Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

44 occurrences of བརྒྱད་གསུམ་
[Clear Hits]


  
  
  
 
གསང་ཡེ་མའི་ལོ་རྒྱུས་མདོར་བསྡུས།
  
  
  
 
 
 
  
 
 
 
  
 
 
  
  
  
 
  
  
 
  
 
 expand section
  
expand section
  
 
 
  
  
 
  
  
  
  
 
  
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
 
  
  
  
  


44 occurrences of བརྒྱད་གསུམ་
[Clear Hits]

 
previousགསང་ཡེ་མའི་ལོ་རྒྱུས་མདོར་བསྡུས། next

གསང་ཡེ་མའི་ལོ་རྒྱུས་མདོར་བསྡུས།

ན་མོ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། དེ་ཡང་མཁའ་འགྲོའི་གཙོ་མཆོག་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས་བསྙེན་སྒྲུབ་དང་འབྲེལ་བར་གླེང་བར་བྱ་སྟེ། ཁོང་ལ་ཡེ་ཤེས་ཀྱི་སྐུ་དང་། འགྲོ་བ་རྣམས་འདུལ་བའི་ཕྱིར་གང་འདུལ་དེར་སྣང་གི་སྐུ་བསམ་ལས་འདས་པ་ཡོད་པ་ལས་རགས་རིམ་ཙམ་བརྗོད་ན། སྤྲུལ་གཞི་ནི། སྨིན་གླིང་གཏེར་ཆེན་གྱི་གཏོར་བྱོན། ཡུམ་གསང་བ་ཡེ་ཤེས་ཀྱི་ལོ་རྒྱུས་ལས། སངས་རྒྱས་སྣང་བ་མཐའ་ཡས་ཕོ་རྣམས་འདུལ་བའི་དོན་དུ་སྤྱན་རས་གཟིགས་དང་། མོ་རྣམས་འདུལ་བའི་དོན་དུ་གསང་བ་ཡེ་ཤེས་དང་། གདུག་པ་འདུལ་བའི་དོན་དུ་དཔའ་བོ་རྟ་མགྲིན་རྣམས་སྤྲུལ་ལོ། དེ་གསུམ་དགོངས་པ་གཅིག་ཏུ་གྱུར་པ་ནི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ་ནས་གདུལ་བྱ་རིགས་གསུམ་སྤྱི་དང་ཁྱད་པར་མཐའ་འཁོབ་བོད་ཀྱི་ཡུལ་གདོང་དམར་འདྲེ་སྲིན་ཐམས་ཅད་འདུལ་བར་བྱིན་རླབས་དབང་བསྐུར་ཏེ། བདག་གིས་སྡོང་གྲོགས་བགྱིའོ་ཞེས་དམ་བཅའ་དང་ལུང་བསྟན་པ་ལྟར་རྒྱ་གར་གྱི་ཡུལ་མཐའ་དབུས་ཀུན་ཏུ་འགྲོ་དོན་དཔག་མེད་མཛད་དོཿཞེས་དང་། ཁོང་ནི་གུ་རུ་པདྨ་འབྱུང་གནས་དང་བླ་སློབ་ཐ་མི་དད་པར་སྣང་བའི་ཚུལ་ཡང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས། མཁའ་འགྲོ་གསང་བ་ཡེ་ཤེས་སམ་ཉི་ཟླ་དངོས་གྲུབ་ཅེས་ཀྱང་བྱ་བ། གཅོད་ཡུལ་བརྒྱུད་པའི་སྐབས་སུ་ནི་སུ་ཁ་སིདྡྷིར་གྲགས་ཤིང་རྙིང་ལུགས་ནི་མཁའ་འགྲོ་ལས་ཀྱི་དབང་ཆེན་ཞེས་གྲགས་པ་དེས། གུ་རུ་པདྨ་འབྱུང་གནས་ལ་དབང་བསྐུར་ཚེ། གུ་རུ་ཉིད་ཡི་གེ་ཧཱུྃཿ ཞིག་ཏུ་བསྒྱུར་ནས་མཁའ་འགྲོས་ཞལ་དུ་བཞེས། སྐུའི་དབྱིབས་བརྒྱུད། གསང་བའི་པདྨོ་ཕྱུང་པས་དབང་བཞི་ཡོངས་རྫོགས་སུ་ཐོབ་སྟེ་ཕྱག་རྒྱ་ཆེན་པོའི་གྲུབ་པ་བརྙེས། ཞེས་སོགས་གསུངས་པའི་ལོ་རྒྱུས་ཀྱི་ཁུངས་པདྨ་བཀའ་ཐང་ཤེལ་བྲག་མའི་ལེའུ་སོ་བཞི་པར། དེ་ནས་མཁའ་སྤྱོད་རིག་འཛིན་གནས་སུ་ཕྱིནཿ བདེ་ཆེན་གསང་ལམ་མནོལ་བའི་དུར་ཁྲོད་ནཿ མཁའ་འགྲོ་ཉི་ཟླ་དངོས་གྲུབ་ཅེས་ཀྱང་བྱཿ མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ཞེསཿ དགེ་སློང་ཀུན་དགའ་སྨོན་ལམ་ཞེས་ཀྱང་བྱཿ མཁའ་འགྲོ་ལས་ཀྱི་དབང་མོ་ཆེའི་དྲུང་ཕྱིནཿ ཐོད་མཐར་སྒོ་བཅད་ནང་དུ་མ་ཐར་ནསཿ གཡོག་མོ་ཀུ་མཱ་ར་ལ་འཕྲིན་བརྒྱུད་པསཿ ལན་ནི་མ་བྱུང་བརྗེད་དམ་སྨྲས་པ་ཡིས༔ ཤེལ་གྱི་བུམ་པ་ཁུར་ནས་ཆུ་ལེན་འདུགཿ ངས་བསྐུར་བྱས་པས་བུམ་སྟེགས་ཁ་རུ་བཞགཿ རྒྱལ་བས་བུམ་སྟེགས་བུམ་པར་འབྱར་དུ་བཅུགཿ ལངས་པར་མ་གྱུར་ཁུག་ཁུག་ལན་འགའ་བྱསཿ བུམ་ཐག་ཕུད་ནས་རྒྱལ་བའི་མདུན་དུ་འོངསཿ ཤེལ་གྱིས་གྲི་གུས་བྲང་གཤགས་ཁ་ཕྱེས་ནསཿཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས༔བཀྲ་ལམ་བསྟན་ནས་ངག་ནས་འདི་སྐད་གསུངས༔ ཁྱོད་ཀྱང་སྔགས་པ་ནུས་མཐུ་ཅན་འདུག་སྟེཿ དེ་བས་ངའི་འདི་ཡ་མཚན་མི་ཆེའམཿ དེ་སྐད་ཟེར་བས་ཕྱག་འཚལ་བསྐོར་བ་བྱསཿ མཆོག་དབང་གོང་མ་བདག་ལ་བསྐུར་དུ་གསོལཿ ང་ནི་གཡོག་ཡིན་ནང་དུ་འདེངས་ཟེར་ཕྱིནཿ ཉི་ཟླའི་ཁྲི་བརྩེགས་ཉི་ཟླའི་གདུགས་ཕུབ་པཿ ཉི་མ་ཟླ་བའི་རྒྱན་དྲུག་སྐུ་ལ་གསོལཿ དགེ་སློང་མ་བཞུགས་ཕྱག་འཚལ་བསྐོར་བ་བྱསཿ གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་ནི༔ཕྱི་ནང་གསང་བའི་དབང་བསྐུར་ཞུ་གསོལ་བས༔ལྷ་ཚོགས་མདུན་གྱི་ནམ་མཁར་ཁྲ་ཆེམས་བྱུངཿ སྐལ་ལྡན་རིགས་ལྡན་ད་ལྟ་དབང་ཞུས་གསུངསཿ བླ་མ་མེད་པའི་གོང་རོལ་ནཿ སངས་རྒྱས་བྱ་བའི་མིང་ཡང་མེདཿ བསྐལ་པ་སྟོང་གི་སངས་རྒྱས་དགཿ བླ་མ་དག་ལ་བརྟེན་ནས་བྱུངཿ དཔལ་ལྡན་བླ་མ་ཡོན་ཏན་མཚོཿ བཞིན་གྱི་དཀྱིལ་འཁོར་ལེགས་བསྟན་ནསཿ ཐུགས་རྗེས་སློབ་མ་ལ་གཟིགས་ཞུཿ དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུཿ དེ་སྐད་སྨྲས་པས་དགེ་སློང་མའི་ཞལ་ནསཿ དབང་ཞུ་ཤེས་གསུངས་ལྷ་ཚོགས་ཐུགས་གར་བསྡུསཿ རྡོ་རྗེ་གྲོ་ལོད་ཡི་གེ་ཧཱུྃཿདུ་བསྒྱུརཿ ཞལ་དུ་མིད་ནས་བྱིན་གྱིས་བརླབས་པ་ཡིསཿ ཕྱི་ལྟར་སངས་རྒྱས་སྣང་བ་མཐའ་ཡས་སྐུཿ ཚེ་ཡི་རིག་འཛིན་གྲུབ་པའི་དབང་རྣམས་ཐོབཿ ཁོང་པའི་ནང་སླེབས་བྱིན་གྱིས་བརླབས་པ་ཡིསཿ ནང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུཿ ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་རྣམས་ཐོབཿ གསང་བའི་པདྨོར་བཏོན་ནས་བྱིན་རླབས་པསཿ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དག་པར་སྦྱངསཿ གསང་བ་ལྟར་ན་རྟ་མགྲིན་དབང་གིས་སྐུཿ དྲེགས་པའི་ལྷ་འདྲེ་དམ་ལ་འདོགས་དབང་ཐོབཿ ཅེས་གྲུབ་པའི་དབང་ཕྱུག་མཚོ་སྐྱེས་ཞབས་ཀྱིས་མཁའ་འགྲོ་གསང་བ་ཡེ་ཤེས་མདུན་ནས་དབང་ཞུས་པའི་ཚུལ་མདོར་བསྡུས་ཤིག་གསུངས་པ་དང་། ཡང་གཞན་དུ་གུ་རུ་པདྨ་འབྱུང་གནས་བྲག་ཕུག་མ་རཱ་ཏི་ཀར་འཆི་མེད་ཚེ་ཡི་རིག་འཛིན་སྒྲུབ་པའི་སྐབས་ཀྱི་ཚེ་ལམ་ཕྱག་རྒྱ་མོ་ལྷ་ལྕམ་མནྡཱ་ར་བ་ཡང་ཡིན་པར་གསུངས་ཏེ། རས་ཆུང་བའི་རྣམ་ཐར་དུ། གུ་རུ་པདྨ་འབྱུང་གནས་མཇལ། །ཞེས་སོགས་ཚིག་གིས་གུ་རུའི་སློབ་མ་དང་། གསང་ཡུམ་ཡིན་པར་བསྟན་པའི་བཤད་སྲོལ་གཉིས་ཀ་མི་འགལ་སྟེ། རྫོགས་ཆེན་གྱི་ལོ་རྒྱུས་སོགས་སུ་བི་མ་མི་ཏྲ་གུ་རུའི་བླ་མ་དང་སློབ་མ་གཉིས་ཀ་ཡིན་པར་གསུངས་པ་དང་། གུ་རུ་པདྨ་འབྱུང་གནས་དང་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྤྲུལ་པའི་རོལ་གར་ཡང་བསམ་གྱིས་མི་ཁྱབ་སྟེ། པདྨ་བཀའ་ཐང་ལས། འཇིག་རྟེན་རེ་རེའི་ཕྱོགས་བཞི་མཚམས་བརྒྱད་ནཿ གུ་རུ་མཚན་ནི་བརྒྱད་བརྒྱད་སུམ་ཅུ་དྲུགཿ ཅེས་དང་། མཛད་ཚུལ་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱངཿ འདི་རུ་སྤྲོས་ཏེ་མ་འོངས་སེམས་ལ་གླནཿཞེས་དང་། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱིས། ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །ཞེས་དང་འོག་ནས་བྱུང་བའི་གནས་རིས་སྣ་ཚོགས་སུ་མཛད་པ་སྣ་ཚོགས་བསྟན་པའི་ཚུལ་ལ་ལེགས་པར་གོ་ན་བསམ་གྱིས་མི་ཁྱབ་པའི་གནས་ལ་ངེས་ཤེས་གཏིང་ཟབ་མོ་འཁྲུངས་པར་འགྱུར་རོ། །བོད་དུ་མཁའ་འགྲོ་དངོས་ཀྱི་ཞལ་སློབ་ཏུ་གྱུར་པ་གྲུབ་ཐོབ་ཨོ་རྒྱན་པ་སོགས་བྱུང་མོད་ལོ་རྒྱུས་ཅུང་ཟད་རྒྱས་པར་བཤད་པ་ནི་རས་ཆུང་རྡོ་རྗེ་གྲགས་པ་སྟེ། ཁོང་གི་རྣམ་ཐར་ལས་མཁའ་འགྲོའི་ལོ་རྒྱུས་ཆེས་གསལ་བར་གསུངས་པ་འདི་ལྟར། ཏི་ཕུ་གསང་སྔགས་ཀྱི་སྡོང་པོའི་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་དུ་གྱུར་པ་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་རྒྱལ་ཡུམ་གོས་དཀར་མོའི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་བརྗོད་ཀྱིས་མི་ལང་མོད། འོན་ཀྱང་ད་ལྟར་གནས་སྐབས་ཀྱི་རགས་པ་ཞིག་བརྗོད་ན་ངོ་མཚར་རྨད་དུ་བྱུང་བ། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཁམས་ཞེས་བྱ་བ་ཞིང་ཁམས་ལག་མཐིལ་ལྟར་ཁོད་སྙོམས་པས་ན། བྱང་ཆུབ་ཀྱི་ཤིང་དང་འབྲས་བུ་ཅན་གྱི་ཤིང་གིས་བརྒྱན་པ། ཨུ་དུམ་ཝ་ར་ལ་སོགས་པའི་མེ་ཏོག་མང་པོའི་ཚལ། ཙན་དན་ལྗོན་པའི་ཚལ་དང་སེང་ལྡེང་འཐུག་པོའི་ནགས་ཚལ་རྒྱས་པ། མ་རྨོས་པའི་ལོ་ཏོག་དང་ཡན་ལག་བརྒྱད་ལྡན་ཆུ་བོ་འབབ་པ་ཕོ་སྐྱེས་ཐམས་ཅད་དཔའ་བོ་དང་། མོ་སྐྱེས་ཐམས་ཅད་དཔའ་མོར་ཡོད་པ། ཡིད་ལ་བསམ་པ་ཙམ་གྱིས་འདོད་དགུ་འབྱུང་བ། རྒྱན་དང་ལོངས་སྤྱོད་ཐམས་ཅད་རང་བཞིན་གྱིས་འབྱུང་བ། དེའི་དབུས་སུ་མེ་ཏོག་བཀོད་པའི་གནས་ཡོད་པ། ཡིད་དུ་འོང་ཞིང་གན་དྷོ་ལའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཚད་མེད་པའི་རྣམ་པ་ཡིད་དུ་འོང་བའི་སེམས་ཅན་སྣ་ཚོགས་པ་ཡང་འཛུམ་ཞིང་སྐད་སྙན་པ་སྒྲོག་པ། སིལ་སྙན་དང་རོལ་མོའི་སྒྲ་སྐད་རྣམ་པ་སྣ་ཚོགས་སྙན་པ་སྒྲོག་པ་ཡིད་དུ་འོང་ཞིང་དཔག་ཏུ་མེད་པ། དེའི་དབུས་སུ་པདྨའི་སྡོང་པོ་ཞིག་ལ་མེ་ཏོག་ཆེན་པོ་ཞིག་འཁྲུངས་པས་མཁའ་འགྲོ་མ་ཐམས་ཅད་ཡ་མཚན་སྐྱེས་སོ། །དེ་ལ་བསྐོར་བ་དང་ཚོགས་མཆོད་མང་པོ་བྱས། ཕྱག་དང་མཆོད་པ་མང་པོ་ཕུལ། དེའི་ཚེ་མེ་ཏོག་གིས་ཆར་བབས། རོལ་མོའི་སྒྲ་སྣ་ཚོགས་པ་རང་བཞིན་གྱིས་བྱུང་། ས་གཡོ་བ་ཆེན་པོ་བྱུང་སྟེ། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་བར་སྣང་ལ་ལྷགས་ཏེ། རྡོ་རྗེའི་གླུ་ལེན་གར་བསྒྱུར། ས་སྤྱོད་མ་དང་ས་འོག་གི་དཔའ་བོ་མཁའ་འགྲོ་ཐམས་ཅད་འཚོགས་ཏེ། ཨ་ལ་ལ་ཧི་ཧི་ཞེས་པའི་ཉམས་འབར་ཞིང་རུས་པའི་རྒྱན་ཆ་སྣ་ཚོགས་བྱས་ཏེ་གར་སྣ་ཚོགས་བསྒྱུར། དེའི་ཨུ་དུམ་ཝ་རའི་མེ་ཏོག་དེ་ལ་བུ་མོ་ལོ་བརྒྱད་ཀྱི་ན་ཚོད་འགྲོ་བའི་རྣམ་པ་ཞིག་འཁྲུངས་སོ། །དེ་མཁའ་འགྲོ་མ་རྣམས་ཀྱི་རུས་རྒྱན་དང་། དར་གྱི་ཅོད་པཎ་ཕུལ་ནས་ཟབ་མོའི་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་། གན་དྷོ་ལའི་གཙུག་ལག་ཁང་དུ་གདན་དྲངས་ཏེ། རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ་སེམས་ཅན་གྱི་དོན་དུ་རིན་ཆེན་སྣ་ལྔའི་ཁྲི་མཐོན་པོའི་སྟེང་དུ་བཞུགས་སུ་གསོལ། མཚན་མ་གཅིག་གྲུབ་པའི་རྒྱལ་མོར་གསོལ་ཏེ། མཁའ་འགྲོ་མང་པོའི་ཚོགས་དཔོན་མཛད་དོ། །དེ་ནས་རྫུ་འཕྲུལ་ལུས་ཀྱི་བཀོད་པ་མང་པོར་སྤྲུལ་ཏེ་ཞིང་ཁམས་ཐམས་ཅད་དུ་བྱོན། སངས་རྒྱས་ཐམས་ཅད་ལ་ཆོས་གསན་ཞེས་གྲགས་སོ། །ཞེས་འཇིག་རྟེན་འདིར་སྐུའི་བཀོད་པ་སྣང་བར་མཛད་པའི་ཚུལ་གསལ་པོར་གསུང་བ་དང་། ཡང་སྤྲུལ་པ་ཐ་དད་པའི་གནས་དུས་ཐ་དད་པར་སེམས་ཅན་གྱི་དོན་མཛད་པའི་ཚུལ་ཡང་སྔ་མ་ལས། རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ། །རྒྱལ་བའི་རྒྱལ་ཡུམ་གོས་དཀར་མོ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །གྲུབ་པའི་རྒྱལ་མོ་ལ་ཕྱག་འཚལ། །རྒྱ་གར་ཡུལ་གྱི་ནུབ་ཕྱོགས་སུ། །ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ། །གནས་ནི་མེ་ཏོག་བཀོད་པའི་གནས། །མེ་ཏོག་པདྨ་ལས་འཁྲུངས་ཤིང་། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །དཀར་དམར་འོད་ལྡན་ཡིད་འོང་མ། །འཇའ་ལུས་རྡོ་རྗེའི་རྣམ་པར་མཛེས། །ལང་ཚོར་ལྡན་ཞིང་བདེ་སྟེར་མ། །རིན་ཆེན་རུས་པའི་རྒྱན་དྲུག་གསོལ། །གྲི་གུག་བདུད་རྩི་ཐོད་པ་བསྣམས། །དར་གྱི་ལྷབ་ལྷུབ་ཅོད་པཎ་ཅན། །མཁའ་འགྲོ་རྒྱ་མཚོའི་ཚོགས་དབུས་སུ། །གན་དྷོ་ཤེལ་གྱི་གཙུག་ལག་ཏུ། །རིན་ཆེན་སྣ་ལྔའི་ཁྲི་སྟེང་དུ། །མ་ཅིག་གྲུབ་པའི་རྒྱལ་མོར་གྲགས། །ལོ་གྲངས་ལྔ་བརྒྱ་སོང་ཞེས་ཀྱང་། །ན་ཚོད་བཅུ་དྲུག་ཚུལ་དུ་བཞུགས། །བདེ་ཆེན་པདྨོ་བཀོད་པ་རུ། །ཚེ་ལྷ་ཡོངས་ཀྱིས་ཞལ་གཟིགས་ཏེ། །ཚེ་དབང་ཁྲིད་དང་བཅས་པ་གསན། །རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ། །མིང་ནི་གོས་དཀར་ཞེས་སུ་གྲགས། །དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར། །འོག་མིན་སྟུག་པོ་བཀོད་པ་རུ། །ལོངས་སྐུ་རྡོ་རྗེ་འཆང་ཆེན་མཇལ། །གསང་སྔགས་དབང་བཞི་རྫོགས་པར་ཞུས། །བླ་མེད་སྐུ་བཞི་མངོན་དུ་གྱུར། །རྡོ་རྗེ་ཕག་མོ་ཞེས་སུ་གྲགས། །རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར། །གན་དྷོ་ཤེལ་གྱི་གཙུག་ལག་ཏུ། །བདེ་མཆོག་འཁོར་ལོ་དང་མཇལ་ཏེ། །གསང་སྔགས་རྡོ་རྗེ་ཐེག་པ་གསན། །གསང་སྔགས་མཆོག་གི་དངོས་གྲུབ་བརྙེས། །རྡོ་རྗེ་མཁའ་འགྲོ་ཞེས་སུ་གྲགས། །གནས་གསུམ་དཔའ་བོ་མཁའ་འགྲོས་བསྐོར། །མེ་ཏོག་ཆེར་རྒྱས་ཞིང་དུ་བྱོན། །བཅོམ་ལྡན་རྒྱལ་བ་རིགས་ལྔ་མཇལ། །དུག་ལྔ་འདུལ་བའི་ཆོས་རྣམས་གསན། །ཡེ་ཤེས་ལྔ་རུ་མངོན་སངས་རྒྱས། །རྣལ་འབྱོར་ཆེན་མོ་ཞེས་སུ་གྲགས། །མཁའ་འགྲོ་སྡེ་ལྔའི་འཁོར་གྱིས་བསྐོར། །རི་བོ་ཏ་ལའི་རྩེ་མོར་བྱོན། །བྱམས་མགོན་སྤྱན་རས་གཟིགས་དབང་མཇལ། །ཐེག་པ་ཆེན་པོའི་ཆོས་རྣམས་གསན། །འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས། །འགྲོ་འདུལ་མཁའ་འགྲོ་ཞེས་སུ་གྲགས། །སེམས་དཔའ་སེམས་མའི་འཁོར་གྱིས་བསྐོར། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །གུ་རུ་པདྨ་འབྱུང་གནས་མཇལ། །གསང་སྔགས་ཟབ་མོའི་ཆོས་རྣམས་གསན། །གསང་ཡུམ་གསང་བའི་མཆོད་པ་ཕུལ། །དགའ་བའི་བདེ་སྟོང་ཉམས་མྱོང་རྒྱས། །ཆོས་ཉིད་ཟབ་མོའི་དངོས་གྲུབ་བརྙེས། །གཙུག་གི་རྒྱན་གཅིག་ཞེས་སུ་གྲགས། །འཁོར་ནི་མཁའ་འགྲོ་མང་པོས་བསྐོར། །ཡུལ་ནི་ཉི་ཤུ་རྩ་བཞིར་བྱོན། །མཁའ་འགྲོ་སུམ་ཅུ་རྩ་གཉིས་མཇལ། །མན་ངག་གདན་གྱི་གདམས་པ་གསན། །གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་བརྙེས། །ནམ་མཁའ་དབྱིངས་ཕྱུག་ཞེས་སུ་གྲགས། །ཌཱ་ཀི་དཀར་མོ་འབུམ་གྱིས་བསྐོར། །དུར་ཁྲོད་བརྒྱད་ཀྱི་གནས་ལ་བྱོན། །མཁའ་འགྲོ་སེང་གདོང་མ་དང་མཇལ། །བདེ་ཆེན་གསང་བའི་ངོ་སྤྲོད་གསན། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་བརྙེས། །དུར་ཁྲོད་རོ་ཟན་ཞེས་སུ་གྲགས། །མཁའ་འགྲོ་སྤྲུལ་པའི་སྟག་གཟིག་དང་། །དོམ་དང་ལྕེ་སྤྱང་མང་པོས་བསྐོར། །རྒྱ་གར་ཡུལ་རྣམས་ཀུན་ལ་བྱོན། །རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་མཇལ། །ཆོས་སྒོ་ བརྒྱད་ཁྲི་བཞི་སྟོང་གསན། །ཁམས་གསུམ next hit་དབང་སྡུད་དངོས་གྲུབ་བརྙེས། །མཁའ་འགྲོ་བདེ་བྱེད་ཅེས་སུ་གྲགས། །སྐལ་ལྡན་ལས་ཅན་མང་པོས་བསྐོར། །པདྨ་དབང་གི་གནས་ལ་བྱོན། །དཔའ་བོ་དབང་ཆེན་རྟ་མགྲིན་མཇལ། །རྒྱུད་སྡེ་སྟོང་ཕྲག་མང་པོ་གསན། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །གསང་བ་ཡེ་ཤེས་ཞེས་སུ་གྲགས། །ཌཱ་ཀི་སྟོང་ཕྲག་མང་པོས་བསྐོར། །དེ་ལྟར་ངོ་བོ་གཅིག་ལ་མཚན་ཡོངས་སུ་གྲགས་པ་བཅུ་ཐམ་པ་ཡིན་ཏེ། གྲུབ་པའི་རྒྱལ་མོའི་ཞལ་ནས། ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། རྡོ་རྗེ་འཆང་ཆེན་ལ་སོགས་ཏེ། །རྒྱལ་བ་རིགས་ལྔ་ཡབ་ཡུམ་མཇལ། །བདེ་མཆོག་འཁོར་ལོ་ལ་སོགས་ཏེ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་མཇལ། །ས་ར་ཧ་དང་ཀླུ་སྒྲུབ་དང་། །གྲུབ་ཆེན་རྣམས་དང་ང་གཏམ་བྱས། །ཞེས་གསུངས་ཤིང་འཇའ་ལུས་རྡོ་རྗེའི་སྐུར་བཞུགས་པ་ཡིན་ནོ། །རྫུ་འཕྲུལ་ལྡན་པས་འོག་མིན་དང་མངོན་དགའ་དང་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་ཐམས་ཅད་དུ་བྱོན་ནས། ལ་ལར་ནི་གཙོ་མོའི་ཚུལ། ལ་ལར་ནི་འཁོར་གྱི་ཚུལ། ལ་ལར་ནི་སྤྲུལ་པའི་ཚུལ་ལ་སོགས་ཏེ་ཡང་དག་པའི་རྣམ་པར་ཐར་པ་བ་ནི་བསམ་ལས་འདས་པ་ཡིན་ནོ་གོ་འམ་ཞེས་དང་། གཞན་མ་རྟོགས་ཕྱོགས་རྟོགས་ལོག་རྟོག་གིས་མངལ་སྐྱེས་སུ་འདོད་པ་སོགས་ཚད་མའི་གཏན་ཚིགས་དང་འགལ་ཕྱིར་འདིར་བརྗོད་པ་མ་ཡིན་ནོ་ཞེས་པའི་དོན་ཅི་བཞིན་གསལ་བོ་མ་བྱུང་ལ། དེའི་འཕྲོར། གང་ལྟར་ཡང་རྗེ་བཙུན་དང་མཇལ་ཚེ་མི་ཚེ་ལོ་ལྔ་བརྒྱ་ལོན་ཟེར་ན་ཚོད་ནི་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་གཞོན་ཚུལ་ལང་ཚོ་དང་ལྡན་པ། མཁའ་འགྲོའི་རྟགས་ཚང་ཞིང་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་པ་དང་བདེ་བའི་ཉམས་དང་རྣམ་འགྱུར་སྣ་ཚོགས་སུ་སྟོན་པ་གསང་སྔགས་ཀྱི་སྤྱོད་པ་མཐའ་དག་ཚད་པས་སྐལ་ལྡན་རྣམས་ལ་གྲོལ་བ་སྟེར་པ། རེ་འགའ་ནི་མང་པོར་སྤྲུལ། རེ་འགའ་ནི་ནམ་མཁའ་ལ་བྱོན་སྐུ་ལུས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་རྡོ་རྗེའི་གླུ་ལེན། མཁའ་འགྲོ་འབུམ་ཕྲག་མང་པོ་ལ་ཆོས་གསུངས། ཉི་མ་གཅིག་གམ་དུས་གཅིག་ལ་མཁའ་འགྲོ་བརྒྱ་ཕྲག་མང་པོ་ལ་སོགས་པའི་ཚོགས་དཔོན་མཛད། ཅེས་སོགས་མཛད་པ་འགའ་ཞིག་གསལ་བོར་གསུང་པ་ལྟར་རོ། །དམིགས་བསལ་ཟབ་ཆོས་འདི་ཉིད་ཀྱི་ལོ་རྒྱུས་ནི། གུ་རུའི་ཐུགས་སྲས་ལས་ཅན་དག་པའི་འཁོར་ལྔ་བཻ་རོ་བཅས་ལ་གནང་བའི་གདམས་པ་ཐུན་མོང་མ་ཡིན་པ་སྟེ། སྔོན་ཆད་བཻ་རོའི་རྣམ་སྤྲུལ་པདྨ་བདེ་ཆེན་གླིང་པའི་རྒྱ་རོང་དབུ་རྡོའི་བྲག་ནས་གཏེར་དུ་བཞེས་པའི་ཀློང་གསལ་ཌཱཀྐི་སྙིང་ཐིག་དངོས་བསྟན་ཕྱག་བཞི་མ་དང་དེའི་གཏེར་མཇུག་ནམ་སྙིང་སྤྲུལ་པ་རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་རྒྱུན་ཁྱེར་ཕྱག་གཉིས་མ་འདི་ཉིད་དོ། །པདྨ་བདེ་ཆེན་གླིང་པའི་ཟབ་གཏེར་ལས་ཀྱང་ཕྱག་གཉིས་ཀྱི་སྒྲུབ་ཐབས་འདི་དངོས་སུ་བསྟན་ཏེ། བཀའ་འདུས་ཞི་ཁྲོ་ངེས་དོན་སྙིང་ལས། རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་སྐུ་མདོག་དམར། གཅེར་བུ་རུས་རྒྱན་ཕྱག་གཉིས་གྲི་ཐོད་བསྣམས། ཞེས་གསུང་པ་འདི་ཉིད་གསང་སྒྲུབ་ཀྱི་དགོངས་པ་ཡིན་ནོ། །གསང་བ་ཡེ་ཤེས་ཀྱི་ཆོས་སྡེ་གུ་རུའི་རྗེ་འབངས་ལ་གཏད་པའི་ཚུལ་ནི། སྨིན་གཏེར་གསང་ཡེའི་ལོ་རྒྱུས་ལས། པུར་རྒྱལ་བོད་ཀྱི་བཙན་པོ་ཁྲི་སྲོང་སྔོན་ལས་ཀྱི་འཕྲོ་སད་པས་སྤྱན་དྲངསཿ གདུག་པ་ཅན་ཐམས་ཅད་འདུལ་བ་སོགས་འཕྲིན་ལས་རྣམ་པ་བཞི་གང་གིས་གང་འདུལ་བ་དང་དེ་དང་དེའི་སྒོ་ནས་འགྲོ་དོན་མཛདཿ དམ་པའི་ཆོས་ཀྱི་སྲོལ་བཏོདཿ ཁྱད་པར་བཙན་པོས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་མཆོདཿ རིན་པོ་ཆེའི་མ་དྷ་ཕུལ་ནས་གསོལ་བ་བཏབ་པ་ལསཿ སློབ་དཔོན་གྱིས་ཟབ་མོའི་གདམས་པ་སྒྲུབ་ཐབས་ཀྱི་གནད་སྙིང་པོར་དྲིལ་ཏེ་བཙན་པོ་དངཿ ཇོ་མོ་མཚོ་རྒྱལ་དངཿ བཻ་རོ་བདག་རྣམས་ལ་གནང་བ་རྣམས་ལས་ཁྱད་པར་ཡེ་ཤེས་མཁའ་འགྲོ་མའི་བསྐྱེད་རྫོགས་ཀྱི་སྒྲུབ་པའི་ཐབས་རྩ་བ་ཡན་ལག་དང་བཅས་པ་རྣམས་དགེ་སློང་བཻ་རོ་ཙ་ནས་ཡི་གེར་བཏབ་ནས་ཕྱི་རབས་ཀྱི་དོན་དུ་གཏེར་དུ་སྦས་པའོཿ གསང་བ་ཟབ་མོའི་སྙིང་པོའི་དོནཿ གནད་དུ་སྒྲིལ་བའི་གདམས་པ་འདིཿ དུས་ཀྱི་མཐའ་མར་ཕྱོགས་པ་ནཿ སྐལ་ལྡན་གཅིག་ལ་གཏད་པར་བྱཿ ཞེས་པ་ལྟར་རོ། །ཆོ་གའི་དམིགས་པ། འདིར་ཕྱག་གཉིས་པ་ཡིན་ཀྱང་ཆོ་ག་རྒྱས་པར་ཕྱག་བཞི་མ་ཡིན་པས་སྐུ་གང་ལྟར་དམིགས་ཀྱང་རུང་ལ་བསྙེན་དམིགས་སོགས་ལ་ཁྱད་པར་མེད་དོ། །བསྙེན་པ་ཇི་ལྟར་གཏོང་ཚུལ། རྗེ་རིག་འཛིན་ཆེན་པོའི་དཔའ་བོ་རིན་པོ་ཆེའི་དྲི་ལན་ལས། ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བཟླས་པ་ནི་ཕྱི་ནང་གསང་བའི་སྔགས་སྤྱི་དྲིལ་ཡིན་འདུག་ལ། དེ་ཡང་ཨོཾ་ཨཱཿཧཱུཾཿགསུམ་ནི་བདེ་གཤེགས་སྤྱི་དྲིལ་གྱི་སྙིང་པོ་སྟེ་ཕྱི་དང་། ཨོཾ་ཧཱུྃ་ཏྲྃ་ཨཿཨེ་ཡཾ་རཾ་བཾ་ལཾཿ བཅུ་ནི་རིགས་ལྔ་ཡབ་ཡུམ་བཅུ་སྟེ་ནང་གི་དང་། ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡཿབཅུ་ནི་མཁའ་འགྲོ་ཡབ་ཡམ་བཅུ་སྟེ་གསང་བའི་སྙིང་པོའོ། །ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿནི་ལྷ་དབང་དུ་བསྡུས་ཤིང་ལས་ལ་གཅུན་པ་སྟེ་ཡང་གསང་ཡིན་པར་མངོན། དེས་ན་སྤྱི་དྲིལ་གྱི་སྔགས་ཀྱི་དབང་ཅི་ལྟར་མཚམས་པ་ལས་དམིགས་བསལ་གྱི་གྲངས་བཟུང་མི་དགོས། ནང་བསྒྲུབ་ཀྱི་སྙིང་པོ་འདི་ནི་མཁའ་འགྲོ་ཐོད་བརྒལ་དུ་བསྒྲུབ་པ་སྟེ་ཤིན་ཏུ་རྣོ་ཞིང་མྱུར་བ་བཞེད། དུས་རྒྱུན་ཆགས་སུ་བཟླས་པའི་གཙོ་བོ་ནི་ཡིག་འབྲུ་བཅོ་ལྔ་པ་སྟེ། ཨོཾ་ཨཱཿཧཱུྃ་ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཛ་ཧཱུྃཿ ཡང་ན། ཨོཾ་ཨཱཿཧཱུྃཿཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿ ཞེས་ཀྱང་བཟླ་བ་སྟེ་དེ་གཉིས་རྒྱུན་བཟླས་ལ་ཁྱད་མེད་པས་གང་བདེ་གཙོ་བོ་བཟླ་བ་ལགས། ཞེས་སོ། །གོང་གི་ཕྱི་ནང་གསང་བ་སྤྱི་དྲིལ་གྱི་སྔགས་ཀྱི་མགོར་འབྲུ་གསུམ་ཡོད་པར་གསུངས་ཀྱང་རྒྱུན་ཁྱེར་བསྡུས་པ་རང་གཞུང་ལ་ཨོཾ་ལས་མེད་པས་འགའ་ཞིག་གིས་ཆད་པ་ཡིན་པས་འབྲུ་གསུམ་ཚང་བར་དགོས་པ་བཞེད། འགའ་ཞིག་གིས་ཨོཾ་གཅིག་པོས་ཆོག་པར་བཞེད་པ་སོགས་རང་གི་མོས་པ་དང་བསྟུན་ནས་བྱ། མེད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞེས་བླ་མ་དུ་མས་གསུངས་ཕྱིར་རེ་དོགས་བྱ་མི་དགོས་སོ། །སྔགས་ཀྱི་མཇུག་གི་ཛ་ཧཱུྃཿཞེས་པ་ནི་དངོས་གྲུབ་སྒྲུབ་པའི་སྐབས་དང་། ཙིཏྟ་ཧྲིཾ་ཧྲིཾ་ཛ་ཛཿཞེས་པ་ནི་དངོས་གྲུབ་བསྐུལ་བའི་དུས་སུ་བཟླ་བ་ཡིན་ནོ། །བཟླ་བའི་སྐབས། དམིགས་པ་དང་པོ་སྲོག་སྙིང་འབྲུ་བཞི་ལ་ཡིད་དལ་གྱིས་བཞག་ནས་ཡིད་བཟླས་བརྒྱ་རྩ་དང་། རླུང་ཁ་སྦྱོར་དུ་བཅིངས་ནས་བརྒྱ་རྩ། སྔགས་ཕྲེང་ལས་འོད་དམར་ཐོན་ནས་ཁམས་གསུམ་འགྲོ་བ་སྙིང་རྗེ་ཆེན་པོས་དབང་དུ་བསྡུས། སྣོད་བཅུད་ཀྱི་དྭངས་བ་འོད་དམར་དང་མཉམ་དུ་རང་གི་པདྨ་ནས་ཞུགས་ནས་སྲོག་ཡིག་ལ་མེར་གྱིས་ཐིམ་པར་བསམ་ནས་རླུང་དང་འབྲེལ་ཡིད་བཟླས་བརྒྱ་རྩ། དེ་ནས་སྣོད་བཅུད་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཐམས་ཅད་རང་ཉིད་གསང་བ་ཡེ་ཤེས་ཀྱི་རོལ་བར་བསམ་ལ་རླུང་བུམ་ཆུང་བཟུངས་ཤིང་བཟླས་པ་ཅི་འགྲུབ་བྱ། འདིར་ཡིད་བཟླས་བརྒྱ་རྩ་བྱ་བ་ཡང་དབུགས་ཕྱི་ནང་དུ་རྒྱུ་བ་བརྒྱ་རྩ་བརྒྱད་ཀྱི་ཡུན་ཙམ་ལ་བཤད་པ་ལས་གྲངས་དེ་ཁོ་ནར་འགྲིག་མ་འགྲིགས་ཀྱི་རེ་དོགས་མི་བྱེད་པར་དུས་ཚོད་ཕྱོགས་ཙམ་ངེས་པའི་སྒོ་ནས་དད་པ་དང་དམིགས་གནད་མི་འབྲལ་བར་བག་ཕེབས་དལ་གྱིས་བཟླས་པ་གཅེས་སོ། །བཟླས་པའི་གྲངས། གཙོ་བོ་ཡིག་འབྲུ་བཅོ་ལྔ་པ་བཟླ་བ་མན་ངག་ཡིན་ལ་ཕྱི་མ་རྣམས་སྒྲུབ་ཐབས་སུ་བཅུ་ཆ་བཟླ་བར་གསུང་པ་རྒྱུན་གྱི་རྣལ་འབྱོར་ལ་དགོངས་པ་ཡིན་གྱིས་བསྙེན་སྒྲུབ་སྐབས་ཡིག་འབྲུ་བཅོ་ལྔ་དང་ལས་སྦྱོར་སྐབས་ལས་གང་ཡིན་པ་དེའི་སྔགས་གཙོ་བོར་བྱེད་དགོས་སོ། །བསྙེན་གྲངས་འབྲུ་འབུམ་བྱུང་ན་རབ་དང་མ་བྱུང་རྩ་ན་རླུང་ཐིག་ལེའི་ཉམས་ལེན་གཙོ་བོར་འདོན་པ་ཡིན་ན་འབུམ་གསུམ་གྱིས་འཐུས་སོ། །བཟླས་པ་གཙོ་བོར་བྱེད་ན། གཞུང་ལྟར་གོ་རིམ་དངོས་གྲུབ་སྒྲུབ་པ་ལ་འབྲུ་འབུམ་སོགས་ལེགས་པར་གྲུབ་པ་དང་། བསྐུལ་བ་དེའི་བཅུ་ཆ་ཙམ་གསུང་བ་འགྲུབ་ན་བཟང་ཡང་མ་བྱུང་ན་འབུམ་ཕྲག་གཅིག་བགྱིས་ཀྱང་ཆོག་ལ། དེ་བཞིན་ཕྱི་ནང་གསང་བ་སྤྱི་དྲིལ་སྔགས་ཀྱང་བསྡུ་ཚེ་ཁྲི་བཞི་ཙམ་བྱས་ཀྱང་རུང་ངོ་། །མཐར་བསྡུ་རིམ་ནི། ཐུགས་ཀའི་འབྲུ་བཞི་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་དགྲ་གཉེན་དམིགས་ཡུལ་ཐམས་ཅད་མེ་ལོང་ལ་ཧ་བཏབ་པའམ་འཁྱག་རོམ་ཆུར་ཞུ་བ་བཞིན་རང་ཐིམ་ཞིང་གཉིས་སུ་མེད་པར་གྱུར། རང་ཉིད་སྔགས་འཁོར། མགོ་ནས་མཇུག་བར་བསྡུ། དེ་འབྲུ་བཞི་ལ་བསྡུ། འབྲུ་གསུམ་ཡས་རིམ་ནས་ཧྲཱིཿལ་བསྡུ། ཧྲཱིཿམས་རིམ་ནས་ཐིག་ལེ་ལ་བསྡུ། དེ་གུག་གུ་ནས་ནཱ་དའི་བར་བསྡུས་ནས་འཇའ་ཡལ་བ་ལྟར་ཆོས་ཉིད་རྣམ་པར་མི་རྟོག་པ་འོད་གསལ་རླུང་བ་ཉིད་ལ་མཉམ་པར་འཇོག དེ་ནས་སྐད་ཅིག་གིས་ལྷར་ལྡང་ནས་སྤྱོད་ལམ་ལ་འཇུག རྒྱུན་ཁྱེར་ཉིད་གྲུབ་བརྙེས་རིག་འཛིན་བརྒྱུད་པ་བར་མ་ཆད་པའི་ཐུགས་དམ་གྱི་གཙོ་བོར་བསྙེན་པ་ཡིན་པས་སྤྲོས་པ་རྒྱ་ཆེན་པོ་མེད་ཀྱང་བྱིན་རླབས་ཀྱི་ཆུ་རྒྱུན་ཉམས་པ་མེད་པས་གསང་བ་ཡེ་ཤེས་ཀྱི་གདམས་པ་ལ་མོས་པའི་འཇུག་པ་ཀུན་གྱི་ཐུགས་དམ་གྱི་དྭངས་མར་འཛིན་པར་འཚལ།

ཅེས་པའང་རིག་འཛིན་ཆེན་པོ་གང་གི་མཚན་གྱི་བྱིན་རླབས་ལས་སྤྲུལ་པའི་སྐུར་གྲགས་ཀྱང་དོན་དུ་དུག་གསུམ་གྱི་ཁོལ་པོར་གྱུར་པ་རིག་འཛིན་པདྨ་དབང་ཆེན་གྱིས་ཡེ་ཤེས་མཁའ་འགྲོའི་བསྙེན་སྒྲུབ་ཀྱི་ཐུན་སེང་ཞིག་ལ་དམ་པ་གང་གི་གསུང་ལ་ཁ་སྐོང་གི་ཚུལ་དུ་སྦྱར་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་རྒྱུར་གྱུར་ཅིག།


previousགསང་ཡེ་མའི་ལོ་རྒྱུས་མདོར་བསྡུས། next