Nitartha Digital Library
Tibetan
 
previousདང་པོ། ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གནས་བསྟན་པ།next

དང་པོ། ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གནས་བསྟན་པ།

༄༅། །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

༄༅། །ༀ་སྭསྟི་སིདྡྷཾ། ཚོགས་གཉིས་ས་གཞིར་རྣམ་གྲོལ་དཔག་བསམ་ཤིང་། །མཐའ་ཡས་ཡོན་ཏན་མེ་ཏོག་འབྲས་བཀྲ་ཞིང་། །ཕན་བདེའི་གྲིབ་བསིལ་སྲིད་ཞིའི་དབྱིངས་ཀུན་ཁྱབ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་ལ་ཕྱག་འཚལ། །ཕྱི་ནང་གསང་བའི་དམ་ཆོས་རིན་ཆེན་གཏེར། །གཞི་ལམ་འབྲས་བུའི་གཞུང་ལམ་མཐར་ཕྱིན་ནས། །རྒྱུ་འབྲས་བླ་མེད་ཐེག་མཆོག་སྙིང་པོའི་དོན། །དགེ་བ་གསུམ་གྱི་ཁྲིད་ཡིག་གསལ་བར་བྱ། །དེ་ལ་ཕྱི་ཐུན་མོང་གི་གཞི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཐོག་མར་དགེ་བའི་ཁྲིད། ནང་ཁྱད་པར་གྱི་འབྲས་བུ་གསང་(༢)སྔགས་རྡོ་རྗེའི་ཐེག་པ་བར་དུ་དགེ་བའི་ཁྲིད། གསང་བ་ངེས་དོན་སྙིང་པོའི་འབྲས་བུ་རྫོགས་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཐ་མར་དགེ་བའི་ཁྲིད་དང་གསུམ་བཞུགས་པ་ལས།

དང་པོ་ལ་གཉིས་ཏེ། བླ་མ་བརྒྱུད་པའི་རིམ་པ་དང་། ཉམས་སུ་བླང་བའི་གདམས་ཁྲིད་དོ། །དང་པོ་ལ་ཐེག་པ་ཆེན་པོའི་གཞུང་ལམ་སོ་སོ་ལ་ལྟོས་ནས་བདག་གིས་ཐོས་པའི་རིམ་པ་མང་ཡང་། གདམས་ངག་གི་གནས་ངེས་པ་གསུམ་དུ་བསྡུ་བས། བསྟན་པ་ལ་རིམ་གྱིས་བསླབ་པ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་དང་། ས་ལམ་ཏིང་ངེ་འཛིན་དྲོད་ཚད་བསྟན་པ་ཟབ་ཅིང་རྒྱ་ཆེ་བའི་བརྒྱུད་པ་དང་། ཆོས་ཉིད་དོན་གྱི་གནས་ལུགས་བསྟན་པ་ཟབ་མོ་ལྟ་བའི་བརྒྱུད་པ་དང་གསུམ།

དང་པོ་ནི། ཐུབ་པ་ཆེན་པོ། འཇམ་དཔལ། ཞི་བ་ལྷ། ཨེ་ལ་དྷ་རི། མཧཱ་ཤྲཱི། རཏྣ། བྷ་བ་བཛྲ། དྷརྨ་ཀཱིརྟི། དཱི་པཾ་ཀ་ར། སུ་མ་ཏི། ལོ་ཙཱ་བ་བློ་ལྡན་ཤེས་རབ། ཚེ་སྤོང་བ་ཆོས་ཀྱི་བླ་མ། ཕྱ་པ་ཆོས་ཀྱི་སེང་གེ། དན་འབག་པ་དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །སངས་རྒྱས་བརྩོན་འགྲུས། དབེན་དགེ་བ་ཤཱཀྱ་སེང་གེ། བླ་བྲང་བ་ཆོས་དཔལ་རྒྱལ་མཚན། བསམ་ཡས་པ་ཚུལ་ཁྲིམས་བློ་གྲོས།

གཉིས་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་པར་སྣང་མཛད་བཟང་པོ། སེང་(༣)གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་པརྦ་ཐཱ། འབུམ་ཕྲག་གསུམ་པ། བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ་བ། ཞང་གཡེ་པ། གཉལ་ཞིག །རྒྱ་ཕྱིང་རུ་པ། ཆུ་མིག་པ་སེང་གེ་དཔལ། བློ་གྲགས་པ། དེ་ལ་བཙན་དགོན་པ་དང་། དབེན་དགེ་བ་གཉིས། དེ་གཉིས་ལ་བླ་བྲང་པ་དང་། ཆོས་གྲགས་གཉིས་པོས། དེ་གཉིས་ལ་བདག་གིས་ཐུག་གོ། །

གསུམ་པ་ནི། སངས་རྒྱས། འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་སཱ་ལི་པ་ཆེ་བ། ཆུང་བ། ཇོ་བོ་རྗེ། བལ་པོ་ཐང་པ་ཛ། ཨ་བྷྱཱ་ཀ་ར། བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན། གྲོ་ལུང་པ་ཆེན་པོ། སྤྱི་བོ་ལྷས་པ་བྱང་ཆུབ་འོད། རྨ་ཤཱཀྱ་སེང་གེ། མཆིམས་ནམ་མཁའ་གྲགས། མཁན་པོ་སྨོན་ཚུལ། སློབ་དཔོན་བྱང་ཆུབ་གྲུབ། སློབ་དཔོན་གཞོན་ནུ་རྡོ་རྗེ། དེས་བསམ་ཡས་པ་ངག་གི་དབང་པོ་ལའོ། །གཞན་ཡང་ཇོ་བོ་བཀའ་རྒྱུད་ཀྱི་བརྒྱུད་པའང་ཡོད་དེ་མ་བྲིས་སོ། །ཡོན་ཏན་རང་བཞིན་བདེ་ལེགས་ཕུན་སུམ་ཚོགས། །བཀྲ་ཤིས་མཆོག་གི་ལྷ་ཡི་ལྷར་གྱུར་པ། །ཐུགས་རྗེའི་རང་བཞིན་ཕན་བདེའི་སྤྲིན་ཚོགས་ཅན། །དཔལ་མགོན་བླ་མའི་ཚོགས་ལ་གུས་ཕྱག་འཚལ། །

དོན་གཉིས་ཉམས་སུ་བླང་བའི་གདམས་ཁྲིད་ལ། དལ་འབྱོར་རྙེད་དཀའ་བ། ཚེ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། དགེ་བའི་བཤེས་གཉེན་བསྟེན་པ། སྐྱབས་སུ་འགྲོ་བ། ཚད་མེད་བཞི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསླབ་བྱ་དང་བཅས་པ་སྟེ་རྡོ་རྗེའི་གནས་བརྒྱད་ལས། དང་པོ་ལ་བཅུ་སྟེ། ངོ་བོ་དལ་བ་བསམ་པ། ཁྱད་པར་འབྱོར་པ་བསམ་པ། ངན་འགྲོའི་གཡང་ས་བསམ་པ་། ཐོབ་དཀའི་དཔེ་ལ་བསམ་པ། རིམ་པའི་རྣམ་དབྱེ་བསམ་པ། དོན་མེད་ཆུད་ཟོས་བསམ་པ། རྒྱུ་རྐྱེན་རྟེན་འབྲེལ་བསམ་པ། སྐྱེ་ཤིའི་འཁོར་མོ་བསམ་པ། དལ་འབྱོར་བསྔགས་པ་བསམ་པ། སྤྲོ་དགའ་མཆོག་ཏུ་བསམ་པའོ། །

དང་པོ་ནི། མི་ཁོམས་པའི་གནས་བརྒྱད་བསམ་པ་སྟེ། རང་ཉིད་དེར་མ་ལྟུང་བས་ཀྱང་དལ་བ་ཐོབ་པ་ལ་དགའ་བ་བསྐྱེད་དེ་ཆོས་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེའང་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་ལ་སྤྱོད་སྤྱོད་ནས་ཆོས་སྒྲུབ་པའི་གནས་མེད། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་མེ་འབར་བས་ཆོས་སྒྲུབ་པའི་གནས་མེད། དུད་འགྲོར་སྐྱེས་ན་གཅིག་ལ་གཅིག་ཟ་ལ་སོགས་པས་འཚེ་བས་ཆོས་སྒྲུབ་པའི་གནས་མེད། ལྷ་ཚེ་རིང་པོར་སྐྱེས་ན་འདུ་ཤེས་མེད་པའི་ངང་དུ་བསྐལ་པར་འབྱམས་ནས་འཆི་ཁར་ལོག་པར་ལྟ་བས་ཆོས་སྒྲུབ་པའི་གནས་མེད། ཡུལ་མཐའ་འཁོབ་ཏུ་སྐྱེས་ན་(༤)བསྟན་པའི་སྣང་བ་མེད་པས་ཆོས་སྒྲུབ་པའི་གནས་མེད། མུ་སྟེགས་བྱེད་ལ་སོགས་པར་སྐྱེས་ན་ལོག་པར་ལྟ་བས་ཆོས་སྒྲུབ་པའི་གནས་མེད། མུན་པའི་བསྐལ་པ་ལ་སྐྱེས་ན་དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པས་ཆོས་སྒྲུབ་པའི་གནས་མེད། ལྐུགས་པར་སྐྱེས་ན་ཡིད་ཀྱི་དབང་པོ་སྣོད་དུ་མ་རུང་བས་ཆོས་སྒྲུབ་པའི་གནས་མེད་དོ། །དེ་བས་ན་བརྒྱད་པོ་དེར་ད་ལྟར་བདག་མ་སྐྱེས་པས་ཁོམ་པ་ཞེས་བྱ་སྟེ། ཆོས་སྒྲུབ་པ་ལ་བརྩོན་པར་བྱ་སྙམ་པ་སྟེ། དེའང་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། མི་ཁོམ་པ་བརྒྱད་དང་དེ་ལས་ལོག་པ་དལ་བ་ཐོབ་པའི་རང་བཞིན་ལ་བསམ་སྟེ་ཆོས་ཁོ་ན་བྱ་སྙམ་པ་ཡང་ནས་ཡང་དུ་བསམས་ལ། རྗེས་དགེ་བ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་དུ་ཡང་དེ་ལྟར་བསམ་པ་ལ་སྦྱར་རོ། །ཁྲིད་རྐང་དང་པོའོ། །

དེ་ནས་ཁྱད་པར་འབྱོར་པ་བསམ་པ་ནི། མིའི་ལུས་མ་ཐོབ་ན་ཆོས་བྱར་མེད་པ་ལས། མིར་སྐྱེས་པས་ཀྱང་རང་ཉིད་འབྱོར་པ་དང་། ཡུལ་ཕྱོགས་ཆོས་མེད་པར་སྐྱེས་ནའང་ཆོས་སྤྱོད་དུ་མེད་པ་ལས། ཆོས་དར་བ་ནི་དོན་གྱི་ཡུལ་དབུས་སུ་སྐྱེས་པས་ཀྱང་རང་ཉིད་འབྱོར་པ་དང་། དབང་པོ་མ་ཚང་ནའང་ཆོས་བྱར་མེད་པ་ལས། དབང་པོའི་སྒོ་ཚང་བས་ཀྱང་རང་ཉིད་འབྱོར་པ་དང་། ལས་ཀྱི་མཐའ་ལོག་ནས་རྟག་ཏུ་མི་དགེ་བ་ལ་སྤྱོད་ནའང་ཆོས་བྱར་མེད་པ་ལས། ལས་ཀྱི་མཐའ་མ་ལོག་པར་དགེ་བ་ལ་མོས་པས་ཀྱང་རང་ཉིད་འབྱོར་པ་དང་། བསྟན་པ་ལ་མ་དད་ནའང་ཆོས་སྤྱད་དུ་མེད་པ་ལས། སངས་རྒྱས་ཀྱི་བསྟན་པ་ལ་དད་པས་ཀྱང་རང་ཉིད་འབྱོར་པ་སྟེ་ལྔ་ཚང་ལ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་ཆོས་ཀྱི་མིག་མེད་པ་ལས། ད་རེས་སངས་རྒྱས་བྱོན་པས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། སངས་རྒྱས་བྱོན་ཡང་ཆོས་མ་གསུངས་ན་ཕན་མེད་པ་ལས། ཆོས་ཀྱི་འཁོར་ལོ་གསུམ་དུ་བསྐོར་བས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། ཆོས་གསུངས་ཀྱང་བསྟན་པ་མི་གནས་ན་ཕན་མེད་པ་ལས། ད་ལྟ་བསྟན་པ་མ་ནུབ་ཙམ་དུ་ཡོད་པས་ཀྱང་གཞན་འབྱོར་དམ་པ་ཚང་བ་དང་། བསྟན་པ་གནས་ཀྱར་མ་ཞུགས་ན་ཕན་མེད་པ་ལས། བསྟན་པ་ལ་ཞུགས་པས་ཀྱང་གཞན་འབྱོར་ཚང་བ་དང་། ཞུགས་ཀྱང་མཐུན་རྐྱེན་དགེ་བའི་བཤེས་གཉེན་མེད་ན་བླང་དོར་གྱི་གནས་མི་ཤེས་པ་ལས། ཡང་དག་པ་དགེ་བའི་བཤེས་གཉེན་གྱི་སྙིང་བརྩེ་བ་ལྷག་པའི་ཐུགས་རྗེས་ཡོངས་སུ་འཛིན་མཁན་ཡོད་པས་ཀྱང་གཞན་འབྱོར་དམ་པ་ལྔ་ཚང་བ་སྟེ། ད་རེས་འབྱོར་པའི་ཕུན་སུམ་ཚོགས་པ་བཅུ་རང་གི་སྟེང་དུ་ལེགས་པར་ཚང་བའི་སྐབས་འདིར་སྙིང་ནས་དལ་འབྱོར་དོན་ཡོད་པར་བྱ་སྙམ་པ་སྟེ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། དངོས་གཞི་འབྱོར་པའི་རྒྱུ་མཚན་བསམ་པ། རྗེས་བསྔོ་བ་དང་སྤྱོད་ལམ་རྣལ་འབྱོར་དུ་བྱའོ། །(༥)ཁྲིད་རྐང་གཉིས་པའོ། །

དེ་ནས་ངན་འགྲོའི་གཡང་ས་བསམ་པ་ནི། ད་རེས་དལ་འབྱོར་ཐོབ་པའི་རྟེན་ལ་དམ་པའི་ཆོས་ཤིག་མ་བསྒྲུབས་ན་ལས་ཀྱི་དབང་གིས་ཤི་བའི་འོག་ཏུ་ངན་སོང་གསུམ་དུ་སྐྱེས་དུས་ཀྱི་སྒྲ་ཡང་མི་ཐོས། དགེ་བའི་བཤེས་གཉེན་དང་ཡང་མི་མཇལ། དགེ་སྡིག་གི་ངོ་ཡང་མི་ཤེས། གང་ཅི་བྱེད་ཐམས་ཅད་སྡིག་པ་མ་གཏོགས་པ་དགེ་བ་མེད་པས། རྟག་ཏུ་འཁོར་བ་ན་འཁོར་བ་འདི་མཚང་རེ་ཆེ་ན་ཨང་སྙམ་པ་སྟེ་སྦྱོར་བ་དངོས་གཞི་མཇུག་གི་རིམ་པ་གསུམ་གྱིས་ཉམས་སུ་དེ་ལྟར་གླང་ངོ་། །ཁྲིད་རྐང་གསུམ་པའོ། །

དེ་ནས་ཐོབ་དཀའི་དཔེ་ལ་བསམ་པ་ནི། རྒྱ་མཚོ་ཆེན་པོ་རླུང་གིས་བསྐྱོད་པའི་སྟེང་ན་གཉའ་ཤིང་བུ་ག་གཅིག་པ། གཅིག་ཏུ་མི་གནས་པར་ཆུའི་རླབས་ཀྱིས་འཁྱེར་བ་དང་ཆུའི་འོག་ན་རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ན་སྟེང་དུ་ལན་ཅིག་འོང་བ་དེ་འཛོམ་ནས། གཉའ་ཤིང་གི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་བས། ངན་སོང་ལས་མི་ལུས་ཐོབ་པ་དཀའ་བ་དང་། གྱང་གི་ཞལ་བ་འཇལ་པོ་ལ་སྲན་མ་སྤར་གང་གཏོར་ན་གཅིག་ཙམ་ཆགས་པ་ཡང་དཀའ་བས་མི་ལུས་ཐོབ་དཀའ་བ་བསམ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཞི་པའོ། །

དེ་རིམ་པའི་རྣམ་དབྱེ་བསམ་པ་ནི། སྤྱིར་སེམས་ཅན་ཙམ་གྱི་རིམ་པ་དང་གྲངས་ལ་བསམས་ན་མི་ལུས་ཐོབ་པ་སྲིད་པ་ཙམ་ལ། མི་ལའང་ཆོས་མེད་པ་རྟག་ཏུ་སྡིག་པ་ལ་སྤྱོད་པ་རྣམས་ལ་བསམས་ན། ཆོས་ལ་མོས་པ་དང་ཆོས་ཐོས་པ་སྲིད་པ་ཙམ་སྟེ། དེ་ལས་ཀྱང་སྙིང་ནས་ཡང་དག་པའི་ཆོས་ཀྱི་སྒོར་ཞུགས་པ་དང་སྤྱོད་པ་སྲིད་པ་ཙམ་ལ་བསམས་ཏེ། ཡང་དག་པའི་བླ་མ་དང་མཇལ། ཟབ་མོའི་ཆོས་ཐོས། ཐར་པའི་ལམ་ལ་བསླབ་ཏུ་ཡོད་པ་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ལ་འབད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ལྔ་པའོ། །

དེ་ནས་དོན་མེད་ཆུད་ཟོས་བསམ་པ་ནི། ནོར་བུའི་གླིང་དུ་ཕྱིན་ནས་སྟོང་པར་ལོག་ན་རྒྱ་མཚོར་ཕྱིན་པ་དོན་མེད་པ་ལྟར། ད་རེས་མི་ལུས་རིན་པོ་ཆེའི་གླིང་དུ་ཕྱིན་ནས། དམ་པའི་ཆོས་ཀྱི་ནོར་སྣ་རེ་མ་བླངས། ཐར་པའི་ལམ་སྣ་མ་ཟིན། ཚེ་འདིའི་བྱ་བས་གཡེངས་ན་མི་ལུས་རིན་པོ་ཆེ་ཐོབ་ཀྱང་སྟོང་ལོག་བྱས་པ་ཡིན་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ཞིང་དལ་འབྱོར་བསམ་པའོ། །ཁྲིད་རྐང་དྲུག་པའོ། །

དེ་ནས་རྒྱུ་རྐྱེན་རྟེན་འབྲེལ་བསམ་པ་ནི། དམ་ཆོས་སྒྲུབ་པ་སེམས་ལ་རག་ཅིང་སེམས་དེ་དལ་འབྱོར་གྱི་ལུས་ལ་བརྟེན་ནས། མཐུན་པའི་རྟེན་འབྲེལ་ཚོགས་པའང་དཀའ་ལ། ནད་མེད་པ་དང་སྡུག་བསྔལ་གྱིས་མ་གཟིར་བ་དང་། གཞན་དབང་དུ་མ་གྱུར་པ་དང་། རང་དབང་ཐོབ་པའི་རྟེན་ལ་ཅི་ནས་ཀྱང་ཆོས་ལ་འབད་དགོས་སྙམ་པ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་བྱས་རྟིང་ཡང་དང་(༦)ཡང་དུ་སྙིང་ནས་དུང་དུང་བསྒོམ་ལ་རྗེས་བསྔོ་བ་དང་སྤྱོད་ལམ་རྣལ་འབྱོར་དུ་བྱའོ། །ཁྲིད་རྐང་བདུན་པའོ། །

དེ་ནས་སྐྱེ་ཤིའི་འཁོར་ལོ་བསམ་པ་ནི། འདིར་ལྟར་སེམས་ཅན་ཐམས་ཅད་ཁམས་གསུམ་རིགས་དྲུག་ན་སྐྱེ་ཤིའི་ཁ་བརྒྱུད། སོ་སོའི་སྡུག་བསྔལ་ལ་སྤྱོད་ཀྱང་། ད་དུང་དུས་འདི་ཙམ་ན། ཐར་བྱའི་མཐའ་མེད་པས། དལ་འབྱོར་ཐོབ་དུས་ཆུད་གསན་ཅིང་ཆོས་ལ་མ་སྤྱད་པས་ལན་པར་འདུག །བདག་གིས་དལ་འབྱོར་དོན་ཡོད་པར་བྱ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱད་པའོ། །

དེ་ནས་དལ་འབྱོར་གྱི་བསྔགས་པ་བསམ་པ་ནི། ཉན་རང་གི་དགྲ་བཅོམ་དང་། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་དལ་འབྱོར་གྱི་རྟེན་ལས་ཐོབ་ཅིང་། གསང་སྔགས་ཀྱི་ཆོས་རླབས་པོ་ཆེའང་དལ་འབྱོར་ཁོ་ན་ལས་འགྲུབ་ལ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་རྟེན་དལ་འབྱོར་འཕགས་པར་གསུངས་པའི་ཕྱིར། བདག་གིས་ཀྱང་ད་རེས་ཐར་པའི་ལམ་སྣ་དལ་འབྱོར་འདི་ལས་ཟིན་པར་བྱ་དགོས་སྙམ་དུ་སྦྱོར་བ་སེམས་བསྐྱེད་ནས་ཡང་དང་ཡང་དུ་བསམ་ཞིང་རྗེས་བསྔོ་བ་བྱའོ། །ཁྲིད་རྐང་དགུ་པའོ། །

དེ་ནས་སྤྲོ་དགའ་མཆོག་ཏུ་བསམ་པ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། ཕོངས་པས་ནོར་བུ་རྙེད་པའི་དགའ་བ་ལྟར། རང་གི་དལ་འབྱོར་རྙེད་པ་ལ་ལྟ་ཞིང་རྨི་ལམ་ཡིན་ནམ། ངེས་པར་བདེན་ནམ་སྙམ་དུ་སྤྲོ་དགའ་ཆེན་པོ་བསྐྱེད་དེ། ད་རེས་དམ་པའི་ཆོས་སྒྲུབ་སྙམ་པ་ཡང་ནས་ཡང་དུ་བྱ་ཞིང་རྗེས་བསྔོ་བ་དང་སྤྱོད་ལམ་གྱི་རྣམ་འབྱོར་དུ་བྱའོ། །ཁྲིད་རྐང་བཅུ་པའོ། །

དོན་གཉིས་པ་ཚེ་མི་རྟག་པ་བསམ་པ་ལ་བཅུ་གཉིས་ཏེ། རྟེན་ཕུང་པོ་ལ་བསམས་ཏེ་མི་རྟག་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ། སྣོད་བཅུད་ཆགས་འཇིག་ལ་བསམས་ཏེ་མི་རྟག་པ། དམ་པའི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ། ནམ་འཆི་ངེས་མེད་ལ་བསམས་ཏེ་མི་རྟག་པ། འདུས་བྱས་ཀྱི་རང་བཞིན་ལ་བསམས་ཏེ་མི་རྟག་པ། འཆི་རྐྱེན་དྲག་པོ་ལ་བསམས་ཏེ་མི་རྟག་པ། གཅིག་པུར་འགྲོ་བ་ལ་བསམས་ཏེ་མི་རྟག་པ། དུས་ཀྱི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ། ཡིད་རྟེན་མེད་པ་ལ་བསམས་ཏེ་མི་རྟག་པ། རྐྱེན་སྣང་ངེས་མེད་ལ་བསམས་ཏེ་མི་རྟག་པ། འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པའོ། །

དང་པོ་ནི། རང་དང་གཞན་གྱི་ལུས་ཡན་ལག་དང་ཉིང་ལག་ཏུ་ཚོགས་པ་ལ་བལྟས་ཏེ། ད་ལྟ་མཐུན་པའི་ཟས་གོས་བསྟེན། རྒྱན་དང་བྱི་དོར་བྱས་ཀྱང་། ནམ་ཞིག་འཆི་བའི་དུས་སུ་གཅེར་བུ་གོས་དང་བྲལ། ས་ཕྱོགས་སྟོང་པར་བསྐྱལ། ཝ་དང་བྱ་རྒོད་ཀྱིས་ཟ། ཡན་ལག་དང་ཉིང་ལག་འབྲལ། རུས་པའང་དུམ་བུ་ཐ་དད་དུ་འགྲོ་བའི་གནས་ཡོད་སྐབས་ཡོད་ན། དེ་བས་ན་ད་ལྟ་ཉིད་དུ་དམ་པའི་ཆོས་སྤྱོད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །(༧)ཁྲིད་རྐང་བཅུ་གཅིག་པའོ། །

དེ་ནས་སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་ནི། འདི་ལྟར་ལྷའི་དབང་པོ་དང་། བརྒྱ་བྱིན། དབང་ཕྱུག །ཁྱབ་འཇུག །དྲང་སྲོང་ཆེན་པོ་རྒྱས་པ་དང་། གྲོག་མཁར་བ་ལ་སོགས་པ་གཟུགས་བཟང་བ། གཟི་བརྗིད་ཆེ་བ། ཚེ་བསྐལ་པར་ཐུབ་པ། རིག་པའི་ཡོན་ཏན་ཆེ་བ། སྤྱན་དང་མངོན་ཤེས་མངའ་བ། རྫུ་འཕྲུལ་དཔག་ཏུ་མེད་པ་དག་ཀྱང་འཆི་བའི་སྐབས་ཡོད་ན། བདག་ཅག་ལྟ་བུ་ཅིའི་ཕྱིར་མི་འཆི། དེ་བས་ད་ལྟ་དམ་པའི་ཆོས་སྒྲུབ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་གཉིས་པའོ། །

དེ་ནས་སྣོད་བཅུད་ཆགས་འཇིག་ལ་བསམས་ཏེ་མི་རྟག་པ་ནི། འདི་ལྟར་རི་དང་ཡུལ་གྲུས་མཚོན་པ་སྣོད་ཀྱི་འཇིག་རྟེན་སྐྱེས་པ་བུད་མེད་ཀྱིས་མཚོན་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་བསྐལ་པ་འཇིག་པའི་མེ་བདུན་ཆུ་གཅིག་གིས་ཞིག་ནས་སྟོངས་པའི་སྐབས་ཡོད་ན། བདག་ཅག་ལྟ་བུ་ཅིའི་ཕྱིར་མི་མཆི་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་གསུམ་པའོ། །

དེ་ནས་དམ་པའི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ་ནི། འདི་ལྟར་སངས་རྒྱས་རབས་བདུན་འཁོར་དང་བཅས་པ་དང་། བར་བར་དུ་རང་སངས་རྒྱས་འཁོར་དུ་ཙམ་ལ་སོགས་པའང་སྔ་ཕྱིར་བྱོན་ཅིང་གཤེགས་ལ། དེ་དག་གི་བསྟན་པ་དང་བཅས་པའང་དར་བ་དང་ནུབ་པའི་རིམ་པ་མཐའ་ཡས་ན། བདག་ཅག་ལྟ་བུ་ཉེ་འཁོར་དང་བཅས་པ་ལ་རྟག་པ་ག་ལ་ཡོད། དེའི་ཕྱིར་ད་ལྟ་ཉིད་ནས་དམ་པའི་ཆོས་སྒྲུབ་སྙམ་དུ་འདུན་པ་དྲག་པོས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་བཞི་པའོ། །

དེ་ནས་ནམ་འཆི་ངེས་མེད་ལ་བསམས་ཏེ་མི་རྟག་པ་ནི། ཚེ་ལ་སྣོན་པ་ནི་མེད། འབྲིད་པ་ནི་ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཉེར་སོང་སྟེ། བྱི་བ་དཀར་ནག་གིས་རྩ་ཐག་གི་ཉག་མ་གཅོད་པ་དང་འདྲ། གར་འཆི་ཆ་མེད་ལ་འཆི་བའི་རྐྱེན་མང་བས་ནམ་འཆིའི་སྙམ་པ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་ལྔ་པའོ། །

དེ་ནས་འདུས་བྱས་ཀྱི་རང་བཞིན་ལ་བསམས་ཏེ་མི་རྟག་པ་ནི། སྤྱིར་འདུས་བྱས་ཀྱི་ཆོས་མི་རྟག །སྒོས་སུ་སྐྱེས་བུའི་ཚེ་མི་རྟག །ཁྱད་པར་ལུས་སེམས་ཚོགས་པའི་རྟེན་མི་རྟག་སྟེ། སྔོན་དར་ཞིང་རྒྱས་པའི་གྲོང་ཁྱེར་དང་། སྡེ་དགོན་ཞིག་རལ་སྟོངས་པའི་དཔེས། རང་གི་ལུས་གྲོང་ལྟ་བུ། སེམས་མི་ལྟ་བུ་ནམ་སྟོངས་པའི་སྐབས་ཡོང་ངམ་སྙམ་དུ་སྙིང་ནས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་དྲུག་པའོ། །

དེ་ནས་འཆི་རྐྱེན་ལ་བསམས་ཏེ་མི་རྟག་པ་ནི། མར་མེ་འབར་བ་ནི་མྱུར་དུ་འཛད་པས་མི་རྟག་པ་ལ་གློ་བུར་དུ་རླུང་གིས་བཏབ་ན་སྐད་ཅིག་གིས་འཆི་བ་ལྟར། སྐྱེས་ནས་འཆི་བར་ཕྱོགས་པ་ལ། གློ་བུར་དུ་ནད་དམ་གདོན་ནམ་(༨)འཚེ་བ་དྲག་པོས་དུས་མ་ཡིན་པར་འཆི་བའི་རྐྱེན་བྱུང་ན་སྐད་ཅིག་ཀྱང་གནས་དབང་མེད་པའི་ཕྱིར། བདག་ལའང་དེ་ལྟ་བུ་ནམ་འབྱུང་ཆ་མེད་སྙམ་དུ། སྦྱོར་བ་སེམས་བསྐྱེད། དངོས་གཞི་དེ་ཉིད་ཁོ་ན་ལ་བསམས་པ། མཇུག་བསྔོ་བ་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་བདུན་པའོ། །

དེ་ནས་གཅིག་པུ་འགྲོ་བ་ལ་བསམས་ཏེ་མི་རྟག་པ་ནི། འཇིག་རྟེན་འདིའི་སྣང་བ་ནི་འདོར། ཕྱི་མའི་ལམ་དུ་ནི་ཞུགས། མལ་གྱི་ཐ་མར་ཉལ། ཟས་དང་གོས་ཀྱི་ཐ་མ་ལ་སྤྱོད། གཏམ་གྱི་ཐ་མ་ལ་སྨྲ་བའི་ཚེ། འཁོར་དང་ལོངས་སྤྱོད་དང་། ཉེ་དུ་འབྲེལ་པ་ལ་སོགས་པ་ཐམས་ཅད་བཞག་ནས་གཅིག་པུར་འགྲོ་དགོས་པའི་དུས་ཤིག་འབྱུང་སྟེ། ཤིན་ཏུ་བཟོད་པར་དཀའ། བདག་ལའང་དེ་ལྟ་བུ་ནམ་འབྱུང་ཆ་མེད་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅོ་བརྒྱད་པའོ། །

དེ་ནས་དུས་ཀྱི་སྐྱེ་བོ་ལ་བསམས་ཏེ་མི་རྟག་པ་ནི། འདི་ལྟར་ལོ་བརྒྱའི་གོང་དུ་འདས་པའི་མི་དང་དུད་འགྲོ་ལ་སོགས་པའི་སེམས་ཅན་ཡོད་པ་ཀུན་ད་ལྟ་གཅིག་ཀྱང་མེད་ལ། ད་ལྟ་ས་སྟེང་གི་སེམས་ཅན་ཕལ་ཆེའང་ལོ་བརྒྱའི་འོག་ཏུ་གཅིག་ཀྱང་མེད་པར་འགྱུར་ལ། བདག་ཀྱང་རང་བཞིན་དེ་ལས་མ་འདས་ཤིང་། མ་འོངས་པའི་འགྲོ་བ་རྣམས་ཀྱང་དེ་དང་འདྲ་སྟེ། དུས་ཀྱི་ལོ་ཐོག་བརྗེ་བ་ལྟར་བརྙིངས་ཤིང་། སྔོན་བདག་གིས་བཙས་པའི་ཡུལ་གྱི་ནང་མི་ཁྱིམ་མཚེས། གྲོགས་གཉེན་འདུན། སྒོ་ཁྱི་ར་ཕྱུགས། དགྲ་སྡང་བ་ན་ཟླ་དང་སྤུན་སྲིང་ལ་སོགས་པ་མེད་པ་ལ་བསམས་ཏེ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཅུ་དགུ་པའོ། །

དེ་ནས་ཡིད་རྟེན་མེད་པར་ལ་བསམ་སྟེ་མི་རྟག་པ་ནི། རིའི་ཟོམ། རྒྱ་མཚོའི་ནང་། བར་སྣང་གི་ཁམས་ལ་སོགས་པ་ས་ཕྱོགས་དང་འདུག་ས་ཇི་ལྟ་བུ་ནའང་འཆི་བས་མི་ཚུགས་པ་གཅིག་ཀྱང་མེད་པར། དུས་དང་དུས་མ་ཡིན་པའི་རྐྱེན་གྱིས་འཆི་ལ། ཁྱད་པར་དུ་མིའི་ཡུལ་ན་འཆི་རྐྱེན་གྱི་འཚེ་བ་ཤིན་ཏུ་མང་བའི་ཕྱིར་ནམ་འཆིའམ་སྙམ་དུ། སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་པའོ། །

དེ་ནས་རྐྱེན་སྣང་ངེས་མེད་ལ་བསམས་ཏེ་མི་རྟག་པ་ནི། འཆི་རྐྱེན་གློ་བུར་བ་མེད་ཀྱང་ནུབ་ཀའི་གྲིབ་སོ་ལྟར་འཆི་བདག་འོང་ན། དུག་དང་། མཚོན་དང་། མེ་དང་། ཆུ་དང་། དགྲ་དང་། ནད་དང་། གདོན་དང་། ཐ་ན་ཟས་གོས་སྤྱོད་ལམ་ཉེས་པས་རྐྱེན་བྱས་ཏེ་འཆི་བ་ཤིན་ཏུ་མང་བས། བདག་ཀྱང་ནམ་འཆིའམ་སྙམ་དུ་སྙིང་ཐག་པ་ནས་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་གཅིག་པའོ། །

དེ་ནས་འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པ་ནི། གཞན་དུ་འགྲོ་ན་ད་རེས་འཆིའམ་གནས་འདིར་ཨེ་ལོག་ཆ་མེད་དོ་སྙམ་པ་དང་། ལམ་དུ་བཞུགས་པ་དང་ངལ་སྟེགས་ལ་སྡོད་ནའང་འདིར་འཆིའམ་སྙམ་(༩)པ་དང་། གང་ན་འདུག་ཀྱང་ད་རེས་འདིར་འཆིའམ་སྙམ་པ་དང་། ཟ་བ་དང་། འཆགས་པ་དང་། ཉལ་བ་ལ་སོགས་པ་སྤྱོད་ལམ་ཅི་བྱེད་ཀྱང་འཇིག་རྟེན་འདིའི་སྤྱོད་ལམ་གྱི་ཐ་མ་ཡིན་སྙམ་དུ་འཆི་བ་འབའ་ཞིག་དུང་དུང་བསྒོམས་ཏེ། སྔོན་འགྲོ་སེམས་བསྐྱེད། དངོས་གཞི་སྙིང་ནས་འདུན་པ་དྲག་པོ། རྗེས་བསྔོ་བ་དང་སྤྱོད་ལམ་རྣམ་འབྱོར་དུ་བྱའོ། །ཁྲིད་རྐང་ཉི་ཤུ་རྩ་གཉིས་པའོ། །

དོན་གསུམ་པ་འཁོར་བ་སྡུག་བསྔལ་དུ་བསམ་པ་ལ་གསུམ་སྟེ། སྐྱོ་ཤས་སྤྱིར་བསྐྱེད་པ། སྡུག་བསྔལ་བྱེ་བྲག་ཏུ་བསམ་པ། ད་ལྟའི་ཚུལ་ལ་དཔག་པའོ། །

དང་པོ་ནི། འདི་ལྟར་ཁམས་གསུམ་འཁོར་བ་ན་འཁྱམས་པའི་སེམས་ཅན་འདི་དག་མངོན་པར་སྐྱོ་སྟེ། འཁོར་བ་བརྒྱུད་མར་འཁོར་དུས་སེམས་ཅན་ཐམས་ཅད་གཅིག་གིས་གཅིག་གི་ཕ་མ་གཉེན་འདུན་མཛའ་བཤེས་བར་མ་དགྲ་སྡང་བ་མ་བྱས་པ་མེད་ལ། རང་ཉིད་གྲོག་སྤུར་གཅིག་པུར་སྐྱེས་པའི་མགོ་དང་རྐང་ལག་བསྡོམས་ཏེ་གཅིག་ཏུ་ཕུང་པོར་བྱར་ཡོད་ན་རི་རབ་ལས་ཆེས་མཐོ་ཞིང་། ངུས་པའི་མཆི་མ་རྒྱ་མཚོ་བས་ལྷག་ལ། འདོད་པའི་ཕྱིར་མགོ་དང་ཡན་ལག་བཅད་པའང་གྲངས་མེད་ཅིང་། ཚེ་འདིར་ཕྱུག་ཅིང་འབྱོར་པ་འཁོར་དང་དབང་ཕྱུག་ཕུན་སུམ་ཚོགས་པ་ཡང་། ཤི་ནས་དབུལ་ཞིང་ཕོངས་པའི་གནས་སུ་སྐྱེ་བ་ནི་རྨི་ལམ་གྱི་བདེ་སྐྱིད་གཉིད་སད་ནས་མེད་པ་ལྟ་བུ་སྟེ། ཚེ་འདིའི་སྣང་བ་ལ་རང་གཞན་ཆགས་ཤིང་སྐྱིད་པར་སྣང་བའང་ངང་ཚུལ་དེ་ལས་མ་འདས་པའི་ཕྱིར་གང་གིས་ཀྱང་ཅི་བྱ། འདི་བས་ཕྱི་མ་རྒྱུན་རིང་བས་ཐར་པའི་ཆོས་ལ་གནས་པར་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་གསུམ་པའོ། །

དེ་ནས་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་དྲུག་ལས། དམྱལ་བའང་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་ནི། ཡང་སོས་ནི། མདག་མེ་འབར་བའི་ཡུལ་ཁམས་སུ་དམྱལ་བ་པ་ཀུན་འདུས་ནས། དགྲ་བོ་མི་ཤ་བོ་གཅིག་གིས་གཅིག་མཐོང་བ་ལྟར་ཕན་ཚུན་ལས་ཀྱི་མཚོན་ཆས་གསོད་རེས་བྱས་ཏེ་ཤི་མ་ཐག་ཡང་སོས་པར་གྱུར་ཅིག་གི་སྒྲ་ནམ་མཁའ་ལ་གྲགས་པས་སོས་ཏེ། ཡང་འཆི་ཡང་སོས་པ་ལ་ལས་མ་ཟད་བར་དུ་མྱོང་དགོས་པའོ། །

ཐིག་ནག་ནི། ལུས་ལ་གཤིན་རྗེའི་སྐྱེས་བུས་ཐིག་བཏབ་པའི་སྟེང་ལ་ལྕགས་ཀྱི་སོག་ལེས་གཤོག་ཅིང་། གཤགས་པ་ཀུན་འབྱར་ནས་ཡང་གཤོག་པའོ། །བསྡུས་འཇོམས་ནི། ལྕགས་ཀྱི་གཏུན་ལྗོངས་སུ་ཕྱེ་མ་ཞིབ་མོར་འཐག་ཅིང་ཡང་སོས་ལ་ཡང་འཐག་པ་དང་། བྲག་རི་རྟ་དང་། རྔ་མོ་ལ་སོགས་པ་འདྲ་བའི་བར་དུ་འཇོམས་པའོ། །ངུ་འབོད་ནི། ལྕགས་ཞུན་བསྐོལ་བར་འཚོད་ཅིང་ལུས་ལ་མེ་འབར་བ་བས་ངུ་ཞིང་འོ་དོད་འབོད་པའོ། །ངུ་འབོད་ཆེན་པོ་ནི། ལྕགས་ཁང་ཉིས་རིམ་དུ་བཅུག་ནས་མེས་བསྲེག་ཅིང་གཤིན་རྗེའི་མེའི་ཐོ་བས་འཇོམས་པའོ། །ཚ་བ་ནི་ལྕགས་ཟངས་ཁོལ་མར་འཚོད་ཅིང་ནང་ལྟོ་ནས་མེ་འབར་བའོ། །(༡༠)རབ་ཏུ་ཚ་བ་ནི། ལྕགས་ཁྱིམ་མེ་འབར་བར་བསྲེག་ཅིང་མདུང་རྩེ་གསུམ་པས་ཕྲག་པ་གཉིས་དང་སྤྱི་བོ་ཕུག་སྟེ་ལྕགས་ལེབ་ཀྱིས་དཀྲི་བའོ། །མནར་མེད་ནི་ལྕགས་ཁང་མེ་འབར་བ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་བའི་ནང་དུ་སྔར་གྱི་སྡུག་བསྔལ་ཐམས་ཅད་མྱོང་ཞིང་། མེ་དང་འདྲེས་པས་ན་སྨྲེ་སྔགས་ཙམ་འདོན་པའོ། །དེ་དག་ཀྱང་ཚོར་བ་བདུན་འགྱུར་གྱིས་རགས་པས་སྡུག་བསྔལ་བདུན་འགྱུར་གྱིས་ཆེ་བའོ། །དེ་ལྟ་བུའི་དམྱལ་བ་ནས་བཟོད་དཀའ་བའི་སྡུག་བསྔལ་ཡོད་པས། ད་རེས་དེར་མ་སྐྱེས་པ་ཞིག་ཅི་ནས་ཀྱང་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་བཞི་པའོ། །

དེ་ནས་ཉེ་འཁོར་བའི་སྡུག་བསྔལ་ལས། ཉེ་འཁོར་བ་ནི། མནར་མེད་ཀྱི་འཁོར་ལྷག་པ་བཅུ་དྲུག་ཡིན་ཏེ། ཕྱོགས་བཞི་ན་མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། ཐལ་ཚན་གྱི་ཆུ་བོ་རབ་མེད་དང་བཞི་བཞི་ཡོད་པའོ། །དེ་ཡང་སྔར་མནར་མེད་ཀྱི་ལྕགས་ཁང་དུ་སྡུག་བསྔལ་ཆེ་དྲགས་པ་དེ་མྱོང་བའི་ལས་བསྲབས་པ་དང་ཕྱོགས་བཞིའི་སྒོ་བྱེ་བ་སྙམ་པ་ལས་དམྱལ་བ་པ་དག་སོ་སོ་ནས་ཕྱིར་འཐོན་མ་ཐག །འོབས་བཟང་པོ་གྲིབ་མ་ཅན་ལྟ་བུ་མཐོང་ནས་ཞུགས་པས། མདག་མེ་འབར་བའི་ནང་དུ་ཤ་རུས་འཚིག་པའོ། །དེ་ལས་ཐར་པ་སྙམ་བྱེད་ནས་ཆུ་ཀླུང་འབབ་པའི་ནང་དུ་ཞུགས་པ་ལྟ་བུ་ལས། རོ་མྱགས་ཀྱི་འདམ་སྲིན་བུ་ལྕགས་ཀྱི་མཆུ་ཅན་ལ་སོགས་པས་འབིགས་ཤིང་སྡུག་བསྔལ་བའོ། །དེ་ལས་འཐོན་ནས་ཐང་ཉམས་དགའ་བར་ཕྱིན་པ་ལས། སྤུ་གྲིར་སོང་སྟེ་རྐང་པ་བཞག་པ་ན་དུམ་བུར་གཤོག །བཏེག་པ་ན་སོས་པའོ། །དེ་ནས་ཐར་ཏེ་ནགས་ཚལ་བཟང་པོ་མཐོང་སར་ཕྱིན་པའི་རལ་གྲིར་སོང་ནས་རླུང་གིས་བསྐྱོད་པས་ལུས་དུམ་བུར་གཅོད་ཅིང་སོས་པའོ། །དེ་ནས་སོང་བ་ལས་རིའི་རྩེ་ནས་ལྷན་ཅིག་འདུས་པའི་སྐྱེས་པའམ་བུད་མེད་དེ་ཉིད་རང་ལ་འབོད་པར་མཐོང་ནས་འཛེགས་པ་ལས། ལྕགས་ཀྱི་ཐུར་མས་ལུས་འབིགས་ཤིང་སྟེང་དུ་སླེབ་དུས་ཁྭ་དང་བྱ་རྒོད་ཀྱིས་ཀླད་པ་འབྲུ་ལ། རིའི་འདབས་ནས་ཡང་འབོད་པར་མཐོང་སྟེ་ཕྱིན་པས་ཐུར་མས་གྱེན་ལ་འབིགས་ཤིང་། སྔར་གྱི་ཡུལ་དེ་ལ་འཁྱུད་པས་ལྕགས་ཀྱི་སྐྱེས་པའམ་བུད་མེད་མེ་འབར་བར་སོང་སྟེ་རབ་ཏུ་འཁྱུད་ཅིང་བསྲེགས་ལ་ཟ་བར་བྱེད་དོ། །དེ་ནས་སོང་བ་ན་ཆུ་ཀླུང་བཟང་པོ་རྒྱང་མ་ནས་འབབ་པར་མཐོང་སྟེ། འབོག་མ་ཐག་ཐལ་ཚན་སྐེད་ནུབ་ཏུ་ཚུད་དེ་ཤ་རུས་ཚིག་ནས་ཕྱིར་བྲོས་པ་ལས། འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་བའོ། །དེ་ལྟ་བུའི་སྡུག་བསྔལ་སྔར་ཡང་མང་དུ་མྱོང་བས། ད་ནི་དེ་ནས་ངེས་པར་དབྱུང་བར་བྱ་དགོས་སྙམ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་ལྔ་པའོ། །

དེ་ནས་གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་ནི། གངས་རི་དང་ཁ་(༡༡)བ་དང་ཆབ་རོམ་གྱི་ཁྲོད། བུ་ཡུག་ལངས་པས་སྦྲེབས་པའི་གནས་ནི། གྲང་བས་ཉེན་པས་ལུས་ལ་ཆུ་བུར་བྱུང་བས་ཆུ་བུར་ཅན་དང་། ཆུ་བུར་རྡོལ་ནས་རྨར་སོང་བས་ཆུ་བུར་རྡོལ་བ་དང་། སོ་འཐམས་པས་སོ་ཐམ་ཐམ་པ་དང་། ཨ་ཆུ་ཆུའི་སྨྲེ་སྔགས་འདོན་པས་ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཅེས་འདོན་པས་ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་བཞི་ཚལ་དུ་གས་པས་ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་བརྒྱད་ཚལ་དུ་གས་པས་པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སུ་གས་པས་པདྨ་ཆེན་པོ་ལྟར་གས་པའོ། །དེ་ལྟར་གས་པའི་རྨ་ནང་དུ་སྲོག་ཆགས་ཕྲ་མོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མི་བཟད་པ་ལ་སྤྱོད་པའི་ཚུལ་ལ་བསམས་ཏེ། ད་རེས་དེ་འདྲའི་གནས་སུ་མ་སྐྱེས་པ་ལ་དགའ་བ་བསྒོམས་ཏེ་ཆོས་ལ་འབད་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་དྲུག་པའོ། །

དེ་ནས་ཉི་ཚེ་བའི་སྡུག་བསྔལ་ནི། བྲག་གི་ནང་དུ་བཅར་བ་དང་། ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཆུ་ཚན་གྱི་ནང་དུ་འཚོད་པ་དང་། དགུན་ཆུ་གྲང་མའི་ནང་དུ་ཉེན་པ་དང་། མེ་ནང་དུ་ཚ་ཞིང་བསྲེགས་པ་དང་། ཤིང་སྡོང་པོའི་གཟུགས་ལ་བཅད་གཏུབས་བྱས་པ་ན། ཡན་ལག་ཉིང་ལག་ཆད་པའི་སྡུག་བསྔལ་དང་། ཕྲུ་བ་དང་། སྒོ་དང་། སབ་མོ་དང་། ཀ་བ་དང་། སྒྱེད་པོ་དང་ཐག་པ་ལ་སོགས་པ་རྟག་ཏུ་བཀོལ་ཞིང་སྤྱད་པའི་གཟུགས་སུ་སྐྱེས་ནས་ལས་ཀྱིས་སོ་སོའི་སྡུག་བསྔལ་བཟོད་དཀའ་བ་མྱོང་བ་དང་། ལྕགས་ཀྱི་ཁང་པར་ཉིན་མཚན་ཆ་རེ་འགྱུར་བའི་སྡུག་བསྔལ་ལ་སྤྱོད་པ་ལ་སོགས་པ་སྟེ། རི་དང་རྒྱ་མཚོའི་འགྲམ་དང་། གངས་དང་ཆབ་རོམ་ལ་སོགས་པ་མི་ཡུལ་དང་ཐུན་མོང་དང་གཞན་ན་སྡུག་བསྔལ་དུ་མས་ཉེན་པ་ལ་བསམས་ཏེ། དེ་ལྟ་བུར་མ་སྐྱེས་པ་ཞིག་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་བདུན་པའོ། །

དེ་ནས་ཡི་དྭགས་ཀྱི་སྡུག་བསྔལ་ནི། ཕྱིའི་སྒྲིབ་པ་ཅན་ལུས་རིད་ཅིང་ཡན་ལག་ཕྲ་བ། བཟའ་བཏུང་གི་སྒྲ་མི་ཐོས་ཤིང་རྟག་ཏུ་བཀྲེས་སྐོམ་གྱིས་གདུང་བ། གཞན་གྱིས་འཚེ་ཞིང་ཡིད་དུ་མི་འོང་བ་རྒྱ་མཚོ་དང་ནགས་འདབས་ལ་སོགས་པ་མཐོང་ཡང་མཐོང་མ་ཐག་སྐམ་པའོ། ། ནངགིསྒྲིབཅན ་གློ་སྙིང་ནས་མེ་འབར་བ། ཁ་སྣ་ནས་དུ་བ་འཐུལ་བའོ། །སྒོ་ཁུད་ཀྱི་སྒྲིབ་པ་ཅན་ཡི་དྭགས་རེ་རེའི་ལུས་ལ་མང་པོ་གནས་བཅས་ཏེ། དེའི་ཁྲག་དང་ཤ་ལ་ཟ་བར་སྣང་བས་སྡུག་བསྔལ་བའོ། །དེ་ལྟ་བུའི་གནས་སུ་མ་སྐྱེས་པ་ཞིག་བྱ་དགོས་སྙམ་དུ། སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་བརྒྱད་པའོ། །

དེ་ནས་དུད་འགྲོའི་སྡུག་བསྔལ་ནི། བྱིང་ན་གནས་པ་རྒྱ་མཚོ་ཆེན་པོ་དང་། གླིང་བར་གྱི་མུན་པ་ན་ཆང་དར་མའི་(༡༢)སྦང་མ་ཙམ་ཡོད་དེ། གཅིག་གིས་གཅིག་ཟ་ཞིང་གླན་རྨོངས་གཏི་མུག་པ་དང་། ཁ་འཐོར་བ་ལྷ་མིའི་གནས་ནའང་བྱ་དང་རི་དྭགས་ལ་སོགས་པ་ཡོད་དེ། གསོད་པ་དང་། སྤྱོད་པ་དང་། བརྡུང་བ་དང་། འཚོག་པ་དང་། འཚེ་བས་ཉེན་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །དེ་ལྟ་བུར་མ་སྐྱེས་པ་ཞིག་བྱ་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཉི་ཤུ་རྩ་དགུ་པའོ། །

དེ་ནས་མིའི་སྡུག་བསྔལ་ནི་གསུམ་དང་བརྒྱད་ཀྱིས་གདུངས་པ་ལས། སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་བྱུང་བ་ལྟ་བུ་དང་། ན་བ་དང་ཚ་བ་དང་མི་འདོད་པའི་རིགས་གཅིག་མ་སངས་པར་གཅིག་བརྩེགས་ནས་བྱུང་བ་རྣམས་དང་། འགྱུར་བའི་སྡུག་བསྔལ་བག་མ་བླངས་ནས་བྲོ་བརྡུངས་པས་ཁང་པ་རྡིབ་ནས་ཉམས་ཉེས་བྱུང་བ་ལྟ་བུ་དང་། དེ་ལྟ་བདེ་བ་དེ་ཉིད་དེ་མ་ཐག་སྡུག་བསྔལ་དུ་འགྱུར་བས་གདུང་བ་རྣམས་དང་། འདུ་བྱེད་ཀྱི་སྡུག་བསྔལ་དུག་ཟོས་པའམ་གཞན་ལ་གནོད་པ་བསྐྱལ་བ་ལྟ་བུ་ཕྱིས་སྡུག་བསྔལ་འདུ་བྱེད་པས་སྡུག་བསྔལ་ཞིང་ཡིད་མི་བདེ་བར་བྱེད་པའི་རིགས་རྣམས་ཏེ། འདི་ལྟ་བུའི་སྡུག་བསྔལ་ལས་ད་རེས་ཐར་བར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སུམ་ཅུ་པའོ། །

དེ་ནས་སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་ལ་བསམ་པ་ནི། ཐོག་མར་བར་དོ་དྲི་ཟ་ཉེ་བར་འཁོར་དང་ཕ་མའི་ཁུ་ཁྲག་གཉིས་འདྲེས་པ་ལ། ཞག་བདུན་ཚན་བདུན་དུ་མེར་མེར་པོ་དང་། ནུར་ནུར་པོ་ལ་སོགས་ལས་ལུས་ཆགས་ཤིང་། དེ་ནས་གོང་དུ་འཕེལ་ཏེ་མའི་ལྟོ་བ་ན་གནས་དུས། དྲི་ང་བ་དང་། སྐྱུགས་བྲོ་བ་དང་། འཁུམས་པ་དང་། མས་ཟས་གོས་སྤྱོད་ལམ་ཉེས་པ་ཀུན་ལ། མེའི་འོབས་ན་འདུག་པ་ལྟར་རེས་འགའ་ཧ་ཅང་ཚ་བ་དང་། གངས་དང་ཆུའི་ནང་དུ་ཚུད་པ་ལྟར་གྲང་བ་དང་། རིས་ནོན་པར་ལྟར་ལྗི་བ་དང་། གཡང་ལ་བསྐྱུར་བ་ལྟར་ཉམ་ང་བ་དང་། མགོ་མཇུག་ལྡོག་ནས་སྤྲུགས་པ་ལྟར་ཤིན་ཏུ་སྡུག་བསྔལ་བ། བཙའ་དུས་བསྡུས་འཇོམས་ཀྱི་དམྱལ་བ་ལྟར་དར་ཅིག་བརྒྱལ་བ་དང་། ལག་པས་རེག་དུས་ཤ་བུར་སྤུ་གྲིས་རེག་པ་ལྟར་མི་བཟོད་པ་དང་། ཁྲུས་བྱས་པ་ན་པགས་པ་བཤུ་བ་ལྟར་ཚ་བ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་དོ། །དེའི་ཕྱིར་གང་དུ་སྐྱེས་ཀྱང་སྡུག་བསྔལ་ལས་མ་འདས་པས། སྐྱེ་བའི་འཁོར་བ་ཟད་པ་ཞིག་ད་རེས་བྱ་དགོས་སྙམ་པས་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་གཅིག་པའོ། །

དེ་ནས་རྒས་པའི་སྡུག་བསྔལ་ནི། ལུས་ཀྱི་སྟོབས་ཤོར་བས་ལྡང་འདུག་དང་སྒུལ་སྐྱོད་དཀའ། དབང་པོའི་མདངས་ཉམས་པས་མིག་འགྲིབ། རྣ་བ་མི་གསང་། དྲན་པ་མི་གསལ། ཤེས་པའི་རྩལ་ཤོར་བས་བློའི་སྤྲོ་ཞི་ཞིང་སེམས་ཀྱི་ཁོངས་ཆུད། (༡༣)རྩ་རླུང་གི་འཕེལ་བྲི་བས་བྱིས་པ་བཞིན་ཅོལ་ཆུང་ལ་ཚོར་བ་རགས། ནང་གི་ལུས་སེམས་འགྱུར་བས་ནད་དང་འཚེ་བ་མང་ཞིང་ཀུན་གྱི་ཡིད་དུ་མི་འོང་། ངག་ཏུ་འཆི་བ་ལ་སྨོན་ཡང་དོན་ལ་ཤི་ཡིས་དོགས་པ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་དོ། །དེ་ཕྱིར་རྒ་ཤི་མེད་པའི་བྱང་ཆུབ་ཅིག་ད་རེས་འགྲུབ་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་གཉིས་པའོ། །

དེ་ནས་ན་བའི་སྡུག་བསྔལ་ལ་བསམས་ཏེ། འབྱུང་བཞིའི་འདུ་བ་འཁྲུགས་པས་ཟུག་གཟེར་གྱི་ཚོར་བ་རགས། ལུས་ཀྱི་རང་བཞིན་འགྱུར་འཚིག་ཅིང་ཡིད་མི་བདེ། དབང་པོའི་སྟོབས་ཉམས་པས་མལ་ནས་ལྡང་འདུག་དཀའ། གང་ཡང་ཡིད་དུ་མི་འོང་བས་རྟག་ཏུ་འདུ་ཤེས་འཁྲུགས། གདོན་བགེགས་བར་ཆད་ལངས་པས་གློ་བུར་ཡེ་འདྲོག་ཆེ། ད་རེས་ཤི་ཡིས་དོགས་པའི་སེམས་ཀྱི་སྡུག་བསྔལ་ཆེ་བ་ལ་སོགས་པ་སྟེ། ཤིན་ཏུ་བཟོད་པར་དཀའ་བའི་རང་བཞིན་ལ་བསམས་ཏེ། ད་རེས་ཟུག་རྔུ་ཐམས་ཅད་ལས་གྲོལ་བའི་བདུད་རྩི་ཐོབ་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་གསུམ་པའོ། །

དེ་ནས་འཆི་བའི་སྡུག་བསྔལ་ནི། མལ་གྱི་ཐ་མལ་ན་འདུག །ཟས་གོས་ཀྱི་ཐ་མ་ལ་སྤྱོད། གཏམ་གྱི་ཐ་མ་སྨྲ། འཁོར་འདབ་དང་ཉེ་དུ་འབྲེལ་པ་མང་པོས་བསྐོར་ཀྱང་ཕན་པ་ནི་ཅུང་ཟད་མེད། འཆི་བའི་ཚོར་བས་གདུངས། འཁྲུལ་སྣང་གི་སུན་མས་སླེབས། བར་དོའི་འཕྲང་ལ་ཞུགས། ལས་ཀྱི་འབྱུང་བ་སྡུད། ཚེ་འདིའི་སྣང་བ་འདོར། ཕྱི་མའི་ཡུལ་ལ་སྙེགས། ཐམས་ཅད་བོར་ནས་གཅིག་པུར་མར་གྱི་གསེབ་ནས་སྤུ་དོན་པ་ལྟར་འགྲོ་བའི་དུས་ན། ཟས་ནོར་ཇི་ཙམ་ཡོད་ཀྱང་ཟན་ཆང་གཅིག་ཁྱེར་བའི་དབང་ཡང་མེད། འཁོར་དང་ཉེ་དུ་ཇི་ཙམ་ཡོད་ཀྱང་མི་གཅིག་དང་འགྲོགས་དབང་ཡང་མེད་པར་འགྲོ་དགོས་པ་འདི་མཚང་རེ་ཆེ། ད་རེས་སོང་ནས་ནི་ཕྱིར་མི་ལྡོག །དེ་ལ་དེ་སྔ་ཕན་ཆད་ཚེ་འདིའི་སྣང་བ་དགྲ་འདུལ། གཉེན་སྐྱོང་། གནས་དང་ཡོ་བྱད་ཀྱི་ཕྱི་ཚིས། བུ་ཚ་འཁོར་འདབ་ཀྱི་ཤ་ཚ་བྱས་པ་ལ་དོན་ཅི་ཡོད་སྙམ་དུ་འཆི་མེད་ཐར་པའི་ལམ་མཆོག་བསྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲི་རྐང་སོ་བཞི་པའོ། །

དེ་ནས་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ནི། མི་འདོད་པའི་མི་དང་འཚེ་དོགས་བྱུང་བ་སྟེ། མི་འདོད་བཞིན་དུ་སྡུག་བསྔལ་ཞིང་ཡིད་མི་བདེ་བ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི། གཉེན་དང་མཛའ་བཤེས་ཤི་བ་དང་། ཡུལ་ཐག་རིང་པོར་སོང་བའི་རྗེས་ལྟ་བུ་སྟེ། དེའི་ཡོན་ཏན་ལུས་ངག་གི་རྣམ་འགྱུར་དྲན་པའི་མོད་ཡིད་གདུང་ཞིང་མངོན་པར་མི་དགའ་བ་དང་། དངོས་པོ་བཟང་དགུ་ཉམས་པ་དང་། བསོད་ནམས་འགྲིབས་པ་ལ་སོགས་པ་སྟེ། གང་ཡིད་དུ་འཐད་པ་བྲལ་བས་མྱ་ངན་སྐྱེ་བ་དང་། (༡༤)གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཡང་། སྡུག་བསྔལ་གྱི་གནས་དང་རྟེན་དང་འབྱུང་ཁུངས་སུ་གྱུར་པས་སྡུག་བསྔལ་ཏེ། དཔེར་ན་ཚེར་མ་ཞིག་ཟུག་ནའང་། གཟུགས་ལ་ན་ཚའི་ཟུག་རྔུ། ཚོར་བ་སེམས་ཀྱི་དེ་ཉིད་ཟུག་ཏུ་ཤེས་པ། ན་ཚ་དེ་ཉིད་སྐད་ཅིག་འབྲེལ་ཆགས་སུ་འདུ་ཤེས་པ། ཡང་ན་བར་བྱེད་འདུ་བྱེད་པ། ཚེར་མའི་ཟུག་གི་རྣམ་པར་ཤེས་པར་ཏེ། ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་ཅི་བྱུང་ཡང་ཕུང་པོ་ལྔ་པོ་འདིའི་སྟེང་དུ་མ་གཏོགས་པ་གཞན་དུ་མི་འབྱུང་བའི་ཕྱིར། དེ་ནི་སྡུག་བསྔལ་བདེན་པའི་ཆ་ཤས་ཉེར་ལེན་ཟག་བཅས་ཀྱི་ཕུང་པོ་རྣམས་དང་མི་ལྡན་པ་འཕགས་པའི་ཡེ་ཤེས་ཤིག་ཅིས་ཀྱང་ཐོབ་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་ལྔ་པའོ། །

དེ་ནས་ལྷ་མ་ཡིན་གྱི་སྡུག་བསྔལ་ནི། ལྷའི་དཔལ་ལ་མི་བཟོད་པས་རྟག་ཏུ་ཕྲག་དོག་ཅིང་། གཡུལ་འགྱེད་པས་ཤིན་ཏུ་གདུང་བ་དང་། རང་རང་གི་གནས་རིས་གཅོད་ཅིང་འཚེ་བས་ལུས་སེམས་འཁྲུགས་པའི་ཟུག་རྔུ་ཆེན་པོ་ཁ་སྨྲས་དང་འཐབ་རྩོད་རྡོ་བ་ལྟ་བུས་རྒྱུན་དུ་གདུང་བའི་ཕྱིར། ད་རེས་ཞི་བ་དམ་པའི་ཆོས་སྒྲུབ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་དྲུག་པའོ། །

དེ་ནས་ལྷའི་སྡུག་བསྔལ་ནི། འདོད་ལྷའི་གནས་ན་དར་ཅིག་བདེ་ཡང་འཆི་འཕོ་བའི་ཚེ་སྔོན་གྱི་ལས་དགེ་བ་ཟད། མི་དགེ་བའི་འབྲས་བུ་ངན་འགྲོར་སྐྱེ་བ་མངོན་ཤེས་ཀྱིས་ཤེས་པས། ཉ་བྱེ་ཚན་ལ་བསྒྲེས་པ་བས་ཆེ་བའི་སྡུག་བསྔལ་དྲག་པོ་ལྷའི་ཞག་བདུན་མྱོང་དགོས་པ་དང་། གཟུགས་དང་གཟུགས་མེད་ན་ཏིང་ངེ་འཛིན་གྱི་བདེ་བ་ལ་དར་ཅིག་སྤྱོད་ཀྱང་། ཡང་ལས་བཟང་པོ་ཟད། ངན་པའི་སྟོབས་ཀྱིས་སྲིད་པ་འོག་མར་ལྟུང་བའི་སྡུག་བསྔལ་འདུ་བྱེད་པས། ཕུང་པོ་ཉིང་མཚམས་སྦྱོར་བ་འགྱུར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་སྤྱོད་པའི་ཕྱིར། ད་རེས་ཁམས་གསུམ་རིགས་དྲུག་ནས་ཅིས་ཀྱང་ཐར་པ་ཞིག་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་བདུན་པའོ། །

དེ་ནས་ད་ལྟའི་ཚུལ་ལ་དཔག་པ་ནི། འདི་ལྟར་ད་རེས་རྟེན་དལ་འབྱོར་གྱི་མི་ལུས་ཐོབ་ཅིང་རང་དབང་རང་ལ་ཡོད་དུས་འདིར། ལུས་ལ་མེ་སྐར་ཕོག་པ་ཙམ་གྱིས་སྡུག་བསྔལ་ཡང་མི་བཟོད། ཅུང་ཟད་གྲང་བ་བཀྲེས་སྐོམ་ངལ་དུབ་ཀྱི་སྡུག་བསྔལ་ཕྲ་མོ་ཡང་མི་བཟོད་ན། ཤི་ནས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་དྲག་ལ་རྒྱུན་རིང་བ་བཟོད་པར་ཇི་ལྟར་ནུས། ད་ལྟ་ཉིན་རེའི་ནད་དང་སྡུག་བསྔལ་ཡང་མི་བཟོད་ན། འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་བརྒྱད་པའོ། །

དོན་བཞི་པ་ལ་རྒྱུ་འབྲས་བསམ་པ་ལ། མི་དགེ་བའི་ལས། དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམས་པ་གསུམ་ལས། དང་པོ་མི་དགེ་བའི་ལས་བཅུའི་ལུས་ཀྱི་ལས་གསུམ་ནི། སྲོག་(༡༥)བཅད་པས་གང་དུ་སྐྱེས་པ་དེར་ཚེ་ཐུང་ཞིང་ནད་མང་ལ། ཡུལ་ཡང་ཉམས་མི་དགའ་བའི་ངམ་གྲོག་དང་གཡང་ས་ལ་སོགས་པ་ཚེ་ལ་བར་དུ་གཅོད་པར་གནས་པ་དང་། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་ལ་སོགས་པའོ། །མ་བྱིན་པར་བླངས་པས་དབུལ་ཞིང་ཕོངས་ལ་སད་སེར་མུ་གེས་ཉེན་པའི་ཡུལ་ངན་པར་གནས་པ་དང་། ངན་སོང་གསུམ་ལས་ཁྱད་པར་ཡི་དྭགས་ཀྱི་ཡུལ་དུ་སྐྱེ་བ་ལ་སོགས་པའོ། །ལོག་པར་གཡེམ་པས་ཁྱིམ་ཐབ་མི་མཛེས་ལ་དགྲ་ཟླ་དང་བཅས་ཤིང་། ཚ་སྒོ་དང་ཡོངས་སུ་དྲི་ང་ལ་བཙོག་པའི་ཡུལ་དུ་གནས་པ་དང་། ངན་སོང་གི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར། བདག་གིས་དེང་ནས་ལུས་ཀྱི་མི་དགེ་བ་གསུམ་པོ་སྤང་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་སོ་དགུ་པའོ། །

དེ་ནས་ངག་གི་བཞི་ནི། རྫུན་གྱིས་སྐུར་པ་མང་ཞིང་རྟག་ཏུ་གཞན་གྱིས་བསླུ་བ་དང་། ཕྲ་མས་འཁོར་འདབ་མི་མཛའ་ཞིང་ཕན་བཏགས་པའང་དགྲར་སྡང་བ་དང་། ཚིག་རྩུབ་མོས་མི་སྙན་པ་འབའ་ཞིག་རྣ་བར་ཐོས་ཤིང་འཐབ་མོའི་ཚིག་ཏུ་འགྱུར་བ་དང་། ངག་འཁྱལ་པས་ཚིག་མི་བཙུན་ཞིང་འཆོལ་བ་སྟེ། ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་བརྒྱུད་ཅིང་སྡུག་བསྔལ་མྱོང་བར་ངེས་པས། བདག་གིས་སྤང་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བཞི་བཅུ་པའོ། །

དེ་ནས་ཡིད་ཀྱི་གསུམ་ནི་བརྣབ་སེམས་ཀྱིས་གང་བསམ་པ་མི་འགྲུབ་ཅིང་མ་བསམས་པ་ཐོག་ཏུ་འབབ་པ་དང་། གནོད་སེམས་ཀྱིས་རྟག་ཏུ་འཇིགས་ཤིང་འཚེ་དོགས་མང་ལ་ཉམ་ང་བ་དང་། ལོག་ལྟས་ལྟ་བ་ངན་པ་རྒྱུ་འབྲས་མེད་པ་དང་རྟག་ཆད་ཀྱི་ལུས་ངན་པ་ལ་གནས་ཏེ། ངན་འགྲོར་འཁོར་བའི་སྡུག་བསྔལ་གྱིས་གདུང་བའི་ཕྱིར། བདག་གིས་སྤང་བར་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་གཅིག་པའོ། །

དེ་ནས་དགེ་བའི་ལས་ལ། བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གྱི་ལས་གཉིས་ལས། དང་པོ་ལ། དགེ་བ་བཅུའི་ལུས་ཀྱི་ལས་གསུམ་ནི། སྲོག་གཅོད་པ་སྤངས་པས་ཚེ་རིང་ཞིང་ནད་མེད་པ་དང་། མ་བྱིན་པར་ལེན་པ་སྤངས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འདོད་ལོག་སྤངས་པས་མཐུན་པའི་ཁྱིམ་ཐབ་མཛེས་ཞིང་དགྲ་ཟླ་མེད་པ་སྟེ། བདེ་འགྲོ་ཡིད་དུ་འོང་བའི་བདེ་བ་ཐོབ་པའི་ཕྱིར། བདག་གིས་རྒྱུད་ལ་བརྟེན་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་གཉིས་པའོ། །

དེ་ནས་ངག་གི་བཞི་ནི། རྫུན་སྤངས་པས་ཀུན་གྱིས་བསྟོད་ཅིང་དགའ་བར་བྱེད་པ་དང་། ཕྲ་མ་སྤངས་པས་འཁོར་གཡོག་མཐུན་ཞིང་མཆོག་ཏུ་གུས་པ་དང་། ཚིག་རྩུབ་སྤངས་པས་རྣ་བར་སྙན་ཅིང་བསྟོད་པ་དང་། ངག་འཁྱལ་སྤངས་པས་ཚིག་བཟུང་བར་འོས་ཤིང་ཚད་མར་བྱེད་པ་སྟེ། ངག་གི་དགེ་བ་དང་བདེ་བ་ཐམས་ཅད་འགྲུབ་པས། བདག་གིས་བརྟེན་པར་(༡༦)བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་གསུམ་པའོ། །

དེ་ནས་ཡིད་ཀྱི་ལས་གསུམ་ནི། བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་དང་། གནོད་སེམས་སྤངས་པས་འཚེ་བ་མེད་པ་དང་། ལོག་ལྟ་སྤངས་པས་ལྟ་བ་བཟང་པོར་འགྱུར་ཞིང་། ཡིད་ཀྱི་དགེ་བ་དང་ལེགས་པས་མཐོ་རིས་ཀྱི་དགའ་བདེ་འགྲུབ་པའི་ཕྱིར། བདག་གིས་ཉམས་སུ་བླང་བར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་བཞི་པའོ། །

དེ་ནས་ཐར་པ་ཆ་མཐུན་གྱི་ལས་ནི། དགེ་བ་གང་བྱེད་ཀྱང་འཁོར་བ་ལས་ཐར་ནས་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་སྙམ་སྟེ། བསྡུ་ན། ཉན་ཐོས། རང་སངས་རྒྱས། རྫོགས་པའི་སངས་རྒྱས་ཀྱི་ཐར་པ་གསུམ་ལ་ལྟོས་ནས་གསུམ་དུ་ཡོད་ཀྱང་། ད་རེས་རྫོགས་པའི་སངས་རྒྱས་འདོད་པས་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཞི་ལྷག་གཉིས་དང་། ཚད་མེད་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐམས་ཅད་ལ། སྦྱོར་བ་སེམས་བསྐྱེད། དངོས་པོ་བདེན་ཞེན་གྱི་དམིགས་པ་མེད་པ། རྗེས་བསྔོ་བ་གསུམ་གྱིས་ཟིན་པར་བྱས་ལ་སྐད་ཅིག་ཀྱང་མ་དལ་བར་སྒྲུབ་དགོས། ཚོགས་མ་རྫོགས་ན་སངས་རྒྱས་མི་ཐོབ་པའི་ཕྱིར་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་ལྔ་པའོ། །

དེ་ནས་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམ་པ་ནི། འདི་ལྟར་འཁོར་བའི་བདེ་སྡུག་དང་མཐོ་དམན་ཐམས་ཅད་ཀྱང་རང་རང་གི་ལས་དགེ་སྡིག་གིས་བྱས་པ་ཡིན་ལ། བྱང་ཆུབ་གསུམ་དང་དེའི་བདེ་ལེགས་ཐ་དད་པའང་ཐར་པ་ཆ་མཐུན་གྱི་ལས་ཁྱད་པར་ཅན་སོ་སོས་བྱས་པའི་ཕྱིར། ལས་འདི་ནི་རི་མོ་མཁན་དང་འདྲ་བ། གཅིག་གིས་མང་པོའི་རྣམ་པར་བསྒྱུར་བ། རྗེས་སུ་འགྲོ་བས་ལུས་ཀྱི་གྲིབ་མ་དང་འདྲ་བ། རང་གིས་བྱས་པ་གཞན་ལ་མི་འཕོ། གཞན་གྱི་ལས་རང་ལ་མི་འཕོ་བས་ལུས་ཐ་དད་ཀྱི་བདེ་སྡུག་ལྟ་བུ། དགེ་སྡིག་གི་ཤུགས་དྲགས་པས་མཐོ་རིས་དང་ངན་འགྲོར་འཕེན་པ་རྒྱལ་པོ་དབང་པོ་ཆེ་ལྟ་བུ། རྒྱ་ནི་རྒྱ་ཆེ་བས་ནམ་མཁའི་དབྱིངས་ལྟ་བུ། རྣམ་པ་གྲངས་མང་བས་ཚོང་དུས་ཀྱི་ཟོང་ལྟ་བུ། ཕན་ཚུན་གཅིག་ཏུ་མི་འདྲེ་བས་ཟ་འོག་གི་བེར་ཁྱིམ་ལྟ་བུ། དཀར་ནག་ངོ་བོ་མི་འགྱུར་བས་ཨུཏྤལ་དང་ཀུ་མུ་ཏ་ལྟ་བུ་སྟེ། གང་ཅི་བསགས་པ་དེ་དང་མཐུན་པའི་འབྲས་བུ་རེ་འབྱིན་པར་བྱེད་པའི་ཕྱིར་བདག་གིས་ཐམས་ཅད་ལས་སུ་ཤེས་པར་བྱས་ལ་བླང་དོར་བརྩོན་པར་བྱ་དགོས་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་བླང་ངོ་། །ཁྲིད་རྐང་ཞེ་དྲུག་པའོ། །

དོན་ལྔ་པ་དགེ་བའི་བཤེས་གཉེན་བསྟེན་པར་གདམས་པ་ལས། རང་བཞིན་བསམ་པ་དང་རྣལ་འབྱོར་བསྒོམ་པ་གཉིས་ལས། དང་པོ་ལའང་ཁྱད་པར་བསམ་པ། མཚན་ཉིད་བརྟག་པ། ཡོན་ཏན་བསྔགས་པ་དང་གསུམ་ལས། དམ་པ་དང་དམ་པ་མ་ཡིན་པའི་ཁྱད་པར་བླང་དོར་དུ་བྱ་བ་ནི། ཡང་དག་པ་(༡༧)དགེ་བའི་བཤེས་གཉེན་བསྟེན་ན་དེའི་ཡོན་ཏན་དགེ་བ་དང་ལེགས་པ་ངང་གིས་འགོ་བ་ནི་ཙནྡན་གྱི་ཤིང་དྲུང་དུ་འཁོད་ནས་སྤོས་དྲི་ཞིབ་པོའི་ངད་འགོ་བ་ལྟ་བུའོ། །དེ་ཡང་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་བསྟེན་པར་བྱ་སྟེ། བདག་གི་དགེ་བ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་རོ། །མི་དགེ་བའི་བཤེས་གཉེན་ངན་པ་དང་སྡིག་པའི་གྲོགས་ལ་བརྟེན་ན་དེའི་སྐྱོན་ངང་གིས་འགོ་བ་ནི་མི་གཙང་བའི་ཁྲོད་དུ་ཀུ་ཤ་ཉ་རུལ་གྱིས་བསྒོས་པ་ལྟ་བུའོ། །དེའི་ཕྱིར་བདག་གིས་སྡིག་པའི་བཤེས་གཉེན་སྡིག་གྲོགས་དང་བཅས་པ་སྤང་དགོས་ཏེ། མི་དགེ་བའི་ཕྱོགས་དག་བསྲབས་ཤིང་སྤངས་ནས་མེད་པར་བྱ་དགོས་པའི་ཕྱིར་རོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་བདུན་པའོ། །

དེ་ནས་མཚན་ཉིད་བརྟག་པ་ལ་གཉིས་ལས། ཐུན་མོང་གི་མཚན་ཉིད་ནི། ནོར་བུའི་གླིང་དུ་འཁྲིད་པ་དེད་དཔོན་མཁས་པའི་རང་བཞིན་ཅན་ལ་རག་ལས་པ་ལྟར་བདག་གིས་ཐར་པའི་གླིང་དུ་ཕྱིན་ནས་སངས་རྒྱས་ཐོབ་པའང་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་པས། སྐུ་གསུང་ཐུགས་ཀྱི་སྤྱོད་པ་སྐྱོན་མེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ། ཐོས་པ་དང་སྙིང་རྗེ་ཆེ་བ། ཚད་མེད་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ། སྐྱོ་དུབ་དང་དཀའ་སྤྱད་བཟོད་པ་ཞིག་ལ་བརྟེན་པར་བྱ། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་མྱུར་དུ་འཕྲད་ཅིང་ཐུགས་རྗེས་འཛིན་པར་ཤོག་ཅིག །རྟག་ཏུ་མི་འབྲལ་བར་གྱུར་ཅིག་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་བརྒྱད་པའོ། །

དེ་ནས་ཐུན་མོང་མ་ཡིན་པའི་མཚན་ཉིད་ནི། ཚེ་འདིར་དངོས་མངའ་རིས་དང་དབང་ཕྱུག་ཕུན་སུམ་ཚོགས་པ་སྦྱིན་པ་འཁོར་ལོས་སྒྱུར་བ་ལ་སོགས་པ་རྒྱལ་པོ་བཟང་པོ་ལ་རག་ལས་པ་ལྟར། བདག་གིས་ཀྱང་ཚེ་གཅིག་གི་བླ་ན་མེད་པའི་འབྲས་བུ་དང་ཡོན་ཏན་ཐོབ་པ་བླ་མ་རྡོ་རྗེ་འཛིན་པ་མཁས་གྲུབ་དམ་པ་ལ་རག་ལས་པས། བླ་མ་དམ་པ་དབང་དང་དམ་ཚིག་ཕུན་སུམ་ཚོགས་པ། རྒྱུད་དང་མན་ངག་གི་གནས་ལ་མཁས་པ། བསྙེན་སྒྲུབ་ཟབ་མོའི་ནུས་པ་ཐོབ་པ། ལྟ་དགོངས་ཏིང་ངེ་འཛིན་གྱི་གདིང་ཚད་མངའ་བ། གཞན་དོན་འཕྲིན་ལས་ཕུན་སུམ་ཚོགས་པ་ཞིག་ལ་བརྟེན་པར་བྱ་དགོས། དེ་ལྟ་བུའི་བླ་མ་དམ་པ་རྣམས་དང་མ་མཇལ་བ་མཇལ་བར་ཤོག་ཅིག །མཇལ་ཟིན་རྣམས་དང་མི་འབྲལ་བར་ཤོག་ཅིག །རྟག་ཏུ་མཉེས་ཤིང་ཐུགས་རྗེས་འཛིན་པར་ཤོག་ཅིག་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ཞེ་དགུ་པའོ། །

དེ་ནས་ཡོན་ཏན་བསྔགས་པ་ལ་རིམ་པ་གསུམ་ལས། རིམ་པ་དང་པོ་ནི། འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་འབྱུང་བ་དཀའ་བ་ལྟར་སངས་རྒྱས་འབྱུང་དཀའ། དེའི་ཐུགས་རྗེ་ལས་སྤྲུལ་པ་དགེ་བའི་བཤེས་གཉེན་(༡༨)དམ་པའང་འབྱུང་དཀའ་སྟེ། ད་རེས་བདག་ཅག་གི་དཔལ་མགོན་བླ་མ་དམ་པ་འདིས་མཚོན་ནས་ཡང་དག་པ་དགེ་བའི་བཤེས་གཉེན་རྣམས་ལ་ཡོན་ཏན་ཚད་མེད་པའི་འོད་ཟེར་མངའ་བས་ནི། སྲིད་པའི་རྒྱ་མཚོ་སྒྲོལ་བའི་གྲུ་ཆེན་མཉེན་པ་ལྟ་བུ། ཐར་པའི་ལམ་སྣ་འདྲེན་པས་དེད་དཔོན་མཁས་པ་ལྟ་བུ། སྲིད་ཞིའི་རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་ལྟ་བུ། ཉོན་མོངས་མེ་དཔུང་འཇིལ་བས་བདུད་རྩིའི་ཆུ་རྒྱུད་ལྟ་བུ། ཆོས་ཀྱི་ཆར་ཆེན་འབེབས་པས་ཆར་སྤྲིན་བཟང་པོ་ལྟ་བུ། འགྲོ་ཀུན་དགའ་བ་བསྐྱེད་པས་ལྷའི་རྔ་སྒྲ་ལྟ་བུ། དུག་གསུམ་ནད་ཀུན་སེལ་བས་སྨན་པའི་རྒྱལ་པོ་ལྟ་བུ། མ་རིག་མུན་པ་སེལ་བས་ཉི་ཟླ་སྒྲོན་མེ་ལྟ་བུ། འདོད་དགུའི་རེ་བ་འབྱུང་བས་དཔག་བསམ་ཤིང་ཆེན་ལྟ་བུ། འཕྲིན་ལས་འོད་སྟོང་མངའ་བས་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཡོན་ཏན་མངའ་བ་སྟེ་ངོ་མཚར་རོ། །དེང་སང་བདག་ལྟ་བུས་མཇལ་ཞིང་རྟེན་དུ་ཡོད་པ་ལ་སྤྲོ་དགའ་མཆོག་ཏུ་སྐྱེ་ནས། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་ཡང་དག་པ་དགེ་བའི་བཤེས་གཉེན་ལ་བརྟེན་ཞིང་ཐུགས་རྗེས་འཛིན་པར་གྱུར་ཅིག །བདག་ཀྱང་ནམ་ཞིག་ན་དེ་ཁོ་ན་འདྲ་བར་ཐོབ་པར་ཤོག་ཅིག་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ལྔ་བཅུ་པའོ། །

དེ་ནས་རིམ་པ་གཉིས་པ་ནི། འདིར་ལྟར་བླ་མ་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་དགོངས་པ་ནམ་མཁའ་ལྟར་རྒྱ་ཆེ། ཏིང་འཛིན་ཉི་ཟླ་ལྟར་འོད་གསལ། མཁྱེན་རབ་རྒྱ་མཚོ་ལྟར་ཚད་མེད། ཐུགས་རྗེ་ཆུ་ཀླུང་ལྟར་ཤུགས་དྲག །རང་བཞིན་རི་རྒྱལ་ལྟར་ཐུགས་བརྟན། སྐྱོན་བྲལ་པདྨ་ལྟར་རྣམ་དག་འགྲོ་ལ་ཕ་མ་ལྟར་ཐུགས་སྙོམས། ཡོན་ཏན་གཏེར་མཛོད་ལྟར་ལྷུན་གྲུབ། འཇིག་རྟེན་རྒྱལ་བ་ལྟར་ཡོངས་སུ་འདྲེན་པའི་རང་བཞིན་དམ་པ་སྟེ། ཡོན་ཏན་རེ་རེའི་ཆ་ཡང་དཔག་གིས་མི་ལངས་པས་ངོ་མཚར། རྟག་ཏུ་དགྱེས་ཤིང་ཐུགས་རྗེས་འཛིན་པར་ཤོག་ཅིག་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་ང་གཅིག་པའོ། །

དེ་ནས་རིམ་པ་གསུམ་པ་ནི། འདི་ལྟར་དཔལ་མགོན་བླ་མ་དམ་པ་རྣམས་ནི་མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཙམ་གྱིས་ཐར་པའི་ས་བོན་འདེབས་ཤིང་འཁོར་བ་ཕྱིར་བསྙིལ་བས་སངས་རྒྱས་ཀུན་དང་འཕྲིན་ལས་ཀྱི་བྱེད་པ་གཅིག་པ་དང་། ཐར་པའི་ལམ་དུ་འདྲེན་པས་སྐལ་བ་མཆོག་ཏུ་གྱུར་པ་དང་། དཀྱིལ་འཁོར་གང་དུ་ཧེ་རུ་ཀའི་ངོ་བོར་དབང་རྫོགས་ཐམས་ཅད་ཀྱི་བྱ་བ་བྱེད་པས་དཀོན་མཆོག་བཞི་པར་བྱོན་པ་དང་། གདུལ་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་མཆོག་ཏུ་ཆེ་བའི་ཡོན་ཏན་མངའ་བ་སྟེ། ཚེ་འདིར་སྨིན་གྲོལ་ཟབ་མོའི་ལམ་ལ་འགོད་པའི་ངང་ཅན་རྣམས་ལ་ཚེ་རབས་ཐམས་ཅད་དུ་བསྟེན་ཅིང་མཉེས་ནས་ཐུགས་རྗེས་བྱིན་གྱིས་རློབས་པར་ཤོག་ཅིག་སྙམ་དུ་སྦྱོར་དངོས་(༡༩)རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ང་གཉིས་པའོ། །

དེ་ནས་རྣལ་འབྱོར་བསྒོམ་པ་ལ་གསུམ་ལས། རྒྱུན་གྱི་རྣལ་འབྱོར་ནི། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་ནས། སྟོང་པའི་ངང་ལས། ཉིན་མོ་སྤྱི་གཙུག་མཚན་མོ་སྙིང་ནང་དུ་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ལ། ཡི་དམ་མཁའ་འགྲོ་དང་བཅས་པས་སྐོར་བར་བསམས་ལ། རྩ་བ་དང་བརྒྱུད་པའི་བླ་མ་མཁའ་འགྲོ་དང་བཅས་པ་སྤྱན་དྲངས་ལ་ཐིམ་པ་ལ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། གསོལ་བ་གདབ་པ་རྣམས་བྱ་སྟེ། ན་མོ་བླ་མ་ཡི་དམ་དང་། །མཁའ་འགྲོའི་ཚོགས་ལ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །རྩ་བ་ཡན་ལག་ཉམས་ཆག་བཤགས། །སྨིན་གྲོལ་དབང་དང་བྱིན་རླབས་སྩོལ། །ཚེ་རབས་འདྲེན་སྟོན་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་པས། སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་བབ། ལུས་ཀྱི་ནང་ཁེངས། ནད་གདོན་སྡིག་སྒྲིབ་དག །བདེ་ཆེན་ཆོས་ཉིད་ཀྱི་རྟོགས་པ་སྐྱེས་པར་བསམས་ལ་དར་ཅིག་མཉམ་པར་བཞག་ནས། བླ་མ་གང་ཡིན་གྱི་མཚན་དེ་ཤེས་པ་རྒྱ་སྐད་དུ་བསྒྱུར་ལ་ༀ་ཨཱཿཧཱུྃ་གི་སྒྲོམ་ནས་བཟླས་སོ། །ༀ་གུ་རུ་ཀུ་མཱ་རཱ་ཙ་སིདྡྷི་ཨཱཿཧཱུྃ་ཞེས་པ་ལྟ་བུའོ། །དེ་ནས་བླ་མ་ཡི་དམ་མཁའ་འགྲོའི་སྐུ་ལས་འོད་དང་བདུད་རྩིའི་རྒྱུན་བབས་པས་ལུས་ཀྱི་སྒྲིབ་པ་སྦྱངས། བུམ་པའི་དབང་ཐོབ། སྐུ་རྡོ་རྗེར་བྱིན་གྱིས་བརླབས། གསུང་ལས་ངག་གི་དྲི་མ་སྦྱངས། གསང་བའི་དབང་ཐོབ། གསུང་རྡོ་རྗེར་བྱིན་གྱིས་བརླབས། ཐུགས་ཀ་ནས་འོད་དང་བདུད་རྩིས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེར་བྱིན་གྱིས་བརླབས། ཐམས་ཅད་ལས་འོད་དང་བདུད་རྩིས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས། ཚིག་དབང་རིན་པོ་ཆེ་ཐོབ། ཡེ་ཤེས་རྡོ་རྗེར་བྱིན་གྱིས་བརླབས། བདག་གི་ལུས་ངག་ཡིད་གསུམ་བླ་མའི་སྐུ་གསུང་ཐུགས་ལ་ཐིམ། དེ་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་ཐིམ་པས། གང་ཡང་ཡིད་ལ་མི་བྱེད་པའི་ངང་ལ་བཞག་ནས་བསྔོ་བ་བྱའོ། །ཁྲིད་རྐང་ང་གསུམ་པའོ། །

དེ་ནས་ལས་ཚོགས་ཀྱི་རིམ་པ་ནི། ཞི་བ་ལ་དེ་ཐམས་ཅད་དཀར་པོར་བསམས་པའི་འོད་ཟེར་དཀར་པོས་ནད་གདོན་སྡིག་སྒྲིབ་ཞི་བར་བསམས་ལ། སྔགས་ཀྱི་ཤམ་བུར་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས། རྒྱས་པ་ལ་ཐམས་ཅད་སེར་པོར་བསམས་པའི་འོད་ཟེར་གྱིས་ཚེ་དང་བསོད་ནམས་དང་འབྱོར་པ་རྒྱས་པར་བསམས་ལ། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས། དབང་ལ་ཐམས་ཅད་དམར་པོར་འཕྲོ་བས་བསྒྲུབ་བྱ་དབང་དུ་བྱས་པར་བསམས་ལ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས། དྲག་པོ་ལ་ཐམས་ཅད་མཐིང་ནག་མེའི་འོད་ཟེར་དང་ཚ་ཚ་འཕྲོ་བས་གདོན་བགེགས་ཚར་བཅད་པར་བསམས་ལ། གདོན་བགེགས་མཱ་ར་ཡ་ཕཊ། ཅེས་བཟླས། (༢༠)དམིགས་པ་གཞན་རྣམས་སྔར་དང་འདྲའོ། །ཁྲིད་རྐང་ང་བཞི་པའོ། །

དེ་ནས་ནད་གདོན་འཆི་བསླུའི་ཚེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་པད་སྡོང་སེང་གེ་རིན་པོ་ཆེའི་ཁྲི་རྐང་གིས་བཏེག་པའི་སྟེང་དུ་ཉི་ཟླ་དར་འབོལ་བརྩེགས་པའི་སྟེང་དུ་རྩ་བའི་བླ་མ་ལ། བརྒྱུད་པའི་བླ་མ་སངས་རྒྱས་དང་དབྱེར་མེད་དུ་བསམས་པའི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་དང་། འོག་ཏུ་རིགས་དྲུག་གནོད་བྱེད་དང་བཅས་པ་བསམས་ལ། དེ་ནས་རང་གི་སྙིང་ནང་ནས་རྣམ་ཤེས་ཧཱུྃ་གི་རྣམ་པ་ཚངས་བུག་ནས་ཐོན་པས་དཔའ་བོ་རིགས་ལྔའི་མཁའ་འགྲོ་ཆུ་གྲི་ཐོགས་པར་གྱུར་པ་དེས། རང་གི་ཐོད་པ་སྨིན་མཚམས་ཀྱི་མཛོད་པུར་བཅད་ནས། ཐོད་པའི་སྒྱེད་པོ་རི་རབ་ཙམ་པ་གསུམ་གྱི་སྟེང་དུ་བཞག་པའི་ནང་དུ་ལུས་ཀྱི་ཤ་ཁྲག་བླུགས་ཏེ། འོག་ནས་མེ་འབར་བས་ཁོལ་བ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བྱུང་བས་ཁེངས་ཏེ། ཅི་འདོད་པའི་བཟའ་བཏུང་དང་བདུད་རྩི་བཟང་པོར་གྱུར་པ་དེ། དཔའ་བོ་ཐོད་པ་ཐོགས་པ་གྲངས་མེད་པ་ལག་བདེའི་ཚུལ་དུ་སྤྲུལ་པས་མགྲོན་རྣམས་སོ་སོ་སྤྱན་སྔར་དུས་མཉམ་དུ་དྲངས་པས། འཇིག་རྟེན་ལས་འདས་པའི་མགྲོན་རྣམས་མཉེས་ཏེ་ཚོགས་གཉིས་རྫོགས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། འཁོར་བའི་མགྲོན་རྣམས་མཉེས་ཏེ་ཐོག་མ་མེད་པའི་ལན་ཆགས་ཁྱེར་ཞིང་བུ་ལོན་སྦྱངས། ཁྱད་པར་དུ་གནོད་བྱེད་ཀྱི་བགེགས་རིགས་མཉེས་པས་གདུག་སེམས་དང་བར་ཆད་ཞི། ཐམས་ཅད་མཉེས་པའི་འོད་ཟེར་རང་ལ་ཕོག་པས་ནད་ཞི་གདོན་ཞི་འཆི་བ་བསླུས་ཤིང་དངོས་གྲུབ་ཐོབ་པར་བསམས་ནས། དེ་ཐམས་ཅད་ནམ་མཁའ་ལ་སྤྲིན་དངས་པ་ལྟར་ཅི་ཡང་མི་དམིགས་པའི་ངང་ལ་བསྔོ་བ་བྱའོ། །འདིས་ནི་ཚོགས་གཉིས་རྫོགས་པ་དང་། འཆི་བ་སླུས་པ་དང་། གནད་གཅོད་མེད་པ་དང་། བར་དོའི་འོད་གསལ་ཟིན་པར་བྱེད་པའོ། །ཁྲིད་རྐང་ང་ལྔ་པའོ། །

དོན་དྲུག་པ་སྐྱབས་སུ་འགྲོ་བ་ལ། ཁྱད་པར་དབྱེ་བ། ཕན་ཡོན་བསམ་པ། སྐྱབས་སུ་འགྲོ་ཚུལ་དང་གསུམ་ལས། དང་པོ་ནི། འདི་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་བདེ་འགྲོ་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལས་གཞན་མེད་པའི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་ལས་སྐྲག་ནས་རང་ཉིད་གཅིག་པུ་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་པོ་ཞེས་བྱ་སྟེ། འཁོར་བ་ལས་རང་ཉིད་ཙམ་ཐར་པའི་འབྲས་བུ་ལ་དམིགས་པའི་ཕྱིར་རོ། །མཐའ་མེད་པར་འཁོར་བའི་སེམས་ཅན་གཞན་རྣམས་ཀྱིས་སྡུག་བསྔལ་མཐོང་ནས། དེ་རྣམས་འཁོར་བ་ལས་བསྒྲལ་བའི་ཕྱིར་དཀོན་མཆོག་(༢༡)གསུམ་ལ་སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འདོད་པ་ལ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་བདག་གིས་སྐྱེས་བུ་ཆུང་ངུ་དང་། འབྲིང་གི་ཆ་ལས་ལོག་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱེས་བུ་ཆེན་པོའི་རྗེས་སུ་བསླབ་པར་བྱའོ་སྙམ་པ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ང་དྲུག་པའོ། །

དེ་ནས་ཕན་ཡོན་བསམ་པ་ནི། འདི་ལྟར་རང་ཉིད་འཁོར་བ་ན་འཁོར་བ། འཇིག་རྟེན་པའི་ལྷ་ལ་ཡང་སྐྱབས་སུ་འགྲོ་ན། འཇིག་མེད་ཐར་པའི་མཆོག་ལ་གནས་པ་དཀོན་མཆོག་གསུམ་ལ་ཅིའི་ཕྱིར་སྐྱབས་སུ་མི་འགྲོ། བརྟན་པར་དཀའ་ཞིང་གནོད་པ་སྦྱིན་པའི་རང་བཞིན་རྒྱལ་པོ་ལ་སོགས་པ་ཡང་མགོན་དང་སྐྱབས་སུ་མི་འགྲོ། གང་གི་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པའི་ས་བོན་འདེབས་པ་དང་། མི་དགེའི་ཚོགས་ལས་རིང་དུ་བྱེད་ཅིང་དགེ་བ་གོང་དུ་འཕེལ་བ་དང་། སྡོམ་པ་ཀུན་གྱི་རྟེན་དུ་རུང་ཞིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། འདིར་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསྲུང་ཞིང་སྨོན་པའི་རེ་བ་ཡིད་བཞིན་དུ་འགྲུབ་པ་དང་། རྟག་དུ་ཚེ་རབས་དྲན་ཞིང་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བ་དང་། འདི་ཕྱིར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སོགས་པ་དཔག་ཏུ་མེད་པ་ལ་བསམས་ཏེ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ང་བདུན་པའོ། །

དེ་ནས་སྐྱབས་སུ་འགྲོ་ཚུལ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། མདུན་གྱི་ནམ་མཁའི་དཀྱིལ་འཁོར་དུ་གདན་སེང་གེ་དང་པདྨ་ཉི་ཟླ་རིན་པོ་ཆེའི་སྟེང་དུ་བླ་མ་དང་སངས་རྒྱས་དབྱེར་མེད་དུ་བཞུགས་པ་ལ། བྱང་ཆུབ་སེམས་དཔའི་ཚོགས་དང་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བས་ནམ་མཁའ་ཁྱབ་པར་བསམས་ལ། བདག་དང་སེམས་ཅན་ཐམས་ཅད་ས་གཞིའི་ངོས་ནས་ཐལ་མོ་སྦྱར་ཏེ། དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་ཁྱེད་ལ་འབུལ། ཁྱེད་ལ་བརྟེན། ཁྱེད་མ་གཏོགས་པ་རེ་བའི་གནས་དང་སྐྱབས་གཞན་མེད་ཅེས་བསམ་ཞིང་གདངས་སྙན་པོས། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆོའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཅི་འགྲུབ་ཏུ་བརྗོད་པའི་རྗེས་སུ། བདག་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་ཐིམ། དེ་ཡང་དབུས་ཀྱི་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་སྟོང་པའི་ངང་དུ་ཐིམ་པས། གང་ལའང་དམིགས་སུ་མེད་པའི་ངང་ལ་གློད་ནས་ཇི་ཙམ་བློ་གནས་ཀྱི་བར་དུ་བསྒོམ། དེ་ནས་བསྔོ་བ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་གཞི་མ་སྟེ་གལ་པོ་ཆེ་ཡིན་པས་ནན་ཏན་དུ་བྱའོ། །ཁྲིད་རྐང་ང་བརྒྱད་པའོ། །

དོན་བདུན་པ་ཚད་མེད་བཞིའི་བསྒོམ་ཚུལ་ལ་གསུམ་སྟེ། ཕན་ཡོན་ལ་བསམ་སྟེ་བསྒོམ་པ་ལ་སྤྲོ་དགའ་བསྐྱེད་ལ། བསྒོམ་ཚུལ་དངོས། རྩལ་སྦྱང་བའོ། །

དང་པོ་ནི། འདི་ལྟར་ཚད་(༢༢)མེད་བཞི་མ་བསྒོམས་ན་སངས་རྒྱས་སུ་མི་འགྲུབ་ཅིང་། བསྒོམས་ན་འགྲུབ་པས་ཀྱང་བསྒོམས་དགོས་ལ། བྱམས་པས་ནི་གནས་སྐབས་ཀུན་གྱི་ཡིད་དུ་འོང་ཞིང་མཐར་ཐུག་ལོངས་སྐུ་འགྲུབ་པ་དང་། སྙིང་རྗེས་འཚེ་བ་མེད་ཅིང་ཆོས་སྐུ་འགྲུབ་པ་དང་། དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་སྐུ་འགྲུབ་པ་དང་། བཏང་སྙོམས་ཀྱིས་སེམས་ལས་སུ་རུང་ཞིང་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པ་དང་། གཞན་ཡང་འདོད་པར་ལྷ་མིའི་ལུས་གྲུབ་པས་ཕན་བདེ་བྱེད་ལ། གཟུགས་ཀྱི་ཏིང་ངེ་འཛིན་དང་སྐྱེ་གནས་དག་པའི་ཡོན་ཏན་མངོན་དུ་བྱེད་པའི་ཕྱིར། བདག་གིས་ཕན་ཡོན་ལ་བསམས་ཏེ་སྒྲུབ་པ་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་ང་དགུ་པའོ། །

དེ་ནས་བསྒོམ་ཚུལ་དངོས་ལ་བཞི་ལས། དང་པོ་བཏང་སྙོམས་བསྒོམ་པ་ལའང་དམིགས་པ་དང་། རྣམ་པ་གཉིས་ལས། དམིགས་ཡུལ་ཡོངས་སུ་བརྟགས་ནས་ཤེས་པར་བྱ་བ་ནི། ད་ལྟར་ཕ་མ་དང་གཉེན་འདུན་ལ་སོགས་པ་རང་གི་ཕྱོགས་ལ་ཆགས་ཤིང་། དགྲ་དང་དེའི་ཕྱོགས་ལ་སྡང་བའི་སེམས་འདི་མི་རིགས་ཏེ། ཚེ་རབས་སྔ་མར་དགྲ་འདིས་ཀྱང་གཉེན་བྱས་ལ། གཉེན་གྱིས་ཀྱང་། དགྲ་བྱས་པའི་ཕྱིར་མ་ངེས་པ་དང་། ད་ལྟའང་རྟག་ཏུ་དགྲས་ཀྱང་གནོད་པར་མི་ནུས་ཤིང་བསྟུན་ན་གཉེན་ཞིང་ཕན་པའང་སྲིད་ལ། གཉེན་གྱིས་ཀྱང་ཚིག་མི་སྙན་པར་སྨྲ་བ་དང་། འཐབ་པ་དང་། ནོར་རྫས་འགོད་པ་དང་། དེ་ལ་མི་འདོད་པ་བྱུང་ན་རང་གི་སེམས་ལ་ཟུག་རྔུ་བསྐྱེད་པའི་ཕྱིར་དགྲ་བཞིན་དོན་ལ་གནས་པ་དང་། མ་འོངས་པ་ནའང་གཉེན་དགྲར་འགྱུར་བ་དང་། དགྲ་གཉེན་དུ་འགྱུར་བ་དང་། ངེས་པ་མེད་པའི་ཕྱིར། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་བའི་སེམས་ཀྱིས་ཉེ་རིང་སྤངས་ལ་དགྲ་གཉེན་ངོ་མཉམ་གྱི་དོན་ལ་བརྟག་ཅིང་། སེམས་ཅན་ཐམས་ཅད་ལ་དེ་ལྟར་བལྟ་བ་ནི་ཡུལ་ལ་དམིགས་པའོ། །བློའི་རྣམ་པ་ནི་དེ་ལྟར་སེམས་ཅན་གཅིག་ནས་གཉིས་དང་གསུམ་དང་གྲོང་གཅིག་དང་། ཡུལ་ཁམས་གཅིག་དང་གླིང་གཅིག་ནས་ནམ་མཁའ་མཐའི་བར་ལ། ཉེ་རིང་ཆགས་སྡང་དང་དམིགས་པ་མེད་པའི་བཏང་སྙོམས་ཆེན་པོ་སྦྱོར་དངོས་རྗེས་གསུམ་པས་བསྒོམ་པར་བྱའོ། །ཁྲིད་རྐང་དྲུག་ཅུ་པའོ། །

དེ་ནས་བྱམས་པ་བསྒོམ་པའང་གཉིས་ལས། དམིགས་ཡུལ་ནི་སེམས་ཅན་ཐམས་ཅད་དེ། རང་ཕྱོགས་ལ་བདེ་བ་དང་མི་ལྡན་པ་ཀུན་བདེ་བ་དང་འཕྲད་པར་སྨོན་པ་བཞིན། སེམས་ཅན་ཐམས་ཅད་བདེ་བ་དང་མི་ལྡན་པ་ཇི་སྙེད་དོ། །ཀུན་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་དུ་བྱམས་པས་བདག་གིར་བྱ་བའི་ཡུལ་དུ་མཐོང་ནས། བློའི་རྣམ་པ་ནི་རང་གི་ཕ་མ་ལྟ་བུས་མཚོན་ནས་སྙིང་ཉེ་བ་དང་འཕྲད་པར་འདོད་པ་དང་། དེ་ནས་གཅིག་ནས་ཀུན་གྱི་བར་དེ་ལྟར་བསྒོམས་པའི་རྗེས་ལ། གང་དུའང་དམིགས་པ་མེད་པའི་ངང་ལ་མཉམ་པར་གཞག་པ་ནི་སྦྱོར་དངོས་རྗེས་གསུམ་ཚང་(༢༣)བས་ཉམས་སུ་བླང་ངོ་། །ཁྲིད་རྐང་དྲུག་ཅུ་རྩ་གཅིག་པའོ། །

དེ་ནས་སྙིང་རྗེ་བསྒོམ་པ་ལའང་། དམིགས་ཡུལ་སྡུག་བསྔལ་དྲག་པོས་གདུངས་པ་བློས་མི་བཟོད་པ་ཞིག་བསམས་ལ། བློའི་རྣམ་པ་སྡུག་བསྔལ་འདི་དང་བྲལ་བར་ཤོག་ཅིག་སྙམ་པའི་སྙིང་རྗེ་དུང་དུང་བ་སེམས་ཅན་གཅིག་ནས་ཀུན་གྱི་བར་ལ་བསྒོམས་པའི་རྗེས་གང་ཡང་མི་དམིགས་པའི་ངང་ནས་དར་ཅིག་མཉམ་པར་གཞག་པ་སྟེ་སྦྱོར་དངོས་རྗེས་གསུམ་དུ་བྱའོ། །ཁྲིད་རྐང་དྲུག་ཅུ་རྩ་གཉིས་པའོ། །

དེ་ནས་དགའ་བ་ནི། མཐོ་རིས་ཀྱི་ཡུལ་ན་སུ་གང་ཞིག་བདེ་ཞིང་སྐྱིད་པ་ཆེ་ཆུང་ཅི་ཡོད་པ་ནས། བདེ་བ་དང་ལྡན་པའི་ཆ་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། བློའི་རྣམ་པ་བདེ་བ་འདི་དང་རྟག་ཏུ་མི་འབྲལ་ཞིང་འདི་བས་ཀྱང་སྐྱིད་ཅིང་བདེ་བ་ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་འབྱོར་པ། འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་པས་སངས་རྒྱས་མ་ཐོབ་ཀྱི་བར་དུ་འབྱོར་པར་ཤོག་ཅིག་སྙམ་དུ་སེམས་ཅན་གཅིག་ནས་ཀུན་གྱི་བར་ལ་སྦྱར་ཞིང་། ཁྱད་པར་དུ་རང་ལ་གནོད་པའི་དགྲ་དང་སེམས་ལ་ཕྲག་དོག་གི་གནས་སུ་གྱུར་པ་རྣམས་ལ་ཡང་དང་ཡང་དུ་སྦྱང་བའི་མཐར་སྟོང་ཉིད་ཀྱི་ངང་ལ་བཞག་པ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་དྲུག་ཅུ་རྩ་གསུམ་པའོ། །

དེ་ནས་རྩལ་སྦྱང་བ་ནི། གོ་རིམ་ངེས་པ་ཅན། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་བཞི་པོ་རིམ་པས་བསྒོམ་ཞིང་། ཡང་བཟློག་ནས་བསྒོམ་པ་བཏང་སྙོམས་ནས་བྱམས་པའི་བར་དང་། སྤེལ་མ་བྱམས་པ་དགའ་བ། སྙིང་རྗེ་དང་བཏང་སྙོམས་བསྒོམ་ཞིང་། སྐད་ཅིག་སྐད་ཅིག་ལ་གོམས་པར་སྦྱོང་བའོ། །དེ་དག་སྦྱོར་བ་སེམས་བསྐྱེད་དངོས་གཞི་དེ་ཉིད་ལ་བརྩོན་བཞིན་དུ་ཞེན་པ་མེད་པ། རྗེས་བསྔོ་བ་གསུམ་གྱིས་ཟིན་པར་ཉམས་སུ་བླང་ངོ་། །ཁྲིད་རྐང་དྲུག་ཅུ་རྩ་བཞི་པའོ། །

དོན་བརྒྱད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསླབ་བྱ་དང་བཅས་པ་ལ་ཕན་ཡོན་བསམ་པ། བསྐྱེད་ཚུལ་དངོས་བསླབ་བྱ་བསམ་པ་དང་གསུམ་ལས། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་རྣམས་ཀྱི་ནང་ནས་བྱང་ཆུབ་སེམས་བསྐྱེད་པ་ཁོ་ན་མཆོག་ཏུ་འཕགས་པ་ཡིན་ལ། སེམས་མ་བསྐྱེད་ན་སངས་རྒྱས་སུ་མི་འགྲུབ་ལ། བསྐྱེད་ན་འགྲུབ་པའི་ཕྱིར་དང་། འཁོར་བའི་སྡུག་བསྔལ་ལས་སྐྱོབ་པ་དང་། ཉོན་མོངས་པའི་གདུང་བ་སེལ་བ་དང་། ཉན་རང་གི་ཐེག་པ་ལས་འཕགས་པ་དང་། དགེ་རྩ་མི་ཟད་ཅིང་འཕེལ་བ་དང་། བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་། སངས་རྒྱས་ཀྱི་གདུང་འཚོབ་པ་དང་། བདེ་སྐྱིད་ཀྱི་གཞི་ཐེངས་པ་དང་། འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བ་དང་། ཅི་བསམས་ཐམས་ཅད་འགྲུབ་པ་དང་། གཞན་དོན་རླབས་པོ་ཆེ་འགྲུབ་པ་དང་། མྱུར་དུ་བྱང་ཆུབ་ཐོབ་(༢༤)པ་ལ་སོགས་པ་སྟེ། བདག་གིས་དེ་རིང་ཉིད་དུ་སེམས་བསྐྱེད་པར་བྱའོ་སྙམ་དུ་སྦྱོར་དངོས་རྗེས་གསུམ་ཚང་བས་འབད་དོ། །ཁྲིད་རྐང་དྲུག་ཅུ་རྩ་ལྔ་པའོ། །

དེ་ནས་སེམས་བསྐྱེད་ཚུལ་དངོས་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་སྔོན་དུ་འགྲོ་བ་ལ་བདུན་གྱིས་ཕྱག་འཚལ་བའི་ཡན་ལག་ནི། དཀོན་མཆོག་རྟེན་གྱི་དྲུང་དུ་མཆོད་པ་བཤམས། སྟེང་གི་ནམ་མཁར་བླ་མ་དང་དཀོན་མཆོག་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་སྤྲིན་ཕུང་འཐིབས་པ་ཙམ་བསམས་ལ། རང་གི་ལུས་བརྒྱ་སྟོང་བྱེ་བ་གྲངས་མེད་པ་གཞི་ཁྱབ་པ་ཙམ་དང་། ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ཕྱག་འཚལ་བར་དམིགས་ཏེ། བསྟོད་དབྱངས་དང་བཅས་པས་རྟོགས་པ་བརྗོད་པའི་མདོ་སྡེ་དབང་པོའི་རྒྱལ་པོ་དང་། བྱང་ཆུབ་ལྟུང་བཤགས་དང་། དེ་བཞིན་གཤེགས་པའི་མཚན་མང་དང་། སངས་རྒྱས་སྟོང་རྩ་དང་། ཞི་ཁྲོ་སྐོང་གི་ཕྱག་ལ་སོགས་པ། ལུས་བསྲང་། ཐལ་མོ་སྙིང་ག་མགྲིན་པ་སྤྱི་བོ་གསུམ་གང་རུང་དུ་སྦྱོར་ལ། པུས་མོ་ས་ལ་ཕབ་སྟེ་ཡན་ལག་སྨད་ལྔ་བཏུད་པའི་ཕྱག་བརྒྱ་སྟོང་མང་པོ་སྦྱོར་དངོས་རྗེས་གསུམ་ཚང་བས་བཙལ་ལོ། །ཁྲིད་རྐང་དྲུག་ཅུ་རྩ་དྲུག་པའོ། །

དེ་ནས་མཆོད་པ་འབུལ་བའི་ཡན་ལག་ནི། དཀོན་མཆོག་གི་དྲུང་དུ་ཅི་འབྱོར་པའི་མཆོད་པ་དང་ཁྱད་པར་མར་མེའི་ཕྲེང་བ་དང་བདུག་སྤོས་ཀྱི་དྲི་བཤམས་ལ། ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་དང་མིའི་མཆོད་རྫས་སྤོས་མེ་ཏོག་མར་མེ་ལ་སོགས་པ་དང་། གཞལ་ཡས་ཁང་དང་དག་པ་ལ་སོགས་པ་ཡུལ་འཁོར་ཀུན་ནས་དགའ་བ་སྣ་ཚོགས་དང་། རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད་ལ་སོགས་པ་དང་། ལྷ་དང་ལྷ་མོའི་ཁྱད་པར་མང་པོ་གླུ་གར་དང་རོལ་མོའི་སྤྲིན་ཕུང་འཕྲོ་བས་ཞིང་ཁམས་འདི་དང་གཞན་གྱི་དཀོན་མཆོག་ཐམས་ཅད་མཆོད་པར་བསམས་ལ། འཕགས་པ་བཟང་པོ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་པ་ནས་བྱུང་བའི་མཆོད་འབུལ་རྣམས་དང་། འདིའི་སྐབས་ནས་བཤད་པའི། དངོས་སུ་འབྱོར་དང་ལ་སོགས་པས་མཆོད་ནས། མཆོད་བྱ་མཆོད་བྱེད་མཆོད་རྫས་ཐམས་ཅད་དམིགས་པ་མེད་པར་ཤེས་པས་སྦྱོར་དངོས་རྗེས་གསུམ་ཚང་བས་མཆོད་དོ། །ཁྲིད་རྐང་དྲུག་ཅུ་རྩ་བདུན་པའོ། །

དེ་ནས་སྡིག་པ་བཤགས་པའི་ཡན་ལག་ནི། རྟེན་གྱི་དྲུང་དུ་ཐལ་མོ་སྦྱར་ཏེ་གནོང་ཞིང་འགྱོད་པས། དྲན་པ་དང་མི་དྲན་པའི་སྡིག་པ་ཚེ་ཐོག་མ་མེད་པ་ནས། དེ་རིང་ཡན་ཆད་བསགས་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས། ཕ་མ་དང་མཁན་པོ་སློབ་དཔོན་དང་མཆེད་གྲོགས་དང་། སྐྱེ་བོ་གཞན་དག་ལ་མ་གུས་པ་བྱས་པ། སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། དཀོན་མཆོག་གི་དཀོར་ལ་འབགས་པ། སེར་སྣ་དང་འཇུར་གེགས་བྱས་པ་ལ་སོགས་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ཕུངས་(༢༥)ཀྱིས་འདུས་པར་བསམས་ནས་བཤགས་པས། སྐད་ཅིག་དེ་ལ་རྟེན་གྱི་སྐུ་གསུང་ཐུགས་ལས་འོད་བྱུང་བས་ཕོག་ནས་སངས་ཀྱིས་དག་པར་བསམས་ལ། ཕྱིས་མི་བྱེད་པར་གཉེན་པོས་བསྡམ་ཞིང་། སྡིག་པ་བཤགས་པའི་ཚིག་བྱང་ཆུབ་ལྟུང་བཤགས་ལ་སོགས་པ་མདོ་རྒྱུད་ནས་བྱུང་བ་ཀུན་བརྗོད་པའི་མཐར། གང་ལ་བཤགས་པའི་རྟེན། གང་བཤགས་པའི་སྡིག་པ། གང་གིས་བཤགས་པའི་སྡིག་པ་རྣམས་མི་དམིགས་པའི་ངང་ལ་བཞག་པ་སྟེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་དྲུག་ཅུ་རྩ་བརྒྱད་པའོ། །

དེ་ནས་རྗེས་སུ་ཡི་རང་བའི་ཡན་ལག་ནི། སྦྱོར་བ་སེམས་བསྐྱེད་ནས། རྒྱལ་བ་རྣམས་ཀྱིས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་དགེ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱད་པའི་དགེ་བ། སེམས་ཅན་གང་གིས་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ་བསྐྲུན་པ། རང་གིས་ཀྱང་སྔར་བྱས་པ། ད་ལྟ་བྱེད་བཞིན་པ། སླད་ཀྱིས་བྱེད་པར་ངེས་པ་ཐམས་ཅད་ལ་རྗེས་སུ་ཡི་རངས་དུང་དུང་པ་སྙིང་ཐག་པ་ནས། གཅིག་ནས་ཀུན་གྱིས་དགེ་བ་ཐམས་ཅད་ལ་བསྒོམས་པའི་མཐར། གང་ལའང་མི་དམིགས་པའི་ངང་ལ་བཞག་ནས་བསྔོ་བ་བྱའོ། །ཁྲིད་རྐང་དྲུག་ཅུ་རྩ་དགུ་པའོ། །

དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་ནི། རྟེན་གྱི་དྲུང་དུ་འདུག་སྟེ་སེམས་བསྐྱེད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་གཞན་དོན་རླབས་པོ་ཆེ་ལ་གཤེགས་པ་རྣམས་ལས། ཆོས་མི་གསུང་བར་བཞུགས་པ་དག་གི་དྲུང་དུ། སྔོན་ཚངས་པ་དང་བརྒྱ་བྱིན་གྱིས་ཞུ་བ་ཕུལ་པ་ལྟར། བདག་ཀྱང་ལུས་བྱེ་བ་མང་པོར་སྤྲུལ་ཏེ་འཁོར་ལོ་དང་ནོར་བུ་ལ་སོགས་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པས་ཐམས་ཅད་ཀྱིས་གནང་ནས་ཆོས་ཀྱི་ཆར་ཕབ་པར་བསམ་ཞིང་། བཟང་པོ་སྤྱོད་པ་ལ་སོགས་པ་ནས་གསུངས་པ་ལྟར་བརྗོད་ནས་གང་དུའང་མི་དམིགས་པའི་ངང་ལས་རྗེས་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་པའོ། །

དེ་ནས་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་དུ་གསོལ་བ་གདབ་པའི་ཡན་ལག་ནི། སེམས་བསྐྱེད་ནས་ཞིང་ཁམས་འདི་དང་གཞན་དག་ན་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་དགོངས་པ་དག་གི་མདུན་དུ། སྔོན་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་ལྟར། བདག་གི་ལུས་མང་པོར་སྤྲུལ་པ་དག་གིས་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ནས་དོན་མཛད་པར་བསམས་ལ་མདོ་དང་བསྟན་བཅོས་དག་ནས་འབྱུང་བ་ལྟར་བརྗོད་པའི་རྗེས་ལ་གང་དུའང་མི་དམིགས་པའི་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་དོན་གཅིག་པའོ། །

དེ་ནས་བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་ནས་བཟུང་སྟེ། ད་(༢༦)ལྟར་བྱས་པའི་དགེ་བ་འདིས་མཚོན་ནས། རང་གཞན་དུས་གསུམ་དང་འབྲེལ་པར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བར་བསྔོ་བ་སྟེ། དེའི་ཚིག་ཀྱང་འཕགས་པ་རྣམས་ཀྱིས་མདོ་རྒྱུད་དང་བསྟན་བཅོས་ཆེན་པོར་གསུངས་པ་བཞིན་བརྗོད་ནས། དར་ཅིག་རང་བཞིན་མེད་པའི་ངང་དུ་བཞག་པའི་རྗེས་ལ་ཡང་བསྔོ་བར་བྱའོ། །ཁྲིད་རྐང་བདུན་ཅུ་རྩ་གཉིས་པའོ། །

དེ་ནས་དངོས་གཞི་ནི། དེ་ནས་རྟེན་གྱི་དྲུང་དུ་ཐལ་མོ་སྦྱར་ཏེ། བདག་གིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་རླབས་པོ་ཆེ་ལ་བསླབ་ཅིང་འཁོར་བ་ནས་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་སྙམ་པས་ཚིག་གི་རྒྱལ་པོ་འདི་དག་བརྗོད་པར་བྱའོ། །བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བདག་བྱང་ཆུབ་སེམས་དཔར་རྗེས་སུ་གཟུང་དུ་གསོལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བདག་ལ་དགོང་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །དོན་དམ་སེམས་བསྐྱེད་ནི་མཚན་ཉིད་བསྒོམས་སྟོབས་ཀྱིས་ཐོབ་པ་ལས། ཆོ་ག་ལ་མི་ལྟོས་པར་མཁས་པ་རྣམས་བཞེད་དོ། །དེ་ལྟར་བརྗོད་པ་གསུམ་གྱི་མཐར་བདག་ཉིད་བྱང་ཆུབ་སེམས་དཔར་གྱུར། མིའི་སྲིད་པ་དོན་དང་བཅས་ལྷ་དང་བཅས་པའི་མཆོད་སྡོང་དུ་གྱུར། ལས་ཀྱི་དབང་གིས་ངན་འགྲོར་ལྟུང་བའི་སྒོ་འཕར་བཅད། བདེ་བ་ནས་བདེ་བར་མཐོ་རིས་ཀྱི་འཇིག་རྟེན་རྣམས་སུ་འགྲོ། གཞན་དོན་རླབས་པོ་ཆེ་འགྲུབ། སངས་རྒྱས་ཐམས་ཅད་ཀྱི་(༢༧)སྲས་སུ་གྱུར། བྱང་ཆུབ་མྱུར་དུ་ཐོབ་པ་ལ་བསམས་ཏེ་གཟེངས་བསྟོད་དེ་སྤྲོ་དགའ་བསྐྱེད་དོ། །ཁྲིད་རྐང་བདུན་ཅུ་རྩ་གསུམ་པའོ། །

དེ་ནས་བསླབ་བྱ་བསམ་པ་ལ་སྨོན་འཇུག་གཉིས་ལས། དང་པོ་སྨོན་པའི་བསླབ་བྱ་བསམ་པ་ལ། བདག་གཞན་མཉམ་པ། བརྗེ་བ། གཞན་གཅེས་པར་གཟུང་བ་བྱང་ཆུབ་བསྒོམ་པ་གསུམ་ལས། དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། འདི་ལྟར་སེམས་ཅན་ཐམས་ཅད་དང་བདག་གཉིས་བདེ་བ་འདོད། སྡུག་བསྔལ་མི་འདོད། རྟག་ཏུ་སྐྱིད་ཅིང་ལེགས་ན་དགའ་བར་ཆབས་ཅིག་ཀྱང་སེམས་ཅན་གྱིས་དེའི་རྒྱུ་དགེ་སྡིག་བླང་དོར་གྱི་གནས་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་བ་འདི་སྙིང་རེ་རྗེ། ཀྱེ་མ་སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་དང་འཕྲད། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སྡུག་བསྔལ་དང་བྲལ། བདེ་ཞིང་སྐྱིད་པ་རྣམས་དགའ་བདེ་དེ་དང་དུས་རྟག་ཏུ་མི་འབྲལ། ཉེ་རིང་ཆགས་སྡང་ཅན་རྣམས་ཆགས་སྡང་མེད་པའི་བཏང་སྙོམས་ལ་གནས། ཀུན་ཀྱང་ཐར་པའི་ལམ་ལ་ཞུགས་ཏེ་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་ཅིང་། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་སྙིང་ཐག་པ་ནས་འདུན་པ་དྲག་པོས་བསྒོམས་པའི་རྗེས་ལ། ཆོས་ཐམས་ཅད་གང་དུའང་མ་གྲུབ་པའི་སྟོང་པ་ཉིད་ལ་དར་ཅིག་གློད་ནས་འཁོར་གསུམ་རྣམ་པར་དག་པས་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་རྩ་བཞི་པའོ། །

དེ་ནས་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི། གང་སྙིང་རྗེ་བའི་སེམས་ཀྱིས་གཅིག་ཐོག་མར་མདུན་དུ་བསམས་ནས། རང་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བློས་ལིངས་ཀྱིས་ཕུད་དེ་གོས་གཡོགས་པ་ལྟར་དེ་ལ་སྦྱིན་པས་བདེ་ཞིང་སྐྱིད་པར་འགྱུར། དེའི་སྡུག་བསྔལ་ཅི་ཡོད་པ་ཀུན་ཚུར་བླངས་ཏེ་རང་གི་སྟེང་དུ་བཞག་པས་སྡུག་ཅིང་བསྔལ་བ་ལ་དགའ་བ་བསྐྱེད་དེ་དང་དུ་བླངས་པ་ནི་གོས་བརྗེ་བ་ལྟར་བྱ་ཞིང་། འབྱོངས་དུས་དབུགས་ཕར་རྒྱུ་བ་ན་བདག་གི་དགེ་བ་སེམས་ཅན་ལ་སྦྱིན། ཚུར་རྔུབ་དུས་སེམས་ཅན་གྱི་སྡུག་བསྔལ་དང་དུ་བླངས་པ་ལ་སྦྱང་ངོ་། །དེ་ལྟར་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་དུ་བཏང་ལེན་སྤེལ་མར་བྱ་ཞིང་ལྷག་པའི་བརྩོན་འགྲུས་ཉིན་མཚན་དུ་འབད་དེ་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བདུན་ཅུ་རྩ་ལྔ་པའོ། །

དེ་ནས་གཞན་གཅེས་པར་བཟུང་བའི་བྱང་ཆུབ་ཀྱི་སེམས་ནི། བུ་གཅིག་པའི་མ་བུ་ལ་བརྩེ་བ་ལྟར་བསྒོམ་སྟེ། སེམས་བསྐྱེད་ནས་གང་སྐྱེ་བར་སླ་བའི་སེམས་ཅན་སྙིང་ལ་མ་གཅིག་མདུན་དུ་བསམས་ནས་དེའི་སྡུག་བསྔལ་བློས་མི་བཟོད་པ་ཙམ་དུ་བདག་གིས་དང་དུ་བླང་ཞིང་བདག་གི་དགེ་བ་དེ་ལ་བྱིན་པས་(༢༨)བདེ་བར་བསམས་ལ། བདག་འཁོར་བར་གནས་རུང་། ན་རུང་། ཤི་རུང་། ཉམས་ཉེས་ཅི་བྱུང་ཡང་བཟོད་ཀྱི། འདི་འཁོར་བར་འཁྱམས་སྡུག་བསྔལ་བར་ག་ལ་བཟོད་སྙམ་དུ་བརྩེ་སེམས་ཐུན་མོང་མ་ཡིན་པ་བསྐྱེད་དོ། །དེ་བཞིན་དུ་སེམས་ཅན་ཀུན་ལ་བསྒོམ་ཞིང་། སེམས་ཅན་ཐམས་ཅད་ཀྱི་གཉེར་ཀ་ང་ལ་ཡོད་སྙམ་ནས། བདག་ལ་ཕན་རུང་། གནོད་རུང་། གང་ཅི་མཐོང་བ་དང་ཐོས་པའི་སེམས་ཅན་གྱིས་མཚོན་ནས་ནམ་མཁའ་མཐའ་ཁྱབ་ཀྱི་སེམས་ཅན་ཀུན་ལ་ལྷག་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བལྟ་ཞིང་། ཐུན་རྗེས་དམིགས་པ་མེད་པའི་ངང་ལས་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་རྩ་དྲུག་པའོ། །

དེ་ནས་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། ངས་སེམས་ཅན་གྱི་དོན་དུ་སྦྱིན་པ་གཏོང་སྙམ་དུ་སེམས་བསྐྱེད་ནས། སེམས་ཅན་གྱི་ཡུལ་ལ་དངོས་སུ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་ཅི་འགྲུབ་དང་། ཡིད་ཀྱིས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་སྦྱིན་ཏེ། གཏོང་བ་དང་ཡོངས་སུ་གཏོང་བ་དང་ཤིན་ཏུ་གཏོང་བ་གསུམ་དངོས་དང་ཡིད་ཀྱིས་བྱ། དཀོན་མཆོག་གསུམ་ལ་མཆོད་པ་ཅི་འགྲུབ་དང་། ཏིང་ངེ་འཛིན་ཡིད་ཀྱིས་མཆོད་པ་འབུལ། འབྱུང་པོ་དང་ཡི་དྭགས་ལ་གཏོར་མ་དང་ཆུ་སྦྱིན་གཏོང་ནས། གང་ཡང་དམིགས་སུ་མེད་པའི་ངང་ནས་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་རྩ་བདུན་པའོ། །

དེ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ངོ་བོ་དང་ཁྱད་པར་ལ་བསླབ་པ་གཉིས་ལས། དང་པོ་ནི། ཉེས་སྤྱོད་སྤངས་པའི་སེམས་དགེ་བས་རྒྱུད་བསྡམ་པ་ཡིན་ཏེ། སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཡིན་ན། སྔར་ཉན་ཐོས་ཀྱི་སྐབས་སུ་བླངས་པའི་སྡོམ་ཁྲིམས་ལ་ནན་ཏན་དུ་བྱེད་ཅིང་བཤགས་སྡོམ་དང་གཉེན་པོ་བསྟེན་པའི་སྟེང་དུ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་བསྲུང་ཞིང་། ཡང་དང་ཡང་དུ་ཆོ་གས་བླངས་པ་དང་། ཁྱིམ་པ་ཡིན་ནའང་བྱང་ཆུབ་ཀྱི་སྡོམ་པ་ལ་བསླབ་པ་དང་། གཉིས་ཀས་རང་གི་རྒྱུད་སྡོམ་པ་དང་། གཞན་ལ་ཕན་གདགས་པ་དང་། ཆོ་གས་ཡང་ཡང་བླང་ཞིང་རྗེས་ལ་མི་དམིགས་པའི་ངང་ལས་བསྔོ་བ་བྱའོ། །ཁྲིད་རྐང་བདུན་ཅུ་རྩ་བརྒྱད་པའོ། །

དེ་ནས་ཁྱད་པར་ལ་བསླབ་པ་ལ་གཉིས་ལས། ཕྱོགས་དང་པོ། སྤྱོད་ཡུལ་དག་པ་ཕལ་པོ་ཆེ་ལ། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་ཚེ། སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ། །ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཅིག་དང་། རྨི་ལམ་རྨིས་པ་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག་དང་། སྐ་རགས་འཆིང་བ་ན་དགེ་བའི་རྩ་བ་དང་འབྲེལ་བར་གྱུར་ཅིག་དང་། སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག་དང་། མེ་བཏང་(༢༩)བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར་གྱུར་ཅིག་དང་། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར་གྱུར་ཅིག་དང་། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར་གྱུར་ཅིག་དང་། ཁ་ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་པར་གྱུར་ཅིག་དང་། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་པར་གྱུར་ཅིག་དང་། སྐས་ལས་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར་གྱུར་ཅིག་དང་། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར་གྱུར་ཅིག་དང་། སྒོ་གཅོད་པ་ན་ངན་སོང་གི་སྒོ་གཅོད་པར་གྱུར་ཅིག་དང་། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར་གྱུར་ཅིག་དང་། གྱེན་ལ་འགྲོ་བ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར་གྱུར་ཅིག་དང་། ཐུར་ལ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར་གྱུར་ཅིག་དང་། སེམས་ཅན་དང་འཕྲད་པ་ན་སངས་རྒྱས་མཇལ་བར་གྱུར་ཅིག་དང་། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར་གྱུར་ཅིག་དང་། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར་གྱུར་ཅིག་དང་། རྒྱན་དང་ལྡན་པ་མཐོང་ན་མཚན་དང་དཔེ་བྱད་ཀྱི་རྒྱན་ཐོབ་པར་གྱུར་ཅིག་དང་། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག་དང་། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར་གྱུར་ཅིག་དང་། སྟོང་པ་མཐོང་ན་སྐྱོན་གྱིས་སྟོང་པར་གྱུར་ཅིག་དང་། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར་གྱུར་ཅིག་དང་། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར་གྱུར་ཅིག་དང་། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར་གྱུར་ཅིག་དང་། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག་དང་། ནད་པ་མཐོང་ན་ནད་ལས་གྲོལ་བར་གྱུར་ཅིག་དང་། དྲིན་དུ་གཟོ་བ་མཐོང་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡན་པར་གྱུར་ཅིག་དང་། དྲིན་དུ་མི་གཟོ་བ་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར་གྱུར་ཅིག་དང་། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར་གྱུར་ཅིག་དང་། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར་གྱུར་ཅིག་དང་། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར་གྱུར་ཅིག་དང་། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར་གྱུར་ཅིག་དང་། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་མཐོང་བར་གྱུར་ཅིག་དང་། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར་གྱུར་ཅིག་དང་། ཕྱག་འཚལ་བར་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་པའི་དོན་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །(༣༠)ཁྲིད་རྐང་བདུན་ཅུ་རྩ་དགུ་པའོ། །

དེ་ནས་ཕྱོགས་གཉིས་པ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བསྒོམ་པ་ནི། སེམས་བསྐྱེད་ནས་བདག་གིས་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ནུས། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འཇོག་ནུས། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་གྱི་དོན་ནུས། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ཀྱང་སེམས་ཅན་ལ་ཕན་འདོགས་ནུས། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་ནུས། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ངེས་པར་འབྱིན་ནུས། ནམ་ཞིག་སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་ལ་སིམ་པར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། ལུས་དང་ཤེས་རབ་དང་ནོར་དང་དབང་ཕྱུག་དང་ལྡན་པ་དང་། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། ནམ་ཞིག་སེམས་ཅན་གྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཞིང་། བདག་གི་དགེ་བའི་འབྲས་བུ་སེམས་ཅན་ལ་སྨིན་པས་བདེ་བར་གྱུར་ཅིག་སྙམ་དུ་བསམ་ཞིང་རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་པའོ། །

དེ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་ལས། དམིགས་པ་དང་བཅས་པ་ནི། འདི་ལྟར་དམ་པའི་ཆོས་བསྒྲུབ་པ་ན། དཀའ་སྤྱད་ཀྱི་སྡུག་བསྔལ་ལ་བཟོད་པ། གཞན་གྱི་སྡུག་བསྔལ་དང་ལེན་དུ་བཟོད་པ། ཆོས་ཆེན་པོའི་གནས་ལ་མི་སྐྲག་པར་བཟོད་པ། རང་གི་སེམས་ལ་བསྲན་བཟོད་པ་རྣམས་ཡིན་ཡང་། སྐབས་འདིར་གཙོ་བོ་གཞན་གྱི་གནོད་པ་ལ་རང་གི་ཁྲོ་བ་མི་མཆེད་པར་བཟོད་པ་བསྒོམ་སྟེ། སེམས་ཅན་ཐམས་ཅད་དུ་བཟོད་པ་བསྒོམ་སྙམ་དུ་སེམས་བསྐྱེད་ནས། འཁོར་གྱིས་ལོག་བསྒྲུབས་སམ་དོན་ཡོད་དམ་མེད་པའི་འཚེ་བ་ཅི་བྱུང་ཡང་གཟེ་རེའི་སེམས་བཏང་ནས་རིག་པས་འདི་ལྟར་བརྟག་སྟེ། སེམས་ཅན་རང་བཞིན་གནོད་པ་ཅན་ཡིན་པས་ཀྱང་དེ་འབྱུང་ལ། གནོད་ལན་གཞལ་གྱིས་ལོངས་པ་མེད་པས་བསྲན་གཟུགས་ཤིང་། བདག་གིས་ཀྱང་སྔོན་དུས་དེ་ལྟར་བྱས་པའི་ལས་ངན་ཡིན་ལ། བསྲན་བཟོད་ན་བསོད་ནམས་ཀྱི་དམ་པ་ཐོབ་པས་ཀྱང་བཟོད་པར་རིགས་ཤིང་། རང་གི་ལས་མ་གཏོགས་པ་དེའི་གནོད་པས་མཐོ་དམན་མི་ནུས་པས་ཀྱང་བཟོད་པར་འོས་ལ། བཅོས་སུ་འདུག་ན་དེའི་ཐབས་ལ་འབད། མི་འདུག་ན་མི་བཟོད་པའི་སེམས་ཀྱི་གཟེ་རེས་རང་སྡུག་པ་ལས་ཁེབས་མེད་ལ། སླར་གཞན་གྱི་གནོད་པ་ཇེ་འཕེལ་དུ་འགྲོ་བས་ཀྱང་ཟུག་རྔུའི་སེམས་ཀུན་ནས་ཁྲོ་བ་སྤངས་ཏེ། ལྷོད་ཀྱིས་ཞི་བའི་ངང་ལ་གློད་ནས་རྗེས་ལ་འཁོར་གསུམ་དག་པས་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་གཅིག་པའོ། །

དེ་ནས་དམིགས་པ་མེད་པའི་བཟོད་པ་ནི། (༣༡)གནོད་བྱེད་དང་བདག་གི་ལུས་ལ་རྡུལ་ཕྲན་དུ་གཞིག་པས་ཆ་མེད་སྟོང་པ། ངག་ལ་ཁ་དོག་དང་ངོས་གཟུང་གཞིག་པས་རང་ཡལ་རྗེས་མེད། སེམས་ལ་ངོ་བོ་ངོས་གཟུང་བལྟས་པས་དངོས་མེད་དུ་འདུག་སྟེ། གནོད་བྱེད་དགྲ། གནོད་པ་གཏམ་མི་སྙན་པ་དང་འཚེ་བ་དང་ཡིད་མི་བདེ་བ་ལ་སོགས་པ། གནོད་ཡུལ་བདག་རྣམས་སྟོང་པ་རིས་མེད་དུ་དག་པས། སྐྱེ་བ་མེད་པའི་ངང་ལ་གློད་ནས་བཞག་གོ། །དེའང་སྦྱོར་དངོས་རྗེས་གསུམ་ཚང་བས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱད་ཅུ་རྩ་གཉིས་པའོ། །

དེ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་བསྐྱེད་ནས། འདི་ལྟར་ལེ་ལོས་ནི་རང་གི་དོན་ཡང་མི་འགྲུབ་ན། གཞན་གྱི་དོན་ལྟ་ཅི་སྨོས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་དགོས་པས་བརྩོན་པར་བྱའོ་སྙམ་ནས། ཆོས་སྤྱོད་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཕྱག་དང་བསྐོར་བ་ལ་སོགས་པ་ཅི་འགྲུབ་དང་། ཁྱད་པར་དུ་ཡན་ལག་བདུན་པ་དང་ཕུང་པོ་གསུམ་པའི་ལག་ལེན་ལ་འབད་ནས། རྗེས་ལ་འཁོར་གསུམ་མི་དམིགས་པའི་ངང་ལས་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་གསུམ་པའོ། །

དེ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དྲུག་ལས། དང་པོ་འགྱུར་ཞིང་མི་རྟག་པའི་རང་བཞིན་ལ་བསམ་པ་ནི། འདི་ལྟར་སྐྱེས་པ་ཐམས་ཅད་ནི་འཆི། འདུས་པ་ཐམས་ཅད་ནི་འབྲལ། བསགས་པ་ཐམས་ཅད་ནི་འཛད་དེ། འབྱོར་པ་ཐམས་ཅད་ནི་རྒུད་པའི་མཐའ་ཅན་ཏེ། གཡོ་ཞིང་སྙིང་པོ་མེད་པ་ཚེ་འདིའི་སྣང་བ་མི་རྟག་པའི་རང་བཞིན་ལ་ཆགས་པ་རྣམས་རེ་ཕུང་། བདག་ཀྱང་མྱུར་དུ་འཆི། ངེས་པར་འཆི། སང་ནང་པར་རམ། དོ་ནུབ་ཀྱང་མི་འཆི་བའི་དབང་པོ་མེད་ན། འཁྲུལ་སྣང་ཚེ་འདིའི་སྣང་བས་ཅི་བྱ། འཆི་བའི་དུས་སུ་ཕན་པར་ངེས་པ་ཟབ་མོའི་གདམས་ངག་ཡིན་པས་བསམ་གཏན་བསྒོམ་པ་ལ་འབད་དགོས། ཉིན་མོ། མཚན་མོ། སྐད་ཅིག །ཡུད་ཙམ། ཐང་ཅིག་འགྱུར་བས་ཀྱང་འཆི་བ་ལ་ཉེར་སོང་སྙམ་དུ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱད་ཅུ་རྩ་བཞི་པའོ། །

དེ་ནས་འདོད་པའི་ཉེས་དམིགས་བསམ་པ་ནི། འདི་ལྟར་འདོད་པ་རྣམས་ནི་ཉེས་པ་མང་བ་སྟེ། བསགས་པ་བསྲུང་བ་སྤེལ་བ་གསུམ་གྱིས་བྲེལ་ཞིང་མི་དགེ་བ་འཕེལ་བ། ཀུན་དང་རྩོད་པ་དང་བཅས་པ། ཡོད་ཅིང་ཆོག་མི་ཤེས། ཁེངས་ཤིང་སེར་སྣ་འཕེལ་བ་ཟད་ཀྱིས་དོགས། བླངས་ཀྱིས་དོགས། འཕྲོག་གིས་དོགས། རྐུན་པོ་ལ་སོགས་པ་ཐམས་ཅད་དང་ཐུན་མོང་བ། བསགས་ཀྱང་འཆི་བའི་དུས་སུ་ཐམས་ཅད་འཇོག་ཅིང་འབྲལ་བའི་རང་བཞིན་ཅན། ཇི་ཙམ་དུ་འབྱོར་པ་དེ་ཙམ་དུ་སྡུག་བསྔལ་བ་དེ་བས་མང་བ་སྟེ། ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་གྲོལ་བའི་ཆོས་དང་འགལ་བ། འཕགས་པ་རྣམས་ཀྱིས་ཀུན་ཏུ་སྨད་པའོ་སྙམ་དུ་བསམས་ནས། རྗེས་(༣༢)ལ་སྐྱེ་བ་མེད་པའི་ངང་དུ་གཞག་གོ། །དེ་ཡང་སྦྱོར་དངོས་རྗེས་གསུམ་ངེས་པས་ཉམས་སུ་བླང་ངོ་། །ཁྲིད་རྐང་བརྒྱད་ཅུ་རྩ་ལྔ་པའོ། །

དེ་ནས་བྱིས་དང་འགྲོགས་པའི་ཉེས་པ་བསམ་པ་ནི། སེམས་བསྐྱེད་ནས། འདི་ལྟར་ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་སོགས་པར་སྣང་བ་སོ་སོ་སྐྱེ་བོའི་ཚོགས་ཀྱི་འཁོར་དང་། མཛའ་བཤེས་དང་། གཉེན་འདུན་དང་། གྲོགས་དང་། དགྲ་དང་། བར་མའི་ཕྱོགས་ཐམས་ཅད་ཀྱང་འགྲོགས་པར་མི་བཟོད་དེ། རང་བཞིན་ངན་པ། བྱས་པ་མི་གཟོ་བ། ཕན་པའི་ལན་དུ་གནོད་པ་སྦྱིན་པ། འདོད་པ་ཆེ་བ། ཆོག་མི་ཤེས་པ། ཁོང་ཁྲོ་བ། ཚིག་རྩུབ་པ། རང་གི་འདོད་པ་འབའ་ཞིག་སྒྲུབ་པ། གཞན་ལ་ངང་གིས་གནོད་པ། ཕྱི་ཐག་ཐུང་བ། རང་གི་འབྱོར་པ་དང་ལེགས་པ་ཉམས་ན་འདོར་ཞིང་ཐིང་སླད་བྱེད་པ། ངོ་ཚ་བ། ཆོས་དང་དམ་ཚིག་ལ་སོགས་པ་དང་། ལ་ཡོགས་དང་རྣམ་སྨིན་གང་ལའང་མི་འཛེམ་པ། དོན་དང་བྱ་བ་མང་བ། མགུ་བར་ཤིན་ཏུ་དཀའ་བ། འཐབ་པ་དང་། འཚེ་བ་དང་། ཕྲག་དོག་པ་ལ་སོགས་པ་ཆོས་མ་ཡིན་པ་འབའ་ཞིག་གིས་བསླུ་ཞིང་ཚེ་འདའ་བའི་རང་བཞིན་ཏེ། འགྲོགས་པ་ཙམ་གྱིས་དགེ་བ་འགྲིབ་ཅིང་མི་དགེ་བ་འཕེལ་བའི་བྱིས་པ་རྣམས་ནི། འཕགས་པ་རྣམས་ཀྱིས་ཀྱང་རིང་དུ་སྤང་བའི་ཕྱིར། བདག་ཀྱང་ཐར་པའི་དམ་པ་བསྒྲུབ་པ་ལ་བར་དུ་གཅོད་པས་སུ་དང་ཡང་འགྲོགས་པར་མི་བྱ། གཅིག་པུ་ཞི་བའི་ཏིང་ངེ་འཛིན་བསྒྲུབ་སྙམ་དུ་བསམ་ཞིང་རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་དྲུག་པའོ། །

དེ་ནས་འདུ་འཛིའི་ཉེས་པ་བསམ་པ་ནི། སེམས་བསྐྱེད་ནས། འདི་ལྟར་སྤྱིར་འཇིག་རྟེན་གྱི་སྣང་བ། སྒོས་ཚེ་འདིའི་བྱ་བ་རྣམས་ལ་ཟིན་པ་དང་ཆོག་པའི་དུས་མེད་པ། རྟག་ཏུ་བྲེལ་ཞིང་གཡེངས་ལ་དོན་ཆུང་བ། ཇི་ཙམ་བརྩོན་ཀྱང་སྙིང་པོ་མེད་པ། དགྲ་བཏུལ་ཡང་མཐའ་མེད་པ། གཉེན་བསྐྱངས་ཀྱང་མཐའ་མེད་པ། ཚོང་སོ་ནམ་བཟོ་རིགས་ཤེས་གཉེན་ཅི་བྱས་ཀྱང་ལྟོ་གོས་ཀྱི་རྩོལ་སྒྲུབ་ལས། བྱས་པ་དོན་དུ་འགྱུར་བ་ཆོས་ཀྱི་ལམ་དུ་འགྲོ་བ་རྡུལ་ཙམ་ཡང་མེད་པ། ཉིན་མོ་མཚན་མོ་འཁོར་ཡུག་ཏུ་རྣམ་གཡེང་གི་འདུ་འཛིས་དུས་འདའ་བ་འདིས་ཅི་བྱེད། ད་རེས་ཚེ་འདི་བློས་བཏང་ནས་བསམ་གཏན་བསྒོམ་སྙམ་དུ་བསམས་པའི་རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་བདུན་པའོ། །

དེ་ནས་དབེན་པའི་ཡོན་ཏན་སེམས་པ་ནི། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཞི་བའི་ནགས་སུ་བསྒྲུབས་པ་ལས་བདུད་རྩི་བརྙེས་པའི་ཕྱིར། བདག་ཀྱང་དབེན་པའི་ནགས་སུ་འགྲོ་བར་སྤྲོ་སྟེ། དེ་ན་འདུ་འཛི་དང་རྣམ་གཡེངས་མེད། བྱ་བ་དང་བྲེལ་དོ་མེད། ཚོང་དང་སོ་ནམ་མེད། བྱིས་པ་དང་འགྲོགས་པ་མེད། བྱ་དང་རི་དྭགས་འགྲོགས་ན་བདེ་བས་གང་། ཆུ་དང་ལོ་མ་ལ་སོགས་པ་དཀའ་ཐུབ་(༣༣)ཀྱི་ཟས་དང་མཐུན། ཕུག་དང་བྲག་རིའི་དྲུང་ལ་སོགས་པ་གནས་མལ་ཆོས་དང་མཐུན། སུ་ཡང་བཤེས་འདྲེས་མེད་པས་དགེ་བ་ངང་གིས་འཕེལ། རིག་པ་ངང་གིས་དྭངས་པས་ཤེས་རབ་གསལ་ལ་དྭངས། དེས་ན་དབེན་པའི་ཡོན་ཏན་མང་བས་དེ་རིང་ཉིད་ནས་དབེན་པར་གནས་དགོས་སྙམ་དུ་བསམ་ཞིང་རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་བརྒྱད་པའོ། །

དེ་ནས་བསམ་གཏན་བསྒོམ་པ་དངོས་ནི། རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་དེ། གང་དུའང་མི་རྟོག་ཅི་ཡང་མི་འཛིན་པའི་ངང་ལ་མ་ཡེངས་པར་ལྷན་ནེ་བཞག་པས། སྣང་ཡུལ་མ་འགགས་ལ་འཛིན་རྟོག་ཞི་བའི་ཏིང་ངེ་འཛིན་སྐྱེའོ། །རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་བརྒྱད་ཅུ་རྩ་དགུ་པའོ། །

དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ་ལས། དང་པོ་སྣང་བའི་རང་བཞིན་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བ་ནི། སེམས་བསྐྱེད་ནས། འདི་ལྟར་ཕྱི་ཡུལ་ལྔར་སྣང་བ་ཐམས་ཅད་ནི་མེད་བཞིན་འཁྲུལ་པའི་ངོ་ལ་སྣང་བས། རྨི་ལམ་གྱི་སྣང་བ་ལྟ་བུ། རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་གློ་བུར་བར་སྣང་བས་སྒྱུ་མའི་རྣམ་པ་ལྟ་བུ། མེད་ལ་ཡོད་པར་སྣང་བས་མིག་ཡོར་གྱི་སྣང་བ་ལྟ་བུ། སྣང་དུས་བདེན་པར་མེད་པས་སྨིག་རྒྱུའི་རྣམ་པ་ལྟ་བུ། ཕྱི་ནང་གང་ལ་སྣང་བས་བྲག་ཅའི་སྒྲ་བརྙན་ལྟ་བུ། རྟེན་དང་བརྟེན་པར་མེད་པས་དྲི་ཟའི་གྲོང་ཁྱེར་ལྟ་བུ། སྣང་ལ་རང་བཞིན་མེད་པས་གཟུགས་བརྙན་གྱི་སྣང་བ་ལྟ་བུ། མེད་སྣང་ཅིར་ཡང་ཤར་བས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ། ཇི་ལྟར་སྣང་བཞིན་པའི་དུས་ནས་བརྫུན་ལ་དངོས་པོ་མེད་པའི་སྟོང་གཟུགས་སུ་འདུག་སྙམ་དུ་བསྒོམས་པའི་མཐར་བསྔོ་བ་བྱའོ། །ཁྲིད་རྐང་དགུ་བཅུ་པའོ། །

དེ་ནས་ཆོས་ཉིད་སྟོང་པ་ལ་བརྟག་པ་ནི་སེམས་བསྐྱེད་ནས། ཕྱི་ཡུལ་སྣང་རགས་པ་དང་། རང་གི་ལུས་ཀྱི་དངོས་པོ་འདི་རྡུལ་ཕྲན་དུ་གཞིགས་པས་ཡུལ་མེད་སྟོང་པར་ཐག་ཆོད། ནང་འཛིན་པའི་སེམས་ལ་སྐད་ཅིག་ཆ་མེད་དུ་བརྟགས་པས་འཛིན་མེད་སྟོང་པར་ཐག་ཆོད། གཟུང་འཛིན་གང་དུའང་མ་གྲུབ་པར་རྟོག་པའི་ངང་དེར་སྟོང་པ་གཏད་མེད་དུ་མཉམ་པར་བཞག་ནས་རྗེས་ལ་བསྔོ་བ་བྱའོ། །ཁྲིད་རྐང་དགུ་བཅུ་རྩ་གཅིག་པའོ། །

དེ་ནས་མཐའ་བྲལ་དབུ་མའི་དོན་ལ་བཞག་པ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། ལུས་མི་གཡོ། ངག་མི་བརྗོད། སེམས་མི་རྟོག་པས། ཕྱི་ཡུལ་སྣང་མ་འགགས་ལ། ཡུལ་འཛིན་གྱི་རྣམ་རྟོག་ཞི། ནང་རིག་པ་སྟོང་གསལ་དྭངས་ལ་འཛིན་ཞེན་གྱི་སྤྲོས་པ་ཞི། བར་ལུས་སེམས་རྟེན་མེད་ལ་རང་ངམ་གྱིས་ཆོས་ཉིད་ཤར་ཏེ། སྟོང་གསལ་ནམ་མཁའ་ལྟ་བུའི་རིག་པ། སྨྲ་བསམ་བརྗོད་མེད་ཆེན་པོའི་ཡེ་ཤེས། བློ་བྲལ་(༣༤)དབུ་མའི་དེ་ཁོ་ན་ཉིད་ཀྱི་ངང་ལ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་གཞག །རྗེས་སྣང་རྨི་ལམ་སྒྱུ་མའི་ངང་ལ་བསྔོ་བ་བྱའོ། །ཁྲིད་རྐང་དགུ་བཅུ་རྩ་གཉིས་པའོ། །

འདི་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་སྟེ། །དུས་གསུམ་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་ཡིན། །རང་བཞིན་དོན་གཉིས་བསྒྲུབ་པའི་དོན་ཆེན་ཏེ། །གནས་སྐབས་མཐར་ཐུག་དོན་གཉིས་ཕུན་ཚོགས་ཡིན། །མདོ་དང་བསྟན་བཅོས་ཀུན་གྱི་སྙིང་པོའི་དོན། །ཇི་ལྟར་ཉམས་ལེན་ཕྱོགས་གཅིག་བཀོད་པ་དེས། །མ་ལུས་འགྲོ་ཀུན་ཐར་པའི་ལམ་ཞུགས་ཏེ། །སྐུ་དང་ཡེ་ཤེས་འཕྲིན་ལས་ལྷུན་གྲུབ་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས། ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གནས་བསྟན་པ་སྟེ་དང་པོའོ།། །།


previousདང་པོ། ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གནས་བསྟན་པ།next