འཕགས་མ་སྒྲོལ་མ་ལ་གསོལ་གདབ་མཆོད་པ་མཎྜལ་བཞི་པར་གྲགས་པའི་ཆོ་ག་འདོད་དོན་ཡིད་བཞིན་འགྲུབ་པའི་ལྗོན་ཤིང་།
༄༅། །འཕགས་མ་སྒྲོལ་མ་ལ་གསོལ་གདབ་མཆོད་པ་མཎྜལ་བཞི་པར་གྲགས་པའི་ཆོ་ག་འདོད་དོན་ཡིད་བཞིན་འགྲུབ་པའི་ལྗོན་ཤིང་བཞུགས། །
༄༅། །ཨོཾ་སྭ་སྟི། །རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་གྱུར་ཅིང་། །རྒྱལ་གྱུར་ཀུན་གྱི་རིག་སྔགས་འཁོར་ལོས་སྒྱུར། །རྒྱལ་སྲས་རབ་འབྱམས་རྒྱ་མཚོའི་ཕྱག་གི་གནས། །རྒྱལ་མཛད་འཕགས་མ་སྒྲོལ་མར་ཕྱག་འཚལ་འདུད། །གང་སྐུ་ཡིད་ལ་དྲན་པས་འཇིགས་པའི་དུ༔ཁ་ཀུན་སེལ་མཛད། །གང་གསུང་རིག་སྔགས་ཀྱིས་ནི་བརྒྱ་ཕྲག་བྱེ་བའི་གྲུབ་པ་སྟེར། །གང་གི་རང་བཞིན་ཉེར་གོམས་དེ་ནི་དེ་བཞིན་གཤེགས་པར་སྦྱོར། །གང་དང་ལྡན་པའི་ལྷ་མོ་དེར་གུས་སྙིང་ལ་རྟག་ཏུ་གནས། །དེ་ཕྱིར་དངོས་གྲུབ་ཀུན་འབྱུང་གཞི། །ལྷག་པའི་ལྷ་ལ་མཆོད་བསྟོད་དེ། །ཡིད་བཞིན་དོན་གྲུབ་དཔལ་ཀུན་ལ། །ལོངས་སྤྱོད་ཆོ་ག་འདིར་བཀོད་བྱ། །དེ་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ལའང་དོན་གཉིས་ཀྱི་ཐོག་མ་སྦྱོར་བ་ཤོམ་གྱི་རིམ་པ་ལ་བཞི་སྟེ། དུས་ནི། བསོད་ནམས་བསག་པའི་ཆེད་དུ་ཉ་སྟོང་བརྒྱད་སོགས་དུས་ཁྱད་པར་ཅན་དང་། སྒྲིབ་པ་སྦྱོང་ཞིང་བར་ཆད་སེལ་བར་ནི། དེ་དང་དེའི་དུས་སྐབས་སུ་བབས་པ་ནམ་འོས་ཉིད་དང་། འདོད་དོན་གཉེར་བ་དམིགས་བསལ་ལས་བསྒྲུ་རྒྱུའི་སྔ་ཉིན་ལྟ་བུར་བྱ་ལ། གནས་ནི། གཙུག་ལག་ཁང་ངམ་གཙང་ཞིང་ཡིད་དུ་འོང་བར། རྟེན་ནི། བཅོམ་ལྡན་འདས་མའི་སྐུ་བརྙན་རབ་གནས་ཆགས་པ་ཡོད་ན་དང་། གཞན་ནི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཅི་འབྱོར་བཤམ་ཞིང་། དེ་དག་མེད་ན་མོས་གུས་དམིགས་པ་བརྟན་པོས་ཀྱང་འགྲུབ་པ་ཉིད་དོ། །མཆོད་པ་ནི། དྲི་བཟང་གི་ཟླུམ་སྐོར་རེ་ཁཱ་གཉིས་པ་བཞི་བྲིས་པར། མཎྜལ་ཚོམ་བུ་བདུན་པ་བཞི་བཤམས་ལ། རེ་རེ་བཞིན་མཆོད་པ་མར་མེ། ཞལ་ཟས། རིང་བུ། ཡོན་ཆབ། དྲི་མཆོག་ལྔ་ལྔས་བསྐོར། མེ་ཏོག་ནི་སྣོད་བཟང་པོར་བཀོལ་ཏེ་གསོལ་གདབ་ཀྱི་སྐབས་སུ་འཐོར་བར་བྱའོ། །གཞན་ཡང་མཆོད་གཏོར་བསང་ཆུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་དང་། རྒྱན་གྱི་བཀོད་པ་དང་སྟེང་དང་ལོགས་རྣམས་སུ་གདུགས་སམ་བླ་བྲེ་རྔ་ཡབ་རྒྱན་ལྡན་རྒྱལ་མཚན་བ་དན་ཡོལ་བ་སོགས་ཅི་འབྱོར་བས་མཛེས་པར་བྱ་ལ། དེ་ཙམ་མ་འབྱོར་ན་མཎྜལ་སོགས་ཉེ་བར་མཁོ་བ་ཁ་ཤས་པར་བརྟེན་ཀྱང་ཆོག་ལ་སྤྱིར་ནི་མཆོད་པའི་འབྱོར་ཚོགས་མང་བཞིན་བཟང་མོད། གཞན་དུ་ནི་ཏིང་ངེ་འཛིན་ཟབ་མོས་ཀྱང་བསྒྲུབ་པར་བྱ་རུང་བ་ཉིད་དོ། ༈ །གཉིས་པ། ཆོ་གའི་སྔོན་དུ་འགྲོ་བ་ལ་གསུམ་སྟེ། དང་པོ་སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་ནི།
བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་ལ་སོགས་པས་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་བསྙེན་བསྒྲུབ་ལ་འཇུག་པར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། སླར་ཡང་སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་སུ་གཟུང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུདང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་པས་ཚད་མེད་བཞི་བསྒོམ་མོ། ༈ གཉིས་པ་བསང་ཆུ་ནུས་ལྡན་དུ་བྱ་བ་ནི། ཀུ་ཤའི་འཐོར་གཡབ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་བཟུང་ཞིང་། །བསང་ཆུ་བདུད་རྩི་འཁྱིལ་བའི་རང་བཞིན་དུ་བསམ་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་བརྒྱ་རྩའམ་ཉེར་གཅིག་བཟླའོ། ༈ གསུམ་པ་གནས་ཡོ་བྱིན་གྱིས་བརླབ་པ་ནི། བསང་ཆུ་དེ་ཉིད་གནས་ཁང་དང་ཡོ་བྱད་རྣམས་ལ་འཐོར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱ༔སརྦ་དྷ་རྨཱ༔ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན་མཆོད་པའི་རྣམ་པ། ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པས་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། །ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། །ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏ། པྲཛྙཱ་པ་ར་མི་ཏཱ་ནཱ་ད་སམྦྷ་ཝི་ཏེ། བཛྲ་དྷརྨ་ཧྲྀ་ད་ཡ་ནི། །སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ། ༈ །སྤྱི་དོན་གཉིས་པ། དངོས་གཞིའི་རིམ་པ་ལ་གཉིས་ཏེ། མཆོད་པའི་ཞིང་བསམ་པ་དང་། མཆོད་ཅིང་གསོལ་བ་གདབ་པའོ། དང་པོ་ལ་ཡང་གཙོ་མོ་བསྒྲུབ་པ་དང་། མཆོད་ཞིང་སྤྱི་མགྲོན་དུ་བཀོད་པ་གཉིས་ཀྱི་ཐོག་མར་མཆོད་ཞིང་གཙོ་མོ་བཅོམ་ལྡན་འདས་མ་བསྒྲུབ་པ་ནི། དམ་ཚིག་བསྐྱེད་པ། ཡི་གེ་དགོད་པ། ཡེ་ཤེས་སྤྱན་འདྲེན་པ། དབང་བསྐུར་རྒྱས་གདབ་དང་བཞིའོ། ༈ དང་པོ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་བདུད་རྩིའི་རྒྱ་མཚོ་ཆེན་པོའི་དབུས་སུ། པཾ་ལས་པདྨའི་སྡོང་པོ་དང་། ཨ་ལས་ཟླ་བའི་སྟེང་དུ། ཏཱྃ་ཡིག་སྔོ་ལྗང་ལས་ཨུཏྤ་ལ་ལྗང་སྔོན་ཏཱྃ་གྱིས་མཚན་པ། །དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་སྔོ་ལྗང་རབ་ཏུ་ཞི་བའི་འཛུམ་ཞལ་ཅན། གཡས་མཆོག་སྦྱིན་གཡོན་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པའི་མེ་ཏོག་སྙན་གྱི་ཐད་དུ་འདབ་མ་བཅུ་དྲུག་ཏུ་གྱེས་པ། བརྒྱད་གཉིས་ལོན་པའི་ན་ཚོད་མཚན་བཟང་སུམ་ཅུ་དང་། དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཅན་སྒེག་ཅིང་ཆགས་པའི་ཉམས་ལྡན་ནུ་འབུར་ཟུང་གིས་སྤྲས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། སྐེད་རྒྱན། ཞབས་གདུབ། གཡེར་ཁའི་ཕྲེང་བར་བཅས་པ་དང་ལྷ་རྫས་ཀྱི་མེ་ཏོག་དུ་མས་མཛེས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྣ་ཚོགས་དར་གྱི་སྨད་དཀྲིས་གསོལ་བ། དབུ་སྐྲ་ལི་བ་གཡོན་ཕྱོགས་སུ་བཅིངས་ནས་གཡས་ངོས་སུ་འཁྱིལ་ཞིང་འཕྱང་བ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་རོལ་བའི་སྟབས་ཀྱིས་བཞུགས་པ། རྙོག་པ་མེད་པའི་ཟླ་བ་རབ་ཏུ་རྒྱས་པའི་རྒྱབ་ཡོལ་ཅན་དུ་གྱུར། །
གཉིས་པ་ནི། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སྙིང་དབུས་སུ་པད་ཟླ་ལ་ཏཱྃ་ཡིག་ལྗང་ཁུ་བསྒོམ། གསུམ་པ་ནི། དེ་ལས་འོད་འཕྲོས་རི་བོ་པོ་ཊ་ལ་རང་བཞིན་དག་པའི་ཞིང་རབ་འབྱམས་ནས་བསྒོམས་པ་དང་འདྲ་པའི་ཡེ་ཤེས་པ་ལ་སྒྲོལ་མའི་ལྷ་ཚོགས་མ་ལུས་པས་བསྐོར་བ་སྤྱན་དྲངས། བཛྲ་ས་མཱ་ཛཱ༔ །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱྃ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་། །ཏཱྃ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། ཨརྱཱ་ཏཱ་རེ། ཛ༔ཧཱུྃ་བྃ་ཧོ༔ ཞེས་པས་སྒྲོལ་མའི་ལྷ་ཚོགས་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། །བཞི་པ་ནི། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ། བཛྲ་དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤབྡ། ཡིས་མཆོད། ཨོཾ་ཨ་བྷི་ཥེཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ལེ་ཧཱུྃ། ཞེས་བདུད་རྩིའི་ཆུས་བཀང་བའི་བུམ་པས་དབང་བསྐུར། དྲི་མ་དག །སྐུ་གང་། ཆུའི་ལྷག་མ་ཡར་ལུད་པས་བླ་མ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ༈ །དེ་ནས་གཉིས་པ་མཆོད་པའི་ཞིང་དཀོན་མཆོག་སྤྱི་མགྲོན་ཐབས་སུ་བཀོད་པ་ཡོན་ཏན་རྗེས་སུ་དྲན་པས་གསལ་གདབ་པ་ནི། བདག་དང་མདུན་གྱི་རྗེ་བཙུན་མའི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པའི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛ༔། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཞེས་གསོལ་བ་བཏབ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཞེས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་པདྨ་ཀ་མ་ལཱ་ཡ་ཏྭཾ། ཞེས་རང་གི་མདུན་གྱི་ཆ་རྗེ་བཙུན་མའི་ཕྱོགས་ཐམས་ཅད་ཚོགས་ཞིང་ཏིལ་སྦྱངས་ཁ་ཕྱེས་པ་ལྟར་ཁེངས་པར་བདག་གིས་རིན་ཆེན་པད་ཟླའི་གདན་གྲངས་མེད་ཕུལ་བ་ལ་བཞུགས་པར་གྱུར། ཞེས་ཐལ་མོ་སྤྱི་བོར་སྦྱར་ཏེ། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་བར་བྱ་སྟེ། ༈ འདི་ལྟར། སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཏེ་དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པ། མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་རྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འངས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱི་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་སྟོན་པ་འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། ༈ །ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། །རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། །སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་འང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། ། ཞེས་བརྗོད་དོན་བཞིན་ཡོན་ཏན་རྗེས་སུ་དྲན་པས་དད་པའི་ཤུགས་རབ་ཏུ་བསྐྱེད་པའོ། ༈ དོན་གཉིས་པ་མཆོད་ཅིང་གསོལ་བ་གདབ་པ་ལ་ཡང་དཀོན་མཆོག་སྤྱི་དང་བྱེ་བྲག་ཏུ་རྗེ་བཙུན་སྒྲོལ་མ་ལའོ། །དང་པོ་དཀོན་མཆོག་སྤྱི་ལ་མཆོད་པ་དང་། གསོལ་བ་འདེབས་པའོ། །མཆོད་པ་ལ་ཐོག་མར་ཕྱག་བྱ་བ་ནི། དེ་ཡང་། ཨོཾ་ན་མོ་མཉྫུ་ཤྲི་ཡེ་སྭཱ་ཧཱ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ན་མཿསུ་ཤྲི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས་ཕྱག་གསུམ་འཚལ་ཏེ་ཕན་ཡོན་མཆོག་ཏུ་ཐོབ་པའི་ཕྱིར་གཟུངས་ཀྱིས་བྱིན་གྱིས་བརླབ་པའོ། །དེ་ནས་ཕྱག་འཚལ་དངོས་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། ཞེས་བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་ཚིགས་བཅད་རེ་རེ་བཞིན་གསུམ་གསུམ་འཚལ། སྐུར་གྱུར་པ་ནི་ཐམས་ཅད་ལ། མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཆལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བར །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་བསྟོད་བྱས་ན། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཞེས་པས་རྒྱལ་བ། བཞུགས་གནས། མཆོད་རྟེན་དང་བཅས་པ་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ལུས་རྡུལ་སྙེད་སྤྲུལ་ནས་ཕྱག་བྱའོ། །དེ་རྗེས་འཕགས་པ་བཟང་པོ་སྤྱོད་པའི་ཡན་ལག་བདུན་དོན་སྒོམ་བཞིན་བཀླགས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི།
༈ རྫོགས་སངས་རྒྱས་དང་རྒྱལ་བའི་སྲས། །དཔང་གྱུར་སྤྱན་གྱུར་ཚད་མར་གྱུར། །འགྲོ་དོན་མཛད་པར་དབང་གྱུར་པ། །བྱང་ཆུབ་བློ་མངའ་དགོངས་སུ་གསོལ། །ཇི་ལྟར་སྔོན་གྱི་རྒྱལ་བ་དང་། །རྒྱལ་སྲས་དཔའ་བོ་དེ་དག་གིས། །འགྲོ་ལ་ཕན་དང་བདེ་སླད་དུ། །བྱང་ཆུབ་སྙིང་པོར་བཞུགས་བཞུགས་སུ། །དངོས་པོ་ཀུན་དང་བྲལ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམས་སྤངས་པ། །བདག་མེད་ཆོས་ཀྱི་བདག་ཉིད་ཀྱི། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་ཉིད་རང་བཞིན་ཐུགས་བསྐྱེད་ལྟར། །བདག་དང་རིགས་མཐུན་གཞན་གྱིས་ཀྱང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་མཁན་པོ་ཞི་འཚོའི་དྲི་མེད་ཆོ་ག་ལས་ཕྱུང་བའོ། །དེ་ནས་སྤྱོད་འཇུག་ནས་གསུངས་བའི་མཆོད་འབུལ་བྱ་སྟེ། དེ་ཡང་ཐོག་མར། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་མཆོད་པ་ཀུན་བྱང་ཆུབ་ཀྱི་རྫས་དམ་པར་ཡོངས་སུ་སྤེལ་བའོ། །དེ་ནས་དོན་ཡིད་ལ་བསམ་བཞིན་པས། །མེ་ཏོག་འབྲས་བུ་ཇི་སྙེད་མཆིས་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྦུད་པ་དང་། །ཤིང་གང་འདྲས་བཟང་ཡལ་གདུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་བའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྒྲ་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་པ་དག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ལ་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་བ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུམས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་བའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལ་འང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟའི། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་པའི། །མེ་ཏོག་མན་དཱ་ར་དང་པདྨ་དང་། ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་ཀྱི། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུབ་ཅན། ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་ལྟར། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པ་མཐའ་དག་གམ་དེ་དག་གི་ནང་ནས་ཇི་ལྟར་རིགས་པ་བསྡུས་ཏེ་བརྗོད་པས་ཀྱང་མཆོད་པར་བྱའོ། །དེ་ནས་མཎྜལ་འབུལ་བར་བྱ་སྟེ། རྒྱས་པ་རྒྱུན་ཆགས་ཀྱི་ཚིག་འོག་ནས་འབྱུང་བ་ལྟར་དང་། །བསྡུས་པ་ཚིགས་སུ་བཅད་པ་ནི། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་ཨརྱཱ་ཏཱ་རཱ་གུ་རུ་སརྦ་བུད་དྷ་བོ་དྷི་ས་ཏྭཱ་ནཱ། ས་མཱ་ཏཱ་པི་ཏྲི་ཎཱཾ། སོ་བ་སྟཱ་ཡི་གཱ་ནཱཾ། ས་པ་རི་ཝཱ་རཱ་ཎཱཾ། ཨཾ་དཾ་རཏྣ་མཎྜལ་གི་ནིརྱཱ་ཏ་ཡཱ་མི། ཞེས་པ་དང་། དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ངག་ལོངས་སྤྱོད། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ནས། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པས་འབུལ་བར་བྱའོ། །དེ་ལྟར་མཎྜལ་འབུལ་བའི་ཐོག་མཐའ་ཇི་ལྟར་རིགས་པར་མེ་ཏོག་བཟང་པོ་ཐོགས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། པུཥྤ་ཨུད་བྷ་ཝེ། པུཥྤ་སམྦྷ་ཝེ། པུཥྤ་ཨ་བ་ཀི་ར་ཎེ་སྭཱ་ཧཱ། །ཞེས་པ་འདི་ལན་བདུན་མངོན་པར་བསྔགས་ནས་སྐུ་གཟུགས་ལ་སོགས་པ་ལ་མེ་ཏོག་དབུལ་བར་བྱ་སྟེ། མེ་ཏོག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་མེ་ཏོག་བྱེ་བ་ཕུལ་བར་འགྱུར་རོ། །དེ་ལྟར་གཟུངས་སྔགས་ཀྱི་བྱིན་གྱིས་བརླབས་པའི་མེ་ཏོག་དབུལ་བའི་དུས་སུ་བྱང་ཆུབ་སེམས་ཀྱི་ཤིས་པ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །འཕགས་པ་ཀུན་གྱི་ཐུགས་རྗེ་དང་། །ཆོས་ཉིད་དག་པའི་མཐུ་དང་ནི། །བསམ་དང་སྦྱོར་བ་དག་པ་ཡིས། ཁམས་གསུམ་རྒྱུད་ལྔ་གནས་བཞི་ན། །གཟུགས་ཅན་གཟུགས་ཅན་མ་ཡིན་དང་། །འདུ་ཤེས་མེད་དང་ཡོད་མིན་དང་། །སེམས་ཅན་རིགས་རྣམས་ཇི་སྙེད་པས། །སོ་སོ་སྐྱེ་བོ་རྟོག་པའི་ས། །སྡུག་བསྔལ་ཐམས་ཅད་མྱུར་སྤངས་ཏེ། །འཕགས་ལམ་བདེ་བ་མྱ་ངན་འདས། །ངེས་པར་ལེགས་པ་རྟོགས་གྱུར་ཅིག །འཕགས་ལམ་བརྙེས་པ་ཐམས་ཅད་ཀྱིས། །གོང་མའི་ཡོན་ཏན་མཆོག་ཐོབ་ཅིང་། །བླ་མེད་རྫོགས་པའི་བྱང་ཆུབ་ཀྱི། །བདེ་བ་དག་ལ་གཞོལ་གྱུར་ཅིག །ཅེས་བྱང་ཆུབ་སེམས་ཀྱི་ཤིས་བརྗོད་འདི་ཡང་སློབ་དཔོན་ཞི་བ་འཚོ་ཡི་དྲི་མེད་ཆོ་ག་ནས་གསུངས་པའོ། ༈ །དེ་ནས་གཉིས་པ་འདོད་དོན་གསོལ་བ་གདབ་པ་ནི། ཨཱ་ལི་ཀཱ་ལི། རྟེན་འབྲེལ་སྙིང་པོ་དང་། གཞན་ཡང་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་སོགས་རིག་སྔགས་སོགས་ཁྱད་པར་ཅན་ཅི་ནུས་བཟླས་པས་བྱིན་གྱིས་རླབས་པའི་མེ་ཏོག་བཟང་པོས་སྙེམ་པ་བཀང་ནས་འགྲེང་སྟེ་ཐལ་མོ་སྦྱར་ཞིང་སྐབས་སུ་འཐོར་ལ། ༈ ཕྱོགས་བཅུར་བཞུགས་ཤིང་དུས་གསུམ་དུ་བྱོན་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་དཔའ་བོ་རྣལ་འབྱོར་མ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། དཔལ་མགོན་དམ་པར་གྱུར་པ་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་གིས་གསོལ་བ་བཏབ་པའི་དོན་འདི་དག་བསླུ་བ་མེད་ཅིང་། དུས་ད་ལྟ་སྐད་ཅིག་འདི་ཉིད་ནས་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དཀོན་མཆོག་སངས་རྒྱས་བསྟན་པ་རིན་པོ་ཆེ། །འདུལ་མདོ་མངོན་པ་རིག་འཛིན་སྡེ་སྣོད་ནི། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པ་དང་། །ཉམས་མེད་ཡུན་རིང་གནས་པར་མཛད་དུ་གསོལ། །བསྟན་པའི་གཞི་མ་དགེ་སློང་དགེ་འདུན་སྡེ། །རབ་ཏུ་རྒྱས་ཤིང་དེ་དག་ཐམས་ཅད་ཀྱང་། །ཚུལ་ཁྲིམས་མིག་འབྲས་ལྟར་སྲུང་སྦྱངས་བ་ཡི། །ཡོན་ཏན་བཅུ་གཉིས་རྒྱས་པར་མཛད་དུ་གསོལ། །བསྟན་པའི་གཙོ་བོ་ཐེག་ཆེན་བྱང་སེམས་ལ། །སེམས་ཅན་ཐམས་ཅད་དང་ཞུགས་ལྷག་བསམ་རྒྱས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་གཉིས། །ཉམས་མེད་གོང་ནས་གོང་འཕེལ་མཛད་དུ་གསོལ། །བསྟན་པའི་སྙིང་པོ་རིག་འཛིན་སྡེ་སྣོད་གང་། རྒྱུད་སྡེའི་ཆོ་གས་ཇི་བཞིན་སྨིན་གྲོལ་ལམ། །ལེགས་ཐོབ་དེ་རྟེན་སྔགས་ཀྱི་དམ་ཚིག་ཀུན། །དག་གཙང་དྲི་མེད་འགྲུབ་པར་མཛད་དུ་གསོལ། །གང་ཡང་རྒྱལ་བསྟན་སྒོར་ཞུགས་ཐམས་ཅད་ཀྱང་། །ཐོས་བསམ་སྒོམ་པ་ལྷུར་ལེན་བསླབ་གསུམ་གྱིས། །འཕགས་རྣམས་དགྱེས་པ་བསྐྱེད་པ་འབའ་ཞིག་གིས། །ས་སྟེང་མ་ལུས་ཁེངས་པར་མཛད་དུ་གསོལ། །བསྟན་འཛིན་དམ་པར་བར་ཆད་མི་འབྱུང་ཞིང་། །སྐུ་ཚོ་མཛད་འཕྲིན་འགྲོ་དོན་རབ་འཕེལ་རྒྱས། །བསྟན་འཛིན་ཕན་ཚུན་མཛའ་དུང་ཕན་འདོགས་ཤིང་། །ཆོས་སྙན་ཆད་མེད་སྒྲོགས་པར་མཛད་དུ་གསོལ། །དེ་ཡང་རྒྱལ་བསྟན་ནང་ཚན་གྲུབ་མཐའ་ཀུན། །རང་རང་གཞུང་ལུགས་རྣམ་དག་ཕན་ཚུན་སྤྱོད། །ཆགས་སྡང་ཕྲག་དོག་ཆུང་ཞིང་རྩོད་པ་མེད། །ཐར་པ་མཆོག་ལམ་སྤྱོད་པར་མཛད་དུ་གསོལ། །རིས་མེད་འགྲོ་བ་ཀུན་ཀྱང་རྒྱལ་བསྟན་ལ། །མོས་ཤིང་ལྷག་པར་དབང་ཐང་ཆེ་ཐོབ་པའི། །མི་དང་མི་མིན་སྡེ་རིས་དཔུང་བཅས་ཀྱིས། །སངས་རྒྱས་བསྟན་པ་མཆོད་པར་མཛད་དུ་གསོལ། །ཤིན་ཏུ་གདུལ་དཀའ་ནག་པོའི་ལས་སྨོན་ཅན། །ལོག་སྲེད་ཅན་གྱུར་མི་དང་མི་མིན་ཡང་། །རང་དབང་མེད་པར་སངས་རྒྱས་བསྟན་པ་ལ། །མི་ཕྱེད་དད་པ་ཐོབ་པར་མཛད་དུ་གསོལ། །སྐལ་མེད་མུ་སྟེགས་ཀླ་ཀློའི་གྲུབ་མཐའི་རིགས། །ས་ཡི་ཕྱོགས་འདིར་ནམ་ཡང་མི་འབྱུང་ཞིང་། །དེ་ཡི་སྡེ་རིས་སྡེ་དཔུང་བཅས་པ་ཀུན། །ལྡང་བ་མེད་པར་ཉམས་པར་མཛད་དུ་གསོལ། །དེ་བཞིན་སྡིག་ཏོ་ཅན་གྱི་བྱིན་ཞུགས་པ། །སྣ་ཚོགས་གཟུགས་སུ་བརྫུས་ནས་སངས་རྒྱས་ཀྱི། །བསྟན་དང་བསྟན་འཛིན་མཆོག་ལ་འཚེ་བྱེད་ཀུན། །སྐད་ཅིག་ཉིད་ལ་མེད་པར་མཛད་དུ་གསོལ། །ཁྱད་པར་རྒྱལ་བསྟན་བསླད་ཅིང་བསྟན་འཛིན་དཀྲུགས། །ཆོས་མིན་ཆོས་ལྟར་སྟོན་བྱེད་ལོག་འདྲེན་བདུད། །གྲུབ་མཐའི་ཁ་འཛིན་སྐྱེ་བོ་འཁྲུགས་བྱེད་པའི། །སྡེ་ཚོགས་མ་ལུས་ཟད་པར་མཛད་དུ་གསོལ། །མདོར་ན་དྲི་མེད་སངས་རྒྱས་རིང་ལུགས་ལ། །མ་དག་དྲི་མས་བསླད་པ་ཀུན་ཉམས་ནས། །དག་པ་དྲི་མེད་རྒྱལ་བསྟན་རྫོགས་ལྡན་བཞིན། །ཀུན་ཏུ་འཕེལ་ཞིང་དར་རྒྱས་མཛད་དུ་གསོལ། །སངས་རྒྱས་བྱམས་པ་ཀླུ་ཤིང་དབང་བོའི་དྲུང་། །གཤེགས་ནས་རྫོགས་སངས་རྒྱས་ཚུལ་སྟོན་གྱི་བར། །ཤཱཀ་ཐུབ་བསྟན་པ་ཐེག་པ་ཆེ་ཆུང་ཀུན། །ཚུལ་བཞིན་ཉམས་མེད་གནས་པར་མཛད་དུ་གསོལ། །རྒྱལ་བསྟན་གང་ན་གནས་པའི་ས་ཕྱོགས་སུ། །མི་ནད་ཕྱུགས་ནད་རྒྱུན་ཆད་ལོ་ཕྱུགས་ལེགས། །དུས་འཁྲུགས་ཀུན་ཞི་མཚོན་གྱི་བསྐལ་པ་ཉམས། །ཡུལ་ལྗོངས་ཐ་གྲུར་བདེ་བར་མཛད་དུ་གསོལ། །ཆོས་སྐྱོང་རྒྱལ་པོའི་སྐུ་ཚེ་ཆབ་སྲིད་བརྟན། །མི་རྣམས་ཀུན་ཀྱང་དགེ་བཅུའི་ཁྲིམས་ལ་གནས། །ཕན་ཚུན་མཛའ་གཤིན་དགའ་བདེའི་དཔལ་ལ་སྤྱོད། །སྤྱི་བོ་སྐྱེས་པའི་དུས་བཞིན་མཛད་དུ་གསོལ། །སྔོན་བྱོན་རྒྱལ་བའི་བསྟན་སྒྲོན་ཡོངས་འདྲེན་པ། །ཤིང་རྟ་མཆོག་རྣམས་ཐུགས་ཀྱི་བཞེད་དགོངས་ཀུན། །རྫོགས་པར་བསྐངས་ཤིང་དགྱེས་པར་གྱུར་ནས་ཀྱང་། །བདག་ཅག་ཐུགས་རྗེས་གཟུང་བར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱི་སློབ་དཔོན་བླ་མ་དང་། །ཚེ་འདིའི་ཕ་མས་གཙོ་བྱས་དྲིན་ཅན་ཀུན། །དགྱེས་ཤིང་དེ་དག་ཚེ་བསོད་ཡེ་ཤེས་འཕེལ། །ཐུགས་བཞེད་ཐ་དག་འགྲུབ་པར་མཛད་དུ་གསོལ། །འདིར་འདུས་བདག་ཅག་དཔོན་སློབ་སྦྱིན་བདག་བཅས། །རྟོག་ངན་རྒྱུན་ཆད་དད་གུས་ཤེས་རབ་འཕེལ། །ཐུགས་མཐུན་བདེ་སྐྱིད་ཆོས་བཞིན་བསམ་དོན་འགྲུབ། །དངོས་གྲུབ་མ་ལུས་ཐོབ་པར་མཛད་དུ་གསོལ། །འདི་ལྟར་བདག་ཅག་ལྷག་བསམ་རབ་དཀར་བས། །དཀོན་མཆོག་རྣམས་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །བསྟན་འགྲོར་ཕན་པའི་གསོལ་འདེབས་འདི་དག་ཀུན། །བསླུ་མེད་གེགས་མེད་འགྲུབ་པར་མཛད་དུ་གསོལ། །དེ་ལྟ་ཉིད་ཀྱི་བསོད་ནམས་མཆིས་ཀུན་ཡང་། །རྩ་བའི་བླ་མ་སངས་རྒྱས་སྲས་བཅས་ལ། །འབུལ་མཐུས་བླ་མའི་སྐུ་ཚེ་མཛད་ཕྲིན་འཕེལ། །བསྟན་འགྲོའི་དོན་ཆེན་འགྲུབ་པར་མཛད་དུ་གསོལ། །བདག་ཅག་རྣམས་ཀྱང་ཚེ་རབས་དུས་རྟག་ཏུ། །རིགས་བཟང་བློ་གསལ་མཐོ་རིས་དབང་ཕྱུག་ཐོབ། །མ་ནོར་ཆོས་སྟོན་བླ་མ་དམ་པ་མཇལ། །དོན་གཉིས་ནོར་བུ་མཆོག་ཐོབ་མཛད་དུ་གསོལ། །བདག་ཅག་བྱ་སྤྱོད་བགྱིས་པ་མ་ལུས་པ། །དཀོན་མཆོག་སྲི་ཞུ་སེམས་ཅན་དོན་གྱུར་ནས། །རྒྱལ་བ་དགྱེས་ནས་བདག་ཅག་འགྲོ་བའི་མགོན། །རྒྱལ་བའི་གོ་འཕང་མྱུར་ཐོབ་བྱིན་གྱིས་རློབས། །ཞེས་པ་ཁོ་བོ་ཅག་གི་བློར་གནས་པའི་འདོད་དོན་གལ་ཆེ་བ་ཁ་ཤས་ཤིག་ཟོར་ཡང་སླད་ཚིགས་བཅད་དུ་སྤེལ་བ་ཡིན་ལ། གཞན་དུ་ཆོ་ག་རྒྱུན་ཆགས་ཀྱི་འདོད་དོན་གསོལ་འདེབས་ཡིག་རྙིང་རྣམས་ནས་འབྱུང་བཞིནད་དུ་འདི་རུ་ཡང་སྨོས་ན།
༈ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། ཁྱེད་པར་ཐེག་མཆོག་ངེས་དོན་ཕྱིར་མི་ལྡོག་པ་རྡོ་རྗེ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་གང་ཕྱོགས་དུས་ཀུན་ཏུ་ཉམས་མེད་ཡུན་རིང་དུ་འཕེལ་ཞིང་གནས་པ་དང་། བསྟན་འཛིན་ཀྱི་སྐྱེས་བུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ་རྣམས་དང་བདག་ཅག་གི་ཕ་མ་སློབ་དཔོན་སྐུ་འདས་པ་རྣམས་ཀྱི་ཐུགས་བཞེད་བྱང་ཆུབ་མཆོག་གི་དགོངས་པ་གོང་ནས་གོང་དུ་རྫོགས་ཤིང་འགྲུབ་པ་དང་། ད་ལྟ་ཞལ་བཞུགས་པའི་རྡོ་རྗེ་སློབ་དཔོན་སློབ་མར་འབྲེལ་གྱུར་ཀུན་ཐུགས་ཡིད་མཛའ་ཞིང་སྐུ་ཚེ་མཛད་ཕྲིན་ལ་བར་ཆད་མི་འབྱུང་བ་དང་། ས་ལམ་གྱི་ཡོན་ཏན་བཟང་པོ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་འདུས་སྡེ་ཐམས་ཅད་ཀྱང་ཐུགས་མཐུན་ཞིང་ཆོས་སྤྱོད་བཅུའི་བྱ་བ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསོལ། གཞན་ཡང་འཇིག་རྟེན་སྤྱིའི་ཉེར་འཚེ་ནད་དང་མུ་གེ་འཁྲུག་རྩོད་མཚོན་གྱི་བསྐལ་པ་མ་ལུས་པ་ཞི་བ་དང་། གཤིས་ངན་གྱི་འཆི་རྐྱེན་བཅོ་བརྒྱད་གཏན་ནས་མི་འབྱུང་བ་དང་། འཇིགས་པ་བརྒྱད་དང་བཅུ་དྲུག་ལས་གྲོལ་ཞིང་། སེམས་ཅན་ཐམས་ཅད་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་ཅིང་། དམ་པའི་ཆོས་དང་མཐུན་པར་མཛད་དུ་གསོལ། ཁྱད་པར་བདག་ཅག་གི་དཔལ་མགོན་བླ་མ་དམ་པ། འདི་ཞེས་བྱ་བ་གང་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་ཡོངས་སུ་གྲུབ་པའི་དོན་གཉིས་ཕུན་ཚོགས་ཀྱི་དགོངས་བཞེད་ལྷག་མ་མ་ལུས་པའི་མཛད་པ་ཕྲིན་ལས་དུས་ཀུན་ཏུ་དར་ཞིང་རྒྱས་པར་མཛད་དུ་གསོལ། དེ་ཡི་མཐུལ་བརྟེན་ནས་དྲིན་ཅན་རྩ་བའི་ཕ་མས་ཐོག་དྲངས་བདག་ཅག་སློབ་དཔོན་སློབ་མ་སྦྱིན་བདག་འཁོར་དང་བཅས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པ་དང་། བློ་དམ་པའི་ཆོས་ལ་བསམ་དུ་བཏུབ་པ་དང་། དམ་པའི་ཆོས་མ་ཡིན་པའི་བསམ་པ་སྐད་ཅིག་ཙམ་ཡང་རྒྱུད་ལ་མི་སྐྱེ་བ་དང་། ཅི་བྱེད་དམ་པའི་ཆོས་སུ་འགྲོ་བ་དང་། ལུས་ངག་ཡིད་གསུམ་སེམས་ཅན་ལ་ཕན་ཐོགས་པ་དང་། ཉམས་པ་མེད་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རྒྱུད་ལ་སྐྱེ་བ་དང་། དྲི་མ་མེད་པའི་ཤེས་རབ་དང་མི་བརྗེད་པའི་གཟུངས་ཐོབ་སྟེ་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་མ་ལུས་པ་བློ་ལ་འཛིན་ནུས་པར་མཛད་དུ་གསོལ། མདོར་ན་བདག་ཅག་དཔོན་སློབ་འབྲེལ་བཅས་འཁོར་དང་བཅས་པས། བྱང་ཆུབ་མཆོག་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་ནམ་ཡང་མི་འབྱུང་ཞིང་། ཚོགས་རྣམ་པ་གཉིས་རྫོགས། སྒྲིབ་པ་གཉིས་བྱང་ནས་མྱུར་དུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་མཛད་དུ་གསོལ། །ཞེས་གསོལ་འདེབས་ཚིགས་བཅད་ལྷུག་དེ་དག་བརྗོད་སྐབས་མོས་འདུན་དྲག་པོ་རྩེ་གཅིག་ཏུ་གཏད་དེ་མེ་ཏོག་འཐོར་ནས་གདན་ལ་སྡོད། གཞན་ཡང་རང་གཞན་གྱི་འདོད་དོན་དམིགས་བསལ་བསྒྲུབ་པ་དང་། གཤིན་པོའི་དགེ་སྒྲུབ་དང་། གསོན་པོའི་ཚེ་ཆོག་སོགས་གང་ཡིན་གྱི་འདོད་དོན་བྱེ་བྲག་བསྒྱུར་ཤེས་བར་བྱ་ལ། དཀྱུས་སུ་བསྟན་པའི་འདོད་གསོལ་ལ་ནི་འཕྲི་བསྣན་མེད་པར་གཉིས་ཅར་རམ་རེ་རེ་ངེས་པར་བཀླག་གོ ༈ །དོན་གཉིས་པ་བཅོམ་ལྡན་འདས་མར་བྱེ་བྲག་ཏུ་མཆོད་ཅིང་གསོལ་བ་གདབ་པ་ལ་ཡང་། ཐོག་མར་ཚོགས་ཞིང་སྤྱི་རྗེ་བཙུན་མ་ཡི་ངོ་བོར་ལྷག་པར་དྲན་པར་བྱ་བ་དང་། མཆོད་ཅིང་གསོལ་བ་འདེབས་པ་དངོས་སོ། །དང་པོ་ནི། སྔར་སྤྱན་དྲངས་ཤིང་མཁའ་ཁྱབ་ཏུ་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་སྲས་གཡོག་སློབ་མར་བཅས་པ་རྣམས་ལ་ཐལ་མོ་སྤྱར་ནས།
ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་དག་ལྷ། །ཐུབ་པ་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ངེས་པར་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་མཆོད་པའི་ཞིང་རབ་འབྱམས་ཆོས་དབྱིངས་མུ་མཐའ་མེད་པའི་དཀོན་མཆོག་མ་ལུས་པ་སླར་ཡང་འདུས་ཤིང་བཅོམ་ལྡན་འདས་མ་ལ་གཉིས་སུ་མེད་པར་ཞུགས་པས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་འདུས་པའི་སྤྱི་དཔལ་ངོ་བོ་དམ་པར་གྱུར་པའི་མོས་གུས་བརྟན་པོ་བྱའོ། །དེ་ཡང་གཟུགས་དང་ལྷན་ཅིག་ཞེས་པ་འདི་དམིགས་རྟེན་དངོས་སུ་ཡོད་ན་དེ་ལ་བྱ་མོད་ཀྱང་། གཞན་དུ་རང་གིས་མོས་པས་བསྐྱེད་པའི་ལྷ་སྣང་ལ་འཇུག་པ་ཡིན་ཞིང་སྤྱིར་ཡང་གཟུགས་ཀྱི་སྒྲ་ཤིན་ཏུ་ཡངས་པོར་འགྱུར་ན། ཕྱོགས་རེར་ཞེན་འཛིན་གྱི་ལོག་རྟོག་དེ་ནི་མི་བྱ་ལ། ཡང་ཇོ་བོ་ནས་བརྒྱུད་པ་གཞན་ཕལ་ཆེར་མཆོད་པ་མཎྜལ་གཉིས་པའི་མགོར་བཅོམ་ལྡན་འདས་མ་བསྐྱེད་པ་དང་སྤྱན་འདྲེན་པར་མཛད་ཀྱང་། ལུགས་འདིར་ནི་ཐོག་མ་ཉིད་ནས་བསྐྱེད་པར་མཛད་ཀྱི། དེ་ཡང་ལེགས་པ་ཉིད་དེ། དོན་དེས་ནི་བཅོམ་ལྡན་འདས་མ་དཀོན་མཆོག་སྤྱི་ཡི་གྲལ་དུ་བཞུགས་པས་མཆོད་པ་དང་པོའི་སྐབས་སུ་ཡང་མཆོད་པ་ཡིན་ལ། མཆོད་པ་ཕྱི་མ་གསུམ་གཙོ་བོར་བཅོམ་ལྡན་འདས་མར་འབུལ་བ་ཡིན་ཡང་། དཀོན་མཆོག་སྤྱིའི་ངོ་བོར་བྱས་པས་དཀོན་མཆོག་སྤྱིར་ཡང་མཆོད་པ་ཡིན་གྱི། གཅིག་ལ་མཆོད་དུས་གཅིག་བསྒུགས་སྡོད་ལྟ་བུ་མ་ཡིན་པར་གཙོ་ཆེ་ཆུང་ཙམ་ལ་བརྟགས་པ་ཤེས་པར་བྱའོ། །སྐབས་འདིར་སྨྲས་པ། དེ་སྐད་སྔོན་དཔེར་བཀབ་བཤུས་ཁོ་ན་མིན། །མི་མཐུན་གསར་བཟོ་འཁྲུལ་བའི་གཏམ་ཡང་མེད། །གང་ཞིག་རྙིང་པའི་ཚིག་ཉིད་གསར་པ་ཡི། །ལང་ཚོ་རྒྱས་པར་བྱེད་པ་བདག་བློ་སྟེ། །དེ་ནི་བླ་མ་ལྷག་པའི་ལྷ། །གང་གི་མཐུ་ལས་བདག་ནུས་མིན། །ཚུལ་དེས་སྙིགས་དུས་གྱུར་ན་ཡང་། །ལེགས་བཤད་ཆད་མེད་འབྱུང་བར་ངེས། དེང་སང་སྙིགས་དུས་འགྲོ་རྨོངས་པས། །ཕུན་ཚོགས་དཔལ་ལ་སྲེད་པ་རྣམས། །འཇིག་རྟེན་འདྲེ་ལ་ཡི་དམ་ལྷར། །ཞེན་ནས་གསོལ་འདེབས་བརྩོན་པ་འཁྲུལ། །ཡང་དག་ཕུན་ཚོགས་ཇི་བཞིན་འབྱོར་འདོད་ན། །དཀོན་མཆོག་ཁོ་ནར་གསོལ་འདེབས་ལས་ལྷག་ཅི། །ཐེག་ཆེན་འཛིན་པའི་ཡི་དམ་རྨད་བྱུང་ལྷ། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྒྲུབ་མཛད་ཡུམ། །ལྷ་འདིར་ཤིན་ཏུ་གུས་པ་ཡིས། །བརྟེན་ན་འདི་ནས་མཐར་ཐུག་བར། །དོན་ཆེན་འགྲུབ་ངེས་གནས་སྐབས་ཀྱི། །འདོད་དོན་ཉིད་ལ་སྲེད་པ་ཡང་། །ཇི་དགར་ཉམས་སུ་མྱོང་བའི་གཏམ། །སྔོན་ནས་ད་ལྟའི་བར་བྱུང་ཞིང་། །མཐོང་ཆོས་ཉིད་དུ་ཡོངས་གྲུབ་ན། །འདི་ལ་གུས་པ་ཅིས་མི་བསྐྱེད། །དེས་ན་ལྷ་དེ་མཉེས་པའི་ཕྱིར། །དེ་ཉིད་མཆོད་ཚུལ་ཚུལ་ཇི་བཞིན། །ལེགས་བཀོད་ཡོངས་འདུ་འདུ་བའི་ཤིང་། །འདི་ཀོ་ཀུན་གྱིས་བརྟེན་པར་རིགས། ༈ །ཀུན་ཏུ་ངེས་ལེགས་རིན་ཆེན་གླིང་བཟང་པོར། །འཇུག་པར་འདོད་པའི་སྐྱེ་བོའི་ཚོགས་རྣམས་ཀུན། །མངོན་མཐོ་དང་འགྲོགས་འཕགས་མའི་ཐུགས་རྗེའི་རྒྱུ། །བཟང་པོ་འདི་ལ་རབ་ཏུ་འཇུག་པར་བྱོས། ཞེས་ཀྱང་ཆེད་དུ་བརྗོད་པའོ། ༈ །གཉིས་པ་མཆོད་བསྟོད་གསོལ་འདེབས་ཀྱི་ཆོ་ག་ལན་གསུམ་བསྐྱར་ཏེ་བྱ་བའི། དང་པོ་ལ་དོན་གཉིས་ཏེ་མཆོད་པ་དང་། རྩ་བའི་སྔགས་བཅས་བསྟོད་གསོལ་འདེབས་པའོ། ༈ །དང་པོ་ལ། གོང་ལྟར་ཕྱག་འཚལ་བ་གཟུངས་ཀྱིས་བྱིན་གྱིས་བརླབས་ནས། །
གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤལ། །བསྣམས་མ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབས་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་ཁྱོད་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་ལས་ནི། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མ་རུ་གྱུར་པ་ཡི། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ༈ ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །
ཞེས་དང་། བསྡུ་ན་ཕྱག་འཚལ་བའི་གཟུངས་དང་ཚིགས་བཅད་ཕྱི་མ་ཁོ་ནས་ཕྱག་ལན་བདུན་བྱ་སྟེ། ཆོ་ག་ཕྱི་མ་གཉིས་སུ་ཡང་ཕྱག་འཚལ་བསྡུ་ཚེ་འདི་ཁོ་ནས་འཐུས་པ་ཉིད་དུ་བྱའོ། །དེ་ནས་སྔར་བཤམས་པ་དང་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་སླར་ཡང་མཐུ་བསྐྱེད་པའི་ཕྱིར། མཆོད་སྤྲིན་གྱི་གཟུངས་སྔགས་བཀླག་པར་བྱ་སྟེ།
ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ།
དེ་ནས་མཆོད་སྤྲིན་ནམ་མཁའི་མཛོད་ཀུན་བཟང་རྒྱན་གྱི་འཁོར་ལོར་འཕྲོས་པས་མཁའ་ཁྱབ་ཏུ་བཞུགས་པའི་དཀོན་མཆོག་གི་རང་བཞིན་མདུན་དུ་དམིགས་པའི་བཅོམ་ལྡན་འདས་མ་ལ་མཆོད་པར་བསྒོམས་ནས། །
མཆོད་ཡོན་ཕལ་ཆེ་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་རབ་ཏུ་བཀྲམ་བྱས་ནས། །རྒྱལ་བ་བདག་ཉིད་ཆེན་པོ་དེ་དག་མཆོད། །ཨོཾ་ཨཱརྱ་ཏཱ་རཱ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་རེ་བྷྱོ། བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་དང་། སྣང་གསལ་དང་། དྲི་མཆོག་དང་། ཞལ་ཟས་དང་། སིལ་སྙན་རྣམས་ཀྱང་། པཱདྱཾ། པུཥྤེ། ངྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་བི་དྱ། ཤབྡ། རྣམས་ཀྱིས་དབུལ་ཞིང་། སིལ་སྙན་གྱི་སྐབས་སུ་རོལ་མོའི་ཁྱད་པར་རྣམས་ཀྱང་དབུལ་བར་བྱའོ། མཆོད་འབུལ་ཚིག་བསྡུས་པ་ལ་དགའ་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་མཆོག་དང་། །ཞལ་ཟས་སིལ་སྙན་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །འཕགས་མ་སྒྲོལ་མ་བཅོམ་ལྡན་ཚོགས། །ཇི་སྙེད་རྒྱལ་བསྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་ཨཱཪྻཱ་ཏཱ་ར་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་རེ་བྷྱོ། བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་དང་། དེ་བཞིན་ཨརྒྷཾ་གྱི་གནས་སུ། པུདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱ། ཤཔྡ། གཞུག་སྟེ་འབུལ་ལོ། །ཞེས་པས་ཕུལ། གོང་ལྟར་མཐར། ན་མཿསརྦྦ་བུདྡྷ་བོ་དྷི་ས་ཏྭ་བྷྱ༔ ཨོཾ་སརྦ་བིད྄། པཱུ་ར་པཱུ་ར་ཨ་བར་ཏེ་བྷྱ༔སྭཱ་ཧཱ། ཞེས་ཀྱང་བརྗོད་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་བསྙེན་བཀུར་དང་ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། ༈ །དེ་ནས་ཡན་ལག་བདུན་འབུལ་པ་སྣར་ཐང་པའི་སྒྲོལ་མ་མཎྜལ་གྱི་ཆོ་ག་ལས་འབྱུང་བ་ནི།
༈ རྗེ་བཙུན་བཅོམ་ལྡན་ཡུམ་གྱུར་འཕགས་མ་སྒྲོལ་མ་ཡབ་ཡུམ་སྲས་དང་ཉེ་གནས་སློབ་མར་བཅས་པ་འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ། མཆོད་ཡོན་དང་། ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་དང་། རོལ་མོ་དང་། སིལ་སྙན་དང་། གདུགས་དང་། བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་པ་འདི་དག་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ། བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམས་དང་། གཟུངས་དང་། རིག་པའི་མཐུ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི། མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི། རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐའ་ཀླས་པ་ཐམས་ཅད་རྒྱས་པར་བཀང་ཞིང་མཆོད་དོ། འབུལ་ལོ། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི། འཁོར་བ་ནས་འཁོར་བའི་ཚེ་རབས་ཐམས་ཅད་དུ། སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པའི། སྡིག་པ་ཅི་མཆིས་པ་ཐམས་ཅད་ཡང་དག་པར་བཤགས་སོ། །དུས་གསུམ་གྱི་འཕགས་པ་དང་། སྐྱེ་པོའི་དགེ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད། མྱ་ངན་ལས་མི་འདའ་བར། འཇིག་རྟེན་གྱི་དོན་མཛད་ཅིང་། ཡུན་དུ་བཞུགས་པར་གསོལ་བར་འཚལ་ལོ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། ༈ རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག ཅེས་བའམ། ཡང་ན་ཡིག་རྙིང་སྤྱི་ལྟར་དགེ་སློང་མ་དཔལ་མོས་མཛད་པའི་ཡན་ལག་བདུན་པ་ནི། ༈ །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་དབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་ཀྱིས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དག་། །བློ་ཡི་བྱེ་བྲག་ཅི་ལྟ་བར། །ཆེ་ཆུང་ཐུན་མོང་མིན་པའི་ཆོས། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱང་ན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་པ་སྟེ། དེ་གཉིས་གང་འདོད་བྱ་བའོ། ༈ །དེ་ནས་མཎྜལ་འབུལ་བ་ནི། ༈ ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། རིན་པོ་ཆེ་གསེར་གྱི་ས་གཞི་ཡངས་པ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ལྕགས་རིའི་འཁོར་ཡུག་ཅན། དབུས་སུ་ཧཱུྃ་སྲུང་བའི་རང་བཞིན། དབུས་དང་ཕྱོགས་བཞིར། ཨོཾ་ཧྃ་སུ་མེར་ཝེ་ན་མཿ ཨོཾ་ཨོཾ་པཱུརྦ་བི་དེ་ཧཱ་ཡ་ན་མཿ ཨོཾ་རཾ་ཛཾ་བུ་དྭཱི་པཱ་ཡ་ན་མཿ། ཨོཾ་ལཾ་ཨ་པ་ར་གོ་ད་ནཱི་ཡཱ་ཡ་ན་མཿ། ཨོཾ་ཝྃ་ཨུཏྟར་ཀུ་ར་ཝེ་ན་མཿ། ཞེས་པ་ལས། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམ་བུ་གླིང་། ནུབ་བ་ལང་སྤྱོད། །བྱང་སྒྲ་མི་སྙན། རི་རབ་ཀྱི་ཤར་དང་ནུབ་ཏུ། ཨོཾ་ཨ་སཱུཪྻཱ་ཡ་ན་མཿ། ཨོཾ་ཨ་ཙནྡྲཱ་ཡ་ན་མཿ། ཞེས་པས་ཉི་མ་དང་ཟླ་བ། གཞན་ཡང་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བ་འདི་ནི་བླ་མ་རྗེ་བཙུན་བཅོམ་ལྡན་འདས་ཡུམ་གྱུར་འཕགས་མ་སྒྲོལ་མ་སྲས་གཡོག་སློབ་མར་བཅས་པ་ཚོགས་ཀྱི་ཞིང་ནམ་མཁའི་མཐའ་དང་མཉམ་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོས་བཞེས་སུ་གསོལ། བཞེས་ནས་བདག་ཅག་སློབ་དཔོན་སློབ་མའི་ཚོགས་འབྲེལ་བར་བཅས་པ་ཀུན་གྱི་སྒྲིབ་པ་དག་ཅིང་ཚོགས་ཡོངས་སུ་རྫོགས་ཏེ་དངོས་གྲུབ་མཆོག་དམ་པ་མྱུར་དུ་ཐོབ་པར་མཛད་དུ་གསོལ།། །།
༈ ལྷག་བསམ་རྣམ་དག་ཆུ་གཏེར་ལས་འཁྲུངས་གླིང་གི་འདབ་མ་རབ་རྒྱས་ཤིང་། །རི་རབ་ལྷུན་པོའི་ཟེའུ་འབྲུས་རྣམ་མཛེས་ཉི་ཟླའི་འོད་ཀྱི་མདངས་བཟང་ཅན། །འདོད་དགུའི་དཔལ་འབྱོར་དྲི་བསུང་རབ་འཕྲོ་ནམ་མཁའི་དཀྱིལ་ལྟར་ཀུན་ཁྱབ་པའི། །རིན་ཆེན་མཎྜལ་མེ་ཏོག་མཆོག་འདི་རྒྱལ་བའི་ཚོགས་དང་བཅས་ལ་འབུལ། །ཞེས་པས་ཕུལ་ཏེ་ཚིག་འདི་ཡི་ཡིག་རྙིང་ཀུན་མཐུན་པར་ཚོམ་བུ་བདུན་དུ་གསུངས་པའི་དབང་དུ་བྱས་ལ། དེ་ཡང་དམིགས་པ་ནི་བསྡུས་པ་མ་ཡིན་གྱི་མཎྜལ་ཞིང་དང་འབྱོར་པའི་ཚོགས་ཤིན་ཏུ་རྒྱ་ཆེ་བ་མཁའ་ཁྱབ་ཏུ་མོས་དགོས་གཞིར་བཅས་ལ། མཚོན་བྱེད་ཙམ་ནི་རི་རབ་ཉི་ཟླ་བསྐྱེད་པའི་སྐབས་ལྷ་ཡི་དཔལ་འབྱོར་མ་ལུས་པ་དང་། གླིང་བཞིའི་སྐབས་འཁོར་ལོས་སྒྱུར་བའི་ཡོ་བྱད་ཀྱིས་གཙོས་མི་ཡི་དཔལ་འབྱོར་མ་ལུས་པ་དང་། དེ་བཞིན་རི་རབ་ཟོམ་དུ་ལྷ་མིན་དང་། རི་རབ་ངོས་གླིང་མཚམས་རྒྱ་མཚོར་ཀླུ་ཡི་དཔལ་འབྱོར་རྣམས་གཙོ་བོར་གསལ་གདབ་པ་ཡིན་ལ། སྤྱིར་ནི་འཇིག་རྟེན་ཀུན་དཔལ་འབྱོར་ཕུན་སུམ་ཚོགས་པས་ཕྱུར་བུར་བཀང་སྟེ་ཕུལ་བའི་འདུན་པ་བྱ་བ་ཉིད་དོ། །གཞན་དུ་ནི་ཚོམ་བུ་སོ་བདུན་སོགས་མཎྜལ་ཚིག་རྒྱས་པར་བྱས་ཀྱང་མི་ལེགས་པ་མེད་ལ་གང་ལྟར་མཎྜལ་ཚོམ་བུབདུན་པའི་ཚིགས་བཅད་དང་མེ་ཏོག་སྔགས་ཀྱིས་འབུལ་བ་རྣམས་དཀོན་མཆོག་སྐབས་བཞིན་མཎྜལ་བཞི་གར་མ་ཆད་པར་བྱ་ལ། བསྡུས་པའི་སྐབས་སུ་ནི། དེ་ལྟར་ཁོ་ནས་ཀྱང་ཆོག་པ་ཉིད་དོ། །ཡང་ཡིག་རྙིང་ནས་འབྱུང་བ་གསོལ་གདབ་སྨོན་ལམ་ཤིས་པ་རྣམས་འདོད་པར་སྤྲོ་ཚེ་མཎྜལ་གྱི་རྗེས་ཉིད་ན་སྐབས་སུ་བབ་པར་འགྱུར་བས་དེ་ནི། ༈ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རབ་རྫོགས་ཏེ། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ཡི། །བར་ཆད་གདོན་བགེགས་ནད་དང་རིམས་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །བསྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱོད་བསྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་པར་བྱས་ནས་མེ་ཏོག་སྔགས་འབུལ་བྱང་སེམས་ཤིས་པའང་མཎྜལ་གྱི་སྔོན་དུ་མ་ཟིན་ན་འདིར་བགྱིད་དོ། ༈ གཉིས་པ་ནི། རིག་སྔགས་དང་བསྟོད་པ་དང་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་ནས་འདོད་པའི་དོན་གྲུབ་པར་བྱེད་པའོ། ༈ །དང་པོ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་རྩ་བའི་རིག་སྔགས་ཀྱིས་ཐུགས་རྒྱུད་བསྐུལ་བ་ནི། །བཅོམ་ལྡན་འདས་མའི་ཐུགས་ཀར་ཨུཏྤལ་ཟླ་བ་ལ་གནས་པའི་ཏཱྃ་ཡིག་ལྗང་ཁུ་ལ་རིག་སྔགས་ཀྱི་རྒྱལ་མོ་ཡི་གེའི་དཀྱིལ་འཁོར་འོད་ཟེར་གྱི་འདུ་འཕྲོས་རྒྱལ་བ་རྒྱ་མཚོ་མཆོད་ཅིང་ཐུགས་དམ་བསྐུལ་བ་དང་། བདག་ཅག་དཔོན་སློབ་དང་། །དྲིན་ཅན་ཕ་མ་སྦྱིན་བདག་སོགས་དམིགས་ཡུལ་གྱི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས་མཐུན་ཕྱོགས་ཀུན་འཕེལ་ཞིང་རྒྱས་ཏེ་བྱང་ཆུབ་མཆོག་གི་དངོས་གྲུབ་ཐོབ་པར་བསམས་ལ་རིག་སྔགས་ཀྱི་རྒྱལ་མོ་ལ་མོས་པའི་ཡིད་རྩེ་གཅིག་ཏུ་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ནི་སྒྲོལ་མའི་རྩ་བའི་རིགས་སྔགས་ཐམས་ཅད་ཀྱི་རྒྱལ་མོ་གྲུབ་པ་མ་ལུས་བསྟེར་བ་བྱེད་པའོ། ༈ དེ་ལ་གནས་སྐབས་ཀྱི་ལས་ཕྲན་སྔགས་ཀྱི་སྤེལ་ཚིག་སྦྱར་བ་ནི། ཡི་གེ་བརྒྱད་དང་སྭཱ་ཧཱའི་མཚམས་སུ། སརྦའི་མཐར། གདོན་བགེགས། ནད་རིམས། འཇིགས་པ། ཉེར་འཚོ། དུས་མིན། འཆི་བ། མི་ངན། མཚན་ངན། ཡིད་འཁྲུགས་ཞི་བར། རིམ་པ་བཞིན། སརྦ་གྲ་ཧཱཾ། དེས་མཚོན། བིགྷཱན། བྱཱ་དྷཱིཾ། ཛྭ་རཱཾ། རོ་གཱཾ། ཨུ་པ་དྲ་ཝཱཾ། ཨ་ཀཱ་ལ་མྲྀ་དྱཱུ། དུ༔སྭ་པྣཱཾ། དུརྣི་མིཏྟཱཾ། ཙིཏྟཱ་ཀུ་ཝཱཾ། རྣམས་རིམ་པས་སྦྱར་བའི་མཐར། ཤཱནྟཱིངྐུ་རུ། བཏགས་པ་བཅུག་ནས་བཟླ་བ་ནི་ཡིག་རྙིང་ཕལ་ཆེའི་དགོངས་པའོ། ༈ གཞན་དུ་ནི། དགྲ་ཐམས་ཅད་ཞི་བར། སརྦ་ཤཏྲཱུཾ། འཇིགས་པ་ཉེར་འཚེ་ཐམས་ཅད་ལ། སརྦ་བྷ་ཡོ་བ་དྲ་པཱ་ན། གཡུལ་ཐམས་ཅད་ལ། སརྦ་ཡུདྡྷཾ། ངན་བྱེད་ཐམས་ཅད་ལ། སརྦ་དུཥྐྲྀ་ཏཱཾ། གཤེད་བྱེད་བྱད་སྟེམས་ཐམས་ཅད་ལ། སརྦ་ཀྲྀ་དྱ་ཀཱ་ཁོརྡཱཾ། དུག་ཐམས་ཅད་ལ། སརྦ་བིཥཱཾ། ཞེས་པ་རྣམས་རྩ་སྔགས་ལ་སྦྱོར་ཚུལ་དང་ནད་གདོན་ཞི་བའི་སྔགས་ཀྱང་སྔར་བསྟན་པ་དང་མཚུངས་པ། དེ་དག་ལས་བསྲུང་བར་འདོད་པ་ཡིན་ན། སརྦ་གྲ་ཧེ་བྷྱོ། བིགྷྲཱེ་བྷྱོ། བྱཱ་དྷི་བྷྱོ། ཛྭ་རེ་བྷྱོ། རོ་གེ་བྷྱོ། ཨུ་པ་དྲ་བེ་བྷྱོ། ཨ་ཀཱ་ལ་མྲྀ་དྱུ་བྷྱོ། དུ༔སྭ་པྣེ་བྷྱོ། དུརྣི་མིཏྟེ་བྷྱོ། ཙིཏྟཱ་ཀུ་ལེ་བྷྱོ། རྣམས་དང་། སརྦ་ཤ་ཏྲུཾ་བྷྱོ། སརྦ་བྷ་ཡོ་པ་དྲ་བེ་བྷྱོ། སརྦ་ཡུདྡྷེ་བྷྱོ། སརྦ་དུཥྐྲི་ཏེ་བྷྱོ། སརྦ་ཀྲི་དྱ་ཀཱ་ཁོརྡེ་བྷྱོ། སརྦ་བི་ཥེ་བྷྱོ། ཞེས་པ་རྣམས་ཀྱི་མཐར། རཀྵཾ་ཀུ་རུ། སྦྱར་བའོ། །ཡང་རྒྱལ་པོ་ཆོམ་རྐུན་མེ་ཆུ་དུག་གི་འཇིགས་པ་སྤྱི་ཞི་བར་བྱེད་པ་ལ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། སརྦ་བྷ་ཡ་བི་མོ་ཙ་ན། དཱ་ཛ་ཙོ་ར་ཨགྣི་བིཥ་ཨུད་ཀ་བྷ་ཡཱ་ནི་བྲ་ཤ་མ་ཡ་པྲ་ཤ་མ་ཡ་སྭཱ་ཧཱ། ཞེས་དང་། ཡང་ནི་བཙོན་དུ་བཅིངས་པ་བརྡེག་པ་དང་། རྒྱལ་པོ་ཆོམ་རྐུན་མེ་ཆུ་དུག་མཚོན་ཐམས་ཅད་ཞི་བར་གོང་བཞིན་ཡི་གེ་བརྒྱད་ཀྱི་མཐར། སརྦ། བནྡྷ་ན། ཏཱ་ཌ་ན། རཱ་ཛ། ཏསྐ་ར། ཨགྣི། ཨུ་ད་ཀ། བིཥ། ཤསྟྲ་ཎི་པ་རི་མོ་ཙ་ཀ། སྭཱ་ཧཱ། ཞེས་སྦྱོར་ཏེ། གཞན་ནི་གོང་གི་རིགས་པས་ཇི་ལྟར་ཞི་འདོད་པ་ཉིད་ཁ་བསྒྱུར་ཤེས་པར་བྱའོ། །རང་ངམ་གཞན་གྱི་སྡིག་སྒྲིབ་སྦྱོང་བ་ལ་ནི། སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། རྩ་སྔགས་མཐར་ཆེད་དུ་བྱ་བའི་མིང་དང་སྤེལ་ནས་བཟླ་བ་སྟེ། ཚེ་འདིའི་ཕ་རོལ་ཏུ་གྱུར་པའི་སྒྲིབ་སྦྱོང་དོན་དུ་དམིགས་པ་ལའང་དེ་དང་མཐུན་པའོ། །ནོར་བསྒྲུབ་པ་ལ་ནི། རྩ་སྔགས་འབྲུ་བརྒྱད་མཐར། དྷ་ནི་མེ་དེ་ཧི་སྭཱ་ཧཱ། སྦྱར་ལ། དེ་ཡང་ནོར་དམིགས་གསལ་ལ་ནི། དྷ་ནཾ་དོད་དུ་གང་ཡིན་པ་དེའི་མིང་བཅུག་སྟེ་བཟླའོ། །མཆོག་ཏུ་ཚེ་བསོད་ཡེ་ཤེས་སྤེལ་བ་ལ་ནི། འབྲུ་བརྒྱད་མཐར། མ་མ་ཨཱ་ཡུ༔པུརྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་སྟེ། གཞན་གྱི་དོན་དུ་ནི། མ་མ། ཞེས་པ་བོར་ནས་མིང་གང་ཡིན་སྤེལ་བའོ། །སྔགས་གྱི་རིམ་པ་འདི་རྣམས་འཕྲལ་དུ་མཁོ་ཆེ་ཞིང་། དང་པོའི་བློ་ཅན་གྱིས་ཤེས་བདེ་སླད་ཅུང་ཟད་ཅིག་སྤྲོས་ཏེ་བཤད་པའོ། །དེ་ལྟར་སྔགས་ཀྱི་གྲངས་ཚད་ཀྱང་རྗེ་བཙུན་མའི་མཎྜལ་མཆོད་པ་དང་པོ་དང་། གཉིས་བར་རྩ་སྔགས་བརྒྱ། སྤེལ་ཚིག་ཅན་བརྒྱ། མཆོད་ཆོག་གསུམ་བར་དེ་གཉིས་བཞི་བརྒྱ་བཞི་བརྒྱ་བཟླ་ན། སྔགས་གྲངས་སྟོང་ཕྲག་གཉིས་འགྲོ་བར་བྱེད་ཅེས་དམ་པ་མཆོག་དག་གིས་གསུངས་ལ། གཞན་འགར་ནི་སྔགས་བཟླ་གྲངས་མི་གསལ་མོད། འདི་ནི་རྩ་བའི་སྔགས་བསྟོད་ཕྱག་འཚལ་ཉིད་གཅིག་པ། གཉིས་གསུམ་བདུན་ཀྱི་གྲངས་ངེས་གོ་རིམ་ལྟར་བཀླགས་པས། བསྟོད་པའི་གྲངས་གྱི་རྩ་སྔགས་བརྒྱ་རྩ་དང་། སྤེལ་ཚིག་ཅན་ལྔ་བཅུ་རེ་བཀླགས་པས་ཆོ་ག་གསུམ་ལ་སྔགས་སྟོང་དང་བརྒྱད་བརྒྱར་འགྱུར་གྱི། དེས་ནས་ཆོ་ག་དང་པོར་འདིར་རྩ་སྔགས་གཉིས་བརྒྱ་དང་། སྤེལ་ཚིག་ཅན་བརྒྱའོ། །སྤྱིར་ནི་སྔགས་བཟླས་མང་བཞིན་ཕན་ནུས་མཆོག་ཏུ་ཐོབ་པས་གྲངས་ཀྱི་ངེས་གཟུངས་མེད་པར་ཅི་མང་བཀླག་པ་ཉིད་དོ། །སྐབས་སུ་སྒྲོལ་མ་ལས་ཐམས་ཅད་པའི་རིག་སྔགས་དང་། བཟླས་པའི་ཐོག་མཐར་ཕན་ཡོན་བསྐྱེད་པ་དང་ཁ་བསྐང་བ་རྣམས་བགྱིས་ནའང་ལེགས་པར་འགྱུར་རོ། ༈ གཉིས་པ་ལྷ་མཉེས་པར་བྱེད་ཅིང་ཕན་ཡོན་ཁྱད་པར་བ་རྣམས་ཐོབ་པའི་ཆེད་དུ་བསྟོད་པས་ཐུགས་རྒྱུད་བསྐུལ་བ་ནི། འཕགས་མ་སྒྲོལ་མ་ལ་བསྟོད་པ་རྒྱུད་ཀྱི་རྒྱལ་པོ་ཚིགས་སུ་བཅད་པ་འདི་ཉིད་བདག་གཞན་སེམས་ཅན་ཐམས་ཅད་དང་འབྱུང་བ་ལས་ཀྱང་རང་སྒྲ་སྒྲོགས་ནས་བསྟོད་པར་བསམ་ལ།
༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །ཏུཏྟཱ་རེ་ཡི་འཇིགས་པ་སེལ་མ། །ཏུ་རེས་དོན་ཀུན་སྦྱིན་པའི་སྒྲོལ་མ། །སྭཱ་ཧཱ་ཡི་གེ་ཁྱོད་ལ་འདུད་དོ། ༈ །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུྃ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊྲ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བསྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་རེ་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་བ། །མྱ་ངན་འདུས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བས། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོ་ན་ཉིད་མ། །རི་རབ་མནྡཱ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་གནས་མ། །ཧ་ར་གཉིས་བརྗོད་ཕཊ྄་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཏཱ་རཱ་གཉིས་བརྗོད་ཏུཏྟཱ་རེ་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། འཇོམས་པ་ཏུ་རེའི་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུརྩ་གཅིག །ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་ཅིང་། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟེན་གནས་པ་འམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ་བསྟོད་ཅིང་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཐོབ་པའོ། །དེ་ལྟར་བསྟོད་པ་ལས། ཨོཾ་རྗེ་བཙུན་མ་ནས། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག་གི་བར་ལན་གཉིས་སུ་བཀླགས་པའི་མཐར། ལྷ་མོ་ལ་གུས་སོགས་ཕན་ཡོན་རྣམས་ཚར་གཅིག་བརྗོད་པར་བྱའོ། །དེ་ལྟར་བསྟོད་པས་རྗེ་བཙུན་བཅོམ་ལྡན་འདས་མ་དགྱེས་ནས་བདག་ཅག་དཔོན་སློབ་དང་། གང་གི་དོན་དུ་བྱ་བ་རྣམས་ཀྱི་སྤྱི་བོར་མཆོག་སྦྱིན་ཕྱག་རྒྱས་རེག་སྟེ་དམ་པ་སྩོལ་བར་བསམ་མོ། ༈ །གསུམ་པ་དངོས་གྲུབ་ཞུ་བ་འདོད་དོན་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་པ་ནི། གོང་བཞིན་བྱིན་གྱིས་བརླབ་པའི་མེ་ཏོག་གིས་སྙིམ་པ་བཀང་ཞིང་ཐལ་མོ་སྦྱར་ཏེ། དད་གུས་ཀྱི་ཡིད་རྩེ་གཅིག་པས་དཀོན་མཆོག་སྤྱིའི་དགོངས་གསོལ་རྗེས་སུ། ༈ རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ཡབ་ཡུམ་སྲས་དང་ཉེ་གནས་འཁོར་གྱི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་སེམས་ཅན་རྣམས་ལ་དགོངས་སུ་གསོལ། ཞེས་བཅུག་ནས། དཔལ་མགོན་དམ་པ་མན་ཆད་སྔར་བཞིན་འདོད་དོན་གསོལ་བ་གདབ་ཅིང་སྐབས་སུ་མེ་ཏོག་འཐོར་བར་བྱས་ལ། མཐར་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་དོ། །དེ་ནི་རྗེ་བཙུན་བཅོམ་ལྡན་འདས་མ་ལ་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་དང་པོའོ། ༈ །དེ་ནས་མཆོད་གསོལ་འདེབས་པའི་ཆོ་ག་གཉིས་པ་ནི། ཕྱག་འཚལ་སྐབས་སུ། །འཇིག་རྟེན་གསུམ་མགོན་ཡུམ་གྱུར་སྤྱན་ཡངས་མ། །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །གཉིས་མེད་ཡེ་ཤེས་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་ཕྲིན་ལས་སྣ་ཚོགས་མཛད། །བྱམས་པའི་ཡུམ་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་གུས་ཕྲིན་ལས་སྣ་ཚོགས་མཛད། །ཡོན་ཏན་རབ་རྒྱས་བཅུ་དྲུག་ལོན་པའི་ཚུལ། །འགྲོ་ལ་རབ་དགྱེས་ཞལ་ནི་འཛུམ་པ་དང་། །ཞི་བའི་སྤྱན་ནི་འཇིག་རྟེན་གསུམ་ལ་གཟིགས། །ཐུགས་རྗེ་ཆེ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །བྱང་སེམས་རང་བཞིན་ཟླ་བ་གདན་དུ་བཏིང་། །ཉོན་མོངས་མི་བསྐྱོད་རྗོ་རྗེ་སྐྱིལ་ཀྲུང་བཅས། །སྒྲིབ་པ་ཀུན་སྤངས་པདྨའི་གདན་ལ་བཞུགས། །ཟག་མེད་བདེ་རྒྱས་ཟླ་བའི་རྒྱབ་ཡོལ་ཅན། །ཟག་མེད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །ན་བཟའ་མཆོག་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་མཆོག་སྦྱིན་སྒྲུབ་ལ་དངོས་གྲུབ་སྟེར། །གཡོན་པས་ཨུཏྤལ་སྐྱོན་བྲལ་དག་པའི་རྟགས། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །མཐའ་བྲལ་ཟུང་འཇུག་སྐུ་ལ་ཕྱག་འཚལ་ལོ། །ཞེས་འདོན་པ་སྤོས་ནས་ཕྱག་བྱ། བཟླས་པ་རྩ་སྔགས་སུམ་བརྒྱ། སྤེལ་ཚིག་ཅན་བརྒྱ་དང་ལྔ་བཅུ། བསྟོད་པ་ལན་གསུམ་མཐར་ཕན་ཡོན་ཚར་གཅིག་བཀླགས་པ་ཉིད་དོ། ༈ །དེ་བཞིན་གསོལ་འདེབས་གསུམ་པར། ཕྱག་འཚལ་བར། ཐུགས་རྗེ་ཆེན་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱག་སྟོང་སྤྱན་སྟོང་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་པའི་རྒྱལ་པོ་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨན་འདྲ་ནད་འཇོམས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཐབས་མཁས་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ས་ལྟར་རྟེན་གྱུར་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཆུ་སྟར་བསིལ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མེ་ལྟར་སྨིན་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རླུང་ལྟར་རྒྱས་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་མཛད་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར་ཏེ་ཕྱག་དང་། བཟླས་པར་རྩ་སྔགས་བདུན་བརྒྱ། སྤེལ་ཚིག་ཅན་སུམ་བརྒྱ་ལྔ་བཅུ། བསྟོད་པ་བདུན་གྱི་མཐར་ཕན་ཡོན་བཀླག་པ་ཉིད་དོ། དེ་བས་གཞན་རྣམས་བཤད་མ་ཐག་པའི་ཆོ་ག་དང་པོ་ཇི་ལྟ་བ་ལས་མི་འདྲ་བ་མེད་ཅིང་། ཕྱག་འཚལ་ཡང་བསྡུས་པའི་སྐབས་ནི་གསུམ་ཀ་མཐུན་པར་གོང་དུ་སྨོས་པ་དྲན་དགོས་ལ་ཚིག་རྒྱས་བསྡུས་ཇི་ལྟར་ཡང་། །དེ་སྐབས་ཕྱག་བདུན་རེ་ནི་མ་ཆད་པར་བྱའོ། །གཞན་དུ་ནི་ཆོ་ག་གསུམ་གར། ཕྱག་འཚལ་ཉེར་གཅིག་ཕན་ཡོན་དང་བཅས་པ་བཀླགས་ཟིན་པའི་མཐར་ཤེས་ཤིང་སྤྲོ་ཚེ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པས་ཀྱང་ལན་རེ་བསྟོད་ན་ཆོ་ག་ལྷག་པའི་སྐྱོན་ནི་མེད་ལ། ཕན་ཡོན་ལྷག་པར་ཐོབ་པས་ལེགས་པར་སེམས་པ་ནི་བདག་གི་རྣམ་པར་རྟོག་པ་ལས་སོ། ༈ །དེ་ནས་སྤྱི་དོན་གསུམ་པ་རྗེས་གྱི་རིམ་པ་ལ། མཆོད་བསྐང་གི་བྱ་བ་དང་། སྡུད་རིམ་རྒྱས་གདབ་ཀྱི་རིམ་པ་དང་གཉིས་སོ། །དང་པོ་མཆོད་བསྐང་ལ་ཡང་དོན་བཞི་སྟེ། ཐོག་མར་གཏོར་མ་འབུལ་བ་ནི། གཙང་ལ་བཟང་བའི་ཟླུམ་གཏོར་དཀར་པོ་བཞི། སྣོད་སོ་སོར། ཆེ་བ་སྟེགས་བཅས་ཀྱི་མདུན་དུ་ཆེ་ཆུང་གསུམ་བསྟར་བཤམ་ལ་རིམ་པས་འབུལ་བ་སྟེ། དང་པོ་ལ། ཨ་མྲྀ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་བའི་ངང་ལས། གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ཨོཾ་ཨཱཿཧཱུྃ། ཞུབ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་མམ་བདུན་གྱིས་བྱིན་གྱི་བརླབས་ནས། །དཀོན་མཆོག་སྤྱི་འདུས་རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་འཁོར་དང་བཅས་པ་ལ་གུས་པས་ཕུལ་ཏེ་གསོལ་བར་བསམ་ཞིང་། ན་མོ༔སརྦ་བུདྡྷ་བོདྷི་སཏྭཱ་ནཱཾ་ཨ་པྲ་ཏི་ཧ་ཧ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ། མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མ་བི་ལཾ་བ། མཱ་བི་ལཾ་བ། ཨི་དཾ་བ་ལིཾ་གྲྀ་ཧྣཱ་པ་ཡ་གྲྀ་ཧྣཱ་པ་ཡ་ཧཱུྃ་ཧཱུྃ་ཛ་ཛ་སརྦ་བི་སན་ཙ་རེ་སྭཱ་ཧཱ། ཞེས་ལན་ལྔ་འམ་བདུན་བརྗོད་ནས། ཉེར་སྤྱོད་སྔགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན། སོགས་ཀྱིས་བསྟོད། །གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་མཛད་ཅིང་། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། །འཕགས་མ་སྒྲོལ་མ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་སྩོལ་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྗེ་བཙུན་མ་འཕགས་མ་སྒྲོལ་མས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་གནོད་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་དུ་གསོལ། །སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་། ཁྱད་པར་ཡིད་ལ་འདོད་པའི་དོན་གང་ཡིན་དེ་ཉིད་འགྲུབ་པར་གསོལ་བ་དྲག་ཏུ་གདབ་པོ།། ༈ །།གཏོར་མ་གཉིས་པ་གོང་བཞིན་བྱིན་གྱིས་བརླབས་ཏེ། ཆོས་སྐྱོང་སྤྱི་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃཕཊ྄་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་བརྗོད་དེ་འབུལ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཉེ་བར་སྲུང་བའི་ཕྱི་ནང་གི་དཔལ་མགོན་དམ་ཅན་རྒྱ་མཚོ་ཡབ་ཡུམ་ལྕམ་དྲལ་སྲས་འཁོར་སྡེ་རིགས་སྡེ་དཔུང་གི་ཚོགས་མ་ལུས་པས་གཏོར་མ་འདི་བཞེས་ལ། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། བདག་ཅག་དཔོན་སློབ་ཕ་མ་སྤྱིན་བདག་བཅས་པའི་འདོད་དོན་ཡིད་བཞིན་དུ་འབྱོར་བ་མངོན་པར་མཐོ་ཞིང་། དམ་པའི་ཆོས་ཀྱི་ངེས་པའི་བདེ་ལེགས་ཕུན་ཚོགས་མ་ལུས་པ་རྒྱས་ཤིང་གྲུབ་པར་མཛད་དུ་གསོལ། །གཏོར་མ་གསུམ་པ་གོང་ལྟར་བྱིན་གྱིས་བརླབས་ནས། ཨ་ཀཱ་རོ་དང་། ཁ་འབར་མའི་སྔགས་ལན་གསུམ་གྱིས་གཞི་བདག་རྣམས་ལ་བསྔོས། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། །སའི་ལྷ་མོ་བརྟན་མས་གཙོས་བྱས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་གླིང་སྤྱི་དང་། །ཁྱད་པར་བོད་ཁ་བ་ཅན། བྱེ་བྲག་ས་ཕྱོགས་ཡུལ་རིས་འདི་སྐོར་གྱི་གཞི་བདག་གནས་བདག་གྲོང་བདག་གཉུག་མར་གནས་ཤིང་གློ་བུར་དུ་འདུས་པའི་ཚོགས་མ་ལུས་པ་ལ་འབུལ་གྱི། འདི་བཞེས་ལ་བདག་ཅག་དཔོན་སློབ་སྦྱིན་པའི་བདག་པོར་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། བསམ་སྦྱོར་དམ་པའི་ཆོས་དང་མཐུན་པ། འདོད་དགུ་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་དམ་པ་མཛོད་ཅིག ཅེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་འཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་སྦྱིན་ཀྱང་བྱ། ༈ དེ་ནས་གཏོར་མ་བཞི་བ་གོང་བཞིན་བྱིན་གྱིས་བརླབས་ནས། ཁ་འབར་མའི་སྔགས། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏི་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་རིགས་དྲུག་མཐའ་དག་བར་བསྔོས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། ཁམས་གསུམ་གྱི་བསྡུས་པའི་སྐྱེ་བ་བཞི། ལམ་རྒྱུད་ལྔ། རིགས་དྲུག་གི་སེམས་ཅན་མ་ལུས་པར་བསྔོ་ཞིང་འབུལ་བས། སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུང་ཅིག དེ་ཡི་མཐར་གོང་ལྟར་ཆོས་སྦྱིན་བྱ། ༈ །དོན་གཉིས་པ་གཏང་རག་གི་མཆོད་པ་འབུལ་བ་ནི། མཆོད་པའི་རྫས་གཟུངས་སྔགས་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ་མཆོད་སྔགས་ཙམ་གྱིའམ། རབ་འབྱམས་རྒྱ་མཚོ་ལྟ་བུའི་ཚིག་གང་འདོད་ཀྱིས་འབུལ་ཞིང་། ལྷ་དང་ལྷ་མིན་ཅོད་པན་ནམ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཡང་བྱ། །གཞན་དུ་བཟང་སྤྱོད་ཀྱི་ཡན་ལག་བདུན་པ་གཏང་རག་ཚུལ་དུ་བྱ་ཡང་གསུངས་པས་ཇི་བདེ་བྱའོ། །མཐར་ཐལ་མོ་སྦྱར་ལ། ༈ བླ་མ་རྗེ་བཙུན་སྒྲོལ་མ་ལྷ། །སངས་རྒྱས་བྱང་སེམས་ཚོགས་མ་ལུས། །ཡབ་ཡུམ་སྲས་སློབ་ཉེ་གནས་དང་། །འཁོར་གཡོག་བཅས་ཏེ་བདག་ལ་དགོངས། །བདག་ཅག་སློབ་དཔོན་སློབ་མ་བཅས། །བྱང་ཆུབ་ཆེ་འབྲས་མྱུར་ཐོབ་སྟེ། །མཁའ་མཉམ་སེམས་ཅན་མ་ལུས་པའི། །སྡུག་བསྔལ་མྱུར་དུ་ཟད་གྱུར་ཅིག །མ་བསྒྲལ་སྒྲོལ་དང་མ་གྲོལ་དགྲོལ། །དབུགས་མ་འབྱིན་རྣམས་དབུགས་དབྱུང་ནས། །འགྲོ་ཀུན་མྱང་འདས་སར་བཀོད་པའི། །ནུས་པ་ཐོགས་མེད་ཐོབ་གྱུར་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསླབ་གཞི་མཐའ་དག་སློབ་བྱས་ཤིང་། །རླབས་ཆེན་བྱང་ཆུབ་སྤྱོད་པ་ལ། །ཚད་མེད་མཐུ་སྟོབས་ལྡན་གྱུར་ཅིག །དེ་ལྟར་བདག་གཞན་དགེ་བའི་ཚོགས། །བྱང་ཆེན་འབྲས་བུའི་ཆེད་བསྔོས་བཞིན། །མི་ཉམས་བསླུ་མེད་ཚེ་རབས་རྟག །རྗེ་བཙུན་སྒྲོལ་མས་བསྲུང་གྱུར་ཅིག །དགེ་བ་བསྔོ་བ་ཡང་བྱའོ། ༈ དེ་ནས་གསུམ་པ་ལྷག་ཆད་ཁ་བསྐང་བ་ནི། དབྱངས་གསལ་ཡིག་བརྒྱ་རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་མམ་བདུན་བརྗོད་ཅིང་། ཨོཾ་བཛྲ་ས་ཏྭ་ཧཱུྃ། བརྒྱ་རྩ་བརྒྱད་བཟླ། ༈ བཞི་པ་བཟོད་པར་གསོལ་བ་ནི། མ་འབྱོར་པ་དང་ཉམས་པ་དང་། གང་ཡང་བདག་རྨོངས་བློ་ཡི་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། ༈ བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་བསམ་པ་ཉོན་མོངས་པ་ཅན་གྱི་བྱིང་རྒོད་དབང་དུ་གྱུར་ནས་ཏིང་ངེ་འཛིན་མ་གསལ་བ་དང་། །ཡོ་བྱད་མ་ཚང་ཞིང་མཆོད་ཚོགས་ཉུང་ལ་གཙང་སྤྲས་མ་ཕྱེད་པ་དང་། །སྔགས་མ་དག་ཅིང་ཆོ་ག་ལྷག་ཆད་ནོར་འཁྲུལ་སོགས་ནོངས་པའི་ལས་ཅི་མཆིས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་ན་འཕྲལ་ཡུན་སྒྲིབ་པར་མི་འགྱུར་བ་དག་ཚངས་དུ་དབུགས་དབྱུང་ཞིང་ལས་དང་དངོས་གྲུབ་ཐོགས་པ་མེད་པ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད་དོ། ། ༈ ད་ནི་དོན་གཉིས་པ་བསྡུད་རིམ་རྒྱས་གདབ་ལ་གསུམ་གྱི། དང་པོ་བསྡུད་རིམ་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུ༔ ཞེས་པས་ཡེ་ཤེས་པ་རང་བཞིན་གྱི་དབྱིངས་སམ། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་བདག་གི་དཔྲལ་བར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། འཛིག་རྟེན་པ་རྣམས་རང་གནས་སུ་གཤེགས་སུ་གསོལ་ལོ། །ཡང་ཡེ་ཤེས་པ་རྣམས་རྟེན་ལ་སུ་པྲ་ཏིཥྛས་བརྟན་བཞུགས་བྱས་ན་རབ་ཏུ་གནས་པ་ཡང་དག་ཏུ་འགྱུར་རོ། ༈ །གཉིས་པ་སྨོན་ལམ་གྱི་རྒྱས་གདབ་པ་ནི། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པོ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གང་གི་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག །རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཞིང་། །བྱང་ཆུབ་སྤྱོད་པ་ཀུན་དུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་བ་ཀུན་ཏུ་སྤྱོད་པར་ཤོག །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་དེ་དེ་བཞིན་དུ་བགྲུབ་པར་གྱུར་ཅིག །ཅེས་སོགས་སྨོན་ལམ་རྣམ་པར་དག་པར་བྱའོ། ༈ །གསུམ་པ་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་པ་ནི། །སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པར་གསུང་ཞིང་རྫུན་མེད་པ། །བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །བདག་ཅག་དཔོན་སློབ་རྒྱུ་སྦྱོར་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། ཞེས་མེ་ཏོག་ཆར་དུ་འབེབ་པོ། དེ་ནས་ལས་ཀྱི་རྗེས་བསྡུ་ཞིང་མཆོད་པ་རྣམས་གཙང་སར་གཤེགས་པའམ་ཡང་ན་སྔགས་ཀྱི་བྱིན་གྱིས་བརླབས་ནས་དངོས་གྲུབ་ཏུ་བྱའོ། །དེ་ལྟར་སྒྲོལ་མ་ལ་འདོད་དོན་གསོལ་འདེབས་ཀྱི་ཆོ་ག་སྤྱིར་ནི། གུ་རུ་པདྨ་འབྱུང་གནས་དང་། དམ་པ་རྒྱ་གར་དང་། ཤཱཀྱ་ཤྲཱི་ནས་བརྒྱུད་པ་ཡོད་ཅེས་ཁ་ཅིག་ནས་གསུང་ཡང་བདག་གི་ནི་དེ་རྣམས་ནས་བརྒྱུད་པའི་མཎྜལ་བཞི་པའི་ཆོ་ག་རྐང་ཚུགས་པ་སྔར་གསལ་བར་མ་མཐོང་ལ། ད་ལྟ་ཡོངས་སུ་གྲགས་པ་ནི་ཇོ་བོ་རྗེ་མར་མེ་འཛད་དཔལ་ཡེ་ཤེས་ཞབས་རྣམས་ནས་བརྒྱུད་པ་སྟེ། དེ་ཡི་རྗེས་འབྲང་སྲོལ་བྱེ་བྲག་བདག་གིས་མཐོང་བར། ས་ལུགས་དང་། སྣར་ཐང་ལུགས་དང་། ཀཾ་ཚང་ལུགས་ཏེ། དེ་ལས་ཀཾ་ཚང་ལུགས་རྗེ་མཁའ་སྤྱོད་པས་མཛད་པ་དེ་ནི་ཇོ་བོ་རྗེ་ནས་བརྒྱུད་ཀྱང་ཆོ་གའི་རྣམ་གྲངས་གཞན་རྣམས་དང་མི་འདྲ་བ་ཆེས་པས་སྲོལ་གུད་པ་ཞིག་གོ །ལྷག་མ་གཉིས་ནི་ཆོ་གའི་བྱིང་འདྲ་བ་ལ་དེང་དུས་ཀུན་ལ་ཁྱབ་ཆེས་པ་ནི། །ས་སྐྱ་རྗེ་བཙུན་རིན་པོ་ཆེ་དང་བླ་མ་དམ་པའི་ཡིག་ཆ་ཡིན་ལ་ཡི་གེ་གཞན་ཕལ་ཆེར་དེ་ཡི་རྗེས་སུ་འབྲང་བར་སྣང་ངོ། །སྣར་ཐང་ནས་བརྒྱུད་པ་ནི། ཇོ་བོ་རྗེ་ནས་པཎྜི་ཏ་དཱ་སེམས་དཔའ་ཆེན་པོ་ནས་བརྒྱུད་པ་དང་། དགོན་པ་བ་ནས་བརྒྱུད་པ་གཉིས་སྣར་ཐང་བ་མཆིམས་ནམ་མཁའ་གྲགས་ལ་འདུས་ཤིང་། དེ་ཡི་སློབ་མས་བྱས་པའི་སྣར་ཐང་བའི་ཡི་གེ་དངོས་དང་། དེ་རྗེས་སུ་འབྲངས་བའམ་དེ་དང་མཐུན་པའི་ཡི་གེ་ཡང་ཐོ་རེ་འདུག་མོད། དེ་དག་ལས་འདིར་བཀོད་པ་ནི་གཞུངས་ཀྱི་ངོ་བོ་སྣར་ཐང་པའི་ཡི་གེ་ཇི་བཞིན་པ་རྩ་བའི་གཞིར་བཞག་སྟེ། ཁ་བསྐང་འོས་ཀྱི་རིམ་པ་རྣམས་རྗེ་བཙུན་ས་སྐྱ་པའི་ཡི་གེ་དང་གུང་བསྟུན་ནས་ཡོངས་ཁྱབ་ཀྱི་ངག་འདོན་ཚོ་ཡང་མ་ཆད་པར་བྱས་ལ། གཞན་ཁུངས་དང་ལྡན་པའི་ཚིག་རྒྱས་བསྡུས་གསལ་མ་འཛིངས་ཤིང་ནོར་འཁྲུལ་མེད་པའི་ལག་ལེན་བདེ་བར་སྙིང་པོ་དྲིལ་ནས། དང་པོའི་བློ་ཅན་རྣམས་ལ་འཇུག་པ་སླ་ཕྱིར་མ་ཚང་བ་མེད་པ་ཞེབ་མོ་བཀླགས་ཆོག་ཉིད་དུ་ཅི་ནུས་སུ་འབད་དེ་ལྷག་པའི་བློས་བཀོད་པར་བྱས་པའོ། སྨྲས་པ། །དེ་ལྟར་རྒྱལ་ཡུམ་རྒྱལ་བ་ཡི། །ཕྲིན་ལས་ཀུན་བདག་ཀུན་གཙོ་མོ། །དཔལ་ལྡན་ལྷག་པའི་ལྷ་ཡི་མཆོག །གང་གི་མཆོད་གསོལ་འདེབས་པའི་ཐབས། ༈ །འདི་ནི་མར་མེ་མཛད་དང་ཡེ་ཤེས་ཞབས་ཀྱི་མན་ངག་ལ། །ལེགས་བརྟེན་དམ་པའི་གཞུངས་བཞིན་གསལ་བར་བདག་བློས་འབད་དེ་བྱས། །སོ་སྐྱེས་བློ་ཡི་ཇི་བཞིན་མ་འཁྲུལ་བཤད་པར་དཀའ་ན་ཡང་། །ལྷ་མཆོག་ཉིད་ལ་གསོལ་འདེབས་མ་ལུས་བྱུང་བས་ཡིད་བདེའི་གནས། ༈ །འདི་བྲིས་དགེ་མཆིས་མ་ལུས་འགྲོར་བསྔོ་བས། །ཀུན་ཀྱང་ཡིད་བཞིན་དོན་ཀུན་ཉེར་གྲུབ་པ། །རྒྱལ་བའི་ཡུམ་གྱུར་འཕགས་མ་སྒྲོལ་མ་ཡི། །གོ་འཕང་ཉིད་ལ་མྱུར་དུ་འཁོད་པར་ཤོག །དེ་ལྟར་འཕགས་མ་སྒྲོལ་མ་ལ་མཆོད་གསོལ་འདེབས་པའི་ཆོག་ཡིད་བཞིན་དོན་ཀུན་གྲུབ་པའི་ལྗོན་ཤིང་ཞེས་བྱ་བ་འདི་ནི། །མང་པོ་ལ་ཕན་སླད་རང་ཡིད་མོས་པའི་སྟོབས་ཀྱིས་ཇི་ནུས་ཀྱི་ལེགས་པར་བཤད་པ་སྟེ། ཀཿཐོག་ལྷོ་རྒྱུད་དུ་སྐྱེས་པའི་ལྷ་རིགས་སྔགས་ཀྱི་རྣལ་འབྱོར་པ་ཚེ་དབང་ནོར་བུའམ། དཔའ་བོ་དོན་གྲུབ་རྡོ་རྗེས་རང་ལོ་བཞི་བཅུའི་བགྲང་བྱར་འཁོད་པའི་སྐབས་ཤར་ཕྱོགས་ཀོང་ཡུལ་ཉང་ཁ་རི་ཁྲོད་གྲུབ་པའི་བསྟི་གནས་འབོལ་ཆུ་མིག་ཏུ་དོན་གྲུབ་ཅེས་ས་མོས་ལུག་གི་ལོ་དཔྱིད་ཟླ་ར་བ་སྤོ་ཡིས་ཉ་བའི་དཀར་ཕྱོགས་དགའ་བ་དང་པོར་དབུ་བརྩམས་ནས། ཀུན་མཁྱེན་དོལ་པོ་པའི་དུས་ཆེན་ཚེས་དྲུག་གི་ཉིན། འཕགས་པའི་སྐྱེས་བུ་རྣམས་ཀྱི་ཕྲིན་ལས་གང་མི་མཐུན་པའི་ཕྱོགས་ལས་གྲོལ་ཏེ། སྙན་པའི་ལང་ཚོ་གསར་དུ་བཞེང་བ། ས་སྐྱོང་རྒྱལ་པོ་ཆེན་པོ་དག་གིས་བསྔགས་པའི་གཏམ་འབྱོར་པ་དང་མཚུངས་པ་ཉིད་དུ་གྲུབ་པ་ཡང་ལེགས་པའི་རྟེན་འབྲེལ་འཕེལ་བའི་རང་བཞིན་དུ་མཐོང་ལ། ཡི་གེ་པ་ནི། རང་གི་སློབ་མ་དད་པ་ཅན་དགེ་སློང་ཀུན་བཟང་གཞན་ཕན་ནོ། །དཔལ་ལྡན་དོན་ཀུན་གྲུབ་པ་ཉིད། །རང་བཞིན་ལྷ་མོ་སྒྲོལ་མ་གང་། །དགྱེས་པས་འདོད་དོན་རིན་ཆེན་གཏེར། ཉེར་སྤྱོད་འདི་ཀོ་རྒྱས་གྱུར་དགེ །། དགེའོ།། མདྒ་ལཾ། ༈ སྭ་སྟི། སྒྲོལ་མ་མཎྜལ་གྱི་ཆོ་ག་འདི་ཉིད་ཀྱི་སྐབས་སུ་ཡིག་རྙིང་ཚོར་སྔགས་རྣམས་དང་འདོད་གསོལ་སྤེལ་ཚིག་ལེགས་སྦྱར་སྐད་དུ་བསྒྱུར་འོས་རྣམས་ལ་མ་དག་པ་ཕྲན་བུ་འདུག་པས་ཁྱོད་ཀྱི་ལྷག་པར་བཅོས་དགོས་ཞེས། སྐྱབས་མགོན་རིག་པ་འཛིན་དབང་དེ་ཉིད་ནས་བཀའ་གནང་སྤྱི་བོར་ཕེབ་པ་བཞིན། སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ཤིང་སྤྲེལ་ལོ་འདི་ཉིད་པར་དུ་འཁོད་སྐབས་ཇི་ལྟར་ནུས་བཞིན་ཞུས་དག་ཀྱང་ལེགས་པར་གྲུབ་པ་ལགས་སོ།། །ཤུ་བྷམ། ༈ ཨོཾ་སྭ་སྟི། བརྟན་གཡོའི་བཅུད་ཀུན་བརྟས་པའི་གོ་ས་ན། །རྡོ་རྗེའི་ལང་ཚོ་རྫོགས་པའི་མཚར་སྡུག་འཆང་། །སྲིད་ཞིའི་བདེ་ལེགས་སྦྱིན་མཛད་རྗེ་བཙུན་མས། །འཆི་མེད་ཚེ་ཡི་འཁྲི་ཤིང་བརྟན་གྱུར་ཅིག །གང་དེའི་ཆོག་གཞུང་ལུགས་རྣམས་ཀུན་གྱི་བཅུད། །ཕྱུངས་ཏེ་ཀཿཐོག་རིག་འཛིན་ཆེན་པོ་ཡིས། །དཀྱུས་སུ་བསྡབས་པའི་ངོ་མཚར་བྱེ་བའི་དཔྱིད། །འོག་མིན་རུམ་དགོན་ཀརྨའི་ཆོས་སྒར་ཆེར། །ལེགས་བྱས་ཕྱི་མོའི་ཟླ་སྣང་ཤར་བའི་མོད། །ཕྱོགས་བཅུའི་བདེ་ལེགས་ཆུ་སྐྱེས་འཛུམ་ཕྲེང་རྩེར། །རྟག་ཆགས་སྐྱེ་དགུ་བྷྲ་མ་ར༔ཡི་སྙིང་། །ཡོངས་སུ་ཚིམ་ནུས་དགའ་སྟོན་འཕེལ་གྱུར་ཅིག །ཞེས་པ་འདིའང་ལྔ་བདོའི་དུས་རྒྱལ་བའི་གསུང་རབ་རྣམས་ཉམས་ལ་ཉེ་བའི་སྐབས། ལྷག་བསམ་རྣམ་པར་དཀར་བའི་བློས་ཉེ་བར་བླངས་ཏེ་རྗེ་བཙུན་སྒྲོལ་ལྗང་མཎྜལ་བཞི་ཆོ་ག་འདི་ཉིད་སྤར་དུ་བསྐྲུན་སྐབས་སྤར་བྱང་སྨོན་ཚིག་ཏུ་མཐོན་མཐིང་ཅོད་པཎ་འཆང་བ་དཔལ་ཀརྨ་པའི་སྐྱེས་རབས་བཅུ་དྲུག་པས་བྲིས་པ་འདིས་ཀྱང་རྒྱལ་བསྟན་གོང་འཕེལ་འགྱུར་བའི་རྒྱུར་གྱུར་ཅིག །སརྦ་མདྒ་ལཾ།། །།