། །དོན་གཉིས་ཕུན་ཚོགས་མྱུར་དུ་འགྲུབ་པར་ཤོག །དེ་སྲིད་བྱ་བ་ཐམས་ཅད་བྱང་སེམས་ཟིན། །བདག་གི་སྒོ་གསུམ་གཞན་ལ་སྡིག་མི་བསགས། །གཞན་གྱིས་བདག་ལའང་བསོག་པར་མི་བྱེད་ཅིང་། །ཀུན་དགའ་བདེ་བའི་དཔལ་ལ་སྤྱོད་པར་ཤོག །བྱང་སེམས་སྤྱོད་པ་རླབས་ཆེན་ཡོངས་གྲུབ་ནས། །གནས་སྐབས་ལེགས་ཉེས་སྤྱོད་ལ་མི་བརྩི་བར། །ཞི་རྒྱས་དབང་དྲག་འཕྲིན་ལས་དུ་མ་ཡིས། །གང་ལ་གང་འདུལ་འགྲོ་དོན་སྤྱོད་པར་ཤོག །
གལ་ཏེ་བདག་ལ་གཤེ་བསྐུར་ངན་བརྗོད་མཁན། །རྟག་ཏུ་ཞེ་སྡང་ཕྲག་དོག་འཁྲུག་རྣམས་ཀྱང་། །སྡུག་པའི་རྣམ་སྨིན་ནམ་ཡང་མི་མྱོང་བར། །བདག་གི་འཁོར་གྱུར་བྱང་ཆུབ་ལྷན་སྤྱོད་ཤོག །བདག་གི་ལོངས་སྤྱོད་འཁོར་གཉེན་ལ་འཚེ་ཞིང་། །བརྣག་དཀའ་ལུས་དང་སྲོག་ལ་བརྡོ་བ་ཡང་། །དམྱལ་ནས་མྱུར་ཐར་བདག་གི་བྱང་ཆེན་ལམ། །སྤྱོད་པའི་གྲོགས་དང་འཕྲིན་ལས་བྱེད་པར་ཤོག །རྒྱལ་བ་གཞན་གྱི་ཆེས་ཆེར་འདུལ་དཀའི་འགྲོ། །ལོག་སྲེད་ཅན་རྣམས་བདག་གི་གདུལ་བྱར་གྱུར། །དེ་དག་རང་དབང་མེད་པར་སངས་རྒྱས་ལ། །མི་ཕྱེད་དད་སྐྱེས་བྱང་སེམས་བསྐྱེད་ནུས་ཤོག །བཟོད་པ་ཐོབ་ཚེ་ངན་སོང་གནས་ཀུན་ཏུ། །བསམ་བཞིན་འཇུག་ནས་དེར་གནས་ཉོན་མོངས་ཅན། །ཀུན་གྱི་སྒྲིབ་པ་སྦྱང་ཞིང་བྱང་ཆུབ་ལམ། །ཡང་དག་ས་ལ་བདག་གིས་བཞག་པར་ཤོག །གང་ཞིག་འགྲོ་བ་མི་དགེ་མཚམས་མེད་སྤྱོད། །སོ་ཐར་སྡོམ་ཞིག་སྔགས་ཀྱི་དམ་ཚིག་རལ། །མི་ཟད་སྡིག་ཅན་ཀུན་ཀྱང་བདག་གི་མིང་། །ཐོས་པའི་སྡིག་ཟད་ཐར་པའི་ལམ་ཞུགས་ཤོག །བདག་ནི་སྐྱེ་བ་ཁ་ཤས་ཙམ་ཁོ་ནས། །རྫོགས་སངས་རྒྱས་ཀྱི་གོ་འཕང་མངོན་ཐོབ་བྱེད། །དེ་ལྟ་ན་ཡང་དག་པའི་ས་གསུམ་ལ། །གནས་ཚུལ་བྱང་ཆུབ་སེམས་འདིར་དབང་གྱུར་ཤོག །
སྐྱེ་འགྲོ་ཇི་སྲིད་ས་རུ་ཚུལ་འདི་འཛིན། །རྫོགས་སངས་རྒྱས་དང་སྲས་སློབ་འཕགས་པ་རྣམས། །དགྱེས་པའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ། །རྒྱུན་ཆད་མེད་པར་བདག་གིས་འབད་པར་ཤོག །རྒྱལ་དང་རྒྱལ་སྲས་གཞན་གྱིས་འདུལ་དཀའ་བའི། །གདུལ་བྱ་ཐམས་ཅད་བདག་གི་དངས་ལེན་ནས། །ཐབས་མཁས་ཞི་དྲག་སྤྱོད་པ་དུ་མ་ཡིས། །དེ་དག་སངས་རྒྱས་སྲས་སུ་ཞུགས་པར་ཤོག །གང་ཞིག་སངས་རྒྱས་ཀྱིས་འདུལ་འགྲོ་བ་ལ། །སངས་རྒྱས་སུ་སྤྲུལ་དེ་བཞིན་གང་འདུལ་བ། །དེ་ཡི་གཟུགས་སྤྲུལ་གདུལ་བྱའི་བློ་དབང་མེད། །བསྒྱུར་ནས་ཐེག་ཆེན་ལམ་ལ་ཞུགས་བྱེད་ཤོག །བདག་གི་དག་པའི་བྱང་སེམས་ཚུལ་བཟུང་ནས། །བྱང་སེམས་སྤྱོད་པས་བྱང་སེམས་ཉེ་སྲས་བརྒྱད། །ཐེག་ཆེན་སྨོན་ལམ་མཛད་འཕྲིན་མཐའ་དག་ཀུན། །གཅིག་ཏུ་བཟླུམ་ལྟར་བདག་གིས་འགྲུབ་པར་ཤོག །ནམ་ཞིག་བདག་ཉིད་རྫོགས་སངས་རྒྱས་གྱུར་ན། །བདེ་ཆེན་ཞིང་འདྲའི་སངས་རྒྱས་གངྒཱ་ཀླུང་། །སྐུ་ཚེ་མཛད་འཕྲིན་འདུས་པ་དམ་ཆོས་ཡུན། །དེ་སྙེད་བདག་གིས་གཅིག་ཅར་མངོན་བྱེད་ཤོག །དེ་ལྟར་བདག་གི་ཐེག་ཆེན་སྨོན་ལམ་ཀུན། །དཀོན་མཆོག་བདེན་པས་བསླུ་མེད་ཉིད་འགྲུབ་ཅིང་། །བདག་གང་མཐོང་ཐོས་དྲན་རེག་འགྲོ་བས་ཀྱང་། །སྨོན་ལམ་མཆོག་འདི་ཐུན་མོང་སྤྱོད་པར་ཤོག །དེ་བཞིན་བདག་གི་འདུས་དང་འདུས་མ་བྱས། །དགེ་ཚོགས་མ་གྱུར་འགྲོ་ལ་ཡོངས་བསྔོ་བས། །ཀུན་ཀྱང་ལྷག་བསམ་བྱང་ཆུབ་སེམས་བསྐྱེད་ནས། །བདག་གི་སྨོན་ལམ་བཟང་པོ་འདིར་འཇུག་ཤོག །བདག་གི་ཆོས་ཀྱི་རྒྱུད་འཛིན་སློབ་མའི་རིགས། །ཅི་ཙམ་གནས་པ་དེ་དག་ཐམས་ཅད་ལ། །རིག་འཛིན་རྒྱལ་བ་རྒྱ་མཚོས་བྱིན་བརླབས་ནས། །བྱང་ཆུབ་ཆེན་པོའི་འབྲས་བུ་མྱུར་ཐོབ་ཤོག །དེ་སྲིད་འཇིག་རྟེན་མཆོག་དང་འཇིག་རྟེན་ལས། །འདས་པའི་མཆོག་ཀུན་འབད་མེད་ཡོངས་སུ་ཐོབ། །མདོར་ན་བདག་གི་སྨོན་ལམ་མཆོག་གང་བཏབ། །དགེ་འབྲས་རྣམས་ལ་དེ་དག་ངེས་སྤྱོད་ཤོག །སྙིགས་དུས་སྡུག་བསྔལ་གྱིས་མནར་འགྲོ་བ་རྣམས། །སྐྱོབས་བྱེད་གུ་རུའི་སྒྲུབ་ཐབས་ཐམས་ཅད་ཀྱི། །དགོངས་བཅུད་བསྐྱེད་རྫོགས་མན་ངག་ཀུན་འདུས་འདི། །ཚུལ་བཞིན་ཡི་གེར་བཀོད་པའི་དགེ་བ་ཡང་། །བོད་ཡུལ་རྗེ་འབངས་བདེ་སྐྱིད་རྒྱས་པ་དང་། །ཤཱཀྱའི་ཏོག་གི་བསྟན་པ་ཉམས་མེད་ཅིང་། །འོད་གསལ་རྡོ་རྗེ་སྙིང་བསྟན་དར་ཞིང་རྒྱས། །བཤད་སྒྲུབ་བཟང་པོས་ནོར་འཛིན་ཡོངས་ཁྱབ་ཤོག །
མ་ལུས་འགྲོ་བའི་སྙིང་དབུས་ཕན་བདེའི་མཆོག །གུ་རུ་པདྨའི་བྱིན་རླབས་ཡོངས་ཞུགས་ནས། །སྨིན་གྲོལ་གདེངས་ཐོབ་བདེ་བ་ཅན་ཞིང་དུ། །རྒྱལ་ཚབ་ས་ཐོབ་བྱང་ཆེན་མྱུར་འགྲུབ་ཤོག །ཇོ་བོ་འགྲོ་ཀུན་ལམ་འདིར་འཇུག་སྨོན་པས། །དེ་ལྟར་གྱུར་ནས་དྲིན་ལེན་ལྡོན་པ་དང་། །ཚུལ་འདིའི་ཁྱབ་འཇུག་རྩ་བའི་བླ་མ་ཡི། །དགོངས་པ་བསྐང་ཕྱིར་བསྔོ་བས་དགྱེས་གྱུར་ཤོག །དེ་ལྟར་པད་འབྱུང་ཐུགས་རྗེའི་ཆུ་གཏེར་ལས། །རྨད་བྱུང་དམ་ཆོས་སྒྲ་དབྱངས་རྒྱུན་མི་ཆད། །ཕུན་ཚོགས་རིན་ཆེན་མཆོག་གིས་ཡོངས་ཁེངས་པས། །སྐྱེ་དགུ་དགེ་ལེགས་དཔལ་ཀུན་རྒྱས་གྱུར་ཅིག །
ཞེས་སངས་རྒྱས་ཡོངས་ཀྱི་རྒྱལ་པོ། སངས་རྒྱས་ཀྱི་སྤྲིན་འཕྲོ་བ་གུ་རུ་པདྨ་ཀ་རའི་གསོལ་འདེབས་གཙོ་བོ་བསམ་པ་ལྷུན་གྲུབ་ཀྱི་མན་ངག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ། བླ་མའི་སྒྲུབ་ཐབས་ཐམས་ཅད་ཀྱི་དགོངས་བཅུད་ཡིད་བཞིན་ནོར་བུ་ལྟ་བུ་ངོ་མཚར་རྨད་དུ་བྱུང་བ་འདི་ནི། གུ་རུའི་བྱིན་རླབས་ཀྱི་མཚན་མ་རྙེད་ནས་དུས་རིང་ཞིག་ལོན་པ་ལྕགས་ཕག་ལོར་ལ་སྟོད་རྒྱལ་གྱི་ཤྲཱི་རུ་ཡིག་ཆར་བཀོད་པར་སེམས་ཚེ། ཉང་གི་རིགས་འཛིན་སྐྱེས་བུ་མཆོག་གྱུར་པད་མ་དབང་དྲག་ནས། རིག་འཛིན་ཡོངས་འདུས་ལུགས་བསམ་པ་ལྷུན་གྲུབ་ཀྱི་ཞལ་ཐང་ཞིག་གནང་བ་ཡང་རྟེན་འབྲེལ་ལེགས་ལམ་དུ་གྱུར་ཅིང་། དེ་མུས་སུ་གངས་ཅན་བུ་ལེར་ཕྱིན་ནས་དེར་འབྲི་བར་བརྩམས་ཀྱང་ཇི་བཞིན་དུས་ལ་མ་བབ་པར་རྟོགས་པས་རེ་ཞིག་བཞག ཕྱི ་ཆུ་བྱི་ལོར་ལ་སྟོད་བྱང་གནས་ཆེན་ཟང་ཟང་ལྷ་བྲག་ཏུ་བཀའ་རྒྱཿགྲོལ་བའི་ལྟས་བྱུང་བར་བརྟེན། དེ་ཡི་དགུན་ལ་སྟོད་ལྷོ་གྲམ་མཚོ་བསམ་རྫོང་དུ་དོན་གཉེར་ཅན་རྣམས་ལ་ཆོས་སྒོ་ཅུང་ཟད་ཕྱེས་ཤིང་། སླར་ཆུ་གླང་ལོ་གཞུག་ཏུ་ཕྱོགས་ནས་ལས་བསྐལ་སྨོན་ལམ་བཟང་པོས་གྲུབ་གྱུར་སྐྱེས་བུ་ཅི་རིགས་པ་ཆོས་འདིའི་ཆེད་དུ་འདུས་ཤིང་གསོལ་བ་བཏབ་པ་དང་། མཁའ་འགྲོས་ཀྱང་གནང་བ་ཡང་དག་སྦྱིན་པས་དུས་ལ་བབས་པར་ཤེས་ནས། གུ་རུའི་བསྒྲུབ་གནས་རུ་ལག་གྲོམ་པ་རྒྱང་གི་བྱ་འདབས་སུ། རིག་འཛིན་ཚེ་དབང་ནོར་བུས་རང་ལོ་སུམ་ཅུའི་གུང་དུ་སླེབས་པ། ཧོར་ཟླ་བཅུ་གཉིས་པ་རྒྱུད་རྒྱལ་རྡོ་རྗེ་གདན་བཞི་དང་མཁའ་འགྲོ་རྒྱ་མཚོའི་བཞེད་པ་ལྟར་ན་ཀུན་དགའ་ཞེས་ཤིང་སྟག་གི་ལོ་ཞལ་གསར་དུ་ངོམ་པ་རྒྱལ་གྱི་ཟླ་བའི་ཡར་ཚེས་ལྔ་ནས་ཐུན་སྐབས་ཅུང་ཟད་རེར་བྲིས་པའི་འཕྲོ་ཚེས་བཟང་བཅོ་ལྔ་ལ་གྲུབ་པར་བྱས་པ་སྟེ་བཀའ་རྒྱཿ གཉེར་རྒྱཿ དམ་རྒྱཿ གསང་རྒྱཿ སྤེལ་རྒྱཿ གཏད་རྒྱཿ གཉན་རྒྱཿ མན་ངག་འདི་ལ་ཤིན་ཏུ་ཟབ་ཅིང་རབ་ཏུ་གཅེས་པའི་རྒྱཿབདུན་ཡོད་དོ། །ཨྠྀིཿ གུ་ཧྱཿ ཡང་སྨྲས་པ། སྔོན་ཆོས་ཟབ་ཆེར་བརྒྱུད་པ་ཉེ་རིང་། །ཉེ་རྒྱུད་ཆོས་ལ་ཡིད་གཉིས་མ་བྱེད། །བླ་མེད་ཆོས་ལ་རྩེ་གཅིག་བསྒོམ་འཚལ། །རིང་མིན་རྡོ་རྗེ་སེམས་དཔའ་འགྲུབ་ཤོག །ཞེས་པའང་གདམས་སོ། །མངྒ་ལཾ་བྷ་ཝནྟུ། དགེའོ། །