Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཚ༽

1 occurrence of ཀུན་གྱི་རྣམ་ཤེས་
[Clear Hits]


  
  
collapse section
 expand section
collapse section
  
  
 
སྤྱི་དོན་གསུམ་པ། འཁྲུལ་དུས་དགོངས་པའི་གནས་ཚུལ།
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
 expand section
  
 expand section


1 occurrence of ཀུན་གྱི་རྣམ་ཤེས་
[Clear Hits]

 
previousསྤྱི་དོན་གསུམ་པ། འཁྲུལ་དུས་དགོངས་པའི་གནས་ཚུལ།next

སྤྱི་དོན་གསུམ་པ། འཁྲུལ་དུས་དགོངས་པའི་གནས་ཚུལ།

༈ སྤྱི་དོན་གསུམ་པ་འཁྲུལ་དུས་དགོངས་པའི་གནས་ཚུལ་བསྟན་པ་ལ་ལྔ་སྟེ། བསྐལ་པ་ཐ་མའི་ཆོས་སྤྱིར་བསྟན། འབྱུང་བའི་ཆོས་བྱེ་བྲག་ཏུ་བཤད། སྐུ་དང་ཡེ་ཤེས་ཀྱི་དགོངས་པ་བསྟན། སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བརྗོད། ངེས་དོན་མཐུན་པའི་རྣམ་གྲངས་དགོད་པའོ། །

དང་པོ་ལ་བཅུ་གསུམ་སྟེ། ཕུང་པོ་ལྔ། དབང་པོ་ལྔ། རྟེན་ལྔ། ཤེས་པ་ལྔ། སྐྱེ་མཆེད་བཅུ་གཉིས། ཁམས་བཅོ་བརྒྱད། འགྲོ་བ་དྲུག །སྐྱེ་བ་བཞི། ལམ་ལྔ། གནས་དྲུག །ཉོན་མོངས་པ་དྲུག །རྟེན་འབྲེལ་བཅུ་གཉིས། རྣམ་པར་ཤེས་པའི་ཚོགས་བརྒྱད་དོ། །དང་པོ་ནི་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོ་ལྔའོ། །གཉིས་པ་ནི། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལྔའོ། །གསུམ་པ་(༡༢༤)ནི། མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་རྟེན་གྲོ་ག་གཅུས་པ་ལྟ་བུ། སྣའི་དབང་རྟེན་ཟངས་མའི་སྦུ་གུ་གཤིབས་པ་ལྟ་བུའོ། །ལྕེའི་དབང་རྟེན་ཟླ་བ་གམ་པ་ལྟ་བུའོ། །ལུས་ཀྱི་དབང་རྟེན་རེག་ན་འཇམ་པའི་པགས་པ་ལྟ་བུ་དང་ལྔ་ནི་ཡུལ་ལྔ་མཐོང་བའི་རྟེན། དབང་ཤེས་ཡུལ་ལ་ཤར་བའི་སྒོ་བྱེད་པས་སྒོ་ལྔའོ། །བཞི་པ་ནི། གཟུགས་འཛིན་པ་མིག་གི་རྣམ་ཤེས། སྒྲ་འཛིན་པ་རྣ་བའི་རྣམ་ཤེས། དྲི་འཛིན་པ་སྣའི་རྣམ་ཤེས། རོ་འཛིན་པ་ལྕེའི་རྣམ་ཤེས། རེག་བྱ་འཛིན་པ་ལུས་ཀྱི་རྣམ་ཤེས་དང་ལྔའོ། །ཡུལ་གྱི་རྣམ་པར་ཤེས་པས་རྣམ་ཤེས་ཏེ། དེ་དང་འདྲ་བ་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཉིས་ནི། གཟུགས། སྒྲ། དྲི། རོ། རེག །ཆོས། མིག །རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་མཆེད་དེ། ཡུལ་དྲུག་གི་རྣམ་པར་ཤེས་པ་ལ། ཤེས་པ་དྲུག་འཆར་ཞིང་མཆེད་པ་དང་། སྔ་མ་ལས་ཕྱི་མ་སྐྱེ་ཞིང་། མཆེད་པས་སྐྱེ་མཆེད་དོ། །ཁམས་བཅྭ་བརྒྱད་ནི། ཡུལ་དྲུག །དབང་པོ་དྲུག །དབང་ཤེས་དྲུག །སྤེལ་བ་སྟེ། མིག་དང་། གཟུགས་དང་། (༡༢བན)མིག་གི་རྣམ་པར་ཤེས་པ་དང་། ལྕེའི་ཡིད་ཀྱི་བར་ལ་སྦྱོར་རོ། །མང་ཞིང་རྒྱ་ཆེ་བས་ཁམས་ཞེས་བྱའོ། །འགྲོ་བ་དྲུག་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷའི་འགྲོ་བའོ། །མི་རྟག་ཅིང་གཅིག་ནས་གཅིག་ཏུ་འཕོ་ཞིང་འགྲོ་བའི་སེམས་ཅན་ཡིན་པས་འགྲོ་བ་ཞེས་བརྗོད་དོ། །སྐྱེ་བ་བཞི་ནི། སྒོང་སྐྱེས། མངལ་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་སོ། །ཤེས་པའི་རྟེན་ལུས་ཀྱི་སྣང་བ་ཙམ་སྐྱེ་བ་སྣང་བའི་ཕྱིར་རོ། །ལམ་ལྔ་ནི། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོག་པའི་ལམ། བྱོལ་སོང་མུན་པའི་ལམ། མི་འདམ་པའི་ལམ། ལྷ་ཡེངས་པའི་ལམ་མོ། །རང་ས་དཔེ་ད་ལྟ་དང་ཕྱིས་ཀྱི་བདེ་སྡུག་ཏུ་བགྲོད་ཅིང་ཕྱིན་པར་བྱེད་པས་ལམ། རིགས་མི་འདྲ་བ་ལྔ་ཡོད་པས་ན་ལམ་ལྔའོ། །ལྷ་མིན་ནི་འདོད་ལྷར་བསྡུས་པའོ། །གཞུང་ཁ་ཅིག་ལས་སྟོད་རིགས་ལྷ། སྨད་རིགས་དུད་འགྲོར་ཡང་བཤད་དོ། །གནས་དྲུག་ནི། དམྱལ་བ་བཟོད་ལྡན་གྱི་གནས། ཡི་དྭགས་ཡིད་ལྡན་གྱི་གནས། བྱོལ་སོང་སྙོམས་ལྡན་གྱི་གནས། མི་འདོད་ལྡན་གྱི་གནས། ལྷ་མིན་རྩོད་ལྡན་གྱི་གནས། ལྷ་དགའ་ལྡན་(༡༢༥)གྱི་གནས་སོ། །ས་དེར་བརྟེན་པས་ན་གནས་ཞེས་བྱའོ། །ཉོན་མོངས་པ་དྲུག་ནི། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག །ཁོང་ཁྲོ། སྡུག་བསྔལ་ལ་སྦྱོར་བར་བྱེད་པ་ཐ་མའི་སེམས་སུ་བྱེད་པས་ན་ཉོན་མོངས་པ་ཞེས་བྱའོ། །རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །གཅིག་ལ་གཅིག་བརྟེན་རྒྱུ་རྐྱེན་འབྲེལ་ཆགས་སུ་འབྱུང་བས། འཁོར་བ་ལུགས་འཇུག་ཏུ་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་ཤེས་ཚོགས་བརྒྱད་ནི།  ཀུན་གཞིའི་རྣམཤེས། ཡིད་ཤེས། ཉོན་ཡིད། སྒོ་ལྔའི་རྣམཤེས་དང་བརྒྱད་དོ། །གཞན་ཡུལ་གྱིརྣམ་པར་ཤེས ་པ་སེམས་ཡིན་པས་རྣམ་ཤེས་ཞེས་བཏགས་སོ། །བརྒྱད་ནི། ནང་ཚན་མི་འདྲ་བའི་བྱེ་བྲག་གོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་ནི། སེམས་ཀྱི་ཀུན་འགྲོར་ལྡན་པ་དེའི་ཁོངས་སུ་བསྡུས་ཏེ། མདོར་ན་ཁམས་གསུམ་སྣོད་བཅུད་དུ་སྣང་བ་འཁྲུལ་པའི་ཆོས་ཐམས་ཅད་བསྐལ་པ་ཐ་མར་བརྗོད་དོ། །ཀུན་གསལ་ལས། ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པ། །ཚོགས་བརྒྱད་བཅས་ཕྱིར་སེམས་ཅན་ནོ། །དེ་ཡང་འགྱུ་བྱེད་ཀྱི་དབུགས་ཡོད་པས་རྟོགས་བྱེད་ཀྱི་སེམས་ཡོད་པར་བཤད་དོ། །ཕུང་པོ་ཞེས་མང་པོར་འདུས་པའི་དོན་ནོ། །ཁམས་ཞེས་པ་མཚན་མའི་ཆོས་ཉིད་ཅན་དུ་བཤད་དོ། །མཚན་མར་སྐྱེ་བའི་ཕྱིར་སྐྱེ་མཆེད་དུ་བཤད་དོ། །སོ་སོར་ཡང་དག་པའི་སྒོ་གསལ་ཞིང་རང་རང་གི་ཡུལ་ལ་དབང་བའི་ཕྱིར། དབང་པོར་བཤད་དོ། །ཁ་དོག་དང་དབྱིབས་སུ་སྣང་བའི་ཕྱིར། གཟུགས་ཞེས་བརྗོད་དོ། །འབྱུང་བ་རྐྱང་པ་འདུས་པའི་སྒྲ་དང་། འབྱུང་བ་བརྩེགས་མའི་སྒྲ་དང་། དེ་གཉིས་འབྲེལ་བ་ལས་བྱུང་བ་ནི་སྒྲ་ཞེས་བཤད་དོ། །སྣའི་ཡུལ་དུ་གྱུར་པས་དྲི་ཞེས་བཤད་དོ། །ལྕེའི་ཡུལ་དུ་གྱུར་པས་རོ་ཞེས་བཤད་དོ། །ལུས་ཀྱི་ཡུལ་དུ་གྱུར་པས་རེག་ཅེས་བཤད་དོ། །དུ་མར་མྱོང་བའི་ཕྱིར། ཚོར་བ་ཞེས་བཤད་དོ། །ཡུལ་ལ་མཚན་མར་འཛིན་པའི་ཕྱིར། འདུ་ཤེས་སུ་བཤད་དོ། །ཐམས་ཅད་ནས་བྱེད་པ་དང་། རྒྱུ་(༡༢༦)རྐྱེན་ལས་བྱུང་བའི་ཕྱིར། འདུ་བྱེད་དུ་བཤད་དོ། །རྣམ་པར་རིག་པའི་ཕྱིར། རྣམ་པར་ཤེས་པར་བཤད་དོ། །གློ་བུར་དུ་སྨིན་པའི་ཕྱིར། རླན་ལས་སྐྱེ་བར་བཤད་དོ། །རྫོགས་པར་སྨིན་པའི་ཕྱིར། བརྫུས་ཏེ་སྐྱེ་བར་བཤད་དོ། །རིམ་པར་སྨིན་པའི་ཕྱིར། མངལ་ལས་སྐྱེ་བར་བཤད་དོ། །རྒྱུར་དེ་སྨིན་པའི་ཕྱིར། སྒོ་ང་ལས་སྐྱེ་བར་བཤད་དོ། །དམྱལ་བ་གདུང་བའི་ལམ་དང་། ཡི་དྭགས་འགོག་པའི་ལམ་དང་། བྱོལ་སོང་གཏི་མུག་མུན་པའི་ལམ་དང་། མི་འདམ་པའི་ལམ་དང་། ལྷ་གཡེང་བའི་ལམ་མོ། །བགྲོད་པར་བྱ་བའི་ཕྱིར་ལམ་ཞེས་བརྗོད་དོ། །དམྱལ་བ་བཟོད་ལྡན་གྱི་གནས་སོ། །ཡི་དྭགས་ཡིད་ལྡན་གྱི་གནས་སོ། །བྱོལ་སོང་སྙོམས་ལྡན་གྱི་གནས་སོ། །མི་འདོད་ལྡན་གྱི་གནས་སོ། །ལྷ་མ་ཡིན་རྩོད་ལྡན་གྱི་གནས་སོ། །ལྷ་དགའ་ལྡན་གྱི་གནས་སོ། །བརྟན་པའི་ཕྱིར་གནས་ཞེས་བཤད་དོ། །རིགས་ཀྱི་བུ་དེ་དག་གི་རྒྱུ་ནི་ཉོན་མོངས་པ་སྟེ། ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ཀྱི་དོན་མ་ཤེས་པས་མ་རིག་པར་བཤད་དོ། །ཞེན་པའི་ཕྱིར་འདོད་ཆགས་སུ་བཤད་དོ། །ཁེངས་པའི་ཕྱིར་ང་རྒྱལ་དུ་བཤད་དོ། །འཁྲུགས་པའི་ཕྱིར་ཞེ་སྡང་དུ་བཤད་དོ། །མནར་སེམས་པའི་ཕྱིར་ཁྲོ་བར་བཤད་དོ། །དེ་དག་ནི་རྒྱུ་དྲུག་གོ། །དེ་ལས་ངོ་བོ་དྲུག་དང་འབྲས་བུ་དྲུག་ཏུ་སྨིན་པའོ། །ཀྱེ་གསང་བའི་བདག་པོ་དེ་རྣམས་ནི་འགྲོ་དྲུག་ད་ལྟ་གནས་པའི་ཆོས་ཏེ། རྒྱུད་གར་བྱུང་ཡང་བསྐལ་པ་ཐ་མའི་ཆོས་སུ་འདིར་བཤད་པ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་འདི་དག་ལས་དང་ཉོན་མོངས་པ་ལ་བརྟེན། དེ་སེམས་ལ་བརྟེན། དེའི་རྩ་བ་རིག་པ་ནམ་མཁའ་ལྟ་བུ་ལ་བརྟེན་པས། དཔྱད་ན་རྟེན་དང་གནས་མེད་པ་སྒྱུ་མ་དང་སྤྲུལ་པ་ལྟ་བུ་སྟེ། རང་བཞིན་མེད་ལ་རིག་པ་འགྱུར་བ་མེད་པ་སྟེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཇི་ལྟར་ནམ་མཁའ་ཀུན་སོང་བ། །ཕྲ་ཕྱིར་ཉེ་བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདིར་ཉེ་བར་གོས་པ་མེད། །ཇི་ལྟར་འཇིག་རྟེན་ཐམས་ཅད་དུ། །ནམ་མཁའ་ལ་ནི་སྐྱེ་ཞིང་འཇིག །དེ་བཞིན་འདུས་མ་བྱས་དབྱིངས་ལ། །དབང་པོ་རྣམས་ནི་སྐྱེ་ཞིང་འཇིག །ཇི་ལྟར་ནམ་མཁའ་མེ་རྣམས་ཀྱིས། །སྔོན་ཆད་ནམ་ཡང་ཚིག་པ་མེད། །དེ་བཞིན་འདི་ནི་འཆི་བ་དང་། །ན་དང་རྒ་བའི་མེས་མ་ཚིག །ས་ནི་ཆུ་ལ་ཆུ་རླུང་ལ། །(༡༢༧)རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་ནི་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་པ་མེད། །ས་དང་འདྲ་བར་ཕུང་པོ་དང་། །སྐྱེ་མཆེད་ཁམས་རྣམས་ཤེས་པར་བྱ། །ཆུ་ཁམས་དང་འདྲར་ལུས་ཅན་གྱིས། །ལས་དང་ཉོན་མོངས་ཤེས་བྱ་སྟེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །རླུང་གི་ཁམས་དང་འདྲ་བ་ལྟར། །རང་བཞིན་ནམ་མཁའི་ཁམས་བཞིན་དུ། །དེ་བཞིན་རྐྱེན་མི་གནས་པ་མེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་རང་བཞིན་ལ་གནས་ཏེ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེད། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་འབྱུང་། །དེ་འཇིག་པ་དང་ཆགས་པ་དང་། །སྐྱེ་དང་འཇིག་པར་གྱུར་པ་ཡིན། །སེམས་ཀྱི་རང་བཞིན་ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་མེད། །འཇིག་དང་གནས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་ཡིན་རྟོག་ལས་བྱུང་འདོད་ཆགས་སྩོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པ་དང་། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཀུན་ཏུ་དབེན་པ་དེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་པ་བཞིན། །ཞེས་སོ། །

གཉིས་པ་འབྱུང་བའི་ཆོས་བྱེ་བྲག་ཏུ་བཤད་པ་ལ། ངོ་བོ། ངེས་ཚིག །དབྱེ་བ། དཔེ། མཚན་ཉིད། ཤར་ལུགས། གྲོལ་ལུགས་དང་བདུན་ལས། འབྱུང་བའི་ངོ་བོ་ནི། གཞི་སྣང་ལས་འཁོར་འདས་འབྱུང་བའི་རྩལ་མ་འགགས་པར་སྣང་བ། དྭངས་མའི་ངོ་བོ་ཡེ་ཤེས་ལྔའི་རང་གདངས་སུ་སྣང་བ། སྙིགས་མའི་ངོ་བོ་ས་ཆུ་མེ་རླུང་ནམ་མཁའི་སྣང་བའོ། །ངེས་ཚིག་ནི་གདངས་ལ་རོལ་པ་མ་འགགས་པར་(༡༢༨)འབྱུང་བས་འབྱུང་བའོ། །ནང་ཡེ་ཤེས་ཀྱི་རང་སྣང་དག་པས་དྭངས་མ་དང་། ཕྱི་བག་ཆགས་འཁྲུལ་པར་བྱུང་བས་སྙིགས་མའི་འབྱུང་བ་ཞེས་བྱའོ། །དབྱེ་ན་བཞི་སྟེ། དྭངས་མ། སྙིགས་མ། དྭངས་མའི་སྙིགས་མ། སྙིགས་མའི་དྭངས་མའོ། །དྭངས་མ་ནི་ལྷུན་གྲུབ་ཀྱི་འབྱུང་ཆེན་ལྔ་སྟེ། སྲ་བ་མེད་པའི་ས། གཤེར་བ་མེད་པའི་ཆུ། ཚ་བ་མེད་པའི་མེ། གཡོ་བ་མེད་པའི་རླུང་། ཁྱབ་པ་མེད་པའི་གདངས་ཅན་ནམ་མཁའ་འོ། །བྱེད་ལས་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་བྱེད་པས། གསང་འབྱུང་ཡེ་ཤེས་རྣམ་པར་དག་པའོ། །སྙིགས་མ་ནི་ཕལ་ཆེར་རིག་ཤེས་དང་བཅས་པའོ། །སྲ་བ་ས། གཤེར་བ་ཆུ། ཚ་བ་མེ། གཡོ་བ་རླུང་། ཁྱབ་པ་ནམ་མཁའ་སྟེ། ནང་འབྱུང་ལུས་ཀྱི་རྟེན་དུ་གྱུར་པའོ། །དྭངས་མའི་སྙིགས་མ་ཤ་རུས་ས། ཁྲག་དང་ཆུ་སེར་ཁུ་བ་ཆུ། དྲོད་མེ། དབུགས་རླུང་། ནང་གི་ཁོང་སྟོང་ནམ་མཁའོ། །སྙིགས་མའི་དྭངས་མ་ལ། སྙིགས་མ་ཕྱིའི་འབྱུང་གཟུགས་ས་ཆུ་མེ་རླུང་ནམ་མཁར་སྣང་བ་དང་ལྔའོ། །དེའི་དྭངས་མ་འཇའ་ཚོན་ལྔའོ། །བསྡོམས་པས་སྙིགས་མའི་དྭངས་མའོ། །དཔེ་ནི། ཉི་མའི་འོད་ཟེར་སྣང་བའམ། ཤེལ་ལས་འོད་སྣང་བ་ལྟ་བུའོ། །མཚན་ཉིད་ལ། སྤྱིའི་གང་ཞིག་གང་ལས་བྱུང་། བྱེ་བྲག་གི་མཚན་ཉིད་ལ་གཉིས་ལས། ཡེ་ཤེས་ཀྱི་འབྱུང་ཆེན་ལྔའི་མཚན་ཉིད། རིག་པའི་རང་གདངས་ཁ་དོག་ལྔས་སྐུ་དང་སྣང་བའི་ཆ་འཛིན་ཞིང་མཆེད་གཞིར་གནས་པས་དབྱེ་ན། སྲ་བ་མེད་པར་བརྟན་པ། གཤེར་བ་མེད་པར་སྡུད་པ། གཡོ་བ་མེད་པར་བསྐྱོད་པ། ཚ་བ་མེད་པར་བསྲེགས་པ། ཁྱབ་པ་མེད་པའི་གདངས་ཅན་དེ། ཡེ་ཤེས་ལྔའི་འབྱུང་ཆེན་ནི། ས་སངས་རྒྱས་སྤྱན། ཆུ་མ་མཱ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཕྱུག་མ་སྟེ། ཡུམ་ལྔ་དག་པའི་ཀློང་ན་རིགས་ལྔའི་སངས་རྒྱས་ཐམས་ཅད་བཞུགས་ལ། དེའི་གདངས་གཟུགས་བརྙན་གྱི་འོད་ལས་སྙིགས་མ་ལྔར་སྣང་བ་ཡང་ཡུམ་ལྔའི་གདངས་སམ་རྩལ་ལས་ཤར་བར། ཡུམ་ལྔའི་རྣམ་དག་ཏུ་སྦྱོར་བའི་དབྱིངས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་པས། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང་ཞེས་བྱའོ། །སྙིགས་མའི་འབྱུང་ལྔའི་མཚན་ཉིད། གཟུགས་བརྙན་གྱི་འོད་ལས་(༡༢༩)སོ་སོའི་ཆར་འབྱུང་བཞིར་སྣང་ཞིང་། ཆོས་གཞན་འབྱུང་བའི་དབྱིངས་སུ་གནས་པ་དབྱེ་ན། སྲ་ཞིང་བརྟན་པ། གཤེར་བ། ཚ་བ། གཡོ་བ། ཡངས་པས་གོ་འབྱེད་པ་སྟེ། རྨི་ལམ་གྱི་འབྱུང་བ་ལྟ་བུས། སྣོད་བཅུད་ཀྱི་རྟེན་དང་འབྱུང་གནས་བྱེད་པའོ། །ཤར་ལུགས་གཉིས་ལས། དྭངས་མ་ལྔ་ནི། རང་བཞིན་གྱི་འོད་ལྔ་སྙིང་པོ་འོད་ལྔའི་ཀློད་དུ་ཡེ་ནས་ཤར་བ་ཤེལ་གྱི་ནང་འོད་ལྟ་བུ་ལས། གཟུགས་བརྙན་གདངས་ཀྱི་འོད་ཡེ་ཤེས་རླུང་གིས་བསྐྱོད་པས་རང་ཤར་བའོ། །སྙིགས་མའི་ཤར་ལུགས་གཟུགས་བརྙན་གྱི་འོད་ལས་སྙིགས་མ་ཤར་ཏེ། སྲ་བ་མེད་པ་སའི་འོད་དཀར་པོ་ལས་སྲ་བའི་ས་ཤར། གཤེར་བ་མེད་པའི་ཆུ་འོད་སེར་པོ་ལས་གཤེར་བའི་ཆུ་ཤར། ཚ་བ་མེད་པའི་མེ་འོད་དམར་པོ་ལས་ཚ་བའི་མེ་ཤར། གཡོ་བ་མེད་པའི་རླུང་གི་འོད་ལྗང་གུ་ལས་གཡོ་བའི་རླུང་ཤར། ཁྱབ་པ་མེད་པའི་ནམ་མཁའི་འོད་མཐིང་ཀ་ལས་ཁྱབ་ཅིང་གོ་འབྱེད་པའི་ནམ་མཁར་ཤར་རོ། །གྲོལ་ལུགས་ནི་དང་པོ་གང་ལས་ཤར་བ་དེའི་ངང་ལས་གྲོལ་བ་སྟེ། འབྱུང་བ་མ་ལ་ཞ་དགོས་པའི་ཕྱིར་རོ། །དེ་ཡང་སྙིགས་མའི་འབྱུང་བ་ལྔ་གཟུགས་བརྙན་གྱི་ངང་དུ་གྲོལ་ཏེ། སྣང་སྲིད་ཞིང་ཁམས་གསུམ་སྣང་བའི་དུས་སུ་འཁྲུལ་སྣང་ནུབ་པའོ། །གཟུགས་བརྙན་གྱི་འོད་རང་བཞིན་དྭངས་མའི་འོད་ལྔ་སོ་སོའི་ངང་དུ་ཐིམ་པས། འོད་གསལ་ཞིང་ནང་དུ་ཤར་བ། གཞི་རང་མལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་འཁྱིལ་བ་རིག་པ་རང་ས་ཟིན་པའི་དུས་སོ། །དེས་ན་འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །མཚམས་བཞི་བླ་དང་སྟེང་འོག་གྲུབ། །མ་ངེས་ཁ་དོག་ཁྱད་པར་ལས། །རིགས་ཀྱི་ཁྱད་པར་སོ་སོར་སྣང་། །དེ་བཞིན་གཡོ་རྡུལ་མི་གཡོ་བ། །འབྱུང་བ་ལྔ་ལས་གཙོ་ཆེན་ཡིན། །ཞེས་སོ། །ཀུན་བྱེད་དུ་གསུངས་པ་བཞིན་ནོ། །ཚུལ་དེ་དག་རྒྱས་པར་ཀུན་གསལ་ལས། འབྱུང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་བཅས་པ་རྣམས། །ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུངས། །ངོ་བོ་ནི་དབྱེ་བའི་སྒོ་ནས་བསྟན་ཏེ། འབྱུང་བའི་དྭངས་མ་དང་སྙིགས་མའོ། །དྭངས་མའི་ངོ་བོ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །སྙིགས་མའི་ངོ་བོ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔའོ། །(༡༣༠)འབྱུང་བའི་ངེས་ཚིག་ནི་རིག་པའི་རྩལ་དུ་འབྱུང་ཞིང་། རྩལ་ལས་འཁོར་འདས་སུ་འབྱུང་བའི་ཕྱིར་འབྱུང་བའོ། །དབྱེ་ན་མུ་བཞི་སྟེ། དྭངས་མ་དང་། སྙིགས་མ་དང་། དྭངས་མའི་སྙིགས་མ་དང་། སྙིགས་མའི་དྭངས་མ་བཞིའོ། །རིགས་ཀྱི་བུ་ལེགས་པར་ཟུང་ཞིག །འབྱུང་བའི་དྭངས་མ་ནི་ཡེ་ཤེས་ལྔའོ། །སྙིགས་མ་ནི་ས་ཆུ་མེ་རླུང་ངོ་། །དྭངས་མའི་སྙིགས་མ་ནི་རུས་པ་དང་ཤ་ལ་སོགས་པའོ། །སྙིགས་མའི་དྭངས་མ་ནི་ནམ་མཁའི་འཇའོ། །དཔེ་ནི་ཉི་མའི་འོད་ཟེར་སྣང་བའམ། ཤེལ་ལས་འོད་སྣང་བ་ལྟ་བུའོ། །ཞེས་པ་དང་། རྡོ་རྗེ་འཛིན་པ་ཉོན་ཅིག །ས་ཡི་མཚན་ཉིད་སྲ་བ་ཡིན། །ཆུ་ཡི་མཚན་ཉིད་གཤེར་བ་ཡིན། །མེ་ཡི་མཚན་ཉིད་ཚ་བ་ཡིན། །རླུང་གི་མཚན་ཉིད་གཡོ་བ་ཡིན། །ནམ་མཁའི་མཚན་ཉིད་ཡངས་པ་ཡིན། །རང་རང་ལས་ཀྱང་དེ་བཞིན་བྱེད། །དྭངས་མའི་ས་ལས་འོད་ཟེར་དཀར་པོ་བྱུང་། །དེ་ལས་སྙིགས་མའི་ས་རུ་སྣང་། །དེ་ནི་དྭངས་མའི་འབྱུང་་བ་ལས། །འོད་ཟེར་རྣམ་པ་བཞི་རུ་བྱུང་། །དེ་ལ་སྙིགས་མ་བཞི་རུ་སྣང་། །དྭངས་མའི་འབྱུང་བའི་མཚན་ཉིད་ནི། །སྲ་བ་མེད་པར་བརྟན་པ་དང་། །གཤེར་བ་མེད་པར་སྡུད་པ་དང་། །གཡོ་བ་མེད་པར་བསྐྱོད་པ་དང་། །ཚ་བ་མེད་པར་བསྲེག་པ་དང་། །ཁྱབ་པ་མེད་པའི་གདངས་ཅན་ཡིན། །ཆོས་ཉིད་ཆོས་སྐུ་འགྱུར་བ་མེད། །སྲ་བ་མེད་པར་བརྟན་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །དག་པ་ཟང་ཐལ་དྲི་མ་མེད། །ཐམས་ཅད་དེ་ཡི་ངང་དུ་འདུས། །གཤེར་བ་མེད་པར་སྡུད་པའི་ཆུ། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །གཡོ་བ་མེད་པ་ཐོགས་པ་མེད། །གཡོ་བྱེད་མེད་ལ་བསྐྱོད་པའི་རླུང་། །ངན་སོང་གནས་ན་ཕྱིན་པ་ནའོ། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །རང་གདངས་ངང་ནས་ཡེ་ཤེས་ལ། །གཞན་སྣང་རྣམ་རྟོག་མི་མངའ་བས། །ཚ་བ་མེད་པར་བསྲེགས་པའི་མེ། །གཞན་སྣང་མེད་པར་གསལ་བ་ནི། །ཁྱབ་པའི་ཡེ་ཤེས་གདངས་དང་བཅས། །ནམ་མཁའ་ཁྱབ་མེད་གདངས་ཅན་ཡིན། །སྙིགས་མའི་འབྱུང་ལྔ་འོད་ལྔར་གྲོལ། །འོད་ལྔ་དྭངས་མའི་གོ་གོར་ཐིམ། །དེ་ནི་བརྟགས་ཀྱང་རིམ་པར་འབྱུང་། །ཞེས་གསུངས་སོ། །དེ་ལྟར་དྭངས་མའི་འབྱུང་ལྔ་ལས་གདངས་ཤར་བ་སྙིགས་མར་འཁྲུལ་པ་ལ། བསྐལ་པ་གསུམ་(༡༣༡)དུ་བརྗོད་ཚུལ་ལ། བསྐལ་པའི་ངོ་བོ། ངེས་ཚིག །དབྱེ་བ་དོན་བཤད་བཞི་ལས། ངོ་བོ་བསྐལ་པ་དང་པོ། ཆོས་ཉིད་ཡུལ་ལས་བསྐལ་ཏེ། འཆར་གཞི་མ་འགགས་པ་ཙམ་ལས། ཡུལ་དངོས་མི་སྣང་བའི་ཕྱིར་རོ། །བར་གྱི་བསྐལ་པ་གཞི་ལྷུན་གྲུབ། འབྲས་བུ་འཁོར་འདས་དང་བསྐལ་ཏེ། རང་སྣང་གཟུགས་བརྙན་གྱི་འོད་ཙམ་དུ་སྣང་བ་ལ། གཞི་ལས་འཕགས། འབྲས་བུར་མ་ཕྱིན་པའི་དུས་ཡིན་པའི་ཕྱིར་རོ། །བསྐལ་པ་ཐ་མ་རྟོགས་མ་རྟོགས་ཀྱི་འཁོར་འདས་ལས། འོད་གཉིས་དང་བསྐལ་ཏེ། གཟུང་འཛིན་གྱིས་འཁོར་བར་དངོས་སུ་སྨིན་པའི་ཕྱིར་རོ། །ངེས་ཚིག་ནི་ངོ་བོ་དག་པ་ལ་བསྐལ་པ་ལྷུན་གྲུབ་དང་། རང་སྣང་གཟུང་འཛིན་གྱི་བསྐལ་པ་དྲི་མ་སྟེ། བསྐལ་ཚུལ་གཉིས་ལ་བལྟོས་ནས་བསྐལ་པ་ཞེས་བྱའོ། །དབྱེ་ན་བསྐལ་པ་དང་པོ་གཞི་ལྷུན་གྲུབ་བར་མ་གཟུགས་བརྙན་གྱི་འོད་ལྔ་སྐུ་དང་ཡེ་ཤེས་སུ་ཕྱིར་གསལ། མཐའ་མ་འཁྲུལ་སྣང་འཁོར་བ་སྣང་བ་དང་གསུམ་མོ། །བསྐལ་དོན་ནི་སྣང་བ་དེ་དག་ལ་ཡུན་དུ་གནས་པས་བསྐལ་པའི་རྒྱུ་མཚན་ཏེ། ལོ་དང་ཟླ་བ་ལ་སོགས་པས་གཞལ་(༡༣བན)དུ་མེད་པར་གནས་པའོ། །ཡང་གཞི་ལས་གཟུགས་བརྙན་གྱི་འོད་འཆར་བས་དང་པོ་བསྐལ། འོད་ལས་སྣོད་བཅུད་ཀྱི་གཟུང་འཛིན་འཆར་བས་བར་པ་བསྐལ། གཟུང་འཛིན་ལས་འཁྲུལ་སྣང་གི་བདེ་སྡུག་འཆར་བས་ཐ་མ་བསྐལ་པའི་ཕྱིར་ཡང་བསྐལ་དོན་དུ་ཤེས་པར་བྱ་སྟེ། བཤད་རྒྱུད་ལས། བསྐལ་པའི་ངོ་བོ་བསྟན་པ་ནི། །གཞི་ལམ་འབྲས་བུ་ང་ཡིས་བསྟན། །དང་པོ་ཡེ་ཤེས་ཡུལ་ལ་ཤར། །ཤར་བྱ་ཤར་བྱེད་ལྟར་སྣང་བས། །དང་པོའི་དུས་སུ་ཆོས་ཉིད་བསྐལ། །བར་དུ་འཛིན་པའི་རྣམ་རྟོག་གིས། །ཡེ་ཤེས་སྣང་བ་ནང་དུ་ནུབ། །དེ་ཡིས་རྣམ་པ་སྣོད་དུ་ཆགས། །སྣོད་ཀྱི་འཇིག་རྟེན་བསྐལ་ཞེས་བྱ། །མཐའ་མ་གཟུང་འཛིན་གཉིས་སུ་བསྐལ། །སངས་རྒྱས་སེམས་ཅན་དེ་ནས་བསྐལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཡུན་དུ་གནས་པས་བསྐལ་པར་བརྗོད། །ཅེས་གསུངས་སོ། །འབྱུང་བའི་གནས་བཤད་ཟིན་ཏོ།། །།

༈ གསུམ་པ་སྐུ་དང་ཡེ་ཤེས་ཀྱི་གནས་ལུགས་བསྟན་པ་ལ་གཉིས་ཏེ། སྐུའི་གནས་ཚུལ་སྤྱིར་བསྟན་པ་དང་། ཡེ་ཤེས་ཀྱི་གནས་(༡༣༢)ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྐུ་གསུམ་དུ་བསྟན་པ་དང་སྐུ་ལྔར་བསྟན་པའོ། །

དང་པོ་ལ། ངོ་བོ། ངེས་ཚིག །དབྱེ་བ། མཚོན་དཔེ། རྣམ་གྲངས་དང་ལྔ་ལས། ཆོས་ཀྱི་སྐུའི་ངོ་བོ་ནི་ལྷུན་གྲུབ་འདུས་མ་བྱས་ཀྱི་རིག་པ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་སྟེ། ཀུན་གསང་ལས། ཆོས་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ། གཉིས་སུ་མེད་པའོ། །ཞེས་པ་དང་། ཡང་ངོ་བོ་ནི་མ་བྱས་པ། མ་བཅོས་པ། མ་བསླད་པ། མི་འགྱུར་བ། རང་བཞིན་གྱིས་རྣམ་པར་དག་པ། འདུས་མ་བྱས་པའི་ཡེ་ཤེས་ཆེན་པོ། ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ། རང་བཞིན་ནི་རང་གཞིར་གནས་ཀྱི་ཡེ་ཤེས་ལ། གཞི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མི་འགགས་པར། ངོ་བོའི་ངང་ན་འོད་དུ་གསལ་བའོ། །ཐུགས་རྗེ་ནི་སྙིང་པོའི་སྐུ་ལྔ་ཕྱག་རྒྱ་མི་འགགས་པར་གསལ་བའོ། །རིགས་ཀྱི་བུ་གཞི་ཆོས་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས། གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལ་འབྲས་བུ་དག་པ་གཟུགས་སྐུ་གཉིས་ནང་གསལ་ལ་གནས་པ་ནི། ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གནས་པའི་སྐུ་ཞེས་བྱའོ། །

ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་སྐུའི་ངེས་ཚིག་ནི། ཁྱད་པ་དང་སྟོན་བྱེད་པའོ། །ཞེས་སོ། །

དབྱེ་བ་ཡང་དེ་ཉིད་ལས། དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་གཟུང་དང་བྲལ་ཞིང་། མི་འགྱུར་བ་ཆོས་ཀྱི་སྐུའོ། །རིག་པ་ཤེས་རབ་ཀྱི་མཁྱེན་པ་མ་འགགས་པར། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་ལྔ་ནི་ཆོས་སྐུའི་ལོངས་སྐུའོ། །གདུལ་བྱ་ལ་སྣང་བའི་འཆར་གཞི་བྱེད་པའི་སྐུ་ལྔ་ནི་ཆོས་སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱ། གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱ། འབྲས་བུ་གཞི་ལ་གྲུབ་པ་ཞེས་ཀྱང་བྱ། སྐུ་གསུམ་གྱ་ལོག་ཆེན་པོ་ཞེས་ཀྱང་བྱ། འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ཞེས་སོ། །

མཚོན་དཔེ་ནི་སྐུ་དང་ཡེ་ཤེས་བུམ་ནང་གི་མར་མེ་ལྟ་བུ། ལྷུན་གྲུབ་ཀྱི་རང་གདངས་ཇི་ལྟར་གནས་པ་མི་གནས་སྦྲེལ་མར་འབྲེལ་ཏེ། (༡༣༣)རྒྱང་ཞགས་ནས་འོད་གསལ་དུ་འཆར་ཞིང་། ཐུགས་རྗེའི་རྩལ་ལས་དུང་ཁང་ནས་ཁྲོ་བོར་གསལ་བ་ཡེ་ཤེས་ཁང་གསལ་གྱི་དཔེ་ནི། བཤད་རྒྱུད་ལས། ཀྱཻ་གསང་བདག་ངེས་པར་ཟུང་ཞིག་པདྨ་འདམ་ན་གནས་ཀྱང་ཉེས་པའི་སྐྱོན་གྱིས་མ་གོས་ལྟར། ཕྱི་ནང་འཁྲུལ་པར་བཤད་ཀྱང་། རང་རིག་མ་འཁྲུལ་ཡེ་ནས་གོས་པ་མེད། མ་འཁྲུལ་པའི་སངས་རྒྱས་ཡིན། རིགས་ཀྱི་བུ་གཞི་དག་པ་ཆོས་ཀྱི་སྐུ་ལ། འབྲས་བུ་དག་པ་གཟུགས་སྐུ་གཉིས་ཀྱིས་བརྒྱན་ནས། དོན་སྐུ་གསུམ་འདུ་འབྲལ་མེད་པ་ནི་བུམ་པའི་ནང་གི་མར་མེ་ལྟར་ཡེ་ཤེས་ནང་གསལ་དུ་གནས་ཏེ། རིགས་ཀྱི་བུ་གཟུགས་ཀྱི་ཕུང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་གཞལ་ཡས་ཁང་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ནང་ན། སྐུ་གསུམ་གྱི་རང་གདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་གཞལ་མེད་ཁང་འོད་དུ་གསལ་ཏེ། དེའི་ངང་ན་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་ཏེ་རང་བཞིན་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འགགས་པ་མེད་པར་གནས་སོ། །དེའི་ཐུགས་རྗེ་ནི་ཧེ་རུ་ཀ་ལྔ་ལྟར་སྣང་བ་ཡང་མི་འགགས་པས། ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་ཏེ། དེ་ལྟར་གནས་པ་ནི་མ་འཁྲུལ་པའི་སངས་རྒྱས་སོ། །རིགས་ཀྱི་བུ་མ་འཁྲུལ་པའི་སངས་རྒྱས་ལ་བྱས་པའི་ཆོས་བསྟན་པ་ནི་ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི་བྱས་པའི་མེ་ལོང་གིས་གཏན་ལ་ཕེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས་འགགས་པ་མེད་པར་གསལ་བ་དག་པ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་དག་པ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན། མགར་བས་ལག་གི་འདུ་བྱེད་མ་བྱས་པར། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ནས། རང་བྱུང་དུ་རང་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དཔེ་བརྡ་བསྟན་པའི་ཚེ། ཟག་བཅས་ཀྱི་སྒྲོམ་བུས། ཟག་མེད་ཀྱི་ཡེ་ཤེས་མ་ཐུབ་པར། ཐུགས་ཡེ་ཤེས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་སྣང་ངོ་། །དེ་ནི་འཁྲུལ་གཞི་མན་ངག་གི་ཏི་ཀ་ཆེན་པོ་གཏན་ལ་ཕབ་པའོ། །དོན་དེ་ནི་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་གསུམ་དུ་འགྱུར་མ་མྱོང་སྟེ། མི་འགྱུར་ལྟ་བ་ཐོད་རྒལ་ཆེན་པོའོ། །དེ་ནི་འཁྲུལ་པ་ལོག་ནས་ཡེ་ཤེས་སྐྱེ་བ་ཁོ་ན་ཉིད་ཀྱི་(༡༣༤)ཏི་ཀ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལ་སྣང་བ་མཐའ་ཡས་ནི། ཐོག་མའི་སངས་རྒྱས་འོད་དཔག་མེད་རིག་པ་རང་བྱུང་གི་ཡེ་ཤེས་སོ། །ཐུགས་ཀྱི་ཀློང་ནི་དེ་ཡི་ངང་ངོ་། །ཤེལ་གྱི་མཆོན་རྟེན་ནི་རང་བཞིན་གྱི་འོད་ལས་གཟུགས་བརྙན་གྱི་འོད་དུ་ཤར་བའོ། །དེ་ཕྱག་ཏུ་བབས་ནས་བརྡའི་མེ་ལོང་དུ་གྱུར་པ་ནི། ཡེ་ཤེས་རྒྱང་ཞགས་ནས་ནམ་མཁར་ཤར་བ་དེ་ནི། རིག་པ་འོད་གསལ་གྱི་ཀློང་ན་ཡོད་པར་ངེས་ཤེས་བསྐྱེད་པའོ། །ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཚོགས་བརྒྱད་ཀྱི་ཀུན་གཞི་དང་མི་གཅིག་སྟེ། རིག་པ་ཉིད་འཁོར་འདས་སུ་མ་ཆད་དྲི་མ་མ་དག་པའི་ཆའམ། ལྡོག་པས་ན་ཀུན་གཞིར་བཏགས་པ་དེ། ཉམས་སུ་བླངས་པས་རྟོགས་པ་མངོན་དུ་གྱུར་དུས། ཕན་ཆད་འཁོར་བར་མི་སྟོན་པས། རིག་པ་ལ་ཀུན་གཞིའི་སྒྲ་ལོག་ནས། མྱ་ངན་འདས་པ་གཅིག་པུའི་གཞིར་དག་པས། ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱའོ། །དེས་ན་རིག་པའི་གནས་ལ་མིང་ཐ་དད་དུ་བཏགས་པ་ཡིན་ཏེ། དྲི་མ་མཐའ་དག་དང་བཅས་དུས་སེམས་ཅན། ལམ་གྱི་ལ་ལ་སྦྱངས་པས་དག་ལ་མ་དག་པ་འདྲེས་དུས་བྱང་ཆུབ་སེམས་དཔའ། ཐམས་ཅད་དག་དུས་དེ་བཞིན་གཤེགས་པ་ཞེས་བརྗོད་པའི་ཚུལ་དང་འདྲ་སྟེ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། །ད་ལྟ་ཀུན་གཞིར་བཞག་དུས་ཀྱི་མིང་དོན་གཉིས་ཀ་སངས་རྒྱས་དུས། ཆོས་སྐུར་དག་དེ་དྲི་མེད་ཆོས་སྐུར་སོང་ངོ་། །ཁ་ཅིག་མིང་ལོག་དོན་མ་ལོག་ཅེས་པས་བཅིངས་ཏེ། ཀུན་གཞིར་དྲི་མས་བཞག་པས་དྲི་མ་ལྡོག་དགོས་པའི་ཕྱིར་རོ། །རིག་པ་ལ་དུས་གསུམ་འགྱུར་བ་མེད་པ་མི་རྟོག་པར་ཀུན་གཞི་མི་རྟོག་པས་འཇོག་པ་ནི་ཆ་མ་ཕྱེད་པ་ཡིན་ཏེ། རིག་པའི་རང་ངོ་འགྱུར་མེད་གང་དུའང་མ་ཆད་རྟེན་དང་བརྟེན་པར་མ་གྲུབ་པས་ཀུན་གཞིར་མི་འཇོག །དེའི་ཆ་ལ་སྒྲིབ་པ་གློ་བུར་བ་བདེན་སྟོབས་ཀྱིས་རིག་པ་དྲི་བཅས་ཀྱི་སྐབས་ལ་ཚོགས་དོན་ཀུན་གཞིར་བཏགས་པ་ཡིན་ནོ། །དེ་འདྲ་འཁོར་འདས་ཀྱི་འཆར་གཞི་མ་འགགས་པས། ཀུན་གཞིར་བརྗོད་དོ། །མ་རིག་པ་མཚུངས་ལྡན་དེ་རྟོགས་ནས་སྤངས་པ་མེད་(༡༣༥)པའི་ཕྱིར་རོ། །དེ་ཡང་ཚོགས་བརྒྱད་ཀྱི་ཀུན་གཞི་ལུང་མ་བསྟན་ལ་དྲི་མ་དངོས་སུ་བསྟན་ལ། དབྱིངས་ཀྱི་ཀུན་གཞི་མེ་ལོང་ལྟ་བུ་ལ་རང་ངོ་མ་ཤེས་པ་མཚུངས་ལྡན་དུ་ཡོད་པས། རྒྱུད་ནས་བསྟན་པ་ཙམ་ལས་རང་ངོ་ཆོས་སྐུ་ཟང་ཐལ། དྲི་མེད་རང་བཞིན་རྣམ་དག་ཡིན་པའི་ཁྱད་པར་ལ་མཁས་པ་རྣམས་ཀྱིས་ཤེས་པར་བྱའོ། །གནས་འདི་ནི་རྟོགས་དཀའ་ལ་ཕྲ་བའི་ཆོས་ཡིན་ནོ།། །།

༈ ལྔ་པ་རྣམ་གྲངས་བསྟན་པ་ནི། གཞི་དག་པ་ཆོས་སྐུའི་མིང་དོན་ངེས་པ་རྣམས་ཡོན་ཏན་གྱི་སྒོ་ནས་བསྡུ་ན། སངས་པ། རྒྱས་པ། བཅོམ་པ། ལྡན་པ། འདས་པ་དང་ལྔ་ལས། གཞི་རང་བྱུང་གི་ཡེ་ཤེས་ཉི་མ་ལྟར་ཡེ་ནས་འོད་གསལ་བས་བསྒྲིབས་པ་རང་ནི་སྒྲིབ་པ་རྣམ་དག་ཏུ་བྱང་ཞིང་སངས། ལྷུན་གྲུབ་གཞི་མ་བཙལ་རང་བྱུང་དུ་ཆུབ་ཅིང་རྒྱས་ཏེ། བཤད་རྒྱུད་ལས། ཆོས་སྐུ་མཚན་མའི་ཆོས་རྣམས་དང་། །གཉིས་སུ་སྣང་བ་ཐམས་ཅད་སངས། །དྭངས་གསལ་གཉིས་མེད་ཡེ་ཤེས་རྒྱས། །ཞེས་སོ། །འོ་ན་ཐམས་ཅད་སྟོང་པར་གསུངས་པ་མིན་ནམ། རྒྱས་པ་མི་འཐད་དོ་སྙམས་ན་མ་ཡིན་ཏེ། ཉི་མའི་རང་ངོ་མུན་པས་སྟོང་ལ། འོད་ཟེར་ཡེ་ནས་ལྷུན་གྱིས་གྲུབ་པ་མི་འགལ་བ་ལྟར། རྣམ་པར་དབྱེར་ཡོད་ལ་བྲལ་ཤེས་པ་དྲི་མའི་ཆོས་ཐམས་ཅད་ཀྱིས་སྟོང་ལ། རང་ངོ་དང་དབྱེར་མེད་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱིས་མི་སྟོང་སྟེ། རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། དེའི་འགྲེལ་པར། འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས་གསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་འགའ་ཡང་མེད་དེ། གློ་བུར་གྱི་དྲི་མ་དང་བྲལ་བ་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལ་རྣམ་པར་བྱུང་བའི་རྒྱུ་མཚན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི། ཆོས་དག་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་(༡༣༦)དབྱེར་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱིས། ཆུ་བོ་གངྒཱའི་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་གསུངས་པ་བཞིན་ནོ། །བཅོམ་པ་ནི་རིག་པ་ལ་ཡེ་ནས་བདུད་བཞི་མེད་པས་བཅོམ་སྟེ། ཀུན་གསལ་ལས། ཆོས་སྐུ་སྐྱེ་འགགས་མེད་པས་འཆི་བདག་བདུད་ཀྱང་བཅོམ། མཚན་མའི་ཕུང་པོ་མེད་པས་མཚན་མའི་བདུད་ཀྱང་བཅོམ། དེ་ལ་གཉིས་སུ་མེད་པས་ཉོན་མོངས་ནས་ལྷའི་བུའི་བདུད་ཀྱང་བཅོམ། དེ་ནི་ཡེ་ནས་ངང་གིས་བཅོམ་པ་ཡིན། །ཞེས་སོ། །ལྡན་པ་ནི། རིག་པ་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པར་ལྡན་ཏེ། དེ་ཉིད་ལས། ཆོས་སྐུ་ཡོན་ཏན་སྒོ་ཡངས་པ། །ཡེ་ཤེས་ལྔ་དང་སྐུ་གཉིས་ལྡན། །ཞེས་སོ། །འདས་པ་ནི་རིག་པ་ལ་ཡོད་མེད་སྤྲོས་པ་དང་མཚན་མའི་ཆོས་ཐམས་ཅད་ཡེ་ནས་འདས་པ་སྟེ། དེ་ཉིད་ལས། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ཞེས་སོ།། །།

༈ གཉིས་པ་སྐུ་ལྔར་བསྟན་པ་ལ་གསུམ་སྟེ། སྐུ་ལྔའི་ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བའོ། །

དང་པོ་ནི་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་རང་གདངས་སྐུ་ལྔར་ཡེ་ནས་གནས་པ་ནི། བཤད་རྒྱུད་ལས། སྐུ་གཅིག་སྐུ་ལྔར་གསལ་བས་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་བས། །འོད་དཔག་མེད་དེ་རྣམ་པར་པད་མའི་སྐུ། །དྲི་མེད་ཐོགས་པ་རབ་མེད་ཅིང་། །བདག་གཞན་དོན་གཉིས་ལྷུན་གྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་སྐུ། །ཞེས་སོ། །

རང་བཞིན་རྒྱས་པར་བཤད་པ་ལ་གཉིས་ཏེ། རིགས་ལྔའི་དབྱིངས་དང་། གཙོ་འཁོར་གྱི་གནས་ཚུལ་བསྟན་པའོ། །

དང་པོ་རང་རིག་ལྷུན་གྲུབ་ཀྱི་ཐིག་ལེ་རང་བཞིན་འོད་ལྔའི་ཀློང་ནི། གཞོན་ནུ་བུམ་པ་སྐུ་ཡི་ནང་དབྱིངས་ཏེ། ཡང་དེ་ཉིད་ལས། ཆོས་སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོག་མེད་བརྟན་པ་རྒྱ་གྲམ་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་(༡༣༧)བས། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ན་འགགས་པ་མེད། །དེ་ཡི་ངང་ནས་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་གྱི་སྣང་བ་དེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་དང་ཁྱད་པར་འཕགས། །ཞེས་སོ། །

གཉིས་པ་ནི། རིག་པ་ལྷུན་གྲུབ་སྟུག་པོ་བཀོད་པ་རང་བཞིན་འོད་དུ་གསལ་བའི་ཞིང་ཁམས་ན། ཐུགས་རྗེ་འགགས་མེད་སྐུ་ལྔའི་ཚོམ་བུ་མཚན་རྫོགས་རྡོ་རྗེ་འཆང་གི་སར་བཀོད་དེ། ངོ་བོ་སྟོང་པ་ཀུན་བཟང་ཡབ་ཡུམ་གྱི་ཀློང་དུ་འཁྱིལ་བ་ནི། ཤེས་རབ་ཀྱི་སྐུ་ལྔ་མ་འདྲེས་སོ་སོར་གསལ་བ་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རང་སྣང་བ་སྟེ། ཐིག་ལེ་ཀུན་གསལ་ལས། རྣམ་དག་སྟུག་པོ་བཀོད་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་། །ཡེ་ཤེས་རང་གདངས་བུམ་པ་ལྔ། །མ་འགག་གསལ་བའི་མྱུ་གུར་སྣང་། །ཆོས་ཉིད་དག་པའི་སྣང་ཆ་ལྔར། །མཐིང་ཁ་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་ཀློང་། །དེ་ཡི་ངང་ན་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ཏེ། །བཞི་པོ་རྣམ་པ་ཀུན་ཏུ་ཞལ། །མི་བསྐྱོད་རིན་འབྱུང་ཆེན་པོ་དང་། །དཔག་མེད་དོན་ཡོད་ཆེན་པོར་སྣང་། །ཕྱག་མཚན་རང་བཞིན་ཐུགས་ལ་གནས། །ཁ་དོག་ལྔ་ཡི་མཚན་ཉིད་འཛིན། །གདན་གསུམ་ངང་ལ་ཡོངས་སུ་རྫོགས། །གདུལ་བྱ་རིགས་བཞིའི་སངས་རྒྱས་ཏེ། །དག་ཅིང་གསལ་བའི་མེ་ལོང་ལ། །བྱད་ཀྱི་རྣམ་པ་འཆར་བ་ལྟར། །མཚན་རྟོག་རྡོ་རྗེ་འཆང་གི་ས། །ཆོས་ཉིད་དག་པའི་སྣང་བ་ལ། །མི་བསྐྱོད་རིན་ཆེན་འབྱུང་ལྡན་དང་། །སྣང་མཐའ་དོན་ཡོད་གྲུབ་པར་ཤར། །གདན་གསུམ་ངང་ལ་ལྷུན་གྱིས་རྫོགས། །རང་རང་ཕྱག་མཚན་ཐུགས་ལ་གབ། །དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་ལྔ་ཡི་སྦུབས་ན་གསལ། །རང་རང་སོ་སོའི་ཆོས་ཉིད་ལས། །ལྔ་པོ་སོ་སོའི་དབུས་ན་གནས། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཡེ་ཤེས་ལྔ་རྫོགས་མཚན་ཉིད་འཛིན། །ཡུམ་ལྔ་ལུས་དང་གྲིབ་མ་བཞིན། །ཐབས་དང་ཤེས་རབ་ཞལ་སྦྱར་ནས། །རྣམ་སྣང་ཞལ་གཟིགས་དགོངས་པ་མཁྱེན། །རྣམ་སྣང་རང་སྣང་གཞན་སྣང་མེད། །རང་བྱུང་རང་སྣང་རང་གིས་མཁྱེན། །རང་རྩལ་རྩེ་གཅིག་བྱེད་(༡༣༨)པ་མེད། །ཅེས་སོ། །མྱུ་གུར་སྣང་བ་ནི། གཞི་ལྷུན་གྲུབ་ཀྱི་དུས་འབྲས་བུར་སྨིན་རུང་ཡོད་པར་མཚོན་པའོ། །ཕྱག་མཚན་ཐུགས་ལ་གབ་པ་ནི། དངོས་པོ་རང་མཚན་གཞན་སྣང་དུ་མེད་པ་ལས། འཆར་གཞི་ལྷུན་གྲུབ་རིག་སྟོང་ཐུགས་ཀྱི་ངང་ན་རང་གསལ་བའོ། །གཞན་སྣང་མེད་པ་ནི་ཕྱིར་མི་སྣང་སྟེ་ཁ་དོག་མཚན་མར་མེད་པའོ། །རྩེ་གཅིག་བྱེད་པ་མེད་པ་ནི་ནང་ཡེ་ཤེས་རིན་པོ་ཆེའི་སྦུབས་ན། ཕྲ་བའི་ཡེ་ཤེས་སུ་གསལ་བ་ལས། མ་གཡོས་པར་གནས་པའོ། །

གསུམ་པ་ཕུན་སུམ་ཚོགས་པ་ལྔས་དོན་བསྡུ་བ་ནི། གཞི་རིག་པ་ལ་ཡོད་པའི་ཆོས་དེ་ཕུན་སུམ་ཚོགས་པ་ལྔར་ཡེ་ནས་ལྷུན་གྲུབ་ཏུ་གནས་ཏེ། དེ་ཉིད་ལས། བདག་མེད་སྐུ་ནི་སྟོན་པར་ཆེ། །རང་རིག་ཡེ་ཤེས་བསྟན་པ་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །མངོན་པར་སངས་རྒྱས་ཆེ་བ་ཡིན། །ཞེས་སོ། །དེ་ཡང་རིག་པའི་ཀློང་ན་སྐུ་དང་ཡེ་ཤེས་ཕྲ་བ་ལྷུན་གྲུབ་ཀྱི་རང་གདངས་འཆར་གཞིའི་ཆ་ཙམ་ལས་མཚན་མ་རིགས་ཅན་དུ་མེད་ལ། མེད་པ་ཕྱང་ཆད་དུ་མ་སོང་བ། ཤེལ་གྱི་ནང་འོད་ལྟར་ཤེས་རབ་ཀྱི་སྐུར་གནས་པ་སྟེ། དེ་ཉིད་ལས། ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །གདུལ་བྱ་རྣམས་ལ་ཤར་བར་ཟད། །རང་ལ་ཤེས་རབ་སྐུ་རུ་སྣང་། །མཚན་མར་བཅས་པའི་སྐུ་མི་གནས། །ཡེ་ཤེས་རང་བྱུང་ཆེན་པོ་ལ། །མཚན་མ་གཞན་སྣང་རྣམ་རྟོག་མེད། །ཅེས་སོ། །དེ་ལ་ཤེས་རབ་སྐུ་ཡི་ངོ་བོ་ནི། རིག་པ་གཅིག་ཉིད་ཡེ་ཤེས་ལྔའི་སྐུར་འཆར་བ་མ་འགགས་གཞི་ལ་ལྷུན་གྲུབ་ཏུ་གནས་པའོ། །ངེས་ཚིག་ནི་མཁྱེན་ཆར་ཡོད་པའོ། །དབྱེ་ན་རྣམ་སྣང་ལ་སོགས་པ་ལྔའོ། །དེ་ལྟར་ཡང་བཤད་རྒྱུད་ལས། ཀྱཻ་སྟོན་པ་ཐུགས་རྗེ་ཆེ་མངའ་བ། །ཤེས་རབ་སྐུ་ལྔ་གསུང་དུ་གསོལ། །དེ་ནས་སྟོན་པས་བཀའ་སྩལ་པ། །རིག་པ་གཅིག་གི་ངོ་བོ་ལས། །ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར། །ཀུན་སྣང་ཆེན་པོ་ཞེས་ཀྱང་བྱ། །རང་རིག་ཡོན་ཏན་མ་འགགས་པས། །རིན་འབྱུང་ཆེན་པོ་ཞེས་ཀྱང་བྱ། །ཐུགས་རྗེའི་སྟོབས་ལྡན་འོད་དཔག་མེད། །ཤེས་བྱ་ཐོགས་མེད་དོན་ཡོད་གྲུབ། །དེ་ཉིད་འགྱུར་མེད་མི་བསྐྱོད་པ། །སྟོང་རིག་གཉིས་མེད་ཐོགས་པ་མེད། །ཤེས་རབ་སྐུ་ལྔའི་ངོ་བོ་ཡིན། །དབྱེ་བ་ཡོན་ཏན་སྒོ་ནས་ཕྱེ། །ངེས་ཚིག་ཤེས་རབ་དེ་ལྟར་མཁྱེན་པ་མ་འགགས་(༡༣༩)པས་ཤེས་རབ་ཀྱི་སྐུའོ། །ཡང་ན་རང་ལ་ཤེས་རབ་མ་འགགས་ལ། གདུལ་བྱ་ལ་སྐུར་མི་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ། །རང་ནི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་གཞན་སྣང་མེད་པས་རང་ཞེས་བཤད་དོ། །མཚན་མའི་སྐུ་གསུམ་མེད་པས་རིག་པ་དངོས་མེད་དོ། །སྤྱན་རྣམ་པ་གཉིས་ལས་གྲོལ་ཏེ་དྲི་མ་མེད་པས། ཡེ་ཤེས་ཀྱི་སྤྱན་གསང་བ་ཟང་ཐལ་བའོ། །དེའི་གོང་ན་གཞན་མེད་པས་ཆེན་པོ་ཞེས་གསུངས་སོ། །སྤྱན་རྣམ་པ་གཉིས་ནི་ད་ལྟ་ཤེས་རབ་ཀྱི་སྤྱན། བར་དོར་ཡེ་ཤེས་ཀྱི་སྤྱན། དེའང་གཞི་ལྷུན་གྲུབ་ཀྱི་དུས་སུ་དེ་གཉིས་ལས་འདས་ཏེ། དྲི་མ་མེད་པའི་ཟང་ཐལ་ཆེན་པོའི་སྤྱན་དུ་གནས་པའོ། །

གཉིས་པ་ཡེ་ཤེས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། ཆོས་སྐུའི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ། སྤྲུལ་སྐུའི་ཡེ་ཤེས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་གཉིས་ཏེ་སྡེ་ཚན་གསུམ་དུ་གནས་པ་དང་། ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་འདུས་ཏེ། ངོ་བོ་ཆོས་དབྱིངས་ཡེ་ཤེས། རང་བཞིན་དང་མཚན་ཉིད་འཛིན་པ་རང་ངོ་ལྔ། མཁྱེན་པ་གཉིས་སོ་སོར་རྟོགས་པའི་ཡེ་ཤེས་སུ་འདུ་བས། འདིར་ལྷུན་གྲུབ་ཀྱི་ཡེ་ཤེས་ལྔར་བཞག་པ་ལ། ཡེ་ཤེས་ལྔ་རང་གདངས་ལྔ་དབྱེར་མེད་དུ་གནས་ཏེ། ཆོས་ཀྱི་དབྱིངས་རིག་སྟོང་ནམ་མཁའ་ལྟ་བུ་དང་། གདངས་མཐིང་གས་བརྒྱན་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །མེ་ལོང་ལྟ་བུའི་རིག་པ་གསལ་ལ་རྟོག་མེད་གདངས་དཀར་པོས་བརྒྱན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་རིག་པ་ཡིད་བཞིན་ནོར་བུ་ལྟ་བུ་དང་། གདངས་སེར་པོས་བརྒྱན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སོ་སོར་རྟོག་པའི་རིག་པ་མཁྱེན་གསལ་པདྨ་ལྟ་བུ་རང་གདངས་དམར་པོས་བརྒྱན་པ་ནི་སོར་རྟོགས་ཡེ་ཤེས་སོ། །བྱ་བ་གྲུབ་པའི་རིག་པ་ཟང་ཐལ་རྡོ་རྗེ་ལྟ་བུ་དང་། རང་གདངས་ལྗང་གུས་བརྒྱན་པ་ནི་བྱ་གྲུབ་ཡེ་ཤེས་སོ། །འདི་ཡང་རིག་པ་རང་བྱུང་གི་ཡེ་ཤེས་རང་བཞིན་གྱི་འོད་ལྔ་སྙིང་པོ་ལྔས་བརྒྱན་པའི་ལྡོག་པ་ནས་ཡེ་ཤེས་ཞེས་བཏགས་ཏེ། དོན་ལ་སེམས་ཉིད་རང་བཞིན་གྱི་(༡༤༠)འོད་གསལ་བ། འཁོར་འདས་ཐམས་ཅད་ཀྱི་འབྱུང་གནས་སུ་གནས་པ་སྒྲིབ་མེད་ཟང་ཐལ་ཆེན་པོ་དེ། ཀུན་གསལ་ལས། རིག་པ་དངོས་མེད་ཟང་ཐལ་ལས། །སྟོང་པ་འགགས་མེད་གཉིས་སུ་མེད། །དེར་ཤེས་ཐོགས་པ་མེད་པས་ནི། །ཡེ་ཤེས་ལྔ་རུ་རང་ཤར་ཡིན། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་དུ་མཐིང་ཀར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགགས་མེད་ངང་དུ་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ཀློང་དུ་སེར་པོར་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །གསལ་བའི་ཀློང་དུ་དམར་པོར་གནས། །བྱ་བ་གྲུབ་པའི་རང་གདངས་ནི། །ཐོགས་མེད་ཀློང་ན་ལྗང་གུར་གྲུབ། །དེ་ལྔ་ཆོས་ཉིད་ཀློང་ན་ཤར། །ཡེ་ཤེས་འོད་དུ་ཤར་ཞེས་བྱ། །རྟོགས་པ་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་ཤར། །དཔེར་ན་མེ་ལོང་དག་པ་ལ། །གང་འཕྲད་རྐྱེན་དེ་སྣང་མོད་ཀྱང་། །སྣང་བའི་དུས་ན་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་ནི་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། ཤར་ཡང་རང་རིག་གཅིག་པུར་གནས། །གཅིག་པུར་གནས་པ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པས་ཆེན་པོར་གནས། །སྒྲིབ་མེད་ཟང་མ་ཐལ་བྱུང་སྣང་། །གཟུགས་སྐུ་གཉིས་པོ་སྣང་བ་ཡང་། །རང་ལ་མི་སྣང་རྣམ་པར་དག །ཅེས་སོ། །དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ལ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་མི་འགགས་པར་ལྷུན་གྲུབ་ཡོད་པས། རྟོགས་ན་དག་པ་སངས་རྒྱས་ཀྱི་ཞིང་དང་། སྐུ་གསུང་ཐུགས་སུ་འཆར་བ་དང་། མ་རྟོགས་ན་འཁྲུལ་སྣང་སྣོད་བཅུད་ཀྱི་སྣང་བ་དང་། ལུས་ངག་སེམས་གསུམ་འཆར་བའི་གནད་ཐམས་ཅད་རིག་པ་ལ་ཡེ་ནས་མ་འགགས་རང་ཤར་གྱི་སྒོ་ཡོད་པ་ལ་ཐུག་པས་གནད་གལ་པོ་ཆེའོ།། །།

༈ དོན་བཞི་པ་སེམས་དང་ཡེ་ཤེས་ཀྱི་གནས་ཚུལ་བསྟན་པ་ལ་གསུམ་སྟེ། གོ་དོན་མདོར་བསྟན་པ། གནས་ཚུལ་རྒྱས་པར་བཤད་པ། སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བའོ། །

དང་པོ་ནི་ཐེག་པ་ཐུན་མོང་པས་རྟོག་བཅས་རྟོག་མེད་ལ་སེམས་ཡེ་ཤེས་སུ་ཕྱེ་བ་ཙམ་ལས་གསལ་པོ་མེད་ཀྱང་། འདིར་ཁྱད་པར་གསལ་བར་ཕྱེ་ནས་བསྟན་ཏེ། ཡེ་ཤེས་ནི་ཡེ་ནས་ལྷུན་གྲུབ་ཀྱིས། འདུས་མ་བྱས་པ། རྣམ་པར་མི་རྟོག་པ། སངས་རྒྱས་ཀྱི་ཆོས་སྐུ་དྲི་(༡༤༡)མ་མེད་པའི་འཆར་གཞི། དྲི་བཅས་དེ་བཞིན་ཉིད་ཀྱི་གནས་སྐབས། སྐུ་དང་ཡེ་ཤེས་ཀྱི་རང་བཞིན། བྲལ་གཞི་བྲལ་འབྲས་ཀྱི་ཆར་གནས་སྐབས་ཀྱི་བཞག་པ་ཅན་ཡིན་ཏེ། སངས་རྒྱས་རང་ཆས་ཆེན་མོའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ། ཡེ་ཤེས་ཀྱི་སྐུ་ལ་འཕེལ་འགྲིབ་མེད་པས། དུས་བཞི་མཉམ་པ་ཉིད་དུ་རང་རིག་སྟོང་པ་འོད་གསལ་ཆེན་པོར་འདུག་པ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འདུས་མ་བྱས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་སོ། །སེམས་ནི་གློ་བུར་གྱི་དྲི་མར་གྱུར་པ། འཁོར་བའི་རྩ་བའི་རྒྱུ་བྱེད་པ། ཁམས་གསུམ་པའི་བག་ཆགས་བརྟེན་པ། གསོན་པ་འདུ་བྱེད་པ་བྲལ་བྱ་ཡིན་པ་སྟེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས། རིགས་ཀྱི་བུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བའི་རྒྱུ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །ཞེས་པ་དང་། སངས་རྒྱས་རང་ཆས་ཆེན་མོ་ལས། སེམས་ལ་སངས་རྒྱས་མེད་དོ། །སངས་རྒྱས་ལ་ཆོས་མེད་དོ། །ཆོས་འཁོར་བའི་ཆོས་ཅན་ཡིན་ནོ། །སེམས་ནི་འདུས་བྱས་ཡིན་པའི་ཕྱིར་རོ། །ཆོས་ནི་བྱས་པའི་ཆོས་ཅན་ཡིན་ནོ། །སངས་རྒྱས་ནི་འདུས་མ་བྱས་ཏེ། རང་བྱུང་གི་ཡེ་ཤེས་སོ། །འགྱུར་བ་མེད་དོ། །སངས་རྒྱས་ཆོས་ལས་མ་བྱུང་སྟེ། བྱས་པའི་ཆོས་ཀྱིས་སངས་རྒྱས་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཆོས་ནི་འཁོར་བའི་ཆོས་ཅན་ནོ། །ཞེས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། དྲི་མེད་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །སེམས་ནི་བྱ་བ་ཐམས་ཅད་ཀྱི་བདག་ཉིད་དོ། །སྙིང་པོ་བྱང་ཆུབ་ཀྱི་འདུག་ཚུལ་ནི། ཆོས་ཐམས་ཅད་ལས་འདས་པའོ། །སེམས་ཀྱི་བག་ཆགས་སམ། རྟོག་པའི་མདུད་པ་འདི་གྲོལ་བའི་ཕྱིར་རོ། །སེམས་ལས་བྱུང་བའི་ཆོས་ཇི་སྙེད་བྱ་བ་ཡང་། ཚེ་འདིར་འབྲས་བུ་བླ་ན་མེད་པ་ལ་སྦྱོར་བར་མི་ནུས་སོ། །ཞེས་གསུངས་སོ།། །།

༈ གཉིས་པ་གནས་ཚུལ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། དེ་གཉིས་ཀྱི་ཆོས་གཞན་བསམ་པའོ། །

དང་པོ་རྟེན། གནས། ལམ། སྒོ། ངོ་བོ་དང་ལྔ་ལས། ཡེ་ཤེས་ཀྱི་རྟེན་ལུས་ཀྱི་སྟོད། གནས་ནི་ཙིཏྟ་རིན་པོ་ཆེའོ། །ལམ་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའོ། །སྒོ་ཆུ་ཡི་སྒྲོན་མ་དང་། གླང་པོའི་འུར་སྒྲ་གཉིས་ཏེ། རིག་པ་ལ་སྐུ་གསུང་(༡༤༢)ཐུགས་གསུམ་ལྷུན་གྲུབ་ཏུ་ཡོད་པའི་རང་གདངས་གསུམ་ལས། སྐུའི་འོད་གདངས་གཉིས་རྒྱང་ཞགས་ལ་གནས། གསུང་གི་སྒྲ་རྣ་བ་ལ་གནས། ཐུགས་ཀྱི་རིག་གདངས་གློ་བར་འབྲེལ་བར་སེམས་སུ་གསལ་ལོ། །ཡེ་ཤེས་རང་གི་ངོ་བོ་གཞི་དག་པ་ཆོས་ཀྱི་སྐུ་སྟོང་གསལ་ལྷུན་གྲུབ་ཆེན་པོར་འཁོར་འདས་ཀུན་ཁྱབ་ཏུ་བཞུགས་པ་དེ་ཡིན་ནོ། །འདིས་སེམས་ཅན་ལ་གཞིའི་བྱ་བ་བྱེད་དོ། །རྣལ་འབྱོར་པ་ལ་རྟོགས་ནས་ཉམས་སུ་ལེན་པས་ལམ་གྱི་བྱ་བ་བྱེད་དོ། །མངོན་དུ་གྱུར་དུས་རང་ངོ་རྣམ་པར་དག་པས་འབྲས་བུའི་བྱ་བ་བྱེད་དོ། །དེ་ཡང་གཞི་ལ་འོད་ཡོད་པས་གདངས་ཀྱི་རྩལ་ལམ་སྣོད་ཀྱི་བྱ་བ་བྱེད་དོ། །སྐུ་ཡོད་པའི་རྩལ་ལས་སེམས་ཅན་པའི་ལུས་ཀྱི་བྱ་བ་བྱེད་དོ། །རིག་པ་ཡོད་པའི་རྩལ་ལས་སེམས་ཅན་གྱི་བྱ་བ་བྱེད་པའི་ཕྱིར། སེམས་ཅན་ལ་གཞིའི་བྱ་བ་བྱེད་པར་བཞག་གོ། །ཡང་འོད་ཡོད་པས་ཉམས་སུ་ལེན་དུས་དབྱིངས་སྣང་གི་བྱ་བ་བྱེད་དོ། །སྐུ་ཡོད་པས་ཐིག་ལེ་ལུ་གུ་རྒྱུད་སྨིན་པས་སྐུའི་བྱ་བ་བྱེད་དོ། །རིག་པ་ཡོད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་གསལ་སྟོང་པའི་ཉམས་སུ་རང་འཆར་ཞིང་། རིག་པ་རང་ས་ཟིན་པ་ལ་སྦྱོར་བའི་བྱ་བ་བྱེད་པའི་ཕྱིར། རྣལ་འབྱོར་པ་ལ་ལམ་གྱི་བྱ་བ་བྱེད་པར་བཞག་གོ། །དག་པ་མྱ་ངན་ལས་འདས་པའི་ཚེ། འོད་ཀྱི་ཞིང་དང་གཞལ་ཡས་ཁང་གི་བྱ་བ་བྱེད། སྐུས་ལོངས་སྐུ་རང་སྣང་གི་བྱ་བ་བྱེད། རིག་པས་སྤངས་རྟོགས་མཐར་ཕྱིན་པའི་བྱ་བ་བྱེད། ཤིན་ཏུ་དག་པས་རིན་པོ་ཆེའི་སྦུབས་སུ་རང་གསལ་ཆོས་སྐུ་ཐིག་ལེ་ཉག་ཅིག་གི་བྱ་བ་བྱེད་པའི་ཕྱིར། མྱ་ངན་ལས་འདས་པས་འབྲས་བུའི་བྱ་བ་བྱེད་པ་ཞེས་བཞག་གོ། །དེ་ཐམས་ཅད་ཀྱང་ཡེ་ཤེས་རང་གི་ངོ་བོ་ཡེ་ཇི་བཞིན་པ་ལས། མ་གཡོས་པས་གང་གི་དུས་ནའང་དེའི་ཕྱོགས་སུ་མ་ལྷུང་། རྒྱར་མ་ཆད་ལ། སྣང་ཚུལ་གོ་མ་འགགས་པ་ལས་དེ་ལྟར་སྣང་བའི་ཕྱིར། འཁོར་འདས་སུ་སྣང་བ་ནས་གཉིས་གྲུབ་ལ་རང་སྣང་བས་མཉམ་པ་ཉིད་ཅེས་བྱའོ། །གང་དུ་མཉམ་ན་རིག་ངོར་སྣང་ངོ་། །ཇི་ལྟར་མཉམ་ན་རང་གདངས་གསལ་བ་ཙམ་དུ་མཉམ་པའོ། །མཉམ་པའི་འཐད་པ་ནི། རྟོགས་པས་མྱང་འདས་སུ་སྣང་ཡང་རང་གདངས་སྐུ་གསུམ་དུ་སྣང་བ་ཙམ་མ་གཏོགས་སེམས་ཅན་དུ་སྣང་ཡང་རང་གདངས་སྐུ་གསུམ་ཐུགས་རྗེའི་(༡༤༣)རྩལ་དང་རོལ་པར་ཤར་བ་ཙམ། དོན་རང་ངོ་ལ་ལྷུན་གྲུབ་རང་ས་འཁོར་འདས་ལས་འདས་པའི་དབྱིངས་ཡེ་ཇི་བཞིན་པའི་དགོངས་པར་གནས་པའི་ཕྱིར་རོ། །འདི་ནི་ཤིན་ཏུ་དཀའ་བའི་གནས་ཏེ། ཁྱད་པར་རིག་པ་ལ་མཁས་པ་རྣམས་ཁོ་ནའི་སྤྱོད་ཡུལ་ལོ། །

འདིར་ཁོ་བོ་ཅག་མཁས་པའི་འདུན་སར་དབང་གསལ་བར་བྱས་མོད་སྤྲོས་པས་ཆོག་གོ། །མཁས་པ་རྣམས་ནི་ཤེས་བྱ་ཤིན་ཏུ་ལྐོག་གྱུར་གྱི་དོན་མཇལ་བ་ན་བདེ་བར་གཤེགས་པའི་བཀའ་ལུང་ཚད་མར་བྱེད་པས་ཡིད་ཆེས་པའི་གནས་ལུགས་འཛིན་གྱི། བབ་འཆོལ་དུ་སྨྲ་བ་མ་ཡིན་པས། འདིར་ཡང་སྔ་ཕྱིར་རྒྱུད་ལུང་གི་དཔང་པོ་ལེགས་པར་བཀོད་པ་དང་། དགོད་པར་འགྱུར་ལ། བཤད་མ་ཐག་པའི་དོན་དེ་ལྟར་ཡེ་ཤེས་ཀྱི་རྟེན་པ་ལ་སོགས་པ་འདི་དག་གང་ལས་བྱུང་ཞེ་ན། བླ་ན་མེད་པའི་རྒྱུད་ཀྱི་གནས་ངོ་སྤྲོད་སྤྲས་པ་ཞེས་བྱ་བ་ལས། གསང་བའི་བདག་པོ། བདེ་བར་གཤེགས་པ་ཡེ་ཤེས་ཀྱི་ལུས་ཅན་རྟེན་པ་རང་གི་ལུས་ཀྱི་བྱང་ཁོག་སྟོད་འདི་ལ་བརྟེན་ནས་ཡོད་དོ། །གནས་པ་སྙིང་ན་གནས་སོ། །ལམ་ནི་སྙིང་དང་མིག་གི་བར་དུ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་མཉེན་ལ་འཁྲིལ་པ། ཁྲག་དང་ཆུ་སེར་མེད་པ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །སྒོ་ནི་མངོན་དུ་གྱུར་པའི་སྒོ་གཉིས་དང་། ལྐོག་ཏུ་གྱུར་པའི་སྒོ་གཉིས་ཏེ། བཞི་ཡིན་ནོ། །མངོན་དུ་གྱུར་པའི་སྒོ་གཉིས་ནི་རང་གི་མིག་གཉིས་ཡིན་ནོ། །ལྐོག་ཏུ་གྱུར་པའི་སྒོ་གཉིས་ནི་རང་གི་རྣ་བ་གཉིས་ཡིན་ནོ། །ཡེ་ཤེས་རང་གི་ངོ་བོ་ནི་གཞི་དག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པར་བཞུགས་སོ། །ཡེ་ཤེས་འོད་གསལ་བར་བཞུགས་སོ། །སྙིང་པོ་ཟང་ཐལ་དུ་བཞུགས་སོ། །ངོ་བོ་སྟོང་པར་བཞུགས་པ་ནི་རང་གི་རིག་པ་འདི་ཉིད་དངོས་པོ་དང་མཚན་མ་གང་ཡང་མ་གྲུབ་པས་ངོ་བོ་སྟོང་པར་འདུག་པ་འདི་ཉིད་ཡིན་ནོ། །ཡེ་ཤེས་འོད་གསལ་ལ་བཞུགས་པ་ནི། རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ཡིན་ནོ། །རིགས་ཀྱི་བུ་རིག་པ་རང་གི་ངོ་བོ་མ་འགགས་པར་གསལ་བ་འདི་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ། །སྙིང་པོ་ཟང་ཐལ་དུ་བཞུགས་པ་ཤ་ཁྲག་གི་ལུས་ཀྱིས་གཏུམས་ཀྱང་མ་ཐུམས་པར་མིག་གི་རྣམ་པར་ཤེས་པ་ལ་མཐོང་བ་མ་འགགས་པར་འོད་དུ་གསལ་བ་འདི་ཡིན་ནོ། །འདི་ཁོ་ན་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་(༡༤༤)སོ། །

གཉིས་པ་སེམས་ཀྱི་གནས་ཚུལ་ལ། རྟེན། གནས། ལམ། སྒོ། ངོ་བོ་དང་ལྔ་ལས། སེམས་ཀྱི་རྟེན་རོ་སྟོད། གནས་གློ་བ། ལམ་མགྲིན་པ་སྟེ། གློ་བ་ནས་མགྲིན་པར་རྩ་སོགས་སྦུག་ཙམ་འབྲེལ་བ་ནས་དབུགས་འགྱུ་བའོ། །སྒོ་ཁ་སྣའོ། །སེམས་རང་གི་ངོ་བོ་ཚོགས་དྲུག་གམ་བརྒྱད་ཡུལ་ལ་ཤར་བ་ཕྱི་ནང་དུ་རྟོག་པ་དེ་ཡང་དེ་ཉིད་ལས། གསང་བའི་བདག་པོ། སེམས་ཀྱི་རྟེན་ནི་རང་གི་ཤ་ཁྲག་གི་ལུས་བྱང་ཁོག་སྟོད་ཡིན་ནོ། །གནས་ནི་གློ་བའི་ནང་ན་གནས་སོ། །ལམ་ནི་གློ་བ་ནས་མགྲིན་པར་རྩ་གྲོ་སོག་གི་སྦུག་མ་ཙམ་གཅིག་གིས་འབྲེལ་ནས་ཡོད་དོ། །དེ་ནས་མར་དབུགས་འགྱུ་བ་དེ་སེམས་ཀྱི་ལམ་ཡིན་ནོ། །སྒོ་ནི་འདོད་པའི་སྒོ་གསུམ་སྟེ། སྣ་བུག་གཉིས་ཁ་དང་གསུམ་ཡིན་ནོ། །འདོད་པའི་ཤེས་པ་དེ་ལས་བྱུང་ངོ་། །སེམས་རང་གི་ངོ་བོ་ནི་རྣམ་པར་རྟོག་པ་དང་བཅས་པ། དབུགས་ཕྱི་ནང་དུ་འགྱུ་བ་འདི་རང་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྙིང་ནས་གློ་བར་རྩ་སོག་སྦུག་ཙམ་འབྲེལ་བའི་ནང་ན། ཡེ་ཤེས་ཐུགས་རྗེའི་གདངས་ཤར་བ་རླུང་དང་འདྲེས་པས་སེམས་ཞེས་བྱ་སྟེ། གདངས་མི་འཕྱེའོ་མིག་ཅན་ལྟ་བུ། རླུང་རྟ་ལོང་བ་རྐང་ཅན་ལྟ་བུ་ལ་ཞོན་ནས། རླུང་ཕྱིར་འགྱུ་ཁ་སྣ་ནས་འགྲོ་འོང་བྱེད་སྒོ་ལྔའི་ཡུལ་འཛིན། ནང་དུ་རྩ་འདབ་རྣམས་སུ་རྒྱུ་ཡིད་ཀྱི་ཡུལ་ཆོས་ལ་རྟོག་དཔྱོད་དུ་འཛིན་ཏེ། ཆོས་ནི་སྒོ་ལྔའི་ཡུལ་ལྟར་དངོས་སུ་བལྟར་མེད་ཀྱང་། ཞེན་ནས་ཡིད་ཀྱིས་ཀུན་ནས་སེམས་ཏེ། བློ་ཡི་ཡུལ་དུ་དོན་སྤྱི་ཡིད་ལ་བྱེད་པ་ཐམས་ཅད་དོ། །དེ་ཡང་རིིག་གདངས་ཀྱིས་མི་བཀྲ་དགུ་བཀྲར་བྱུང་ལ། རླུང་གིས་མི་འགྱུ་དགུ་འགྱུར་བྱུང་བས་རླུང་རིག་ཏུ་འདྲེས་པ་ལ་སེམས་ཞེས་བཏགས་སོ། །ལམ་དུས་རླུང་དག་ན་གདངས་གཞི་ལས་མ་གཡོས་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་མལ་དུ་གནས་པ་རྒྱལ་བའི་དགོངས་པ་ལྷུན་གྱིས་གྲུབ་པ་ལ་འཇོག་ཅིང་། རླུང་གི་གནད་བསྟུན་པ་ཐམས་ཅད་འདི་ལ་ཐུག་པ་ཡིན་ནོ།། །།

༈ གསུམ་པ་དེ་གཉིས་ཀྱི་ཆོས་གཞན་བསམ་པ་ལ། ད་ལྟ་འཕྲད་ཚུལ་དང་། ཐ་མ་གྱེས་ཚུལ་གཉིས་ལས། འཕྲད་ཚུལ་ནི། གློ་བ་ནས་སྙིང་དུ་འབྲེལ་བའི་རྩ་ནང་དུ། སྙིང་གའི་ཐུགས་རྗེའི་གདངས་རླུང་ལ་འདྲེས་པ་འདི་སེམས་ཡིན་ལ། རྣལ་འབྱོར་པས་ལྟ་སྟངས་དང་། གཟིགས་སྟངས་གཅུན་པའི་གནད་ཀྱིས། གློ་(༡༤༥)བའི་རླུང་སྙིང་ནང་དུ་འདུས་པས་ཐུགས་རྗེའི་གདངས་རང་ངོར་ཐིམ་ནས། རྟོག་པ་མེད་པ། རླུང་གི་ཆས་གསལ་བར་ཤར་ཏེ། གསལ་སྟོང་མི་རྟོག་པའི་རིག་པ་ཤར་བ་ནི་སེམས་དང་ཡེ་ཤེས་འཕྲད་ཚུལ་ལོ། །དོན་ལ་ཐུགས་རྗེའི་གདངས་རང་མལ་དུ་ཐིམ་པ་ལ་སེམས་དང་ཡེ་ཤེས་འཕྲད་ཅེས་བྱའོ། །དེ་ནས་རླུང་རང་ངོར་གློ་བར་ཞ་བས་དར་ཅིག་གྱེས་པ་ཡང་དོན་གྱི་གནས་སོ། །ཐ་མ་གྱེས་ཚུལ་ནི་འབྱུང་བཞི་ཐིམ་ནས་གློ་བའི་དབུགས་ཕྱིར་སོང་ནས་ནང་དུ་མ་འདུས་པས་ཕར་ཆད་རྟ་ལོང་བ་རྐང་ཅན་ནམ་མཁར་ཞ། ཡེ་ཤེས་ཀྱི་གདངས་ཚུར་འདུས་སྙིང་ལ་ཐིམ་པ་དེ་ལམ་དར་དཀར་ལྟ་བུ་ནས་ཆུའི་སྒྲོན་མར་ཐོན་ཏེ། སྣང་སྲིད་ཐམས་ཅད་ཞིང་ཁམས་སུ་ཤར་བའི་དུས་སུ་སེམས་དང་ཡེ་ཤེས་རྒྱབ་གྱེས་སོ། །དོན་ལ་རླུང་གི་རྟ་དང་རིག་པ་བྲལ་བ་ལ། སེམས་དང་ཡེ་ཤེས་རྒྱབ་གྱེས་པ་ཞེས་བྱའོ། །འདིའི་དུས་སུ་རང་སྣང་རང་ངོར་ཤེས་པས། སངས་རྒྱས་པ་ཡིན་ནོ། །ངོ་སྤྲོད་སྤྲས་པ་ལས། གསང་བའི་བདག་པོ། ད་ལྟ་འཕྲད་ཚུལ་ནི། རང་གི་སྙིང་གི་ནང་ན་རིག་པ་ཆོས་ཀྱི་སྐུའི་ངོ་བོ་སྟོང་པ་འདུས་མ་བྱས་པ་ནམ་མཁའ་ལྟ་བུར་གནས་སོ། །རིག་པ་རང་གི་ངོ་བོ་དངུལ་དཀར་གྱི་ཡང་ཞུན་ལྟ་བུར་གནས་སོ། །རིག་པ་རང་གི་ལུས་འོད་ཀྱི་གོང་བུ་ཚོན་སྣ་ལྔའི་གྲུ་གུ་བསྔོགས་པ་ལྟར་གནས་སོ། །རིག་པ་ཆོས་ཀྱི་སྐུ་ཡེ་ཤེས་ལྔའི་མཚན་དུ་བཞུགས་སོ། །ཡེ་ཤེས་ལྔ་འོད་ལྔའི་རང་བཞིན་དུ་ཡོད་དོ། །རང་གི་སྙིང་གི་ནང་ན་འོད་ཁ་དོག་རྣམ་པ་ལྔ་མེར་རེ་ཡོད་དོ། །སེམས་གློ་བ་ན་ཡོད་དོ། །གློ་བ་ནས་སྙིང་དུ་རྩ་སོག་མའི་སྦུག་ཙམ་གྱིས་འབྲེལ་ནས་ཡོད་དོ། །སེམས་གློ་བ་ནས་དོན་ནས། རྩ་སོག་མའི་སྦུག་མ་ཙམ་དེ་ན་ཡར་ལ་དབུགས་འགྱུས་པས། སྙིང་གའི་ནང་ན་སྐུ་གསུམ་ཡེ་ཤེས་ལྔ་ཡོད་པ་དང་འཕྲད་དེ། རང་གི་སྙིང་གི་དཀྱིལ་དུ་རིག་པ་དབུགས་ཀྱི་རྟ་དང་འཕྲད་པས་དབུགས་མེད་པའི་འགྱུ་བ་ཡེ་ཤེས་ཞེས་བྱའོ། །

ཐ་མ་རྒྱབ་གྱེས་ཚུལ་ནི། རང་འཆི་བའི་དུས་སེམས་གློ་བའི་ནང་ནས་དོན། ལམ་རྩ་གྲོ་སོག་གི་སྦུག་མ་ཙམ་དེ་ནས་སྣ་བུག་གཉིས་ཁ་དང་གསུམ་ནས་ཕར་ལ་ཧ་ཟེར་ནས་དབུགས་ཕར་རྒྱུ། ཧུ་ཟེར་ནས་དབུགས་ཚུར་ལ་འདྲེན་ནོ། །གསང་བའི་བདག་པོ་སྲིད་པའི་རི་བོས་བརྒལ་བའི་དུས་སུ། སྲོག་ཏུ་གྱུར་པའི་རླུང་ནང་དུ་འདྲེས་པ་སྟོབས་ཆེ་སྟེ། འདུས་(༡༤༦)མ་བྱས་པའི་ནམ་མཁའ་ནས་དྲངས་པས། ཚུར་འདུས་ཐུགས་རིག་པའི་ཡེ་ཤེས་ལ་ཐིམ། ཕར་འཕྲོས་པས་འདུས་མ་བྱས་པའི་ནམ་མཁའ་ལ་ཐིམ་པས་རྣམ་ཤེས་རླུང་ཞོན་གྱི་དགོངས་པ་ཞེས་བྱའོ། །ཐ་མ་ཧ་ཟེར་ནས་ཕར་ལ་སོང་བ། ཧུ་ཟེར་ནས་ཚུར་ལ་མ་འདུས་པའི་ཚེ། དབུགས་འདོད་པའི་སྒོ་གསུམ་དུ་འཆད་དོ། །རིགས་ཀྱི་བུ་དེའི་ཚེ་ཡེ་ཤེས་རང་གི་སྙིང་གི་དཀྱིལ་ནས་ཐོན། ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བའི་ནང་ན་ཡར་སོང་ནས། སྒོ་རང་གི་མིག་ན་ཕར་ལ་ཐོན་ནོ། །དེའི་དུས་སུ་ཡེ་ཤེས་རྒྱབ་གྱེས་སོ། །ཞེས་གསུངས་སོ། །དེ་ཡང་ད་ལྟ་འཕྲད་དུས་རླུང་གིས་སྙིང་ནང་གི་ཡེ་ཤེས་འོད་ལྔའི་གདངས་ལ་ཞུགས་པས་དབྱིངས་དང་ལུ་གུ་རྒྱུད་འགྲོ་འོང་དུ་སྣང་བ་ཡིན་ལ། རླུང་ཇེ་དག་ལ་སོང་བས་སྣང་བ་ཇེ་བརྟན་ལ་སོང་ནས་ཚད་དུ་ཕེབས་ལ་འོད་ཀྱི་རྡོས་བཅས་དག་དུས། རླུང་ཐམས་ཅད་ཤིན་ཏུ་དག་པས། ཟད་པར་སོང་སྟེ། ཡེ་ཤེས་ཀྱི་གདངས་རླུང་དང་བྲལ་བས། ལྷུན་གྲུབ་ལ་ཐིམ་ནས་ཕྱིར་མི་སྣང་། ཆོས་སྐུ་ནང་གསལ་ཐིག་ལེ་ཉག་ཅིག་ཏུ་གྲོལ་བའི་གནད་ཐམས་ཅད་དེ་ལ་ཐུག་གོ། །དེས་ན་(༡༤༦)ཉམས་སུ་ལེན་དུས། སེམས་ཡེ་ཤེས་ལ་འཕྲད་ནས་ཐིམ་ནས་རྟོག་མེད་རང་གསལ་དུ་གནས་ཀྱང་། རླུང་གི་གདངས་བསྐྱོད་པས། དབྱིངས་རིག་གི་སྣང་བ་ཕྱིར་གསལ་ཏེ། འགྲོ་འོང་འགུལ་འཕྲིགས་སུ་སྣང་བ་དང་། རྟོག་པ་རང་ས་རྗེས་མེད་ཟང་མ་ཐལ་བྱུང་དུ་སྣང་བའང་། རླུང་གིས་ཐུགས་རྗེའི་གདངས་སྔར་བཞིན་ཡུལ་ལ་རྒྱ་ཡན་དུ་མ་བསྐྱོད་ཀྱང་། སྐད་ཅིག་ཕྲ་མོར་སྤྱོད་པ་ལས་བྱུང་སྟེ། ལུས་གནད་འཆིང་བས་རྩོལ་མེད་རང་གྲོལ་ལ་འགྲོ་བའི་གནད་ཐམས་ཅད་དེ་ལ་ཐུག་པའོ། །མདོར་ན་རིག་གདངས་ཕྱིར་གསལ་དུ་འཆར་ཞིང་སྤྱོད་པ་ཐམས་ཅད་རླུང་གིས་ཕྱིར་ཕུལ་བ་ལས་བྱུང་ལ། རླུང་དག་པ་ན། ནང་ཐིམ་ལ་སོང་ནས་ཕྱིར་མི་སྣང་བ་ནི། འདི་ཡིས་རྟོགས་དཀའ་བའི་གནས་སོ།། །།

༈ གསུམ་པ་སེམས་དང་ཡེ་ཤེས་ཀྱི་དོན་བསྡུ་བ་ནི། ཡེ་ཤེས་དེའི་གདངས་རླུང་དང་འདྲེས་པའི་སེམས་སུ་བརྗོད་པས། སེམས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག་པ་དང་། སེམས་ཀྱི་རང་དུས་ཡུལ་ཕྲ་བར་རིག་པ་དེ་ཡེ་ཤེས་ཀྱི་རང་རྩལ་ལམ། རང་གདངས་ཡིན་པས། གཅིག་པ་འདྲ་ལ་མི་གཅིག་པ་ནི། རླུང་དང་འདྲེས་པས་འགྱུ་ཆར་ཤར་བ་སྟེ། (༡༤༧)ཡེ་ཤེས་མི་རྟོག་པའི་ཕྱིར་ནི། སེམས་དང་ཡེ་ཤེས་གཅིག་དང་ཐ་དད་ལས་གྲོལ་བའི་མ་གྲོལ་བ་ཞེས་བྱ་བ་སྟེ། རྟེན་དང་གནས་ལ་སོགས་པ་སོ་སོར་བརྟེན་པ་ཡིན་ནོ། །དེའི་ཕྱིར་སེམས་འཁོར་བའི་གཞི་དང་། །ཡེ་ཤེས་མྱ་ངན་ལས་འདས་པའི་གཞིར་བརྗོད་ཅིང་བཏགས་པའོ། །ཚུལ་འདི་དག་ཀུན་གསལ་ལས། །རྡོ་རྗེ་འཛིན་པ་ངེས་པར་ཟུང་ཞིག །སེམས་དང་ཡེ་ཤེས་རྣམ་པ་གཉིས། གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་ལས་ཡེ་ཤེས་ཡིན། །དེ་བས་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་ལས། །གྲོལ་བའི་མ་གྲོལ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་དང་། །གནས་ཀྱི་སྒོ་ནས་དབྱེ་བ་དང་། །ལམ་གྱི་སྒོ་ནས་དབྱེ་བ་དང་། །སྒོ་ཡི་སྒོ་ནས་དབྱེ་བ་དང་། །སྐྱོན་ཡོན་སོ་སོའི་སྒོ་ནས་དབྱེ། །རང་བཞིན་རྣམ་པར་དག་པས་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་འདུག་པས་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཟང་ཐལ་ལ། །སྐུ་གསུམ་དབྱེར་མེད་དངོས་པོའི་སྒྲིབ་ལས་འདས། །ཞིབ་ཏུ་གང་བཤད་འདིར་མི་བརྗོད། །སེམས་ཀྱི་ངོ་བོ་བསྟན་པ་ནི། །སྦུབས་དང་བཅས་པའི་གཟུང་འཛིན་ཡིན། །སེམས་དང་ཡེ་ཤེས་གནས་བསྟན་པ། །ཡེ་ཤེས་ཆེན་པོའི་བཞུགས་གནས་ནི། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ཡིན། །ད་ལྟར་རིན་ཆེན་ཀློང་ན་བཞུགས། །འདུག་ཚུལ་གནས་དང་སྣང་ཚུལ་མཇལ། །གོང་དང་འོག་ཏུ་ཤེས་པར་བྱ། །སེམས་ནི་རླུང་ཅན་གྲོང་ན་གནས། །ལམ་ཀྱང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོར་འབྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གོས་པར། །ཡེ་ཤེས་ཆེན་པོ་ཀུན་ཏུ་འགྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བགྲོད། །དེ་ལ་དབུགས་རྒྱུ་འགྱུ་སྲང་ཡིན། །སྒོ་ལ་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ལ་གཉིས་ཡིན་ཏེ། །ཁྱབ་ལ་མི་སྣང་ལྐོག་འགྱུར་སྒོ། །རྣ་བ་གཉིས་སུ་བསྟན་པ་ཡིན། །གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་དུ་སྒོ་དེ་སྤྱན་དུ་བསྟན། །སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །དབུགས་འགྱུ་མི་འགྱུས་དབྱེ་བའོ། །ཡེ་ཤེས་ཡོན་ཏན་སྐུར་སྣང་ངོ་། །སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་(༡༤༨)འབྱུང་བར་རྩི། །ཞེས་ལེགས་པར་གསུངས་སོ།། །།

༈ དོན་ལྔ་པ་ངེས་དོན་མཐུན་པའི་རྣམ་གྲངས་འགོད་པ་ནི། ཚུལ་འདི་དག་གི་དགོངས་པ་ཟབ་མོ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་མདོར་གསུངས་པ། འཕགས་པ་བྱམས་པས་རྒྱུད་བླ་མར་གཏན་ལ་ཕབ་པའི་དོན་ཅུང་ཟད་བསྡུ་ན། རང་བཞིན་གྱི་འོད་གསལ་བའི་ཆོས་སྐུ་དེ་བཞིན་གཤེགས་པའི་རིགས་ཟབ་མོར་བསྟན་པ་དང་། སྙིང་པོས་ཀུན་ལ་ཁྱབ་པར་བསྟན་པ་དང་། བདེན་ཞིང་འགྱུར་བ་མེད་པར་བསྟན་པ་དང་། ཇི་ལྟར་གནས་པའི་དཔེ་བསྟན་པ་དང་། རྣམ་གྲངས་ངེས་པའི་ཆོས་བསྟན་པ་དང་། དོན་ཆིངས་རྣམ་པ་ལྔས་འདི་ཡི་གནས་རིག་པར་བྱ་སྟེ། དང་པོ་ནི་སེམས་ཀྱི་དམ་པ་འོད་གསལ་བ་ཉིད་གློ་བུར་དྲི་བཅས་སུ་གནས་ཀྱང་། དེ་སྦྱངས་ན་ངོ་བོ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཆོས་སྐུ་དག་པ་གཉིས་ལྡན་འབྱུང་བས། སངས་རྒྱས་ཀྱི་ཡོན་ཏན་འབྱུང་བ་དང་། ཕྲིན་ལས་འབྱུང་བའི་ཕྱིར་དེ་བཞིན་གཤེགས་པའི་རིགས་སོ། །སངས་རྒྱས་ཀྱི་གདུང་ཞེས་བྱ་སྟེ། རྒྱུད་བླ་མ་ལས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་པ་དང་། དེའི་འགྲེལ་པ་ལས། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་དེ་ཉིད་སངས་རྒྱས་གནས་ཡོངས་སུ་གྱུར་པའི་མཚན་ཉིད། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ཉིད་ལ་ཡོད་པ། འཇིག་རྟེན་པ་ལས་འདས་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་དེ་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་ཏེ། གང་ཞིག་མེད་པར་མ་གྱུར་ཅིང་། ཆད་པ་མེད་པས་རྒྱུན་མ་ཆད་པས། བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་གཏམ་རྒྱུན་མི་འཆད་པའོ། །ཞེས་གསུངས་སོ། །གནས་བཞི་པོ་འདི་ཡང་རིགས་གཅིག་པོ་ཉིད་དྲི་མ་ཡོད་མེད་ཙམ་ལས། ངོ་བོ་རང་(༡༤༩)བྱུང་གི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལས་འགྱུར་བ་མེད་པས། བསམ་གྱིས་མི་ཁྱབ་པའི་ཆོས་སུ་བཤད་དེ། རྒྱུད་བླ་མ་ལས། དེ་ཡང་རྣམ་བཞིའི་གོ་རིམ་བཞིན། །རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་པ་དང་། དེའི་འགྲེལ་པར། དེ་ལ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི། ཅིག་ཆར་དུས་གཅིག་ལ་རྣམ་པར་དག་པ་ཡང་ཡིན་ལ། ཀུན་ནས་ཉོན་མོངས་པ་ཡང་ཡིན་པའི་ཕྱིར། གནས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་མོས་པ། རང་སངས་རྒྱས་རྣམས་ཀྱིས་སྤྱོད་ཡུལ་དུ་མ་གྱུར་པའི་ཡུལ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ལྷ་མོ་ཆོས་འདི་གཉིས་ནི་རྟོགས་པར་དཀའ་བ་སྟེ་སེམས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པར་དཀའ་བ་དང་། སེམས་སེམས་དེ་ཉིད་ཀྱི་ཉེ་བར་ཉོན་མོངས་པ་རྟོགས་པར་དཀའ་བའོ། །ལྷ་མོ་ཆོས་འདི་གཉིས་ཉན་པར་བྱེད་པ་ཁྱོད་དམ། ཡང་ན་ཆོས་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ལྷ་མོ། ལྷག་མ་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི། ཆོས་འདི་གཉིས་དེ་བཞིན་གཤེགས་པ་ལ་དད་པས་རྟོགས་པར་བྱ་བ་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་དེ་བཞིན་ཉིད་ནི་ཡེ་ཤེས་རང་ངོ་སྔར་དྲི་མས་ཀུན་ནས་ཉོན་མོངས་པར་མ་གྱུར་པ། ཕྱིས་༼གློ་བུར་དྲི་བྲལ་རྣམ་པར་དག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་བོ། །གང་གི་ཕྱིར་སེམས་ནི་རང་བཞིན་གྱི་འོད་གསལ་བ་སྟེ། དེ་ནི་དེ་ཁོ་ན་བཞིན་ཤེས་སོ། །དེས་ན་སྐད་ཅིག་ཅིག་དང་ལྡན་པའི་ཤེས་རབ་ཀྱིས། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པ་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་བསམ་གྱིས་མི་ཁྱབ་སྟེ། གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས། དེ་བཞིན་གཤེགས་(༡༥༠)པའི་ཡེ་ཤེས་མི་མངོན་ནོ། །འདུ་ཤེས་ཀྱི་འཛིན་པ་དང་བྲལ་བ་ལས་ནི། ཐམས་ཅད་མཁྱེན་པའི་༼ད་ལྟ་འཛིན་པ་སེམས་ཀྱིས་བཅིངས་པའི་ཡེ་ཤེས་དངོས་སུ་མི་སྣང་། བར་དོར་སེམས་མེད་པས་འཛིན་པ་མེད་དུས་སྐུ་དང་ཡེ་ཤེས་སུ་སྣང་བའི་འཐད་པའོ། །ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོག་མ་མེད་པར་རབ་ཏུ་བྱུང་ངོ་། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པའི་དར་ཡུག་ཆེན་པོ་ཞིག་ཡོད་པར་གྱུར་ལ། དར་ཡུག་ཆེན་པོ་དེ་ལ་ཡང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། ཁོར་ཡུག་ཆེན་པོའི་ཚད་དུ་ནི་ཁོར་ཡུག་ཆེན་པོ་བྲིས། ས་ཆེན་པོའི་ཚད་དུ་ནི་ས་ཆེན་པོ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས། སྟོང་གི་འཇིག་རྟེན་གྱི་ཚད་དུ་ནི། སྟོང་གི་འཇིག་རྟེན་གྱི་ཁམས། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དུ་ནི། གླིང་བཞི་པའི་འཇིག་རྟེན་གྱི་ཁམས། རྒྱ་མཚོ་ཆེན་པོའི་ཚད་དུ་ནི། རྒྱ་མཚོ་ཆེན་པོ། འཛམ་བུ་གླིང་གི་ཚད་དུ་ནི། འཛམ་བུ་གླིང་། ཤར་གྱི་ལུས་འཕགས་གླིང་གི་ཚད་དུ་ནི། ཤར་གྱི་ལུས་འཕགས་གླིང་། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཚད་དུ་ནི། ནུབ་ཀྱི་བ་གླང་སྤྱོད། བྱང་གི་སྒྲ་མི་སྙན་གྱི་ཚད་དུ་ནི། བྱང་གི་སྒྲ་མི་སྙན། རི་རབ་ཀྱི་ཚད་དུ་ནི། རི་རབ། ས་ལ་སྤྱོད་པའི་ལྷའི་གཞལ་མེད་ཁང་གི་ཚད་དུ་ནི། ས་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་ནི། འདོད་པ་ལ་སྤྱོད་པའི་ལྷའི་གཞལ་ཡས་ཁང་། གཟུགས་ན་སྤྱོད་པའི་ལྷའི་གཞལ་ཡས་ཁང་གི་ཚད་དུ་གཟུགས་ན་སྤྱོད་པའི་གཞལ་ཡས་ཁང་བྲིའོ། །དར་ཡུག་ཆེན་པོ་དེ་ཡང་སྟོང་གསུམ་ཆུ་ཞེངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་གྱི་ཚད་ཙམ་གྱུར་ལ། དར་ཡུག་ཆེན་པོའི་དེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་བཅུག་པར་གྱུར་ཏོ། །

ཇི་ལྟར་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་ཏུ་དར་ཡུག་ཆེན་པོ་དེ་བཅུག་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་རྡུལ་མ་ལུས་པ་རྣམས་སུ་དེའི་ཚད་ཀྱི་དར་ཡུག་ཆེན་པོ་ནང་དུ་བཅུག་པར་གྱུར་ཏོ། །དེ་ནས་མཁས་པ། མཛངས་པ། གསལ་བ། ཡིད་གཞུངས་པ། དེ་ཉེ་བར་ཞུགས་པའི་སྤྱོད་པ་དང་ལྡན་པའི་སྐྱེས་བུ་འགའ་ཞིག་སྐྱེས་(༡༥༡)ཏེ། དེའི་མིག་ལྷའི་མིག་ཏུ་གྱུར་ཅིང་། ཀུན་ཏུ་ཡོངས་སུ་དག་པ་འོད་གསལ་བར་གྱུར་པ་ཞིག་ལ། དེས་ལྷའི་མིག་གི་རྣམ་པར་ཕྱེ་སྟེ། འདི་ལྟ་བུར་གྱུར་པའི་དར་ཡུག་ཆེན་པོ་འདི། རྡུལ་ཕྲ་རབ་ཀྱི་རྡུལ་ཆུང་ངུ་འདི་ཉིད་ལ་གནས་ཏེ། སེམས་ཅན་འགའ་ལ་ཡང་ཉེ་བར་མཁོ་བར་མ་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་བརྩོན་པ་ཆེན་པོའི་སྟོབས་དང་། མཐུས་རྡུལ་ཕྲ་རབ་ཀྱི་རྡུལ་འདི་ཕྱེ་སྟེ། དར་ཡུག་ཆེན་པོ་འདིས་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བར་བྱའོ། །སྙམ་པས་དེས་བརྩོན་པ་ཆེན་པོའི་སྟོབས་ཀྱིས་མཐུ་བསྐྱེད་དེ། རྡོ་རྗེ་ཕྲ་མོས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་ཕྱེ་ནས་བསམ་པ་ཅི་ལྟ་བ་བཞིན་དུ། དར་ཡུག་ཆེན་པོ་དེ་འགྲོ་བ་ཐ་དག་ལ་ཉེ་བར་མཁོ་བར་བྱེད་ཅིང་། གཅིག་ལས་ཇི་ལྟ་བ་དེ་བཞིན་དུ་རྡུལ་ཕྲ་རབ་ལུས་པ་མེད་པ་མཐའ་དག་ལས་དེ་ཁོ་ན་བཞིན་བྱེད་དོ། །ཀྱཻ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་། སེམས་ཅན་གྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་རྗེས་སུ་ཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་མེད་དོ། །དེ་ལྟ་མོད་ཀྱི། འདུ་ཤེས་ཀྱི་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་ངོ་། །མངོན་དུ་མི་བྱེད་དོ། །དེས་ན་དེ་བཞིན་གཤེགས་པས་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ཀྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས། སློབ་དཔོན་གྱི་འདུ་ཤེས་སུ་གྱུར་ཏེ། ཀྱེ་མ་ལ་ལ་སེམས་ཅན་འདི་དག་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས། འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་བསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་པའི་ཡེ་ཤེས་ཀྱིས་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས། དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོ་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་(༡༥༢)པ་ཉིད་དུ་རྗེས་སུ་ཐོབ་པ་བཞིན་དུ། དེ་དག་ལ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་དེ་འགྲོ་བ་མཐའ་དག་གི་ཉེ་བར་འཚོ་བར་འགྱུར་རོ། །ཞེས་གསུངས་སོ། །

དེ་ལ་རྒྱལ་བའི་མཛད་པ་ནི་ཅིག་ཆར་ཐམས་ཅད་ལ་དུས་ཐམས་ཅད་དུ་ལྷུན་གྱིས་གྲུབ་ཅིང་། རྣམ་པར་མི་རྟོག་པར་བསམ་པ་ཇི་ལྟ་བ་དང་། གདུལ་བྱ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་ལ་མ་ཚང་བ་མེད་ཅིང་རྗེས་སུ་མཐུན་པར་འཇུག་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ལྟ་བུའི་སྙིང་པོས་འགྲོ་བ་ཀུན་ལ་ཡེ་ནས་ཁྱབ་པར་ཡང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་། དེའི་འགྲེལ་པར། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེ་བ་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །ཞེས་སོ། །སྙིང་པོ་དེ་ཉིད་བདེན་ཞིང་མི་འགྱུར་བ་སྟེ། ཕ་རོལ་ཏུ་ཕྱིན་པ་བཞི་ཡི་ངོ་བོར་ལྷུན་གྱིས་གྲུབ་པ་ནི། སྔ་མ་ལས། གཙང་བདག་བདེ་དང་བདག་ཉིད་ཀྱིས། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་པ་དང་། དེའི་མདོ་སྦྱར་དུ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡོན་ཏན་གྱིས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བཞི་རྣམ་པར་བཞག་སྟེ། འདི་ལྟ་སྟེ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང་། བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། བདག་གི་ཕ་རོལ་ཏུ་ཕྱིན་པ་དང་། གཙང་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་དང་། བཅོམ་ལྡན་འདས་རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ། བདག་(༡༥༣)ཏུ་འདུ་ཤེས་པ། གཙང་མར་འདུ་ཤེས་པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་མ་ལགས་ཏེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པར་མཐོང་བ་ལགས་སོ། །ཞེས་སོ། །ཡང་འགྱུར་བ་མེད་པ་དང་། ཕྱི་མའི་མཐར་གནས་པ་དང་། གཉིས་སུ་མི་རྟོག་པ་དང་། འཇིག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འཆི་བ་མེད་པ་དང་། ན་བ་མེད་པ་དང་། རྒས་པ་མེད་པའི་ཕྱིར། རྟག་པ་དང་། བརྟན་པ་དང་། ཞི་བ་དང་། གཡུང་དྲུང་གི་ཆོས་སུ་ལྷུན་གྱིས་གྲུབ་པ་དང་། རྟག་པ་ཡིན་ནོ། །རྒྱུད་བླ་མར། གཞན་འགྱུར་མི་བདག་མི་ཟད་ཆོས་ལྡན་ཕྱིར། །འགྲོ་སྐྱབས་ཕྱི་མའི་མཐའ་མེད་མུར་ཐུག་ཕྱིར། །དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །དེ་ནི་ཡིད་ཀྱི་རང་བཞིན་གྱིས། །ལུས་ཀྱི་སྐྱེ་མེད་རྟག་པའི་ཕྱིར། །བསམ་གྱིས་མི་ཁྱབ་གྱུར་པ་ཡིས། །འཆི་འཕོས་བརྟན་ཕྱིར་དེ་མི་འཆི། །བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས། །གནོད་མེད་ཞི་བ་ཉིད་ཀྱི་ཕྱིར། །ཟག་མེད་མངོན་པར་འདུ་བྱེད་ཀྱི། །གཡུང་དྲུང་ཕྱིར་ན་རྒ་བ་མེད། །ཅེས་སོ། །

མདོར་ན་འགྱུར་བ་མེད་པས་བརྟན་པ་སྟེ། དེ་ཉིད་ལས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །འདི་ལ་ལྷུན་གྲུབ་ཀྱི་ཡོན་ཏན་དབྱེར་མེད་ལྡན་པས་དེ་བཞིན་ཆོས་སྐུ་དམ་པ། ཡེ་ནས་སྐུ་གསུང་ཐུགས་ཀྱི་རིགས་འཇིག་མེད་ཐོབ་པས། དེ་བཞིན་གཤེགས་པ་འདུས་མ་བྱས་འཕོ་འགྱུར་མེད་པ། རྫུན་པ་དང་བསླུ་བ་མ་ཡིན་པའི་ཆོས་ཉིད་ཀྱིས་དོན་དམ་པའི་བདེན་པ་དང་། གདོད་མ་ནས་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ཞེས་མིང་གི་རྣམ་གྲངས་ངོ་བོ་ལ་ལྟོས་ནས་བཞིར་བཤད་དོ། །དེ་ཉིད་ལས། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱི་རབ་ཏུ་དབྱེ་བ་བཞིས། །ཆོས་ཀྱི་སྐུ་ལ་སོགས་པ་ཡི། །རྣམ་གྲངས་བཞིར་ནི་རིག་པར་བྱ། །སངས་རྒྱས་ཆོས་དབྱེར་མེད་པ་དང་། །དེ་བཞིན་དེ་རིགས་ཐོབ་པ་དང་། །རྫུན་མེད་བསླུ་མེད་ཆོས་ཉིད་དོ། །གདོད་ནས་རང་བཞིན་ཞི་ཉིད་དོ། །ཞེས་སོ། །དྲི་མ་མ་དག་པ་སེམས་(༡༥༤)ཅན་གྱི་ཁམས་དང་། ཅུང་ཟད་དག་པ། ཡོངས་སུ་མ་དག་པ་བྱང་ཆུབ་སེམས་དཔའི་ཁམས་དང་། ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་ཁམས་ཞེས་གནས་སྐབས་ལ་ལྟོས་ནས་གསུམ་དུའང་བརྗོད་དོ། །དེ་ཉིད་ལས། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །དཔེ་ལ་གསུམ་སྟེ། རྣམ་དག་ལྷུན་གྱིས་གྲུབ་པའི་དཔེ། །ཁྱབ་ཅིང་འགྱུར་བ་མེད་པའི་དཔེ། །རྣམ་གྲངས་ཤིན་ཏུ་གསལ་བའི་དཔེའོ། །དང་པོ་གཞིའི་སྐུ་གསུམ་ཡེ་ནས་རང་ལ་གྲུབ་པ་ནམ་མཁའ་དང་། ནོར་བུ་དང་། ཆུ་དག་པ་ལྟར། སྟོང་པ་དང་། ལྷུན་གྱིས་གྲུབ་པ་དང་། སྙིང་རྗེ་འཆར་བའི་དབང་དུ་བྱས་ཏེ། རྒྱུད་བླ་མ་ལས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཤེས་རབ་དང་། །ཏིང་འཛིན་སྙིང་རྗེ་ལས་བྱུང་བ། །མཐུ་དང་གཞན་དུ་མི་འགྱུར་དང་། །རླན་པའི་ངོ་བོ་རང་བཞིན་ཕྱིར། །འདི་དག་ཡིད་བཞིན་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཅེས་སོ། །གཉིས་པ་ནི་རང་ངོ་གཞན་གྱི་དཔེ་ལས་འདས་པ། རང་གིས་མཚོན་པ་དེ་བཞིན་གཤེགས་པ་དང་། ཟབ་ཅིང་རྟོགས་པར་དཀའ་བ་སྦྲང་རྩིའི་གཟུགས་ལས་རོ་དང་། ཀུན་གྱི་སྙིང་པོར་ཁྱབ་པ་སྣོད་ནང་གི་ནམ་མཁའ་ལྟ་བུ་དང་། ངོ་བོ་མི་འགྱུར་བ་གསེར་གྱི་རིགས་ཀྱི་དཔེ་བཞིས་མཚོན་པ་ནི། དེ་ཉིད་ལས། འཇིག་རྟེན་འདས་ཕྱིར་འཇིག་རྟེན་ན། །འདི་ལ་དཔེ་ནི་མི་དམིགས་པས། །དེ་བཞིན་གཤེགས་པ་ཉིད་དང་ཁམས། །འདྲ་བ་ཉིད་དུ་བསྟན་པ་ཡིན། །ཕྲ་མོ་ཟབ་མོའི་ཚུལ་བསྟན་ནི། །སྦྲང་རྩིའི་རོ་གཅིག་པ་བཞིན་ཏེ། །རྣམ་པ་སྣ་ཚོགས་ཚུལ་བསྟན་ནི། །སྣ་ཚོགས་སྦུབས་སྙིང་བཞིན་ཤེས་བྱ། །རང་བཞིན་འགྱུར་བ་མེད་པ་དང་། །བདེ་དང་རྣམ་པར་དག་ཕྱིར་རོ། །དེ་བཞིན་ཉིད་དེ་གསེར་གྱི་ནི། །གཟུགས་དང་མཚུངས་པར་བརྗོད་པ་ཡིན། །ཞེས་པ་དང་། དེའི་འགྲེལ་པ་ལས། གང་ཞིག་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལས། ཕྱི་རོལ་དུ་གྱུར་པའི་སེམས་ཅན་དེ་ནི་འགའ་ཡང་སེམས་ཅན་གྱི་ཁམས་ན་མེད་དེ་ནམ་མཁའི་ཁམས་ལས་གཟུགས་བཞིན་ནོ། །དེ་སྐད་དུ། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ནི་རྟག་ཏུ་(༡༥༥)ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང་། །དེ་བཞིན་འདི་ཡང་སེམས་ཅན་ཀུན་སོང་འདོད། །ཅེས་སོ། །

གསུམ་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི་རྒྱུད་བླ་མ་ལས། སངས་རྒྱས་པད་ནང་སྦྲང་རྩི་སྦྲང་མ་ལས། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ནང་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡིས། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ། །

རྒྱས་པར་བཤད་པ་ལ་དགུ་ལས། དཔེ་དང་པོ་ནི། ཇི་ལྟར་མདོག་ངན་པདྨའི་ཁོང་གནས་པ། །མཚན་སྟོང་གིས་འབར་དེ་བཞིན་གཤེགས་པ་ནི། །དྲི་མེད་ལྷ་ཡི་མིག་ལྡན་མི་མཐོང་ན། །ཆུ་སྐྱེས་འདབ་མའི་སྦུབས་ནས་འབྱིན་བྱེད་པ། །དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མའི་མུར་གནས་ཐུགས་རྗེ་ཡིས། །བདག་ཅག་སྒྲིབ་པ་ལས་ནི་གྲོལ་བར་མཛད། །ཅེས་སོ། །

དཔེ་གཉིས་པ་ནི། ཇི་ལྟར་སྲོག་ཆགས་ཚོགས་བསྐོར་སྦྲང་རྩི་ན། །སྐྱེས་བུ་མཁས་པ་དེ་དོན་གཉེར་པ་ཡིས། །མཐོང་ནས་ཐབས་ཀྱིས་དེ་དང་སྲོག་ཆགས་ཚོགས། །ཀུན་ནས་བྲལ་བར་རབ་ཏུ་བྱེད་པ་བཞིན། །དྲང་སྲོང་ཆེན་པོས་ཀུན་མཁྱེན་སྤྱན་གྱིས་ནི། །རིགས་ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ། །གཏན་ནས་རབ་ཏུ་སྤང་བར་མཛད་པ་ཡིན། །ཞེས་སོ། །

དཔེ་གསུམ་པ་ནི། ཇི་ལྟར་སྦུན་ལྡན་འབྲུ་ཡི་སྙིང་པོ་ནི། །མི་རྣམས་ཀྱིས་ནི་ལོངས་སྤྱོད་མི་འགྱུར་བ། །ཟས་བཙོག་དོན་དུ་གཉེར་པ་གང་ཡིན་པ། །དེ་དག་གིས་ནི་སྦུན་ནས་དེ་འབྱིན་ལྟར། །དེ་ནི་སེམས་ཅན་ལ་ཡོད་ཉོན་མོངས་ཀྱི། །དྲི་མ་དང་འདྲེས་རྒྱལ་བའང་ཇི་སྲིད་དུ། །ཉོན་མོངས་དྲི་མ་འདྲེས་ལས་མ་གྲོལ་བ། །དེ་སྲིད་རྒྱལ་མཛད་སྲིད་གསུམ་དུ་མི་བྱེད། །ཅེས་སོ། །

དཔེ་བཞི་པ་ནི། ཇི་ལྟར་རབ་ཏུ་རྒྱུ་ཚེ་མི་ཡི་གསེར། །ལྗན་ལྗིན་རུལ་བའི་ནང་དུ་ལྷུང་གྱུར་པ། །མི་འཇིག་ཆོས་ཅན་དེ་ནི་དེར་དེ་བཞིན། །ལོ་བརྒྱ་མང་པོ་དག་ཏུ་གནས་པ་སྟེ། །ལྷ་མིག་རྣམ་དག་དང་ལྡན་ལྷ་དགའ་ཡིས། །མཐོང་ནས་མི་ལ་འདི་ན་ཡོད་(༡༥༦)པའི་གསེར། །རིན་ཆེན་མཆོག་ནི་སྦྱངས་ལ་རིན་ཆེན་གྱིས། །བསྒྲུབ་པར་བྱ་བ་གྱིས་ཞེས་སྨྲ་བ་ལྟར། །དེ་བཞིན་ཐུབ་པས་མི་གཙང་དང་འདྲ་བའི། །ཉོན་མོངས་སུ་བྱིང་སེམས་ཅན་ཡོན་ཏན་ནི། །གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར། །སྐྱེ་དགུ་རྣམས་ལ་དམ་ཆོས་ཆར་ཆེན་འབེབས། །ཞེས་སོ། །

དཔེ་ལྔ་པ་ནི། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་གཏེར་ནི་ཡོད་གྱུར་ཀྱང་། །མི་དེས་དེ་མ་ཤེས་ཤིང་གཏེར་དེས་ཀྱང་། །དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་ལྟར། །དེ་བཞིན་ཡིད་ཀྱི་ནང་ཆུད་རིན་ཆེན་གཏེར། །དྲི་མེད་བཞག་དང་གསལ་མེད་ཆོས་ཉིད་ཀྱང་། །མ་རྟོགས་པས་ན་དབུལ་པོའི་སྡུག་བསྔལ་ནི། །རྣམ་མང་རྒྱུན་དུ་སྐྱེ་དགུ་འདི་ཡིས་མྱོང་། །ཞེས་སོ། །

དཔེ་དྲུག་པ་ནི། ཇི་ལྟར་ཨ་འབྲས་ལ་སོགས་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་སྨོས་ཆུ་བཙོག་ལྡན་པའི་ལྗོན་ཤིང་གིས། །རྒྱལ་པོའི་དངོས་པོར་རིམ་གྱིས་གྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཞེས་སོ། །

དཔེ་བདུན་པ་ནི། ཇི་ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་ཧྲུལ་དྲི་ངན་གྱིས་ནི་གཏུམས་གྱུར་པ། །ལམ་གནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་ནས་དོན་དེ་དེ་ལ་སྨྲས་པ་ལྟར། །དེ་ནི་ཐོགས་མེད་རྣམ་པ་སྣ་ཚོགས་ཀྱི། །ཉོན་མོངས་ཀྱིས་གཏུམས་བདེ་གཤེགས་དངོས་པོ་ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་ཏེ། །ཐར་པར་བྱ་བའི་དོན་དུ་ཐབས་དོན་མཛད། །ཅེས་སོ། །

དཔེ་བརྒྱད་པ་ནི། ཇི་ལྟར་མི་མོ་གཟུགས་ངན་མགོན་མེད་འགའ། །མགོན་མེད་འདུག་ནས་སུ་ནི་འདུག་འགྱུར་ལ། །མངལ་གྱིས་རྒྱལ་པོའི་དཔལ་ནི་འཛིན་བྱེད་པ། །རང་ལྟོ་ན་ཡོད་མི་བདག་མི་ཤེས་ལྟར། །སྲིད་པར་སྐྱེ་བ་མགོན་མེད་ཁྱིམ་བཞིན་ཏེ། །མ་དག་སེམས་ཅན་མངལ་ལྡན་བུད་མེད་བཞིན། །དེ་ལ་གང་ཞིག་ཡོད་པས་མགོན་བཅས་པ། །དྲི་མེད་ཁམས་ནི་དེ་ཡི་མངལ་གནས་བཞིན། །ཞེས་སོ། །

དཔེ་དགུ་པ་ནི། ཇི་ལྟར་ནང་གི་གསེར་ཞུན་གཟུགས་རྒྱས་པ། །ཞི་བ་ཕྱི་རོལ་པ་ཡི་རང་བཞིན་ཅན། །མཐོང་ནས་དེ་ཤེས་པ་དག་ནང་གི་གསེར། །སྦྱང་ཕྱིར་ཕྱི་རོལ་སྒྲིབ་པ་(༡༥༧)སེལ་བྱེད་ལྟར། །རང་བཞིན་འོད་གསལ་དྲི་མ་རྣམས་ཀྱང་ནི། །གློ་བུར་བར་ནི་རྣམ་པར་གཟིགས་གྱུར་པ། །རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས། །སྒྲིབ་པ་དག་ལས་སྦྱོང་མཛད་བྱང་ཆུབ་མཆོག །ཅེས་སོ། །

རྣམ་གྲངས་ངེས་པའི་ཆོས་གཞན་བསམ་པ་ལ། རིགས་ཀྱི་རང་བཞིན་དེ་ཡོད་པའི་རྟགས། སྟོང་ཚུལ། ཚུལ་གཞན། དྲང་དོན་དུ་བསྟན་པ། འདི་ཉིད་ངེས་དོན་གསུང་ཚུལ། ཕན་ཡོན་དང་བཅས་པ་ལྔས་རིག་པར་བྱ་བ་ལས། ཁམས་བདེ་བར་གཤེགས་པའི་སྙིང་པོ་འདི་ཡི་རང་བཞིན་ནི། ཡེ་ནས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། རྒྱུད་བླ་མའི་འགྲེལ་པར། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །

དེ་ལ་ཇི་ལྟར་ན་ཐོག་མ་མེད་པའི་དུས་ཅན་ཞེས་ན། དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་དབང་དུ་མཛད་ནས། སྔོན་གྱི་མཐའ་མི་དམིགས་སོ་ཞེས་བསྟན་ཅིང་རབ་ཏུ་བཞག་པ་གང་ཡིན་པའོ། །ཁམས་ཞེས་བྱ་བ་ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་གང་ལགས། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྙིང་པོ། རང་བཞིན་ལས་ཡོངས་སུ་དག་པའི་ཆོས་ཀྱི་སྙིང་པོའོ། །ཞེས་གསུངས་སོ། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི་ཇི་སྐད་དུ། བཅོམ་ལྡན་འདས་དེའི་སླད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་འགྲེལ་པ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་སོ། །བྲལ་བ་ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གནས་དང་གཞི་དང་རྟེན་ལ་སོགས་པ་ཞེས་བྱའོ། །དེ་ཡོད་ན་ནི་འགྲོ་ཀུན་དང་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་མཆིས་ན། དེ་ལ་འཁོར་བ་ཞེས་ཚིག་གིས་བཏགས་པ་ལགས་སོ། །ཞེས་གསུངས་པའོ། །མྱ་ངན་ལས་འདས་པ་ལ་ཡང་ཐོབ་པར་འགྱུར་ཞེས་བྱ་བ་ནི། ཇི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལ་ཡིད་འབྱུང་བར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་(༡༥༨)ལ་ཡང་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པར་ཡང་མི་འགྱུར་རོ་ཞེས་རྒྱས་པར་གསུངས་པའོ། །ཆོས་ཀྱི་སྐུ་ལྟར་རྒྱ་ཆེ་བ་དེ་བཞིན་གཤེགས་པ་དང་དབྱེར་མེད་པའི་མཚན་ཉིད་ངེས་པའི་རིགས་ཀྱི། རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡང་ཐམས་ཅད་ཀྱི་ཚེ། ཐམས་ཅད་ལ་ཁྱད་པར་མེད་པའི་ཚུལ་དུ་ཡོད་དོ། །ཞེས་བྱ་བ་ནི། ཆོས་ཉིད་མཚན་མར་བྱས་ནས་བལྟ་བར་བྱ་སྟེ། ཇི་སྐད་དུ། རིགས་ཀྱི་བུ། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་བཞིན་ནོ། །ཞེས་སོ། །རིགས་དེ་སེམས་ཅན་ལ་ཡོད་པའི་རྟགས་སུ་བདེ་བ་འདོད། སྡུག་བསྔལ་མི་འདོད་པའི་བློ་ཡོད་པས་ཤེས་ལ། རིགས་དེ་སད་པའི་རྟགས་སུ་འཁོར་བ་ལ་སྐྱོ་ཞིང་། ཐར་པ་ལ་སྨོན་པའི་བློ་ཡོད་པས་མཚོན་ཏེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲིད་དང་མྱ་ངན་འདས་དེ་ཡི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ནི་གང་ཕྱིར་ཏེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ། །རིགས་དེའི་སྟོང་ཚུལ་ནི། དབྱེར་ཡོད་ཅིང་བྲལ་ཤེས་པ་དྲི་མའི་ཆོས་གློ་བུར་གྱིས་བསྒྲིབས་པས། རང་ངོ་ལ་གོས་པ་མེད་པས་སྟོང་པ་དག་དུས་བྲལ་བས་སྟོང་ལ། བློས་བསམ་པ་སྟོང་དེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རྣམ་པར་དབྱེར་མེད་ཅིང་ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་སྟེ། འདུས་མ་བྱས་པའི་རང་བཞིན་རྟག་ཏུ་འཕོ་འགྱུར་མེད་པར་གནས་པའི་ཕྱིར་རོ། །དེ་སྐད་དུའང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱི་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཁམས་འདི་ལས། བསལ་བ་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཉིད་འགའ་ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་(༡༥༩)རོ། །

འདི་ལ་རྣམ་པར་བྱང་བའི་རྒྱུ་མཚན་གཞག་པར་བྱ་བའང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདི་ཡི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི། རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས། གདྒཱ་ཀླུང་གི་བྱེ་མ་ལས་འདས་པ་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་ན་གང་ཞིག་གང་ན་མེད་པ་དེ་ནི་དེས་སྟོང་ངོ་། །ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་པར་གྱུར་པ་དེ་ལ་རྟག་པར་ཡོད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཞེས་གསུངས་སོ། །འདི་ཉིད་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ།། །།

༈ ཚུལ་གཞན་དྲང་བའི་དོན་དུ་བསྟན་པ་ནི། བཀའ་བར་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཕྱི་རོལ་པ་གང་ཟག་གི་བདག་ཏུ་ལྟ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཆོས་ཀྱི་བདག་ཏུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དངོས་པོ་ལ་མངོན་པར་ཞེན་ཅིང་། གཉེན་པོ་ལ་མཆོག་ཏུ་འཛིན་པ་རྣམས་དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ལ་དྲང་བའི་ཕྱིར་སྟོང་པ་ཉིད་ནམ་མཁའ་ལྟ་བུ་གསུངས་ཏེ། དགོངས་གཞི་སེམས་ཉིད་རང་བཞིན་གྱི་འོད་གསལ་བ་དོན་དམ་པ་སྟོང་པ་ཉིད་ལ་དགོངས་པའོ། །དགོས་བྱེད་སོ་སོའི་འཛིན་པ་བྲལ་བར་བྱེད། དངོས་ལ་གནོད་བྱེད་ནི། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་དང་། རྒྱུད་བླ་མའི་འགྲེལ་པར། དེ་ལ་སྟོང་པ་ཉིད་སེམས་རྣམ་པར་ཡེངས་པ་ནི། ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་འམ། སྟོང་པ་ཉིད་ཀྱི་ཚུལ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལས་མཉམ་པ་དག་ལ་བརྗོད་དེ། ཞེས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ངས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བསྟན་ཏོ། །ཞེས་པའོ། །མྱ་ངན་ལས་འདས་པའི་མདོ་ལས། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་(༡༦༠)ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་ནི། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཞན་མུ་སྟེགས་ཅན་རྣམས་ཀྱིས་དངོས་པོ་ལ་མངོན་པར་ཞེན་པ། བདག་ཏུ་བལྟ་བ། འདུ་ཤེས་ཀྱི་འཛིན་པས་བཅིངས་པ་རྣམས་ལ་ཕན་གདགས་པའི་ཕྱིར་གསུངས་ཀྱི། དེ་ཁོ་ན་ཉིད་དུ་ན། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་སྟེ། དེ་བཞིན་ཉིད་ཀྱི་དོན་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་པའི་གནད་དོ། །གནས་ལུགས་རང་བཞིན་གྱིས་དག་ཅིང་ལྷུན་གྱིས་གྲུབ་པར་མ་ཤེས་ན། ཕྱིན་ཅི་ལོག་བཞིའི་གཉེན་པོར་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། མི་གཙང་བར་བསྒོམས་ཀྱང་ལམ་དེས་གྲོལ་བར་མི་ནུས་ཏེ། རྣལ་དོན་མ་རྟོགས་པའི་ཕྱིར་རོ། །ཡང་དེ་ཉིད་ལས། དགེ་སློང་དག །དཔེར་ན་སོ་ཀའི་དུས་ལ་བབ་པ་ན། སྐྱེ་བོ་དག་ཁྲུས་རས་བཅིངས་ཏེ། རང་གི་རྒྱན་དང་ཉེ་བར་སྤྱོད་པ་དག་གི་ཆུ་ལ་རྩེའོ། །དེས་ན། དེར་གཅིག་གི་རིགས་དང་ལྡན་པའི་ནོར་བུ་བཻ་ཌཱུཪྻ་ཆུའི་ནང་དུ་བཞག་པ་དང་། དེ་ནས་བཻ་ཌཱུཪྻའི་དོན་དུ་དེ་དག་ཐམས་ཅད་རྒྱན་བཞག་ནས་ཆུ་ལ་ཞུགས་པར་འགྱུར་རོ། །དེ་ནས་དེ་ན་ཡོད་པའི་གསེག་མའམ། གྱོ་མོ་དེ་དག་ནོར་བུར་སྙམ་ནས་བཟུང་སྟེ། བདག་གིས་ནོར་བུ་རྙེད་དོ་སྙམ་ནས་བྱུང་ངོ་། །བྱུང་ནས་ཀྱང་རྫིང་བུའི་འགྲམ་དུ་བལྟས་པ་ན་འདི་ནི་ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་གོ། །རྫིང་གི་ཆུ་དེ་ཡང་ནོར་བུའི་འོད་དང་འདྲ་བར་སྣང་ངོ་། །དེ་དག་དེ་ལྟར་སྣང་བའི་ཆུ་དེ་མཐོང་ནས། ཨེ་མ་ཧོ། ནོར་བུའོ་སྙམ་པའི་འདུ་ཤེས་རབ་ཏུ་ཞུགས་སོ། །དེ་ནས་དེ་ལ་ཐབས་ལ་མཁས་ཤིང་ཡིད་གཞུངས་པ་ཞིག་གིས་ནོར་བུ་དེ་ཡང་དག་པར་རྙེད་པར་གྱུར་ཏེ། དགེ་སློང་དག་དེ་བཞིན་དུ་ནོར་བུ་ལྟར་ཆོས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པ་ཁྱེད་ཀྱིས། ཐམས་ཅད་མི་རྟག་པ་དང་། ཐམས་ཅད་སྡུག་བསྔལ་བ་དང་། ཐམས་ཅད་བདག་མེད་པ་དང་། ཐམས་ཅད་མི་སྡུག་པའོ། །ཞེས་འཛིན་པ་ཐམས་ཅད་ཀྱིས་བསྒོམ་ཞིང་བསྒོམ་ལ་མང་དུ་བྱས་ཤིང་མང་དུ་བྱས་པ་ཉེ་བར་བཞག་པ་དེ་དག་ཐམས་ཅད་ནི་དོན་མེད་དོ། །དགེ་སློང་དག་དེའི་ཕྱིར་རྫིང་གི་གསེག་མ་དང་གྱོ་མོ་རྣམ་པར་གནས་པ་(༡༦༡)ལེན་པ་ལྟར། མི་འགྱུར་བར་ཁྱེད་ཅག་ཐབས་ལ་མཁས་པར་གྱིས་ཤིག །ཅེས་གསུངས་སོ། །

དོན་དམ་པ་སྟོང་པ་ཉིད་ཀྱི་ཚུལ་མི་ཤེས་པར་གང་ཡང་མེད་པའི་སྟོང་པར་འདོད་པ་ནི་ཆད་པར་ལྷུངས་པས་ཕྱི་རོལ་པ་དང་དོན་ལ་མཚུངས་པས་སྨད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་དག་བདག་ཏུ་བལྟ་བའི་རི་རབ་ཙམ་ནི་སླ་ཡིས། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་བལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་པ་དང་། བཞི་བརྒྱ་པ་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་བསྒྲུབས་པ་ལོག་པ་བཞིན། །ཞེས་པ་བཞིན་ནོ། །འདི་ཉིད་ངེས་དོན་དུ་གསུང་ཚུལ་ཕན་ཡོན་དང་བཅས་པ་ནི། བཀའ་བར་པ་ཆོས་ཐམས་ཅད་སྟོང་པར་བསྟན་པ་ལས་ཆེས་ཁྱད་པར་དུ་འཕགས་པ། ཐ་མར་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་འོད་གསལ་ངེས་པའི་དོན་དུ་གསུངས་པས། གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱིས་རྟོགས་ཏེ། སེམས་ཞུམ་པ་མེད་པས་བྱང་ཆུབ་ཏུ་སེམས་རླབས་ཆེར་བསྐྱེད་དེ་བརྩོན་པ་དང་། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་མཐོང་བས་གུས་ཤིང་རང་ལ་རློམ་སེམས་མེད་པ་དང་། གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པས་ཤེས་རབ་རྒྱ་ཆེན་འཕེལ་ཞིང་ལོག་པར་ལྟ་བ་མེད་པ་དང་། བདག་དང་སེམས་ཅན་མཚུངས་པར་མཐོང་བས་བྱམས་པ་སྐྱེ་བ་དང་། སྒྲོ་སྐུར་ཞི་བའི་བདེན་པ་མཐོང་བ་ལ་འཇུག་པས། སྟོང་པ་སྐུར་འདེབས་ཀྱི་མཐའ་དང་བྲལ་ཏེ། སངས་རྒྱས་མྱུར་དུ་ཐོབ་པ་ཉིད་དུ་རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུང་། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་ཡང་དོན་དུ་གསུང་། །ཞེས་པ་དང་། འདི་ལྟར་དེ་ནི་ཐོས་པ་ལས། །སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་བསྐྱེད། །ཆོས་ལྔ་སྐྱེ་ཕྱིར་དེ་ལ་ནི། །ཁ་ན་མ་ཐོ་མེད་མཚུངས་ལྟ། །སྐྱོན་མེད་ཡོན་ཏན་ལྡན་པ་དང་། །བདག་དང་(༡༦༢)སེམས་ཅན་མཚུངས་བྱམས་ལས། །སངས་རྒྱས་ཉིད་ནི་མྱུར་དུ་ཐོབ། །ཅེས་གསུངས་སོ། །གནས་འདི་ནི་དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྲུན་པ། དབང་པོ་སྦྱངས་པ། དགེ་བའི་བཤེས་གཉེན་དམ་པས་ཟིན་པ་རྣམས་ཀྱིས་དད་པས་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི། སོ་སོ་སྐྱེ་བོ་ཕལ་དང་ཉན་རང་གི་རིགས་ཅན་དང་སྟོང་པ་མཐར་འཛིན་དུ་ཞེན་པ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན་ཏེ། དེ་ཉིད་ལས། རང་བྱུང་རྣམས་ཀྱི་དོན་དམ་སྟེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་པ་དང་། དེའི་འགྲེལ་པར། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འཇིག་ཚོགས་ལ་བལྟ་བར་ལྟུང་བ་རྣམས་དང་། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱིས་སྤྱོད་ཡུལ་མ་ལགས་སོ། །ཞེས་བྱ་བ་ཡིན་ནོ། །ཞེས་སོ། །ནམ་མཁའ་འདྲ་བའི་ཆོས་ཀྱི་སྒོ་འདི་ནི། །རང་བཞིན་དག་པའི་སྤྱོད་ཡུལ་ངོ་མཚར་རྨད། །གང་གིས་དེ་རྟོགས་རྒྱལ་བའི་གོ་འཕང་འཛིན། །ཟབ་ཅིང་རྒྱ་ཆེའི་དོན་ལ་མཁས་པ་ཡིན། །དེ་ལྟར་འཕྲོས་དང་བཅས་པས་འཁྲུལ་དུས་དགོངས་པའི་གནས་ཚུལ་བསྟན་པ་བཤད་ཟིན་ཏོ།། །།


previousསྤྱི་དོན་གསུམ་པ། འཁྲུལ་དུས་དགོངས་པའི་གནས་ཚུལ།next