གདོད་མ་གཤིས་ཀྱི་བཞུགས་ཚུལ།
དོན་གསུམ་པ་གཞི་ལམ་འབྲས་བུ་གསུམ་གྱི་གདམས་པ་རྒྱས་པར་བཤད་པ་ལ། དང་པོར་གཞིའི་གནས་ལུགས་བསྟན་པ་དང་གཅིག །བར་དུ་ལམ་གྱི་འཁྱེར་ཚུལ་བསྟན་པ་དང་གཉིས། ཐ་མར་འབྲས་བུའི་གྲོལ་ཚུལ་བསྟན་པ་དང་གསུམ་ལས། དང་པོ་ལ་ལྔ་སྟེ། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན་གཞི་གཤིས་ཀྱི་གནས་ལུགས་བསྟན་པ་དང་། དེ་ལས་ལྷུན་གྲུབ་ཀྱི་(༣༥)འཆར་ལུགས་བསྟན་པ་དང་། དེ་ཉིད་རིག་པས་ཐོག་མའི་ཀུན་ཏུ་བཟང་པོ་གཞི་ཐོག་ཏུ་ཇི་ལྟར་གྲོལ་བའི་ཚུལ་དང་། མ་རིག་པས་ཁམས་གསུམ་གྱི་སེམས་ཅན་འཁོར་བར་ཇི་ལྟར་འཁྱམས་ཚུལ་བསྟན་པ་དང་། སེམས་ཅན་གྱི་ཁམས་ལ་གདོད་མའི་སངས་རྒྱས་ཇི་ལྟར་བཞུགས་ཚུལ་བསྟན་པའོ། །དང་པོ་ལ་གདོད་མ་གཤིས་ཀྱི་བཞུགས་ཚུལ། འཁོར་འདས་འཆར་གཞི་བྱེད་ཚུལ། དེ་ལ་རྩོད་པ་སྤངས་ཚུལ་གསུམ་ལས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །
དང་པོ་ནི་སྒྲོན་མ་འབར་བ་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །དེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་པ་དང་། སྙིང་གི་མེ་ལོང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག །དེ་ཡང་ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག །རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག །ཐུགས་རྗེའི་ཆོས་ཐམས་ཅད་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག །ཅེས་སོ། །དེ་ལྟ་བུའི་ཚུལ་ངོ་བོ་གཅིག་ལ་རྣམ་པ་མ་འདྲེས་པ་ཇི་ལྟར་བཞུགས་ཤེ་ན། རིག་པ་རང་ཤར་ལས། དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། མཐའ་དང་བྲལ་བའི་རིག་པ། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགགས་པ། མི་འཁྲུལ་པའི་ཆོས་ཉིད། ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པ། སྐུ་དང་ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །ཞེས་པས་ཡེ་ཐོག་གཞིའི་དུས་ན་ཤེས་བྱ་རྣམ་པར་དག་པ། ཡུལ་ཆོས་ཀྱི་དབྱིངས་སྟོང་ལ་གོ་འབྱེད་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། གསལ་ལ་སྒྲིབ་པ་མེད་པ་མེ་ལོང་དག་པའི་ངོས་ལྟ་བུ། དྭངས་ལ་མི་གཡོ་བ་རྒྱ་མཚོ་དྭངས་པའི་གཏིང་ལྟ་བུ། དེའི་སྙིང་པོར་གཞི་འཛིན་པའི་རིག་པ་སྐུ་གསུམ་དུ་གནས་པ། སངས་རྒྱས་དང་སེམས་ཅན་གང་དུའང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞི་མ་འགགས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་ཏེ། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལས། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། ཡེ་ཤེས་རྣམ་དག་རང་གི་ངོ་བོ་ལ། །ངོ་བོ་རང་(༣༦)བཞིན་ཐུགས་རྗེ་གསུམ་དང་ལྡན། །ཞེས་སོ། །དེ་གསུམ་ཡང་ནང་གསལ་དུ་ཡོད་ལ། ཕྱི་གསལ་དུ་མེད་པ་ཤེལ་དང་བུམ་ནང་གི་མར་མེ་ལྟ་བུ། གསལ་སྟོང་དབྱེར་མེད་ལ་རིག་པའི་སྙིང་པོས་བརྒྱན་པ་རྨ་བྱའི་སྒོ་ང་ལྟ་བུ། ངོ་བོ་ཆོས་སྐུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་རང་བཞིན་འོད་གསལ་ནང་གསལ་གྱི་ཚུལ་གྱིས་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུར་གནས་པའི་ནང་ན། ཐུགས་རྗེ་རིག་པའི་སྙིང་པོ་ཅན་དུ་བཞུགས་པ་གཡུ་སྒོང་འབར་བ་ལྟ་བུའི་དཔེས་ཤེས་པར་བྱའོ། །དེའང་ཆོས་སྐུའི་ངང་ལས་ལོངས་སྐུ། ལོངས་སྐུའི་ངང་ལས་སྤྲུལ་སྐུ་རིག་པར་གནས་པ་ལ་སྐུ་གསུམ་འདུ་འབྲལ་མེད་པ་ལྷུན་གྲུབ་རིན་པོ་ཆེའི་གནས་ལུགས་ཞེས་བྱ་བའོ། །དཔེ་ངོ་བོ་གདོད་ནས་སྟོང་པ་ཆོས་ཀྱི་སྐུའི་རང་མདངས་མཐིང་ག་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ལ། རང་བཞིན་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུ་ལོངས་སྤྱོད་རྫོགས་པ་ཉི་ཟླ་གཟའ་སྐར་ཤར་བ་ལྟ་བུ་ལས། ཐུགས་རྗེ་ཀུན་ཁྱབ་རིག་པའི་ཡེ་ཤེས་ཕྱོགས་བཅུར་འཕྲོ་བའི་འོད་ཟེར་གྱི་ཚུལ་དང་འདྲ་བར་ཤེས་པར་བྱ། མདོར་ན་ངོ་བོ་ཀ་དག་གི་ཀློང་ན་རང་བཞིན་ལྷུན་གྲུབ་ཀྱི་ཟེར་མདངས་སྐུ་དང་ཚོམ་བུར་གསལ་བ་ཐམས་ཅད། ཐུགས་རྗེ་རང་སྣང་གི་ཡེ་ཤེས་ཕྱིར་མ་འཕྲོས་པར་ནང་གསལ་དུ་བཞུགས་ཏེ། ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་སོ། །དེ་དག་ཀྱང་བསྡུ་ན་ཡེ་ཤེས་གསུམ་ལས་གཞན་དུ་མེད་དེ། ཉི་ཟླ་ཁ་སྦྱོར་ལས། གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་། ཐུགས་རྗེ་རང་སྣང་གི་ཡེ་ཤེས་སོ། །ཞེས་བཤད་དོ། །
གཉིས་པ་རྒྱས་པར་བཤད་པ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། དེ་ཡང་གདོད་མའི་གཞི་ངོ་བོའི་ངོས་ནས་གཞལ་ན། སྟོང་པ་སྤྲོས་པ་དང་བྲལ་བ་ནམ་མཁའ་རྣམ་པར་དག་པ་ལྟ་བུ་ཡོད་པ་མ་ཡིན་མེད་པ་མ་ཡིན། སྣང་བ་མ་ཡིན། མི་སྣང་བ་མ་ཡིན། གཉིས་ཀ་མ་ཡིན། གཉིས་ཀ་མ་ཡིན་པ་ཡང་མ་ཡིན། འཁོར་བ་མ་ཡིན། མྱ་ངན་ལས་འདས་པ་མ་ཡིན། དགེ་བ་མ་ཡིན། སྡིག་པ་མ་ཡིན། བྱས་པ་མ་ཡིན། མ་བྱས་པ་མ་ཡིན། སྣང་བ་མ་ཡིན། སྟོང་པ་མ་ཡིན། དངོས་པོ་མ་ཡིན། (༣༧)དངོས་པོ་མེད་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། ཁ་དོག་མེད། དབྱིབས་མེད། ངོ་བོ་མེད། ངོས་བཟུང་མེད། བརྗོད་བྱའི་དོན་མ་གྲུབ། རྗོད་བྱེད་ཀྱི་ཚིག་མ་གྲུབ། མཚོན་པའི་ཡུལ་མ་གྲུབ། གནས་པའི་གཞི་མ་གྲུབ། གདོད་མའི་ངང་མ་གྲུབ། བྱུང་བའི་ས་མེད་པས། སྔར་འདས་པ་མེད་དོ། །འགྲོ་འོང་གི་ཡུལ་མེད་པས། ཕྱིས་འབྱུང་བ་མེད་དོ། །བརྟེན་པའི་གནས་མེད་པས་ད་ལྟར་དམིགས་སུ་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །རྣམ་པར་སྨིན་པ་མེད་དོ། །རིག་པ་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་། མེད་པ་དང་། ཡིན་པ་དང་། མ་ཡིན་པ་ལ་སོགས་ཚིག་དང་། དོན་དང་མིང་དང་། ཡི་གེའི་རྣམ་པ་གང་གིས་ཀྱང་མཚོན་ཞིང་བསྟན་དུ་མེད་པ། བློའི་ཡུལ་ལས་འདས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་པ་གདོད་ནས་དག །ཅེས་པ་དང་། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མེད་པས། །གཅིག་དང་གཉིས་ཞེས་གྲངས་མེད་དོ། །གང་དུ་མ་ཕྱེ་ཆིག་ཆོད་ལ། །ཡེ་ཤེས་ཙམ་དུ་གྲུབ་པ་མེད། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་པའི་ཕྱིར། །རྩལ་དང་ཡོན་ཏན་འགགས་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་བརྗོད་པའི་གཞི་མའོ། །ཞེས་པ་དང་། ཡི་གེ་མེད་པ་ལས། རང་བྱུང་ཡེ་ཤེས་ཀྱི་ལྟ་བ་ལ་སྤྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་གནས་པ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །དེ་ཐམས་ཅད་འཛིན་པ་མེད་པ་ལས་བྱུང་ངོ་། །ཞེས་པ་དང་། རིག་པ་རང་ཤར་ལས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །འོ་ན་གདོད་མའི་ཀ་དག་གང་ཡང་མེད་པའི་ཕྱང་ཆད་ནམ་མཁའ་སྟོང་པ་ཁོ་ན་དང་འདྲའམ་ཞེ་ན། སྟོང་ལ་གོ་འབྱེད་པས་ནམ་མཁའ་རྣམ་པར་དག་པ་ལ་དཔེར་ བྱས་ཀྱི། སྣང་བ་དང་རིག་པ་གང ་ཡང་མེད་པའི་ངོས་ནས་དཔེ་བཞག་པ་ནི་མ་ཡིན་ཏེ། ཐལ་(༣༨)འགྱུར་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་པ་དང་། ཡི་གེ་མེད་པ་ལས། ཨེ་མ་ཧོ། ང་ལ་སྟོང་པ་དང་སྣང་བ་མ་སྤངས་པར་རྫོགས་སོ། །ཞེས་པ་དང་། ཀློང་གསལ་ལས། སྟོང་དང་གསལ་དང་མི་འགགས་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །ཞེས་པ་དང་། རང་ཤར་ལས། ང་མེད་པའི་སྔོན་རོལ་ན་གཞིའི་གནས་ལུགས་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ། །ངོ་བོ་མི་འགྱུར་བའི་ཡེ་ཤེས་མ་འགགས་པར་གསལ་བ་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་པའོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ། །དེ་དག་ནི་ངོ་བོ་ཀ་དག་གི་གནས་ལུགས་ཞེས་བྱ་སྟེ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའོ། །ཞེས་སོ། །དེའི་ཕྱིར་ཐོག་མའི་ཀ་དག་དེ་ཡང་། ངོ་བོ་སྟོང་པའི་ཡེ་ཤེས་ཆོས་སྐུ། རང་བཞིན་གསལ་བའི་ཡེ་ཤེས་ལོངས་སྐུ། ཐུགས་རྗེ་རང་སྣང་གི་ཡེ་ཤེས་སྤྲུལ་སྐུ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོན་ཀའི་ནམ་མཁའ་རྣམ་པར་དག་པ་ལྟ་བུའོ། །
གཉིས་པ་རང་བཞིན་རྒྱས་པར་བཤད་ན། དེ་ཡང་གདོད་མའི་གཞི་དེ་རང་བཞིན་གྱི་ངོས་ནས་གཞལ་ན་གསལ་ལ་སྒྲིབ་གཡོག་དང་བྲལ་བ། མེ་ལོང་གཡའ་དག་པའི་ངོས་ཀྱི་གཟུགས་བརྙན་ནམ། བུམ་ནང་གི་མར་མེའམ། ཆུ་ནང་གི་ཟླ་བ་ལྟར། གང་དུའང་འཆར་བའི་གཞི་མ་འགགས་པར། ཕྱི་རྒྱ་མ་རལ་པར་རྟོག་མེད་དག་པའི་ཆོས་སྐུའི་ནང་ན་འོད་གསལ་བར་སྣང་ལ་རང་བཞིན་གྱིས་སྟོང་པ། རྟག་ཆད་གང་གི་ཡང་མཐར་མ་ལྷུང་བ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་ལ་སོགས་པ་ཡེ་ཤེས་ཀྱི་འོད་ལྔའི་ཀློང་ན་རིགས་ལྔའི་ཚོམ་བུ་མ་འགགས་པར་ངང་གིས་འོད་གསལ་བ། ཡངས་པ། གསལ་བ། མི་འགྱུར་བ་འཁྲུལ་མ་མྱོང་བའི་སྣང་བ། གྲོལ་མ་མྱོང་བའི་ཡེ་ཤེས། རང་སྣང་དག་པའི་ཆོས་ཉིད། ཡེ་ནས་གསལ་སྟོང་དུ་ལམ་མེ་བཞུགས་པ་ཡིན་ཏེ། རང་ཤར་ལས། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། སྤྲོས་པ་དང་བྲལ་བའི་ཆོས་ཉིད། དག་པ་ཆེན་པོའི་སྣང་བ། ཕྱོགས་ལྷུང་མེད་པའི་ལྟ་བ། ཡངས་པ། གསལ་བ། མི་འགྱུར་བ། ཡེ་ཤེས་མི་འགགས་པ། མི་འཁྲུལ་པའི་ཆོས་ཉིད། ཕྱི་རྒྱ་མ་རལ་པ། ནང་ཡེ་ཤེས་ཀྱི་འོད་ལྔ་མ་འགགས་པ། སྐུ་དང་(༣༩)ཡེ་ཤེས་ཀྱི་ངོ་བོར་བཞུགས་སོ། །ཞེས་པ་དང་། ཀློང་གསལ་ལས། འགགས་མེད་རྩལ་ནི་ཅིར་ཡང་འཆར། །སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་པ་དང་། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་མདངས་ཉིད་དུ་གནས། །ཞེས་སོ། །འོ་ན་དེ་ལྟ་བུའི་རང་བཞིན་འོད་གསལ་གྱི་སྣང་བ་དེ་རྟག་པ་ཐེར་ཟུག་དངོས་པོ་ཅན་ཞིག་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྔ་མ་ལས། སྟོང་གསལ་རང་མདངས་མི་འགགས་ཕྱིར། །རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །ཞེས་པ་དང་། རང་ཤར་ལས། རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །ཞེས་པ་དང་། རང་གྲོལ་ལས། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་པས། སྣང་བ་ཉིད་ཀྱི་སྟོང་པས་རྟག་པའི་མཐར་མ་ལྷུང་བ་ཆུ་ཟླ་ལྟ་བུ། སྟོང་པ་ཉིད་ཀྱི་སྣང་བ་ཆད་པའི་མཐར་མ་ལྷུང་བ་གཟུགས་བརྙན་ལྟ་བུ། སྣང་བ་དང་སྟོང་པ་གཉིས་སུ་མེད་པ་ནམ་མཁའི་འཇའ་ཚོན་ལྟ་བུ། སྣང་སྟོང་ལ་སོགས་པའི་སྤྲོས་པ་གང་དུ་ཡང་མ་གྲུབ་པས་དབང་པོའི་མངོན་སུམ་ལྟ་བུར་ཡེ་གདོད་མ་ནས་ནང་གསལ་ཆེན་པོར་བཞུགས་སོ། །དེའི་ཕྱིར་ཐོག་མའི་ལྷུན་གྲུབ་དེ་ཡང་གསལ་བའི་ངོ་བོ་ཡེ་ནས་སྟོང་པ་ཆོས་སྐུ། གསལ་བའི་རང་བཞིན་སྣ་ཚོགས་སུ་སྣང་བ་ལོངས་སྐུ། གསལ་བའི་ངོས་ནས་རིག་པ་མ་འགགས་པར་འཆར་བ་ཐུགས་རྗེ་སྤྲུལ་པའི་སྐུ། གསལ་སྟོང་འགྱུར་བ་མེད་པ་ཉི་ཟླའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་བཞུགས་སོ། །
གསུམ་པ་ཐུགས་རྗེ་རྒྱས་པར་བཤད་པ་ནི། དེ་ཡང་གདོད་མའི་གཞི་དེ་ཐུགས་རྗེའི་ངོས་ནས་གཞལ་ན། ངོ་བོ་སྟོན་ཀའི་ནམ་མཁའ་དག་པ་ལྟ་བུ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ན་རང་བཞིན་མཁྱེན་པའི་ཡེ་ཤེས་སུ་གསལ་བ་མེ་ལོང་དག་པའི་ངོས་ལྟ་བུ་གཞི་གནས་ཀྱི་ཡེ་ཤེས་ནང་གསལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚན་ཉིད་ལྔ་ལྡན་དུ་བཞུགས་པ་ནི། ནང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དེ་ཡང་། ངོ་བོ་སྟོང་ལ་འགྱུར་བ་མེད་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། རང་བཞིན་གསལ་ལ་འཆར་གཞི་མི་འགགས་པས་མེ་ལོང་ལྟ་བུའི་ཡེ་ཤེས། རང་སྣང་གི་སྐུ་དང་ཡེ་ཤེས་ཙམ་ལ་ཡང་གཉིས་བཅས་ཀྱི་འཛིན་པ་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཤེས་བྱ་གང་ལ་ཡང་མ་འདྲེས་པར་མཁྱེན་ཆ་ནང་དུ་གསལ་བས་སོ་སོར་རྟོགས་(༤༠)པའི་ཡེ་ཤེས། དོན་གཉིས་ལྷུན་གྱིས་གྲུབ་པའི་གཞི་མར་ཡེ་གདོད་མ་ནས་བཞུགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཆེན་པོར་བཞུགས་སོ། །དེའི་ངང་ནས་ཕྱིར་གསལ་གྱི་རིག་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འཆར་གཞི་མི་འགག་པས་སེམས་ཅན་གྱི་ཁམས་ལ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་འབྱུང་བའི་གཞི་བྱེད་པ་ནི་འཁོར་འདས་ཀྱི་འབྲེལ་བ་ཉེ་བར་མཚོན་པ་སྟེ། དེ་ཡང་ཡེ་ཤེས་འདི་འཆར་གཞིའི་ཚུལ་དུ་ནང་ན་གདོད་མའི་གཞི་ལ་མེད་ན། གཞི་ཐོག་ཏུ་སངས་རྒྱས་ནས་སེམས་ཅན་གྱི་དོན་མི་འབྱུང་ལ། ཕྱི་གསལ་རགས་པ་ལྟར་ཡོད་ན་གཞོན་ནུ་བུམ་པའི་སྐུ་ཕྱི་རྒྱ་མ་རལ་པའི་མཚན་ཉིད་ནང་ཡེ་ཤེས་རིན་པོ་ཆེའི་གནས་ལུགས་ཕྱི་དང་ནང་མེད་པས་ཀུན་ཏུ་ཡང་ནང་དུ་གྱུར་པའི་ངོ་བོ་དང་འགལ་བས་ན། ནང་གསལ་གྱི་རིག་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་ཕྲ་བའི་བདག་ཉིད་ཕྱིར་མ་འཕྲོས་ལ། འཕྲོ་བའི་གཞིར་མི་འགགས་པས་མཁྱེན་པ་གཉིས་འབྱུང་བའི་ཕྱི་མོར་གནས་པའོ། །དེའང་མཁྱེན་པ་གཉིས་སུ་འཕྲོ་ཚུལ་ནི། ནང་གསལ་གྱི་ངང་ལས་ཕྱིར་གསལ་དུ་ཡེ་ཤེས་ཡུལ་གྱི་རྣམ་པ་ལ་འཇུག་པ་ན། ཡུལ་སྣ་ཚོགས་སུ་སྣང་ཡང་དེ་གདོད་མ་ནས་གཞིའི་ངོ་བོ་ལས་མ་གཡོས་པར་སྟོང་པ་ཆེན་པོར་གཟིགས་པ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཏེ། དོན་དམ་དཔེ་ལས་འདས་པའི་ཆོས་ཉིད་མཁྱེན་ནས་སེམས་ཅན་གྱི་ཁམས་ལ་རང་བཞིན་གྱིས་སྟོང་པའི་ཆོས་སྟོན་ནོ། །ཡུལ་སྣ་ཚོགས་སུ་སྣང་བ་དེའི་རང་བཞིན་དག་པ་དང་མ་དག་པ་ལ་སོགས་པའི་ཆོས་ཅན་མ་འདྲེས་པར་སྣང་བ་ཆེན་པོར་གཟིགས་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། ཆུ་ཟླ་ལྟ་བུའི་ཆོས་ཅན་མཁྱེན་ནས་སེམས་ཅན་གྱི་ཁམས་ལ་འཁྲུལ་པ་དང་མ་འཁྲུལ་པ་དང་འཁྲུལ་པ་བཟློག་པའི་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་ཐེག་པ་ཐ་དད་པ་རྣམས་གསུངས་སོ། །དེས་ན་གཞི་གདོད་མའི་ཡེ་ཤེས་ཐུགས་རྗེའི་འཆར་གཞི་ནང་གསལ་དུ་གནས་པ་དེ་ལ་ཡེ་ཤེས་འདི་གཉིས་འཆར་གཞིར་ཡོད་ལ། རང་བཞིན་དུ་ནང་གསལ་མཉམ་པ་ཆེན་པོ་དེ་ལ་གང་དུ་ཡང་སྣང་བ་དང་གྲུབ་པ་མེད་དེ། ཐལ་འགྱུར་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་(༤༡)རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་ལྟེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །ཞེས་སོ། །འོ་ན་གཞིའི་དུས་ཀྱི་ནང་གསལ་གྱི་རིག་པ་དེ་རིག་ཙམ་ལས་གང་དུ་ཡང་མ་གྲུབ་པ་རྟོག་པ་ལྟ་བུར་ཡོད་དམ། རྟག་པ་ཐེར་ཟུག་ཏུ་ཡོད་དམ། མེད་པ་ཕྱང་ཆད་དུ་ཡོད་དམ། དེ་ལས་གཞན་དུ་ཡོད་སྙམ་ན། ཀློང་གསལ་ལས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་སྣང་། །ཞེས་པས། རང་བཞིན་དུ་རིག་པ་འོད་ཀྱི་ཁང་པ་ན། འོད་མཐའ་མེད་པའི་ཡུལ་ཅན་རྨ་བྱའི་སྒོ་ང་ལྟ་བུའི་ནང་ན་རིག་པ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རིག་ཆར་གནས་ལ། རྟོག་ཆར་མ་འཕྲོས་པ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལམ། འོད་གསལ་གྱི་ངང་ལ་མཉམ་པར་བཞག་པའི་དུས་ཀྱི་ཏིང་ངེ་འཛིན་གྱི་ཤེས་པ་ལྟ་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ངོ་བོ་སྟོང་ལ་རང་བཞིན་གསལ་ཞིང་ཐུགས་རྗེ་འཆར་གཞི་མི་འགགས་པའི་ཚུལ་གྱིས་བཞུགས་ཏེ། ཐོག་མཐའ་བཅད་པ་ལས་ཐོག་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་རྨ་བྱའི་སྒོ་ང་ལྟར་གནས་སོ། །ཞེས་པ་དང་། ཐལ་འགྱུར་ལས། ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། དེ་ཉིད་མདངས་ཀྱི་གོ་ནས་ཕྱེ་ན་དོན་གསལ་མེ་ལོང་ལས་སྟོང་པའི་རིག་པ་གསལ་བར་གནས་སོ། །གསལ་བའི་རིག་པ་སྐུ་རུ་གནས་སོ། །སྐུའི་རིག་པ་སྣང་སྟོང་དུ་གནས་སོ། །ཡང་གཞིའི་རིག་པ་ཀ་དག་ཆེན་པོ་ཡིན། ལྷུན་གྲུབ་ཀྱི་རིག་པ་སྐུ་དང་ཡེ་ཤེས་ཡིན། ཐུགས་རྗེའི་རིག་པ་མ་འགགས་ལུ་གུ་རྒྱུད་དོ། །ཞེས་བཤད་དོ། །དེའི་ཕྱིར་ཐོག་མའི་ཐུགས་རྗེ་ནང་གསལ་གྱི་རིག་པ་དེ་ཡང་། ངོ་བོ་རྣམ་པར་མི་རྟོག་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ཆོས་སྐུ། རང་བཞིན་མེ་ལོང་གཡའ་དག་པ་ལྟར་ཐམས་ཅད་མཁྱེན་པའི་ངང་ལས། རྣམ་པ་ཐམས་ཅད་མཁྱེན་པའི་འཆར་གཞི་མ་འགགས་པར་འོད་གསལ་བ་ལོངས་སྐུ། ཐུགས་རྗེ་ནང་གསལ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་རིག་པའི་རྒྱལ་པོར་བཞུགས་པ་སྤྲུལ་པའི་སྐུ་རིག་སྟོང་འགྱུར་བ་མེད་པ་ཆོས་ཉིད་ལ་མཉམ་པར་བཞག་པ་ལྟ་བུར་བཞུགས་སོ། །
གསུམ་པ་དོན་བསྡུ་བ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་སྐུའི་ཡེ་ཤེས་བསམ་འདས་(༤༢)བརྗོད་མེད་དང་། །ལོངས་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ། །སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་བསྒྱུར་དུ་བཏུབ། །ཅེས་པ་དང་། ནོར་བུ་ཕྲ་བཀོད་ལས། ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགགས་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་ཞིང་། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །ཞེས་པས། མདོར་བསྡུ་ན་གདོད་མའི་གཞི་སྟོང་ལ་སྤྲོས་པ་མེད་པའི་ཀློང་ན། གསལ་ལ་ངོས་གཟུང་མེད་པའི་འོད་ལྔ་ཐུགས་རྗེ་རིག་པའི་སྙིང་པོར་དུས་གསུམ་འདུ་འབྲལ་མེད་པའི་ཚུལ་གྱིས། འཁོར་འདས་གང་དུའང་མ་གྲུབ་པའི་སྔོན་རོལ་ན། གདོད་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བར་རིག་པ་འོད་ཀྱི་ཁང་པ་ཅན། ཚོན་ལྔའི་དྲུ་བུ་བསྡོགས་པ་ལྟར་ནང་གསལ་དུ་བཞུགས་ཏེ། བསྟན་པ་རིན་པོ་ཆེ་གསེར་གྱི་ཡི་གེ་ཅན་ལས། མ་བྱུང་མ་སྐྱེས་སྔོན་རོལ་ན། །ཐོག་མའི་མགོན་པོ་འོད་མི་འགྱུར། །རང་བཞིན་ལྷུན་གྲུབ་སངས་རྒྱས་ཏེ། །ཀུན་གྱི་འབྱུང་གནས་ཆེན་པོར་གནས། །ནམ་མཁའ་རྒྱ་མཚོ་རིན་ཆེན་བཞིན། །ཆད་པ་མ་(༤༢)ཡིན་འོད་གསལ་སྐུ། །རྟག་པ་མ་ཡིན་དངོས་པོ་མེད། །མཁའ་དང་འཇའ་ཚོན་ཚུལ་དུ་གནས། །ཀུན་གྱི་འབྱུང་གནས་ཆེན་པོ་སྟེ། །ཀུན་གྱི་དངོས་གཞིར་གྱུར་པ་ལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་དང་བྲལ། །དབྱེར་མེད་ལྷུན་གྱིས་གྲུབ་པར་གནས། །ཞེས་གསུངས་སོ། །