Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽

1 occurrence of གཏེར་སྲུང་
[Clear Hits]


  
collapse section
 expand section
 expand section
collapse section
 expand section
 expand section
  
 expand section
 expand section
collapse section
collapse section
  
  
  
 
དབང་བསྐུར་བ་དངོས།
  
 expand section
 expand section
 expand section
 expand section
 expand section
 expand section
  
  
  
  
  
 expand section
 expand section
  
 expand section
  
  
  
 expand section
  
  
  
 expand section
  
 expand section
 expand section
  
  
  
  
  
 expand section
  
  


1 occurrence of གཏེར་སྲུང་
[Clear Hits]

 
previousདབང་བསྐུར་བ་དངོས།next

དབང་བསྐུར་བ་དངོས།

བཞི་པ་ལ། ཕྱི་སྤྲོས་བཅས་བུམ་པའི་དབང་། ནང་སྤྲོས་མེད་གསང་བའི་དབང་། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། ཡང་གསང་ཚིག་དབང་རིན་པོ་ཆེ། བླ་མེད་རིག་པའི་རྩལ་དབང་ལྔ་ལས། དང་པོ་ལ། བུམ་དབང་མ་ཐོབ་པ་ཐོབ་པར་བྱ་བ། ཐོབ་པ་རྒྱུད་ལ་བརྟེན་པའི་ཚུལ་གཉིས་ལས། དང་པོ་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས། སྦྱོར་བ་སྔོན་དུ་འགྲོ་བའི་ཆོས་ལ་བཅུ་གཅིག་སྟེ། བླ་མའི་མཚན་ཉིད། སློབ་མའི་མཚན་ཉིད། གསོལ་བ་གདབ་པ། བསྙེན་པ་བྱ་བ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །ཐིག་གི་ཆོ་ག །ཚོན་གྱི་ཆོ་ག །དཀྱིལ་འཁོར་བསྒྲུབ་པའི་ཆོ་ག །དེ་ཉིད་མཆོད་པའི་ཆོ་ག །སློབ་མ་འཇུག་པའི་ཆོ་གའོ། །དང་པོ་དང་གཉིས་པ་ནི་སྔར་བཤད་ཟིན་ཏོ། །དགོས་པ་ནི་དཔོན་སློབ་དཔོན་མཚན་ཉིད་དང་ལྡན་པས་དབང་བསྐུར་ནོད་པར་བྱས་ན་སྡུག་བསྔལ་ཀུན་ལས་གྲོལ་ལ། མི་ལྡན་ན་གཉིས་ཀ་འཕུང་སྟེ། ཀློང་གསལ་ལས། མཚན་ཉིད་ལྡན་པའི་བླ་མ་ཡིས། །དབང་བསྐུར་བས་ནི་སྡུག་བསྔལ་གྲོལ། །མཚན་ཉིད་མི་ལྡན་བླ་མས་ནི། །དབང་བསྐུར་བྱས་ན་གཉིས་ཀ་འཕུང་། །ཞེས་སོ། །

གསུམ་པ་ལ་སྤྱིར་གསོལ་བ་གདབ་པ། སྡོམ་པ་ཐུན་མོང་པ་སྦྱིན་པ། ཐོག་མའི་དགའ་སྟོན་བྱ་བ། སྡིག་པ་སྦྱོང་བ། སྲུང་འཁོར་བསྒོམ་པ། དམ་ཚིག་བསྒྲག་པ། བཀའ་བཞིན་བསྒྲུབ་པ་དང་བདུན་ལས། དང་པོ་ནི་མཚན་ཉིད་དང་ལྡན་པའི་སློབ་མ་དེས། བླ་མ་(༡༡༩)མཚན་ཉིད་དང་ལྡན་པ་དེ་ལ་རབ་ལོ་གསུམ། འབྲིང་གཉིས། ཐ་མ་གཅིག་ནས། བདག་ལ་དབང་བསྐུར་བར་ཞུ་ཞེས་གསེར་གྱི་མཎྜལ་ཕུལ་ལ་གསོལ་བ་གདབ། བླ་མས་ཀྱང་སྣོད་དུ་རུང་ན་བྱའོ་ཞེས་ཞལ་གྱིས་བཞེས་ལ། གཉིས་ཀས་བརྟག་གོ། །དགོས་པ་ནི་དཔོན་སློབ་ཀྱི་མཚན་ཉིད་བརྟགས་པས་ངན་ན་འཇོག །བཟང་ན་ཞུགས། ཆོས་ལ་གུས་པ་བསྐྱེད་པའོ། །

གཉིས་པ་ནི་དེ་ནས་དུས་ལ་བབས་པ་དང་། དྲང་དོན་གྱིས་དད་པ་བསྐྱེད་ལ། སྔར་ལམ་ལ་མ་ཞུགས་པ་ཡིན་ན་སྐྱབས་འགྲོ་ཐུན་མོང་པ་ནས་སེམས་བསྐྱེད་དང་། རིག་པ་འཛིན་པའི་སྡོམ་པའི་བར་ཐེག་པ་རིམ་དགུའི་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། དབང་དང་། གདམས་པ་ལ་སོགས་པ་ཅི་རིགས་སུ་བསྟན་ཏེ། ཐལ་འགྱུར་ལས། དེ་ནས་དབང་བསྐུར་ཆོ་ག་ཡང་། །ཉན་ཐོས་ཐེག་པ་ནས་བརྩམས་ཏེ། །ཐུན་མོང་སྡོམ་པ་རྫོགས་པར་སྦྱིན། །ཅེས་སོ། །

གསུམ་པ་ནི་ཚོགས་གྱི་འཁོར་ལོ་བཟང་པོ་བཤམས་ལ། ཀྱེ་ཀྱེ་ཀུན་བཟང་རྡོ་རྗེ་འཛིན། །ལ་སོགས་པས་གསོལ་བ་གསུམ་གདབ་པ་ནི་ཞུ་བས་སྐབས་དབྱེ་བའི་དགོས་པ་ཡོད་དོ། །བླ་མས། ཀྱེ་ཀྱེ་རིགས་ཀྱི་བུ་མཆོག་ཁྱེད་རྣམས་ཀྱིས་ཞེས་པ་ལ་སོགས་པ་ལན་ཅིག་བརྗོད་པ་ནི་བར་ཆད་དྲིས་པས་འགྱོད་སེམས་མི་སྐྱེ་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མས། ཀྱེ་ཀྱེ་ཇི་ལྟར་ཐུགས་ཀྱིས་དགོངས་མཛོད་པ། །ཞེས་བརྗོད་པ་ནི་སྤྲོ་བར་ཁས་ལེན་པ་སྟེ། གཏོང་ཕོད་ཆེ་བའི་དགོས་པ་ཡོད་དོ། །དེ་ལྟར་དགའ་སྟོན་བྱས་པའི་ཡོན་ཏན་གྱིས། ཀློང་གསལ་ལས། དགའ་སྟོན་བར་ཆད་སེལ་བ་དང་། །ཡོན་ཏན་ཀུན་རྫོགས་འགྲུབ་པར་འགྱུར། །ཞེས་པ་དང་། ཐལ་འགྱུར་ལས། འཁོར་དང་ལོངས་སྤྱོད་རྣམས་ཀྱི་རྟེན། །ལུས་ངག་སྤྱོད་པས་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །བསྟེན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །ཅེས་པས། དགའ་སྟོན་གྱིས་བླ་མ་མཉེས་པར་བྱའོ། །སྐྱོན་ནི་སྔ་མ་དེ་ཉིད་ལས། །དགའ་སྟོན་ཚོགས་ཡོན་མེད་པ་ན། །བར་ཆད་རྐྱེན་ནི་སྣ་ཚོགས་འབྱུང་། །དབང་གི་རྒྱལ་ས་ཞིག་པ་དང་། །དངོས་གྲུབ་མི་ཐོབ་ཡི་དྭགས་སྐྱེ། །ཞེས་སོ། །

བཞི་པ་སློབ་མ་རྣམས་ཡི་གེ་བརྒྱ་པའི་བསྒོམ་བཟླས་བྱེད་དུ་འཇུག་པ་ནི། དེ་ཉིད་ལས། སྔོན་འགྲོ་ཡི་གེ་བརྒྱ་པའི་བཟླས་བརྗོད་བྱ། ཞེས་སོ། །དགོས་པ་ནི་རྒྱུད་ཀྱི་སྡིག་པ་བསྲབས་པས་དབང་གི་སྣོད་དུ་(༡༢༠)རུང་བའོ། །

ལྔ་པ་ནི་ཀློང་གསལ་ལས། བར་ཆད་མི་ཞུགས་བསྲུང་བྱའི་ཕྱིར། །ཧཱུྃ་གི་སྦྱོར་བས་བསྲུང་མཚམས་བྱ། །ཞེས་པས། སློབ་དཔོན་གྱི་ཐུགས་ཀ་ནས་སློབ་མའི་སྙིང་གར་ཧཱུྃ་ལས་འོད་འཕྲོས་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཞུབ་ཏུ་གྱུར་པར་བསམ་པའི་དགོས་པ་ནི། ད་ལྟའི་བར་ཆད་མི་འཇུག་ཅིང་མ་འོངས་པའི་བགེགས་ཚར་གཅོད་པའོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། དེ་ཉིད་ལས། དེ་ལྟར་བསྲུང་བར་མ་བྱས་ན། །བདུད་དང་བར་ཆད་རྐྱེན་དབང་གྱུར། །དངོས་གྲུབ་བྱིན་རླབས་འཕྲོག་ཅིང་ཡལ། །ཞེས་སོ། །

དྲུག་པ་ནི་ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། ཞེས་པ་ལ་སོགས་པ་ལན་ཅིག་བརྗོད་པ་ནི། ཀློང་གསལ་ལས། དམ་ཚིག་ཁས་ལེན་གྱུར་ན་སྦྱིན། །ཞེས་སོ། །དགོས་པ་ནི་དམ་ཚིག་བསྲུངས་ནུས་པས་མི་ཉམས་ཤིང་གོང་དུ་འཕེལ་བའོ། །

བདུན་པ་ནི། ཀྱེ་ཀྱེ་སངས་རྒྱས་ཐམས་ཅད་འདུས་པ་ཡིས། །ཞེས་པ་ལ་སོགས་པ་སློབ་མས་ཁས་བླངས་པས་བཀའ་བཞིན་རྗེས་སུ་སྒྲུབ་པ་སྟེ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། སྔ་མ་དེ་ཉིད་ལས། དམ་ཚིག་དེ་རྣམས་མ་བསྲུང་ན། །དབང་གི་ཡོན་ཏན་མི་འབྱུང་ཞིང་། །ཉམས་པས་དམྱལ་བ་ཉིད་དུ་ལྷུང་། །ཞེས་སོ། །

བཞི་པ་བསྙེན་པ་བྱ་བ་ནི་སློབ་དཔོན་གྱི་ཆོས་ཏེ་རིགས་ལྔའི་སྒྲུབ་ཐབས་ཕྱི་ནང་ལྟར་བྱའོ། །དགོས་པ་ནི་བསྙེན་པ་རྫོགས་པས་དབང་བྱིན་རླབས་དང་ལྡན་པས་སློབ་མའི་རྒྱུད་སྨིན་ནུས་པའོ། །

ལྔ་པ་ནི་དཀྱིལ་འཁོར་བཞེངས་པ་སྟེ། ཀློང་གསལ་ལས། བཀྲ་ཤིས་རྫས་དང་ས་བཟང་ལ། །རིན་པོ་ཆེ་ཡིས་ལེགས་པར་བརྒྱན། །རབ་ནི་ཇི་ལྟར་འགྲུབ་པ་ལ། །ཐ་མ་མདའ་གང་མདུད་གང་ཚད། །ཅེས་པས། རབ་ཁྲུ་སྟོང་ལ་སོགས་པའི་ངེས་པ་མེད་པའི་ཆེན་པོ་རྒྱུ་ཡང་རིན་པོ་ཆེ་ལ་སོགས་པའོ། །འབྲིང་འདོམ་གང་བ། ཐ་མ་ནི་མདའི་གང་བ་ལ་བྱ་བ་ནི་རྟེན་ཁྱད་པར་ཅན་དུ་བསྒྲུབ་པའོ། །བ་བྱུང་དང་དྲི་ལ་སོགས་པ་བྱུགས་པ་ནི་གཙང་བར་བྱ་བའི་དོན་ཏེ། ཡེ་ནས་དྲི་མ་མེད་པ་མཚོན་པའོ། །དེ་ལྟར་ལྷ་མཆོད་ཅིང་བསྟོད་ནས། ཀུན་ཏུ་བཟང་པོ་སངས་རྒྱས་རིགས་ལྔའི་གཙོ། །ལ་སོགས་པ་བརྗོད་པ་ནི་མཁྱེན་པར་གསོལ་བ་སྟེ། ཐུག་ཐུབ་ཏུ་མི་འཇུག་པའི་དགོས་པ་ཡོད་དེ། དེའང་རྫོགས་པ་རང་བྱུང་ལས། གསོལ་བ་བཏབ་པས་བྱིན་རླབས་འཇུག །ལྷ་བསྐྱེད་མཆོད་དང་བསྟོད་པ་ཡིས། །བྱིན་གྱིས་བརླབ་པ་ཉིད་དུ་(༡༢༡)འགྱུར། །དེ་ལྟར་བྱས་པར་མ་གྱུར་ན། །དེ་ལ་བྱིན་ཉིད་ཕེབས་མི་འགྱུར། །ཞེས་སོ། །

དྲུག་པ་ནི། ཀློང་གསལ་ལས། རྡོ་རྗེ་སློབ་དཔོན་བྱ་བའི་ལས། །བུམ་པ་ལྷ་དང་སྦྱིན་སྲེག་དང་། །སློབ་མ་སྟ་གོན་ཉེ་བར་བྱ། །ཞེས་པས། དང་པོ་བུམ་པ་མཚན་ཉིད་དང་ལྡན་པ་ཁ་དོག་ལྔར་བྱ་བ་ནི། རིགས་ལྔའི་རང་བཞིན་མཚོན་ལ་བུམ་རྫས་ཉི་ཤུ་རྩ་ལྔ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་རེ་ལ་ཡེ་ཤེས་ལྔ་ལྔ་སྟེ་ཡེ་ཤེས་ཉི་ཤུ་རྩ་ལྔ་མཚོན་ནོ། །ལས་བུམ་དཀར་པོས་ནི་བྱ་བ་རྣམས་འགྲུབ་པའོ། །དེ་དག་ཏུ་རིགས་ལྔ་སོ་སོའི་ལྷ་བསྒོམས་ལ། བཟླས་པ་བྱས་པས་དབང་གི་དུས་སུ་ཉེ་བར་མཁོ་བ་ཉིད་དོ། །ལྷ་སྟ་གོན་དུ་བྱ་བ་ནི། མཎྜལ་གྱི་སྟེང་དུ་བསྐྱེད་ལ་མཆོད་ཅིང་བསྟོད་ནས། ཧོ་དགོངས་སུ་གསོལ་ལ་སོགས་པས་གསོལ་བ་བཏབ་པས་བདག་དང་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་དགོས་པ་ཡོད་དོ། །དེ་ནས་སྦྱིན་སྲེག་ནི་ཐབ་དང་རྫས་ཀུན་ཞི་བ་ལྟར་བྱས་པས་བར་ཆོད་དང་སྡིག་པ་ཞི་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མ་སྟ་གོན་དུ་བྱ་བ་ནི། སློབ་མས། ཀྱེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །ལ་སོགས་པས་གསོལ་བ་བཏབ་ནས། བླ་མས། ཀྱེ་མ་སྣོད་དང་ལྡན་པའི་བུ། །ལ་སོགས་པ་བརྗོད་པས་དཀྱིལ་འཁོར་དུ་གནང་བ་ཐོབ་པའི་དགོས་པ་ཡོད་དོ། །དེ་ནས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ཞེས་པ་ལ་སོགས་པས་སྡོམ་པ་བླང་བ་ནི་སྔགས་ཀྱི་རྟེན་དུ་རུང་བའི་དགོས་པ་ཡོད་དོ། །དེ་ནས་སོ་ཤིང་དོར་བ་ནི་དངོས་གྲུབ་ཀྱི་ལྟས་བརྟགས་པའི་དགོས་པ་ཡོད་དོ། །དེ་ནས་ཆོས་བཤད་པས་སློབ་མའི་བློ་དད་ཅིང་སྔགས་ལ་སྤྲོ་དགའ་ཁྱད་པར་ཅན་སྐྱེ་བའི་དགོས་པ་ཡོད་དོ། །སྲུང་སྐུད་བཏགས་ཏེ་ཀུ་ཤ་ཕྱིན་ནས་རྨི་ལམ་བརྟགས་པས་བར་ཆད་དང་བྲལ་བའི་དགོས་པ་ཡོད་དོ། །

བདུན་པ་ཐིག་གི་ཆོ་ག་ནི། ཀློང་གསལ་ལས། ཐིག་སྐུད་ཡེ་ཤེས་ལྔ་སྒྲིལ་ལ། །

དཀྱིལ་འཁོར་སྟེང་གི་ནམ་མཁའ་ལ། །ཚངས་ཐིག་ཆ་ཆེན་དག་ཀྱང་གདབ། །སྐད་ཅིག་དེ་ལ་ལྷ་ཚོགས་བསྐྱེད། །མཆོད་པ་དང་ནི་བསྟོད་པ་བྱ། །ཞེས་པས། དཀྱིལ་འཁོར་གྱི་སྟེང་གི་ནམ་མཁའ་ལ་ཐིག་གདབ་པ་ནི་མཁའ་འགྲོ་ཡེ་ཤེས་ཀྱི་ཐིག་ཅེས་བྱ་བ་སྟེ་ཡེ་ནས་རྣམ་པར་དག་པའི་དཀྱིལ་འཁོར་རྩ་བའི་འཁོར་ལོ་མཚོན་པའོ། །དེ་ནས་སྒོ་རྐྱང་གི་ཐིག་རྫོགས་པར་གདབ་པ་ནི། དམ་ཚིག་གི་ཐིག་ཅེས་བྱ་བ་སྟེ་ལུས་ཆགས་པ་ན་གནས་པའི་རྩ་ཁམས་མཚོན་པའོ། །(༡༢༢)

བརྒྱད་པ་ཚོན་གྱི་ཆོ་ག་ནི། རིན་པོ་ཆེ་ལ་སོགས་པའི་ཚོན་རྩི་ལ་བསྐྱེད་ཆོག་བྱས་པས་དཀྱིལ་འཁོར་རྫོགས་པར་བྲི་བ་ནི། ཡེ་ཤེས་ཀྱི་ཁམས་ལྔ་ལས་ཐམས་ཅད་གྲུབ་པ་མཚོན་པའོ། །

དགུ་པ་དཀྱིལ་འཁོར་སྒྲུབ་པ་ནི། ལྷ་བསྐྱེད་ནས་མཆོད་ཅིང་བསྟོད་ལ་བཀྲ་ཤིས་ཀྱི་བར་བརྗོད་པ་སྟེ་དབང་བསྐུར་བའི་རྟེན་དུ་དགོས་པའོ། །ཕུར་པ་བརྒྱད་ནི་སྒོ་མཚམས་མ་བརྒྱད་མཚོན་པའོ། །ཡེ་ཤེས་ལྔའི་དྲུ་བུའི་དྲྭ་བ་རིས་ནི་སྙིང་གར་ཡེ་ཤེས་ཀྱི་ཀློང་ན། ངོ་བོ་སྐུ། རང་བཞིན་འོད། ཐུགས་རྗེ་སྒྲོན་མར་གནས་པ་མཚོན་པའོ། །དེ་ནས་སློབ་མ་རྣམས་བསྐོར་བ་གསུམ་བྱས་ལ། ཀྱེ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །ལ་སོགས་པ་བརྗོད་པ་ནི་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ནང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དགོས་པ་ཡོད་དོ། །དེ་ནས་བླ་མས་དྲི་ཞིང་ལན་བརྗོད་པས་སྣོད་དུ་རུང་བ་མཚོན་པའོ། །བགེགས་བསྐྲད་པ་ནི་བར་ཆད་མི་འབྱུང་བའི་དགོས་པ་ཡོད་དོ། །དེ་ནས་སློབ་མས། ཀྱེ་ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། །ལ་སོགས་པ་བརྗོད་པས་ཐར་པ་ཆེན་པོའི་སྒོ་འབྱེད་པ་མཚོན་པའོ། །ཡང་། ཀྱེ་ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང་། །ཞེས་པ་ལ་སོགས་པས་རྡོ་རྗེ་སློབ་དཔོན་ལ་གུས་པ་བསྐྱེད་ཅིང་ཞུ་བ་འབུལ་བའོ། །བླ་མས། ཀྱེ་ཀྱེ་ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཞེས་པས་སྤྲོ་བས་གནང་བ་སྦྱིན་པའོ། །སློབ་མས། བདག་ནི་འབྲས་བུ་གསང་སྔགས་ཀྱི། །ལ་སོགས་པས་འདོད་དོན་ལ་གསོལ་བའོ། །བླ་མས། ཨེ་མ་ཨེ་མ་རིགས་ཀྱི་བུ། །ལ་སོགས་པས་དམ་ཚིག་གི་མནའ་ཆུ་བླུད་པས་དམ་ལ་མི་འདའ་བར་བྱེད་པའོ། །དེ་ནས་ཡེ་ཤེས་ཕབ་པས་རྒྱུད་བྱིན་གྱིས་བརླབས་པའི་དགོས་པ་ཡོད་དོ། །དེ་ནས་སྒོ་མ་བཞི་ལ་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་གསང་སྒོ་ཕྱེད་པའི་དགོས་པ་ཡོད་དོ། །མེ་ཏོག་དོར་བས་རང་གི་ལས་འབྲེལ་ཡོད་པའི་ལྷ་ངོས་ཟིན་པའི་དགོས་པ་ཡོད་དོ། །དེ་ནས་སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ལ་སོགས་པས་མིག་དར་བཀྲོལ་བས་ཡེ་ཤེས་ཀྱི་སྤྱན་ཐོབ་པའི་དགོས་པ་ཡོད་དོ། །དེ་ནས་དཀྱིལ་འཁོར་བསྟན་པས་རིག་ལྔ་ཡེ་ཤེས་ཀྱི་ཞིང་ཁམས་རྟོགས་པའི་དགོས་པ་ཡོད་དོ། །དེ་ནས་དཀྱིལ་འཁོར་གྱི་རྣམ་དག་བཤད་པས་ལུས་བརྟེན་པ་དཀྱིལ་འཁོར་གཅིག་ཏུ་ཤེས་ཤིང་། ལྷའི་རྣམ་དག་བཤད་པས་རང་གི་ལུས་ལ་ཞི་ཁྲོའི་ལྷ་ཚོགས་ཡོད་པར་རྟོགས་ནས་རང་ལུས་འོག་མིན་གྱི་ཞིང་དུ་མཐོང་སྟེ། བཟའ་བཏུང་ཚོགས་ཀྱི་ཡོ་བྱད་དུ་ཤེས་པས་མྱུར་དུ་སངས་(༡༢༣)རྒྱས་འགྲུབ་པའི་དགོས་པ་ཡོད་དོ། །དེའང་མདོ་ཙམ་དུ་བརྗོད་ན། དཀྱིལ་འཁོར་འཇམ་ཞིང་སྲུབས་མེད་པ་ནི་སེམས་ཅན་དང་སངས་རྒྱས་ཡེ་ཤེས་སུ་གཅིག་པའོ། །མེ་རི་ཡེ་ཤེས་ལྔའི་རང་བཞིན་ནོ། །སྟོང་ཞིང་བདག་མེད་པས་རྡོ་རྗེའི་ཕྲེང་བའོ། །སྐྱོན་གྱིས་མ་གོས་པས་པདྨའི་ཕྲེང་བའོ། །ཐབས་དང་ཤེས་རབ་དག་པས་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་དག་པའི་དུར་ཁྲོད་བརྒྱད་དོ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྟགས་སུ་པཉྩ་རེ་ཁའི་རྩིག་པ་ལྔའོ། །རྣམ་པར་ཐར་པའི་ས་ནས་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་ཕྱིར་ཚད་མེད་པའི་སྒོ་བཞིའོ། །དྲན་པ་ཉེ་བར་བཞག་པ་བཞི་དག་པས་རྟ་བབས་བཞིའོ། །བྱམས་པ་ཆེན་པོ་མངའ་བས་གདུགས་དང་། སེམས་ཅན་ལ་ཆོས་ཀྱི་སྒོ་ཚད་མེད་པ་སྟོན་པས་འཁོར་ལོ་དང་། བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་རྣམ་པར་མི་རྟོག་པས་རི་དྭགས་དང་། འཕགས་པའི་ལོངས་སྤྱོད་ཚད་མེད་པས་རྒྱན་རྣམ་པ་སྣ་ཚོགས་དང་། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བས་རྒྱལ་མཚན་དང་། ཆོས་ཀྱི་སྒྲ་དབྱངས་མི་ཟད་པས་བ་དན་ཉི་ཤུ་རྩ་བཞི་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་འཁྲོལ་བ་དང་། ཡེ་ཤེས་རྣམ་པར་དག་པས་ཟླ་བ་རླུང་གིས་བསྐྱོད་པ་དང་། གདུང་བ་མེད་པས་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། སྒྲིབ་པ་མེད་པས་མེ་ལོང་གི་ཕྲེང་བ་དང་ལྡན་པའོ། །ཆེ་བའི་ཡོན་ཏན་ཚད་མེད་པས་རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུའོ། །འགྲོ་བ་སྐྱོབ་པས་མདའ་ཡབ་བོ། །ས་དང་ལམ་ཐམས་ཅད་མཐར་ཕྱིན་པས་རྩེ་མོའི་རིམ་པའོ། །དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ཐམས་ཅད་དུ་ཁྱབ་པའི་ཕྱིར་གཙང་ཁང་དུ་ཕྱུར་བུའོ། །སྙིང་པོ་ཡེ་ཤེས་ལྔ་དང་ལྡན་པས་རྡོ་རྗེ་རྩེ་ལྔ་པའི་ཏོག་གོ། །འདོད་དགུ་འབྱུང་བས་རྩེ་མོ་རིན་པོ་ཆེས་མཚན་པའོ། །འདོད་ཡོན་ལྔ་མི་སྤང་ཞིང་ཡེ་ཤེས་ཀྱི་རོལ་པར་འཆར་བས་ཕྱི་རོལ་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་བཅུ་དྲུག་གོ། །སྐུ་གསུམ་འདུ་འབྲལ་མེད་པས་ནང་མུ་ཁྱུད་རིམ་པ་གསུམ་མོ། །རིགས་ལྔའི་ཁ་དོག་ལྷུན་གྱིས་གྲུབ་པ་མཚོན་པའི་ཕྱིར་དབུས་དང་འདབ་མ་བཞི་མཐིང་ལ་དཀར་སེར་དམར་ལྗང་ངོ་། །ཡབ་ཡུམ་གཉིས་སུ་མེད་པའི་པདྨའི་མཚམས་བཞི་མཛེས་ཚོན་ནོ། །ཆོས་སྐུ་མུ་མཐའ་དང་བྲལ་བས་བུམ་པ་ལྔ་ཟླུམ་པོའོ། །ཡེ་ཤེས་ལྔ་ལྡན་དུ་ཡོད་པས་ཁ་དོག་ལྔའོ། །ཞི་བ་ལ་ཁྲོ་བོ་འོད་ཟེར་དུ་ཡོད་པས་ཁ་རྒྱན་དང་བཅས་པའོ། །གདོད་མའི་རིག་པ་འགྱུར་བ་མེད་(༡༢༤)པས་དེའི་གསེབ་ན་རྡོ་རྗེ་ཡོད་པའོ། །ཉོན་མོངས་པ་ལྔ་སྣང་ཡུལ་དུ་དག་པས་མགུལ་ཆིངས་ལྔ་དང་ལྡན་པའོ། །ཡེ་ཤེས་ལྔའི་ཐུགས་རྗེ་ཀུན་ཁྱབ་ཏུ་ཡོད་པས་གཟུངས་ཐག་ལྔ་སྦྲེལ་ལོ། །རིག་པ་སྟོང་གསལ་དྲི་མ་མེད་པས་ཤེལ་དང་མེ་ལོང་ཁ་རྒྱན་གྱི་གསེབ་ཏུ་བྱུང་བའོ། །སྒྲོན་མ་བཞི་དབྱིངས་སུ་འཁྱིལ་བའི་རྟགས་སུ་སྟེང་གི་རྨ་བྱའི་གདུགས་སོ། །བསྟན་པ་མི་ནུབ་པའི་ཕྱིར་ཟུར་བཞིར་རྒྱལ་མཚན་བཞིའོ། །སྙན་པའི་གྲགས་པ་སྒྲོགས་པས་ཕྱོགས་བཞིར་བ་དན་བཞིའོ། །དམ་ཅན་མཁའ་འགྲོ་མཉེས་པའི་ཕྱིར་ཚོགས་གཏོར་ཕུན་སུམ་ཚོགས་པའོ། །དབང་བསྐུར་བ་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་ཚང་བའི་ཕྱིར། གནས་དང་བླ་མ་ལ་སོགས་པའོ། །གཉིས་པ་ལྷའི་དག་པ་ནི་དབུས་རྣམ་པར་སྣང་མཛད་ལ་སོགས་པ་སོ་སོའི་སྐུ་མདོག་ལྔར་བྱུང་བ་ནི་ཉོན་མོངས་པ་ལྔ་མ་སྤང་གནས་སུ་དག་ཅིང་། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དགོངས་པ་འདུས་པའི་རྟགས་སོ། །ཡབ་ལྔ་ནི་ཕུང་པོ་ལྔ་དང་། ཡུམ་ལྔ་ནི་འབྱུང་བ་ལྔ་དག་ལ་ཟུང་སྦྱོར་ནི་འཁོར་བ་ཟིལ་གྱིས་གནོན་ཅིང་སྐྱོན་གྱིས་མ་གོས་པའི་བདེ་བ་ཆེན་པོར་རོ་གཅིག་པའོ། །སེམས་དཔའ་སེམས་མ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་དག་པའོ། །སྒོ་བ་ཡབ་ཡུམ་བཞི་ནི་དམིགས་པ་མེད་པའི་ཚད་མེད་པ་བཞིའོ། །ཐུབ་པ་དྲུག་ནི་འགྲོ་དྲུག་དབྱིངས་སུ་འདྲེན་ཅིང་། ཉོན་མོངས་པ་དྲུག་དག་པའི་རྟགས་སོ། །ཐམས་ཅད་སྐྱིལ་ཀྲུང་མཛད་པ་ནི། བདུད་ཀྱིས་མི་འཕྲོགས་ཤིང་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་བཞུགས་པའོ། །རྒྱན་སྣ་ཚོགས་པས་བརྒྱན་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟགས་སོ། །རིག་སྟོང་། གསལ་སྟོང་། ཤར་སྟོང་། བདེ་སྟོང་། སྣང་སྟོང་ཟུང་འཇུག་གི་རྟགས་སུ་རིགས་ལྔའི་ཕྱག་མཚན་སོ་སོར་མཛེས་པའོ། །སྣང་སྲིད་སྣ་ཚོགས་ཡེ་སྟོང་རྩ་བ་དང་བྲལ་བས་འཁོར་རྣམས་ནི་ཕྱག་མཚན་སྣ་ཚོགས་པའོ། །བུམ་དབང་གི་སྔོན་འགྲོའོ། །

གཉིས་པ་དངོས་གཞི་ལ་ལྷ་དང་ལས་ཀྱིས་འབྲེལ་བའི་དབང་། རིགས་ཀྱི་བདག་པོའི་དབང་། འདུ་འབྲལ་མེད་པ་ཀུན་ཏུ་བཟང་པོའི་དབང་། ཡེ་ཤེས་རྣམ་དག་ཆུའི་དབང་། དེ་ཉིད་མཚོན་པ་བརྡའི་དབང་། གཤིས་ཀྱི་ངོ་བོ་དོན་གྱི་དབང་། བརྟན་ཞིང་མཐར་ཕྱིན་དམ་ཚིག་གི་དབང་དང་བདུན་ལས། དང་པོ་ནི་ཀློང་གསལ་ལས། མཎྜལ་ཡོན་ཕུལ་གསོལ་བ་གདབ། །མེ་ཏོག་གང་ལ་(༡༢༥)ཕོག་པ་ཡིས། །རིགས་སྦྱོར་རིག་པའི་དབང་ལྔ་བསྐུར། །ཞེས་པས། སློབ་མས་གསོལ་བ་བཏབ་ནས། བླ་མས་མེ་ཏོག་གང་ལ་ཕོག་པ། ཞེས་པ་ལ་སོགས་པས་དབང་བསྐུར་བས་སོ་སོའི་སྔོན་ནས་འབྲེལ་བའི་ལྷ་མྱུར་དུ་འགྲུབ་ནས་དངོས་གྲུབ་འབྱུང་བའི་དགོས་པ་ཡོད་དོ། །

གཉིས་པ་ནི་ཀློང་གསལ་ལས། སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་དག་གི་དབང་བསྐུར་བྱ། །ཞེས་པས། སློབ་མ་རིགས་ལྔར་བསམས་ལ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ལ་སོགས་པས་དབང་བསྐུར་བས། དུག་ལྔ་དག་ཅིང་ཡེ་ཤེས་ལྔ་ཐོབ་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་རང་དབང་ཐོབ་པའི་ནུས་པ་འཇོག་པའི་དགོས་པ་ཡོད་དོ། །

གསུམ་པ་ནི། ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལ་སོགས་པས་དབང་བསྐུར་བས། ཐབས་ཤེས་རབ་གཉིས་སུ་མེད་ཅིང་། སྐུ་གསུམ་འདུ་འབྲལ་མེད་པས་ཚད་མེད་བཞིའི་སྒོ་ནས་ཡེ་ཤེས་ལྔས་སེམས་ཅན་གྱི་དོན་བྱེད་པའི་དགོས་པ་ཡོད་དོ། །

བཞི་པ་ནི་བུམ་པའི་ཆུས་དབང་བསྐུར་བས། ཉོན་མོངས་པ་ལྔ་དག །སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ། ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་གསལ་བའི་དགོས་པ་ཡོད་དོ། །

ལྔ་པ་ནི། བརྡའི་དབང་བསྐུར་བས། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་རང་གནས་རྟོགས་པའི་དགོས་པ་ཡོད་དོ། །

དྲུག་པ་ནི་དེ་ཉིད་ལས། དེ་ལྟར་བརྡ་ཡི་ངོ་སྤྲོད་ཀྱང་། །ལོགས་ན་ཡོད་པ་མ་ཡིན་ཏེ། །རང་གི་ལུས་སེམས་འདི་ལ་ཚང་། །ཞེས་པས། རང་ཉིད་ལས་རིག་པའི་ཡེ་ཤེས་ལྔ་ཚན་དུ་ངོ་སྤྲད་པས་སངས་རྒྱས་རང་ལ་ཡོད་པར་ཡིད་ཆེས་པའི་དགོས་པ་ཡོད་དོ། །དེའང་སྐུ་ལྔ་ཡེ་ཤེས་ལྔ་རིགས་ལྔ་རླུང་ལྔ་ཤེས་རབ་ལྔ་མཁའ་འགྲོ་ལྔར་ངོ་སྤྲད་པ་ནི་སྔར་བཤད་ཟིན་ཏོ། །

བདུན་པ་ནི། ཐལ་འགྱུར་ལས། དབང་བརྟན་པ་ཡི་དམ་ཚིག་བཤད། །དབྱེ་ན་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་པ་ལ་སོགས་པས། དམ་ཚིག་གིས་བསྲུང་མཚམས་འཆད་པར་འགྱུར་བ་རྣམས་བརྗོད་པས་སྔར་གྱི་སྡོམ་པ་རྣམས་མི་ཉམས་ཤིང་བརྟན་ལ། ཡོན་ཏན་གསར་དུ་སྐྱེ་བས་དངོས་གྲུབ་ཐམས་ཅད་འགྲུབ་པའི་དགོས་པ་ཡོད་དོ། །དབང་དངོས་གཞིའོ། །

གསུམ་པ་རྗེས་ལ་དགའ་སྟོན་བྱ་བ། བཀའ་བཞིན་བསྒྲུབ་པ། སྐྱོན་ཡོན་བསྟན་པ་གསུམ་ལས། དང་པོ་ཀློང་གསལ་ལས། དབང་བསྐུར་ཐོག་མ་ཐ་མ་རུ། །དགའ་སྟོན་མ་བྱས་དངོས་གྲུབ་མེད། །དགའ་སྟོན་ཆེན་པོས་མཆོད་པ་ཡིས། །བླ་མ་དང་ནི་དེ་ཡི་འཁོར། །དེ་བཞིན་རང་གི་རྡོ་རྗེ་སྤུན། །གཅིག་དང་གཉིས་དང་གསུམ་དག་ནས། །བརྒྱ་སྟོང་གྲངས་མེད་དག་ལ་ནི། །ཚོགས་ཀྱི་དགའ་བ་སུས་བྱས་པ། །སྟོན་མོ་ཡོན་དང་བཅས་པ་ཡིས། །རྣལ་འབྱོར་པ་རྣམས་མགུ་བྱས་ན། །ལེགས་པ་ཐམས་ཅད་འགྲུབ་པ་དང་། །ཉེས་པ་ཀུན་ལས་གྲོལ་བར་འགྱུར། །ཞེས་པ་དང་། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །རིན་ཆེན་གསེར་ནི་རང་ལུས་ཙམ། །བླ་མ་ལ་ཡང་ཡོན་དུ་དབུལ། །མན་ངག་ལུང་གི་སློབ་དཔོན་ལ། །ཁུ་བོ་ཕ་དང་མ་དང་མིག །བུ་དང་ཆུང་མ་ནོར་གྱི་མཆོག །སྒོ་གསུམ་ཟོལ་ཟོག་མེད་པ་ཡིས། །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །དེ་ལྟར་མ་བྱས་ན་སྔ་མ་ལས། བླ་མ་ཡི་དམ་མཁའ་འགྲོ་དང་། །མཆེད་གྲོགས་རྡོ་རྗེ་སྤུན་ལ་སོགས། །ཚོགས་མཆོད་ཡོན་གྱིས་མ་མཉེས་ན། །ནད་མང་ཚེ་ཐུང་བར་ཆད་འབྱུང་། །ཐུན་མོང་དངོས་གྲུབ་མེད་པ་དང་། །མཆོག་ལས་རིང་དུ་སོང་བ་དང་། །ཚེ་འཕོས་ཡི་དྭགས་སྐྱེ་བ་བརྒྱུད། །ཅེས་སོ། །དགོས་པ་ནི་ཐམས་ཅད་མཉེས་པས་དངོས་གྲུབ་ཐོབ་པའོ། །

གཉིས་པ་ཀློང་གསལ་ལས། བླ་མ་དང་ནི་དབང་མཆོག་གི། །གསུང་དང་གཞུང་ལས་འགལ་བ་ན། །ན་རག་སྡུག་བསྔལ་མྱོང་བར་འགྱུར། །ཞེས་པས། བཀའ་བཞིན་བསྒྲུབས་ན་མངོན་མཐོ་དང་། །ངེས་ལེགས་མྱུར་དུ་འགྲུབ་པའོ། །

གསུམ་པ་ལ་གཉིས་ལས། དེ་ལྟར་དབང་ཐོབ་པའི་ཡོན་ཏན་ནི་སྔར་ཡང་བསྟན་ལ། ཁྱད་པར་ཀློང་གསལ་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་དང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །ཞེས་སོ། །སྐྱོན་ནི་དེ་ཉིད་ལས། དཔེར་ན་ཞིང་ས་གཤིན་པོ་ལ། །སོ་ནམ་རིམ་པར་མ་བྱས་ན། །འབྲས་བུ་སྨིན་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །རྣལ་འབྱོར་དངོས་གྲུབ་ག་ལ་ཐོབ། །དབང་མེད་འཁོར་བའི་མཐའ་སྙེགས་ཏེ། །འདི་ཕྱིའི་བདེ་བ་ཐོབ་པ་མེད། །ཅེས་སོ། །མདོར་ན་ཐར་པའི་གྲོང་ཁྱེར་དུ་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །དེ་དག་གིས་བུམ་དབང་བསྟན་ཟིན་ཏོ། །

གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་ཚུལ་ལ། ཕྱི་ནང་གསང་བ་གསུམ་ལས། དང་པོ་(༡༢༧)ནི་རིགས་ལྔ་ཕྱི་ལྟར་སྒྲུབ་པ་སྟེ། ཀློང་གསལ་ལས། ལུས་ཀྱི་ཁྱབ་ཚད་ཐམས་ཅད་ལ། །ཕུང་པོ་ལྔ་ནི་རིགས་ལྔ་དངོས། །ཁམས་ལྔ་ཡུམ་ལྔ་ཉིད་དུ་གནས། །ཞེས་པས་བསྐྱེད་རྫོགས་གཉིས་ལས། དང་པོ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ལ། སྟོང་པའི་ངང་ལས་ཧཱུྃ་ལས་ཨེ་རྃ་ཡྃ་ཁྃ་ལྃ་འཕྲོས། འབྱུང་བ་ལྔ་རིམ་བརྩེགས་ཀྱི་སྟེང་དུ་ྃ་ལས་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་སེང་གེ་གླང་པོ་རྟ་མཆོག་རྨ་བྱ་ཤང་ཤང་ལྔའི་སྟེང་དུ་པདྨ་ཉི་ཟླ་ལ། ཨཱ་ཧཱུྃ་ཏྲཱྃ་ཧྲཱི༔ཨཱཿལྔ་ལས་འོད་འཕྲོས་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་གྱུར། སླར་འདུས་ཡོངས་སུ་གྱུར་པ་ལས། དབུས་དང་ཕྱོགས་བཞིར་རིགས་ལྔ་ཡབ་ཡུམ་དང་བཅས་པའི་མཚམས་བཞིར་སེམས་དཔའ་ཡབ་ཡུམ་བརྒྱད། ཕྱོགས་བཞིར་ཐུབ་པ་དྲུག་གི་བཞི། སྟེང་འོག་གཉིས་སུ་རེ་རེ། སྒོ་བཞིར་སྒོ་བ་ཡབ་ཡུམ་བཞི་བསྐྱེད་པའི་གནས་གསུམ་དུ་ཨཱ་ཨཱཿཧཱུྃ་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ལ་རང་ལ་ཐིམ་པར་བསྒོམས་ཏེ། ཨཱ་ཛི་ན་ཛིཀ །ལྃ་ཏེ་ཤྭ་ར་ཏི་སྟྭྃ། ཧཱུྃ་བཛྲ་ཌྷྲ྇ཀ །མཱུྃ་དྷརྟུ་ཤྭ་རཱི་སྟྭྃ། སྭཱ་རཏྣ་ཌྷྲ྇ཀ །མཱྃ་མོ་ཧ་ར་ཏི་སྟྭྃ། ཨཱྃ་ཨ་རོ་ལིག །པྱཱྃ་རཱ་ག་ར་ཏི་སྟྭྃ། ཧ་པྲཛྙཱ་ཌྷྲ྇ཀ །ཏཱྃ་བཛྲ་ར་ཏི་སྟྭྃ། ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཛཿཧཱུྃ་བྃ་ཧོཿསིདྡྷི་ཧཱུྃ་ཧཱུྃ་ཞེས་པ་བཟླས་པའི་འོད་ཟེར་སྙིང་ག་ནས་འཕྲོས་པས། སེམས་ཅན་ལ་ཕོག་པས་སྒྲིབ་པ་སྦྱངས་ནས་ལྷ་དང་ལྷ་མོར་དམིགས་ཏེ་ཅི་འགྲུབ་བཟླས་སོ། །

གཉིས་པ་རྫོགས་རིམ་ནི། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ལ་སྙིང་གའི་ས་བོན་མི་དམིགས་པ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ནས་བསྔོ་བ་བྱས་ལ། ལུས་ལ་བདེ་བ། ངག་ལ་ནུས་པ། སེམས་ལ་རྟོགས་པ་ཕྱོགས་མེད་དུ་འཆར། སྒྲིབ་པ་དག །རབ་ཚེ་འདིར། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་སངས་རྒྱའོ། །གཉིས་པ་ནང་ལྷར་སྒྲུབ་པ་ནི། ཀློང་གསལ་ལས། སྟོང་དང་སྣང་བ་ཀུན་བདག་ཉིད། །ཡབ་ཡུམ་འཁྲིལ་སྦྱོར་གཅིག་གི་ངང་། །ཞེས་པས། བསྐྱེད་རིམ་ནི་སྐད་ཅིག་དྲན་རྫོགས་ཀྱིས་རང་ཉིད་ཀུན་བཟང་ཡབ་ཡུམ་མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་གིས་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པའི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་མགྲིན་པར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། སྙིང་གར་རྣམ་པར་སྣང་མཛད་ཡབ་ཡུམ། ལྟེ་བར་སྣང་བ་མཐའ་ཡས་ཡབ་ཡུམ། གསང་བར་དོན་ཡོད་གྲུབ་པ་ཡབ་ཡུམ། (༡༢༨)ཚོགས་བརྒྱད་ལ་སེམས་དཔའ་ཡབ་ཡུམ་བརྒྱད། ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་བཞི་བསྐྱེད་ལ། ཨཱ་ཨཱཿཧཱུྃ། ཨཱ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿསིདྡྷི་ཕ་ལ་ཧཱུྃ་ཛཿཞེས་བཟླས་སོ། །རྫོགས་རིམ་ནི། བདག་དང་སྣང་སྲིད་ཐམས་ཅད་ཡེ་ནས་དག་པའི་འོད་གསལ་སྣང་ལ་རང་བཞིན་མེད་པའི་ངང་དུ་ལུས་ལྷ། ངག་སྔགས། སེམས་སྟོང་གསལ་ཆོས་ཉིད་ལས་མི་འདའ་ཞིང་། སེམས་ཅན་ལ་བྱམས་སྙིང་རྗེ་བསྐྱེད་པའོ། །ཡོན་ཏན་ནི་ཚེ་འདིར་བསམ་པ་ཐམས་ཅད་འགྲུབ་ཅིང་ཕྲིན་ལས་ཐོགས་པ་མེད་པས། ཕྱི་མ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་སེམས་ཅན་གྱི་དོན་བྱེད་པའོ། །

གསུམ་པ་གསང་བ་ལྟར་སྒྲུབ་པ་ལ་ཐབས་ཤེས་རབ་གཉིས་སུ་མེད་པ་གསུམ་ལས། དང་པོ་ནི། སྐད་ཅིག་གིས་བདག་ཉིད་རྡོ་རྗེ་ཕག་མོ། དམར་མོ་ཁྲོ་ཞལ་སྤྱན་གསུམ་ཕག་ཞལ་མཐིང་གས་སྤྱི་གཙུག་བརྒྱན་པ། གཡས་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བརྐྱངས་པའི་བརླ་ལ་གཡས་བསྐུམས་པའི་མཐེ་བོང་གཏད་པ། གྲུ་མོ་ན་ཁ་ཊྭཱྃ་དང་མེ་ལོང་དྲིལ་བུའི་སྒྲ་འཁྲོལ་བ། པདྨ་དང་ཉི་ཟླ་རོའི་སྟེང་མེ་རི་འབར་བའི་ནང་ན་བཞུགས་པའི་སྤྱི་བོར། རྡོ་རྗེ་ཌཱ་ཀི་མ་དཀར་མོ་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག །མགྲིན་པར་རིན་ཆེན་ཌཱ་ཀི་མ་སེར་མོ་གཡས་རིན་པོ་ཆེས་ཡུ་བ་བྱས་པའི་གྲི་གུག །སྙིང་གར་ཆོས་དབྱིངས་ཌཱ་ཀི་མ་སྔོན་མོ་གཡས་འཁོར་ལོས་ཡུ་བ་བྱས་པའི་གྲི་གུག །ལྟེ་བར་པདྨ་ཌཱ་ཀི་མ་དམར་མོ་གཡས་པདྨས་ཡུ་བ་བྱས་པའི་གྲི་གུག །གསང་བར་ལས་ཀྱི་ཌཱ་ཀི་མ་ལྗང་གུ་གཡས་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་། གཡོན་པ་ཀུན་ཐུགས་ཀར་ཐོད་པ་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ཀ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྙིང་གར་རང་རང་གི་ས་བོན་ལ་ཧ་རི་ནི་ས་བཞི་བཞིས་བསྐོར་བའི་འོད་ཀྱིས་སྣང་སྲིད་ཐམས་ཅད་ལྷ་དང་ལྷ་མོར་བསམས་ལ་རང་ལ་བསྟིམ་ཞིང་། ཨཱ་ཨ་ཧ་རི་ནི་ས་བུདྡྷ་ཌཱ་ཀི་ནི་ཧཱུྃ་ཛཿ དེ་བཞིན་དུ་བཛྲ། རཏྣ། པདྨ། ཀརྨ་ཌཱ་ཀི་ནི་ཧཱུྃ་ཛཿཞེས་བཟླས་པས། སྣང་སྲིད་དབང་དུ་འདུས་པར་བསྒོམ་མོ། །རྫོགས་རིམ་ནི་དེ་དག་སྤྲོས་བྲལ་གྱི་ངང་ལ་བཞག་གོ། །ཟས་ནོར་ཆར་བཞིན་འབབས། དངོས་གྲུབ་གང་འདོད་འོངས། སྐྱེ་བོ་སྤྲིན་བཞིན་འདུའོ། །

གཉིས་པ་ཤེས་རབ་ལྟར་སྒྲུབ་པ་ནི། སྐད་ཅིག་དྲན་རྫོགས་ཀྱིས་རང་ཉིད་རྡོ་རྗེ་ཕག་མོ་གོང་དང་འདྲ་བའི་སྤྱི་བོར་རྩ་འདབ་སུམ་བརྒྱ་དྲུག་(༡༢༩)ཅུ་ལ་རྡོ་རྗེ་རིགས་ཀྱི་དཔའ་བོ་ཡབ་ཡུམ། མགྲིན་པར་རྩ་འདབ་བཅུ་དྲུག་ལ་རིན་ཆེན་རིགས། སྙིང་གར་རྩ་འདབ་སུམ་ཅུ་རྩ་གཉིས་ལ་ཆོས་དབྱིངས་རིགས། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ལ་པདྨའི་རིགས། གསང་བར་རྩ་འདབ་ཉི་ཤུ་རྩ་བརྒྱད་ལ་ལས་ཀྱི་རིགས་ཀྱི་དཔའ་བོ་ཡབ་ཡུམ། སྐུ་མདོག་ཕྱག་མཚན་སྔ་མ་ལྟར་བསྒོམ་ལ། རླུང་ཁ་སྦྱར་ཏེ། ལྷ་རྣམས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གསུམ་དབང་དུ་བསྡུས། ཟས་ནོར་གྱི་ཆར་ཕབ་པར་བསྒོམ་ལ། ཨཱ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ། དེ་བཞིན་དུ། ཨཱ་བུདྡྷ་ཌཱ་ཀི་ནི། བཛྲ། རཏྣ། པདྨ། ཀརྨ་ཌཱ་ཀི་ནི་ར་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ། ཞེས་བཟླས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བཀུག་པར་བསམ་ལ་བཟླས་སོ། །རྫོགས་རིམ་ནི་སྣང་སྲིད་གཟུགས་སུ་གྱུར་ཚད་དཔའ་བོ་དཔའ་མོ། སྒྲ་ཐམས་ཅད་ཧ་རི་ནི་ས། དྲན་རིག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ལམ་དུ་བྱའོ། །རྡོ་རྗེ་མཁའ་འགྲོའི་དམ་ཚིག་ཏུ། །སེམས་ཅན་ཀུན་ལ་བྱམས་པ་སྒོམས། །རིན་ཆེན་མཁའ་འགྲོའི་དམ་ཚིག་ཏུ། །ཆགས་ཞེན་མི་བྱ་སྦྱིན་པ་གཏོང་། །པདྨ་མཁའ་འགྲོའི་དམ་ཚིག་ཏུ། །བུད་མེད་མི་སྤང་བདེ་སྟོང་སྒོམས། །ལས་ཀྱི་ཌཱ་ཀིའི་དམ་ཚིག་ཏུ། །ཤུགས་འབྱུང་རང་གའི་སྤྱོད་པ་སྐྱོངས། །དེ་ལྟར་བྱས་པའི་ཡོན་ཏན་ནི། །རྡོ་རྗེ་མཁའ་འགྲོས་ཞི་བ་འགྲུབ། །རིན་ཆེན་པདྨ་ལས་གསུམ་གྱིས། །རྒྱས་པ་དབང་དང་མངོན་སྤྱོད་འགྲུབ། །རྡོ་རྗེ་ཕག་མོའི་དམ་ཚིག་ཏུ། །ཆོས་ཉིད་བདེ་ཆེན་རོལ་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །

གསུམ་པ་གཉིས་མེད་ལྟར་སྒྲུབ་པ་ནི། ཀློང་གསལ་ལས། སྟོང་གསལ་རིག་པའི་ཡེ་ཤེས་ལྔ། །ཐབས་ཤེས་ཟུང་འཇུག་ངང་ཉིད་དངོས། །ཞེས་པས། གང་ཤར་ཆོས་ཉིད་ཀྱི་རོལ་པ། ཐུགས་ཕྲད་ཤུགས་འབྱུང་གི་སྤྱོད་པ། རེ་དོགས་གཉིས་མེད་ཀྱི་འབྲས་བུ་རང་ཤར་རང་གྲོལ་ཆེན་པོར་ལམ་དུ་བྱ་བ་ནི། ལྟ་བའི་སྙིང་པོ་སྟོང་གསལ་འགྱུར་མེད་ལྟོས། །སྒོམ་པའི་སྙིང་པོ་རང་གྲོལ་འཛིན་མེད་སྐྱོངས། །སྤྱོད་པའི་སྙིང་པོར་ཚོགས་དྲུག་ལྷུག་པར་ཞོག །འབྲས་བུའི་སྙིང་པོར་རེ་དོགས་ཞིག་པ་ཡིན། །མུ་མཐའ་བྲལ་ན་ལྟ་བའི་རྒྱལ་པོ་མཆོག །གཟའ་གཏད་བྲལ་ན་སྒོམ་པའི་རྒྱལ་པོ་མཆོག །བླང་དོར་བྲལ་ན་སྤྱོད་པའི་རྒྱལ་པོ་མཆོག །ཡེ་བཞིན་རྟོགས་ན་འབྲས་བུའི་རྒྱལ་པོ་མཆོག །རྟོགས་སུ་མེད་ཀྱི་ལྟ་བའི་དམིགས་གཏད་ཤོལ། །བསྒོམ་(༡༣༠)དུ་མེད་ཀྱི་གང་བྱུང་གང་བདེར་ཐོང་། །སྤྱོད་དུ་མེད་ཀྱི་ཤུགས་འབྱུང་རྩིས་གདབ་མེད། །ཐོབ་ཏུ་མེད་ཀྱི་ཡེ་བཞིན་ལྷུན་གྱིས་གྲུབ། །འདི་ཡིན་མེད་ཀྱི་ཆེད་འཛིན་མ་བྱེད་ཅིག །གང་ཡིན་ཡིན་གྱི་སྤང་བླང་མ་བྱེད་ཅིག །གཟའ་གཏད་མེད་ཀྱི་རེ་དོགས་མ་བྱེད་ཅིག །ཡིན་མིན་མེད་ཀྱི་ཕྱོགས་འཛིན་མ་བྱེད་ཅིག །སྣ་ཚོགས་ཡུལ་རྣམས་ཀུན་ལ་ཕར་ལྟོས་དང་། །སྣང་ཞིང་སྲིད་པ་ཐམས་ཅད་གཟུགས་བརྙན་འདྲ། །སྣང་སྟོང་གྲགས་སྟོང་རང་བཞིན་ངོ་བོས་སྟོང་། །དེ་གཉིས་འབྱེད་པའི་སེམས་ལ་ཚུར་ལྟོས་དང་། །དྲན་སྟོང་རིག་སྟོང་ཚོར་སྟོང་བདེན་པས་སྟོང་། །ཇི་བཞིན་གཉུག་མ་ཡེ་བཞིན་ཆོས་ཉིད་དང་། །སྐྱེ་མེད་སྤྲོས་བྲལ་སྤྲོས་ཀུན་ཞི་བ་ཉིད། །ཅེས་པ་ནི་སྙིང་པོ་ཡེ་ཤེས་ཀྱི་རིགས་ལྔ་གསང་བར་སྒྲུབ་པའོ། །མདོར་ན་བསྐྱེད་རྫོགས་ཟུང་འཇུག་གི་དོན་སྒོམ་པ་ནི་བུམ་དབང་གི་དེ་ཁོ་ན་ཉིད་རྒྱུད་ལ་བརྟེན་པའོ། །

གཉིས་པ་སྤྲོས་མེད་གསང་བའི་དབང་ལ། གསང་དབང་མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་ཇི་ལྟར་བརྟེན་པའི་ཐབས་གཉིས་ལས། དང་པོ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་དུས་དང་ཡོ་བྱད་ཀྱི་ཁྱད་པར། ཕྱག་རྒྱ་དབུལ་ཞིང་གསོལ་བ་གདབ་པ། བྱིན་དབབ་ཅིང་རང་ལུས་དཀྱིལ་འཁོར་དུ་ངོ་སྤྲད་པ་གསུམ་ལས། དང་པོ་ནི་དབང་བཞི་ཞག་སོ་སོར་དབྱེ་ན། སྲོད་ལ་དཀྱིལ་འཁོར་གྱི་ལྷོར་གསང་དབང་། གུང་ལ་ཤེས་རབ་ཡེ་ཤེས། ཐོ་རངས་ཚིག་དབང་བསྐུར་ལ། ཞག་གཅིག་ལ་བྱེད་ན་སྔོན་འགྲོ་ཞག་གཅིག་གི་སོང་ནུབ་སྲོད་ལ་དཀྱིལ་འཁོར་གྱི་ཤར་དུ་བུམ་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །ཞི་བའི་ཕྲིན་ལས་འགྲུབ། གུང་ལ་ལྷོར་གསང་དབང་བསྐུར་བས་ངག་གི་སྒྲིབ་པ་དག །རྒྱས་པའི་ཕྲིན་ལས་འགྲུབ། ཐོ་རངས་ནུབ་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག །དབང་གི་ཕྲིན་ལས་འགྲུབ། ཉི་མ་རྩེ་ཤར་ལ་བྱང་དུ་ཚིག་དབང་བསྐུར་བས་ཤེས་སྒྲིབ་དག །དྲག་པོའི་ལས་འགྲུབ། སྦྱོར་སྒྲོལ་གྱི་དགོངས་པ་མཐར་ཕྱིན་ཏོ། །གཉིས་པ་ནི་གསེར་གྱི་མཎྜལ་འབུལ་བ་ལ་སོགས་པའོ། །གསུམ་པ་ནི་ཕྱག་རྒྱ་དབུལ་བས་བདེ་ཆེན་གསང་བའི་དབང་མྱུར་དུ་ཐོབ་པའི་དགོས་པ་ཡོད་དོ། །བཞི་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཉོན། །ལ་སོགས་པས་བྱིན་ཕེབས་ནས་སྣོད་དུ་རུང་ལ། རང་ལུས་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ངོ་སྤྲད་པས། གནས་ལུགས་ཀྱི་དགོངས་པ་རང་ལ་ཡོད་པར་(༡༣༡)གོ་བའི་དགོས་པ་ཡོད་དོ། །དེའང་ཀློང་གསལ་ལས། འབྱུང་བའི་གདངས་ལས་གྲུབ་པ་ཡི། །ལུས་འདི་བདེ་གཤེགས་ཕོ་བྲང་ཉིད། །རིགས་ལྔ་ཡབ་ཡུམ་ལྔ་ཡི་གནས། །ཕུང་ཁམས་སྐྱེ་མཆེད་ལྷ་ཡི་སྐུ། །ཞེས་པས། རང་གི་རིག་པ་འདི་འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན་འོད་གསལ་བདེ་བ་ཆེན་པོར་བཞུགས་པ་ལས། རང་ངོ་མ་ཤེས་པས་རང་རིག་འབྱུང་བའི་སྦུབས་སུ་ཚུད་ཀྱང་། ད་ལྟ་སངས་རྒྱས་ཀྱི་ཕོ་བྲང་དངོས་ཡིན་ཏེ། འཁོར་ལོ་ལྔ་ན་མཁའ་འགྲོ་ལྔ་ལྷུན་གྲུབ་ཏུ་བཞུགས། ཕུང་པོ་ཐམས་ཅད་དཔའ་བོ། ཁམས་ཐམས་ཅད་དཔའ་མོ། སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་ཡེ་ནས་གནས་སོ་ཞེས་པའོ། །སློབ་མས་བླ་མའི་གནས་ལྔ་གང་རུང་དུ་མེ་ཏོག་དོར་ལ་བླ་མས་ངོ་སྤྲད་པས་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་གང་ཐོག་མར་འགྲུབ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་དངོས་གཞི་ནི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་གསང་བའི་དབང་བསྐུར་བས། ངག་གི་སྒྲིབ་པ་དག །གཏུམ་མོ་ཙཎྜ་ལི་བསྒོམ་པའི་དབང་ཐོབ་པའོ། །དེའང་གསང་འདུས་ལས། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོའི་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་པའི་དོན་ནི། བླ་མ་ཆགས་བྲལ་ཡིན་ན་ཡིད་ཀྱི་རིག་མ་ལ་བརྟེན་ལ། ཆགས་ཅན་ཡིན་ན་དངོས་ཀྱི་རིག་མ་ལ་བརྟེན་ཏོ། །གསུམ་པ་མཇུག་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ལ་སོགས་པས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བརྟེན་པར་གདམས་པ་སྟེ་ཁམས་འཕེལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་ཤིང་ཕྱི་ནང་གི་མཁའ་འགྲོ་མཉེས་པའི་དགོས་པ་ཡོད་དོ། །

གཉིས་པ་གསང་དབང་རྒྱུད་ལ་ཇི་ལྟར་བརྟེན་པ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དམ་རྫས་རྣམས་བརྟེན་པ་ཡིན་ནོ། །གཉིས་པ་ནི་མཁའ་འགྲོའི་གཏུམ་མོ་བསྒོམ་པ་སྟེ། དེའང་སྟན་བདེ་བ་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། རང་ཉིད་རྡོ་རྗེ་ཕག་མོར་བསྐྱེད་ལ། འཁོར་ལོ་ལྔའི་རྩ་འདབ་དང་། དབུས་རོ་རྐྱང་ཀུནྡྷརྨ་གསུམ་གསལ་བཏབ་སྟེ། རླུང་རོ་གསུམ་ཕྱིར་བུས་ལ། འཇམ་རླུང་དལ་བུས་རིང་བར་ནང་དུ་དྲངས་པ་རྩ་གཉིས་ནས་དབུ་མར་སོང་བས་རྒྱུ་མ་(༡༣༢)ཕུས་བཏབ་པ་བཞིན་སོང་བའི་རླུང་གིས། ལྟེ་བ་ནས་གསང་བར་སྦུད་པ་ལྟར་བུས་པས། ལྟེ་བའི་འོག་ནས་ཨཿཤད་དམར་མོ་མར་མེ་ཙམ་པ་ལ་ཕོག་པས་མེ་འབར་བས་ལྟེ་བའི་པདྨ་ཌཱ་ཀི་ཡབ་ཡུམ་ལ་ཕོག་པས། སྦྱོར་མཚམས་ནས་ཐིག་ལེའི་རྣམ་པ་བྱུང་བས་གསང་བར་བབས་པས། བདེ་སྐྱོང་འཁོར་ལོ་གང་བར་བསྒོམས་པས་གསང་བ་དང་། ལྟེ་བར་དྲོད་སྐྱེས་པ་དང་། འཁོར་ལོ་གོང་མ་རྣམས་སུའང་དེ་ལྟར་བསྒོམ། ཕྱི་ནང་ཐམས་ཅད་མེ་འུར་འུར་འབར་བར་བསྒོམ་ལ་རླུང་ཁ་སྦྱར་ཏེ། ཐུབ་ཐང་བཟུང་ལ་གཏོང་དུས་རྫོགས་པར་མི་བཏང་བར་ལྷག་མ་ནང་དུ་གཟུང་ལ་བརྔུབས་པས་ནང་དུ་སྔ་མ་བཞིན་དགང་། དེ་ལྟར་བརྩོན་པས་ཞག་བཅུ་གཅིག་ན་རྩ་ཁ་བྱེ་ནས་ཁྲག་དྲོས། བདེ་བ་གཡོས་ནས། ལུས་ལ་བདེ་དྲོད་མེ་ལྟར་འབར་ཞིང་སེམས་ལ་རྟོགས་པ་ནམ་མཁའ་ལྟར་ཡངས་ཏེ་དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུས་ནས་དངོས་གྲུབ་སྣ་ཚོགས་ཆར་བཞིན་འབབ་བོ། །གསང་དབང་བསྟན་ཟིན་ཏོ། །

གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ལ། མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་བརྟེན་པའི་ཐབས་གཉིས་ལས། དང་པོ་ཀློང་གསལ་ལས། ཡིད་སྒྲིབ་དག་དང་ནུས་ལྡན་ཕྱིར། །དེ་ལ་དེ་ཡི་ནུབ་ཕྱོགས་སུ། །དུས་ནི་ནམ་ཕྱེད་དུས་དག་ཏུ། །གསུམ་པའི་ཕྱག་རྒྱ་མཚན་ལྡན་མ། །ཁྲུས་བྱས་རྒྱན་གྱིས་སྤྲས་པ་བཞག །ཅེས་པས། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་ཡོན་དབུལ་ཞིང་གསོལ་བ་གདབ་པ། དམ་ཚིག་སྦྱིན་ཞིང་ཁས་བླངས་པ། གདོང་གཡོགས་བཅིངས་དགྲོལ་ཡེ་ཤེས་དབབ་པ། གུས་པ་བསྐྱེད་ནས་ཡུམ་མཁའ་ངོ་སྤྲད་པ་དང་བཞི་ལས། དང་པོ་ནི་མཎྜལ་ཕུལ་ལ། ཀྱེ་ཀྱེ་བཅོམ་ལྡན་བདེ་ཆེན་ཆོས་ཀྱི་དབྱིངས། །ལ་སོགས་པས་གསོལ་བ་གདབ་བོ། །དགོས་པ་ནི་ཟབ་མོའི་དེ་ཉིད་གནང་བར་འགྱུར་རོ། །གཉིས་པ་ནི། བླ་མས། ཀྱེ་མ་གསང་བ་ཤེས་རབ་ཡེ་ཤེས་ཀྱི། །ལ་སོགས་པས་བྱིན་ལ། སློབ་མས་ཁས་བླངས་པས་དམ་ཚིག་ལ་གནས་པའི་དགོས་པ་ཡོད་དོ། །གསུམ་པ་གདོང་གཡོགས་བཅིངས་པ་ནི། སྔར་གསང་བ་མ་མཐོང་བར་མཚོན་ལ། བྱིན་ཕབ་པས་ཡེ་ཤེས་འཇུག་ཅིང་། གདོང་གཡོགས་ཕྱེ་བས་ཟབ་མོའི་དེ་ཉིད་མཐོང་བར་བྱེད་པའོ། །བཞི་པ་ཕྱག་དང་། བསྐོར་བ་དང་། མེ་ཏོག་གིས་ཡུམ་མཉེས་པར་བྱས་ཏེ། བླ་(༡༣༣)མས་ཡུམ་མཁའ་ངོ་སྤྲད་པས། སངས་རྒྱས་ཐམས་ཅད་ཀྱི་གསང་དོན་ཟབ་མོའི་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །དེའང་ཀློང་གསལ་ལེའུ་བརྒྱད་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྷ་གའི་དབྱིངས་ནས་རང་བྱུང་སྟེ། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཉིད། །བྷ་ག་གསང་སྔགས་ཀུན་གྱི་གནས། །བདེ་ཆེན་ཡེ་ཤེས་འབྱུང་བ་ཡིན། །འདི་ཉིད་མ་བརྟེན་ཐབས་གཞན་མེད། །ཐབས་ཀྱི་རྒྱུད་ཀྱིས་གྲོལ་བ་ཡིན། །བདེ་ཆེན་འདི་བརྟེན་གྲོལ་བ་ཐོབ། །ཡང་དག་སངས་རྒྱས་འདི་ལས་བྱུང་། །ཞེས་པས། གསང་སྔགས་ཀྱི་ལམ་ནི་ཟབ་མོ་ཐབས་ཀྱིས་གྲོལ་བ་ཡིན་ལ། ཐབས་ཀྱི་མཆོག་ནི་བདེ་བ་ཆེན་པོ་བསྒོམ་པ་སྟེ། དེའི་འབྱུང་གནས་ནི་ཡུམ་ལས་འབྱུང་ལ། ཡུམ་གྱི་ལུས་ཀྱི་རང་བཞིན་བྷ་ག་ཡེ་ཤེས་ཀྱི་མཁའ་དབྱིངས་ཆེན་པོ་འདི་ཉིད་ལ་གུས་པས་བརྟེན་པར་མཛོད་ཅིག །བུད་མེད་ཐམས་ཅད་ལ་དཔའ་མོའི་བློས་དངོས་སམ་ཡིད་ཀྱིས་ཕྱག་དང་བསྐོར་བ་ལ་སོགས་པ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀློང་གསལ་ལས། བུད་མེད་བརྙས་ཤིང་མཁའ་ལ་གཤེ། །བདེ་དང་བྲལ་ན་ན་རག་སྤྱོད། །ཅེས་གསུངས་སོ། །ཞེས་ཆེ་བ་བརྗོད་པ་ཡིན་ནོ། །

གཉིས་པ་དངོས་གཞི་ལ། མཁའ་གསང་བསྟན་ཞིང་བྱིན་གྱིས་བརླབ་པ། སྦྱོར་བས་བསྐུལ་ཞིང་བདེ་བ་སྦར་བ། ཡེ་ཤེས་ཆེན་པོར་ངོ་སྤྲད་པ་གསུམ་ལས། དང་པོ་ནི་ཡུམ་དེས། ཧཱུྃ་ང་ཡི་བྷ་ག་གསང་ཆེན་འདི། །ལ་སོགས་པས་ཆོས་འབྱུང་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་བྱེད་དུ་མཚོན་ལ། བྱིན་གྱིས་བརླབས་པས་ཐ་མལ་དུ་མི་འགྱུར་བའི་དགོས་པ་ཡོད་དོ། །གཉིས་པ་ནི་ཡབ་ཡུམ་སྙོམས་པར་ཞུགས་ཏེ་དྭངས་མ་གསང་བར་བབས་དུས། གང་དུའང་འཛིན་པ་མེད་པས་བདེ་བ་མ་ཕེབས་ཀྱི་བར་དུ་སྤྱོད་ཅིང་སྙོམས་པར་ཞུགས་པས་ཡེ་ཤེས་ཀྱི་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །གསུམ་པ་ནི། གསང་བར་དྭངས་མ་བབས་པས་རྡོ་རྗེ་ནོར་བུ་ནས་པདྨའི་ཁྱམས་སུ་སྐད་ཅིག་དང་པོར་ཤོར་དུས། གཟུང་འཛིན་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ནུབ་སྟེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་སུ་མེད་པའི་ངང་ལ་མཉམ་པར་གནས་པའི་དོན་ངོ་སྤྲད་པས། སྡུག་བསྔལ་ཐམས་ཅད་བདེ་བར་ཤར་ནས་བདེ་བ་སྟོང་པར་ངོ་འཕྲོད་པས་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྒྱུན་དུ་གནས་པའི་དགོས་པ་ཡོད་དོ། །དེ་ལྟར་(༡༣༤)ངོས་ཟིན་ནས་རང་ལུས་ཐབས་ལྡན་ནམ། གཞན་ལུས་ཤེས་རབ་གང་ལ་བརྟེན་ཡང་དྭངས་མ་མཉམས་པས་བདེ་སྟོང་གི་དོན་ལ་ཡེ་སྟོང་གི་རྩིས་བཟུང་ནས་བསྐྱངས་པས་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་ངོ་། །

གསུམ་པ་རྗེས་ནི། ལས་ཀྱི་ཕྱག་རྒྱ་བརྟེན་དུ་རུང་བ་དང་། ཡིད་ཀྱི་སྒྲིབ་པ་འདག་པ་དང་། སྲིད་པ་གསུམ་དབང་དུ་འདུ་བ་དང་། བདེ་བ་ཆེན་པོའི་སྐུ་འགྲུབ་པས་བདེ་སྟོང་བསྒོམ་ལ། དེ་དང་མཐུན་པའི་དམ་རྫས་བརྟེན་ཅིག་ཅེས་པའོ། །

གཉིས་པ་དེ་ཉིད་རྒྱུད་ལ་ཇི་ལྟར་བརྟེན་པའི་རིམ་པ་ལ། སྔོན་འགྲོ་དངོས་གཞི་རྗེས་རྣམ་པ་གསུམ་ལས། དང་པོ་ལ་ཕྱག་རྒྱ་བརྟག་པ། དགུག་པ། བསྒྱུར་བ། སྨིན་པར་བྱ་བ་བཞི་ལས། དང་པོ་ལ་སྤྱིར་བརྟག་པ་དང་། བྱེ་བྲག་ཏུ་བརྟག་པ་གཉིས་ལས། དང་པོ་ལ་གསུམ་ལས། བཅུ་གཉིས་མ་ནི། སྒྱུ་འཕྲུལ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་སོ། །བཅུ་དྲུག་མ་ནི། མཚན་བརྗོད་ལས། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་སོ། །ཉི་ཤུ་མ་ནི། རྣམ་པ་ཉི་ཤུའི་བྱང་ཆུབ་པ། །ཞེས་པས། མཆོག་ཏུ་བསྔགས་པའོ། །གཉིས་པ་སྤང་བྱའི་མཚན་ཉིད་དང་། ལྡན་བྱའི་མཚན་ཉིད་གཉིས་ལས། དང་པོ་ཀློང་གསལ་ལས། དད་དང་ངོ་ཚ་མེད་པ་དང་། །རིགས་དང་རང་བཞིན་ཉམས་པ་སྤང་། །ཞེས་པས། དད་པ་མེད་པ་དང་། ངོ་ཚ་དང་ཁྲེལ་མེད་པ་དང་། རིགས་ལྔའི་མཚན་ལྟས་བཟང་པོ་ཉམས་པ་དང་། རང་བཞིན་ངན་ལ་རྩུབ་པ། སྒོ་གསུམ་རྣམ་པར་མི་དགེ་བའོ། །ཡང་དེ་ཉིད་ལས། རྩ་ཞིག་རྩ་ཞ་རྩ་གུད་གསུམ། །བདེ་བ་མེད་པས་སྤང་བར་བྱ། །ཞེས་པས། རྩ་ཞིག་ནི། བུ་ཚ་སྐྱེས་པ་སྟེ་རུས་ཚུགས་བྱེ་ཞིང་ལྷོད་པའོ། །ཞ་བ་ནི་ནད་གཅོང་ལ་སོགས་པས་གཏར་སྲེག་བྱས་པས་བདེ་བའི་ལམ་ཉམས་པའོ། །གུད་པ་ནི་ལས་དྲག་པོ་དང་། མྱ་ངན་དང་། ཟས་བཅུད་མེད་བརྟེན་པ་ལ་སོགས་པས་བདེ་བ་སྟེར་མི་ནུས་སོ། །ཡང་མ་སྨིན་ཡལ་དང་ཟད་པ་དང་། །ཆུང་དང་ཉམས་དང་སྐྱོན་ཅན་སྤང་། །ཞེས་པས། མ་སྨིན་པ་ནི་ཁམས་ནར་མ་རྫོགས་པ་ལོ་བཅུ་མན་ཆད་པའོ། །ཡལ་བ་ནི་དྭངས་མ་ཟག་ནས་མེད་པ་སྟེ་སུམ་ཅུ་ལ་སོགས་པ་ཡན་ཆད་དོ། །ཟད་པ་ནི་བུ་ཚ་སྐྱེས་པའམ་ཟས་མེད་པ་ལ་སོགས་པས་ཁམས་ཉམས་པའོ། །ཆུང་བ་ནི་ཁམས་ཉུང་བའི་བུད་མེད་ཀྱི་རིས་ཅན་བདེ་བ་ཤས་ཆུང་བའོ། །ཉམས་པ་ནི་ཁམས་ཟག་པའོ། །(༡༣༥)སྐྱོན་ཅན་ནི་ནད་བུ་ཡོད་པའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་མ་ཚང་བ་སྤང་ལ་ཚང་བ་བརྟེན་ནོ། །

གཉིས་པ་ལ་མཚན་ཉིད་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི་སློབ་དཔོན་གྱིས་རྡོ་རྗེ་ཆུ་འདྲེན་དུ་གསུངས་པ། བུ་མོ་ཡིད་འོང་དད་པ་ཅན། །བདེ་ཆེན་རྒྱུན་གནས་བཅུ་དྲུག་ཡུམ། །བོངས་འཚམས་སོ་ཚགས་དམ་པ་དང་། །སྐྲ་སེར་ནུ་མ་གཏིང་ཕྲ་མ། །སྐེད་ཕྲ་ཤ་འཇམ་སྐད་སྙན་ཞིང་། །སྙིང་རྗེ་བློ་ཆེ་རྒྱུད་དུལ་ཞིང་། །རང་ལ་མོས་ཤིང་དྲི་ཞིམ་པ། །རིགས་ལྔའི་མདོག་ལ་མདངས་དང་ལྡན། །བྷ་ག་རུབ་ཅིང་བདེ་བ་ཆེ། །དེ་ལྟ་བུ་ལ་བདེ་བ་བླང་། །ཞེས་པ་དང་། ཀློང་གསལ་ཉི་མའི་རྒྱུད་ལས། ཕྱི་ནང་གསང་བའི་རྟགས་ཚང་ཞིང་། །དྲི་ཞིམ་སྐད་སྙན་ཡིད་འོང་མཛེས། །བདེ་བའི་མདངས་ལྡན་ཆོས་ལ་མོས། །གསང་ཐུབ་ཤེས་རབ་ཆེ་བའོ། །ཞེས་པས། ཕྱི་ལུས། ནང་རྩ། གསང་བ་སེམས་ཀྱི་རྟགས་གསུམ་ཚང་བ་སྟེ། དེའང་ལུས་འདི་ལང་ཚོ་དར་ལ་བབས་པ། ལོ་བཅུ་གཉིས་སམ་བཅུ་དྲུག་ནས་ཉི་ཤུ་རྩ་བརྒྱད་ཀྱི་བར་གོང་གི་སྐྱོན་དང་བྲལ་བའོ། །ཡོན་ཏན་ནི། ལུས་རྒྱས་པས་རྩ་རྒྱས། རྩ་རྒྱས་པས་རླུང་རྒྱས། རླུང་རྒྱས་པས་ཐིག་ལེ་རྒྱས། ཐིག་ལེ་རྒྱས་པས་བདེ་བ་ཤིན་ཏུ་རྒྱས་པའོ། །བདེ་བ་རྒྱས་པས་རྣལ་འབྱོར་པའི་ཐིག་ལེ་འཕེལ་ཞིང་བདེ་སྟོང་གི་ཡོན་ཏན་སྐྱེ་བའོ། །དེའང་གཞོན་ནུ་མ་དེའི་ནང་གི་བདེ་བའི་སྟོབས་ཕྱིར་ཤར་བས་གཞན་གྱི་མིག་ཏུ་མཛེས་ཤིང་ཡིད་དུ་འོང་བའོ། །སྐྲ་ལི་ཞིང་སོ་ལེགས་ལ་ཡན་ལག་གི་ཤ་རྒྱས་པའོ། །དེ་ཉིད་གང་ན་གནས་པའི་ཡུལ་དང་རྣལ་འབྱོར་པ་ལ་བཀྲ་ཤིས་པའོ། །དེའང་དྲི་ཞིམ་པས་བདེ་བ་མི་སུན་ཞིང་སྤྲོ་ལ་སྐད་སྙན་པས་བདེ་བ་ལ་ཡིད་འཇུག །སྐེད་པ་ཕྲ་བས་མཉེན་ཞིང་བདེ་བ་རྒྱུན་མི་འཆད། སྨད་ཀྱི་ཞིང་རྒྱས་བྷ་ག་རུབ་པས་རྩ་བཙལ་སླ། ཆགས་པའི་མདངས་དང་ལྡན་པས་བདེ་བ་རང་དབང་མེད་པར་སྐྱེ་བའི་དགོས་པ་ཡོད་དོ། །ནང་གི་རྟགས་ནི་གསང་ཐུབ་པས་གསང་སྤྱོད་གཞན་དུ་མི་སྨྲ་ཞིང་། བདེ་བའི་སྐད་འབྱིན་པས་བདེ་བ་ཁ་གཡོ་ལ། བྷ་གའི་ནང་ན་རྩའི་རྩེ་མོ་རིང་བས་དེ་ལ་རྡོ་རྗེ་རེག་པ་ཙམ་གྱིས་བདེ་བ་མི་བཟོད་པ་སྐྱེ་ཞིང་སྐད་འབྱིན་པའོ། །གསང་བ་ནི་དད་པ་ཆེ་ཞིང་ཆོས་ལ་མོས་པས་ལོག་པའི་ལམ་དུ་མི་འགྲོ། ཤེས་རབ་ཆེ་བས་བླ་མའི་བརྡ་དང་གསུང་སྒྲོས་ཕྱིན་ཅི་མ་ལོག་པར་གོ། །དམ་ཚིག་གཙང་ལ་དབང་ཐོབ་པས། གསང་སྤྱོད་ལ་བསྐུར་པ་མི་འདེབས་(༡༣༦)པའི་དགོས་པ་ཡོད་དོ། །མདོར་ན་ཀློང་གསལ་ལས། སྐྱོན་ཅན་སྤང་ཞིང་ཡོན་ཏན་ལྡན་པ་བརྟེན། །འབྲས་བུ་གནས་སྐབས་མཐར་ཐུག་ཕུན་སུམ་ཚོགས། །ཞེས་སོ། །གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ནི་རྣམ་པ་དྲུག་སྟེ། པདྨ་ཅན་དང་། དུང་ཅན་མ་དང་། རི་མོ་ཅན་དང་། རི་དྭགས་ཅན་དང་། གླང་པོ་ཅན་མ་དང་། སྣ་ཚོགས་མའོ། །དེ་ལས་པདྨ་ཅན་རབ་ནི་ལུས་ཧ་ཅང་རིང་བ་མ་ཡིན། ཐུང་བ་མ་ཡིན། བྱད་ཧ་ཅང་བཟུར་བ་མ་ཡིན། ལེབ་པ་མ་ཡིན། ཤ་རྩི་ཧ་ཅང་སྔོ་བ་མ་ཡིན། སེར་བ་མ་ཡིན། ཅི་ནས་ཀྱང་མཛེས་པ། བྱད་དཀར་ལ་རྩ་དམར་བ། སྐྲ་སེར་ཞིང་ལི་བ། སྐྱེས་པ་བས་རྩ་སྣ་བདུན་ཅུ་རྩ་གཉིས་ཀྱིས་མང་བ། ལུས་ལ་ཙན་དན་གྱི་དྲི་བྲོ་བ། ཁ་ནས་ཨུཏྤ་ལའི་དྲི་ལྡང་བ། ལུས་རྒྱས་ཞིང་སྐེད་པ་ཕྲ་བ། བདེ་བ་བསྐྱེད་པའི་རྩ་བཟང་བ། རྐང་ལག་བྱ་ལྟར་དམར་ཞིང་ཕྲ་བ། མཆུ་སྐོར་ཅུང་ཟད་ཆེ་ཞིང་མཆུ་ལ་པདྨའི་རི་མོ་ཡོད་པ། སོ་ལེགས་པ་ཚགས་དམ་པ། མཆུ་ལ་བུང་བ་འདུ་བ། ལྟེ་བར་པདྨའི་རི་མོ་ཡོད་པ། ས་ལ་པད་མའི་རི་མོ་འབའ་ཞིག་འདྲི་བ། ལྟེ་བའི་འོག་ན་རི་མོ་འགྲེང་བུ་གསུམ་ཡོད་པ། འོག་སྒོའི་རྩ་ཤིན་ཏུ་བཟང་བ། སྨིན་མཚམས་སུ་རི་མོ་གསུམ་གྱེན་དུ་འགྲེང་བ། སྐྲ་མཚམས་དང་མུར་གོང་ན་དར་ཐོད་ལྟ་བུའི་རི་མོ་ཡོད་པ། ལྕེ་ལ་རལ་གྲི་ལྟ་བུའི་རི་མོ་ཡོད་པ། ཕྲག་གོང་ངམ་སོག་ཕྲག་ན་གཡུང་དྲུང་འཁྱིལ་བ་ལྟ་བུའི་རི་མོ་ཡོད་པ། ནུ་མ་ཕྲ་ལ་འབུར་བ། བྷ་ག་རུབ་པ། བྷ་གའི་ཐ་མལ་རུས་སྦལ་གྱི་རྒྱབ་འདྲ་ཞིང་སྤུ་མེད་པ་ཤའི་སྒང་མཐོ་བས་བདེ་བ་ཆེ་བ། གཞན་གྱིས་བློ་བཅོས་དཀའ་བ། གཞན་དགའ་བ་བསྐྱེད་ཅིང་བྱིན་གྱིས་བརླབས་པར་ནུས་པ། སྐད་ཐོས་པའམ། གཟུགས་མཐོང་བའམ་རེག་པ་ཙམ་གྱིས་བདེ་བ་སྟེར་བ་སྟེ། དེ་ཉིད་གང་ན་བཞུགས་པའི་ཡུལ་ཕྱོགས་ཙམ་བཀྲ་ཤིས་ཤིང་ཐ་མལ་པ་ལའང་བདེ་བ་སྟེར་ནུས་པའོ། །དེའང་མཚན་ཉིད་དེ་ལྟ་བུ་དང་ལྡན་ན་ཁྱད་པར་འཕགས་པ་ཉིད། མཧཱ་མ་ཡ་ལས། སྒྱུ་མ་དག་ནི་ཐམས་ཅད་ལ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཞེས་སོ། །པདྨ་ཅན་འབྲིང་ནི། ཤ་དཀར་ལ་རུས་ཁྱིམ་ཆེ་ཞིང་རགས་པ། སྤྱོད་ལམ་གཙང་ཞིང་ཁོང་དལ་བ། འཇིག་རྟེན་གྱི་བྱ་བ་ལ་མཁས་ཤིང་བུ་ཁྱེའུ་འབའ་ཞིག་སྐྱེ་བ། མཛེས་ཤིང་བཅོས་དཀའ་བའོ། །ཐ་མ་ནི་དཀར་ཞིང་ལེགས་ཀྱང་ཡིད་འཛིན་མི་ནུས་པ། གཟུགས་འཆོས་ཤིང་བྱི་དོར་ལ་བརྩོན་པའོ། །(༡༣༧)དགོད་ཁ་ཡང་ཞིང་གསང་མི་ཐུབ་པ་མིག་ཕྲ་ཤིང་བསླུ་ཁ་ཡང་བ་སྟེ་སྤང་ངོ་། །དུང་ཅན་མ་རབ་ནི་ཤ་སེར་ལ་མདོག་སྣུམ་པ། སྐྲ་རྩེ་འཁྱིལ་ཞིང་རྩ་དམར་བ། ཚིག་དལ་ལ་ཟུར་མིག་བལྟ་བ། ཟུར་རྣོ་ཞིང་ཤེས་རབ་ཆེ་བ། སྤྱོད་ལམ་མཁས་ལ་འདུག་ཚུགས་ལེགས་པ། ཤ་ལུས་སྦོམ་ཞིང་སྐད་གདངས་ཆེ་བ། སྐད་ངར་ཆེ་ཞིང་ཤ་ཚུགས་འཇམ་པ་སྟེ་བཟང་བའོ། །འབྲིང་ནི་ལུས་མཛེས་ཤིང་མངོན་ཆུང་བ། རྒྱབ་ནས་བལྟས་ན་དགྱེ་བ་སྙམ་ཞིང་མདུན་ནས་བལྟས་ན་རྒུ་བ་སྙམ་བྱེད་པ། ནང་དུ་མགོ་འཕང་དམའ་བ། བྱད་ཀྱི་གཟུགས་ཐུང་ལ་ཨོག་ཀོ་ལེགས་པ། ལུས་འདྲེས་ནས་སྙིང་ཉེ་ཞིང་སེམས་གདུང་བའོ། །ཐ་མ་ནི་ཤ་སེར་ལ་མིག་འབོར་ཆེ་བ། བློ་རྣོ་ལ་དྲན་པ་གསལ་བ། འདུག་མི་ཚུགས་ཤིང་འགྲོ་ལ་དགའ་བ། ལག་པ་ཙབ་ཙུབ་མང་བ། ཆད་མི་བཙན་ཞིང་གཞུང་ངན་པ། སྐྱེས་པ་ལ་དད་པ་ཆེ་བ་དེ་མི་བརྟེན་ནོ། །རི་མོ་ཅན་རབ་ནི་ཤ་རྩི་སྔོ་ལ་བྱད་དཀྱུས་དང་ཡན་ལག་རིང་བ། མཆུ་སྐོར་ཆེ་ཞིང་ཤ་ལུས་སྦོམ་པ། མིག་དཀྱུས་རིང་ཞིང་ལེགས་པ། བྱད་ལུས་ལ་སྨེ་བ་ཆུང་ངུ་ཡོད་པ་སོ་མཉམ་པ། སྐད་སྙན་ཞིང་ཡིད་དུ་འོང་བ། ཞི་དལ་ཆེ་ཞིང་སྤྱོད་ལམ་འཇམ་པ། བྱ་བ་ཐམས་ཅད་ལ་ཁམས་ཆེ་བ། གཟུགས་བཟང་ཞིང་ཤེས་པ་མཁས་པ། དབྱིབས་ཕྱེད་ཅིང་སྨིན་ཕྲག་ན་རྩེ་གསུམ་ལྟ་བུའི་གཉེར་མ་གསུམ་གྱེན་ལ་འགྲེང་བ། དེའི་གོང་ན་ཐོད་བཅིང་ལྟ་བུའི་རི་མོ་གཅིག་གམ་གསུམ་ཕྲེད་ལ་ཡོད་པའོ། །འབྲིང་ནི་ཤ་སྔོ་སངས་ལ་དཔྲལ་བའི་དབྱེས་ཆེ་བ། ཡན་ལག་ཕྲ་ཞིང་ངག་དལ་བ། བྱད་གཟུགས་བཟང་ཞིང་གདངས་སྙན་པ། སྨིན་ཕྲག་ན་སྨེ་བ་གཅིག་གམ་གསུམ་ཡོད་པའོ། །ཐ་མ་ནི་ཤ་རྩ་ནག་ཅིང་དཔྲལ་བ་སེར་བ། མིག་ཆུང་ཞིང་གཏིང་མིག་ཏུ་ཡོད་པ། ཁ་ཡང་ཞིང་གཏམ་མང་བ། སྐྱེས་པ་ལ་དད་པ་ཆེ་བ་སྟེ་སྤང་ངོ་། །རི་དྭགས་ཅན་མ་ནི་རི་དྭགས་ཀྱི་རོ་སྟོད་འདྲ་བ། ཤ་རྒྱས་ཤིང་ནུ་མ་ཆེ་བ། རི་དྭགས་ཀྱི་སྨད་འདྲ་བ་ཤ་རྒྱས་ཤིང་བྷ་ག་རུབ་པ། དབུགས་དང་ཉེ་གནས་ལ་གླ་རྩི་བྲོ་བ། སྐེད་པ་ཕྲ་ཞིང་འགྲོས་དལ་བ། སྐྱེས་པ་ལ་མིག་མི་འཛུམས་པར་བལྟ་བ་སྐད་སྙན་པ་སྟེ། དེའང་ཤེས་རབ་དང་དད་པ་ཆེ་བ་རབ། མོས་གུས་དང་གདུང་སེམས་ཆེ་བ་འབྲིང་། དེ་གང་དང་ཡང་མི་ལྡན་ན་ཐ་མ་སྟེ་སྤང་ངོ་། །གླང་པོ་ཅན་རབ་ནི་མིག་དཀྱུས་རིང་ལ་སྨིན་ཕྲག་ཡངས་པ། ལུས་མི་རིང་ཞིང་ཁོང་དལ་བ། གཞན་གྱི་ངག་མི་གཅོག་པ། རྣ་བ་ཆེ་ཞིང་ཡན་ལག་(༡༣༨)ཐུང་བ། ངོ་ཚ་ཆེ་ཞིང་ཁ་དབང་ཆེ་བ། སྤྱོད་ལམ་སྒྲིམ་པོ་མི་ཤེས་ཤིང་ལྷོད་ཆགས་པ། སྐད་སྙན་ལ་དྲི་ཞིམ་པའོ། །འབྲིང་ནི་བྱད་སྔོ་ལ་གཟེངས་མཐོ་བའོ། །ལུས་ཁྱིམ་ལེགས་ཤིང་ཡིད་དུ་འོང་བ། ཁོང་ཤས་ཆེ་བས་དོན་མི་འཆོར་ཞིང་བསླུར་མི་བཏུབ་པ། མདོ་ཆེ་ལ་ངང་རིང་བའོ། །ཐ་མ་ནི་རྫུན་ཆེ་ལ་ཁྲོ་འདོད་པ། མདོག་ངན་ལ་བཞིན་མི་སྡུག་པའོ། །མགུ་སླ་ལ་འཁོང་སྐྱེན་པ། གདོང་ཆུང་ལ་སེར་སྣ་ཆེ་བས་སྤང་ངོ་། །སྣ་ཚོགས་ཅན་མ་ནི་གོང་གི་མཚན་རྟགས་བཟང་པོ་འགའ་རེ་དང་ལྡན་པ་སྟེ། དུང་ཅན་མ་ལ་སོགས་པའི་རྩ་ཅི་རིགས་སུ་ཡོད་པས་བདེ་བ་སྟེར་ནུས་ཤིང་། རི་དྭགས་ཅན་མ་ལྟར་དད་པ་ལ་སོགས་པ་རབ་འབྲིང་དུ་ཕྱེ་བའོ། །གཉིས་པ་དགུག་པ་ནི་རྫས་དང་། སྔགས་དང་། འཁོར་ལོ་དང་། དམིགས་པ་ལ་སོགས་པའི་མན་ངག་ཕྲ་མོ་གཞན་ནས་བཤད་པ་དང་མཐུན་ལ། ཁྱད་པར་དུ་ཁམས་རྒྱས་དུས་ཡང་ཡང་ཡིད་ལ་བྱས་ན་དབང་དུ་བྱ་བ་རྣམས་ཀྱི་མཆོག་གོ། །གསུམ་པ་ནི་དྲང་དོན་གྱི་ཆོས་རྣམས་ཀྱིས་ཆོས་ལ་བློ་བསྒྱུར་བའོ། །བཞི་པ་ནི་སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ་དགེ་བསྙེན་ལ་སོགས་པའི་སྡོམ་པ་སྔོན་དུ་འགྲོ་བས་དབང་བསྐུར་ལ་རྒྱུད་སྨིན་པར་བྱའོ། །

གཉིས་པ་དངོས་གཞི་ལ། ཡབ་ཡུམ་ལྷའི་སྐུར་བསྐྱེད་ལ་རང་གི་ཐིག་ལེ་སྦྱང་བ། ཡུམ་གྱི་དྭངས་མ་དྲང་བ། ཡེ་ཤེས་བཞི་དང་ངོ་སྤྲད་པ་བཞི་ལས། དང་པོ་ལ་གསུམ། སེམས་བསྐྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པ། གཉིས་པ་ལྷ་བསྐྱེད་པ་ནི་ཡབ་ཀྱིས་ཡུམ། ཡུམ་གྱིས་ཡབ། གཉིས་ཀས་གཉིས་སུ་མེད་པར་བསྐྱེད་དེ། དེའང་སྐད་ཅིག་དྲན་རྫོགས་སུ་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞག་གཅིག་ཕྱག་གཉིས་པ་གཡས་གཡོན་གྲི་གུག་དང་ཐོད་པ་བསྣམས་པས་ཡུམ་ལ་འཁྱུད་པ། གཅེར་བུ་རུས་པའི་རྒྱན་དང་ལྡན་པའི་སྤྱི་བོར་ར་ལས་རྡོ་རྗེ་མཁའ་འགྲོ། མགྲིན་པར་ཙ་ལས་རིན་ཆེན་མཁའ་འགྲོ། སྙིང་གར་ཨ་ལས་སངས་རྒྱས་མཁའ་འགྲོ། ལྟེ་བར་ཧྲཱིཿལས་པདྨ་མཁའ་འགྲོ། གསང་བར་ཡ་ལས་ལས་ཀྱི་མཁའ་འགྲོ་སྔར་བསྟན་པའི་སྐུ་མདོག་ཕྱག་མཚན་བཞིན་བསྒོམ། དེའི་པང་དུ་རྡོ་རྗེ་ཕག་མོ་དམར་མོ་གཅེར་བུ་རུས་པའི་རྒྱན་དྲུག་དང་ལྡན་པ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་སྤྱི་བོར་ཧ་ལས་རྡོ་རྗེ་མཁའ་འགྲོ་(༡༣༩)མ། མགྲིན་པར་རི་ལས་རིན་ཆེན་མཁའ་འགྲོ་མ། སྙིང་གར་མ་ལས་སངས་རྒྱས་མཁའ་འགྲོ་མ། ལྟེ་བར་ནི་ལས་པདྨ་མཁའ་འགྲོ་མ། གསང་བར་ས་ལས་ལས་ཀྱི་མཁའ་འགྲོ་མ་བསྐྱེད་དོ། །དེ་ལྟར་བདག་དང་ཡུམ་འཁྲིལ་སྦྱོར་གྱི་སྤྱི་བོར་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པའི་པང་ན་ཡུམ་མཁར་ཆེན་བཟའ་མཚོ་རྒྱལ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རིན་པོ་ཆེ་དང་རུས་པས་བརྒྱན་ཞིང་སྙོམས་འཇུག་མཛད་པར་བསྒོམ་མོ། །

གསུམ་པ་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ཁོང་སེང་ན་ཧཱུྃ་སྔོན་པོས་བུག་པ་བཀག་ཅིང་། ཡུམ་གྱི་བྷ་ག་པདྨ་དམར་པོ་འདབ་བཞིའི་དབུས་ན་ཕཊ་སྔོན་པོས་བུག་ག་བཀག་པར་བསམ་མོ། །

གཉིས་པ་ལ་ལྔ་སྟེ། ཐིག་ལེ་དབབ་པ། བསྐྱིལ་བ། བཟློག་པ། དགྲམ་པ། ཡེ་ཤེས་ཆེན་པོར་ལ་བཟླ་བའོ། །

དང་པོ་དབབ་པ་ལ་མཁས་པ་ལུགས་མཁན་ཞུན་བྱེད་ལྟ་བུ་ནི། ཡབ་ཡུམ་ལྷའི་སྐུ་སྒྱུ་མའམ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་སྙོམས་པར་ཞུགས་ལ། དལ་བུས་སྤྱོད་ལ། སྤྱི་བོར་བདེ་བ་སྐྱེས་པ་དང་དེ་ཉིད་ཀྱི་ངང་ལ་བདེ་སྟོང་ཆེན་པོར་ཕྱམ་ལ་དར་ཅིག་མཉམ་པར་བཞག །ཡང་སྤྱོད་ལ་མགྲིན་པར་མཉམ་པར་བཞག །དེ་བཞིན་དུ་སྙིང་ག་དང་། ལྟེ་བར་མཉམ་པར་བཞག་ལ། གོམས་པ་ཤས་ཆུང་བས་དེ་ནས་ཡར་རིམ་བཞིན་བཟློག་ཅིང་མཉམ་པར་བཞག་གོ། །གོམས་ཆ་དང་རླུང་ནུས་ཆེ་བས་ནོར་བུའི་རྩ་བ་དང་བུམ་པར་བཟུང་ལ་སྔ་མ་བཞིན་བདེ་སྟོང་ཀ་དག་ཆེན་པོའི་ངང་ལ་བཞག་གོ། །

གཉིས་པ་བསྐྱིལ་བ་ལ་མཁས་པ་རྫ་མའི་ཐེམ་བུ་བསྡམ་པ་ལྟ་བུ་ནི། ཐིག་ལེ་ནོར་བུའི་བུམ་པར་ཕབ་ལ་སྟེང་རླུང་ཅུང་ཟད་མནན། འོག་རླུང་དྲག་ཏུ་འཐེན། རྒྱ་མཚོ་རི་རབ་ཀྱི་ངོས་ལ་སྦྱར། ཉི་ཟླ་བར་སྣང་གི་ཁམས་སུ་བཟློག །ནོར་བུའི་ཧཱུྃ་མཐིང་ནག་དང་། སྤྱི་བོའི་བླ་མ་ཡབ་ཡུམ་གྱི་བདེ་བ་ལ་སེམས་བཟུང་། དེས་ཀྱང་མི་ཟིན་པ་འདྲ་ན། གསང་རྩ་མནན་ལ་ཐུར་སེལ་གྱེན་དུ་དྲང་ཞིང་། ཤེས་པ་ཀ་དག་ཆེན་པོར་ཕྱམ་གྱིས་བཞག་གོ། །དེས་མི་ཟིན་མི་སྲིད་དོ། །གོམས་པ་ཆེ་བས་ནི་དེ་ཉིད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག་པས། གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་གི་ཏིང་ངེ་འཛིན་མྱུར་དུ་འབྱོང་ངོ་། །ཤིན་ཏུ་བྱང་བས་དེ་ཉིད་ཀྱི་ངང་ལ་ཉིན་ཞག་(༡༤༠)འདའ་འོ། །

གསུམ་པ་བཟློག་པ་ལ་མཁས་པ་ཁྲོན་ཆུ་གྱེན་ལ་འདྲེན་པ་ལྟ་བུ་ནི། གསང་བར་ཟིན་ཀྱང་གྱེན་དུ་མ་འདྲོངས་ན་ཆུ་དང་བསྡོངས་ནས་འཆོར་བས། བདེ་ཆེན་འཁོར་ལོ་དྲང་བ་ནི། ལུས་ངག་ཡིད་ཀྱི་གནད་གསུམ་ལས། ལུས་གནད་གླིང་བཞི་རི་བོའི་ངོས་སུ་བསྡུ། སྦྲུལ་ཚང་བྲག་ལ་སྦྱར་ལ། ནེ་ཚོ་མཁའ་ལ་བཟློག །ཉི་ཟླ་གྱེན་ལ་བསྒྲིལ། དར་པོ་ཆེ་རླུང་གིས་བསྐྱོད། འོག་རླུང་དྲག་ཏུ་འཐེན་ལ་འཁོར་ལོ་ལྔ་དང་ཨ་ཝ་དྷུ་ཏི་རྒྱུ་མ་ཕུས་བཏབ་པ་ལྟ་བུའི་ནང་ན་ཡར་གསང་བའི་ཐིག་ལེ་ཧཱུྃ་གིས་ཕྲེང་བ་བརྒྱུས་པ་ལྟ་བུ་བསམས་ལ། ཧཱུྃ་ཐུང་གསུམ་བསྟུད་མར་བྱུང་བས། རྡོ་རྗེ་ནོར་བུའི་རྩེ་མོ་ནས་ལྟེ་བར་ཐིག་ལེ་རྣམས་སྦུབས་མཆུས་ཆུ་བཏུང་བ་བཞིན་དྲངས་ཏེ། པདྨ་མཁའ་འགྲོ་ཡབ་ཡུམ་ལ་སེམས་བཟུང་སྟེ་བདེ་སྟོང་གི་ངང་ལ་དར་ཅིག་གཞག །དེ་བཞིན་དུ་ཧཱུྃ་རིང་དང་། ཧྲཱིཿརིང་གིས། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་དྲངས་ལ་སྔ་མ་བཞིན་བཞག་གོ། །དེའང་གོམས་པ་རབ་ཀྱིས་གསང་གནས་ནས་འདྲོང་ངོ་། །

བཞི་པ་དགྲམ་པ་ལ་མཁས་པ་སྦྱིན་ཤུགས་ཅན་ཡོ་ལང་འགྱེད་པ་ལྟ་བུ་ནི། དེ་ལྟར་འདྲོངས་ཀྱང་མ་ཁྲེམས་ན་ནད་དུ་འགྲོ་བས། རྩ་གནས་ཀུན་ཏུ་དགྲམ་པ་ནི་སེང་མོའི་བཞད་ཚུལ་གྱིས་རླུང་རོ་ལན་གསུམ་ཕྱིར་འདོན། ཝ་མོའི་སྣོམ་ཚུལ་གྱིས་ལན་གསུམ་ནང་དུ་དྲངས། ཚ་མེད་ཀྱི་བསྐྱིལ་ཚུལ་གྱིས་སྟེང་འོག་གི་རླུང་མནན། རི་དྭགས་ཀྱི་སྤུངས་སྟངས་ཀྱིས་ལན་གསུམ་གྱེན་དུ་དྲངས། སྟག་མོའི་སྐྱུགས་སྟངས་ཀྱིས་ལན་གསུམ་ནང་དུ་འཐེན། གཡང་མོའི་སྤྲུགས་སྟངས་ཀྱིས་ལན་གསུམ་སྤྲུགས། གྱི་ལིང་གི་འཕྲ་ཚུལ་གྱིས་ལན་གསུམ་འཕྲའོ། །དེ་དུས་དམིགས་པ་སྤྱི་བོའི་ཐིག་ལེ་སྐྱ་ཕྲུ་མེ་བ་རྣམས་ལུས་དང་འཁོར་ལོ་ལྔའི་རྩ་འདབ་ཐམས་ཅད་དུ་ཁྱབ་པར་བསམ་མོ། །རྗེས་ལ་ལུས་སེམས་ཁོང་གློད་ལ་ཀ་དག་གི་ངང་ལ་མཉམ་པར་བཞག་གོ། །དམིགས་པ་མཚན་བཅས་ཀྱིས་གང་དུ་བསྒོམས་པའི་སར་ཐིག་ལེར་འཁྲིལ་ཏེ་ནད་དུ་འགྲོའོ། །དེའང་རླུང་སེམས་ཐིག་ལེ་གསུམ་གནད་གཅིག་པའི་ཕྱིར་རོ། །

ལྔ་པ་ནི་དེ་ལྟར་བཀྲམ་པའི་རྗེས་ལ་ལུས་དྲང་པོར་བསྲང་བའམ། གན་རྐྱལ་དུ་ཉལ་ལ་འགུལ་བསྐྱོད་མི་བྱ། ངག་མི་བརྗོད། སེམས་མི་བསམ་པར་ལྷོད་ཀྱིས་གློད་པས། ཡིན་ལུགས་སྤྲོས་པ་དང་བྲལ་བ། བློ་ངོ་བོ་ཉིད་ཀྱིས་དག་པ། རིག་པ་དགག་སྒྲུབ་ལས་འདས་པ། (༡༤༡)སྣང་ལ་ངོས་གཟུང་མེད་པ་སེམས་ཡེངས་པའི་སྣང་ཡུལ་ལྟ་བུ། སྟོང་པ་ལ་མཚན་མ་མེད་པ་ངལ་སོས་པའི་བདེ་བ་ལྟ་བུ། འདི་ཡིན་གྱི་གཟའ་གཏད་མེད་པ་སྨྱོན་པ་སེམས་ཡེངས་པ་ལྟ་བུ། དྲན་འཛིན་གྱི་གཉེན་པོ་མེད་པ་ཡུལ་ལ་ཡེངས་པའི་ཤེས་པ་ལྟ་བུ། སྒོ་གསུམ་མ་བཅོས་ལྷུག་པ་རྒན་པོ་ཉི་མ་འདེ་བ་ལྟ་བུ། ཚོགས་དྲུག་རང་ཡུལ་གྲོལ་བ་བུ་ཆུང་ལྟོ་འགྲངས་པ་ལྟ་བུ། གང་ལྟར་སྣང་ཡང་བདེ་བར་ཤར་བ་གཞོན་ནུ་མ་ཡིད་སོས་པ་ལྟ་བུའི་ཉམས་དང་རྟོགས་པ་སྐྱེའོ། །

གསུམ་པ་ཡུམ་གྱིས་དྭངས་མ་དྲང་བ་ལ་རྩ་བཙལ་བ། ཐིག་ལེ་དབབ་པ། དྲང་བ། ཡེ་ཤེས་ཆེན་པོར་ལ་བཟླ་བ་དང་བཞི་ལས། དང་པོ་ནི་དབེན་པར་ཆགས་པའི་གཏམ་དང་། འཁྱུད་པ་དང་། འོ་བྱ་བ་དང་། ནུ་མ་མཉེ་བ་ལ་སོགས་པ་བྱས་པས། རྩ་བཟང་བ་རྣམས་རྙེད་ལ། དེ་ལས་ནུས་པ་ཆུང་བ་ལ་ཞག་འགའ་དལ་དུ་བཅུག་ལ། ཟས་བཅུད་ཅན་དང་། ཆང་དང་སྦྲང་རྩི་མར་ནག་གི་བྱུག་པ་བརྟེན་ཞིང་། ལྟོ་སྟོང་ལ་ཉི་དགའ་དང་གཡེར་མའི་རིལ་བུ་བཏང་བས་རྩ་ཁ་འབྱེད་དོ། །དེ་ནས་ཕྱིང་འབོལ་རང་གི་རྡོ་རྗེ་དང་མཉམ་པ་དར་གྱིས་གཏུམས་པ་ལ་བྱ་རྒོད་ཀྱི་ཚིལ་བུ་དང་། འབྲུ་མར་བྱུགས་ལ་ཕྱག་རྒྱའི་བཤང་ལམ་དུ་གཞུག་ཅིང་མཁལ་ཁུང་གཉིས་སུ་དྲུ་གུ་ཁུ་ཚུར་ཙམ་རེ་སྐུ་རགས་སྲབ་མོས་བསྡམས་ལ་རྒྱབ་ནས་རྟ་སྒ་གཏད་དེ། གན་རྐྱལ་དུ་ཉལ་བས་མཁལ་མ་གཉིས་དང་བཤང་ལམ་ནང་དུ་འགྲོའོ། །དེ་གཉིས་ནང་དུ་སོང་བས་བྷ་གའི་གཡས་གཡོན་གཉིས་སུ་ནུ་མ་འདྲ་བའི་འབུར་འབུར་གཉིས་འོང་། དེ་ནས་བྷ་ག་ཕྱེ་ནས་བལྟས་པས་རྩ་སྣ་རིབ་རིབ་འོང་སྟེ། དེའང་དུང་ཅན་མ་ནི་རྩ་སྣ་འཁྱིལ་ནས་འོང་། པདྨ་ཅན་ནི་རྩ་སྣ་པདྨ་འདྲ་བའོ། །རི་དྭགས་ཅན་མ་ནི་རི་དྭགས་ཀྱི་མཇིང་པ་ལྟར་འོང་། བྱ་གདོང་མ་རྩ་སྣ་བྱ་རོག་གི་མཆུ་ལྟར་འོང་། བདེ་བྱེད་མ་ནི་རྩ་སྣ་གཟིགས་མོ་བྱི་ཐུར་ལྟར་འོང་། མ་ནིང་གི་རྩ་ནི་མདུད་པ་ཅན་དུ་འོང་། རྩ་ཕལ་པ་ནི་ཐང་ཁུག་བཀྱིགས་པའི་ཁ་ཕྱིར་བགྲད་པ་ལྟར་འོང་། དེའང་རྩ་སྦོམ་ན་ཁུག་ཆོས་རྩ་བ་ར་དཀར་མོའི་འོ་མ། སྦྲང་རྩི། ཀ་ར། རྩི་མར། དཔྱིད་ཤ །ཁྱི་ཚིལ་རྣམས་སྦྱར་ནས་རྩ་ལ་བྱུགས་པས། རྩ་སྣ་རིང་ན་སོར་དྲུག །འབྲིང་སོར་བཞི། ཐ་མ་སོར་གསུམ་འོང་ངོ་། །

གཉིས་པ་ནི་ཕྱག་རྒྱའི་ཐིག་ལེ་འབེབས་པ་ལ་མཁས་པ་བུང་བའི་རྩི་འཚོལ་བ་ལྟ་བུ་སྟེ། དེའང་རྩ་སྣ་དེ་རང་གི་རྡོ་རྗེ་བུག་པར་བཅུག་ནས་རྡོ་རྗེ་(༡༤༢)ཡར་ཕུར་བ་ལྟར། ཕྱིང་པ་མར་ལ་འཐེན་ནས་འོ་དང་འཁྱུད་པ་ལ་སོགས་པ་བྱས་པས་ཕྱག་རྒྱ་མ་ཆགས་པ་རྒྱས་དུས་དུམ་རེ་འགུལ་ཞིང་མི་སྐྱོད་པར་བཞག་པས་ཐིག་ལེ་རྩ་མིག་ཏུ་ལུད་འོང་ངོ་། །

གསུམ་པ་ནི་དུས་ཀྱི་ཆུ་དང་སྨྱུག་སྦུབས་ལྟ་བུ་སྟེ། ཕྱག་རྒྱ་རབ་ལ་རྩའི་རྩེ་མོ་ན་དྭངས་མ་ཡོད། འབྲིང་ལ་སྐེད་པ། ཐ་མ་ལ་གཏིང་ན་ཡོད་པས། དྲང་ཐབས་གསུམ་ལས་རབ་ལ་རྡོ་རྗེ་གསང་བར་བཅུག་ལ་མི་སྐྱོད་པར་རིག་པ་སྐྱེ་མེད་ཀྱི་ངང་ལ་བཞག་པས་དྭངས་མ་འདྲོངས་སོ། །འདྲོངས་པའི་རྟགས་སུ་རྡོ་རྗེ་མགོ་འཁྱོགས་པའམ་ལུས་སྦྲིད་ཆིལ་བ་འབྱུང་ངོ་། །དེས་མ་འདྲོངས་ན་འབྲིང་ནི་ལུས་ཀྱིས་འགུལ་ཞིང་དལ་བུས་སྐྱོད་པས་བདེ་བ་སྐྱེ་དུས་གློད་ལ་དྲངས། རྟགས་སྔ་མ་བཞིན་ནོ། །དེས་ཀྱང་མ་འདྲོངས་ན་ཐ་མ་ལ་དྲག་ཏུ་བསྐྱོད་ཅིང་བདེ་བ་ཡུན་རིང་དུ་བཟུང་། བདེ་བ་དུས་མཉམ་གྱི་དུས་སུ་སྟེང་རླུང་མནན། འོག་རླུང་དྲག་ཏུ་འཐེན་རྐང་ལག་བརྐྱངས་ལ་དྭངས་མ་དྲང་བའི་འཁྲུལ་འཁོར་གོང་ལྟར་བྱའོ། །དམིགས་པ་ནི་སྨྱུག་སྦུབས་ཀྱིས་ཆུ་འཐུང་བ་ལྟར་འུབ་ཀྱིས་དྲག་པར་འཐེན་ལ་ཧཱུྃ་དྲག་ལ་རྒྱུན་མི་འཆད་པར་བགྲང་ངོ་། །དྭངས་མ་འདྲོངས་པའི་རྟགས་སུ་ཡུམ་གྱི་སྣང་བ་འུབ་ཀྱིས་བཏུང་བ་སྙམ་བྱེད་ཅིང་ཡུམ་གྱི་བདེ་བ་དེ་འདྲོག་ལ་ཡལ་ན་ཐེ་ཚོམ་མེད་པར་འདྲོངས་པའོ། །ཡང་ན་སྔ་མ་བཞིན་རྡོ་རྗེ་བྷ་གའི་གཏིང་དུ་ཕུལ་བས་ཡུམ་བདེ་བ་མི་བཟོད་པ་སྐྱེས་དུས་རང་གི་ལུས་མ་འཆུས་པར་དྲོང་པོར་བྱས་ལ། སེམས་ཀྱི་དམིགས་པ། ལུས་ཀྱི་འཁྲུལ་འཁོར། ངག་གི་བརྗོད་པ་གསུམ་གྱིས་དྲངས་ཏེ། དེའང་ཡུམ་གྱི་རྩ་ནང་གི་སྙིགས་མ་སྦང་མ་ལྟ་བུའི་ནང་ནས་དྭངས་མ་ཆང་ལྟ་བུ་དེ་རང་གི་རྡོ་རྗེའི་གསང་ལམ་ནས་ཡར་ལ་བ་ཐག་ལྟར་བྲེང་མ་ཆད་པར་དྲངས་ལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་སིམ་སིམ་སོང་བར་བསམ་ཞིང་ངག་ཏུ་ཧཱུྃ་དྲག་ལ་རྒྱུན་མི་ཆད་པར་བགྲང་ངོ་། །ལུས་ནི་འོག་རླུང་དྲག་ཏུ་འཐེན་ལ་མིག་གྱེན་ལ་བགྲད། རྐང་པའི་མཐེ་བོང་གཉིས་ནང་དུ་དགུག །གུང་མོ་དང་སྲིན་ལག་དྲག་ཏུ་གཤིབ་ཅིང་རྒྱུ་ཞབས་སྒལ་པ་ལ་དྲག་ཏུ་སྦྱར། ལྕེ་ཡ་རྐན་ལ་སྒྲིལ་ཞིང་ཡིད་ཀྱིས་ཧཱུྃ་དྲག་ཏུ་བརྗོད་ནས་འཐེན་པས། ཡུམ་དྲན་པ་མེད་པ་དང་དྲུ་བུ་ལྟར་འགྲོ་ཞིང་རྩུབ་རྩུབ་པའམ་རང་དབང་མེད་པར་སྐད་བྱུང་ན་འདྲོངས་པའི་རྟགས་སོ། །དེ་ནས་དལ་གྱིས་འཕྲོ་བཅད་དེ་ཡི་དམ་དུ་གསལ་བས་ཡན་ལག་བཞི་དང་ལུས་ཐམས་ཅད་སྤྲུགས་(༡༤༣)སོ། །དེའང་རྣལ་འབྱོར་པའི་རྡོ་རྗེ་མགོ་འཁྱོགས་པའམ་ཚ་ཆིལ་ཆིལ་སྦྲིད་བེར་བེར་བ་འོང་། དྭངས་མ་རབ་ཏུ་ལོན་ན་ལུས་ཐམས་ཅད་ཚ་ཆིལ་གྱིས་འགྲོ། འབྲིང་གིས་ལུས་བདེ་ལྷན་ནེར་འོང་། ཐ་མས་ཀྱང་སེམས་བདེ་སྟོང་ལ་གནས་པའོ། །ཕྱག་རྒྱའི་བཀྲག་འཆོར་ཞིང་བདག་ཉིད་བྱི་རུ་ལྟར་དམར་ལམ་གྱིས་འགྲོ་བས་ཡུམ་གྱི་ལུས་ཟུངས་གསོའོ། །

བཞི་པ་ནི་བདེ་བའི་རང་བཞིན་གྲོལ་བ་ལ་མཁས་པ་མཁའ་ལ་ན་བུན་དྭངས་པ་ལྟ་བུ་སྟེ། བདེ་བའི་ངོ་བོ་ཇི་ལྟར་གནས་ཀྱང་ཡེ་སྟོང་རྩ་བྲལ་ཆེན་པོ་གདོད་མའི་ཀ་དག་གི་ངང་དུ་ལ་བཟླའ་འོ། །དེའང་ཐེག་པ་འོག་མའི་བདེ་སྟོང་ལྟར་བདེ་བ་ལ་སྟོང་པས་རྒྱས་འདེབས་པ་དང་། བདེ་ཉམས་ལ་ཆགས་པ་མ་ཡིན་ཏེ། འདིར་དང་པོའི་བདེ་བ་གཡོ་བ་ནས་མཐར་ཀ་དག་ཏུ་ལ་བཟླ་བའི་བར་གདོད་མའི་གནས་ལུགས་ཡེ་སྟོང་རྩ་བྲལ་གྱི་རྟོགས་པ་དང་མ་བྲལ་བས། བདེ་བ་ལ་བདེ་བའི་རང་བཞིན་སྟོང་པར་འཛིན་པ་ཙམ་ལས་ཀྱང་འདས་ཏེ། མཐའ་གྲོལ་བློ་འདས་ཆེན་པོའི་ཆགས་བྲལ་དུ་བསྒྲུབས་ཏེ། འདོད་ཆགས་ཀྱི་འཛིན་པ་ཡེ་སྟོང་ཆེན་པོར་ལ་བཟླའོ། །དེའང་རྟོགས་པ་ཇི་སྙེད་བདེ་བར་བསྡུས་ནས། བདེ་བ་འཛིན་མེད་དུ་ངོ་སྤྲད་དེ། འཛིན་མེད་ཀ་དག་ཆེན་པོར་ཕྱམ་བརྡལ་ནས་ཡེ་བདེ་བའི་སྟེང་དུ་བློ་བདེ་རྒྱུན་མི་འཆད་པས་གཞི་བདེ་བའི་ངོ་བོ་ལྷུན་གྲུབ་ཆོས་ཉིད་ཀྱི་རོལ་པར་འཆར་བ་ལ་རྣལ་འབྱོར་པའི་སྐྱིལ་སོ་བྱེད་དོ། །

འདིར་ཚིགས་སུ་བཅད་པ། བདེ་ཆེན་གནས་ནས་བདེ་གསང་ནོར་བུའི་རྩེར། །ཉི་མ་ཟླ་བ་སྐད་ཅིག་ཉིད་ཤར་བ། །རི་རབ་ལྷ་ཡི་ཁང་པའི་རྩེར་བརྒྱན་ཏེ། །གླིང་བཞིའི་འཇིག་རྟེན་བདེ་ཆེན་འོད་ཀྱིས་འགེངས། །བདེ་ཆེན་གནས་ནས་བདེ་སྐྱོང་འཁོར་ལོའི་བར། །དབབ་པ་བཞི་ལས་ཡས་བརྟེན་དགའ་བ་བཞི། །བསམ་གཏན་བཞི་སྟེ་བདེ་སྟོང་ཆོས་ཉིད་ངང་། །དེ་བཞིན་མས་བཟློག་མས་བརྟེན་དགའ་བ་བཞི། །གཟུགས་མེད་བཞི་སྟེ་སྐྱེ་མེད་གཉུག་མའི་དོན། །ཡས་བརྟེན་མས་བརྟེན་ཐིག་ལེའི་འགྲེམས་སྡུད་བརྒྱད། །བཅུ་དྲུག་ཕྱེད་པའི་ཐིག་ལེ་བརྒྱད་ཅེས་བྱ། །དེ་དག་བར་དུ་སྐྱེ་མེད་རྣམ་པ་བརྒྱད། །བཅུ་དྲུག་ཕྱེད་ལ་ཐིག་ལེ་མེད་པ་ཡིན། །ཀུན་ཀྱང་གདོད་ནས་འདུ་ཤེས་ཚོར་བ་འགོག །རང་བཞིན་མ་སྐྱེས་སྤྲོས་དང་བྲལ་བ་འདི། །བདེ་སྟོང་མཐར་གྱིས་གནས་པའི་སྙོམས་འཇུག་དགུ། །དེ་བཞིན་རྣམ་ཐར་གསུམ་དང་ཚད་མེད་བཞི། །བསླབ་གསུམ་ཕ་རོལ་ཕྱིན་དྲུག་སྨོན་འཇུག་གཉིས། །(༡༤༤)ཐེག་པའི་ལམ་རྣམས་ལྷུན་གྱིས་གྲུབ་པས་ན། །བདེ་སྟོང་ཤིང་རྟ་ཆེན་པོའི་ལམ་ཡིན་ནོ། །གང་འདི་བདག་སྙིང་དགའ་བའི་སྐྱེད་མོས་ཚལ། །མི་ནུབ་རྒྱལ་མཚན་ནམ་མཁའི་དཀྱིལ་དུ་འཛུགས། །ཕྱི་རབས་རྩེ་གཅིག་སངས་རྒྱས་འདོད་པ་རྣམས། །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །ཅེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །

བཞི་པ་ཡེ་ཤེས་བཞི་དང་ངོ་སྤྲོད་པ་ནི། དེ་ཡང་སྙོམས་པར་ཞུགས་ཏེ་སྤྱི་བོ་ནས་བདེ་ལ་གཡོས་མགྲིན་པར་བབས་པས། བདེ་བའི་ངོ་བོར་སྟོང་པར་ཤར་བ་དེ་དགའ་བའི་ཡེ་ཤེས་ཏེ། རྣམ་རྟོག་རགས་པ་རྣམས་སྤོང་ཞིང་ཉན་རང་གི་གྲུབ་མཐའ་རྟོགས། བསམ་གཏན་དང་པོའི་དགའ་བའོ། །དེ་ནས་སྙིང་གར་སླེབ་དུས་མཆོག་དགའི་ཡེ་ཤེས་ཏེ། བདག་ཏུ་འཛིན་པའི་རྣམ་རྟོག་སྤང་ཞིང་བྱང་ཆུབ་སེམས་དཔའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་གཉིས་པའི་དགའ་བའོ། །དེ་ནས་ལྟེ་བར་སླེབས་དུས་དགའ་བྲལ་གྱི་ཡེ་ཤེས་ཏེ་ཕྱག་རྒྱར་འཛིན་པའི་རྟོག་པ་སྤོང་ཞིང་། གསང་སྔགས་ཀྱི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་གསུམ་པའི་དགའ་བའོ། །དེ་ནས་གསང་བར་སླེབས་དུས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་དགའ་བ་གསུམ་དུ་འཛིན་པའི་རྟོག་པ་མཐའ་དག་སྤོང་ཞིང་གསང་བ་བླ་ན་མེད་པའི་གྲུབ་མཐའ་རྟོགས་ཏེ་བསམ་གཏན་བཞི་པའི་དགའ་བའོ། །མདོ་ལས། དགེ་སློང་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པའི་བདེ་བ་ལྟ་བུ་ཞེས་པའང་འདི་དང་དོན་གཅིག་གོ། །ཡས་བརྟེན་གྱི་དགའ་བ་བཞིའོ། །དེ་བཞིན་དུ་གསང་བ་ནས་ལྟེ་བར་དྭངས་མ་ལྡོག་སྟེ། མཉམ་པར་བཞག་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །སྙིང་གར་རྣམ་ཤེས་མཐའ་ཡས་སོ། །མགྲིན་པར་ཅི་ཡང་མེད་པའོ། །སྤྱི་བོར་ཡོད་མེད་ཀྱི་སྤྲོས་པ་ཞི་བས་སྲིད་རྩེའི་སེམས་ཏེ་ཡོད་མིན་མེད་མིན་ནོ། །དེ་ནས་དུས་གསུམ་སྐྱེ་མེད་ཀྱི་ངང་ལ་བཞག་པ་ནི་འགོག་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་དུ་འཁོར་ལོ་གསུམ་དུ་བབས་དུས་སྐྱེ་འགག་གནས་གསུམ་དུ་མ་གྲུབ་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡེ་ཤེས་སོ། །དེ་བཞིན་དུ་འཁོར་ལོ་བཞིར་བབས་པས་ཚད་མེད་པ་བཞི་ལས་དམིགས་པ་མེད་པའི་ཚད་མེད་པ་བཞིའི་ཡེ་ཤེས་སོ། །དེ་བཞིན་དུ་དྭངས་མ་མི་འཛག་པས་སོ་སོ་ཐར་པའི་སྡོམ་པ། གོང་དུ་(༡༤༥)འཕེལ་བས་བྱང་ཆུབ་སེམས་དཔའི་སྡོམ་པ། ཡེ་ཤེས་ཆེན་པོས་རིག་པ་འཛིན་པའི་སྡོམ་པའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དྲུག་རྣམ་པར་དག་པས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱི་ནང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ཁམས་དཀར་དམར་གཉིས་མི་ཉམས་ཤིང་འཕེལ་བས་སྨོན་འཇུག་གི་སེམས་གཉིས་སོ། །མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དུ་མའི་གང་ཆེན་མཚོའོ། །

གསུམ་པ་མཇུག་གི་དོན་ལ། བདེ་བའི་འཆར་ལུགས་ངོས་གཟུང་། འབྲས་བུ་ལེགས་པར་བསྟན། གེགས་སེལ་རྒྱས་པར་བཤད་པ་གསུམ་ལས། དང་པོ་ལ་བཅོ་ལྔ་ལས། དང་པོ་ལ་བདེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་ནི། ཡབ་ཡུམ་ལྷར་བསྐྱེད་པས་ཚོགས་རྫོགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཐིག་ལེ་མི་ཉམས་པ་ཚུལ་ཁྲིམས། སྣང་བ་ཐམས་ཅད་བདེ་བར་ཤར་བ་ལ་བཟོད་པས་བཟོད་པ། སྦྱོར་བ་བྱེད་པ་ལ་ལེ་ལོ་མེད་པས་བརྩོན་འགྲུས་སོ། །བདེ་སྟོང་ལ་སེམས་གནས་པས་བསམ་གཏན། བདེ་སྟོང་གི་དོན་མཐར་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །

གཉིས་པ་ལམ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་སྟན་གཅིག་ལ་ཚོགས་ཏེ་ལྷའི་སྐུར་བསྐྱེད་པ་ཚོགས་ལམ། ཡབ་ཡུམ་སྙོམས་པར་ཞུགས་པ་སྦྱོར་ལམ། དགའ་བ་བཞིའི་ཡེ་ཤེས་མཐོང་བས་མཐོང་ལམ། དེའི་རྗེས་ཤེས་སྐྱོང་བས་སྒོམ་ལམ། བདེ་སྟོང་གི་ཡེ་ཤེས་མངོན་དུ་གྱུར་པས་མི་སློབ་པའི་ལམ་མོ། །

གསུམ་པ་ཐེག་པ་དགུ་དང་སྦྱར་བ་ནི། དང་པོ་ལུས་ཐ་མལ་དུ་གནས་པ་ལྷའི་ཐེག་པ། བདེ་བ་ཐ་མལ་དུ་སྤྱོད་པ་ཕྱི་པའི་ཐེག་པ། བདེ་བ་རང་དོན་དུ་སྤྱོད་པ་ཉན་རང་གི་ཐེག་པ། བདེ་བ་རང་རིག་ཏུ་ཤེས་པ་བྱང་ཆུབ་སེམས་དཔའི་ཐེག་པ། ཐ་མལ་གྱི་ལུས་ངག་ཡིད་གསུམ་ལྷར་དག་པ་ཀྲི་ཡའི་ཐེག་པ། ཕྱག་རྒྱ་ཆེན་པོ་རྟོགས་པ་ཨུ་པའི་ཐེག་པ། ཕྲིན་ལས་བཞི་འགྲུབ་པས་ཡོ་གའི་ཐེག་པ། ཕུང་ཁམས་ལྷར་ཤེས་པ་མཧཱའི་ཐེག་པ། བདེ་སྟོང་དབྱེར་མེད་དུ་རྟོགས་པ་ཨ་ནུའི་ཐེག་པ། ཐམས་ཅད་ཡོངས་གྲོལ་དུ་རྟོགས་པ་ཨ་ཏིའི་ཐེག་པའོ། །

བཞི་པ་རྒྱུད་སྡེ་བཞི་དང་སྦྱར་བ་ནི། དང་པོའི་ཡབ་ཡུམ་ལྷར་བསྐྱེད་པ་བྱ་བའི་རྒྱུད། སྙོམས་འཇུག་བྱེད་པ་སྤྱོད་པའི་རྒྱུད། དེ་ལས་བདེ་སྟོང་སྐྱེས་པ་རྣལ་འབྱོར་གྱི་རྒྱུད། དགའ་བཞིའི་ཡེ་ཤེས་མཐར་ཕྱིན་(༡༤༦)པ་བླ་ན་མེད་པའི་རྒྱུད་དོ། །

ལྔ་པ་ཐེག་པ་གསུམ་དང་སྦྱར་བ་ནི། རང་དོན་དུ་སྤྱོད་པས་ཉན་རང་གི་ཐེག་པ། གཞན་དོན་དུ་སྤྱོད་པས་བྱང་ཆུབ་སེམས་དཔའི་ཐེག་པ། མཐའ་གྲོལ་དུ་སྤྱོད་པས་རྡོ་རྗེའི་ཐེག་པའོ། །

དྲུག་པ་སྒྲུབ་པ་བཀའ་བརྒྱད་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་གསལ་བ་འཇམ་དཔལ་སྐུ། བདེ་བའི་སྒྲ་སྟོང་པར་ཤེས་པས་པདྨ་གསུང་། ངོ་བོ་རིག་སྟོང་དུ་ཤེས་པས་ཡང་དག་ཐུགས། ངོ་བོ་བདེ་སྟོང་དུ་ཤེས་པས་བདུད་རྩི་ཡོན་ཏན། ངོ་བོ་སྣང་སྟོང་དུ་ཤེས་པས་ཕུར་པ་ཕྲིན་ལས། ཐམས་ཅད་སྟོང་པར་རྟོགས་པ་མ་མོ་རྦོད་གཏོང་། །ཐམས་ཅད་རླུང་རིག་གི་རྩལ་དུ་ཤེས་པ་འཇིག་རྟེན་མཆོད་བསྟོད་དོ། །

བདུན་པ་དབང་བཞི་དང་སྦྱར་བ་ནི། ཡབ་ཡུམ་ལྷའི་སྐུར་བསྐྱེད་པ་བུམ་པའི་དབང་། སྦྱོར་བ་བྱེད་པ་གསང་དབང་། བདེ་སྟོང་གི་ཉམས་ལ་གནས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཐར་བློ་བྲལ་ཡེ་གྲོལ་དུ་ཤེས་པ་ཚིག་དབང་རིན་པོ་ཆེའོ། །

བརྒྱད་པ་རིགས་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་ངོ་བོ་འགྱུར་བ་མེད་པ་རྡོ་རྗེའི་རིགས། ཆགས་སེམས་དག་པས་པདྨའི་རིགས། ཡོན་ཏན་འབྱུང་བས་རིན་པོ་ཆེའི་རིགས། ཕྲིན་ལས་འགྲུབ་པས་ལས་ཀྱི་རིགས། ཆོས་ཉིད་རྟོགས་པས་དེ་བཞིན་གཤེགས་པའི་རིགས་སོ། །

དགུ་པ་ཡབ་ལྔ་དང་སྦྱར་བ་ནི། བདེ་སྟོང་གི་རྣམ་པར་སྦྱོར་བ་མཛད་པས་རྣམ་པར་སྣང་མཛད། ངོ་བོ་མི་འགྱུར་བས་མི་བསྐྱོད་པ། ཡོན་ཏན་འབྱུང་བས་རིན་ཆེན་འབྱུང་ལྡན། བདེ་བའི་སྣང་བ་ཚད་མེད་པས་སྣང་བ་མཐའ་ཡས། ཡེ་ཤེས་བཞི་གྲུབ་པས་དོན་ཡོད་གྲུབ་པའོ། །

བཅུ་པ་ཡུམ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་སངས་རྒྱས་སྤྱན། གཡོ་བ་དང་སྤྱོད་པ་དམ་ཚིག་སྒྲོལ་མ། སྤྱོད་པས་དྲོད་འབྱུང་བ་གོས་དཀར་མོ། ཐིག་ལེ་མ་ཉམས་པ་མཱ་མ་ཀི། དེ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་དབྱིངས་ཀྱི་དབང་ཕྱུག་མའོ། །

བཅུ་གཅིག་པ་ཡེ་ཤེས་ལྔ་དང་སྦྱར་བ་ནི། ལྷ་དང་ཡེ་ཤེས་ངོ་བོ་གསུམ་གསལ་བས་མེ་ལོང་ཡེ་ཤེས། བྱེ་བྲག་ཕྱེད་པས་སོར་རྟོགས་ཡེ་ཤེས། ངོ་བོ་གཅིག་པས་མཉམ་ཉིད་ཡེ་ཤེས། ཆོས་སྐུ་རྟོགས་པས་ཆོས་དབྱིངས་ཡེ་ཤེས། ཕྲིན་ལས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །

བཅུ་གཉིས་པ་འབྱུང་བ་ལྔ་དང་སྦྱར་བ་ནི། བྷ་ག་དང་རྡོ་རྗེ་དངོས་སུ་གྲུབ་པས་ས། གཡོ་བས་རླུང་། ཐིག་ལེ་ཆུ། དྲོད་མེ། མཐར་མི་རྟོག་པས་སྔོན་བཞིན་གནས་པ་ནམ་མཁའ་འོ། །

བཅུ་གསུམ་པ་ས་བཅུ་དང་སྦྱར་བ་ནི། ཡབ་ཡུམ་(༡༤༧)ཕན་ཚུན་མཐོང་བས་དགའ་བ་སྐྱེས་པ་དེ་དང་པོ་རབ་ཏུ་དགའ་བ། ལྷའི་སྐུར་བསྐྱེད་པས་ཐ་མལ་གྱི་དྲི་མ་མེད་པ་ས་གཉིས་པ་དྲི་མ་མེད་པ། སྦྱོར་བ་བྱས་པས་ཐིག་ལེ་རྩ་ནང་ཀུན་ལ་ཁྱབ་པས་ས་གསུམ་པ་འོད་བྱེད་པ། བདེ་བ་འབར་བས་ས་བཞི་པ་འོད་འཕྲོ་བ། གསང་བར་ཐིག་ལེ་ཟིན་པས་ས་ལྔ་པ་སྦྱང་དཀའ་བ། ཟིན་དུས་ཡེ་ཤེས་མྱོང་བས་ས་དྲུག་པ་མངོན་དུ་གྱུར་པ། བཟློག་ཅིང་ཁྲིམས་པས་རིང་དུ་སོང་སྟེ་ས་བདུན་པ་རིང་དུ་སོང་བ། དེ་ནས་བློ་བྲལ་དུ་གནས་པས་ས་བརྒྱད་པ་མི་གཡོ་བ། དེ་ལས་བདེ་སྟོང་གི་ཉམས་སུ་མྱོང་བ་ནི་ས་དགུ་པ་ལེགས་པའི་བློ་གྲོས། སྣང་བ་གང་ཤར་བདེ་སྟོང་དུ་གྲོལ་བ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །

བཅུ་བཞི་པ་སྐུ་ལྔ་དང་སྦྱར་བ་ནི། ཡབ་ཡུམ་སྦྱོར་བ་བྱེད་པ་སྤྲུལ་པའི་སྐུ། ལྷའི་སྐུར་བསྐྱེད་པ་ལོངས་སྐུ། བདེ་སྟོང་གི་ཉམས་ཤར་བ་ཆོས་སྐུ། ངོ་བོ་འཛིན་པ་ལས་གྲོལ་བ་ངོ་བོ་ཉིད་ཀྱི་སྐུ། ཕྲིན་ལས་མཐའ་དག་འགྲུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ། །

བཅོ་ལྔ་པ་རྒྱུད་སྡེ་གསུམ་དང་སྦྱར་བ་ནི། ཡབ་ཡུམ་བདེ་བ་མྱོང་བ་མའི་རྒྱུད། ཐིག་ལེ་བཟུང་འདྲེན་འགྲེམས་པ་ཕའི་རྒྱུད། བདེ་སྟོང་གཉིས་སུ་མེད་པ་གཉིས་སུ་མེད་པའི་རྒྱུད་དོ། །

གཉིས་པ་འབྲས་བུ་བསྟན་པ་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ལ་ཉམས་སུ་བླངས་པ་སྔོན་འབྱུང་གི་འབྲས་བུ་དང་། སྤྲུལ་སྐུ་འགྱེད་པ་ཕྱིས་འབྱུང་གི་འབྲས་བུ་གཉིས་ལས། དང་པོ་ནི་གནས་སྐབས་སུ་བདེ་བ་ལ་རང་དབང་ཐོབ་པས་སྣང་སྲིད་བདེ་བར་འཆར། སྡུག་བསྔལ་ཆོས་ཉིད་དུ་གྲོལ། དཔའ་བོ་དང་མཁའ་འགྲོ་འདུ། གྲུབ་པ་བརྒྱད་ཀྱི་ཡོན་ཏན་ཐོབ། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། ཅི་བསམ་པ་ཐམས་ཅད་འགྲུབ་བོ། །

གཉིས་པ་ནི་རང་གི་ཟབ་ཆོས་དང་རིགས་རྒྱུད་ཁྱད་པར་ཅན་ཡུན་རིང་དུ་གནས་པས་འཇིག་རྟེན་ན་སེམས་ཅན་གྱི་དོན་འབྱུང་ན། སྐུའི་བརྒྱུད་པ་གཟུང་བ་གལ་ཆེ་སྟེ། དེའང་ཡུམ་མཚན་དང་ལྡན་པ་ལ་མཁས་པ་ལྔའི་སྒོ་ནས་ཐིག་ལེ་གཏོང་སྟེ། སེམས་བསྐྱེད་ཁྱད་པར་ཅན་གྱིས་ཐེག་ཆེན་གྱི་ལམ་ལ་མཁས་པ། བདེ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མཆོད་པ་ལ་མཁས་པ། ལྷན་གཅིག་སྐྱེས་པའི་ཡེ་ཤེས་ངོས་འཛིན་པ་ལ་མཁས་པ། དོན་གཉིས་ལྷུན་གྱིས་གྲུབ་པ་ལ་མཁས་པ། སྤྲུལ་སྐུས་འགྲོ་དོན་མཛད་པ་ལ་མཁས་པའོ། །འོ་ན་ཐིག་ལེ་ཉམས་(༡༤༨)ན་ན་རག་ཏུ་ལྟུང་བར་བཤད་ཡོད་དམ་སྙམ་ན། བསམ་པ་ཁྱད་པར་ཅན་གྱིས་ཟིན་ན་ཉེས་པ་མེད་དེ། ཀུན་ཏུ་བཟང་མོ་ཀློང་གསལ་ཉི་མའི་རྒྱུད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བླངས་ནས། །གཞན་དོན་ལྷུར་ལེན་སེམས་དཔའ་ཡིས། །སྤྲུལ་པ་འཛིན་ལ་ཉེས་པ་མེད། །ཅེས་སོ། །དེ་ལས་གཞན་དུ་ཉམས་ན་ཉེས་པ་དཔག་ཏུ་མེད་དོ། །དེའང་སྦྱོར་བ་བྱེད་དུས་སུ་སྤྲུལ་སྐུ་དེ་ཤེས་རབ་དང་། སྙིང་རྗེ་དང་། མཐུ་སྟོབས་དང་། ཚེ་དང་ནོར་ལ་སོགས་པ་འཕེལ་བར་འདོད་ན། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། ཚེ་དཔག་མེད་དང་། ཛམྦྷ་ལྷ་ལ་སོགས་པར་ཡབ་ཡུམ་གཉིས་བསྐྱེད་ལ། ཡུམ་གྱི་ལྷུམས་དཀྱིལ་འཁོར་གྱི་དབུས་སུ་ཡུམ་གྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཡབ་ཀྱི་ཐིག་ལེ་ལྷ་སྐུར་བྱོན་ནས་བཞུགས་པར་བསམ་སྟེ། བྷ་ག་དཀྱིལ་འཁོར་གྱི་སྒོར་བསམ་ལ། སྒོ་སྲུང་གིས་བར་ཆོད་བསྲུང་བར་བསམ་སྟེ། ཡུམ་གྲིབ་ལ་གཟབས། གཡེམས་མི་ཤོར་རོ། །ཟླ་བ་བཅུ་ན་སྤྲུལ་སྐུ་ངེས་པར་འབྱོན་ནོ། །དེར་ཅིས་ཤེ་ན་ཀུན་རྫོབ་རྒྱུའི་ཐིག་ལེ་དེ་སྟོབས་རྒྱས་པའི་དུས་སུ་བསམ་པ་གང་ལྟར་བཏང་བ་བཞིན་དུ་འབྱུང་བ་ནི། རླུང་སེམས་དྭངས་མ་གསུམ་གནད་གཅིག་པའི་ཕྱིར་རོ། །

གཉིས་པ་མཐར་ཐུག་གི་འབྲས་བུ་ནི། ཚེ་གཅིག་གིས་སངས་རྒྱས་ཏེ་སེམས་ཅན་གྱི་དོན་རླབས་པོ་ཆེ་གང་ལ་གང་འདུལ་དུ་འབྱུང་བའོ། །

གསུམ་པ་གེགས་སེལ་རྒྱས་པར་བཤད་པ་ལ། བྱེ་བྲག་གི་གེགས་སེལ་མདོར་བསྟན། སྤྱིའི་གེགས་སེལ་རྒྱས་པར་བཤད། དེ་གཉིས་ཀའི་དོན་བསྡུ་བ་གསུམ་ལས། དང་པོ་ལ་གེགས་སེལ་དངོས་དང་། དེའི་མཐུན་ཕྱོགས་བཤད་པ་གཉིས་ལས། དང་པོ་རང་གི་ཐིག་ལེའི་གེགས་ནི་ཕྱག་རྒྱ་མ་དམ་ཚིག་མ་དག་ན་ཐིག་ལེ་ཉམས་པས་ཏིང་ངེ་འཛིན་མི་སྐྱེ། གསང་སྒོ་འཆོལ་བས་གསང་སྔགས་ཀྱི་ཆེ་བ་ཉམས། ཉམས་གྲིབ་ཆེ་བས་ཚེ་ཐུང་ཞིང་ནད་མང་། ལུང་ལས་འགལ་བས་མཁའ་འགྲོའི་བཀའ་ཆད་འབྱུང་། གསང་མ་ཐུབ་པས་བསྟན་པ་ལ་གནོད་པ་བསྐྱེལ། བསྐྱེད་རིམ་མ་གསལ་ན་ཐ་མལ་དུ་འགྲོ། དགའ་བ་བཞིའི་ཡེ་ཤེས་ངོས་མ་ཟིན་ན་སངས་རྒྱས་ཀྱི་ལམ་དུ་མི་འགྲོ། ཐིག་ལེ་ཉམས་ན་ཡོན་ཏན་གང་ཡང་མི་སྐྱེའོ། །ཉམས་ལེན་(༡༤༩)གྱི་གེགས་ནི་ཐིག་ལེ་འབེབས་པའི་དུས་སུ་གཟབས་དགོས། རྩ་ངན་ན་མྱུར་དུ་འཆོར་བས་བཟུང་དུས་མ་ཤོར་བ་གལ་ཆེ། ཟིན་ནས་མྱུར་དུ་མ་བཟློག་ན་ཆུའི་ཟླ་ལ་འཆོར་བས་བཟློག་དགོས། བཟློག་ནས་མྱུར་དུ་མ་བཀྲམ་ན་ནད་དུ་འགྲོ་བས་ཁྲེམས་དགོས། འགྲེམས་དུས་དམིགས་པ་བསྒོམ་པར་བཤད་ཀྱང་མཚན་བཅས་སུ་བསྒོམ་ན་དེར་འཁྲིལ་ནས་ནད་དུ་འགྲོ་བས་དམིགས་མེད་ཀ་དག་གི་ངང་ལ་བཞག །དྭངས་མ་མ་ཁྲེམས་པར་རྩ་ལ་བྱེར་ན་འབྲས་དང་རྐོང་པོ་ལ་སོགས་པ་པགས་པའི་ནད་དུ་འགྲོ་ཞིང་། འཁོར་ལོ་ལྔའི་དབུས་སུ་འཁྱིལ་བས་འཁྲུལ་སྣང་སྣ་ཚོགས་སུ་འཆར། སྨད་ཀྱི་ཆུ་སོར་ལྟུང་ན་གྲང་བ་དང་ཆུ་འགག་འོང་། གཞན་ཡང་དྭངས་མ་ཉམས་པ་དང་། རུལ་བ་དང་། སྐམ་པ་ལ་སོགས་པ་འབྱུང་ངོ་། །དེ་ཡང་ཡུམ་དམ་ཚིག་མ་གཙང་བ་དང་། ཁ་ཟས་དང་གདོན་ལ་སོགས་པས་ཉམས་པ་ལ་བཤགས་པ་བྱ། གྲིབ་ལ་གཟབས་དྲག་སྔགས་ལ་སོགས་པ་བཟླའོ། །རུལ་བ་ནི་མ་ཁྲེམས་པ་ཡིན་ཏེ་དགྲམ་ཞིང་། སྐམ་པ་ནི་ལུས་སྟོབས་ཉམས་པའོ། །གེགས་གང་བྱུང་ཡང་ཕྱིའི་སྟོང་ར་ཡི་དམ་གྱི་ལྷར་གསལ། ནང་གི་སྟོང་ར་དབུ་མ་མདའ་སྙུག་ཙམ་པ་དང་། དོང་པ་ཙམ་པ་དང་། ཕྲུ་མ་ཕུས་བཏབ་པ་ལྟར་ལུས་ཐམས་ཅད་སྟོང་པར་བསྒོམས་ལ། སྟོད་དུ་གེགས་བྱུང་ན་སྨད་དུ་གཏུམ་མོ་བསྒོམས་པས་སེལ་ཞིང་། སྨད་དུ་བྱུང་ན་ཕྱག་རྒྱ་མཚན་ལྡན་བརྟེན་པས་སེལ་ལོ། །མགོ་ན་ན་སྒྲིལ་ཞིང་སྤྲུགས། སྟོད་ན་ན་གསིག་ཅིང་གཅུ། གཞུ་འགེངས་པའི་ཕྱག་རྒྱ་བྱ། སྨད་ན་ན་སྐོར་ཞིང་བརྡབ། ཡན་ལག་ན་ན་གཅུ། མཉེ། སྤྲུགས། ཞགས་པ་འཕེན་པ་ལྟར་བྱའོ། །དེ་དག་གི་དུས་སུ་རླུང་གཟུང་བ་གལ་ཆེའོ། །དེས་ཀྱང་མ་སོས་ན་ཕྱག་རྒྱ་མཚན་དང་ལྡན་པ་ལ་དམིགས་པ་དང་བཅས་པས་དབུལ་ལོ། །དེས་སེལ་ལོ། །

གཉིས་པ་ནི་རང་བཞིན་དང་རྐྱེན་གྱིས་འཕེལ་བ་གཉིས་ལས། དང་པོ་ནི། འབྱུང་བཞིའི་དྭངས་མ་རྒྱུའི་ཐིག་ལེ་དེ་ཚེས་གཅིག་ནས་རིམ་གྱིས་འཕེལ་ཏེ། གསང་གནས་སུ་ཁམས་རྒྱས་འོངས་པས། དེ་དུས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་རྩ་མདུད་ཀྱི་ནང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་དྭངས་མ་ཁ་དོག་ལྔ་ལྡན་བབས་པས་གསང་བའི་རྩ་འདབ་ནས་རིམ་གྱིས་ལུས་ཐམས་ཅད་གང་བར་(༡༥༠)བསམ་ལ། བདེ་སྟོང་གི་ངང་ལ་བཞག་གོ། །དེས་ནད་མེད་ཅིང་ཏིང་ངེ་འཛིན་སྐྱེའོ། །ཡང་དྭངས་མ་ཡར་འཕེལ་ཏེ་ཚེས་བཞི་ལ་ལྟེ་བར་རྒྱས་པས་ལྟེ་བའི་རྩ་མདུད་དུ་པདྨ་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཚེས་བརྒྱད་ལ་སྙིང་གར་རྒྱས་པས་ཆོས་ཀྱི་འཁོར་ལོའི་རྩ་མདུད་དུ་སངས་རྒྱས་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཚེས་བཅུ་གཉིས་ལ་མགྲིན་པར་རྒྱས་པས་མགྲིན་པའི་རྩ་མདུད་དུ་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སྔར་བཞིན་བསྒོམ་མོ། །ཉའི་ཉིན་པར་སྤྱི་གཙུག་ཏུ་རྒྱས་པས་བདེ་ཆེན་འཁོར་ལོར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་སྔ་མ་བཞིན་བསྒོམ་མོ། །སྤྱི་གཙུག་ཏུ་སྐྲ་འཐེབ་གང་བཞར་ལ་ཏིལ་མར་གླ་རྩི་ཙན་དན་བསྲེས་ལ་བྱུགས་ཤིང་བསྐུ་མཉེ་བྱ། དེས་འབྱུང་བ་མི་འཁྲུགས་སོ། །དེ་དུས་གཏར་སྲེག་དང་བྱང་སེམས་ལ་གནོད་པའི་ལས་མི་བྱ། བྱས་ན་ཉམས་ལ་འཕེལ་འགྲིབ་འོང་ངོ་། །དེ་ནས་མར་འཕེལ་ཏེ་ཚེས་བཅུ་དགུ་ལ་མགྲིན་པར་རྒྱས་པས་རིན་ཆེན་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཉེར་གཉིས་ལ་སྙིང་གར་རྒྱས་པས་སངས་རྒྱས་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །ཉེར་ལྔ་ལ་ལྟེ་བར་རྒྱས་པས་པདྨ་མཁའ་འགྲོ་སྔ་མ་བཞིན་བསྒོམ་མོ། །གནམ་གང་ལ་གསང་བ་དང་རྐང་མཐིལ་དུ་རྒྱས་པས་ལས་ཀྱི་མཁའ་འགྲོ་སྔ་མ་བཞིན་བསྒོམ་ཞིང་འབྲུ་མར་སྣ་ཚོགས་པ་དང་། སྦྲང་རྩི་དང་ཛཱ་ཏི་རྣམས་ཀྱི་ལྡེ་གུ་རྐང་མཐིལ་དུ་བྱུགས་ལ་ཉི་མ་ལ་བསྲོའོ། །དེས་ཁམས་རྒྱས་འབྱུང་བ་མི་འཁྲུགས་དགེ་སྦྱོར་འཕེལ་ལོ། །དྭངས་མ་རང་བཞིན་གྱིས་འཕེལ་བ་ལ་དམིགས་པའི་ཁ་ཚར་གདབ་པའོ། །གཉིས་པ་ལ་རྩ་བ་ལྔའི་སྨན་མར་དང་། འབྲས་བུ་ལྔ་དང་། དཔྱིད་ཤ་དང་། རྩང་པའི་ཤ་དང་། སྦྲུལ་ཤ་དང་། ལུག་ཚེར་ཐོང་གི་ཚང་རའི་ཤ་རྣམས་བུར་སྦྲང་ཆུ་བཅད་པ་ལ་བཏབ་སྟེ་སྒོར་བ་དུམ་རེ་ཟོས་ན་མཆོག་ཏུ་འཕེལ་ལོ། །ཕྱག་རྒྱ་མཚན་ལྡན་ལས་འཕེལ་བས་བརྟེན་ནོ། །

གཉིས་པ་ལ་འདུ་བ་བཞིའི་གེགས་སེལ་སྤྱིར་བསྟན་པ་དང་། ཚ་གྲང་གཉིས་སུ་བསྡུས་ནས་བྱེ་བྲག་ཏུ་བཤད་པའོ། །

དང་པོ་ནི་འདོད་ཆགས་ཀྱིས་རྐྱེན་བྱས་ནས་མེའི་རླུང་མཐུ་རྒྱས་ཏེ་ཚད་པ་འཇུག །ཞེ་སྡང་གིས་རྐྱེན་བྱས་ནས་རླུང་མཐུ་རྒྱས་ཏེ་རླུང་ནད་འཇུག །གཏི་མུག་གིས་རྐྱེན་བྱས་ནས་སའི་རླུང་རྒྱས་ཏེ་བད་ཀན་འཇུག །ང་རྒྱལ་ཕྲག་དོག་གཉིས་ཀྱིས་རྐྱེན་བྱས་ནས་ཆུའི་རླུང་རྒྱས་ཏེ་གྲང་བ་འཇུག་གོ། །(༡༥༡)འབྱུང་བ་མཐོ་དམན་གང་ཆ་མ་སྙོམས་ཀྱང་ནད་དུ་འགྲོ། ཉིན་དུས་གཉིད་དུ་སོང་བས་ཀྱང་ནད་འཇུག་སྟེ་འབྱུང་བ་གཅིག་གི་དགྲ་གཅིག་གི་བྱས་ནས་ནད་འཇུག་ཅིང་ལྡང་ངོ་། །མི་མཐུན་པའི་ཟས་གོས་དང་། གདོན་དང་། སྤྱོད་ལམ་ལ་སོགས་པས་ཀྱང་ནད་འཇུག་གོ། །དེའང་ཕོ་བ་ལྟ་བུར་འབྱུང་བཞིའི་དྭངས་མ་འཁྲུགས་ཏེ་ན་ན། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་པདྨ་ཌཱ་ཀི་ཡབ་ཡུམ་དམིགས་ཏེ། གྲང་བ་ལ་མེའི་རྣམ་པ་ཚ་ཞིང་འབར་བ་མར་མེའི་འོད་ཟེར་ལྟ་བུ་སྦྱོར་མཚམས་ནས་བབས་པས་ལྟེ་བའི་རྩ་ཐམས་ཅད་གང་ནས་ན་སར་བྱུང་བས། ཕོ་བའི་མེ་དྲོད་སྐྱེས་པར་བསམ་མོ། །གྲང་བ་ལ་པདྨ་ཌཱ་ཀི་ཡབ་ཡུམ་གྱིས་སེལ་ལོ། །ཚད་པ་ལ་བདེ་ཆེན་འཁོར་ལོ་ནས་རྡོ་རྗེ་མཁའ་འགྲོ་ལས་དྭངས་མ་དངུལ་ཆའི་རྣམ་པ་ལྟ་བུ་བབས་པས་སངས་སངས་ཞི་བར་བསམ་མོ། །འདུས་པའི་ནད་ལ་སྙིང་ག་ནས་སངས་རྒྱས་མཁའ་འགྲོ་ལས་དྭངས་མ་བབས་པས་ན་ས་དང་། ལུས་ཐམས་ཅད་ཞོ་རྐྱལ་བཞིན་ཁེངས་པས་བདེ་བར་ཕྲིལ་གྱིས་སོང་ནས་ནད་ཐམས་ཅད་ཞི་བར་བསྒོམ་མོ། །བད་ཀན་ལ་པདྨ་མཁའ་འགྲོ་ལས་གཏུམ་མོ་སྦར་ཞིང་ལས་ཀྱི་མཁའ་འགྲོ་ལས་རླུང་གི་དྭངས་མས་ཞི་བར་བསྒོམ་མོ། །རླུང་ལ་རིན་ཆེན་མཁའ་འགྲོ་ལས་སའི་དྭངས་མ་སེར་པོའི་རྒྱུན་བབས་པས་ལུས་ཁེངས་ནས་ནད་ཞི་བར་བསྒོམས་པས་སེལ་ལོ། །

གཉིས་པ་ནི་ནད་ཐམས་ཅད་ཚ་གྲང་གཉིས་སུ་འདུས་པས་དེ་བསལ་བའི་ཐབས་ལ། སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་ནད་ཚུར་བླངས་ཏེ། སེམས་ཅན་ཐམས་ཅད་ནད་མེད་པར་བདེ་བར་བསམ། དེ་ནས་ཡི་དམ་གྱི་ལྷར་བསྒོམས་ལ་ལུས་ཀྱི་ནང་ཕྲུ་མ་ཕུས་བཏབ་པ་བཞིན་ཡོད་པ་ལ་འཁོར་ལོ་ལྔ་གསལ་གདབ། གང་ན་སར་ནད་ཐམས་ཅད་ནག་ཉིལ་འདུས་པར་བསྒོམས་ལ་རླུང་གཟུང་སྟེ་གང་ན་སའི་འཁོར་ལོའི་མཁའ་འགྲོ་གསལ་གདབ་པ་ལས། གྲང་བ་ཡིན་ན་སྦྱོར་མཚམས་ནས་མེའི་ཐིག་ལེ་དམར་ཞིང་ཚ་བ་བབས་པ་དང་། ལུས་ཀྱི་ནང་མེར་འུར་འབར་བས་ནད་དེ་ཐུལ་གྱིས་ཚིག་པར་བསྒོམ་ལ། ཨ་ཙ་ནཱི་ཧྲཱིཿཞེས་བསྡམས་པ་སོ་སོར་དྲག་ཏུ་བཟླས་པས་ནད་ཕྱིར་བུད་པར་བསམ་མོ། །ཚད་པ་ལ་ཐིག་ལེ་དངུལ་ཆུ་ལྟ་བུ་བསིལ་ཞིང་གྲང་བ་བབས་པས་ཚད་པའི་ནད་མེའི་(༡༥༢)རྣམ་པར་བསམ་པ་དེ་འཕྲལ་ལ་ཞི་ནས་ནད་རོ་ཕྱིར་བུད་པར་བསམ་མོ། །ངག་ཏུ་ཨ་ཧ་ཡ་མར་ཞེས་པ་དྲིལ་བའམ་སོ་སོར་ངག་ཏུ་བཟླས་ཤིང་རླུང་ཕྱིར་ཕུའོ། །བད་རླུང་གྲང་བ་ལ་མེ་དམིགས་གཟུང་ལ་རླུང་ཐོག་མར་ཕུལ་ལ་ནང་དུ་གཙོ་ཆེར་གཟུང་། དེ་ལས་གཞན་ལ་གྲང་དམིགས་ཀྱིས་བཅོས་སོ། །དེའང་འཁོར་ལོ་རེ་རེའི་ཐད་ཀར་གང་ནས་དེར་འཁོར་ལོ་དེའི་མཁའ་འགྲོའི་དམིགས་པ་བྱ་ཞིང་། སྐབས་སུ་རླུང་མ་གཏོགས་པ་ལ་ཧ་ཞེས་བརྗོད་པས་ནད་དེ་ཕྱིར་རྒྱང་རྒྱང་སོང་ནས་ནམ་མཁའ་ལ་ཐིམ་པར་བསྒོམ་མོ། །རླུང་ལ་ནང་དུ་ཞི་བར་བསམས་ལ་དྭངས་མ་དམར་སེར་གྱིས་ལུས་མེར་གྱིས་བཀང་བས་ཞི་བར་འགྱུར་རོ། །འདི་ནི་ནད་འདོན་རྣམས་ཀྱི་ནང་ནས་མཆོག་ཏུ་འཕགས་སོ། །

གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། ཉོན་མོངས་པའི་བསམ་པ་རང་རྒྱུད་དུ་འཛིན་པས་འབྱུང་བའི་དྭངས་མ་འཁྲུགས་ཏེ་ནད་འབྱུང་བ་ཡིན་ཏེ། ཉོན་མོངས་པ་དུག་ལྔའི་རྣམ་རྟོག་གང་སྐྱེས་ཀྱང་རང་རྒྱུད་ལ་མི་གཏང་བར་ཆོས་ཉིད་ཀྱི་ངང་དུ་རོ་མཉམ་པར་བྱའོ། །དེས་ནད་གདོན་བར་ཆད་ཐམས་ཅད་སེལ་ལོ། །

བཞི་པ་རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེ་ལ། མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་རྒྱུད་ལ་བརྟེན་པའི་ཚུལ་གཉིས་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ནི་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པས། ཡང་དག་པའི་དོན་ཐོབ་པའི་དགོས་པ་ཡོད་དོ། །ཐོད་པ་དང་མེ་ལོང་གིས་ནི་མཆོག་འགྲུབ་པའི་རྟེན་མཚོན་པའོ། །དམ་ཚིག་སྦྱིན་ནས་ཁས་བླངས་པས་གསང་སྔགས་རབ་ཏུ་གསང་བའི་དོན་ཉེ་བར་མཚོན་པའོ། །ཡེ་ཤེས་དབབ་པས་སྣོད་ཁྱད་པར་ཅན་དུ་གྲུབ་པའི་དགོས་པ་ཡོད་དོ། །

གཉིས་པ་ལ་དྲུག་ལས། དང་པོ་གནས་ས་ལ་ངོ་སྤྲད་པ་ནི། དེའི་ངང་ལ་གློད་པ་ནི། ལ་སོགས་པས་སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་མཚོན་པའི་དགོས་པ་ཡོད་དོ། །གཉིས་པ་འགྲོ་ས་ལ་ངོ་སྤྲད་པ་ནི། ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །ལ་སོགས་པས་འགྲོ་འོང་མེད་པའི་དོན་རྟོགས་པའི་དགོས་པ་ཡོད་དོ། །

གསུམ་པ་བྱུང་ས་ལ་ངོ་སྤྲད་པ་ནི། ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པས། སེམས་བྱུང་ས་མེད་པར་རྟོགས་པས་རྩ་བ་དང་བྲལ་བའི་དོན་རྟོགས་པའི་དགོས་པ་ཡོད་དོ། །

བཞི་པ་དེ་ནས་ཚོགས་དྲུག་ལ་ངོ་སྤྲད་པ་ནི། (༡༥༣)ཀྱེ་མ་རིགས་ཀྱི་བུ་ཁྱོད་ཀྱིས། །ཞེས་པ་ལ་སོགས་པས་གཟུགས་སོགས་ཡུལ་དྲུག །འཛིན་མཁན་གྱི་སེམས་དྲུག་ཡེ་སྟོང་རྩ་བ་དང་བྲལ་བར་རང་ཤར་རང་གྲོལ་དུ་རྟོགས་པའི་དགོས་པ་ཡོད་དོ། །

ལྔ་པ་དེ་ནས་ཉོན་མོངས་རང་གྲོལ་དུ་ངོ་སྤྲད་པ་ནི། དེ་སོགས་དུག་ལྔ་དུག་གསུམ་ཡང་། །ཞེས་པ་ལ་སོགས་པས་ཉོན་མོངས་པ་རྩ་བྲལ་ཡེ་ཤེས་ཆེན་པོར་རྟོགས་པའི་དགོས་པ་ཡོད་དོ། །

དྲུག་པ་དེ་ནས་ལུང་དང་སྦྱར་བའི་སྤང་བླང་གཉིས་སུ་མེད་པར་ལ་བཟླ་བའི་དགོས་པ་ཡོད་དོ། །

གསུམ་པ་མཇུག་ནི། དེས་ནི་དག་བྱ་གང་དག་ན། །ཞེས་པ་ལ་སོགས་པས་བླང་དོར་ཡོན་ཏན་གྱི་སྐྱེ་ཚུལ་ལ་སོགས་པ་རྟོགས་པའི་དགོས་པ་ཡོད་ཅིང་དགའ་སྟོན་གྱིས་ཚོགས་རྫོགས་པའོ། །

གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་ཚུལ་ནི་ཁྲེགས་ཆོད་ཀྱི་དོན་བསྒོམ་པ་སྟེ། ཡེ་ནས་རྩ་བ་བྲལ་བའི་སེམས་ཉིད་ལ། །བཅོས་ཤིང་བསྒྱུར་མེད་རང་བཞིན་ཤེས་པས་གྲོལ། །སྨིག་རྒྱུ་ཐོ་ཡོར་ཐག་པ་སྦྲུལ་མཐོང་བཞིན། །གང་གིས་མ་བསླད་རང་བཞིན་དག་པའི་སེམས། །ལྟ་སྒོམ་མེད་དེ་སྤྱོད་པས་ཕན་ཅི་ཡོད། །ཡེ་གྲོལ་ལྷུག་པར་རང་བབས་ཆོས་ཉིད་ལ། །སྣང་དང་མཐོང་མེད་བདེན་རྫུན་མཐའ་ལས་འདས། །ཡོད་མེད་ཡིན་མིན་སེམས་ཀྱི་རོལ་པ་ཙམ། །སྣང་སྲིད་འཁོར་འདས་སྒྱུ་མའི་རང་བཞིན་ལ། །དོན་མེད་བདེན་པར་གཟུང་བས་བྱིས་པ་བསླུས། །སྣ་ཚོགས་ཆོས་རྣམས་སེམས་ཀྱི་ངང་དུ་གཅིག །དབའ་རླབས་གཡོ་བ་རྒྱ་མཚོའི་ངང་དུ་གཅིག །སེམས་ཉིད་མ་བཅོས་གདོད་མའི་ངང་དུ་གཅིག །སྒྲ་བརྙན་ཆུ་ཟླ་སྟོང་པའི་ངང་དུ་གཅིག །དེ་ལྟར་རྟོགས་ན་འཆིང་དང་གྲོལ་བ་མེད། །ནམ་མཁའི་པདྨོ་ལ་ནི་བུང་བ་འཁོར། །སྨིག་རྒྱུའི་ཐག་པས་འགྲོ་བ་བཅིངས་པར་ཟད། །ཀྱེ་ཧོ་ཆོས་ཀུན་གདོད་ནས་མ་སྐྱེས་ཏེ། །བླང་དོར་རེ་དོགས་དགག་སྒྲུབ་རྩིས་ལས་འདས། །དེ་ལ་ཆེད་འཛིན་མ་བྱེད་གང་དགར་ཞོག །ངས་ནི་ཆོས་རྣམས་བྱ་རྒྱུ་མ་རྙེད་པས། །བྱར་མེད་གཉུག་མ་བཞི་པའི་ཡེ་ཤེས་ཡིན། །ཁྲེགས་ཆོད་དོན་དེ་གཟའ་གཏད་ཀུན་དང་བྲལ། །ཀུན་ཏུ་བཟང་པོའི་དགོངས་ཀློང་ཡངས་པ་ཡིན། །ཕྱི་རབས་རྣལ་འབྱོར་རྣམས་ཀྱང་དེ་བཞིན་མཛོད། །གཉུག་མའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེ། །བྱར་མེད་རྒྱལ་པོ་ལྷུན་རྫོགས་བློ་བདེ་བ། །པདྨ་ལས་འབྲེལ་རྩལ་(༡༥༤)གྱིས་བསྟན་ནས་སོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གོ། །

ལྔ་པ་བླ་མེད་རིག་པའི་རྩལ་དབང་ལ་གཉིས་ལས། དེ་མ་ཐོབ་པ་ཐོབ་པར་བྱ་བ་དང་། དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་དང་གཉིས་ལས། དང་པོ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་མཎྜལ་ཕུལ་བས་རིག་པ་མེ་ལོང་ལྟ་བུའི་དོན་རྟོགས་པའི་དགོས་པ་ཡོད་དོ། །

གཉིས་པ་ལ་གཉིས་ལས། སྨིན་བྱེད་རིག་པའི་རྩལ་དབང་ནི། གནས་ལྔར་ཡི་གེ་བཀོད་པའི་འཕྲོ་འདུ་ལས་བཟླས་པ་བྱ་བ་ནི། འཁོར་ལོ་ལྔ། སྐུ་ལྔ། ཡེ་ཤེས་ལྔར་གསལ་བས་ཉོན་མོངས་པ་ལྔ་དག་པའི་དགོས་པ་ཡོད་དོ། །གཉིས་པ་མངོན་སུམ་རིག་པའི་རྩལ་དབང་གིས་ནི་འོད་གསལ་སྙིང་པོའི་དཀྱིལ་འཁོར་མཐོང་བས་ཆོས་ཉིད་ཟད་པའི་ས་ལ་ཕྱིན་པའི་དགོས་པ་ཡོད་དོ། །

གསུམ་པ་རྗེས་དགའ་སྟོན་བྱ་བས་བླ་མ་མཁའ་འགྲོ་མཉེས་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་དགོས་པ་ཡོད་དོ། །

གཉིས་པ་དེ་ཉིད་རྒྱུད་ལ་བརྟེན་པའི་ཚུལ་ནི། སྣང་བ་བཞིའི་དོན་ལ་གོམས་པར་བྱེད་པ་སྟེ་འོག་ཏུ་འཆད་པར་འགྱུར་བས་འདིར་མ་བཀོད་དོ། །ཞར་ལ་གཏེར་ཆོས་ཀྱི་དབང་ལ་ལོག་རྟོག་དགག་པ་ནི། རང་གི་བློ་གྲོས་ཀྱི་ཉི་མ་དྲི་མ་མེད་པའི་མིག་མི་ཤེས་པའི་རབ་རིབ་ཀྱིས་ལྡོངས་ཤིང་ཕྱོགས་ལྷུང་གི་དྲ་བ་མི་བཟད་པས་བཅིངས་ཏེ་ཕྲག་དོག་གི་མེ་ལྕེ་བཟོད་པར་དཀའ་བས་ཕ་རོལ་གྱི་རྒྱུད་སྲེག་པར་བྱེད་པའི་སྐྱེ་བོ་བ་གླང་སྐྱོང་ཁ་ཅིག་ན་རེ། གཏེར་མ་འདི་ས་ཆོས་དང་རྡོ་ཆོས་ཡིན་པས་བླ་མ་བརྒྱུད་པ་མེད། བྱིན་རླབས་ཀྱི་བཀའ་ཆད་པས་བསྒྲུབས་ཀྱང་འབྲས་བུ་མི་འབྱུང་སྟེ། ཆོས་སྐལ་ཆད་པས་གཏེར་མ་ཉན་བྱ་བ་ཡིན་ཟེར་རོ། །དེའང་སློབ་དཔོན་ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་བྱ་བས། བླུན་པོ་དེ་དག་གི་ལན་ཁྱི་རྣམས་ཟུག་པ་སྙམ་ཡང་མི་སེམས་པས་ལན་ཐེབ་མོད། དེ་ལ་བརྩོད་དུ་ཅི་ཡོད། འོན་ཀྱང་གཏེར་ཆོས་ལ་དད་པའི་གང་ཟག་ཁ་ཅིག་དོགས་པར་འགྱུར་བས། དེ་བསལ་བའི་ཕྱིར་བཤད་པ། སྤྱིར་རྙིང་མ་ལ་བཀའ་གཏེར་གཉིས་སུ་བཞུགས་ཏེ། གང་གི་དབང་བྱེད་ཀྱང་བརྒྱུད་པ་དྲུག་ཚང་དགོས་ཞིང་། ཁྱད་པར་དུ་གཏེར་ཆོས་འདི་ལ་དྲུག་ཀ་ཚང་བས་སྐལ་ལྡན་སྨིན་པར་བྱེད་དོ། །དྲུག་ནི་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་(༡༥༥)དབང་བསྐུར་གྱི་བརྒྱུད་པའོ། །གཏེར་ལུང་ཆེན་མོ་ལས། སྤྲུལ་སྐུའི་ཆོས་རྣམས་གསུངས་པ་ཡང་། །སྒྲ་ཚིག་དོན་ལས་ལོག་པ་མེད། །གཏེར་ཡིག་སྤྲུལ་པའི་སྐུ་ཡིན་ཕྱིར། །དེ་ཡི་བརྗོད་ཚིག་སྒྲ་ཡང་ཡིན། །དེ་ཉིད་གོ་བ་དོན་ཡིན་ནོ། །ཞེས་པས། སྤྲུལ་སྐུས་གསུངས་པའི་སྙན་བརྒྱུད་ལ་ཡང་བླ་མ་དེས་གསུངས་པ་སློབ་མས་གོ་བ་ཉམས་སུ་ལེན་པ་ལས་མེད། གཅིག་ཏུ་ན་གདུལ་བྱའི་སྣང་བ་ལ་སྤྲུལ་པས་གསུངས་པ་ལྟར་སྣང་ཡང་། སངས་རྒྱས་སྤྲུལ་སྐུ་དེས་ཆོས་རང་མཚན་པ་མ་གསུངས་པར། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་པ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་པ་དང་ཤིན་ཏུའང་མཐུན་ཏེ། སངས་རྒྱས་སྒྲ་མེད་ཀྱང་གདུལ་བྱའི་སྣང་བ་ལ་སྒྲ་ཚིག་གོ་བ་ལྟར། གཏེར་ཡིག་ལ་སྒྲ་མེད་ཀྱང་གཏེར་འདོན་གྱི་བླ་མ་དེས་དང་པོར་ཚིག་དོན་གོ་ལ། དེ་གཞན་ལ་བསྟན་པས་འབྲས་བུ་ཐོབ་པ་ཡིན་ནོ། །དེས་ཀྱང་དབང་བསྐུར་བར་རིགས་སོ། །ཡང་གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་ཏེ། །དབང་བསྐུར་ཆོས་བཤད་བྱེད་མཁན་མེད། །རང་སེམས་ཆོས་སྐུར་ཤེས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོགས་པ་ཡིན། །ཞེས་པས་གདོད་མའི་མགོན་པོས་སུ་ལའང་མ་ཉན་ཀྱང་གོ་ཆོད་པར་བྱུང་འདུག །ཅི་ནས་ཀྱང་བླ་མ་ཡིན་ཟེར་བའི་ཉོན་མོངས་པར་རགས་ལ་འདོད་ཁ་ཆེ་བ། ཅི་བྱེད་ཆོས་དང་མི་མཐུན་པ་ཅིག་ལ་ཞུ་དགོས་པའི་ངེས་པ་མེད་པས་ཀྱང་ཉོན་ལ། ཤཱཀྱ་ཐུབ་པ་ལ་ཡང་སློབ་དཔོན་མེད་པར་རང་བྱུང་གིས་ཆོས་སྟོན་པའོ། །དེ་སྐད་དུ་འདུལ་བ་ལུང་ལས། ང་ལ་མཁན་པོ་གང་ཡང་མེད། །ང་ལ་སློབ་དཔོན་མེད་པས་ན། །ང་ཉིད་རང་བྱུང་དགེ་སློང་ཡིན། །ཞེས་པས་ཀྱང་ཤེས་སོ། །དེ་སྐུ་ཚེ་སྔ་མ་ལ་སློབ་དཔོན་ཡོད་པས་གོ་ཆོད་མོད་ཟེར་ཡང་། འདིར་ཡང་ཚེ་སྔ་མ་ལ་སློབ་དཔོན་པདྨ་ལ་སོགས་པའི་སློབ་མ་ཡིན་པས་ལས་ཀྱི་འཕྲོ་ཡོད་པས་སད་པ་ཡིན་ཏེ། མ་འོངས་ལས་ཅན་གཅིག་དང་འཕྲད་པར་ཤོག་ཅེས་པས་མཚུངས་སོ། །ཡང་བུམ་དབང་རྣམ་པར་ཕྱེ་བ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། རྒྱལ་བ་རིགས་ལྔས་རིམ་པ་བཞིན་དུ་སྣོད་ལྡན་ལ་དགོངས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པ་ལ་དགོངས་ནས་ཟབ་(༡༥༦)གཏེར་དབང་བཀའ་དང་བཅས་པ་སྦས་པས། དེ་སུས་ཐོན་པ་ལ་རྒྱལ་བ་དགོངས་པའི་བཀའ་ཡོད་པའོ། །རྒྱལ་བའི་གཏེར་ལུང་ལས། རྒྱལ་བ་དགོངས་པ་གཉིས་ཀྱི་ཚུལ། །དགོངས་པ་བབས་པ་དབང་གི་མཆོག །ཅེས་སོ། །རིག་འཛིན་བརྡའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིགས་ལྔའི་སངས་རྒྱས་སུ་བརྒྱུད་པ་ཐམས་ཅད་ཕྱག་རྒྱས་བརྡ་བསྟན་པ་ཙམ་གྱིས་དབང་དང་དངོས་གྲུབ་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པའི་སྣོད་ལྡན་ལ་དབང་བསྐུར་བ་འདི་ལྟར་གྱིས་ཤིག །ཅེས་པའི་གཏེར་དཔེ་བཞག་པས། སློབ་བུས་དེ་བཞིན་དུ་བསྐུར་བས་བྱིན་རླབས་དང་དངོས་གྲུབ་ཐོབ་སྟེ་དབང་བཀའ་ཡོད་པ་ཡིན་ནོ། །རིག་པ་བདུན་པའི་རྒྱུད་ལས། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའ་འོ། །ཞེས་པས་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་རིག་པ་ལ་དབང་ཐོབ་སྟེ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་ཟབ་གཏེར་འདི་སྦས་པས་དེ་སུས་ཐོན་པ་ལ་བྱིན་རླབས་ཞུགས་ཏེ་རིག་པའི་རྩལ་དབང་ཐོབ་ནས་སློབ་བུ་ལའང་བྱིན་རླབས་ཀྱི་དབང་བསྐུར་ནུས་པས་ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པའོ། །གཏེར་ལུང་ལས། གང་གི་བྱིན་རླབས་ཞུགས་པ་དེ། །དབང་གི་དམ་པ་མཆོག་ཏུ་དབང་། །ཞེས་སོ། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་དུ་སྣོད་ལྡན་དང་མ་འཕྲད་ཀྱི་བར་དུ་རྒྱས་བཏབ་ནས། ཌཱ་ཀི་མ་ལ་གཉེར་གཏད་ནས་སྣོད་མིན་སྲུངས་ལ། སྣོད་ལྡན་ལ་གཏོད་གསུངས་པས། དེས་རྒྱལ་བའི་བཀའ་བཞིན་དུ་གཏད་པས། དབང་ཐོབ་ནས་ཡང་དག་པར་སངས་རྒྱས་པ་བཞིན་དུ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་གཏེར་དུ་སྦས་ནས་ཌཱ་ཀི་མ་དང་། འཇིག་རྟེན་གྱི་ལྷ་འདྲེ་ལ་གཏད་ནས། སྣོད་ལྡན་འདི་ལ་གཏེར་འདི་གཏོད། །སྣོད་མིན་ལེན་ལ་དབང་པོ་སྣུབས། །ཞེས་གཏད་པས།  གཏེརསྲུང ་རྣམས་ཀྱིས་ཀྱང་སྣོད་དང་ལྡན་པ་ལ་གཏད་པས་དབང་གི་ལུང་ཐོབ་པ་ཡིན་ཏེ། གཏེར་ལུང་གཏད་རྒྱ་མ་ལས། གཏད་རྒྱ་གང་ལ་གཏད་པ་ནི། །སངས་རྒྱས་ཀུན་གྱི་དབང་འཛིན་པ། །ཞེས་སོ། །སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བས་སྨོན་ལམ་ནི་སངས་རྒྱས་ཀྱི་བདེན་པའི་བཀའ་ཡིན་ཏེ། བཀའ་འདི་མི་བསླུ་དབང་གི་མཆོག །ཅེས་སོ། །(༡༥༧)བདག་འདྲ་པདྨས་ཀྱང་གཏེར་དུ་གཏམས་ཚད་ལ་མ་འོངས་ལས་ཅན་ཅིག་དང་འཕྲད་པར་ཤོག་ཅེས་སྨོན་ལམ་བཏབ་པས། དེའི་མཐུས་ལས་ཅན་ཅིག་དང་འཕྲད་ངེས་པ་ཡིན་ཏེ། ལས་མེད་ཀྱི་ལག་ཏུ་མི་འབྱུང་ངོ་། །དབང་གི་དམ་པ་སྨོན་ལམ་ཡིན་ཏེ་སྨོན་ལམ་དབང་གིས་བཀའ་མ་ཆད་པ་འདི་ཡིན་ནོ། །གཏེར་ལུང་ལས། སྨོན་ལམ་དབང་ནི་དབང་བསྐུར་མཆོག །ཅེས་གསུངས་སོ། །

དེ་ལྟར་བརྒྱུད་པ་དྲུག་ལྡན་གྱི་བཀའ་བབས་དབང་གི་ཆུ་བོ་མ་ཉམས་པས། བདག་འདྲ་པདྨ་ལས་འབྲེལ་རྩལ་ལ་ཆུ་མོ་གླང་གི་ལོ་ལ་ཤོག་སེར་གཏེར་དཔེ་རྣམས་གཏད་ནས་མིའི་ཡུལ་དུ་སྣང་བར་བྱས་པའི་འོག་ཏུ། དེང་སང་ལོངས་སྐུའི་ཞིང་ཁམས་དར་ཅིག་ཉུལ་དུས་ཤིང་མོ་ཡོས་ལ་བླ་མ་ཡབ་ཡུམ་དང་། མཁའ་འགྲོ་དུ་མས་དབང་གི་བཀའ་གཏད་དེ་གཞན་ལ་སྤེལ་ཅིག་པར་ལུང་བསྟན་པས། ཟབ་ཆོས་ཀྱི་བསྟན་པ་དར་བའི་མགོ་འཛིན་པ་ནི་ལོའི་དུས་ཏེ་སྣོད་དང་སྤེལ་བའི་དུས་བརྟག་པ་ལས། ཆུ་མོ་གླང་ནས་ཤིང་མོ་ཡོས་ཀྱི་བར། །གཏེར་བདག་བརླ་སྨེ་ཅན་གྱི་སྙིང་ལ་གཏད། །མེ་རྟའི་ལོ་ལ་དཀར་ཤོག་དག་ལ་གནན། །སྙིང་གི་བུ་མཆོག་ལྔ་ཙམ་ཡོང་གིས་སྤེལ། །དེ་ཡང་དུས་གཅིག་མ་ཡིན་རིམ་པས་སུ། །དབང་ཁྲིད་རྫོགས་ནས་ལོ་དང་ཟླ་རེའི་བར། །དུས་གཅིག་མི་སྦྱིན་རིམ་པ་བཞིན་དུ་བསྟན། །ཅེས་པ་དང་། སྤེལ་བའི་ལོ་དུས་མ་ཚང་འདི་སྤེལ་ན། །དངོས་གྲུབ་མི་འབྱུང་སྒྲོ་སྐུར་འབྱུང་བར་འགྱུར། །དུས་ལ་བབས་ཚེ་རང་གིས་མ་བསྟན་ན། །འགྲོ་དོན་རྒྱུན་ཆད་ལྟུང་བ་ཕོག་ཏ་རེ། །འོན་ཀྱང་ཌཱ་ཀིས་ལུང་བསྟན་བྱུང་གྱུར་ན། །ལོ་མ་ཐེམ་ཡང་དུས་ཚོད་དེ་ཀར་སྤེལ། །ཞེས་གསུངས་པའི་དོན་དུས་ལ་བབས་ཤིང་མཁའ་འགྲོའི་ལུང་བསྟན་དང་། ཆོ་འཕྲུལ་བྱུང་ཚུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ་འདིར་ཡི་གེས་འཇིགས་ནས་མ་བྲིས་སོ། །དེས་ན་ཟབ་གཏེར་མི་ཡུལ་དུ་བྱུང་དུས་དེ་ཉིད་གདན་འདྲེན་མཁན་དེ་སློབ་དཔོན་གྱིས་དངོས་སུ་བྱིན་གྱིས་བརླབས་པའི་ལས་ཅན་ཡིན་ངེས་པས། དབང་ཁྲིད་མན་ངག་དང་བཅས་པའི་བཀའ་མེད་པར་དོགས་པར་མི་བྱའོ། །གཏེར་དཔེ་འདོན་མཁན་དེ་ནས་རིམ་པ་ལྟར་བརྒྱུད་དགོས་ཏེ། བཀའ་བབས་ཀྱི་སྲོལ་མི་ཉམས་པར་བྱ་བའི་ཕྱིར་རོ། །དེ་དག་གིས་མ་སྨིན་པ་སྨིན་པར་བྱེད་པའི་དབང་དངོས་བསྟན་ཟིན་ཏོ། །


previousདབང་བསྐུར་བ་དངོས།next