གསུམ་པ། ཐེག་པ་སོ་སོའི་འདོད་གཞུང་བསྟན་པའི་ལེའུ།
དེ་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་དབྱེ་བ་སོ་སོར་བཤད་པ་ལ་གཉིས་ཏེ། ཐེག་པ་སྤྱིའི་འབྲེལ་དགོད་པ་དང་། བྱེ་བྲག་སོ་སོར་བསྟན་པའོ། །དང་པོ་ནི་རང་རང་གི་འབྲས་བུ་ལ་དམིགས་ཏེ་གཞུང་ལུགས་ཀྱི་རྣམ་པར་གཞག་པ་ཚད་མེད་དེ། སྐྱེས་བུའི་བློ་རྟོག་མ་ཟད་རིང་ལ་མིང་ཚིག་ཡི་གེའི་རྣམ་གྲངས་དང་། ཡིད་དཔྱོད་ལ་ཟད་པ་མེད་པས་འདོད་པ་ཐ་དད་དུ་བཞག་པར། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེའང་ཇི་ལྟར་ཞེ་ན་དེ་ཉིད་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །རང་སངས་རྒྱས་ཀྱི་ཐེག་པ་དང་། །ཐེག་པ་ཆེན་པོ་ཞེས་བྱ་བའི། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་པས། ལྷའི་ཐེག་པ་དགེ་བ་བཅུ་དང་། ཚངས་པའི་ཐེག་པ་བསམ་གཏན་བཞི་སྟེ། སོར་གཞག་ལྷ་དང་མིའི་ཐེག་པ་ཞེས་བྱའོ། །ཉན་ཐོས་ཀྱི་ཐེག་པ་བདེན་པ་བཞི་དང་། རང་སངས་རྒྱས་ཀྱི་ཐེག་པ་རྟེན་འབྲེལ་བཅུ་གཉིས་དང་། ཐེག་པ་ཆེན་པོ་བདག་མེད་པ་གཉིས་ཀྱིས་བསྡུས་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའོ། །དེ་བཞིན་དུ་གསང་སྙིང་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་ཞེས་པ་སྟེ། གསང་སྔགས་དང་ལྔར་བཤད་པ་དེ་ཉིད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་སོ། །དེའང་ཐམས་ཅད་བླ་ན་མེད་པ་བྱང་ཆུབ་ཀྱི་ཐེག་པ་གཉིས་(༢༩)ལས་བྱུང་ཞིང་འདུ་ལ། མཐར་ཐུག་གི་གཉེར་བྱའི་དོན་དུ་བྱས་ཏེ་ཐེག་པ་གཅིག་ཏུ་བཞག་སྟེ། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ་ཞེས་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆུང་ལས། ཐེག་པ་གསུམ་རྣམ་པར་གཞག་པ་ནི། དགོངས་པ་ཅན་ཡིན་གྱིས་མཚན་ཉིད་པ་ནི་མ་ཡིན་ནོ་ཞེས་བྱུང་བས། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པ་ཅན་ཡིན་ཏེ་ཞེས་སོ། །ཐེག་པ་ཆེན་པོ་དང་ཆུང་ངུ་གཉིས་སུ་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ཐེག་པ་ནི་གཉིས་ཏེ་ཆུང་ངུ་དང་ཆེན་པོའོ་ཞེས་སོ། །གསུམ་དུའང་བཤད་དེ་ཡུམ་སྙིང་པོ་མཆོག་ལས། རབ་འབྱོར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ་ཞེས་སོ། །རྒྱུའི་ཐེག་པ་གསུམ་གསང་སྔགས་ཀྱི་ཐེག་པ་དང་བཞིར་བཤད་དེ། འཇམ་དཔལ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་སོ། །དེ་བཞིན་དུ་མཐའ་ཡས་པའི་བར་དུ་གསུངས་ལ། ཐེག་པ་མཐའ་ཡས་པས་གྲུབ་པའི་མཐའ་ཡང་མཐའ་ཡས་ཏེ། རང་རང་གི་ཐེག་པའི་ལུགས་བསྒྲུབ་པར་བྱེད་པའི་ཕྱིར་རོ། །དེའང་ཕྱི་ནང་གཉིས་སམ་ཆུང་ངུ་འབྲིང་ཆེན་པོ་གསུམ་མམ། རྣམ་པར་དབྱེ་བས་དགུར་ཡང་བཤད་དེ། གསང་སྙིང་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་གཞན་གསང་བའི་དོན་རྣམས་ནི། །ཞེས་པས། མ་རྟོགས་པ་སོར་གཞག་ལྷ་མིའི་ཐེག་པའོ། །དེའང་དགེ་བ་བཅུའི་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཆེ་ཐང་སྤྱད་པའི་འབྲས་བུ་ནི་འདོད་པའི་ལྷ་དང་མིའི་གོ་འཕང་ལ་གནས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས། དགེ་བཅུ་སྤྱད་ཅིང་མི་དགེ་དོར་བ་ཡིས། །འདོད་པའི་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་སོ། །དགེ་བ་བཅུ་དང་བསམ་གཏན་བཞི་སྦྲེལ་ནས་སྤྱད་པས། བསམ་གཏན་པའི་ས་ནི་སེམས་གང་ཐོབ་པ་དེས་བསྒྲུབ་ལ། དེར་འཕེན་བྱེད་ནི་དགེ་བ་བཅུའི་ཤུགས་ཀྱིས་བྱེད་དོ། །ཡང་དེ་ཉིད་ལས། དགེ་བ་བཅུས་འཕེན་བསམ་གཏན་རིགས་བཞི་ཡིས། །བསམ་གཏན་གཟུགས་ཀྱིས་གནས་པ་རིགས་བཞི་བསྒྲུབ། །ཅེས་སོ། །དགེ་བ་བཅུས་འཕངས་པའི་གཟུགས་མེད་བཞིས། གཟུགས་མེད་བཞིའི་གནས་སུ་སྐྱེ་བར། དེ་ཉིད་ལས། དགེ་བཅུས་འཕངས་བའི་གཟུགས་མེད་ཏིང་འཛིན་བཞིས། །ནམ་མཁའ་མཐའ་ཡས་ལ་སོགས་རྣམ་བཞིར་བགྲོད། །ཅེས་སོ། །ལོག་པར་རྟོགས་པ་རྣམས་ནི་མུ་སྟེགས་རྟག་ཆད་དུ་སྨྲ་བ་རྣམས་སོ། །ཕྱོགས་ཙམ་གང་ཟག་གི་བདག་མེད་དུ་རྟོགས་པ་ཉན་ཐོས་དང་། ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པ་བྱང་ཆུབ་སེམས་དཔའ་སྟེ། གསང་བ་ཟབ་མོ་ལ་རྨོངས་པའི་ཕྱིར་རོ། །འདུལ་བ་བྱ་བ། དགོངས་པ་སྤྱོད་པ། གསང་བ་རྣལ་འབྱོར། རང་(༣༠)བཞིན་གསང་བའི་དོན་བླ་ན་མེད་པའི་རྒྱུད་སྡེའོ། །དེ་བཞིན་དུ་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཅེས་གསུངས་ཏེ། སོར་གཞུག་ལྷ་མིའི་ཐེག་པ་གཉིས། ཕྱི་རོལ་པ་གཉིས། ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས། སེམས་ཙམ་པ་དང་། དབུ་མ་རང་རྒྱུད་པ་གཉིས། དབུ་མ་ཐལ་འགྱུར་པ་དང་། བྱ་བ་དང་སྤྱོད་པ། རྣལ་འབྱོར་དང་མཧཱ། ཨ་ནུ་ཨ་ཏི་དང་བཅོ་ལྔ་སྟེ། རྡོ་རྗེ་སྙིང་པོ་འོད་གསལ་ལྷུན་གྱིས་གྲུབ་པའི་ཐེག་པ་དང་བཅུ་དྲུག་ཏུ་གསུངས་སོ། །ཐེག་པའི་རྣམ་གྲངས་འཇལ་བའི་གྲུབ་པའི་མཐའ་རྣམས་ཀྱི་གྲངས་ནི་མཐའ་གཅིག་ཏུ་མ་ངེས་ཏེ། དབྱེ་བསྡུ་དཔག་ཏུ་མེད་པ་བྱར་ཡོད་ཅིང་། སྔོན་གྱི་རྡོ་རྗེ་འཆང་དང་། གྲུབ་པ་ཆེན་པོ་བརྙེས་པའི་སློབ་དཔོན་མཁས་པ་དག་གིས་མཛད་པའི་ཕྱིར་རོ། །བློ་ཆུང་ཞིང་ཤེས་རབ་ཀྱི་མིག་རྒྱང་ཐུང་བ་དག་གཅིག་ཏུ་ཞེན་ནས། ཐེག་པའི་གྲངས་དང་། གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་རྣམ་གཞག་ལ་དངང་ཞིང་མི་བདེན་ཏོ་ཞེས་སྨྲ་བ་ནི། བ་གླང་ལ་སོགས་པ་མ་ཧེ་དག་བདག་ཅག་དུད་འགྲོ་རྣམས་ནི་རྭ་དང་བཅས་པའི་ཕྱིར། མི་དང་ལྷ་རྣམས་ཀྱང་རྭ་ཅན་ཁོ་ནའོ་ཞེས་འཛིན་པ་བཞིན་ནོ། །དེ་བས་ན་ཐེག་པའི་ཚུལ་རྣམས་ནི། མིང་ཚིག་དང་དོན་གྱི་རྣམ་གྲངས་མཐའ་ཡས་ཤིང་། ལམ་བགྲོད་ཚུལ་དང་ས་དང་ཏིང་ངེ་འཛིན་གྱི་འཇོག་ཚུལ་དཔག་ཏུ་མེད་དེ། ཐམས་ཅད་མཁྱེན་པ་ནི་གང་ཡང་མཁྱེན་ཅིང་གསུང་བའི་ཕྱིར། ལམ་བགྲོད་དུ་ཡོད་པ་དང་མེད་པ་དང་། རྩོལ་བ་དང་བཅས་པ་དང་། རྩོལ་བ་མེད་པ་དང་། ཚེ་གཅིག་གིས་གྲོལ་བ་དང་། བསྐལ་པས་གྲོལ་བ་ལ་སོགས་པ་ནས། གྲུབ་པའི་རྣམ་གཞག་གང་ལ་དགའ་ཞིང་མོས་པའི་བསམ་པ་དང་མཐུན་པའི་ཆོས་གསུངས་ཏེ། ཆོས་ཚུལ་རྒྱ་མཚོ་རྣམས་ལ་དངང་ཞིང་སྐྲག་པས་ལོག་པར་ལྟ་བ་རྣམས་དོར་ནས། དོན་དུ་གཉེར་བས་འཇུག་པར་བྱ་བ་ནི་གདམས་ངག་དམ་པའོ། །
ད་ནི་ཐེག་པ་རྣམས་ཀྱི་བྱེ་བྲག་སོ་སོར་བཤད་པ་ལ་གཉིས་ཏེ། ཕྱི་རོལ་པའི་གྲུབ་མཐའ་མདོར་བསྟན་པ་དང་། ནང་པའི་གཞུང་ལུགས་རྒྱ་ཆེར་དབྱེ་བའོ། །དང་པོ་ནི་ནང་པ་སངས་རྒྱས་པའི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་མུ་སྟེགས་བྱེད་ཀྱི་སློབ་དཔོན་སྔ་མ་དག་རྟོག་གེ་སྡེ་ལྔར་བཞེད་པ་ལས། གྲངས་ཅན་པ་ནི་ཀུན་གྱི་ཕྱི་མོར་འདོད་པ་ཉིད་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས། །དེ་དབྱེ་དེ་དབྱེ་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཅེས་སོ། །དེ་ལ་གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་བཞི་ནི་རྟག་པར་ལྟ་བ་ཡིན་ལ། ཕུར་བུ་པ་ནི་ཆད་པར་སྨྲ་པའོ། །དང་པོ་གྲངས་ཅན་པ་ནི་སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་སུ་བྱུང་སྟེ། དཀའ་ཐུབ་ལས་གྲོལ་བ་ཐོབ་པའི་དྲང་སྲོང་སེར་སྐྱ་ཞེས་བྱ་བ་བྱུང་སྟེ་བསྟན་བཅོས་མང་དུ་བརྩམས་པ་ལས། དེའི་གྲུབ་མཐའ་(༣༡)འཛིན་པའི་སློབ་མ། བ་ར་དྷྭ་ཛ་དང་། ཆུར་ལྷུང་གི་བུ་གཉིས་བྱུང་བའི། བ་ར་དྷྭ་ཛས་ཤེས་བྱ་ཐམས་ཅད་གྲངས་ཉི་ཤུ་རྩ་ལྔར་ངེས་པར་འདོད་ལ། ཆུར་ལྷུང་གི་བུས་ཉི་ཤུ་རྩ་ལྔ་པོའི་གནས་ལུགས་ཀྱང་སྟོང་པར་འདོད་པ་ལ། སེར་སྐྱ་པ་ཞེས་བཏགས་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གྲངས་ཅན་པ་རྣམས་ཡོན་ཏན་སྨྲ། །སེར་སྐྱ་པ་རྣམས་སྟོང་པར་འདོད། །ཅེས་སོ། །དབྱེ་ན་གྲངས་ཅན་པ། སེར་སྐྱ་པ། ཡོན་ཏན་གསུམ་པ་ཞེས་བྱའོ། །དེའང་གཞུང་རྣམས་ཀྱི་ཕྱི་མོ་གྲངས་ཅན་པ་དག །ཤེས་བྱ་ཐམས་ཅད་བདག་དང་། གཙོ་བོ་གཉིས་སུ་འདུས་པར་འདོད་པ་འདི་ལ་དོན་ལྔ་སྟེ། བདག་དང་གཙོ་བོ་དང་། དེ་དག་ཤེས་པར་བྱེད་ཚུལ་དང་། མ་ཤེས་པའི་ཉེས་དམིགས་དང་། ཤེས་པའི་ཕན་ཡོན་ནོ། །དང་པོ་ནི། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟག །ཅེས་པས། བདག་ནི་སེམས་ཅན་གྱི་སྐྱེས་བུ་སྟེ། ཤེས་པ་ཡིན་པ། རྟག་པ་གཅིག་པུ་པ། བྱ་བྱེད་དང་བྲལ་བ། ཡུལ་ལ་ལོངས་སྤྱོད་པས་ཟ་བ་པོ་ཡིན་པ། རང་བཞིན་རྒྱུའི་གཙོ་བོའི་ཁུག་མ་ན་གནས་པས། སུས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་དང་ཆོས་ལྔ་ལྡན་པའོ། །གཙོ་བོ་ལ་གཉིས་ལས། རང་བཞིན་རྒྱུའི་གཙོ་བོ་ནི་བདེ་བ་སྡུག་བསྔལ་བཏང་སྙོམས་གསུམ་མམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མམ། མིང་གཞན་སྙིང་སྟོབས། རྡུལ་མུན་པ་ཞེས་བྱ་བའི་ཡོན་ཏན་གསུམ་ཆ་མཉམ་པ་སྟེ། བེམས་པོ་ཡིན་པ་རྟག་པ་གཅིག་པུ་པ་རྣམ་འགྱུར་ཐམས་ཅད་སྐྱེད་པའི་རྒྱུ་བྱེད་པ། སུས་ཀྱང་མ་བསྐྱེད་པ། དྲང་སྲོང་སེར་སྐྱས་ཀྱང་མི་མཐོང་བའི་ལྐོག་ཏུ་གྱུར་པ་སྟེ་ཁྱད་པར་ལྔ་ལྡན་པའོ། །རྣམ་འགྱུར་འབྲས་བུའི་གཙོ་བོ་ནི་ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ལ། ཆ་མཉམ་པ་མ་ཡིན་པས་གནས་སྐབས་མི་རྟག་པ་དུ་མར་གསལ་བའི་བེམས་པོ་སྟེ། ཕྱེ་ན་ཉི་ཤུ་རྩ་གསུམ་ལས་དང་པོ་ནི་ཆེན་པོ། བློ། ནང་གི་བྱེད་པ། ཤེས་པ་གསལ་ཞིང་རིག་པའི་བདག་ཉིད་ཅེས་བྱ་བ། མེ་ལོང་ངོས་གཉིས་པ་ལྟ་བུ། ཕྱི་གཟུགས་སོགས་ཡུལ་ལྔ་འཛིན་པ་དང་། ནང་བདེ་སྡུག་བཏང་སྙོམས་རིག་པའི་ཆ་ཅན་ནམ་རྣམ་པ་ཅན་ནོ། །དེ་ལས་གཉིས་པ་བདག་སྐལ་པ་དང་ལྡན་པའོ་ཞེས་བདག་གཅིག་ཏུ་རློམ་པའི་ང་རྒྱལ་འབྱུང་སྟེ་དབྱེ་ན་རྡུལ་ལས་གྱུར་པ་དང་། འབྱུང་བ་ལས་གྱུར་པ་དང་། རྣམ་འགྱུར་ལས་གྱུར་པའི་ང་རྒྱལ་གསུམ་ཡིན་ཡང་ང་རྒྱལ་ཞེས་པ་གཅིག་ཏུ་བགྲང་ངོ་། །
དེའང་ང་རྒྱལ་དང་པོས་དབང་པོ་བཅུ་གཅིག་སྐྱེད་དེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། མིག་སྟེ་བློའི་དབང་པོ་ལྔ་དང་། ཁ་དང་ལག་པ་དང་། རྐང་པ་དང་། འདོམས་དང་། བཤང་ཁུང་སྟེ་ལས་ཀྱི་དབང་པོ་ལྔ་དང་། གཉིས་ཀའི་དབང་པོ་ཡིད་དང་བཅུ་གཅིག་གོ། །ང་རྒྱལ་གཉིས་པས། སྒྲ། དྲི། རོ། རེག །ཁ་དོག་དེ་ཙམ་སྟེ་ལྔ་སྐྱེད་དོ། །དེ་དག་ལས་འབྱུང་བ་ལྔ་རིམ་པ་བཞིན་སྐྱེད་དེ། ནམ་མཁའ། ས། ཆུ།(༣༢) རླུང་། མེ་སྟེ་ལྔའོ། །དེའང་སྒྲ་ནམ་མཁའི་ཡོན་ཏན་ཅེས་པ་ལ་སོགས་པ་འབྱུང་ངོ་། །ང་རྒྱལ་གསུམ་པས་དེ་གཉིས་ཀྱི་མཚུངས་ལྡན་ནམ་གྲོགས་བྱེད་ཀྱི། འབྲས་བུ་གུད་པ་ནི་མི་སྐྱེད་དོ། །དོན་དེ་དག་དབང་ཕྱུག་ནག་པོའི་གཞུང་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཡིན། །དེ་ལས་བཅུ་དྲུག་གི་ནི་ཚོགས་རྣམས་སོ། །བཅུ་དྲུག་པོ་ཡང་དེ་དག་རྣམས་ལས་ཀྱང་། །དབང་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་སོ། །དེ་ལྟར་ཉི་ཤུ་རྩ་བཞི་ལས། དེ་དག་གི་རང་བཞིན་ནི་དོན་དམ་པ་དང་། རྣམ་འགྱུར་ཉི་ཤུ་རྩ་གསུམ་ཀུན་རྫོབ་ཏུ་འདོད་དེ། ཡོན་ཏན་གསུམ་གྱི་ཡོན་ཏན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་འགྱུར་བ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །དེ་དག་ནི་གཙོ་བོ་བེམས་པོ་ཉི་ཤུ་རྩ་བཞིའོ། །བདག་དང་ཉི་ཤུ་རྩ་ལྔ་ནི་ཤེས་བྱ་བདེན་པ་གཉིས་སུ་འདུས་ཤིང་ཤེས་པར་བྱ་བའི་དོན་ཏོ། །དེ་དག་ཤེས་པར་བྱེད་པའི་ཚུལ་ལ་གཉིས་ཏེ། རྒྱུ་དང་འབྲས་བུའི་བསྐྱེད་ཚུལ་ཤེས་པར་བྱ་བ་དང་། སྐྱེས་བུས་གཙོ་བོ་ལ་ལོངས་སྤྱོད་པ་ཤེས་པར་བྱེད་ཚུལ་ལོ། །དང་པོ་ནི་རང་བཞིན་རྒྱུ་ཁོ་ན་ཡིན་ལ། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་སྟེ་བདུན་རྒྱུ་ཡིན་ཞིང་། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་འབྲས་བུ་ཁོ་ནར་འདོད་ཅིང་། སྐྱེས་བུ་རྒྱུ་འབྲས་གཉིས་ཀ་མ་ཡིན་པར་འདོད་དེ། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་བ་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པ་མིན། །ཅེས་སོ། །སྐྱེ་ཚུལ་རང་ཁོ་ན་ལས་སྐྱེ་བས། རྒྱུ་འབྲས་བདག་གཅིག་པར་འདོད་དོ། །བསྐྱེད་ལུགས་ཀྱང་སྔར་ཡོད་གསལ་བར་བྱས་པ་ཙམ་ཡིན་གྱིས་སྔར་མེད་གསར་དུ་བསྐྱེད་པ་མི་འདོད་དོ། །འཇིག་ཚུལ་ཡང་གནས་སྐབས་ཉེ་བར་ཞི་བའམ། གསལ་བ་བསྐལ་པ་ཙམ་ལས། རང་བཞིན་གཏན་འཇིག་གི་མི་རྟག་པ་མི་འདོད་དོ། །སྐྱེས་བུའི་གཙོ་བོ་ལ་ལོངས་སྤྱོད་ཚུལ་ནི། བདེ་སོགས་མི་གསལ་བ་གཙོ་བོའི་རང་བཞིན་དུ་ཡོད་ལ། གསལ་བ་ནི་ཚན་པ་གསུམ་སྟེ། ཕྱི་རོལ་སྒྲ་སོགས་ཀྱི་བདེ་སོགས། བློ་ངོ་བོ་ཉིད་ཀྱི་བདེ་སོགས། དེ་ལ་ཤར་བ་ཡུལ་གྱི་གཟུགས་བརྙན་གྱི་བདེ་སོགས་སོ། །དེ་དག་ལ་ལོངས་སྤྱོད་བྱེད་ན་ཤེས་རིག་སྟེ། སྤྱོད་ཚུལ་ནི་ཁ་ཕྱིར་བལྟས་ཀྱི་བློའི་མེ་ལོང་གི་ངོས་གཅིག་ལ་སྒྲ་སོགས་ཡུལ་གྱི་གཟུགས་བརྙན་ཤར། ནང་བལྟས་ཀྱི་ངོས་ལ་ཤེས་རིག་གི་གཟུགས་བརྙན་ཤར་བ་གཉིས་འདྲེས་པ་སྤྱོད་པའི་དོན་དུ་འདོད་དེ། བློ་ལ་ཤར་བ་སྐྱེས་བུས་ཤེས་པར་བྱེད་དོ་ཞེས་པ་དང་། ཇི་ལྟར་འོ་མ་སེམས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་བཞིན་གཙོ་བོ་སྐྱེས་བུ་རྣམ་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཅེས་པ་དང་། སྐྱེས་བུ་ཉེ་བར་སྤྱོད་པ་དག །བསྒྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟད་མོ་པ་དག་གྲུབ་པའི་ཕྱིར། །གར་གྱི་ལྟད་མོ་བྱེད་པ་བཞིན། །(༣༣)ཅེས་སོ། །དེ་ལྟ་བུའི་དོན་མ་ཤེས་པའི་ཉེས་པ་ནི། གཙོ་བོ་རང་བཞིན་དང་། གནས་སྐབས་འགྱུར་བའི་རྣམ་འགྱུར་ལ། བདག་གི་རྣམ་པར་བཟུང་ནས་འགྱུར་བར་བཟུང་བས་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བར་འཁྱམས་པར་འདོད་དེ། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་བསྒྲིབ་ཕྱིར་ཕྱིན་ཅི་ལོག་སེམས་ཀྱིས། །བདག་གིས་བྱས་ཞེས་མི་མཁས་སེམས་པ་ཡིན། །རྩ་འགྲུགས་བྱེད་པའི་ནུས་པའང་ཡོད་མ་ཡིན། །ཅེས་པ་དང་། སྐྱེས་བུ་འདི་ནི་དོན་དམ་དུ། །རྟོག་པ་དག་པའི་རང་བཞིན་ཏེ། །རང་བཞིན་དེ་ལྟར་མ་ཤེས་པའི། །རྨོངས་པ་རྟག་ཏུ་འཁོར་བར་འཁྱམ། །ཞེས་སོ། །དེའང་གཙོ་བོའི་རྣམ་འགྱུར་ཉི་ཤུ་རྩ་བཞི་པོ་རྣམས་སྒྱུ་མ་ལྟར་ཀུན་རྫོབ་ཏུ་སྣང་བ་ལ། བདག་ཏུ་ཞེན་ནས་བདེན་པར་བཟུང་བས་འཁོར་བར་འཁྱམས་པ་ལ། བདག་གི་རང་བཞིན་བྱ་བྱེད་དང་བྲལ་བ་རྟག་པ་ཁྱབ་པ་གཡོ་བ་མེད་པ་ནི་དོན་དམ་པའི་བདེན་པ་སྟེ་ཤེས་ནས་དེའི་ངང་ལས་མི་གཡོ་བ་དག་གྲོལ་བར་འདོད་པའོ། །དོན་དེ་དག་ཤེས་པའི་ཕན་ཡོན་ནི་གྲོལ་བ་འགྲུབ་པ་སྟེ། དེ་ཙམ་ཉི་ཤུ་རྩ་ལྔ་ཤེས་ན། རལ་བའམ་སྤྱི་བོ་གཙུག་ཕུད་དམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །བསྟི་གནས་གང་དུ་དགའ་བ་དེར། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །
གཉིས་པ་དབང་ཕྱུག་པ་ནི། ལྷ་དབང་ཕྱུག་ཆེན་པོས་རྒྱུད་སྡེ་མང་དུ་གསུངས་པ་ལས། སློབ་མ་རྐང་མིག་པ་དང་། གཟེགས་ཟན་པ་གཉིས་སོ། །དེའང་དྲང་སྲོང་གཅིག་ཨུ་མ་བསྲུང་དུ་བཅུག་པ་དེས། ཆགས་པ་སྐྱེས་ནས་དཀའ་ཐུབ་ལས་ཉམས་ཀྱིས་དོགས་ནས། ཨུ་མའི་རྐང་པ་ལ་མིག་བལྟས་ནས་རང་གི་དཀའ་ཐུབ་བསྒྲུབས་པས་གྲུབ་པའི་ཕྱིར། རྐང་མིག་པ་ཞེས་བྱ་བ་དེས་བརྩམས་པའི་རིག་པའི་ལྟ་བ་ཞེས་བྱ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་རིག་པ་ཅན་པ་ཟེར། འབྲས་ཀྱི་ཟེ་ཁ་རེ་ཟོས་ནས་དཀའ་ཐུབ་བྱས་པས། གཟེགས་ཟན་པ་ཞེས་བྱ་བས་བརྩམས་པའི་བྱེ་བྲག་གསལ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་བྱེ་བྲག་པ་ཞེས་བྱའོ། །འདི་དག་འགྲོ་བའི་བདེ་སྡུག་དང་། འཁོར་བ་དང་གྲོལ་བ་ཐམས་ཅད་དབང་ཕྱུག་མ་མཉེས་པ་དང་མཉེས་པས་བྱས་པར་འདོད་དེ། འགྲོ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཅེས་སོ། །དེའང་མཆོད་སྦྱིན་གྱི་ཚེ་གང་ཕུལ་བ་དེ་ཚེ་འདིར་ཐོབ་ལ། དེ་དག་ཕྱི་མར་བདག་གི་འཁོར་དུ་མཐོ་རིས་སུ་སྐྱེ་བར་འདོད་དེ། བྲམ་ཟེ་འདོད་ལ་བྲམ་ཟེ་དང་། །རྒྱལ་རིགས་འདོད་ལ་རྒྱལ་རིགས་དང་། །ནོར་རྣམས་འདོད་ལ་ནོར་རྣམས་ཀྱི། །མཆོད་སྦྱིན་དམ་པ་ཡང་དག་བརྩམ། །ཞེས་སོ། །ལྷ་མཉེས་པའི་དོན་དུ་རང་གི་ལུས་སྦྱིན་སྲེག་བྱས་པས་གྲོལ་བར་སྨྲའོ། །འདི་དག་གི་གཞུང་འཛིན་པ་དག་ལ། དབང་ཕྱུག་པ། འུག་ཕྲུག་པ། དོན་དྲུག་པ་ཞེས་བྱའོ། །འདི་དག་(༣༤)ནི་གྲུབ་པའི་མཐའ་ཐམས་ཅད་དོན་དྲུག་ཏུ་རིག་པས་དཔྱད་དེ་འདུས་པར་འདོད་པས། རིག་པའི་ཕྱོགས་ལ་བརྟེན་པའོ། །དེ་ལ་དོན་དྲུག་ནི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་སོ། །དེ་ལ་རྫས་ནི་དགུ་སྟེ། བདག །དུས། ཕྱོགས། ཡིད། ནམ་མཁའ་སྟེ་རྟག་པའི་རྫས་ལྔ་དང་། ས་ཆུ་མེ་རླུང་སྟེ། མི་རྟག་པའི་རྫས་བཞིའོ། །རྫས་ལ་བརྟེན་པའི་ཡོན་ཏན་ནི། ཉི་ཤུ་རྩ་ལྔ་ལས། བདག་གི་རྫས་ལ་བརྟེན་པ་བཅུ་གསུམ་ནི། བདེ་བ། སྡུག་བསྔལ། བར་མ། ཆོས། ཆོས་མ་ཡིན་པ། འདུས་བྱས་པ། འབད་པའི་ཤུགས། རྣམ་ཤེས་དྲུག་གོ། །དུས་དང་ཕྱོགས་ལ་བརྟེན་པ་བདུན་ནི། གྲངས་དང་བོངས་ཚོད་གཉིས། ཕྲད་པ་དང་བྱེད་པ་གཉིས། གཞན་དང་གཞན་མ་ཡིན་པ་གཉིས། སོ་སོ་བའོ། །ཡོན་ཏན་ནི་རྣམ་པ་ལྔ་སྟེ། སྒྲ་ནམ་མཁའི་ཡོན་ཏན། དྲི་སའི། རོ་ཆུའི། རེག་བྱ་རླུང་གི། ཁ་དོག་མེའི་ཡོན་ཏན་ནོ། །ལས་ནི་ལྔ་སྟེ། འདེགས་འཇོག་གཉིས། བརྐྱང་བསྐུམ་གཉིས། འགྲོ་བའོ། །སྤྱི་ནི་གཉིས་ཏེ། ཁྱབ་པ་དང་། ཉི་ཚེ་བའོ། །བྱེ་བྲག་ནི་ཕན་ཚུན་འདྲེ་བར་མི་བྱེད་པའི་ཆོས་སོ། །འདུ་བ་ནི་རྫས་དང་ཡོན་ཏན་འབྲེལ་བར་བྱེད་པའོ། །དེའང་བདག་ནི་རྟག་པ་གཅིག་པུ་ཐམས་ཅད་ལ་ཁྱབ་པ། སེམས་ཅན་གྱི་རྒྱུད་དུ་གཏོགས་པ། ཟ་བ་པོ་ཡིན་པས། བེམས་པོ་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་པ་ཉིད། གཞན་བདག་ཀྱང་ནི་འདིར་བདག་ཉིད། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །རང་ཉིད་བེམས་པོའི་ངོ་བོར་འདོད། །ཅེས་སོ། །བདག་དེ་བེམས་པོ་ཡིན་ཡང་། སྒོ་ལྔའི་རྣམ་ཤེས་ཡོན་ཏན་དུ་འདོད་པས་ཡུལ་འཛིན་པར་ནུས་ལ། ངོ་བོ་རྟག་པ་ཡིན་ཡང་འབད་པ་དང་འདུ་བ་ཡོན་ཏན་དུ་བལྟས་པས་ལུས་ལེན་པ་ལ་སོགས་པ་དེའི་ཡོན་ཏན་དུ་འདོད་དེ། བདག་ཉིད་རྟག་ཀྱང་བྱེད་པོར་འགྱུར། །རྫ་ཆག་བྱེ་འཕུར་ཇི་བཞིན་དུ། །འཇིག་རྟེན་འདི་ནས་ཕ་རོལ་དུ། །འཕོ་ཞིང་ཉིང་མཚམས་སྦྱོར་བ་ན། །བདག་ཅེས་བྱ་བ་དེས་ལེན་ཏོ། །ཞེས་སོ། །
གསུམ་པ་ཁྱབ་འཇུག་པ་ནི། ལྷ་ཁྱབ་འཇུག་གིས་བསྟན་བཅོས་འབུམ་སྡེ་བརྩམས་ཤིང་། ལྟེ་བ་པད་མོའི་སྐྱེ་གནས་ལས་ཚངས་པ་གདོང་བཞི་པ་བྱུང་སྟེ། སྣོད་བཅུད་ཐམས་ཅད་ཚངས་པ་དེས་སྤྲུལ་པས་འཇིག་རྟེན་མེས་ཞེས་བྱའོ། །དེའི་གདོང་བཞི་ལས་སྙན་ངག་དང་། སྲིད་སྲུངས། མཆོད་སྦྱིན། ངེས་བརྗོད་ཀྱི་རིགས་བྱེད་ཆེན་པོ་བཞི་བཤད་པ་རྣམས་ཀྱང་། ཐོག་མ་མེད་པ་ནས་རྟག་པར་ཡོད་པ། ཚངས་པས་དྲན་ནས་བརྗོད་པས་རིགས་བྱེད་རྟག་པར་འདོད་པའོ། །ཕྱིས་དྲང་སྲོང་རྣམས་ཀྱིས་བསྡུས་ཏེ་རང་རང་གི་གཞུང་སྨྲ་བའི་ནང་ཚན་ལ། ཁྱབ་འཇུག་གི་བསྟན་བཅོས་བརྡ་སྤྲོད་ངག་གི་འོད་ཟེར་ལ་བརྟེན་པ་བརྡ་སྤྲོད་པ་དང་། དྲང་སྲོང་ཨག་ནེའི་སྨྲ་བའི་མཚོན་ཆ་ལ་བརྟེན་པའི་ཚད་མ་པ་ལ་རྣམ་ཕུག་པ་དང་། དྲང་སྲོང་བདེན་གྱི་སྒོམ་རིམ་སྐོར་དགུ་ལ་བརྟེན་པའི་སྒོམ་སྒྲུབ་པ་ལ་གསང་བ་པ་དང་། དྲང་སྲོང་(༣༥)ངན་སྤོང་གི་རྣམ་དཔྱོད་གསལ་བ་ལ་བརྟེན་པའི་གཞུང་འཆད་པ་ལ་དཔྱོད་པ་བ་དང་། དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་ཙ་ར་ཀ་འབུམ་སྡེ་ལ་བརྟེན་པའི་གསོ་དཔྱད་པ་ལ་ཙ་ར་ཀ་པ་ཞེས་བྱ་བ་དང་ལྔའོ། །འདི་དག་རིགས་བྱེད་བཞི་ཚད་མར་འདོད་དེ། སྙན་ངག་གིས་སྐྱེ་བོ་རྣམས་དགའ་བར་བྱེད་པ་དང་། སྲིད་སྲུངས་ཀྱིས་རང་གི་སྡེ་རྒྱལ་བར་བྱེད་པ་དང་། མཆོད་སྦྱིན་གྱིས་འདི་ཕྱིའི་དོན་སྒྲུབ་པ་དང་། ངེས་བརྗོད་ཀྱིས་མཆོག་སྒྲུབ་པར་བྱེད་པའོ། །འདི་ལ་ཁྱབ་འཇུག་པ། ཚངས་པ་བ། རིགས་བྱེད་པ་ཞེས་བྱའོ། །
བཞི་པ་རྒྱལ་བ་པ་ནི། ལྷ་ཆེན་པོ་རྒྱལ་བ་དམ་པས། སྲོག་དང་ཟད་པ་སྡོམ་པ་དང་། །ངེས་པར་དགའ་དང་འཆི་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །ཤེས་བྱའི་ཚིག་གི་དོན་དགུར་ངེས། །ཞེས་པའི་ཚིག་དོན་རྒྱན་གྱི་སྣང་བ་ལ་བརྟེན་པའི་གཞུང་སྨྲ་བ་རྣམས། ཐར་པ་མདོག་དབྱིབས་ཅན་དང་། ཤིང་སེམས་པ་ཅན་དུ་འདོད་དེ། ལོ་འདབ་བཅད་ན་འཁུམ་པ་དང་། པགས་པ་བཤུས་ན་སྐམ་པས་འཆི་བའི་ཕྱིར་ཞེས་པའོ། །འདི་ལ་རྒྱལ་བ་དམ་པས། དཀའ་བཟློག་དད་པས་ལུས་བསྲེགས་ན། །མཆོག་ཏུ་རྒྱལ་བར་སྤྱན་སྟོང་བཞེད། །གཟས་ཟིན་དུས་སུ་མགོ་བཅད་ན། །ཚངས་པ་ཐོབ་པར་ཀརྞ་འདོད། །བཅིངས་བསྲེགས་འགེགས་ཏེ་ཤི་བ་ནི། །གྲོལ་བར་འགྱུར་ཞེས་རྒྱལ་བ་སྨྲ། །ཞེས་པའི་བརྟུལ་ཞུགས་བཤད་པའི་རྗེས་སུ་འབྲང་ངོ་། །འདི་ལ་རྒྱལ་བ་པ། དོན་དགུ་པ། གཅེར་བུ་པ་ཞེས་བྱའོ། །
ལྔ་པ་ཆད་པར་ལྟ་བ་སྡེ་གཅིག་ནི། སུམ་ཅུ་རྩ་གསུམ་དུ་ཕུར་བུ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ། བརྒྱ་བྱིན་གྱིས་སྒྲ་བསླབས་པས་ལྷའི་བླ་མ་ཞེས་བྱ་བ་དེས། ལྷ་མ་ཡིན་རྣམས་ལྷ་ལ་འཐབ་པ་ན། རྒྱུ་འབྲས་ལ་འཛེམ་ནས་ལྷ་རྣམས་སྤྲོ་བ་ཞེན་པ་ན། རེ་ཞིག་ལྷ་རྣམས་སྤྲོ་ཞིང་འཁྲུག་པ་རྒྱལ་བར་བྱ་བའི་ཕྱིར། ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས་དང་། ཐར་པ་དང་གྲོལ་བ་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ། ཕྱིས་མི་ཡུལ་དུ་གྲོག་མཁར་བས་དར་བར་བྱས་ཏེ། དེ་ཉིད་ལས། བཟང་མོ་མ་ཤིའི་བར་དུ་དགའ་མགུར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ཀྱང་ཐལ་བ་བཞིན་སོང་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་ཚེ་སྔ་ཕྱི་མེད་པར་འདོད་ལ། ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཅེས་མིག་གིས་མཐོང་བའི་སེམས་ཅན་མ་གཏོགས་པ་མེད་དོ་ཞེས་འགྲོ་བ་ལ་སྐུར་པ་འདེབས་པ་དང་། ཀྱེ་མ་མང་ཐོས་གང་སྨྲ་བ། །སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་གཞུང་ལུགས་ཐམས་ཅད་ལ་སྐུར་པ་འདེབས་པ་དང་། བློ་ནི་ལུས་ཀྱི་བདག་ཉིད་དང་། །ལུས་འབྲས་ལུས་ཀྱི་ཡོན་ཏན་དང་། །འདི་ལྟར་ལུགས་གསུམ་ལ་བརྟེན་ནས། །གོམས་པས་སྲིད་པ་ཡོད་མ་ཡིན། །ཅེས་ལམ་མ་གོམས་པའི་འབྲས་བུ་སངས་རྒྱས་ལ་སྐུར་པ་འདེབས་པ་དང་། སྒྲོ་བཏགས་འཛིན་ཕྱིར་ཚད་(༣༦)མ་མིན། །ཅེས་ཚད་མ་ལ་སྐུར་པ་འདེབས་པ་དང་། པད་མོའི་གེ་སར་སུ་ཡིས་བྱས། །རྨ་བྱའི་རི་མོ་སུ་ཡིས་བྲིས། །ཚེར་མ་རྣོན་པོ་སུ་ཡིས་བརྡར། །ཐམས་ཅད་རྒྱུ་མེད་ངོ་བོས་བྱུང་། །ཞེས་པ་དང་། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེང་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ཤིན་ཏུ་མཛེས་པ་དང་། །རྒྱལ་པོའི་བུ་མོ་བལྟ་ན་སྡུག་པ་རྣམས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལ་སྐུར་པ་འདེབས་ཤིང་། ངོ་བོ་ཉིད་རྒྱུར་སྨྲ་བས་སྤང་ལ་ཤ་མོ་ལྟར་སྐྱེ་བ་འཕྲལ་བྱུང་དུ་འདོད་ཅིང་། བདག་དང་བདེ་སྡུག་མ་ཤིའི་བར་ལ་ཡོད་ལ། ཤི་ནས་རྒྱུན་ཆད་པར་འདོད་དེ། འདི་དག་ལ། ཕུར་བུ་པ། རྒྱང་འཕེན་པ། ཚུ་རོལ་མཛེས་པ་ཞེས་བྱའོ། །དེ་ལྟར་ཕྱི་རོལ་པའི་གཞུང་ལུགས་ལ། དབྱེ་ན་ལྟ་བ་ལོག་པ་སུམ་བརྒྱ་དྲུག་ཅུ་ལ། རྟག་པ་དང་། ཆད་པ་དང་། གཉིས་ཀར་ལྟ་བའི་མུ་ལ་བརྒྱ་ཉི་ཤུ་ཉི་ཤུ་སྟེ་སུམ་བརྒྱ་དྲུག་ཅུའོ། །བསྡུ་ན་ལྟ་བ་དྲུག་ཅུ་རྩ་གཉིས་དང་། དེའང་བསྡུ་ན། རྟག་ཆད་གཉིས་ཏེ་སྡུད་པ་ལས། འཇིག་ཚོགས་ལྟ་བར་ལྟ་བ་དྲུག་ཅུ་གཉིས་འདུས་ལྟར། །ཅེས་སོ། །དེའང་རྟག་པར་ལྟ་བ་ལ་ཉི་ཤུ། ཆད་པ་ལ་ཉི་ཤུ། གཉིས་ཀར་ལྟ་བ་ལ་ཉེར་གཉིས་ཏེ། རྒྱས་པར་ནི་མདོ་སྡེ་ཚངས་པའི་དྲ་བ་དང་། ཡེ་ཤེས་རྒྱས་པར་བལྟ་བར་བྱའོ། །འདིར་དེ་དག་གི་དབྱེ་བ་བཤད་པས། ལམ་ངན་པར་རྟོགས་ནས་མི་འཇུག་པའི་ཕྱིར། དགག་པ་ཡང་དོན་གྱིས་བྱས་པར་བསམ་སྟེ། ཡི་གེས་འཇིགས་ནས་མ་སྤྲོས་སོ། །
ད་ནི་ནང་པའི་གཞུང་ལུགས་རྒྱ་ཆེར་དབྱེ་བ་ལ་གཉིས་ཏེ། ཕྱི་པ་ལས་འཕགས་ཚུལ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་ལྷ་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་ཅིང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ན་ནང་པ་ཡིན་ལ། མི་ལེན་ན་ཕྱི་རོལ་པའོ། །དེ་ལ་སྐྱབས་གནས་ཀྱི་དཀོན་མཆོག་ངོས་གཟུང་བ་ནི། ཐེག་པ་ཆུང་ངུས་སངས་རྒྱས་མཆོག་གི་སྤྲུལ་པ་ཤཱཀྱ་ཐུབ་པ་ལྟ་བུ། ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན། དགེ་འདུན་ཉན་ཐོས་རང་སངས་རྒྱས་ཀྱི་ཞུགས་པ་བཞི་དང་། གནས་པ་གསུམ་སྟེ། དགྲ་བཅོམ་འབྲས་བུ་ལ་གནས་པ་ནི། སངས་རྒྱས་ཀྱི་ཁོངས་སུ་འདུ་བའོ། །ཞུགས་པ་བཞི་ནི་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་པའོ། །གནས་པ་གསུམ་ནི་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའོ། །ཐེག་པ་ཆེན་པོ་པ་ལྟར་ན། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་མདོ་དང་རྒྱུད་དུ་གཏོགས་པའི་ལུང་དང་། བསྐྱེད་རྫོགས་ལ་སོགས་པའི་ལྟ་བ་དང་། ཏིང་ངེ་འཛིན་ལ་སོགས་པ་སོ་སོ་རང་གི་རིག་པའི་ཡེ་ཤེས་རྟོགས་པའི་བདག་ཉིད་ཅན་ནོ། །དགེ་འདུན་ནི་འཕགས་པ་སློབ་པ་དང་མི་སློབ་པའི་རང་བཞིན་སངས་རྒྱས་ལས་གཞན་པ་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་ལ་སོགས་པའོ། །འདི་དག་ཀྱང་རྒྱུ་དང་། འབྲས་བུའི་སྐྱབས་གནས་(༣༧)གཉིས་སུ་གནས་ཏེ། དེའང་འབྲས་བུ་ལ་དམིགས་ནས། སྐྱེལ་མ་ཞུ་བ་ལྟར། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུ་བའི་ཕྱིར་སྐྱབས་སུ་འགྲོ་བ་ནི། རྒྱུའི་སྐྱབས་འགྲོ་ཡིན་ལ། སྐྱབས་གསུམ་དེ་དག་མ་འོངས་པ་ན་རང་རྒྱུད་ལ་ཐོབ་པར་བྱ་བའི་དོན་དུ་འབྲས་བུ་ལ་དམིགས་ཏེ། སྐྱབས་སུ་འགྲོ་ན་འབྲས་བུའི་སྐྱབས་སུ་འགྲོ་བ་སྟེ། རྒྱུ་དང་འབྲས་བུ་གཉིས་ལ་དམིགས་པའི་ཆ་ནས་དེ་སྐད་ཅེས་བཏགས་པ་ཡིན་ནོ། །འདི་དག་གི་རྣམ་གཞག་ལ་རྒྱས་པ་ནི་ཁོ་བོས་བྱས་པའི་བསྟན་བཅོས། ངེེས་དོན་ཤིང་རྟ་ཆེན་པོར་གཏན་ལ་ཕབ་ཟིན་པས་དེར་བལྟའོ། །ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བའོ། །དེ་ལ་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་འདུས་བྱས་སོ་ཅོག་མི་རྟག་སྟེ། འཕྲལ་དུ་བསྐྱེད་ཅིང་དུས་གཉིས་པར་མི་སྡོད་པས་མི་རྟག་པ་ཞེས་བྱ་སྟེ་ཆེད་དུ་བརྗོད་པའི་ཚོམས་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོ། །འཁོར་བས་མཚོན་པའི་ཆོས་ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་རྒྱུ་འབྲས་ཀྱི་རང་བཞིན་ལས་མ་འདས་ཏེ། ཟག་པ་བཅས་པ་དེ་དག་ནི། །སྡུག་བསྔལ་འདུ་བྱེད་ཉོན་མོངས་ཅན། །ཅེས་སོ། །ཁྱད་པར་འཁོར་བ་སྡུག་བསྔལ་ཏེ། འདུལ་བ་ལུང་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་ཡོངས་སུ་ཚོལ་བས་ཉམས། །ལྷ་མིན་འཐབ་དང་རྩོད་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་སོ། །སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་དེ་རང་བཞིན་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་སོ། །མྱ་ངན་ལས་འདས་པ་ནི་འགོག་པ་ཞི་བ་སྟེ་ཆེད་དུ་བརྗོད་པའི་ཚོམས་ལས། དེ་བས་ཞི་བར་གྱུར་པ་བདེ། །ཞེས་པ་དང་། ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལས། མྱ་ངན་འདས་ཞིར་འགྲོ་བ་ཡི། །ཆོས་བསྟན་ཐོས་ཀྱང་མ་བྱས་སོ། །ཞེས་སོ། །འདི་དག་རྒྱས་པར་ནི་ཐེག་པ་ཐམས་ཅད་དུ་འཆད་དོ། །ཐེག་པ་སོ་སོའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །དང་པོ་ལའང་གྲུབ་པའི་མཐའ་སྤྱིར་དབྱེ་བ་དང་། ལམ་བགྲོད་ཚུལ་བྱེ་བྲག་ཏུ་དབྱེ་བ་གཉིས་ལས། དང་པོ་ལ་ཐེག་པ་ཆུང་ངུ་དང་། ཆེན་པོ་གཉིས་ཏེ། ཆུང་ངུ་ལ་གྲུབ་པའི་མཐའ་རགས་པ་ཕྱེ་ན་གསུམ་ལས། ཉན་ཐོས་གནས་མ་བུའི་(༣༨)སྡེ་པ་ནི་སྔོན་སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། གཅེར་བུ་པའི་སྟོན་པ་ཞིག་འོང་པ་ལ་ཚུར་ཤོག་གིས་རབ་ཏུ་བྱུང་བས་ཉན་ཐོས་སུ་གྱུར་པ་དེས། གང་ཟག་གི་བདག་ཕུང་པོ་དང་གཅིག་གམ་ཐ་དད་དམ། གཉིས་ཀའམ་གཉིས་ཀ་མ་ཡིན་པར་ཡོད་ཅེས་དྲིས་པ་ལས། ཅང་མི་གསུང་བས་ལན་བཏབ་ཀྱང་། བརྗོད་དུ་མེད་པར་ཡོད་པར་གོ་ནས་ཆོས་འདི་པར་ཞུགས་ཀྱང་ལྟ་བ་མུ་སྟེགས་དང་འདྲེས་ཏེ་བརྗོད་དུ་མེད་པའི་བདག་ཁས་ལེན་པའོ། །དེའི་གཞུང་གིས་དགེ་བ་དང་མི་དགེ་བའི་ལས་ཐམས་ཅད་ཀྱི་བྱེད་པ་པོ་དང་། རང་གིས་བྱས་པའི་འདོད་པ་དང་མི་འདོད་པའི་འབྲས་བུའི་ཟ་བ་པོ་ཕུང་པོ་སྔ་མ་དོར་ནས་ཕྱི་མ་ལེན་པ་ནི་བདག་གི་དངོས་པོ་ཡིན་ཏེ། དེའང་བདག་དེ་རྟག་པ་མ་ཡིན་ཏེ་སྐྱེ་བ་སྔ་མ་དོར་ནས་ཕྱི་མ་ལེན་པའི་ཕྱིར་རོ། །མི་རྟག་པ་ཡང་མ་ཡིན་ཏེ་ཚེ་འདིའི་བདག་གིས་ལས་བྱས་པ་ལ་ལོངས་སྤྱོད་ཟིན་པ་དང་། མ་འོངས་བའི་བདག་མ་བྱས་པའི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་བའི་ཕྱིར་རོ། །དེ་གཉིས་ཀའང་བདག་གཅིག་ཏུ་འགྱུར་བ་དེས། ལས་ཀྱི་འབྲས་བུ་རྫོགས་པར་སྤྱད་པས་འབྲས་བུ་ཆུད་ཟོས་པ་དང་། སྤྱོད་པར་འགྱུར་བས་མ་ཟོས་པ་ཞེས་བྱ་ཞིང་། ཟ་བ་པོའམ་ལོངས་སྤྱོད་པར་བྱེད་པ་པོ་བདག་ཏུ་གཅིག་པས་མི་རྟག་པ་ཡང་མ་ཡིན་ཞེས་འདོད་དོ། །དེས་ན་བདག་དེ་རྟག་པ་དང་མི་རྟག་པ་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་གི་བདག་ཏུ་ཡོད་དོ་ཞེས་སྨྲའོ། །ཚུལ་འདི་ནི་བཟང་པོ་མ་ཡིན་ཏེ། རྟག་པ་བཀག་ན་མི་རྟག་པ་བསྒྲུབ་པ་མེད་པའི་ཕྱིར་དང་། མི་རྟག་པ་བཀག་པའང་རྟག་པ་བསྒྲུབས་པ་ལ་ལྟོས་པའི་ཕྱིར་དང་། རྟག་མི་རྟག་གཉིས་ཀ་མ་ཡིན་པ་ཡང་ག་ལ་སྲིད་པས་མི་འཐད་པ་ཁོ་ནའོ། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ནི། རྫས་ཐ་དད་པའི་ཤེས་བྱའི་གཞི་ལྔ་ཁས་ལེན་ཏོ། །དེའང་གཟུགས་ཀྱི་གཞི། སེམས་ཀྱི་གཞི། སེམས་ལས་བྱུང་བའི་གཞི། མི་ལྡན་པའི་འདུ་བྱེད། འདུས་མ་བྱས་པ་དང་ལྔའོ། །
དང་པོ་ནི་བསྟན་དུ་ཡོད་པ་ལ་ཐོགས་པ་དང་བཅས་པའི་གཟུགས། ས་ཆུ་མེ་རླུང་གི་རྡུལ་ཕྲན་ཆ་མེད་དོན་དམ་པའི་དངོས་པོ་བསྐོར་བ་བར་དང་བཅས་པར་འདུས་པ་ལས་རགས་པ་བསྒྲུབ་པ་གང་ཡིན་པའོ། །བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ་དང་། སྒྲ་དྲི་རོ་རེག་བྱའོ། །བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ལུས་ཀྱི་སྤྱིར་ཁྱབ་པ་ནགས་ལ་མེ་ཤོར་བ་ལྟར་གནས་པའི་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མས་བསྡུས་པའོ། །རྡུལ་ཕྲན་དེ་དག་ཀྱང་ཕྱི་རོལ་ན་འབྱུང་བ་བཞི་དང་། ཁ་དོག་དྲི་རོ་རེག་བྱའི་རྡུལ་བཞི་སྟེ་བརྒྱད་དུ་འདུས་ལ། ལུས་ཀྱི་དབང་པོ་ལ་བརྒྱད་པོ་དང་། དེ་ཉིད་ཀྱི་རྡུལ་དེ་དགུ་གནས་ལ། མིག་གི་དབང་པོ་ལ་སོགས་པ་དབང་པོ་གཞན་ལ་སྔ་མ་དགུ་པོའི་སྟེང་དུ་མིག་ལ་སོགས་པ་རང་ཉིད་ཀྱི་རྡུལ་དང་བཅུ་གནས་པ་ཡིན་ནོ། །དེའང་རྡུལ་ཕྲ་རབ་གཉེན་པོས་བཅོམ་པ་དང་། རིག་པས་གཞིག་སྟེ་བསལ་ཡང་རྡུལ་ཕྲ་རབ་ཏུ་འཛིན་པའི་བློོ་(༣༩)མི་འདོར་བ་དོན་དམ་པའི་བདེན་པའི་མཚན་ཉིད་དུ་གནས་པས་དོན་དམ་པའི་དངོས་པོ་ཡིན་ལ། རགས་པ་ནི་གཉེན་པོས་བཅོམ་པ་དང་ཆའི་དབྱེ་བས་དེར་འཛིན་པའི་བློ་འདོར་བ་ཀུན་རྫོབ་བདེན་པའི་མཚན་ཉིད་ཡོད་པས། ཀུན་རྫོབ་པའི་དངོས་པོ་ཡིན་ཏེ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་མེད་དོན་དམ་ཡོད་གཞན་ནོ། །ཞེས་སོ། །
སེམས་ཀྱི་གཞི་ནི་མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་ཤེས་དང་དྲུག་གོ། །དེའང་དབང་པོ་ལྔས་དོན་ལྔ་མཐོང་བ་ན། རྣམ་ཤེས་ལྔས་དོན་དེ་དག་རྟོག་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པས་འདས་པ་དང་། མ་འོངས་པ་དང་། དངོས་པོའི་རབ་ཏུ་འབྱེད་པ་ལ་སོགས་པའང་ངེས་པ་ཡིན་ནོ། །རྣམ་པར་ཤེས་པས་ནི་དོན་མཐོང་བ་མ་ཡིན་ན་རྣམ་ཤེས་ཐོགས་མེད་ཡིན་པས་སྒྲིབ་པས་བར་ཏུ་ཆོད་པ་ལ་སོགས་པའང་མཐོང་བར་ཐལ་བའི་ཕྱིར་ཞེས། དེ་ཉིད་ལས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། །དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པའི་ཕྱིར། །གཟུགས་རྣམས་མཐོང་བ་མིན་ཕྱིར་ལོ། །ཞེས་སོ། །སེམས་ལས་འབྱུང་བའི་གཞི་ནི། རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་པ་དང་། རྣམ་པར་མི་འཚེ་བ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། སྒྱུ་དང་། གཡོ་དང་། ཕྲག་དོག་དང་། སེར་སྣ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་གཡེང་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག་པོ་རྣམས་ཏེ། དེ་དག་ཀྱང་རང་རང་གི་གཙོ་བོ་རྣམ་པར་ཤེས་པ་དང་། ཡུལ་གཅིག་ལ་འཇུག་པས་དམིགས་པ་མཚུངས་པ་དང་། རྣམ་པ་འདྲ་བར་གཅོད་པས་རྣམ་པ་མཚུངས་པ་དང་། དུས་གཅིག་ཏུ་སྐྱེ་བས་དུས་མཚུངས་པ་དང་། བདག་པོ་དབང་པོ་གཅིག་ལ་བརྟེན་པས་རྟེན་མཚུངས་པ་དང་། གང་ཟག་གཅིག་ལ་དུས་གཅིག་ཏུ་མིག་ཤེས་གཅིག་ལས་མི་སྐྱེ་བ་ལྟར། དེའི་འཁོར་རེག་པ་ལྟ་བུ་གཅིག་ལས་མི་སྐྱེ་བས་རྫས་མཚུངས་པའི་ཕྱིར། མཚུངས་པ་ལྔས་མཚུངས་པ་ཡིན་ཏེ། དབང་པོའི་དོན་ལ་བལྟས་པས་ན་རྣམ་ཤེས་ཀྱི་དོན་རྟོགས་པ་ལྟར་དེ་དག་གིས་ཀྱང་དོན་གྱི་ཁྱད་པར་རྟོགས་ཏེ། སེམས་དང་ སེམས་ལས་བྱུང་བ་གཉིས་ཀ་ལ་ཡང་དོན་གྱི་རྣམ་པ་མི་འཆར ་བས། (༤༠)གཟུང་འཛིན་ཐུག་ཕྲད་དུས་མཉམ་དུ་ངེས་པར་སྐྱེ་སྟེ། སེམས་དང་སེམས་བྱུང་གཉིས་ཀའང་ཕྱི་རོལ་རིག་པ་ལས་མ་གཏོགས་པ་རང་རིག་པ་མེད་པར་སྨྲའོ། །
མི་ལྡན་པའི་འདུ་བྱེད་ནི་ཐོབ་པ་དང་། འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་། སྐྱེ་བ་དང་། རྒ་བ། གནས་པ། མི་རྟག་པ། མིང་དང་། ཚིག་དང་། ཡི་གེའི་ཚོགས་དང་། སོ་སོ་སྐྱེ་བོ་དང་། འཇུག་པ་སོ་སོར་ངེས་པ་དང་། འབྱོར་པ་དང་། འབྲེལ་བ། གྲངས། གོ་རིམས། ཡུལ་དུས་ཚོགས་པ་ཞེས་བྱ་བ། གཟུགས་སེམས་སེམས་ལས་བྱུང་བ། གསུམ་ལས་རྫས་ཐ་དད་པར་གྱུར་པ་སྟེ། འདུ་བྱེད། སྐྱེ་བ། རྒ་བ། གནས་པ། མི་རྟག་པ་དང་། སྐྱེ་བའི་སྐྱེ་བ། རྒ་བའི་རྒ་བ། གནས་པར་གནས་པ། མི་རྟག་པའི་མི་རྟག་པ་སྟེ། དགུ་པོ་མ་འོངས་པའི་ཁྱིམ་ན་ཡོད་པ་ལ། སྐྱེ་བས་སྐྱེ་བར་བྱེད་པ་སྐྱེ་བ་ལ་འཇུག་ལ། སྐྱེ་བས་འདུ་བྱེད་དང་རྒས་པ་གནས་པ་སྐྱེ་བའི་སྐྱེ་བ་ལ་སོགས་པ་བཞི་སྟེ། བརྒྱད་པོ་ད་ལྟར་གྱི་ཁྱིམ་དུ་བསྐྱེད་ལ། ཡང་དགུ་པོ་ད་ལྟར་གྱི་ཁྱིམ་ན་གནས་པས་ན། མི་རྟག་པས་མི་རྟག་པར་བྱེད་པ་མི་རྟག་པ་ལ་འཇུག་ལ། མི་རྟག་པ་དེས་འདུ་བྱེད་དང་སྐྱེ་བ་རྒ་བ་གནས་པ་སྐྱེ་བའི་སྐྱེ་བ་ལ་སོགས་པ་བརྒྱད་པོ་འདས་པའི་ཁྱིམ་དུ་ཕྱིན་པར་བྱེད་དེ། དུས་གསུམ་རྫས་སུ་ཡོད་པས་ནམ་ཡང་མེད་པར་མི་འགྱུར་བ་སྟེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་པ་ཡིན་ནོ། །
ཡུལ་གཞན་དུ་འཕོ་བ་ཡང་བྱ་བ་དོན་གཞན་གྱི་ཁུར་དུ་ཐོགས་ནས་འཕོ་བར་བྱེད་ཀྱི་འདུ་བྱེད་ཀྱི་སྐྱེ་འགགས་བྱེད་པ་ནི་མ་ཡིན་ནོ། །དགེ་བ་ལ་སོགས་པའི་ལས་བྱས་པ་ནའང་ཆུད་མི་ཟ་བའི་རྫས་ཞེས་བྱ་བ་ཐོབ་པ་ཡིན་གྱིས་སེམས་ལ་བག་ཆགས་བཞག་པ་མེད་དོ། །ལྟུང་བ་དང་གཉེན་པོ་ལ་སོགས་པ་ཡང་ཐོབ་པ་གོང་ནས་གོང་དུ་འཕེལ་བ་ཡིན་ནོ། །འབྲས་བུ་ཐོབ་པ་ནའང་སེམས་ཀྱི་བག་ཆགས་ཟད་པ་མ་ཡིན་ཏེ། ཕྲ་རྒྱས་ཟད་པའི་བྲལ་ཐོབ་ཟག་མེད་ཡིན་ནོ། །འདུས་མ་བྱས་པ་ནི་རེག་བྱ་དང་བྲལ་བ་ནམ་མཁའ་དང་། གཉེན་པོས་བཅོམ་ནས་མེད་པ་སོ་སོར་བརྟགས་པའི་འགོག་པ་དང་། རྐྱེན་མ་ཚང་ནས་མ་སྐྱེས་པ་བརྟག་མིན་གྱི་འགོག་པ་དང་གསུམ་མོ། །འདུས་མ་བྱས་གསུམ་དང་། ལམ་གྱི་བདེན་པའི་ཡིད་ཀྱི་རྣམ་ཤེས་འཁོར་དང་བཅས་པ་ཟག་མེད་ཡིན་ལ། ལྷག་མ་ཟག་བཅས་ཡིན་ཏེ་མཛོད་ལས། ཟག་བཅས་ཟག་པ་མེད་ཆོས་རྣམས། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་ཞེས་ནི་བྱ་བ་སྟེ། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་ནི་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བཤད་པ་ཡིན་ནོ། །འདིས་ནི་མྱ་ངན་ལས་འདས་པ་ཞི་བ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཁས་ལེན་མོད་ཀྱི། ཆོས་ཐམས་ཅད་བདག་མེད་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་སྤངས་པ་ཡིན་ཏེ་སྔར་བཤད་པ་བཞིན་ནོ། །དེ་ནི་ཡང་དག་པར་འཐད་པ་མ་ཡིན་ཏེ། (༤༡)འདི་ལྟར་རྡུལ་ཕྲན་དོན་དམ་གྱི་དངོས་པོར་མི་འཐད་པ་ཉིད་དང་། སེམས་དང་སེམས་ལས་བྱུང་བ་རང་རིག་མེད་པར་མི་འཐད་པ་དང་། མི་ལྡན་པའི་འདུ་བྱེད་མི་འཐད་པ་གསུམ་ལས། དང་པོ་ནི་དབུས་ཀྱི་རྡུལ་ཕྲན་ལ་ཕྱོགས་བཅུ་ནས་རྡུལ་ཕྲན་གྱིས་བསྐོར་བ་ལས་རགས་པ་གྲུབ་པར་འདོད་པ་ན། དབུས་ཀྱི་རྡུལ་ཕྲན་གྱིས་ཕྱོགས་བཅུའི་རྡུལ་ཕྲན་ལ་ལྟ་བ་དེ་ཡང་ཤར་གྱི་རྡུལ་ཕྲན་ལ་ལྟ་བྱེད་ཀྱི་ངོས་དེ་ཉིད་ཀྱིས་ཕྱོགས་གཞན་དང་གཞན་ན་གནས་པའི་རྡུལ་ཕྲན་ལ་བལྟས་སམ། འོན་ཏེ་ངོས་གཞན་གྱིས་ཕྱོགས་གཞན་དང་གཞན་ན་གནས་པའི་རྡུལ་ཕྲན་ལ་བལྟས། དང་པོ་ལྟར་ན་རྡུལ་ཕྲན་ཇི་སྙེད་བསགས་ཀྱང་ཤར་ཕྱོགས་ཀྱི་རྡུལ་ལ་ལྟ་བྱེད་ཀྱི་ངོས་དེའི་བལྟས་པ་ན་གནས་པར་མཚུངས་པས། ཤར་རྡུལ་དེའི་གོ་སར་འདུས་པས་ཡུལ་རྒྱས་པར་སྣོན་པ་མི་རུང་བས་རགས་པ་རྩོམ་མི་ནུས་པར་འགྱུར་རོ། །གཉིས་པ་ལྟར་ན་དབུས་ཀྱི་རྡུལ་ལ་ཤར་གྱི་རྡུལ་ཕྲན་ལ་ལྟོས་ནས་ལྟ་བྱེད་ཡིན་མ་ཡིན་ལ་སོགས་པ་ཆ་གཉིས་བྱུང་བས་ཆ་མེད་དོན་དམ་པའི་དངོས་པོར་མི་རུང་ངོ་། །
གཉིས་པ་ནི་རང་རིག་པ་མི་འདོད་ན་རྣམ་ཤེས་ཀྱི་ཡུལ་རྟོགས་པའི་བྱེད་པ་པོ་རྣམ་ཤེས་དེ་ཉིད་མ་རྟོགས་པས། རྟོགས་པར་བྱ་བའི་ཡུལ་གཟུགས་ལ་སོགས་པ་མི་རྟོགས་པར་འགྱུར་ཏེ། ཤ་ཟ་ཉིད་མ་རྟོགས་པས་དེའི་སྐྱེ་མཆེད་རྟོགས་པར་མི་འགྲུབ་པ་བཞིན་ནོ། །
གསུམ་པ་ནི་སྐྱེ་བ་དང་རྒ་བ་གནས་པ་མི་རྟག་པ་འདུ་བྱེད་ལས་གཞན་ཡིན་ན། འདུ་བྱེད་སྐྱེ་བ་མེད་པ་དང་གནས་པ་མེད་པ་དང་། རྒ་བ་མེད་པ་དང་། རྟག་པར་འགྱུར་ཏེ་དགག་པ་བཀག་པས་བསྒྲུབ་པར་འགྱུར་བ་ཡིན་ནོ། །ཉན་ཐོས་མདོ་སྡེ་པ་རྣམས་ནི་བྱེ་བྲག་པ་དང་གཞུང་ཕལ་མཐུན་པ་ལས། ཁྱད་པར་དུ་སྔར་བཤད་པའི་གཟུགས་ཀྱི་གཞི་རྣམས་ལ། རིག་བྱེད་མ་ཡིན་པའི་གཟུགས་ནི་སྤོང་བའི་སེམས་པ་ལ་རྒྱུན་ཆགས་པ་ལ་སོགས་པ་ཡིན་པས། གཟུགས་མ་ཡིན་ཏེ་གཟུགས་ཅན་ལས་འབྱུང་ཞིང་རྟེན་གཟུགས་ཅན་ལ་བརྟེན་པས་གཟུགས་སུ་བཏགས་པར་འདོད་དོ། །ལྷག་མ་དབང་པོ་ནི་གཟུགས་ཅན་དང་པོའི་རྣམ་ཤེས་ཀྱི་བདག་པོའི་རྐྱེན་ཡིན་ལ། ཡུལ་རྣམས་ཀྱང་ཤེས་པ་ལ་རྣམ་པ་གཏོད་པས་དམིགས་པའི་རྐྱེན་དུ་འདོད་དོ། །རྡུལ་ཕྲ་རབ་ཆ་མེད་འབྱར་ལ་མ་རེག་པ་འདུས་པ་ལས་རགས་པ་བརྩམས་པར་འདོད་དེ། སེམས་དང་སེམས་ལས་བྱུང་བའི་གཞི་སྒོ་ལྔའི་རྣམ་ཤེས་དང་དེའི་འཁོར་གྱི་སེམས་ལས་བྱུང་བ་གཟུགས་ལ་སོགས་པ། ཡུལ་ལྔ་ལ་དམིགས་ཏེ་ཡུལ་ལྔ་མཐོང་བ་མེད་ཀྱང་མིའི་བཞིན་གྱིས་མེ་ལོང་ལ་རང་འདྲའི་རྣམ་པ་གཏད་པ་ལྟར། ཡུལ་གྱི་ཤེས་པ་སྐད་ཅིག་གཉིས་པར་རང་དང་འདྲ་བའི་རྣམ་པ་གཏད་པ་ལས་བྱུང་བ་སྟེ། སྐད་ཅིག་ད་ལྟར་བ་ལ་སྐད་ཅིག་སྔ་ལོགས་སུ་རྣམ་པ་གཏོད་བྱེད་དོན་ལྐོག་ན་མོས་གཏད་པས། ད་ལྟར་བ་ལ་རང་འདྲ་བའི་རྣམ་པར་ཤར་ཞིང་། མ་འོངས་པ་ལ་ད་ལྟའི་གཏོད་བྱེད་ཀྱིས་ཕྱི་ལོགས་སུ་རྣམ་པ་གཏད་པས། ཤེས་པ་དོན་གྱི་རྣམ་པར་ཤར་ཏེ་འདྲ་བ་ཉམས་(༤༢)སུ་མྱོང་བ་ལ་དོན་རྟོགས་སོ་ཞེས་ཐ་སྙད་འདོགས་ཏེ་རྣམ་འགྲེལ་ལས། འདྲ་བ་ཉམས་སུ་མྱོང་བ་ལ། །དོན་མྱོང་ཤེས་ནི་རྣམ་པར་བརྗོད། །ཅེས་པ་དང་། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །བཏགས་པ་ཙམ་ཞིག་ཚོར་བར་རུང་། །ཞེས་རྣམ་བཅས་པ་འདོད་ལ། དོན་རིག་པ་ནི་ཡུལ་ལ་དམིགས་པས་དོན་རིག་པར་བཏགས་པ་ཡིན་ལ། ཤེས་པ་རྣམས་སྐད་ཅིག་དེ་ཉིད་རང་རིག་ཅིང་གསལ་བྱར་མྱོང་བས་ན། བདག་ཉིད་མྱོང་བས་རག་པ་མཚན་ཉིད་པ་སྟེ། བདག་ཉིད་གསལ་བར་མྱོང་བས་ན། །འདྲ་བར་སྣང་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་བདག་ཉིད་ཐ་དད་གནས། །ཞེས་བཤད་པ་ཡིན་ནོ། །ཟླ་བ་གཉིས་སྣང་ལ་སོགས་པ་ནི་ཤེས་པ་ལ་ཟླ་བ་གཉིས་ཀྱི་རྣམ་པར་ཤར་ཡང་། ཕྱི་རོལ་ན་རྣམ་པ་གཏོད་པ་པོ་ཟླ་བ་གཉིས་མེད་པས་འཁྲུལ་པ་ཞེས་བྱ་སྟེ། ཡུལ་རྫུན་པས་ནི་འཁྲུལ་པ་ཡིན་ནོ་ཞེས་མདོ་སྡེ་པས་མི་སྨྲའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་དེའི་འཁོར་སེམས་ལས་བྱུང་བ་རྣམས་ལ། ཡིད་ཀྱི་མངོན་སུམ་ནི་དབང་ཤེས་ཀྱི་ཡུལ་གྱི་སྐད་ཅིག་གཉིས་པས་རྣམ་པ་གཏད་ནས། དེ་དང་འདྲ་བས་དོན་འཛིན་ལ། རྨི་ལམ་ལ་རྟ་གླང་གི་རྣམ་པར་སྣང་བ་དང་། ཡིད་རྟོག་བཅས་ལ་སྔ་ཕྱི་དང་ཡུལ་དང་རང་བཞིན་འདྲེས་པའི་དོན་སྤྱི་མི་གསལ་བར་སྣང་བ་ན། སྣང་བ་ཤེས་པའི་ངོ་བོ་ཡིན་ཡང་རྣམ་པ་གཏོད་བྱེད་ཕྱི་རོལ་ན་མེད་པས་འཁྲུལ་པ་ཡིན་ནོ། །ཤེས་པ་ཐམས་ཅད་གསལ་བར་མྱོང་བ་རང་རིག་པ་ནི་མ་འཁྲུལ་པ་ཡིན་ནོ། །མི་ལྡན་པའི་འདུ་བྱེད་རྣམས་ཀྱང་ཐལ་མོ་བསྐུམས་པའི་གནས་སྐབས་ཁུ་ཚུར་ཡིན་པ་བཞིན་དུ། གཟུགས་དང་། སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཡིན་པས། དེ་གསུམ་ལས་རྫས་གཞན་དུ་འགྱུར་བ་ནི་མེད་དོ། །ཐོབ་པ་ནི་སེམས་ལ་བག་ཆགས་རྙེད་པའི་གནས་སྐབས་སོ། །སྙོམས་འཇུག་གསུམ་པོ་ནི་ལུས་ལ་སེམས་དང་སེམས་བྱུང་འགགས་པའི་གནས་སྐབས་སོ། །སྲོག་གི་དབང་པོ་ནི་གཟུགས་དང་སེམས་དང་སེམས་བྱུང་སྐལ་བ་མཉམ་པའི་གནས་སྐབས་སོ། །རིས་མཐུན་པའང་དོན་དེ་གསུམ་འདྲ་བའི་གནས་སྐབས་སོ། །སྐྱེ་བའང་དེ་གསུམ་སྔ་ན་མེད་པ་ཐོབ་པའི་གནས་སྐབས་སོ། །རྒ་བ་ཡང་དེ་གསུམ་འགྱུར་བའི་གནས་སྐབས་སོ། །གནས་པའང་དེ་གསུམ་རྒྱུན་གནས་པའི་གནས་སྐབས་སོ། །མི་རྟག་པའང་དེ་གསུམ་རྒྱུན་ཆད་པའི་གནས་སྐབས་སོ། །སོ་སོ་སྐྱེ་བོའང་དེ་གསུམ་གྱིས་འཕགས་པའི་ཆོས་མ་ཐོབ་པའི་གནས་སྐབས་སོ། །འཇུག་པ་ལ་སོགས་པའང་དེ་གསུམ་གྱི་རྒྱུ་འབྲས་ཀྱི་གནས་སྐབས་སོ། །མིང་གི་ཚོགས་ལ་སོགས་པ་གསུམ་ནི་སྒྲའི་ཐ་སྙད་ཀྱི་གནས་སྐབས་སོ། །འདུས་མ་བྱས་གསུམ་པོ་མོ་གཤམ་གྱི་བུ་བཞིན་དུ་གཏན་མེད་པ་ཡིན་པས་རྫས་སུ་མེད་པའོ་ཞེས་ཟེར་རོ། །དེ་དག་གི་ཕྱོགས་ལ་བརྟེན་(༤༣)པའི་མི་འཐད་པའང་དྲུག་སྟེ། ཕྱིའི་དོན་དོན་དམ་པ་མི་འཐད་པ་དང་། རགས་སྣང་ཤེས་པའི་བདག་ཉིད་དུ་མི་འཐད་པ་དང་། རྣམ་པ་གཏོད་པའི་དོན་མི་འགྲུབ་པ་དང་། སྙོམས་འཇུག་གི་ཚེ་ན་སེམས་གཏན་མེད་པ་མི་འཐད་པ་དང་། དོན་སྤྱི་རྟོགས་པའི་དངོས་པོར་མི་འཐད་པ་དང་། སྒྲ་རང་གི་མཚན་ཉིད་རྗོད་བྱེད་དུ་མི་རུང་བའོ། །དང་པོ་ནི་བྱེ་བྲག་ཏུ་སྨྲ་བ་བཀག་པས་བཀག་ཟིན་ཏོ། །
གཉིས་པ་ནི་རགས་སྣང་ཤེས་པའི་བདག་ཉིད་ཡིན་ན་སྡུག་བསྔལ་བདེ་བའི་དངོས་པོ་ལས་ཐ་མི་དད་པ་ཇི་ལྟར་དགག །བདེ་སྡུག་ཐ་དད་པར་མྱོང་སྟེ་ཐ་མི་དད་པ་ཁེགས་ན། རགས་པར་སྣང་བ་ཤེས་པ་དང་ཐ་དད་པར་མྱོང་བས་ཤེས་པའི་རང་བཞིན་དུ་གཅིག་པ་ཅིའི་ཕྱིར་མི་ཁེགས། ཤེས་པ་གཅིག་ཉིད་ཕྱིར་གྲུབ་པས་ནང་གི་བདག་ཉིད་འཛིན་པ་པོ་མ་ཡིན་ལ། བདེ་སྡུག་གཅིག་ཏུ་བློ་གཅིག་ལ་ཚོགས་པས་གཅིག་གིས་གཅིག་འགོག་པའི་ཕྱིར་འགལ་བ་ཁོ་ནར་འགྱུར་རོ། །
གསུམ་པ་ནི་གཟུགས་མཐོང་བའི་ཤེས་པ་རྐྱེན་གསུམ་ཚང་ཡང་རེས་འགའ་བའི་རྟགས་ལས་རྣམ་པ་གཏོད་བྱེད་ཀྱི་དོན་དཔོག་ན། སྣང་བ་རེས་འགའ་བའི་རྟགས་ལས་ཤ་ཟས་བྱེད་པར་ཅིའི་ཕྱིར་སྒྲུབ་པར་མི་བྱེད། བཞི་པ་ནི་སྙོམས་འཇུག་གི་ཚེ་ན་སེམས་མེད་པའི་ལུས་ལས་ཕྱིས་སེམས་འབྱུང་ན། རིགས་པ་སྔ་མས་ཁེགས་པས་རྒྱུ་མེད་ལས་སྐྱེ་བ་ཁས་བླང་བར་འགྱུར་རོ། །ལྔ་པ་ནི་དོན་སྤྱི་རྟོགས་པའི་དངོས་པོ་ཡིན་ན་སྐད་ཅིག་འདྲེས་པ་མེད་པར་འགྱུར་རོ། །དྲུག་པ་སྒྲ་རང་གི་མཚན་ཉིད་ནི་དོན་སྤྱི་མི་སྣང་ཞིང་ཞེན་བྱེད་མ་ཡིན་པས། དེ་ལྟ་མ་ཡིན་ན་རྣ་བ་གསང་བས་སྒྲ་རང་གི་མཚན་ཉིད་ཐོས་པ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་དངོས་སུ་སྐྱེ་བར་འགྱུར་རོ། །བརྗོད་བྱ་རྟོགས་པའི་རྒྱུ་ཡིན་པ་ཙམ་གྱིས་རྗོད་བྱེད་དུ་འདོད་ནའང་ཟས་དང་ཚངས་པར་སྤྱོད་པའང་རྗོད་བྱེད་དུ་ཐལ་བའི་ཕྱིར་རོ། །གཟུགས་སུ་བྲིས་པའང་རྗོད་བྱེད་མ་ཡིན་ཏེ། ཡིན་ན་མིག་རྣོ་བས་གཟུགས་སུ་བྲིས་པ་མཐོང་བ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་བསྐྱེད་པར་འགྱུར་རོ། །དེས་ན་རྗོད་བྱེད་མཚན་ཉིད་པ་ནི་འབྲེལ་པ་དང་འདྲིས་པ་ཁྱད་པར་དུ་བྱས་པའི་སྤྱིར་སྣང་བ་སྟེ། དེ་ལས་བརྗོད་བྱ་རྟོགས་པའི་ཤེས་རབ་དངོས་སུ་སྐྱེ་བའི་ཕྱིར་རོ། །དེའང་འབྲེལ་པ་ནི་གོ་རིམས་མ་ལོག་པའོ། །འདྲིས་པ་ནི་དེ་ཉིད་བློས་ངེས་པར་བྱས་པའོ། །སྐབས་འདིར་རང་སངས་རྒྱས་དགག་པ་མ་བརྗོད་པ་ནི། འཛིན་པ་དོན་དམ་པའི་དངོས་པོར་འདོད་པ་ཙམ་མ་རྟོགས་པ་སེམས་ཙམ་དང་མཚུངས་ཏེ། དེའང་ཉན་ཐོས་པས་གང་ཟག་གི་བདག་མེད་པར་ཁས་བླངས་ཀྱང་། གཟུང་བ་ཡུལ་གྱི་དངོས་པོ་རྡུལ་ཕྲན་དོན་དམ་དུ་འདོད་པ་ལས། འདིར་དེ་མེད་པར་འདོད་དེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་བཤད་ལ། (༤༤)ལམ་བགྲོད་ཚུལ་ཕལ་ཆེར་ཉན་ཐོས་དང་མཚུངས་པས་དེའི་ཁོངས་སུ་བསྡུས་ཏེ་འགྲེལ་ཆུང་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཀྱང་སྟེ། མངོན་པར་རྟོགས་པའི་རིམ་པ་གཅིག་གིས་ལྷག་པ་ཞེས་སོ། །དེས་ན་འདིར་ཉན་ཐོས་དང་སེམས་ཙམ་པ་དག་བཀག་པ་དང་འགེགས་པར་འགྱུར་བས་མ་བྲིས་སོ། །
དེ་ནས་ཐེག་པ་ཆེན་པོའི་ཚུལ་ངེས་པར་བྱ་བ་ལ་གཉིས་ཏེ། ཐེག་ཆུང་པ་ལས་འཕགས་ཚུལ་དང་། རབ་ཏུ་དབྱེ་བའོ། །དང་པོ་ནི་མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལ་དམིགས་པ་ནི་ཕུགས་ཀྱི་ཆེད་དུ་བྱ་བ་རང་གི་དོན་བསྒྲུབ་པ་ནི་ཆུང་ངུ་ཡིན་ལ། གཞན་དོན་འབའ་ཞིག་བསྒྲུབ་པ་ནི་ཆེན་པོའོ། །བསྒྲུབ་པ་ནི་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་བ་ནི་ཆེན་པོ་ལ། བྲལ་བ་ནི་ཆུང་ངུ་སྟེ་སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །དེའང་རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །ཐེག་པ་ཆེན་པོར་ག་ལ་འགྱུར། །འདི་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཅེས་ཐབས་སྙིང་རྗེ་དང་ཤེས་རབ་མཐའ་གཉིས་སུ་མི་གནས་པས་སྲིད་ཞི་གཉིས་ལས་འདའ་བར་བྱེད་དེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་སོ། །ཡེ་ཤེས་ནི་གང་ཟག་གི་བདག་མེད་ཙམ་མམ། ཆོས་ཀྱི་ཕྱེད་གཟུང་བ་རང་བཞིན་མེད་པར་རྟོགས་པ་ཉན་རང་སྟེ་ཆུང་ངུ་ལ། བདག་གཉིས་ཀྱིས་སྟོང་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའོ། །བརྩོན་འགྲུས་ནི་དུས་ཐུང་ངུར་སྤྲོ་བ་ཞན་པས་གཞན་དོན་ཡལ་བར་འདོར་བ་ཆུང་ངུ་ལ། དུས་རིང་པོར་སྤྲོ་བ་ཆེན་པོས་བརྩོན་པ་ནི་མདོ་སྡེ་རྒྱན་ལས། ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་བརྒྱར་ཡང་མི་སྐྱོ་བ། །ཞེས་པ་དང་། སྤྱོད་འཇུག་ལས། སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །ཞེས་པ་དང་སྔ་མ་ལས། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡིས། །སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་འགྲུས་བརྒྱ་འགྱུར་དུ་ནི་བྱ་བའི་རིགས། །ཞེས་སོ། །ཐབས་ནི་རང་ཉིད་གཅིག་པུ་ཞི་བ་ཚོལ་བའི་ཐབས་ནི་ཆུང་ངུ་ལ་ཟློག་པ་ནི་ཆེན་པོ་སྟེ། མངོན་རྟོགས་རྒྱན་(༤༥)ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །ཞེས་སོ། །གྲུབ་པ་ནི་ཞི་བ་ཕྱོགས་གཅིག་ཆུང་ངུ་ལ། མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ནི་ཆེན་པོ་སྟེ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་ལས། ཕྱོགས་གཅིག་ཞི་བར་གཞོལ་བས་དབྱིངས་སུ་ཡང་དག་ཞི་གྱུར་པ། །ཆུང་ངུ་རྣམས་ལས་མཆོག་གྱུར་མི་གནས་མྱ་ངན་འདའ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པས་དོན་མཛད་པ། །ཡིད་བཞིན་མཆོག་སྟེ་མ་ལུས་འདོད་གཏེར་རོལ་པ་ཅན། །ཅེས་སོ། །འཕྲིན་ལས་ནི་ཉན་རང་དབྱིངས་སུ་ཞི་བས་གཞན་དོན་མི་འབྱུང་སྟེ། དེ་ཉིད་ལས། གཅིག་པུ་ཞི་ལ་བློ་ཡི་འཇུག་པ་ཐིམ་གྱུར་གཞན་དོན་སེམས་པའང་མེད། །ཅེས་སོ། །ཐེག་ཆེན་ནི་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་དེ་སྔ་མ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །གཞན་ཡང་བརྟག་གཉིས་ལས། གང་ཤེས་རབ་དང་སྙིང་རྗེ་ཆེ་བ་ནི་ཐེག་པ་ཆེན་པོ་ཡིན་ལ། གང་ཆུང་བ་རྣམས་ནི་ཐེག་པ་ཆུང་ངུའོ་ཞེས་པ་དང་། ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལས་བཟློག་པའོ། །ཞེས་སོ། །
ཐེག་པ་ཆེན་པོའི་རབ་ཏུ་དབྱེ་བ་ལ། སློབ་དཔོན་སོ་སོའི་བཞེད་གཞུང་གིས་དབྱེ་བསྡུའི་ཁྱད་པར་མང་ཡང་། འདིར་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་དང་། དབུ་མ་པ་གཉིས་ལས། དང་པོ་སེམས་ཙམ་པའི་ཕྱོགས་ལ། སྤྱི་དང་བྱེ་བྲག་ཏུ་ཁས་ལེན་པའི་རྣམ་གཞག་གཉིས་ལས། དང་པོ་ནི་ཤེས་བྱ་ཐམས་ཅད་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་དུ་འདུས་པར་འདོད་དོ། །དེའང་རྣམ་གྲངས་སུ་བརྗོད་ཅིང་བཏགས་པའི་ཆ་རྣམས་ནི་ཀུན་བཏགས་ཏེ། དབྱེ་ན་དོན་ལ་མེད་ལ་ཐ་སྙད་དུ་བརྗོད་པ་ཟླ་གཉིས་ཀྱི་རྣམ་པ་ལྟ་བུ་མེད་པ་གསལ་སྣང་དང་། བདག་ཅེས་པ་ལྟ་བུ་རྣམས་ནི་མཚན་ཉིད་ཆད་པའི་ཀུན་བཏགས་ཡིན་ལ། རྣམ་གྲངས་པའི་ཀུན་བཏགས་ནི་མིང་ཚིག་ཡི་གེའི་རྣམ་པར་བཏགས་པ་དང་གང་དང་གང་གི་རབ་ཏུ་དབྱེ་བར་བཀོད་པ་ཐམས་ཅད་དེ། ཚིག་དོན་དང་། བརྗོད་བྱ་དང་རྗོད་བྱེད་ཅེས་པ་ལ་སོགས་པ་ནས། ཕུང་པོ་དང་ཁམས་ལ་སོགས་པར་དབྱེ་བའི་ཚུལ་རྣམས་ནི་བློས་བཀོད་པ་ཡིན་ལ། དེ་དང་དབྱེ་བྱའི་དོན་གཉིས་མ་འབྲེལ་བཞིན་དུ་ཤེས་པར་བྱེད་པའི་ཐབས་སུ་སྣང་བས། ཀུན་བཏགས་པའོ། །གཞན་དབང་ལའང་གཉིས་ལས། མ་དག་པ་གཞན་གྱི་དབང་ནི། བག་ཆགས་སྣ་ཚོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་སྣ་ཚོགས་པའི་རྣམ་པར་ཤར་བ་ཡུལ་དོན་ལུས་དང་བཅས་པའོ། །ཡུལ་ནི་གཟུགས་ལ་སོགས་པ་ལྔའོ། །དོན་ནི་རྣམ་པར་ཤེས་པ་རྐྱེན་(༤༦)གཞན་ལས་སྐྱེ་མཆེད་དུ་གྲུབ་པ་ཚོགས་བརྒྱད་དོ། །ལུས་ནི་ཉེ་བར་ལེན་པའི་ཕུང་པོའོ། །འདི་དག་ལས་དང་བག་ཆགས་ཀྱི་རྐྱེན་གཞན་ལ་ལྟོས་པས་གཞན་དབང་ཞེས་བཞག་པའོ། །དག་པ་གཞན་དབང་ནི་ཤིན་ཏུ་དག་པའི་ཞིང་དང་ཡེ་ཤེས་ལ་སོགས་པ་སྟེ། སྒྲིབ་པ་དག་སྟོབས་ཀྱི་རྐྱེན་ལས་གནས་སྐབས་ལྟོས་པ་དང་བཅས་པའི་ཆ་ནས་བརྟགས་པའོ། །
ཡོངས་སུ་གྲུབ་པ་ལའང་གཉིས་ལས། དང་པོ་འགྱུར་བ་མེད་པའི་ཡོངས་གྲུབ་ནི། གནས་ལུགས་དོན་གྱི་ཀུན་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མར། ཇི་ལྟར་སྔོན་དེ་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་པ་དང་། མདོ་སྡེ་རྒྱན་ལས། སྔ་མ་ཕྱི་མ་ཁྱད་མེད་ཀྱང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །རབ་ཏུ་བཏགས་པར་གྱུར་པ་ཡིན། །ཅེས་པ་དེ་ཉིད་དོ། །དེའི་སྟེང་ན་ཐོག་མ་མེད་པའི་མ་རིག་པ་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ། རིས་གཅིག་ཏུ་མ་ཆད་པས་ལུང་དུ་མ་བསྟན་པའི་ཆ་ལ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །དེ་ནི་ངོ་བོ་རྟོག་མེད་ཡུལ་ལ་མི་འཛིན་པ་སྟེ། དེའི་ངང་དུ་གོམས་ན་གཟུགས་མེད་པའི་ཁམས་སུ་འཕེན་པའི་ལས་ཅན་ནོ། །སེམས་ཙམ་དྲི་མེད་པ་ཁ་ཅིག་འདི་ཡིད་ཤེས་རྟོག་མེད་དང་གཅིག་པས་ཡིད་དུ་བསྡུས་ནས་ཀུན་གཞི་ལ་སོགས་པར་མི་འདོད་པའང་ཡོད་དོ། །དོན་གྱི་ཀུན་གཞི་ནི་ཁས་ལེན་ཏེ། ཀུན་གཞིའི་རྣམ་ཤེས་ནི་སྒོ་ལྔའི་ཡིད་དང་བཅས་པར་མ་འགྱུས་པའི་ཤེས་པ། གསལ་བ་སྟེ་དེའི་ངང་དུ་གོམས་པ་ལས་གཟུགས་ཀྱི་ཁམས་སུ་འཕེན་པའི་ལས་ཅན་ནོ། །དེ་དག་གིས་འདི་ཉིད་ཤེས་པའི་དབྱེ་གཞིར་བྱེད་དོ། །ཡིད་ཤེས་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་སྨྲའོ། །དེ་ལས་མཆེད་པ་སྒོ་ལྔའི་རྣམ་ཤེས་ནི་མིག་གི་རྣམ་ཤེས་ལ་སོགས་པ་སྟེ། རྣམ་ཤེས་ཕྱི་རོལ་ན་སྣང་བ་དང་འདྲ་བའི་རྣམ་པ་ནང་གི་ཤེས་པ་ལ་འཆར་བའི་སྒོ་དབང་པོ་སོ་སོས་བྱེད་པའི་ཆ་ནས་ལྔར་བཞག་ཀྱང་མྱོང་བ་པོ་ནི་ཡུལ་ཡུལ་ཅན་གྱི་རྣམ་པ་གཉིས་སུ་མེད་པའི་རང་གི་རིག་པ་རང་གསལ་བ་ཁོ་ནའོ་ཞེས་འདོད་དོ། །ཡིད་ཤེས་ནི་སྒོ་ལྔའི་རྗེས་ལ་སྐྱེས་པ་དང་དོན་ཕྱི་ནང་གི་ཆོས་ལ་སྤྱོད་པའི་ཤེས་པའོ། །ཉོན་ཡིད་ནི་དཔྱད་པས་ཆགས་སྡང་བར་མ་གསུམ་གང་རུང་དུ་སྐྱེས་པ་ཉིད་དུག་གསུམ་མམ་ལྔའི་ཉོན་མོངས་སུ་ཤར་བ་ལ་ཟེར་རོ། །སྣ་ཚོགས་གཉིས་མེད་དུ་སྨྲ་བའི་སེམས་ཙམ་པ་དག་ནི་ཡིད་ཤེས་དང་ཉོན་ཡིད་གཉིས་གཅིག་ཏུ་སྡུད་པས་ཚོགས་བདུན་ཀུན་གཞི་དང་བཅས་པར་ཁས་ལེན་ཏོ། །དེ་དག་གི་གཞུང་ལས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་མེད་སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་དང་བཅས་པ་ལ་འདོད་ཅིང་། དེ་དག་ལས་རྗེས་ལ་སྐྱེས་ཀྱི་ཤེས་པ་ང་དང་ང་ཡིར་འཛིན་པའི་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་འཁོར་དང་བཅས་པ་ནི་ཡིད་དུ་འདོད་དེ། སེམས་ནི་ཀུན་གཞིའི་(༤༧)རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་པའོ། །དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་མཛོད་ལས་བཤད་པ་དང་ཡང་མཐུན་ཏེ། དཔེར་ན་ཨུཏྤ་ལ་མཐོང་དུས་བུང་བའི་སྒྲ་དང་། མེ་ཏོག་གི་དྲི་དང་། རེག་བྱ་དང་། རོ་རྣམས་དུས་གཅིག་ཏུ་ཤེས་པ་སྲིད་པ་ནི་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱིས་དུས་གཅིག་ལ་ཡུལ་འཛིན་ལ། དེའི་ཚེ་ཤེས་པ་རྟོག་མེད་གསལ་བའི་ཆ་ཙམ་ནི་ཀུན་གཞིའི་རྣམ་ཤེས་ཏེ། སྐད་ཅིག་དུ་ཡུལ་རིག་པ་ལ་དགའ་གདུང་དུ་སྐྱེ་དུས་རྟོག་དཔྱོད་དུ་ཤར་བས། སྒོ་ལྔ་ཀུན་གཞིའི་ཤེས་པ་དང་དྲུག་པོའི་རྟོག་མེད་གསལ་སྣང་གི་ཆ་འགགས་ནས། འཛིན་པའི་ཆ་ཡིད་ཤེས་རྟོག་བཅས་སྐད་ཅིག་རེ་རེ་བ་ལས་གཉིས་པ་མི་འཇུག་པ་སྐྱེས་པ་ལ་ཡིད་ཅེས་བརྗོད་དོ། །དེའང་རྟོག་མེད་རྟོག་བཅས་སུ་གྱུར་པའི་ཆ་ནས་དྲུག་པོ་འགགས་པར་བརྗོད་ཀྱང་། དོན་ལ་དབང་ཤེས་ཀུན་གཞིའི་རྣམ་ཤེས་དང་བཅས་པ་སོ་སོའི་ལྡོག་པའམ་ཆ་ནས་མ་ཉམས་པར་སོ་ན་གནས་ཏེ། གཟུགས་མཐོང་བའི་ཆ་ནི་རྟག་ཏུ་མིག་ཤེས་ཡིན་ལ། དེའི་ངོ་བོ་རྟོག་མེད་ཡིན་པས་སྒྲ་ལ་སོགས་པའང་གཞལ་ཏེ་ཤེས་པར་བྱའོ། །ཕྱིན་ཅི་མ་ལོག་པར་ཡོངས་གྲུབ་ནི་ལམ་ཟག་མེད་འབྲས་བུ་དང་བཅས་པ་ཡིན་ཏེ། ཡང་དག་པར་འགྲོ་བ་དང་འགྲོ་བའི་སར་ཕྱིན་ནས་སླར་མི་ལྡོག་པའི་ཕྱིར་རོ། །འདི་དག་རྒྱས་པར་ནི་ལུང་དང་བཅས་པ་ཤིང་རྟ་ཆེན་པོར་ཤེས་པར་བྱའོ། །
གཉིས་པ་བྱེ་བྲག་ཏུ་ཁས་ལེན་པའི་རྣམ་གཞག་ནི། ཤེས་བྱ་གཞི་ལྔར་བྱེད་དེ། གཟུགས་ཀྱི་གཞི་དང་། སེམས་ཀྱི་གཞི་དང་། སེམས་ལས་བྱུང་བའི་གཞི་དང་། དེ་གསུམ་གྱི་ཁྱད་པར་གནས་སྐབས་ཀྱི་ཆོས་དང་། འདུས་མ་བྱས་པའོ། །འདི་དག་གི་འདོད་ཚུལ་ལ་རྣམ་བཅས་པ་དང་། རྣམ་མེད་པ་གཉིས་ལས། རྣམ་བཅས་པ་ནི་གཟུགས་ཀྱི་གཞི་གཟུགས་སུ་སྣང་བ་རྣམས་ནི་སེམས་དང་སེམས་ལས་བྱུང་བ་ཉིད་བག་ཆགས་གོམས་པས་གཟུགས་ཀྱི་རྣམ་པར་ཤར་བས་ཏེ། ཤེས་པ་ལས་རྫས་གཞན་མ་ཡིན་ཏེ། འདི་ལྟར་གཟུགས་ལ་སོགས་པ་ཡུལ་ལྔར་སྣང་བ་དང་། སྒྲོ་བཏགས་པར་གྲགས་པའི་ཟླ་བ་གཉིས་ལ་སོགས་པའང་སྒོ་ལྔའི་རྣམ་ཤེས་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ། །རྨི་ལམ་གྱི་རྟ་གླང་ལ་སོགས་པའང་རྟོག་མེད་འཁྲུལ་པ་འཁོར་སེམས་བྱུང་དང་བཅས་པ་དེ་ལྟར་སྣང་བའོ། །དོན་སྤྱི་དང་སྒྲ་སྤྱིའང་ཡིད་རྟོག་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་སྤྱིའི་རྣམ་པར་སྣང་བ་ཡིན་པས། ཡང་དག་པར་ནི་ཤེས་པ་སྐད་ཅིག་མ་འདྲེས་པའི་ངོ་བོ་ཡིན་ཡང་། ཞེན་ཡུལ་མང་པོ་ལ་ཐུན་མོང་བའི་རྣམ་པར་སྣང་བས་སྤྱི་ཞེས་བརྗོད་པར་ཟད་དོ། །དབང་པོ་ལྟར་སྣང་བ་དང་། སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ནི། ཀུན་གཞི་ཁས་ལེན་པ་ལྟར་ན་ཀུན་གཞི་འཁོར་དང་བཅས་པ་ཉིད་དེ་ལྟར་སྣང་བར་ཁས་ལེན་ལ། ཀུན་གཞི་ཁས་མི་ལེན་པ་ལྟར་ན་ཡིད་རྟོག་པ་མེད་(༤༨)པ་རྒྱུན་མ་ཆད་པར་གནས་པ་འཁོར་སེམས་བྱུང་དང་བཅས་པ་ཉིད་དེ་ལྟར་སྣང་བར་འདོད་དོ། །
གཉིས་པ་སེམས་ཀྱི་གཞི་ལ་གསུམ་སྟེ། རྣམ་པར་ཤེས་པ་དུ་མར་བདེན་པར་འདོད་པ་དང་། རྣམ་པར་ཤེས་པ་དུ་མ་གཅིག་ཏུ་བདེན་པར་འདོད་པ་དང་། རྣམ་པར་ཤེས་པའི་ཚོགས་གཅིག་ཏུ་སྨྲ་བའི་ལུགས་སོ། །
དང་པོ་ནི་སློབ་དཔོན་ཤཱཀྱ་བློ་ལ་སོགས་པས་སེམས་ཀྱི་གཞི་ནི་ཡུལ་ཁ་དོག་དུ་མ་དང་། ཁ་དོག་རེ་རེ་ལ་ཡང་ཆ་དུ་མ་དང་མཐར་རྡུལ་དུ་མའི་བར་དུ་ཡོད་པས། དེ་དང་བདག་གཅིག་པའི་མིག་གི་རྣམ་ཤེས་ཉིད་ཀྱང་དུ་མ་ཡིན་ལ་རེ་རེར་སྣང་བའི་ཤེས་པ་ནི་གཅིག་ཉིད་དོ། །དེ་བཞིན་དུ་སྒྲའི་ཤེས་པ་ལ་སོགས་པ་རེ་རེ་ཡང་རྣམ་དབྱེ་དཔག་ཏུ་མེད་པ་རྣམ་པར་ཤེས་པ་རྒྱུ་གཅིག་ལའང་། གྲངས་ལས་འདས་པ་ཡོད་དོ་ཞེས་ཟེར་རོ། །
གཉིས་པ་ནི་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་རྣམས་ནི། དོན་སྣང་བ་ཤེས་པ་མི་འགལ་བ་ལྟར་དུ་མར་སྣང་བ་ཡང་གཅིག་ཏུ་བདེན་པར་མི་འགལ་བས། ཁ་དོག་དུ་མར་སྣང་ཡང་མིག་གི་རྣམ་ཤེས་གཅིག་གི་བདག་ཉིད་ཡིན་པས། གང་ཟག་རེ་རེ་ལ་མིག་གི་ཤེས་པ་དུ་མ་མི་འབྱུང་ལ། དེ་བཞིན་དུ་རྣ་བའི་ཤེས་པ་ལ་སོགས་པ་ཡང་རིགས་མཐུན་དུ་མ་མི་འབྱུང་བས་རིགས་མཐུན་པ་རེ་རེ་ཡིན་ལ། རིགས་མི་མཐུན་པ་དུ་མ་མི་འབྱུང་བས་སྒོ་ལྔའི་ཤེས་པ་ལྔ་དང་ཡིད་ཀྱི་ཤེས་པ་སྟེ་དྲུག་ཏུ་འདོད་ལ་ཡིད་རྟོག་པ་རྒྱུན་ཆད་པ་ནའང་། དེ་རྟོག་མེད་དུ་ཡོད་པས་ཡིད་ནི་རྒྱུན་དུ་གནས་ཏེ། བག་ཆགས་ཀྱང་དེ་ལ་བརྟེན་པ་ཡིན་ཞེས་སྨྲ་བ་དང་། ཡང་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བའི་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་འདོད་པའང་ཡོད་དེ། དེས་ནི་སྒོ་ལྔའི་རྣམ་ཤེས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་ཚོགས་དྲུག་ནི་བརྒྱལ་བ་དང་ར་རོ་བ་དང་། གཉིད་འཐུག་པོར་སོང་བ་དང་སྙོམས་འཇུག་གི་གནས་སྐབས་ན་འགགས་ཏེ་མི་ལྡན་པ་ཉིད་དབུས་མཐའ་ལས། སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །རྟག་ཏུ་འདུ་ཤེས་མེད་པའོ། །ཞེས་བཤད་པས། དེའང་ལྡང་ཉལ་གྱི་ཚུལ་ཅན་མི་བརྟན་པའི་ཕྱིར་བག་ཆགས་ཀྱི་རྟེན་ནི་ཀུན་གཞིའི་རྣམ་ཤེས་ཏེ། དེའང་ངོ་བོ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ། མཚན་ཉིད་ནི་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པའི་རྣམ་ཤེས་ཡིན་ལ། དེའང་དམིགས་པ་ཡོངས་སུ་མ་ཆད་པ་ལ་འཇུག་པ་དང་། རྣམ་པ་མི་གསལ་བ་དང་འཁོར་ཚོར་བ་བཏང་སྙོམས་པ་དང་བཅས་པའི་རེག་པ་ལ་སོགས་པ་ཀུན་ཏུ་འགྲོ་བ་ལྔ་བྱུང་ལ། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་ཀྱི་བར་དུ་ཆུ་བོའི་རྒྱུན་བཞིན་དུ་རྒྱུན་མ་ཆད་པར་འཇུག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་འགྱུར་བ་ཡིན་ནོ། །དེ་ལ་ཚོགས་དྲུག་འཁོར་བཅས་དགེ་བ་ཟག་བཅས་དང་མི་དགེ་བས་ལུས་བསྐྱེད་པའི་ནུས་པ་རྣམ་སྨིན་(༤༩)གྱི་བག་ཆགས་འཇོག་པས། དེ་ལས་ལུས་བསྐྱེད་པའི་ནུས་པ་ཡོད་པ་དང་ལུང་དུ་མ་བསྟན་པ་དང་དགེ་བ་ཟག་མེད་ཀྱི་རྒྱུ་མཐུན་ཁོ་ནའི་བག་ཆགས་འཇོག་ཅིང་། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་ཀྱང་རྒྱུ་མཐུན་གྱི་བག་ཆགས་འཇོག་པས། དེ་ལ་ཐམས་ཅད་ཀྱི་རྒྱུ་མཐུན་བསྐྱེད་པའི་ནུས་པ་ཡོད་པ་ནི་ས་བོན་གྱི་ཆ་ཡིན་ལ། ལས་ཀྱི་རྒྱུ་ལས་སྐྱེ་གནས་ཀྱི་ཐོག་མར་ཀུན་གཞི་མཐོ་རིས་དང་ངན་འགྲོའི་དབང་པོ་ལྔར་སྣང་བ་དང་། མཚམས་སྦྱོར་བའི་ཤེས་པ་ཙམ་འཕངས་པ་རྣམ་སྨིན་གྱི་ཡིན་ནོ་ཞེས་སྨྲ་སྟེ། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །རེག་ལ་སོགས་པ་ཀུན་འགྲོ་ལྔ། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དགྲ་བཅོམ་ཉིད་ནི་དེ་ལྡོག་གོ། །ཞེས་འདོན་ཏོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་ཀུན་གཞི་ལ་དམིགས་ཏེ་ཁ་ནང་བལྟས་ང་བདག་ཏུ་འཛིན་པ་བསྒྲིབས་ལ་ལུང་དུ་མ་བསྟན་པ། བདག་ཏུ་ལྟ་བ་དང་བདག་ཏུ་རྨོངས་པ་དང་བདག་ཏུ་ང་རྒྱལ་བ་དང་བདག་ལ་ཆགས་པ་དང་། ཀུན་ཏུ་འགྲོ་བ་ལྔ་སྟེ་འཁོར་དགུ་དང་མཚུངས་པར་ལྡན་པ། དགྲ་བཅོམ་པ་དང་། འགོག་པའི་སྙོམས་འཇུག་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་མཉམ་པར་གཞག་པ་ན་རྒྱུན་ཆད་ཀྱི་དེ་མ་རྟོགས་པ་ན་ཆུ་བོའི་རྒྱུན་བཞིན་དུ་འཇུག་སྟེ། དེ་ལ་གནས་ཏེ་རང་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེ་འོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་བཤད་པ་ལྟ་བུའོ། །དེ་ལྟར་ཚོགས་དྲུག་དང་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པར་ཤེས་པ་ཚོགས་བརྒྱད་ཡིན་ནོ་ཞེས་ཟེར་རོ། །
གསུམ་པ་གཅིག་ཏུ་སྨྲ་བའི་ལུགས་ལ་བཞི་སྟེ། ཤེས་པས་ཡུལ་དཔྱོད་པའི་ཚུལ་དང་། གཉེན་པོས་སྤང་བྱ་སྤོང་བའི་ཚུལ་དང་། དུ་མར་ངེས་པའི་རྒྱུ་དང་། དོན་བསྡུ་བའོ། །
དང་པོ་ནི་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་དག་རྣམ་པར་ཤེས་པ་གཅིག་ཉིད་ཡུལ་དུ་མ་ལ་འཇུག་སྟེ། མིག་གི་རྣམ་པར་ཤེས་པ་གཅིག་ཉིད་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཡུལ་དུ་མའི་རྣམ་པ་འཆར་བ་ལྟར། ཤེས་པ་གཅིག་ཉིད་ལ་གཟུགས་དང་སྒྲ་ལ་སོགས་པ་དུ་མའི་རྣམ་པ་འཆར་བའང་མི་འགལ་ལ། རྟོག་པ་གཅིག་ལ་ལྡོག་པའི་དོན་སྤྱིའང་མི་སྣང་ལ་ཤེས་པའི་གསལ་བ་ལྡོག་པ་ཐམས་ཅད་དབྱེར་མེད་པའི་རང་གི་མཚན་ཉིད་མྱོང་བས། དེའི་དོན་སྤྱི་མི་སྣང་བ་མི་འགལ་བ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ལྡོག་པ་ཕྱོགས་རེའི་དོན་སྤྱི་འཛིན་པས། དེ་ལ་རྟོག་པའང་ཡིན་ལ་ལྡོག་པ་མ་ལུས་པ་དང་། དབྱེར་མེད་པའི་(༥༠)གསལ་བའི་དོན་རང་གི་མཚན་ཉིད་མྱོང་བས། དེའི་དོན་སྤྱི་མི་སྣང་ཞིང་དེ་ལ་རྟོག་པ་མེད་པའང་རྫས་གཅིག་ལ་མི་འགལ་བ་ཡིན་ནོ། །
གཉིས་པ་ནི་གཉེན་པོས་སྤང་བྱ་བཅོམ་ཞེས་པ་མེ་དང་གྲང་རེག་ལྟར་རྫས་ཐ་དད་ལ། རྒྱུན་འཇུག་པ་དང་འགལ་བར་བསྐྱེད་པའི་གནོད་བྱ་དང་གནོད་བྱེད་དུ་གྱུར་པ་ཚོགས་བརྒྱད་དུ་སྨྲ་བས། ཀུན་གཞི་ས་བོན་གྱི་ཆ་གནོད་བྱ་ལ། བདག་མེད་གོམས་པའི་ཡིད་གནོད་བྱེད་ཀྱི་མཐུས་བསྐྱེད་པའི་ནུས་པ་མེད་པར་བྱས་པ་མ་ཡིན་ཏེ། དར་ལ་བབ་པའི་རྫས་ཀྱི་རྒྱུན་ཉིད་རྒན་པོར་སྐྱེས་པ་ན་རྒྱུན་དེ་ཉིད་སྔར་གྱི་དར་ལ་བབ་པའི་རྣམ་པ་ཅན་ལོག་པས་རྒས་པས་ལང་ཚོ་བཅོམ་ཞེས་བརྗོད་པ་ལྟར། ཕྱིན་ཅི་ལོག་པའི་རྣམ་པ་ཅན་གྱི་ཤེས་པའི་རྫས་ཀྱི་རྒྱུན་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཤེས་པར་སྐྱེས་ལ། དེ་ལ་ཕྱིན་ཅི་ལོག་བསྐྱེད་པའི་ནུས་པ་མེད་པར་གྱུར་པ་ཉིད་ལ་གཉེན་པོས་སྤང་བྱ་བཅོམ་པ་ཞེས་བརྗོད་པས། ཕྱིས་འབྱུང་བའི་གཉེན་པོས་སྔར་ཡོད་པའི་སྤང་བྱ་སྤོང་བར་བརྗོད་པ་ཡིན་ནོ། །
གསུམ་པ་ནི་གལ་ཏེ་རྣམ་ཤེས་ཚོགས་གཅིག་ཡིན་ན་དུ་མར་མྱོང་བ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། ཤེས་པའི་རྫས་གཅིག་པོ་དེ་སྐྱེ་མཆེད་ཀྱི་སྒོ་དུ་མར་སྣང་བ་ལ་བརྟེན་ཏེ་ཡུལ་དུ་མའི་རྣམ་པ་འཆར་བས་རྣམ་ཤེས་དུ་མར་རིག་པ་ཡིན་ཏེ། དཔེར་ན་སྤྲེའུ་ཅིག་མཁར་གྱི་བུ་ག་དུ་མར་འབྱུང་བ་ན་སྤྲེའུ་དུ་མར་ངེས་པའམ། ཕྱོགས་བཞིའི་བུ་ག་ནས་ནང་ན་གནས་པའི་མི་མཐོང་བ་ན་དུ་མར་རིག་པ་བཞིན་ནོ། །
བཞི་པ་ནི། གང་ཞིག་ལུས་མེད་ཕུག་གནས་ཤིང་། །རིང་དུ་རྒྱུ་ཞིང་གཅིག་པུར་སྤྱོད། །གདུལ་བར་དཀའ་བའི་སེམས་འདུལ་བ། །འདི་ནི་བྲམ་ཟེར་ངས་བཤད་དོ། །ཞེས་ཆེད་དུ་བརྗོད་པའི་ཚོམས་ལས་གསུངས་པ་བཞིན་ནོ། །
གསུམ་པ་སེམས་ལས་བྱུང་བའི་གཞི་ལ་གཉིས་ཏེ། སེམས་དང་རྫས་མི་གཅིག་པ་མི་འཐད་པ་དང་། རྫས་དབྱེར་མེད་དུ་བསྒྲུབ་པའོ། །དང་པོ་ལ་ལྔ་སྟེ། དམིགས་པ་མཚུངས་པ་མི་འགྲུབ། མྱོང་བ་དང་འགལ། རྫས་དབྱེར་མེད་ལ་སྣང་མི་སྣང་འགལ། རང་སྟོབས་དང་གཞན་སྟོབས་མི་འཐད། དེའི་ལན་དགག་པའོ། །
དང་པོ་ནི་སྔར་བཤད་པའི་སེམས་ལས་བྱུང་བ་རྫས་གཅིག་ལའང་། ཁ་ཅིག་ནི་གཙོ་བོ་རྣམ་ཤེས་ལས་རྫས་ཐ་དད་པ་ལྔར་བཤད་པ་ལྟར་གཙོ་བོ་དང་མཚུངས་པ་ལྔས་མཚུངས་པར་འདོད་ལ། ཁ་ཅིག་ན་རེ་དེ་ལྟ་ན་ཡིད་རྟོག་པ་ལ་འཁོར་སེམས་བྱུང་རྟོག་མེད་བྱུང་བ་ན་གཙོ་བོས་དོན་སྤྱི་འཛིན་ལ། འཁོར་གྱིས་དོན་རང་གི་མཚན་ཉིད་འཛིན་པས་དམིགས་པ་མཚུངས་པ་མི་རུང་ངོ་ཞེས་སོ། །
གཉིས་པ་ནི་འཁོར་རྟོག་པ་ཡིན་ན་འཁོར་ཀུན་ཏུ་འགྲོ་བ་ལྔ་ཁོ་ན་འབྱུང་བ་ན་རྟོག་པ་རྫས་དྲུག་དང་། འཁོར་མང་པོ་འབྱུང་བ་ན་རྟོག་པ་རྫས་མང་པོ་རྒྱུད་གཅིག་ལ་འབྱུང་བར་ཐལ་བས། དེ་ལྟ་བུ་མེད་པར་མྱོང་བས་འགྲུབ་པས་མྱོང་བ་དང་འགལ་ལོ། །
གསུམ་པ་ནི་མིག་གི་ཤེས་པ་ལ་ངོ་བོ་སྣང་ལ་ཁྱད་པར་མི་སྣང་ཞིང་། དེའི་འཁོར་ལ་གཙོ་བོ་མི་སྣང་བས། རྫས་གཅིག་ཏུ་འདོད་པ་ལྟར་ན་(༥༡)རྫས་གཅིག་ལ་སྣང་བ་དང་མི་སྣང་བ་མི་འགལ་བར་གྱུར་ན་འགལ་བའང་ཡིན་ནོ། །
བཞི་པ་ནི་གལ་ཏེ་གཙོ་བོ་སེམས་ལ་ཡང་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་ལ། འཁོར་ལའང་གཉིས་ཀ་སྣང་བས་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་ཀྱིས་གཙོ་བོ་ལ་ངོ་བོ་སྣང་བ་རང་གི་སྟོབས་ཀྱིས་ཡིན་པས་ངོ་བོ་སྣང་བར་བཞག་ལ། ཁྱད་པར་སྣང་བ་འཁོར་གྱི་སྟོབས་ཀྱིས་ཡིན་པས་ཁྱད་པར་སྣང་བར་མི་བཞག་གོ། །འཁོར་ལའང་ཁྱད་པར་སྣང་བ་རང་གི་སྟོབས་ཀྱིས་ཡིན་པས། ཁྱད་པར་སྣང་བར་བཞག་ལ། ངོ་བོ་སྣང་བ་གཙོ་བོའི་སྟོབས་ཀྱིས་ཡིན་པས་ངོ་བོ་སྣང་བར་མི་བཞག་གོ་ཞེ་ན། དེ་ལྟར་ན་གཙོ་བོ་སེམས་སྔ་མའམ་འཁོར་སེམས་ལས་བྱུང་བ་སྔའམ་དུས་མཉམ་པར་གནས་གྲངས། དང་པོ་ལྟར་ན་དུས་མཚུངས་པར་མི་རུང་བ་དང་། གཙོ་བོས་འཁོར་ངོ་བོ་འཛིན་པར་སྐྱེད་པར་རུང་ཡང་། འཁོར་གྱིས་གཙོ་བོ་ཁྱད་པར་འཛིན་པར་སྐྱེད་པ་མི་རུང་ངོ་། །གཉིས་པ་ལྟར་ནའང་དུས་མཚུངས་པ་མེད་པས་འཁོར་གྱིས་གཙོ་བོ་ཁྱད་པར་འཛིན་པར་སྐྱེད་དུ་རུང་ཡང་། གཙོ་བོས་འཁོར་གྱི་ངོ་བོ་འཛིན་པར་སྐྱེད་པར་མི་རུང་ངོ་། །གསུམ་པ་ལྟར་ནའང་དུས་མཉམ་པ་ལ་བློར་རྫས་གཅིག་གིས་ཕན་གདགས་བྱ་དང་འདོགས་བྱེད་མེད་པས། དུས་མཉམ་པའི་འཁོར་ལ་གཙོ་བོས་ངོ་བོ་འཛིན་པར་སྐྱེད་མི་ནུས་ལ། འཁོར་གྱིས་གཙོ་བོ་དུས་མཉམ་པ་ལ་ཁྱད་པར་འཛིན་པར་སྐྱེད་པར་མི་རུང་ངོ་། །
ལྔ་པ་ནི་གལ་ཏེ་དུས་མཉམ་པར་སྐྱེད་པར་མ་ཡིན་ཏེ། སྐད་ཅིག་སྔ་མའི་གཙོ་བོས་ད་ལྟར་བའི་བློའི་འཁོར་ངོ་བོ་འཛིན་པར་སྐྱེད་ལ། སྐད་ཅིག་སྔ་མའི་བློའི་འཁོར་གྱིས་ད་ལྟ་བའི་གཙོ་བོའི་ཁྱད་པར་འཛིན་པར་སྐྱེད་པ་ཡིན་ནོ་ཞེ་ན་མ་ཡིན་ཏེ། སྙོམས་པར་འཇུག་པ་ལས་ལངས་མ་ཐག་ཏུ་སྐྱེས་པའི་མིག་གི་རྣམ་པར་ཤེས་པ། ཤེས་པ་སྔ་མའི་འཁོར་སྔོན་དུ་མ་སོང་བ་དེ་ལས་ཁྱད་པར་སྣང་བ་ཡོད་དམ་མེད། ཡོད་ན་ལྡོག་པ་མ་གྲུབ་པས་ཁྱད་པར་སྣང་བ་དེ་འཁོར་སྔ་མའི་འབྲས་བུར་མི་རུང་ལ། མེད་ན་གཙོ་བོ་ལ་ངོ་བོ་སྣང་ཡང་ཁྱད་པར་མི་སྣང་བས་རྫས་གཅིག་ལ་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་པའི་སྐྱོན་དུ་འགྱུར་རོ། །ཡང་སྙོམས་པར་འཇུག་པ་ལས་ལངས་མ་ཐག་གི་མིག་གི་རྣམ་པར་ཤེས་པའི་འཁོར་ལ་ཁྱད་པར་སྣང་བ་ན་ངོ་བོ་སྣང་བ་ཡོད་དམ་མེད། ཡོད་ན་གཙོ་བོ་སྔ་མ་སྔོན་དུ་མ་སོང་ཡང་ངོ་བོ་སྣང་སྟེ་ལྡོག་པ་མ་གྲུབ་པས་ངོ་བོ་སྣང་བ་གཙོ་བོ་སྔ་མའི་འབྲས་བུར་མི་འཐད་ལ། མེད་ན་འཁོར་ལ་ཁྱད་པར་སྣང་གི་ངོ་བོ་མི་སྣང་བས་རྫས་གཅིག་ལ་སྣང་བ་དང་མི་སྣང་བ་ཆ་གཉིས་ཡོད་པར་འགྱུར་རོ། །
གཉིས་པ་རྫས་གཅིག་ཏུ་བསྒྲུབ་པ་ནི་གཙོ་བོ་སེམས་ཙམ་དང་འཁོར་སེམས་ལས་བྱུང་བ་རྫས་གཅིག་ལ། བདག་ཉིད་ཐམས་ཅད་ཀྱིས་སྣང་ཡང་ངོ་བོ་སྣང་བའི་ལྡོག་པ་ནས་གཙོ་བོ་ཡིན་ལ། ཁྱད་པར་སྣང་བའི་ལྡོག་པ་ནས་འཁོར་ཡིན་ཏེ། རྣམ་ཤེས་དང་མི་རྟག་པ་རྫས་གཅིག་ཀྱང་། རྣམ་ཤེས་རྣམ་པར་ཤེས་པའི་ཕུང་པོ་ཡིན་ལ། མི་རྟག་པ་(༥༢)འདུ་བྱེད་ཀྱི་ཕུང་པོ་ཡིན་པ་བཞིན་དུ། རྫས་གཅིག་ཀྱང་ངོ་བོ་སྣང་བ་རྣམ་ཤེས་ཀྱི་ཕུང་པོ་ཡིན་པ་ལ་ཁྱད་པར་སྣང་བའི་ལྡོག་པ་འདུ་བྱེད་ཀྱི་ཕུང་པོ་ཡིན་པ་མི་འགལ་བས། སེམས་དང་སེམས་ལས་བྱུང་བ་རྫས་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། སེམས་ནི་གཉིས་སུ་སྣང་བས་ཏེ། །དེ་བཞིན་ཆགས་སོགས་སྣང་བའམ། །དད་ལ་སོགས་པར་སྣང་བ་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཞེས་ལང་ཀར་གཤེགས་པ་ལས་གསུངས་པ་ཡིན་ནོ། །དེས་ན་རྫས་གཅིག་པ་ཡིན་ནོ། །
བཞི་པ་མི་ལྡན་པའི་འདུ་བྱེད་ཀྱང་ཐལ་མོ་དང་ཁུ་ཚུར་བཞིན་དུ། གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཡིན་པ་དང་། སྲོག་གི་དབང་པོ་དང་རིགས་མཐུན་པ་དང་། སྐྱེ་བ་ལ་སོགས་པ་བཞི་དང་སོ་སྐྱེ་དང་ཆ་མཐུན་དགུ་སྔ་མ་ལྟར། གཟུགས་སེམས་སེམས་ལས་བྱུང་བ་གསུམ་ཆར་གྱི་གནས་སྐབས་ཡིན་པ་སྔ་མ་དང་མཐུན་མོད་ཀྱི། ཐོབ་པ་ནི་ཤེས་པ་གཞན་གྱི་གནས་སྐབས་མ་ཡིན་ཏེ། ཀུན་གཞི་ལ་ཤེས་པ་གཞན་གྱིས་བག་ཆགས་བཞག་པའི་གནས་སྐབས་སོ། །སྙོམས་འཇུག་གསུམ་ཡང་ལུས་ཀྱི་གནས་སྐབས་མ་ཡིན་ཏེ། ཀུན་གཞི་ལ་ཚོགས་དྲུག་གམ་བདུན་འགགས་པའི་གནས་སྐབས་སོ། །མིང་གི་ཚོགས་ལ་སོགས་པའང་སྒྲ་རང་གི་མཚན་ཉིད་ཀྱི་གནས་སྐབས་མ་ཡིན་ཏེ། ཡིད་རྟོག་པ་འཁོར་དང་བཅས་པ་ལ་མིང་དང་ཚིག་དང་ཡི་གེར་སྣང་བའི་གནས་སྐབས་ཡིན་ནོ། །
ལྔ་པ་འདུས་མ་བྱས་ནི་མདོ་སྡེ་པ་དང་མཐུན་ཏེ། སྔ་མ་གསུམ་གྱི་སྟེང་དུ་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ལ་སོགས་པ་གཞན་ཡང་ཡོད་ཟེར་རོ། །གཞུང་དེ་དག་ཀྱང་ཉན་ཐོས་ལས་ཅུང་ཟད་འཕགས་ཀྱང་། ད་དུང་བཟང་པོ་མ་ཡིན་པས་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་སྣང་བ་སེམས་སུ་མི་འཐད། ཀུན་བརྟགས་མི་འཐད། བདག་མེད་པ་ལ་ཐ་སྙད་མི་རུང་བ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི་མདོ་སྡེ་པ་བཀག་པའི་སྐབས་སུ་བརྗོད་ཟིན་ཏོ། །གཉིས་པ་ནི་ཟླ་གཉིས་ཀྱི་རྣམ་པ་དང་། དོན་སྤྱི་ལ་སོགས་པ་ཤེས་པའི་དངོས་པོ་ཡིན་ན་གཞན་དབང་དུ་གྱུར་པས་ཀུན་བཏགས་གང་ཡིན། བདག་ཏུ་ཞེན་པའི་ཞེན་ཡུལ་བདག་གཉིས་ཡིན་ན་བདག་གཉིས་མི་སྲིད་པས་མཚན་གཞི་མི་སྲིད་པའི་ཕྱིར། ཀུན་བཏགས་ཀྱི་མཚན་ཉིད་ནི་མི་སྲིད་པས། དེས་རིགས་མི་མཐུན་ལས་ཕྱེ་བའི་མཚོན་བྱ་ཀུན་བཏགས་ཀྱང་མི་སྲིད་པར་འགྱུར་རོ། །གསུམ་པ་ནི་ཆོས་བདག་མེད་པ་ཤེས་པ་ལ་སྣང་ངམ་མི་སྣང་། སྣང་ན་ཤེས་པའི་རྫས་ཡིན་པས་སྟོང་ཉིད་ཡིན་པར་མི་རུང་ལ། མི་སྣང་ན་ཚད་མའི་ཡུལ་མ་ཡིན་པས་མཚན་ཉིད་ཅན་དུ་མ་ངེས་པའི་ཕྱིར་བདག་མེད་པའི་ཐ་སྙད་དུ་བྱེད་པ་མི་རུང་ངོ་། །
གཉིས་པ་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། རྣམ་པ་དུ་མ་ཤེས་པ་གཅིག་ཏུ་བདེན་པ་མི་འཐད་པ་དང་། རྣམ་པ་དུ་མ་ཤེས་པ་དུ་མར་བདེན་པ་མི་འཐད་པའོ། །
དང་པོ་ནི་སྣ་ཚོགས་སུ་སྣང་བ་ཤེས་པ་ཆ་མེད་གཅིག་གི་བདག་ཉིད་དུ་སྨྲ་ན། (༥༣)ཡན་ལག་ཅན་གྱི་རྫས་འདོད་པ་གང་གིས་འགོག །གལ་ཏེ་ཆ་དུ་མར་དམིགས་པས་རྫས་གཅིག་ཏུ་བདེན་པ་ཁེགས་སོ་ཞེ་ན། སྣ་ཚོགས་སུ་སྣང་བའང་ཆ་དུ་མར་དམིགས་པས་ཤེས་པ་ཆ་མེད་གཅིག་ཏུ་བདེན་པ་ཁེགས་པ་ཡིན་ནོ། །གཉིས་པ་ནི་ཡུལ་ཆ་མེད་དུ་མ་རྣམ་པ་ཤེས་པ་དུ་མར་བདེན་ན། བློ་གཅིག་གིས་རྡུལ་དུ་མ་འཛིན་པ་མེད་པས། རགས་པར་སྣང་བ་མེད་པར་འགྱུར་རོ། །
གཉིས་པ་སེམས་ཙམ་རྣམ་པ་མེད་པར་སྨྲ་བ་དག་ནི། གཞི་ལྔ་པོ་དག་འདི་ལྟར་འདོད་དེ། སྒྲ་དོན་དང་ཟླ་བ་གཉིས་སྣང་ལ་སོགས་པ་ཐམས་ཅད་དོན་དང་བློ་གཉིས་ཀའི་ངོ་བོར་མེད་དེ་དངོས་པོ་མ་ཡིན་ཡང་སྒྲོ་བཏགས་ནས་སྣང་བ་ལྟར། དབང་པོ་ལྔ་དང་ཡུལ་ལྔ་དང་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ཡང་ཤེས་པ་དང་ཕྱི་རོལ་པའི་དངོས་པོ་མ་ཡིན་ཏེ། ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ལ་སྒྲོ་བཏགས་ནས་སྣང་བས་ཏེ། དེས་ན་གཟུགས་ཀྱི་གཞི་ནི་སྒྲོ་བཏགས་པ་ཙམ་དུ་ཟད་དེ་རྫུན་པའོ། །སེམས་ཀྱི་གཞི་དང་སེམས་ལས་བྱུང་བའི་གཞི་གཟུང་བྱའི་རྣམ་པ་སྒྲོ་བཏགས་པ་དང་། བདག་གཅིག་པ་མེད་པས། རྣམ་པའི་དྲི་མས་མ་བསླད་པ་ཤེལ་གོང་དག་པ་ལྟ་བུ། ཕྱོགས་ལ་སོགས་པའི་ཆ་མེད་པ་སྐད་ཅིག་དོན་དམ་པའི་དངོས་པོ་སྔ་མ་ལས་ཕྱི་མ་སྐྱེ་བ་འདོད་དོ། །ལུགས་འདི་ལའང་། ཡུལ་དུ་མར་འདོད་པ་དང་སྣང་བ་དང་ཤེས་པ་རྫས་གཅིག་པར་མི་འདོད་པས། ཤེས་པའི་གྲངས་མཐའ་ཡས་པའི་ལུགས་ནི་མེད་མོད་ཀྱི། རྣམ་ཤེས་ཚོགས་དྲུག་གམ་བརྒྱད་དམ་གཅིག་ཏུ་འདོད་པའང་རྣམ་བཅས་པ་ལྟར་ཡོད་ལ། སེམས་དང་སེམས་ལས་བྱུང་བ་རྫས་གཅིག་པ་དང་ཐ་དད་པར་འདོད་པའང་སྔ་མ་ལྟར་ཡོད་དེ། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་ཀྱང་རྣམ་བཅས་པས་འདོད་པ་དང་མཐུན་པ་ཉིད་དོ། །གཞུང་འདིའང་རྣམ་བཅས་པ་ལས་ཅུང་ཟད་འཕགས་ཀྱང་ད་དུང་ཡང་དག་པ་མ་ཡིན་པས་དགག་པ་ལ་གཉིས་ཏེ། གཟུགས་ལ་སོགས་པ་དངོས་པོར་མེད་པ་མི་འཐད་པ་དང་། རྣམ་ཤེས་ཆ་མེད་དོན་དམ་པའི་དངོས་པོར་མི་འཐད་པའོ། །དང་པོ་ནི་གཟུགས་ལ་སོགས་པ་དངོས་པོར་མེད་ན་བདེ་སྡུག་ཀྱང་དངོས་པོར་ཇི་ལྟར་གྲུབ། དོན་བྱེད་པས་དངོས་པོ་ཡིན་ན་མེ་ལ་སོགས་པའང་བསྲེག་པ་ལ་སོགས་པའི་དོན་བྱེད་པས་ཅིའི་ཕྱིར་དངོས་པོ་མ་ཡིན། གལ་ཏེ་བྱེ་བྲག་ཏུ་སྨྲ་བ་འགོག་པའི་སྐབས་སུ་བརྗོད་པ་བཞིན་དུ་ཕྱོགས་ཆའི་དབྱེ་བས་ཕྱི་རོལ་གྱི་དོན་དངོས་པོར་གྱུར་པ་ཁེགས་སོ་ཞེ་ན། བདེ་བ་དང་སྡུག་བསྔལ་བའང་དུས་ཀྱི་ཆའི་དབྱེ་བས་དངོས་པོ་ཡོད་པ་ཁེགས་པར་འགྱུར་རོ། །དེས་ན་དོན་དམ་པའི་དངོས་པོ་མ་ཡིན་ཀྱང་སྣང་བརྙན་དང་འདྲ་བར་བདེ་སྡུག་ཀུན་རྫོབ་པའི་དངོས་པོ་ཡོད་པ་ལྟར། གཟུགས་ལ་སོགས་པའང་ཀུན་རྫོབ་ཏུ་ཕྱི་རོལ་ལྟར་སྣང་བའི་དངོས་པོ་རྨི་ལམ་དང་འདྲ་བར་ཡོད་པ་རིགས་པ་ཡིན་ཏེ། ཕྱི་རོལ་ཤེས་ངོར་རྫུན་པ་ལས་ནང་གི་བདག་ཉིད་ལས་གཞན་མེད་ན་འཁོར་འདས་བདེ་སྡུག་ལ་སོགས་པ་ལ་(༥༤)བླང་དོར་ཀྱང་རིགས་པ་མ་ཡིན་ནོ། །
གཉིས་པ་ནི་ཤེས་པ་སྐད་ཅིག་ཆ་མེད་ཡིན་ན་སྔ་ཕྱི་དང་མ་འབྲེལ་པར་འགྱུར་ལ། དེ་འདོད་ན་རྒྱུ་མེད་དུ་འགྱུར་བས་རེས་འགའ་བར་མི་འགྱུར་ལ། འབྲས་བུ་མི་སྐྱེད་པས་དོན་བྱེད་ནུས་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་གཉིས་ཀས་གཟུང་འཛིན་གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་བདེན་པ་དང་། རྫུན་པར་ཡོད་པར་ཁས་བླངས་པ་དེ་ཡང་རིག་པ་མ་ཡིན་ཏེ་འདི་ལྟར། བློ་རྫས་གཅིག་དུས་གཅིག་ལ་རིག་བྱ་དང་རིག་བྱེད་གཉིས་རྫས་འགལ་བའི་ཕྱིར། རང་གིས་རང་རིག་པའང་མི་སྲིད་དེ། རལ་གྲིས་རང་གི་རྩེ་མོ་གཅོད་པའམ་རེག་པར་མི་ནུས་པ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས། དཔེར་ན་རལ་གྲི་རང་གིས་རང་། །རེག་ཅིང་གཅོད་པར་མི་ནུས་པས། །དེ་བཞིན་ཤེས་པ་རང་ཉིད་ཀྱིས། །རང་ཉིད་རིག་པར་ནུས་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །འོན་ཏེ་འདས་པའི་ཤེས་པ་ད་ལྟར་བས་རིག་པའི་ཕྱིར་རང་རིག་པའོ་ཞེ་ན་མ་ཡིན་ཏེ། འདས་པ་ད་ལྟར་བས་རིག་དུས་འདས་པ་ཡུལ་དུ་ཡོད་དམ་མེད། ཡོད་ན་རྟག་དངོས་སྲིད་པར་འགྱུར་ཏེ་ད་ལྟར་བའི་ཤེས་པ་ཡོད་དུས་འདས་པ་མ་འགགས་པར་ཡོད་པའི་ཕྱིར་རོ། །མེད་ན་མེད་པས་རིག་པའང་མེད་དེ་རིག་ཡུལ་མེད་པའི་ཕྱིར་རོ། །འོན་ཏེ་རང་ཉིད་རིག་པར་སྐྱེས་པས་རང་རིག་པ་ཡིན་ནོ་ཞེ་ནའང་མ་ཡིན་ཏེ་རང་རིག་པར་སྐྱེས་པ་དེ་གཞན་རིག་པ་ལ་ལྟོས་སམ་མི་ལྟོས། ལྟོས་ན་ཤེས་པ་གཅིག་པོ་དེའི་བློ་རྫས་གཞན་རིག་ཡིན་དུས་རང་རིག་མ་ཡིན་པས། རང་རིག་མ་ཡིན་པའི་ཤེས་པ་སྲིད་པར་འགྱུར་ལ། མི་ལྟོས་ན་རང་རིག་ཏུའང་བཞག་ཏུ་མེད་པར་འགྱུར་ཏེ། རང་རིག་ལྟོས་པས་གཞན་རིག་མེད་པའི་ཕྱིར་རོ། །རང་རིག་དང་གཞན་རིག་ཤེས་པ་གཅིག་གི་ལྡོག་པ་ཐ་དད་ཀྱང་། རྫས་གཅིག་ཡིན་པས་ཉེས་པ་མེད་དོ་ཞེ་ནའང་མ་ཡིན་ཏེ། གྲངས་ཅན་པའི་བློའི་མེ་ལོང་ངོས་གཉིས་པ་ཇི་ལྟར་འགོག །ཡང་བློ་རྫས་གཅིག་དུས་གཅིག་ཏུ་རང་རིག་དུས་གཞན་རིག་ན་འགྲོ་བ་གཅིག་གི་རྣམ་ཤེས་ངོས་གཉིས་པ་ཅན་གྲངས་ཅན་དང་ཁྱད་མེད་པ་ཉིད་དང་། རང་གཞན་རིག་པའི་ལྟོས་པ་དང་ལྟོས་ཆོས་སྐད་ཅིག་ཏུ་མཚུངས་པ་ཐ་དད་པའི་སྐྱོན་འདི་གང་གིས་བཟློག་པར་ནུས་པ་དེའི་ཕྱིར། དོན་དམ་པར་བདེན་རྫུན་གྱི་བློ་འདོད་པ་འདི་ཉིད་རིགས་པ་མ་ཡིན་ནོ། །
དོན་གཉིས་པ་ཐུབ་པའི་གསུང་གི་གསང་བ་མཆོག་ཏུ་ཟབ་པ་དབུ་མ་པའི་ལུགས་ལ། ཤེས་བྱའི་གཞི་ལྔར་ཡོད་ཀྱང་། བདེན་པ་གཉིས་སུ་འདུས་པ་དེའི་ཕྱིར། ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ཆེན་པོ་གཉིས་ཏེ། རང་རྒྱུད་པའི་རྣམ་གཞག་དང་། ཐལ་འགྱུར་པའི་རྣམ་གཞག་གོ། །
དང་པོ་ལའང་གཉིས་ཏེ། དོན་དམ་པའི་བདེན་པ་རིག་ཤེས་ཀྱི་ཡུལ་དུ་ཁས་ལེན་པའི་རྣམ་གཞག་དང་། ཁས་མི་ལེན་པའི་ཁྱད་པར་ངེས་པར་བྱ་བའོ། །དང་པོ་ལ་དབྱེ་(༥༥)བ་དང་། མཚན་ཉིད་གཉིས་ལས། དབྱེ་བ་ལ་ལྔ་སྟེ། དབྱེ་གཞི། དབྱེ་དོན། ངེས་ཚིག །རབ་ཏུ་དབྱེ་བ། གྲངས་ངེས་པའོ། །དང་པོ་ནི་ཤེས་བྱ་ཙམ་མོ། །
གཉིས་པ་ནི་སྤྱིར་མཚན་ཉིད་ཀྱི་ལྡོག་པ་ཙམ་ཡང་ཐ་དད་མེད་པ་མིང་གི་རྣམ་གྲངས་དང་། ངོ་བོ་ཐ་དད་པ་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་། གཅིག་པ་བཀག་པ་ཙམ་གྱི་ཐ་དད་དང་བཞི་ལས། འདིར་དང་པོ་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ཀུན་རྫོབ་མངོན་སུམ་ཚད་མས་རྟོགས་པ་ན་དེ་དང་ལྡོག་པ་ཐ་དད་མེད་པས་དོན་དམ་པའི་བདེན་པའང་རྟོགས་པའི་ཕྱིར་འཁོར་བའི་སེམས་ཅན་དང་པོ་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་དང་། ཐ་དད་པ་དང་མི་ལྡན་པའི་དོན་དམ་པའི་བདེན་པ་དང་ལྡོག་པ་ཐ་དད་མེད་པས། ཀུན་རྫོབ་གཟུགས་ལ་སོགས་པའང་ཐ་དད་ཀྱིས་སྟོང་པར་འགྱུར་བ་དང་། གང་དམིགས་པའི་ཡུལ་དུ་བྱས་པས་ཉོན་མོངས་པ་འཕེལ་བར་འགྱུར་བའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་མེད་པས། དོན་དམ་པའི་བདེན་པ་དམིགས་པའི་ཡུལ་དུ་བྱས་པ་ལས་ཉོན་མོངས་པ་རྒྱས་པར་འགྱུར་བ་དང་། ཚད་མས་གཟོད་རྟོགས་པ་བྱར་མེད་པའི་ཀུན་རྫོབ་ཀྱི་བདེན་པ་དང་ལྡོག་པ་ཐ་དད་མེད་པའི་ཕྱིར། དོན་དམ་པའི་བདེན་པའང་ད་གཟོད་གཏན་ལ་དབབ་ཏུ་མེད་པར་འགྱུར་རོ་ཞེས་སྐྱོན་བཞིས་བཀག་གོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་འདོད་པ་ནི་སྒྱུ་མ་དོན་དམ་པའི་བདེན་པར་ཁས་ལེན་པ་ཡིན་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཆོས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་བདེན་པའང་མེད་བརྫུན་པའང་མེད་ཅེས་བྱ་བ་དང་། མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཁྱེན་ལ། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཁྱེན་ཏོ་ཞེས་གསུངས་པའི་ལུང་དང་འགལ་ཞིང་། བདེན་པས་སྟོང་པའི་སྣང་བའང་མ་ཡིན་ཏེ། དགག་དོན་དོན་དམ་པའི་བདེན་པར་གྲུབ་པ་ལ། གཅིག་དང་དུ་བྲལ་མེད་དགག་འགོད་ན་རི་བོང་གི་རྭས་མ་ངེས་སོ། །མ་ཡིན་དགག་ཙམ་འགོད་ན་ཀུན་རྫོབ་ཀྱི་བདེན་པས་མ་ངེས་སོ། །གཅིག་དང་དུ་མ་དང་བྲལ་བའི་སྣང་བ་རིག་ངོར་ཡོད་པའི་ཕྱིར་ཞེས་མ་ཡིན་དགག་ཁྱད་པར་ཅན་རྟགས་སུ་འགོད་ན། ཁྱད་པར་རིག་ངོར་ཡོད་པ་དང་ངོ་བོ་གཅིག་དང་དུ་བྲལ་འགལ་བས་མ་གྲུབ་པའི་ཕྱིར། རིགས་པ་མེད་ཅིང་ཡང་དག་པའི་ཀུན་རྫོབ་དང་ཁྱད་པར་མེད་པར་འགྱུར་བ་དང་། དགག་བྱའི་དཔྱོད་པ་མཚུངས་པ་དང་། སེམས་ཙམ་པ་ལས་ཀྱང་ལྟ་བ་དམན་པ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རིགས་ཤིང་འཐད་པ་མ་ཡིན་ནོ། །དངོས་པོ་ཐ་དད་པར་འདོད་པ་ལྟར་ནའང་། དགོངས་འགྲེལ་གྱི་མདོ་ལས། དོན་དམ་པའི་བདེན་པ་མངོན་དུ་རྟོགས་ནའང་ཀུན་རྫོབ་དེ་ལས་ལོགས་སུ་དམིགས་པའི་ཕྱིར། མྱ་ངན་ལས་འདས་པ་མི་ཐོབ་པར་འགྱུར་བ་དང་། ཀུན་རྫོབ་དང་དངོས་པོ་ཐ་དད་པའི་དོན་དམ་པའི་བདེན་པ་དེ་ཀུན་རྫོབ་ཀྱི་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་ཏེ། བུམ་པ་སྣམ་བུའི་ཆོས་(༥༦)ཉིད་མ་ཡིན་པ་བཞིན་ནོ། །བདེན་པ་གཉིས་དངོས་པོ་ཐ་དད་པའི་ཕྱིར་ཀུན་རྫོབ་དག་རབ་ཏུ་མ་གྲུབ་པ་ཙམ་དོན་དམ་པའི་བདེན་པ་མ་ཡིན་པར་འགྱུར་ཏེ། བུམ་པ་རབ་ཏུ་མ་གྲུབ་པ་ཙམ་སྣམ་བུ་མ་ཡིན་པ་བཞིན་ནོ། །དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པས་མྱ་ངན་ལས་འདས་པ་ཐོབ་པའི་དུས་ནའང་། ཀུན་རྫོབ་དེ་ལས་ལོགས་སུ་དམིགས་པས་ཀུན་ནས་ཉོན་མོངས་པར་ཡང་འགྱུར་བས། སྐྱེས་བུ་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་རྣམ་བྱང་དུས་གཅིག་འཇུག་པ་མི་འགལ་བར་འགྱུར་རོ་ཞེས་རིགས་པ་ལྔས་གནོད་བྱེད་གསུངས་པ་ཡིན་ནོ། །དེས་ན་དོན་དམ་པའི་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཀུན་རྫོབ་ཀྱི་བདེན་པ་ལས་དངོས་པོ་གཞན་དང་དེ་ཉིད་དུའང་བརྗོད་དུ་མེད་པ། གཅིག་པ་བཀག་ཙམ་གྱི་ཐ་དད་ཡིན་ནོ། །ངེས་ཚིག་གམ་མིང་གི་དོན་ནི་སཾ་པྲ྇་ཏི་ཞེས་བྱ་བ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པ་འཁྲུལ་པའི་ཤེས་པའོ། །དེ་ནི་ཡུལ་དུ་བདེན་པས་ན་བདེན་པ་སྟེ་གཟུགས་ལ་སོགས་པ་སྣ་ཚོགས་པའི་ཆོས་སྣང་ཚོད་པའི་ངོ་བོ་རྨི་ལམ་དང་འདྲ་བ་འདི་ཉིད་དོ། །པ་ར་མ་ཨརྠ་ཞེས་པས། ངེས་པར་ལེགས་པའི་དོན་དུ་གཉེར་བ་རྣམས་ཀྱི་གཉེར་བྱའི་འབྲས་བུ་ཡིན་པས་དོན་དམ་པ། དེ་ཉིད་བློ་མ་འཁྲུལ་པའི་ངོ་བོ་རིག་པའི་ཤེས་པའོ། །དེ་ཉིད་གྱ་ནོམ་པ་མཆོག་ཏུ་གྱུར་པ་ཡིན་པས་ཀྱང་དམ་པ་སྟེ། བློ་མ་འཁྲུལ་པ་དེའི་ཡུལ་དུ་བདེན་པས་ན་བདེན་པ་སྟེ་དེ་བཞིན་ཉིད་དོ། །གྲངས་ངེས་པ་ནི་ཤེས་བྱ་གཟུགས་ལ་སོགས་པ་འདི་དག་ཡོད་མེད་ལ་སོགས་པ་གཉིས་བཅས་ཐམས་ཅད་ལས་འདས་པ་ཡིན་པ་བཀག་པ་ཙམ་གྱིས་གཉིས་དང་བཅས་པར་ངེས་ཏེ། བར་གྱི་ཕུང་པོ་གསུམ་པ་བསལ་བས་གཉིས་དང་བཅས་པ་དང་། གཉིས་ལས་འདས་པ་གཉིས་སུ་གྲངས་ངེས་པར་གཉིས་དང་བཅས་པ་འཛིན་པའི་ཚད་མས་ངེས་ལ། དེ་གཉིས་ནི་བདེན་པ་གཉིས་སུ་བཞག་པས་གྲངས་ངེས་པར་གྲུབ་བོ། །
རབ་ཏུ་དབྱེ་བ་ནི་གཉིས་ཏེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའོ། །དེ་སྐད་དུའང་ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། །ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དབྱེ་ན་གཉིས་ཏེ། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་ཏེ། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་སོ། །དེའང་སྣང་བ་དང་མཐུན་པར་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། བརྟགས་པས་དབེན་པ། རང་རང་གི་རིགས་ལ་མཐུན་པར་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་གཟུགས་ལ་སོགས་པའི་ཆོས་ནི་ཡང་དག་ཀུན་རྫོབ་སྟེ་སོ་སོའི་དོན་བྱེད་ནུས་པར་ཡོད་ལ། སྣང་(༥༧)ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འབབ་པ་དང་ཟླ་བ་གཉིས་སུ་སྣང་བ་ལ་སོགས་པའི་ལོག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པར་མེད་པས་རབ་ཏུ་དབྱེ་བའོ་ཞེས་འདོད་དོ། །དོན་དམ་པ་ལའང་ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་བཀག་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་ལས་གྲོལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ་གཉིས་སུ་ཡོད་པར་དེ་ཉིད་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡ་མཛད་དོ། །ཞེས་སོ། །
གཉིས་པ་མཚན་ཉིད་ལ་གཉིས་ཏེ། མཚན་ཉིད་དངོས་དང་། ངེས་པར་བྱེད་པའི་ཚད་མའོ། །དང་པོ་ནི་བདེན་པ་ཙམ་གྱི་མཚན་ཉིད་ནི་ཆོས་གང་ཞིག་རང་བཞིན་མེད་པ། ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ནི་ཆོས་ཅན་གང་ཞིག་རིག་པས་དཔྱད་མི་བཟོད་པ། དོན་དམ་བདེན་པའི་མཚན་ཉིད་གང་ཞིག་རིག་པས་དཔྱད་བཟོད་པའོ། །དེའང་རང་གི་ངོ་བོ་བདེན་པས་སྟོང་པ་ནི་རང་བཞིན་མེད་པ་ཡིན་ལ། མཐར་ཐུག་དཔྱོད་པའི་རིག་པས་དགག་པར་ནུས་པ་ལ་དཔྱད་མི་བཟོད་པ་ཟེར་ཞིང་། རིག་པ་གང་གིས་ཀྱང་དགག་པ་མི་ནུས་པ་ལ་དཔྱད་བཟོད་པ་ཞེས་བྱའོ། །དེའང་དངོས་པོར་སྨྲ་བས་དོན་བྱེད་ནུས་པ་དོན་དམ་པའི་བདེན་པར་འདོད་པས་ཡང་དག་པའི་ཀུན་རྫོབ་ཁས་མི་ལེན་ཡང་། དབུ་མ་པས་ཀུན་རྫོབ་གཉིས་སུ་སྨྲ་སྟེ་དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ཡིན་ལ། དཔྱད་མི་བཟོད་པའི་ཤེས་བྱ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དོ། །ཡང་དངོས་པོར་སྨྲ་བས་དོན་དམ་པའི་བདེན་པ་ལ་གཞན་དབང་དོན་དམ་པའི་བདེན་པ་དང་། ཡོངས་སུ་གྲུབ་པ་དོན་དམ་པའི་བདེན་པ་ཞེས་བྱ་བ་གཉིས་སུ་སྨྲ་ཡང་། དབུ་མ་པས་སྤྲོས་པ་ཕྱོགས་གཅིག་པ་བཀག་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཀག་པ་སྐྱེ་མེད་ཀུན་རྫོབ་ཀྱི་བདེན་པའི་བྱེ་བྲག་ལ་དོན་དམ་པའི་བདེན་པ་ཞེས་བཏགས་ནས་རྣམ་གྲངས་པའི་དོན་དམ་པ་དང་། གཤིས་ངོར་གང་དུའང་མ་གྲུབ་པས་དོན་དམ་པར་ན་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱོགས་ཙམ་ལ་རྣམ་གྲངས་པ་མ་ཡིན་པའི་དོན་དམ་པ་ཞེས་དབྱེ་ཡང་། སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་དོན་དམ་པར་དབྱེ་བའི་མཚན་ཉིད་པ་སྲིད་པ་མ་ཡིན་ནོ་ཞེས་སྨྲའོ། །གཟུགས་ལ་སོགས་པའི་ཤེས་བྱ་གཞི་ལྔ་ལས་བདེན་པ་གཉིས་ཀྱིས་མཚོན་པར་བྱ་བའི་གཞི་གང་ཡིན་ཞེ་ན། དོན་དམ་པའི་བདེན་པ་མཚོན་པའི་གཞི་ནི་འདུས་མ་བྱས་ཏེ། དེའང་འགོག་པ་གཉིས་དང་ནམ་མཁའ་ནི་དགག་བྱ་ལ་ལྟོས་པའི་བཀག་པ་ཡིན་པས་དཔྱད་མི་བཟོད་པའི་ཕྱིར་དོན་དམ་པའི་བདེན་པར་མི་རུང་སྟེ་དེ་བཞིན་ཉིད་ཁོ་ན་ཡིན་ལ། ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ནི་དེ་བཞིན་ཉིད་སྐྱེ་བ་མེད་པ་མ་རྟོགས་པའི་ཤེས་བྱ་ཐམས་ཅད་ཡིན་པར་རིག་པར་བྱའོ། །ཀུན་རྫོབ་ཀྱི་བདེན་པའི་(༥༨)ཕྱོགས་འཛིན་པའི་དབུ་མ་པ་ཁ་ཅིག་བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར་སྨྲ་སྟེ། དུས་མཉམ་པར་གཟུང་བ་དང་འཛིན་པའི་དངོས་པོར་ཉེ་བར་འདུ་བའི་རྒྱུ་ཚོགས་པ་སྔ་མ་ལས་སྐྱེས་པ་སྟེ། དེ་ཡང་ཐ་ན་རྟོག་པ་མེད་པའི་ཤེས་པ་ལ་གཟུང་ཆར་གསལ་བ་ཐམས་ཅད་ཕྱི་རོལ་གྱི་དོན་དུ་སྒྱུ་མ་ཙམ་དུ་བདེན་ནོ་ཞེས་སྨྲ་བ་དང་། ཡང་ཁ་ཅིག་ནི་མདོ་སྡེ་སྤྱོད་པའི་དབུ་མ་པ་ཁས་ལེན་ཏེ། ཤེས་པ་ལ་ཕྱི་རོལ་གྱི་དོན་ཉིད་དངོས་སུ་མི་སྣང་ཡང་དོན་གྱིས་ཤེས་པ་ལ་རང་གི་རྣམ་པ་གཏད་པས། ཤེས་པ་དོན་དང་འདྲ་བའི་རྣམ་པར་སྐྱེས་པ་ལ་དོན་རིག་གོ་ཞེས་དམིགས་པའི་ཚུལ་གྱིས་དོན་ཡོངས་སུ་སྤྱོད་པ་དུས་ཐ་དད་པའི་གཟུང་འཛིན་ཀུན་རྫོབ་ཏུ་གནས་སོ་ཞེས་སྨྲ་བ་དང་། ཡང་ཁ་ཅིག་གིས་རྣལ་འབྱོར་སྤྱོད་པའི་དབུ་མ་ཀུན་རྫོབ་ཏུ་ཤེས་པ་ལ་གསལ་ལོ་ཅོག་ཐམས་ཅད་ཤེས་པའི་དངོས་པོ་ཡིན་ཏེ། ཕྱི་རོལ་གྱི་དོན་དུ་མེད་དོ་ཞེས་རྣམ་བཅས་པ་དང་མཐུན་པར་སྨྲ་བ་དང་། ཁ་ཅིག་རྨི་ལམ་གྱི་ཡུལ་དུ་གཟུང་ཆར་ཤར་བ་དང་སད་པ་ནའང་སྐྲ་ཤད་ཀྱི་རྣམ་པ་དང་ཟླ་གཉིས་ཀྱི་རྣམ་པ་དང་དོན་སྤྱི་ལ་སོགས་པ་དོན་དང་ཤེས་པའི་དངོས་པོ་གཉིས་ཀ་མ་ཡིན་པ་བཞིན་དུ། འཇིག་རྟེན་པ་ལ་དངོས་པོར་གྲགས་པ་རི་དང་ཁང་ཁྱིམ་དང་སྐྱེས་པ་དང་བུད་མེད་དང་བུམ་པ་དང་སྣམ་བུ་ལ་སོགས་པའང་། ཕྱི་རོལ་གྱི་དོན་དང་ཤེས་པའི་དངོས་པོ་གཉིས་ཀས་སྟོང་སྟེ། ཐོག་མ་མེད་པའི་དུས་ནས་མ་རིག་པའི་བག་ཆགས་ཀྱིས་མེད་པ་སྣང་བར་ཟད་པས་ཀུན་རྫོབ་ཏུ་ཡོད་པའི་དངོས་པོ་ནི་འཛིན་ཆར་གསལ་བའི་བདེ་བ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བ་འབའ་ཞིག་ཏུ་ཟད་དོ་ཞེས་སྨྲ་བ་སྟེ། ཚུལ་དུ་མར་བཤད་ཀྱང་ཉན་ཐོས་བྱེ་བྲག་པ་ལྟར། རྡུལ་ཕྲན་འདུས་པ་ལས་རགས་པ་ཙམ་པའི་དངོས་པོ་མཚན་ཉིད་པ་དང་། སེམས་དང་སེམས་བྱུང་རང་རིག་པ་མེད་པར་སྨྲ་བ་ལ་སོགས་པ་ཁ་ཅིག་མི་མཚུངས་ཀྱང་། དོན་དུ་སྣང་བ་ཤེས་པར་མི་འདོད་པ་དང་། རང་རྒྱུ་སྔ་མ་ལས་སྐྱེས་པ་ལ་སོགས་པ་ཁ་ཅིག་མཚུངས་པ་ཡིན་ནོ། །དེའང་སེམས་ཙམ་པ་འདོད་པ་ལྟར་རང་རིག་ཁས་མི་ལེན་ཡང་། ཡོད་མེད་ཀྱི་སྒྲོ་སྐུར་གང་དུའང་མ་ཕྱེ་བའི་ཡེ་ཤེས་ཙམ་ཞིག་ཁས་ལེན་པ་ཡིན་ཏེ། འགྲེལ་ཆུང་ལས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཞེས་གསུངས་པ་བཞིན་ནོ། །ངེས་པར་བྱེད་པའི་ཚད་མ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ངེས་པར་བྱེད་པའི་ཚད་མ་ནི། གཟུགས་ལ་སོགས་པའི་སྣང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱི་རྗེས་སུ་འབྲང་བའི་རིགས་པའི་ཤེས་པ་རྗེས་སུ་དཔག་པའི་ཚད་མས་དཔྱད་བཟོད་པ་བདེན་པའི་དངོས་པོ་བཀག་པའི་ཤུགས་ལ། དཔྱད་མི་བཟོད་པའི་ཤེས་བྱར་ངེས་ཏེ་མཚན་ཉིད་ངེས་པ་ཡིན་ནོ། །དོན་དམ་པའི་བདེན་པ་ངེས་པར་བྱེད་པའི་ཚད་མ་ནི་དཔྱད་བཟོད་མཐར་ཐུག་དཔྱོད་པའི་རིགས་པས་གཞལ་བྱ་ངེས་པར་བྱེད་པའི་ཚད་མ་པ་ཐོབ་ནས་སོ་སོ་རང་གི་རིག་པའི་རྣམ་པར་མི་རྟོག་པའི་ཡེ་(༥༩)ཤེས་ཀྱིས་རྟོགས་ནའང་། སོ་སོ་སྐྱེ་བོ་དེ་དག་གིས་གཏན་ཚིགས་ཀྱི་རྗེས་སུ་འབྲང་པའི་རིགས་ཤེས་རྗེས་དཔག་གིས་ངེས་པར་བྱེད་དོ། །དེའང་ཆོས་ཅན་དངོས་པོའི་བྱེ་བྲག་བཏང་སྙོམས་སུ་བྱས་ཏེ་རིགས་སྤྱི་དངོས་པོ་ཙམ་གཞིར་བྱས་ཏེ་སྣང་བའི་ཕྱོགས་གཅིག་ལ་འཇུག་པའི་མངོན་སུམ་མམ་རྗེས་སུ་དཔག་པའི་ཚད་མས་ངེས་པ་ཡིན་ནོ། །དེ་ལྟར་ན་རིགས་ཀྱི་དངོས་པོ་ཙམ་ལ་བདེན་པའི་དངོས་པོ་བཀག་སྟེ་སྟོང་ཉིད་སྤྲོས་བྲལ་མཐར་ཐུག་དཔྱོད་པའི་རིག་པའི་གཞལ་བྱ་ངེས་པ་ན། རིགས་ཀྱི་ཁྱད་པར་གཟུགས་དང་བདེ་བ་ལ་སོགས་པ་དངོས་པོའི་བྱེ་བྲག་མ་ལུས་པ་ལ་སྒྲོ་འདོགས་གཅོད་དེ། དེ་དག་གིས་སྟོང་ཉིད་ཀྱི་ཁྱབ་བྱར་རྟོགས་པའི་དངོས་པོ་ཙམ་མ་དོར་བར་རྟོགས་པའི་ཕྱིར་རོ། །ཆོས་ཅན་དེ་ལ་དགག་བྱ་ཅི་འགོག་ཅེ་ན། དགག་བྱ་ནི་ཡོད་པར་མི་འདོད་དོ། །འོན་ཀྱང་རྟགས་དང་རྗེས་དཔག་དོན་མེད་པར་མི་འགྱུར་ཏེ། དགག་བྱ་མེད་པ་ལ་མེད་པར་རྟོགས་པར་བྱེད་པའི་ཕྱིར་ཏེ། དེའང་བདེན་པའི་དངོས་པོ་མེད་པ་ལ་མེད་པར་ཤེས་པར་བྱེད་པས། དཔེར་ན་ཐོ་ཡོར་ཡིན་ཡང་མ་ཤེས་པས་མིར་བཟུང་དུས་མིར་འཛིན་བཀག་ནས་ཐོར་བསྒྲུབས་ཀྱང་། མི་མ་ཡིན་པས་དགག་བྱ་མཚན་ཉིད་པ་མེད་པའི་ཕྱིར་ཐོར་བསྒྲུབས་ཀྱང་མི་མཚན་ཉིད་པ་བཀག་པ་མེད་པ་བཞིན་ནོ། །དེའང་བདེན་པར་ཞེན་པ་ཙམ་དགག་པ་ཡིན་གྱི། འདི་ཁོ་ན་འགོག་གོ་ཞེས་རྡུལ་ཕྲན་དང་རང་རིག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མ་ཡིན་ཏེ། སྤྱི་བཀག་པས་བྱེ་བྲག་ཞར་ལ་ཁེགས་པའི་ཕྱིར་རོ། །
གཉིས་པ་དོན་དམ་པའི་བདེན་པ་རིགས་ཤེས་ཀྱི་ཡུལ་དུ་ཁས་མི་ལེན་པ་ལྟར་ན། ཀུན་རྫོབ་ཏུ་སྣང་བའང་མེད་པ་གསལ་བར་སྣང་བ་རྨི་ལམ་ལ་སོགས་པ་དང་འདྲ་བ་ཉིད། རང་རྒྱུ་ལས་སྐྱེ་བར་སྣང་བ་ཙམ་དུ་གྲུབ་ཀྱང་། དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་བདེན་པ་གཉིས་ལ་སོགས་པ་ནས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མ་གྲུབ་པར་འདོད་དེ། ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་ནི་དོན་དམ་པར་རང་བཞིན་གྱིས་ངོ་བོ་ཉིད་མེད་པས་མྱ་ངན་ལས་འདས་པ་ཡང་མ་སྐྱེས་ཤིང་མེད་པའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར། བདེན་པ་གཉིས་ཀྱི་དབྱེ་བ་དང་མཚན་ཉིད་རྣམ་པར་གཞག་པ་ནི་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པར་བལྟ་སྟེ། དེའི་ངོར་རྣམ་པར་གཞག་པར་ཟད་ཀྱི། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་ངོར་ནི་ཤེས་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི་ཕྱིར། བདེ་བའི་དབྱེ་བ་དང་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་ག་ལ་སྲིད། བདེན་པ་སོ་སོའི་རྣམ་གཞག་དང་། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ནི་ཡོད་པ་དང་མེད་པ་ལ་སོགས་པ་ལོག་པར་སྒྲོ་འདོགས་པ་ལས་གྲོལ་བར་བྱ་བའི་ཕྱིར་སྤྲོས་པ་གཅོད་པར་ཟད་དོ། །དེའང་དོན་དམ་པར་སྐྱེ་བ་དང་འགག་པ་ལ་སོགས་པ་མེད་པར་ངེས་པ་ཡང་གཏན་ཚིགས་ཆེན་པོ་ལྔས་ཁོང་དུ་ཆུད་པར་བྱེད་དོ། །དེའང་ཚུལ་བཞིས་རིག་པར་བྱ་སྟེ། དགག་བྱའི་རྒྱུ་དཔྱད་ནས་དགག་བྱ་འགོག་པ་རྡོ་རྗེ་གཟེགས་མ་དང་། (༦༠)འབྲས་བུ་དཔྱད་ནས་འགོག་པ་ཡོད་མེད་སྐྱེ་འགོག་དང་། རྒྱུ་འབྲས་གཉིས་དཔྱད་ནས་འགོག་པ་མུ་བཞི་སྐྱེ་འགོག་དང་། རང་གི་ངོ་བོ་དཔྱད་ནས་འགོག་པ་ལ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་མོ་དང་། མེད་འགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་རྡོ་རྗེ་གཟེགས་མ་ནི་གང་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་མ་སྐྱེས་པ་དེ་ཉིད་སྐྱེས་པའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །ཆོས་ཅན་དངོས་པོ་ཙམ་ཡང་དོན་དམ་པར་རང་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བས་སྟོང་པའི་ཕྱིར་ཞེས་བྱའོ། །
གཉིས་པ་ནི་གང་རྒྱུ་ལས་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བས་སྟོང་པ་སྟེ། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །ཆོས་ཅན་སྣང་བ་རྟེན་འབྲེལ་འདིའང་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་པ་དང་མེད་པ་དང་སྐྱེ་བས་སྟོང་པའི་ཕྱིར་ཞེས་བྱའོ། །
གསུམ་པ་ནི་གང་གཅིག་ལས་གཅིག་དང་གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་དང་དུ་མ་ལས་དུ་མ་སྐྱེ་བས་སྟོང་པ་དེ་སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །འདི་ལྟར་སྣང་བའང་དོན་དམ་པར་གཅིག་ལས་གཅིག་དང་གཅིག་ལས་དུ་མ་དང་དུ་མ་ལས་དུ་མ་དང་དུ་མ་ལས་གཅིག་སྐྱེ་བ་སྟེ། མུ་བཞིའི་སྐྱེ་བས་སྟོང་པའི་ཕྱིར་རོ་ཞེས་བྱ་བའོ། །
བཞི་པ་རྟེན་འབྲེལ་ཆེན་མོ་ནི། གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་བདེན་པའི་རང་བཞིན་གྱིས་སྟོང་སྟེ། དཔེར་ན་གཟུགས་བརྙན་བཞིན་ནོ། །འདི་ལྟར་སྣང་བའང་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་བྱའོ། །གཅིག་དང་དུ་བྲལ་ནི་ཚུལ་གསུམ་གྱིས་རིག་པར་བྱ་སྟེ། གཏན་ཚིགས་དགོད་པ། ཕྱོགས་ཆོས་བསྒྲུབ་པ། ཁྱབ་པ་ངེས་པར་བྱེད་པའི་ཚད་མ་དཔྱད་པའོ། །
དང་པོ་ནི་གང་གཅིག་དང་དུ་མ་དང་བྲལ་བས་ཁྱབ་པ་དེ་བདེན་པའི་དངོས་པོས་སྟོང་པས་ཁྱབ་སྟེ། དཔེར་ན་དངོས་པོ་མེད་པའི་དོན་སྤྱི་བཞིན་ནོ། །འདི་ལྟར་སྣང་བའང་། དོན་དམ་པའི་གཅིག་དང་དུ་མ་དང་བྲལ་བ་ཁྱབ་བྱེད་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །
གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟགས་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གཅིག་དང་དུ་བྲལ་གྱི་ཕྱོགས་ཆོས་བསྒྲུབ་པ་གསུངས་ཏེ། བར་ན་གནས་པ་ལ་ཆ་དུ་མས་ཁྱབ་པ་ཉིན་ཞག་གི་སྟེང་དུ་ངེས་ཏེ། ཉིན་མོ་མཚན་མོ་གཉིས་ཀྱི་བར་ན་གནས་པ་ལ། སྔ་དྲོའི་དུས་དང་ཕྱི་དྲོའི་དུས་དང་གུང་གི་དུས་ཏེ་ཆ་གསུམ་གནས་པ་ལ། སྔ་དྲོ་ལ་སོགས་པའི་ཁྱད་པར་བཏང་སྙོམས་སུ་བྱ་སྟེ་བར་ན་གནས་པ་ཙམ་ལ། ཆ་གསུམ་ཙམ་གྱིས་ཁྱབ་པ་དངོས་སུ་ངེས་པའི་ཚད་མས་སྐད་ཅིག་སྔ་ཕྱིའི་བར་ན་གནས་པ་དོན་དམ་པའི་སྐད་ཅིག་ཆ་ཤས་མེད་པར་བརྟགས་པ་དེ་ཡང་། སྐད་ཅིག་སྔ་ཕྱིའི་བར་ན་གནས་པའི་(༦༡)རྟགས་ལས་ཆ་གསུམ་དང་ལྡན་པར་དཔག་པས་དོན་དམ་པའི་ཆ་མེད་གཅིག་དང་བྲལ་བར་གནས་ལ། གཅིག་ཁེགས་པས་དེའི་བསགས་པའི་དོན་དམ་པའི་དངོས་པོ་ཆ་ཤས་མེད་པ་དུ་མའང་བཀག་པར་གྲུབ་སྟེ། དོན་དམ་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱོགས་ཆོས་གྲུབ་པ་ཡིན་ནོ། །
གསུམ་པ་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་ནི། བུམ་པ་ལ་སོགས་པའི་སྟེང་དུ། བུམ་པ་ལ་སོགས་པའི་ཁྱད་པར་བཏང་སྙོམས་སུ་བྱས་ཏེ། ཡོད་པའི་དངོས་པོ་ཙམ་ལ་དུ་མའི་དངོས་པོ་ཡིན་པ་བཀག་པ་ཙམ་གྱིས། གཅིག་གི་དངོས་པོར་ཡོད་དུས་སུ་ཆོད་དེ། ཡོད་པའི་དངོས་པོ་ཙམ་ལ་གཅིག་ཏུ་ཡོད་པའམ་དུ་མར་ཡོད་པས་ཁྱབ་པ་དངོས་སུ་ངེས་པ་ན། གཅིག་དང་དུ་མའི་ཁྱབ་བྱར་མཐོང་བའི་ཡོད་པའི་དངོས་པོ་འདི་ཉིད། དོན་དམ་པའི་དངོས་པོ་ཡིན་ནའང་དེའི་གཅིག་དང་དུ་མས་མ་ཁྱབ་པར་དོགས་པ་སྐྱེ་བའི་ནུས་པ་བཅོམ་སྟེ། དོན་དམ་པའི་དངོས་པོ་ལ་གཅིག་དང་དུ་མས་ཁྱབ་པ་མཚན་ཉིད་ངེས་པའི་ཚུལ་གྱིས་ཤུགས་ལ་གྲུབ་པ་ཡིན་ནོ། །དེའང་རིག་པའི་དབང་ཕྱུག་གིས། དོན་བྱེད་ནུས་པ་གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། །ཞེས་བཤད་པ་བཞིན་ནོ། །དེ་ལྟར་ཆོས་ཅན་དང་དགག་བྱ་དང་གཏན་ཚིགས་བཤད་པས། ཡང་དག་པའི་གཏན་ཚིགས་སུ་བསྒྲུབས་པ་དེའི་བསྒྲུབ་བྱ་ནི། སྒྱུ་མ་ལ་སོགས་པ་ཡོངས་དཔྱོད་པ་ཡིན་པར་དགག་པ་ནི་མ་ཡིན་ཏེ། བདེན་པའི་དངོས་པོ་བཀག་པ་ཙམ་རྣམ་བཅད་མེད་དགག་བསྒྲུབ་པ་ཡིན་ནོ། །དེ་རྟོག་པའང་གཞི་ཆོས་ཅན་མི་སྣང་བའི་ཚུལ་གྱིས་སྤྲོས་པ་གཅོད་དེ་རིགས་པར་འགྲོ་བའི་ལྡོག་པ་ལ་ཆོས་ཅན་སྣང་བ་ནི་མ་ཡིན་ཏེ། ཆོས་ཅན་རིགས་པས་མ་གྲུབ་པའི་ཕྱིར་དང་། རིགས་ཤེས་ཚད་མ་ལ་སྣང་ལ་མ་ངེས་པ་མི་སྲིད་པའི་ཕྱིར་རོ། །རིགས་པས་མ་ངེས་པའང་རིགས་པའི་ཤེས་པས་ཆོས་ཅན་གྱི་སྒྲོ་འདོགས་མི་གཅོད་པའི་ཕྱིར་རོ། །དེ་ལ་ཆོས་ཅན་ངེས་པའི་ཚད་མས་ཆོས་ཅན་གྱི་སྒྲོ་འདོགས་མ་ཆོད་ན་ཆོས་ཅན་མི་གྲུབ་པར་ཐལ་ལོ། །ཆོད་ན་རིགས་ཤེས་ཀྱིས་ཆོས་ཅན་གྱི་སྒྲོ་འདོགས་གཅད་དུ་མེད་པའི་ཕྱིར་རོ། །དེ་ལྟར་རིགས་ཤེས་རྗེས་དཔག་གི་རང་བཞིན་སྐྱེ་མེད་སྤྲོས་བྲལ་དཔྱད་བཟོད་དོན་དམ་བདེན་པའི་མཚན་ཉིད་ཡིན་ནོ་ཞེས་དབུ་མ་རང་རྒྱུད་པ་རྣམས་འདོད་པ་ཡིན་ནོ། །ཚུལ་དེའང་ད་དུང་མཐུར་ཐུག་མ་ཡིན་ཏེ། དོན་དམ་པར་མེད་ལ་ཀུན་རྫོབ་ཏུ་ཡོད་པ་བསྒྲུབས་པའི་རྟགས་ཀྱིས་རྟག་པ་དང་ཆད་པ་གཉིས་ཀྱི་དངོས་པོ་ལས་མ་འདས་པ་ཉིད་དང་། བློས་བཅད་པའི་རིགས་ཤེས་ཙམ་རྟོག་པ་ཉིད་ལས་ཡང་དག་པའི་དོན་དུ་མི་རུང་བ་དང་། སྤྲོས་པ་བཀག་ཙམ་སྤྲོས་པའི་བྱེ་བྲག་ལས་མ་འདས་པ་ཉིད་ལ་སོགས་པའི་རིགས་པ་དུ་མས་གནོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། གང་ཀུན་རྫོབ་ཏུ་ཡོད་པ་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པ་འདོད་པ་དེའི་ཚེ་ཆད་པར་འགྱུར་ན་ཞེས་པ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེའང་བདེན་པ་ཐ་དད་དུ་འདོད་ན། རྫས་གཅིག་ན་ནི་དོན་དམ་(༦༢)མེད་པ་ལྟར་ཀུན་རྫོབ་ཀྱང་མེད་པར་འགྱུར་བ་དང་། ཀུན་རྫོབ་ཡོད་པ་སྣ་ཚོགས་ལྟར་དོན་དམ་པ་ཡང་མི་རྟག་པ་ལ་སོགས་པར་འགྱུར་བ་དང་། རྫས་སམ་ངོ་བོར་གྲུབ་ན་མཉམ་དུ་གྲུབ་པ་ལ་སོགས་པ་སྟེ་འགལ་བ་དུ་མ་གནས་པ་ཡིན་ནོ། །
གཉིས་པ་དབུ་མ་ཐལ་འགྱུར་པའི་ལུགས་ལ་གསུམ་སྟེ། བློ་འཁྲུལ་པ་དང་མ་འཁྲུལ་པའི་དབྱེ་བ། དེ་ལ་ལྟོས་ནས་བདེན་པ་གཉིས་སུ་དབྱེ་བའི་ཚུལ། ཐལ་འགྱུར་གྱིས་སྤྲོས་པ་གཅོད་པའི་ཚུལ་ལོ། །
དང་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ངེས་པ་དོན་གྱི་ལྟ་བ་འཛིན་པའི་སློབ་མའི་མཆོག་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ནི་འདི་ལྟར་འདོད་དེ། ས་ཐོབ་པའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་ཤེས་བྱ་དང་ཤེས་བྱེད་ལ་སོགས་པའི་ཡུལ་དང་ཡུལ་ཅན་གྱི་ཤེས་བྱ་གཟུང་འཛིན་དུ་སྣང་བ་གང་ཡང་མ་གྲུབ་པས་ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞི་བ་སྟེ། དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ཆོས་ཉིད་རྟོགས་པ་ཡང་དག་པའི་བློ་མ་འཁྲུལ་པ་ཞེས་བྱ་བར་བཏགས་པར་འདོད་དེ། འཇུག་པ་ལས། གང་ཕྱིར་ཆོས་ཉིད་སྐྱེ་མེད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཕྱིར་དེ་རྣམས་བརྟེན་ལ་དེ་ཡིས་དེ་ཉིད་རིགས་པ་ལྟ་བུ་སྟེ། །གང་ཕྱིར་སེམས་ནི་ཡུལ་གྱི་རྣམ་པར་འབྱུང་བས་དེ་ཡི་ཡུལ། །དེ་རབ་རིགས་པ་དེ་བཞིན་ཐ་སྙད་བརྟེན་ནས་རིགས་པ་ཡིན། །ཅེས་པ་དང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་སྟེ་རྒྱལ་རྣམ་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་པ་དང་། ཚིག་གསལ་ལས། འདིར་སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་པ་དང་ཞེས་སོ། །དེའི་གནས་སྐབས་ནི་དོན་དམ་པའི་བདེན་པ་རྟོགས་པ་ཞེས་བཏགས་ལ། དེའི་ཡུལ་ནི་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་ཡིན་ནོ། །མཐོང་བ་རྫུན་པ་བློ་འཁྲུལ་པ་ནི་སོ་སོ་སྐྱེ་བོ་མ་རིག་པའི་བག་ཆགས་ཀྱིས་མིག་མདོངས་པས། རབ་རིབ་དང་སྐྲ་ཤད་འཛག་པ་ལ་དོན་དུ་ཞེན་པ་ལྟར། འགྲོ་བ་དྲུག་གི་གནས་དང་ལོངས་སྤྱོད་ལ་སོགས་པའི་བདེ་སྡུག་སྣ་ཚོགས་སུ་སྣང་བ་འཁྲུལ་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུང་འཛིན་གྱི་རྣམ་པ་རྣམས་དང་། ས་ཐོབ་པའི་རྗེས་ཐོབ་ན་གཞན་དང་ཐུན་མོང་དུ་སྣོད་བཅུད་ལ་སོགས་པར་སྣང་བའི་རྣམ་པ་དང་། སྣང་ཙམ་དབང་པོའི་མངོན་སུམ་དང་མེ་ལ་སོགས་པ་དཔོག་པའི་རྗེས་སུ་དཔག་པ་ལ་སོགས་ཏེ་བློ་རིམ་གཉིས་ནི་ཀུན་རྫོབ་པའི་རྣམ་པ་འཇལ་བ་ལ་ལྟོས་ནས་སྣང་ལ། དེའང་མིག་ལ་སོགས་པའི་དབང་པོ་དག་པ་པ་དང་། སྐྱོན་ཅན་གཉིས་ལས་ཀུན་རྫོབ་གཉིས་སུ་བཞག་སྟེ་དེ་ཉིད་ལས། མཐོང་བ་རྫུན་པ་རྣམ་པ་གཉིས་ཡིན་ཏེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་པོ་རྣམས་ཀྱི་ཤེས་པ་ནི། །(༦༣)དབང་པོ་ལེགས་གྱུར་ལ་ལྟོས་ལོག་པར་འདོད། །ཅེས་སོ། །
གཉིས་པ་བདེན་པ་གཉིས་སུ་དབྱེ་བའི་ཚུལ་ལ་གཉིས་ཏེ། རང་བཞིན་ཤེས་པར་བྱ་བ་དང་། ཤེས་ནས་ཉམས་སུ་བླངས་ཚུལ་ལོ། །དང་པོ་ལ། མཚན་གཞི། མཚན་ཉིད། དབྱེ་བ། གྲངས་ངེས། ངེས་ཚིག །ངེས་བྱེད་ཀྱི་ཚད་མ་དང་དྲུག་ལས། དང་པོ་ནི་སྤྱི་ཐུན་མོང་བའི་དབྱེ་གཞི་མཚན་ཉིད་པ་མེད་མོད་ཀྱི། འཇིག་རྟེན་པའི་བློ་ངོ་ན་བདེན་པ་མ་ཡིན་པ་ལས་ལོག་ཙམ་གྱི་བདེན་པ་ཙམ་ཞིག་གནས་པ་ལ་བྱ་སྟེ་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། བདེན་པ་གཉིས་སུ་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ་ཞེས་སོ། །ཡང་ན་རང་བཞིན་མེད་པ་ཙམ་ཞིག་དབྱེ་གཞིར་བྱ་སྟེ། འཇུག་པ་ལས། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་མེད་པའི་ཕྱིར། །འདི་དག་རྟག་པ་མ་ཡིན་ཆད་པའང་མིན། །ཅེས་སོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་གཞི་ནི་རྣམ་ཤེས་དྲུག་པོ་སྣང་བའི་ཡུལ་དང་བཅས་པའི་རྣམ་པ་རྣམས་སོ། །དེའང་དབུ་མ་པས་རྣམ་ཤེས་དྲུག་ཏུ་འཇུག་ཚུལ་ཉན་ཐོས་པ་དང་མཐུན་ནོ། །དོན་དམ་བདེན་པ་ནི་ཆོས་ཀྱི་དབྱིངས་ངོ་བོ་ཉིད་ཀྱིས་དག་པ་མཚན་གཞིར་འདོད་དོ། །མཚན་ཉིད་ལ་གཉིས་ལས་ཀུན་རྫོབ་ཀྱི་མཚན་ཉིད་གཟུང་འཛིན་སྤྲོས་པ་དང་བཅས་པའི་རྣམ་པར་སྣང་བ། དེའང་སྒྲིབ་པའི་རྣམ་པར་སྐྱེས་པ་སྟེ། དེ་ཉིད་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། །ཞེས་སོ། །དེའང་འཁོར་བའི་ཆོས་སེམས་དང་སེམས་ལས་བྱུང་བ་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་ཡིན་ལ། ས་ཐོབ་ཀྱང་སེམས་སེམས་བྱུང་མ་འགགས་པའི་ཆ་ཡུལ་མ་དག་པ་གཟུགས་སོགས་ཚོགས་དྲུག་སྣང་བ་དང་བཅས་པ་སྤང་བྱར་གྱུར་ཏོ་ཅོག་ཀུན་རྫོབ་ཀྱི་ཕྱོགས་སུ་བསླན་ནས་འཁྲུལ་པར་བཞག་གོ། །དོན་དམ་པའི་བདེན་པའི་མཚན་ཉིད་ནི་གཟུང་འཛིན་སྤྲོས་པ་དང་བྲལ་བའི་ངོ་བོ་སྟེ། དེའང་སྒྲ་ཚིག་ལ་སོགས་པས་དངོས་སུ་མི་རྟོགས་པའི་ཆ་ནས་གཞན་ལས་ཤེས་པ་མ་ཡིན་པ། སེམས་སེམས་བྱུང་གི་རྙོག་པ་ཆོས་ཀྱི་དབྱིངས་སུ་ཞི་བ་རྣམ་རྟོག་ལས་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། གྲུབ་པའི་མཐས་མ་རེག་པ་སྟེ་རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། །དེའང་དོན་གཅིག་པ་དང་ཐ་དད་ལ་སོགས་པ་ནི་དངོས་པོ་སྨྲ་བ་དག་གི་གྲུབ་མཐའ་ཡིན་པས་མ་རིག་པ་ཙམ་དུ་མ་ཟད། སྤྲོས་པ་དང་བྲལ་བ་དབུ་མ་པའོ་ཞེས་པར་ཡང་མ་གྲུབ་པ་ཡིན་ནོ། །མདོར་ན་མྱ་ངན་ལས་འདས་པའི་ཆོས་ཟབ་པ་དང་ཞི་བ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དང་། དེ་རྟོགས་པའི་བློ་སྒྲིབ་པ་ཐམས་ཅད་བྲལ་བ་སངས་རྒྱས་ཀྱི་ཡེ་(༦༤)ཤེས་ཡུལ་རྣམ་པར་དག་པ་འགྱུར་བ་མེད་པར་སྣང་བ་དང་། ས་ཐོབ་པའི་མཉམ་གཞག་གི་ཡེ་ཤེས་མཉམ་གཞག་དང་དེའི་ངོ་བོ་གཅིག་ཏུ་གནས་པའི་རྗེས་ཐོབ་སྣང་བ་ལྷག་མཐོང་གི་རྣམ་པར་གྱུར་ཏོ་ཅོག་དོན་དམ་པའི་བདེན་པའོ། །དབྱེ་ན་གཉིས་ལས་རྩ་བ་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་སོ། །དེའང་བློ་འཁྲུལ་པའི་ངོ་ན་ཤེས་བྱ་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་ལ། མ་འཁྲུལ་པའི་ངོ་བོར་ཅིར་ཡང་བསམ་བརྗོད་ལས་འདས་པར་གནས་པ་ནི་དོན་དམ་དུ་དབྱེ་སྟེ། འཇུག་པ་ལས། དངོས་ཚོགས་ཡང་དག་ལོག་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་འདོད། །ཅེས་སོ། །ཀུན་རྫོབ་དེའང་དབྱེ་ན་གཉིས་ཏེ། དབང་པོ་སྐྱོན་ཅན་གྱི་ཡུལ་དུ་སྣང་བ་ལོག་པའི་ཀུན་རྫོབ་དང་། སྐྱོན་མེད་ཀྱི་ཡུལ་དུ་སྣང་བ་ཡང་དག་པའི་ཀུན་རྫོབ་བོ། །དང་པོ་ནི་ཟླ་བ་གཉིས་དང་རྨི་ལམ་ལ་སོགས་པ་འཇིག་རྟེན་པའི་བློ་ངོར་སྣང་ཡང་མི་བདེན་པར་གྲགས་པ་རྣམས་ནི་དབུ་མ་པས་ཀྱང་མི་འགོག་པར་བརྡ་ཤེས་པའི་ཐ་སྙད་ཙམ་དུ་ལོག་པའི་ཀུན་རྫོབ་ཅེས་བཏགས་ནས་བཞག་ལ། ཟླ་བ་གཅིག་ཏུ་སྣང་བ་ལ་སོགས་པ་འཇིག་རྟེན་པའི་བློ་ངོར་ཡང་སྣང་ལ་བདེན་པར་གྲགས་པ་ལ་འདིར་ཡང་ཡང་དག་ཀུན་རྫོབ་ཅེས་བཏགས་ཏེ་དེ་ཉིད་ལས། གནོད་པ་མེད་པ་དབང་པོ་དྲུག་པོ་ཡི། །ཡུལ་གྱུར་གང་ཡིན་འཇིག་རྟེན་ལ་ལྟོས་ནས། །འཇིག་རྟེན་ལ་ཡང་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་དུ་ལོག་པས་རྣམ་པར་གཞག །ཅེས་སོ། །དེས་ན་བློ་འཁྲུལ་པ་ལ་སྐྲ་ཤད་དུ་སྣང་བ་མིག་དག་པ་ལ་ཅིར་ཡང་མ་མཐོང་བ་བཞིན་དུ། བློ་འཁྲུལ་པ་ལ་སྣ་ཚོགས་སུ་སྣང་བ་ཉིད། འཕགས་པའི་མཉམ་གཞག་དང་འཁྲུལ་པ་ཟད་པའི་སངས་རྒྱས་ལ་ཅིར་ཡང་དམིགས་པར་བྱ་བ་མེད་པས་ད་ལྟར་གྱི་འཁྲུལ་སྣང་རང་འགའ་བ་ཆ་དང་བཅས་པ་མི་སྣང་བར་འདོད་དེ། དེ་ཉིད་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟགས་ལས། །དེ་ཉིད་གང་གིས་བདག་ཉིད་མིག་དག་པ། །མཐོང་བ་གང་ཡིན་དེ་བཞིན་འདིར་ཤེས་བྱ། །ཞེས་སོ། །དེའང་གདུལ་བྱའི་བསོད་ནམས་དང་སངས་རྒྱས་ཀྱི་བྱིན་རླབས་ལས་སྣང་བའི་སྤྲུལ་པས་དོན་མཛད་པའང་རྨི་ལམ་ནང་དུ། གཉིད་མ་སོང་བས་སྤྲུལ་པ་བཏང་ནས། ཆོས་འཆད་པ་ལ་སོགས་པ་རང་སྣང་མཐུན་པར་དོན་བྱེད་དུས། གདུལ་བྱའི་སྣང་ངོའི་རྨི་ལམ་ཡང་མ་འགགས་པར་འཆར་བ་དངོས་སུ་དེ་ཉིད་ལ་སྣང་བ་མཁྱེན་དུས། རང་ཉིད་ལ་རྨི་ལམ་མེད་དེ་གཉིད་དུ་མ་སོང་བའི་ཕྱིར་ན། ཚུལ་དེ་བཞིན་དུ་སེམས་ཅན་ལ་འཁྲུལ་སྣང་ཤར་བར་མཁྱེན་ནས་དོན་མཛད་ཀྱང་། སངས་རྒྱས་ཉིད་ལ་འཁྲུལ་སྣང་ཅུང་ཟད་ཀྱང་སྣང་བ་མེད་དོ། །
འདིར་དབྱེ་བ་ནི་མཚན་ཉིད་ལ་ལྟོས་ནས་དབྱེ་བ་ཡིན་ལ། རང་བཞིན་དུ་དབྱེ་བ་ལས་འདས་པར་འདོད་དེ་སྟོང་ཉིད་ཡིན་པའི་ཕྱིར་རོ། །དེའང་སྟོང་པ་ཉིད་སྣང་(༦༥)བའི་དབྱིངས་ཅན་དེ་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་སོ། །གལ་ཏེ་དབྱེ་བ་ཐ་དད་དུ་གྲུབ་ན་ཕྱིན་ཅི་ལོག་པ་སྟེ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་སེམས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཅེས་སོ། །
བཞི་པ་གྲངས་ངེས་པ་ནི་སྤྲོས་པ་ལས་གྲོལ་མ་གྲོལ་དངོས་འགལ་དུ་ངེས་པས་བསྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་ཁེགས་པས་གཉིས་སུ་གྲངས་ངེས་སོ། །རྣམ་པ་གཅིག་ཏུ་ན་ཡུལ་རྣམས་ནི་ཡུལ་ཅན་ལ་ལྟོས་ནས་འཇོག་པ་ན་ཡུལ་ཅན་ནི་མཐར་མ་ཐུག་པ་འཁྲུལ་པའི་བློ་དང་། མཐར་ཐུག་པ་མ་འཁྲུལ་པའི་བློ་གཉིས་ལས་མི་འདའ། དེ་ལ་འཁོར་བའི་ཆོས་རྣམས་ནི་འཁྲུལ་པ་དང་ཆོས་ཉིད་ནི་མ་འཁྲུལ་པའི་ཡུལ་ཡིན་པས། བློའི་དབང་གིས་གཉིས་སུ་བཞག་སྟེ་འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པའི་མཐོང་བ་ཡིས། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་སོ། །
ལྔ་པ་ངེས་ཚིག་ནི་ཀུན་རྫོབ་ལ། སཾ་པྲྀ་ཏི་སཏྱ་ཞེས་པའི་སཾ་ལ་མྱ་ཀའི་རྐྱེན་བྱིན་པས་ཡང་དག་པ་དང་། པྲ྇་ལ་ཨ་ཝ་རའི་རྐྱེན་བྱིན་པས་སྒྲིབ་པ་དེ་བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །སཏྱ་ནི་བདེན་པ་སྟེ་མ་དཔྱད་ན་བདེན་པར་སྣང་ཙམ་ནས་བཏགས་སོ། །དོན་དམ་པ་ལ་པ་ར་མ་ཨརྠ་སཏྱ་ཞེས་པའི་པ་ར་མ་དམ་པ་དང་། ཨརྠ་དོན་ཏེ་དམ་པ་རྣམས་འཇུག་པའི་དོན་ཡིན་པའོ། །སཏྱ་ནི་བདེན་པ་སྟེ་དཔྱད་ན་གནོད་མེད་དུ་གནས་པའོ། །
དྲུག་པ་ངེས་བྱེད་ཀྱི་ཚད་མ་ནི། ཆོས་དབྱིངས་དོན་དམ་ཆོས་ཅན། སྤྲོས་པ་ལས་གྲོལ་བར་ཐལ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེའང་ཡེ་ཤེས་ཀྱིས་ནི་དམིགས་པ་མེད་པའི་ཚུལ་གྱིས་རྟོགས་སོ། །ཆོས་ཅན་ཀུན་རྫོབ་པ་རྣམས་ཆོས་ཅན། སྤྲོས་པ་དང་བཅས་པར་ཐལ། དམིགས་བཅས་ཀྱི་བློའི་སྤྱོད་ཡུལ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ་དམིགས་བཅས་ཀྱི་བློ་དང་དེའི་ཡུལ་རྣམས་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་གྱི་མཚན་གཞི་ལ་མཚན་ཉིད་རིགས་ཤེས་ཀྱིས་གྲུབ་ལ། ཀུན་རྫོབ་ཀྱི་མཚན་གཞི་ལ་མཚན་ཉིད་མཚན་གཞི་འཛིན་པའི་ཐ་སྙད་པའི་ཤེས་པས་གྲུབ་བོ། །
གཉིས་པ་ཤེས་ནས་ཉམས་སུ་བླང་བའི་ཚུལ་ནི། སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཆོས་ཐམས་ཅད་གང་དུའང་མ་གྲུབ་པར་ལྟ་བས་ཐག་བཅད་པའི་ངང་དེར་སེམས་སྤྲོ་བསྡུ་དང་བྲལ་བར་བསྒོམ་པ་སྟེ། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། གང་བློ་ཡོད་(༦༦)དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་པའི་ངང་ལ་ཅི་ཙམ་གནས་ཀྱི་བར་བཞག་ནས་བསྔོ་བ་བྱ་བ་ནི་དོན་དམ་བདེན་པའི་བླང་ཚུལ་ལོ། །
ཀུན་རྫོབ་བླང་ཚུལ་ནི་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཏུ་ཆོས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་བསོད་ནམས་ཀྱི་ཚོགས་བསག་གོ། །དེ་ལྟར་མཉམ་རྗེས་ཐབས་དང་ཤེས་རབ་ཡེ་ཤེས་དང་བསོད་ནམས་ཀྱི་ཚོགས་བསགས་པའི་མཐར་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་ཐོབ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདིར། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འགྲུབ་པའི་རྒྱུ། །དེ་ལྟས་མདོར་ན་བསོད་ནམས་དང་། །ཡེ་ཤེས་དེ་ནི་རྟག་བརྟེན་མཛོད། །ཅེས་སོ། །དེའང་གཞི་དབུ་མ་བདེན་གཉིས། ལམ་དབུ་མ་ཚོགས་གཉིས། འབྲས་བུ་དབུ་མ་སྐུ་གཉིས་སུ་འདུས་པ་ཡིན་ནོ། །
གསུམ་པ་ཐལ་འགྱུར་གྱི་སྤྲོས་པ་གཅོད་པའི་ཚུལ། སྔར་སྨྲོས་པ་བཞིན་གཏན་ཚིགས་ལྔས་ཆོས་ཐམས་ཅད་རང་བཞིན་མེད་པར་འཇལ་ལ། དེའང་རང་རྒྱུད་པ་ལྟར་ཀུན་རྫོབ་བདེན་པ་བཀག་ནས་རྫུན་པར་བསྒྲུབ་པའམ། དོན་དམ་ལ་སྤྲོས་པ་བཀག་ནས་སྤྲོས་མེད་བསྒྲུབས་པ་ལྟར་མ་ཡིན་ཏེ། གང་དུ་ཞེན་པ་དེ་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པས་ཕ་རོལ་གྱི་ལོག་རྟོག་ཟློག་པར་བྱེད་པའོ། །དེའང་སྤྲོས་པ་གཅོད་པར་བྱེད་པ་ནི་སྤྲོས་པར་སྨྲ་བའི་ཁས་བླངས་ནང་འགལ་བའི་ཐལ་འགྱུར་བ་ཁོ་ན་བྱེད་དེ། གྲངས་ཅན་པས་རྒྱུ་ལ་ཡོད་པ་སྐྱེ་བས་རང་ལས་སྐྱེ་བ་འདོད་དུས། ཡོད་པ་ལས་སྐྱེ་བ་དོན་མེད་པས་ཁྱབ་པར་ཐལ་བ་ནི་འཇུག་པ་ལས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སྔར་ཡང་སྐྱེ་བར་རིགས་པ་མ་ཡིན་ཉིད། །ཅེས་པ་སྟེ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་ཡེ་ནས་ཡོད་པ་མི་གསལ་བ་ཉིད་རྒྱུར་གནས་པ་རྐྱེན་གྱིས་གསལ་བར་བྱས་པ་ཙམ་འབྲས་བུའོ་ཞེས་འབྱུང་བ་ལ། ཡེ་ནས་ཡོད་པའི་ཕྱིར་སྐྱེ་བ་དོན་མེད་པར་ཐལ་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་བརྗོད་ལ། རྒྱུ་ལས་འབྲས་བུ་ཡོད་ཀྱང་སྐྱེ་བ་དོན་ཡོད་པ་མི་འགལ་བས་ཁྱབ་པ་མ་གྲུབ་པར་རྟོགས་ན། མི་གསལ་བའི་དུས་ན་ཡེ་ནས་ཡོད་ཀྱང་། སྐྱེ་ཚོད་མངོན་པར་གསལ་བའི་དུས་ནའང་ཡེ་ནས་ཡོད་ཀྱང་སྐྱེ་དགོས་པར་འགྱུར་ལ། དེ་སྐྱེ་མི་དགོས་པ་ལྟར་མི་གསལ་བའི་དུས་ནའང་ཡེ་ནས་ཡོད་པ་ལ་སྐྱེ་མི་དགོས་པས་ཁྱབ་ཅེས་མགོ་སྙོམས་པ་དང་། གསལ་བའི་ཡོད་པ་ལ་སྐྱེ་མི་དགོས་པས་ཁྱབ་ཀྱང་མི་གསལ་བའི་ཡོད་པ་ལ་སྐྱེ་མི་དགོས་པས་མ་ཁྱབ་བོ་ཞེས་འབྱེད་ན། ཁྱབ་པ་དེ་བསྒྲུབ་བྱ་དང་མཚུངས་ཏེ་རྒྱུ་ལ་འབྲས་བུ་ཡོད་པ་དེ་ཁོ་བོ་ཅག་ལ་མ་གྲུབ་པ་ལྟར། ཁྱད་པར་དེའང་མ་(༦༧)གྲུབ་བོ་ཞེས་རང་ལས་སྐྱེ་བ་འགོག་པ་དང་། ཡང་སངས་རྒྱས་པས་དུ་བ་དེ་དུ་བ་ལས་གཞན་མེ་ལས་སྐྱེ་བར་འདོད་པས་གཞན་སྐྱེ་ཁས་ལེན་ཅིང་། གཞན་སྐྱེད་བྱེད་དུའང་འདོད་ལ། མུན་པ་ལས་མེ་ལྕེ་མི་སྐྱེ་བར་འདོད་པ་གཉིས་ལས། གཞན་ལས་གཞན་སྐྱེ་ན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ལ། མེ་ལྕེ་ལས་མུན་པ་མི་སྐྱེ་ན། མེ་གཞན་ལས་དུ་བ་གཞན་སྐྱེ་བར་ཡང་མི་རིགས་པར་ཐལ་ཏེ། དེ་གཉིས་ཀ་གཞན་ཡིན་པར་མཚུངས་པའི་ཕྱིར་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་ནི། འཇུག་པ་ལས། གཞན་ལ་བརྟེན་ནས་གཞན་ཞིག་སྐྱེ་བར་འགྱུར་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་འགྱུར། །ཞེས་བརྗོད་དུས། ཁྱབ་པ་མ་གྲུབ་པར་རྟོགས་ན་མུན་པ་ལས་གཞན་མེ་ལྕེ་ལས་ཀྱང་མུན་པ་མི་སྐྱེ་བའི་ཚོད་དུ། དུ་བ་ལས་གཞན་མེ་ལས་དུ་བ་སྐྱེ་བའང་མི་རུང་ལ་དུ་བ་ལས་གཞན་མེ་ལས་དུ་བ་སྐྱེ་ཚོད་དུ་མུན་པ་ལས་གཞན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་མགོ་མཉམ་པས་ཁྱབ་པ་གྲུབ་པར་བྱེད་དོ། །གོ་བདེ་བར་བྱས་ན་མེ་ལྕེ་ལས་ཆོས་ཅན་མུན་པ་སྐྱེ་བར་ཐལ། ཁྱོད་ལས་མུན་པ་གཞན་མུན་པ་ལས་ཀྱང་ཁྱོད་གཞན་ཡིན་པའི་ཕྱིར་ཅེས་པའོ། །གལ་ཏེ་དུ་བ་ལས་གཞན་དུ་གྱུར་པའི་མེ་ལྕེས་དུ་བ་བསྐྱེད་པའི་ནུས་པ་ཡོད་པས་དུ་བ་བསྐྱེད་ལ། མུན་པ་ལས་གཞན་མེ་ལྕེ་ལས་མུན་པ་བསྐྱེད་པའི་ནུས་པ་མེད་པས་མི་སྐྱེའོ་ཞེ་ན། ཁྱད་པར་དེ་བསྒྲུབ་བྱ་དང་མཚུངས་ཏེ་ཁོ་བོ་ཅག་ལ་གཞན་ལས་སྐྱེ་བ་མ་གྲུབ་པ་བཞིན་དུ། མེ་ལ་དུ་བ་བསྐྱེད་པའི་ནུས་པ་ཡོད་པ་ལ། མེ་ལྕེས་མུན་པ་བསྐྱེད་པའི་ནུས་པ་མེད་པའི་ཁྱད་པར་ཉིད་ཀྱང་མ་གྲུབ་པའི་ཕྱིར་རོ་ཞེས་གཞན་ལས་སྐྱེ་བ་དགག་པ་དང་། དེ་བཞིན་དུ་ཉེས་པ་གཉིས་ཀ་ཡོད་པས་གཉིས་ཀ་ལས་སྐྱེ་བ་དགག་པ་དང་། ཡང་རྒྱང་ཕན་པས་རྒྱུ་མེད་པར་སྐྱེ་བར་འདོད་ཅིང་ནམ་མཁའི་ཨུཏྤ་ལའི་དྲི་མདོག་མ་སྐྱེས་པར་འདོད་དེ། དེ་གཟུང་དུ་མེད་པའི་ཕྱིར་ཞེས་པ་ལའང་ཚུལ་མཚུངས་པས་དགག་པ་ནི། དེ་ཉིད་ལས། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲ་འཇིག་རྟེན་པ་ཡིས་འཛིན་ཡིན་དེ་ཡི་ཕྱིར། །རང་གི་བློ་སྔོན་ཇི་བཞིན་འཇིག་རྟེན་རྒྱུ་ལས་ཡིན་ཞེས་བྱ། །ཞེས་རྒྱུ་མེད་ལས་སྐྱེ་བར་ཁས་ལེན་ན། འཇིག་རྟེན་རྒྱུ་མེད་ཡིན་པའི་ཕྱིར་སྣ་ཚོགས་བཀྲ་བ་མངོན་སུམ་གྱིས་གཟུང་དུ་མེད་པར་ཐལ་ཞེས་འགལ་བ་སྡུད་པའི་ཐལ་འགྱུར་དང་། ཁྱབ་པ་མ་གྲུབ་བོ་ཞེས་རྟོགས་ན། འཇིག་རྟེན་རྒྱུ་མེད་ཡིན་ཡང་བཀྲ་བར་སྣང་ཚོད་དུ། ནམ་མཁའི་ཨུཏྤ་ལའི་དྲི་མདོག་ཀྱང་རྒྱུ་མེད་ཡིན་ཡང་མངོན་སུམ་ལ་སྣང་དགོས་ཞེས་མགོ་སྙོམས་པས་ཁྱབ་པ་བསྒྲུབ་པ་དང་། དེ་ལ་གལ་ཏེ་རྒྱུ་མེད་དུ་འདྲ་ཡང་འཇིག་རྟེན་ངོ་བོ་ཡོད་པས་སྣང་ལ། ནམ་མཁའི་ཨུཏྤ་ལའི་དྲི་མདོག་ངོ་བོ་མེད་པས་སྣང་བ་མ་ཡིན་ནོ་ཞེས་ཁྱད་པར་འདོད་ན། ཁྱད་པར་དེ་བསྒྲུབ་བྱ་དང་མཚུངས་(༦༨)ཏེ། ཁོ་བོ་ཅག་ལ་རྒྱུ་མེད་ལས་སྐྱེ་བ་མ་གྲུབ་བ་བཞིན་དུ། འཇིག་རྟེན་ངོ་བོ་ཡོད་ལ་ནམ་མཁའི་ཨུཏྤ་ལའི་དྲི་མདོག་ངོ་བོ་མེད་པའི་ཁྱད་པར་ཡང་མ་གྲུབ་བོ་ཞེས་པས་མེད་པ་ལས་སྐྱེ་བ་འགོག་སྟེ། ཐལ་འགྱུར་གྱིས་གྲུབ་པའི་མཐའ་ཐམས་ཅད་བཀག་ནས་རང་ལས་སྤྲོས་པའི་གྲུབ་མཐའ་ཁས་མི་ལེན་ཏེ། རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་པ་དང་། རིགས་པ་དྲུག་ཅུ་པར། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡིས། །ལྟ་བ་མི་ཟད་མ་རུངས་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །དེ་ནི་ལྟ་ངན་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ནི་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱོངས། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མར་ཀླུ་སྒྲུབ་ཀྱིས། དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆད་སོགས་འཇིགས་པ་འབྱུང་། །དངོས་པོར་ཁས་ལེན་མེད་རྣམས་ལ། །ཆད་སོགས་འཇིགས་པ་ག་ལ་འབྱུང་། །གལ་ཏེ་དངོས་ཤིག་ཡོད་ན་ནི། །དེ་ལ་འཇིག་རྟེན་མཐའ་ཡོད་དང་། །མཐའ་མེད་ལ་སོགས་པར་ཡང་འགྱུར། །གལ་ཏེ་དངོས་ཤིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །དངོས་པོ་སྐྱེ་བ་མེད་ཉིད་ལ། །ཁས་བླངས་པར་ནི་ཇི་ལྟར་བྱ། །ཞེས་དང་། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། །ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་བདེན་པ་གཉིས་ལ་སོགས་པའི་རྣམ་གཞག་ཀྱང་ཇི་ལྟར་བྱ་ཞེ་ན། འཇིག་རྟེན་པས་སྒྲོ་བཏགས་པ་ཙམ་དུ་འདོགས་པར་བྱེད་ཀྱི། གྲུབ་མཐས་བདེན་པར་ཞེན་པ་ལྟར་མ་ཡིན་ཏེ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །ཞེས་སོ། །སྒྲོ་གདགས་པའི་ཚུལ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལས། །ཉན་པ་གང་དང་སྟོན་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཅེས་སོ། །འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་སྒྱུ་མའི་རང་བཞིན་དུ་དངོས་པོ་མེད་པས་སྐྱེ་འགག་ལ་སོགས་པར་སྣང་ཙམ་འཇིག་རྟེན་ན་སྣང་བ་མི་འགོག་སྟེ། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་(༦༩)གསུངས། །ཞེས་སོ། །དེའང་ཚུལ་འདི་ལྟར་བདེན་པ་གཉིས་ཀྱིས་འབྱེད་ཅིང་འཇལ་བར་མ་ཤེས་ན་བྱང་ཆུབ་མི་འགྲུབ་སྟེ། རྩོད་བཟློག་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཅེས་པ་དང་། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་དེ་ཉིད་ཁང་ཆེན་གྱི། །སྟེང་དུ་འཛེགས་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་པ་དང་། རྩ་བ་ཤེས་རབ་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་མི་ཤེས་སོ། །ཞེས་སོ། །ལེགས་པར་ཤེས་ན་ཡོན་ཏན་ཚད་མེད་དེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་སོ། །ཚུལ་འདི་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཀུན་གྱི་ལྟ་བའི་རྩེ་མོ་མཐར་ཐུག་པ་ཡིན་ནོ། །ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། ཐེག་པ་སོ་སོའི་འདོད་གཞུང་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།