Nitartha Digital Library
Tibetan
ཤེས་བྱ་ཀུན་ཁྱབ།

1 occurrence of མགོན་པོ་བྱང་
[Clear Hits]


collapse section
 
༤ རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་ག༷ཙོ་བོར་བྱེད་པ་སྤྱིར་བསྟན་པའི་སྐབས།
 expand section
 expand section


1 occurrence of མགོན་པོ་བྱང་
[Clear Hits]

 
no previousབརྒྱད་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བ།next

༤ རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་ག༷ཙོ་བོར་བྱེད་པ་སྤྱིར་བསྟན་པའི་སྐབས།


LT09,P001A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཀུན་ལ་ཁྱབ་པའི་གཞུང་ལུགས་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ལེགས་བཤད་ཡོངས་འདུ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ་ཞེས་བྱ་བ་ལས་གླེགས་བམ་བཞི་པ་བཞུགས་སོ། །


LT09,P001B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཞི་པ་རྡོ་རྗེ་ཐེག་པའི་སྒོམ་རིམ་མན་ངག་གཙོ་བོར་བྱེད་པ་བྱེ་བྲག་ཏུ་བསྟན་པ་ལ་གཉིས། མཚམས་སྦྱར་གྱི་སྒོ་ནས་མདོར་བསྟན། དེ་དག་སོ་སོའི་ལུགས་སྲོལ་རྒྱས་པར་བཤད་པའོ། །དང་པོ་ནི། གངས་རིའི་ཁྲོད་འདིར་མན་ངག་གཙོར་བྱེད་པའི། །སྒྲུབ་བརྒྱུད་བརྒྱད་ལས། །ཞེས་པ་སྟེ། གང་རིའི་ཕྲེང་བས་བསྐོར་བའི་ཁྲོད་བོད་ཀྱི་ཡུལ་འདིར་སྒོམ་ཉམས་སུ་ལེན་པ་ཐམས་ཅད་མདོ་སྔགས་གཉིས་ལས་རྡོ་རྗེ་ཐེག་པ། སྔགས་ཕྱི་ནང་གཉིས་ལས་བླ་མེད། དེ་ལ་རྒྱུད་དང་མན་ངག་གཙོར་བྱེད་པའི་ལུགས་སྲོལ་གཉིས་ལས་ཕྱི་མའི་རིང་ལུགས་གཙོར་བཏོན་པ་སྒྲུབ་བརྒྱུད་ཤིང་རྟའི་ལམ་སྲོལ་ཆེན་པོ་བརྒྱད་དུ་གྲགས་པ་སྟེ། དེ་དག་གི་སྒོམ་དོན་རིམ་པར་


LT09,P002A
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་ཕྱིར། ལས་ཞེས་པ་རྒྱུ་མཚན་དང་འདྲ་བའི་འབྱུང་ཁུངས་ཀྱི་སྒྲ་དང་སྦྲེལ་ལོ། །གཉིས་པ་ལ་དགུ། སྔ་འགྱུར་རྙིང་མ། བཀའ་གདམས། ལམ་འབྲས། མར་པའི་བཀའ་བརྒྱུད། ཞི་བྱེད། སྦྱོར་དྲུག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། ཞར་བྱུང་ཁྲིད་ཚུལ་ཐོར་བུ་ཡན་ལག་བཅས་བཤད་པའོ། །དང་པོ་ལ་གཉིས། རྩ་བ་མདོར་བསྟན། དེ་དག་སོ་སོའི་ལུགས་སྲོལ་རྒྱས་པར་བཤད་པའོ། །དང་པོ་ནི། སྔ་འགྱུར་སྙིང་མ་ཡི། །ཡོ་ག་རྣམ་གསུམ་སྒོམ་རིམ་གྲངས་མང་ཡང༌། །རྩ་བ་མཚན་བཅས་མཚན་མེད་གཉིས་སུ་འདུ། །གསང་སྔགས་སྔ་འགྱུར་རྙིང་མའི་བཀའ་སྲོལ་ཡོ་ག་རྣམ་གསུམ་སྤྱི་དང་བྱེ་བྲག་བཅས་པའི་སྒོམ་རིམ་རྣམ་གྲངས་


LT09,P002B
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མང་བས་མཐའ་གཅིག་ཏུ་བཤད་པར་དཀའ་ཡང༌། དེ་དག་ཐམས་ཅད་ཀྱི་རྩ་བ་མཚན་བཅས་དང་མཚན་མེད་ཀྱི་སྒོམ་པ་གཉིས་སུ་འདུ་བ་ཡིན་ཏེ་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་ཀའང༌། སྣང་བ་དང༌། རྣམ་བཅས་མཚན་མ་ཡུལ་དུ་བྱེད་པ་དང༌། སྟོང་པ་དང༌། རྣམ་མེད་མཚན་མ་མེད་པ་གཉིས་སུ་འདུ་བའི་ཕྱིར་རོ། །དེ་ལྟར་ཡང་རིམ་གསུམ་ལས། མཚན་མ་བསྒོམ་པའི་རིམ་པ་དང༌། །དེ་བཞིན་ཉིད་ནི་བསྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཞེས་སོ། །གཉིས་པ་དོན་རྒྱས་པར་བཀྲོལ་བ་ལ་གསུམ། མ་ཧཱ་ཡོ་ག་ཨ་ནུ་ཡོ་ག་ཨ་ཏི་ཡོ་གའི་སྒོམ་རིམ་མོ། །དང་པོ་ལ་གཉིས། མཚན་བཅས་དང་མཚན་མེད་དོ། །དང་པོ་ལའང་གཉིས། མདོར་བསྟན། །རྒྱས་བཤད་དོ། །དང་པོ་ནི། སྒྱུ་འཕྲུལ་ལུགས་སུ་མཚན་བཅས་ཐབས་གྲོལ་གཉིས། །རྒྱུད་མ་ཧཱ་ཡོ་གའི་གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་སུ་མཚན་བཅས་ཀྱི་སྒོམ་པ་ལ་ཐབས་ཀྱིས་ངེས་པའི་ལམ་དང་ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་ཡོད་དེ། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཅེས་སོ། །དེ་ལ་སྔ་མ་ནི་གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་དང༌། ཕྱི་མ་ནི་གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པའོ། །གཉིས་པ་ལ་གཉིས། ཐབས་ལམ་


LT09,P003A
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། གྲོལ་ལམ་བཤད་པའོ། །དང་པོ་ལ་གཉིས། སྟེང་སྒོ་དང༌། འོག་སྒོ་བཤད་པའོ། །དང་པོ་ནི། ཐབས་ལམ་སྟེང་ཐུན་མོང་འཁོར་ལོ་དྲུག །ཁྱད་པར་ཀུན་ཏུ་བཟང་པོ་བཟང་མོ་དང༌། །སྦྱོར་དག་ཁྱབ་བརྡལ་ཆེན་པོའི་འཇུ་འདུལ་བྱེད། །ཐབས་ཀྱིས་ངེས་པའི་ལམ་དེ་ལ་དབྱེ་ན། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས་སྟེང་སྒོ་དང་འོག་སྒོའི་ལམ་གཉིས་སུ་ཡོད་པ་ལས། སྟེང་སྒོ་དེ་ལ་ཡང༌། ཐུན་མོང་བ་དང་ཁྱད་པར་བ་གཉིས་སུ་ཡོད་པ་ལས། དང་པོ་སྟེང་སྒོ་ཐུན་མོང་བ་ནི། འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་པ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འཕྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པས་བསྟན། གཉིས་པ་ཁྱད་པར་བ་སྙིང་པོའི་ལེའུ་བཅུ་གསུམ་པ་ནས་གསུངས་པ་ནི། སྙིང་གའི་འཁོར་ལོར་དྭངས་མ་ལྔ་འདུས་ལ་བརྟེན་པའི་ཡེ་ཤེས་སྙིང་པོའི་ཐིག་ལེ་ཝཾ་གྱི་དབྱིབས་ཅན་ལ་གནད་དུ་བསྣུན་པ་ཀུན་ཏུ་བཟང་པོའི་མན་ངག་ལྟེ་བའི་འཁོར་ལོར་དབྱིངས་ཀྱི་ཡུམ་ལྔའི་ཐིག་ལེ་ཨ་ཐུང་གི་རྣམ་པ་ལ་གནད་དུ་བསྣུན་པ་ཀུན་ཏུ་བཟང་མོའི་མན་ངག །མགྲིན་པའི་འཁོར་ལོར་མཁའ་འགྲོ་མ་རྔམ་མའི་ཐིག་ལེ་ཨཾ་གི་རྣམ་པ་ལ་གནད་དུ་བསྣུན་པ་སྦྱོར་བ་དག་པའི་མན་ངག་སྤྱི་བོའི་འཁོར་ལོར་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་གི་རྣམ་པ་ལ་གནད་དུ་བསྣུན་པ་ཁྱབ་བརྡལ་ཆེན་པོའི་མན་ངག་སྟེ།


LT09,P003B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྣམ་བཀོད་ཀྱི་ཐིག་ལེ་དྲོད་དབབ། སྒྲོལ་མ་རླུང་གི་མན་ངག །བི་མ་ལའི་གསང་ཐིག་རྩ་འགྲེལ་སོགས་ཀྱི་དོན་ཟུར་པ་མེས་དབོན་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཞལ་ལུང་ལས་འབྱུང་བ་ལྟར་འཇུ་འདུལ་གྱི་སྦྱོར་བས་སྦྱངས་པས་རྣམ་རྟོག་ཐམས་ཅད་མི་རྟོག་པའི་ཀློང་དུ་ཐིམ་སྟེ་དམིགས་མེད་མཐའ་བྲལ་བདེ་བ་ཆེན་པོར་བྱང་ཆུབ་པའོ། །གཉིས་པ་ནི། འོག་སྒོ་ཡན་ལག་བཞི་ལྡན་ཅིག་ཆོད་སྦྱོང༌། །འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བསྐྱེད་པ་ཐབས་ལམ་ཅིག་ཅར་བ་སྟེ། དེའང༌། བསྙེན་པ་དང་ནི་ཉེ་བསྙེན་དང༌། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་པ་ལྟར་ཡན་ལག་བཞི་ལྡན་གྱིས་ཉམས་སུ་ལེན་དགོས་པ་ལས། སྤྱིར་བསྙེན་སྒྲུབ་ཡན་ལག་བཞི་ལ། ལམ་གྱི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང༌། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང༌། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་རྣམས་ཡོད་པ་ལས། འདིར་ནི་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་སྟེ། དང་པོ་མཚན་ཉིད་དང་ལྡན་པའི་ཡུམ་བཙལ་བ་རྩ་བཏགས་པ་སློང་བ་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པ་སོགས་ནི་བསྙེན་པའི་ཡན་ལག །ཕན་ཚུན་བརྡ་བཞིས་བསྐུལ་ཏེ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ་པ་ཉེ་བསྙེན་གྱི་ཡན་ལག །དེ་ལྟར་སྙོམས་པར་ཞུགས་ནས་རྗེས་ཆགས་ཀྱི་རླུང་བསྐྱོད་པས་དམར་ཆ་འབབ་པས་དཀར་ཆ་བཞུ་སྟེ་བྱང་སེམས་ཡས་བབ་དགའ་བཞིའི་རིམ་འགྲོས་ཀྱིས་ཕྱིན་པས་ཡབ་ཡུམ་གཉིས་ཀྱི་གསང་གནས་ཀྱི་རྩེར་ཁུ་རྡུལ་གཉིས་ཞལ་མཇལ་ཏེ་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱང་བ་དང་བཅས་པ་ནི་སྒྲུབ་པའི་ཡན་ལག །ཁམས་དཀར་དམར་གཉིས་འདྲེས་གཅིག་ཏུ་གྱུར་པ་དེ་ཉིད་ཡབ་ཀྱི་རྡོ་རྗེའི་ལམ་ནས་བ་


LT09,P004A
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ལྟར་དྲངས། ལྟེ་སྙིང་མགྲིན་སྤྱི་རྣམས་སུ་མས་བརྟན་གྱི་དགའ་བཞི་མྱང་བའི་མཐར་དགྲམ་པ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་ལུས་ཐམས་ཅད་ལ་རྩས་ཁྱབ། རྩ་ཐམས་ཅད་ལ་བྱང་སེམས་ཀྱིས་ཁྱབ། དེ་ཐམས་ཅད་ལ་དགའ་བའི་ཡེ་ཤེས་ཀྱིས་ཁྱབ་ཅིང་དེའི་ཚེ་རང་ཤུགས་ཀྱིས་ཕར་ཕྱིན་བཅུ་དང་ས་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་ནས་ཅིག་ཆོད་དུ་འབྲས་བུའི་སར་སླེབ་པ་ནི་ཐབས་ལམ་ཅིག་ཅར་བ་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། །གསང་དབང་མཆོག་གིས་སྦྱིན་པར་བྱེད། །ཅེས་སོ། །གཉིས་པ་གྲོལ་ལམ་བཤད་པ་ལ་གཉིས། གང་ཟག་རིགས་གཉིས་སྤྱིར་དབྱེ། རིམ་གྱིས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གྲོལ་ལམ་རིམ་དང་ཅིག་ཅར། །ཞེས་པ་སྟེ། གྲོལ་ལམ་དེ་ལ་དབྱེ་ན། ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཅར་བའོ། །ཞེས་པས། ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ཡོད་ལ། ཅིག་ཅར་བ་ནི། གང་ཟག་དབང་པོ་ཡང་རབ་ཁ་ཅིག་དབྱེར་མེད་ཅིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་ཡོད་པ་ནི་ཅིག་ཅར་བ་ཞེས་བྱ་སྟེ། སྒྱུ་འཕྲུལ་བླ་མ་ལས། ཐིག་ལེ་ཆེན་པོའི་རྣལ་འབྱོར་ལ། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །ཞེས་པ་ལྟར་རོ། །རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། རྟོགས་གོམས་བྱ་བའི་ཚུལ་ནི་འཆད་འགྱུར་ལྟར་རོ། །གཉིས་པ་ལ་གཉིས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱི་ཞར་བྱུང༌། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་བཅས་པའོ། །དང་པོ་ནི། སྔ་མ་ནི། །ལྟ་བ་སྔོན་སོང༌། །ཞེས་པ་སྟེ། སྔ་མ་རིམ་གྱིས་པའི་སློབ་ཚུལ་ནི། འཁོར་འདས་གཉིས་སུ་འཛིན་པའི་ཞེན་པ་སྒྲོ་བཏགས་དང་བཅས་པ་དེ་གཞལ་བྱར་བྱས་ནས། དེ་འཇལ་བྱེད་ཀྱི་གཏན་ཚིགས་ནི།


LT09,P004B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་ལས། དེ་ཉིད་དངོས་ལྔ་ཚུལ་དང་ཚིག །ཞེས་པས། དེ་ལ་སྔོན་བྱུང་དངོས་ལྔའི་གཏན་ཚིགས། རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། ཚིག་ལྔའི་གཏན་ཚིགས་རྣམས་ཀྱིས་ལྟ་བའི་གནས་ལུགས་གཏན་ལ་དབབ་པ་སྔོན་ཏུ་སོང་ནས་སྒོམ་པ་ལ་འཇུག་གོ །གཉིས་པ་ལ་གཉིས། མོས་སྒོམ་དང༌། ངེས་རྫོགས་སོ། །དང་པོ་ནི། ཏིང་འཛིན་མོས་སྒོམ་དང༌། །ཞེས་པ་སྟེ། ལམ་སོ་སོར་ཏིང་ངེ་འཛིན་ལ་ཉམས་ལྔ་མཐར་ཕྱིན་གྱི་བར་བསླབ་མ་ནུས་ཀྱང༌། དོན་སྤྱིའི་རྣམ་པ་ཙམ་དེ་དང་དེ་མོས་པ་ལམ་བྱེད་ཚུལ་གྱིས་བསྒོམ་པ་སྟེ། དཔེར་ན་ཐུན་གཅིག་ལ་ཆོ་གའི་བྱ་བ་སྔོན་འགྲོ་ནས་བཟུང་མཇུག་བསྔོ་སྨོན་གྱི་བར་རྫོགས་པར་བྱེད་པ་སྟེ། ལམ་ཆུང་ལས། ལམ་ཀུན་སྐད་ཅིག་ཆ་རྫོགས་པ། །སྤྲུལ་པའི་འཁོར་ལོ་མོས་བསྒོམ་ཞིང༌། །ཞེས་སོ། །གཉིས་པ་ལ་གཉིས། ངེས་རྫོགས་ཇི་ལྟར་ཡིན་པ། དེའི་བསྒོམ་བྱའི་ལམ་བཤད་པའོ། །དང་པོ་ནི། ངེས་རྫོགས་ཉམས་ལྔ་མཐར་ཕྱིན་བར་དུ་བསླབ། །ངེས་པར་རྫོགས་པའི་ལམ་ནི་རིམ་པ་གཉིས་པོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་གྱི་བར་དུ་སློབ་པ་སྟེ། བི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་བསྒོམ་བྱའི་ལམ་བཤད་པ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བསྒོམ་བྱ་འཆི་བར་སྐྱེ་བའི་རིམ་གསུམ་དང༌། །རྗེས་མཐུན་སྟོང་ཆེན་སྙིང་རྗེ་སྒྱུ་མ་དང༌། །ཕྱག་རྒྱ་གཅིག་དང་སྤྲོས་བཅས་ཚོགས་སྒྲུབ་ལྔ། །བསྒོམ་བྱའི་ལམ་ནི་སྙིང་པོའི་རྒྱུད་ལས། སྲིད་པ་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་


LT09,P005A
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། འཆི་བར་སྐྱེ་གསུམ་གྱི་སྲེད་པའི་རིམ་པ་གསུམ་པོ་ཅིག་ཅར་དུ་སྦྱོང་བའི་ལམ་རྫོགས་པར་སྟོན་པ་ལ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་ལམ་སྟོང་པ་ཆེན་པོ་དང༌། བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་ཆེན་པོ་དང༌། བརྫུས་སྐྱེས་གནས། དྲོད་གཤེར་རོ། །མངལ་སྒོང་གཉིས་པ་མའི་འདུ་འཕྲོད་ལ་བརྟེན་ནས་སྐྱེ་བ་སྟེ། སྐྱེ་བའི་རིམ་པ་གསུམ་དང་རྗེས་སུ་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ་དང༌། ཕྱག་རྒྱ་སྤྲོས་བཅས་དང༌། ཚོམ་བུ་ཚོགས་སྒྲུབ་སྟེ་ལྔའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ཡང་རགས་དང་ཕྲ་བས་སྦྱོང་ཚུལ་གཉིས། །བཤད་མ་ཐག་པ་དེའང་རགས་པ་བསྐྱེད་རིམ་དང་ཕྲ་བ་རྫོགས་རིམ་གྱིས་སྦྱོང་ཚུལ་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས། བསྐྱེད་རིམ་གྱིས་སྦྱོང་ཚུལ། རྫོགས་རིམ་གྱིས་སྦྱོང་ཚུལ་ལོ། །དང་པོ་ནི། བསྐྱེད་རིམ་ཏིང་འཛིན་གསུམ་དང་རགས་པ་སྐུ། །གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར་ནས་ནི། །དཀྱིལ་འཁོར་ཚོམ་བུ་གྲངས་དང་ཞལ་ཕྱག་སྤྲོ། །བསྐྱེད་པའི་རིམ་པའི་ཐོག་མར་ལུས་ཅན་རྣམས་འཆི་འཕོ་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ལ། དེ་ཉིད་ལམ་དུ་ཁྱེར་བའི་ཕྱིར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང༌། འོད་གསལ་དེ་ཉིད་ངོས་མ་ཟིན་པར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་གནས་སྐབས་ཀྱི་བག་ཆགས་སྦྱོང་བྱེད་དམིགས་པ་མེད་པར་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་ཞིང༌། གཞི་དེ་ལས་བར་དོར་མ་གྲོལ་བར་མའི་མངལ་དུ་སྐྱེ་བ་བཟུང་ནས་བཙས་པའི་བར་གྱི་བག་ཆགས་སྦྱོང་


LT09,P005B
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཕྱག་རྒྱ་གཅིག་པ་ལ་ཕྲ་རགས་གཉིས་ཏེ་གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་ལ་ཁད་པའི་བར་སྲིད་ཀྱི་གནས་སྐབས་སྦྱོང་བྱེད་ཕྲ་བ་རྒྱུའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིག་འབྲུ་རྐྱང་པ་བསྒོམ་པ་སྟེ་ཏིང་ངེ་འཛིན་གསུམ་ལ་བསླབ་པ་དང༌། དེ་ཉིད་ཕ་མའི་ཁུ་རྡུལ་གྱི་བར་དུ་ཞུགས་ནས་ཕྱི་རོལ་དབང་པོ་ཡུལ་ལ་སད་བའི་གནས་སྐབས་སྦྱོང་བྱེད་རགས་པ་ལྷ་སྐུ་ལ་བསླབ་པ་མངོན་བྱང་བཞི་དང༌། ཆོག་གསུམ་སོགས་ཀྱིས་བསྐྱེད་པ་སྐྱེ་གནས་རིགས་བཞིའི་ཚུལ་དང་མཐུན་པ་ལ་བསླབ་ཅིང་དེ་དག་ཀྱང་ས་ལེ། སང་ངེ། །ལྷག་གེ། ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང༌། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་སྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་གསལ་བརྟན་གྱི་ཚད་བརྒྱད་གྱད་དུ་གྱུར་ནས། བཙས་ནས་ནར་སོན་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་སྤྲོས་བཅས་ལ་བསླབ་པའང་བཞི་སྟེ། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །ཅེས་བཤད་པ་ལྟར། དཀྱིལ་འཁོར་སྤྲོ་བ་དང༌། ཚོམ་བུ་སྤྲོ་བ་དང༌། གྲངས་སྤྲོ་བ་དང༌། ཞལ་ཕྱག་སྤྲོ་བ་སྟེ་བཞི་ལ་རིམ་བཞིན་ཞི་བ་དང་ཁྲོ་བོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་དང༌། ཚོམ་བུ་གཅིག་གསུམ་ལྔ་པ་དང་གྲངས་ལའང་ཞི་བ་ལ་སྟོང་དང་ཉི་ཁྲི་བཞི་སྟོང་དང༌། བསམ་ཡས་ལྷུན་གྲུབ་རྣམས་དང༌། ཁྲོ་བོ་ལའང༌། སྟོང་བཞི་བརྒྱ་ལྔ་བཅུ་དང༌། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང༌། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་རྣམས་དང༌། ཞལ་ཕྱག་ཀྱང་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལོ། །འདིར་རོང་ཟོམ་པཎྜི་ཏ་ཆེན་པོས། མཚན་མ་དང་བཅས་པའི་ལྷའི་རྣལ་འབྱོར་ཐམས་ཅད་ཀྱི་དོན་བསྡུ་ན། བྱིན་གྱིས་རླབས་པའི་དང༌། ཡོངས་སུ་བརྟགས་པའི་དང༌། རྫོགས་པའི་རྣལ་འབྱོར་གསུམ་ལ་འདུས་པར་བཤད་དེ། དང་པོ་ནི།


LT09,P006A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་སྒོམ་པ་སྟེ། ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་ནོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་ཀྱི་སྐུར་བསྐྱེད་པ་སྟེ། གསེར་ལ་སོགས་པ་ལེགས་པར་བཞུ་བ་ལས་སྐུ་གཟུགས་ལ་སོགས་པ་བྱེད་པ་བཞིན་ནོ། །གསུམ་པ་ནི། རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པར་འཕྲུལ་བ་སྟེ། ཆུ་དྭངས་པའི་ནང་དུ་གཟུགས་བརྙན་འབད་མེད་དུ་འཆར་བ་བཞིན་ཏེ། རྣལ་འབྱོར་འདི་གསུམ་གྱིས་གསང་སྔགས་མཐའ་དག་བསྡུས་པར་གསུངས་སོ། །ཕུན་སུམ་ཚོགས་ལྔས་སྒྲུབ་པའི་གཞི་བཟུང་ཞིང༌། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་གཞུང་བསྲངས་པས། །ཟླ་དྲུག་སོགས་ཀྱིས་འདོད་གཟུགས་རིག་འཛིན་འགྲུབ། །ཟག་བཅས་ལམ་ལྔས་འཁོར་བའི་བག་ཆགས་དག །འབྲས་བུ་རྫོགས་ཤིང་གོང་མའི་སྨིན་བྱེད་འགྱུར། །ཟག་མེད་རིག་འཛིན་རྣམ་བཞི་ཐོབ་པའི་རྒྱུ། །ཕྱག་རྒྱ་སྤྲོས་བཅས་འབྱོངས་པ་ན་ནར་སོན་ནས་རྒན་པོའི་བར་གྱི་བག་ཆགས་སྦྱོང་བྱེད་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གིས་སྒྲུབ་པའི་སྟོན་པ་དང་འཁོར། ཇི་ལྟར་སྒྲུབ་པའི་ཐབས་ཏེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲངས་ཏེ། དེའང་ལམ་རིམ་ལས། ཟླ་གཅིག་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང༌། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་བྱ་སྒྲུབ་ཆེན་པོ། །ཞེས་པས་ཆ་རྐྱེན་


LT09,P006B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་མ་ཐག་པ་ནི་བསྙེན་པ། ཞུགས་ནས་ཟླ་བ་ཕྱེད་ཡན་ཆད་ནི་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་བསྒྲུབས་པའི་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་ནི། ཟླ་བ་དྲུག་སྤོགས་ཆོག་དང་བཅས་པའམ། སོགས་ཁོངས་ནས་དབང་པོའི་ཁྱད་པར་དང་མཐུན་པའི་ཡུན་རིང་ཐུང་གང་རུང་ལ་རིག་འཛིན་གྱི་འབྲས་བུ་འགྲུབ་སྟེ། དེའང་བསྐྱེད་རིམ་ཐུན་མོང་བའི་དངོས་གྲུབ་ལས་དང་ཡེ་རྒྱའི་ཁྱད་པར་གྱིས་འདོད་པ་དང་སྐལ་མཉམ་གྱི་རིག་པ་འཛིན་པ་དང༌། གཟུགས་ཀྱི་རིག་པ་འཛིན་པ་གང་རུང་འགྲུབ། ཁྱད་པར་གྱི་དངོས་གྲུབ་ཞི་བའི་ཚོགས་སྒྲུབ་ལ་ཡང་རབ་ཀྱི་རབ་ཀྱིས་ཟླ་བ་དྲུག་རབ་ཀྱིས་ལོ་གཅིག་འབྲིང་གིས་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ཀྱང་ལོ་གཅིག་དང་ཟླ་བ་བཞི་ནས། དབང་པོ་རྣོན་ཚེ་དབང་དང༌། བརྟུལ་ན་རྣམ་སྨིན་ལ་སྦྱོར་ཏེ། སྙིང་པོ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །ཁྲོ་བོ་ནི་དེ་ལས་ཀྱང་འགྲུབ་ཐག་ཉེ་བས་རབ་ཀྱིས་ཟླ་བ་གཉིས། འབྲིང་གིས་ཟླ་བ་གསུམ་དང་ཞག་དྲུག་ཐ་མས་ཀྱང་ཟླ་བ་དྲུག་ནས་འགྲུབ་སྟེ། ལམ་རིམ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་བཅུ་རྩ་དྲུག་ཏུ། །འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་བསྒོམ། །ཞེས་སོ། །དེའང༌། སྟོང་ཆེན། སྙིང་རྗེ། ཕྱག་རྒྱ་གཅིག་པ། སྤྲོས་བཅས་བཞི་ཚོགས་ལམ། ཚོགས་སྒྲུབ་སྦྱོར་བའི་ལམ་སྟེ་ཟག་པ་དང་བཅས་པའི་ལམ་ལྔས་འཆི་བར་སྐྱེ་བའི་རིམ་པ་གསུམ་གྱིས་མཚོན་པའི་འཁོར་བའི་བག་ཆགས་དག་རིགས་ཀྱི་ནུས་པ་གསོས་འདེབས་པས་འབྲས་བུ་རྫོགས་པར་


LT09,P007A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་ཚོགས་སྒྲུབ་ཀྱི་ལམ་གྱིས་བདེ་སྟོང་གི་ལྷ་སྐུ་འགྲུབ་པར་བྱེད་པའི་ཕྱིར་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་མཚོན་ལམ་གོང་མའི་སྨིན་བྱེད་དུ་འགྱུར། དེས་རྫོགས་རིམ་ལ་འཇུག་ནུས་པས་མཐར་ཐུག་ཟག་པ་མེད་པའི་ལམ་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་རིག་འཛིན་རྣམ་པ་བཞི་ཐོབ་པའི་ཉེར་ལེན་གྱི་རྒྱུར་གྱུར་པ་ཡིན་ནོ། །གཉིས་པ་རྫོགས་རིམ་གྱིས་སྦྱོང་ཚུལ་ནི། རྫོགས་རིམ་སྟོང་ཆེན་དབུ་མར་རླུང་སེམས་སྡུད། །འཇོག་ཐབས་གཉིས་ཀྱིས་ཉིན་མཚན་འོད་གསལ་བསྒོམ། །སྙིང་རྗེ་སྟོང་གཟུགས་སྒྱུ་མར་གྲོལ་ལས་ཤར། །ཞུ་བདེའི་ལྷ་སྐུས་སྣང་བ་རྒྱས་འདེབས་ཤིང༌། །གཅིག་ལས་འཕེལ་བས་ཚོམ་བུ་མཁའ་ཁྱབ་སྤྲོ། །ཚོགས་སྒྲུབ་ཕྱག་རྒྱ་གསུམ་གྱི་ཉེ་རྒྱུ་ཡིས། །སློབ་པའི་ཟུང་འཇུག་སྐུ་འགྲུབ། ཅེས་པ་སྟེ། ལམ་གྱི་གཞུང་ཤིང་རྫོགས་རིམ་ལྟར་བཤད་ན། སྟོང་པ་ཆེན་པོ་ལ་སོགས་པའི་ལམ་གྱི་རྣལ་འབྱོར་ལྔ་ལས། དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། འཆི་སྲིད་ཀྱི་བག་ཆགས་དབུ་མར་རླུང་སེམས་སྡུད་པའི་རིམ་པས་ལམ་དུ་ཁྱེར་བ་སྟེ། ལྟ་བ་གཏན་ལ་འབེབས་པ་གཞིར་བཞག་སྟེ། བསམ་གཏན་ལ་འཚེ་བ་མི་འབྱུང་བའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་སྒོ་ནས་རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པ་ཀུ་སུ་ལུའི་འཇོག་སྒོམ་དང༌། སྔར་གྱི་ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་དུ་འཇོག་པ་པཎྜི་ཏའི་དཔྱད་སྒོམ་སྟེ། འཇོག་ཐབས་གཉིས་པོ་གང་རུང་གིས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ་ཉིན་མོའི་རྣལ་འབྱོར་དང༌། མཚན་མོ་གཉིད་དང་ཐུན་གྱི་འོད་གསལ་འཛིན་པའི་མན་ངག་གཉིས་སྦྲེལ་ཏེ་ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པའི་སྒོ་ནས་ཉམས་ལྔ་


LT09,P007B
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པར་བསླབ་བོ། །གཉིས་པ་སྙིང་རྗེ་སྒྱུ་མ་ནི། བར་སྲིད་ལམ་དུ་ཁྱེར་ནས་དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་ཚུལ་ཡང༌། སྔར་གྱི་སྟོང་ཆེན་འོད་གསལ་གྱི་དང་དུ་སེམས་འགག་པས། དུ་བ་དང༌། སྨིག་རྒྱུ་དང༌། མེ་ཁྱེར་ལྟ་བུ་དང༌། དཀར་དམར་ནག་གསུམ་ལ་སོགས་པའི་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ལ། ཉིན་གྱི་རྣལ་འབྱོར་སང་པའི་སྣང་བ་དེ་དང༌། མཚན་མོའི་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་ཞིང་གྲོལ་ཏེ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་མ་འགག་པར་ཤར་བ་ལ་གོམས་ཤིང་བསླབ་པའོ། །གསུམ་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི། སྐྱེས་པའི་རིམ་པ་དང་པོའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། སྣང་བ་རིས་མེད་ལ་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱིས་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ཞུ་བདེ་དང་མཚུངས་ལྡན་ཏུ་གྱུར་པའི་ལྷ་སྐུ་ཕྱག་རྒྱ་གཅིག་པ་རང་ཤར་གྱིས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ནི། སྐྱེས་པའི་རིམ་པ་བར་མའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་མཐུན་པའི་ལམ་སྟེ། སྔར་གྱི་ལྷ་སྣང་གཅིག་པུ་དེ་ལས་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་མཁའ་ཁྱབ་སྤྲོ་ཞིང་འཕེལ་བ་མ་འདྲེས་ཡོངས་སུ་འཆར་བ་ལ་གོམས་པར་བྱེད་པའོ། །ལྔ་པ་ཚོམ་བུ་ཚོགས་སྒྲུབ་ནི། སྐྱེས་པའི་རིམ་པ་གསུམ་པའི་བག་ཆགས་སྦྱོང་བའི་ཕྱིར། དེ་དང་རྗེས་སུ་མཐུན་པའི་ལམ་སྟེ། ཚོམ་བུ་གཅིག་གསུམ་ལྔ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་ཏུ་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ཡབ་


LT09,P008A
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་བདེ་བ་ཆེན་པོ་དང༌། །ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོང་དུ་སྒྲུབ་པ་སྟེ། གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་དབྱེ་བས་ཕྱག་རྒྱ་གསུམ་གང་རུང་གི་ཉེ་རྒྱུ་ལ་བརྟེན་ནས། ཟླ་བ་དྲུག་གི་མཐར་ནང་གི་མངོན་བྱང་ལྔ་ལ་བརྟེན་ནས་ཟག་མེད་མཐོང་ལམ་གཉིས་པོ་གང་རུང་ལ་སྦྱོར་ནས། སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་ཅིང་དེ་ལས་མི་སློབ་པའི་ཟུང་འཇུག་མངོན་ཏུ་འགྱུར་བར་བྱེད་དོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། མཚན་མེད་ནི། །ཆོས་ཉིད་དེ་བཞིན་ཉིད་ལ་འཇོག་པའོ། །ཡས་བརྟན་དང་མས་བརྟན་གྱི་ཡེ་ཤེས་མཐར་ཕྱིན་ནས་མཚན་མ་མེད་པ་ཀུན་ཏུ་བཟང་མོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་དུ་མེད་པའི་ཚུལ་གྱིས་བསྒོམ་པར་བྱ་སྟེ། ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་འཇོག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཉིད་དོན་གྱི་ཡེ་ཤེས་ཡིན་ལ། རང་གསལ་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་གཞིའི་ཡེ་ཤེས་ཏེ། དེ་གཉིས་དབྱེར་མེད་པ་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་སེམས་རྫོགས་པ་ཆེན་པོ་ཞེས་བྱའོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་སྒོམ་རིམ་བཤད་པ་ལ་གསུམ། ཐབས་ལམ། གྲོལ་ལམ། ངེས་རྫོགས་ལམ་སྤྱིར་བཤད་པའོ། །དང་པོ་ནི། ཨ་ནུའི་ཐབས་ལམ་སྟེང་འོག་བདེ་ཆེན་སྐྱེད། །ལུང་ཨ་ནུ་ཡོ་གའི་སྒོམ་པའི་ལམ་རིམ་ནི། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ཀྱིས་ངེས་པའི་ལམ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་གྲངས་ངེས་པ་ལས། དང་པོ་ནི།


LT09,P008B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞུ་བདེའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག་འཁོར་ལོ་བཞིའི་སྒོམ་ཐབས་ཀྱིས་ལྷན་སྐྱེས་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོ་མན་ངག་དང༌། མཁའ་གསང་གི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་ཏེ། དེ་ལས། རོལ་པའི་ཀར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང༌། །ཞེས་སོ། །གཉིས་པ་ནི། གྲོལ་ལམ་ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་བློ་བཞག་མཚན་མེད་དོན་རྗེས་འཇུག །སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་སྔགས་ཙམ་གྱིས། །ཆུ་ལས་ཉ་བཞིན་གསལ་ལ་མ་འདྲེས་བསྐྱེད། །མཚན་བཅས་ཡི་གེའི་རྗེས་སུ་འཇུག་པར་བཤད། །ཤེས་རབ་རྣམ་པར་གྲོལ་བའི་ལམ་ལ། དོན་བཀོད་པ་དང༌། རྟགས་ཀྱི་རོལ་པ་གཉིས་ལས། དང་པོ་ནི། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕབ་པ་སྔོན་ཏུ་སོང་ནས། དགོངས་འདུས་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་ཏུ་དྲན་པའོ། །ཞེས་གསུངས་པ་ལྟར། །བསྒོམ་བྱ་ཆོས་ཉིད་ཇི་བཞིན་པའི་ངང་ལ། སྒོམ་བྱེད་ཀྱི་བློའནག་དེ་བཞིན་པར་བཞག་ནས་མཚན་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ནི་དོན་གྱི་རྗེས་སུ་འཇུག་པ་ཞེས་བྱའོ། །གཉིས་པ་སྣོད་བཅུད་ཐམས་ཅད་ལྷའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་འཁོར་ལོར་ས་བོན་ནམ་སོ་སོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་དྭངས་པའི་ཆུ་ལས་ཉ་ལྡང་བ་ལྟར་གསལ་ལ་མ་འདྲེས་ཡོངས་རྫོགས་སུ་བསྐྱེད་དེ་མཚན་བཅས་ལྷའི་ཏིང་ངེ་འཛིན་བསྒོམ་པ་ནི་ཡི་གེའི་རྗེས་སུ་འཇུག་པ་ཞེས་བྱ་བར་བཤད་དོ། །དེ་ལྟར་ཡང༌། བང་མཛོད་འཕྲུལ་ལྡེ་ལས།


LT09,P008A
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །གསུམ་པ་ནི། ངེས་རྫོགས་ལམ་སྤྱིར་ཟག་བཅས་ཟག་མེད་གཉིས། །འདུན་པ་སེམས་སོགས་རྣལ་འབྱོར་ལྔ་ཡིས་བསྡུས། །སྤྱིར་ལུགས་འདིའི་ངེས་རྫོགས་བསྒོམ་པའི་ལམ་རྣམས་ཟག་བཅས་དང་ཟག་མེད་གཉིས་སུ་འདུ་ཞིང༌། དེ་དག་འདུན་པ་སེམས་པ་ལ་སོགས་པའི་རྣལ་འབྱོར་ལྔ་ཡིས་བསྡུས་པ་ཡིན་ཏེ། ཟག་བཅས་ནི་འདུན་པ་སེམས་པ་དང་རིགས་ཆེན་འབྱེད་པའི་རྣལ་འབྱོར། ཟག་མེད་ནི་དབུགས་ཆེན་འབྱིན་པ། ལུང་ཆེན་ཐོབ་པ། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་གྱིས་བསྡུས་པའི་ཕྱིར་རོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་སྒོམ་རིམ་བཤད་པ་ལ་གསུམ། སེམས་སྡེ། ཀློང་སྡེ། མན་ངག་སྡེའོ། །དང་པོ་ལ་གཉིས། ལྟ་བའི་དབྱིངས་སུ་ལ་ཟློ་བ། སྒོམ་པའི་ངང་དུ་མཉམ་པར་འཇོག་པའོ། །དང་པོ་ནི། སེམས་སྡེས་ཆོས་ཅན་ཇི་ལྟར་སྣང་བ་ཀུན། ཆོས་ཉིད་བྱང་ཆུབ་སེམས་སུ་རྫོགས་པའི་རྩལ། །སྣང་རིག་ངོས་བཟུང་བྲལ་བའི་དབྱིངས་སུ་སྐྱེལ། །རང་བྱུང་ཡེ་ཤེས་ལམ་དུ་བྱེད་པའི་ཚུལ་ལ་མི་ཟབ་པ་དང་ཟབ་པའི་ཁྱད་པར་གྱིས་རྫོགས་པ་ཆེན་པོ་སྡེ་གསུམ་དུ་གྲགས་པའི་དང་པོ་མཚན་པ་བཤིགས་པས་ལ་ཟློ་བའམ་ཐག་ཆོད་དེ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་སེམས་སྡེ་པ་ནི། ཆོས་སུ་ཇི་ལྟར་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་མི་འདེབས་པར་ཆོས་ཅན་ཇི་ལྟར་སྣང་བ་འདི་ཀུན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་རྫོགས་པས་རྩལ་ལམ་རོལ་པ་ཙམ་དུ་སྣང་རིག་ངོས་བཟུང་དང་བྲལ་བའི་དབྱིངས་སུ་སྐྱེལ་བར་བྱེད་པའོ། །གཉིས་པ་ནི། དེ་ཕྱིར་སྣང་བ་སེམས་ལ་སེམས་ཡེ་ཤེས། །རྣལ་མར་འཇོག་པས་འཁྲུལ་པ་རང་ཐོག་གྲོལ། །


LT09,P008B
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་མ་མྱོང་དང་འབྲལ་མ་མྱོང་བའི་ཕྱིར། །རང་སྣང་རིས་མེད་རིག་སྟོང་ཆོས་སྐུར་འཇོག །དེའི་ཕྱིར་སྒོམ་པ་ཉམས་སུ་ལེན་པ་ནའང༌། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་རང་རྩལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པ་ལ་ཡིན་པར་ཤེས་ནས། དེའི་ངོ་བོར་བཟོ་བཅོས་རྩིས་གདབ་མེད་པར་རྣལ་མ་གཞི་ཐོག་ཏུ་འཇོག་པས་འཁྲུལ་པའི་སྣང་བ་མ་སྤངས་རང་ཐོག་ཏུ་གྲོལ། བསྒོམ་བྱའི་ཡུལ་སྟོང་པར་རྟོགས་པས་སྒོམ་མ་མྱོང༌། འཁྲུལ་པའི་ཕུག་རྡིབ་པས་དོན་དང་འབྲལ་མ་མྱོང་བའི་ཕྱིར་རང་སྣང་རིས་མེད་རིག་སྟོང་ཆོས་སྐུའི་ངང་དུ་བཞག་བྱ་འཇོག་བྱེད་དང་བྲལ་བ་ལྷུན་གྲུབ་མཉམ་པ་ཆེན་པོའི་ངང་དུ་འཇོག་པའོ། །འདི་དག་གི་སྐབས་སུ་དང་པོ་རྟོག་པ་རྩད་གཅོད་པ། བར་དུ་སེམས་ཀྱི་མཚངས་བཙལ་བ། མཐར་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་དང༌། གནས་པ་སེམས་ཀྱི་རྒྱན་ཏུ་ཤར་བ། འཕྲོ་བ་སེམས་ཀྱི་རོལ་པར་ཤར་བ། གཉིས་མེད་མཉམ་པའི་ངང་དུ་ལ་ཟློ་བ་སོགས་ཀྱིས་ཞི་ལྷག་ལེགས་པར་བསྒྲུབས་ནས། ཕྱི་སྣང་བ། ནང་རིག་པ། དེ་དག་གཉིས་མེད་ལ་བརྟགས་ནས་ངོ་སྤྲོད་པ་སོགས་བླ་མ་ཉམས་མྱོང་ཅན་གྱིས་སློབ་མའི་བློ་རིགས་དང་རྒྱུད་ཚོད་ལ་དཔག་ནས་མན་ངག་གནད་ཀྱི་གདམས་པས་ཉམས་ལེན་རྡོ་རུས་འཕྲོད་པར་བྱ་དགོས་སོ། །གཉིས་པ་ལ་བཞི། ལྟ་སྒོམ་གྱི་འགག་དོན་བསྟན་པ། སྒོམ་པའི་གནད་དང་ཚུལ་བཞི་བཤད་པ། འཇོག་ཚུལ་མདོར་བསྡུ་བ། ཐུན་མོང་གི་ཉམས་བཞི་བཤད་པའོ། །དང་པོ་ནི། ཀློང་སྡེའི་འགག་དོན་མ་ནོར་མ་བཅོས་པ། །བསམ་འདས་བློ་དང་བྲལ་ལ་ཡོངས་རྫོགས་འདུ། །ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་ནས་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་རྫོགས་པ་ཆེན་པོ་ཀློང་སྡེའི་སྒོམ་རིམ།


LT09,P009A
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སྨིན་གྲོལ་གྱི་རྒྱུན་སྲོལ་ལེགས་པར་བཞུགས་པ་རྡོ་རྗེ་ཟམ་པའི་འགག་དོན་གཞུང་གི་དབུར། མ་ནོར་མ་བཅོས་བསམ་འདས་བློ་དང་བྲལ་ལ་ཕྱག་འཚལ་ལོ། །ཞེས་གཞུང་གི་སྡོམ་དུ་བཀོད་པའི་དོན། ལྟ་བ་མ་ནོར་བ། སྒོམ་པ་མ་བཅོས་པ། སྤྱོད་པ་བསམ་ལས་འདས་པ། འབྲས་བུ་བློ་དང་བྲལ་བ་ལ་ལུགས་འདིའི་ལྟ་སྒོམ་སོགས་ཀྱི་གནད་ཡོངས་རྫོགས་འདུ་བ་ཡིན་ཅིང༌། དབང་རབ་མགོ་སྨོས་ཙམ་གྱིས་གྲོལ་བ་ལ་དོན་དེ་ཉིད་ཀློང་སྡེའི་གདམས་ངག་གི་རྐང་ཡོངས་སུ་རྫོགས་པ་ཡིན་ནོ། །གཉིས་པ་ནི། རང་ཡན་མི་འགུལ་འཐེན་དང་མ་རེག་པའི། །གནད་བཞིས་ཡེ་ཤེས་དབྱིངས་བདེ་ཆོས་ཉིད་ཚུལ། །དབང་བཞི་གསལ་སྟོང་ལ་སོགས་ལམ་དུ་བྱེད། །དབང་པོ་འབྲིང་པོ་རྣམས་ནི་བྱིན་རླབས་བླ་མའི་ལུང་ཙམ་གྱིས་གྲོལ་ཏེ་དབང་གི་སྐབས་སུ་འདི་ཉིད་ཀྱི་ཁྱད་ཆོས་དབང་བཞི་བསྐུར་བས་ཉམས་རྟོགས་མཐར་ཕྱིན་པར་འགྱུར་ལ། དབང་བརྟུལ་ཉམས་ཁྲིད་རིམ་པར་བསྒོམ་དགོས་ཏེ། དེའི་འགག་མདོར་བསྡུ་ན་གནད་བཞི་དང་ལྡན་པའི་ཚུལ་བཞིས་དབང་བཞིའི་དོན་ལམ་དུ་བྱེད་པ་སྟེ། དབང་པོ་རང་ཡན་གསལ་བའི་གནད། །སྒྲོན་མ་མི་འགུལ་སྟོང་པའི་གནད། །ཐུར་སེལ་གྱེན་འཐེན་བདེ་བའི་གནད། །སྨྲ་བྱེད་མ་རེག་དབྱེར་མེད་པའི་གནད་བཞིས། ཡེ་ཤེས་ཀྱི་ཚུལ། དབྱིངས་ཀྱི་ཚུལ། བདེ་བའི་ཚུལ། ཆོས་ཉིད་ཀྱི་ཚུལ་ཏེ་རྡོ་རྗེའི་ཚིག་རྐང་གིས་བསྟན་པའི་བརྡ་བཞིའམ་ཚུལ་བཞི་གནད་དང་འབྲེལ་བར་གཟིར་ཏེ། དབང་བཞིའི་ཡེ་ཤེས་དང་པོས་གསལ་བ་བུམ་དབང༌། གཉིས་པས་སྟོང་པ་གསང་དབང༌། གསུམ་པས་བདེ་བ་ཤེར་དབང༌། བཞི་པས་ཆོས་ཉིད་བཞི་པའི་དོན་ལམ་དུ་བྱེད་པའོ། །གསུམ་པ་ནི། མདོར་ན་ཆོས་ཉིད་བྱ་རྩོལ་མེད་པར་འཇོག །ལུགས་འདིའི་མཉམ་


LT09,P009B
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོག་ཐབས་མདོར་བསྡུ་ན། བྱས་གྲོལ། བཞག་གྲོལ། གཅེར་གྲོལ་གསུམ་དུ་འདུ་ཞིང༌། དེ་དག་གི་དོན་ཀྱང་དམིགས་གཏད་བྲལ་བའི་གནད་ཟབ་མོས་ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ལ་འདུའོ། །བཞི་པ་ནི། གནས་ཉམས་མི་གཡོ་མཉམ་ཉིད་ལྷུན་གྲུབ་ནི། །སེམས་ཀློང་ལམ་གྱི་ཉམས་བཞིར་དགའ་རབ་བཞེད། །ཟབ་མོའི་གནད་དེ་དག་བསྒོམས་པས་ངེས་པ་དང་མ་ངེས་པའི་ཉམས་སྣ་ཚོགས་འཆར་ཞིང་མཐར་རྟོགས་པའི་ཡེ་ཤེས་ཇེ་གསལ་ཇེ་བརྟན་ཏུ་འགྱུར། ཉམས་ཀྱི་རིམ་པ་མཐའ་ཡས་པས་ཚད་བཟུང་དུ་མེད་ཀྱང་སྐྱེ་ཚུལ་རིགས་མཐུན་པའི་དབང་གིས། དང་པོ་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འགྲོ་བ་རྩེ་གཅིག་ཐུན་ཐུབ་པ། གཉིས་པ་མི་གཡོ་བའི་ཉམས་ཏིང་ངེ་འཛིན་ལ་བྱིད་རྒོད་ལ་སོགས་པའི་རྐྱེན་དང་བྲལ་བ། གསུམ་པ་མཉམ་པ་ཉིད་ཀྱི་ཉམས་འཁོར་འདས་རོ་མཉམ་པའི་མཉམ་གཞག་ནམ་མཁའ་ལྟ་བུ་དང༌། རྗེས་ཤེས་སུ་སྒྱུ་མ་ལྟ་བུ་ཁོང་དུ་ཆུད་པས་འཇིགས་བྲལ་གྱི་གདིང་ཐོབ་པ། བཞི་པ་ལྷུན་གྱིས་གྲུབ་པའི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་ཤིང་བློ་ཟད་ཆོས་ཟད་ལ་སོང་བ་ནི། སེམས་ཀློང་དག་གི་ལམ་གྱི་ཉམས་བཞི་ཞེས་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་བཞེད་དོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་སྒོམ་རིམ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། མན་ངག་སྟོང་སྣང་ཆོས་ཉིད་ཟད་བྱེད་པའི། །ཀ་དག་ཁྲེགས་ཆོད་ལྷུན་གྲུབ་ཐོད་རྒལ་གཉིས། །འོག་མ་གཉིས་ལས་ཁྱད་པར་དུ་འཕགས་ཤིང་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་རྩོལ་བ་བཤིགས་བས་ལ་ཟློ་བ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པ་རྫོགས་པ་ཆེན་པོ་མན་ངག་སྡེའི་སྒོམ་རིམ་ནི། སྟོང་པའི་ངོས་ནས་ཀ་དག་རིག་པ་སྤྲོས་བྲལ་དུ་གྱུར་


LT09,P010A
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྟོང་པའི་ཆོས་ཟད་པར་བྱེད་པ་དང༌། སྣང་བའི་ངོས་ནས་ལྷུན་གྲུབ་ཀྱིས་གདོས་བཅས་འོད་གསལ་དུ་དྭངས་པས་སྣང་བའི་ཆོས་ཉིད་ཟད་པར་བྱེད་པའི་གདམས་ངག་རིམ་བཞིན། ཀ་དག་ཁྲེགས་ཆོད་དང༌། ལྷུན་གྲུབ་ཐོད་རྒལ་གཉིས་སུ་ཡོད་དོ། །གཉིས་པ་ལ་གཉིས། ཁྲེགས་ཆོད་དང༌། ཐོད་རྒལ་ལོ། །དང་པོ་ནི། གྲོལ་ལུགས་བཞིར་གནས་རང་བྱུང་རིག་པ་ཉིད། །ངོ་འཕྲོད་ཐག་ཆོད་གདིང་འཆའ་བོགས་འདོན་དུ། །ནམ་མཁའ་སུམ་ཕྲུགས་ལ་སོགས་རྣལ་འབྱོར་བྱ། །ཡེ་གྲོལ་སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས། འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས། རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་པས་གནད་ཐོག་ཏུ་གྲོལ་བར་བྱེད་པ་གནད་ལ་ཐེབ་པའི་མེ་བཙའ་ལྟ་བུ་སྟེ། དེ་ལྟ་བུའི་རིག་པ་དེ་ཉིད་ཀྱང་ཐོག་མ་མེད་པ་ནས་རང་ངོ་ལ་འཁོར་བའི་ཆོས་གང་གིས་ཀྱང་མ་གོས་པས་སྲིད་པའི་ཉེར་ལེན་གྱི་རྒྱུ་ཟད་པས་ཡེ་གྲོལ། གཉེན་པོ་གང་གིས་ཀྱང་མ་བཅོས་པར་གང་ཤར་ཐམས་ཅད་སྦྲུལ་མདུད་རང་ཞིག་པ་བཞིན་འགྲོལ་བྱེད་གཞན་ལ་མ་ལྟོས་པས་རང་གྲོལ། ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཀྱང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབ་ཆེན་པོར་རང་བཞིན་གྱིས་གྲོལ་བས་གཅེར་གྲོལ། དུས་གསུམ་དང་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཏེ། དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པས་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ལམ་འདི་ཉིད་ཀྱི་ཁྱད་ཆོས་ལ་ངེས་པ་རྙེད་ནས། ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡེ་གདོད་མའི་ཀ་དག་གི་གནས་ལུགས་ཇི་ལྟ་བ་དེ་ད་ལྟ་རང་ཐོག་ཏུ་ངོ་ཤེས་པས་ངོ་རང་ཐོག་ཏུ་འཕྲོད།


LT09,P010B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱིས་མ་བསྒྱུར། འཛན་པས་མ་བསླད། སྤང་གཉེན་མ་ཞུགས་པའི་རིག་པ་དེ་ཉིད་ཇི་ལྟར་འདུག་ཀྱང་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ལས་མ་འདས་པས་ཐག་གཅིག་ཐོག་ཏུ་ཆོད། ཅི་སྣང་ཅི་ཤར་ཐམས་ཅད་དང་པོ་ཆོས་ཉིད་ཀྱི་རྩལ་དུ་བྱུང༌། ད་ལྟ་ཆོས་ཉིད་ཀྱི་ངང་དུ་གནས། མཐར་ཆོས་ཉིད་ཀྱི་ངང་དུ་རང་ཐིམ་པས་གདིང་གྲོལ་ཐོག་ཏུ་བཅའ། དེ་དག་གི་བོགས་འདོན་དུ་ཕྱི་ནང་གསང་བའི་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་པ་ལ་སོགས་པ་རྣལ་འབྱོར་དུ་བྱའོ། །གཉིས་པ་ལ་གསུམ། ཐུན་མོང་མ་ཡིན་པའི་སྔོན་འགྲོས་གདོས་བཅས་ཟད་པའི་ཉེ་རྒྱུ་བསྒྲུབ། དངོས་གཞི་སྣང་བ་བཞི་ཟད་སར་སྐྱོལ། རྗེས་གནད་ཀྱི་མན་ངག་གི་སྲང་ལ་བཙུད་པའོ། །དང་པོ་ནི། འབྱུང་བཞིའི་སྒྲ་དང་འཁོར་འདས་རུ་ཤན་དབྱེ། །སྒོ་གསུམ་སྔོན་འགྲོས་སྣ་ཁྲིད་གསུམ་ལ་བསླབ། །ཐོད་རྒལ་བསྒོམ་པའི་ཐོག་མར་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་འདོད་ཡོན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབ་པས་ངེས་པར་འགྲུབ། །ཅེས་སོ། །དེ་ནས་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་སྟེ། རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་ལས། འདི་ལྟར་ཡང་གསང་དོན་ཉིད་ལ། །འཇུག་པར་འདོད་པའི་སྐལ་པ་རབ། །སྔོན་དུ་ལུས་ངག་ཡིད་གསུམ་གྱི། །མངོན་པར་ཞེན་པ་བཟློག་པའི་ཕྱིར། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ཞེས་སོ། །དེ་ནས་སེམས་ཀྱི་སྣ་ཁྲིད་པར་བྱེད་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་བསླབ་ཅིང་སྔ་ཕྱི་དེ་དག་གི་མཐར་རྣལ་དུ་དབབ། དེ་ལྟར་སྣ་ཁྲིད་གསུམ་ལ་བསླབ་པས་ཐུན་མོང་དུ་སྒོ་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་བར་ཆད་ཞི། མཆོག་གི་དགོས་པ་སྐུ་གསུང་ཐུགས་ཀྱི་ཀློང་དུ་གྲོལ་བ་སྟེ།


LT09,P011A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བ་བརྟག །ཅེས་སོ། །གཉིས་པ་ནི། བཅའ་བ་ལུས་དང་འཁྲིད་པ་དབྱིངས་ཀྱི་གནད། །སྣང་བ་ཡུལ་གསུམ་ཁྱད་པར་སྒྲོན་མ་བཞིའི། །ལམ་ལས་སྣང་བཞི་ཟད་སར་འཁྱོལ་བར་བྱེད། །དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བསྟེན་པ་ལ། བཅའ་བ་ལུས་ཀྱི་གནད་སྐུ་གསུམ་གྱི་འདུག་སྟངས་ལས་མི་གཡོ་བ། འཁྲིད་པ་དབྱིངས་ཀྱི་གནད་སྐུ་གསུམ་གྱི་གཟིགས་སྟངས་ལས་མི་འགུལ་བ། སྣང་བ་ཡུལ་གྱི་གནད་དབྱིངས་རིག་མི་འབྲལ་ཞིང་རླུང་དལ་བར་སྡོད་པ་སྟེ་གནད་གསུམ་མམ་ནང་གསེས་སུ་དབྱེ་བ་དགུ་དང་ལྡན་པས་ཉམས་སུ་ལེན་ཅིང༌། ཁྱད་པར་སྣང་བ་ཡུལ་ལ་སྒྲོན་མ་བཞིར་དབྱེ་ཞིང་དེ་ལ་བརྟེན་པའི་ལམ་སྒོམ་པ་ལས་སྣང་བ་བཞི་པོ་མཐར་ཐུག་གི་ཟད་སར་འཁྱོལ་བར་བྱེད་དོ། །དེ་ལ་སྒྲོན་མ་བཞི་ནི། རྒྱངས་ཞགས་ཆུའི་སྒྲོན་མ། རིག་པ་དབྱིངས་ཀྱི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ་བཞི་ལས་དང་པོ་ནི་འཆར་བྱེད་ཀྱི་སྒོ་སྟེ། རིག་ཆའི་གདངས་ཕྱི་རོལ་གྱི་ལམ་ལ་མཐོང་བའི་ཕྱིར་དང༌། གཉིས་པ་ནང་དབྱིངས་ཕྱི་རུ་གསལ་བའི་གདངས་འཆར་གཞི། གསུམ་པ་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་དང༌། བཞི་པ་ནི་དྭངས་ལ་ཡུལ་མེད་དུ་འཆར་བའི་རིག་ངོ་ལྷག་མཐོང་གི་གནས་ལུགས་མ་ནོར་བ་སྟེ། དེ་དག་གི་དབྱེ་བའང༌། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅོས་མེད་སྒྲོན་མ་རྣམ་པ་བཞི། །མ་འགག་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། །ནམ་མཁའ་སྟོང་པའི་ཀློང་དཀྱིལ་དུ། །དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགག་འགག་མེད་རྣམ་པར་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། །


LT09,P011B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འགྲོ་དང་འོང་བ་དང༌། །འགུལ་བ་དང་ནི་འཕྲིག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་སྟེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པའི་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། །སྒྲོ་འདོགས་ཐམས་ཅད་གཅོད་པ་དང༌། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱངས་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་བལྟ་བ་མ་ཡེངས་ན། །མཐར་ཕྱིན་བསྒོམ་པའི་ཚད་དུ་གསུངས། །ཞེས་པ་ལྟར། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་གོམས་པའི་རིམ་པས་སྣང་བ་བཞི་རིམ་གྱིས་འབྱོངས་ཏེ། ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་སྒོ་ཕྱེ། དེ་ལས་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་གོང་འཕེལ་སྤྲུལ་སྐུ། སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ལོངས་སྐུ། དེ་ནས་སྣང་བ་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་དག་ནས་བློས་བཏགས་པའི་ཆོས་སོ་ཅོག་ཐམས་ཅད་ཟད་ཅིང་ཆོས་ཉིད་དུ་འཛིན་པ་ཙམ་ཡང་ཟད་པས་ཆོས་སྐུའི་སྣང་བ་མཐོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་མཐོང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང༌། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། སྡོད་གསུམ་ཚད་བཟུང་ཐོབ་གསུམ་གཟེར་བུ་གདབ། །གདིང་བཞིའི་གྲོལ་ཚད་བསྟན་པས་ལ་ཟློའོ། །སྣང་བཞི་ཚད་ལ་ཕེབས་པའི་གྲོགས་སམ་རྒྱབ་བརྟེན་དུ། ལུས་ཀྱི་མི་འགུལ་བ་གསུམ་གྱིས་གནད་གཟིར། ངག་གི་མི་འགུལ་བ་གསུམ་གྱིས་ལམ་གསལ། སེམས་ཀྱི་


LT09,P012A
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགུལ་བ་གསུམ་གྱིས་འབྲས་བུ་བཅུད་དུ་སྨིན་པ་སྟེ་མི་འགུལ་བ་གསུམ་ལ་གཞི་བཅའ། ལུས་ཀྱི་སྡོང་པ་གསུམ་གྱིས་བྱ་བ་དང་བྲལ། རླུང་གི་སྡོད་པ་གསུམ་གྱིས་མི་སྐྱེ་བའི་ཚད་བཟུང༌། སྣང་བའི་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པ་སྟེ་སྡོད་པ་གསུམ་གྱིས་ཚད་བཟུང་སྟེ་ཉམས་ལེན་ཚད་དུ་ཕྱིན་པ་ན། སྐྱེ་བ་ལ་རང་དབང་ཐོབ་པས་གཞན་དོན་དངོས་སུ་བྱེད། འཇུག་པ་ལ་རང་དབང་ཐོབ་པས་ཟག་བཅས་མི་སྣང་བར་འཚང་རྒྱ། རླུང་སེམས་ལ་རང་དབང་ཐོབ་པས་ཁམས་གསུམ་དུ་ལྡོག་མི་སྲིད་པ་སྟེ་ཐོབ་པ་གསུམ་གྱི་གཟེར་བུས་གདབ་པས་རང་བཞིན་རྫོགས་པ་ཆེན་པོ་དེར་གོམས་པ་ཀློང་དུ་གྱུར་པས་གདིང་བཞི་ཐོབ། དེ་ལ་མར་གྱི་གདིང་གཉིས་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདིང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱིས་དོགས་པ་མེད་པའི་གདིང༌། ཡར་གྱི་གདིང་གཉིས་ནི། མྱ་ངན་ལས་འདས་པ་ཐོབ་ཀྱང་རེ་བ་མེད་པའི་གདིང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདིང་སྟེ། དེ་ལྟར་གདིང་བཞི་གྲོལ་ཚད་དུ་བསྟན་པས་ལ་ཟློ་བ་ཡིན་ནོ། །གཉིས་པ་བཀའ་གདམས་པའི་སྒོམ་རིམ་བསྟན་པ་ལ་གསུམ། གཞུང་གདམས་ཀྱི་ཉམས་ལེན་སྤྱིར་བསྟན་པ། ཁྱད་པར་མན་ངག་ལུགས་བྱེ་བྲག་ཏུ་བཤད་པ། ལུགས་གསུམ་གཅིག་དྲིལ་བྱང་ཆུབ་ལམ་གྱི་རིམ་པ་བསྟན་པའོ། །དང་པོ་ནི། བཀའ་གདམས་སྤྱིར་ནི་ལྷ་བཞི་སྡེ་སྣོད་གསུམ། །བསླབ་གསུམ་ཉམས་ལེན། །ཅེས་པ་སྟེ། ས་སྟེང་གྲགས་པས་ཁྱབ་པའི་མཆན་གསུམ་དང་ལྡན་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་བརྒྱུད་བཀའ་གདམས་རིན་པོ་ཆེའི་ལུགས་སྤྱིར་ནི། བསྟན་པའི་བདག་པོ་ཐུབ་པ། བྱམས་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས། ཕྱིའི་བར་ཆད་སེལ་བ་སྒྲོལ་མ། ནང་གི་བར་ཆད་སེལ་


LT09,P012B
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་གཡོ་བ་སྟེ་ལྷ་བཞིའི་བསྐྱེད་རྫོགས་ཉམས་སུ་ལེན་པ་སྟེ། དེ་དག་གི་རྫོགས་རིམ་ཡང་དང་པོའི་ལྟ་ཁྲིད། གཉིས་པའི་སྙིང་རྗེ་མཁའ་ཁྱབ། གསུམ་པར་རྗེས་དྲན་ལྔ། བཞི་པར་ཐུན་མོང་དང་ཁྱད་པར་གྱི་ཆོས་དྲུག་རྣམས་དང༌། རྗོད་བྱེད་འདུལ་མདོ་མངོན་པའི་སྡེ་སྣོད་གསུམ། བརྗོད་བྱ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་ལྷག་པའི་བསླབ་པ་གསུམ་ཚིག་ཙམ་མ་ཡིན་པར་གསུང་རབ་རིན་པོ་ཆེ་རྣམས་ལས་ཇི་སྐད་བསྟན་པའི་རིམ་པ་ཉམས་སུ་ལེན་པའོ། །གཉིས་པ་ནི། ཁྱད་པར་མན་ངག་ལུགས། །བླ་མ་ལྷ་སྔགས་སྙིང་རྗེ་སྟོང་ཉིད་དེ། །རྗེས་དྲན་ལྔ་ལས་འཕྲོས་པའི་ཀུན་རྫོབ་དང༌། །དོན་དམ་ཐིག་ལེ་བཅུ་དྲུག་ལམ་དུ་བྱེད། །བཀའ་གདམས་ལུགས་སྲོལ་གསུམ་ལས་ཁྱད་པར་ཕུ་ཆུང་བ་ནས་བརྒྱུད་པའི་མན་ངག་ལུགས་སྲོལ་འཛིན་པ་རྣམས་ནི། རྒྱལ་བ་འབྲོམ་ལ་རྗེ་བཙུན་སྒྲོལ་མས། སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་གིས་བཟླས་བརྗོད་རྒྱུན་དུ་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གདམས་པའི་དོན་བླ་མ། ལྷ། སྔགས། སྙིང་རྗེ། སྟོང་པ་ཉིད་རྗེས་སུ་དྲན་པ་ལྔ་ལས་འཕྲོས་པའི་ཀུན་རྫོབ་ཀྱི་ཐིག་ལེ་བཅོ་ལྔ། དོན་དམ་ཐིག་ལེ་གཅིག་སྟེ་བསྡམས་པས་ཐིག་ལེ་བཅུ་དྲུག་ལམ་དུ་བྱེད་དོ། །དེའང་ཀུན་རྫོབ་ཀྱི་ཐིག་ལེ་བཅོ་ལྔ་ནི། རྟེན་སྣོད་ཀྱི་ཐིག་ལེ་ལྔ། བརྟེན་པ་བཅུད་ཀྱི་ཐིག་ལེ་ལ་ལྷའི་ཐིག་ལེ་དྲུག །རྩ་བརྒྱུད་བླ་མའི་ཐིག་ལེ་བཞི་རྣམས་སུ་ཡོད་དོ། །གསུམ་པ་ལ་བཞི། གདམས་པའི་ཚུལ་སྤྱིར་བཤད། ལམ་གྱི་རིམ་པ་བྱེ་བྲག་ཏུ་སྨོས། དེ་ལ་ཐམས་ཅད་འདུ་ཚུལ་བསྟན། ཁྱད་པར་གྱི་ཡན་ལག་ཞར་བྱུང་དུ་བརྗོད་པའོ། །དང་པོ་ནི། ལུགས་གསུམ་གཅིག་དྲིལ་བྱང་ཆུབ་


LT09,P013A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་རིམ། །ཆེ་བ་བཞི་ལྡན་རྩ་བ་བཤེས་གཉེན་བསྟེན། །གཞུང་གདམས་མན་ངག་གི་ལུགས་གསུམ་གྱི་ཉམས་ལེན་གཅིག་ཏུ་དྲིལ་བ་ནི་བྱང་ཆུབ་ལམ་གྱི་རིམ་པ་ཡིན་ཏེ། དེའང་ཆོས་ཐམས་ཅད་དངོས་དང་བརྒྱུད་ནས་འཚང་རྒྱ་བའི་ཐབས་སུ་བསྟན་པར་འདུ་ཞིང༌། དེའི་ཉམས་ལེན་གྱི་རྩ་བ་བྱང་ཆུབ་སེམས་རྣམ་པ་གཉིས་ལས་མི་འདའ་བས། དེ་ཉིད་སོ་སོ་སྐྱེ་བོས་ཐོག་མ་ཁོ་ནར་ཉམས་སུ་ལེན་པའི་རིམ་པ་མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་སོགས་ཀྱིས་བསྟན་པའི་མན་ངག་རྣམས་ལམ་གྱི་རིམ་པར་དྲིལ་བའོ། །གདམས་ངག་འདིའི་གཞུང་མཛད་པ་པོ་གངས་ཅན་ལྷ་གཅིག་དཔལ་ཇོ་བོ་རྗེ་ཉིད་ཡིན་ལ། དེས་མཛད་པའི་གཞུང་ལུགས་མང་དུ་ཡོད་ཀྱང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་རྩ་བ་ལྟ་བུ་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཉིད་ཡིན། གཞུང་འདི་ནི་ལུགས་སྲོལ་འདི་ཉིད་འཛིན་པའི་མཁས་པ་ཆེན་པོ་དག་གིས་ཆེ་བ་བཞི་དང་ལྡན་པར་གསུངས་ཏེ། སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེ་ཆུང་ཇི་སྙེད་པ་ཐམས་ཅད་འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་སྟོན་པས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང༌། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་བཤད་ཆོས་སུ་བྱས། ཉམས་ལེན་གྱི་གནད་གཞན་དུ་ཚོལ་བའི་ཆོས་སྤོང་གི་ལས་གསོག་མི་དགོས་པར། འདིའི་ལམ་གྱི་གནད་ལ་ངེས་པ་རྙེད་ནས་གསུང་རབ་ཐམས་ཅད་ཀྱང་གདམས་ངག་ཏུ་འཆར་བའི་ཆེ་བ་དང༌། དམ་པའི་མན་ངག་འདི་ལ་བརྟེན་ནས་རྒྱལ་བའི་དགོངས་པ་མཐའ་དག་བདེ་བླག་ཏུ་རྙེད་པའི་ཆེ་བ་དང༌། རྒྱལ་བའི་གསུང་རབ་ཁ་ཅིག་ལ་སློབ་དགོས་ལ། ཁ་ཅིག་ལ་སློབ་མི་དགོས་སོ་སྙམ་པའི་བློ་གྲོས་ངན་པ་ལྡོག་སྟེ་དངོས་དང་བརྒྱུད་ནས་འཚང་རྒྱ་བའི་ཐབས་སྟོན་པས་ཉམས་སུ་ལེན་དགོས་པ་ཁོ་ནར་གོ་སྟེ་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །དེ་ལྟ་བུའི་ཆོས་ཚུལ་ཟབ་མོ་འདི་ལ་


LT09,P013B
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལ་འཇུག་པའི་རིམ་པ། སྐྱེས་བུ་གསུམ་གྱི་ལམ་རིམ། བྱང་ཆུབ་ལམ་གྱི་རིམ་པ། ཤིང་རྟ་ཆེན་པོའི་འཇུག་ངོགས་ཞེས་ཀྱང་བྱ་སྟེ། སངས་རྒྱས་བསྒྲུབ་ཕྱིན་ཆད་ལམ་སྲོལ་ཆེན་པོ་འདིར་འཇུག་དགོས་པ་ཁོ་ནའོ། །ཆོས་འདིར་འཇུག་ཅིང་སྟོན་པར་བྱེད་པ་ལ། ཐོག་མར་ལམ་ཐམས་ཅད་ཀྱི་རྩ་བ་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་དགོས་པ་ཡིན་ཏེ། དེའི་ཚུལ་ཅུང་ཟད་གོང་དུ་སྨོས་པ་ལྟར་རོ། །གཉིས་པ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ་ལ་བསླབ་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ་ལ་བསླབ་པ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་རིམ་ལ་བསླབ་པའོ། །དང་པོ་ནི། དལ་འབྱོར་མི་རྟག་ངན་འགྲོའི་སྡུག་བསྔལ་ལས། །རང་ཉིད་ཐར་འདོད་གསུམ་ལ་སྐྱབས་སུ་འགྲོ། །ཆོས་བརྒྱད་རང་གྲོལ་དད་པ་རྣམ་པར་དག །སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་བསྒོམ། །དགེ་བའི་བཤེས་གཉེན་ལས་གདམས་ངག་ཐོབ་སྟེ་ལམ་རིམ་བསྒོམ་པའི་ཐོག་མར། དལ་བ་ལ་སྙིང་པོ་ལེན་འདོད་བཅོས་མ་མིན་པ་སྐྱེས་ན་དེས་སྒྲུབ་པ་ལ་ནང་ནས་སྐུལ་བས། དེ་སྐྱེད་པའི་ཆེད་དུ་དལ་བ་བརྒྱད། འབྱོར་པ་བཅུ་དང་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་དཀར་བའི་ཚུལ་རྒྱུ་དང་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་བསྒོམ། དེ་ནས་ཚེ་འདི་དོན་གཉེར་གྱི་བློ་མ་ལོག་ན་འཇིག་རྟེན་ཕྱི་མ་ལ་དོན་གཉེར་དྲག་པོ་མི་འབྱུང་བས། ལུས་ཐོབ་པ་རིང་དུ་མི་སྡོད་པའི་མི་རྟག་པ། ཤི་ནས་ངན་འགྲོར་འཁྱམས་ཚུལ་སྒོམ་པ་ལ་འབད། དེའི་ཚེ་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ཏེ་དེ་ལས་རང་ཉིད་ཐར་པར་འདོད་པའི་བློ་རྣལ་མ་སྐྱེ་བ་ན། སྡུག་བསྔལ་ལས་སྐྱོབ་ནུས་པའི་སྐྱབས་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་སྙིང་ཐག་པ་ནས་


LT09,P014A
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་བསྐྱེད་ཅིང་སྐྱབས་སུ་འགྲོ་བའི་སྡོམ་པ་ཐུན་མོང་བ་ལ་གནས་པས། སྔར་ཚེ་འདི་དོན་གཉེར་བཅོས་མིན་དུ་ཡོད་ལ་འཇིག་རྟེན་ཕྱི་མ་དོན་གཉེར་ཚིག་ཙམ་དུ་ཡོད་པ་དེ་ཉིད་གོ་འཕོས་ཏེ། ཕྱི་མ་གཙོ་བོར་དོན་དུ་གཉེར་ལ་ཚེ་འདིའི་བྱ་བ་ཞར་བྱུང་ཙམ་དུ་སོང་ནས། རྙེད་པ་ལ་དགའ་ཞིང་མ་རྙེད་པ་ལ་མི་དགའ་བ་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་ལས་རང་སར་གྲོལ། དང་བའི་དད་པ་རྣམ་པར་དག་ཅིང་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བ་སྟེ་ཐོག་མར་དེ་ཉིད་རྒྱུད་ལ་འགྲེ¿ འདྲེས¿ ་ངེས་སུ་བསྒོམ་པར་བྱའོ། །གཉིས་པ་ནི། ལས་འབྲས་ཡིད་ཆེས་འཁོར་བའི་ཉེས་དམིགས་མཐོང༌། །དེ་རྒྱུ་ལས་ཉོན་སྤང་འདོད་བཅོས་མིན་བློས། །ཐར་པ་དོན་གཉེར་ངེས་འབྱུང་རྣམ་པར་དག །སྐྱེས་བུ་འབྲིང་པོའི་ལམ་གྱི་རིམ་པ་བསྒོམ། །གོང་མ་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་དཀར་ཆོས་ཐམས་ཅད་ཀྱི་གཞི་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད་ལ་བརྟན་པར་བྱས་ཏེ། དགེ་མི་དགེའི་འཇུག་ལྡོག་ལ་འབད་ཅིང་སྟོབས་བཞིའི་ལམ་དུ་རྒྱུན་དུ་ཞུགས། དེ་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ཡང་ནས་ཡང་དུ་བསམ་པས་དེའི་ཉེས་པ་མཐོང༌། འཁོར་བ་གང་ལས་འབྱུང་བའི་རྒྱུ་ལས་ཉོན་ངོས་བཟུང་ནས་དེ་སྤོང་འདོད་བཅོས་མིན་གྱི་བློས་ཐར་པ་དོན་དུགཉེར། དེའི་ལམ་བསླབ་པ་གསུམ་སྤྱི་དང་བྱེ་བྲག་རང་གིས་གང་བླངས་པའི་ཚུལ་ཁྲིམས་ལེགས་པར་བསྲུང༌། དེ་ལྟར་ན་འཁོར་བའི་ཉེས་དམིགས་མཐོང་བ་དེའི་རྒྱུས་དེ་ལས་ངེས་པར་འབྱུང་འདོད་ཀྱི་བློ་བཅོས་མིན་དུ་སྐྱེ། དེ་ཡིས་ཚུལ་ཁྲིམས་རྣམ་པར་དག་ཅིང་སྐྱེས་བུ་འབྲིང་པོའི་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བ་སྟེ། དེ་ལྟར་ཉམས་སུ་བླངས་ནས་བསྒོམ་པར་བྱའོ། །གསུམ་པ་ནི། མ་གྱུར་འགྲོ་ལ་བྱམས་དང་སྙིང་རྗེ་ཆེས། །བྱང་ཆུབ་སེམས་


LT09,P014B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཕྱིན་དྲུག་བསྡུ་བཞི་ཡིས། །རང་གཞན་དོན་སྤྱོད་ལྷག་བསམ་རྣམ་པར་དག །སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བསྒོམ། །སྔ་མ་དེས་ཀྱང་ཆོག་ཤེས་མི་བྱ་བར་སངས་རྒྱས་སྒྲུབ་པའི་ལམ་གྱི་རྩ་བ་རིམ་པ་གསུམ་པ་ལ་སློབ་དགོས་ཏེ། དེའང་རང་སྲིད་མཚོར་ལྟུང་བ་ཅི་འདྲ་བར་མ་གྱུར་འགྲོ་བ་ཐམས་ཅད་ཀྱང་དེ་འདྲ་བར་སོང་བ་ཡིད་ལ་བྱས་ཏེ་བྱམས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་ཞིང་དེ་ཉིད་ཅི་སྐྱེ་ལ་འབད་དགོས་ཏེ། དེ་མེད་ན་ཕྱིན་དྲུག་དང་རིམ་གཉིས་སོགས་རྨངས་མེད་པའི་ཐོག་བྱེད་པ་དང་འདྲ་བས་སོ། །དེ་ལ་མྱོང་བའི་རྣམ་པ་ཅུང་ཟད་སྐྱེས་པ་ན། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཆོ་གས་བཟུང་ལ་དེའི་བསླབ་བྱ་ལ་འབད་དེ་སྨོན་སེམས་ཅི་བརྟན་བྱ། དེ་ནས་སྤྱོད་པ་རླབས་ཆེ་བ་རྣམས་མཉན་ལ། ལྡོག་འཇུག་གི་མཚམས་རྣམས་ཤེས་པ་དང་དེ་ལ་སློབ་འདོད་བསྐྱེད། དེ་སྐྱེས་པ་ན་འཇུག་སྡོམ་ཆོ་གས་བཟུང་ལ། རང་རྒྱུད་སྨིན་བྱེད་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་བཞི་སོགས་ལ་བསླབ། ཁྱད་པར་དུ་རྩ་ལྟུང་ལ་སྲོག་བསྡོས་བྱ། ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་མ་གོས་པ་ལ་འབད། གོས་ནའང་ཕྱིར་བཅོས་ལ་འབད་དོ། །དེ་ནས་ཕར་ཕྱིན་ཐ་མ་གཉིས་ལ་ཁྱད་པར་དུ་བསླབ་དགོས་པས། བསམ་གཏན་སྐྱོད་ལུགས་ལ་མཁས་པར་བྱས་ལ་ཏིང་ངེ་འཛིན་བསྒྲུབ། བདག་མེད་གཉིས་ཀྱི་ལྟ་བ་རྣམ་དག་གཅིག་རྒྱུད་ལ་ཅི་སྐྱེ་བྱ་སྟེ་རྙེད་པ་དང་ལྟ་ཐོག་ཏུ་བཞག་ནས་སྐྱོང་བའི་ཚུལ་ཤེས་པར་བྱས་ལ་བསྐྱེད་དོ། །དེ་འདྲ་བའི་བསམ་གཏན་དང་ཤེས་རབ་གཉིས་ལ་ཞི་ལྷག་གི་མིང་བཏགས་པ་ཡིན་གྱི། དེ་གཉིས་ལས་ཟུར་པ་ཞིག་མེད་པས་བྱང་སེམས་ཀྱི་སྡོམ་པ་བཟུང་ནས་དེའི་བསླབ་བྱ་ལ་སློབ་པའི་ནང་དུ་དེ་དག་འོང་ངོ༌། །དེ་ལྟར་བསླབ་པས་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་ལ་རྟག་ཏུ་སྤྱོད།


LT09,P015A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་བསམ་པ་གཡོ་མེད་པར་རྣམ་པར་དག་ཅིང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྒྱུད་ལ་སྐྱེ་བ་སྟེ་དོན་འདི་ལ་ནན་ཏན་ཆེན་པོས་བསྒོམ་པའོ། །འདི་དག་ཀྱང་ཡ་བྲལ་དུ་མ་སོང་བ་ལམ་འོག་མ་བསྒོམས་ཀྱིན་གོང་མ་ལ་ཐོབ་འདོད་ཆེར་འགྲོ་བ་དང༌། གོང་མ་མཉན་པ་ན་འོག་མ་ལ་བསྒྲུབ་འདོད་ཇེ་ཆེར་འགྲོ་བ་ཞིག་དགོས་སོ། །དེ་རྣམས་བསྒོམ་པའི་ཚེ་ཡང་རང་གི་རྟོག་པ་ལ་དཔྱད་པར་བྱས་ནས་བློ་ཆ་མཉམ་དགོས་ཏེ། འདི་ལྟར་ལམ་ལ་འཁྲིད་པའི་བཤེས་གཉེན་ལ་གུས་པ་ཆུང་བར་སྣང་ན་ལེགས་ཚོགས་ཀྱི་རྩ་བ་འཆད་པས་བསྟེན་ཚུལ་ལ་འབད། དེ་བཞིན་དུ་སྒྲུབ་པ་ལ་སྤྲོ་ཤུགས་ཆུང་ན་དལ་འབྱོར་གྱི་སྐོར་དང༌། ཚེ་འདི་ལ་མངོན་ཞེན་ཆེར་སོང་ན་མི་རྟག་པ་དང་ངན་འགྲོའི་ཉེས་དམིགས་བསྒོམ་པ་ལ་གཙོ་བོར་བྱ། ཁས་བླངས་པའི་བཅས་མཚམས་ལས་གཡེལ་བར་སྣང་ན་ལས་འབྲས་སྒོམ་པ་ལ་གཙོ་བོར་བྱ། འཁོར་བ་ལ་སྐྱོ་ཤས་ཆུང་ན་ཐར་པ་དོན་གཉེར་ཚིག་ཙམ་དུ་འགྲོ་བས་འཁོར་བའི་ཉེས་དམིགས་བསམ། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པའི་བློ་ཤུགས་དྲག་མི་སྣང་ན་ཐེག་ཆེན་གྱི་རྩ་བ་འཆད་པས་སྨོན་སེམས་རྒྱུ་དང་བཅས་པ་ལ་སྦྱང༌། རྒྱལ་སྲས་ཀྱི་སྡོམ་པ་བླངས་ནས་སྤྱོད་པ་ལ་སློབ་པ་ན་མཚན་འཛིན་གྱི་འཆིང་བ་ཤུགས་དྲག་པར་སྣང་ན་མཚན་འཛིན་གྱི་དམིགས་གཏད་རིག་ཤེས་ཀྱིས་བཤིགས་ལ་ནམ་མཁའ་ལྟ་བུ་དང་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་སྦྱང༌། སེམས་དམིགས་པ་ལ་མི་སྡོད་པར་རྣམ་གཡེང་གི་བྲན་དུ་གྱུར་བར་སྣང་ན་རྩེ་གཅིག་པའི་གནས་ཆ་ལ་གཙོ་བོར་སྦྱོང་བར་གོང་མ་རྣམས་གསུངས་ཏེ། དེས་མཚོན་ནས་མ་བཤད་པ་རྣམས་ཀྱང་ཤེས་པར་བྱས་ལ། མདོར་ན་ཕྱོགས་རེ་བར་མ་སོང་བར་རྒྱུད་དགེ་བའི་ཕྱོགས་ཐམས་ཅད་ལ་བཀོལ་རུང་ཞིག་དགོས་པར་གསུངས་སོ། །གསུམ་པ་དེ་ལ་ལམ་ཐམས་ཅད་འདུ་བའི་ཚུལ་བཤད་པ་ནི།


LT09,P015B
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་མཐོ་ངེས་ལེགས་ཐེག་ཆེན་ལས་བརྩམ་བའི། །བཀའ་རྣམས་རིམ་གསུམ་ལམ་འདིར་འདུ་བར་བཞེད། །སངས་རྒྱས་ཀྱིས་ཆོས་གསུངས་པ་ཐམས་ཅད་ཀྱི་དགོས་པའི་དོན་ནི་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པ་འབའ་ཞིག་ཡིན་ལ། བསྒྲུབ་བྱའི་དོན་ལ་གཉིས་ཏེ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སོ། །དང་པོ་སྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི། སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཚེ་ཕྱི་མའི་མཐོ་རིས་ཀྱི་ཕུན་ཚོགས་དོན་དུ་གཉེར་ཞིང༌། དེའི་རྒྱུ་རྣམས་སྒྲུབ་པ་ལ་འཇུག་པའི་ཕྱིར་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་སོ། །ངེས་ལེགས་ལ་གཉིས། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང༌། ཐམས་ཅད་མཁྱེན་པའོ། །དེ་ལ་ཉན་རང་གི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི་སྲིད་པ་མཐའ་དག་ལ་སྐྱོ་བ་བསྐྱེད་ནས་སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་བྱར་བྱས་ཏེ། དེའི་ཐབས་བསླབ་པ་གསུམ་ལ་འཇུག་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་སོ། །རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། གསང་སྔགས་དང་ཕར་ཕྱིན་གྱི་ཐེག་ཆེན་ནོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་པོ་ནི་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་


LT09,P016A
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་གཉིས་སོགས་ལ་སློབ་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཤིང་སྐྱེས་བུ་དེས་བྱང་ཆུབ་སྒྲུབ་པའི་ཐབས་ལ་ཕར་ཕྱིན་དང་སྔགས་གཉིས་ཀ་གསུངས་པའི་ཕྱིར་རོ། །སྤྱིར་སྐྱེས་བུ་གསུམ་གྱི་ཐ་སྙད་འདི་ནི་གཏན་ལ་དབབ་པ་བསྡུ་བ་དང་མཛོད་འགྲེལ་སོགས་མང་པོར་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་འདི་ལྷུར་ལེན་པ་དང་ཕྱི་མ་ལྷུར་ལེན་པ་གཉིས་ཡོད་ཀྱང་འདིར་ནི་གཉིས་པ་སྟེ། དེའང་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་ཉིད་གཟུང་ངོ༌། །དེས་ན་ལེགས་པར་གསུངས་པའི་བཀའ་ཇི་སྙེད་པ་རྣམས་གང་ཟག་གི་བློའི་རིམ་པ་གསུམ་དང་སྦྱར་བའི་ལམ་འདིར་འདུ་བར་བཞེད་དོ། །འདིར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐྱེས་བུ་ཆེན་པོའི་ལམ་དུ་གཞན་གཉིས་ཀྱི་ལམ་ཡང་འདུ་བས་དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཡན་ལག་ཡིན་པར་སློབ་དཔོན་རྟ་དབྱངས་ཀྱིས་གསུངས། དེས་ན་འདིར་ནི་སྲིད་པའི་བདེ་བ་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་དང༌། འཁོར་བ་ལས་ཐར་བ་ཙམ་རང་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་གི་ལམ་དུ་འཁྲིད་པ་མིན་གྱི་དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས། སྐྱེས་བུ་ཆེན་པོའི་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པས་ལམ་ལ་ཐུན་མོང་དང་ཐུན་མོང་མིན་པའི་རྣམ་གཞག་མཛད་པའང་ཤེས་པར་བྱའོ། །དེ་ལྟར་ན་སྐྱེས་བུ་ཆེན་པོའི་ལམ་རིམ་ཁོ་ནར་བྱས་པས་ཆོག་གོ་སྙམ་ན། སྐྱེས་བུ་གསུམ་སོ་སོར་ཕྱེ་སྟེ་ཁྲིད་པ་ལ་དགོས་པ་ཆེན་པོ་གཉིས་ཡོད་དེ། འདི་ལྟར་སྐྱེས་


LT09,P016B
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆུང་འབྲིང་དང་ཐུན་མོང་བའི་བློ་མ་སྐྱེས་པར་ཡང་རང་ཉིད་སྐྱེས་བུ་ཆེན་པོར་ཁས་འཆེ་བའི་ང་རྒྱལ་གཞོམ་པ་དང༌། བློ་རབ་འབྲིང་ཐ་གསུམ་ལ་ཕན་ཆེ་བའོ། །བློ་རིམ་གྱིས་བསྐྱེད་དགོས་པའང༌། མགོན་པོ་ཀླུ་སྒྲུབ་ཀྱིས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཡང་བྱང་ཆུབ་སེམས་དཔའ་ནི། རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར། སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ་ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང༌། སླ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་བསྟན་པ་འབྲིང་དང་གདམས་ངག་དང་རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཅིང་གདམས་ངག་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་གོ་རིམ་དུ་འབབ་པ་ཡིན་ནོ། །ཞེས་གསུངས་པ་དང༌། འཕགས་པ་ལྷས་ཀྱང་སྤྱོད་བསྡུས་སྒྲོན་མེར་སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་བསམ་པ་ལ་སྦྱངས་ནས། དེ་ནས་སྔགས་ལ་འཇུག་ཚུལ་རིམ་ཅན་དགོས་པར་བསྒྲུབས་ཤིང༌། དེའི་དོན་བསྡུས་ཏེ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ན། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །བཞི་པ་ནི། སྙིང་རྗེའི་བོགས་འདོན་བདག་གཞན་བརྗེ་བ་ཡི། །བློ་སྦྱོང་རིགས་ཀྱང་ཁྱད་པར་ཡན་ལག་གོ །ལམ་རིམ་


LT09,P017A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་མཐར་ཐུག་སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བའི་བསྒོམ་བྱ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛིན་གྱི་བོགས་འདོན་བདག་གཞན་བརྗེ་བའི་གདམས་ངག་བློ་སྦྱོང་གི་རིགས་རྣམས་དང༌། གཞན་ཡང་ཇོ་བོ་འབྲོམ་གྱི་ཞལ་ནས་བྱོན་པའི་གདམས་ཁྲིད་རྣམས་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་ཁྱད་པར་གྱི་ཡན་ལག་ཏུ་འགྱུར་ཏེ། དེ་ལ་བློ་སྦྱོང་ནི་སྤྱོད་འཇུག་དང་བསླབ་བཏུས་སོགས་ཀྱི་ཉམས་ལེན་གྱི་བཅུད་ཇོ་བོའི་བླ་མ་རྣམ་པ་གསུམ་གྱིས་མཛད་པའི་རྒྱ་གཞུང་ཉིད་གྲགས་ཆེ་བ་སྟེ། བླ་མ་དྷརྨ་རཀྵ་ཏས་མཛད་པའི་མཚོན་ཆ་འཁོར་ལོ་དང་རྨ་བྱ་དུག་འཇོམས། བྱམས་པའི་རྣལ་འབྱོར་པའི་བདག་འཛིན་འཇོམས་པ་རྡོ་རྗེའི་གླུ། གསེར་གླིང་པའི་རྟོག་པ་འབུར་འཇོམས་དང་ལམ་ཁྱེར་གྱི་ཆོས་བཅོ་བརྒྱད་ལ་སོགས་པའི་དོན་ཉམས་ཁྲིད་དུ་བསྡུས་པ། བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེས་དོན་ཚན་བདུན་དུ་བསྡུས་པ་སོགས་དང༌། གདམས་ཁྲིད་གཞན་བསྟན་རིམ་ཆེན་མོ། བཀའ་གདམས་ལྐོག་ཁྲིད་ལ་སོགས་པ་རྣམས་སོ། །གསུམ་པ་ལམ་འབྲས་བུ་དང་བཅས་པའི་སྒོམ་རིམ་བཤད་པ་ལ་གཉིས། ཆེ་བ་བརྗོད་པས་མཚམས་སྦྱར། བསྒོམ་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་མཆོག །དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་རྫོགས་པའི་རིམ་པ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པས་ཐུགས་ཉམས་སུ་བཞེས་ཤིང་མན་ངག་གི་གཞུང་དུ་བསྡེབས་པ་སྙན་བརྒྱུད་ཚད་མ་བཞི་དང་ལྡན་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་འདི་ཉིད་ནི། རྒྱུད་འདི་སྐོར་གྱི་རྫོགས་རིམ་གྱི་རྒྱལ་པོ་རྩོད་པ་དང་བྲལ་བའི་ལམ་སྲོལ་ཆེན་པོ་ཉི་ཟླ་ལྟར་གྲགས་པ་ཡིན་ལ། དེའི་ཕྱིར་འདིའི་གདམས་སྐོར་ལ་རྗེ་བཙུན་གྲགས་པའི་པོད་སེར་མ་སོགས་མཁས་པ་དང་གྲུབ་པའི་སྐྱེས་བུ་


LT09,P017B
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོའི་བཤད་སྲོལ་དང་ཡིག་ཆའི་རྣམ་གྲངས་མཐའ་ཡས་པ་ཞིག་སྣང་ཡང༌། རྗེས་ཆེན་གྱིས། སྐྱུར་ཨ་སེང་ལ་གདམས་པའི་དོན་བསྡུས་འདི་ཉིད་བོད་གཞུང་རྣམས་ཀྱི་ཐོག་མ་དང་རྩ་བ་ལྟ་བུར་སྣང་བས། སྐབས་འདིར་ཡང་གཙོ་བོར་གཞུང་དེ་ཉིད་དང་མཐུན་པར་གནད་ཀྱི་སྙིང་པོ་དྲིལ་བའི་བསྡུས་དོན་ཅུང་ཟད་ཅིག་བསྙད་པར་བྱའོ། །གཉིས་པ་སྒོམ་དོན་རྒྱས་པར་བཤད་པ་ལ་གསུམ། ཐོག་མར་འཁོར་འདས་ཐུན་མོང་གི་ལམ་བསྟན་པ། འཁོར་ལོ་འཆམ་པ་འཇིག་རྟེན་པའི་ལམ་བསྟན་པ། ཉམས་སུ་བླང་ན་གྲུབ་མཐའ་སྙོགས་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐོག་མར་འཁོར་འདས་ཐུན་མོང་ལམ་ལ་ལྔ། །ཞེས་པའོ། །གཉིས་པ་ལ་ལྔ། སྣང་གསུམ་དུ་བསྟན་པའི་ལམ། རྒྱུད་གསུམ་དུ་བསྟན་པའི་ལམ། ཚད་མ་བཞིར་བསྟན་པའི་ལམ། སྙན་བརྒྱུད་བཞིར་བསྟན་པའི་ལམ། རྟེན་འབྲེལ་ལྔར་བསྟན་པའི་ལམ་མོ། །དང་པོ་ནི། མ་དག་རྣལ་འབྱོར་ཉམས་དང་དག་པ་ཡི། །སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། །དེ་ལ་སྣང་བ་གསུམ་ནི་མ་དག་པའི་སྣང་བ། རྣལ་འབྱོར་ཉམས་ཀྱི་སྣང་བ། དག་པའི་སྣང་བའོ། །དེ་རེ་རེ་ལའང་སྣང་བ་དེའི་རྒྱུ་གང་ཡིན་པ། དེ་འཆར་བའི་གང་ཟག་གང་ཡིན་པ། སྣང་བ་རང་གི་ངོ་བོ་གང་ཡིན་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་ཞིང་དེས་ལམ་གྱི་གཞི་བཅའ་སྟེ། དེའང་མ་དག་པའི་སྣང་བས་དཀྲི་བ་ལ། འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། ལས་རྒྱུ་འབྲས་ལ་ཡིད་ཆེས་སྒོམ་པ་གསུམ་གྱིས་ཉན་ཐོས་དང་ཐུན་མོང་པའི་ལམ་ཆོད་པར་འགྱུར་རོ། །ཉམས་ཀྱི་སྣང་བས་དཀྲི་བ་ལ། རྣལ་འབྱོར་པ་ལ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ལས། ཐུན་མོང་གི་རྣལ་འབྱོར་པས་ཐུན་མོང་གི་ཉམས་རྣམས་རྒྱུད་


LT09,P018A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེས་སྐྱེས་སུ་བསྒོམ་པ་ནི། བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་སྒོམ་པ་གསུམ་ཡིན་ལ། ཐུན་མོང་མིན་པའི་རྣལ་འབྱོར་པས་སྐྱེ་འགྱུར་གྱི་ཉམས་ལ་ངེས་ཤེས་སྐྱེས་སྐྱེས་སུ་སྒོམ་པ་ནི། རང་ཉིད་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་བསྒོམས་པས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་སྐྱེ་བ་ཐམས་ཅད་བཅོ་ལྔར་འདུས་པར་ཤེས་པས་སྤྲོས་པ་ཆོད་པར་བྱས་ནས་ནམ་ཞིག་དེ་དག་སྐྱེས་པའི་ཚེ་སོ་སོར་ངོ་ཤེས་པའི་སྒོ་ནས་བྱུང་རྒྱལ་དུ་སྐྱོང་བའོ། །དག་པའི་སྣང་བས་དཀྲི་བ་ནི། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་དྲན་པར་བྱས་ལ་ངས་ཀྱང་འདི་ལྟ་བུ་ཐོབ་པར་འགྱུར་བ་ཡིན་སྙམ་དུ་སྤྲོ་བ་ཁྱད་པར་ཅན་བསྐྱེད་ནས་སྒོམ་པ་སྟེ། མདོར་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་ལེགས་པར་སྦྱངས་ནས་རྡོ་རྗེ་ཐེག་པའི་ལམ་གྱི་སྣོད་རུང་དུ་བྱ་བ་ནི་ལམ་གྱི་གཞི་བཅའ་བའི་དོན་ནོ། །དེས་ན་སྣང་གསུམ་གྱི་ལམ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་དང་ཐུན་མོང་བའོ། །གཉིས་པ་རྒྱུད་གསུམ་དུ་བསྟན་པའི་ལམ་ནི། རྒྱུ་རྒྱུད་འཁོར་འདས་དབྱེར་མེད་ལྟ་བ་སྐྱོང༌། །ཐབས་རྒྱུད་དབང་བཞི་དང་འབྲེལ་ཟབ་ལམ་བསྒོམ། །འབྲས་རྒྱུད་སྐུ་ལྔ་ཡེ་ཤེས་ཡོན་ཏན་འཆར། །ཉམས་ལེན་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སྐྱོང་བ། ལུས་ཐབས་རྒྱུད་ལ་དབང་བཞི་དང་འབྲེལ་བའི་ལམ་སྒོམ་པ། མཐར་ཐུག་འབྲས་བུའི་རྒྱུད་ལ་སྐུ་ལྔ་ཡེ་ཤེས་ལྔའི་ཡོན་ཏན་འཆར་བ་སྟེ། རྡོ་རྗེ་ཐེག་པའི་ཉམས་ལེན་མ་ལུས་པ་གཞི་ལམ་འབྲས་བུའི་རྒྱུད་གསུམ་གྱིས་ཤེས་པའི་ཚུལ་ཡང༌། ཐོག་མར་རྒྱུ་རྒྱུད་ནི། ཕར་ཕྱིན་ཐེག་པས་རྒྱུད་སྦྱངས་ཤིང་སྙིང་རྗེ་ཆེན་པོས་ཡིད་བསྐྱོད་པ་དག་མྱུར་ཏུ་འཚང་རྒྱ་བའི་ལམ་ནི་རྡོ་རྗེ་


LT09,P018B
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཡིན་འདུག་ཀྱང༌། དེ་ཉམས་སུ་ལེན་པའི་སྐལ་པ་བདག་ལ་མེད་དམ་སྙམ་ན་ཡོད་དེ། ཇི་སྐད་དུ། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞིར་ནི་འདོད། །ཅེས་པ་ལྟར། སྤྱིར་སེམས་ཅན་ཐམས་ཅད་ལ་རྒྱུ་བདེ་གཤེགས་སྙིང་པོ་ཡོད་པའི་ཕྱིར་དང༌། བྱེ་བྲག་ཏུ་འགྲུབ་ཉེ་བ་ལ་དགོངས་ཏེ་ཁ་དོག་དང་དབྱིབས་སོགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་རིགས་སུ་ངེས་པའི་ཕྱིར་དང༌། སྤང་བྱ་ཉོན་མོངས་པ་གང་ཤས་ཆེ་བ་ཡང་དེ་བཞིན་གཤེགས་པ་དེ་དག་གི་རིགས་སུ་ངེས་པའི་ཕྱིར་དང༌། རྐྱེན་གྱི་སྒོ་ནས་ཀྱང་སྐལ་དམན་རིམ་འཇུག་དང་སྐལ་ལྡན་ཅིག་ཅར་བ་གཉིས་སུ་ངེས་ལ། དེ་གཉིས་ཀའང་མཐར་རྡོ་རྗེ་ཐེག་པ་ཉམས་སུ་ལེན་རུང་ཡིན་པའི་ཕྱིར་སྙམ་དུ་ངེས་པར་བྱེད་པ་ནི་རྒྱུ་རྒྱུད་ཀྱི་ཉམས་ལེན་ནོ། །ཐབས་རྒྱུད་ནི། དེ་ནས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་སྒོམ་པའོ། །འབྲས་རྒྱུད་ནི། མཐར་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་པའོ། །དེ་ལྟ་བུའི་གཞི་ལམ་འབྲས་གསུམ་གྱིས་ནི་གསང་སྔགས་ཀྱི་ཉམས་ལེན་མ་ལུས་པ་ཤེས་ཏེ་དེར་མ་འདུས་པའི་གསང་སྔགས་ཀྱི་ཆོས་གཞན་མེད་པའི་ཕྱིར་རོ། །ཡང་ཐབས་ཀྱི་གཙོ་བོ་རིམ་གཉིས་ལ་བཞག་པ་ལྟར་ན་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ནས་ལམ་སྒོམ་པའི་སྣོད་རུང་དུ་བྱས་པ་ནི་རྒྱུ་རྒྱུད་དང༌། ལམ་རིམ་པ་གཉིས་སྒོམ་པ་ནི་ཐབས་རྒྱུད་དང༌། དེ་ལས་འབྲས་བུ་སྐུ་ལྔ་འགྲུབ་པ་ནི་འབྲས་རྒྱུད་དོ། །གསུམ་པ་ཚད་མ་བཞིར་བསྟན་པ་ནི། ལུང་དང་ལོ་རྒྱུས་མན་ངག་ཉམས་མྱོང་གི །ཚད་མ། ཞེས་པ་ལ། སྤྲོས་པ་གཅོད་ཅེས་པའི་སྒྲ་སྦྱར་དགོས་ཏེ། དེའང་ཚད་མ་བཞི་ནི། སམྦུ་ཊི་ལས། བསྟན་བཅོས་ཚད་མ་སློབ་དཔོན་དང༌། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་དོན་དེ་


LT09,P019A
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དངོས་པོ་ཡང༌། །གཅིག་ལས་གཅིག་བརྒྱུད་ཤེས་པར་བྱ། །བླ་མ་རབ་ཀྱི་ཞལ་ལས་བླང༌། །ཞེས་པའི་དོན་གོ་རིམ་བསྒྲིག་ན་ཐོག་མར་བདེ་བར་གཤེགས་པའི་བཀའ་ཡང་དག་པ་ལུང་གི་ཚད་མ་འབྱུང་བས་ལུང་ཚད་མ། དེ་ལ་བརྟེན་ནས་བསྟན་བཅོས་འབྱུང་བས་དངོས་པོའི་མཐའ་རྟེན་ཅིང་འབྲེལ་བར་འབྱུང་བ་ལོ་རྒྱུས་ཀྱི་ཚད་མ། དེ་དག་གི་གདམས་ངག་བླ་མས་སྟོན་པས་བླ་མ་རྡོ་རྗེ་སློབ་དཔོན་རྣམས་ཀྱི་མན་ངག་ཚད་མ། དེས་བསྟན་པ་ལྟར་ཉམས་སུ་བླང་དགོས་པས་གོང་གི་ཚད་མ་གསུམ་ག་གཏན་ལ་འབེབས་པར་བྱེད་པ་རྣལ་འབྱོར་པ་བདག་ཉིད་ཀྱི་ཉམས་མྱོང་རྗེས་སུ་དྲན་པའི་ཚད་མ་འབྱུང་ངོ༌། །དེ་དག་ཀྱང་ཉམས་སུ་བླང་བའི་རིམ་པ་ནི། ཐོག་མར་བླ་མ་ཚད་མ་ཉམས་སུ་ལེན་དགོས་ཏེ། །རྗེ་བཙུན་གྱིས། ཐོག་མར་བླ་མ་ཚད་མར་བྱ་བ་བླ་མ་ལ་མོས་གུས་ཚུད་ཚུད་དུ་བསྒོམས་ལ། ཞེས་པས་སོ། །དེ་ནས་བླ་མ་དེས་བསྟན་པ་ལྟར་ཉམས་སུ་ལེན་དགོས་པ་ཉམས་མྱོང་ཚད་མ། དེ་དག་རྣལ་འབྱོར་དབང་ཕྱུག་གི་དགོངས་པར་སྒྲུབ་པ་བསྟན་བཅོས་ཚད་མ། དེའང་ཚད་མ་ཐམས་ཅད་ཀྱི་མཆོག་སངས་རྒྱས་ཀྱི་དགོངས་པར་སྒྲུབ་པ་ལུང་ཚད་མའོ། །ཚད་མ་བཞིའི་ངོ་བོ་ནི། རང་ལ་ངེས་པའི་ཤེས་པ་ཁྱད་པར་ཅན་སྐྱེས་པས་གཞན་གྱིས་མོས་པ་དབྲོག་པར་མི་ནུས་པའོ། །དེས་སྤྲོས་པ་གཅོད་ཚུལ་ནི། རྒྱུད་གསུམ་གྱི་ནང་ནས་རྒྱུ་རྒྱུད་ལ་རིགས་དྲུག་གི་རྒྱུ་ཉོན་མོངས་པ་དང༌། འབྲས་བུ་རིགས་དྲུག་གཉིས། གཞན་ཡང་ལམ་དང་འབྲས་བུའི་ཉམས་ཐམས་ཅད་ཚད་མ་བཞིས་གཏན་ལ་འབེབས་པའི་ཚུལ་གཞུང་བཤད་རྣམས་ལས་ཤེས་པར་བྱའོ། །བཞི་པ་སྙན་བརྒྱུད་བཞིར་བསྟན་པའི་ལམ་ནི། སྙན་བརྒྱུད་བཞི་ཡིས་སྤྲོས་པ་གཅོད། །གདམས་ངག་གི་སྤྲོས་པ་ཐམས་ཅད་བཤད་མ་ཐག་པའི་ཚད་མ་བཞི་


LT09,P019B
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྙན་བརྒྱུད་བཞིའི་སྒོ་ནས་གཅོད་པར་གསུངས་པའི་སྙན་བརྒྱུད་བཞི་ནི། དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གིས་རྒ་མ་ལོག་པ། མོས་གུས་ཀྱིས་བསམ་པ་ཚིམས་པ་སྟེ་བཞིའོ། །དེ་བཞིའི་དང་པོ་ལ་རྒྱུ་དུས་དང༌། ལམ་དུས་དང༌། འབྲས་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་གསུམ་མོ། །གཉིས་པ་ནི། གསང་སྔགས་མཐའ་བཞིའི་བདག་ཉིད་ཅན་ཏེ་ཉམས་སུ་བླང་བའི་མཐའ་ཅན། ཉམས་སུ་མྱོང་བའི་མཐའ་ཅན། བྱིན་གྱིས་བརླབས་པའི་མཐའ་ཅན། གྲུབ་པའི་མཐའ་ཅན་ནོ། །གསུམ་པ་ནི། འདུ་ལུགས་གསུམ་གྱི་ཁམས་འདུས་པའི་ཚེ་སྲིན་པོས་རྡེག་པ་སོགས་བར་ཆད་ཀྱི་རྣམ་པ་དང༌། འཇིགས་ཤིང་ཉམ་ང་བ་སོགས་ཀྱི་ཉམས་སྐྱེས་པ་ན། ཟམ་འཕྲང་དོག་མོ་སོགས་བགྲོད་པར་དཀའ་བ་ཡང་ལམ་ཡིན་པ་ལྟར་རང་གི་ལམ་དང་རྟེན་འབྲེལ་དུ་ཤེས་པར་བྱའོ། །བཞི་པ་ནི། ཉམས་དེ་དག་ཀྱང་བླ་མས་དེ་ལྟ་བུ་འབྱུང་ངོ་ཞེས་བསྟན་པ་ལྟར་ཐོག་ཏུ་བབས་པས་ངེས་ཤེས་ཁྱད་པར་ཅན་སྐྱེས་ཏེ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཕྱིན་ཅི་མ་ལོག་པར་འཇུག་པའོ། །དེས་སྤྲོས་པ་གཅོད་པའི་ཚུལ་ནི། གོང་དུ་བསྟན་པའི་རྒྱུད་གསུམ་གྱི་ཉམས་ལེན་དེ་དག་ཀྱང་སྙན་བརྒྱུད་བཞི་དང་ལྡན་པ་དགོས་ཀྱི་བཞི་པོ་གང་རུང་ཞིག་མ་ཚང་ཡང་འདིའི་ལུགས་ཀྱི་གདམས་ངག་ཡོངས་སུ་རྫོགས་པར་མི་འགྱུར་ཞིང༌། བཞི་པོ་དེ་དག་ཀྱང་བླ་མ་གོང་མའི་སྙན་བརྒྱུད་ལ་རགས་ལས་པ་ཡིན་ནོ། །ཞེས་ངེས་པར་བྱེད་པའི་ཚུལ་གྱིས་སོ། །ལྔ་པ་རྟེན་འབྲེལ་ལྔར་བསྟན་པའི་ལམ་ནི། ཕྱི་ནང་གསང་བ་དེ་ཉིད་མཐར་ཐུག་གི །རྟེན་འབྲེལ་ལྔ་ཡིས་ལམ་གྱི་ས་མཚམས་བཅད། །རྟེན་འབྲེལ་ལའང་ལྔ་ཡོད་པའི་ཕྱིའི་རྟེན་འབྲེལ་ནི། རླུང་ལོག་དང་མཐོང་སྣང་ལ་སོགས་པ་ཕྱི་རོལ་རགས་པ་སྣང་བའོ། །ནང་གི་རྟེན་འབྲེལ་ནི། རྩའི་ཡི་


LT09,P020A
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཕོ་བྲང་རྣམས་སུ་རླུང་སེམས་ཀྱི་འདུ་འཕྲོད་བྱས་པའོ། །གསང་བའི་རྟེན་འབྲེལ་ནི། འཇིག་རྟེན་ལས་འདས་པའི་ལམ་དུ་ཁམས་བདུད་རྩིའི་དཀྱིལ་འཁོར་ལ་སོགས་པ་དཀྱིལ་འཁོར་བཞི་མངོན་དུ་གྱུར་པའོ། །དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་ནི། ས་དང་པོ་ཡན་ཆད་ཀྱི་ཕྱི་རྟགས་ཐིག་ལེ་ལ་འཆར། ནང་རྟགས་རླུང་ལ་འཆར། དེ་ཁོ་ན་ཉིད་ཀྱི་རྟགས་ཡོན་ཏན་སེམས་ལ་འཆར་བའོ། །མཐར་ཐུག་གི་རྟེན་འབྲེལ་ནི། ས་བཅུ་གསུམ་པར་འགྲོས་བཞི་ཐིམ་པའོ། །དེ་ལྔ་ཡིས་ས་མཚམས་གཅོད་པའི་ཚུལ་ནི། རྟེན་འབྲེལ་དང་པོ་གཉིས་ཀྱིས་འཇིག་རྟེན་པའི་ལམ་གྱི་ས་མཚམས་གཅོད། ཕྱི་མ་གསུམ་གྱིས་འདས་པའི་ལམ་གྱི་ས་མཚམས་གཅོད་པའོ། །ཡང་ན་ཕྱིའི་རྟེན་འབྲེལ་ཚོགས་ལམ་ནང་གི་རྟེན་འབྲེལ་སྦྱོར་ལམ། གསང་བའི་རྟེན་འབྲེལ་མཐོང་ལམ། དེ་ཁོ་ན་ཉིད་ཀྱི་རྟེན་འབྲེལ་སྒོམ་ལམ། མཐར་ཐུག་གི་རྟེན་འབྲེལ་མི་སློབ་ལམ་མོ། །དེ་ལ་སྣང་གསུམ་སོགས་ལྔ་པོ་རེ་རེས་ཀྱང་འཚང་རྒྱ་བའི་ལམ་ཡོངས་རྫོགས་རེ་སྟོན་ཏེ། དེ་རེ་རེས་ཀྱང་འཁོར་འདས་ཐུན་མོང་གི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་ཕྱིར་རོ། །ཡང་ལྔ་ཆར་བསྡམས་ནས་ཀྱང་ལམ་ཡོངས་རྫོགས་གཅིག་སྟོན་ཏེ། གང་ཟག་གཅིག་འཚང་རྒྱ་བའི་ལམ་ལ་ལམ་གྱི་གཞི་བཅའ་བ། ལམ་གྱི་དངོས་གཞི། ལམ་གྱི་སྤྲོས་པ་གཅོད་བྱེད། ལམ་གྱི་ས་མཚམས་གཅོད་བྱེད་བཞི་དགོས་པ་འདི་དག་གིས་རིམ་བཞིན་བསྟན་པའི་ཕྱིར་རོ། །ལྔ་པོ་རེ་རེས་ལམ་ཡོངས་རྫོགས་རེ་སྟོན་ཀྱང་ལྔ་ཆར་བསྟན་པ་ལ་དགོས་པ་ཡོད་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་སྐབས་མི་འདྲ་བ་གསུམ་ལ་སྣང་བ་གསུམ་འཆར་བ་ལ་བཞག་པ་ཡིན་ནོ་ཞེས་ཤེས་པའི་ཕྱིར་དུ་སྣང་གསུམ་གྱི་ལམ། ཆོས་ཐམས་ཅད་རང་གི་སེམས་རྒྱུན་ཆགས་པ་གཅིག་གིས་བསྡུས་པ་ཡིན་ནོ་ཞེས་ཤེས་


LT09,P020B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དུ་རྒྱུད་གསུམ་གྱི་ལམ། ངེས་ཤེས་ཁྱད་པར་ཅན་སྐྱེ་བས་ལམ་མྱུར་ཏུ་བགྲོད་པའི་ཕྱིར་དུ་ཚད་མ་བཞིའི་ལམ། གང་ཟག་གཅིག་འཚང་རྒྱ་བ་བླ་མ་གོང་མའི་སྙན་བརྒྱུད་ཁྱད་པར་ཅན་ལ་རགས་ལས་པར་ཤེས་པའི་ཕྱིར་དུ་སྙན་བརྒྱུད་བཞིའི་ལམ། རྡོ་རྗེ་ཐེག་པའི་ལམ་གྱིས་སངས་རྒྱས་ཀྱི་སར་བགྲོད་པ་ལ་རྟེན་འབྲེལ་ལྔ་ཚང་ཞིང་འགྲིགས་པ་ཞིག་དགོས་སོ་ཞེས་ཤེས་པའི་ཕྱིར་དུ་རྟེན་འབྲེལ་ལྔའི་ལམ་རྣམས་བསྟན་པ་ཡིན་ནོ། །གཉིས་པ་འཇིག་རྟེན་པའི་ལམ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འཁོར་ལོ་འཆམས་པ་འཇིག་རྟེན་ལམ་ལ་གཉིས། །མན་ངག་བདུན་དང་ལམ་གྱི་གེགས་སེལ་ལོ། །ཞེས་པའོ། །གཉིས་པ་ལ་གཉིས། །མན་ངག་གི་གནད་བདུན་དང༌། ལམ་གྱི་གེགས་སེལ་བསྟན་པའོ། །དང་པོ་ལ་བདུན། ཁམས་འདུ་ལུགས་གསུམ་གྱིས་ལམ་ཕྱོགས་མེད་དུ་བྲལ་བའི་གནད། སེམས་གནས་ལུགས་གསུམ་གྱིས་ཏིང་ངེ་འཛིན་ཉེ་རྒྱུ་ཤེས་པའི་གནད། ཉམས་གསུམ་གྱིས་གང་ཡང་ཏིང་ངེ་འཛིན་དུ་ཤེས་པའི་གནད། དྲོད་གསུམ་གྱིས་ཉམས་གང་ཤར་བྱུང་རྒྱལ་དུ་སྐྱོང་བའི་གནད། ལམ་འཁྲིད་ལུགས་གསུམ་གྱིས་ཏིང་ངེ་འཛིན་བྱེ་བྲག་ཤེས་པའི་གནད། ཁམས་འདུས་པ་གསུམ་གྱིས་ལམ་གྱི་ས་མཚམས་ཤེས་པའི་གནད། རྟེན་འབྲེལ་གསུམ་གྱིས་རེ་དོགས་གཉིས་དང་བྲལ་བའི་གནད་དོ། །དང་པོ་ནི། ཁམས་འདུས་གསུམ་པོ་ཕྱོགས་མེད་བདུན་དང་སྐྱར། །དེ་ལ་ཁམས་ཀྱི་འདུ་ལུགས་གསུམ་ནི། ལས་འཕྲོ་ཅན་ངང་གིས་རང་གི་ཁམས་འདུ་བ། མོས་གུས་ཅན་བྱིན་རླབས་ཀྱིས་ཁམས་འདུ་བ། བརྩོན་འགྲུས་ཅན་འབད་རྩོལ་གྱིས་ཁམས་འདུ་བའོ། །ཕྱོགས་མེད་བདུན་ནི། ལས་འཕྲོ་ལ་སྦྱར་ན། ལས་འཕྲོ་ཕྱོགས་མེད་དུ་སད། དེས་རླུང་ཕྱོགས་མེད་དུ་ལོག་དེས་གཏུམ་


LT09,P021A
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མེ་ཕྱོགས་མེད་དུ་འབར། དེས་རྩ་ཕྱོགས་མེད་དུ་དྲལ། དེས་ཁམས་ཕྱོགས་མེད་དུ་འདུ། དེས་ཟག་བཅས་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར། དེས་ཟག་མེད་ཀྱི་མངོན་ཤེས་ཕྱོགས་མེད་དུ་འཆར་བ་སྟེ་བདུན་ནོ། །དེ་བཞིན་དུ་མོས་གུས་དང་བརྩོན་འགྲུས་ལའང་བདུན་རེ་སྦྱར་བའི་ཉེར་གཅིག་གོ །དེའང་གང་ཟག་ཐ་མལ་པ་ལ་ཁམས་འདུས་བྱུང་ཚེ་མན་ངག་མེད་པ་དག་གིས་ཁམས་འདུས་པ་མ་ཡིན་ནོ་ཞེས་སྐུར་འདེབས་དང༌། གདོན་གྱིས་བྱས་པའོ་ཞེས་སྒྲོ་འདོགས་པར་བྱེད་ལ། འདུ་ལུགས་གསུམ་པོ་འདི་དག་ཤེས་ན་སྒྲོ་སྐུར་དེ་དག་དང་བྲལ་བར་འགྱུར་རོ། །གཉིས་པ་ནི། སེམས་གནས་རྣམ་གསུམ་ཏིང་འཛིན་ཉེ་རྒྱུར་རྟོགས། །སེམས་གནས་ལུགས་གསུམ་ནི། རླུང་ལོག་པས་སེམས་གནས་པ། རླུང་སེམས་བདག་བྱིན་རླབས་པས་སེམས་གནས་པ། རྟེན་མཉམ་དུ་འདྲེས་པས་སེམས་གནས་པ་སྟེ། གོང་དུ་བསྟན་པའི་ལས་འཕྲོ་དང་མོས་གུས་དང་བརྩོན་འགྲུས་གསུམ་གང་རུང་ལས་རླུང་ལོག་སོགས་རྣམ་པ་གསུམ་པོ་འདི་དག་འབྱུང་ལ། དེ་ལས་ལུས་ཉམས་དང་སེམས་ཉམས་སོགས་ཀྱིས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་སྐྱེ་བས་རླུང་ལོག་སོགས་ཏིང་ངེ་འཛིན་གྱི་ཉེ་བའི་དངོས་རྒྱུ་དང༌། ལས་འཕྲོ་སོགས་ནི་བརྒྱུད་རྒྱུར་ཤེས་པར་བྱའོ། །གསུམ་པ་ནི། ཉམས་གསུམ་སྐྱེས་པ་གང་ཡང་ཏིང་ངེ་འཛིན། །ཉམས་གསུམ་ལས་ལུས་ཉམས་ནི། བསྒོམས་པའི་སྟོབས་ཀྱིས་རླུང་ནང་དུ་ལོག་པས་ལུས་ལ་འཕར་གཡོ་དང་མཆོང་རྒྱུགས་སོགས་འབྱུང་བའོ། །སེམས་ཉམས་ནི། རྩ་ཡི་གེ་ལ་གནད་དུ་བསྣུན་པས་ཉམ་ང་དང་མྱ་ངན་དང་ཆགས་སྡང་སོགས་ཀྱི་ཉམས་འབྱུང་བའོ། །རྨི་ཉམས་ནི། རླུང་ལ་གནད་དུ་བསྣུན་པས་རྨི་ལམ་དུ་ཡང་གཡོ་བའི་རང་བཞིན་རྟ་རྨི་བ་ལ་སོགས་པ་འབྱུང་བ་སྟེ། མན་ངག་མེད་


LT09,P021B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་གིས་ལུས་ལ་ན་ཟུག་དང་སེམས་ལ་སྡུག་བསྔལ་སོགས་འབྱུང་བ་ན་ཉོན་མོངས་པ་རང་ག་བར་འཆད་ཅིང༌། རྨི་ཉམས་ནི་རྨི་ལམ་རང་ག་བར་འཆད་པས་ཏིང་ངེ་འཛིན་དུ་མི་ཤེས་ལ། འདི་པའི་ལུགས་ཀྱིས་རླུང་སེམས་ཀྱི་འདུ་འཕྲོད་ལས་བྱུང་བའི་ཉམས་གསུམ་དུ་སྐྱེས་པ་གང་ཡང་ཏིང་ངེ་འཛིན་འབའ་ཞིག་བར་ཤེས་པའོ། །བཞི་པ་ནི། དྲོད་གསུམ་ཡིན་མིན་སྐྱེས་བ་བྱུང་རྒྱལ་བསྐྱང༌། །རྣམ་རྟོག་སྔོན་དུ་སོང་བའི་དྲོད་དང༌། ཁམས་དགུ་འདུས་པའི་དྲོད་དང༌། ཐིག་ལེ་འབར་ཞིང་འདུས་པའི་དྲོད་གསུམ་ལ་རྒྱུ་རླུང་སེམས་ཀྱི་རྟེན་འབྲེལ་རིམ་པ་ཡིན་མིན་དུ་འགྲིགས་པས། འབྲས་བུ་དྲོད་རྣམས་ཀྱང་རིམ་པ་ཡིན་མིན་དུ་སྐྱེ། དེ་དག་གང་ལའང་མཚན་མེད་དུ་ངོ་ཤེས་པར་བྱས་ནས་སྐྱོང་བ་ནི་བྱུང་རྒྱལ་དུ་སྐྱོང་བའོ། །ལྔ་པ་ནི། འཁྲིད་ལུགས་གསུམ་གྱིས་ཉམས་ཀྱི་བྱེ་བྲག་དབྱེ། །རླུང་གིས་ལམ་འཁྲིད་པ། ཁམས་བདུད་རྩིས་ལམ་འཁྲིད་པ། རྩ་ཡི་གེས་ལམ་འཁྲིད་པ་ནི་དེད་དཔོན་ལྟ་བུའི་འཁྲིད་ལུགས་གསུམ་ཞེས་བྱ། དེ་དག་གིས་འཁྲིད་པ་ལས་སྐྱེས་པའི་ཉམས་ནི་ཁམས་འདུས་པ། དང་པོ་ལ་རྩ་རླུང་གི་ཟུག་ཆེ་བ། བར་པ་ལ་ཟུག་བྲི་བ་དང༌། ཐ་མ་ལ་ཟུག་བྲལ་བས་འབྱུང་བ་ལུས་འཁྲུགས་སོགས་ཀྱི་གནོད་པ་སེལ་ནུས་པ་འབྱུང་བ་རྣམས་ནི་རླུང་གིས་ལམ་འཁྲིད་པའི་ཉམས་ཀྱི་བྱེ་བྲག་ཡིན་ཞིང༌། འདུས་པ་དང་པོ་ལ་ཏིང་ངེ་འཛིན་མི་གསལ་ཞིང་མི་བརྟན་པ་དང༌། བར་པ་ལ་གསལ་ཞིང་ཆེར་བརྟན་པ་དང༌། ཐ་མ་ལ་མཉམ་རྗེས་མེད་ཅིང་ཡུལ་རྐྱེན་གྱིས་མི་གནོད་པ་འབྱུང་བ་རྣམས་ནི་ཁམས་བདུད་རྩིས་ལམ་འཁྲིད་པའི་ཉམས་ཀྱི་བྱེ་བྲག་ཡིན་ལ། འདུས་པ་དང་པོ་ལ་མ་ངེས་འཁྲུལ་སྣང་རྩ་འཆར་བ་ཉམ་ང་དང་མྱ་ངན་ལ་སོགས་པ་དང༌། བར་པ་ལ་མ་ངེས་པ་མཐོང་སྣང་དུ་འཆར་བ་རིགས་དྲུག་གི་ཉམས་དང་མཐོང་


LT09,P022A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རྣམས་དང༌། ཐ་མ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བ་སྲིད་རྩེ་མན་ཆད་ཏིང་ངེ་འཛིན་གྱི་ཉམས་སུ་འབྱུང་བ་སྙམ་བྱེད་པ་རྣམས་ནི་རྩ་ཡི་གེས་ལམ་འཁྲིད་པའི་ཉམས་ཀྱི་བྱེ་བྲག་སྟེ། དེ་ལྟར་ན་ཉམས་མི་འདྲ་བ་གསུམ་པོ་དེ་དག་ལམ་འཁྲིད་ལུགས་གསུམ་པོ་སོ་སོ་ནས་འབྱུང་བའི་བྱེ་བྲག་དབྱེ་བར་ཤེས་པའོ། །ལམ་འཁྲིད་ལུགས་གསུམ་པོ་འདི་ལ་འཇིག་རྟེན་པའི་ལམ་དུ་ཁམས་འདུས་པ་གསུམ་གྱིས་ས་མཚམས་བཅད་པ་དང༌། འདས་པའི་ལམ་དུ་གྲུབ་མཐའ་བཞིའི་ས་མཚམས་བཅད་པ་གཉིས་སུ་འབྱུང་མོད་ཀྱི། འདིར་འདུས་པ་གསུམ་ལ་སྦྱར་བ་ཙམ་ཞིག་བཤད་པའོ། །དྲུག་པ་ནི། འདུས་གསུམ་དཔེ་གསུམ་སྦྱར་བས་ས་མཚམས་ཤེས། །འདུས་པ་གསུམ་དང་གསུམ་ལ་སྦྱོར་བས་ལམ་གྱི་ས་མཚམས་ཤེས་པའི་ཚུལ་ནི། ཁམས་འདུས་པ་དང་པོ་ལ་བསྒོམ་པའི་སྟོབས་ཀྱིས་རླུང་རྩ་གནས་ཐམས་ཅད་དུ་སོང་བས་རྩ་མདུད་ཅུང་ཟད་གྲོལ་ནས་རྩ་རླུང་གི་ཟུག་འབྱུང་སྟེ། དཔེ་དགུན་གྱི་རླུང་པོ་ལག་ཆ་ཅན་དང་འདྲའོ། །བར་པ་ལ་རྩ་མདུད་ཆེར་གྲོལ་ཞིང་རླུང་སེམས་ཅུང་ཟད་དྭངས་པས་རྩ་རླུང་གི་ཟུག་ཞི་སྟེ། དཔེ་དཔྱིད་ཀྱི་རླུང་པོ་ལག་ཆ་བྲི་བ་དང་འདྲའོ། །ཐ་མ་ལ་རྩ་མདུད་ཆེས་ཆེར་གྲོལ་ཞིང་རླུང་སེམས་ཤིན་ཏུ་དྭངས་པས་ཏིང་ངེ་འཛིན་གྱི་ཕན་ཡོན་དུ་མ་འབྱུང་སྟེ། དཔེ་དབྱར་གྱི་རླུང་པོ་ལག་ཆ་བྲལ་བ་དང་འདྲའོ། །དེ་ལྟར་རྩ་རླུང་གི་ཟུག་ཆེ་བ་དང༌། ཟུག་ཞི་བ་དང༌། ཏིང་ངེ་འཛིན་གྱི་ཡོན་ཏན་མཐའ་ཡས་པ་འབྱུང་བ་ན་རིམ་བཞིན་འདུས་པ་དང་པོ་བར་པ་ཐ་མ་རྣམས་སུ་ཐེ་ཚོམ་མེད་པར་སླེབ་པར་ཤེས་པར་བྱའོ། །བདུན་པ་ནི། རྟེན་འབྲེལ་གསུམ་འཛོམ་རྒྱུ་རྐྱེན་རེ་དོགས་བྲལ། །རྟེན་འབྲེལ་གསུམ་ནི། རླུང་ལོག་གི་རྟེན་འབྲེལ། མཐོང་སྣང་གི་རྟེན་འབྲེལ། རྨི་ལམ་གྱི་


LT09,P022B
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ལོ། །དང་པོ་ནི། བསྒོམ་པའི་སྟོབས་ཀྱིས་རླུང་ནང་དུ་ལོག་པས་ལུས་ལ་འཕར་གཡོ་དང་མཆོང་རྒྱུག་ལ་སོགས་པ་འབྱུང་བའོ། །གཉིས་པ་ལ་གསུམ་ལས། ལུས་རྩའི་མཐོང་སྣང་ནི། རོ་རྐྱང་གི་མདུད་པ་སོ་གཉིས་ཀྱི་དོག་སར་རླུང་སེམས་ཞུགས་པས་རི་བྲག་སོགས་མཐོང་བའོ། །རྩ་ཡི་གེའི་མཐོང་སྣང་ནི། རིགས་དྲུག་གི་ཡི་གེར་རླུང་སེམས་འདུས་པས་རིགས་དྲུག་གི་གནས་མཐོང་བ་ལ་སོགས་པའོ། ཁམས་བདུད་རྩིའི་མཐོང་སྣང་ནི། སྙིང་གའི་བྷྲཱུཾ་ཡིག་ལ་སོགས་པར་བདུད་རྩིའི་དྭངས་མ་མཉམ་དུ་འདུས་པས་རྒྱལ་བ་རིགས་ལྔ་ལ་སོགས་པ་མཐོང་བའོ། །གསུམ་པ་རྨི་ལམ་གྱི་རྟེན་འབྲེལ་ནི། མཐོང་སྣང་དེ་དག་གི་རྒྱུ་དང་གཉིད་ཀྱིས་རྐྱེན་བྱས་ནས་མཐོང་སྣང་དེ་དག་རྨི་ལམ་དུ་འབྱུང་བའོ། །རྟེན་འབྲེལ་གསུམ་པོ་དེ་དག་འབྱུང་བའི་རྒྱུ་ལུས་རྩ་དང༌། རྩ་ཡི་གེ་དང༌། ཁམས་བདུད་རྩི་དང༌། རླུང་རྣམས་རང་གི་ལུས་ལ་རང་ཆས་སུ་འཛོམས་པས་ཕྱི་རོལ་གྱི་རྒྱུ་རྐྱེན་ལ་མ་ལྟོས་པའི་ཕྱིར། མཐོང་སྣང་ལ་སངས་རྒྱས་མཐོང་བ་སོགས་ལའང་དངོས་གྲུབ་ཀྱི་རེ་བ་དང༌། སྲིན་པོས་རྡེག་པ་སོགས་ལའང་བར་ཆད་ཀྱི་དོགས་པ་མི་བྱ་སྟེ། དེ་དག་གི་རྒྱུ་རླུང་སེམས་ཐམས་ཅད་རང་གི་ལུས་ལ་ཚང་བས་སོ་སྙམ་དུ་བྱེད་པ་ནི་རེ་དོགས་དང་བྲལ་བའོ། །གཉིས་པ་ལམ་གྱི་གེགས་སེལ་བསྟན་པ་ལ་གཉིས། སོ་སོར་བསྟན་པ་དང༌། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཕྱོགས་ལྷུང་རྣལ་འབྱོར་གཉིས་ལ་བར་ཆད་བཞི། །སྲུང་བ་བརྒྱད་བརྒྱད་ཐུན་མོང་བཅུ་བཞི་སྟེ། །གནད་ཆེན་བདུན་ཅུ་གདམས་ངག་དྲུག་དང་ནི། །དཀྱིལ་འཁོར་འཁོར་ལོས་ལམ་གྱི་གེགས་རྣམས་སེལ། །གེགས་སམ་བར་ཆད་གང་ཟག་གང་ལ་འཇུག་ན། ཐབས་ཤེས་རེ་རེའི་ཕྱོགས་སུ་ལྷུང་བའི་


LT09,P023A
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་གཉིས་དང༌། ཟུང་འཇུག་གི་རྣལ་འབྱོར་པ་གཅིག་སྟེ་གསུམ་ལས། སྔ་མ་གཉིས་ལ་བར་ཆད་འཇུག་གི་ཕྱི་མ་ལ་མི་འཇུག་གོ །དེས་ན་ཐབས་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པ་ལ་བར་ཆད་བཞི་ལ་སྲུང་བ་བརྒྱད་དེ། བར་ཆད་བཞི་ནི། ལམ་དུ་འཇུག་པ་ན་འཇིག་རྟེན་ཆོས་ཀྱི་བར་ཆད། ཞུགས་པ་ན་ཕྱི་རོལ་བདུད་ཀྱི་བར་ཆད། སེམས་ཅུང་ཟད་བརྟན་པ་ན་བདུད་སྟོབས་འཕེལ་བའི་བར་ཆད། ཆེར་བརྟན་པ་ན་ཏིང་ངེ་འཛིན་ངོ་མི་ཤེས་པའི་བར་ཆད་དོ། །སྲུང་བ་བརྒྱད་ནི། བར་ཆད་དང་པོ་ལ་དད་པ་བརྟན་པོ། གཉིས་པ་ལ་སྲུང་འཁོར། སྔགས་ཟློས། སྔགས་མདུད་གསུམ། གསུམ་པ་ལ་ཆོས་རྣམས་སེམས་ཉིད་ཀྱི་སྣང་བ། གཟུགས་བརྙན་ཡིན་ཕྱིར། དེ་ཁོ་ན་ཉིད་རྒྱ་མཚོའི་དོན་དང་མ་བྲལ་བ་གསུམ། བཞི་པ་ལ་གཞན་དབང་རྟེན་འབྲེལ་ཤེས་པ་རྣམས་ཏེ་བརྒྱད་ཀྱིས་སྲུང་བའོ། །ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་བར་ཆད་བཞི་ནི། ཉམས་དང་སྡུག་བསྔལ་སྐྱེད་པའི་བར་ཆད། གཟུགས་སྟོན་པའི་བར་ཆད། སྒྲ་བརྗོད་པའི་བར་ཆད། ལྟ་གྲུབ་བསྒྱུར་བའི་བར་ཆད་དོ། །སྲུང་བ་བརྒྱད་ནི། བཞི་པོ་དེ་དག་ཕྱིའི་བདུད་ཀྱིས་བྱས་པ་ལ་གཉེན་པོ་སད་པ་བཞིས་སྲུང༌། ནང་གི་བདུད་ཀྱིས་བྱས་པ་ལ་དབང་བཞིའི་བརྡས་བཟློག་པའོ། །ཐུན་མོང་གི་སྲུང་བ་བཅུ་བཞི་ནི། གྲིབ་མ་དྲུག །ཐིག་ལེ་འཛག་པ་དྲུག །སྒྲིབ་པ་གཉིས་རྣམས་བསྲུང་བའོ། །གནད་ཆེན་བདུན་ཅུའི་གེགས་སེལ་ནི། དོན་བསྡུས་མར། རྩ་ཡི་ཟུག་ལ་ལ་དོར་ཤིན་ཏུ་གཅེས། །རླུང་གི་ཟུག་ལ་རྔན་དགས་སྦྱིན་ཏེ་ཟློག །རླུང་རེངས་པ་ལ་ལ་དོར་བྱིན་རློབས་དང༌། །བདེ་བ་སྒོམ་དང་རྣམ་པ་གསུམ་དུ་གསུངས། །ཞེས་པའི་རྩ་ཟུག་ལ་ལ་དོར་བ་ནི། གང་ན་སར་ཤེས་པ་གཏད་དེ་རིག་པ་སེམས་ཀྱིས་ཚིར་གནོན་བྱས་པས་


LT09,P023B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་བའོ། །རླུང་ཟུག་ལ་རྔན་དགས་སྦྱིན་པ་ནི། རླུང་ནང་དུ་རྔུབས་ཏེ་གང་ན་སར་མནན། མི་ཐུབ་པ་འདྲ་ན་སླར་རྔུབས་ཤིང་མནན་པའོ། །རླུང་རེངས་བཅོས་ཐབས་ལ་གསུམ་ལས། ལ་དོར་ནི་སྔར་བཞིན་ནོ། །བྱིན་རླབས་ལ་དྲུག་སྟེ། བླ་མ་དམ་པའི་བྱིན་རླབས། །ལྷག་པའི་ལྷའི་བྱིན་རླབས། ཕྱི་ནང་མཁའ་འགྲོའི་བྱིན་རླབས། ཐེག་ཆེན་མདོ་རྒྱུད་ཟབ་མོའི་བྱིན་རླབས། སྣང་བ་སྣ་ཚོགས་ཀྱི་བྱིན་རླབས། རྟེན་འབྲེལ་ཟབ་མོའི་བྱིན་རླབས་སོ། །བདེ་བ་བསྒོམ་པ་ལ་སྟེང་ལོངས་སྤྱོད་ཀྱི་རླབས་ལ་བརྟེན་པ་དང༌། འོག་གསང་བའི་སྙོམས་འཇུག་ལ་བརྟེན་པ་གཉིས་གསུངས་སོ། །གདམས་ངག་དྲུག་གི་གེགས་སེལ་ནི་ལྟ་བའི་དུག་དབྱུང་བདུད་རྩི་བརྟེན་ལ་དོར་གསུམ་སྒོམ་པ་དང༌། བསམ་གཏན་གྱི་དུག་དབྱུང་བདུད་རྩི་བརྟེན་ལ་དོང་གསུམ་སྒོམ་པ་སྟེ་ཞིབ་པར་གདམས་ངག་དྲུག་གི་སྐབས་ཀྱི་གཞུང་བཤད་ལས་ཤེས་པར་བྱའོ། །དཀྱིལ་འཁོར་འཁོར་ལོའི་གེགས་སེལ་ནི། དཀྱིལ་འཁོར་འཁོར་ལོའི་ལམ་གྱིས་ཐིག་ལེ་འབར་གཡོ་བརྟན་གསུམ་གྱི་བདེ་སྟོང་མཆོག་ཏུ་སྦྱོར་ཏེ། དོན་བསྡུས་མར། ཐིག་ལེ་འབར་དང་གཡོ་དང་བརྟན་པ་དང༌། །རྣམ་གསུམ་དག་གིས་བདེ་སྟོང་མཆོག་ཏུ་འགྱུར། །འབར་བའི་ཚེ་ན་ཐིག་ལེའི་ཟུག་འབྱུང་སྟེ། ཁ་སྦྱོར་དག་ལ་བརྟན་པར་གྱུར་པ་དང༌། །དུད་འགྲོའི་འགྱུར་བ་བཞི་ཡིས་བཟློག་པ་ཡིས། །ལུས་ལ་ཐིག་ལེ་གཡོ་བ་མེད་པར་བྱ། །ཀུན་ཏུ་ཁྱབ་ཅིང་བརྟན་པར་བྱ་བའི་ཕྱིར། །ལུས་ལ་གཏུན་ཤིང་འཁོར་ལོ་བསྐོར་བ་དང༌། །ཡན་ལག་བཞི་ཡིས་རླུང་གི་ཞགས་པ་འཕང༌། །བུ་ཆུང་སྤྱོད་ལམ་དག་གིས་བརྟན་པར་འགྱུར། །ཅེས་གསུངས་པ་ལྟར་ཏེ་དེ་རྣམས་ཀྱིས་ལམ་གྱི་གེགས་ཇི་སྙེད་པ་སེལ་ཏེ་དངོས་གྲུབ་མཆོག་ལ་སྦྱོར་བར་འགྱུར་རོ། །གཉིས་པ་ནི། མདོར་བསྡུས་


LT09,P024A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞིའི་ལམ་ལ་ལྟ་གྲུབ་བརྒྱད། །སྐྱོན་རྣམས་ཡོན་ཏན་བར་ཆད་དངོས་གྲུབ་བླང༌། །གང་སྣང་ཉམས་སུ་ཤེས་པས་རང་གྲོལ་ནས། །གདམས་ངག་ལམ་འབྲས་བུ་དང་བཅས་པའི་ཉམས་ལེན་གྱི་དོན་མདོར་བསྡུ་ན། བུམ་དབང་སོགས་ཀྱི་དབང་བཞིས་སྣོད་རུང་དུ་བྱས་ནས། བསྐྱེད་རིམ་སོགས་ཀྱི་ལམ་བཞི་བསྒོམ་པ་ལས་འཇིག་རྟེན་པའི་ལམ་དུ་ངོ་བོ་ཉིད་གསུམ་སོགས་ཀྱི་ལྟ་བ་བཞི་འཆར་ཞིང༌། འདས་ལམ་དུ་གྲུབ་མཐའ་བཞི་སྙོགས་པ་སྟེ། ལམ་བསྒོམ་པའི་དགོས་པ་ནི་ལྟ་གྲུབ་བརྒྱད་པོ་འདི་དག་གིས་བསྡུས་པའོ། །དེ་ལ་ལྟ་བ་བཞི་ནི། བུམ་དབང་གི་ལྟ་བ་དཀྱིལ་འཁོར་སྒོམ་པ་དང་འབྲེལ་བར་མི་རྟོག་པའི་ཉམས་གཙོ་ཆེ་བའི་ཉམས་སྣང་ཕྱོགས། སྟོང་ཕྱོགས་ཟུང་འཇུག་ངོ་བོ་ཉིད་ཀྱི་ཕྱོགས་གསུམ་ཆར་ཡིད་ཀུན་བརྟགས་དང་བྲལ་བའི་ཆོས་ཉིད། མ་རིག་པ་ལས་ལོག་པའི་ཆོས་ཅན། ངོ་བོ་གཅིག་ཚུལ་གྱི་ལྡོག་པ་ཐ་དད་པ་སྟེ་མཚན་ཉིད་གསུམ་ལྡན་ནོ། །གསང་དབང་གི་ལྟ་བ་གསལ་བ་གཙོ་ཆེ་བའི་རང་བྱུང་གི་ཡེ་ཤེས་བཞི་སྟེ། རྩ་རླུང་ཐིག་ལེའི་ཁྱད་པར་འགའ་ཞིག་དབུ་མར་ཐིམ་པའི་རྟེན་འབྲེལ་ལས་ཉོན་མོངས་ཤུགས་དྲག་པོ་ལྟར་སྣང་བ་ཉོན་མོངས་རང་བྱུང་ལམ་གྱི་ཡེ་ཤེས། རྣམ་རྟོག་ཤུགས་དྲག་པོ་ལྟར་སྣང་བ་རྣམ་རྟོག་རང་བྱུང༌། ཉམས་མཐོ་དམན་འདྲེས་མར་སྣང་བ་སྣྲེལ་ཞི་རང་བྱུང༌། གསལ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པར་འཆར་བ་གསལ་ཞིང་ཡངས་ལ་རང་བྱུང་ཆེན་པོའི་ལམ་གྱི་ཡེ་ཤེས་སོ། །ཤེར་དབང་གི་ལྟ་བ་བདེ་བ་གཙོ་ཆེ་བ་ཡས་བརྟན་གྱི་དགའ་བ་བཞི་རེ་རེར་གནས་དང༌། དུས་དང༌། སྤང་བྱ་དང༌། ངོ་བོ་ཉིད་ལ་ལྟོས་པའི་དབྱེ་བས་བཅུ་དྲུག་ཏུ་འགྱུར་རོ། །དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞི། རྒྱུ་མཐུན་


LT09,P024B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རྣམ་སྨིན་དང༌། སྐྱེས་བུ་བྱེད་པ་དང༌། བྲལ་བའི་འབྲས་བུའི་བདག་ཉིད་ཅན་ནོ། །གྲུབ་མཐའ་བཞི་ནི། དབང་བཞིའི་ལམ་སྒོམ་པའི་གྲུབ་འབྲས་མཐར་ཐུག་པ་སྟེ། ས་དང་པོ་ནས་དྲུག་པའི་བར་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་བྱ་སྟེ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་གཙོར་བྱེད་པས་སོ། །ས་བདུན་པ་ནས་བཅུ་པའི་བར་གསང་དབང་གི་གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ཏེ་སོ་སོ་ཡང་དག་རིག་བཞི་ལ་དབང་འབྱོར་པས་སེམས་ཅན་སོ་སོའི་བསམ་པ་དང་སྐད་དང་མཐུན་པར་ཆོས་མ་འདྲེས་པར་སྟོན་པས་སོ། །ས་བཅུ་གཅིག་པ་དང་བཅུ་གཉིས་པ་ནི་ཤེར་དབང་གི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྟེ་བདེ་སྟོང་གི་ཡུལ་ཚད་དང་བཅས་པའི་ཕྱིར་རོ། །བཅུ་གསུམ་པའི་ཕྱེད་འོག་མ་ནི་དབང་བཞི་པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་ཞེས་བྱ་སྟེ། མཁྱེན་པའི་སྐད་ཅིག་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་ནུས་པའི་ཕྱིར་ཡེ་ཤེས་ཀྱི་ཡུལ་ཚད་མ་མཆིས་པས་སོ། །གེགས་སེལ་ཐམས་ཅད་མདོར་བསྡུ་ན། ཉོན་མོངས་པ་ལ་སོགས་པའི་སྐྱོན་རྣམས་རང་གི་ལམ་དང་རྟེན་འབྲེལ་དུ་ཤེས་པས་ཡོན་ཏན་བརྒྱད་དག་ཏུ་བླང་བ་དང༌། ལྟེ་བའི་ཀྵ་ཡིག་ཏུ་རླུང་སེམས་འདུས་པས་སྲིན་པོས་རྡེག་པ་སོགས་བར་ཆད་ཀྱི་རྣམ་པ་རྣམས་དངོས་གྲུབ་དག་ཏུ་བླང༌། དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་མཐོང་བ་སོགས་ལའང་རེ་བ་དང༌། འཇིགས་ཤིང་ཉམ་ང་བ་སོགས་ལའང་དོགས་པ་མི་བྱ་བར་གང་ཡང་ཉམས་ཀྱི་སྣང་བར་ཤེས་པར་བྱས་པས། བདུད་དང་གོལ་ས་རང་གྲོལ་དུ་འགྱུར་རོ། །གསུམ་པ་ཉམས་སུ་བླང་ན་གྲུབ་མཐའ་སྙོགས་པར་བསྟན་པ་ནི། འཁོར་ལོ་བསྐོར་བ་འདས་པའི་གྲུབ་མཐའ་སྙོགས། །ལམ་དེ་ལྟ་བུས་བསྒྲུབས་པའི་འབྲས་བུ་ནི། ཕྱི་ནང་གི་རྟེན་འབྲེལ་


LT09,P025A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་བཞི་ཐིམ་པས་འཁོར་ལོ་བསྐོར་བ་ཞེས་བྱ་བ་འཇིག་རྟེན་ལས་འདས་པའི་གྲུབ་མཐའ་སྙོགས་པར་འགྱུར་ཏེ། དེའང་བདག་ཉིད་ཀྱི་ཆེ་བ་སྣ་ཚོགས་ཐམས་ཅད་རྫོགས་ཤིང་རྟེན་དཀྱིལ་འཁོར་བཞག་ནས་གྱུར་པའི་དུས་ན། བརྟེན་པ་ཀུན་གཞི་ཉིད་ཀྱང་གནས་གྱུར་ནས་དྲི་མ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཏེ་སྐུ་བཞི་དང་ཤིན་ཏུ་རྣམ་དག་སྒྲིབ་བྲལ་ངོ་བོ་ཉིད་ཀྱི་སྐུ་སྟེ་སྐུ་ལྔ་མངོན་དུ་བྱེད་ཅིང་གནས་གྱུར་ཐུན་མོང་མ་ཡིན་པའང༌། ལུས་རྩ་སྤྲུལ་སྐུ། རྩ་ཡི་གེ་ལོངས་སྐུ། ཁམས་བདུད་རྩི་ཆོས་སྐུ་དང་བདེ་བ་ཆེན་པོ། སྙིང་པོ་ཡེ་ཤེས་ཀྱི་རླུང་ངོ་བོ་ཉིད་སྐུར་གནས་གྱུར་པའོ། །དེའི་ཚེ་དབྱིངས་དང་ཡེ་ཤེས་མཉམ་པ་ཉིད་ལས་མ་གཡོས་བཞིན་དུ་གཞན་དོན་གྱི་ཆེ་བ་སེམས་ཅན་རྣམས་ཀྱི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པར་གང་འདུལ་གྱི་མཛད་པ་རྒྱུན་མི་འཆད་པར་འབྱུང་ལ། གཉིས་ཀའི་ཆེ་བ་འཁོར་ཚོམ་བུ་གཅིག་དང་བཅས་པ་འཚང་རྒྱ་བར་འགྱུར་རོ། །མདོར་ན་སྣང་བ་གསུམ་གྱི་ཉམས་ལེན་གྱིས་ལམ་གྱི་གཞི་བཅས། རྒྱུད་གསུམ་གྱི་ཉམས་ལེན་གྱི་དངོས་གཞི་བྱས། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ཉམས་ལེན་གྱི་སྒྲོ་འདོགས་སེལ། རྟེན་འབྲེལ་ལྔས་ལམ་གྱི་ས་མཚམས་གཅོད་དེ་ཉམས་སུ་ལེན་པའི་ཚེ། ཁམས་འདུས་པ་གསུམ་གྱི་སྐབས་ཤེས་པས་ཕན་འདོགས་པའི་མན་ངག་བདུན་དང༌། གེགས་སེལ་གྱི་སྐོར་རྣམས་ལ་མཁས་པར་བྱས་ནས་ཉམས་སུ་བླངས་ན་གྲུབ་མཐའ་སྙོགས་པ་ནི་ལམ་རྒྱས་པའི་ཁྲེད་ཀྱི་ཚུལ་ལོ། །ལམ་འབྲིང་དུ་བསྡུ་ན། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་གང་ཡིན་པ་དང༌། ཏིང་ངེ་འཛིན་གང་ཡིན་པ་དང༌། དེའི་ཕན་ཡོན། བར་ཆད་ཀྱི་ཆོས་བསལ་བ། ལམ་གྱི་ས་ཚོད་ཇི་ལྟར་ནོན་པ་དང་ལྔ་ནང་གསེས་དང་བཅས་པ་སྟེ་རྡོ་རྗེའི་ཚིག་རྐང་མེད་པས་རྩ་བ་མེད་པའི་


LT09,P025B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འབྲས་སུ་གྲགས་པ་དེའོ། །སྒྲུབ་པའི་ལུང་སྦྱིན་ཅིང་རང་གཞུང་རྩ་བའི་ཚིག་ལ། རྒྱུད་ལ་སྦྱར་བ། ལམ་ལ་སྦྱར་བ། ཐུན་མོང་དུ་ཉམས་སུ་བླང་བའི་མན་ངག་དང་སྦྱར་བ། འབྲས་བུ་དང་སྦྱར་བ་བཅས་ཀྱིས་བསྡུས་པ་ནི་ལམ་བསྡུས་པ་ཡིན་ལ། དེ་དག་ཉམས་སུ་བླངས་ཤིང་རྟོགས་ཚད་བསྐྱེད་པའི་ལམ་གྱི་གཞུང་ཤིང་བཞི། རྟོགས་པ་སྐྱེ་བའི་ཆོས་ལྔར་གྲགས་པ་ལས། གཞུང་ཤིང་ཆེན་པོ་བཞི་ནི། གཞུང་ཇི་ལྟ་བར་དཀྲི་བ། མན་ངག་གནད་དྲུག་གིས་དཀྲི་བ། མན་ངག་གནད་བཅུ་གཅིག་གིས་དཀྲི་བ། དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོ་ནས་དཀྲི་བ་སྟེ། དེ་དག་ལས་འདིར་ནི་ད་ལྟའི་ཁྲིད་སྲོལ་ཡོངས་སུ་གྲགས་པ་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཚུལ་ཉིད་བཤད་པའོ། །གདམས་ངག་ཟབ་པོ་འདི་དགྱེས་རྡོར་གྱི་རྫོགས་རིམ་དུ་ཡོངས་སུ་གྲགས་ཀྱང་རྒྱུད་དེའི་དངོས་བསྟན་གྱི་ཚིག་ཟིན་ལ་མེད་ཅིང༌། སྔ་འགྱུར་ཧེ་རུ་ཀ་གལྤོ་དང་གླང་ཆེན་རབ་འབོགས་ཀྱི་རྟོག་པ་དུམ་བུ་དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་རྣམས་ལས་སྒྲ་ཇི་བཞིན་པ་ཤིན་ཏུ་གསལ་བར་བསྟན་པར་སྣང་བས། ཆོས་དྲུག་ལུགས་གཉིས་བླ་མེད་སྤྱིའི་རྫོགས་རིམ་དུ་འགྲོ་བ་བཞིན་འདིའང་དེ་དག་དང་ཚུལ་འདྲ་བར་མངོན་ནོ། །བཞི་པ་མངའ་བདག་མར་པའི་བཀའ་བརྒྱུད་ཀྱི་སྒོམ་རིམ་བསྟན་པ་ལ་གཉིས། བཤད་པའི་མཚམས་སྦྱར། བསྒོམ་དོན་དངོས་བཤད་པའོ། །དང་པོ་ནི། མངའ་བདག་མར་པའི་བཀའ་བརྒྱུད་རིན་ཆེན་རྣམས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་དགྱེས་མཛད་མར་པ་ལོ་ཙཱའི་རྗེས་འབྲང་ཛམྦུའི་གླིང་ཀུན་ཏུ་ཁྱབ་པའི་བཀའ་བརྒྱུད་རིན་པོ་ཆེའི་ཕྲེང་བ་ཚར་དུ་དངར་ཞིང་བར་མ་ཆད་དུ་བྱོན་པ་རྣམས་ལ། རྣལ་འབྱོར་བླ་མེད་དང་གཙོ་བོར་འབྲེལ་བའི་གདམས་ངག་རྒྱ་མཚོ་ལྟ་བུ་བཞུགས་པ་ཐམས་ཅད་བརྗོད་པར་མི་ནུས་ཀྱང་


LT09,P026A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རིམ་གྱི་གཙོ་བོ་བསྡུས་པ་ནི་འདི་ལྟ་བུའོ། །ཞེས་སོ། །གཉིས་པ་ལ་གཉིས། ཐབས་ལམ་ཆོས་དྲུག །གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གདམས་པའོ། །དང་པོ་ནི། རྡོ་རྗེའི་ཆིངས་ཆེན་པོ་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བ་སྟེ། དེ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དངོས་པོའི་གནས་ལུགས་ལམ་དང་འབྲས་བུའི་རིམ། །བླ་མེད་དོན་སྡུད་རྡོ་རྗེའི་ཚིག་ཏུ་གསུངས། །དེའང་བཀའ་དཔེ་ཕྱི་མ་དང་རིམ་ལྔ་བསྡུས་གསལ་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ལྟར། གཞི་དངོས་པོའི་གནས་ལུགས། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་གྱི་རིམ་པ་གསུམ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མ་ལུས་པའི་དོན་སྡུད་པར་ནུས་པའི་རྡོ་རྗེའི་ཚིག་རྨད་དུ་བྱུང་བ་སྟེ། དཔལ་ནཱ་རོ་ཡབ་སྲས་ཀྱི་བཀའ་བརྒྱུད་རྣམས་ཀྱིས་ལེགས་བཤད་ཀྱི་སྙིང་པོར་གདམས་ཤིང་གསུངས་སོ། །གཉིས་པ་ལ་གསུམ། གཞི་དངོས་པོའི་གནས་ལུགས། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། གནས་ལུགས་གཉིས་པོ་རགས་ཕྲ་ཤིན་ཏུ་ཕྲ། །སྣང་གསུམ་ཐམས་ཅད་སྟོང་པ་འོད་གསལ་སེམས། །ཕུང་ཁམས་རྩ་ཐིག་གཉུག་མའི་ལུས་རྣམས་གཞི། །དེའང་སྔ་མ་ལས། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །སེམས་དང་ལུས་ཀྱི་གནས་ཐབས་ལས། །ཞེས་པ་ལྟར། སེམས་དངོས་པོའི་གནས་ལུགས་དང༌། ལུས་དངོས་པོའི་གནས་ལུགས་གཉིས། དེ་གཉིས་ཀ་ཡང༌། དེ་ཉིད་ལས། རགས་དང་ཕྲ་དང་ཤིན་ཏུ་ཕྲ། །ཐུན་མོང་དབྱེར་མེད་རིམ་ཤེས་བྱ། །ཞེས་གསུམ་གསུམ་དུ་བཤད་པ་ལས། སེམས་ཀྱི་གསུམ་


LT09,P026B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྗེ་མར་པའི་ཉིང་སློབ་རོ་མཉམ་རྡོ་རྗེས། སེམས་ཉིད་དངོས་པོའི་གནས་ལུགས་གསུམ་དུ་བསྟན། །སྣང་བ་གསུམ་གྱི་ཡེ་ཤེས་ལ་འཇུག་པ། །རང་བཞིན་རགས་པའི་ངོ་བོར་བཤད་པར་བྱ། །ཐམས་ཅད་སྟོང་པ་བཞི་པར་བསྟན་པ་ནི། །ཕྲ་བའི་ཆ་སྟེ་ཤིན་ཏུ་ཕྲ་བ་ནི། །མངོན་པར་བྱང་ཆུབ་བྱང་ཆུབ་སེམས་ཡིན་ནོ། །ཞེས་དག་པའི་སེམས་དེ་ལས་སྣང་གསུམ་ལུགས་འབྱུང་དུ་ཤར། དེ་ལས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་དང་བཅས་པར་གྱུར་པ་དེ་སེམས་རགས་པ་སྣང་གསུམ་ལུགས་ལྡོག་ཏུ་འགགས་ནས་ཐམས་ཅད་སྟོང་པ་ཁོ་ནར་གནས་པ་དེ་སེམས་ཕྲ་བ། སྟོང་མྱོང་གི་མཚན་འཛིན་དང་བྲལ་བའི་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་པར་བྱང་ཆུབ་པའི་མིང་ཅན་འོད་གསལ་བ་དེ་ཤིན་ཏུ་ཕྲ་བའི་སེམས་སུ་བཤད་དོ། །དེས་ན་སེམས་དྲི་བཅས་རྒྱུའི་རྒྱུད་དུ་གསུངས་པ་ནི་ཕྲ་བ་དང༌། དྲི་མེད་རྒྱུའི་རྒྱུད་ཤིན་ཏུ་ཕྲ་བའོ། །དེ་བཞིན་དུ་ལུས་ཀྱི་གསུམ་ནི། དེ་ཉིད་ཀྱིས། ལུས་ཀྱི་གནས་ལུགས་གཏན་ལ་དབབ་པ་ནི། །རགས་དང་ཕྲ་དང་ཤིན་ཏུ་ཕྲ་བ་ལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང༌། །རྟེན་དང་བརྟེན་པའི་རང་བཞིན་བཅས་པ་ཀུན། །ལྷ་ཡི་འཁོར་ལོ་རགས་པ་གཏན་ལ་དབབ། །རྩ་དང་རླུང་དང་བྱང་ཆུབ་སེམས་དག་ཀྱང༌། །ཕྲ་བའི་ངོ་བོར་གཏན་ལ་དབབ་པའོ། །རྟེན་དང་བརྟེན་པ་གྲུབ་བདེ་གཅིག་པུ་པ། །ལྷན་ཅིག་སྐྱེས་པ་ཤིན་ཏུ་ཕྲ་བར་བསྟན། །ཞེས་བསྐྱེད་རིམ་བསྒོམ་པའི་དང་པོར་སྟོང་ཉིད་དུ་སྦྱང་བྱ་མ་དག་པའི་ལུས་ཕུང་ཁམས་སྐྱེ་མཆེད་དུ་བཅས་པ་དེ་རགས་པའི་ལུས། རྩ་རླུང་ཐིག་ལེ་གསུམ་ལ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པའི་ལྷར་བསྒྲུབ་བྱ་དེ་ཕྲ་བའི་ལུས། འབྲས་དུས་ལྷན་སྐྱེས་ཀྱི་རྡོ་རྗེ་གསུམ་མམ་སྐུ་གསུམ་འབྲལ་མི་ཤེས་པའི་དངོས་


LT09,P027A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉུག་མའི་ལུས་དེ་ཤིན་ཏུ་ཕྲ་བའི་ལུས་ཏེ་དེ་དག་ནི་གང་དུ་སྦྱང་བའི་གཞི་ཞེས་བྱ་ཞིང༌། དེའང་རགས་པ་ནི་སྦྱང་གཞི་བཏགས་པ་བ། ཕྲ་བ་གནས་སྐབས་ཀྱི་སྦྱང་གཞི། ཤིན་ཏུ་ཕྲ་བ་མཐར་ཐུག་གི་སྦྱང་གཞི་ཡིན་ལ། དེ་དག་ལས། ཕྱི་མའི་དོན་མདོར་བསྡུ་ན། སེམས་དངོས་པོའི་གནས་ལུགས་ནི། །རང་བཞིན་གྱིས་འོད་གསལ་བ་རྒྱར་མ་ཆད་ཕྱོགས་སུ་མ་ལྷུང་སྤྲོས་པའི་མཐའ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཏེ་གྲོལ་ཐིག་ལས། ཟབ་གསལ་གཉིས་མེད་དུ་བཤད་པ་དང་གཉུག་མའི་སེམས་དང་རང་བཞིན་གནས་རིགས་སུ་གསུངས་པའང་འདི་ཉིད་དེ། དེའི་ཚུལ་མང་དུ་སྨོས་ཟིན་པ་ལྟར་རོ། །ལུས་དངོས་པོའི་གནས་ལུགས་ནི། བཙུན་མོའི་བྷ་ག་བདེ་ཆེན་ཏུ། །སྟོན་པ་སུམ་ཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ནི་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་ཁུ་བའི་སྒྲས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་རྩ་རླུང་ཐིག་ལེའི་དྭངས་མ་རྡུལ་གྱི་ཆོས་ཉིད་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གཉུག་མའི་ལུས་ཉིད་དོ། །ངང་བྱུང་རྒྱལ་བས། རྩ་དང་རླུང་དང་ཐིག་ལེ་རྣམས་སེམས་ཀྱི་སྣང་བ་ལས་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་སྟེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པས་རྡོ་རྗེའི་ལུས་ཀྱི་གནས་ལུགས་སུ་


LT09,P027B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཞེས་དང༌། དེ་ཉིད་རྗེ་བདུན་པས། ཚོགས་བརྒྱད་ཀྱི་དྲི་མ་མེད་པའི་རང་ངོ་སྐུ་བཞིར་གནས་པ་དེ་ཉིད་ཐོག་མ་མེད་པའི་དུས་ཅན་རྒྱས་འགྱུར་གྱི་རིགས་སུ་རང་བྱུང་ཞབས་ཀྱིས་བཞེད་པས་དེ་དང་གནད་གཅིག་པར་གསུངས་སོ། །དེ་ལྟ་བུའི་ལུས་སེམས་ཀྱི་གཞིའི་གནས་ལུགས་དེ་གཉིས་ཆུ་དང་འཁྱག་རམ་བཞིན་དུ་དབྱེར་མི་ཤེས་པས་གཞི་དུས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང༌། དེ་ཉིད་སྒོམ་སྟོབས་ཀྱིས་རང་རིག་མངོན་སུམ་ཁོ་ནར་གསལ་བར་ནུས་ཀྱི་ཐབས་གཞན་གྱིས་མ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་འབྱུང་བ་བཞིན་ནོ། །གཉིས་པ་ལམ་བགྲོད་པའི་རིམ་པ་བཤད་པ་ལ་སྤྱི་དོན་མདོ་ཙམ་སྨོས། གཞུང་དོན་སོ་སོར་བཤད་པ་གཉིས་ལས། དང་པོ་ནི། སྤྱིར་ལམ་ལ་སྨིན་གྲོལ་གཉིས། གྲོལ་ལམ་ལ་བསྐྱེད་རྫོགས་གཉིས། རྫོགས་རིམ་ལའང་མཚན་བཅས་མཚན་མེད་གཉིས་སམ་ཐབས་གྲོལ་གཉིས་ལ་སོགས་པ་མཆིས་པ་རྣམས་ནི་གོང་འོག་ཏུ་བཤད་པ་ལྟར་ལ། འདིར་རྫོགས་རིམ་ཐབས་གྲོལ་གྱི་ལམ་དང་དེ་ལས་ཀྱང་ཐབས་ལམ་ནཱ་རོ་ཆོས་དྲུག་ཏུ་གྲགས་པ་ཉིད་འཆད་པའི་སྐབས་སུ་བབས་པ་སྟེ། འདི་ཉིད་རྒྱུད་སྡེ་གང་ལ་བརྟེན་པའི་རྫོགས་རིམ་ཡིན་ཞེ་ན། བླ་མ་གོང་མ་རྣམས་ཀྱིས། གདམས་པ་འདི་ནི་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་མ་ཧཱ་མཱ་ཡཱ། སྙིང་པོ་ཀྱཻ་རྡོ་རྗེ། ཡང་སྙིང་བདེ་མཆོག་འཁོར་ལོ། བཀའ་སྲུང་ཅན་གྱི་གདན་བཞི་རྣམས་ལ་བརྟེན་ནོ། །ཞེས་ཁྱད་པར་ཅན་གྱི་རྒྱུད་སྡེ་ཆེན་པོ་ལྔ་རྩ་བཤད་ཆ་མཐུན་གྱི་རྒྱུད་ཡན་ལག་དང་བཅས་པ་ལ་བརྟེན་པར་གསུངས་པ་ནི་རགས་པ་ཙམ་སྟེ། དོན་དུ་ན་རྣལ་འབྱོར་ཆེན་པོའི་རྒྱུད་མཐའ་དག་དང༌། ཁྱད་པར་


LT09,P028A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་པ་ཡིན་ཏེ། གསང་བ་འདུས་པ་སོགས་ཕ་རྒྱུད་སྐོར་ནས་རླུང་གི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། སྒྱུ་ལུས་འོད་གསལ་དང་བཅས་པའི་གདམས་པ་གསལ་བར་གསུངས་པ་དང༌། མ་རྒྱུད་བདེ་དགྱེས་སྐོར་ནས་རྩ་དང་ཐིག་ལེའི་རྣམ་གཞག་ཤིན་ཏུ་རྒྱས་པ་དང༌། གཏུམ་མོ་ལས་རྒྱ་དང་བཅས་པའི་རྣལ་འབྱོར་གསལ་བར་གསུངས་པ་དང༌། རྡོ་རྗེ་མཁའ་འགྲོ་དང་སྡོམ་འབྱུང་སོགས་ནས་རྨི་ལམ་དང་བར་དོ། །།།དང་གདན་བཞི་སོགས་ནས་འཕོ་བའི་གདམས་ངག་རྣམས་གསལ་བར་གསུངས་ཤིང༌། ཁྱད་པར་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་རྩ་བ་དང་བསྡུས་པའི་རྒྱུད་སེམས་འགྲེལ་སྐོར་དང་བཅས་པར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་དང་གཏུམ་མོ་ལས་རྒྱ་སོགས་ཀྱི་རྣལ་འབྱོར་ཤིན་ཏུ་རྒྱས་ཤིང་གསལ་བར་གསུངས་པའི་ཕྱིར་རོ། །ཞེས་རྗེ་མི་བསྐྱོད་ཡབ་སྲས་རྣམས་བཞེད་དོ། །འདིའི་རྩ་བའི་གཞུང་ཡེ་ཤེས་མཁའ་འགྲོའི་གསུང་བཀའ་ཡང་དག་པའི་ཚད་མ་དོན་གྱི་ཡི་གེ་གསང་བ་དེའི་འགྲེལ་བ་མར་པས་མཛད་པ། །།།ཏེ་ལོ་དང་ནཱ་རོ་པས་མཛད་པའི་གཞུང་སྟེ་ཆོས་དྲུག་བཀའ་དཔེ་སྔ་ཕྱིར་གྲགས་པ་སོགས་རྒྱ་གཞུང་རྩོད་མེད་ཆེ་ཆུང་སུམ་ཅུ་ཙམ་སྣང་བ་རྣམས་ནི་རྩ་བའི་ཁུངས་ཡིན་ལ། བདེ་མཆོག་སྙན་བརྒྱུད་ཀྱི་ཆོས་སྐོར་ལས་བྱོན་པའི་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང༌། སྙན་གྱི་ཤོག་དྲིལ་བཞི་པོ་སོགས་ཀྱང་ཕྱོགས་མཐུན་གྱི་རྒྱབ་བརྟེན་ཡང་དག་པའོ། །གདམས་ངག་འདི་ལ་བླ་མ་གོང་མ་རྣམས་ཀྱིས་བཞེད་པའི་དབྱེ་བསྡུའི་ཁྱད་པར་ནི། བླ་མ་རྔོག་པ་རྣམས་ཆོས་དྲུག་གི་སྙིང་པོ་བསྲེ་འཕོ་གཉིས་སུ་བསྡུ་བར་མཛད་དེ། ནཱ་རོའི་ཚིག་བཅད་བརྒྱད་མར། སྐྱེ་ཤི་རྨི་ལམ་བར་དོ་དང༌། །སྲིད་པ་


LT09,P028B
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་གསུམ་དུ་གནས། །ཉམས་ལེན་བསྲེ་འཕོ་གཉིས་སུ་འདུ། །བསྲེ་བ་བསྒོམ་པས་འཚང་རྒྱ་དང༌། །འཕོ་བ་མ་བསྒོམ་འཚང་རྒྱ་ཐབས། །ཞེས་པ་ལྟར་སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་ཅེས་སམ་བསྲེ་འཕོའི་གདམས་པ་གཉིས་སུ་མཛད་ལ། རྗེ་མར་པའི་བདུད་རྩིའི་ཆུ་རྒྱུན་ལས། བསྒོམས་ཏེ་འཚང་རྒྱ་བ་གཏུམ་མོ་དང་སྒྱུ་ལུས། མ་བསྒོམ་ཡང་འཚང་རྒྱ་བ་འཕོ་བ་དང་ལས་རྒྱ། གཉིད་ལོག་པས་འཚང་རྒྱ་བ་རྨི་ལམ་དང་འོད་གསལ། རང་བཞིན་ཤེས་པས་འཚང་རྒྱ་བ་བར་དོ་དང་ཕྱག་རྒྱ་ཆེན་པོའོ། །ཞེས་དོན་ཚན་བཞིའམ་བརྒྱད་དུ་མཛད། རྗེ་བཙུན་མི་ལས། བར་དོ་བརྒྱད་ཀྱི་ངོ་སྤྲོད་ཅེས་དང༌། ཏེ་པུ་བའི་ཚིག་བརྒྱད་ལས། གཏུམ་མོ་ལས་རྒྱ་གཉིས། རྨི་ལམ་བར་དོ་གཉིས། །འོད་གསལ་ཟུང་འཇུག་གཉིས། འཕོ་བ་གྲོང་འཇུག་གཉིས། ཞེས་ཏེ་ཟུང་བཞི་ཡ་བརྒྱད་དུ་བཞེད། རྗེ་རས་ཆུང་བ་བསྲེ་བ་སྐོར་གསུམ་མམ་བསྲེ་འཕོ་དགུ་སྐོར་ཞེས་བཞེད་དེ། འདོད་ཆགས་བདེ་ཆེན་ངང་བསྲེ་བ་གཏུམ་མོ། ཞེ་སྡང་བདེན་མེད་དང་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པ་དང་བསྲེ་བ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་མོ་སྒོམ། རྨི་ལམ་དང་འོད་གསལ་བསྲེས་ལ་མཚན་མོ་བསྒོམ། བར་དོ་དང་འཕོ་བ་བསྲེས་ལ་འཆི་ཁར་སྒོམ། གང་ཟག་བརྩོན་འགྲུས་ཅན་ལ་གཏུམ་མོ། ལེ་ལོ་ཅན་ལ་རྨི་ལམ། ཚེ་ཐུང་འཕོ་བ་དང་བསྲེ་བ་སྟེ་དགུའོ། །འབྲི་ཁུང་རས་པ་ནཱ་རོ་པའི་ཆོས་བཅུར་འདོགས་ཏེ། ཐོག་མར་སྨིན་ལམ་དབང༌། གྲོལ་ལམ་ལ་རིམ་གྱིས་པས་བསྐྱེད་རིམ། གཏུམ་མོ་ལམ་གྱི་དངོས་གཞི། ཅིག་ཅར་བས་འོད་གསལ། རང་རིག་ལྷག་པར་གནས་པ་གྲོང་འཇུག །འཕོ་བ། རྨི་ལམ། བར་དོ་རྣམས་ཆ་ལག་སྟེ། དེ་རྣམས་བསྒོམས་པས་གནས་


LT09,P029A
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་འབྲས་བུ་རྟགས་ལྔ། ཡོན་ཏན་བརྒྱད། གྲུབ་ཆེན་བརྒྱད། ཕྲིན་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་དང༌། རང་དོན་ཆོས་སྐུ་དང༌། གཞན་དོན་གཟུགས་སྐུ་གཉིས་འགྲུབ་པ་མཐར་ཐུག་གི་འབྲས་བུ་སྟེ་བཅུའོ། །སེ་བན་རས་པ་ཚེ་འདི་དང་བར་དོར་མཆོག་གི་དངོས་གྲུབ་འགྲུབ་པའི་གདམས་ངག་གཉིས་སུ་བྱེད་དེ། གཏུམ་མོ་རྨི་ལམ་འོད་གསལ་འཕོ་བ་བཞི་ལ་བརྟེན་ནས་བརྩོན་འགྲུས་ཅན་ཚེ་འདི་དང༌། ལེ་ལོ་ཅན་བར་དོའི་གདམས་ངག་གིས་སྲིད་པ་བར་དོར་འཚང་རྒྱ་བའི་ཐབས་སོ། །རྗེ་སྒམ་པོ་པས། བསྒོམས་པས་འཚང་རྒྱ་བ་གཏུམ་མོ། སྒྱུ་མ་ལམ་དུ་བྱེད་པས་འཚང་རྒྱ་བ་རྨི་ལམ། གཉིད་མཐུག་ལམ་དུ་བྱེད་པས་འཚང་རྒྱ་བ་འོད་གསལ། མ་བསྒོམ་པར་འཚང་རྒྱ་བ་འཕོ་བ། གྲོང་འཇུག་འཕོ་བའི་ཆ་ལག་དང༌། རྨི་ལམ་སྒྱུ་ལུས་གཅིག་ཏུ་འདུ་ཞིང་བར་དོ་ཡང་དེའི་ཡན་ལག་ཏུ་བྱས་ནས་ཆོས་དྲུག་གམ། ཡང་ན་རྩ་བའི་ཆོས་བཞིར་བསྡུ་བའང་མཛད་དོ། །ཕྱིས་ཀྱི་རྗེས་འབྲང་ཐམས་ཅད་མགྲིན་གཅིག་ཏུ་དཀའ་བ་སྤྱད་པའི་ཡི་གེ་ཕྱི་མ་སོགས་ནཱ་རོ་པ་ཡབ་སྲས་ཀྱི་དགོངས་པ་དང༌། སྒམ་པོ་པ་སོགས་ཀྱི་གསུང་ལ་མཆོག་ཏུ་བཟུང་ནས་རྩ་བའི་ཆོས་བཞི་དང་ཡན་ལག་གི་གཉིས་ཏེ་དྲུག་ཏུ་བྱེད་དོ། །གཉིས་པ་ལ་གསུམ། སྦྱང་བྱ་སྦྱོང་བྱེད་སྦྱར། ཚུལ་བཞིའི་རྣམ་པར་དབྱེ། སྒོམ་དོན་ཞིབ་མོར་བསྟན་པའོ། །དང་པོ་ནི། སྦྱང་བྱ་གནས་སྐབས་བཞི་པོ་སྦྱོང་བྱེད་ལམ། །རྩ་བའི་ཆོས་བཞི་ཡན་ལག་གཉིས་དང་བཅས། །དེའང་རྟེན་གྱི་གང་ཟག་གཅིག་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་བྱེད་པ་ལ་སྦྱང་བྱ་གནས་སྐབས་བཞི་པོའི་བག་ཆགས་ཀྱི་དྲི་མ་སྦྱངས་ཏེ། དེ་རྣམས་སྐུ་བཞིར་ལམ་དུ་བྱེད་པ་ཞིག་དགོས་ལ། དེ་ལྟ་བུའི་སྦྱོང་བྱེད་ལམ་གྱི་གདམས་


LT09,P029B
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཁྱད་པར་ཅན་ནི་གཏུམ་མོ་སོགས་ཆོས་ཚན་བཞི་པོ་འདི་ཉིད་ཡིན་པས་རྩ་བའི་ཆོས་སུ་བཞག་པ་ཡིན་ཏེ། བཀའ་དཔེ་ཕྱི་མ་ལས། གཉིད་དང་རྨི་ལམ་སྙོམས་འཇུག་དང༌། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །བར་དོ་དང་འཕོ་བ་ནི་ཡན་ལག་གི་ཆོས་སུ་གསུངས་ཤིང་དེ་གཉིས་དང་བཅས་པ་ནི་ནཱ་རོའི་ཆོས་དྲུག་ཅེས་པའི་མཚན་གཞིའོ། །དེ་ལ་གནས་སྐབས་བཞི་པོ་ཆོས་གང་གིས་སྦྱོང་ན། རིམ་ལྔ་བསྡུས་གསལ་ལས། གཉིད་དང་རྨི་ལམ་སྙོམས་འཇུག་དང༌། །ཐ་མལ་དུས་དད་རྣམ་པ་བཞི། །འཁོར་ལོ་བཞི་ཡི་བདག་ཉིད་ཀྱིས། །རྩ་དང་ཐིག་ལེ་སེམས་ཤེས་པས། །ཞེས་པའི་དགོངས་པ་བླངས་ཏེ། བླ་མ་རྔོག་པ་རྣམས་ཀྱིས། ཐ་མལ་གྱི་དུས་སེམས་ཀྱི་རྒྱལ་པོ་ལྟེ་བར་གནས། རྨི་ལམ་གྱི་དུས་མགྲིན་པར། གཉིད་ཀྱི་དུས་སྙིང་གར། སྙོམས་འཇུག་གི་དུས་སྤྱོ་བོར་གནས་སོ། །ཞེས་འབྱུང་བ་ལྟར་ཐ་མལ་གྱི་དུས་སེམས་ལྟེ་བར་གནས་ལ། དེའི་ངོ་བོ་ནི་རྣམ་པར་རྟོག་པ་དུ་མའི་དངོས་པོའི་འདུ་ཤེས་ཅན་ནོ། །གནས་སྐབས་དེ་ནི་སྒྱུ་ལུས་ཀྱི་མན་ངག་གིས་སྦྱངས་ཏེ་སྤྲུལ་སྐུར་ལམ་དུ་བྱེད་དོ། །ཐ་མལ་གྱི་དུས་ནི་གཞན་ལས་སད་པའི་དུས་ཞེས་པ་དང་གཅིག་སྟེ་གནས་སྐབས་གཞན་གསུམ་གྱིས་མ་བསླད་པ་ཡིན་པས་སོ། །རྨི་ལམ་གྱི་དུས་སེམས་མགྲིན་པར་གནས་ལ། དེའི་ངོ་བོ་ནི་རླུང་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྣམ་པ་ཅན་ནོ། །གནས་སྐབས་དེ་ནི་རྨི་ལམ་གྱི་མན་ངག་གིས་སྦྱངས་ཏེ་ལོངས་སྐུར་ལམ་དུ་བྱེད་དོ། །གཉིད་མཐུག་གི་དུས་སེམས་སྙིང་གར་གནས་ལ། དེའི་ངོ་བོ་ནི་མུན་པས་ཤིན་ཏུ་ཟིལ་གྱིས་མནན་པ་བརྒྱལ་བ་ལྟ་བུའི་རྣམ་པ་ཅན་ནོ། །གནས་སྐབས་དེ་ནི་


LT09,P030A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་མན་ངག་གིས་སྦྱངས་ཏེ་ཆོས་སྐུར་ལམ་དུ་བྱེད་དོ། །སྙོམས་འཇུག་གི་དུས་སེམས་སྤྱི་བོར་གནས་ལ། དེའི་ངོ་བོ་ནི་བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་བསྒོས་པ་དབང་པོ་གཉིས་སྤྲོད་པའི་འདུ་ཤེས་ཅན་ནོ། །གནས་སྐབས་དེ་ནི་གཏུམ་མོའི་མན་ངག་གིས་སྦྱངས་ཏེ་བདེ་བ་ཆེན་པོའི་སྐུར་ལམ་དུ་བྱེད་དོ། །གཞན་ལས་བཞི་པའི་གནས་སྐབས་ཞེས་པ་ནི་སྙོམས་འཇུག་གི་དུས་དང་གཅིག་སྟེ། འཕོ་བའི་གནས་སྐབས་ཉིད་ལ་དེར་བཤད་ཅིང་འཕོ་བའི་བག་ཆགས་ཀྱི་མཐུས་འདོད་པའི་འདོད་ཆགས་ལྡང་བས་ཀྱང་དེ་དག་ཁྱད་པར་མེད་པར་གྲུབ་ལ། སད་པའི་གནས་སྐབས་ནས་བགྲངས་པའི་བཞི་པ་ཡིན་པས་བཞི་པར་བརྗོད་པའོ། །གཉིས་པ་ནི། ཚིག་དོན་ཆོས་དྲུག་མདོ་སྔགས་གཞུང་ལུགས་གཉིས། །སྤྱི་དོན་ཐུན་ཁྱད་སྦས་དོན་ཉམས་དང་རྟོགས། །མཐར་ཐུག་སློབ་པ་རྗེས་མཐུན་མི་སློབ་དངོས། །ཆོས་དྲུག་པོ་དེ་ཚུལ་བཞིའི་རྣམ་འབྱེད་ཀྱི་ངེས་པ་དང་སྦྱོར་ན། ཐོག་མར་ཚིག་དོན་གྱི་ཆོས་དྲུག་ཐོས་པས་གོ་བར་བྱ་བ་ཡིན་ཏེ། ཉོན་མོངས་པ་ལ་གཏུམ་ཞིང་འཇོམས་པར་བྱེད་པའི་ཡེ་ཤེས་ཀྱི་བདེ་བ་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མའི་ལུས་ཙམ་དུ་སྣང་བ་དང༌། འཁྲུལ་ངོར་སྣང་བའི་ཆོས་ཐམས་ཅད་སྣང་ཡང་བདེན་པར་མ་གྲུབ་བ་རྨི་ལམ་གྱི་དཔེས་མཚོན་པ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང༌། གཉིས་སུ་སྣང་བའི་འཁྲུལ་རྟོག་གིས་འཁོར་འདས་ཀྱི་བར་མ་དོར་འཁྱམས་པ་དང༌། མདོ་རྒྱུད་ཕྱིན་ཅི་མ་ལོག་པའི་དམ་ཆོས་ཉམས་སུ་བླངས་པས་ས་ལམ་གོང་ནས་གོང་དུ་འཕོ་བ་དྲུག །དེ་རེ་རེ་ལའང་མདོ་དང་སྔགས་ཀྱི་གཞུང་ལུགས་ཀྱི་དགོངས་པར་སྦྱོར་བའི་ཚུལ་གཉིས་སུ་ཤེས་


LT09,P030B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྤྱི་དོན་གྱི་ཆོས་དྲུག་བསམ་པས་མྱོང་བར་བྱ་བ་ཡིན་ཏེ། ཙཎྜི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང༌། ཡུལ་སྣང་ལྷ་སྐུ་སྒྱུ་མར་ལྟ་བ་དང༌། རྨི་ལམ་འདུན་པའི་གནད་ཀྱིས་བཟུང་བ་དང༌། རིག་འཛིན་རྗེས་གཞིག་གི་འོད་གསལ་སྦྱང་བ་དང༌། བར་དོ་རང་ངོ་ཤེས་པས་གཅོད་པ་དང༌། འདའ་ཀའི་ཡེ་ཤེས་གོང་དུ་འཕོ་བ་དྲུག །དེ་རེ་རེ་ལ་རྒྱུད་མན་ངག་ཐུན་མོང་དུ་གྲགས་པ་དང༌། ཁྱད་པར་སྙན་བརྒྱུད་གནད་ཀྱི་གདམས་ངག་གཉིས་སུ་ཡོད་དོ། །སྦས་དོན་གྱི་ཆོས་དྲུག་ནི་བསྒོམས་ནས་རྟོགས་པར་བྱ་བ་ཡིན་ཏེ། བདེ་དྲོད་མི་རྟོག་པའི་རྩལ་ཆེན་རྫོགས་པ་དང༌། རླུང་སེམས་ལྷ་སྐུ་སྒྱུ་མར་སྨིན་པ་དང༌། སྟོད་པ་བཞི་ལས་རླུང་སེམས་ཙམ་གྱི་ལྷ་སྐུར་ལྡངས་པ་དང༌། དཔེ་དང་དོན་གྱི་འོད་གསལ་རང་ངོ་འཕྲོད་པ་དང༌། སྣང་སྟོང་ཟུང་འཇུག་ལོངས་སྐུར་གྲོལ་བ་དང༌། འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་བ་དྲུག །དེ་རེ་རེ་ལ་རྗེས་མཐུན་གྱི་ཉམས་སྐྱེ་བ་དང་དངོས་སུ་རྟོགས་པའི་དབྱེ་བས་གཉིས་སུ་ཡོད་དོ། །མཐར་ཐུག་གི་དོན་འཆད་པར་འགྱུར་བའི་ཆོས་དྲུག་པོ་འཕགས་པ་སློབ་པ་རྣམས་ཀྱིས་རྗེས་མཐུན་པ་དང༌། མི་སློབ་པའི་ཟུང་འཇུག་ཐོབ་པའི་ཚེ་དངོས་ཉིད་འགྲུབ་པར་འགྱུར་བ་ཡིན་ནོ། །གསུམ་པ་སྒོམ་དོན་ཞིབ་མོར་བསྟན་པ་ལ་གཉིས། ངོ་བོ་དང་དག་བྱ་དག་བྱེད་ཆབ་གཅིག་ཏུ་བཤད། བསྒོམ་དོན་དངོས་སོ་སོར་བཤད་པའོ། །དང་པོ་ནི། ཁྱད་པར་བསྒོམ་དོན་བདེ་སྣང་རིག་གསལ་སྟོང༌། །དུས་གསུམ་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་ཉིད། །ཕུང་ཁམས་དྲུག་སྦྱོར་རིགས་དྲུག་མངོན་དུ་བྱེད། །གོང་དུ་བཤད་པའི་ཆོས་དྲུག་པོ་དེ་དག་ལས་སྐབས་སུ་བབས་པའི་འཆད་བྱ་ནི། ཁྱད་པར་སྙན་བརྒྱུད་གནད་ཀྱི་གདམས་ངག་ལས་འབྱུང་བའི་སྒོམ་དོན་ཉིད་ཡིན་ཏེ།


LT09,P031A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ངོ་བོ་རིམ་པ་བཞིན་དུ་སྨོས་ན། གཏུམ་མོའི་མན་ངག་སྒོམ་ཐབས་དང་དེ་ལས་བྱུང་བའི་བདེ་སྟོང་ཟུང་འཇུག་དང༌། དེ་གཉིས་སྟོན་པའི་རྗོད་བྱེད་ལའང་གཏུམ་མོ་ཞེས་པའཨ་སྒྲས་སྨས་པ་མང་ཡང༌། གཞན་རྣམས་ནི་བཏགས་པ་བ་ཡིན་ལ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་གཏུམ་མོ་དངོས་ཡིན་པས་དེའི་ངོ་བོ་ཞེས་བྱ། དེ་ལྟ་བུའི་དངོས་བཏགས་ནི་ཕྱི་མ་རྣམས་ལའང་སྦྱོར་དགོས་སོ། །སྒྱུ་ལུས་ཀྱི་ངོ་བོ་ནི་སྣང་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེའི་ཟུང་འཇུག་ཀྱང་དོན་དམ་པའི་བདེན་པ་མངོན་དུ་མ་བྱས་པས་རྟོགས་མི་ནུས་ཤིང༌། འོད་གསལ་ལས་ལུགས་ལྡོག་གི་སྣང་གསུམ་ཡེ་ཤེས་ཀྱི་རླུང་དང་བཅས་པ་ལས་སྒྱུ་མ་ལྟ་བུར་དག་པའི་སྐུར་བཞེངས་པ་ནི་སྒྱུ་ལུས་དངོས་སོ། །རྨི་ལམ་གྱི་ངོ་བོ་ནི། རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། མིག་ཡོར་ཙམ་དུ་སྣང་བ་རང་སེམས་ལས་གཞན་མེད་པ་དེ་ལ་རིག་སྟོང་དུ་བཞག་པའོ། །འོད་གསལ་གྱི་ངོ་བོ་ནི། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། རྣམ་ཤེས་གསུམ་མམ་སྟོང་པ་གསུམ་རྣམ་པར་དག་པ་ནི་ཐམས་ཅད་སྟོང་པ་དང༌། དེའི་གསལ་བ་ནི་གཞན་རྐྱེན་གྱིས་གསལ་བྱ་མིན་པར་ནོར་བུ་རང་འོད་ཀྱི་གསལ་བ་བཞིན་ཡིན་པར་རིམ་ལྔ་ལས་གསུངས་པས་སོ། །བར་དོའི་ངོ་བོ་ནི་དུས་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས་སྐྱེ་གནས་འཇིག་པ་གསུམ་དུ་བརྟགས་ཀྱང་རླུང་སེམས་ཕྲ་བའི་ལུས་ཙམ་ཡིན་པར་བཤད་པས་སོ། །འཕོ་བའི་ངོ་བོ་ནི་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། འཕོ་བྱ་འཕོ་བྱེད་དང་བྲལ་བའི་ངོ་བོ་སྐུ་གསུམ་ཐ་མི་དད་པ་རྡོ་རྗེ་གསུམ་དབྱེར་མེད་ལ་བྱར་རུང་བས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་ཐམས་


LT09,P031B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཐར་སྦྱར་བ་ནི། ཟུང་འཇུག་དེ་ཉིད་སྔ་ཕྱིར་བྱུང་བ་ལྟ་བུ་མ་ཡིན་པར་དུས་མཚུངས་སུ་གནས་པ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་གྲུབ་ལས། གང་དང་མཚུངས་པར་སྐྱེས་པས་ན། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་ཆོས་དང་ཆོས་ཉིད་རོ་མཉམ་པ་ལྟ་བུ་ལ་ལྷན་ཅིག་སྐྱེས་པར་བཤད་པས་སོ། །དེ་བཞིན་དུ་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོ་ཡིན་པས་ཡེ་ཤེས་ཞེས་བརྗོད་པ་ཡིན་ནོ། །དག་བྱ་གང་ཞིག་ལ་དག་བྱེད་ཀྱི་ཆོས་གང་སྦྱོར་ན། དག་བྱེད་གཏུམ་མོའི་མན་ངག་གིས་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་དང༌། ཡེ་ཤེས་ཀྱི་ཁམས་སོགས་སྦྱངས་ནས། དག་འབྲས་དྲུག་པ་རྡོ་རྗེ་སེམས་དཔའི་རིགས་ཀྱི་དངོས་གྲུབ་དང་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་དོ། །དེས་འགྲེས་ཏེ། སྒྱུ་ལུས་ཀྱི་མན་ངག་གིས་གཟུགས་ཀྱི་ཕུང་པོ་ས་ཁམས་སོགས་སྦྱངས་ནས། དེ་བཞིན་གཤེགས་པའི་རིགས་ཀྱི་དངོས་གྲུབ་དང་སྤྲུལ་པའི་སྐུ་མངོན་དུ་བྱེད། རྨི་ལམ་གྱི་མན་ངག་གིས་ཚོར་བའི་ཕུང་པོ་དང་མེ་ཁམས་སོགས་སྦྱངས་ནས། པདྨའི་རིགས་ཀྱི་དངོས་གྲུབ་དང་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད། འོད་གསལ་གྱི་མན་ངག་གིས་འདུ་ཤེས་ཀྱི་ཕུང་པོ་དང་ཆུ་ཁམས་སོགས་སྦྱངས་ནས། རྡོ་རྗེ་རིགས་ཀྱི་དངོས་གྲུབ་དང་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱེད། བར་དོའི་མན་ངག་གིས་འདུ་བྱེད་ཀྱི་ཕུང་པོ་དང་རླུང་ཁམས་སྦྱངས་ནས། ལས་ཀྱི་རིགས་ཀྱི་དངོས་གྲུབ་དང་ཆོས་ཀྱི་སྐུ་མངོན་དུ་བྱེད་དོ། །འཕོ་བའི་མན་ངག་གིས་རྣམ་ཤེས་ཀྱི་ཕུང་པོ་དང་ནམ་མཁའི་ཁམས་སྦྱངས་ནས། རིན་པོ་ཆེའི་རིགས་ཀྱི་དངོས་གྲུབ་དང་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་དོ། །འདི་ལྟར་དག་བྱ་དག་བྱེད་དག་འབྲས་རྣམས་ལེགས་པར་ཁོང་དུ་ཆུད་པ་ལམ་གྱི་གནད་གོ་བ་ལ་གལ་ཆེ་བར་


LT09,P032A
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས། རྗེ་མར་པས་བདུད་རྩི་ཆུ་རྒྱུན་ལས་ཕྱོགས་ཙམ་གསུངས་པ་ལྟར། དཔལ་རང་བྱུང་རྡོ་རྗེ་དང་རྗེ་མཁའ་སྤྱོད་དབང་པོ་སོགས་ཀྱིས་རྒྱས་པར་གསུངས་སོ། །གསུམ་པ་བསྒོམ་དོན་ཞིབ་མོར་བསྟན་པ་ལ་དྲུག །གཏུམ་མོ་ལམ་གྱི་གཞུང་ཤིང༌། སྒྱུ་ལུས་ལམ་གྱི་བོགས་འདོན། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་ལམ་གྱི་སྙིང་པོ། བར་དོ་ལམ་གྱི་བློ་ཆོད། འཕོ་བ་ལམ་གྱི་སྐྱེལ་མའོ། །དང་པོ་གཏུམ་མོ་ལ་གཉིས། སྒྲ་དོན་དང་དབྱེ་བ་སྤྱིར་བསྟན། བསྒོམ་དོན་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། ལམ་གྱི་གཞུང་ཤིང་གཏུམ་མོ་སྟོང་ཉིད་ཀྱི། །ཨ་ཐུང་ནང་ལ་ཟུང་འཇུག་གསང་བ་སྟེ། །སྤྲོས་གཅོད་ཉམས་ལེན་མཆོག་བདེའི་གནས་ལ་སྦྱོར། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷན་སྐྱེས་རྒྱུད་ལ་བསྐྱེད་པས་ཟུང་འཇུག་གི་ལམ་གྱི་གཞུང་ཤིང་ངམ་རྨང་རྡོ་དང་འདྲ་བའི་ཕྱིར་ལམ་གྱི་གཞུང་ཤིང་ནི་གཏུམ་མོ་སྟེ། དེའི་སྒྲ་དོན་ཀྱང༌། གང་ལ་གནད་དུ་བསྣུན་པས་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་ན་གཏུམ་ཞེས་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང༌། མཚོ་སྐྱེས་ཀྱི་ཀྱེ་རྡོར་དཀའ་འགྲེལ་ལས། གཏུམ་མོ་ནི་སྲིད་པའི་ཉོན་མོངས་རྩད་ནས་མེད་པར་བྱེད་པ་ཉིད་དོ། །ཞེས་དང༌། ནཱ་རོ་པའི་དཀའ་འགྲེལ་ལས། གཏུམ་པའི་ལས་ནི་བྱེད་པའི་ཕྱིར། གཏུམ་མོ་རུ་ནི་བརྗོད་པ་ཡིན། །ཅེས་སོ། །བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པའི་དོན་གྱིས་ན་མོ་ཞེས་བྱ་སྟེ། མི་འཇིགས་པའི་གཞུང་འགྲེལ་ལས། ཙཎྜ་ནི་ཤེས་རབ་རྫོགས་པའི་རང་གི་ངོ་བོ་ངེས་པར་རྟོགས་པའོ། །ཨཱ་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ནི་


LT09,P032B
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་དུ་དབྱུང་དུ་མེད་པའི་གོ་འཕང་དུ་འདྲན་ནོ་ཞེས་པས་གཏུམ་མོའོ། །ཞེས་གསུངས་སོ། །བྱེ་བྲག་ཨ་གཏུམ་ཨ་ཐུང་ཨ་ཤད་ཅེས་གསུམ་དུ་འབྱུང་ལ། དེའི་དང་པོ་ནི་ཉོན་མོངས་འཇོམས་པ་སྟེ་བྱེད་ལས་དང༌། གཉིས་པ་སྐྱེ་བ་མེད་པ་སྟེ་རང་བཞིན་དང༌། གསུམ་པ་ཨ་ཕྱིས་པའི་ཤུལ་གྱི་ཨ་ཤད་ལྟ་བུ་སྟེ་དབྱིབས་གསུམ་ལས་བཏགས་པ་ཡིན་ནོ། །གཏུམ་མོའི་དབྱེ་བའི་རྣམ་གྲངས་ཤིན་ཏུ་མང་ཡང་དཔལ་ལྡན་མཁའ་སྤྱོད་དབང་པོས་ཕྱི་ནང་གསང་གསུམ་གྱི་རྣམ་གཞག་མཛད་དེ། དེའི་ཁུངས་ནི། ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་རིག་ཡེ་ཤེས་གང་འདོད་པས། །ཙཎྜ་ལཱི་ཡི་བྱེ་བྲག་བརྟགས། །དང་པོ་རང་བཞིན་ཙཎྜ་ལཱི། །གཉིས་པ་གཏུམ་མོའི་ཙཎྜ་ལཱི། གསུམ་པ་ཁ་སྦྱོར་ཙཎྜ་ལཱི། །ཞེས་པའི་རང་བཞིན་ཙཎྜ་ལཱི་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པས་ཕྱིའི་གཏུམ་མོ་དང༌། གཏུམ་མོ་ཙཎྜ་ལཱི་ནི་ལྟེ་བའི་ཨ་ཐུང་ཉིད་ཡིན་པས་ནང་གི་གཏུམ་མོ་དང༌། ཁ་སྦྱོར་ཙཎྜ་ལཱི་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་འགྱུར་མེད་ཀྱི་བདེ་ཆེན་ཁ་སྦྱོར་ཟུང་འཇུག་ཡིན་པས་གསང་བའི་གཏུམ་མོ་གསུམ་དུ་གསལ་བར་བསྟན་ལ། དང་པོས་ལྟ་བའི་སྤྲོས་པ་བཅད། གཉིས་པས་བསྒོམ་དོན་ཉམས་སུ་ལེན། གསུམ་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་གོ་འཕང་ལ་སྦྱོར་བར་བྱེད་པས་གང་ཟག་གཅིག་གིས་བསྒོམ་པའི་གོ་རིམ་སྤྱིར་དེ་ལྟར་ལ། བྱེ་བྲག་ཐོག་མར་ནང་གི་ཙཎྜ་ལཱི་ལ་སྦྱངས་ནས་བོགས་འདོན་ཕྱིའི་ཙཎྜ་ལཱི་དང་གསང་བའི་ཙཎྜ་ལཱི་ལ་སློབ་པའང་ཡོད་དོ། །སྔ་མ་སྒོམ་པའི་ཚེ་མཆོག་གི་གཏུམ་མོ་དང་སྦྱོར་བར་ནུས་ནས་ངོ་སྤྲོད་ཐེབས་པས་ཕྱི་མ་དག་གི་མྱོང་བ་འདྲེན་ཐུབ་པའང་སྲིད་ཅིང༌། གསང་བའི་གཏུམ་མོ་སྒོམ་པའི་ངེས་པ་ལས་མ་གཡོས་པར་ལམ་གྱི་


LT09,P033A
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལག་ཏུ་ཕྱི་ནང་གི་གཏུམ་མོ་འཁྱེར་བ་ནི་རྨད་དུ་བྱུང་བའི་ཉམས་ལེན་དུ་འགྱུར་བས་དབང་པོའི་རིམ་པ་དང་བསྟུན་ཏེ་འཁྲིད་པ་ཡིན་ནོ། །དེ་དག་ལས་ཕྱི་དོན་ངེས་ཤེས་རྟོགས་བའི་ཙཎྜ་ལཱི་ཞེས་པ་ལྷན་ཅིག་སྐྱེས་སྦྱོར་སོགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་རིམ་པ་དང་དེ་ལས་བྱུང་བའི་མྱོང་བ་ལ་བྱ་སྟེ། འདི་ལ་རྗེ་སྒམ་པོ་པས་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ཞེས་ཀྱང་གསུངས་ཤིང༌། འདི་དོན་དམ་པའི་གཏུམ་མོ་ཡིན་ཀྱང་ཕྱི་དོན་དུ་མཛད་པ་ལ་ཉེས་པ་མེད་དེ། ཤེས་རབ་སྟོང་ཉིད་གཙོ་བོར་སྟོན་པས་འཁོར་ལོ་བར་མཐའ་གཉིས་ཀའི་ངེས་དོན་དང་ཆ་མཐུན་པ་ལས་ཁྱད་པར་འཕགས་ཤིང༌། སྔགས་སུ་སེམས་དམིགས་ཀྱི་མཐུས་རང་བཞིན་བརྒྱད་ཅུའི་སེམས་ཐམས་ཅད་སྟོང་པར་ཐིམ་པ་དང་ཡང་དོན་གཅིག་པས་མདོ་སྔགས་ཐུན་མོང་བ་ཉིད་ཀྱི་ཕྱིར། ཕྱི་དོན་ངེས་ཤེས་རྟོགས་པའི་ཙཎྜ་ལཱི་ཞེས་འཆད་པར་མཛད་པས་སོ། །གསང་དོན་ཉེར་སྦས་ནམ་མཁའི་ཙཎྜ་ལཱི་ཞེས་པའི་ནམ་མཁའ་ལ་ཕྱིའི་ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་དེ། དཔལ་མཆོག་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་པ་ལྟར་རོ། །ནང་གི་ནི་འཆད་འགྱུར་ལྟར་དྷཱུ་ཏིའི་ནམ་མཁའོ། །གསང་བའི་ནི་རྡོ་རྗེ་བཙུན་མོའི་བྷ་གའོ། །དེ་ཁོ་ན་ཉིད་ཀྱི་ནི། དུས་འཁོར་ལས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །ཞེས་བཤད་པ་རྣམས་སོ། །འདི་ནི་ནང་གི་ནམ་མཁའ་ཨ་བ་དྷཱུ་ཏིའི་དོགས་པ་མེད་པའི་ཆོས་འབྱུང་ཁམས་གསུམ་པོ་མཐའ་དག་ཤོང་བའི་མཁའ་དབྱིངས་འོད་གསལ་ཞིང་སྒྲིབ་པ་དང་བྲལ་བ་ལ། གཟུང་འཛིན་གྱི་རྣམ་པར་རྟོག་པས་མི་ཕྱེད་པའི་རང་རིག་ཡེ་ཤེས་དོན་དམ་པའི་རྡོ་རྗེ་འགྱུར་མེད་ཀྱི་བདེ་བས་རྣལ་འབྱོར་དུ་བྱེད་པ་ནི་ནམ་མཁའི་ཙཎྜ་ལཱི་སྟེ། རྡོ་རྗེ་


LT09,P033B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ལས། གསང་བ་སྦས་པ་ཞེས་ནི་བཤད། །ཅེས་པ་ལྟར་སྐལ་པ་དང་མི་ལྡན་པ་རྣམས་ཀྱིས་རྟོགས་མི་ནུས་པས་སྦས་པའམ་གསང་བའི་དོན་ཅན་ནོ། །རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་དང་མི་འགྱུར་བའི་བདེ་བ་གཉིས་སུ་མེད་པ་དེ་ལ་ཙཎྜ་ལཱི་ཞེས་པའི་ཐ་སྙད་ཅིའི་ཕྱིར་གདགས་ཤེ་ན། དོན་འདི་ཉིད་ཟབ་མོའི་རྒྱུད་སྡེ་ལས་འབྱུང་བ། ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་སྲེག་ཅིང༌། །སྤྱན་མ་མིག་ལ་སོགས་པ་ཡང༌། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་པའི་ངེས་ཚིག་དང་བྱེད་ལས་རྗེས་སུ་མཐུན་པའི་ཕྱིར་ཏེ། ལྟེ་བའི་སྒྲས་མཚོན་ནས་ཆོས་ཐམས་ཅད་ཀྱི་དབུས་སམ་སྙིང་པོ་སྟེ་དབུ་མའི་དོན་མཐའ་ཐམས་ཅད་སྤངས་པའོ། །གཏུམ་མོ་ནི་རང་རིག་ཡེ་ཤེས་ཏེ་དེས་རྣམ་རྟོག་ཐམས་ཅད་གཅོད་ཅིང་བདེ་ཆེན་མི་རྟོག་པའི་ཡེ་ཤེས་སྦྱིན་པར་བྱེད་པས་སོ། །སྦར་བ་ནི་རྣལ་འབྱོར་གྱི་མཐུས་མངོན་དུ་བྱེད་པ་ཡིན་ལ། དེས་ཕུང་ཁམས་སྐྱེ་མཆེད་རྣམས་བདེན་དངོས་སུ་འཛིན་པའི་དྲི་མ་བསལ་ཏེ་དེ་བཞིན་གཤེགས་པའི་འཁོར་ལོར་གདོད་ནས་ལྷུན་གྱིས་གྲུབ་པ་གསལ་བར་བྱེད་པས། རིགས་ལྔ་ཡུམ་ལྔ་བྱང་སེམས་ཀྱི་ཚོགས་བཅས་ལ་དེ་མ་ཡིན་གྱི་རྟོག་ཚོགས་བསྲེག་པའི་སྒྲས་བསྟན་ལ། ཚུལ་དེ་ལས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཟླ་བ་བཟང་པོ་སྲིད་པ་ཀུན་ཏུ་སྒྱུ་འཕྲུལ་གྱི་རོལ་པ་ཟད་མི་ཤེས་པ་སྟོན་པ་ལ་འཛག་པའམ་འཕྲོ་བའི་སྒྲས་བསྟན་པར་མཛད་པས་སོ། །དབྱེ་བའི་རྣམ་གྲངས་གཞན་མན་སྙེ་ལས་ལས་དང་རྣལ་འབྱོར་དང་ལྷན་སྐྱེས་ཀྱི་གཏུམ་མོ་གསུམ་དུ་བཤད་པ་དང༌། ནམ་མཁའ་དང་མཉམ་པའི་རྒྱུད་ལས་གཅེར་བུ་ཙཎྜ་ལཱིའི་དབྱེ་བ་བཅུ་གཉིས་སུ་བཤད་པ་དང༌། གསང་བ་བདུད་རྩིའི་རྒྱུད་ལས་སྟུག་


LT09,P034A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཙཎྜ་ལཱི་སོགས་ཀྱི་དབྱེ་བ་མཛད་པ་དང༌། གཞན་ཡང་ལས་དང་ཡེ་ཤེས། ཕལ་པ་དང་མཆོག་མཚན་བཅས་མཚན་མེད། ཀུན་རྫོབ་དོན་དམ། གཞི་ལམ་འབྲས་བུ། རྫས་སྔགས་ཡེ་ཤེས། རྩ་རླུང་ཐིག་གསུམ་གྱི་གཏུམ་མོ་ལ་སོགས་པའི་དབྱེ་སྒོ་མང་དུ་མཆིས་སོ། །གཉིས་པ་ནང་ཟབ་མོ་གནད་ཀྱི་ཙཎྜ་ལཱིའི་སྒོམ་རིམ་བྱེ་བྲག་ཏུ་བཤད་པ་ལ་གསུམ། གང་ལ་གནད་དུ་བསྣུན་པའི་ཡུལ། ཇི་ལྟར་གནད་དུ་བསྣུན་པའི་ཐབས། དེ་ལྟར་གནད་དུ་བསྣུན་པའི་ཡོན་ཏན་ནོ། །དང་པོ་ནི། གནད་དུ་བསྣུན་བྱ་རྩ་གསུམ་འཁོར་ལོ་བཞི། །དེའང་སྤྱིར་ལམ་འདི་དག་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་བྱེད་ཡིན་ལ། དེའི་ཕྱིར་རྩ་རླུང་ཐིག་གསུམ་གྱི་རྣམ་གཞག་ལ་མཁས་པར་བྱ་དགོས་ཀྱང་འདིར་ཡི་གེས་འཇིགས་པས་མ་སྤྲོས་ལ། གོང་དུ་ཐོས་པའི་རིམ་པར་ཕྱེ་བ་ལས་མཚོན་ཙམ་བསྟན་ཅིང༌། རྒྱས་པར་རྒྱུད་སྡེ་རིན་པོ་ཆེ་རྣམས་དང་ཁྱད་པར་རྒྱུད་དང་མཚུངས་པའི་དགོངས་འགྲེལ་ཟབ་མོ་ནང་དོན་གྱི་གཞུང་སོགས་ལས་རྟོགས་པར་བྱ་དགོས་སོ། །འདིར་བསྒོམ་བྱ་མདོར་བསྡུ་ན། ཟབ་མོའི་རྣལ་འབྱོར་གང་ཞིག་གང་ལ་གནད་དུ་བསྣུན་པར་བྱ་བའི་ཡུལ་ལམ་རྟེན་ནི། ཏེ་ལོ་པའི་དེ་ཁོ་ན་ཉིད་བཞིའི་མན་ངག་གསལ་སྒྲོན་ལས། དེ་ལ་རྟེན་གང་ཞེ་ན་རྩའོ། །དེའང་གྲངས་དུ་ཞེ་ན་གཙོ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་ལས་སུམ་བརྒྱ་དྲུག་ཅུའོ། །དེ་ལས་བརྒྱ་ཉི་ཤུའོ། །དེ་ལས་སུམ་ཅུ་རྩ་གཉིས་སོ། །དེ་ལས་ཉི་ཤུ་རྩ་བཞིའོ། །དེ་ལས་གསུམ་མོ། །དེ་ནི་གཙོ་བོའོ། །དེ་ལ་བརྒྱ་ཉི་ཤུ་ནི་འཁོར་ལོ་བཞིའོ། །དེའི་གནས་གང་དང་གང་ཞེ་ན།


LT09,P034B
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་སྤྱི་བོ་ལའོ། །གྲངས་ཇི་ལྟར་གནས་ཤེ་ན། ལྟེ་བ་ལ་དྲུག་ཅུ་རྩ་བཞིའོ། །སྙིང་ག་ལ་བརྒྱད་དོ། །མགྲིན་པ་ལ་བཅུ་དྲུག་གོ །སྤྱི་བོ་ལ་སུམ་ཅུ་རྩ་གཉིས་སོ། །དབྱིབས་ཇི་ལྟ་བུ་ཞེ་ན། པདྨའི་གདན་ལ་ཉི་མའི་འོད་དང་ཕྲད་པ་ལྟ་བུ་རྒྱས་པ་བཀྲག་དང་ལྡན་པའོ། ཁ་དོག་ནི་ཉི་མ་དང་ཟླ་བའི་རྒྱུ་ལས་བྱུང་བས་ཟླ་བའི་ནོར་བུ་ལྟ་བུ་ལ་ཞུན་མར་གྱི་ཟེར་སོང་བ་ལྟ་བུའོ། །ཚུལ་ཇི་ལྟར་ཞེ་ན། ཐབས་དང་ཤེས་རབ་སྦྱར་བས་ན་ཁ་སྦྱོར་གྱིས་གནས་པའོ། །ཞེས་གསུངས་པ་ལྟར་རྩའི་རྣམ་གྲངས་དེ་དག་གི་ནང་ནས་རྣལ་འབྱོར་དུ་བྱེད་པ་ན་རྩ་གསུམ་འཁོར་ལོ་བཞི་ལ་གནད་དུ་བསྣུན་པར་ཏེ་ལོ་པའི་གཞུང་ཆུང་དང་ཆོས་དྲུག་དྲིལ་བ་རྡོ་རྗེའི་གླུ་རྣམས་ལས་གསུངས་སོ། །གཉིས་པ་ལ་གཉིས། རྣལ་འབྱོར་གསུམ་གྱི་རྣམ་གཞག་སྤྱིར་བསྟན། དེའི་ལག་ལེན་ཁྱད་པར་དུ་བཤད་པའོ། །དང་པོ་ལ་གསུམ། རླུང༌། ཐིག་ལེ། གཏུམ་མོའི་རྣལ་འབྱོར་རོ། །དང་པོ་ནི། སྦྱོར་བ་བཞི་དང་གནད་ལྔས་རླུང་བཟུང་སྟེ། །སེམས་ཡུལ་ལ་འཇུག་པའི་ཞོན་པ། ཁམས་གསུམ་སྣོད་བཅུད་ཀྱི་བཀོད་པ་བྱེད་པའི་བཟོ་བོ་རྩ་བ་དང་ཡན་ལག་གི་རླུང་གཡོ་མེད་དུ་འཆིང་བ་ནི་ཐབས་གྲོལ་ལམ་ཀུན་གྱི་གཞི་རྟེན་ཡིན་པས། དེ་ལ་ཇི་ལྟར་རྣལ་འབྱོར་དུ་བྱེད་ན། སྦྱོར་བ་བཞི་དང་གནད་ལྔ་ལ་བརྟེན་ནས་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བའི་བུམ་པ་ཅན་ལ་གཙོ་བོར་བྱ་སྟེ། སྡོམ་འབྱུང་ལས། སྟེང་དང་འོག་ཏུ་རྒྱུ་བའི་རླུང༌། ཁ་སྦྱོར་དུ་ནི་ཡིད་ཀྱིས་བྱ། །དེ་ཡི་སྦྱོར་བ་གོམས་བྱེད་ན། །དེས་ནི་བརྟན་པའི་གོ་འཕང་ཐོབ། །ཅེས་པས་སོ། །སྦྱོར་བ་དེས་རླུང་ཟིན་པ་ལའང་རིགས་བཞི་སྟེ། འབྱུང་བ་རང་རང་གི་སོར་མོའི་གྲངས་ཕྱིར་ཐུང་དུ་སོང་བ་ཚད་ཟིན་པ། འབྱུང་རྔུབ་ཉུང་དུ་སོང་བ་གྲངས་ཟིན་པ། ཕྱི་རྒྱུ་བ་དལ་


LT09,P035A
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དུ་སོང་བ་ཤུགས་ཟིན་པ། རང་གནས་ལྟེ་བ་སོགས་སུ་གནས་ནས་ཕྱིར་མི་རྒྱུ་བ་ཡུན་རིང་དུ་འགྲོ་བ་ཡོན་ཏན་ཟིན་པ་རྣམས་ལས། དང་པོ་གསུམ་དུད་འགྲོའི་རིགས་འགའ་ཞིག་ལའང་འབྱུང་བས་རྣལ་མ་མིན་ལ། ཕྱི་མ་ནི་རླུང་ཟིན་པ་རྣལ་མ་སྟེ་དེ་ལས་ཉམས་མྱོང་རྒྱུད་ལ་སྐྱེ་བས་སོ། །དེ་ལ་སྦྱོར་བ་བཞི་ནི། བཀའ་དཔེ་ཕྱི་མ་ལས། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་བ་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉེན། །ཞེས་གསུངས་པ་ལྟར་དང༌། གནད་ལྔ་ནི། རླུང་ལོག་མི་འབྱུང་བ་འབུད་པའི་གནད། རང་གནས་སུ་གཟུང་པ་རྔུབ་པའི་གནད། དབང་དུ་བསྡུ་བ་དགང་བའི་གནད། རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། ཕྱི་ནང་བསྲེ་བ་འཕང་བའི་གནད་རྣམས་སོ། །གཉིས་པ་ནི། །ཞུ་བདེའི་ཐིག་ལེ་ཁ་སྦྱོར་འཛག་མེད་འཆིང༌། །རྩ་བ་མི་ཤིགས་པའི་ཐིག་ལེ་ལས་གྱེས་པའི་ཐིག་ལེའི་རྣམ་གྲངས་མཐའ་ཡས་པ་ལས་རྣལ་འབྱོར་དུ་བྱེད་པ་ན། གཙོ་བོར་བྱང་སེམས་དཀར་དམར་ཞུ་བདེའི་ཐིག་ལེ་གཉིས་འབར་འཛག་གི་འཕྲུལ་གྱིས་ཁ་སྦྱོར་བ་ལ་བརྟེན་ནས། འཕོ་བའི་ཀུན་རྟོག་འཛག་མེད་དུ་འཆིངས་ཏེ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམས་པ་ཡིན་ཏེ། མངལ་དུ་ཁུ་ཁྲག་གཉིས་ཡོངས་སུ་གྱུར་པ་ལས་ལུས་འདི་འགྲུབ་པའི་ཕྱིར་ན་བྱང་སེམས་དཀར་དམར་གཉིས་ཁམས་ཀྱི་གཙོ་བོ་དང་ལུས་གཞན་རྣམས་དེ་གཉིས་ཀྱི་རྣམ་འགྱུར་ཡིན་པས་སོ། །བྱང་སེམས་གཉིས་ཀྱང་སྤྱི་བོར་དཀར་པོ་དང༌། ལྟེ་བར་དམར་པོ་ཤས་ཆེ་བར་གནས་པ་ཡིན་ལ། མ་ལས་ཐོབ་པ་དམར་ཆའི་དྭངས་མ་གཏུམ་མོ་ཨ་ཐུང་གི་མཚན་ཉིད་ནི། ཉི་མའི་ཆོས་ཉིད་རྣམ་པར་དག་པའི་ཁ་དོག་དམར་བ། རླུང་མེའི་དྲོད་ཅན་གྱི་ངོ་བོར་གྲུབ་པའི་རེག་བྱ་ཚ་བ། བྱང་ཆུབ་ཀྱི་


LT09,P035B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡེ་ཤེས་ཀྱི་བདུད་རྩི་དམ་པའི་ཕྱིར་ཉམས་མྱོང་བདེ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དེ་མཚན་ཉིད་བཞི་དང་ལྡན་པ། ཕ་ལས་ཐོབ་པའི་དཀར་ཆའི་དྭངས་མ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཧཾ་ཡིག་ནི། ཟླ་བའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཤེས་རབ་ཀྱི་རང་བཞིན་ཙཎྜ་ལཱི་དང་འབྲེལ་བའི་ཕྱིར་མུ་ཏིག་གི་རྡོག་ལྟར་འཚེར་བ། བྱང་ཆུབ་ཀྱི་སེམས་བདུད་རྩིའི་བཅུད་དང་ལྡན་པའི་ཕྱིར་སྣུམ་པ། རྩའི་གནས་གང་ཡང་རུང་བར་སྤྱན་དྲངས་བདེ་བའི་ཕྱིར་ཀུན་ནས་ཀུན་ཏུ་ཟླུམ་པས་འདྲིལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའོ། །དཀར་ཆ་དེ་ཉིད་གཙོ་ཆེར་སྤྱི་བོར་གནས། ཆ་ཤས་ཀྱིས་ལུས་སྤྱི་དང་ཁྱད་པར་འཁོར་ལོ་རྣམས་ལ་ཁྱབ་པས་དེ་བཞི་རེ་རེར། ལུས་ངག་ཡིད་བདེ་བའི་ཁམས་བཞིའི་དྲི་མ་སྦྱོང་བའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དགའ་བ་བཞི་སྐྱེ་བའི་རྟེན་བྱེད་པའི་ཡོན་ཏན་ཅན་གྱི་དཀར་ཆའི་ཞུ་ཆ་སོ་སོར་གནས་པ་དང༌། འཁོར་ལོ་གོང་མ་རྣམས་ནས། དེ་ལྟའི་ཡོན་ཏན་སྐྱེ་ནུས་ཀྱི་ཞུ་ཆའི་རྒྱུན་འབྱུང་བས་དཀར་ཆ་བཅུ་དྲུག་ལ་བརྟེན་པའི་དགའ་བ་བཅུ་དྲུག་གི་མཐར་ལྷན་སྐྱེས་ཀྱི་དགའ་བ་འཆར་བ་དང༌། དམར་ཆའང་ལྟེ་བར་གནས་ཀྱང་ཆ་ཤས་ཀྱིས་འཁོར་ལོ་རྣམས་ལ་ཁྱབ་པས་དེ་བཞི་རེ་རེར་རྡུལ་མུན་སྙིང་སྟོབས་གསུམ་གྱི་དྲི་མ་སྦྱོང་བའི་རྡོ་རྗེ་གསུམ་གྱི་བདེ་བ་སྐྱེ་བའི་རྟེན་བྱེད་པའི་ཡོན་ཏན་ཅན་གྱི་དམར་ཆའི་ཞུ་ཆ་སོ་སོར་གནས་པ་དང༌། འཁོར་ལོ་གོང་མ་རྣམས་ནས་དེ་ལྟའི་ཡོན་ཏན་སྐྱེད་ནུས་ཀྱི་ཞུ་ཆའི་རྒྱུན་འབྱུང་བས་དམར་ཆ་བཅུ་གཉིས་ལ་བརྟེན་པའི་དགའ་བ་བཞི་གསུམ་བཅུ་གཉིས་ཀྱི་མཐར་ལྷན་སྐྱེས་ཀྱི་དགའ་བ་འཆར་བ་ཡིན་ནོ། ཁམས་དཀར་དམར་ལ་བྱང་སེམས་ཞེས་པའི་དོན་ཇི་ལྟ་བུ་སྙམ་ན། བྱང་སེམས་ལ་རྒྱུ་ལམ་འབྲས་བུ་གསུམ་ཡོད་


LT09,P036A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུའི་ནི་སེམས་ཅན་གྱི་རྒྱུད་ལ་གདོད་ནས་གྲུབ་པའི་ཐོག་ཐ་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །ལམ་ལ་སྤྱི་སྦས་གཉིས་ལས་སྤྱི་དོན་ནི་རྒྱུའི་ཐེག་པར་གྲགས་པའི་བདེན་གཉིས་ཀྱི་བྱང་སེམས་སོ། །སྦས་དོན་ནི་གདོད་ནས་གནས་པའི་སྒྲིབ་མེད་དྭངས་མའི་ཁམས་བྱང་སེམས་དེ་རྡོ་རྗེའི་ལུས་སྒྲིབ་བྲལ་དུ་གནད་བཅིངས་པས། དེ་ཉིད་ཞུ་བ་ན་རྟེན་འབྲེལ་གྱི་དབང་གིས་བདེན་གཉིས་ཀྱི་བྱང་སེམས་རྒྱུད་ལ་སྐྱེ་བས་དཀར་དམར་གྱི་དྭངས་མའང་བྱང་སེམས་སོ། །སྤྱི་སྦས་ཀྱི་བྱང་སེམས་གཉིས་ཀྱང་ཕྱི་མ་མཆོག་སྟེ་སྤྱི་ནི་རྟེན་པ་སེམས་རྐྱང་པའི་བྱང་སེམས་ཡིན་པས་ཕྱིར་མི་ལྡོག་པ་དང་འགྱུར་མེད་ཀྱི་བྱང་སེམས་སུ་མི་འགྲུབ་ལ། སྦས་པ་ནི་རྟེན་ལུས་དང་བརྟེན་པ་སེམས་གཉིས་ཀའི་བྱང་སེམས་ཡིན་པས་དེ་གཉིས་སུ་འགྲུབ་པས་སོ། །འབྲས་བུའི་ནི་རྡོ་རྗེ་འཆང་ཉིད་དོ། །མདོར་ན་ལྟེ་བ་དང་སྤྱི་བོར་བྱང་སེམས་དཀར་དམར་ཨ་ཧཾ་གི་ངོ་བོར་གནས་པ་ནི་འཁོར་བ་པའི་དུས་སུ་ངའོ་ཞེས་པའི་སྒྲ་ལས་ཆོས་དང་གང་ཟག་གི་བདག་འཛིན་གཉིས་བསྐྱེད་ཀྱང༌། རྟེན་གྱི་གནད་བཅིངས་པའི་འབར་ཞུའི་རྟེན་འབྲེལ་ལས་བདག་མེད་གཉིས་ཀྱི་ཡེ་ཤེས་ཀྱང་རང་བྱུང་གིས་འཆར་ལ་དེ་བཞིན་གཤེགས་པའི་དབུགས་དབྱུང་གཟུགས་སྐུ་དང་རྡོ་རྗེ་འཆང་གི་དབུགས་དབྱུང་ཆོས་སྐུ་བདག་མེད་པའི་བདག་ཐོབ་ནས་གཞན་྄དུ་མི་གཡོ་བར་ཕྲིན་ལས་ཀུན་འགྲོ་རྟག་བཞུགས་ཀྱི་གོ་འཕང་འགྲུབ་པ་རྡོ་རྗེ་ཕྲེང་བ་ལས་གསུངས་སོ། །གསུམ་པ་ནི། གཞི་དུས་ལྟེ་གསང་རྫས་སྔགས་ཡེ་ཤེས་སུ། །གནས་པའི་གཏུམ་མོ་དམིགས་རླུང་ཐབས་ཀྱིས་སྦར། །འགྱུར་མེད་ཀྱི་བདེ་བ་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ནང་གི་གཏུམ་མོ་ལའང་གཞི་དུས། ལམ་དུས། འབྲས་དུས་ཀྱི་གཏུམ་མོ་


LT09,P036B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དང་པོ་གཞི་དུས་ཀྱི་གཏུམ་མོའི་གནས་ནི་རྒྱུད་སྡེ་ཕལ་ཆེར་ལས་ལྟེ་བ། འཇམ་དཔལ་ཞལ་ལུང་ལས་གསང་བ། རྡོ་རྗེ་སྙིང་འགྲེལ་ལས་གཉིས་ཀར་བཤད་པ་སོགས་ཡོད་ཀྱང་མི་འགལ་ཏེ། སྙིང་འགྲེལ་ལས། ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་ཏེ་ནམ་མཁར་ཟླ་བ་བཞིན་གཏུམ་མོ་དངོས་ལྟེ་བར་གནས་པ་དང༌། ཆུ་ནང་དུ་ཟླ་གཟུགས་བཞིན་གཏུམ་མོའི་སྣང་བརྙན་གསང་གནས་སུ་འཆར་བར་བཤད་པས་ལྟེ་གསང་གང་རུང་རེ་དང་གཉིས་ཀར་ཡོད་པ་ལྟར་སྣང་བའི་ཕྱིར་རོ། །ངོ་བོ་ཇི་ལྟར་ཡོད་ན། རྫས་དང་སྔགས་དང་ཡེ་ཤེས་སུ་བཤད་པ་གསུམ། དང་པོ་ལའང་རྣམ་གྲངས་བཞིར་བཤད་དེ། བདེ་མཆོག་ལས་ཐིག་ལེ། རྡོར་ཕྲེང་ལས་མེ། ཕྱག་ཐིག་ལས་རླུང༌། སྙིང་འགྲེལ་ལས་རོ་མའི་མར་སྣེར་གཏུམ་མོའི་མིང་གིས་བསྟན་པས་རྩར་བཤད་པ་རྣམས་སོ། །སྔགས་སུ་བཤད་པ་ནི། དཔྱིད་ཐིག་ལས། ལྟེ་བར་ཨ་ཡིག་གཟུགས་སུ་སྟེ། །ཐུང་ངུ་རུ་ནི་ཡོངས་སུ་གྲགས། །ཞེས་ཨ་ཐུང་གི་རང་བཞིན་དུ་གསུངས་པ་ལྟར་རོ། །ཡེ་ཤེས་སུ་བཤད་པ་ནི། ཨ་བྷི་དྷ་ན་ལས། ཡེ་ཤེས་ཀྱི་མེ་འདི་ལས་ཀྱི་རླུང་གིས་བསྐྱོད་ནས། ཞེས་པ་ལྟར་རོ། །མང་དུ་བཤད་ཚུལ་དེ་དག་ལས་དོན་ལ་གང་གི་ངོ་བོར་ཡོད་ཅེ་ན། འདི་ལ་བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་དབང་དུ་བྱས་ན་དངོས་ཐིག་ལེ་དང་ནུས་པ་མེའི་ངོ་བོར་ཡོད་པ་འཐད་དེ། འདི་ཉིད་མ་ལས་ཐོབ་པའི་རྐྟའི་དྭངས་མ་ལུས་ཀྱི་དྲོད་ཐམས་ཅད་ཀྱི་རྩ་བ་དང་དམར་ཆའི་ཁམས་ཐམས་ཅད་ཀྱི་བདག་པོར་བཤད་པའི་ཕྱིར་དང༌། འདི་ཉིད་སྦར་བ་ན་ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་སྲེག་ཅིང་བདེ་ཆེན་གྱི་བྱང་སེམས་བཞུ་བ་སྟེ་སྲེག་བཞུའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གཞན་རྣམས་ནི་


LT09,P037A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་རེ་ལས་བཏགས་པ་ཡིན་ཏེ། རླུང་ནི་གཏུམ་མོ་འབར་བྱེད་ཀྱི་རྐྱེན་ཡིན་པ་དང༌། རྩ་ནི་དེའི་གནས་སམ་རྟེན་ཡིན་པ་དང༌། སྔགས་ནི་གཏུམ་མོ་བྱིན་གྱིས་རློབ་བྱེད་ཡིན་པ་སོགས་ཀྱིས་དེར་བཏགས་པའོ། །དོན་དམ་གྱི་དབང་དུ་གཏུམ་མོ་ཡེ་ཤེས་ཀྱི་ངོ་བོར་གྲུབ་པས་ཀུན་རྫོབ་ཏུ་ཐིག་ལེའི་ངོ་བོར་ཡོད་ཀྱང་དོན་ལ་ཡེ་ཤེས་ཡིན་པར་བཞེད་དོ། །གཉིས་པ་ལམ་དུས་ཀྱི་གཏུམ་མོ་ལ་ལམ་གྱི་རྟེན་གང་གིས་སྦར་བའི་རྐྱེན་ནི། ས་བོན་ཕྱག་མཚན་སྐུ་གཟུགས་མེ་དང་ཐིག་ལེ་ནཱ་ད་སོགས་དམིགས་པས་སྦར་བ་དང༌། སྤྱིར་ལས་ཀྱི་རླུང་གིས་བསྐུལ་ཞིང་བྱེ་བྲག་ཏུ་མཁའ་འགྲོ་རྒྱ་མཚོ་ལས་རོ་རྐྱང་གི་རླུང་དབྱངས་གསལ་གྱི་ཡི་གེའི་རང་བཞིན་ཅན་གྱིས་སྦར་བ་དང༌། རྡོར་ཕྲེང་ལས་དབུ་མའི་རླུང་གཅིག་པུས་སྦར་བ་དང༌། དུས་འཁོར་ལས་སྲོག་ཐུར་གོང་བུར་འདྲེས་པས་སྦར་བར་གསུངས་པ་སོགས་རླུང་གིས་སྦར་བ་དང༌། རང་ལུས་དང་གཞན་ལུས་ཐབས་ལྡན་ལ་བརྟེན་པའི་ཐབས་ཀྱིས་སྦར་བ་གསུམ་མོ། །འབར་བའི་མེའི་ངོ་བོ་ནི། རགས་པའི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པས་དྭངས་ཤིང་ཐོགས་པ་མེད་པ། མཉམ་གཞག་སོ་སོ་རང་རིག་མངོན་སུམ་གྱི་ཡུལ་དུ་ཉམས་སུ་མྱོང་བ། རླུང་གི་རྣལ་འབྱོར་སོགས་ཀྱི་ནུས་པ་མཐུ་ཅན་དུ་གྱུར་པ། ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་སྲེག་ཅིང་དགའ་བཞི་དང་སྟོང་བཞི་འདྲེན་པ། ཡེ་ཤེས་ཀྱི་མེའི་བདག་རྐྱེན་བྱེད་པ་ཞིག་ཡིན་ཏེ། དེ་ནི་ཕྱི་རོལ་གྱི་མེ་མིན་ཀྱང་རྣལ་འབྱོར་གྱི་བྱིན་རླབས་ཀྱི་སྟོབས་ཀྱིས་མེ་བཞིན་དུ་དྲོ་བར་ནུས་པ་ཡིན་ནོ། །འབར་བའི་ཚད་ནི། ཞུགས་གནས་ཐེམ་གསུམ་ག་འབར་བ་ཆུང་ངུ་དང་འབྲིང་པོ་དང་ཆེན་པོ་གསུམ་དུ་འབྱུང་ངོ༌། །དེའི་ལམ་གྱི་ངོ་བོའམ་ལམ་དངོས་ནི་གཏུམ་མོ་མེའི་རྣམ་པར་འབར་བས་བདེ་བས་རྐྱེན་བྱས་པ་ལས་


LT09,P037B
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཡེ་ཤེས་དེ་ཉིད་ཡིན་ཏེ། གཏུམ་མོ་རྣམ་རྟོག་གི་གཉེན་པོར་གསུངས་པས་ན་ཡེ་ཤེས་ཀྱིས་རྣམ་རྟོག་གི་དངོས་གཉེན་བྱེད་ཀྱི་དྲོད་ཙམ་གྱིས་དེ་མི་ནུས་པའི་ཕྱིར་རོ། །ཡེ་ཤེས་དེའང་མི་རྟོག་པ་དང་བདེ་བ་དང་གསལ་བའི་ཆ་གསུམ་དུ་ཡོད་དོ། །དེ་ལ་མི་རྟོག་པའི་ཡེ་ཤེས་ནི། གཏུམ་མོའི་འབར་སྣང་གིས་རླུང་རྒྱུ་བ་དང་དབང་པོ་ཡུལ་ལ་འཇུག་པ་བཀག་པས་དེ་དག་ལ་འཕྲོ་བའི་རྣམ་རྟོག་མེད་པར་བྱས་ནས་རྣམ་པར་མི་རྟོག་པ་ལ་གནས་པ་དང༌། བདེ་བའི་ཡེ་ཤེས་ནི། གཏུམ་མོ་འབར་བས་བྱང་སེམས་ཞུ་བའི་དགའ་བས་མཚོན་པའི་བདེ་བའི་ཡེ་ཤེས་བསྐྱེད་པ་དང༌། གསལ་བའི་ཡེ་ཤེས་ནི། གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་དབུ་མར་དག་པས་བདེ་སྟོང་ངམ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སེམས་དམིགས་ཀྱི་རིམ་པ་སྣང་གསུམ་འཇུག་ལྡོག་གི་ཚུལ་གྱིས་འཆར་བའོ། །གསུམ་པ་འབྲས་དུས་ཀྱི་གཏུམ་མོ་ནི། དུས་འཁོར་ལས། ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང༌། ཞེས་བདུད་དཔུང་འཇོམས་པ་སོགས་ཀྱི་བྱེད་ལས་ཅན་སོ་སོར་རྟོག་པའི་ཡེ་ཤེས་ལ་བཤད་དོ། །གཉིས་པ་དེའི་ལག་ལེན་ཁྱད་པར་དུ་བཤད་པ་ལ་གཉིས། སྟེང་སྒོ་རྣམ་གྲོལ། འོག་སྒོ་བདེ་ཆེན་གྱི་ལམ་བཤད་པའོ། །དང་པོ་ནི། དེ་ལ་རང་ལུས་སྟེང་སྒོ་རྣམ་གྲོལ་ལམ། །ལུས་དང་དུས་དང་ཡུལ་གནད་ལྡན་པས་བསྒོམ། །བདེ་དྲོད་མི་རྟོག་ཡེ་ཤེས་བོགས་འདོན་བཅས། །དེ་ལྟར་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་བདེ་སྟོང་གི་ཡེ་ཤེས་སྒྲུབ་པ་ལ། ཐོག་མར་རང་ལུས་ཐབས་ལྡན་ལ་བརྟེན་པའི་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཉམས་སུ་ལེན་དགོས་ཏེ། དེའང་བཀའ་དཔེ་ཕྱེ་མ་ལས། དེ་ལ་གནད་ནི་རྣམ་གསུམ་སྟེ། ལུས་དང་དུས་དང་ཡུལ་ཀྱང་ངོ༌། །ཞེས་པ་ལྟར། བཅའ་བ་ལུས་ཀྱི་


LT09,P038A
[མ་དཔེ་གཟིགས་ན་འདིར་གནོན།]

གནད། ཉམས་ལེན་དུས་ཀྱི་གནད། དམིགས་པ་ཡུལ་གྱི་གནད་གསུམ་དང་ལྡན་པས་བསྒོམ་པར་བྱའོ། །དེའི་དང་པོ་ནི་བསམ་གཏན་གྱི་ཆོས་དྲུག་ལྡན་ཡིན་ལ། གཉིས་པ་ནི་མཉམ་རྒྱུའི་དུས་ལ་སོགས་པ་དང༌། གསུམ་པ་ལ་མ་ཟིན་པ་ཟིན་བྱེད། ཟིན་པ་བརྟན་བྱེད། བརྟན་པ་བོགས་འདོན་གསུམ་དུ་ཡོད་པའི། དང་པོ་ལའང་སྣང་བརྙན་གྱི་སྐུ་སྒྲུབ་པ། རིགས་ལྡན་གྱི་གཞི་བཟུང་བ། གསང་གསུམ་གྱི་འགྲོས་སྒྱུར་པ། ཆུ་ཟླའི་གར་སྒྱུར་བ་བཞིས་བསྙེན་པའི་རྣལ་འབྱོར་མཐར་དབྱུང༌། གཉིས་པ་ལ་ལུས་རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་འཁོར་ལོར་སྦ་བ་བཞི་དང་ལྡན་པའི་ཞི་བ་དང་དྲག་པོའི་ཙཎྜ་ལཱིའི་ཕྲིན་ལས་སྐུལ་བས་སྒྲུབ་པ་ཚད་ལ་དབབ། གསུམ་པ་ལ་འཕེལ་སྦྱོར། སྒྱུར་སྦྱོར། ཕྲན་སྦྱོར། མཆོག་ལ་སྦྱོར་བའི་སྒྲུབ་པ་ཆེན་པོ་ལ་ཡང་དག་པར་འཇུག་དག་བྱ་གཞི། དག་བྱེད་ལམ། དག་པ་འབྲས་བུ། དབྱེར་མེད་དོན་གྱི་ཆོས་ཐམས་ཅད་གསང་ཆེན་ཟབ་མོ་ཙཎྜ་ལཱིའི་རང་ཞལ་སྟོན་པའི་ངོ་སྤྲོད་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར། ཆོས་མ་ལུས་པའི་རྣལ་འབྱོར་སྣང་བ་ཟབ་མོ་ཙཎྜ་ལཱིའི་ངོ་བོར་ལམ་དང་འབྲས་བུའི་ཆོས་ཐམས་ཅད་སྡུད་པ་ལ་མཁས་པས་ཀུན་སྣང་གི་ཡེ་ཤེས་ཅིག་ཆོད་དུ་བསྡུས་ཏེ་བསྒོམ་པའོ། །གཉིས་པ་ནི། གཞན་ལུས་བཙལ་དང་སྙོམས་འཇུག་བདེ་སྦྱོར་རོ། །སྟེང་སྒོ་རྣམ་གྲོལ་གྱི་ལམ་ལ་བརྟན་པ་ཐོབ་པའི་གང་ཟག་གིས་ཡེ་ཤེས་ཀྱི་བོགས་འདོན་པའི་ཡན་ལག་ཏུ་གཞན་ལུས་ལས་ཀྱི་ཕྱག་རྒྱ་བརྟེན་པ་ཡིན་ཏེ། དེ་ལའང༌། སྡོམ་འབྱུང་ལས། དེ་ནས་རྣལ་འབྱོར་མའི་མཚན་ཉིད། །དགེ་བ་ཡང་དག་རབ་བཤད་བྱ། །མཁའ་འགྲོ་མ་ནི་པདྨ་ཅན། །ལཱ་མ་ཧསྟི་ནཱི་ཉིད་འགྱུར། །ཁཎྜ་རོ་ཧི་ཤངྑི་ནཱི། །གཟུགས་ཅན་ཙི་ཏྲ་ནཱི་ཉིད་འགྱུར། །རིགས་ནི་བཞི་པོའི་


LT09,P038B
[མ་དཔེ་གཟིགས་ན་འདིར་གནོན།]

རང་དངོས་སུ། །མཁས་པ་ཡིས་ནི་བརྟག་པར་བྱ། །ཞེས་མདོར་བསྟན་རྗེས་སོ་སོའི་ལུས་དང་བསམ་པ་དང་རྩ་བཙལ་ཚུལ་སོགས་རྒྱས་པར་འབྱུང་བ་ལྟར་རིགས་ལྡན་ཕྱི་ནང་གསང་བའི་ལེགས་པའི་ཡོན་ཏན་ཅན་བརྟགས་འགུགས་མི་སྣང་བའི་ཐབས་ཀྱིས་བཙལ་ལ། བསླབ་པ་དང་དབང་གིས་རྒྱུད་སྨིན་ཅིང་སྡོམ་དང་དམ་ཚིག་རྣམ་པར་དག་པ་ཉིད་ལ། སྙོམས་འཇུག་བདེ་བར་སྦྱོར་བའི་དུས་སུ་གཉིས་ཀའི་ལུས་རྟེན་བྱིན་གྱིས་བརླབས་ཤིང་གསང་རྩ་བཙལ། དབབ་བཟུང་ཟློག་དགྲམ་གྱི་སྦྱོར་བས་བདེ་ཆེན་གྱི་ཡེ་ཤེས་མཐར་ཐུག་པ་བསྐྱེད་པའོ། །གསུམ་པ་དེ་དག་གི་ཡོན་ཏན་ནི། རྟགས་བཅུ་ཡོན་ཏན་སྣང་སྟོང་བདེ་སྟོང་རྣམས། །འགྲུབ་བྱེད་ཉིད་དོ། །ཞེས་པ་སྟེ། ལུས་ལ་གནད་དུ་བསྣུན་ནས་གཏུམ་མོ་བསྒོམས་པའི་ཕན་ཡོན་གནས་སྐབས་སུ་རྟགས་བཅུ་ཡོན་ཏན་བརྒྱད་སོགས་འབྱུང་བའི་བཅུ་ནི་དུ་བ་སྨིག་རྒྱུ་སོགས་ཡོངས་སུ་གྲགས་པ་ལྟར་ཡིན་ལ། བརྒྱད་ནི། བདུད་རྩིའི་ཆུ་རྒྱུན་ལས། ཡོན་ཏན་བརྒྱད་འཆར་བ་ནི། སའི་ཡོན་ཏན་ལུས་བརྗིད་བག་མངའ་ཆེ་བ། ཆུའི་ཡོན་ཏན་ལུས་སྣུམ་པ། མེའི་ཡོན་ཏན་བཀྲག་ཆེ་བ། རླུང་གི་ལུས་ཡང་བ། ཟླ་བའི་གྲིབ་མ་གཞན་གྱིས་མི་མཐོང་བ། ཉི་མའི་གཟུགས་མི་སྣང་བ། ནམ་མཁའི་ཡོན་ཏན་སྟོན་ཀའི་དུས་ཀྱི་ནམ་མཁའ་ལྟ་བུར་ཉིན་མཚན་མེད་མིག་ཕྱེ་བཙུམ་མེད་པར་འབྱུང་བའོ། །ཞེས་དང༌། ཐ་མ་ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་བདེ་བ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནང་ནས་ཤར་བས་འོད་གསལ་རྒྱུན་ཆད་མེད་པ་འབྱུང་སྟེ། ཞེས་པ་ལྟར་རོ། ཁྱད་པར་མཐར་ཐུག་ཏུ། །།།་ལས། དེ་ཕྱིར་དེ་ལས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །


LT09,P039A
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་འཐོབ་པར་འགྱུར། །ཞེས་ཐབས་ཀྱི་མཆོག་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པས་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ་པར་བྱེད་དོ། །ཁྱད་པར་གཞན་ལུས་ཚུལ་བཞིན་བསྟེན་པས་གནས་སྐབས་སུ་ལུས་སྟོབས་བཀྲག་མདངས་རྒྱས། ཚེ་རིང་ཞིང་ཌཱ་ཀི་འདུ། བློ་གསལ་ཞིང་ཏིང་ངེ་འཛིན་འཕེལ། མཐར་གྲུབ་པའི་དངུལ་ཆུས་ལྕགས་སྦྲམ་གསེར་དུ་བསྒྱུར་བ་བཞིན་དུ་རྩ་ཐིག་རླུང་གསུམ་གྱི་དྭངས་མ་འཕེལ་བས་སྙིགས་མ་རྣམས་རིམ་གྱིས་ཟོས་ནས། ལུས་འཇའ་ལུས་སྣང་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སེམས་འོད་གསལ་བདེ་སྟོང་དབྱེར་མེད་ཆོས་ཀྱི་སྐུའི་དགོངས་པ་མངོན་དུ་འགྱུར་ཏེ་འཚང་རྒྱ་བས་དེ་ལྟར་འགྲུབ་བྱེད་ཉིད་དོ། །ཞེས་སྨོས་པའོ། །གཉིས་པ་བོགས་འདོན་སྒྱུ་ལུས་བཤད་པ་ལ་གཉིས། སྒྲ་དོན་དབྱེ་བ་རྣམ་གཞག་སྤྱིར་བསྟན། བསྒོམ་དོན་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། ལམ་གྱི་བོགས་འདོན་ནི། །སྒྱུ་ལུས་དཔེ་སྣང་རྨི་ལམ་བར་དོ་དང༌། །འོད་གསལ་སྤྲུལ་པ་ཡེ་ཤེས་སྒྱུ་མ་བདུན། །གཉིས་གསུམ་བཞི་སོགས་རྣམ་པར་དབྱེ་བ་ལས། །ཡུལ་ཅན་བདེ་བ་ཆེན་པོ་ཉིད་ཡུལ་སྒྱུ་མ་ལྟར་འཆར་བའི་བོགས་འདོན་པར་བྱེད་པའི་ཕྱིར་ལམ་གྱི་བོགས་འདོན་ནི་སྒྱུ་ལུས་ཏེ། དེའི་སྒྲ་དོན་ཀྱང༌། རྣམ་པ་མེད་ཀྱང་རྣམ་པ་སྣ་ཚོགས་འཛིན་པའམ། སྣང་ཡང་རང་བཞིན་མ་གྲུབ་པའི་ཕྱིར་སྒྱུ་མའི་ལུས་ཞེས་བྱའོ། །སྒྱུ་ལུས་ལ་སྤྱིར་དབྱེ་ན། དཔེའི་སྒྱུ་མ། སྣང་བ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ། འོད་གསལ་སྒྱུ་མ། སྤྲུལ་པ་སྒྱུ་མ། ཡེ་ཤེས་སྒྱུ་མ་སྟེ་བདུན་དུ་བཤད་པའི། །དང་པོ་ནི། མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །ཞེས་སོགས་ལྟར་རྫས་སོགས་ལ་བརྟེན་ནས་དོན་ལ་མེད་བཞིན་ཏུ།


LT09,P039B
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་དུ་རྟ་གླང་སོགས་འཆར་བའོ། །གཉིས་པ་ནི། རྩ་ཤེ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །ཞེས་སོགས་ལྟར་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་སྣང་བཞིན་དུ་བདེན་པར་མེད་པ་འདིའོ། །གསུམ་པ་ནི། རྣམ་འགྲེལ་ལས། ལུས་ཡིན་ན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཞེས་སོགས་ལྟར་བག་ཆགས་ལས་བྱུང་བའི་རྨི་ལམ་གྱི་ལུས་རླུང་སེམས་ཕྲ་བ་ལས་གྲུབ་པ་གང་ལའང་ཐོགས་མེད་དེའོ། །བཞི་པ་ནི། མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་སོགས་ལྟར་ཡིད་ལས་བྱུང་བའི་བར་དོའི་ལུས་དབང་པོ་ཀུན་ཚང་ཐོགས་མེད་དུ་རྒྱུ་བ་དེའོ། །ལྔ་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལས་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོ་ག་བཤད། །འོད་གསལ་སྒྱུ་མ་དག་གི་ནི། །སྒྱུ་མ་འཇིག་རྟེན་ལ་བརྗོད་དོ། །ཞེས་སོགས་ལྟར་རྫོགས་རིམ་སྒོམ་སྟོབས་ལས་བྱུང་བའི་སྟོང་གཟུགས་པྲ་ཕབ་པ་ལྟ་བུའོ། །དྲུག་པ་ནི། བསྐྱེད་རྫོགས་ལ་བརྟན་པ་ཐོས་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་སོགས་སོ། །བདུན་པ་ནི། མདོ་ལས། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་སྤྲུལ་པའི་སྒྱུ་མའོ། །ཞེས་པ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་སོ། །གཞན་ཡང་སྤྱི་དོན་སྒྱུ་ལུས་དང༌། སྦས་དོན་སྒྱུ་ལུས་གཉིས་སུ་དབྱེ་བ་དང༌། མཉམ་གཞག་སྒྱུ་མ་དང་རྗེས་ཐོབ་སྒྱུ་མ་གཉིས་སུ་དབྱེ་བ་དང༌། ལས་དང་པོ་པའི་སྒྱུ་ལུས་དང༌། རིམ་པ་གསུམ་པའི་སྒྱུ་ལུས། ཟུང་འཇུག་གི་སྒྱུ་ལུས་གསུམ་དུ་དབྱེ་བ་དང༌། སྤྱི་དོན་སྦས་དོན་ཟུང་འཇུག་གི་སྒྱུ་ལུས་གསུམ། ཚིག་དོན་སྤྱི་དོན་སྦས་དོན་མཐར་ཐུག་གི་སྒྱུ་ལུས་བཞི་སོགས་རྣམ་པར་དབྱེ་བ་ལས་སྐབས་འདིར་བརྒྱུད་པ་རིན་པོ་ཆེ་འདི་ཉིད་


LT09,P040A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མན་ངག་གི་ཚུལ་ཅུང་ཟད་བསྟན་པར་བྱའོ། །གཉིས་པ་ལ་གསུམ། མ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། རྣམ་དག་སྒྱུ་ལུས་སོ། །དང་པོ་ནི། ཉམས་ལེན་མ་དག་ཆོས་རྣམས་དཔེ་བརྒྱད་ལྟར། བཀའ་སྲོལ་འདི་ཉིད་ཀྱི་ཉམས་ལེན་གནད་ཀྱི་མན་ངག་རིམ་ཅན་དུ་བསྒྲུབ་དགོས་པ་གསུམ་གྱི་དང་པོ་མ་དག་སྒྱུ་ལུས་སུ་གྲགས་པ་སྟེ། དེ་ལ་མ་དག་པའི་སྒྱུ་མ་ཞེས་པའི་མིང་གི་དོན། རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་དང་པོ་ལས། ཁམས་གསུམ་པོ་ནི་མ་ལུས་པའི། །འགྲོ་བ་སྒྱུ་མ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །ཞེས་ཁམས་གསུམ་བརྟན་གཡོ་མཐོང་རེག་གི་དངོས་པོ་མ་དག་པའི་སྣང་བ་འདི་ཐམས་ཅད་སྒྱུ་མ་ལྟར་སྣང་ཡང་བདེན་པར་མ་གྲུབ་པས་ན་མ་དག་པའི་སྒྱུ་མ་དང༌། དེ་ལྟར་མ་རྟོགས་ཏེ་བདེན་དངོས་སུ་ཞེན་པའི་མཚན་འཛིན་སྤོང་བྱེད་ཀྱི་ཐབས་ལ་དེའི་མན་ངག་ཏུ་བརྗོད་པ་སྟེ། དེ་ལ་སྤྱིར་སྦྱོང་བ་ནི། ཆོས་དྲུག་གསེར་ཞུན་མ་ལས། དེ་ནས་དང་པོ་ཕྱི་རོལ་གྱི་སྣང་བ་རྣམས་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་ལྟ་སྟེ། གཟུགས་ལ་སོགས་པ་འདི་རྣམས་སེམས་འཁྲུལ་པ་ལ་སྣང་བ་ཕྱི་རོལ་ན་མེད་པ་རྨི་ལམ་དང་སྒྱུ་མ་ལྟ་བུ། རྐྱེན་ལས་བྱུང་བ་བྲག་ཆ་དང་གཟུགས་བརྙན་ལྟ་བུ། མི་རྟག་པ་བྲིལ་པ་དང་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུ་སྟེ། དེ་ལྟར་སྦྱངས་ཤིང་གོམས་པས་སྣང་བ་ལ་བརྟེན་པའི་རྟོག་པ་སྤོང་ངོ༌། །ཞེས་པ་ལྟར། ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་འཁོར་འདས་ཀྱི་སྣང་བ་འདི་ཐམས་ཅད་སྣང་བཞིན་དུ་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་སོགས་ཀྱི་དཔེས་གཏན་


LT09,P040B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབེབས་ཤིང་བསྒོམ་པ་ཡིན་ནོ། །བྱེ་བྲག་ཏུ་སྦྱོང་བ་ནི། རང་གི་ལུས་སྣང་སྟོང་གཟུགས་བརྙན་དང༌། ངག་གྲགས་སྟོང་བྲག་ཅ་དང༌། སེམས་དྲན་སྟོང་སྒྱུ་མ་དང་མཚུངས་པར་གཏན་ལ་དབབ་པར་བྱ་བ་སྟེ། འདི་ནི་ཤེར་ཕྱིན་གྱི་མདོ་དང་རྒྱུད་སྡེ་རྣམས་ལས་ཀྱང་འབྱུང་བས་མདོ་སྔགས་ཐུན་མོང་གི་བསྟན་དོན་ནོ། །གཉིས་པ་དག་པའི་སྒྱུ་ལུས་ནི། དག་པ་ལྷ་སྔགས་ཡེ་ཤེས་རོལ་པར་སྦྱང༌། །སྣོད་བཅུད་མ་དག་པའི་སྣང་བ་རྣམས་དག་པ་ལྷའི་དཀྱིལ་འཁོར་དུ་བསྒྱུར་ནས་ཉམས་སུ་བླང་བའི་དོན་གྱིས་ན་དག་པའི་སྒྱུ་ལུས་ཞེས་བྱ་ལ། འདི་ནི་རྒྱུད་སྡེ་འོག་མ་རྣམས་དང་ཐུན་མོང་བ་ཡིན་ཡང་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་ནི་ཆེས་ཁྱད་པར་དུ་གྱུར་པའོ། །དེའང་ཟབ་མོ་སྔགས་ཀྱི་ཚུལ་ལ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་ལྷའི་རང་བཞིན་དུ་གྲུབ་པར་གསུངས་ཏེ། དེ་ཉིད་མ་རྟོགས་པ་རྟོགས་ཕྱིར་ཡིན་ལུགས་གཏན་ལ་ཕབ་སྟེ་བསྒོམས་པས་སྒྱུ་འཕྲུལ་གྱི་ཏིང་ངེ་འཛིན་ཁྱད་པར་ཅན་འཆར་ཏེ། སྣོད་བཅུད་ལྷར་གསལ་བས་ཐ་མལ་གྱི་སྣང་ཞེན་སྦྱོང་ཞིང་ལྷ་ཡང་སྣང་སྟོང་སྒྱུ་མ་ལྟར་གཏན་ལ་ཕབ་པས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སྦྱོང་བའི་རིམ་པས་སོ། །དེས་ན་རང་གི་ལུས་དང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་དཀྱིལ་འཁོར། སྒྲ་གྲགས་པ་ཐམས་ཅད་ཟབ་མོ་སྔགས་ཀྱི་རང་སྒྲ། སེམས་ཀྱི་འཕྲོ་འདུ་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ལྟ་ཞིང༌། དེའང་རང་གིས་བཏགས་པ་ཙམ་མ་གཏོགས་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུར་སྒོམ་པ་ཡིན་ནོ། །དེ་ཉིད་དཔེ་གསུམ་གྱིས་མཚོན་པའི་ཚུལ་ནི་རིམ་ལྔའི་ཚིག་གིས་གོང་དུ་བསྟན་པ་ལྟར་རོ། །བཀའ་བརྒྱུད་འདི་པའི་ལུགས་ལ་མ་དག་སྣོད་བཅུད་ཀྱི་སྣང་བ་གང་ཤར་ཐམས་ཅད་སྒྱུ་མར་གཏན་ལ་


LT09,P041A
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ་ལ་མ་དག་པ་དང༌། དེ་ཉིད་ལྷར་བསྒྱུར་ཏེ་དེ་ལྟར་གཏན་ལ་འབེབས་པ་ལ་དག་པའི་སྒྱུ་མ་ཞེས་ཐ་སྙད་མཛད་ལ། འདུས་པའི་རིམ་ལྔ་འཆད་པ་རྣམས་ནི་དབེན་གསུམ་གྱི་མཐའི་སྒྱུ་ལུས་ལ་མ་དག་པ་དང༌། དེ་འོད་གསལ་གྱིས་སྦྱངས་པའི་ཟུང་འཇུག་གི་ཡ་གྱལ་གྱི་སྒྱུ་ལུས་ལ་དག་པའི་སྒྱུ་ལུས་སུ་འཆད་པའོ། །གསུམ་པ་རྣམ་དག་སྒྱུ་ལུས་ལ་གསུམ། གོ་དོན། ཉམས་ལེན། དོགས་གཅོད་དོ། །དང་པོ་ནི། རྣམ་དག་དུས་ཐབས་རྒྱུ་རྣམ་ངོ་བོ་ཡི། །ཁྱད་པར་ལྔ་ལྡན། །ཅེས་པ་སྟེ། དེའང་དག་པའི་སྒྱུ་ལུས་ཐ་མལ་གྱི་སྣང་བ་བསལ་ཏེ་ལྷར་བསྒོམ་པ་ཙམ་གྱིས་དག་པར་བཞག་ཀྱང་ངོ་བོ་རྟོག་པས་བརྟགས་པའི་སྒོམ་པ་ཡིན་པས་ཤིན་ཏུ་རྣམ་དག་མིན་ལ། འདི་ནི་རླུང་སེམས་ཀྱི་དྭངས་མ་ལས་གྲུབ་བའི་ལུས་རྟོག་པས་མ་བརྟགས་པར་པྲ་ཕབ་ལྟར་སྣང་བ་ཡིན་པས་རྣམ་དག་སྒྱུ་ལུས་ཞེས་བརྗོད་པ་སྟེ། སྔགས་བླ་མེད་ཐུན་མོང་མིན་པའི་སྦས་དོན་གྱི་སྒྱུ་ལུས་རླུང་སེམས་བདག་བྱིན་གྱིས་བརླབ་པའི་ལམ་གྱི་རིམ་པ་དངོས་དེ་ཉིད་ཡིན་ནོ། །བདག་བྱིན་གྱིས་བརླབ་པ་ཞེས་པ་ལའང་རྒྱུད་སྡེ་རྣམས་ནས་འཆད་ཚུལ་མི་འདྲ་བ་འགའ་ཞིག་གསུངས་ཀྱང༌། འདུས་པར་སྒྱུ་ལུས་ལ་བདག་བྱིན་གྱིས་རློབ་པ་དང༌། དུས་ཀྱི་འཁོར་ལོར་སྟོང་གཟུགས་ལ་བདག་བྱིན་རློབ་ཏུ་མཛད་པ་གཉིས་ནི་དོན་གཅིག་པ་ཡིན་ཏེ། སྒྱུ་ལུས་དང་སྟོང་གཟུགས་གཉིས་ཀ་དུས་ཀྱི་ཁྱད་པར་རགས་པ་དང་ཕྲ་བའི་སྣང་བ་དང་རྟོག་པ་རྣམས་ཐིམ་པའི་རྗེས་སུ་འཆར་བ་དང༌། ཐབས་ཀྱི་ཁྱད་པར་གཟུང་འཛིན་གྱི་རླུང་རྟོག་དབུ་མར་འགོག་པ་ལས་འབྱུང་བ་དང༌། རྒྱུའི་ཁྱད་པར་རླུང་སེམས་ཀྱི་དྭངས་མ་ཤིན་ཏུ་ཕྲ་བ་ལས་གྲུབ་པ་དང༌། རྣམ་པའི་ཁྱད་པར་མ་བརྟགས་པར་གསལ་བར་སྣང་བ་པྲ་ཕབ་པ་ལྟ་བུར་མཐོང་བ་དང༌། ངོ་བོའི་


LT09,P041B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡིན་པ་སོགས་སུ་རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་ཞེས་རྗེ་བརྒྱད་པ་ཡབ་སྲས་བཞེད་དོ། །བླ་མེད་ཐུན་མོང་མ་ཡིན་པའི་སྦས་དོན་གྱི་སྒྱུ་ལུས་གང་དུ་བསྒྲུབ་པའི་གཞི། གང་ཞིག་སྒྲུབ་པའི་སྔོན་འགྲོ། ཇི་ལྟར་སྒྲུབ་པའི་ཚུལ། རིམ་པ་གཉིས་ཀྱི་ཐབས་ཀྱི་ཁྱད་པར་སོགས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་བཞེད་པ་སྙིང་པོར་དྲིལ་བ་ནི་གོང་དུ་བཤད་པ་ལྟར་ལ། འདིར་ནི་སྦས་དོན་གྱི་ཙཎྜ་ལཱིའི་འབར་སྣང་མཐར་ཕྱིན་པ་ལས་ཡེ་ཤེས་ཀྱི་རླུང་མཆོག་གི་ཨ་བ་དྷཱུ་ཏིར་ཐིམ་པའི་འབར་འཛག་གི་ཞུ་བདེ་རྒྱུན་མི་འཆད་པ་ལས་མཆོག་གི་དགའ་བ་བཞི་སྐྱེ། དེ་ལས་སེམས་དབེན་ཁྱད་པར་ཅན་བསྐྱེད་པ་ལས་ཁྱད་པར་ལྔ་ལྡན་གྱི་སྒྱུ་ལུས་ཙམ་པོ་འགྲུབ། དེ་དོན་གྱི་འོད་གསལ་གྱིས་དྲི་བྲལ་དུ་བྱས་པའི་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་པ་དེ་ཉིད་ཟུང་འཇུག་གི་སྐུའམ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་ཀྱང་བརྗོད་དོ། །འདི་ལ་རྗེ་ཏེ་པུ་བས། དཔེའི་སྒྱུ་ལུས་མེ་ལོང་ནང་གི་གཟུགས་བརྙན། །དོན་གྱི་སྒྱུ་ལུས་སྒྲིབ་བྲལ་གྱི་ཕུང་པོ། སྒྱུ་ལུས་རང་གི་ངོ་བོ་དབྱངས་གསལ་དག་པའི་མཚན་དཔེ། སྒྱུ་ལུས་ཀྱི་ཡོན་ཏན་རྟེན་དེ་ལ་བདུད་བཏུལ་ཏེ་མངོན་པར་བྱང་ཆུབ་ནས་སྐུ་དེ་ནམ་མཁའ་གནས་ཀྱི་བར་གནས་པར་བྱེད་པའོ། །ཞེས་ཏེ་སྒྱུ་ལུས་ཀྱི་རྒྱུ་ལམ་འབྲས་གསུམ་གྱི་ལུས་ཡོངས་རྫོགས་བསྟན་པ་ཡིན་ནོ། །སྦས་དོན་སྒྱུ་ལུས་འདི་ནི་བསྐྱེད་རིམ་ནས་བཟུང་སེམས་དབེན་གྱི་མཐར་ཐུག་པའི་བར་དུ་མེད་པར་སྤྱོད་བསྡུས་ལས་བཤད་ཅིང༌། སྔགས་ལུགས་ཀྱི་ཚེ་གཅིག་ལ་འཚང་རྒྱ་བའི་གཟུགས་སྐུ་སྒྲུབ་པ་ལ་མེད་དུ་མི་རུང་བ་ཡིན་ནོ། །གཉིས་པ་ལ་གཉིས། མཉམ་གཞག་སྒྱུ་ལུས་དང༌། རྗེས་ཐོབ་སྒྱུ་ལུས་སོ། །དང་པོ་ལ་


LT09,P042A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། སྔོན་དུ་འགྲོ་བའི་རྟེན་དབེན་གསུམ། དེ་ལ་བརྟེན་པའི་དངོས་གཞི་མཚན་མེད་དང༌། མཚན་བཅས་སོ། །དང་པོ་ནི། དབེན་གསུམ་སྔོན་སོང་ནས། །ཞེས་པ་སྟེ། མཚན་མེད་སྤྲོས་མེད་ལ་བརྟེན་པ་དང༌། མཚན་བཅས་སྤྲོས་པ་ལ་བརྟེན་པའི་རྣལ་འབྱོར་གཉིས་ཀ་ལ་ཏིང་ངེ་འཛིན་སྒྲུབ་པའི་གཞི། ངག་དབེན་རྡོ་རྗེའི་བཟླས་པ་དེའི་གཞི་ལུས་དབེན། དེ་ལས་སྐྱེས་པའི་སེམས་དབེན་ཏེ་དབེན་པ་གསུམ་པོ་སྔོན་དུ་སོང་ནས་སྟོང་པའམ་བདེ་བ་ལས་སྐྱེས་པའི་སྒྱུ་ལུས་ཀྱི་རིམ་པ་ཤུགས་ཀྱིས་སྐྱེ་བར་འགྱུར་བས། འདིར་མཚན་མེད་ལ་གནད་ཁྱད་པར་ཅན་དང་འབྲེལ་བས་སྒོ་གསུམ་མི་གཡོ་བར་བཞག་པ་དང༌། མཚན་བཅས་ལ་ལུས་གནད་བྱེད་བཅིངས། ངག་རླུང་བུམ་པ་ཅན་གྱི་རྡོར་བཟླས། སེམས་ཀྱི་བྱུང་ཚོར་ཞུ་བདེའི་ངང་དུ་ནུབ་པ་རྣམས་འདུས་པ་ལས་གསུངས་པའི་དབེན་གསུམ་དང་སྒྲུབ་ཚུལ་ཅུང་ཟད་ཐ་དད་ཀྱང༌། དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱེད་པས་བསྒྲུབ་བྱ་ཏིང་ངེ་འཛིན་འཆར་བ་ལ་གནད་གཅིག་པ་མ་ཟད། ལུགས་འདི་དབང་པོ་ཐ་མ་དང་འབྲིང་གི་ཕྱོགས་ལ་མན་ངག་ཟབ་པ་ཡིན་ནོ། །གཉིས་པ་ནི། མཚན་མེད་བྱིན་རླབས་སྟོབས་ཀྱིས་ཕྱག་རྒྱ་ཆེའི། །ཡེ་ཤེས་ལས་སྐྱེས་སྒྱུ་ལུས་རིག་ངོར་འཆར། །དེ་ལ་མཚན་མེད་ཀྱི་རྣལ་འབྱོར་སྒྲུབ་པ་རྣམས་ཀྱིས། གནས་དབེན་པར་བཤད་མ་ཐག་པའི་དབེན་གསུམ་གྱི་ངང་ནས། བླ་མ་ལ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ལྟོས་མེད་དུ་ཕུལ་ཞིང་མོས་གུས་ཚད་དུ་ལོངས་པས་སེམས་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པར་གཞག་པས་བྱིན་རླབས་ཀྱི་སྟོབས་ཀྱིས་སྒྲིབ་གཉིས་ཀྱི་མཚན་མ་རང་སར་ཞི་ནས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་འཆར་ལ། དེ་ཉིད་ལ་དམིགས་ཏེ་བསྒོམས་པ་ལས་སེམས་ཟིན་པས་རླུང་ཟིན་ཞིང་དེ་ལས་ཉམས་སྣང་སྐྱེ་སྟེ། ས་


LT09,P042B
[མ་དཔེ་གཟིགས་ན་འདིར་གནོན།]

ཆུར་ཐིམ་པས་དུ་བ། ཆུ་མེར་ཐིམ་པས་སྨིག་རྒྱུ། མེ་རླུང་ལ་ཐིམ་པས་མེ་ཁྱེར། རླུང་སེམས་ལ་ཐིམ་པས་མར་མེ། སེམས་སེམས་བྱུང་ལ་ཐིམ་པས་ཟླ་སྣང༌། སེམས་བྱུང་མ་རིག་པར་ཐིམ་པས་ཉི་སྣང༌། མ་རིག་པ་ཐམས་ཅད་སྟོང་བ་ཐིམ་པས་སྒྲ་གཅན་གྱི་སྣང་བ། དེ་ནས་ཐམས་ཅད་སྟོང་པ་སྤྲིན་མེད་ནམ་མཁའ་ལྟ་བུ་འཆར། སླར་སྣང་གསུམ་ལུགས་ལྡོག་ཏུ་འཆར་ཏེ། ཐམས་ཅད་སྟོང་པ་ལས་མ་རིག་པ། དེ་ལས་སེམས་བྱུང༌། དེ་ལས་སེམས། སེམས་རླུང་དང་བཅས་པ་ལས་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་མའི་སྐུ་མཚན་དཔེས་བརྒྱན་པ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ངོར་མངོན་སུམ་དུ་འཆར་ལ། དེར་མ་ཟད་དུས་གསུམ་གྱི་སྣོད་བཅུད་དག་མ་དག་ཐམས་ཅད་སྒྲིབ་བྲལ་དུ་མཐོང་བ་སྙམ་བྱེད་དེ། བློའི་བྱེ་བྲག་གི་རིམ་གྱིས་ཐོད་རྒལ་ཅིག་ཅར་ཅི་རིགས་སུ་འབྱུང་བ་ཡོད་དོ། །གསུམ་པ་ནི། མཚན་བཅས་རྩ་བའི་རྣལ་འབྱོར་གྲུབ་ནས་སུ། །ལས་དང་ཡེ་རྒྱས་ཟག་མེད་ལུས་ཀྱི་རྒྱུ། །ལུགས་འབྱུང་ལུགས་ལྡོག་རླུང་སེམས་དྭངས་མའི་སྐུར། །མཚན་དཔེས་བརྒྱན་འགྲུབ། ཅེས་པ་སྟེ། མཚན་བཅས་ལ་བརྟེན་བས་ནི། རྡོར་བཟླས་དང་སེམས་དབེན་འདུས་པའི་ལུགས་དངོས་ལ་བརྟེན་པའང་ཡོད། གོང་སྨོས་ཙཎྜ་ལཱིའི་རྣལ་འབྱོར་ལས་སྐྱེས་པའང་རུང་སྟེ། གང་ལྟར་རྟེན་གཞི་རྩ་བའི་རྣལ་འབྱོར་དབེན་གསུམ་ཁྱད་པར་ཅན་ལེགས་པར་གྲུབ་ནས། རིག་མ་མཚན་ལྡན་ལས་ཀྱི་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཟག་མེད་ལུས་ཀྱི་རྒྱུ་རིགས་གདོད་ནས་གནས་པ་ཉིད་སྣང་གསུམ་ལུགས་འབྱུང་དང་ལུགས་ལྡོག་འོད་གསལ་བཅས་པ་རྡོ་རྗེ་གསུམ་དུ་ཤར་བས་སྒྲིབ་བྲལ་དུ་བྱས་ཏེ། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ཤིང་རླུང་སེམས་ཀྱི་དྭངས་མ་ལས་


LT09,P043A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་སྐུ་ལྟ་བས་ཆོག་མི་ཤེས་པའི་མཚན་དཔེས་སྤྲས་པ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པས་དངོས་དངོས་མེད་གཉིས་ཀ་གཉིས་མིན་གྱི་མུ་བཞི་ལས་གྲོལ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་མཚན་མས་མ་གོས་པའི་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡེ་ཤེས་ཙམ་དུ་སྣང་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དྭངས་གསལ་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུར་འཆར་བར་འགྱུར་ལ། ཉམས་རྟགས་དང་ངེས་པ་མ་སྐྱེས་ན་རྒྱ་སྐྱེགས་ཀྱི་ཆུ་དང་རལ་གྲི་མེ་ལོང་གི་འཁྲུལ་འཁོར་ལ་སོགས་པ་སྦོགས་ཆོག་གི་སྦྱོར་བའང་ཉམས་སུ་བསྟར་བར་བྱའོ། །ཚུལ་འདི་ནི་ད་ལྟའི་བར་རྒྱུན་སྲོལ་མ་ཉམས་པའི་བཀའ་བརྒྱུད་སྤྱིའི་ཁྲིད་སྲོལ་གྱི་སྦས་དོན་ལྷུག་པར་བཀྲོལ་བ་ཡིན་གྱི། རྗེ་བརྒྱད་པ་སོགས་ཀྱི་བཞེད་པ་ལྟར་ན་སྒྱུ་ལུས་ཀྱི་སྐབས་འདིར་འདུས་པ་དང་གཙོ་བོར་སྦྱར་བ་དབེན་གསུམ་ལ་བརྟེན་པ་དང༌། བདེ་དགྱེས་གསང་གསུམ་ཀའི་དགོངས་དོན་དང་སྦྱར་བ་ཕྱག་རྒྱ་ལ་བརྟེན་པ་གཉིས་སུ་རྣམ་པར་གཞག་པ་མཛད་དོ། །གཉིས་པ་རྗེས་ཐོབ་སྒྱུ་ལུས་ནི། རྗེས་ཐོབ་སྣང་བ་སོགས། །ལམ་ཁྱེར། ཞེས་པ་སྟེ། དེ་ལྟར་མཉམ་གཞག་ཏུ་སྒྱུ་མའི་སྐུ་ལ་གསལ་སྣང་སྐྱེས་ནས་རྗེས་ཐོབ་ཏུ་ཐ་མལ་གྱི་སྣང་བ་ཐམས་ཅད་དང༌། སོགས་ཁོངས་ནས། རྨི་ལམ་བར་དོ་བཅས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལམ་དུ་ཁྱེར་བར་བྱའོ། །གསུམ་པ་ནི། རིམ་ལྔའི་གསུམ་པ་སོར་བསམ་གྱི། །སྟོང་གཟུགས་ཕྱག་ཆེན་དོན་ཏེ་ལོགས་སུ་སྦས། །འདི་ནི་གསང་འདུས་ཀྱི་རིམ་པ་ལྔའི་གསུམ་པ་བདག་བྱིན་རླབས་དང༌། རྡོ་རྗེ་རྣལ་འབྱོར་གྱི་སོར་བསམ་ལས་བྱུང་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་རྣམ་ཀུན་མཆོག་ལྡན་རྣམས་དང་དོན་གཅིག་


LT09,P043B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། སློབ་བཤད་ལས་འབྱུང་བའི་སྦས་དོན་ཤིན་ཏུ་ཟབ་པ་སྙན་བརྒྱུད་དངོས་གཞིའི་གདམས་ངག་ཡིན་པའི་ཕྱིར་ཁྲིད་ཡིག་རྣམས་ཀྱི་དཀྱུས་སུ་མ་བསྟན་པར་གུང་དུ་སྦས་པས་མཁས་པ་གླེགས་བམ་ཙམ་གྱིས་ཁེངས་པ་རྣམས་ཀྱང་འདི་ལྟ་བུའི་རིགས་ལ་ཇི་བཞིན་མ་རྟོགས་ཏེ་རྣམ་པར་འཁྱམ་མོ། །གསུམ་པ་ཚོད་འཛིན་རྨི་ལམ་ལ་གཉིས། སྒྲ་དོན་དབྱེ་བ་རྣམ་གཞག་སྤྱིར་བསྟན། ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཚོད་འཛིན་རྨི་ལམ་དཔེ་དོན་དུས་མཐའི་ལམ། །སྒྱུ་མ་སུམ་བརྒྱུད་ཀྱི་ལམ་རྣམས་ཀྱི་དྲོད་ཚད་རྨི་ལམ་དུ་མྱོང་བ་བརྟན་མི་བརྟན་གྱིས་འཛིན་པར་བྱེད་པས་ལམ་གྱི་ཚོད་འཛིན་རྨི་ལམ་གྱི་རྣལ་འབྱོར་ཏེ། བག་ཆགས་ཀྱི་རང་གཟུགས་འཆར་བས་སམ་ཡུལ་གྱི་སྲོག་གཟུགས་འཛིན་པའི་ཕྱིར་རྨི་ལམ་ཞེས་བྱ་ཞིང༌། དེ་ལ་དབྱེ་ན། དཔེའི་རྨི་ལམ་དེ་ཉིད་དངོས། དོན་གྱི་རྨི་ལམ་ཉིན་སྣང༌། དུས་མཐའི་རྨི་ལམ་བར་དོ་གསུམ། ངོ་བོའི་སྒོ་ནས་ལས་དང་པོ་པ། རྣལ་འབྱོར་པ། འཕགས་པའི་རྨི་ལམ་གསུམ། སྣང་བ་ཉི་ཚེ་བ་གཉིད་ལོག་པ་རྨི་ལམ་ཆུང་ངུ༌། སྣང་བ་མི་བརྟན་པ་བར་དོ་རྨི་ལམ་འབྲིང༌། འཁྲུལ་སྣང་བརྟན་པ་སད་དུས་ཀྱི་སྣང་བ་རྨི་ལམ་ཆེན་པོ་སོགས་སུ་དབྱེར་ཡོད་དོ། །དེ་ལ་འདིར་བསྟན་དོན་དཔེའི་རྨི་ལམ་ནི། རྩ་གནས་སུ་རླུང་སེམས་འདུ་ཚུལ་གྱི་ཁྱད་པར་གྱིས་རྨི་ལམ་འབྱུང་ལ། རྨི་ལམ་གྱི་ངོ་བོ་ནི་གཉིད་ཀྱི་ནང་དུ་བག་ཆགས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་བ་དེའོ། །དེའི་ལུས་ནི་རགས་ལུས་འདི་ལས་བྱེ་མ་བྱེ་གཉིས་འབྱུང་ཡང་ངོ་བོ་རླུང་སེམས་ཀྱི་ལུས་དང་དེའང་ད་ལྟའི་ལུས་ཀྱི་བག་ཆགས་ཀྱི་རྗེས་སུ་འབྲངས་པས་བག་ཆགས་ཀྱི་ལུས་ཞེས་ཀྱང་བྱ་ཞིང༌། དུས་དེར་ད་ལྟའི་ཀུན་རྫོབ་ཀྱི་སྣང་བ་འཁྲུལ་པ་འདིའི་བག་ཆགས་ཀྱི་


LT09,P044A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་སྣང་བ་སྣ་ཚོགས་འཆར་བས་ཉིང་འཁྲུལ་ཏེ། དེ་གདམས་ངག་གིས་ལམ་དུ་བྱེད་པ་ལ་རྨི་ལམ་གྱི་གདམས་པ་ཞེས་བྱའོ། གཉིས་པ་ནི། གཟུང་སྦྱོང་གཅིག་ཏུ་བྱ་བའི་མན་ངག་གིས། །སྣང་བ་འཆི་བཅས་དེ་བཞིན་གཏན་ལ་དབབ། །རྨི་ལམ་ལམ་དུ་བྱེད་པ་ལ་ཐོག་མར་ཉིན་མོ་དྲན་པ་རྒྱུན་ཆགས་དང༌། མཚན་མོ་མན་ངག་བཙན་ཐབས་ཀྱི་གནད་གཉིས་ཀྱིས་བཟུང༌། མ་ཟིན་པའི་གེགས་སྟོང་འབྱམས་གཏུགས་འབྱམས་སད་འབྱམས་དྲེད་འབྱམས་བཞི་གཉེན་པོའི་མན་ངག་གིས་བསལ་བས་རྨི་ལམ་ལ་དེ་ཉིད་དུ་ངོ་ཤེས་པ་ནི་རྨི་ལམ་ཟིན་པ་ཡིན་ལ། དེའང་རྨི་ལམ་ལྟར་ཆོས་ཐམས་ཅད་ངོ་བོས་སྟོང་ཞིང་ཅིར་ཡང་སྣང་བས་བདེན་གཉིས་ཟུང་དུ་འབྲེལ། ཆོས་ཅན་ཆོས་ཉིད་ཡ་མ་བྲལ་བ་རྟེན་འབྲེལ་གྱི་གཟུགས་བརྙན་ངོ་མཚར་ཆེའོ་སྙམ་པ་རྒྱུའི་ཐེག་པའི་རྨི་ལམ་གྱི་ཉམས་ལེན་དང༌། རྨི་ལམ་ཉིད་སྒྱུ་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོར་ལྡང་ཐུབ་པ་རྫོགས་རིམ་སྐབས་འདི་པའི་རྨི་ལམ་གྱི་ཉམས་ལེན་ཡིན་ནོ། །བར་དུ་ཟིན་ནས་ལྷ་དང་འབྱུང་བཞི་སོགས་སྤྲུལ་སྒྱུར་སྦྱོང་བ། བདེན་མེད་དུ་ཤེས་པའི་ཐོག་བརྫིས་སྒྱུ་མར་སྦྱོང་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་ལ་སྦྱོང་བའི་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། མཐར་རྨི་ལམ་དང་འོད་གསལ་བསྲེས་ཏེ་དེ་ཁོ་ན་ཉིད་བསྒོམ་པ་གཅིག་ཏུ་བྱ་བའི་མན་ངག་གིས། ཉིན་སྣང་སྒྱུ་མ་ལྟ་བུ་དང་མཚན་མོའི་རྨི་ལམ་གྱི་སྣང་བ་གཉིས་བསྲེས་ནས་རྨི་ལམ་སྒྱུ་ལུས་སུ་ལྡང་ཞིང༌། སྒྱུ་ལུས་དེ་ཉིད་རྗེས་གཞིག་དང་རིལ་འཛིན་གྱི་འོད་གསལ་དུ་བསྲེ་ཞིང་འཕོ། ཁྱད་པར་དཔེ་མཚན་མོའི་རྨི་ལམ་དང་སྦྱར་ནས་དོན་ཉིན་མོའི་སྣང་བ་བདེན་མེད་དུ་གཏན་ལ་ཕབ་ཅིང་སྒོམ། དེས་ཤི་བའི་སྣང་བ་རྨི་ལམ་དུ་གཏན་ལ་ཕབ་ནས་


LT09,P044B
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་འཕྲང་སྔ་ཆོད་དུ་སྒོམ་པ་ཡིན་ཏེ། ཇི་ལྟར་གཉིད་པའི་རྨི་ལམ་ན་རང་ཉིད་ཤི་བ་དང་བར་དོར་འཁྱམས་པ་དང་ཡང་སྲིད་ཉིང་མཚམས་སྦྱོར་བར་སྣང་ཡང་དོན་དུ་མ་གྲུབ་པ་བཞིན་ཏུ། དངོས་སྣང་གི་འཆི་བ་དང་བར་དོ་དང་སྐྱེ་བ་ཡང་འབྱུང་བཅས་དེ་ཁོ་ན་ལྟར་རང་བཞིན་མེད་པར་གཏན་ལ་དབབ་ཅིང་ལ་ཟླའོ། །བཞི་པ་སྙིང་པོ་འོད་གསལ་ལ་གཉིས། སྒྲ་དོན་གྱི་དབྱེ་བ་རྣམ་གཞག་སྤྱིར་བསྟན། བསྒོམ་དོན་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། སྙིང་པོ་འོད་གསལ་དཔེ་དོན་ཉམས་རྟོགས་གཉིས། །རང་བཞིན་ལ་སོགས་བཞི་དང་ལྔ་རུ་དབྱེ། །ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་བར་རྟོགས་པ་ཉིད་ཉམས་ལེན་གྱི་རྩ་བ་ཡིན་པས་ལམ་གྱི་སྙིང་པོར་གྱུར་པ་འོད་གསལ་གྱི་རྣལ་འབྱོར་ཏེ། དེའི་སྒྲ་དོན་ནི། གནས་ལུགས་ཀྱི་ངང་འོད་འགག་མེད་དུ་གསལ་བའམ་རང་བཞིན་མེད་ཀྱང་ལྷུན་གྲུབ་ཏུ་སྣང་བའི་ཕྱིར་འོད་གསལ་ཞེས་བྱ། དེ་ལ་དབྱེ་ན། དཔེ་དོན། ཉམས་རྟོགས། ཉིན་མཚན། སྲབ་མཐུག །མ་བུའི་འོད་གསལ་གཉིས་སོགས་སུ་གྲགས་ཆེ་ཞིང༌། རང་བཞིན་འོད་གསལ་ལ་སོགས་པ་བཞི་དང་ལྔ་རུའང་དབྱེ་བ་ཡོད་དེ། རིམ་ལྔ་བསྡུས་གསལ་ལས། རང་བཞིན་དང་ཏིང་ངེ་འཛིན་དང་གསལ་ལ་རྟོག་མེད་དང་དོན་དམ་པའི་འོད་གསལ་བཞིར་གསུངས་པ་དང༌། རོ་མཉམ་རྡོ་རྗེའི་འདུས་པའི་འགྲེལ་པར། མཚོན་བྱ་རང་བཞིན། མཚོན་བྱེད་གཉིད། གོམས་པ་ལམ། མཚམས་སྦྱོར་འཆི་ཁ། འབྲས་བུ་ཆོས་སྐུའི་འོད་གསལ། ཞེས་ལྔར་བཤད་པ་དང༌། བཀའ་དཔེ་ཕྱི་མར། འོད་གསལ་འདི་ནི་རྣམ་ལྔ་སྟེ། རང་བཞིན་གྱི་འོད་གསལ་བ་དང༌། ཤེས་པའི་འོད་གསལ་འཆར་བ་དང༌། །ཏིང་ངེ་འཛིན་གྱི་འོད་གསལ་དང༌། །དེ་བཞིན་ཉིད་ཀྱི་འོད་གསལ་དང༌། །རྟོག་པའི་འོད་གསལ་བསྟན་པའོ། །དེ་ལ་དུས་ནི་ལྔ་ཡིན་ཏེ། །འཆི་བའི་དུས་


LT09,P045A
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབུ་མར་གནས། །མཉམ་གཞག་དང་ནི་ལོག་པའི་ཚེ། །མཉམ་རྗེས་རོ་གཅིག་གྱུར་པ་ཡིན། །ལྷག་མཐོང་རྟོགས་པའི་དུས་ཡིན་ནོ། །ཞེས་འོད་གསལ་ལྔ་དང་དེ་འཆར་བའི་དུས་བཅས་བཤད་པ་སོགས་མང་ངོ༌། །མདོར་ན་གཞིའི་ཆོས་ཉིད་རྟག་ཆད་སོགས་ཀྱི་མཐའ་དང་བྲལ་བ་ནི་ཡུལ་གྱི་འོད་གསལ་དང༌། དོན་དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ཡུལ་ཅན་གྱི་འོད་གསལ་ཡིན་ལ། རྣམ་གཞག་འདི་ཙམ་ནི་མདོ་སྔགས་གཉིས་ཀར་འབྱུང་བས་སྤྱི་དོན་གྱི་འོད་གསལ་ཞེས་བྱ་ཞིང༌། སྔགས་བླ་མེད་ནས་གསུངས་པ་ལ་ནི་སྦས་དོན་གྱི་འོད་གསལ་ཞེས་བྱའོ། །འདི་ལའང་གནས་སྐབས་སུ་མིང་ཐ་དད་པས་བཞག་པ་འགའ་ཞིག་ཡོད་དེ། དབང་དུས་སུ་སྐྱེས་པའི་དཔེའི་ཡེ་ཤེས་དང༌། བསྐྱེད་རིམ་གྱི་འོད་གསལ་རྣམས་ནི་འོད་གསལ་རྗེས་མཐུན་པ་ཡིན་ལ། རྫོགས་རིམ་ལས་སྐྱེས་པ་རྣམས་ནི་འོད་གསལ་ཡང་དག་པ་ཡིན་ནོ། །འདིར་བསྟན་སྐབས་དོན་གྱི་འོད་གསལ་ནི། དོན་གྱི་འོད་གསལ་ཁྱད་པར་ཅན་ཞིག་མངོན་དུ་བྱེད་པ་ཡིན་ལ། དེའང་སྒྱུ་ལུས་དངོས་སམ་རྗེས་མཐུན་པ་ཞིག་བསམ་གཏན་གཉིས་ཀྱིས་བསྡུས་ནས་འོད་གསལ་བ་མངོན་དུ་བྱེད་པ་ནི་སློབ་མི་སློབ་ཀྱི་འོད་གསལ་ཏེ་འདི་ལས་ལྷག་པའི་འོད་གསལ་ནི་མེད་དོ། །གཉིས་པ་ལ་གསུམ། གཞི་དུས། ལམ་དུས། འགྲས་དུས་སོ། །དང་པོ་ནི། ཉམས་ལེན་གཞི་དུས་འོད་གསལ་རང་ངོ་སྤྲད། །དབྱེ་བ་དེ་དག་ལས་འདིར་བསྟན་གྱི་ཉམས་སུ་ལེན་བྱ་ནི། ཐོག་མར་གཞི་དུས་ཀྱི་འོད་གསལ་རང་ངོ་སྤྲད་པར་བྱ་དགོས་ལ། དེའང༌། སེམས་ཅན་ཐམས་ཅད་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་ཁྱབ་བདག་དེ་ལ་གཞི་གདོད་མའི་འོད་གསལ་ཞེས་བྱ་ཞིང༌། དེ་ལའང་བློ་ནུས་ཀྱིས་འདོད་ལུགས་


LT09,P045B
[མ་དཔེ་གཟིགས་ན་འདིར་གནོན།]

མང་སྟེ། མདོ་སྡེ་པ་རྣམས་ཤེས་པས་རང་ཡུལ་རིག་པ་ཙམ་ལ་དེར་འདོད་པ་དང༌། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ལ་འདོད་པ་དང༌། དབུ་མ་པ་ལ་འཕགས་སེང་སོགས་ཀྱིས་སེམས་བདེན་སྟོང་ལ་རང་བཞིན་འོད་གསལ་དུ་མཛད་ནས་དེ་ཉིད་རིགས་སུ་འགྱུར་ཚུལ་སོགས་གསུངས་པ་དང༌། འཁོར་ལོ་ཕྱི་མ་དང་དེའི་དགོངས་འགྲེལ་རྒྱུད་བླར། སེམས་རང་བཞིན་གྱིས་འོད་གསལ་བ་དང༌། བདེ་གཤེགས་སྙིང་པོ་དོན་གཅིག་པར་བཤད་ལ། སེམས་ཙམ་པ་དང་མི་མཚུངས་ཏེ། དེས་ཀུན་གཞི་བསྒྲིབས་ལུང་མ་བསྟན་དུ་འདོད་ལ། འདིར་ནི་དགེ་བར་བཞེད་པས་སོ། །འདིའི་མཚན་ཉིད་མང་ཡང་མདོར་ན་སེམས་ཀྱི་ངོ་བོ་དྲི་མས་རང་བཞིན་གྱིས་དག་པའི་ཕྱིར་ན་འོད་གསལ་ཞེས་བརྗོད་པ་ཡིན་ལ། སེམས་ཙམ་པ་མན་གྱིས་འདོད་པའི་སེམས་ཀྱི་རང་བཞིན་འོད་གསལ་དེ་དང་ཁྱད་པར་ཅི་ཡོད་སྙམ་ན། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཉིད་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་འཇིག་རྟེན་པའི་ཐོས་བསམ་སྒོམ་པའི་ཡུལ་ཡིན་མིན་གྱི་ཁྱད་པར་ཆེའོ། །སྔགས་བླ་མེད་ཀྱི་ཐབས་ལམ་ཟབ་མོའི་སྐབས་འདིར་སེམས་ཀྱི་རང་བཞིན་འོད་གསལ་དེའང༌། སྣང་བ་སེམས། སེམས་རང་རིག་རང་རིག་བདེ་ཆེན། བདེ་ཆེན་ཉིད་ཀྱང་སྟོང་པ་དང་ཟུང་དུ་འཇུག་པའི་ཁྱད་པར་བཞི་ལྡན་དུ་འདོད་པ་ཡིན་ལ། དེའི་སྒྲིབ་བྱེད་ཀྱི་དྲི་མའང་རྒྱུའི་ཐེག་པར་ཡུལ་སུན་ཕྱུང་ནས་གཟོད་དེར་འཛིན་གྱི་བློ་སྤོང་ཞིང་འདོར་བར་བཞེད་མོད། བླ་མེད་ཀྱི་ཐེག་པ་འདིར་ནི་སེམས་ཀྱི་རང་བཞིན་མཐོང་བར་བྱས་པས་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་ངང་གིས་སྤོང་བ་ཡིན་གྱི། ཡུལ་སུན་ཕྱུང་ནས་ཉོན་མོངས་སྤོང་བར་མི་བཞེད་དེ། དཔེར་ན་མཁྲིས་


LT09,P046A
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཅན་ལ་དུང་སེར་པོར་སྣང་ཚེ་དེ་ཉིད་དཀར་པོ་ཡིན་པའི་གནས་ཚུལ་ཤེས་ཀྱང་སེར་སྣང་མི་ལྡོག་ལ། མཁྲིས་ནད་བསལ་བ་ན་སེར་སྣང་གི་བློ་ངང་གིས་ལྡོག་པ་བཞིན་ནོ། །ཞེས་བཞེད་པའོ། །རང་བཞིན་འོད་གསལ་དེ་མཐོང་བའི་ཐབས་ནི། མདོར་བསྡུས་དང་པོ་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པ་ལྟར། རོ་རྐྱང་གཟུང་འཛིན་གྱི་རླུང་སེམས་དབུ་མར་འཆིང་བའི་རྫོགས་རིམ་གྱི་རྣལ་འབྱོར་ཟབ་མོ་ལ་བརྟེན་ཏེ་མཐོང་བར་འགྱུར་བའོ། །དེ་ནི་གཞིའི་འོད་གསལ་ཞེས་པ་སེམས་ཀྱི་རང་བཞིན་འདི་ལྟ་བུའོ་ཞེས་གསལ་བར་ངོ་སྤྲད་པའོ། །གཉིས་པ་ནི། ལམ་དུས་རྟེན་དང་བརྟེན་པའི་གནད་བཅིངས་ཤིང༌། །ཕྱི་ནང་ཐུན་མོང་མངོན་བྱང་མངོན་དུ་བྱ། །འཆར་སྐབས་ལྔ་ལས་གཉིད་དུས་དཔེ་རུ་བཟུང༌། །རིལ་འཛིན་རྗེས་གཞིག་སྒྱུ་ལུས་ལྡང་བ་ཡིས། །ཟིན་པ་བརྟན་བྱས། །ཞེས་པ་སྟེ། ལམ་དུས་ཀྱི་འོད་གསལ་གཏན་ལ་དབབ་པ་ལ། སྤྱིར་འོད་གསལ་གྱི་རང་ངོ་ལ་མཉམ་པར་འཇོག་ཚུལ་ནི། ཏེ་ལོ་པས། མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་གྱུར་གྲོལ་བར་ཐེ་ཚོམ་མེད། །ཅེས་སོགས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་མགྲིན་གཅིག་ཏུ་གདམས་པ་ལྟར། ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པས་ཤེས་པ་རྟེན་མེད་དུ་མ་བཅོས་པར་ཀློད་ནས་བཞག་པས་སྟོང་པ་ཉིད་འཁྲུལ་མེད་རྣལ་འབྱོར་བའི་མངོན་སུམ་དུ་བྱེད་པ་འདི་ནི་རྒྱུད་སྡེ་ཟབ་མོ་


LT09,P046B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་འབྱུང་བའི་རྫོགས་རིམ་མཐར་ཐུག་པའི་མན་ངག་སྟེ། རྟེན་རྡོ་རྗེའི་ལུས་ཀྱི་གནད་བཅིངས་ནས་ཡིད་མིག་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་པ་ན་ལུས་སེམས་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རྒྱུ་བ་འགགས་པ་དབུ་མར་རེངས་པས་རྣམ་པ་དང་བཅས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་མོ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །དེས་ན་བརྟེན་པ་འོད་གསལ་གྱི་སེམས་སྟོང་ཉིད་དུ་རྟོགས་པའི་སྣང་བ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འཆར་བ་ཡང༌། རྟེན་མཆོག་གི་དབུ་མར་རོ་རྐྱང་གི་རླུང་ཐིམ་པ་ལ་རགས་ལས་ཤིང༌། དེ་ཐིམ་པའི་ཐབས་ལའང་སེམས་མ་བཅོས་པར་ཀློད་ནས་བཞག་པ་འདི་ལས་ཟབ་པ་མེད་པས་བླ་མེད་ཀྱི་མན་ངག་རྣམས་སུ་འདི་ལ་སོར་སྡུད་ཀྱི་མན་ངག་ཅེས་རྣམ་པར་གཞག་པའོ། །ཁྱད་པར་གྱི་གདམས་པས་བཙན་ཐབས་སུ་འཛིན་པ་ནི། སྣོད་བཅུད་དག་པའི་འཁོར་ལོ་འོད་གསལ་དུ་བསྡུ་བའི་ཏིང་ངེ་འཛིན་ཟབ་མོས་ཟླ་ཉི་སྒྲ་གཅན་གྱི་རླུང་སྙིང་གར་ཟིན་པས་སྣང་གསུམ་གྱི་མཐར་འོད་གསལ་དུ་འཆར་ལ། གཉིད་དུ་མ་སོང་གོང་དུ་འདི་ཉིད་ལ་སྦྱངས་ན་གཉིད་ཀྱི་འོད་གསལ་ལ་ཚེགས་མེད་དུ་ཟིན་ཅིང༌། དེ་ཟིན་ན་འཆི་བ་འོད་གསལ་ཡང་ཟིན་པས་འོད་གསལ་གསུམ་འབྲེལ་གྱི་མན་ངག་ཏུ་གྲགས་སོ། །གཞན་ཡང་རྟེན་དང་བརྟེན་པའི་གནད་བཅིངས་ཏེ་ཕྱི་དང་ནང་དང་ཐུན་མོང་བའི་མངོན་པར་བྱང་ཆུབ་པའི་འོད་གསལ་མངོན་དུ་བྱ་སྟེ། དེའང་ཟླ་འོད་ནུབ་ཅིང་ཉི་འོད་མ་ཤར་ལ་མཚམས་ཀྱི་མུན་པ་ལས་ཀྱང་འདས་པའི་ཐོ་རངས་ཀྱི་ནམ་མཁའ་དེ་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པ་ལྟར། ཉི་ཟླ་མཚམས་གསུམ་གྱིས་མཚོན་པའི་སྤྲོས་བཅས་སྤྲོས་མེད་དབུ་མ་ལས་ཀྱང་འདས་ནས་ཤེས་རབ་ཀྱི་སྟོབས་ཀྱིས་ཐོག་ཐ་དབུས་གསུམ་གང་དུའང་མི་རྟོག་པ་སྟེ། རྒྱུའི་ཐེག་པ་དང་ཐུན་མོང་བར་བསྟན་པའི་ཕྱིའི་བྱང་


LT09,P047A
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཅེས་བྱའོ། །གཞན་ལུས་ལ་བརྟེན་ནས་འོད་གསལ་འཛིན་པ་ཡིན་ན། དྲོད་ཀྱི་ཉི་མ་ཤར་བ་ཐབས་ཆགས་པའི་སྣང་བ་མཆེད་པ་དང༌། བདེ་བའི་ཟླ་བ་ཤར་བ་ཤེས་རབ་ཆགས་བྲལ་གྱི་སྣང་བ་དང༌། དེ་གཉིས་ཀ་མིན་པའི་ཐུན་མཚམས་དབུ་མ་ཉེར་ཐོབ་ལས་ཀྱང་འདས་ཏེ། བདེ་བ་ཆེན་པོ་ཉམས་སུ་མྱོང་བ་ལས་དུས་གསུམ་གང་དུའང་རྣམ་པར་མི་རྟོག་པའི་སྐད་ཅིག་གི་འོད་གསལ་འཆར་ལ། འདི་ནི་བསྐྱེད་རིམ་པའང་ཡོད་པས་ནང་དུ་སྟོང་བཞི་མངོན་དུ་གྱུར་སྟོབས་ཀྱིས་འོད་གསལ་བའི་ཡེ་ཤེས་མྱོང་བ་མིན་ཡང་རིག་མ་དང་འབྲེལ་སྟོབས་ཀྱི་མངོན་བྱང་ཡིན་པས་ཕྱི་ནང་ཐུན་མོང་བ་ཞེས་བྱ་སྟེ། རྒྱུའི་ཐེག་པར་བཤད་པའི་མངོན་བྱང་གི་དག་པ་ཚང་བའི་སྟེང་དུ་ཕྱག་རྒྱ་ལ་བརྟེན་པའི་སྣང་གསུམ་གྱི་མཐར་འོད་གསལ་ཟིན་པ་ཡིན་པས་སོ། །ནང་གི་མངོན་བྱང་ནི། བྱང་ཆུབ་དང་པོ་ལས་རླུང་ཕལ་ཆེར་རླུང་གི་རླུང་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་འོད་ཟེར་ལྔ་ལྡན་མཐོང་བའོ། །གཉིས་པ་འདོད་ཆགས་ཀྱི་ཀུན་རྟོག་ཐིམ་པས་སྣང་བ་ནམ་མཁའ་དྲི་མེད་ལ་ཟླ་འོད་ཤར་བ་ལྟ་བུ། གསུམ་པ་ཞེ་སྡང་ཐིམ་པས་སྣང་བ་མཆེད་པ་དེ་ལ་ཉི་འོད་ཤར་བ་ལྟ་བུ། བཞི་པ་གཏི་མུག་ཐིམ་པས་སྣང་བ་ཐོབ་པ་དེ་ལ་མཚམས་ཀྱི་མུན་པས་ཁྱབ་པ་ལྟ་བུ། ལྔ་པ་རྣམ་ཤེས་ཀུན་ཐིམ་པས་མུན་པ་དང་བྲལ་བའི་སྐད་ཅིག་མ་འོད་གསལ་བ་སྟེ། གཟུང་འཛིན་གྱི་མུན་པ་དང་བྲལ་བས་འོད་གསལ་བའི་ཆོས་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་མིག་ལ་མངོན་དུ་འགྱུར་བ་རབ་རིབ་དང་བྲལ་བས་སྐྲ་ཤད་ཀྱི་དེ་ཉིད་མཐོང་བ་ལྟར་རོ། །རྗེ་བརྒྱད་པས་སྐབས་འདིར་རྣམ་ཤེས་སྡུད་པའི་མངོན་བྱང་དང་ཡེ་ཤེས་འཆར་བའི་མངོན་བྱང་ཞེས་ཁྱད་པར་ཅན་གྱི་ཞལ་གདམས་ཀྱང་སྣང་ངོ༌། །འདིར་ཕྱག་ལེན་དུ་འདེབས་རྒྱུའི་འོད་གསལ་ལ་ཐོག་མར་མ་ཟིན་པ་ཟིན་བྱེད་ནི། འཇམ་


LT09,P047B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཞལ་ལུང་ལས། ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བ་རབ་གོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང༌། །ཞེས་སྤྱིར་འོད་གསལ་འཆར་བའི་སྐབས་ལྔར་བཤད་པ་ལས། གཉིད་དུས་ཀྱི་འོད་གསལ་དཔེ་རུ་བཟུང་ནས། དྷཱུ་ཏིར་འབྲུ་ལྔའི་སྦྱོར་བས་སྟོང་པ་བཞིའི་མཐར་ཐམས་ཅད་སྟོང་པའི་ངོས་བཟུང་བ་ལ་བསླབ་པ་ཡིན་ཅིང༌། འོད་གསལ་དེའི་ངོ་བོ་ནི་གཉིད་ཀྱི་ཤེས་པ་སྔ་མ་རྣམ་པར་དག་ཅིང༌། སླར་རྨི་ལམ་གྱི་རྟོག་པ་དང་རླུང་སྦྱོང་བྱེད་ཀྱི་གཉིད་སྔ་མའི་རིགས་འདྲ་མ་སྐྱེས་པའི་བར་དེར་ཐ་མལ་པ་ལ་གཏི་མུག་གིས་བསྒྲིབས་ཀྱང༌། རྣལ་འབྱོར་ཅན་ལ་རྟོག་པ་དང་བྲལ་བའི་ཆོས་ཀྱི་སྐུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དག་ཅིང་འོད་གསལ་བ་མར་མེའི་སྙིང་པོའམ་སྟོན་གནམ་དྭངས་པ་ལྟ་བུ་ཞིག་འཆར་བ་དེ་ཡིན་ལ། འོན་ཀྱང་སྣང་གསུམ་མ་དག་པའི་ཕྱིར་དེ་དག་མཐར་ཐུག་གི་འོད་གསལ་དོན་དམ་བདེན་པ་དངོས་མཐོང་བ་མིན་པས་དཔེའི་འོད་གསལ་དུ་ཤེས་པར་བྱའོ། །དེ་ལ་དཔེ་དོན་གྱི་འོད་གསལ་ཞེས་བྱ་བའང་བསམ་གཏན་གཉིས་སོགས་ཀྱིས་རླུང་སེམས་སྙིང་གར་བསྡུས་སྟོབས་ཀྱིས་གཉིད་འཁྲུལ་ལ་བརྟེན་པའི་སྒྲིབ་གཉིས་མངོན་གྱུར་དང་བྲལ་བ་ནི་དཔེའི་འོད་གསལ་དང༌། གཉིད་འཁྲུལ་ལ་བརྟེན་པའི་མཐོང་སྤང་དང་སྒོམ་སྤང་གཉིས་ཀའི་སྒྲིབ་གཉིས་ཀྱི་ས་བོན་ཡང་ལམ་གྱི་འོད་གསལ་སྟོབས་ལྡན་གྱིས་སྤངས་པས་གཞིའི་འོད་གསལ་གློ་བུར་དྲི་བྲལ་དུ་གྱུར་པ་ནི་དོན་གྱི་འོད་གསལ་ལོ། །དེ་ལྟར་གཉིད་འོད་གསལ་གྱིས་སྦྱངས་པ་ན་ཕུང་ཁམས་ཀྱི་རྟོག་པའི་ས་བོན་བསད་ནས་ལྭ་བ་པ་ལྟར་འོད་གསལ་གྱི་ངང་དུ་བྷུ་སུ་ཀུའི་སྤྱོད་པ་སྤྱད་ན་སྒྱུ་མ་ལྟ་བུའི་སྐུ་ཚེ་འདི་ཉིད་ལ་འགྲུབ་བོ། །བཟུང་བའི་མན་ངག་གིས་ཟིན་ནས་བརྟན་པའི་ཐབས་ནི། རླུང་སེམས་བསྡུ་བའི་ཐབས་སམ་རྟེན་


LT09,P048A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱིས་གཏུམ་མོ་འབར་བས་བྱང་སེམས་ཞུ་བའི་བདེ་སྟོང་གི་རྟོག་པ་སྣང་གསུམ་འོད་གསལ་དང་བཅས་པའི་རླུང་སེམས་ཀྱི་རྟགས་སྣང་ལས་སྒྱུ་མའི་སྐུར་ཤར་བ་ཉིད། དོན་གྱི་འོད་གསལ་མངོན་དུ་བྱེད་པའི་ཆེད་དུ་སྤྱོད་པ་གསུམ་དང་བསམ་གཏན་གཉིས་ཀྱི་སྒོ་ནས་རླུང་སེམས་ཤིན་ཏུ་ཕྲ་བ་འོད་གསལ་དུ་གཞུག་དགོས་ཤིང༌། སྤྱོད་པ་གསུམ་ནི་འོག་ཏུ་འབྱུང་ངོ༌། །བསམ་གཏན་གཉིས་ནི་རིམ་ལྔ་དང་སྤྱོད་བསྡུས་ལས་བཤད་པ་ལྟར། མེ་ལོང་ལ་ཧས་བཏབ་པ་ཡལ་བའི་དཔེས་ཅིག་ཅར་སྡུད་པ་རིལ་འཛིན་དང༌། ཆུ་བོའམ་ལྟེང་ཀའི་ཆུ་འཁྱག་པ་ཞུ་བའི་དཔེས་རིམ་གྱིས་སྡུད་པ་རྗེས་གཞིག་སྟེ། བསམ་གཏན་དེ་གཉིས་ཀྱིས་སྒྱུ་ལུས་འོད་གསལ་དུ་བཅུག་ནས་སླར་ལུགས་ལྡོག་གི་ལུས་སུ་ལྡང་བ་ན། སློབ་པའི་སྒྱུ་ལུས་ཀྱི་རྟེན་དེ་ལ་མི་སློབ་པའི་སྒྱུ་ལུས་མངོན་དུ་བྱེད་དེ། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་འདི་ནི། །དེ་ཉིད་བསྒོམས་པས་འཐོབ་པར་འགྱུར། །ཞེས་པ་ལྟར་རོ། །དེ་ཉིད་ཉམས་སུ་ལེན་ན། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དབྱེར་མེད་རྡོ་རྗེ་གསུམ་གཞོམ་མེད་ཀྱི་སྒྲ་དང་བཅས་པ་བསམ་གཏན་གཉིས་ཀྱི་འཇུག་ལྡང་གི་སྦྱོར་བ་ལ་བསླབས་པས། ཐིག་ལེ་རྟེན་བཅས་ཀྱིས་བསྡུས་པའི་སྒྲིབ་གཉིས་མངོན་གྱུར་ལས་རླུང་གི་བཞོན་པ་དང་བཅས་པ་བསལ་ནས། འོད་གསལ་སྟོན་གནམ་དྲི་མེད་ལ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ཐོ་རངས་ཀྱི་ནམ་མཁའ་ལྟ་བུ་ཞིག་འཆར་བ་ལ་གོམས་པ་མཐར་དབྱུང་སྟེ་ཟིན་པ་བརྟན་པར་བྱའོ། །གསུམ་པ་ནི། དོན་འབྲས་མཐའ་རུ་ཕྱིན། །ཅེས་པ་སྟེ། གཞི་གདོད་མའི་འོད་གསལ་ཆོས་ཀྱིས་རང་གི་རྒྱུད་ལ་ཇི་ལྟར་གནས་པ་དེ་ཉིད་བླ་མས་ངོ་སྤྲད་དེ་ཉིད་མཚན་གྱི་འོད་གསལ་གྱིས་ལམ་དུ་བྱས་པས། དོན་འབྲས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་ནི་འབྲས་བུའི་


LT09,P048B
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ལོ། །དེ་ཉིད་ཟུང་འཇུག་གི་རིམ་པ་དང་གཅིག་པ་སྟེ། བཀའ་དཔེ་ཕྱི་མ་ལས། འོད་གསལ་མངོན་དུ་གྱུར་པ་ལས། །དེ་ལས་ཟུང་དུ་འཇུག་པ་འཆར། །ཞེས་འོད་གསལ་མཐར་ཕྱིན་པ་ཉིད་ཟུང་འཇུག་ཏུ་བཤད་པའོ། །སྐབས་འདིར་རྗེ་མར་པས། དཔེའི་འོད་གསལ་གཞན་ལུས་ཤེས་རབ་མ་ལ་བརྟེན་པའི་ཡེ་ཤེས། དོན་གྱི་འོད་གསལ་ཉེ་བར་ཐོབ་པའི་བར་མ་དོར་ཀུན་གཞི་འོད་གསལ་དུ་ཐིམ་པའི་ཡེ་ཤེས། འོད་གསལ་རང་གི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་མཁའ་ཁྱབ་བྱང་ཆུབ་རྡོ་རྗེ། འོད་གསལ་གྱི་ཡོན་ཏན་ཉེར་ཐོབ་མུན་པའི་དྲི་མ་སངས་པས་གནས་ངན་ལེན་ཐམས་ཅད་ལས་གྲོལ་ཏེ་སྲིད་ཞིར་མི་གནས་པའི་ཆོས་གཟུགས་ཀྱི་སྐུ་འགྲུབ་པའོ། །ཞེས་ཚིག་ཉུང་ལ་དོན་རྒྱ་ཆེ་བས་འོད་གསལ་གྱི་རྒྱུ་ལམ་འབྲས་བུའི་ལུས་ཡོངས་སུ་རྫོགས་པ་བསྟན་པར་མཛད་དོ། །ལྔ་པ་བློ་ཆོད་བར་དོའི་རྣལ་འབྱོར་ལ་གཉིས། སྒྲ་དོན་དབྱེ་བ་རྣམ་གཞག་སྤྱིར་བསྟན། བསྒོམ་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། བར་དོ་རྣམས་ལས་བློ་ཆོད་སྲིད་པ་སྟེ། །ཞེས་སྲིད་པ་བར་དོར་འོད་གསལ་དང་སྒྱུ་ལུས་ཀྱིས་བློ་གཅིག་ཆོད་བྱས་པས་ཟུང་འཇུག་མངོན་དུ་བྱེད་པའི་ཕྱིར་ལམ་གྱི་བློ་ཆོད་ཀྱི་རྣལ་འབྱོར། ཕྱོགས་གཉིས་སུ་མ་ལྷུང་བས་སམ་སྔོན་རྗེས་གཉིས་ཀྱི་བར་ན་གནས་པའི་ཕྱིར་བར་དོ་ཞེས་བྱ་བ་ལ་ནང་གསེས་ཀྱི་དབྱེ་བསྡུ་མང་སྟེ། རྗེ་བཙུན་མི་ལས། དོན་དམ་ཆོས་ཉིད་ཀྱི་བར་དོ། རང་བཞིན་ལམ་གྱི་བར་དོ། སྣང་བ་སྐྱེ་ཤིའི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པའི་བར་དོ། སྐྱེ་གནས་བརྒྱུད་པའི་བར་དོ་སྟེ་དྲུག་ཏུ་མཛད་པ་དང༌། ཡང༌། ལྟ་བ་དང༌། སྒོམ་པ་དང༌། སྤྱོད་པ་དང༌། རྨི་ལམ་དང༌། བསྐྱེད་རྫོགས་དང༌། གནད་དང༌། སྐུ་གསུམ་དང༌། འབྲས་བུའི་བར་དོ་སྟེ་བརྒྱད་དུ་ཕྱེ་ནས་སྒམ་པོ་པ་ལ་གསུངས་པ་དང༌། རྗེ་རས་ཆུང་པས། ལྟ་སྒོམ་འབྲས་བུ་གསུམ།


LT09,P049A
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཅན་ཆགས་བྲལ་དང༌། སྐྱོན་ཅན་སྐྱོན་མེད་དང༌། ཚིག་དོན་གྱི་བར་དོ་སྟེ་དྲུག་ཏུ་གསུངས་པ་དང༌། རྗེ་མཁའ་སྤྱོད་པས། ཟུང་འཇུག་སྐུ་བཞིའི་བར་དོ། རང་རིག་ཡེ་ཤེས་ཀྱི་བར་དོ། དུས་མཚམས་རང་བཞིན་གྱི་བར་དོ། །འཆུག་མེད་རྟེན་འབྲེལ་གྱི་བར་དོ་ཞེས་བཞི་དང༌། བར་དོ་ཡིད་བཞིན་སྙིང་པོའི་བདེ་ཁྲིད་ལས། སྐྱེ་འགག་གི་བར་དོ་རྩད་བཅད། བདག་གཞན་གྱི་བར་དོ་རོ་མཉམ། འགྲོ་འོང་གི་བར་དོ་ངོས་བཟུང༌། ཡིན་མིན་གྱི་བར་དོ་འཕྲང་བསལ་ཞེས་བཞིར་མཛད་པ་སོགས་མང་དུ་འབྱུང་བ་ལས། རྗེ་མར་པས། སྣང་བ་སྐྱེ་ཤིའི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པ་བར་དོ་ཞེས་གསུམ་དུ་བསྡུ་བ་ཉིད་གྲགས་ཆེ་ཞིང༌། དེ་ལས་སྔ་མ་གཉིས་ནི་རྩ་བའི་ཆོས་བཞིས་ལམ་དུ་བྱེད་པ་ཡིན་པས། བར་དོའི་དབྱེ་བ་དེ་དག་རྣམས་ལས་འདིར་བསྟན་སྐབས་དོན་བློ་ཆོད་ཀྱི་རྣལ་འབྱོར་ནི་སྲིད་པ་བར་དོ་ལ་སྦྱོར་བའོ། །དེའང་མངོན་པ་ཀུན་བཏུས་ལས། སྲང་མདའི་མཐོ་དམན་ལྟར་འཆི་འཕོ་ཞིང་ཉིང་མཚམས་སྦྱོར་རོ། །ཞེས་འཆི་སྲིད་འགག་པ་དང་བར་སྲིད་འཁྲུལ་པ་དུས་མཉམ་དུ་འབྱུང་བར་གསུངས། དེའང་སེམས་ཅན་ཤི་ནས་སྐྱེ་བ་མ་བླང་བ་ལ་བར་སྲིད་ཅེས་བརྗོད་ཅིང༌། དེའི་མཚན་ཉིད་ནི། སྤྱོད་བསྡུས་ལས། ཡང་དོན་དམ་པའི་བདེན་པའི་དཀྱིལ་འཁོར་ལ་འཇུག་པའི་རིམ་གྱིས་ཕུང་པོ་ཡོངས་སུ་སྤངས་ཏེ་རླུང་གི་ཁམས་ཀྱིས་བླངས་ནས་ཚོར་བ་དང་ལྡན་ཞིང་སྲིད་པས་རྗེས་སུ་བཅིངས་ལ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་དྲན་པས་ཡོངས་སུ་བཟུང་བ། དགེ་བ་དང་མི་དགེ་བའི་རྣམ་པའི་ཡིད་དང་ལྡན་པས་བྱིས་པ་ལོ་ལྔ་པ་དང་མཉམ་པ། །ཐམས་ཅད་མཐོང་བ། དབང་པོ་ཐམས་ཅད་ཚང་བ། དྲི་ཟའི་ཟས་ལ་སྤྱོད་པ། རྡོ་རྗེ་ལ་སོགས་པས་མི་ལྡོག་པ། མཚན་ཉིད་ཐམས་ཅད་དང་ལྡན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། ཉི་མ་


LT09,P049B
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱིས་འཕོ་བའི་བར་ལ་གནས་ནས་རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དགེ་བ་དང་མི་དགེ་བས་བསྐྲུན་པར་གྱུར་པས་རྒྱུ་དང་རྐྱེན་ཐོབ་ནས་འགྲོ་བ་ལྔ་རྣམས་སུ་ཟོ་ཆུན་གྱི་འཁྲུལ་འཁོར་གྱི་ཚུལ་གྱིས་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་ལེན་པར་བྱེད་ཅིང༌། འཁོར་བའི་སྡུག་བསྔལ་རྗེས་སུ་མྱོང་བར་འགྱུར་རོ། །ཞེས་བར་སྲིད་ཀྱི་རྣམ་གཞག་ཞིབ་པར་གསུངས་པ་དང༌། ཐེག་དམན་གྱི་བསྟན་བཅོས་མཛོད་ལས་ཀྱང་གསལ་བར་བཤད་པ་ལྟར་རོ། །གཉིས་པ་ནི། རབ་ཀྱིས་འོད་གསལ་ངོས་བཟུང་འབྲིང་སྒྱུ་ལུས། །རྩལ་སྦྱོང་ཐ་མས་མངལ་སྒོ་དགག་ཅིང་གདམས། །དེ་ཉིད་སྦྱོང་བྱེད་ཀྱི་རྣལ་འབྱོར་ནི། རབ་རྣམས་ཀྱིས་བར་དོ་དང་པོའི་འོད་གསལ་ངོས་བཟུང༌། འབྲིང་གིས་བར་དོ་གཉིས་པར་སྒྱུ་ལུས་ལ་རྩལ་སྦྱོང༌། ཐ་མས་བར་དོ་གསུམ་པ་ལ་མངལ་གྱི་སྒོ་དགག་ཅིང་གདམ་པར་བྱའོ། །དེ་ལ་དང་པོ་ནི། འཆི་ཀར་འབྱུང་བ་བཞི་དང་ཕྲ་རགས་ཀྱི་སྣང་རྟོག་ཐམས་ཅད་ཐིམ་ཞིང་སྟོང་པ་བཞི་ཕྱི་ནང་གི་རྟགས་སྣང་བཅས་འཆར་བའི་ཚེ། སྔར་འོད་གསལ་འཛིན་དུས་ཀྱི་རིལ་འཛིན་རྗེས་གཞིག་གི་མངོན་པར་རྟོགས་པ་ལྟ་བུ་སོགས་ཀྱི་དགེ་སྦྱོར་དང་བསྲེ། ཁྱད་པར་སྣང་གསུམ་དང་འོད་གསལ་འཆར་དུས་བླ་མས་ངོ་སྤྲད་པའི་ལྟ་ཐོག་ཏུ་འཇོག་འཆི་བ་འོད་གསལ་གྱི་དུས་རླུང་སེམས་སྙིང་གའི་དབུ་མར་ཐིམ་པ་ན་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ཞིག་འཆར་མོད། དེའི་ཚེ་སྔོན་གོམས་ཀྱི་མྱོང་བ་མཆོག་དང་ལྡན་པ་ལ་སྔར་འདྲིས་ཀྱི་མི་དང་ཕྲད་པའམ། མགྲོན་པོ་རང་ཡུལ་དུ་ཕྱིན་པ་ལྟ་བུ་འབྱུང་ལ། དེ་ངོས་ཟིན་ནས་མཉམ་པར་འཇོག་ཐུབ་ཀྱང་སྔོན་སྒྲོ་འདོགས་ཆོད་པའི་ལྟ་ཐོག་ཏུ་བཞག་ནས་སྐྱོང་རྒྱུ་མེད་ན་གནས་ལུགས་རྟོགས་པར་མི་འགྲོ་བས། ཚེ་འདིར་སྟོང་ཉིད་ཀྱི་ལྟ་བ་གཏན་ལ་ཕེབས་པ་དེ་ཉིད་


LT09,P050A
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་དང་ཟུང་འབྲེལ་དུ་བསྒོམ་པའི་བུའམ་ལམ་གྱི་འོད་གསལ་ལ་འབད་པར་བྱའོ། །དེའང་ཕལ་ཆེ་བ་ཞིག་གཞི་འཆི་བའི་འོད་གསལ་ནི་མ་དང་ལམ་ཉིན་མཚན་གྱི་འོད་གསལ་སྒོམ་པ་ནི་བུར་འདོད་མོད། རྗེ་བཙུན་མར་མི་སོགས་ཀྱི་བཞེད་པས། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་འོད་གསལ་བ་དེ་ལ་མ། དྭངས་མ་ལྔ་འདུས་ཀྱི་རྟེན་འབྲེལ་ལས་སྐབས་འདིར་ཏིང་ངེ་འཛིན་གསལ་བར་ཤར་བ་ལ་བུར་འདོད་དེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་བ་ཡོད་པས་སོ། །གང་ལྟར་ཡང་རུང་ད་ལྟ་སད་དུས་སྲོག་དབུ་མར་བསྡུས་པས་སྟོང་བཞི་ལ་གོམས་པ་དང༌། གཉིད་མཐུག་འོད་གསལ་དུ་བསྲེ་ཐུབ་ན་རླུང་སྟོབས་ཀྱིས་གཟོད་འཆི་སྲིད་དུ་འོད་གསལ་མ་བུ་བསྲེ་ནུས་ལ། ནུས་ན་དེའི་ཕྱི་ལོགས་སུ་བར་དོ་འཆར་བ་གདོན་མི་ཟ་བར་ངོ་ཤེས་པས་བར་དོ་ཟིན་པའི་ཐབས་ཀྱིའནག་མཆོག་དམ་པའོ། །ཐིམ་རིམ་རྫོགས་ནས་དཀར་དམར་འདྲེས་ཏེ། རྩ་རླུང་ཐིག་ལེ་སེམས་ཀྱི་ནུས་པ་དང་དྭངས་མ་ཐམས་ཅད་སྙིང་གའི་དབུ་མར་འདུས་པས་སྟོང་གསལ་བདེ་ཆེན་གྱི་ཏིང་ངེ་འཛིན་སྐྱེ། དེ་ཙ་ན་སྒྲིབ་པ་ཐམས་ཅད་ཡེ་ཤེས་ཀྱི་རླུང་གིས་བུས་པའི་གཏུམ་མོའི་དྲོད་ཀྱིས་བསྲེགས། བྱང་སེམས་དྭངས་མའི་ཐིག་ལེ་གསོལ། ལམ་གྱི་འོད་གསལ་ཉམས་སུ་བླང་བའི་རྣལ་འབྱོར་པ་ལ་སྔར་གོམས་ཀྱི་དབང་གིས་མཆོག་གི་དབུ་མར་སྒྲིབ་པ་དང་འཁྲུལ་པའི་སྟོབས་ཐམས་ཅད་འཕྲོགས་ཤིང༌། སྒྲ་གཅན་ཡེ་ཤེས་རྡོ་རྗེས་གཟུང་འཛིན་གྱི་ཉི་ཟླའི་ས་བོན་མངོན་གྱུར་ཐམས་ཅད་ཟ་བའི་སྐབས་དེར་བསྒོམས་པས། སྔར་བརྗོད་པའི་གནས་སྐབས་ཀྱི་འོད་གསལ་ལ་བརྟེན་ནས་བདེ་གསལ་མི་རྟོག་པ་གང་གཙོ་བོར་སྒོམ་པ་དེ་ཉིད་དེའི་ཚེ་རྟོགས་པའི་འོད་གསལ་གྱི་ངོ་བོར་སྟོབས་སུ་གྱུར་པའི་མཐུས་སྐད་ཅིག་གིས་སྒྲིབ་གཉིས་འཇོམས་པ་དང་


LT09,P050B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཉིས་རྫོགས་པ་ལ་ནོར་བདག་པོས་ལོངས་སྤྱོད་པ་ལྟར་རང་དབང་ཐོབ་ནས། བདེ་བ་ལོངས་སྐུ་དང་གསལ་བ་སྤྲུལ་སྐུ་དང་མི་རྟོག་པ་ཆོས་སྐུ་ཞེས་རིམ་ལྔ་སྨར་ཁྲིད་པ་སྔ་རབས་རྣམས་འཆད་པ་ལྟ་བུའི་སྐུ་གསུམ་གྱི་ངོ་བོར་འཚང་རྒྱ་བ་ནི་རྡོ་རྗེའི་ལུས་སེམས་ཀྱི་རྟེན་འབྲེལ་སླུ་བ་མེད་པའོ། །འདིར་རྟོགས་པའི་ཡེ་ཤེས་དེ་སྐུ་གསུམ་ཐ་མི་དད་ཡིན་མོད་ཀྱང་གཙོ་བོར་འཆི་བ་འོད་གསལ་ཆོས་ཀྱི་སྐུ་གྲུབ་པས་དེར་བརྗོད་པ་ཡིན་ནོ། །གཉིས་པ་ནི། བར་དོ་དང་པོའི་འོད་གསལ་དེ་ཉིད་ཁམས་དྲུག་ལྡན་གྱི་སེམས་ཅན་ཐམས་ཅད་ལ་འཆི་བའི་ཚེ་འབྱུང་ཡང༌། མན་ངག་གི་གནད་ལ་གོམས་པ་ཆུང་བས་ངོ་མ་ཤེས་ཤིང་ཤེས་ཀྱང་གནས་མ་ནུས་པའི་རྐྱེན་གྱིས་དྭངས་མ་ལྔ་འདུས་ཀྱི་ཚོགས་པ་སོ་སོར་གྱེས་ཤིང་ཡལ་ནས་རྣམ་ཤེས་སྲོག་རླུང་གི་བཞོན་པ་དང་བཅས་པ་སྒོ་དགུ་གང་རུང་ནས་འཐོན་ཏེ་བེམས་རིག་བྲལ་མ་ཐག་བར་དོའི་ཡིད་ལུས་སུ་ཀྲོང་གིས་སྐྱེ་བ་ནི་སྲིད་པ་བར་དོའི་མཚན་གཞི་དངོས་ཡིན་ལ། དེའི་མཚན་ཉིད་གོང་དུ་སྨོས་པ་ལྟར་དང༌། སྐབས་དེར་སེམས་ཅན་ཕལ་ཆེ་བ་ལ་འཇིགས་པའི་སྒྲ་བཞི། ཡ་ངའི་གཡང་ས་གསུམ་ལ་སོགས་པ་སྡིག་སེམས་བག་ཆགས་ཀྱི་རང་གཟུགས་འཁྲུལ་སྣང་འཇིགས་སྐྲག་གི་ཉེར་འཚེ་བརྗོད་ཀྱིས་མི་ལྡང་བས་ཉམ་ཐག་པར་འགྱུར་ལ། བསོད་ནམས་བྱས་པའི་སྐྱེ་བོ་ལ་ནི་སྣང་ལོག་དེ་རྣམས་མི་འཆར་བར་ལྷས་བསུ་ཞིང་བཀུར་སྟིས་མཆོད་པ་སོགས་དག་པའི་སྣང་བ་དང་བཅས་ཏེ་བདེ་བ་ནས་བདེ་བར་འགྲོ་བའོ། །དེ་ཉིད་ལམ་དུ་བྱེད་པ་ལ་བར་དོ་ངོ་ཤེས་དགོས་པས། ལས་ཀྱི་རྫུ་འཕྲུལ་དང་ལྡན་པ་སོགས་ངེས་པའི་རྟགས་དྲུག་གི་སྒོ་ནས་ངོ་ཤེས་པར་བྱས་ལ། བཟང་ངན་གྱི་སྣང་བ་གང་ཤར་ཡང་ཉན་ཐོས་ཀྱི་བསླབ་པ། ཐེག་ཆེན་གྱི་སེམས་བསྐྱེད། སྔགས་པའི་བསྐྱེད་རིམ། རྣལ་འབྱོར་


LT09,P051A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་བ་སོགས་རང་གང་ལ་གོམས་པའི་དགེ་སྦྱོར་ལ་འཇོག་སྟེ། དེ་ཉིད་དྲན་པ་ཙམ་གྱིས་འཇིགས་པ་ལས་སྐྱོབ་ཅིང་འཚེ་བ་རྣམས་རང་གྲོལ་དུ་འགྱུར། དེས་ན་འཁྲུལ་སྣང་རང་ག་མའི་རྗེས་སུ་སྐད་ཅིག་ཀྱང་མ་ཤོར་བར་རིག་པ་སེམས་ཀྱི་རང་སོ་བཟུང་བས་རྣམ་ཤེས་སྟོབས་སུ་འགྱུར་ཏེ་རླུང་ལ་དབང་ཐོབ། དེའི་ཚེ་འཁྲུལ་སྣང་ཡད་ཡུད་ཤར་ཡང་དེ་ཉིད་ལམ་དུ་སློངས་འགྲོའོ། །གཟོད་དེ་ལྟ་བུའི་ཉམས་ལེན་འབྱུང་བ་ལ་གོམས་འདྲིས་གལ་ཆེ་བས་ད་ལྟ་ནས་བར་དོའི་སྐབས་ཡིན་པར་བསམ་གྱིན་དགེ་སྦྱོར་དང་བསྲེ། ཁྱད་པར་འཇིགས་སྐྲག་དང་མྱ་ངན་སྐྱེ་བ་སོགས་ཀྱི་སྣང་རྐྱེན་ཐོག་ཏུ་བྱུང་བ་ན་བར་དོའི་འཁྲུལ་སྣང་དུ་བསམ་སྟེ་དེ་ཁོ་ན་ཉིད་ཀྱི་ངང་ལ་འཇོག་པའམ་བདེན་མེད་སྒྱུ་མ་ལྟར་ནན་ཏན་དུ་སྒོམ། སྐབས་སྐབས་སུ་བར་དོར་ངེས་པའི་རྟགས་དྲུག་ཀྱང་འདུག་མི་འདུག་བརྟག་པ་སོགས་ད་ལྟ་ནས་བར་དོ་སྦྱོང་བ་ལ་ནན་ཏན་བྱ། བར་དོ་ཟིན་ཏེ་ལམ་སྒོམ་པ་ནི་གཞན་ལས་ཆོད་ཆེ་བ་ཡིན་ཏེ། རྗེ་ནཱ་རོ་པས། བར་དོ་འདི་རླུང་སེམས་འདྲེས་པའི་ལུས་ལོངས་སྐུ་དང་ཆོས་མཐུན་དུ་གདོད་མ་ནས་གནས་པས་རྟེན་ཤིན་ཏུ་བཟང༌། ཤེས་པའང་ཉིན་སྣང་ལས་རྨི་ལམ་བདུན་འགྱུར་གྱིས་གསལ། རྨི་ལམ་ལས་བར་དོ་བདུན་འགྱུར་གྱིས་གསལ་ཞིང་འགྱུར་བ་ཡང་སླ་སྟེ། ཤེས་པ་རྟེན་མེད་པས་དྲན་འདུན་བརྟེན་པར་དཀའ་ཞིང༌། དྲན་པས་ཟིན་ན་ལམ་བགྲོད་པ་ལ་ཚེགས་མེད་དེ་བར་དོར་ཐུན་གཅིག་བསྒོམས་པས་གྲོལ་ལོ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་གང་ཟག་དབང་རབ་ཡིན་ན་དེ་འདྲའི་ཚུལ་ལ་ལྟོས་མི་དགོས་ཏེ། སྤོད་བསྡུས་དང་ཞལ་ལུང་སོགས་ལས་གཞན་ལ་འཆི་བའི་མཐའ་བར་དོ་འབྱུང་བའི་དོད་དུ་དེ་ཉིད་ལ་སྒྱུ་ལུས་ལོངས་སྐུ་འགྲུབ་སྟེ་རྟེན་དེ་ལ་འཚང་རྒྱ་བར་གསུངས་པས་སོ། །དེའི་ཚུལ་ནི་འཆི་རིམ་སྣང་


LT09,P051B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་བཅས་པ་ངོས་ཟིན་པར་བྱས་ཏེ་འོད་གསལ་ལ་ཅི་གནས་སུ་མཉམ་པར་བཞག་ནས། ལུགས་ལྡོག་གི་སྣང་གསུམ་འཆར་བར་ཉེ་བ་ན་སྒྱུ་ལུས་སུ་ལྡང་བའི་འཕེན་པ་དྲན་པས་གསོས་བཏབ་སྟེ་སྐད་ཅིག་མར་ལྷའི་སྐུ་སྣང་སྟོང་སྒྱུ་མའི་ལུས་སུ་ལངས་ལ། སླར་དེ་ཉིད་དོན་དམ་འོད་གསལ་གྱིས་སྦྱངས་པས་མ་དག་འཁོར་བའི་བར་སྲིད་ལས་འདས་ཏེ། འོད་གསལ་ལས་ལྡང་བ་ན་ལུགས་ལྡོག་གི་སྣང་གསུམ་ཡེ་རླུང་དང་བཅས་པ་ཆུ་ལས་ཉ་འཕར་ལྟར་ཟུང་འཇུག་གི་སྐུར་བཞེངས་ནས། བར་དོར་མི་སློབ་པའི་མཆོག་གི་དངོས་གྲུབ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་པ་ཡིན་ཏེ། འདི་ལ་གོང་མ་རྣམས་ཀྱིས་ལེ་ལོ་ཅན་བར་དོར་འཚང་རྒྱ་བ་ཞེས་གསུངས་སོ། །གསུམ་པ་ནི། བར་དོ་གཉིས་པ་ལ་མ་གྲོལ་བ་རྣམས་རིང་མཐའ་བདུན་ཕྲག་བདུན་དང༌། ཐུང་བ་བདུན་ཕྲག་གཅིག་ཕན་ཆད་དུ་འཁྱམས་ཤིང༌། དེའང་བར་སྲིད་དེ་ལུས་མེད་པས་ཤིན་ཏུ་སྐྱོ་ནས་མིང་བཞི་འཁྱམས་པོ་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་པས་རང་དབང་མེད་པར་སྐྱེ་གནས་འཚོལ་ཞིང་དྲི་ཟ། མངལ་སྒོ་ཉུལ་བ་ལས་རླུང་ལྔ་རྒྱུ་ཞིང་དུག་ལྔ་འདུས་པའི་སྣང་སེམས་ཀྱི་རྟེན་འབྲེལ་ལས། རྣམ་བྱང་འོད་ཀྱི་ལམ་ལྔ་དང་རིགས་དྲུག་གི་མངལ་བཟང་ངན་དང་སྐྱེ་གནས་བཞིའི་སྣང་བ་འཆར་བ་ན། གང་ལ་གོམས་པའི་དགེ་སྦྱོར་གནད་དུ་བསྣུན་ཏེ་རྒྱུ་རྣམ་བྱང་འོད་ཀྱི་ལམ་ལ་དབང་མེད་དུ་འཇུག་པ་དང༌། རྐྱེན་མཚམས་སྦྱོར་གྱིས་སྐྱེ་བ་འཛིན་པ་ལ་འཇུག་ཡུལ་དང་འཇུག་མཁན་དགག་པའི་ཏིང་ངེ་འཛིན་ཡིད་ལ་བྱ། ཅིས་ཀྱང་མ་ཁེགས་ན་མངལ་སྒོ་གདམ་པ་ནི། ཐབས་ལམ་ཚིགས་བཅད་མ་ལས། བཞི་པ་མངལ་སྒོ་གདམ་པ་ནི། །སྐྱེ་ཤི་རྨི་ལམ་བར་དོ་རུ། །སྦྱངས་པ་ཤིན་ཏུ་ཞན་པ་ཡིས། །བར་དོར་བྱང་ཆུབ་མ་ཐོབ་ན། །མངལ་གདམ་པ་ཡི་གདམས་


LT09,P052A
[མ་དཔེ་གཟིགས་ན་འདིར་གནོན།]

ངག་བྱ། །དེ་ཡང་འཕེན་པ་འདི་བཞིན་བྱ། །བདེ་བ་ཅན་གྱི་ཞིང་ཁམས་སམ། །པདྨ་ཅན་གྱི་ཞིང་ཁམས་སུ། །རྫུས་ཏེ་སྐྱེ་བར་བསམ་པ་ཡི། །འདུན་པ་དྲག་པོ་བཏང་བར་བྱ། །མ་ཡི་མངལ་དུ་འཇུག་ན་ཡང༌། །འཁོར་ལོས་སྒྱུར་རྒྱལ་བྲམ་ཟེ་དང༌། །སེམས་ཅན་དོན་བྱེད་ནུས་པ་ཡི། །བསོད་ནམས་ཅན་གྱི་ལུས་པོ་ཞིག །བླང་ངོ་སྙམ་པའི་འདུན་པ་བཏང༌། །དེ་ཡིས་གང་དུ་བསམ་པ་དེར། །སྒྱོགས་དང་འཁྲུལ་འཁོར་ཇི་བཞིན་ཏུ། །ཐེ་ཚོམ་མེད་པར་འགྲོ་བ་ཡིན། །བྱང་ཆུབ་སེམས་དཔའ་ཤེས་བཞིན་ཏུ། །འཇུག་པར་བྱ་བ་ཡིན་ནོ་གསུངས། །ལུས་དེས་གདམས་ངག་བསྒོམས་པ་ཡིས། །ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ། །ཅེས་གསུངས་པ་ལྟར་རྟེན་བཟང་པོ་ལས་ལམ་གྱི་འཕྲོ་མཐུད་དེ་སྐྱེ་བ་སྣ་ཚོགས་སྤྲུལ་པའི་སྐུར་འཚང་རྒྱ་བ་ལ་འབད་དོ། །དྲུག་པ་ཆད་མཐུད་འཕོ་བ་ལ་གཉིས། སྒྲ་དོན་དབྱེ་བ་རྣམ་གཞག་སྤྱིར་བསྟན། སྒོམ་རིམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རབ་འབྲིང་ཐ་མའི་ལམ་གྱི་སྐྱེལ་མ་ནི། །དབང་པོ་རབ་འབྲིང་ཐ་མའི་ལམ་གྱི་ལས་འཕྲོ་སྒྲུབ་པའི་རྟེན་བཟུང་བའི་གེགས་ལས་སྒྲོལ་བས་ལམ་གྱི་སྐྱེལ་མར་གྱུར་པ་དང༌། གོ་འཕང་གཞན་དུ་བགྲོད་པས་སམ་རང་བཞིན་མེད་ཀྱང་ཀུན་ཏུ་འཇུག་པའི་ཕྱིར་འཕོ་བ་ཞེས་བྱ་བ་ལ། བཀའ་དཔེ་ཕྱི་མ་ལས། འཕོ་བའི་དབྱེ་བ་ཤིན་ཏུ་མང༌། །སྦྱངས་ཏེ་འཕོ་དང་ཏིང་འཛིན་དང༌། །སྲོག་དང་རྩོལ་བས་འཕོ་བ་དང༌། །ལུས་ཀྱི་རྩོལ་བས་འཕོ་བ་དང༌། །རྣམ་ཤེས་བླ་མར་འཕོ་བ་དང༌། །བཙན་ཐབས་དག་ཏུ་འཕོ་བ་དང༌། །སྤྲོས་མེད་ཆོས་སྐུའི་འཕོ་བ་དང༌། །སྤྲོས་བཅས་གཟུགས་སྐུའི་འཕོ་བ་དང༌། །ལོངས་སྤྱོད་རྫོགས་སྐུའི་འཕོ་བ་དང༌། །སྤྲུལ་པ་སྐུ་ཡི་འཕོ་བ་དང༌། །ཡིད་


LT09,P052B
[མ་དཔེ་གཟིགས་ན་འདིར་གནོན།]

འོང་མཁའ་འགྲོའི་འཕོ་བའོ། །ཞེས་རྣམ་དབྱེ་བཅུ་གཅིག་ཙམ་བཤད་པ་དང༌། སྔ་རབས་པ་མང་པོས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུའི་འཕོ་བ་གསུམ་དུ་མཛད་པ་དང༌། ཡང་སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ་གསུམ། རྫས། རླུང་སྟོབས། ཏིང་ངེ་འཛིན་གྱིས་འཕོ་བ་གསུམ། གྲོང་འཕོ། གྲོང་འཇུག་གཉིས། རྟེན་ཅན། རྟེན་མེད་གཉིས་ལ་སོགས་པ་དང༌། རྗེ་མཁའ་སྤྱོད་པས། དོན་དམ་གསང་ཆེན་གྱི་འཕོ་བ། གཤིས་ལུགས་གཉུག་མའི་འཕོ་བ། གསལ་སྣང་མིག་འཕྲུལ་གྱི་འཕོ་བ་ཞེས་གསུམ་དུ་མཛད་པ་སོགས་ཀྱི་དབྱེ་བ་མཐའ་ཡས་པ་མཆིས་སོ། །ལམ་འདིའི་དགོས་པ་ནི། ཞལ་ལུང་ལས། ཆོ་ག་འདི་ཡིས་སེམས་ཅན་གང༌། །མཚམས་མེད་བྱེད་དང་རྨོངས་པ་ཡིས། །ཉིན་རེ་བྲམ་ཟེ་གསོད་པ་ཡང༌། །འདི་ཡིས་མི་འགྲུབ་གང་ཡང་མེད། །ཅེས་གསུངས་པས་ཤིན་ཏུ་དོན་ཆེའོ། །འོན་ཀྱང་སྐྱེ་བ་འདིར་སྡིག་ལས་དེ་རྣམས་སྤྱད་རུང་སླར་དབང་བསྐུར་མནོས་ཤིང་དམ་ཚིག་ཚུལ་བཞིན་དུ་སྲུང་བ་དང༌། བསྐྱེད་རིམ་སྔོན་དུ་སོང་བའི་རྫོགས་རིམ་རྩ་རླུང་གི་སྦྱོར་བ་ཁྱད་པར་ཅན་དང་ལྡན་པ་ཞིག་གིས་འགྲུབ་པ་ཡིན་ལ། སྡིག་ཅན་རང་ག་བ་རླུང་སྦྱོར་དང་འཕོ་དམིགས་ཁོལ་བུ་ཞིག་བསླབས་པ་སྦྱངས་པས་ནི་དམིགས་པའི་བྱིན་རླབས་ཀྱིས་ཕན་ཡོན་ཅུང་ཟད་རེ་འབྱུང་ཡང་ཚུལ་བཞིན་འགྲུབ་པ་མ་ཡིན་ནོ། །མ་བསྒོམས་པར་འཚང་རྒྱ་བའི་གདམས་ངག་གསུངས་པའི་དོན་ཀྱང༌། འཕོ་བའི་མན་ངག་གི་ཟབ་ཁྱད་ཀྱིས་སྡིག་པོ་ཆེ་ངན་སོང་དུ་ལྟུང་འགྱུར་ཞིག་ཀྱང་སྡིག་པའི་འབྲས་བུ་རེ་ཞིག་ཐག་བསྲིངས་ནས་ཁམས་གོང་དུ་སྔགས་སྤྱོད་ཀྱི་རྟེན་མཆོག་ཏུ་གྱུར་པར་སྐྱེ་བ་ལེན་ལ། དེ་ལྟ་ན་སངས་རྒྱས་སྒྲུབ་པའི་རྟེན་ཁྱད་པར་ཅན་དེ་ཉིད་ཐོབ་པ་ལ་དེར་བཏགས་པ་དང༌། རྟེན་དེ་ལ་


LT09,P053A
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ཏེ་བསྒྲུབས་པས་རིམ་གྱིས་འགྲུབ་པ་ལའང་དགོངས་པ་དང༌། རྣམ་པ་གཅིག་ཏུ་ན། ཞལ་ལུང་ལས། གལ་ཏེ་སྐུ་གསུམ་མ་འགྲུབ་ན། །རིག་པ་འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོ་འགྲུབ། །ཅེས་འཕོ་བས་རིག་འཛིན་ཐོབ་ལ་རིག་འཛིན་གྱི་ཚེ་དེས་ལམ་ལྷག་མ་བསྒོམས་ནས་ས་དང་པོ་ལྟ་བུ་སངས་རྒྱས་ཀྱི་ཐ་སྙད་གདགས་རུང་གི་གོ་འཕང་ཐོབ་པ་ལ་དགོངས་པར་ཡང་བཤད་དུ་ཡོད་དོ། །འཕོ་བའི་རྣལ་འབྱོར་མཚན་ཉིད་པ་འགྲུབ་པ་ལ། བུམ་པ་ཅན་གྱི་སྦྱོར་བ་བྱང་བས་ཐུར་སེལ་གྱི་རླུང་གིས་གཏུམ་མོ་འབར་བའི་མེ་རླུང་གི་ཤུགས་ཀྱིས་སྙིང་གའི་མི་ཤིགས་པའི་རླུང་སེམས་རང་གནས་ལས་བསྐྱོད་ནས་གཙུག་ཏོར་གྱི་བར་འབིགས་ནུས་པ་ཞིག་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། གནས་ཀྱི་མཐའ་ནི་དག་པར་བྱ། དག་ནས་སྲིད་པ་འཕོ་བྱ་ཡིས། །གཞན་དུ་ན་ནི་དོན་མེད་འགྱུར། །བུམ་པ་ཅན་གྱི་སྒོ་བཅིངས་ནས། །སྒོ་ཡི་བུ་གུ་དག་པར་བྱ། །ཞེས་གདན་བཞི་དང༌།།།་ལས་ཀྱང་གསུངས་ཏེ། དོན་བདེ་སྡུག་གི་གནས་ནི་ལུས་དང་དེའི་མཐའ་སྟེ་མཐར་ཐུག་གི་རྩ་དབུ་མ་ཡིན་ལ། གཏུམ་མོའི་རྣལ་འབྱོར་གྱིས་རྩ་དེར་མེ་རླུང་འདུན་གསུམ་གྱིས་སྦྱངས་པས་དག་པར་མ་བྱས་ན་འཕོ་བ་མི་འགྲུབ་པས་ངལ་བ་དོན་མེད་ཡིན་ཞེས་བྷ་བ་བྷ་དྲས་བཤད་པ་ལྟར་རོ། །གཉིས་པ་ནི། འོད་གསལ་སྒྱུ་ལུས་བསྐྱེད་རིམ་ལ་འཕོ་བ། །བཀའ་དཔེ་སྔ་ཕྱི་སོགས་ཀྱི་དགོངས་དོན་རྗེ་རང་བྱུང་ཞབས་སོགས་ཀྱིས། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་བསྐྱེད་རིམ་ལ་འཕོ་བ་དང་གསུམ་དུ་མཛད་པའི་དང་པོ་ནི། གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་དང་དེའི་ངང་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཟུང་འབྲེལ་གྱི་གནད་ཟབ་མོ་ལ་གོམས་པར་བྱས་པ་ན། ནམ་


LT09,P053B
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་ལ་མངོན་དུ་ཕྱོགས་ཏེ་འབྱུང་བ་ཐིམ་སྡུད་ཀྱི་རྟགས་རྣམས་ཤར་བའི་ཚེ་འཕོ་བྱ་འཕོ་བྱེད་སོགས་ཀྱི་འཁོར་གསུམ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་ལྟ་བ་འཁྲུལ་མེད་ཀྱི་སྟེང་དུ་བཞག་བྱ་འཇོག་བྱེད་རྩོལ་བ་མེད་པར་བཞག་པས། གཞིའི་འོད་གསལ་དང་ཆུ་ལ་ཆུ་བཞག་ལྟར་དབྱེར་མེད་དུ་འདྲེས་ཏེ་བར་དོ་དང་པོར་བཏགས་པ་འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བ་ལ་བྱའོ། །གཉིས་པ་ནི། དབང་པོ་འབྲིང་དུ་གྱུར་པས་འཆི་སྲིད་ཐིམ་རིམ་དང་སྣང་གསུམ་མཐའི་འོད་གསལ་ངོས་མ་ཟིན་ཅིང་ཟིན་ཀྱང་གནས་པར་མ་ནུས་ན། སྒྱུ་ལུས་ལོངས་སྐུར་ལྡང་བར་བྱའོ་སྙམ་པའི་སྔོན་གྱི་འཕེན་པས་གསོས་བཏབ་སྟེ་སྣང་གསུམ་ལུགས་ཟློག་གི་མཐར་སྒྱུ་ལུས་ལྷ་སྐུར་ལྡངས་ཤིང༌། དེ་ཉིད་ཀྱང་འོད་གསལ་དོན་དམ་པའི་རིམ་པས་སྦྱངས་ཏེ་འཁོར་བའི་བར་སྲིད་ལས་ཤིན་ཏུ་འདས་པའི་ཟུང་འཇུག་སྒྱུ་མའི་སྐུ་ཆུ་ལས་ཉ་འཕར་བ་ལྟར་བཞེངས་ནས་བར་དོ་ལོངས་སྐུར་འཚང་རྒྱ་བ་ལ་བྱ་སྟེ། བརྒྱུད་པ་འདིའི་རྗེ་བཙུན་གོང་མ་རྣམས་འཕོ་བ་དང་པོ་གཉིས་དང༌། བར་དོ་དང་པོ་གཉིས་ཀྱི་ཉམས་ལེན་ཁྱད་མེད་དུ་བཞེད་དོ། །གསུམ་པ་ལ་བཞི། སེམས་སྦྱངས་ཏེ་འཕོ་བ། ལུས་བཅོས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། གྲོང་འཇུག་གི་འཕོ་བའོ། །དང་པོ་ནི། ཕྱི་ནང་གི་སྟོང་ར་དང་རླུང་ཇུབ་བཟུང་འཕང་གསུམ་གྱི་སྦྱོར་བས་སེམས་ཀྱི་ཡིག་འབྲུ་བསྐུལ་ནས་འཇུག་ལྡོག་ལ་དབང་ཐོབ་པར་སྦྱངས་ཏེ་རྟགས་ཀྱིས་ཉམས་སད་ཅིང༌། དུས་མིན་གྱི་འཕོ་བ་སྤངས་ལ་དུས་སུ་བབས་པའི་ཚེ་ལས་ལ་སྦྱར་བའོ། །གཉིས་པ་ནི། སྦྱངས་པ་ཚགས་སུ་མ་ཚུད་པར་གློ་བུར་དུ་འཆི་བས་གཏུགས་ན་རྟེན་བྱིན་རླབས་ཅན་གྱི་སྤྱན་སྔར་མོས་གུས་སེམས་བསྐྱེད་ཀྱིས་མཚམས་སྦྱར་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་བཞུགས་སྟངས་དང༌། སྐྱེ་མེད་ཀྱི་ཡིག་འབྲུའི་སྦྱོར་བས་


LT09,P054A
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་དུ་འཇུག་པར་བྱ་སྟེ། ཐ་མལ་པ་དང་དུད་འགྲོ་རྣམས་ལ་ཕན་པ་རྒྱ་ཆེར་འབྱུང་བའི་གདམས་ངག་ཟབ་མོར་གསུངས་སོ། །གསུམ་པ་ནི། སྔོན་ལས་ངན་པས་གཤེད་མས་གསོད་པར་ངེས་པ་སོགས་ལ་ལུས་ཀྱི་གནད་འཁྲུལ་འཁོར། སེམས་ཀྱི་གནད་དགུ་གསུམ་ལས་འདས་པ། ངག་གི་གནད་དབྱངས་གསལ་ཕྱེད་དང་གསུམ་པའི་སྦྱོར་བས་སྐད་ཅིག་ལ་སྔགས་སྤྱོད་ཀྱི་རྟེན་ཁྱད་པར་ཅན་འཛིན་པའོ། །བཞི་པ་ནི། ཡན་ལག་གྲོང་ནས་གྲོང་དུ་འཇུག་པར་བཤད། །ཅེས་པ་སྟེ། བསྡུས་གསལ་ལས། ལམ་མྱུར་གཅོད་པ་འཕོ་བ་སྟེ། །གྲོང་དུ་འཇུག་པ་ཡན་ལག་གོ །ཞེས་གསུངས་པ་ལྟར། ཡེ་ཤེས་གོང་དུ་འཕོ་བའི་ཡན་ལག །རྣམ་ཤེས་རང་ལུས་ཀྱི་གྲོང་ལས་འཕོས་ནས་གཞན་ཤི་བའི་ལུས་མ་ཉམས་པའི་གྲོང་དུ་འཇུག་པས་གྲོང་འཇུག་ཅེས་བྱ་བའི་གདམས་པ་འདིའང་བླ་མེད་ཀྱི་རྒྱུད་སྡེ་རབ་ཏུ་མང་པོ་ནས་གསུངས་ལ། འདི་སྒྲུབ་པའི་གང་ཟག་ཀྱང་དབང་ལེགས་པར་ཐོབ་ཅིང་དམ་སྡོམ་ཚུལ་བཞིན་བསྲུང་ལ་བསྐྱེད་རིམ་སྦྱངས་པ་ཞིག་དགོས་པ་ནི་འཕོ་བ་སྤྱི་དང་འདྲ་ལ། ཁྱད་པར་དུ་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་དང༌།།།་སོགས་ཀྱི་རྒྱུད་རྩ་འགྲེལ་རྣམས་ནས། འཕོ་བ་ཁྱད་པར་ཅན་དང༌། རང་གི་རྣམ་ཤེས་གཞན་ལུས་ལ་འཇུག་པ་དང༌། གཞན་གྱི་རྣམ་ཤེས་བཏོན་ནས་རང་ལུས་ལ་འཇུག་པ་གསུམ་ག་ལ། སྒོ་དགུར་ཡི་གེ་བཀོད་ནས་རླུང་འགོག་ནུས་པ་དང༌། བུམ་པ་ཅན་གྱིས་ཀྱང་སྒོ་དེ་རྣམས་སྦྱངས་ནས་སྲོག་དྷཱུ་ཏིར་གཟུང་ནུས་པ་དང༌། གཏུམ་མོའི་རྣལ་འབྱོར་གྱིས་ཨ་ཐུང་སྦར་བའི་ཤུགས་ཀྱིས་སྙིང་གའི་ཡིད་ཤེས་ཀྱི་ཧཱུྃ་ཡིག་སྲོག་རླུང་ཕྲ་བའི་བཞོན་བ་ཅན་བསྐུལ་ནུས་པ་ཞིག་དགོས་པར་གསུངས་པ་ལྟར་རོ། །དགོས་པ་ཅིའི་ཕྱིར་བྱེད་ན། ལུས་དེས་རང་གཞན་གྱི་དོན་མི་


LT09,P054B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཐོང་ནས་དེ་ལས་ལྷག་པའི་ལུས་འཛིན་པ་སྟེ། རིགས་དམའ་བ་རིགས་བཟང་དང་ནད་བུ་ཅན་ནད་མེད་དང་རྒས་པ་གཞོན་པའི་ལུས་རྟེན་འཛིན་པ་སོགས་ཀྱི་དོན་དུ་བྱེད་པའོ། །ལུས་ཕྱི་མ་ལ་བརྟེན་ནས་ལམ་གྱི་འཕྲོ་མཐུད་དེ་ཕྱི་མ་སྒྲུབ་པའི་ཕྱིར་གྲོང་འཇུག་ལམ་གྱི་མཐུད་མ་ཞེས་ཀྱང་གསུངས་སོ། །དེའི་ཉམས་ལེན་ནི། སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕངས། ཞེས་དང༌། ཚོག་དྲུག་དྲིལ་བར། རང་ལུས་དུས་ཀྱི་ཚད་ཕེབས་པས། །གཞན་རྐྱེན་མཚན་ལྡན་ཡུལ་གྱི་གནད། །བར་ན་ཡིག་འབྲུ་རླུང་གི་རྟ། །ཐིག་ལེ་རླུང་སེམས་འཁྲུལ་འཁོར་གྱིས། །རང་ལུས་ཁང་སྟོང་བཞིན་དུ་བསྐྱུར། །གཞན་ལུས་སྤྲུལ་སྐུའི་ངོ་བོ་ཉིད། །མིང་ཡང་གྲོང་འཇུག་གི་གདམས་ངག་ཟེར། །རླུང་ལས་སུ་རུང་ངམ་ལོ་ཙཱ་བ། །ཞེས་གསུངས་པ་ལྟར་དང་པོ་སྦྱངས། བར་དུ་སད། ཐ་མར་ལས་ལ་སྦྱོར་ཏེ་ལམ་གྱི་འཕྲོ་མཐུད་པར་བྱའོ། །གསུམ་པ་འབྲས་བུ་མངོན་དུ་བྱེད་ཚུལ་ནི། འབྲས་བུ་མཐར་ཐུག་ཆོས་དྲུག་མངོན་དུ་འགྱུར། །དེ་ལྟར་ཟབ་མོའི་ལམ་མཐར་ཕྱིན་པའི་འབྲས་བུ་རྟགས་བཅུ། ཡོན་ཏན་བརྒྱད། གྲུབ་པ་བརྒྱད། ཕྲིན་ལས་བཞི་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང༌། ཡན་ལག་བདུན། དབང་ཕྱུག་བརྒྱད། སྐུ་བཞི་ཡེ་ཤེས་ལྔ་སོགས་མཆོག་གི་དངོས་གྲུབ་མཐར་ཕྱིན་པ་ཐོབ་ཅིང༌། ཁྱད་པར་བདེ་སྟོང་ཟུང་འཇུག་འགྱུར་བ་མེད་པ། འཇའ་ལུས་སྒྲིབ་བྲལ་སྒྱུ་མའི་ཚུལ་ཅན། སྣང་སྟོང་རང་ཤར་སོ་སོར་རྟོག་པ། ཆོས་སྐུ་ཀློང་འབྱམས་ཡེ་ཤེས་ཆེན་པོ། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ། གང་དུའང་འཕོ་མེད་མཁའ་སྤྱོད་ཆེན་པོ་སྟེ་མཐར་ཐུག་གི་ཆོས་དྲུག་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་གྲོལ་


LT09,P055A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཕྱག་རྒྱ་ཆེན་པོའི་ལམ་རིམ་བཤད་པ་ལ་གསུམ། མདོ་སྔགས་ཀྱི་རིང་སྲོལ་སྤྱིར་བཤད་པ། ཉམས་ལེན་ལུགས་གསུམ་བྱེ་བྲག་ཏུ་བཤད་པ། གདམས་པའི་བཀའ་སྲོལ་གྱི་རྣམ་གྲངས་སྨོས་པས་མཇུག་བསྡུ་བའོ། །དང་པོ་ནི། མདོ་ལུགས་སྤྲོས་བྲལ་སྔགས་ལུགས་བདེ་སྟོང་གི །ཕྱག་ཆེན་ལྷན་སྐྱེས་དབང་གི་ཁྱད་པར་ཅན། །དེའང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པ་འདི་ཉིད་ཚིག་བརྒྱུད་ཙམ་མ་ཡིན་པས་དོན་བརྒྱུད་མཐར་ཐུག་ཅེས་གསུངས་པའི་དོན་ནི་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པ་རྟོགས་པའི་བརྒྱུད་པ་བར་མ་ཆད་པ་ཡིན་པའི་ཕྱིར། རྩ་བའི་བླ་མའང་ཕྱག་རྒྱ་ཆེན་པོའི་རྟོགས་པ་གང་ལས་བརྙེས་པ་དེ་ལ་མཛད་པའི་ཕྱག་སྲོལ་ད་ལྟའི་བར་དུ་མ་ཉམས་པས། བརྒྱུད་པ་རིན་པོ་ཆེ་འདིར་གྲགས་ཆེ་བའི་གདམས་ངག་ཕྱག་རྒྱ་ཆེན་པོ་ལ་མདོ་ལུགས་དང་མཐུན་པའི་སྤྲོས་བྲལ་འོད་གསལ་གྱི་ཡུལ་ལ། ཡུལ་ཅན་ཡིད་ལ་མི་བྱེད་པའི་གདམས་པས་མཉམ་པར་འཇོག་པ་དང༌། སྔགས་ལུགས་བདེ་སྟོང་ཟུང་འབྲེལ་གྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དབང་ལས་སྐྱེས་པའི་ཡེ་ཤེས་དང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ཁྱད་པར་དུ་བྱས་པ་གཉིས་སུ་གྲགས་པའི། དང་པོ་ནི། དྭགས་པོ་རིན་པོ་ཆེའི་གསུངས་ལས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ་ཞེས་གསུངས། དེའང་མངའ་བདག་མཻ་ཏྲི་པས་བྲམ་ཟེ་ཆེན་པོ་ཡབ་སྲས་ཀྱི་གདམས་ངག་བརྙེས་ནས་སྔགས་དང་རྗེས་སུ་མཐུན་པའི་ཕ་རོལ་ཏུ་ཕྱིན་པའི་མན་ངག་དེ་ཁོ་ན་ཉིད་བཅུ་པ་སོགས་མཛད་ལ། དེ་རྗེ་མར་པས་གསན་ཏེ། ཐེག་པའི་མཐར་ཐུག་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །ཆོས་


LT09,P055B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །ཞེས་སོགས་ནས། རྗེ་མི་ཏྲི་ཆེན་པོའི་བཞེད་གཞུང་ལགས། ཞེས་གསུངས། མི་ལས་ཀྱང༌། ད་རེས་འཁོར་འདས་བར་དོ་རུ། །གནས་ལུགས་ངོ་སྤྲོད་ཕྱག་རྒྱ་ཆེ། །གཞི་ལྟ་བ་གཏན་ལ་དབབ་ཀྱང་འཚལ། །ཞེས་གསུངས་པ་རྣམས་ཀྱི་དོན་ཏེ། དེའི་ལྟ་སྒོམ་གྱི་ཚུལ་ཡང༌། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང༌། རྒྱུད་བླར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་གསུངས་པས་སེམས་ཀྱི་རང་བཞིན་འོད་གསལ་འདི་ལ་བསལ་བར་བྱ་བའི་དྲི་མ་ཅིའང་མེད་དེ། གཟོད་མ་ནས་རང་བཞིན་ལ་དྲི་མ་མེད་པའི་ཕྱིར། ཡོན་ཏན་སྔར་མེད་གསར་དུ་བསྐྱེད་ཅིང་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ། གདོད་མ་ནས་ཡོན་ཏན་རང་ཆས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་དག་གི་རྒྱུ་མཚན་ཡང༌། སྙིང་པོ་ལས་རྣམ་པ་དབྱེར་རུང་བའི་མཚན་ཉིད་ཅན་བཅོས་མ་གློ་བུར་གྱི་དྲི་མ་དག་གིས་ནི་ཁམས་སྟོང་ལ། རྣམ་པར་དབྱེར་མེད་པའི་མཚན་ཉིད་ཅན་མ་བཅོས་པའི་རང་བཞིན་བླ་ན་མེད་པའི་ཆོས་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པས་ནི་ཁམས་སྟོང་པ་མ་ཡིན་ཏེ། དཔེར་ན་མཁྲིས་ནད་ཀྱིས་དུང་སེར་པོར་སྣང་བའི་ཚེ་དུང་གི་སྟེང་དུ་སེར་པོས་ནི་སྟོང་ལ་དཀར་པོས་ནི་མི་སྟོང་བ་ལྟ་བུའོ། །དེས་ན་དྲི་མ་བསལ་འདོད་དང་ཡོན་ཏན་བཞག་འདོད་གཉིས་ཀ་རེ་དོགས་ཀྱི་རྣམ་རྟོག་གིས་བསྒྲིབས་པ་ཡིན་པས་དེ་སྤངས་ནས་ཡང་དག་པའི་དེ་ཁོ་ན་ཉིད་ད་ལྟར་གྱི་ཐ་མལ་ཤེས་པ་སྣང་སྟོང་དབྱེར་མེད་བདེན་རྫུན་དང་བྲལ་བ་འདི་ཉིད་ལ་བླང་དོར་གྱིས་བཅོས་བསླད་མི་བྱ་བར་སོ་སོ་རང་གི་རིག་པའི་ཤེས་རབ་ཀྱིས་དེ་ཁོ་


LT09,P056A
[མ་དཔེ་གཟིགས་ན་འདིར་གནོན།]

ནར་བལྟ་ཞིང་བསྒོམ་པར་བྱའོ། །ལྟ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་ཤེས་ཤིང་ལྟ་བར་བྱེད་པ་ཡིན་ལ། སྒོམ་པ་ཞེས་པ་ནི་དེའི་ངང་དུ་མ་ཡེངས་པར་རྩེ་གཅིག་ཏུ་གཞག་པ་ཉིད་དེ། ཚུལ་འདི་ནི་རང་བྱུང་ཞབས་ཀྱིས། ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཞེས་གསུངས་ཤིང་གསལ་བར་མཛད་པའི་ཕྱིར། དཔལ་མཁའ་སྤྱོད་པས། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྫོབ་བདེན་པའི་རང་ངོ་ཡིན། །འདི་མ་བཅོས་རང་གའི་གནད་ཤེས་ན། །དོན་དམ་པའི་བདེན་པའང་འདི་ཁོ་ན། །གཞུང་ཐ་སྙད་མཁན་གྱི་བདེན་གཉིས་དེ། །ལུང་རིགས་པ་མང་ཡང་གནད་མ་གོ །གཉིས་ཐ་དད་དུ་བཟུང་བས་གཉིས་མེད་ཉམས། །ཞེས་གསུངས་ཏེ་ཀུན་རྫོབ་ཀྱི་བདེན་པ་ནི་གློ་བུར་གྱི་དྲི་མ་དུང་གི་སྟེང་སེར་པོ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དུང་གི་དཀར་པོ་ལྟ་བུའོ། །དེ་ནི་ཡུལ་ཅན་འཁྲུལ་ངོར་སྣང་ཙམ་མ་གཏོགས་ཡུལ་དུང་སྟེང་དུ་དཀར་སེར་བསལ་བཞག་བྱ་རྒྱུ་མེད་པས་ན་མ་བཅོས་པར་རང་བབས་སུ་གཞག་པ་ནི་མན་ངག་ཡིན་ལ། མདོར་ན་འཁོར་བ་དང་མྱང་འདས་ཞེས་བྱ་བ་ནི་ཀུན་རྫོབ་སྣང་ཙམ་གྱི་ངོ་ནས་བཞག་ཅིང་དེ་གཉིས་ཀའི་རང་བཞིན་སྤྲོས་བྲལ་འོད་གསལ་དེ་ལ་བདེ་གཤེགས་སྙིང་པོ་ཞེས་གསུངས་པས་ངེས་པའི་དོན་དུ་སྣང་ཙམ་དང་དེའི་རང་བཞིན་ཡང་སོ་སོར་དབྱེ་རུ་མེད་དེ་མེ་དང་ཚ་བ་ལྟ་བུའོ། །རྒྱུ་མཚན་དེའི་ཕྱིར་ཡུམ་ལས་ཀྱང༌། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཤིང༌། རང་བྱུང་ཞབས་ཀྱིས། གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ནི། །རྣམ་རྟོག་སྤྲོས་པའི་མཚན་


LT09,P056B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀུན་གྱིས་སྟོང༌། །གསལ་ལ་འཛིན་མེད་དག་པའི་རང་བཞིན་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ། །ཞེས་གསུངས་སོ། །འདི་ལ་ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས། ཕ་རོལ་ཏུ་ཕྱིན་པའི་ལུགས་ལ་ཕྱག་རྒྱ་ཆེན་པོའི་ཐ་སྙད་མེད་ཅིང༌། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་དབང་ལས་སྐྱེས་པ་ཁོ་ནའོ་ཞེས་བཞེད་པའི་རྗེས་སུ་ཆེན་པོ་རྣམས་ཀྱིས་ཅལ་ཅོལ་དུ་མ་ཞིག་སྒྲོགས་པར་མཛད་ཀྱང༌། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་མཚན་གཞན་ཕྱག་རྒྱ་ཆེན་པོ་སྟེ། དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་མདོ་ལས་གསུངས་པའི་ཤེར་ཕྱིན་དང་སྔགས་ཀྱི་ཕྱག་ཆེན་གཉིས་མཚན་གྱི་རྣམ་གྲངས་སུ་བཤད་པར་མ་ཟད། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི། ཞི་གནས་དང་ལྷག་མཐོང་བསྒོམས་པས་སོ་སོའི་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་ཡང་དག་པར་རྟོགས་པས་ཕྱིར་མི་ལྡོག་པའི་རྟགས་ཉིད་དང༌། ཞེས་པས་མིང་གི་ཐ་སྙད་ཀྱང་བཤད་ལ། ལྷན་སྐྱེས་རྡོ་རྗེས་ཀྱང་དེ་མཚུངས་བཤད་པ་ནི་འོག་ཏུ་འབྱུང་ངོ༌། །དྭགས་པོ་རིན་པོ་ཆེས། ལས་དང་པོ་པས་དབང་བསྐུར་མ་ཐོབ་པ་ལའང་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེད་པར་མཛད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་འདི་ཡིན་ལ། འདི་ནི་གཙོ་བོ་བཀའ་གདམས་པ་ལས་བྱུང་བའི་གདམས་པ་སྟེ། ཇོ་བོས་མཛད་པའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གོ་ཆ་གཉིས་པའི་མན་ངག་དང་ད་ལྟའི་ལུགས་སྲོལ་འདི་རྣམ་པ་ཐམས་ཅད་དུ་མཚུངས་ཤིང་རྣལ་འབྱོར་བཞི་རིམ་ཡང་དེར་གསལ་པར་བསྟན་པ་ཡིན་ནོ། །དེ་ལྟར་ཡང་ཚོགས་པ་ཕལ་མོ་ཆེ་རྣམས་བཀའ་གདམས་ལས་བྱུང་བའི་ལམ་རིམ་གྱིས་ཁྲིད།


LT09,P057A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པ་རྣམས་བླ་མ་མི་ལ་ནས་བྱུང་བའི་ཐབས་ལམ་གྱིས་ཁྲིད་པར་མཛད་ཅེས་འབྱུང་བའི་སྔ་མའི་དོན་ནོ། །འདི་ལ་དགོངས་ནས་རྗེ་མི་བསྐྱོད་ཞབས་ཀྱིས། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་པའི་ནཱ་རོ་ཆེན་པོའི་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཚན་ཉིད་པ་ནི་མཆོག་དབང་གོང་མ་གསུམ་གྱིས་དཔེ་དོན་གྱི་ཡེ་ཤེས་མཚན་ཉིད་པ་མངོན་སུམ་དུ་མ་གྱུར་པ་ལ་ཡོད་པ་མ་ཡིན་ལ། དེང་སང་གི་རྒྱུ་ཕར་ཕྱིན་ཐེག་པ་དང་ཐུན་མོང་བའི་ཞི་ལྷག་གི་ཁྲིད་སྲོལ་ མགོནཔོ་ཨ་ཏི་ཤ་ནས་བརྒྱུད་པ། བྱང ་ཆུབ་ལམ་སྒྲོན་གྱི་མན་ངག་རྗེ་བཙུན་སྒམ་པོ་པ་དང་མགོན་པོ་ཕག་མོ་གྲུ་པས། སྙིགས་མའི་གདུལ་བྱ་ཐེག་པ་མཐོ་མཐོ་ལ་དགའ་བའི་ངོར་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་མིང་བཏགས་པར་མཛད་པ་ཞེས་གསུངས་ལ། དྭགས་པོའི་ཐུགས་སྲས་ཕལ་མོ་ཆེ་རྣམས་ཀྱི་ཕྱག་བཞེས་སུ་དབང་བསྐུར་སྔོན་སོང་ལ་ཕྱག་ཆེན་གྱི་གདམས་ངག་བསྟན་ཏེ་མདོ་སྔགས་ཐུན་མོང་གི་ལམ་སྲོལ་དུ་བཞེད་པ་ཡིན་ནོ། །གཉིས་པ་ནི། སྤྱིར་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཚིག་གི་ཐ་སྙད་ནི་སྔགས་ཁོ་ནར་གསུངས་ཤིང་དོན་ནི་ཟུང་དུ་འཇུག་པ་ལ་ཕྱག་རྒྱ་དེའི་རང་བཞིན་གྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ཆེན་པོ་སྟེ་ཆོས་ཐམས་ཅད་དེ་ལས་མི་འདའ་བའོ། །དེའི་ཚེ་ཕྱིའི་སྣང་བ་མཐའ་དག་སྣང་སྟོང་ཟུང་འཇུག་ནང་གི་རིག་པ་མཐའ་དག་རིག་སྟོང་ཟུང་འཇུག་སྣང་རིག་ཕྲད་པའི་ཚོར་བ་མཐའ་དག་བདེ་སྟོང་ཟུང་འཇུག་ཡིན་པ་ལས་དང་པོ་གཉིས་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ། ཕྱི་མ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་གསུངས་ཤིང༌། སྟོང་ཉིད་དང་བདེ་ཆེན་སོ་སོ་ལ་ཕྱག་ཆེན་གྱི་སྒྲས་བསྟན་པའང་ཡོད་དེ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །


LT09,P057B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་དང༌། ཡང༌། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །ཞེས་ཀྱང་གསུངས་པས་སོ། །དོན་ཡོངས་རྫོགས་ནི་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་དེ་ཡུལ་ཤེས་བྱར་བྱས། དེ་མཐའ་དག་འགྱུར་མེད་ཀྱི་བདེ་བ་ཆེན་པོར་ཤེས་པ་དེ་ཡུལ་ཅན་ཤེས་པར་བྱས་ནས། ཡུལ་ཡུལ་ཅན་དེ་གཉིས་འདྲེས་ཤིང་གཅིག་ཏུ་གྱུར་པ་ཞིག་ལ་བརྗོད་དེ། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །ཅེས་དང༌། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་སོགས་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་གསུངས་ཤིང་དེ་ཐོག་མར་མངོན་དུ་འགྱུར་བའི་དུས་ནི་དབང་བཞི་པ་ཐོབ་པའི་དུས་དང༌། མཐར་ཐུག་གི་རྟོགས་པ་ནི་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཐོབ་པའི་ཚེ་རྫོགས་པའོ། །ལྷན་ཅིག་སྐྱེས་པ་ལའང་ཐོག་མཐའ་མེད་པའི་རྡོ་རྗེ་སེམས་དཔའ་བརྟན་གཡོའི་དངོས་པོ་ཀུན་དང་སྔ་ཕྱི་ཁྱད་པར་མེད་པར་གྲུབ་པ་རང་བཞིན་ལྷན་ཅིག་སྐྱེས་པ་དང༌། ཐབས་ཤེས་སྙོམས་པར་འཇུག་པ་ལས་རིམ་གྱིས་སྐྱེས་པའི་དགའ་བ་བཞིས་ཞུ་བདེ་ལྷན་ཅིག་སྐྱེས་པ་གཉིས་སུ་ཡོད་པ་ལས་སྔ་མ་དོན་གྱི་ལྷན་སྐྱེས་ལ་སྦྱོར་བར་བྱེད་པས་དེ་སྐད་དུ་གདགས་པར་མཛད་དོ། །སྒོམ་པའི་ཚུལ་ནི། རིགས་པས་དཔྱད་མཐར་མ་རྙེད་པའི་མེད་དགག་རྗེས་དཔག་ལམ་བྱེད་ཀྱི་རྟོག་སྒོམ་ཙམ་མ་ཡིན་པར། སྣང་རིག་མ་འགགས་པ་ལ་དེར་འཛིན་གྱི་རྟོག་པ་མེད་པ་མངོན་སུམ་རྟོག་བྲལ་ལམ་དུ་བྱེད་པ་སྟེ། དེའི་གདམས་པ་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང༌། ཆོས་དྲུག་གི་སྒྱུ་ལུས་འོད་གསལ་རྣམས་ཏེ། དོན་དྲིལ་ན། སྣང་བའི་སྟེང་དུ་འོད་གསལ་གཟུང༌། །ཞེས་པའི་ཐབས་ལ་མཁས་པས་སྣང་བ་ལ་དངོས་


LT09,P058A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་རྟོག་པ་དག་ན་སྣང་བ་མཐའ་དག་སྟོང་གཟུགས་སུ་འགྱུར་ལ། མུན་ཁང་སོགས་སུ་བསྒྲུབས་པའི་དུ་སོགས་ཀྱི་སྟོང་གཟུགས་ཀྱང༌། གནས་ལུགས་འདི་ཉིད་མ་རྟོགས་རྟོགས་བྱེད་ཀྱི་ཐབས་ལམ་རྟགས་མཚོན་པ་ཙམ་ཡིན་གྱི། དོན་དངོས་ཀྱི་རྟོགས་བྱ་མི་ད་ལྟའི་ཐ་མལ་གྱི་སྣང་བ་འདི་ཉིད་སྟོང་པའི་གཟུགས་རྣམ་པ་ཐམས་ཅད་པར་ངེས་པ་ཉིད་དོ། །དེས་ན་རྒྱུད་བླ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསལ་བཞག་མི་བྱ་བ་དང༌། སྔགས་སུ་སྣང་སྟོང་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་ཚུལ་གསུངས་པ་གཉིས་ཀ་ལྟ་བའི་གནས་ལུགས་དབུ་མ་དང་གཅིག་པ་ཞིག་དགོས་ལ། དབུ་མའི་ལྟ་བ་ནི། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང༌། ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་པ་དེ་ཁོ་ནའོ་ཞེས་རྗེ་བརྒྱད་པ་ཡབ་སྲས་བཞེད་དོ། །གཉིས་པ་ཉམས་ལེན་ལུགས་སུམ་བྱེ་བྲག་ཏུ་བསྟན་པ་ལ་གཉིས། མཚན་གྱི་སྒོ་ནས་མདོར་བསྟན། མཚན་ཉིད་བརྗོད་པས་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱིར་ནི་མདོ་སྔགས་སྙིང་པོའི་ལུགས་གསུམ་ལས། །ཞེས་སོ། །གཉིས་པ་ལ་གསུམ། མདོ་ལུགས། སྔགས་ལུགས། སྙིང་པོའི་ལུགས་སོ། །དང་པོ་ལ་བཞི། མཚན་ཉིད་མདོར་བསྟན། གཞི། ལམ། འབྲས་བུའི་ཕྱག་ཆེན་སོ་སོར་བཤད་པའོ། །དང་པོ་ནི། དང་པོ་ངོ་བོ་ཤེར་ཕྱིན་མཚན་ཕྱག་ཆེན། །རྣམ་པ་སྔགས་དང་རྗེས་སུ་མཐུན་པ་སྟེ། །ལུགས་སྲོལ་གསུམ་གྱི་དང་པོ་མདོ་ལུགས་སམ། ཕྱིས་སུ་མདོ་སྔགས་རྟོག་པ་བསྲེས་པའི་


LT09,P058B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་དུ་བཞེད་པ་འདི་ནི། སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ། མིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཁྱད་པར་གསུམ་དང་ལྡན་པའི་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་སུ་གསལ་བར་བཤད་པ་ལྟར་རོ། །གཉིས་པ་གཞི་ཕྱག་རྒྱ་ཆེན་པོ་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་ལ་གསུམ། གནས་ལུགས། འཁྲུལ་ལུགས། ཡིན་ལུགས་རང་ངོ་སྤྲད་པའོ། །དང་པོ་ནི། གཞི་ཡི་གནས་ལུགས་རིས་མེད་སྤྲོས་མཐའ་བྲལ། །འཁྲུལ་གྲོལ་མ་མྱོང་མཁའ་ལྟར་ཀུན་ལ་ཁྱབ། །གཞི་དངོས་པོ་གཤིས་ཀྱི་གནས་ལུགས་འཁོར་འདས་གཉིས་ཀའི་ངོ་བོར་མ་གྲུབ་ཅིང་གང་གིའང་ཕྱོགས་རིས་སུ་མ་ཆད་ཅིང་ཡོད་མེད་རྟག་ཆད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ། གདོད་ནས་འཁྲུལ་པས་བཅིངས་མ་མྱོང་ལ། རྟོགས་པས་གྲོལ་མ་མྱོང་བ། རང་མཚན་གང་དུའང་མ་གྲུབ་པའི་གནད་ཀྱིས་ནམ་མཁའ་ལྟ་བུར་འཁོར་འདས་ཀྱི་ཆོས་ཀུན་ལ་ཁྱབ་པའི་གནས་ལུགས་ཕྱག་རྒྱ་ཆེན་པོ། ཤེས་རབ་ཕར་ཕྱིན། བདེ་གཤེགས་སྙིང་པོ། དང་པོའི་སངས་རྒྱས། རྒྱུའི་རྒྱུད་སོགས་མདོ་རྒྱུད་རྣམས་སུ་མཚན་གྱི་རྣམ་གྲངས་དུ་མས་བསྟན་པ། ཟབ་གསལ་གཉིས་མེད་དོན་དམ་པའི་བདེན་པ་སྦྱང་གཞི་རྣམ་དག་སེམས་ཀྱི་ངོ་བོ་ཉིད་བཤད་ཟིན་དང་འཆད་འགྱུར་ཤེས་བྱའི་གནས་ལུགས་སུ་གྱུར་པ་ཉིད་དོ། །གཉིས་པ་ནི། འཁྲུལ་ལུགས་སྣང་ཡང་བདེན་མེད། ཅེས་པ་སྟེ། རང་བཞིན་རྣམ་དག་འོད་གསལ་སེམས་ཀྱི་རྡོ་རྗེ་དེ་ཉིད་ཀྱི་རང་གི་ངོ་བོ་རང་རྩལ་གྱིས་མ་རིག་པས། ཀུན་གཞི་ལས་ཡིད་གཡོས་པའི་མཐུས་རིག་པ་བདག་དང་རང་སྣང་ཡུལ་ཏེ་ཡུལ་ཡུལ་ཅན་ཐ་དད་དུ་བཟུང་


LT09,P059A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉིས་སྣང་དབང་གིས་ལས་དང་བག་ཆགས་སྣ་ཚོགས་པ་བསགས་ཏེ་འཁྲུལ་པ་ལུ་གུ་རྒྱུད་དུ་འཁོར་བ་མཐའ་མེད་པར་འཁྱམས་པ་ནི། །འཁྲུལ་ལུགས་ཀུན་རྫོབ་ཀྱི་བདེན་པ་སྦྱང་བྱ་སེམས་གློ་བུར་གྱི་དྲི་མར་གྱུར་པ་གཤིས་ལ་མི་གནས་པས་སྣང་ཡང་བདེན་པར་མ་གྲུབ་པའི་ཕྱིར། །རང་ངོ་ཤེས་པའི་གཉེན་པོས་གྲོལ་བར་ནུས་པའོ། །གསུམ་པ་ནི། སྣང་ཙམ་ཉིད། །སྐྱེ་འགག་གནས་གསུམ་སྐུ་གསུམ་རོལ་པ་ཆེ། །འཁོར་འདས་ཐམས་ཅད་སེམས་ཀྱི་རྣམ་པར་རོལ་པ་ལས་བྱུང་ཞིང་དེ་ཉིད་གསལ་སྟོང་ཟུང་འཇུག་ཏུ་རང་བཞིན་གྱིས་གནས་པའི་སྟོབས་ཀྱིས། སྣང་ཙམ་ཉིད་ཀྱང་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྐུ་གསུམ་གྱི་རོལ་པ་ཆེན་པོ་ཡིན་ཏེ། དེའང་གཤིས་སྐྱེ་མེད་ཆོས་སྐུ། གདངས་འགག་མེད་ལོངས་སྐུ། རྩལ་ཅིར་ཡང་འཆར་བ་སྤྲུལ་སྐུ། གསུམ་ཀ་འང་ངོ་བོ་དབྱེར་མེད་དུ་གདོད་ནས་ལྷུན་གྱིས་གྲུབ་པའི་ཡིན་ལུགས་རང་ངོ་ཤེས་པས་ཆོས་ཐམས་ཅད་གཉུག་མ་དེ་བཞིན་ཉིད་དབྱིངས་རབ་འབྱམས་ཀྱི་འཁོར་ལོར་དགག་སྒྲུབ་བླང་དོར་དང་བྲལ་བ་ནི་ཞིག་གནས་ལུགས་ཕྱག་རྒྱ་ཆེན་པོའི་ལྟའི་རང་ངོ་ཤེས་པའོ། གསུམ་པ་ལམ་ཕྱག་རྒྱ་ཆེན་པོ་རང་བྱུང་ཞི་ལྷག་གིས་ས་ལམ་བགྲོད་ཚུལ་བསྟན་པ་ལ་གསུམ། ཉམས་སུ་ལེན་པའི་ཏིང་འཛིན་བསྟན། གལ་ཤོར་གྱི་འཕྲང་བཅད། རྣལ་འབྱོར་བཞི་རིམ་སྐྱེ་ཚུལ་སློས་པའོ། །དང་པོ་ནི། ལམ་དུས་སེམས་ཉིད་ལྷན་སྐྱེས་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །མ་ཡེངས་མི་སྒོམ་བཟོ་མེད་གཉུག་མའི་ངང༌། །ལམ་གྱི་དུས་སུ་ལྟ་བ་གཏན་ལ་ཕེབ་པའི་དོན་རྣལ་འབྱོར་དུ་བྱ་བ་ལ་སྒོམ་པ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེའང་སྒོམ་པ་མ་སྐྱེས་པ་སྐྱེ་བར་བྱེད་པ་སྔོན་འགྲོ་བཞིན་སྦྱོར། སྐྱེས་པ་ལམ་དུ་བྱེད་པ་ངོ་སྤྲོད་རྣམ་


LT09,P059B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དེ་ལ་བོགས་དབྱུང་ཞིང་ཡོན་ཏན་སྐྱེད་པའི་ཚུལ་ཅེས་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་པ་ལས། དང་པོ་ནི། བཀའ་ཕྱག་ཐུན་མོང་བའི་ལམ་རིམ་བློ་ལྡོག་རྣམ་པ་བཞི་དང༌། སྐྱབས་སེམས་བསགས་སྦྱོང་བླ་མའི་རྣལ་འབྱོར་ལ་རྟགས་ཐོན་པར་སྦྱངས་ནས་བློ་ཆོས་དང་ཆོས་ལམ་དུ་འགྲོ་བར་བྱ། །གཉིས་པ་ནི། ལྷན་སྐྱེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཞེས་དང་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་དེའི་དོན་བཀྲོལ་བའི་རྡོ་རྗེའི་གསུང་མཐའ་ཡས་པ་འབྱུང་བ་ལྟར། ལྷན་སྐྱེས་གསུམ་གྱི་ངོ་སྤྲོད་དུ་བསྡུ་བར་བཞེད་པ་ལས། དང་པོ་སེམས་ཉིད་གཉུག་མ་ལྷན་སྐྱེས་ནི་ཆོས་ཀྱི་སྐུ་སྟེ་དེ་ངོ་སྤྲད་པ་ལ་ཞི་ལྷག་གཉིས། ཞི་གནས་ལ་རྟེན་ཅན་རྟེན་མེད་གཉིས། ལྷག་མཐོང་ལ་ངོ་བོ་བསྟན་པ། ངོས་བཟུང་བ། ངོ་སྤྲད་པ་གསུམ་གྱིས་ལམ་གྱི་འཁྲུལ་པ་བསལ། གཉིས་པ་སེམས་ཀྱི་རང་རྩལ་རྣམ་རྟོག་ལྷན་ཅིག་སྐྱེས་པ་ལ་གནས་འགྱུ་དང་རྒྱབ་བསྣོལ་གྱི་རྟོག་པ་དང༌། བདག་འཛིན་རྩད་གཅོད་པ་གསུམ་གྱིས་རྟོག་ཚོགས་ཆོས་སྐུར་བསྲེ། གསུམ་པ་སེམས་ཀྱི་རང་མདངས་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རང་འོད་དུ་ངོ་སྤྲོད་པ་ལམ་བཅོས་པའི་ཤེས་པ་རང་སྣང་དང་འཛིན་པའི་ཤེས་པ་འཁྲུལ་སྣང་གི་རྩད་བདར་བཅད་ཅིང་ཆོས་ཉིད་གཉུག་མའི་རོལ་པར་རྟོགས་པས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱེད་པའོ། །གསུམ་པ་ནི། ཞེན་ལོག་སྒོམ་གྱི་རྐང་པ། མོས་གུས་སྒོམ་གྱི་མགོ་བོ། དྲན་པ་སྒོམ་གྱི་དངོས་གཞི་གསུམ་པོ་དང་མ་བྲལ་བར་ཐབས་ལས་བྱུང་བའི་རིམ་པ་རྣམས་ཀྱིས་བོགས་འདོན་ལ་ཡོན་ཏན་སྐྱེད་དོ། །ཚུལ་འདིའི་མཉམ་པར་འཇོག་པའི་ཏིང་འཛིན་ཀྱང་མདོར་བསྡུ་


LT09,P060A
[མ་དཔེ་གཟིགས་ན་འདིར་གནོན།]

ན། མ་ཡེངས་སོ་མར་གཞག་པ་དང༌། མི་སྒོམ་ལྷུག་པར་གཞག་པ་དང༌། རང་དྭངས་བཟོ་མེད་གཉུག་མར་གཞག་པ་གསུམ་ལ་འདུ་སྟེ། འཇོག་ཚུལ་དེས་དུས་གསུམ་གྱི་རྣམ་པར་རྟོག་པའི་སྤྲོས་པ་ཀུན་རང་གྲོལ་ཆོས་ཉིད་དུ་ཞི་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་དོན་ནོ། །གཉིས་པ་གོལ་ཤོར་གྱི་འཕྲང་བཅད་པ་ནི། ཤོར་ས་བཞི་དང་གོལ་ས་གསུམ་ལས་གྲོལ། །དེ་ལྟར་བསྒོམ་པའི་ཚེ། ཆོས་ཐམས་ཅད་སྟོང་པར་འཛིན་པ་གཤིས་ལ་ཤོར་བ་དང༌། སྟོང་ཉིད་ཀྱི་གོ་ཉམས་ཅུང་ཟད་ཐོབ་པ་ན་དེ་ཀས་ཆོག་པར་བཟུང་སྟེ་བསགས་སྦྱོང་གི་རྒྱུན་གཅོད་པ་སྟོང་ཉིད་ལམ་ཤོར་དང༌། སྟོང་ཉིད་ལམ་དུ་བྱས་ནས་འབྲས་བུ་ཕྱིས་དུས་སུ་རེ་བ་སྤང་གཉེན་དབྱེར་མེད་དུ་མ་ཤེས་པའི་གཉེན་པོར་ཤོར་བ་དང༌། སྣང་བ་ལ་སྟོང་ཉིད་དུ་བློས་བཟོ་བའི་རྒྱས་འདེབས་སུ་ཤོར་བ་སྟེ་ལྷག་མཐོང་ལ་བརྟེན་པའི་ཤོར་ས་བཞི་དང༌། བདེ་གསལ་མི་རྟོག་པ་གསུམ་ལ་ཞེན་ན་རིམ་བཞིན་ཁམས་གསུམ་དུ་འཁོར་བའི་གོལ་ས་ཡིན་པས་ཞི་གནས་ལ་བརྟེན་པའི་གོལ་ས་དེ་གསུམ་ལས་གྲོལ་བ་དང༌། གཞན་ཡང་སྟོང་པ་སྙིང་རྗེ་རྒྱུ་འབྲས་དགྲར་ལངས་ཏེ་འཕྲང་གསུམ་སོགས་ལས་ལེགས་པར་སྒྲོལ་བར་དགོས་སོ། །གསུམ་པ་ནི། དགའ་བཞི་རྐྱེན་གསུམ་ལས་འདས་སྐྱེ་བའི་ཚུལ། །གསུམ་གྱིས་མཚམས་སྦྱར་རྣལ་འབྱོར་བཞི་རིམ་འགྲོད། །དགའ་བ་བཞི་ནི་དཔེའི་ཡེ་ཤེས་ཡིན་པས་དེ་ལས་འདས་པའི་དོན་གྱི་ཡེ་ཤེས། བདེ་གསལ་མི་རྟོག་པའི་རྐྱེན་གསུམ་ནི་ཉམས་ཡིན་པས་དེ་ལས་འདས་པའི་རྟོགས་པའི་རང་ཞལ། གཞན་ཡང་ཐོས་པའི་གོ་ཡུལ། བསམ་པའི་མྱོང་བ། སྒོམ་པའི་ཉམས་སྣང་སྟེ་ཤེས་རབ་གསུམ་གྱི་ཡུལ་ལས་འདས་ཤིང༌། ཆེན་པོ་གསུམ་གྱི་བློས་མ་རེག་པའི་སྒོམ་པ་གནད་དུ་སོང་བས་རིམ་སྐྱེས་


LT09,P060B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྒལ་ཅིག་ཅར་ཏེ་སྐྱེ་བའི་ཚུལ་གསུམ་གྱིས་མཚམས་སྦྱར་ནས་རྩེ་གཅིག་སྤྲོས་བྲལ་རོ་གཅིག་སྒོམ་མེད་དེ་རྣལ་འབྱོར་གྱི་རིམ་པ་བཞི་པོ་རེ་རེ་ལའང་ཆུང་འབྲིང་ཆེན་པོར་དབྱེ་བའི་བཅུ་གཉིས་པོས་ནང་གི་ས་ལམ་རྩོལ་མེད་དུ་བགྲོད་པར་འགྱུར་རོ། །རྣལ་འབྱོར་རིམ་པ་བཞི་པོའང་ཨཱ་ལི་ཀཱ་ལི་གསང་བ་བསམ་མི་ཁྱབ་པའི་རྒྱུད་ལས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་འཛིན་གྱིས། མི་གཡོ་རྩེ་གཅིག་དྭངས་པའི་ཤེས་པ་གསལ། །རང་རིག་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོང༌། །གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །སྤྲོས་དང་བྲལ་བའི་མཉམ་གཞག་ཆེན་པོ་ལ། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་འཆར། །དྲོད་ཐོབ་ནས་ནི་སྐྱེ་ལ་དབང་བ་ཡིན། །གསུམ་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་གསུམ་རྒྱལ་བའི་སྲས་པོ་གཞན་དོན་མཛད། །རྩེ་མོ་ཐོབ་ནས་འཕེལ་བ་རྒྱུན་མི་འཆད། །བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལས། །མཁྱེན་པའི་ཡེ་ཤེས་སངས་རྒྱས་ཞིང་ཁམས་མཐོང༌། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང༌། །ཞེས་འབྱུང་བ་དང་དགོངས་པ་གཅིག་པར་ལངྐར་གཤེགས་པའི་མདོ་ལས་རྒྱ་ཆེར་གསུངས་ཤིང༌། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བ་དང༌། ཤཱནྟི་པ། ནཱ་རོ་པ་སོགས་ཀྱིས་གསལ་བར་བཤད་པའི་དོན་མགོན་པོ་ཟླ་འོད་གཞོན་ནུས་རབ་ཏུ་རྒྱས་པར་མཛད་པ་ཡིན་ལ། དེའི་བཀའ་བརྒྱུད་འཛིན་པའི་གྲུབ་ཆེན་རྣམས་ཀྱིས་རྣམ་གཞག་རྒྱས་བསྡུས་མང་དུ་མཛད་པ་ལས། གཙོ་བོར་ཕྱག་རྒྱ་ཆེན་པོའི་གོ་ཉམས་རྟོགས་གསུམ་གྱི་དབྱེ་བས་རྣལ་འབྱོར་བཞི་གསུམ་བཅུ་གཉིས་དང༌། དེ་རེ་རེ་ལའང་བརྟན་པ་ཐོབ་ཚུལ་ཆེ་འབྲིང་ཆུང་


LT09,P061A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དབྱེ་བས་མཆོག་དམན་འབྲིང་གསུམ་གསུམ་དུ་འགྱུར་བའི་ཕྱིར་སུམ་ཅུ་སོ་དྲུག་འཇིག་རྟེན་ལས་འདས་མ་འདས་ཀྱི་ཞི་ལྷག་གཉིས་སོ་སོར་རྣལ་འབྱོར་བཞི་བཞི་སྟེ་བཅུ་དྲུག་དེ་རེ་རེ་ལ་བརྟན་པ་ཐོབ་ཕུལ་ཆེ་འབྲིང་ཆུང་ངུའི་དབྱེ་བས་མཆོག་དམན་འབྲིང་གསུམ་གྱིས་བསྒྱུར་བས་བཞི་བཅུ་རྩ་བརྒྱད་ཀྱི་རྣམ་གཞག་ལ་སོགས་པ་འཆད་ཚུལ་སྣ་ཚོགས་པའི་དོན་ཧྲིལ་གྱིས་དྲིལ་ན། ཐམས་ཅད་མཁྱེན་པ་སྤྱན་སྔ་ཆོས་ཀྱི་གྲགས་པས། སྐབས་འདིའི་རྣལ་འབྱོར་བཞི་ནི་སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་ལྟར་ན་ཡས་འབབས་མས་བརྟན་གྱི་དགའ་བ་བཞིའི་ངོ་བོར་གྱུར་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉིད་ལ་འཆད་པ་ཡིན་ལ། མདོ་སྔགས་ཐུན་མོང་བའི་ཁྲིད་སྲོལ་གྱི་དབང་དུ་བྱས་ན་དེ་ལྟའི་དགའ་བཞི་རྗེས་མཐུན་པའི་ཕྱག་ཆེན་གྱི་མྱོང་བ་སྐྱེ་ཚུལ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདིར་གོ་ཉམས་རྟོགས་གསུམ་ཡང༌། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ཕྱག་ཆེན་སྒྲོས་འབུམ་དུ། རྟོགས་བྱའི་ལྟ་སྒོམ་གང་དང་གང་ཡིན་པ་ལ་གོ་ཉམས་རྟོགས་གསུམ་ལས། གོ་བ་ནི་རྟོགས་བྱ་དེ་ཉིད་སྒྲ་རྟོག་གི་ཐོས་བསམ་གྱི་ཤེས་རབ་ཀྱི་ཡུལ་དུ་བྱེད་པའོ། །ཉམས་ནི་རྟོགས་བྱ་དེ་ཉིད་དམིགས་པར་བཟུང་ནས་དེ་ལ་སེམས་ཟིན་པའི་གནས་ཆས་སྒོམ་བྱུང་གི་ཤེས་རབ་ཀྱི་ཡུལ་དུ་བྱེད་པའོ། །རྟོགས་པ་ནི་རྟོགས་བྱ་དེ་ཉིད་ལ་སེམས་ཟིན་པའི་སྒོམ་བྱུང་རྩེ་གཅིག་པ་ཙམ་གྱི་ཞི་གནས་ཀྱི་ཆས་ཡུལ་དུ་བྱེད་པ་ལས་ལྷག་པའི་རྟོག་པའམ་རྟོག་མེད་ཀྱི་ཤེས་རབ་རྣམ་པར་འབྱེད་པས་ཡུལ་དུ་བྱེད་པའོ། །ཞེས་གསུངས་སོ། །གསུམ་པ་འབྲས་བུ་ཕྱག་རྒྱ་ཆེན་པོ་དྲི་བྲལ་དོན་གྱི་སངས་རྒྱས་མངོན་དུ་འགྱུར་བའི་ཚུལ་ནི། ལྟ་བས་གོ་ཞིང་སྒོམ་པས་ཉམས་སུ་མྱོང༌། །རྟོགས་པ་མཐར་ཕྱིན་འབྲས་བུ་ད་ལྟ་ཐོབ། །


LT09,P061B
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་གནས་ལུགས་སྣང་སེམས་གཉིས་ཀ་སྐུ་གསུམ་རང་ཆས་སུ་གནས་པའི་ལྟ་བའི་དོན་ལ་སྒྲོ་འདོགས་བཅད་ཅིང་ངོ་སྤྲད་པས་དོན་ཕྱིན་ཅི་མ་ལོག་པར་གོ །སེམས་མ་བཅོས་པ་གནས་ལུགས་ཀྱི་སྟེང་རང་བབ་ཏུ་འཇོག་པའི་སྒོམ་པས་དོན་དེ་ཉིད་ཉམས་སུ་མྱོང༌། སྟོང་ཉིད་སྙིང་རྗེ་ཟུང་འཇུག་འགག་མེད་ཤུགས་འབྱུང་གི་སྤྱོད་པས་བོགས་བཏོན་ཏེ་གནས་ལུགས་ཀྱི་རང་བཞིན་མངོན་དུ་གྱུར་པའི་རྟོགས་པ་མཐར་ཕྱིན་པ་ནི་འབྲས་བུ་སྟེ། སངས་རྒྱས་སེམས་ལས་རྙེད། སྐུ་གསུམ་རང་ཞལ་མཇལ་བས་ཕྱི་དུས་ཀྱི་ཡིད་སྨོན་མ་ཡིན་པར་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ད་ལྟ་ཉིད་དུ་འཐོབ་པའོ། །ལམ་རིམ་འདི་ནི་དྭགས་པོ་རིན་པོ་ཆེའི་མནལ་ལྟས་དང་མི་ལས་ལུང་བསྟན་པ་བཞིན་དུ་ཁོ་བོས་བཀའ་གདམས་པའི་ཆོས་ཀྱིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོགས་པར་འདུག་ཅེས་གསུངས་པ་དང༌། ད་ལྟ་ཁོ་བོས་སེམས་ཅན་ལ་ཕན་བག་ཙམ་ཐོགས་པ་འདི་བཀའ་གདམས་པའི་བླ་མ་རྣམས་ཀྱི་དྲིན་ཡིན་གསུངས་པ་དང༌། རྔ་བརྡུངས་པས་རི་དྭགས་མང་པོས་ཉན་པ་དང༌། དེ་དག་ལ་འོ་མ་འགྱེད་པར་རྨིས་པ་སོགས་ཐམས་ཅད་ཁྲིད་ཚུལ་འདིའི་དོན་དུ་གནས་པ་ཡིན་ཏེ། དེ་དག་གི་དོན་ནི་སྙིགས་མ་ཤས་ཆེར་བདོ་བའི་དུས་སུ་སོན་པས་རྡོ་རྗེ་ཐེག་པའི་ཐུན་མོང་མིན་པའི་སྐལ་ལྡན་ཆེས་ཉུང་བར་གྱུར་ཀྱང༌། དབང་བརྟུལ་སྐལ་པ་དམན་པའི་གདུལ་བྱ་རྣམས་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས་ཁྲིད་པས། མཐར་སྐལ་པ་རབ་ཏུ་འཕོས་པས་སྔགས་ཀྱི་ཐུན་མོང་མིན་པའི་སྣོད་དུ་གྱུར་ཏེ་ཚེ་གཅིག་ལ་གྲོལ་བ་ཐོབ་པའམ། དེ་ལྟར་མ་ཡིན་ཀྱང་ཐབས་དེས་མང་དག་ཅིག་ཕྱག་རྒྱ་ཆེན་པོའི་དོན་མཐོང་ནས། ཕྱིར་མི་ལྡོག་པའི་ལམ་ལ་བཀོད་པ་ལ་དགོངས་པ་ཡིན་པའི་ཕྱིར་རོ། །དེས་ན་རྗེ་བཙུན་ཉིད་ནས་ཉེ་བར་བཟུང་སྟེ་ད་ལྟ་ཡན་དུ་ཁྲིད་ཚུལ་འདིས་གདུལ་བྱ་སྐལ་


LT09,P062A
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་དམན་ཐམས་ཅད་མ་བརྟགས་པར་བཀྲི་བའི་ཕྱག་བཞེས་ཡོད་ཅིང༌། དེའི་སྟེང་དུ་སྐལ་ལྡན་ལ་སྔགས་ཀྱི་ཐབས་ལམ་ཟབ་མོ་སྟོན་པའི་ཚེ། འདི་ལ་རྒྱུ་དུས་ཀྱི་གདམས་ངག་གམ་གཞི་ཁྲིད་ཀྱི་མིང་དུ་མཛད་པ་ཡིན་ནོ། །དོན་འདི་ལ་ཇོ་ནང་རྗེ་བཙུན་ཆེན་པོས། དེང་སང་གནས་ལུགས་ཕྱག་རྒྱ་ཆེར་གྲགས་པ། །འཁོར་ལོ་ཐ་མའི་མདོ་ལུགས་སྒོམ་རིམ་ཞིག །དབང་པོའི་རིམ་པས་སྔགས་དང་གོ་བསྟུན་པས། །འགྲོ་བ་རྣམས་ལ་སྒྲོན་མེ་ལྟ་བུར་གྱུར། །ལམ་འབྲས་པ་ཡི་སྣང་གསུམ་སོགས་དང་མཚུངས། །ཞེས་སོགས་གསུངས་སོ། །གཉིས་པ་སྔགས་ལུགས་ནི། སྔགས་ལུགས་ཐབས་ལམ་རྣམས་ལས་སྐྱེས་པ་སྟེ། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་སྔགས་བླ་མེད་ནང་གི་རྒྱུད་སྡེ་རྣམས་ཀྱི་ཚུལ་ལུགས་ལས་འབྱུང་བ་ནི། མཆོག་གི་དབང་བསྐུར་བ་དང༌། བདག་བྱིན་རླབས་དང༌། ཕྱག་རྒྱའི་རིམ་པ་སོགས་ཐབས་ལམ་རྣམས་ལས་སྐྱེས་པ་སྟེ། མངའ་བདག་མར་པའི་ཞལ་ནས། རྫོགས་རིམ་གྱི་ངོ་བོ་ནི་བདེ་བ་ལ་བརྟེན་ནས་བདེ་བ་ཆེན་པོ་སྐྱེད་པ་སྟེ། སྒྱུ་མའི་བརྟག་པའི་ལེའུ་གཉིས་པ་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །ངེས་ཚིག་ནི་ཡེ་ཤེས་དངོས་སུ་སྐྱེ་བས་ན་རྫོགས་རིམ་སྟེ། པུཥྤ་ཧ་རི་བའི་ཞལ་ནས། དུས་འདིའི་དུས་སུ་ལུས་གནད་འདི་ལྟར་ཆོས་ལ་སེམས་འདི་ལྟར་གཏོད་དང་ཡེ་ཤེས་མི་སྐྱེ་མི་སྲིད་གསུངས། དབྱེ་ན་སྦྱང་གཞི་ཐ་མལ་གྱི་རྣམ་པར་རྟོག་པ་དུ་མ་དང་བཅས་པ་དང༌། གཉིད་མཐུག་པོ་ལོག་པ་དང༌། རྨི་ལམ་མང་པོ་རྨི་བ་དང༌། ཐ་མལ་གྱི་བུད་མེད་དང་སྙོམས་པར་འཇུག་པའོ། །དེ་སྦྱོང་བྱེད་གཏུམ་མོ་ཁ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང༌། འོད་གསལ་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང༌།


LT09,P062B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་ལ་བརྟེན་པའི་ཕྱག་རྒྱ་ཆེན་པོ་དང༌། ལས་རྒྱ་ལ་བརྟེན་པའི་ཉམས་སུ་མྱོང་བའོ། །ཞེས་བསྟན་པ་ལྟར་དཔལ་ནཱ་རོ་ཆོས་དྲུག་ལ་སོགས་པའི་གདམས་ངག་སྒོམ་པ་ལས་རྟོགས་པར་འགྱུར་རོ། །གསུམ་པ་སྙིང་པོའི་ལུགས་ནི། སྙིང་པོ་རྡོ་རྗེའི་ཡེ་ཤེས་འབེབས་པ་ཡིས། །དབང་རབ་སྨིན་གྲོལ་དུས་གཅིག་འབྱུང་བའོ། །སྔ་མ་གཉིས་ཀ་ལས་ཟབ་ཅིང་ངོ་མཚར་ལ་ཁྱད་པར་རྨད་དུ་བྱུང་བ་ཟབ་མོའི་སྙིང་པོ་བཙན་ཐབས་སུ་རྟོགས་པའི་ལམ་ནི། རྟོགས་ལྡན་གྱི་བླ་མས་སྐལ་ལྡན་གྱི་སློབ་མ་ཆེས་དབང་རྣོན་དུ་གྱུར་པ་ལ་རྡོ་རྗེ་ཡེ་ཤེས་ཀྱི་དབང་གི་བྱིན་རླབས་འབེབས་པ་ཙམ་གྱིས། ཐ་མལ་ཤེས་པ་སྙིང་དབུས་སུ་སད་ནས་རྟོགས་གྲོལ་དུས་མཉམ་དུ་འགྱུར་བས་སྤྲོས་བཅས་ཀྱི་ཐབས་དང་སྦྱངས་བའི་རྩོལ་བ་ལ་མ་ལྟོས་པའི་ཕྱིར། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་གྲུབ་ཐོབ་ས་ཆེན་པོའི་རྡུལ་ཙམ་བྱོན་པའི་རྣམ་ཐར་དང་ལག་རྗེས་མངོན་སུམ་སྣང་བ་འདི་ཉིད་ཡིན་ཅིང༌། ཚུལ་དེ་ལྟ་བུ་ཡང་ཨིནྡྲ་བྷཱུ་ཏིས་ཡེ་ཤེས་གྲུབ་པར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་ལོག་གཞན་ཏུ། །དབང་བསྐུར་བ་ནི་ལེན་ཅེ་ན། །འདི་ནི་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་ཉམས་པའི་སྡུག་བསྔལ་ནི། །ལུས་དང་དེ་བཞིན་ཡིད་དང་ནི། །དེ་ཡི་དོན་རྣམས་ཉམས་འགྱུར་ཞིང༌། །མྱུར་བ་ཉིད་དུ་ཤི་བར་འགྱུར། །ཤི་ནས་དམྱལ་བའི་སྡུག་བསྔལ་ནི། །བསྐལ་པ་བྱེ་བ་བརྒྱ་ཕྲག་ཏུའང༌། །མྱོང་ནས་གནས་ནས་འཕོས་གྱུར་ནའང༌། །གདོལ་པའམ་དམན་པའི་རིགས་སུ་སྐྱེ། །ལྐུགས་པའམ་ཡང་ན་འོན་པའམ། །སྐྱེ་ཞིང་སྐྱེ་


LT09,P063A
[མ་དཔེ་གཟིགས་ན་འདིར་གནོན།]

བར་དམུས་ལོང་དུ། །སྐྱེ་བར་འགྱུར་བར་ཐེ་ཚོམ་མེད། །དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད། །བློ་ལྡན་དེ་ཡིས་དབང་བསྐུར་ན། །དབང་བསྐུར་བར་ནི་ཤེས་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དབང་རབ་སྨིན་གྲོལ་དུས་གཅིག་ཏུ་སྐྱེ་བའི་ལམ་མཆོག་བླ་ན་མེད་པའོ། །གསུམ་པ་གདམས་ངག་སོ་སོའི་བཀའ་སྲོལ་བརྗོད་པས་མཇུག་བསྡུ་བ་ནི། ཕག་གྲུས་སྐྱབས་སེམས་མོས་གུས་བསྐྱེད་དང་རྫོགས། །བསྔོ་བར་བཅས་པའི་ལྔ་ལྡན་ཆོས་འཁོར་བསྐོར། །བདེ་གཤེགས་འཁོར་བ་འཇིག་དངོས་འགྲོ་བའི་མགོན་པོ་ཕག་མོ་གྲུ་པས། སྡེ་སྣོད་གསུམ་དང་རྒྱུད་སྡེའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་ཕུན་སུམ་ཚོགས་པའི་དགེ་འདུན་སྟོང་ཕྲག་ལྔ་ལ་ཚོགས་སུ་གསུངས་པས་གཞན་རྣམས་ཀྱིས་ཟབ་མོའི་དོན་གྱི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་མགོན་པོ་འབྲི་གུང་པས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པར་ཐོབ་པར་མཁྱེན་ནས་ཟབ་པ་དང་རྒྱ་ཆེ་བའི་བཀའ་སྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་དོན་དུ་སྟོན་ཅིང༌། བཅུ་ཆོས་གསུམ་ཆོས་ཞེས་པ་ཡང་འདིའི་གནད་སྟོན་པ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་གི་མཛོད་ཆེན་པོ་ཡིན་ནོ། །དེའི་ཚུལ་ནི། བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོ་དང༌། །བསྔོ་བའི་ཆོས་ཀྱིས་ཉམས་སུ་བླང༌། །ཞེས་གསུངས་པ་ལྟར། སེམས་བསྐྱེད། མོས་གུས། བསྐྱེད་རིམ། རྫོགས་རིམ། བསྔོ་བ་ལྔ་སྟེ། དང་པོ་ཐ་མ་གཉིས་ཐེག་པ་ཐུན་མོང་བ་ཡིན་ལ། བར་པ་གསུམ་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་


LT09,P063B
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ཡིན་ནོ། །དེས་ན། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ། །ལྔ་ལྡན་མེད་ན་མིག་མེད་ཡིན། །ཅེས་གསུངས་ཏེ་གཞི་ཉོན་མོངས་པ་ལྔ་ལ་གནད་དུ་འགྲོ། ལམ་དུས་སུ་ཁྱད་པར་ཅན་གྱི་ལག་རྗེས་ལྔ་ཐོན། གདོན་རིགས་ལྔ་ཞི་ཞིང་འགྲོ་བ་ལྔ་གདུལ་བྱར་འགྱུར། །འབྲས་བུའི་སྐབས་སྐུ་ལྔ་ཡེ་ཤེས་ལྔ་འཆར་བའོ། །དེ་དག་ལ་བརྟན་པ་ཐོབ་ན་ཐམས་ཅད་ཕྱག་རྒྱ་ཆེན་པོར་འགྱུར་ཏེ། དམིགས་པ་མེད་པ་བྱང་ཆུབ་ཀྱི་སེམས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ། འཁོར་འདས་བླ་མའི་རོལ་པ། རིག་སྟོང་དབྱེར་མེད་ཀྱི་ཕྱག་ཆེན། འཁོར་གསུམ་ཡང་དག་གི་བསྔོ་བ་སོགས་ལ་རིམ་པ་བཞིན་བྱང་སེམས་ཕྱག་ཆེན། ལྷ་སྐུ་ཕྱག་ཆེན། མོས་གུས་ཕྱག་ཆེན། གནས་ལུགས་ཕྱག་ཆེན། བསྔོ་བ་ཕྱག་ཆེན་ཞེས་སོགས་བརྗོད་དུ་རུང་ཞིང་དོན་ལའང་གནས་པས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །ཀརྨ་པ་ཡིས་སྐུ་གསུམ་ངོ་སྤྲོད་དང༌། །འབྲུག་པས་ཁྲིད་ཆེན་བརྒྱད་སོགས་རྩལ་དུ་བཏོན། །རས་ཆུང་ལ་སོགས་སྙན་བརྒྱུད་བཀའ་སྲོལ་འཛིན། །ཀུན་གྱི་རྩ་བ་ཕྱག་ཆེན་ཆོས་དྲུག་གོ །མ་བྱོན་སངས་རྒྱས་དྲུག་པ་སེང་གེའི་སྒྲ་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དཔལ་ལྡན་ཀརྨ་པ་རང་བྱུང་རོལ་པའི་རྡོ་རྗེས་སྐུ་གསུང་ཐུགས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་ནས་གྲུབ་པའི་ཆོ་འཕྲུལ་ཞིང་ཁམས་ཀུན་ཏུ་ཁྱབ་པ་དུས་གསུམ་རྒྱུན་ཆད་མེད་པར་སྟོན་པའི་ཆོས་སྒོ་ཐམས་ཅད་ཀྱི་རྩ་བ་ནི། གང་ཟག་བློ་དམན་པ་རྣམས་ལ་སྔོན་དུ་འགྲོ་བའི་ཆོས་བཞིས་རྒྱུད་སྦྱོང་བ་དང༌། དབང་པོ་འབྲིང་རྣམས་ལ་བཅའ་བ་ལུས་ཀྱི་གནད། སྲོག་རྩོལ་རླུང་གི་གནད། དམིགས་པ་སེམས་ཀྱི་གནད། ལུས་སྦྱོང་འཁྲུལ་འཁོར་གནད་བཞི་དང༌། བཞི་ཀའི་རྩ་བ་བདེ་དྲོད་གཏུམ་མོའི་རྣལ་འབྱོར་བཅས་སྟོན་ཅིང༌། དབང་པོ་རབ་ཏུ་གྱུར་པ་རྣམས་


LT09,P064A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐུ་གསུམ་ངོ་སྤྲོད་ཕྱག་རྒྱ་ཆེན་པོ་ཅིག་ཅར་བའི་ལམ་ལ་ཡང་དག་པར་འཁྲིད་པར་མཛད་དོ། །དེའང༌། པུལླ་ཧ་རིའི་འོག་ཁང་དུ། །སྤྲུལ་སྐུ་ཐོགས་མེད་ཆར་རྒྱུན་འབེབས། །ཞེས་པའི་བརྡས་མཚོན་པ་ཀུན་རྫོབ་བྱང་སེམས་དང་འབྲེལ་བ་སྤྲུལ་སྐུའི་ངོ་སྤྲོད། པུལླ་ཧ་རིའི་བར་ཁང་དུ། །ལོངས་སྤྱོད་རྫོགས་སྐུ་བརྡ་ཡིས་མཚོན། །ཅེས་པའི་བརྡས་མཚོན་པ་སྲོག་རྩོལ་དང་འབྲེལ་བ་ལོངས་སྐུའི་ངོ་སྤྲོད། བརྡ་ཡིས་མི་མཚོན་ཅིང་ཐ་སྙད་ལས་འདས་པ་གཉུག་མ་རང་བཞག་གི་གནད་དང་འབྲེལ་བ་ཆོས་སྐུའི་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་རྟོགས་པ་རབ་འབྱམས་རང་བྱུང་ཡེ་ཤེས་ཉམས་སུ་བླངས་པའི་རིམ་པ་འདི་ཉིད་འཆི་ཀར་ཞག་བདུན་ཙམ་བསྒོམས་པས་ཀྱང་གདོན་མི་ཟ་བར་རྡོ་རྗེ་འཆང་གི་ས་བརྙེས་པར་གསུངས་སོ། །དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་ཤིན་ཏུ་གྲགས་ཆེ་བ་སྟོད་འབྲུག་རྣམས་ཀྱིས་ཁྲིད་ཆེན་བརྒྱད་དང་ཁྲིད་ཆུང་བརྒྱད་དུ་གྲགས་པ། སོགས་ཁོང་ནས་སྨད་འབྲུག་རྣམས་ཀྱིས་ཐུབ་པ་ལྔ་ལྡན། རྩ་བའི་བཀའ་བརྒྱུད་རྣམས་ཀྱིས་བསྐོར་དྲུག་ལ་སོགས་པ་རྩལ་དུ་བཏོན་ནས་འཆད་པར་མཛད་དེ། དེ་ལ་དཔལ་ལྡན་འབྲུག་པ་ཞེས་ཡོངས་སུ་གྲགས་པའི་མཚན་གཞི་ཆོས་རྗེ་གཙང་པ་རྒྱ་རས་པས་ཕྱག་ཆེན་ལ་བཤད་པ་ཚིག་གི་སྐོར། གདམས་ངག་ཉམས་ལེན་གྱི་སྐོར། རྟོགས་པ་བྱིན་རླབས་ཀྱི་སྐོར་གསུམ། ཆོས་དྲུག་ལ་བསྲེ་འཕོ་གནད་ཀྱི་སྐོར། བྲུལ་ཚོ་བློ་རྡེག་གི་སྐོར། འཇུག་ལྡོག་སྤྱི་ཁྱབ་ཀྱི་སྐོར། མངོན་པར་རྟོགས་པའི་སྐོར། ཞལ་གདམས་གནད་ཀྱི་སྐོར། རྟོག་པ་ལམ་ཁྱེར་ནད་འདོན་སྐོར་ཏེ་ཐབས་ལམ་གནད་ཀྱི་སྐོར་དྲུག །རོ་སྙོམས་ལ་གཏེར་མཛོད་བཀའ་རྒྱ་ཅན། ཡང་མཛོད་ཐུགས་ཀྱི་མེ་ལོང༌། གསང་མཛོད་སྦས་པ་མིག་འབྱེད་གསུམ། རྟེན་འབྲེལ་ཁོ་བོ་ལུགས། ལམ་ཟབ་མོས་


LT09,P064B
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཆེན་མོ་རྣམས་ཀྱི་ཤིང་རྟའི་སྲོལ་ཕྱེ་ནས་འཆད་པར་མཛད་ཅིང༌། སྟོད་འབྲུག་པའི་ཁྲིད་ཆེན་བརྒྱད་ནི། ལམ་ཟབ་མོས་གུས་ཀྱི་ཁྲིད། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད། གསང་སྤྱོད་ཟློག་སྒོམ་གྱི་ཁྲིད། དག་སྣང་ཞིང་སྦྱོང་གི་ཁྲིད། ཆོས་བརྒྱད་འགོ་སྙོམས་ཀྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་རྣམས་ཡིན་ལ། སྟོད་འབྲུག་བསྟན་པའི་རྩ་ལག་གཉིས་པ་རྒྱལ་བ་ཡང་དགོན་པས་རི་ཆོས་སྐོར་གསུམ་དུ་བསྟན་ཏེ། དེའང་སྒྲུབ་པ་ཉམས་ལེན་གྱི་ཆོས་ཐམས་ཅད་ཚང་བར་སྟོན་པ་དགོས་པ་ཀུན་འབྱུང་གི་སྐོར། རྡོ་རྗེ་ལུས་ཀྱི་གནས་ལུགས་གསལ་བར་སྟོན་པ་སྦས་བཤད་ཀྱི་སྐོར། འཆི་བ་ལམ་དུ་བྱེད་པ་བར་དོ་འཕྲང་སྒྲོལ་གྱི་སྐོར་གསུམ། དང་པོ་ལ་རྩ་བ་ལུས་ལྟ་བུའི་ཆོས་གསུམ། གྱེས་པ་ཡན་ལག་ལྟ་བུའི་ཆོས་དགུ། ཟབ་པ་དོན་སྙིང་ལྟ་བུའི་ཆོས་དྲུག་གཅེས་པ་སྲོག་ལྟ་བུའི་ཆོས་དྲུག་དམར་ཁྲིད་དབང་པོའི་སྒོ་ལྔ་ལྟ་བུའི་ཆོས་ལྔ་སོགས་བཞུགས་ཤིང༌། འབའ་ར་བ་རྒྱལ་མཚན་བཟང་པོའི་ཆོས་དྲུག་གི་ཡིག་ཆུང་ལ་འཇམ་དབྱངས་ཆོས་ཀྱི་གྲགས་པས་རྒྱས་པར་མཛད་པ་བདེ་ཆེན་སྐོར་གསུམ་གྱི་གདམས་ངག་ལ་ཅིག་ཅར་བ་དང་རིམ་གྱིས་པའི་ལམ་གཉིས་སུ་བཞུགས་པ་དང༌། སྨད་འབྲུག་གི་ཐུབ་པ་ལྔ་ལྡན་ནི། ཕྱག་རྒྱ་ཆེན་པོ་འཆི་ཐུབ། གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་ཀྱི་ཁྲིད་ལྔའོ། །རྗེ་བཙུན་མི་ལའི་ཐུགས་སྲས་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་པ་དང༌། སོགས་ཁོངས་ནས། ངན་རྫོང་སྟོན་པ་གཉིས་ཀྱིས་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་མཛོད་ནས་བྱོན་པའི་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་སྲོལ་འཛིན་པ་སྟེ། དེའང་འཁོར་ལོ་སྡོམ་པ་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་དབང་


LT09,P065A
[མ་དཔེ་གཟིགས་ན་འདིར་གནོན།]

དང་འབྲེལ་བ་རྒྱུད་ཀྱི་གདམས་པ་ཞེས་རྩ་བཤད་ཀྱི་རྒྱུད་རྣམས་དང༌། སིནྡྷཱུ་ར་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡུམ་གྱི་བྱིན་རླབས་དབང་བཞི་ལ་བརྟེན་ནས་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་གདམས་པ་ཞེས་ནོར་བུ་རྣམ་གསུམ་གྱི་མན་ངག་རྣམས་དང༌། ལུས་མེད་ཌཱ་གིའི་བརྡ་དབང་ལ་བརྟེན་ནས། བརྡ་དང་འབྲེལ་བ་ངོ་སྤྲོད་ཀྱི་གདམས་པ་ཞེས་ལུས་མེད་མཁའ་འགྲོའི་ཆོས་སྐོར་གསུམ་དུ་བཞུགས་ཤིང༌། བཀའ་སྲོལ་དེ་གཉིས་ནི་ཡོངས་སུ་གྲགས་པའི་དབང་དུ་བྱས་ཀྱི་རྗེ་བཙུན་མི་ལས་ཐུགས་སྲས་བརྒྱད་ལ་སྙན་བརྒྱུད་ཀྱི་གདམས་པ་ཆ་རེ་བྱིན་པར་བཤད་པ་དང༌། ཁྱད་པར་ཟུར་མང་བཀའ་བརྒྱུད་ལ་བཀའ་བབས་པའི་དྭགས་པོ་སྙན་བརྒྱུད་ཀྱི་སྨིན་གྲོལ་གདམས་པ་ཟབ་ལ་རྒྱ་ཆེ་བ་ད་ལྟའི་བར་རྒྱུན་མ་ཆད་པར་བཞུགས་པ་དང༌། ཆེ་བཞི་ཆུང་བརྒྱད་ཀྱི་བཀའ་བརྒྱུད་གྲུབ་ཐོབ་རེ་རེས་ཆོས་སྒོ་རབ་འབྱམས་རྒྱ་མཚོར་ཕྱེས་པའི་ཚད་དང་མཐའ་བཟུང་བར་མི་ནུས་ཀྱང༌། རྗེ་བཙུན་མི་ལའི་གདམས་ངག་མཐའ་དག་རྒྱུད་དང་འབྲེལ་བའི་ཐབས་ལམ་དང༌། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་གཉིས་སུ་འདུ་བར་གསུངས་ཤིང༌། དེ་དག་ཀུན་གྱི་རྩ་བ་ནི་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་གཉིས་ཡིན་ནོ། །དེ་གཉིས་ཀྱི་ཟབ་གསང་མདོ་རྒྱུད་ཀྱི་དགོངས་པ་དང་སྦྱར་བའི་ལུང་སྦྱོར་ཤིན་ཏུ་རྒྱས་པ་གར་དབང་སྤྱན་སྔ་ཐམས་ཅད་མཁྱེན་པ་སོགས་ཀྱི་གསུང་རབ་ལས་རྟོགས་པར་བྱ་བ་ཁོ་ནའོ། །ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་སྒོམ་རིམ་བསྟན་པ་ལ་གཉིས། ལམ་རིམ་གྱི་རྣམ་གྲངས་སྤྱིར་བསྟན། སྒྲུབ་པའི་ཉམས་ལེན་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། ཤངས་ལུགས་བཤད་རྩོད་སྒྲུབ་པའི་ལམ་རིམ་གསུམ། །ཕྱི་མར་ནི་དྷི་མཻ་ཏྲི་ཨ་བྷ་ཡ། །རཱ་ཧུ་ལ་ཡི་སྐོར་ལྔ་ཐོར་བུ་བཅས། །མཁས་གྲུབ་ཀྱི་རྒྱལ་པོ་ཁྱུང་པོའི་བཀའ་སྲོལ་ལས་བྱོན་བའི་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་མདོ་སྔགས་བཤད་སྒྲུབ་


LT09,P065B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལུགས་སྲོལ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་མཛད་པ་དེ་དག་ཀྱང་མདོར་བསྡུ་ན། བཤད་པ། རྩོད་པ། སྒྲུབ་པའི་ལམ་རིམ་གསུམ་དུ་འདུ་སྟེ། དེའི་ཚུལ་ནི་གོང་དུ་བཤད་པ་ལྟར་རོ། །དེ་དག་ལས་ཕྱི་མ་སྒྲུབ་པའི་ལམ་རིམ་ལ། ནི་གུ། སུ་ཁ་སིདྡྷི། རྡོ་རྗེ་གདན་པ། མཻ་ཏྲི་པ། རཱ་ཧུ་ལའི་ཆོས་སྐོར་ལྔ། མན་ངག་ཐོར་བུ་དང་བཅས་པ་བཞུགས་ཤིང༌། དེ་རྣམས་ཀྱང་གཙོ་ཆེར་སྡེ་ཚན་དུ་བསྡམས་པའི་བརྡར་བཞག་པ་ལས་ཁྱུང་པོ་ཉིད་ཀྱིས་ཇི་ལྟར་གསན་པའི་ཆོས་སྐོར་ཚང་བ་ནི་མ་ཡིན་ཏེ་ཐོག་མ་ནས་ཀྱང་བརྒྱུད་སྲོལ་གཅིག་ལ་ཚང་བར་འབྱོན་དུ་མ་བཏུབ་ན། ད་ལྟ་ལྟ་སྨོས་ཀྱང་ཅི་དགོས་པས་སོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཉམས་ལེན་གཙོ་བོ་ནི་གུའི་གསེར་ཆོས་ལྔ། །སྒྲུབ་པའི་ལམ་རིམ་ཉམས་ལེན་གྱི་གཙོ་བོ་ནི། རྩ་བ་ནི་གུ་ཆོས་དྲུག་སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུགས་མེད་དེ་གསེར་ཆོས་ལྔར་གྲགས་པ་ཡིན་ནོ། །གཉིས་པ་ལ་དྲུག་རྩ་བ་གསེར་ཆོས་ལྔ། །ཞར་བྱུང་སུ་ཁ་སོགས་ཀྱི་གདམས་ངག་བཤད་པའོ། །དེའི་དང་པོ་ལ་བདུན། སྔོན་འགྲོ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་རྣམས་སོ། །དང་པོ་ནི། ཐུན་མིན་དག་བྱེད་སྟོང་རས་རྒྱུད་སྦྱངས་ནས། །བརྒྱུད་པ་རིན་པོ་ཆེ་འདི་པའི་ལུགས་སུ་བྱིན་རླབས་དབང་གི་གཞི་ཞེས་གྲགས་པ་ལྟར་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བས་རྒྱུད་སྨིན་པའི་གང་ཟག །དད་པ་བརྩོན་འགྲུས་སྐྱོ་ཤས་ངེས་འབྱུང་སྟེ་ཐུན་མོང་གི་སྔོན་འགྲོའི་ཆོས་རྣམས་ལེགས་པར་ལྡན་པས་ཐུན་མིན་དག་བྱེད་པའི་སྟོང་རས་རྒྱུད་སྦྱོང་སྟེ། དག་བྱེད་ཅེས་པའི་དོན་ཡེ་ཤེས་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་པ་ལས། རང་རྒྱུད་དྲི་མ་ཉམས་


LT09,P066A
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འདག །འདི་ནི་སྟོང་རའི་མཚན་ཉིད་ཡིན། །ཞེས་པ་ལྟར། རང་རྒྱུད་ཀྱི་སྡིག་སྒྲིབ་ཉེས་ལྟུང་སོགས་དྲི་མ་མཐའ་དག་སྦྱོང་བར་བྱེད་པའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན་ལ། ཐེམ་ཡིག་ལས། སྔོན་འགྲོ་དག་བྱེད་སྟོང་ར་ལ། །གསོལ་འདེབས་གསུམ་ལ་དམིགས་པ་གསུམ། །ཞེས་གསུངས་པ་ལྟར་གསོལ་འདེབས་གསུམ་སྔོན་དུ་འགྲོ་བས། དམིགས་པ་དག་བྱེད་པའི་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་ཏེ་ཕྱི་མ་ལ་དམིགས་པར་བཞག་པ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པ་སྟེ། ལུགས་འདིར་འདི་ལྟ་བུ་གཞན་ལའང་མང་ངོ༌། །དེ་ནས་ཟབ་ལམ་དངོས་ལ་འཇུག་པར་བྱ་སྟེ། རྡོ་རྗེའི་ཚིག་རྐང་ལས། དབང་བཞིས་སྨིན་བྱས་དད་དང་བརྩོན་འགྲུས་ལྡན། །མི་རྟག་སྐྱོ་ཤས་ཉེས་དམིགས་སྔོན་འགྲོ་བས། །ལམ་མཆོག་འདི་ལ་གང་གིས་འབད་གྱུར་ན། །ཟླ་དྲུག་ལོའམ་ཚེ་འདིར་འཚང་རྒྱ་འགྱུར། ཞེས་གསུངས་སོ། །གཉིས་པ་ནི། རྩ་བ་གཏུམ་མོ་དྲག་དང་འཇམ་པོ་ཡིས། །ཟས་ཟ་གོས་གྱོན་གདན་འདིངས་རྟ་རུ་ཞོན། །གསེར་ཆོས་འདིའི་རྩ་བ་ཆོས་དྲུག་གི་ཐོག་མ་ཐབས་ལམ་བདེ་དྲོད་རང་འབར་གྱི་མཚན་ཉིད་ནི། བདེ་དྲོད་རང་བཞིན་སྟོང་གསལ་འཆར། །འདི་ནི་ཐབས་ལམ་མཚན་ཉིད་ཡིན། །ཞེས་པ་ལྟར་ཨ་ཧཾ་འབར་འཛག་གིས་རྡོ་རྗེའི་ལུས་ལ་བདེ་དྲོད་བསྐྱེད་དེ་སྟོང་གསལ་གྱི་ཡེ་ཤེས་ཁྱད་པར་ཅན་སྐྱེད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའང་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཡས་བབ་ཟག་བཅས་དང༌། མས་བརྟན་ཟག་མེད་དགའ་བཞི་འཕོ་འགྱུར་མེད་པ་བསྐྱེད་ལ་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟན་པར་བྱ་སྟེ། དེ་ལ་གཏུམ་མོ་མེ་རྒོད་དྲག་པོའི་སྦྱོར་བས་རྩ་རྒོད་རླུང་རྒོད་འདུལ་ནས་དྲོད་བཙན་ཐབས་སུ་བསྐྱེད་


LT09,P066B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏུམ་མོ་རང་གི་སྔོན་འགྲོ་སྔོན་དུ་སོང་ནས། སྦྱོར་བ་བཞི་ལྡན་གྱི་བུམ་པ་ཅན་དང་སྦྲེལ་བ་དཔྱིད་ཐིག་འབར་འཛག་འཇམ་པོའི་རྣལ་འབྱོར་གྱིས་དངོས་གཞི་ཟས་སུ་ཟ་བ། ཡན་ལག་ཏུ་གོས་སུ་གྱོན་པ། གདན་དུ་འདིངས་པ། རྟ་རུ་ཞོན་པ་རྣམས་སྤྱོད་ལམ་གང་དང་འཚམས་པར་ཉམས་སུ་ལེན་ཅིང༌། རྗེས་སྲིད་པའི་དབང་ཞུ་བ། གེགས་རང་གྲོལ། ཐོན་ཆོས་བྱིན་རླབས་བླ་མའི་གཏུམ་མོ་རྣམས་ཀྱིས་གྲུབ་པ་ཡིན་ནོ། །གསུམ་པ་ནི། མོས་གུས་ལྷ་སྐུ་འགྲོ་དྲུག་སྒྱུ་མར་འཆར། །སྒྱུ་ལུས་ཆགས་སྡང་རང་གྲོལ་གྱི་མཚན་ཉིད་ནི། སྣང་ཡང་རང་བཞིན་མ་གྲུབ་པ། །འདི་ནི་སྒྱུ་མའི་མཚན་ཉིད་ཡིན། །ཞེས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་ནས་ཆགས་སྡང་རང་སར་གྲོལ་བར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའི་གདམས་པ་ལ། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་བ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེད་པ་གསུམ་གྱི་དང་པོ་ལ། མོས་གུས་བླ་མ་ལམ་ཁྱེར་དང༌། ཅི་སྣང་བདེན་མེད་ལམ་ཁྱེར་གཉིས། གཉིས་པ་ལ་རང་ལུས་སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མའི་ལམ་ཁྱེར་གཉིས། གསུམ་པ་ལ་སད་བ་བཞི་དང་བྲལ་བས་འགྲོ་དྲུག་སྒྱུ་མར་འཆར་བྱེད་ཀྱི་ཏིང་ངེ་འཛིན་གནད་བརྒྱད་ལྡན་སྒོམ་ཞིང༌། ནད་གདོན་སྒྱུ་མར་ལམ་དུ་ཁྱེར་བས། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རྣམས་ཤུགས་ལས་འབྱུང་བར་འགྱུར་རོ། །བཞི་པ་ནི། རང་ཟིན་དབང་བཞི་འཆུགས་མེད་གནད་དགུ་ཡིས། །རྨི་ལམ་བཟུང་སྦྱོང་གཏན་འབེབས་རྣམ་ཐར་འབྱོངས། །རྨི་ལམ་ཉིང་འཁྲུལ་རང་དག་གི་མཚན་ཉིད་ནི། ཉིང་འཁྲུལ་བདེན་མེད་བདེ་བར་ཤར། །འདི་ནི་རྨི་ལམ་མཚན་ཉིད་ཡིན། །ཞེས་ཉིང་འཁྲུལ་ཐམས་ཅད་བདེན་མེད་དུ་ཤར་ཏེ། རྨི་ལམ་གྱི་འཁྲུལ་བ་ཐམས་


LT09,P067A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་ཡལ་ལ་འགྲོ་བའི་རྣལ་འབྱོར་ཁྱད་པར་ཅན་ཞིག་ཡིན་ལ། དེའི་གདམས་ངག་གི་ཐོག་མར་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་འཆུགས་མེད་ཀྱི་གནད་དགུ་ལ་བརྟེན་ནས་རྨི་ལམ་དུ་ཤར་ཚད་ངོས་བཟུང༌། འཁྲུལ་འབྱམས་སད་འབྱམས་བདེ་འབྱམས་སྟོང་འབྱམས་ཀྱི་གེགས་རྣམས་ལ་མོས་གུས་ཚོགས་གསོག་ལ་སོགས་པས་བསལ། ཅི་འདོད་དུ་ཟིན་ནས་ལུས་ཀྱིས་སེམས་སྦྱོང་བ། སེམས་ཀྱིས་ལུས་སྦྱོང་བ། བདག་མེད་མ་དང་འདུན་པས་སྦྱོང་བ་རྣམས་ཀྱིས་རྨི་ལམ་གྱི་རྩལ་སྦྱོང་ཞིང་འོད་གསལ་དང་བསྲེ། འབྱུང་བཞི་དང་སེམས་ཕྲ་རགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ཐུག་ཕྲད་དང་གང་འདུལ་དུ་སྤེལ་ཞིང་སྤྲུལ། འབྱུང་བ་བཞི་དང་སེམས་ཕྲ་རགས། ལྷ་སྐུ་སྣ་ཚོགས་པ་རྣམས་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བས་བདེ་ལ་ཞེན་པ་མེད་པ། གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པའི་མཚན་ཉིད་སུམ་ལྡན་གྱི་ལྷ་སྐུ་རང་ཤར་དུ་བསྒྲུབ། དབང་པོ་རབ་འབྲིང་ཐ་གསུམ་དང་སྦྱར་བའི་དམིགས་མེད་གསལ་མཁྱེན། གང་བསམ་གསལ་མཐོང༌། ཡིད་ལུས་མཁའ་ལྡིང་དང་དམིགས་པའི་ཡུལ་སྣང་གསལ་བྱེད་ཀྱི་གདམས་པ་གསུམ་པོས་ཡུལ་སྣང་གཏན་ལ་འབེབས་པས་རྨི་ལམ་གྱི་རྣམ་ཐར་འབྱོངས་པར་འགྱུར་རོ། །ལྔ་པ་ནི། རྩ་བ་ཡལ་ག་ལོ་མ་མེ་ཏོག་གིས། །སྲབ་མཐུག་འོད་གསལ་སྐུ་གསུམ་ལམ་དུ་ཁྱེར། །འོད་གསལ་གཏི་མུག་རང་སངས་ཀྱི་མཚན་ཉིད་ནི། གསལ་སྟོང་ནམ་མཁའ་མཐའ་དབུས་མེད། །འདི་ནི་འོད་གསལ་མཚན་ཉིད་ཡིན། །ཞེས་གསལ་སྟོང་དབྱེར་མེད་འཛིན་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་མཐའ་དབུས་མེད་པ་ལྟ་བུ་ཞིག་ཡིན་ལ། དེ་ཉིད་ཉམས་སུ་ལེན་པ་ལ་སྔོན་འགྲོ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་


LT09,P067B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལམ་རང་མདངས། གསོལ་འདེབས་མེ་ཏོག་འཆར་བྱེད་བཞིས་རྐང་བཟུང༌། དངོས་གཞི་འཛིན་པའི་ཐབས་གསུམ་གྱིས་སྲབ་མཐུག་གི་འོད་གསལ་བཟུང༌། ཉིན་མཚན་སྐུ་གསུམ་རང་ཤར་གྱིས་ལམ་དུ་ཁྱེར། གསལ་སྟོང་མཉམ་རྗེས་ཉིན་མཚན་བདེ་སྟོང་དབྱེར་མེད་དུ་བསྲེ་བ་རྣམས་ལ་བསླབས་པས། འོད་གསལ་གྱི་རྟོགས་པ་དང་པོ་གསལ་སྟོང་དབྱེར་མེད། གཉིས་པ་བདེ་སྟོང་དབྱེར་མེད། གསུམ་པ་ཟབ་ཞི་སྤྲོས་བྲལ། བཞི་པ་དབྱེར་མེད་མཐར་ཐུག་འོད་གསལ་རྣམས་རིམ་གྱིས་འཆར་ཏེ། མཐར་དག་པ་གཉིས་ལྡན་གྱི་འོད་གསལ་མངོན་དུ་འགྱུར་རོ། །རྗེས་དམ་ཚིག་སྤྱི་དང་བྱེ་བྲག་བསྲུང༌། གེགས་སེལ་ཉེས་སྐྱོན་རང་དག་དང༌། བོགས་འདོན་ཐེ་ཚོམ་གཅོད་བྱེད་ཉམས་སུ་བསྟར། ཁྱད་འཕགས་འཆར་སྒོ་ངོས་འཛིན་དང༌། ཉམས་རྟོགས་ཉིན་མཚན་ཁྱད་པར་རྣམས་ཀྱིས་ས་མཚམས་བཟུང་བས་འཆར་ཚུལ་བཅུ་དྲུག་གི་སྒོ་ནས་བདེ་གསལ་མི་རྟོག་དབྱེར་མེད་པའི་འོད་གསལ་བཞི་པོ་མཐར་ཕྱིན་པར་འགྱུར་རོ། དེ་ལས་འོད་གསལ་འཆར་ཚུལ་བཅུ་དྲུག་ནི། ཉམས་དང་རྟོགས་པའི་འོད་གསལ་གཉིས། དེ་གཉིས་ལ་ཉིན་མཚན་གྱི་འོད་གསལ་གཉིས་གཉིས་ཏེ་བཞི། བཞི་ཀ་ལ་སྣང་བཅས་དང་སྣང་མེད་གཉིས་ཏེ་དབྱེ་བས་བརྒྱད། སྣང་བཅས་བཞི་ལ་ཕྱི་དང་འབྲེལ་བ་བཞི་དང་མ་འབྲེལ་བ་བཞི་སྟེ་བརྒྱད། སྣང་མེད་ལ་སྲབ་མཐུག་གི་འོད་གསལ་གཉིས་གཉིས་དབྱེ་བས་བརྒྱད་དེ་བསྡམས་པས་བཅུ་དྲུག་གོ །དེ་དག་ནི་བསྲེ་བ་སྒྱུ་ལུས་ཞེས་སམ་རྩ་བའི་ཆོས་བཞིར་གྲགས་པའོ། །དྲུག་པ་ནི། དེ་བཞིན་ཉིད་དང་ཟུང་འཇུག་བྱིན་རླབས་སྟོབས། །འཆུགས་མེད་མཁའ་སྤྱོད་ལམ་ནས་གོང་དུ་འཕོ། །འཕོ་བ་མ་བསྒོམས་སངས་རྒྱས་ཀྱི་མཚན་ཉིད་ནི། འཆི་ཀར་དྲན་བས་མངོན་འཚང་རྒྱ། །འདི་ནི་འཕོ་བའི་མཚན་ཉིད་ཡིན། །ཅེས་འཆི་


LT09,P068A
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་དྲན་པ་ཙམ་གྱིས་མཁའ་སྤྱོད་ཆེན་པོར་བགྲོད་པར་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེའི་གདམས་ངག་ནི། ཆོས་སྐུ་དེ་བཞིན་ཉིད་ཀྱི་འཕོ་བ། ཟུང་འཇུག་ཡི་དམ་གྱི་འཕོ་བ། བྱིན་རླབས་བླ་མའི་སྟོབས་དང༌། འཆུགས་མེད་མཁའ་སྤྱོད་ཀྱི་ལམ་ནས་གོང་དུ་འཕོ་བ་སྟེ་གཞུང་རྡོ་རྗེའི་ཚིག་རྐང་གིས་བསྟན་པ་བཞི་དང༌། ལྷན་ཐབས་ཀྱི་འཕོ་བ་ཡེ་ཤེས་སྐར་ཁུང་མ་རྣམས་སུ་ཡོད་དོ། །བདུན་པ་ནི། ཆོས་ལོངས་སྤྲུལ་གསུམ་སྤྱི་གནད་འཆུགས་མེད་ཀྱིས། །དབང་པོའི་རིམ་མཐུན་བར་དོ་གསུམ་ལ་གྲོལ། །བར་དོ་རྒྱལ་བ་ལོངས་སྐུའི་མཚན་ཉིད་ནི། སྣང་སྟོང་ཞེན་བྲལ་བདེ་ཆེན་སྐུ། །འདི་ནི་ལོངས་སྐུའི་མཚན་ཉིད་ཡིན། །ཞེས་སྣང་སྟོང་དབྱེར་མེད་ཞེན་བྲལ་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པའི་རྣལ་འབྱོར་ཞིག་ཡིན་ལ། དེ་ཉམས་སུ་ལེན་པའི་ཚུལ། འོད་གསལ་ཆོས་སྐུ་རང་ཤར། རྒྱལ་བ་ལོངས་སྐུ་རང་ཤར། སྤྲུལ་སྐུ་འགག་མེད་རང་ཤར། ཕྱི་མ་གཉིས་ལ་ཅི་རིགས་པར་བསྣན་དགོས་པའི་སྤྱི་གནད་འཆུགས་མེད་བཅས་ཀྱིས། དབང་པོ་རབ་འབྲིང་ཐ་མའི་རིམ་པ་དང་མཐུན་པར་བར་དོ་དང་པོ་ལ་སོགས་པའི་རིམ་པ་གསུམ་ལ་གྲོལ་ཚུལ་མཆོག་འབྲིང་དམན་གསུམ་དུ་འགྱུར་རོ། །འདི་དག་གི་ངོ་བོ་ངེས་ཚིག་དབྱེ་བ་ལ་སོགས་པ་ནི་ནཱ་རོ་ཆོས་དྲུག་གི་སྐབས་སུ་སྨོས་ཟིན་པ་དང་ཁྱད་པར་མེད་པས་བསྐྱར་ནས་མ་སྨོས་སོ། །གཉིས་པ་ཕྱག་ཆེན་ནི། སྔོན་འགྲོ་རང་བབས་གསུམ་གྱིས་ཞི་ལྷག་བསྐྱེད། །དངོས་གཞི་ངོ་སྤྲོད་སྐྱོན་བཞི་རང་སར་གྲོལ། །རྗེས་ཤེས་གསལ་སྟོང་སྐུ་གསུམ་རང་ཤར་དང༌། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྡོང་པོའོ། །མདོ་རྒྱུད་ཐམས་ཅད་ཀྱི་བརྗོད་བྱ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། མཆོག་གི་དངོས་གྲུབ་མི་རིང་བར་ལ་ཐོབ་པར་བྱེད་པའི་ཐབས་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་སྙིང་པོ་


LT09,P068B
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་གདམས་པ་ལ། སྐལ་པ་ཅན་གྱི་གང་ཟག་དཀྲི་ཚུལ་མང་དུ་ཡོད་པ་ལས། འདིར་རྡོ་རྗེ་འཆང་གིས་ཡེ་ཤེས་མཁའ་འགྲོ་མ་ལ་དངོས་སུ་གདམས་པའི་གསེར་ཆོས་ལྔའི་ནང་ཚན། མཁས་གྲུབ་ཁྱུང་པོས་བལ་པོའི་གའུ་སྙིང་འདྲ་བ་ཞིག་གི་ནང་དུ་ཤོག་དྲིལ་མགུལ་པར་འཆང་བའི་ཐུགས་གཙིགས་སུ་མཛད་པ་ལས་མཚན་གའུ་མར་གྲགས་པ་ལ། སྔོན་དུ་འགྲོ་བ་ཐབས་ཟབ་མོ་བླ་མའི་མོས་གུས་དང༌། བཞག་ཐབས་སྒོ་གསུམ་རང་བབས་རྣམ་པ་གསུམ་གྱིས་སྐྱོན་མེད་པའི་ཞི་གནས་སྒྲུབ་ཅིང་སེམས་འཚོལ་སོགས་ཀྱིས་ལྷག་མཐོང་བསྐྱེད། དངོས་གཞི་གསང་ཚིག་རྡོ་རྗེའི་རྒྱ་ལྡན་གྱི་བྱིན་འབེབས་པས་ཡེ་ཤེས་རྐུ་ཐབས་སུ་ངོ་སྤྲོད་ཅིང༌། སྐྱོན་བཞི་རང་སར་གྲོལ་བའི་སྒོ་ནས་སེམས་ཉིད་ཀྱི་བརྡར་ཤ་ཆོད་པར་བཅད་དེ། སྐྱོན་བཞི་ནི། རང་སེམས་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་ནས་ངོ་མ་ཤེས། རང་ལ་ཤར་ཡང་ཟབ་དྲགས་ནས་ངོས་མ་ཟིན། དྲན་པས་ཆོག་ཀྱང་སླ་དྲགས་ནས་ཡིད་མ་ཆེས། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་ནས་བློར་མ་ཤོངས་པའི་སྐྱོན་བཞི་ལས་གྲོལ་བའོ། །རྗེས་ཐ་མལ་ཤེས་པ་གདོད་ནས་གསལ་སྟོང་ཟུང་འཇུག་དེ་ཉིད་སྟོང་པ་ཆོས་སྐུ། གསལ་བ་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུ་སྟེ་སྐུ་གསུམ་རང་ཤར་བར་ཐག་བཅད་ཅིང་ངེས་ཤེས་སྐྱེས་ནས་རང་བབ་དེ་ཀའི་ངང་བསྐྱང་ཞིང༌། མོས་གུས་ཚད་མེད་དང་སྙིང་རྗེ་ཚད་མེད། ཐབས་ཁྱད་པར་ཅན་ཐ་མལ་ཤེས་པ། འོད་གསལ་ལྷ་སྐུ། ཟུང་འཇུག་ཤེས་པ་རླུང་དང་བསྲེ་བ་རྣམས་ལ་བརྟེན་ནས་བོགས་འདོན། ཉམས་ཀྱི་རྩིས་མ་བཅིངས་པ་དང༌། སྣང་སྟོང་ཕྱོགས་དེར་མ་ཤོར་བ་ལ་འབད་ཅིང་ཐུན་མོང་མ་ཡིན་པའི་གེགས་བསལ་བས་རང་ཤར་གྱི་ཚད་གསུམ་གཏན་ལ་ཕེབས་སྐུ་བཞི་རང་གྲོལ་མངོན་དུ་འགྱུར་བ་ནི། ཕྱག་རྒྱ་ཆེན་པོ་གའུ་མའམ་རང་བབ་རྣམ་གསུམ་ཞེས་བྱ་བ་གསེར་ཆོས་ལྔ་ཡི་དཔག་བསམ་ལྗོན་


LT09,P069A
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟང་པོ་ལས་སྡོང་པོར་གྱུར་པ་ཉིད་དོ། །གསུམ་པ་ལམ་ཁྱེར་རྣམ་གསུམ་ནི། ཅིར་སྣང་བླ་མ་སྣང་གྲགས་ལྷ་དང་སྔགས། །སྣང་སེམས་སྒྱུ་མ་རྨི་ལམ་མོས་གུས་དང༌། །དག་སྣང་བདེན་མེད་ལམ་ཁྱེར་ཡལ་གའི་ཆོས། །སྣང་བ་ལ་བརྟེན་ནས་བླ་མ་ཡི་དམ། སྒྱུ་མ་ལམ་དུ་ཁྱེར་བ་གསུམ་ཉམས་སུ་ལེན་པའི་ཚུལ། ཅིར་སྣང་ཐམས་ཅད་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་རོལ་པར་བལྟ་བ་དང༌། གཟུགས་སྣང་དང་སྒྲ་གྲགས་ཐམས་ཅད་ཡི་དམ་ལྷའི་སྐུ་སྣང་སྟོང་འཇའ་གཟུགས་དང་གཞོམ་མེད་རང་བྱུང་སྔགས་ཀྱི་སྒྲ་གདངས། སྣང་བ་སེམས། སེམས་སྒྱུ་མ་རྨི་ལམ་དུ་ཤེས་པས་ཉིན་མཚན་གྱི་རྣལ་འབྱོར་ལ་བསླབ་ཅིང༌། ཉམས་སུ་ལེན་པའི་ཐབས། ཐག་ཆོད་གསུམ་དང་ཟུང་འཇུག་ལ་བརྟེན་པའི་མོས་གུས། འབྲལ་མེད་ཀྱི་གནད་དྲུག་དང་ལྡན་པའི་དག་སྣང༌། ཚོགས་དྲུག་གི་འཆར་སྒོ་བདེན་མེད་གསལ་སྟོང་འཛིན་བྲལ་གྱི་ཏིང་ངེ་འཛིན་ལ་བརྩོན་པ་སྟེ། དེ་ལྟར་ན་བླ་མ་ལ་བརྟེན་ནས་མོས་གུས། དེ་ལས་བཀའ་དྲིན། དེ་ལས་ཚོགས་གསོག །དེ་ལས་སྐུ་གསུམ་རང་ཤར། ཡི་དམ་ལ་བརྟེན་ནས་དག་སྣང༌། དེ་ལས་ཚོགས་གསོག །དེ་ལས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་རང་ཤར། སྣང་བ་རང་སེམས་ལས་སྒྱུ་མ། དེ་ལས་རྨི་ལམ། དེ་ལས་འོད་གསལ་རང་ཤར་དུ་འབྱུང་ཞིང༌། གསུམ་ཀས་ལོ་ཟླ་ཙམ་ལ་གསལ་སྟོང་བདེ་ཆེན་སྐུ་གསུམ་རང་ཤར་མངོན་དུ་འགྱུར་བ་ནི་འཆུགས་མེད་ལམ་ཁྱེར་རྣམ་གསུམ་ཞེས་བྱ་བ་ཡན་ལག་གི་ཉམས་ལེན་ཡིན་པས་ཡལ་གའི་ཆོས་སུ་གྲགས་པའོ། །བཞི་པ་མཁའ་སྤྱོད་གཉིས་ནི། མེ་ཏོག་མཁའ་སྤྱོད་དཀར་དམར་སྙིང་རྗེའི་རྒྱུན། ཁྱད་འཕགས་གསོལ་འདེབས་ཀྱིས་བསྐུལ་འཁོར་ལོ་བཞིར། །ཆགས་གྲོལ་བདེ་སྟོང་མར་མེ་རབ་ཏུ་སྦར། །གསར་ཆོས་བཞི་པ་མེ་ཏོག་མཁའ་སྤྱོད་དཀར་དམར་ཟུང་


LT09,P069B
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉམས་ལེན་ནི། བཅོམ་ལྡན་འདས་རྡོ་རྗེ་བཙུན་མོ་བདེ་ཆེན་ཟག་པ་མེད་པའི་སྙིང་རྗེའི་མཐུ་རྩལ་གྱི་རྒྱུན། ཁྱད་འཕགས་གསོལ་འདེབས་རྡོ་རྗེའི་གདུང་ཚིག་གིས་བསྐུལ་ཞིང༌། ལུས་གནས་འཁོར་ལོ་རྣམ་བཞིར་རྟེན་གྱི་བྱེ་བྲག་དང་མཐུན་པར་ཆགས་གྲོལ་གྱི་ལམ་སོ་སོ་ལ་བརྟེན་པའི་བདེ་སྟོང་མར་མེ་རབ་ཏུ་སྦར་བའི་ཏིང་ངེ་འཛིན་གྱིས་རྟེན་དེ་ཉིད་ལ་ཟུང་འཇུག་ཆེན་པོའི་མཁའ་ལ་སྤྱོད་པར་འགྱུར་བ་དང༌། དབང་པོ་དམན་པ་རྣམས་སྐྱེ་གནས་ལྔ་ཅིག་ཅར་དུ་དགག་པའི་བཙན་ཐབས་ཀྱི་གསང་ལམ་ལ་བརྟེན་ནས་མཁའ་སྤྱོད་རྡོ་རྗེའི་གྲོང་ཁྱེར་དུ་དཀའ་བ་མེད་པར་བགྲོད་པའོ། །ལྔ་པ་ལུས་སེམས་འཆུགས་མེད་འཆི་མེད་ནི། རང་སེམས་མ་སྐྱེས་པ་ན་འཆི་བ་མེད། །ལུས་ཉིད་བེམ་པོ་འཆི་བའི་གདགས་གཞིས་སྟོང༌། །འཆུགས་མེད་དབྱིངས་སུ་སྡོམ་པ་འབྲས་བུར་གསུངས། །རྒྱལ་བ་གཉན་སྟོན་ཆོས་རྗེ་ལ་བཀའ་བབས་པའི་ལུས་འཆུགས་མེད་དང༌། ཁྱུང་པོ་ཉིད་ལས་བྱོན་པའི་སེམས་འཆི་མེད་ཟུང་དུ་འབྲེལ་བའི་གདམས་པ་ནི། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལུས་དང་སེམས་འདི་དབྱེར་མེད་དེ། །རྟེན་དང་བརྟེན་པ་འབྱུང་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་བྱ། །ཞེས་གསུངས་པའི་དོན་ཏེ། དེ་ལ་ཐོག་མར་འཆི་མེད་གྲུབ་པའི་འཁྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱིས་རྩ་ཐིག་རླུང་གསུམ་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་བས་ལུས་ཐར་པའི་ལམ་དུ་གཟུང་བར་བྱ་བ་ནི། སློབ་དཔོན་བིར་ཝ་པའི་ཞལ་ནས། །བསོད་ནམས་ཆེན་པོའི་བགོ་སྐལ་གྱིས། །མི་ཡི་ལུས་ནི་ངེས་པར་ཐོབ། །བླ་མའི་གསུང་གི་བྱིན་རླབས་ལས། །ཐར་པའི་ལམ་དུ་འགྲོ་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་རོ། །དངོས་གཞི་ནི་རྗེ་བཙུན་རྨོག་ལྕོགས་པའི་ཞལ་ནས། མདོ་རྒྱུད་མན་ངག་ཉམས་མྱོང་གིས། །མ་བསྒོམས་འཚང་རྒྱ་འཆི་མེད་གནད། །འདི་ལྟར་


LT09,P070A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་ལུས་འདི་ལ། །ཡེ་ཤེས་ལུས་ནི་རང་དག་འབྱུང༌། །རྣམ་སྨིན་ལུས་ལ་ལྷ་ཡི་སྐུ། །གསལ་ལ་དེར་འཛིན་མེད་པར་བསྒོམ། །དེ་ཉིད་སེམས་དང་དབྱེར་མེད་དེ། །སེམས་ལ་ངོ་བོ་མ་གྲུབ་པས། །དེ་ལ་འཆི་རྒྱུ་ག་ལ་ཡོད། །འཆི་བ་ཞེས་བྱ་རྣམ་རྟོག་ཡིན། །རྟོག་ཚོགས་འཁོར་འདས་ཆོས་མ་གྲུབ། །ཅེས་སོགས་གསུངས་པ་ལྟར། རང་སེམས་ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་གདོད་མ་ནས་མ་སྐྱེས་པས་ན་འཆི་མེད་རང་གྲོལ་ཆེན་པོར་གྲུབ། རྣམ་སྨིན་གྱི་ལུས་ཉིད་ནི་བེམས་པོའི་ཚོགས་པ་ཡིན་པའི་ཕྱིར་སྐྱེ་འཆིའི་ཐ་སྙད་གདགས་པའི་གཞི་མ་ཡིན་པས་སྟོང༌། དོན་དུལུས་ཀྱང་སེམས་ཀྱི་སྣང་བ་ཙམ་ལས་བྱུང་བས་སེམས་སྐྱེ་འཆི་མེད་པར་རྟོགས་པའི་གདིང་འཆོས་པ་ན། ལུས་སྣང་ལྷ་སྐུ་ཕྱག་རྒྱ་ཆེན་པོ་འཁྲུལ་སྣང་གི་ལམ་དུ་འཆུགས་པ་མེད་པའི་དབྱིངས་སུ་བསྡམ་པར་འགྱུར་བའི་གདམས་ངག་དེ་ལྟ་བུས་ཚེ་འདི་ལ་ཟུང་འཇུག་གི་སྐུ་བརྙེས་ཤིང༌། ཐོས་པ་ཙམ་གྱིས་ཀྱང་བར་དོར་རྒྱལ་བ་ལོངས་སྐུར་འཚང་རྒྱ་བ་གསེར་ཆོས་ལྔ་ལས་སྨིན་པ་འབྲས་བུ་ལྟ་བུར་གསུངས་སོ། །དྲུག་པ་ཞར་བྱུང་སུ་ཁ་སོགས་ཀྱི་གདམས་ངག་བཤད་པ་ནི། སུ་ཁའི་ཆོས་དྲུག་ལྷ་བཞི་དྲིལ་སྒྲུབ་དང༌། །བླ་མགོན་དབྱེར་མེད་ལ་སོགས་ཟབ་ཆོས་མང༌། །གཞན་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ལས་གསན་པའི་ཐབས་ལམ་ཆོས་དྲུག་དང༌། ཕྱག་ཆེན་དག་པ་ཡེ་ཤེས། གྲུབ་ཆེན་རཱ་ཧུ་ལ་གུཔྟ་ལས་གསན་པའི་ལྷ་བཞི་དྲིལ་སྒྲུབ་དང༌། བླ་མ་མགོན་པོ་དབྱེར་མེད་ཀྱི་གདམས་སྐོར། སོགས་ཁོངས་ནས་རྡོ་རྗེ་གདན་པ་ཨ་བྷ་ཡའི་ཟབ་ཆོས་རིན་ཆེན་རྒྱ་མཚོའི་རྒྱུད་ཀྱི་དངོས་བསྟན་རྒྱུད་སྡེ་ལྔ་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་ཟབ་མོའི་ལུས་དཀྱིལ་དང་བཅས་པ་ལ་སོགས་པ་བྱིན་རླབས་དང་སྨིན་གྲོལ་གྱི་རྒྱུན་མ་ཉམས་


LT09,P070B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟབ་ཆོས་མང་ཞིང༌། སྤྱིར་གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་གྱི་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་རྫོགས་པར་བཞེས་པས་གངས་ཅན་དུ་བྱོན་པའི་སྟོན་པ་ཞིག་ལ་ཆོས་ཀྱི་སྒོ་མཐའ་ཡས་ཤིང་འགྲན་ཟླ་དང་བྲལ་བར་གྲགས་སོ། །འདིར་ནི་གུ་ཆོས་དྲུག །ཕྱག་ཆེན། ལམ་ཁྱེར། འཆུགས་མེད། འཆི་མེད་རྣམས་ལ་རྡོ་རྗེའི་ཚིག་རྐང་སོ་སོར་བཞུགས་པའི་སྔ་མ་གཉིས། ཕྱི་མ་གཅིག་བཅས་རྡོ་རྗེ་འཆང་གི་བཀའ་ཡིན་ལ། བར་མ་གཉིས་ཀྱི་སྔ་མ་ནི་གུ་མ་དང༌། ཕྱི་མ་བིར་ཝ་པའི་གསུང་བསྟན་བཅོས་རྡོ་རྗེའི་ཚིག་རྐང་ཡིན་ཅིང་བརྒྱུད་པ་གཞན་ལའང་འདི་འབྱུང་སྟེ། བདེ་མཆོག་སྙན་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་ལྟ་བུ་བཀའ་དང༌། ལམ་འབྲས་རྡོ་རྗེའི་ཚིག་རྐང༌། སྤྲོས་མེད་རྡོ་རྗེའི་ཚིག་རྐང་སོགས་བསྟན་བཅོས་སུ་སྣང་ངོ༌། །གདམས་སྲོལ་འདི་ལ་གསོལ་འདེབས་དང་དམིགས་པའི་རྐང་གྲངས་རྣམས་ཀྱང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཀྱིས་ཐེམས་ཡིག་གིས་བསྡམས་པར་མཛད་པས་གང་ཟག་ཕྱི་མས་རྟོག་བཟོས་འཆོས་སུ་མེད་པའི་ཤིན་ཏུ་ཁྱད་པར་འཕགས་པ་ཉིད་དོ། །སྤྱིར་ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱི་རིང་ལུགས་ལ་ལམ་རྒྱས་བསྡུས་ཤིན་ཏུ་བསྡུས་པ་སྟེ་གསུམ་དུ་མཛད་ནས། རྒྱས་པ་ནི་རྒྱ་གར་མཁའ་འགྲོའི་ཁྱད་འཕགས་ཀྱི་གདམས་པ་བཅོ་ལྔ་ཞེས་གྲགས་པ་སྟེ། དེ་དག་ཀྱང་སྔོན་འགྲོ་དག་བྱེད་སྟོང་ར། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་འཁྲུལ་པ་རང་དག །ཁྱད་པར་འཁོར་ལོ་རྣམ་དྲུག །བསྲེ་འཕོ་ཤེས་རབ་རྣམ་བཞི། འཆུགས་མེད་ལམ་ཁྱེར་རྣམ་གསུམ། དག་སྣང་ལྷ་སྐུ་རང་ཤར། ཡུལ་སྣང་གང་བསམ་གསལ་མཐོང༌། འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་ལོངས་སྤྱོད་རྫོགས་སྐུ། ཀུན་རྫོབ་སྒྱུ་མ་རྨི་ལམ། དོན་དམ་ཕན་མེད་གནོད་


LT09,P071A
[མ་དཔེ་གཟིགས་ན་འདིར་གནོན།]

མེད། གཞན་དོན་གཟུགས་སྐུ་རང་ཤར་རྣམས་ཡིན་ཅིང༌། དེ་དག་ཀྱང་བསྡུ་ན། ལུས་གསུམ་གདམས་པས་མ་ཟིན་ན། །འཁྲུལ་པ་འབའ་ཞིག་རྗེས་སུ་འཇུག །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་པ་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོང་བར། །དེ་སྲིད་འགྲོ་དོན་རྒྱུན་མི་འཆད། ཅེས་གསུངས་པས་ལུས་གསུམ་གྱི་གདམས་པར་འདུས་ལ། དེའང་ལུས་གསུམ་ནི། རྣམ་པར་སྨིན་པའི་ལུས། བག་ཆགས་ཀྱི་ལུས། ཡིད་ཀྱི་ལུས་དང་གསུམ་ཡིན་ལ། དེ་དག་གི་རྣམ་པར་གཞག་པ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་འཆུགས་མེད་བར་དོ་གསུམ་གྱི་གདམས་པ་ལས། དེ་ལ་རྣལ་འབྱོར་བའི་སྦྱང་གཞི་བར་དོའི་ལུས་གསུམ། སྦྱོང་བྱེད་བསྐྱེད་རྫོགས་རྨི་ལམ་འོད་གསལ་ཏེ། ཡེ་ཤེས་རོལ་པའི་རྒྱུད་ལས། བར་དོ་དག་གི་ལུས་གསུམ་པོ། །བསྐྱེད་རྫོགས་རྨི་ལམ་འོད་གསལ་སྦྱང༌། །ཞེས་པ་དང༌། དགེས་པ་རྡོ་རྗེ་ལས། ཇི་ལྟར་སྒྱུ་མ་རྨི་ལམ་དང༌། ཇི་ལྟར་བར་མའི་སྲིད་ཡིན་པས། །ཞེས་སོ། །དེ་ལ་སྦྱང་གཞི་བར་དོའི་ལུས་གསུམ་ནི། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོའོ། །དང་པོ་ནི། སྐྱེས་ནས་མ་ཤིའི་བར་དུ་སྐྱེ་ཤི་བར་དོ་སྟེ་རྣམ་པར་སྨིན་པའི་ལུས་སོ། །ཅིའི་ཕྱིར་རྣམ་སྨིན་གྱི་ལུས་ཤེ་ན། དགེ་སྡིག་དུ་མའི་ལས་བསགས་པས་བདེ་སྡུག་སྣ་ཚོགས་སུ་སྨིན་ཞིང་མྱོང་བས་རྣམ་པར་སྨིན་པའི་ལུས་སོ། །གཉིས་པ་ནི། གཉིད་དུ་སོང་ནས་མ་སད་ཀྱི་བར་རྨི་ལམ་བར་དོ་བག་ཆགས་ཀྱི་ལུས་སོ། །ཅིའི་ཕྱིར་བག་ཆགས་ཀྱི་ལུས་ཤེ་ན། ཚེ་འདིའི་བག་ཆགས་སྣ་ཚོགས་རྨི་ལམ་དུ་འབྱུང་བས་རྨི་ལམ་བག་ཆགས་ཀྱི་ལུས་སོ། །གསུམ་པ་ནི། ཤི་ནས་སྐྱེ་བ་མ་བླང་བར་དུ་སྲིད་པ་བར་དོ་ཡིད་ཀྱི་ལུས་སོ། །ཅིའི་ཕྱིར་ཡིད་ཀྱི་ལུས་ཤེ་ན། ཟས་སུ་དྲི་ཟ་ཞིང་སེམས་སྒྱུ་མ་ལྟ་བུ་དབང་པོ་ཚང་ཞིང་ཐོགས་པ་མེད་པའི་ཡིད་ཀྱི་ལུས་སོ། །གཉིས་པ་སྦྱོང་བྱེད་ནི། རྣམ་སྨིན་གྱི་ལུས་ལྷ་སྐུ་ཕྱག་རྒྱ་ཆེན་པོས་སྦྱང༌། བག་ཆགས་ཀྱི་ལུས་


LT09,P071B
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་སྤྲུལ་སྒྱུར་ལ་སོགས་པས་སྦྱང༌། ཡིད་ཀྱི་ལུས་འོད་གསལ་གྱིས་སྦྱང་བར་བྱའོ། །ཡང་ན་ལུས་གསུམ་པོ་དེ་དག་རེ་རེ་ལའང་སྦྱང་གཞི་ལུས་ངག་ཡིད་གསུམ་ལ་སྦྱོང་བྱེད་བདེ་གསལ་མི་རྟོག་གསུམ་སྟེ། ཐོབ་བྱ་འབྲས་བུ་སྐུ་གསུམ་དབྱེར་མེད་དོ། །དེ་ལ་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ། འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ། ཐ་མ་རྣམ་སྨིན་གྱི་དུས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས་བར་དོར་འཚང་རྒྱ་བར་བྱེད་པར་མཁས་གྲུབ་ཁྱུང་པོ་དང༌། གཉན་སྟོན་སོགས་ཀྱིས་གསལ་བར་གསུངས་ཤིང༌། རྣམ་སྨིན་གྱི་ལུས་གདམས་པའི་ཐབས་ཀྱིས་ཟིན་ན་བག་ཆགས་དང༌། དེས་ཡིད་ལུས་རིམ་གྱིས་ཟིན་པར་འགྱུར་བས། ཐོག་མར་རྣམ་པར་སྨིན་པའི་ལུས་རྩ་རླུང་ཐིག་ལེའི་རང་བཞིན་ཅན་འདི་ལ་རང་ལུས་ཐབས་ལྡན་གྱི་མན་ངག་ཨ་ཧཾ་འབར་འཛག་གི་རྣལ་འབྱོར་དང༌། གཞན་ལུས་ཤེས་རབ་ཀྱི་རྣལ་འབྱོར་ཁ་ག་མུ་ཁ་མཉམ་པར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་བཞུ་བཏུལ་བྱས་པས་ཟག་བཅས་ཡས་བརྟན་གྱི་དགའ་བཞི་དང༌། ཟག་མེད་མས་བརྟན་གྱི་དགའ་བཞིའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ནོར་བུ་ལས་གཙུག་ཏོར་གྱི་བར་དུ་གཤེགས་ཏེ་ཡོངས་སུ་གང་བ་ན་ལུས་འཇའ་ལུས་རྡོ་རྗེའི་སྐུ་དང༌། ངག་གཞོམ་དུ་མེད་པ་ནཱ་དའི་གླུ་དབྱངས། སེམས་རྟོག་མེད་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བས་དབང་པོ་རབ་རྣམ་སྨིན་གྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག །དབང་པོ་འབྲིང་གིས་ཉིན་པར་སྒྱུ་ལུས་ཀྱི་དྲན་འདུན་དང༌། མཚན་མོ་རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་སོགས་ཀྱིས་ཉིང་འཁྲུལ་རང་དག་ཏུ་སྦྱངས་པས་འབྲིང་བག་ཆགས་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་བཞག་ཐ་མས་རྣམ་སྨིན་དང་བག་ཆགས་ཀྱི་དུས་སུ་ཉམས་སུ་བླངས་པ་དེ་ས་བོན་གྱི་ཚུལ་དུ་སོང་ནས་དབང་པོ་རབ་འབྲིང་ཐ་གསུམ་བར་དོ་གསུམ་རིམ་བཞིན་འཚང་རྒྱ་བ་ལ། དབང་པོ་ཐ་མ་ཡིད་ཀྱི་ལུས་ལ་འཚང་རྒྱ་བ་ཞེས་པའི་ཐ་སྙད་


LT09,P072A
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ཤིན་ཏུ་བསྡུས་པ་ནི། །ལུས་གསུམ་རྒྱལ་བའི་སྐུ་གསུམ་དེ། །རང་སེམས་འཆི་མེད་རང་གྲོལ་ལོ། །ཨེ་མ་དུས་གསུམ་རྒྱལ་བ་ཡི། །དགོངས་པ་རིན་ཆེན་མཛོད་ཡིན་ནོ། །ཞེས་གསུངས་པས། སེམས་ཉིད་ཉག་གཅིག་གི་སྟེང་དུ་ཡེངས་མེད་དུ་འཇོག་པ་ཁོ་ནས་ལམ་གྱི་རིམ་པ་མཐའ་དག་བགྲོད་ནས་འབྲས་བུ་མཆོག་ལ་སྦྱོར་བར་གསུངས་སོ། །བསྲེ་འཕོ་ཤེས་རབ་རྣམ་གསུམ་མམ་རྣམ་བཞིར་གྲགས་པ་ཉིད་ཉམས་ལེན་གྱི་གདམས་པ་དང་སྦྱོར་བའི་ཟབ་གནད་ཁྱད་པར་ཅན་ཇོ་ནང་རྗེ་བཙུན་ཆེན་པོའི་གསུང་རབ་ལས་འབྱུང་བ་དང༌། ལུགས་འདིའི་སྤྱིའི་ལམ་རིམ་གྱི་རྣམ་གཞག་ཁྱད་པར་ཅན་སྒྱུ་མ་ལམ་རིམ་རྩ་འགྲེལ་ཡེ་ཤེས་མཁའ་འགྲོ་ཉིད་ཀྱིས་མཛད་པ་སོགས་ལས་རྟོགས་པར་བྱ་བ་གལ་ཆེའོ། །དྲུག་པ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་སྒོམ་རིམ་བསྟན་པ་ལ་གཉིས། རྩ་བ་སྡུག་བསྔལ་ཞི་བྱེད། ཡན་ལག་བདུད་ཀྱི་གཅོད་ཡུལ་ལོ། །དང་པོ་ལ་གསུམ། གཞི་ལམ་འབྲས་གསུམ་གྱིས་སྤྱིའི་ཁོག་དབུབ། མཚན་གྱི་སྒྲ་དོན་ངེས་ཚིག་བཤད། བཀའ་བབ་སྔ་ཕྱི་བར་གསུམ་སོ་སོར་སྨོས་པའོ། །དང་པོ་ནི། ཞི་བྱེད་སྡུག་བསྔལ་གསུམ་པོ་ཞི་བ་གཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ་པ་ལམ། །སྒྲིབ་པ་ཀུན་གྲོལ་མཉམ་གནས་འབྲས་བུའི་དོན། །གྲུབ་པའི་དབང་ཕྱུག་དམ་པ་སངས་རྒྱས་སྐྱེ་མེད་ཨཱ་ལི་ཀཱ་ལིའི་སྒྲ་དོན་ལ་མངའ་བརྙེས་ཤིང༌། གསང་བ་བསམ་གྱིས་མི་ཁྱབ་པས། གདུལ་བྱའི་ཁམས་དབང་དང་མཐུན་པའི་ཆོས་ཀྱི་སྒོ་ཚད་མེད་པར་བསྟན་པས་ལུགས་སྲོལ་གཅིག་ཏུ་མ་ངེས་ཤིང་གདམས་ངག་གི་ཚད་བཟུང་དུ་མེད་ཀྱང༌། སློབ་མ་རྣམས་རང་ཉིད་ཀྱི་རྣམ་ཐར་དང་མཐུན་པར། རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང༌། འབྲས་བུ་གཞན་དོན་སྤྱོད་པ་གསུམ་གྱིས་འཁྲིད་


LT09,P072B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕལ་ཆེར་མཐུན་ཅིང༌། ཐབས་ཚུལ་དེ་ལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་གྲགས་ཏེ། དེའང་མདོ་ལས། སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །ཅེས་དང༌། གཟུངས་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱི་ནང་གསང་བའི་སྡུག་བསྔལ་ཞི་བར་འདོད་པས། ཞེས་དང༌། རྒྱུད་ཀྱི་རྒྱལ་པོ་ལས། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་གསུངས་པ་རྣམས་ལ་བརྟེན། ཐོག་མར་ཞི་བྱེད་སྒྲོན་མ་སྐོར་གསུམ་མཛད་པར་གསུངས་ཏེ། དེ་ལ་འདུལ་བའི་སྡེ་སྣོད་ཀྱི་དོན་སྤྱོད་པའི་སྒྲོན་མར་བསྡུས་ཏེ། ཀཱ་ལི་སོ་བཞིའི་སྒྲ་དོན་ལུས་ཀྱི་བྱ་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན། མངོན་པའི་སྡེ་སྣོད་ལམ་གྱི་སྒྲོན་མར་བསྡུས་ཏེ། ཨཱ་ལི་བཅུ་དྲུག་གི་སྒྲ་དོན་ངག་གི་བརྗོད་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་བསྟན། མདོ་སྡེའི་སྡེ་སྣོད་ཐུགས་ཀྱི་སྒྲོན་མར་བསྡུས་ཏེ་ཨཱ་ལི་ཀཱ་ལི་ལྔ་བཅུ་ཐམ་པ། མ་ནིང་གི་ཡི་གེ་བཞི། ཨ་ཀུན་གྱི་ཁོང་ན་ཡོད་པ་དང་ལྔ་བཅུ་རྩ་ལྔའི་སྒྲ་དོན་སེམས་ཀྱི་དམིགས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་བསྟན་ཏེ། དེ་དག་ཀྱང་དབང་པོ་ཐ་མ་འབྲིང་དང་རབ་ཀྱི་ཉམས་ལེན་དུ་བསྡུས་པ་ནི་དམ་པའི་གསུང་གསང་རྣམས་ཀྱི་ཐོག་མ་ལྟ་བུ་ཡིན་པས། ཕྱིས་ནས་བོད་དུ་བྱོན་པའི་གདམས་ངག་ཐམས་ཅད་ལའང་ཞི་བྱེད་ཅེས་མཚན་དུ་ཆགས་པའོ། །ཟབ་ཆོས་འདིའི་བརྒྱུད་པ་སོ་སོའི་གདམས་ངག་ཉམས་ལེན་གྱི་གནད་དང་འབྲེལ་བའི་མངོན་རྟོགས་མཐའ་ཡས་པ་བཞུགས་ཀྱང༌། སྤྱིར་གཞི་ལམ་འབྲས་གསུམ་དུ་རྣམ་པར་གཞག་ན། རྣལ་འབྱོར་ལམ་སྒྲོན་ལས། བདག་དང་སྐྱེ་འགྲོ་སེམས་ཅན་རྣམས། །ཡེ་ནས་སྐྱེ་མེད་འོད་གསལ་ཀྱང༌། །མ་རིག་ས་ཡི་རླུང་གིས་འཁྲུལ། །


LT09,P073A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང༌། །ཞེས་གསུངས་པ་ལྟར། སྡུག་བསྔལ་གསུམ་པོ་གང་ལས་བྱུང་ན་ལས་དང་ཉོན་མོངས་པ་ལས་བྱུང༌། ད་ལྷན་སྐྱེས་མ་རིག་པའི་ཡིད་དམ་རླུང་ལ་ཐུག་དེ་ཉིད་གདོང་མ་ནས་སྐྱེ་མེད་འོད་གསལ་ཆེན་པོར་ཞི་བར་གཤེགས་པ་ནི་དྲི་མ་སྦྱང་བའི་གཞི། སྡུག་བསྔལ་གྱི་རྩ་བ་དུག་གསུམ་ཡང་རབ་རྟོགས་པ། འབྲིང་སྒོམ་ཉམས། ཐ་མ་མོས་གུས་གསོལ་འདེབས་ཀྱིས་སེལ་ཞིང་སྐྱེ་བོ་མཐའ་ཡས་པ་ཉན་རང་བྱང་སེམས་ཀྱི་རྣམ་གྲོལ་གསུམ་མམ། རྒྱལ་བ་སྐུ་གསུམ་མངོན་དུ་འཐོབ་པའི་ཐབས་ཕྱིན་ཅི་མ་ལོག་པ་ནི་སྦྱོང་བྱེད་ཀྱི་ལམ། ཉོན་ཤེས་ཀྱི་སྒྲིབ་པའི་འཆིང་བ་ཀུན་ལས་གྲོལ་ནས་ནམ་མཁའ་ལྟ་བུའི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་གནས་པ་ནི་སྦྱངས་པའི་འབྲས་བུ་སྟེ། གསང་བ་ཐུགས་ཀྱི་སྒྲོན་མ་ལས། སེམས་ཉིད་ལས་སུ་རུང་བ་ན། །རྣམ་པར་མི་རྟོག་ཡང་དག་དོན། །གཉིས་མེད་གཉིས་སུ་མེད་པ་ཡང༌། །གཉིས་སུ་བྱར་མེད་སྤྲོས་བྲལ་མཁའ། །སྲིད་དང་མྱ་ངན་འདས་ལས་གྲོལ། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། སྡུག་བསྔལ་ཞི་ཕྱིར་སྤྱི་མིང་སྒེར་དུ་ཆགས། །བོད་དུ་བྱོན་པའི་འཁྲིད་ཚུལ་ཕལ་མོ་ཆེས་སློབ་མ་མི་དགེ་བ་ལས་བཟློག་ཏུ་བཅུག་ནས་གཟོད་དེའི་སེམས་རྒྱུད་ཀྱི་ཉོན་མོངས་སྤྱོད་པར་བྱེད་པ་གཙོ་ཆེ་ལ། འདིས་ནི་སྔོན་ལས་ཀྱི་དབང་གིས་ལུས་དམན་པ་དང༌། ནད་བུ་ཅན་དུ་གྱུར་པ་སོགས་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱེད་པའི་ཕྱིར། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་སོགས་ལ་བརྟེན་ནས་བཏགས་པ་སྟེ། སྤྱོད་སྒྲོན་ལས། འགྲོ་བ་སྡུག་བསྔལ་གདུང་བ་ལ། །ཞི་བྱེད་བསིལ་ལྡན་དྲི་མེད་བཤད། །ཅེས་སོ། །སྤྱིར་དམ་པའི་ཆོས་ཐམས་ཅད་སྡུག་བསྔལ་ཞི་བར་བྱེད་པ་ལ་མཐུན་ཀྱང༌། ཁྱད་པར་ཅན་གྱི་


LT09,P073B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་འདིས་སྡུག་བསྔལ་གྱི་སྡུག་བསྔལ་སོགས་འཕྲལ་དུ་ཞི་བར་བྱེད་པས་སྤྱི་མིང་སྒེར་དུ་ཆགས་པ་སྟེ། ངོ་བོ་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་ཞེས་མདོ་རྒྱུད་ཐམས་ཅད་ཀྱི་གནད་གཅིག་ཏུ་དྲིལ་པའི་གདམས་པ་ཁྱད་པར་ཅན་ནོ། །གསུམ་པ་ལ་གསུམ། བཀའ་བབས་དང་པོ། བར་པ། བརྒྱུད་པ་ཕྱི་མའི་གདམས་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། །བཀའ་བབས་དང་པོ་དཔེས་མཚོན་གདམས་ངག་ལྔ། །བཀའ་བབས་དང་པོ་ཁ་ཆེ་ལུགས་ནི་རྗེ་བཙུན་དམ་པས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་པ་ཐམས་ཅད་དཔེ་ལྔས་མཚོན་པའི་གདམས་པའི་གནད་ལྔར་བསྡུས་ནས་གསུངས་པའོ། །གཉིས་པ་ལ་ལྔ། ནམ་མཁའ། རྡོ་རྗེ། པདྨ། བདུད་རྩི། འཁོར་ལོ་ལྟ་བུའི་གདམས་པ་སྤྱིའི་རྗེས་ཀྱི་བྱ་བ་དང་བཅས་པའོ། །དང་པོ་ནི། མཚན་ཉིད་བརྒྱུད་པ་ནམ་མཁའ་ལྟ་བུ་ནི། །ཀུན་རྫོབ་དོན་དམ་ཟུང་འཇུག་མི་གནས་པ། །མཚན་ཉིད་སྒྲ་དང་རིག་པའི་བརྒྱུད་པ་བཅུ་གཉིས་ཀླུ་སྒྲུབ་ནས་བརྒྱུད་པ་ནི་ནམ་མཁའ་ལྟ་བུའི་གདམས་ངག་ལ་འདུས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཕྱིའི་སྣང་བ་ལ་ཞེན་པ་ལྡོག་སྟེ་ཀུན་རྫོབ་ལ་སྦྱང༌། སྐྱེ་མེད་སྤྲོས་བྲལ་གྱི་ཏིང་ངེ་འཛིན་གྱིས་ནང་གི་སེམས་སུ་ཞེན་པ་ལྡོག་ནས་དོན་དམ་ལ་བསླབ། སྣང་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་རིག་པ་ལ་བཟླ་ཞིང་ཟུང་འཇུག་ལ་བསླབ། བསམ་བརྗོད་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ཁས་ལེན་ཀུན་དང་བྲལ་ནས་རབ་ཏུ་མི་གནས་པ་ལ་བསླབ་པའོ། །གཉིས་པ་ནི། ཕ་རྒྱུད་རྡོ་རྗེ་ལྟ་བུ་འཁྲུལ་འཁོར་དང༌། སྒོམ་བཟླས་སེམས་ཀྱི་རླུང་བཟུང་འོད་གསལ་བ། །ཕ་རྒྱུད་བྱིན་རླབས་རླུང་གི་བརྒྱུད་པ་བཅུ་གཅིག་བུདྡྷ་ཛྙཱ་ན་ནས་བརྒྱུད་པ་རྡོ་རྗེ་ལྟ་བུའི་གདམས་ངག་ཏུ་འདུས་ཏེ། ལུས་འཁྲུལ་འཁོར། ངག་རྡོ་རྗེའི་བཟླས་པ། སེམས་སྐྱེ་མེད་དུ་གཏད་པས་རླུང་བཟུང་


LT09,P074A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། དེའང་འོད་གསལ་དྲི་མ་མེད་པ་ལ་སྐྱེལ་བའོ། །གསུམ་པ་ནི། མ་རྒྱུད་པདྨ་ལྟ་བུ་འབར་འཛག་དང༌། །སྐྱིལ་ཟློག་དགྲམ་ལ་སྐྱོན་གྱིས་མ་གོས་པ། །མ་རྒྱུད་བདེ་བ་ཉམས་ཀྱི་བརྒྱུད་པ་བཅུ་གཅིག་མཚོ་སྐྱེས་ནས་བརྒྱུད་པ་པདྨ་ལྟ་བུའི་གདམས་ངག་ཏུ་འདུས་ཏེ། འོག་གི་བདེ་བ་སྦར་བ། སྟེང་གི་བདེ་བ་འཛག་པ། བསྐྱིལ་ཟློག་དགྲམ་དང་བསྟིམ་པ་ལ་མཁས་པ། དེའང་སྐྱོན་གྱིས་མ་གོས་པར་བྱེད་པའོ། །བཞི་པ་ནི། ཕྱག་ཆེན་བརྡའ་རྒྱུད་བདུད་རྩི་ལྟ་བུའི་དབང༌། །ངོ་སྤྲད་ལམ་ཁྱེར་སྐྱེ་མེད་འགྲེང་གཏམ་གཅིག །ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་བཅུ་གཅིག་ས་ར་ཧ་ནས་བརྒྱུད་པ་བདུད་རྩི་ལྟ་བུའི་གདམས་ངག་ཏུ་འདུ་སྟེ། རྩ་བའི་སྤྱོད་ལམ་བཞི་ལ་ཡན་ལག་ལྔ་ལྔར་ཕྱེ་བའི་བརྡ་ཉི་ཤུ་བསྒྱུར་བས་དབང་བསྐུར། བརྡ་དེ་དག་དང་སྙིང་པོ་བློས་མ་རེག་པ། དོན་སྐྱེ་མེད་མ་ཡེངས་པ་དྲི་མ་མེད་པའི་བརྡ་རྣམས་ཀྱིས་མཉམ་རྗེས་རོ་སྙོམས་ལ་ངོ་སྤྲད། ཡུལ་མཐུན་མི་མཐུན་ལུང་མ་བསྟན་གསུམ་ལ་དབང་པོ་བཅོལ་ནས་བརྡ་ལམ་དུ་ཁྱེར། མ་སྐྱེས་པའི་འགྲེང་གཏམ་ཚིག་གཅིག་གིས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇོག་པའོ། །ལྔ་པ་ནི། མཁའ་འགྲོ་བརྡ་བརྒྱུད་འཁོར་ལོ་ལྟ་བུ་ནི། །བསྲིང་དང་དབབ་དང་བསྐོར་དང་བཞག་པའོ། །བར་དོ་ལམ་ཁྱེར་སྤྱོད་ལམ་དུས་དང་འབྲེལ། །མཁའ་འགྲོའི་བརྡ་དང་ཡེ་ཤེས་ཀྱི་བརྒྱུད་པ་བཅུ་གཅིག་ཡི་དམ་གྱི་ལྷ་ནས་བརྒྱུད་པ་འཁོར་ལོ་ལྟ་བུའི་གདམས་ངག་ཏུ་འདུ་སྟེ། མདའ་ལྟར་བསྲིང་བ། ཐོག་ལྟར་དབབ་པ། འཁོར་ལོ་ལྟར་བསྐོར་བ། མར་མེ་ལྟར་བཞག་པས་རྩ་བ་མཐོང་བ་ལ་སོགས་པའི་ཡོན་ཏན་བཅུ་མཐར་ཕྱིན། མཆོག་ཏུ་གྱུར་པའི་ཡེ་ཤེས་སྐྱེས་ནས་སྐུ་བཞི་ཡེ་ཤེས་ལྔ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །སྤྱིའི་རྗེས་ཆོས་བར་དོ་ལམ་དུ་ཁྱེར་བ་ནི། སྣང་བ་སྒྱུ་མའི་བར་དོ་ལ་དེ་ལྟར་ཉམས་སུ་བླངས་པས། རྨི་ལམ་བག་


LT09,P074B
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བར་དོ་ལ་རྟགས་འཆར། དེ་ཤར་ནས་འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་རྩལ་འབྱོངས། དེ་འབྱོངས་ན་སྲིད་པ་འཁྲུལ་པའི་བར་དོ་ལ་གྲོལ་ངེས་སོ། །གྲོལ་ལུགས་ནི། གང་གི་མཉམ་གཞག་གི་ཉམས་ཀྱིས་ཉོན་སྒྲིབ་དག་ནས་བདེན་ཞེན་གྱི་འཁྲུལ་པ་ཟད། དེའི་གནད་ཀས་ཁམས་གསུམ་ལས་འདས། རྗེས་ཐོབ་ཀྱི་ཉམས་ཀྱིས་ཤེས་སྒྲིབ་དག་ནས་སྣང་བ་ཙམ་གྱིས་འཁྲུལ་པ་མེད། དེའི་གནད་ཀས་ས་བཅུ་ལས་འདས་ནས་ཆོས་སྐུ་སྐྱེ་མེད་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེའི་གྲོགས་སུ་སྡོམ་གསུམ་སྤྱོད་ལམ་དུས་ཚོད་དང་འབྲེལ་བར་སྦྱང་ནས། མ་དག་པའི་སྣང་ཞེན་ཐམས་ཅད་དག་པ་རབ་འབྱམས་སུ་བསྒྱུར་བ་ལ་བསླབས་པས། གནས་སྐབས་སུ་རྟོག་པ་སྤང་བླང་ལ་རོ་སྙོམས། གདོན་ཕོ་མོ་ལ་ཐོག་བརྫིས། ནད་འདུ་བ་བཞི་ལ་དབང་བསྒྱུར། མཚན་རྟོག་ཅིས་ཀྱང་མི་གནོད་པར་ཡེ་ཤེས་སྐྱེ་བའི་གྲོགས་བྱེད་ཅིང༌། མཐར་ཐུག་སྐུ་གསུམ་མངོན་དུ་བྱེད་པའོ། །གཉིས་པ་བཀའ་བབ་བར་པ་ལ་གསུམ། རྨ་ལུགས། སོ་ལུགས། ཀཾ་ལུགས་སོ། །དང་པོ་ནི། བར་པ་རྨ་ལུགས་དོན་དང་ཚིག་བརྒྱུད་བརྟེན། །ཁྲིད་གནད་བཅུ་དྲུག་ངོ་སྤྲོད་སྒྲོ་འདོགས་བཅད། །བཀའ་བབས་བར་པ་རྨ་ལུགས་ནི། དོན་གྱི་བརྒྱུད་པ་ལ་བརྟེན་ནས་ལག་ཁྲིད་བཅུ་དྲུག་གིས་ངོ་སྤྲད་ཅིང༌། ཚིག་གི་བརྒྱུད་པ་ལ་བརྟེན་ནས་གནད་ཆེན་བཅུ་དྲུག་གི་སྒྲོ་འདོགས་བཅད་པའོ། །དང་པོ་ནི། མཚན་བཅས། མཚན་མེད། ཤིན་ཏུ་མཚན་མེད། ལ་བཟླ་ནམ་མཁའ་ལམ་ཁྱེར་ལ་གཅུད་པ་བཞིས་རང་རིག་པའི་ཡེ་ཤེས་ངོས་བཟུང༌། ཐུན་རིང་ཐུང་དུམ་བུ་རྒྱུན་དུ་ཁྱེར་བ་བཞིས་ཏིང་ངེ་འཛིན་སྲང་དུ་གཞུག །རྩལ་སྦྱོང་བཞི་དང་འཇུར་བཅད་པ་བཞིས་སྒོམ་གྱི་བོགས་འདོན། སོར་བཞག་གཉིས་ཀྱིས་ཕྱག་རྒྱ་ཆེན་པོ་ངོས་བཟུང༌། ལ་ཟློ་བ་གཉིས་ཀྱིས་བསྒོམ་དུ་མེད་པར་གཏན་ལ་དབབ་པའོ། །གཉིས་པ་ནི།


LT09,P075A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཡུལ་ལྟ་ཐབས་མཐོང་ཚད་ཕན་ཡོན་ཤེས་པ་བཞིས་སེམས་ལམ་དུ་ཁྱེར། ཡོད་ལུགས་ཡིན་ལུགས་སྣང་ལུགས་སྟོང་ལུགས་བཞིས་གཏོང་ཐུན་གྱི་གཞི་བཅའ། ཤེས་བྱ་གཞི་མེད། ངོ་བོ་རྟེན་མེད། ཉམས་མྱོང་འགྱུར་མེད། མཚན་མ་རང་གྲོལ་གྱི་ཁ་འཐོར་བཞིས་དོན་གྱི་མདོ་བཟུང༌། ཁར་ཕོག་སྣར་ཕོག་གི་གནད་བཞིས་གཏན་ལ་དབབ་ཅིང་ལ་བཟླ་བའོ། །གཉིས་པ་ནི། སོ་ལུགས་རིག་པ་གཅེར་མཐོང་གནད་གསུམ་ལྡན། །སོ་ལུགས་རིག་པ་གཅེར་མཐོང་གི་གདམས་པའི་དངོས་གཞི་གནད་གསུམ་དང་ལྡན་པ་སྟེ། བརྡ་རྒྱུད་ལས། ཆོས་བདུན་ཚུལ་གྱིས་རླུང་སེམས་ཚང་དུ་གཞུག་ཅེས་གསུངས་པའི་ལུས་གནད་ལྟ་སྟངས་ལ་བསླབ་པ་བཅའ་བ་ལུས་ཀྱི་གནད། འབྱུང་འཇུག་གནས་གསུམ་སོ་མར་བཞག་པ་དགང་བ་རླུང་གི་གནད། དབང་རབ་ཁྱབ་བརྡལ་ཆེན་པོ། དབང་འབྲིང་གཅེར་མཐོང་ཐུག་བྲད། ཐ་མས་གཅུན་ཐབས་སྣ་ཚོགས་ཀྱིས་གཅུན་ནས་འཇོག་པ་བཞག་པ་སེམས་ཀྱི་གནད་དོ། །དེ་ལ་ངོ་སྤྲོད་པའི་ཐབས་ཀྱང་གསུམ་སྟེ། དབང་པོ་རབ་ཡེ་ཤེས་བཙན་ཐབས་སུ་ངོ་སྤྲད། འབྲིང་དཔེ་དང་ཚིག་གིས་ངོ་སྤྲད། ཐ་མ་ཡིད་ཆེས་ཚིག་ལ་བརྟེན་ནས་ངོ་སྤྲད་པའོ། །དེ་ལའང་བོ་ཟག་ལྟེམས་ལོག་གི་དྲོད་ཚད་ལྟ་ཞིང་བྱིང་རྒོད་ཀྱི་གེགས་བསལ། ངོ་བོ་རང་བཞིན་མཚན་ཉིད་གསུམ་མཉམ་རྗེས་ཟུང་འཇུག་གི་རྟོགས་པར་བོགས་འདོན། འགྱུར་མེད་ལྟ་བ་ཐག་ཆོད་མན་ངག་གི་ཆིངས། མྱུར་མགྱོགས་འཁྱོགས་མེད་སྒོམ་པ་མན་ངག་གི་ཆིངས། བརྟན་པ་མཐར་ཕྱིན་འབྲས་བུ་མངོན་གྱུར་གྱི་ཆིངས། གནས་སྐབས་གློ་རྡེག་འབྱུང་བ་རོ་སྙོམས་ཀྱི་ཆིངས། དྲོད་ཚད་འཛིན་པ་སྨན་པ་མཁས་པ་ལྟ་བུའི་ཆིངས། བཟང་ངན་རྟོག་གཅོད་མཚོན་ཆའི་འཁོར་ལོ་ལྟ་བུའི་ཆིངས། ཉམས་རྟོགས་མཐར་ཕྱིན་གསེར་གླིང་དུ་ཕྱིན་པ་ལྟ་བུའི་ཆིངས། དགོས་འདོད་འབྱུང་


LT09,P075B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནོར་བུ་རིན་པོ་ཆེ་ལྟ་བུའི་ཆིངས། འཆི་ཁ་བདེ་དྲོད་བར་དོ་ཉམས་ལེན་གྱི་ཆིངས་བཅུ་དང་ལྡན་པས་ཉམས་སུ་བླང་བར་གསུངས་སོ། །གསུམ་པ་ནི། ཀཾ་ལུགས་ཤེར་ཕྱིན་སྙིང་པོའི་དོན་ཁྲིད་སོགས། །ཀཾ་ལུགས་གདམས་སྲོལ་ཀུན་གྱི་སྔོན་དུ་འགྲོ་བ་ཤེར་ཕྱིན་སྙིང་པོའི་དོན་གྱི་ལག་ཁྲིད་ལ། གསོལ་འདེབས། མོས་གུས། སྒྲིབ་སྦྱོང༌། ཚོགས་བསགས། བྱམས་སྙིང་རྗེ་བསྒོམ་པ། སེམས་བསྐྱེད་དོན་གྱི་ཁྲིད་བཅས་ས་བཅད་དྲུག་ཏུ་བཞུགས་ཤིང༌། ཕྱི་མ་ལ་མཉམ་གཞག་ཏུ་རྣམ་པར་རྟོག་པ་བཙན་ཐབས་སུ་གཅོད་ཅིང༌། རྗེས་ཐོབ་རྣམ་རྟོག་ཆོས་ཉིད་དུ་ཁྱེར་བ་གཉིས་སུ་དབྱེར་ཡོད་ཅིང་དེ་ལ་སོགས་པའི་ཁྲིད་སྲོལ་རྒྱ་ཆེར་བྱུང་ཡང་ཕྱིས་ནས་ཀཾ་ལུགས་ཀྱི་ཁྲིད་རྒྱུན་འདི་ཙམ་ལས་མི་བཞུགས་སོ། །གསུམ་པ་བཀའ་བབས་ཕྱི་མའི་གདམས་པ་འཆད་པ་ལ་གཉིས། ཕྱག་བཞེས་གྱི་སྐོར་སྤྱིར་བསྟན། སྨར་ཁྲིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཙོ་བོ་ཕྱི་མ་བྱང་སེམས་ཀུན་དགའི་ལུགས། །དཀར་དམར་ནག་ཁྲིད། །ཅེས་པ་སྟེ། ཞི་བྱེད་ཆོས་ཀྱི་གཙོ་བོའམ་རྩ་བར་གྱུར་པ་བཀའ་བབ་ཕྱི་མ་སྒོ་བའི་རྣལ་འབྱོར་པ་བཞིའི་གདམས་པ་ལས། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའི་ལུགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་ངག་གསང་སྔགས་དང་རྗེས་སུ་མཐུན་པ། རྩ་བ་རྒྱུད་ལ་བསྐུར་བ་སྙིང་པོ་དོན་གྱི་ངོ་སྤྲོད། ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་ནས་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་གདན་གཅིག་གི་སྟེང་དུ་དུས་གཅིག་ལ་ཉམས་སུ་ལེན་པའི་མན་ངག །པྲི¿ པྲེ¿ ་མེད་ཐིགས་པ་ཕྱག་བཞེས་ཀྱི་སྐོར་ཏེ། ཞིག་པོ་ཉི་མ་སེང་གེའི་ལམ་རིམ་ཆེན་མོ་ལས། འདི་ནི་ཕྱག་རྒྱ་ཆེན་པོའི་ཆོས་ཡིན་དྲི་མེད་གསུམ་དུ་བསྟན། །ཐིགས་པ་ཞེས་བྱ་ཕྱག་བཞེས་གསུམ་དུ་བསྟན་པའི་མན་ངག་འདི། །ཆོས་སྐོར་གསུམ་གྱི་ཁྲིད་ལུགས་གསུམ་དུ་སྟོན་པའི་ངོ་མཚར་ཅན། །


LT09,P076A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་ལ་ཐོག་མར་རྟེན་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་བ་སྔོན་དུ་སོང་ནས། ཉམས་མྱོང་མ་སྐྱེས་པ་སྐྱེ་བར་བྱེད་པ་དཀར་དམར་ནག་ཁྲིད་དཀའ་ཐུབ་ཀྱི་སྲང་ནས་འདོན། རྟོགས་པ་མ་ཤར་བ་ཤར་བར་བྱེད་པ་བླ་མའི་བྱིན་རླབས་ལམ་དུ་བྱེད། སྤྲོས་པ་མ་ཆོད་པ་ཆོད་པར་བྱེད་པ་ཚིག་ཆོགས་ཀྱི་དོན་བློ་ལ་འཐེམས་པར་བྱེད་པའོ། །དེ་ལ་དབང་ནི་ལུགས་འདིའི་ཐུན་མོང་མ་ཡིན་པ་བཞི་སྟེ། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། དོན་དམ་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་དོན། །དབང་བཞི་རྫོགས་པ་ཨཱ་ལི་ཀཱ་ལའི་གནད། །རིན་ཆེན་གླེགས་བམ་བུམ་པའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་ལུས་ཀྱི་དྲི་མ་བཀྲུ། །ཐོད་པའི་བདུད་རྩིས་གསང་བའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་རྒྱལ་བའི་ཐུགས་དམ་བསྐང༌། །ངོ་སྤྲོད་ཟབ་མོས་གསང་བའི་དབང་བཞི་བསྐུར། །བརྟན་པར་བྱེད་པ་བརྡ་ལ་གོ་བ་བླངས། །སྔགས་ཀྱི་ལུང་ནོད་ཚིག་གི་དབང་བཞི་བསྐུར། །བརྟན་པར་བྱེད་པ་བླ་མ་རང་ལ་བསྟིམ། །ཞེས་དང༌། ལམ་རིམ་ལས། གླེགས་བམ་བུམ་དབང་བསྐུར་བ་འདི་ནི་མཐོང་བས་ཆོག་པའི་ལམ། །བདུད་རྩི་གསང་བའི་དབང་ཡིན་འདི་ནི་ཟིན་པས་ཆོག་པའི་རྩི། །ངོ་སྤྲོད་གསུམ་པའི་དབང་ཡིན་འདི་ནི་ཤེས་པས་ཆོག་པའི་ཆོས། །བློ་སྦྱོང་བཞི་པའི་དབང་ཡིན་འདི་ནི་ཕྲད་པས་ཆོག་པའི་རྒྱུད། །ཅེས་འབྱུང་བ་ལྟར། ལུས་སྨིན་བྱེད་བུམ་དབང་ནི། མཐོང་བས་ཆོག་པའི་རྩི་སྟེ། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་རྣམ་པར་དག་པ་ལ་བརྟེན་ནས་ཕྱི་ཡུལ་ལ་དག་སྣང་སྦྱོང་བར་བྱེད་པའི་གནད་དོ། །ངག་སྨིན་བྱེད་གསང་དབང་ནི། ཟིན་པས་ཆོག་པའི་རྩི་སྟེ། འཁོར་ལོ་བཞིའི་ཡིག་འབྲུ་ལ་བརྟེན་ནས་ནང་འཛིན་པ་ཡིད་སྒྲིབ་བམ་བག་ཆགས་སྦྱོང་བའི་གནད་དོ། །སེམས་སྨིན་བྱེད་ཤེར་དབང་ནི། ཤེས་པས་ཆོག་པའི་གནད་


LT09,P076B
[མ་དཔེ་གཟིགས་ན་འདིར་གནོན།]

དེ། འཁྲུལ་འཁོར་བཞི་ལ་བརྟེན་ནས་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པའི་གནད་དོ། །ཡིད་སྨིན་བྱེད་ཚིག་དབང་ནི། ཕྲད་པས་ཆོག་པའི་བརྒྱུད་པ་སྟེ། ཡིག་འབྲུའི་གནད་བཞི་ལ་བརྟེན་ནས་ས་ལམ་གཉེན་པོས་གཅོད་ཅིང་བགྲོད་པར་བྱ་བའི་གནད་ཡིན་ནོ། །ལམ་དཀར་ཁྲིད་བློ་སྦྱོང་གཅིག་བུ་ལ་འབུང་བ་དང༌། དམར་ཁྲིད་ལམ་ལྔའམ་ལམ་གསུམ་ཉམས་སུ་ལེན་པ། ནག་ཁྲིད་ཡི་གེ་རིགས་ལ་རྟོགས་པར་བྱེད་པ། དེ་རྣམས་ཀྱང་དཀའ་ཐུབ་ཀྱི་སྲང་ནས་འདོན་པའོ། །དེའང་དབང་པོ་རབ་གཟུང་འཛིན་ལས་འདས་པའི་གཉུག་མའི་སེམས་མ་བཅོས་པའི་གནས་ལུགས་མངོན་སུམ་དུ་མཐོང་བས་ཅིག་ཅར་དུ་འཚང་རྒྱ་བར་བྱེད་པ་དཀར་ཁྲིད་རིག་པ་གཅེར་མཐོང་གི་གནད། འབྲིང་སྒོ་གསུམ་ཆ་མཉམ་གྱི་ཐིག་ལེ་སྦྱང་བ་བླ་མ་སྐུ་བཞིའི་ལམ་རྫོགས་པས་ཐོད་རྒལ་དུ་སྐུ་བཞི་གྲུབ་པ་སྨར་ཁྲིད་མོས་གུས་ཆིག་ཆོད་ཀྱི་གནད། ཐ་མ་རིམ་འཇུག་ལམ་ལྔ་ཐོབ་པས་ནག་ཁྲིད་གདམས་ངག་ཕྲ་ཆོད་པའི་གནད་དོ། །བླ་མའི་བྱིན་རླབས་ལམ་བྱེད་ལའང༌། །དང་པོར་བླ་མ་ཆོས་སྐུར་གསོལ་བ་ཐེབས་ན་རྟོགས་པ་ཕྱོགས་མེད་དུ་འཆར། བར་དུ་བླ་མ་ལོངས་སྐུར་གསོལ་བ་ཐེབས་ན་ཡོན་ཏན་ཕྱོགས་མེད་དུ་འཆར། ཐ་མར་བླ་མ་སྤྲུལ་སྐུར་གསོལ་བ་ཐེབས་ན་འགྲོ་དོན་ཕྱོགས་མེད་དུ་འབྱུང༌། རྗེས་བླ་མ་བདེ་བ་ཆེན་པོའི་སྐུར་གསོལ་བ་ཐེབས་ན་སངས་རྒྱས་ཀྱི་ཕྲིན་ལས་ལ་ཟད་འཕེལ་མེད་པར་འབྱུང་བ་ཡིན་ནོ། །ཚིག་ཚོགས་ལའང་བཞི། མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཐིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པ་སྟེ་འདི་རྣམས་ནི་ཐུན་མོང་གི་ཆོས་སྡེའོ། །གཉིས་པ་ལ་གསུམ། སྔོན་འགྲོ། དངོས་གཞི། ཐབས་ཀྱི་ཡན་ལག་གཞན་བཤད་པའོ། །དང་པོ་ནི། ཉམས་མྱོང་


LT09,P077A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་བྱེད་སྐོར། །དམར་ཁྲིད་སྤྱིའི་སྔོན་འགྲོས་ཞེན་འཁྲིས་བཅད། ཁྱད་པར་ལམ་གྱི་གཞི་སྒྲུབ་བསགས་སྦྱང་བྱ། །སྤྱིར་བཤད་པ་དེ་དག་ལས་ཉམས་ལེན་ལག་ཁྲིད་དུ་མཛད་པ་ནི་ཉམས་མྱོང་སྐྱེད་བྱེད་ཀྱི་སྐོར་ལས་དམར་ཁྲིད་ལམ་ལྔའི་རྣལ་འབྱོར་ཉམས་སུ་ལེན་པ་སྟེ། ཐོག་མར་ཐེག་པ་སྤྱིའི་སྔོན་འགྲོས་འཁོར་བའི་ཞེན་འཁྲིས་བཅད། ཐེག་ཆེན་ཁྱད་པར་གྱི་སྔོན་འགྲོས་ལམ་གྱི་གཞི་སྒྲུབ་ཅིང་བསགས་སྦྱོང་བྱ་བ་ནི་ཁྲིད་ཚུལ་སྤྱི་དང་འདྲའོ། །གཉིས་པ་ལ་གསུམ། བྱ་བ་གཞི། བྱེད་པ་ལམ། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །དང་པོ་ནི། དངོས་གཞི་བྱ་བ་གཞི་ནི་སྡོམ་གསུམ་ལྡན། །རྣལ་འབྱོར་རང་ས་དྲུག་པོ་མ་ཉམས་སྲུང༌། །དངོས་གཞི་ལམ་ལྔའི་དམར་ཁྲིད། ཆུ་ཀླུང་ཆེན་པོའི་རྒྱུད་ལས། མཇུག་གི་བསྲུང་བྱ་དོན་གྱི་སྡོམ་པ་གསུམ། །རྣལ་འབྱོར་རང་ས་བསྟན་ལ་བསྲུང་དུ་གཞུག །ཅེས་གསུངས་པ་ལྟར་རྟེན་སྡོམ་པ་གསུམ་དང་ལྡན་ཅིང་རྣལ་འབྱོར་གྱི་རང་ས་དྲུག་མ་ཉམས་པར་བསྲུང་བའོ། །དེའང་ཕྱི་ཉན་ཐོས་ཀྱི་འདུལ་ཁྲིམས་དམ་པ། ནང་བྱང་སེམས་ཀྱི་སྡོམ་པ་ཡངས་པ། འབྲས་བུ་གསང་སྔགས་ཀྱི་དམ་ཚིག་གཙང་བ་ཞེས་བྱ་སྟེ། ཞིག་པོ་ཉི་མ་སེང་གེའི་ལམ་རིམ་ཆེན་མོ་ལས། འོག་མ་གཞིར་བཞག་བར་པ་ལམ་ཡིན་གོང་མ་འབྲས་བུ་ཡིན། །ནང་འདོམ་བྱུང་ཚེ་དོན་ལ་གཅིག་སྟེ་འོན་ཀྱང་ཡུལ་ལ་བརྩི། །སྡོམ་གསུམ་དག་པའི་མེ་ལོང་རང་སེམས་ཡང་ཡང་བལྟ། །ཞེས་བཤད་པ་ལྟར་རོ། །རྣལ་འབྱོར་གྱི་རང་ས་དྲུག་ནི། འཇིག་རྟེན་པའི་ལྷ་ལ་གསོལ་བ་མི་འདེབས། དངོས་གྲུབ་འདྲེ་ལ་མི་ཞུ། ཕོ་སྒོ་ཚེ་འདིར་མི་འབྱིན། སྣ་ཐག་མི་ལ་མི་གཏད། གསང་བ་མཆུ་སྒོར་མི་དབྱུང༌། ངོ་སོ་རྒྱལ་མཚན་གྱི་རྩེ་ལ་མི་ཕྱར་བ་རྣམས་སོ། །གཉིས་པ་ནི། བྱེད་པ་ལམ་ནི་ཚོགས་ལམ་བློ་སྦྱོང་ལ། །གཞི་བཏིང་སྦྱོར་ལམ་དཀའ་


LT09,P077B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་འབྱོངས་པའི་ཚེ། །མཚམས་སྦྱོར་ཡན་ལག་གསང་སྤྱོད་བརྟུལ་ཞུགས་བྱ། །མཐོང་ལམ་རྗེས་དང་སྒོམ་ལམ་རོ་སྙོམས་ཏེ། །མཐར་ལམ་བྱ་བྲལ་དཀའ་ཐུབ་སྲང་ནས་འདོན། །བྱེད་པ་ལམ་གྱི་རྣལ་འབྱོར་ནི་ལྔ་སྟེ། ལམ་རིམ་ལས། བློ་སྦྱོང་དཀའ་ཐུབ་རྗེས་དང་རོ་སྙོམས་སྒོམ་པ་བདག་གཏོད་ལ། །ཕྱག་བཞེས་གསུམ་པོ་སྦྱོར་དངོས་རྗེས་གསུམ་ཐུན་བཞིར་ཁྱེར་བར་བྱ། །ཞེས་གསུངས་ཏེ། དང་པོ་ཚོགས་ལམ་བློ་སྦྱོང་གིས་ལམ་གྱི་གཞི་བཏིང༌། གཉིས་པ་སྦྱོར་ལམ་དཀའ་ཐུབ་ལེགས་པར་འབྱོངས་པའི་ཚེ་མཐོང་བའི་ལམ་ལ་མཚམས་སྦྱོར་བའི་ཡན་ལག་གསང་སྤྱོད་བརྟུལ་ཞུགས་ཀྱང་བྱ། གསུམ་པ་མཐོང་ལམ་སྤྱོད་པ་རྗེས་དང༌། བཞི་པ་སྒོམ་ལམ་སྤྱོད་པ་རོ་སྙོམས། ལྔ་པ་མཐར་ལམ་བདག་གཏོད་བྱ་བྲལ་གྱི་རྣལ་འབྱོར་ཏེ་ལྔ་ཀའང་སྦྱོར་བ་རྟེན་བསྐྱེད་ཚོགས་བསགས་ལམ་བསྟེན་པས་བྱིན་རླབས་བརྒྱུད་པའི་གནད་གོང་དུ་སྤར། དངོས་གཞི་གྲགས་པ་སྒྲའི་བརྗོད་ཚུལ་ཡི་གེ་ལམ་ཁྱེར། དབང་བཞི་དམིགས་པའི་ཁྱད་པར་འཁོར་ལོ་བཞིའི་སྒོམ་རིམ། རྩ་བ་ངོ་སྤྲོད་ཀྱི་ཁྱད་པར་མཉམ་རྗེས་གཉིས་ཀྱི་ལག་ལེན། རྗེས་གནང་ལུང་གི་ཁྱད་པར་བླ་མའི་ཐུགས་དམ་བསྐུལ་ལུགས་བཞིས་ས་ལམ་ཆིག་རྫོགས་སུ་བཅད། རྗེས་བོ་ཟག་ལྟེམས་ལོག་གི་དྲི་མ་བཞི་བསྲུང་ཞིང༌། ངོ་བོ་རྟགས་ཡོན་ཏན་གྲངས་ཀྱི་ཚར་ཚད་བཞིས་མཚམས་བཟུང་བ་ཡིན་ནོ། །ལམ་ལྔ་ཀའང་དཀའ་ཐུབ་ཀྱི་སྲང་ནས་འདོན་དགོས་ཤིང༌། དེ་ལའང་སློབ་དཔོན་ལ་ལྟོས་ཤིང་སྒྲོ་འདོགས་བཅད་པ་ཉན་ཐོས་ལྟ་བུ། གཅིག་པུར་སྒྲུབ་པ་ཉམས་སུ་ལེན་པ་རང་རྒྱལ་ལྟ་བུ། གཞན་དོན་བྱེད་པ་དཔའ་ཆེན་བྱང་ཆུབ་སེམས་དཔའ་ལྟ་བུ་སྟེ་དཔེ་གསུམ། རབ་བྱུང༌། ཁྱིམ་པ། ལྡོམ་བུ་པའི་ཕྱོགས་གསུམ། དུས་རིང་ཐུང་འབྲིང་གསུམ། རྐྱང་ཁུག་སྦྲགས་མའི་བསྐུར་ལུགས་གསུམ་སྟེ་བཅུ་གཉིས་སུ་དབྱེ་བས་སྒྲུབ་པ་ལ་བོ་ཟག་


LT09,P078A
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་བའི་གནད་ཡོད་དེ། ལམ་རིམ་ལས། དུས་དང་རྟེན་དང་བསྐུར་ལུགས་སྦྱངས་པ་མན་ངག་ཐམས་ཅད་ལ། །བླ་མས་ཡུལ་ངོས་བཟུང་ལ་རྟེན་འབྲེལ་གང་འགྲིགས་ལག་ཏུ་གཏད། །མི་ཐེག་ཁུར་བུའི་ནད་ཀྱི་རྒྱུ་རུ་དམ་པ་རྣམས་ཀྱིས་གསུངས། །ཞེས་སོ། །ལམ་འདི་ནི་སྔོན་ཆད་རྒྱ་བོད་དུ་མ་བྱུང་བ་དམ་པ་རིན་པོ་ཆེའི་ཁྱད་ཆོས་ཕྱི་སྡེ་སྣོད་གསུམ་གྱི་སྙིང་ཕྱུང༌། ནང་རྒྱུད་སྡེ་བཞིའི་སྲོག་བཅད། གསང་བ་སྙིང་པོ་དོན་གྱི་མིག་འབྱེད། དེ་ཁོ་ན་ཉིད་མཁའ་འགྲོ་མ་རྣམས་ཀྱི་བཀའ་རྒྱ་བཀྲོལ་ནས་སངས་རྒྱས་ཀྱི་བསྟན་པ་མཐའ་དག་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་སྒྲུབ་པའི་སྲང་ཡོད་ཅིང་ཐབས་རྟེན་འབྲེལ་གྱི་ཆེ་བ་དུ་མས་བརྒྱན་པ་སྟེ། སྔ་མ་ལས། སྒྲུབ་བརྒྱུད་སྤྱིའི་ལན་ཚྭ་ལམ་རིམ་ཆེན་མོ་སྒྲུབ་པའི་སྲང༌། །མདོ་རྒྱུད་སྤྱིའི་མན་ངག་ཞལ་སྦྱོར་འདི་ནི་ཀུན་ལ་མེད་མོད་ཀྱི། །ཞེས་འབྱུང་ངོ༌། གསུམ་པ་ནི། འབྲས་བུ་རང་སེམས་རྣམ་དག་སྐུ་བཞི་བརྙེས། །བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། རང་སེམས་ཀྱི་ངོ་བོ་རང་བཞིན་རྣམ་དག་དེ་ཉིད་ལམ་གྱི་རྩོལ་བ་དང་བླ་མའི་བྱིན་རླབས་ཀྱིས་མངོན་དུ་གྱུར་ནས་གློ་བུར་གྱི་དྲི་མ་རྣམ་པར་དག་པ་མཐར་ཐུག་པས་དབྱིངས་ཀྱི་ངང་དུ་རིག་པའི་ཡེ་ཤེས་གྲོལ་བ་ཆོས་ཀྱི་སྐུ་དང༌། དེའི་སྟེང་ནས་རང་བཞིན་གསལ་བའི་རྩ་བ་ཕྱོགས་མེད་དུ་རྫོགས་ཤིང་རིག་པ་ལ་དབང་ཐོབ་པས་དག་པའི་སྐུ་མཚན་དཔེས་བརྒྱན་པ་གདུལ་བྱ་དག་པའི་སྣང་ངོར་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེའི་སྟེང་ན་སེམས་ཀྱི་མཚན་ཉིད་སྣང་སྟོང་དབྱེར་མེད་ཀྱི་ངང་ལས་ཐབས་མཁས་ཀྱི་མཛད་པ་གང་ལ་གང་འདུལ་དུ་སྣང་བ་ནི་སྤྲུལ་པའི་སྐུ་དང༌། སྐུ་གསུམ་པོ་དེ་དག་ཀྱང་དབྱེར་མེད་དུ་གྱུར་པ་ནི་བདེ་བ་ཆེན་པོའི་སྐུ་སྟེ་སྐུ་བཞི་བརྙེས་ནས་མཁྱེན་པ་གཉིས་ཀྱི་ཡེ་ཤེས་ཀྱིས་གདུལ་བྱ་འདུལ་བའི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་སྟེ། སྔ་མ་


LT09,P078B
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འབྲས་བུའི་རྣལ་འབྱོར་སྐུ་བཞི་ཡེ་ཤེས་རྣམ་ལྔའི་རང་མདངས་ཅན། །ལམ་མཆོག་འདི་ལྟ་བུ་དང་ཕྲད་པའི་ལས་ཅན་སློབ་མ་དེ། །དུས་ཚིགས་ཕྱི་མར་མི་འགྱུར་ཚེ་འདིར་མཆོག་དོན་འགྲུབ་པར་འགྱུར། །ཅེས་སོགས་འབྱུང་བ་ལྟར་རོ། །དེ་ལྟར་ཐོབ་པའི་དུས་ཀྱང་རབ་ཀྱིས་མཐོང་བའི་ཆོས་ཚེ་འདི་ཉིད་ལ། འབྲིང་གིས་འཆི་ཀར། ཐ་མས་བར་དོ་ལས་མི་འགྱངས་པར་ཐོབ་པར་འགྱུར་ཏེ། དེའང་ངོ་བོས་ཚར་བ་དེ་ཉིད་ལ། རྟགས་ཀྱིས་འཆི་ཀར། གྲངས་ཀྱིས་བར་དོར་ངེས་པར་འགྲུབ། ཡོན་ཏན་སྐྱེ་བ་བརྒྱུད་ནས་འབྱུང་བ་ཡིན་ཞེས་འབྱུང་ངོ༌། །གསུམ་པ་ཞར་བྱུང་ཐབས་ཀྱི་ཡན་ལག་བཤད་པ་ནི། གེགས་སེལ་བོགས་འདོན་སྒྲུབ་པའི་གནད་ཀྱི་སྒོ། །གཅིག་ལ་གཅིག་དང་གཅིག་གསུམ་གཅིག་ལ་གཅིག །དེ་ལྟར་སྒྲུབ་པའི་རྣལ་འབྱོར་པའི་གེགས་བསལ་བ་ལའང༌། འབྱུང་བཞི་ཆ་མ་སྙོམས་པའི་གེགས་སེལ། ཐབས་ཤེས་ཀྱི་འབྱམས་གཅོད། ལམ་སོ་སོའི་དྲི་མ་བཞི་བསལ་བ། བླ་མ་ལ་མོས་གུས་ཀྱིས་བསྐུལ་བ་དང༌། མཁའ་འགྲོའི་གསང་ཚིག་སྒྱུ་རྩལ་གྱི་གནད་བཞིས་རྟོགས་པའི་བོགས་འདོན་ཅིང༌། སྒྲུབ་པ་ཇི་ལྟར་བྱ་བའི་གནད་ཀྱི་སྒོ་གཅིག་ལ་གཅིག་ནི། བློ་སྦྱོང་གི་དུས་རང་གཅིག་རྐྱ་མི་ཐུབ་པས་བླ་མ་ལ་བསྟེན་ཅིང་མཉེས་པར་བྱ། གཅིག་གསུམ་ནི། བློ་སྦྱོང་མཐར་ཕྱིན་པ་དེས་ཆས་གསུམ་བསགས། རྒྱུ་གསུམ་སྤང༌། བྱིན་རླབས་གསུམ་བྱ། སྦྱོར་བ་གསུམ་སྔོན་དུ་བཏང་ནས་དཀའ་ཐུབ་རྗེས་རོ་སྙོམས་གསུམ་ལ་ཞུགས་ཤིང་ལམ་གྱི་ཚར་ཚད་མཐར་མ་ཕྱིན་གྱི་བར་དུ་སྒྲུབ་པའི་ས་སྡེ་གཟུག་གཅིག་ལ་གཅིག་ནི་དཔའ་ཆེན་བདག་བསྟོད་ཀྱི་སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་གཅིག་བུ་ལ་འཇུག་པའོ། །དེ་དག་ཀྱང་ལམ་རིམ་ལས། གཞི་དང་ལམ་དང་རྣལ་འབྱོར་གསུམ་དུ་ཕྱེ་བའི་ལམ་རིམ་ལ། གཞི་ལ་དྲུག་གསུམ་དགུ་སྟེ་ལམ་ལ་ལྔ་གསུམ་བརྒྱད་ཀྱི་སྲང༌།


LT09,P079A
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་རྣལ་འབྱོར་བཞི་གསུམ་མངོན་གྱུར་མདོར་བསྟན་ཉེར་བཞི་ཡོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཡན་ལག་གཅོད་ཡུལ་གྱི་ཉམས་ལེན་བསྟན་པ་ལ་གསུམ། སྒྲ་དོན་ངེས་ཚིག་ཉམས་སུ་ལེན་བྱའི་རྩ་བ། ལག་ལེན་སྒོམ་པའི་རིམ་པའོ། །དང་པོ་ནི། བདུད་ཀྱི་གཅོད་ཡུལ་ཤེར་ཕྱིན་ཟབ་མོའི་སྤྱོད། །ལམ་སྲོལ་འདི་ལ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་སྟེ། དེ་ལ་གཅོད་ཅེས་པའི་དོན་བྲམ་ཟེ་ཨཱརྱ་དེ་བའི་གཞུང་ཆུང་ལས། སེམས་ནི་རྩད་ནས་གཅོད་པ་དང༌། །ཉོན་མོངས་དུག་ལྔ་རྩད་གཅོད་དང༌། །ལྟ་མཐར་སྒོམ་པའི་རྒྱུ་བྱེད་དང༌། །སྤྱོད་པ་ཉམ་ང་རེ་དོགས་དང༌། །སྙེམས་བྱེད་ཐམས་ཅད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །ཞེས་བཤད་པ་ལྟར་རོ། །ཡུལ་ཞེས་པའི་སྒྲ་ནི། མཛོད་ལས། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་སྐྱེ་སྟེ། །ཞེས་བཤད་པ་ལྟར། གཅད་པར་བྱ་བ་ནི་ཉོན་མོངས་ཡིན་ལ། །ཉོན་མོངས་དེ་དག་ཕྲ་རྒྱས་དང་ཡུལ་དང་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་སྐྱེ་བས་ན། རྣལ་འབྱོར་པས་ཡུལ་ཉེར་བཅུ་ག་ནས་བག་ཆགས་བླངས་ཏེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་ཉོན་མོངས་རྣམས་ཡུལ་གྱི་ཐོག་དེ་ཉིད་དུ་གཅོད་པར་བྱེད་པས་གཅོད་ཡུལ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པ་དེས་འདི་ལྟར་བསླབ་པར་བྱ་སྟེ། ཞེས་པའི་དོན་ལག་ལེན་དུ་བསྟར་བས་སྤྱོད་ཡུལ་ཅེས་སུའང་གྲགས་པར་བཞེད་ལ་ཡང་ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། བདུད་བཞི་ཟིལ་གྱིས་གནོན་པ་ཐེག་པ་ཆེན་པོའི་ཆོས། །འཁོར་འདས་དགག་སྒྲུབ་མེད་པ་ཕ་རོལ་ཕྱིན་པའི་དོན། །འགལ་རྐྱེན་ལམ་དུ་ཁྱེར་བ་ཨ་མ་ཇོ་མོའི་བཞེད། །མི་མཐུན་གྲོགས་སུ་འདོད་


LT09,P079B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅོད་ཀྱི་གདམས་པ་སྟོན། །ཞེས་གསུངས་པ་ལྟར་བདེ་དགྱེས་སོགས་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་ལས་ཇི་ལྟར་གསུངས་པ་ལྟར་མཐུན་ཕྱོགས་ནས་མཚན་དུ་གསོལ་ན། གསང་སྤྱོད་རིག་སྤྱོད་ཚོགས་སྤྱོད་ཕྱོགས་ལས་རྣམ་རྒྱལ་སོགས་ཐབས་ཤེས་ཀྱི་གནད་ཀྱི་གདམས་པས་ལམ་གྱི་བོགས་འདོན་པར་བྱེད་པ་སྤྱོད་པའི་རིམ་པ་དང༌། མི་མཐུན་གཉེན་པོའི་ཆ་ནས་མཚན་དུ་གསོལ་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་གདམས་པའི་སྐབས་སུ་བདེན་པ་བཞིའི་སྤང་བླང་གི་འཇུག་ལྡོག་ལས་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ལམ་དུ་ཁྱེར་བའི་ཕྱིར་གཉེན་པོ་བཟློག་སྒོམ་དང་རོ་སྙོམས་ཀྱི་གནད་ཟབ་མོ་ཉམས་སུ་ལེན་པ་ལ་གདམས་པ་བདུད་ཀྱི་གཅོད་ཡུལ་ཞེས་བྱ་སྟེ། ཚོམ་ལས། ཆེད་དུ་དོན་ལ་བཅད་རྒྱུ་མེད། །མི་ཕོད་རྫི་བ་གཅོད་དུ་བཤད། །ཅེས་སོ། །གདམས་པ་འདི་ལ་གུ་རུའི་གསང་གཅོད། བཀའ་བརྒྱུད་དོན་གཅོད། དམ་པའི་ཞི་བྱེད། ནཱ་རོའི་གསང་སྤྱོད་དེ་རྒྱ་ཆོས་བོད་ལ་དར་བའི་གཞུང་བཞིར་གྲགས་པའི་ནང་ཚན་དམ་པ་ནས་བརྒྱུད་པ་ཕོ་གཅོད་མོ་གཅོད་གཉིས་ལས་མོ་གཅོད་ཀྱི་ཐ་སྙད་ཀྱང་མཛད་ཅིང༌། གཙོ་བོར་མ་གཅིག་ཉིད་ཀྱིས་བཀའ་བར་པ་རྒྱས་འབྲིང་ལ་གཟིགས་པ་ཙམ་གྱིས་སྐྱེ་མེད་གཅིག་ཆོད་དུ་རྟོགས་ཤིང་འཁྲུལ་པའི་སྙེམས་ཐག་གཅོད་པའི་གདམས་པ་ཐུགས་ལ་འཁྲུངས་པས། དེའི་ཆོས་རྣམས་ལ་བཀའ་ཐོག་ནས་གྲོལ་བ་ཉམས་ཀྱི་བརྒྱུད་པ་ཆུ་བོ་བཞི་འདུས་ཀྱི་གདམས་པ་ཉིད་སྐབས་འདིར་བསྟན་པར་བྱ་བའོ། །གཉིས་པ་ནི། ཡོངས་གྲགས་མདོ་སྔགས་རྟོགས་པ་བསྲེས་པ་ནི། །སྟོང་གནས་སེམས་ཅན་མི་འདོར་སྨྲས་བཞིན་བྱེད། །བདེ་གཤེགས་བྱིན་རླབས་བཞི་ཡིས་བསྟན་པའི་དོན། །དེང་སང་ཡོངས་སུ་གྲགས་ཤིང་སྨིན་གྲོལ་གདམས་པའི་རྒྱུན་སྲོལ་མ་ཉམས་པ། ལྟ་བའི་གཞུང་ཤེར་ཕྱིན་གྱི་མདོ་དང༌། ཐབས་ཀྱི་བྱེ་ཏུ་


LT09,P080A
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྔགས་ཀྱིས་ཁྱད་པར་དུ་བྱས་པས་མདོ་སྔགས་རྟོགས་པ་བསྲེས་པར་བཞེད་པ་འདི་ནི། སྡུད་པ་ཚིགས་སུ་བཅད་པ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་པས་བསྟན་པའི་དོན་རྣམ་པ་བཞི་པོ་ཉམས་སུ་ལེན་པ་ཡིན་ཏེ། སྟོང་པར་གནས་པའི་ལྟ་བ། སེམས་ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་པ་བཞིན་དུ་བྱེད་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་སྟེ་བཞི་པོ་དེ་ནི་ཉམས་ལེན་གྱི་རྩ་བ་ཡིན་ནོ། །དེ་ལ་བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་ལག་ལེན་ནི་སྐྱབས་སུ་འགྲོ་བ་དང༌། བརྒྱུད་པ་དང་བཅས་པའི་བླ་མ་ལ་གསོལ་བ་འདེབས་པ་སྟེ། གཞུང་ཆུང་ལས། དངོས་དང་དངོས་མེད་བློ་ཡུལ་སྣང་བ་ཡིས། །རྒྱ་ཆེན་མཆོད་པས་བླ་མ་དཀོན་མཆོག་མཆོད། །ཕྱག་འཚལ་བ་དང་སྡིག་བཤགས་བྱས་ནས་སུ། །གུས་པས་སྐྱབས་སུ་འགྲོ་དང་སེམས་བསྐྱེད་བླང༌། །ཞེས་སོ། །ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་ནི་ཐོ་ཅོ་མ་ཡིན་གྱི། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེའི་ཚེ་ཁས་བླངས་པ་དང་འགལ་བར་མི་བྱེད་པ་སྟེ། སྔ་མ་ལས། སྲོག་གཅོད་ལ་སོགས་མི་དགེ་བཅུ། །བདག་སྤང་གཞན་ཡང་དེ་ལ་བསྐུལ། །སྲོག་གཅོད་སྤང་བ་དེ་དག་གི །མཐུན་འཇུག་ལེགས་པར་བརྗོད་པར་བྱ། །མི་དགེ་བཅུ་པོ་མ་སྤངས་པས། །ལམ་མཆོག་རྙེད་པར་མི་འགྱུར་རོ། །ཕ་རོལ་ཕྱིན་པ་དྲུག་ལ་ནི། །བདག་སྤྱོད་གཞན་ཡང་དེ་ལ་བསྐོལ། །ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །ཞེས་སོགས་འབྱུང་ངོ༌། །སེམས་ཅན་


LT09,P080B
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མི་གཏོང་བ་ནི་མི་མ་ཡིན་པ་ལ་སོགས་པ་ལའང་གནོད་ཅིང་འཚེ་བར་མི་བྱེད་པར་སྙིང་རྗེ་ཆེན་པོའི་སྒོ་ནས་དེའི་སྤྱོད་པ་སེམས་ཅན་ལ་འཚེ་བ་ལ་སོགས་པ་དང་ཕྲལ་ནས་བྱང་ཆུབ་ཀྱི་ལམ་ལ་འཛུད་པར་བྱེད་པ་སྟེ། མ་ཅིག་གི་ཞལ་ནས། བྱང་ཆུབ་སེམས་ཀྱིས་སྦྱིན་པ་བཏང༌། །ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྣང་སྲིད་ཆོས་ལ་ཉེ་རིང་མེད། །བདག་མེད་ཁྱབ་གདལ་ཆེན་པོར་ཞོག །ཅེས་སོ། །སྟོང་པར་གནས་པའི་ལྟ་བ་ནི་ཐོག་མར་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བདག་ཏུ་ལྟ་བ་སྤངས་ནས་སེམས་ཅན་གཞན་གྱི་ཡུལ་ལའང་དངོས་པོ་དང་མཚན་མའི་འདུ་ཤེས་སུ་མི་བྱེད་པ་སྟེ། ཡང་ཚོམ་ལས། ལུས་ནི་རོ་ཡི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །དམིགས་པ་མེད་པའི་ཚུལ་དུ་བཞག །ཅེས་དང༌། ཁ་འཐོར་ལས། ནམ་མཁར་རེ་དོགས་མེད་པ་བཞིན། །རེ་དོགས་མ་བྱེད་ལྷོད་ལ་ཞོག །ནམ་མཁར་བདག་འཛིན་མེད་པ་བཞིན། །བདག་ཏུ་མ་འཛིན་ཞེན་པ་ཐོངས། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །གསུམ་པ་ལ་གཉིས། གདམས་པ་ལ་འཇུག་པའི་ཡན་ལག་འཕྲོས་སུ་སྨོས། གཞུང་དོན་དངོས་གཞི་ཅུང་ཟད་བཀྲོལ་བའོ། །དང་པོ་ནི། ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། ཚིག་དོན་རྟོགས་ཤིང་བྱམས་བརྩེས་རབ་བརྒྱན་མཁས་བརྒྱད་ལྡན། །རང་དོན་མཐར་ཕྱིན་སྟོང་ཉིད་སྙིང་རྗེ་སྒྲུབ་དང་སྐྱོན་སེལ་མཁས། །ཞེས་གང་གིས་འབོགས་པ་སློབ་དཔོན་གྱི་མཚན་ཉིད་དང༌། དད་དང་བརྩོན་འགྲུས་མོས་གུས་གོ་ཆ་སྙིང་རུས་ལྡན། །འཇིགས་སྐྱོབ་མངོན་མཐོ་ལེགས་སྨོན་ཀུན་མཁྱེན་ཐོབ་འདོད་པས། །ཞེས་གང་ལ་འབོགས་པའི་ཡུལ་སློབ་མའི་མཚན་ཉིད་དང༌། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཐེ་ཚོམ་བཅད་བྱའི་ཕྱིར། །རྒྱལ་བའི་


LT09,P081A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདི་ཤེས་ལྡན་རྣམས་ཀྱིས་ལེགས་པར་ཟུངས། །ཞེས་དགོས་པའི་དོན་དང༌། བདུད་ནི་ལྷ་དང་ཉོན་མོངས་ཕུང་པོ་འཆི་བདག་བདུད། ཁྱད་པར་ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བཞི། །ཞེས་གང་ལ་གཅོད་པའི་ཡུལ་དང༌། ལེ་ལག་ལས། སྣང་དང་དེ་བཞིན་སྟོང་པ་ལ། །ཡིད་ཀྱི་སྙེམས་བྱེད་མ་ཞུགས་ན། །བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། །ཅེས་གཅོད་པའི་ཐབས་དང༌། ཟབ་དོན་ལས། དུར་ཁྲོད་ལུང་སྟོང་ལྷ་ཁང་ཤིང་གཅིག་ཁང་སྟོང་སོགས། །རང་སེམས་གར་འཇིགས་ཉམ་ང་བག་ཚའི་གནས་སུ་ཉལ། །ཞེས་ཉམས་སུ་ལེན་པའི་གནས་དང༌། མཚན་མོ་ཉམ་ང་ལྷ་འདྲེ་འདུ་ཞིང་རྣམ་རྟོག་སྐྱེ། །ཐེ་ཚོམ་གཅོད་དང་གེགས་སེལ་བོགས་འདོན་ཚེ་ན་བྱ། །ཞེས་ནམ་ཉམས་སུ་ལེན་པའི་དུས་བསྟན་པ་སྟེ། དེ་དག་གི་ཐོག་མར། དབང་བསྐུར་མཆོག་ཐོབ་ཟབ་མོ་ཉན་པའི་སྣོད་དུ་རུང༌། །བསགས་སྦྱོང་ལམ་གྱིས་སེམས་ཉིད་བཙལ་ལ་ངོ་སྤྲོད་བྱ། །ཞེས་གསུངས་པ་ལྟར། ལམ་གྱི་སྣོད་རུང་དུ་སྒྲུབ་པ་དབང་བསྐུར་ནོད་དགོས་ཏེ། དེའང་གཞུང་ཆེན་པོ་ལྟར་ན། བླ་མ་གནས་གྱུར་གྱི་དབང་བརྒྱ། སངས་རྒྱས་གནས་གྱུར་གྱི་དབང་བརྒྱ། མཁའ་འགྲོ་གནས་གྱུར་གྱི་དབང་བརྒྱ་སྟེ་གཅོད་དབང་སུམ་བརྒྱ་པར་གྲགས་པ་དང༌། ཡང་ཚོགས་བརྒྱ་དབང་བརྒྱར་གྲགས་པ་དང༌། གཅོད་དབང་བརྒྱད་ཅུ་པ་སོགས་ཡོད་པར་སྣང་ཡང༌། དེང་སང་ཕྱག་ལེན་དུ་མཛད་པ་ནི་ཞལ་གདམས་སྒོ་འབྱེད་བཅུ་མར་གསུངས་པའི་དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ཉིད་དང༌། མ་ཅིག་གི་ཞལ་ནས། ལྷ་དབང་ལུས་ལ་བསྐུར་མ་ཡིན། །ཆོས་དབང་སེམས་ལ་བསྐུར་བ་ཡིན། །ཅེས་གསུངས་པའི་དོན་ནམ་མཁའ་སྒོ་འབྱེད་དང་འབྲེལ་བའི་ངོ་སྤྲོད་བྱིན་རླབས་སོགས་ཀྱིས་སྨིན་པར་མཛད་པའོ། །


LT09,P081B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཐུན་མིན་ཚོགས་བསགས་བྱིན་རླབས་གནད་ནས་འབེབས། །སེམས་ཚོལ་བཞག་ཐབས་ནམ་མཁའ་སྒོ་འབྱེད་ཀྱིས། །ཡུམ་དོན་ངོ་སྤྲད་ཡུལ་ཡིད་ཞེན་དང་བདག །དབྱིངས་སུ་བཅད་ནས་ཞི་དྲག་སྤེལ་མ་ཡིས། །རོ་སྙོམས་བོགས་འདོན་སློང་དང་ཚར་ཚད་རྫོགས། །མ་ཅིག་གི་གཅོད་ཡུལ་ལ་མདོ་ལུགས་དང་སྦགས་ལུགས་མདོ་སྔགས་རྟོགས་པ་བསྲེས་པ་དང་ཕྱིས་ཀྱི་གཏེར་གཅོད་དག་སྣང་སོགས་མང་དུ་མཆིས་པ་རྣམས་ཀྱི་ཉམས་སུ་ལེན་བྱའི་རྩ་བ་གོང་དུ་སྨོས་པའི་གནད་བཞི་དང་འབྲེལ་བ་ཡིན་པས། དེ་དག་གི་ཉམས་ལེན་སྤྱི་ཙམ་དུ་སྔོན་འགྲོ་ཐུན་མོང་མ་ཡིན་པ་ནང་ལུས་ཀྱིས་ཚོགས་བསགས་ཤིང་མོས་གུས་གསོལ་འདེབས་ཀྱིས་བྱིན་རླབས་གནད་ནས་འབེབས། དངོས་གཞི་རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་ཀྱི་མཚངས་ཚོལ། ཁྲིགས་སུ་ཚུད་ནས་བཞག་ཐབས་བསྟན། ནམ་མཁའ་སྒོ་འབྱེད་ལ་བརྟེན་ནས་ཡུམ་དོན་ངོ་སྤྲད་པ་ལ་དོན་ཁྲིད་དུ་ངོ་སྤྲོད། ཚིག་ཁྲིད་དུ་སྒོམ་གཏན་ལ་དབབ། ཉམས་ཁྲིད་དུ་སྒོམ་བསྐྱང་བར་བྱ་བ་སྟེ། དེ་དག་གི་ཚུལ་ཡང་བཀའ་ཚོམ་ཆེན་མོ་ལས། རང་ལུས་གང་བདེར་འདུག་བྱས་ནས། །བསམ་པས་ཡུལ་མེད་དེ་མི་རྙེད། །དེ་བས་མ་བསམ་ངང་ལ་བཞག །ཅེས་དང༌། ཀུན་ཀྱང་རང་བྱུང་སེམས་ཡིན་པས། །སྒོམ་མཁན་གཅིག་གིས་བསྒོམ་དུ་མེད། །ཅི་བྱུང་གང་བྱུང་བྱུང་ཚོར་རྣམས། །ལྷང་ངེ་ལྷམ་མེ་ལྷན་ནེར་བཞག །ཅེས་སོགས་གསུངས་ཤིང༌། སྤྱིར་ངོ་སྤྲོད་ཚུལ་ལའང་ཡུམ་ཆེན་ཞལ་མཐོང་གི་གདམས་པ་ལས་སྟོང་ཉིད་བཅུ་དྲུག་ཏུ་ངོ་སྤྲོད་པ་དང༌། མོ་གཅོད་གཏེར་མ་ལས་ཕར་ཕྱིན་དྲུག་ལ་ངོ་སྤྲོད་པ་དང༌། གཞན་ཡང་སྣང་བ་སེམས། སེམས་སྟོང་པ། སྟོང་པ་ལྷན་སྐྱེས། ལྷན་ཅིག་སྐྱེས་པ་ཆོས་སྐུར་ངོ་སྤྲོད་པའི་ཚུལ་སོགས་མཐའ་ཡས་པ་འབྱུང་ངོ༌། །གང་ལྟར་


LT09,P082A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཀའ་ཚོམ་ལས། གང་ཡང་ཉམས་སུ་མ་བླངས་ན། །དེ་ཉིད་ཉམས་སུ་བླངས་པ་ཡིན། །ཉམས་ཞེས་བྱ་བ་བློས་བྱས་ཡིན། །ཡང་དག་དོན་ལ་མྱོང་རྒྱུ་མེད། །ཅེས་གསུངས་པ་ལྟར་མཉམ་གཞག་ཏུ་རྩོལ་མེད་ཀྱི་དྲན་པས་སྨྲ་བསམ་བརྗོད་མེད་ཀྱི་རང་ངོ་བསྐྱངས་ནས་ཆོས་སྐུ་སྟན་ཐོག་གཅིག་ཏུ་བསྒྲུབ་པ་སྟེ། གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་སོགས་གསུངས་སོ། །རྗེས་ཐོབ་ཏུ། །ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་བྲོད་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས་པ་ལྟར་བདུད་བཞི་དབྱིངས་སུ་བཅད། གསུམ་པོའང་སྙེམས་བྱེད་ཁོ་ནར་འདུ་སྟེ། བཀའ་ཚོམ་ལས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །བདུད་ལ་རྣམ་པ་བཞི་རུ་དབྱེ། །དེའང་སྙེམས་བྱེད་བདུད་དུ་འདུས། །ཞེས་སོ། །ཐབས་གང་གིས་གཅོད་པའང་སྔ་མ་ལས། རེ་དོགས་བྲལ་བ་གཅོད་ཀྱི་མཆོག །སྤང་བླང་གཉིས་ཀྱི་མཐའ་དང་བྲལ། །གཟུང་འཛིན་ཐག་པ་བཅད་གྱུར་ན། །ངེས་པར་སངས་རྒྱས་ས་ལ་འགྲོ། །ཞེས་སོ། །ཚུལ་ཇི་ལྟར་གཅོད་ན། ཁ་འཐོར་ལས། གང་ལ་བཅད་པར་དཀའ་བ་ལ། །ཉམ་ང་མེད་པར་ཐོག་བརྫིས་གྱིས། །ཉམས་དང་རྟོགས་པ་བོགས་ཐོན་ནས། །རྩལ་དང་ཡོན་ཏན་རྫོགས་པར་འགྱུར། །ཞེས་སོ། །དུས་ནམ་ཞིག་གཅོད་ན། །ལེ་ལག་ལས། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །གདམས་ངག་གཞན་དང་མི་འདྲ་སྟེ། །གཞན་ནི་ཕྱི་དུས་འདེབས་པ་ཙམ། །འདི་ནི་ད་ལྟ་ཉིད་དུ་གཅོད། །ཆོད་དམ་མ་ཆོད་གཉན་སར་བལྟ། །གཞན་ནི་རྣམ་རྟོག་རིམ་གྱིས་སྤོང༌། །འདི་ནི་ད་ལྟ་ཉིད་དུ་


LT09,P082B
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེ། །ཞེས་སོ། །གཞན་ཡང་འཕྲུལ་གཅོད་ལས། རབ་ཆོས་ཉིད་ལྟ་བའི་གཅོད། འབྲིང་དབང་གྱུར་འདྲེན་པའི་གཅོད། ཐ་མ་རྣམ་རྟོག་སྤྲོས་པ་གཅོད་པ་དང་གསུམ་གྱི་རྣམ་གཞག་ཀྱང་འབྱུང་ངོ༌། །དེ་ལྟར་ལྟ་སྒོམ་གྱི་རྣལ་འབྱོར་གྱིས་གཉན་ཁྲོད་སྟན་ཐོག་ཏུ་ཆོད་ནས་རོ་སྙོམས་ལམ་དུ་ཁྱེར་ཏེ་ཉམས་རྟོགས་བཙན་ཐབས་སུ་སྐྱེད་པའི་བོགས་འདོན་དུ་མཚན་ཉིད་དང་ལྡན་པའི་གཉན་ཁྲོད་དུ་འགྲོ་ལུགས་རྣམ་པ་བཞིས་བགྲོད་དེ་བརྟུལ་ཞུགས་ལམ་དུ་བསླང་བར་བྱ་སྟེ། ལེ་ལག་ལས། གཉན་སར་སོང་ལ་རིག་པ་སློངས། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །གཞན་ནས་འབྲས་བུ་ཕྱི་དུས་འདེབས། །འདི་ནི་མངོན་སུམ་འབྱུང་བ་ཡིན། །ཅེས་སོ། །དེ་ལའང་ཐོག་མར་གནས་ལྷ་འདྲེ་བདག་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གྱིས་ཕྱི་ལྷ་འདྲེ་བར་ན་ཚ་ནང་རྣམ་རྟོག་བསླངས་པར་གྱུར་པ་ན། མ་ཅིག་གི་ཞལ་ནས། བེམས་རིག་ཕྲལ་ལ་དབྱིངས་རིག་བསྲེ། །སྟོང་ཉིད་ངང་ལ་ཅི་གནས་བཞག །ཉམས་ལེན་ཕུང་པོ་གཟན་དུ་བསྐྱུར། །ཅེས་མཉམ་གཞག་ཏུ་དབྱིངས་རིག་བསྲེ། རྗེས་ཐོབ་ཏུ་ཕུང་པོ་གཟན་བསྐྱུར་བྱ་བར་གསུངས་པའི་དང་པོ་ནི། གཞུང་ཆུང་ལས། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་རིག་བསྲེ་བའི་ངང་ཉིད་དུ། །དངོས་དང་མཚན་མ་དགག་པའོ། །དམིགས་པར་འཛིན་པ་རབ་སྤངས་ཏེ། །གཟུང་དང་འཛིན་པ་གཉིས་བྲལ་བས། །ལུས་དང་སེམས་ནི་མ་བཅོས་པ། །ནམ་མཁའ་སྟོང་བས་གར་ཁྱབ་ནི། །རྒྱ་བསྐྱེད་ཁྱབ་གདལ་ཆེན་པོར་གཞག །ཅེས་ཉམས་ལེན་གྱི་ངོ་བོ་དང༌། གཉན་སར་ཕྱིན་ནས་ལྷ་འདྲེ་ཡི། །གཟི་བྱིན་བྱུང་ན་བེམས་རིག་ཕྲལ། །ལུས་ནི་བེམས་པོ་རྡོ་དང་མཚུངས། །སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུས་གནོད་སུ་ལ་གནོད། །དེ་ལྟར་བསམ་སྟེ་ཆོས་ཉིད་ལ། །ཉམ་ང་བག་ཚ་མེད་པར་བཞག །ཅེས་བྱེ་བྲག་


LT09,P083A
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཉམས་ལེན་བསྟན་པ་ལྟར་རོ། །གཉིས་པ་ནི། ཏིང་ངེ་འཛིན་དེའི་རྗེས་ཐོག་ཏུ་དཀར་ཚོགས་ལམ་ཁྱེར་སྐོར་གསུམ་གྱིས་ཞི་བ། འཕེན་ལེན་དམར་འགྱེད་སྐོར་གསུམ་ལ་སོགས་པས་དྲག་པོ། དེ་དག་སྤེལ་མ་དང་ཁྲ་འགྱེད་སོགས་ཞི་དྲག་སྤེལ་མས་བཟང་ངན་གྱི་རྟོག་པ་རོ་སྙོམས་ཤིང༌། ཕྱི་ལྷ་འདྲེ་ནང་བདག་འཛིན་བདག་མེད་ཀྱི་མཐའ་ལ་གཏད་པས་བོགས་དབྱུང་བས་ཐོག་མར་གོང་སྨོས་ལྟར་བདག་འཛིན་རྣམ་རྟོག་སྟོང་པའི་རང་གཟུགས་སུ་བསླངས་པ་དང༌། མཐར་གནས་སྐབས་ཀྱི་ཚར་ཚད་ལེ་ལག་ལས། དངོས་གྲུབ་ཀླུ་དང་བདུད་ལས་འབྱུང༌། །ཡོན་བདག་བཙན་དང་རྒྱལ་པོས་བྱེད། །ཟས་ནོར་མ་མོ་མཁའ་འགྲོས་སྦྱར། །སྙན་པ་སྣང་སྲིད་ལྷ་འདྲེས་བསྒྲགས། །ཞེས་པ་ལྟར་དང༌། མཐར་ཐུག་གདིང་ཆེན་གསུམ་དང་མ་བྲལ་ན་བློ་བདེ་བར་མཆིའོ། །ཞེས་གསུངས་པ་ལྟར་གདིང་ཆེན་གསུམ་ཐོབ་ནས་ས་ལམ་རང་ཤུགས་ལ་རྫོགས་པར་འགྱུར་རོ། །ལྟ་སྤྱོད་དེ་ལྟར་འཛོམ་པ་ནི་གཅོད་མཁན་མཆོག་ཏུ་གྱུར་པ་ཡིན་ཏེ། བཀའ་ཚོམ་ལས། ལྟ་སྤྱོད་འཛོམ་པའི་རྣལ་འབྱོར་ནི། །དཔའ་བོའི་ལག་ན་མཚོན་ཐོགས་འདྲ། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་དང་སྙེམས་བྱེད་མ་ལུས་འཇོམས། །ཞེས་སོ། །ལྟ་བའི་གདིང་དང་མི་ལྡན་པར་ཐོ་ཅོ་སྣ་ཚོགས་བྱེད་པ་ནི་གཅོད་ལོག་ཅེས་བྱ་བ་ནོར་ས་རྔམ་པོ་ཆེ་ཡིན་པར་གསུངས་ཤིང༌། ལྟ་བ་དང་ལྡན་ཀྱང་སྤྱོད་པ་ལམ་དུ་སློང་མ་ནུས་ནའང་མི་ཕན་ཏེ། ཡང་ཚོམ་ལས། རྐྱེན་བྱུང་གྲོགས་སུ་མ་གོ་ན། །ལྟ་བ་མཐོ་ཡང་གོལ་ས་ཡིན། །གདམས་ངག་ཁོང་དུ་མ་ཆུད་ཅིང༌། །གོ་བ་གདིང་དུ་མ་ཆུད་པར། །ཚིག་ཐོས་ཙམ་ནས་ཐག་མ་བཅད། །ཅེས་གདམས་སོ། །མདོར་ན་ལེ་ལག་ལས། ཉེན་ནི་ལྟ་བ་ལོག་ན་ཆེ། །དགྲ་ནི་དམ་ཚིག་ལོག་


LT09,P083B
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡང༌། །བགེགས་ནི་རང་སེམས་འཁྲུགས་ན་ལངས། །དུག་ནི་བདག་འཛིན་རྟོག་པས་བསྐྱེད། །ཅེས་སྤང་བྱའི་ཕྱོགས་སུ་མ་ཤོར་བ་དང༌། ཡང་ཚོམ་ལས། གནས་གནད་རི་ཁྲོད་འགྲིམ་པར་གཅེས། །ལུས་གནད་རྩ་བཞི་གློད་པར་གཅེས། །ངག་གནད་ཉམས་དབྱངས་ལེན་པར་གཅེས། །སེམས་གནད་འདུ་ཤེས་བཤིགས་པར་གཅེས། །ཞེས་བསྒྲུབ་བྱའི་གནད་བཞི་དང་མ་བྲལ་བ་དང༌། ནད་པ་འདྲེ་ལ་གཏད་པས་གནོད་མེད་རང་སར་གྲོལ། །སྐྱེལ་མ་དགྲ་ལ་བཅོལ་བས་འཇིགས་མེད་མཐའ་རུ་བསྐྱལ། །ལམ་ཁྱེར་རྐྱེན་ལ་བྱས་པས་མི་མཐུན་འགལ་རྐྱེན་མེད། །རྐྱེན་ངན་ནང་དུ་ཆོད་པས་ཡུལ་ན་དགྲ་མེད་འདྲ། །ཞེས་བརྟུལ་ཞུགས་ལམ་དུ་བསླང་ཚུལ་དང༌། ལེ་ལག་ལས། ཉོན་མོངས་རྣམ་རྟོག་སྐྱེས་པ་དང༌། །ཆགས་སྡང་བདེ་སྡུག་མྱོང་བའི་ཚེ། །དེ་ནི་བདུད་ཡིན་ཉམས་སུ་ལོངས། །དེ་ཚེ་གཅོད་ཀྱི་གཉེན་པོར་ཟུངས། །ཞེས་གཅོད་ཡུལ་གོ་ལོག་དང༌། ཉམས་ལེན་ལུས་སྦྱིན་ལ་རེ་བ་མ་ཡིན་པར་རྣམ་རྟོག་ནང་དུ་གཅོད་པ་དང༌། ལེའུ་ལག་ལས། གཅོད་ཡུལ་འདོད་པ་མང་ལགས་ཀྱང༌། །ཚེ་འདིའི་གྲགས་པ་འདོད་པ་ལས། །ཉམས་ལེན་བྱེད་པ་ཉུང་བར་གདའ། །དེས་ན་དེ་ལ་སྦྱིན་མི་བྱ། །ཞེས་མི་བསྟན་པའི་སྣོད་དང༌། རྫོགས་པའི་སངས་རྒྱས་སྒྲུབ་འདོད་པས། །དབེན་པར་སོང་ལ་ཉམས་སུ་ལོངས། །གཉན་སར་སྡོད་ལ་ཤེས་པ་སྡོམས། །མ་ཡེངས་གློད་དང་གྲོལ་བར་ངེས། །ཞེས་གདམས་པའི་གནད་སྤྱིའི་ལམ་འབྲས་བུ་དང་བཅས་མདོར་བསྡུས་ཏེ་གསུངས་པ་སོགས་ངེས་པར་བྱ་དགོས་སོ། །བདུན་པ་སྦྱོར་བ་ཡན་ལག་དྲུག་གི་སྒོམ་རིམ་བཤད་པ་ལ་ལྔ། ཁུང་དང་འབྲེལ་བའི་ཆེ་བ་བརྗོད། བསྙེན་སྒྲུབ་ཀྱི་ཆིངས་མདོར་བསྟན་དུ་བཅིངས། རྡོ་རྗེའི་རྣལ་འབྱོར་སོ་སོའི་དོན་རྒྱས་པར་བཤད། ཞར་བྱུང་


LT09,P084A
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གི་རྣལ་འབྱོར་གཞན་བསྟན། རྒྱུ་འབྲས་ཀྱི་འབྲེལ་དང་ཉམས་རྟགས་འབྲས་བུ་མདོ་ཙམ་སྨོས་པའོ། །དང་པོ་ནི། རྩ་རྒྱུད་རྒྱས་པའི་དངོས་བསྟན་ཡན་ལག་དྲུག །རྫོགས་རིམ་སྐྱེལ་སོ་རྡོ་རྗེའི་རྣལ་འབྱོར་ནི། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་པའི་དོན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དུ་མ་སྦས་ཤིང་གསལ་བར་བསྟན་ལ། མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་རྩ་བའི་རྒྱུད་རྒྱས་པ་ཐམས་ཅད་དུ་དགོངས་པ་གཅིག་དང་དབྱངས་གཅིག་གིས་དངོས་སུ་བསྟན་པའི་དོན་མཆོག །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་འདི་ནི་རྫོགས་པའི་རིམ་པ་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེལ་སོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དུ་གྲགས་པ་སྟེ། དེའི་ངོ་བོ་ནི། རྩ་བའི་རྒྱུད་དང༌། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པ་དང༌། དཔལ་མཁའ་འགྲོ་རྒྱ་མཚོ་ལས་ཀྱང༌། བསྒོམ་བྱ་ཡན་ལག་དྲུག་དང༌། བོགས་འབྱིན་སྤྱོད་པ་དང༌། ཐོབ་བྱ་འབྲས་བུ་སྟེ་དོན་ཚན་བརྒྱད་ཀྱིས་ལམ་འབྲས་རྫོགས་པར་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་དང་གུར་བརྟག་གཉིས་ལས་ཀྱང་མི་གསལ་བའི་ཚུལ་གྱིས་དོན་རྫོགས་པར་བསྟན་ལ། གཞན་ཡང་རྒྱུད་སྡེ་ཐམས་ཅད་ལས་ལམ་འདི་ཉིད་བསྟན་པ་ཡིན་ནོ། །གཉིས་པ་ནི། ཡིད་ཆེས་གསུམ་དང་ལྡན་པས་ཉམས་གླང་སྟེ། །ལྟོས་མེད་བཞི་ཡིས་རྫོགས་པའི་ལྷ་སྐུ་བསྙེན། །སོར་བསམ་སྲོག་འཛིན་དངོས་གཞི་ཉེར་སྒྲུབ་ཅིང༌། །འདོད་ཆགས་རྗེས་སུ་དྲན་པས་ཆགས་ཆེན་སྒྲུབ། །ལམ་འདི་ལ་ཚུལ་ཇི་ལྟ་བུས་དཀྲི་ན། ཡིད་ཆེས་རྣམ་པ་


LT09,P084B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ལྡན་པས་ཉམས་སུ་བླང་དགོས་ཏེ། དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། འདི་གསུམ་གྱི་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་ཏེ། དེའང་རྒྱུད་ལ་ཡིད་ཆེས་པ་ནི། རྫོགས་པའི་སངས་རྒྱས་ཀྱིས་ཞལ་ནས་གསུངས་ངེས་པའི་རྒྱུད་རྣམ་པར་དག་པའི་དངོས་བསྟན་ཚིག་ཟིན་ལས་ཐོན་པའི་ངེས་དོན་གྱི་མན་ངག་ཏུ་ཡིད་ཆེས་པ་མཁས་གྲུབ་ཚད་ལྡན་གྱིས་བཀྲལ་བའི་དོན་ནོ། །བླ་མ་ལ་ཡིད་ཆེས་པ་ནི། དེ་ལྟ་བུའི་ཆོས་དེ་སངས་རྒྱས་ནས་རང་ཉིད་ཀྱི་བར་དུ་བླ་མ་བརྒྱུད་པ་མ་ཆད་ཅིང༌། ལམ་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པའམ། རྒྱུད་དང་མཐུན་པར་ཉམས་མྱོང་ཁྱད་པར་ཅན་ཤར་བའི་བྱིན་རླབས་མ་ཉམས་པར་ཡིད་ཆེས་པའོ། །བདག་ཉིད་ལ་ཡིད་ཆེས་པ་ནི། རང་གིས་བསྒོམས་པས་ཉམས་མྱོང་ཤར་ཞིང་ཤར་བ་དེའང་རྒྱུད་ནས་བཤད་པ་དང་མཐུན་པ་དང༌། བླ་མས་ཇི་སྐད་བསྟན་པ་བཞིན་དུ་གྱུར་པས་ཉམས་མྱོང་དང་རྒྱུད་དང་མན་ངག་གསུམ་ལ་ཡིད་ཆེས་ཐོབ་པའོ། །ཡིད་ཆེས་འདི་གསུམ་དང་ལྡན་ན་ཆོས་ལ་རྒྱུ་མཚན་ཤེས་ནས་དང་པོ་དད་པ་ཐོབ་པ་ཡིན་ཅིང༌། དེ་ལས་མཆོག་གི་དངོས་གྲུབ་ཐོབ་པའི་ལམ་རྣམ་པར་དག་པར་འགྱུར་རོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་དངོས་གཞི་དང་བཅས་པ་ནི་བསྙེན་སྒྲུབ་ཡན་ལག་བཞིས་བསྡུས་པ་སྟེ། བསྡུས་རྒྱུད་ལས། བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས་ཀྱིས་བསྙེན་པ་སྟེ། །སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བའི་སྒྲུབ་པར་འགྱུར། །དགའ་བ་ལ་སོགས་


LT09,P085A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་སྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་སྦྱར་ལ་གང་ཚེ་འཕོ་མེད་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོར་འགྱུར། །ཞེས་གསུངས་སོ། །དེའང་སྤྱིར་རྫོགས་རིམ་དངོས་གཞི་ལ་བསྙེན་སྒྲུབ་ཡན་ལག་བཞིའི་དབྱེ་བ་མཛད་པ་མང་མོད་ཀྱང༌། སྐབས་འདིར་ནི་རྫོགས་རིམ་གྱི་སྔོན་འགྲོ་དངོས་གཞི་སྦྲགས་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚར་གཅིག་བརྩི་དགོས་པ་ལས། སྔོན་འགྲོ་ལྟོས་མེད་བཞི་ཡིས་རྫོགས་རིམ་གྱི་ལྷ་སྐུའི་གཞི་འདིང་བར་བྱེད་པས་བསྙེན་པའི་ཡན་ལག་སོར་བསམ་སྲོག་འཛིན་རྣམས་དངོས་གཞི་ལྷ་སྐུ་དེ་ཉིད་ཉེ་བར་སྒྲུབ་པའི་ཡན་ལག་ཕྱག་རྒྱ་གསུམ་གྱིས་འདོད་ཆགས་རྗེས་སུ་དྲན་པ་ནི་ཆགས་ཆེན་མི་འགྱུར་བའི་བདེ་བ་སྒྲུབ་པའི་ཡན་ལག་ཏིང་ངེ་འཛིན་ཡེ་ཤེས་མཆོག་གི་སྐུ་དངོས་སྒྲུབ་པར་བྱེད་པས་སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ལ་རྒྱུད་ཚིག་རྐང་པ་དང་པོའི་དོན་དྲི་མེད་འོད་ལས། འདིར་ལས་དང་པོ་པས་དང་པོར་སྒྲུབ་ཐབས་ཀྱི་ཆོ་གས་བསྙེན་པར་བྱ་སྟེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་བྱ་ལ། ཕྱི་རོལ་ཏུ་བདུད་རྩི་ལྔ་ནི། བཤད་པ་ལ་སོགས་པ་དང༌། སོགས་པའི་སྒྲས་གོ་ཀུ་ལ་སོགས་པ་སྟེ་ལྷ་མཉེས་པའི་དོན་དུ་དེ་རྣམས་ཟབ་བསྙེན་པའོ། །ནང་དུ་བདུད་རྩི་ལྔ་ནི། ཕུང་པོ་ལྔ་སྟེ། སོགས་པའི་སྒྲས་དབང་པོ་ལྔ་ནི་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང་རྫས་ལ་སྲེད་པ་ཡོངས་སུ་སྤངས་པའོ། །བསྙེན་པ་དེས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི། བཤད་པ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་དང་ཞེས་པ་ནི། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། སེམས་ཀྱི་ལོངས་སྤྱོད་ལ་ལྟོས་


LT09,P085B
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་དང༌། ངག་དང༌། སེམས་དང༌། ཚངས་པར་སྤྱོད་པའི་སྡོམ་པའོ། །ཞེས་པའི་དོན་ནོ། །འདིས་ལྷ་རྣམས་མཆོག་སྟེར་བར་འགྱུར་གྱི་སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ལྟོས་མེད་བཞི་ལྡན་འདི་ལ་སྤྱི་སྐད་དུ་དབེན་གསུམ་བསྟེན་པ་ཞེས་ཀྱང་བྱ་སྟེ། ལུས་བྱ་བྱེད། ངག་སྨྲ་བརྗོད། སེམས་རྣམ་རྟོག་གིས་དབེན་པའོ། །དངོས་གཞི་ཡན་ལག་དྲུག་པོ་རྡོ་རྗེ་བཞིའི་རྣལ་འབྱོར་ཡིན་པས། དེའི་གཞི་འདིངས་པའི་སྔོན་འགྲོ་ལ་ཡང་ལྟོས་མེད་བཞི་པོ་དགོས་པས་ཆུ་གཏེར་རྡོ་རྗེ་ཞེས་གསུངས་པའི་ཕྱིར། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར། དེ་བཞིན་དུ་ངག་ལ་ལྟོས་མེད་སྲོག་འཛིན་གསུང་དང༌། སེམས་ལ་ལྟོས་མེད་རྗེས་དྲན་ཐུགས་དང༌། འཕོ་བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ཏིང་ངེ་འཛིན་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་གྱི་གཞི་བདིངས¿ གདིངས¿ ་པའི་སྔོན་འགྲོ་ཡིན་ནོ། །འདི་རྣམས་ཀྱི་སྒྲ་དོན་ཀྱང་མཆོག་གི་དངོས་གྲུབ་ལ་ཁད་ཉེ་བར་འགྲོ་བས་བསྙེན་པ་སྟེ། དཔེར་ན་གྲོང་ཁྱེར་དུ་འགྲོ་བའི་ལམ་དམིགས་པ་བཞིན་ནོ། །ཉེ་བར་སྒྲུབ་པ་ནི་སྒྲུབ་པ་ལ་ཉེ་བའི་དོན་ཏེ། ལམ་དེར་འགྲོ་བའི་གྲབ་བྱེད་པ་དང་འདྲའོ། །སྒྲུབ་པ་ནི་འབྲས་བུ་ཐོབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ལ་འཇུག་པའི་མགོ་བརྩམས་པ་ཙམ་སྟེ། ལམ་དེར་ཞུགས་ནས་འགྲོ་བ་དང་འདྲའོ། །སྒྲུབ་པ་ཆེན་པོ་ནི་བར་མ་ཆད་པ་འབྲས་བུ་ལ་སྦྱོར་བའི་དོན་ཏེ། གྲོང་ཁྱེར་གྱི་སྒོ་ལ་འཇུག་པ་དང་འདྲའོ། །གསུམ་པ་ལ་དྲུག་སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་ཡན་ལག་གོ །དང་པོ་ནི། ལྟ་སྟངས་བྱེད་བཅིངས་གནད་ཀྱིས་འགྲེལ་བ་ཀུན། །སོ་སོར་བཅད་ཅིང་རྣམ་ཤེས་ནང་དུ་སྡུད། །གཞན་གྱི་


LT09,P086A
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྔར་ཡེ་ཤེས་དབང་པོ་སྤྱོད། །ཐབས་ཤེས་དཀྱིལ་འཁོར་འགགས་པས་རྟགས་བཅུ་རྫོགས། །དེའང་རྒྱུད་ཀྱི་རྒྱལ་པོ་ལས། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་འབྱུང་བས། གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟ་སྟངས་དང༌། ལུས་བྱེད་པ་བཅིངས་པའི་གནད་ལྡན་པས། ཐ་མལ་པའི་དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་བ་ཀུན་སོ་སོར་བཅད་ཅིང་ཡུལ་ལ་རྣམ་ཤེས་ཡན་པ་ནང་དུ་སྡུད་པ་དང༌། འོད་གསལ་གྱི་རང་བཞིན་གཞན་གྱི་ཡུལ་ལྔ་ལ་ཡེ་ཤེས་ཀྱི་རང་བཞིན་གྱི་དབང་པོ་གཞན་ལྔ་སྤྱོད་པ་སྟེ། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རབ་ཏུ་འཇུག་པ་མེད་པའོ། །ཞེས་སོ། །རྣལ་འབྱོར་གྱི་རིམ་པ་དེས་གཡས་གཡོན་ཐབས་ཤེས་ཀྱི་དཀྱིལ་འཁོར་དབུ་མར་འགགས་པས་རྟགས་བཅུ་མྱུར་ཏུ་རྫོགས་པར་འགྱུར་ཏེ། གྲུབ་ཆེན་ཤ་བ་རི་པའི་ཞལ་ནས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང༌། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་སོ། །འདིར་གོང་མ་མང་པོ་དག་དུས་ཞབས་སྙན་བརྒྱུད་ལས། ཀུན་ལའང་དྲུག་ཏུ་ཤེས་བྱ་སྟེ། ཅེས་པའི་གོ་དོན་དུ་མཛད་ནས། ཡན་ལག་ཐམས་ཅད་ལ་ས་བཅད་དྲུག་གིས་འཆད་པར་མཛད། དེའང་སོ་སོའི་མཚན་དོན། སྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ཡན་ལག །བསྒོམ་པའི་རྟགས་ཚད། དག་བྱ་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་འབྲས་བུ་སྟེ་དྲུག་གོ །དེ་ལ་འདིར་སོར་སྡུད་ལ་དང་པོ་སྒྲ་དོན་ནི། པྲ་ཏི་སོ་སོ། ཨཱ་ཧ་ར་སྐབས་ཐོབ་ཀྱིས་སྡུད་པ། སྤོང་བ། ཟ་བ། གཅོད་པ། ལེན་པ་སོགས་ལ་འཇུག་པ་ལས། སྐབས་འདིར་སྡུད་པ་སྟེ། མཚམས་སྦྱར་བས་པྲ་ཏྱཱ་ཧ་ར་སོ་སོར་སྡུད་པ་སྟེ། གོ་དོན་ནི་གོང་


LT09,P086B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་པ་ལྟར་རོ། །གཉིས་པ་ནི། སོར་སྡུད་ཐོག་མར་སྒོམ་པའི་སྐབས་ཀྱི་ལན་གཅིག་པོ་དེ་ལ་རླུང་སྣ་བུག་གཡོན་ནས་གཡས་སུ་འཕོས་མ་ཐག་པ་ས་རླུང་འབབ་པའི་དུས་དེར་བསྒོམ་ན་གཡས་ཀྱི་འཕོ་བ་རྣམས་འབྱུང་བ་སྡུད་རིམ་ཀྱིས་རྒྱུ་བ་ཡིན་བས་མ་དག་པའི་སྣང་བ་དབྱིངས་སུ་བསྡུ་བའི་རྟེན་འབྲེལ་ཁྱད་པར་ཅན་དུ་འགྱུར། གཞན་ཡང་ལས་དང་པོ་པས་གཉིད་ཀྱི་དུས་མ་གཏོགས་འབད་ནས་བསྒོམ་པའོ། །གསུམ་པ་ངོ་བོ་ནི། རྣམ་པར་མི་རྟོག་པ་མི་གཡོ་གསུམ་ལྡན་གྱིས་རླུང་དབུ་མར་སྡུད་པའི་ནུས་པ་ཅན་ཞིག་སྟེ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ནི། སྣོད་ཆགས་འཇིག་བཅུད་སྐྱེ་འཆི། ལོ་ལ་བགྲོད་པ། ཟླ་བར་ཕྱོགས། ཞག་ལ་ཉིན་མཚན། ཁམས་འཕོ་བ་ལ་གཡས་གཡོན་གཉིས། །དུས་སྦྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་དང་མི་མཉམ་པ་གཉིས་སོགས་ཐབས་ཤེས་ཀྱི་དབྱེ་བའི་དག་པས་ཉིན་མཚན་གྱི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ནོ། །དེ་ལྟར་ཡང༌། རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང༌། །ཞེས་སོ། །ཁྱད་པར་དུ་ཡང་འདིའི་གནད་ནི། མཚན་མོའི་རྣལ་འབྱོར་གྱིས་གཡས་ཀྱི་དཀྱིལ་འཁོར་ལྔ་དང༌། ཉིན་མོའི་རྣལ་འབྱོར་གྱིས་གཡོན་གྱི་ལྔ་རྣམས་དབུ་མར་བསྡུས་པས་ཉིན་མཚན་གྱི་རྟགས་ངེས་པ་བཅུ་སོགས་འཆར་བ་ཡིན་ཏེ། གཙོ་ཆེ་བའི་དབང་དུ་བྱས་པའོ། །བཞི་པ་ནི། སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱི་ཡུལ་རྟགས་བཅུ་སྟེ། རྒྱུད་ལས། སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །ཞེས་མཚན་མོའི་རྣལ་འབྱོར་གྱི་རྟགས་བཞི་དང༌། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་སྟེ། རྟགས་


LT09,P087A
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ངེས་པའི་རྟགས་ཡིན་ལ། བཅུ་པོ་དེ་དག་གང་རུང་རེའི་ཁོངས་སུ་གཏོགས་པ་ཡིན་ཀྱང༌། རྣམ་པ་མ་ངེས་པའི་རྟགས་ནི་མཐའ་ཡས་པ་ཞིག་པས་སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ། །དེའང་ཆོས་ཉིད་དོན་དམ་པའི་ཡེ་ཤེས་རང་ལ་བཞུགས་ཤིང༌། ལམ་བསྒོམས་པས་དེ་མངོན་དུ་འགྱུར་བ་ལ་ཡིད་ཆེས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རྟགས་ཞེས་བྱ་ཡིས། ཀུན་རྫོབ་འཁྲུལ་སྣང་གི་རྟགས་ཙམ་ནི་མ་ཡིན་ནོ། །དེ་ལྟར་རྟགས་དེ་རྣམས་ལ་མཐོང་བའི་ཤེས་པ་ནི་ཚད་མ་སྟེ། དེའང༌། རྒྱུད་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དང་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་པ་ལྟར་བསྐྱེད་རིམ་གྱི་ཚད་མ་ནི་རྗེས་དཔག་ཡིན་ལ། རྣལ་འབྱོར་ཡན་ལག་དྲུག་གི་ཚད་མ་མཐའ་དག་མངོན་སུམ་ཡིན་ནོ། །མངོན་སུམ་ཡང་མཚན་ཉིད་ཀྱི་སྒོ་ནས་དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རྣལ་འབྱོར་གྱི་མངོན་སུམ། རང་རིག་པའི་མངོན་སུམ་སྟེ་རྣམ་པ་བཞི་ཡོད་ལ། ངོ་བོའི་སྒོ་ནས་མངོན་སུམ་གཅིག་ཡིན་པས། ཡན་ལག་དྲུག་པོ་སོ་སོའི་སྐབས་ཀྱི་མངོན་སུམ་ཐམས་ཅད་ལ་མངོན་སུམ་བཞི་ཅར་གྱི་མཚན་ཉིད་ཆ་ཤས་རེ་ཚང་མོད་ཀྱང༌། སྐབས་འདིར་དབང་པོའི་མངོན་སུམ་གྱི་མཚན་ཉིད་གཙོ་ཆེ་བ་ཡིན་ལ། དེའི་རྟེན་དབང་པོ་ཡང་སྤྱན་ལྔ་ལས་ཤའི་མིག་ཡིན་ནོ། །དེ་ལྟར་ཡང་དྲི་མེད་འོད་ལས། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ༌། །ཞེས་སོ། །མིག་གི་སྒྲ་ནི། ཨཱཀྵ་སྟེ། དབང་པོ་ཐམས་ཅད་ལའང་འཇུག་པས། གཟུགས་ཀྱི་རྣམ་ཆ་མཐོང་བའི་རྟེན་ཁོ་ན་ལ་མི་བཟུང་གིས། སྟོང་པ་ཉིད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་འཛིན་པ་མཐའ་


LT09,P087B
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འཇུག་སྟེ་འོག་མ་རྣམས་ལའང་འདིས་རིགས་འགྲེའོ། །ལྔ་པ་ནི། ཡན་ལག་དྲུག་པོ་ཐམས་ཅད་ཀྱིས་དྲི་མ་སྦྱང་བར་བྱ་བའི་གཞི་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཁོ་ན་ཡིན་པས་དབྱེ་བ་མེད་ལ། དག་བྱ་ལ་དབྱེ་ན་སྤྱིར་ཕུང་ཁམས་སུམ་ཅུ་སོ་དྲུག་ཡོད་པ་ལས། སོ་སོར་སྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་པོ་དེ་ཡིན་ལ། དག་བྱེད་སོར་སྡུད་ཉིད་ལ་དབྱེ་ན་བཅུ་སྟེ། རྟགས་བཅུ་རིམ་པར་འཆར་བའི་དབང་གིས་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་པས་སོ། །དྲུག་པ་ནི། གནས་སྐབས་ཀྱི་འབྲས་བུ་བདེན་ཚིག་སྒྲུབ་པ་དང༌། སྔགས་འབྲས་གྲུབ་པ་སྟེ། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབས། །ཅེས་གསུངས། མཐར་ཐུག་གི་འབྲས་བུ་ནི། ནམ་ཞིག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ། །གཉིས་པ་སྟོང་པའི་གཟུགས་བརྙན་བརྟན་པར་བྱེད་པ་བསམ་གཏན་གྱི་ཡན་ལག་ནི། གཟུགས་སེམས་མཉམ་འཇོག་བསམ་གཏན་ཡན་ལག་ལྔ། །རྫོགས་པའི་ངེས་གསུམ་སྣང་བརྙན་ཆོས་ལྔ་ལྡན། །དེའང་དྲི་མེད་འོད་ལས། ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་གསུངས་པས། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འོད་གསལ་དེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་ཅིང༌། གནས་པ་དང་འགྱུར་བ་ལ་རང་ཅི་འདོད་དུ་དབང་ཐོབ་པར་བྱེད་པའི་བསམ་གཏན་རྟོག་དཔྱོད་སོགས་ཡན་ལག་ལྔ་ལེགས་པར་རྫོགས་པ་ན། ཡུལ་ངེས་པ་ཐིག་ལེ་ཆེན་པོ། དུས་ངེས་པ་མཉམ་རྗེས་ཐམས་ཅད། རྣམ་པ་ངེས་པ་མཚན་དཔེ་ཡོངས་སུ་རྫོགས་


LT09,P088A
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ངེས་པ་གསུམ་དང་ལྡན་པའི་སྣང་བརྙན་རབ་འབྱམས་ཆོས་ལྔ་ལྡན་དུ་འཆར་བར་འགྱུར་རོ། །དེ་ལའང་མཚན་དོན་སོགས་དྲུག་གི་དང་པོ་ནི། དྷྱཱ་ན་ཞེས་པ། དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ཏེ། དེའང་སྒོ་གཏན་ལེགས་པོ་བཙུད་ན་སྒོ་གླེགས་ཁྱར་ཁྱོར་དུ་མི་གཡོ་བར་སྒོ་འབྱེད་གཅོད་ལ་རང་དབང་ཐོབ་པ་ལྟར། དམིགས་པ་ལ་དབང་བར་བྱེད་པའི་དོན་ཏོ། །གཉིས་པ་ནི། སོར་སྡུད་མཐར་ཕྱིན་ན་རབ་ཡིན་ལ། མིན་ནའང་འོད་གསལ་གྱི་རྟགས་སྣང་བརྟན་པོ་ཤར་བའི་དུས་སོ། །གསུམ་པ་ནི། དབང་མདོར་བསྟན་ལས། རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །རྟག་ཏུ་གཟུགས་དེ་བསྒོམ་པར་བྱ། །ཞེས་བསམ་གཏན་གྱི་ངོ་བོ་ནི། འོད་གསལ་རྟགས་སྣང་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཏེ། དེའི་ཡན་ལག་ནི། བསྡུས་རྒྱུད་ལས། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ། །ཞེས་གསུངས་ཏེ། དེའང་འོད་གསལ་རྟགས་བཅུ་ལ་རྩེ་གཅིག་པའི་སེམས་ནི་ཤེས་རབ་ཡིན་ལ། ཇི་སྐད་དུ། རྟོག་པ་ཞེས་པ་ནི་དངོས་པོ་འཛིན་པའོ། །ཞེས་པས་དངོས་པོའི་མིང་ཅན་སྟོང་གཟུགས་ཀྱི་མཚན་ཉིད་ཤེས་པ་ནི་རྟོག་པ་ཡིན་ལ། མཚན་ཉིད་ཤེས་ཚུལ་ཡང་སེམས་པ་ཙམ་མིན་པར་ཉམས་སུ་མྱོང་བའོ། །སེམས་ཉིད་སྟོང་གཟུགས་སུ་ཤར་བ་དེ་ལ་གཟུང་འཛིན་ནམ། ཡུལ་ཡུལ་ཅན་གྱི་རྣམ་རྟོག་དང་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པར་མྱོང་ཞིང་ངེས་པ་ནི་དཔྱོད་པའི་ཡན་ལག་ཡིན་ནོ། །ཏིང་ངེ་འཛིན་གྱིས་དྲངས་པའི་སེམས་ཀྱི་བདེ་བ་ཕྱི་ལ་དམིགས་པ་དང་ནང་ལ་དམིགས་པ་གཉིས་རིམ་གྱིས་འབྱུང་བའི། ཕྱི་ལ་དམིགས་པ་ནི་སྔར་མེད་ཀྱི་ནོམ་པ་ཆེན་པོ་རྙེད་པ་ལྟར་དགའ་ཞིང་སྐྱིད་སྣང་ཤར་བ་སྟེ་བདེ་བའི་ཡན་ལག་ཡིན་ལ། ནང་ལ་དམིགས་


LT09,P088B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཏིང་ངེ་འཛིན་དེ་ཉིད་བདེ་བར་ཤར་བ་མྱོང་བ་ཡིན་ཏེ་གཡོ་མེད་བདེ་བའི་ཡན་ལག་ཡིན། དེས་རྐྱེན་བྱས་ནས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་གྱིས་ཁྱབ་པ་ནི་གཡོ་མེད་བདེ་བའི་ཡང་ཕན་ཡོན་ནོ། །དེའང་དང་པོར་ཤེས་རབ་རྐྱང་པ་སྐྱེ། དེ་ནས་རྟོག་པ་དང་གཉིས་ལྡན་དུ་འབྱུང༌། དེ་བཞིན་དུ་དཔྱོད་པ་དང་གསུམ་ལྡན། དགའ་བ་དང་བཞི་ལྡན། གཡོ་མེད་བདེ་བ་དང་ལྔ་ལྡན་དུ་འབྱུང་སྟེ། དེ་ཙམ་ན་བསམ་གཏན་གྱི་ཡན་ལག་རྫོགས་པར་རྒྱུད་ལ་སྐྱེ་བ་ཡིན་པས། དེ་ཉིད་རྒྱུན་བསྲིངས་ཏེ་བསྒོམས་ན་མཐར་ཕྱིན་པའི་ཡོན་ཏན་རྣམས་མྱུར་ཏུ་སྐྱེ་བར་འགྱུར་རོ། །བཞི་པ་ནི། རྒྱུད་ལས། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་པ་འདིས་བསམ་གཏན་གྱི་ཐུན་མོང་མ་ཡིན་པའི་རྟགས་བསྟན་པ་ཡིན་ཏེ། རྟགས་བཅུས་བསྡུས་པ་སྲིད་པ་གསུམ་མཐའ་དག་གི་གཟུགས་བརྙན་སྔར་སོར་སྡུད་སྐབས་སུ་མཐོང་བ་ལས་ཆེས་ལྷག་པ། གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་པའི་སྣང་བརྙན་ཁ་དོག་སྣ་ཚོགས་པ་དེ་དག་ཀྱང༌། འོད་ཟེར་འཕྲོ་བ། ཆ་ཕྲ་བ། འཚེར་བ། འདར་བ། གཞིག་པར་དཀའ་བ། ཞེས་པའི་ཆོས་ལྔ་ལྡན་རྣམས་ཐིག་ལེ་དུ་མས་མཚན་པ་མཐོང་ཞིང༌། ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་བརྙན་དུ་མ་འཆར་བ་ཡིན་ལ། དེའང་སེམས་ཉིད་དག་པའི་སྣང་བར་རྟོགས་པ་ཡིན་པས། ཀུན་རྫོབ་ལས་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་རང་འཆར་བ་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ལ་སེམས་ནི་བརྟན་པའི་བསམ་གཏན་གྱིས་ཀྱང་ཕྱི་རོལ་གྱི་ནི་དངོས་པོ་རྣམ་པར་སྤོང་བར་བྱེད། །ཅེས་སོ། །ཚད་མ་ནི་སོར་སྡུད་དང་མཚུངས་པ་ལས། དེའི་རྟེན་དབང་པོ་ནི་ལྷའི་སྤྱན་ཏེ། འདིའི་རྒྱུ་མཚན་གྱིས་མངོན་ཤེས་ལྔ་འགྲུབ་པའང་ཡིན་ནོ། །ལྔ་པ་


LT09,P089A
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དག་གཞི་ནི་སྔར་སོར་སྡུད་ཀྱི་སྐབས་སུ་བཤད་པ་བཞིན་ཡིན་ལ། དག་བྱ་ལ་དབྱེ་ན། རྣམ་ཤེས་ཀྱི་ཕུང་པོ་སོགས་ཕུང་ཁམས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཏུ་དབྱེ། དག་བྱེད་བསམ་གཏན་གྱི་ཡན་ལག་ཉིད་ལ་དབྱེ་ནའང་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང༌། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། །དྲུག་པ་ནི། རྒྱུད་ལས། མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་གསུངས་པས། བསམ་གཏན་མཐར་ཕྱིན་པས་གནས་སྐབས་ཀྱི་འབྲས་བུ་མངོན་ཤེས་ལྔ་རང་ཤར་དུ་འབྱུང་བ་ཡིན་ཅིང༌། མཐར་ཐུག་གི་འབྲས་བུ་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བ་ཡིན་ནོ། །གསུམ་པ་ལས་རླུང་དྷཱུ་ཏིར་འགག་པར་བྱེད་བ་སྲོག་རྩོལ་གྱི་ཡན་ལག་ནི། རྩ་ཡི་ལམ་སྦྱང་སྲོག་རྩོལ་དྷཱུ་ཏིར་གཞུག་བུམ་ཅན་བཅིངས་མ་ནུས་ན་བཙན་ཐབས་དགག་འོག་སྒོ་སྟེང་དགྲོལ་ནང་གི་བདུད་རྩི་མྱང༌། །འབར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ། །དེ་ལ་སྲོག་རྩོལ་གྱི་ཡན་ལག་དངོས་མཚན་ཉིད་ཚང་བ་དང༌། སྲོག་རྩོལ་རྗེས་མཐུན་པ་ལས་དང་པོས་བསྒྲུབ་པར་བྱ་བ་གཉིས་སུ་འགྱུར་རོ། །རེ་ཞིག་ཕྱི་མའི་དབང་དུ་བྱས་ནས་བཤད་པར་བྱ་སྟེ། དེའང་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་གདམས་ངག་དང་ར་འབྲོའི་ལུགས་གསུམ་པོ་གཅིག་དྲིལ་གྱི་གདམས་ངག་ཏུ། སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ། འབྱོངས་ནས་འཇམ་རླུང་དགང་གཏོང་གི་སྦྱོར་བས་སྲོག་དབུ་མར་གཞུག་པ། ཞུགས་ནས་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུ་མར་འཆིང་བ། མ་ཆུད་ཅིང་བཅིངས་མ་ནུས་ན་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དག་བཅིངས་པ། བཀག་པས་འོག་སྒོ་བཙན་ཐབས་


LT09,P089B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགགས་ན་སྟེང་གི་སྦྱོར་བས་དགྲོལ་བ། ལྕེ་གསུམ་སྤྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱོང་བ། གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ་ཞིང་འཆི་མེད་སྒྲུབ་པ་སྟེ་རྡོ་རྗེའི་ཚིག་དྲུག་ཅེས་བྱ་བ་ཡིན་པ་ལས། དང་པོ་བཞི་པོ་སྲོག་རྩོལ་གྱི་མན་ངག་དང༌། ཕྱི་མ་གཉིས་འཛིན་པའི་མན་ངག་ཏུ་མཛད་དོ། །འདིར་ཡང་མཚན་དོན་སོགས་དྲུག་གི་དང་པོ་ནི། པྲ་ཎ་ཞེས་པ་སྲོག །ཨ་ཡ་མ་ཞེས་པ་འགོག་པའམ། རྩོལ་བའམ། རིང་དུ་བྱེད་པ་ལ་འཇུག་པས། དེ་མཚམས་སྦྱར་བས། པྲ་ཎཱ་ཡ་མ་ནི། སྲོག་རྩོལ་ལམ། སྲོག་འགོག་པ་ཞེས་བྱའོ། །དེ་ལ་སྲོག་ནི་རླུང་གི་མིང་ཡིན་ལ། དེ་འགོག་པའམ་རྩོལ་བ་ནི་འཇུག་པར་བྱེད་པའི་དོན་ཏོ། །གཉིས་པ་ལ་སྲོག་རྩོལ་གྱི་ཡན་ལག་དངོས་ནི། བསམ་གཏན་གྱི་ཡན་ལག་ལྔ་པ་རྒྱུད་ལ་སྐྱེས་ནས་བསྒོམ་པ་ཡིན་ལ། རྗེས་མཐུན་པ་ནི་ལས་དང་པོ་པས་ཀྱང་སྒོམ་དུ་རུང་ཞིང་ཁྱད་པར་དུའང་ཐོག་མར་དགེ་བའི་སོར་བསམ་གང་རིགས་ལ་ཉམས་མྱོང་ཅུང་ཟད་རྙེད་ནས་བསྒོམ་ན་ཤིན་ཏུ་ལེགས་སོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པོ་སྲོག་རྩོལ་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་ཡིན་ལ། དེའི་གཙོ་བོ་ལྟེ་བ་མན་ཆད་ན་རོ་རྐྱང་དབུ་མ་གསུམ། ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་དྲུག །རླུང་སྲོག་དང་ཐུར་སེལ་གཉིས་རྣམས་སོ། །གཉིས་པ་སྒོམ་པའི་དགོས་པ་ནི། རྒྱུད་ལས། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། ཞེས་དང༌། དུས་ཞབས་པའི་མན་ངག་ལས་ཀྱང༌། མི་འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་པ་ལྟར། འགྱུར་མེད་བདེ་བའི་རྒྱུ་ཚོགས་ཀྱི་ཕྱོགས་གཅིག་སྟོང་གཟུགས་ཕྱག་ཆེན་ཡིན་པ་སོར་བསམ་


LT09,P090A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་ནས་ཀྱང་བསྒྲུབས་པ་ཡིན་ལ། ཕྱོགས་ཅིག་ཤས¿ཤོས་¿རླུང་ལས་རྣམ་པར་རྒྱལ་བ་ཐོབ་ཅིང༌། ཨ་བ་དྷཱུ་ཏིར་བཅིངས་པས་རྡོ་རྗེའི་ལུས་རྣམ་པར་དག་པར་གྱུར་ནས་འཆི་བ་མེད་པ་དང༌། ཐིག་ལེ་ལ་དབང་འབྱོར་བར་བྱེད་པ་ནི་སྲོག་རྩོལ་གྱི་དགོས་པའོ། །གསུམ་པ་དུས་ཇི་ཙམ་དུ་སྒོམ་པ་ནི། རྣལ་འབྱོར་སྒོམ་པའི་ཚེ་རླུང་རྣམས་དབུ་མ་འབའ་ཞིག་ནས་འབབ་པར་གྱུར་གྱི་བར་དུ་སྟེ། དེས་བྱང་ཆུབ་ཀྱི་སེམས་རགས་པ་བཟུང་བཟློག་ལ་དབང་ཐོབ་པར་འགྱུར་ཞིང༌། དབང་པོ་རྣོན་པོས་ཟླ་བ་དྲུག་གིས་དེ་འགྲུབ་པའི་དབང་དུ་མཛད་ནས། རྒྱུད་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ལ་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་སོ། །བཞི་པ་སྲོག་རྩོལ་གྱི་ངོ་བོ་ནི། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ཞི་རབ་ཏུ་ཞུགས་པ་དག་ཏུ་འགྱུར། །ཞེས་གསུངས་ཏེ། རོ་རྐྱང་གི་རླུང་དབུ་མར་དགག་ཅིང་འོག་ཏུ་བཤང་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་དགག་པ་ཡིན་ལ། དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང༌། དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གཅིག་ཏུ་སྡུད་པར་བྱེད་པའི་ཏིང་ངེ་འཛིན་ནོ། །ལྔ་པ་ཇི་ལྟར་སྒོམ་ཚུལ་ལ། ཐོག་མར་བྱ་བ་རྡོ་རྗེའི་བཟླས་པ་ནི། རྒྱུད་ལས། ཟླ་བ་ཉི་མ་ཨ་སོགས་ཀ་སོགས་རྣམས་ཀྱིས་རྣམ་གསུམ་བགྲོད་གནས་སྐུ་ཡི་རྡོ་རྗེ་སོགས་བཟླས་པ། །ཞེས་པས་བསྟན་ཅིང༌། འཇམ་རླུང་དགང་གཏོང་གིས་དབུགས་ཡོ་བ་བསྲང་བ་ནི། ཇི་སྐད་དུ། མཆན་ཁུང་གཡས་དང་གཡས་མིན་དག་ལས་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོག་ནི་བཀག་པ་ལས། །གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་འབབ་གཡོན་པའི་མཆན་ཁུང་ལས་ཀྱང་གཡས་སུའོ། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་སྟེར་འཆི་ལྟས་འཕྲོག་སྟེ་


LT09,P090B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །ཞེས་པས་བསྟན། དངོས་གཞི་དགང་བ་དང་བུམ་པ་ཅན་ནི། ཁ་ཡང་བཙུམ་སྟེ་སྣ་ཡི་བུ་ག་གཉིས་པོ་དག་ནས་ཕྱི་རོལ་དག་གི་རླུང་ནི་མ་ལུས་པ། །སྲོག་གི་ཤུགས་ཀྱིས་བཀུག་སྟེ་དྲི་མ་མེད་པའི་གློག་དང་མཚུངས་པ་ཐུར་སེལ་རླུང་དང་སྦྱར་བྱས་ཏེ། །ཞེས་པས་བསྟན་ཅིང༌། དེའི་ཕན་ཡོན་ཡང༌། ལུས་ལ་ཟས་ལ་སོགས་པ་དང་ནི་བཀྲེས་དང་སྐོམ་པ་འཕྲོག་ཅིང་འཆི་བ་མེད་པ་ཉིད་ཀྱང་སྟེ། །ཞེས་སོ། །གཞན་ཡང་དྲི་མེད་འོད་ལས། དབྱུང་བ་དང༌། དགང་བ་དང༌། བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ། །ཞེས་གསུངས་པས། སྲོག་རྩོལ་གྱི་མན་ངག་ཐ་དད་པ་ཐམས་ཅད་ཀྱང་བསྟན་པ་ཡིན་ནོ། །འདིར་བུམ་པ་ཅན་གཙོ་བོ་ཡིན་པས་ངེས་པར་དགོས་ལ། གཞན་དག་ནི་ཇི་ལྟར་རིགས་པར་ཡང་སྦྱར་རོ། །གནས་སྐབས་སུ་སྲོག་གེགས་མི་འབྱུང་བའི་དོན་ཏུ། རླུང་སྟོབས་རྒྱས་པ་དབུ་མར་འཛུད་པའམ། གེགས་སེལ་གཞན་ཡང་རུང་སྟེ། དེའི་དུས་བསྟན་པ་ནི། སྲོག་རྩོལ་རབ་ཏུ་བྱ་སྟེ་སྙིང་ཁ་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་གདུང་གྱུར་བ། །ཞེས་པ་ལ་སོགས་པའོ། །བཞི་པ་བསྒོམས་པའི་རྟགས་ཚད་ནི། སྲོག་རྩོལ་གྱི་རྟགས་ཐམས་ཅད་གཡས་གཡོན་གྱི་རླུང་བཅུ་དབུ་མར་འགགས་པའི་མཐུ་ལས་བྱུང་བའི་ལུས་ཉམས། ངག་ཉམས། སེམས་ཉམས། མཐོང་ཉམས། རྨི་ཉམས་ཏེ་རྣམ་པ་ལྔར་འདུས་པ་ཡིན་ནོ། །ཚད་མ་ནི། རྣམ་རྟོག་གི་རྒྱུ་རླུང་རྣམས་དབུ་མར་འགགས་པའི་ཡེ་ཤེས་ཡིན་པས་ཡིད་ཀྱི་མངོན་སུམ་གཙོ་བོར་གྱུར་པའི་མངོན་སུམ་བཞིའོ། །ལྔ་པ་ནི། །དག་བྱ་ལ་དབྱེ་ན་འདུ་ཤེས་སོགས་ཕུང་ཁམས་དྲུག་ཚན་གཅིག་ཡོད་ལ། དག་བྱེད་སྲོག་རྩོལ་ཉིད་ལ་དབྱེ་ན། གཡས་གཡོན་གྱི་དཀྱིལ་འཁོར་བཅུ་དབུ་མར་འདྲེས་པའི་


LT09,P091A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་བཅུའོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་རྣམ་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་གསུངས་པ་ལྟར། རོ་རྐྱང་དུ་རྒྱུ་བའི་རླུང་ཡོན་པོ་འགགས་པའི་ཕན་ཡོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་རློབ། ཡེ་ཤེས་ཀྱི་སྣང་བར་གྱུར་པའི་གཟུགས་སོགས་ཡུལ་དྲུག་གི་འདོད་ཡོན་ལ་སྤྱོད། དབང་པོ་དྲུག་གི་མངོན་ཤེས་སྐྱེ། མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། དོན་ཡོད་གྲུབ་པ་སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་བ་ཡིན་ནོ། །བཞི་པ་རླུང་མི་ཤིགས་པའི་ཐིག་ལེ་ཐིམ་པར་བྱེད་པ་འཛིན་པའི་ཡན་ལག་ནི། གཡོ་མེད་འགྲོ་འོང་བྲལ་བར་འཛིན་པ་ཡིས། །འདྲེས་པའི་རླུང་ཉིད་མི་ཤིགས་ཐིག་ལེར་བསྟིམ། །དཔྲལ་བར་སྲོག་ཞུགས་འཛག་མེད་བརྟན་པ་ན། །དེའང་རྒྱུད་ལས། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པས་རྩེ་གཅིག་སེམས་པ་འཛིན་པའོ། །ཞེས་དང༌། ཕྱི་མ་ལས་ཀྱང༌། འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་རོ། །ཞེས་དང༌། དྲི་མེད་འོད་ལས་ཀྱང༌། འདིར་ཐིག་ལེར་ཞེས་པ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་པ་ཞེས་པ་འགྲོ་འོང་དང་བྲལ་བ། རྩེ་གཅིག་སེམས་པ་ཞེས་བྱ་བ་ནི་དཔྲལ་བར་སྲོག་འཛིན་པའོ། །ཞེས་གསུངས་ཏེ། ཤིན་ཏུ་བརྟན་པའི་བུམ་པ་ཅན་གྱི་སྦྱོར་བ་གཡོ་མེད་འགྲོ་འོང་དང་བྲལ་བར་འཛིན་པས། སྲོག་རྩོལ་གྱི་སྐབས་སུ་དབུ་མར་གནས་པའི་རླུང་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་སྔོན་ཡོད་པའི་རིགས་རྒྱུན་ལས་བྱུང་ཞིང༌།


LT09,P091B
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་གོང་བུ་གཅིག་ཏུ་འདྲེས་པའི་སྲོག་ཐུར་གྱི་རླུང་ཉིད་རྩ་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེའམ། གཞོམ་མེད་ཀྱི་ཐིག་ལེར་ཞུགས་ཤིང༌། དེར་འགྲོ་འོང་གི་མཚན་ཉིད་ཅན་གྱི་རླུང་དེ་ཐིམ་པའམ་ཡལ་བ་ཡིན་ལ། དེའང་འཁོར་ལོ་དྲུག་ཅར་དུ་ཡིན་མོད་ཀྱི། འདི་ཉིད་ཀྱི་མཐར་ཐུག་པའི་གནས་ནི་དཔྲལ་བའི་འཁོར་ལོ་ཡིན་པས། སྲོག་གམ་རླུང་ཞུགས་ཤིང་འཛག་མེད་དུ་བརྟན་པ་ན་རྗེས་དྲན་ལ་འཇུག་གོ །འདིར་མཚན་དོན་སོགས་དྲུག་གི་དང་པོ་ནི། དྷཱ་ར་ཎ་ཞེས་པ་འཛིན་པ་དང༌། གཟུང་བྱ་གཉིས་ཀ་ལ་འཇུག་བས་སྣ་ཚོགས་སུ་བསྒྱུར་བ་ཡོད་ཀྱང་འདིར་ནི་རླུང་འགྲོ་འོང་དང་བྲལ་བར་འཛིན་པའི་དོན་ནོ། །གཉིས་པ་ནི། འཛིན་པའི་ཡན་ལག་དངོས་ཀྱི་དབང་དུ་བྱས་ན། རླུང་དབུ་མར་རྟག་ཏུ་འབབ་ཅིང་སྲོག་དང་ཐུར་སེལ་འདྲེས་པའི་དུས་ན་འཛིན་པ་སྒོམ་མོ། །རྗེས་མཐུན་པ་ནི་སྲོག་རྩོལ་དང་འདྲའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ་དོན་ཚན་ལྔའི་དང་པོ་འཛིན་པ་གང་ལ་བྱ་བའི་ཡུལ་ནི། བདེ་བའི་རླུང་སྟེ། མི་ཤིགས་པའི་ཐིག་ལེ་དང་འདྲེས་པའི་རླུང་ངོ༌། །གཉིས་པ་བསྒོམ་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བ་དང༌། མི་འགྱུར་བའི་བདེ་བ་དངོས་སུ་འདྲེན་པའི་སྟོང་གཟུགས་ཁྱད་པར་ཅན་འབྱུང་བའི་རྩ་བ་གཏུམ་མོའི་འབར་སྣང་སྒྲུབ་པའི་ཕྱིར་ཡིན་ནོ། །གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི་འཁོར་ལོ་ལྔའམ་དྲུག་ཏུ་བུམ་ཅན་ཇི་ལྟར་འདོད་པར་དགག་ནུས་པ་ལ་དབང་འབྱོར་བ་དེ་སྲིད་དུའོ། །བཞི་པ་འཛིན་པ་རང་གི་ངོ་བོ་ནི། སྤྱིར་འཁོར་ལོ་ལྔའམ་དྲུག་གི་གནས་སུ་དབུ་མའི་ཐིག་ལེ་ལ་སྟེང་འོག་གཡས་གཡོན་གྱི་རླུང་རྣམས་ཐིམ་པ་དང༌། ཁྱད་པར་མཐར་ཕྱིན་པ་ན། དཔྲལ་བའི་ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པས་ཐིག་ལེ་འཛག་མེད་དཔྲལ་བར་བརྟན་པ་ལ་སེམས་ཟིན་


LT09,P092A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ནོ། །ལ་པ་འཛིན་པ་ཇི་ལྟར་སྒོམ་པའི་ཚུལ་ལ། ལས་དང་པོ་བས་འཛིན་པ་རྗེས་མཐུན་པ་སྒོམ་ཚུལ་ནི་གོང་དུ་བཤད་པ་དེ་ཉིད་ཡིན་ཅིང༌། དངོས་སུ་བུམ་པ་ཅན་གྱི་རྣལ་འབྱོར་གྱིས་འཁོར་ལོ་དྲུག་ཏུ་སྔར་གཡས་གཡོན་སྲོག་ཐུར་འདྲེས་ཟིན་པའི་དབུ་མའི་རླུང་དེ་ཉིད་ཐིག་ལེ་ལ་ཞུགས་པའི་ཚུལ་གྱིས་སྟོང་པར་ཐིམ་པས་གཏུམ་མོ་འབར་བར་བྱེད་པ་སྟེ། འདི་ལ་རྒྱུད་འགྲེལ་གྱིས་འཛིན་པ་སྟོན་པའི་སྐབས་ཕལ་ཆེར་ན། འཁོར་ལོ་བཞིའི་རྣམ་གཞག་ལས་མ་གསུངས་པ་མང་ལ། དབྱེ་བ་རྣམ་པ་བཅུའི་སྐབས་ན་གཙུག་ཏོར་གྱི་འཁོར་ལོར་ཡང་འགྲོ་བར་བཤད་པས། གཙུག་ཏོར་དུའང་འཛིན་པ་སྒྲུབ་དགོས་པ་ནི་ཡིན་ལ། དེས་ན་ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོ་གཙུག་ཏོར་ཏེ་ལྔ་ལ་སྔར་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རེ་དང༌། སྔར་ཐོབ་ཟིན་བརྟན་ཅིང་གོང་ནས་གོང་དུ་འཕེལ་བའི་ཐབས་རེ་སྟེ་གཉིས་གཉིས་ཡོད་དོ། །དེས་ན་དཔྲལ་བའི་ཐིག་ལེ་ཞེས་བྱ་བ་ཡང་དབུ་མའི་ཡལ་ག་ཞིག་གཙུག་ཏོར་ནས་སྨིན་མཚམས་སུ་འཁྱོག་པའི་གནས་ཡིན་པར་ཤེས་པར་བྱ་ཞིང༌། གསང་བའི་བུམ་པ་ཅན་ནི། རྒྱུད་འགྲེལ་ནས་དངོས་སུ་མ་གསུངས་ཀྱང་དོན་ལ་གནས་ཤིང༌། སྔ་མ་རྣམས་ཀྱི་གེགས་སེལ་བོགས་འདོན་དུ་འགྱུར་བ་ཡིན་པས་ངེས་པར་སྒྲུབ་ནི་དགོས་ལ། ལོགས་སུ་མི་བགྲང་བ་ནི་གཙུག་ཏོར་གྱི་བུམ་ཅན་གྱི་ཆ་ལག་ཏུ་སྦྱོར་བས་སོ། །བཞི་པ་རྟགས་ཚད་ནི། སྤྱིར་སྔ་མ་རྣམས་དང་འདྲ་བ་ལས། ཁྱད་པར་རྒྱུད་ལས། རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འགྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་དབུ་མར་རེ་ཁཱ་ནག་པོ་འཆར་བ་དང༌། གཏུམ་མོའི་འབར་སྣང་དང་གཞོམ་མེད་ཀྱི་སྒྲའི་སྒོ་ནས་ཆེས་ལྷག་པ་ཡིན་ལ། ཚད་མ་ནི་སྲོག་རྩོལ་དང་འདྲའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན། ཚོར་བའི་ཕུང་པོ་


LT09,P092B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན། ཇི་སྐད་དུ། དྲི་མེད་འོད་ལས། སྲོག་གི་འཛིན་པ་ལྟེ་བ་དང༌། སྙིང་ཁ་དང༌། མགྲིན་པ་དང༌། དཔྲལ་བ་དང༌། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཞེས་པ་ལྟར་འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་པ་ལྟར། རྒ་བ་དང་ནད་ལ་སོགས་པ་ཕུང་པོའི་སྡུག་བསྔལ་སེལ། ཉོན་མོངས་པའི་རང་བཞིན་ཤེས་པས་ལམ་དུ་བྱེད་ནུས། ཚེ་ལ་ཅུང་ཟད་དབང་ཐོབ། འདོད་ཡོན་གྱི་ཞེན་པས་མི་འཆིང་བས་བདུད་བཞི་ཅུང་ཟད་ཆོམས་པ་ཡིན་ལ། ཉོན་མོངས་པའི་དབང་དུ་མི་འགྱུར་བའང་ཡིན་ནོ། །རླུང་བཅུ་ཐིམ་པའི་མཐུ་ལས་ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་ཡང་འགྲུབ་སྟེ། དུས་ཞབས་སྙན་བརྒྱུད་ལས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་རྒྱས། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་བདེ། །ཞེས་པ་དང༌། ཚེ་རིང་ནད་མེད་ཁམས་ཆ་སྙོམས། །ཞེས་གསུངས། མཐར་ཐུག་གི་འབྲས་བུ་ནི། རིན་ཆེན་འབྱུང་ལྡན་སོགས་ལྷ་མེ་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་པ་ཡིན་ནོ། །ལྔ་པ་སྟོང་གཟུགས་ཤིན་ཏུ་དྲན་པ་རྗེས་དྲན་གྱི་ཡན་ལག་ནི། དབང་པོ་རིམ་གསུམ་ཐིག་ལེའི་ཁྱད་པར་གྱིས། །ལས་རྒྱ་ཡེ་རྒྱ་ཕྱག་ཆེར་བདེ་སྟོང་གཟུགས། །རྗེས་དྲན་དངོས་ཏེ་སྔོན་འགྲོ་རླུང་སྦྱངས་ནས། །ཡེ་རྒྱ་གཏུམ་མོ་སྦར་སོགས་རྗེས་མཐུན་དང༌། །དེའང༌། རྒྱུད་ལས། གཏུམ་མོ་སྣང་བར་གང་ཞིག་གྱུར་བ་ངེས་པར་ལུས་དང་ནམ་མཁའ་


LT09,P093A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་དང༌། ཕྱི་མ་ལས་ཀྱང་རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་ལུས་ལ་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཞེས་གསུངས་པའི་རྗེས་དྲན་དངོས་ནི་ལུས་སྤྱོད་དང་རླུང་གི་རྩོལ་བ་སོགས་ལ་མ་ལྟོས་ཏེ། འཁོར་ལོ་དྲུག་གི་རྩ་མདུད་གྲོལ། བདེ་བའི་རླུང་ལ་དབང་ཐོབ། གཏུམ་མོའི་འབར་སྣང་ལ་ཅི་དགར་སྤྱོད་པའི་སྐབས་ཡིན་པས། རྒྱུད་ཀྱི་དངོས་བསྟན་ལས་ཇི་སྐད་བཤད་པ་ཁོ་ན་ཉམས་སུ་བླངས་པས་ཆོག་སྟེ། དེའང་དབང་པོའི་རིམ་པ་གསུམ་ཐིག་ལེ་སླ་བ་དང་སྐ་བའི་ཁྱད་པར་གྱིས། ལས་རྒྱ། ཡེ་རྒྱ། ཕྱག་རྒྱ་ཆེན་མོ་རྗེས་སུ་དྲན་པས་བདེ་དར་སྟོང་པའི་གཟུགས་བརྙན་ཅན་གྱི་སྣ་ཚོགས་གཙོ་བོ་སྒྲུབ་པ་ནི་རྗེས་དྲན་དངོས་ཡིན་ལ། ལས་དང་པོ་པས། འདུག་སྟངས་ལ་བསླབ་པས་སྲོག་ཐུར་བསྲེ་བ་བརྟན་པོར་བྱེད་པ་དང༌། དེའི་ཡན་ལག་བཟུང་ཟློག་སོགས་ཀྱིས་རླུང་སྦྱང་བ་དང༌། བྱེད་བཅིང་ལུས་ཀྱི་འཁྲུལ་འཁོར་ལ་བསླབས་ནས། དངོས་གཞི་སྒོམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ། རང་ལུས་ལག་པའི་ཕྱག་རྒྱ། གཞན་ལུས་ལས་ཀྱི་ཕྱག་རྒྱ་གསུམ་ཀ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་བསྲེ་ཞིང༌། ཡན་ལག་ཏུ་གཏུམ་མོ་ལ་བརྟེན་པའི་འབར་འཛག་སོགས་བསྒོམ་པ་ནི་རྗེས་དྲན་རྗེས་མཐུན་པའོ། །འདིར་མཚན་དོན་སོགས་དྲུག་གི་དང་པོ་ནི། ཨ་ནུ་ཞེས་པ་རྗེས་སུ་དང༌། སྨྲྀ་ཏི་ཞེས་པ་དྲན་པར་བསྒྱུར་ལ། ཨ་ནུའི་སྒྲ་ནི་དམན་པ་དང༌། ལྷག་པ་ལ་འཇུག་པ་གཉིས་ལས། སྐབས་འདིར་ལྷག་པའི་དོན་ཏེ། ཨ་ནུ་སྨྲྀ་ཏི་ཞེས་པ་རྗེས་སུ་དྲན་པ་ལྷག་པར་དྲན་པའི་དོན་ཏེ། སྔར་བསྒོམས་པ་སླར་ཡང་དྲན་ཞིང་ཤིན་ཏུ་དྲན་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཡང་ཡང་སྒོམ་ཞིང་དྲག་ཏུ་རྩོལ་བའི་དོན་ནོ། །གཉིས་པ་ནི། འཛིན་པ་མཐར་ཕྱིན་པས་རྩ་རླུང་ཐིག་ལེ་གསུམ་ལ་དབང་འབྱོར།


LT09,P093B
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་སྣང་བ་རྣམ་ཀུན་མཆོག་ལྡན་གྱི་ལྷ་སྐུ་རབ་འབྱམས་སུ་ཤར་ན་ངེས་པར་རྗེས་དྲན་སྒོམ་རན་པའོ། །གསུམ་པ་སྒོམ་ཚུལ་གྱི་ཡན་ལག་ལ། དོན་ཚན་ལྔ་ལས། རྗེས་དྲན་གང་ལ་བྱ་བའི་ཡུལ་ནི། སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང༌། གཙོ་བོ་གཏུམ་མོའི་འབར་སྣང་གི་སྟོང་གཟུགས་དང༌། རྟེན་འཁོར་ལོ་བཞིའམ་དྲུག་གི་ཐིག་ལེ། བརྟེན་པ་ཞུ་བདེ་དང་བཅས་པའོ། །གཉིས་པ་དགོས་པ་ནི། མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པའི་ཕྱིར་ཏེ། ཞུ་བདེ་འཛག་མེད་ལ་བསླབ་པའོ། །གསུམ་པ་དུས་ཇི་ཙམ་གྱི་བར་དུ་སྒོམ་པ་ནི། མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོ་མ་སྐྱེས་ཀྱི་བར་དུའོ། །མི་འགྱུར་བའི་བདེ་བ་སྐྱེས་ཟིན་པའི་རྗེས་སུ་ཡང་རྗེས་དྲན་གྱི་རྒྱུན་བོར་ནས། དམིགས་རྣམ་མི་འདྲ་བའི་ལམ་གསང་བ་སྒོམ་དུ་མེད་ཀྱི། རྗེས་དྲན་གྱི་རྒྱུན་ཉིད་ཏིང་ངེ་འཛིན་དུ་གནས་གྱུར་པ་ཡིན་ནོ། །བཞི་པ་རྗེས་དྲན་གྱི་ངོ་བོ་ནི། གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང༌། མེད་ཀྱང་རུང༌། གཏུམ་མོའི་འབར་སྣང་གི་ལྷ་ཡབ་ཡུམ་མཉམ་སྦྱོར་གཙོ་བོར་གྱུར་པའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་བཞག་པས། ཞུ་བདེ་འཛག་མེད་ཡང་ཡང་བསྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །ལྔ་པ་རྗེས་དྲན་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱུད་ལས། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོར་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་གསུངས་པ་ལྟར། དང་པོ་དབང་པོ་བརྟུལ་ཞིང་ཐིག་ལེ་སླ་བའི་གནས་སྐབས་ན། ལས་ཀྱི་ཕྱག་རྒྱ་ལ་མ་བསྟེན་པར་དགའ་བཞི་རྫོགས་པར་འདྲེན་མི་ནུས་པའི་སྐབས་ན། ལས་དང་ཡེ་ཤེས་ཕྱག་


LT09,P094A
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསུམ་ཀར་གཅིག་ཏུ་དྲིལ་བའི་རྗེས་དྲན་བསྒོམ། དེ་ནས་དབང་པོ་ན་འཕོས་ཏེ་བར་སྐབས་དེར་དབང་པོ་འབྲིང་དུ་གྱུར་པ་ཐིག་ལེ་ཅུང་ཟད་སྐ་བའི་གནས་སྐབས་སུ་སོང་བ་ན། ཕྱག་ཆེན་ཁོ་ནས་ནི་བདེ་བ་རྫོགས་པར་འདྲེན་མི་ཐུབ་ལ་ལས་རྒྱ་ནི་མེད་ཀྱང་ཆོག་པའི་སྐབས་སུ་ལས་རྒྱ་སྤངས་ཏེ་ཡེ་རྒྱ་དང་ཕྱག་ཆེན་གཅིག་ཏུ་དྲིལ་བའི་རྗེས་དྲན་བསྒོམ། ཡང་དབང་པོ་ན་འཕར་ཏེ་རྣོན་པོར་སོང༌། བྱང་ཆུབ་ཀྱི་སེམས་ཤིན་ཏུ་སྐ་བའི་གནས་སྐབས་སུ་གྱུར་པ་ན་ཕྱག་ཆེན་ཁོ་ནས་ཞུ་བདེ་རྫོགས་པར་ནི་འདྲེན་ཐུབ། མི་འགྱུར་བའི་བདེ་བ་མ་ཐོབ་པའི་སྐབས་དེར་ཕྱག་ཆེན་ཁོ་ན་ལ་བརྟེན་པའི་རྗེས་དྲན་བསྒོམ། དེ་དག་ཀྱང་མཉམ་གཞག་གཙོ་ཆེ་བའི་དབང་དུ་བྱས་ཀྱི། རྗེས་ཐོབ་ཏུ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་འབྲེལ་བ་ལ་ནི་ངེས་པ་མེད་དོ། །གནས་སྐབས་གསུམ་པོ་འདི་རྣམས་ལ་ཕྱག་རྒྱ་བཞི་སྦྱོར་དང༌། ཕྱག་རྒྱ་གསུམ་སྦྱོར་དང༌། ཕྱག་རྒྱ་གཉིས་སྦྱོར་ཞེས་འདོད་པ་དང༌། ཡང་གསུམ་སྦྱོར། གཉིས་སྦྱོར། གཅིག་སྦྱོར་ཞེས་རིམ་པས་སྦྱོར་བའང་ཡོད་དོ། །བཞི་པ་རྟགས་ཚད་ནི། དགའ་བཞི་རྫོགས་པར་འདྲེན་ཐེངས་རེ་ལས་གཏུམ་མོའི་འབར་སྣང་མཐའ་ཡས་པ་འཕྲོ་ཚུལ་གོང་ནས་གོང་དུ་ཁྱད་ཞུགས་པ་རེ་འབྱུང་ལ། ཀུནྡ་བྱང་ཆུབ་ཀྱི་སེམས་ལྟུང་བར་རྩོལ་ཀྱང་མི་ལྟུང་སྟེ། ནོར་བུ་ནས་ཤུགས་དྲག་པོས་གྱེན་ལ་རང་ཟློག་ཏུ་འགྲོ་བ་དང༌། རང་གི་ལུས་ཀྱང་སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང༌། དག་པ་དང་མ་དག་པའི་སྲིད་པ་གསུམ་གྱི་གཟུགས་བརྙན་རྟག་པར་སྤྲོ་ཞིང་བསྡུ་བའོ། །ཚད་མ་ནི་མངོན་སུམ་བཞི་ཅར་ཚང་ཡང་ནང་གི་བདེ་བ་དམ་པ་ཉམས་སུ་མྱོང་ཞིང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར། རང་རིག་མངོན་སུམ་གཙོ་ཆེའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་འདུ་ཤེས་ལ་སོགས་པ་ཕུང་


LT09,P094B
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཆུའི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་རྗེས་དྲན་གྱི་ཡན་ལག་ལ་དབྱེ་ན་བཅུ་སྟེ། རྒྱུད་ལས། བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང༌། །འདར་དང་སྨྱོ་དང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཕྲུལ་དང་དྲག་ཏུ་བརྒྱལ་བ་དག །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ་སྲོག་ཆགས་ལུས་ལ་འཇིག་རྟེན་ཏུ། །རབ་ཏུ་གསལ་ཞིང་ངེས་པ་དེ་རྣམས་ཡིད་སྲུབ་གནས་སྐབས་སུ་ཞིག་རྒྱལ་བར་འདོད་པ་དེ་ནི་སུ། །ཞེས་གསུངས་པ་ལྟར་ཏེ། རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོའི་རིམ་པས་བདེ་བ་འདྲེན་པ་ན། བསམ་པའི་གནས་སྐབས་དང་མཚུངས་ཤིང༌། དེ་རྣམ་པར་དག་པའི་བདེ་བ་དང་པོ་ཐོབ་པ་ལ་སོགས་པ། བདེ་བ་མི་འདྲ་བ་བཅུ་རིམ་གྱིས་ཐོབ་པ་ཡིན་ནོ། །དྲུག་པ་ལ། གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། རྗེས་སུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་པ་ལྟར། རྩ་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་ཕྱི་ནང་ཐམས་ཅད་འོད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པ་དང༌། རྣམ་སྨིན་གྱི་ལུས་གནས་མ་གྱུར་ཀྱང་རང་སེམས་ལྷ་སྐུ་དངོས་སུ་འགྱུར་བ་དང༌། གཞན་ཡང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་མཐའ་ཡས་པ་ཐོབ་ཅིང༌། བདེ་སྟོང་གི་ཉམས་མྱོང་རྒྱུན་མི་ཆད་པ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་འོད་དཔག་མེད་ལ་སོགས་པ་ལྷ་ཆུ་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །དྲུག་པ་སྟོང་གཟུགས་དང་མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ཡན་ལག་ནི། ཏིང་འཛིན་ཞུ་བདེ་འཛག་མེད་གནས་འགྱུར་བསྒྲུབ། །དངོས་ནི་ཕྱག་ཆེན་རྟགས་བཅུས་འབྱུང་ཟློག་གི །ཞུ་བདེ་སྟོང་


LT09,P095A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ནོར་བུའི་རྩེར་འཆིངས་པས། །ཁུ་རྡུལ་རླུང་འགགས་འགྱུར་མེད་སྐད་ཅིག་མ། །དང་པོ་ནས་བརྩམ་བཅུ་གཉིས་ས་ཡི་བར། །དབུགས་འགགས་འགྱུར་མེད་དགའ་བ་དེ་སྙེད་འཕེལ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཟུང་འཇུག་གོ །དེའང་རྒྱུད་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་གསུངས་པ་ལྟར་ཟུང་འཇུག་གི་ཏིང་ངེ་འཛིན་ནི་ཞུ་བདེ་འཛག་མེད་མཐར་ཕྱིན། རྫས་ཀྱི་ཐིག་ལེ་སྟོང་གཟུགས་དང༌། དེ་ཉིད་ཐིག་ལེ། དེའང་མི་འགྱུར་བའི་བདེ་བར་གནས་འགྱུར་དུ་བསྒྲུབ་པའོ། །དེའང་ཏིང་ངེ་འཛིན་དངོས་ནི། ཕྱག་ཆེན་གྱི་རྗེས་དྲན་སྒྲུབ་པ་དང་ཕལ་ཆེར་འདྲ་ཞིང༌། སྤོགས་ཆོག་ཏུ་ལས་ཀྱི་ཕྱག་རྒྱ་ཐ་དད་པ་མང་དུ་སྒྲུབ་པར་བཤད་ལ། དེ་ལྟར་བསྒྲུབས་པས་ཕྱག་རྒྱ་ཆེན་མོ་རྟགས་བཅུ་ཡོངས་རྫོགས་ཀྱིས་ལུགས་འབྱུང་ལུགས་ལྡོག་གི་ཞུ་བདེ་རྫོགས་པར་བསྐྱེད་ཐུབ་ནས་མི་རིང་བར་སྐད་ཅིག་སྔ་མ་ཐིག་ལེ་ཡིན་པ་ཕྱི་མ་ལ་སྟོང་གཟུགས་སུ་གནས་འགྱུར། ཡང་འབར་བའི་རྣམ་པར་གྱུར་པའི་སྟོང་གཟུགས་ཀྱི་གཏུམ་མོ་དེ་དང་ལས་ཀྱི་གཏུམ་མོ་ལྷན་ཅིག་པར་འབར་བས་ཐིག་ལེ་འཇུ་བར་བྱེད། དེ་ལྟར་ཞུ་བ་དེ་ཡང་སྟོང་གཟུགས་ཀྱིས་ནོར་བུ་རྩེ་མོར་བཅིངས་པ་ན་རླུང་བཅུའི་ཆ་ཤས་ནས་ལས་རླུང་གཅིག་དང༌། ནོར་བུའི་ཕྱོགས་སུ་དཀར་པོ་གཅིག་དང༌། གཙུག་ཏོར་གྱི་ཕྱོགས་སུ་དམར་པོ་གཅིག་འགགས་པས་ཡེ་ཤེས་སྟོང་གཟུགས་ལ་རྣམ་ཤེས་ཁུ་ཇུལ་རླུང་གསུམ་གྱི་ཁམས་འབྱུང་བའི་ཆོས་རྣམས་ཐིམ་པར་གྱུར་པས་སྟོང་པ་དང་བདེ་བ་དང་གསལ་བའི་ཡེ་ཤེས་མི་འགྱུར་བའི་སྐད་ཅིག་མ་དང་པོ་ཐོབ་པར་འགྱུར། དེ་ནས་བརྩམ་རིམ་གྱིས་ཡེ་ཤེས་སྐད་ཅིག་སྔ་མ་སྔ་མ་ལས་ཆེས་མཆོག་ཏུ་གྱུར་པ་རེ་རེ་ཐོབ་པ་ནི་ཏིང་ངེ་འཛིན་གྱི་སྐད་ཅིག་མ་ཕྱི་


LT09,P095B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱི་མ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བཅུ་གཉིས་པའི་སའི་བར་དུ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ལས་རླུང་གི་རྒྱུ་བའི་དབུགས་འགགས་ཤིང་མི་འགྱུར་བའི་དགའ་བ་དེ་སྙེད་དུ་འཕེལ་ལ། ཏིང་ངེ་འཛིན་གྱི་ཐ་མའི་མཐར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཟུང་འཇུག་གི་སྐུའམ་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་ཏེ་སངས་རྒྱས་ཀྱི་ས་ཆུང་ངུ་དང་རྡོ་རྗེ་འཛིན་པའི་ས་ཐོག་མར་ཐོབ་པ་ཡིན་ནོ། །དེའང་ཐིག་ལེ་སྟོང་གཟུགས་ཡིན་པ་ནི། གཟུགས་ཅན་ལས་གྲོལ་བ་དང་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་འཕོ་འགྱུར་མེད་ལ། དེའི་ཕྱིར་ཐིག་ལེ་བརྟན་པར་འགྱུར་བ་ཞེས་འཇོག་ཅིང༌། དེའང་ཡས་བབས་ཀྱི་ཐ་མར་ཡོངས་སུ་བཅིངས་པས་མས་བརྟན་གྱི་མཇུག་ཏུ་ཐོག་མར་རླུང་འགགས། དེ་ནས་དམར་པོའི་ཆ་ཤས་གཅིག་སྤྱི་བོར་བརྟན་པས་དམར་པོ་ཐུར་དུ་འབར། དེའི་རྐྱེན་གྱིས་དཀར་པོའི་ཆ་ཤས་གཅིག་ནོར་བུར་བརྟན་པ་ཡིན་ནོ། །དེ་ལ་སྐད་ཅིག་ཉི་ཁྲི་ཆིག་སྟོང་ཐམས་ཅད་ལ་འཆིང་བ་ནི་ནོར་བུ་ཁོ་ནར་ཏེ། དང་པོར་བརྟན་པའི་གནས་ཀྱང་དཀར་པོ་ནོར་བུ་དང་དམར་པོ་གཙུག་ཏོར་ཁོ་ནར་ངེས་ལ། དེར་བརྟན་པར་བྱས་པ་རྣམས་སྔ་མ་སྔ་མ་དང་བསྡམས་པས་རིམ་པས་གང་བ་ལྟར་སྣང་བ་ལས་གསང་བའི་འཁོར་ལོའི་ཕྱེད་གང༌། ཞེས་པ་ནས་གཙུག་ཏོར་གྱི་འཁོར་ལོ་ཧྲིལ་གྱིས་གང་ཞིང་བརྟན་ཞེས་བྱ་ཞིང༌། དམར་པོ་ཡང་གཙུག་ཏོར་ནས་ནོར་བུའི་བར་ལ་གནས་སོ་སོར་བརྟན་ཅེས་འཇོག་གོ །རླུང་ནི་ཆ་ཤས་ཙམ་དཀར་དམར་དང་ལྷན་ཅིག་ཏུ་གཙུག་ཏོར་དང་ནོར་བུར་ཡང་བརྟན་པར་འགྱུར་མོད་ཀྱི། གཙོ་བོར་ནི་སྔར་སྙིང་ག་ཡན་ཆད་དུ་གནས་པའི་སྲོག་གིས་དབང་བྱས་པ། མུན་པ་ཅན་དང་སྒྲ་གཅན་གྱི་ལོངས་སྤྱོད་དུ་གྱུར་པ་རྣམས་ལྟེ་བར་ཐིམ་ཞིང༌། སྔོན་ཆད་ལྟེ་བ་མན་ཆད་དུ་གཙོ་བོར་གནས་ཤིང་ཐུར་སེལ་གྱི་དབང་བྱེད་པ་


LT09,P096A
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་མེའི་མིང་ཅན་དུས་མེའི་རླུང་རྣམས་སྙིང་གར་ཐིམ་ཞིང་འགག་པར་འགྱུར་རོ། །འདི་དག་ཀྱང་གནས་ཀྱི་གཙོ་བོ་སྨོས་པ་ཡིན་གྱི། སྤྱིར་ཁུ་རྡུལ་རླུང་གསུམ་ཐམས་ཅད་ལུས་ཀྱི་ཆ་ཐམས་ཅད་དུ་འགག་པར་འགྱུར་རོ། །འདིར་མཚན་དོན་སོགས་དྲུག་གི་དང་པོ་ནི། ས་མཱ་དྷི་ཞེས་པ་ཏིང་ངེ་འཛིན་ཏེ། དེའང་མཉམ་པར་ཀུན་ཏུ་འཛིན་པའི་དོན་ཡིན་པས། གཟུང་འཛིན་དང་བྲལ་ཞིང༌། ཡུལ་ཡུལ་ཅན་དབྱེར་མེད་ལ་སེམས་གནས་པའི་དོན་ནོ། །གཉིས་པ་ནི། རྗེས་དྲན་གྱི་ཡན་ལག་མཐར་ཕྱིན་ཏེ། མི་འགྱུར་བའི་བདེ་བ་འཕྲལ་དུ་སྐྱེད་ནུས་པ་ནའོ། །གསུམ་པ་ལ་དོན་ཚན་ལྔའི་དང་པོ་ཏིང་ངེ་འཛིན་གྱི་ཡུལ་ནི། སྟོང་གཟུགས་དང་བདེ་ཆེན་གཉིས་ཡིན་ལ། །དོན་ཚན་གཉིས་པ་བསྒོམས་པའི་དགོས་པ་ནི། མི་འགྱུར་བའི་བདེ་བ་གོང་ནས་གོང་དུ་འཕེལ་བའི་དོན་དང༌། རྣམ་པར་སྨིན་པའི་ལུས་དབྱིངས་སུ་དག་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །གསུམ་པ་དུས་ཇི་ཙམ་གྱི་བར་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ཐོག་མ་མི་འགྱུར་པའི་བདེ་བ་སྐད་ཅིག་གཅིག་ཐོབ་པ་ནས། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པར་ཐོབ་ཀྱི་བར་དུའོ། །བཞི་པ་ཏིང་ངེ་འཛིན་གྱི་ངོ་བོ་ནི། ཡེ་ཤེས་གཅིག་ལ་ལྡོག་ཆའི་དབྱེ་བས་ཤེས་རབ་མི་འགྱུར་བའི་བདེ་བ་དང༌། ཐབས་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་གི་ཆ་མེད་པར་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཏེ། ཞུ་བདེ་འཛག་མེད་མཐར་ཕྱིན་པས་རྐྱེན་བྱས་ནས། ལས་རླུང་གཅིག་འགགས། རྩ་གསུམ་གྱི་བཅུ་ཆ་གཅིག་དབུ་མར་ཐིམ། ཁམས་དཀར་དམར་གྱི་བགྲོད་པ་རེ་རེ་དབུ་མའི་ནང་དུ་གཡོ་མེད་དུ་བརྟན་ཞེས་བྱ་སྟེ། དེ་ལྟར་རྩ་དང༌། རླུང་དང༌། ཁམས་རྣམས་ཕྱིན་ཆད་འཇིག་ཏུ་མེད་ཅིང་རྒྱུན་མི་


LT09,P096B
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་སྟོང་གཟུགས་སུ་གྱུར་པ་ན། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་ནི་མི་འགྱུར་བའི་བདེ་བ་ཞེས་བྱའོ། །དེའི་ཕྱིར། སྟོང་གཟུགས་བདེ་བས་རིག་པ་ལ། །བདེ་བ་ཆེན་པོ་རང་གིས་རིག །ཅེས་གསུངས་སོ། །ལྔ་པ་ཏིང་ངེ་འཛིན་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱུད་ལས། བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདིར་ནི་སྒྲུབ་པ་ཆེན་པོ་ལ། །ཞེས་དང༌། དུས་ཞབས་སྙན་བརྒྱུད་ལས་ཀྱང༌། སྒོམ་པ་དམིགས་བཅས་སྟོང་གཟུགས་དང༌། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེ་བར་འཆར། །ཞེས་པ་ལྟར་སྔར་གནས་གྱུར་ཟིན་གྱི་ཐིག་ལེ་རྣམས་ཀྱི་མི་འགྱུར་བའི་བདེ་བ་དང༌། ཕྱིས་གནས་འགྱུར་རྒྱུ་ད་ལྟ་གནས་མ་འགྱུར་བའི་ཐིག་ལེ་དབབ་ཟློག་གི་ཞུ་བདེ་འཛག་མེད་གཉིས་ཚོགས་པ་གཅིག་ཏུ་གྱུར་པས། སེམས་བདེ་བ་ཐོབ་པའི་ངང་ནས་སྟོང་གཟུགས་ལ་རབ་ཏུ་ཆགས་པས་ཞུ་བདེ་འཛག་མེད་ཡང་ཡང་སྒྲུབ་པ་ཡིན་ལ། རྗེས་ཐོབ་ཏུ་སྤྲོས་བཅས་ཀྱི་སྤྱོད་པ་རྟག་ཏུ་སྤྱོད་པའམ་བོགས་འདོན་སྤོགས་ཆོག་གི་ཚུལ་དུ་ཅི་རིགས་པར་སྤྱོད་དགོས་པ་ཡིན་ནོ། །བཞི་པ་རྟགས་ཚད་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་གི་མཐར་ཐུག་པ་མ་མཐོང་བའི་དོན་ཡང་དག་པར་མཐོང་བ་ནས། འཇིག་རྟེན་གྱི་ཁམས་སྟོང་དང་ཉི་ཤུ་རྩ་བཞིའི་དོན་ཡང་དག་པར་མཐོང་བའི་བར་དུ་སྟེ། ཚད་མ་ནི་མངོན་སུམ་བཞི་ཅར་ཚང་བ་ལས། ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབང་དུ་བྱས་ན་འཕགས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པས་རྣལ་འབྱོར་མངོན་སུམ་ཞེས་བྱའོ། །ལྔ་པ་ནི། དག་བྱ་ལ་དབྱེ་ན་གཟུགས་ཕུང་སོགས་ཕུང་ཁམས་ས་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱེད་ཏིང་ངེ་འཛིན་ལ་དབྱེ་ན། འཁོར་ལོ་དྲུག་ཏུ་ལས་རླུང་འགགས་


LT09,P097A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱེ་བས་ས་བཅུ་གཉིས་སམ། ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོགས་པའི་ཕྱིར་རོ། །ཞེས་པས། ཐུར་སེལ་ལ་སོགས་པའི་རླུང་བཅུ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རྩ་བ་ནས་འགགས་པའི་དབྱེ་བས་རིམ་པ་བཅུའོ། །དྲུག་པ་ལ་གནས་སྐབས་ཀྱི་འབྲས་བུ་ནི། རྒྱུད་ལས། དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་གསུངས་ཏེ། ཏིང་ངེ་འཛིན་དང་པོ་སྐྱེས་པ་ནས། རྒྱུན་མ་ཆད་པར་བསྒོམས་ན། ལོ་གསུམ་དང་ཕྱོགས་གསུམ་གྱིས་གནས་ལུགས་ཡང་དག་པ་བདེན་པའི་ས་མངོན་དུ་བྱེད་ཅིང་རྣམ་པར་སྨིན་པའི་ལུས་དབྱིངས་སུ་ཐིམ་ནས་གཉིས་སུ་མེད་པ་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་འགྲུབ་བོ། །དེ་ནི་དབང་བཅུ་ལ་སོགས་པ་ཡོན་ཏན་དུ་མས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པ་ལྷ་ས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་བའོ། །བཞི་པ་ཞར་བྱུང་ཡན་ལག་གི་རྣལ་འབྱོར་གཞན་བསྟན་པ་ནི། ལམ་དང་ས་མཚམས་རྣལ་འབྱོར་མི་ཉམས་ཤིང༌། །འཕེལ་བའི་ཡན་ལག་རྣམས་ཀྱང་ཞར་ལ་སྦྱར། །ལམ་གྱི་ཡན་ལག་ཉལ་བ་གཉིད་ཀྱི་རྣལ་འབྱོར། འཆི་བ་འོད་གསལ་ངོས་འཛིན། འདའ་ཁ་འཕོ་བའི་གདམས་ངག །བར་དོ་འདུན་པས་འཛིན་པ། ཐུན་སྒོམ་གྱིས་མཉམ་རྗེས་བསྲེ་བ་རྣམས་རྣལ་འབྱོར་གདིང་དུ་མ་ཚུད་པའི་ལས་དང་པོ་པ་ལ་གཅེས་ཤིང༌། ས་ལམ་གྱི་མཚམས་འབྲས་བུའི་རྣམ་བཞག་དང་བཅས་པ་ནི་ཤིན་ཏུ་གལ་ཆེ་ཡང་སྤྱི་ཙམ་དུ་འཆད་པར་འགྱུར་བ་དང༌། རྣལ་འབྱོར་མི་ཉམས་ཤིང་འཕེལ་བར་བྱེད་པའི་ཡན་ལག་ལུས་སེམས་གཉིས་ཀར་གནོད་པ་བདུད་ཀྱི་གེགས། གཙོ་བོར་


LT09,P097B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་གནོད་པ་ཏིང་ངེ་འཛིན་གྱི་གེགས། གཙོ་བོར་ལུས་ལ་གནོད་པ་འབྱུང་བ་ལུས་འཁྲུགས་རྗེས་འབྲང་དང་བཅས་པ་རྣམས་སྤྱི་དང་བྱེ་བྲག་གི་གཉེན་པོས་བསལ། ངོ་སྤྲོད་ཕྱི་ནང་དང་རྟགས་ཚད་གཏན་ལ་དབབ་ཅིང་མོས་གུས་སྙིང་རྗེ་བརྟུལ་ཞུགས་ཀྱིས་ཏིང་ངེ་འཛིན་གྱི་བོགས་འདོན། བཀའ་རྒྱ་བཞིའི་རྒྱས་གདབ་ཅིང་བར་ཆད་སྤོང་བ། དམ་ཚིག་སྲུང་བ། སྤྱོད་པ་སྐྱོང་བ་སྟེ་ཡན་ལག་བཞིས་རྣལ་འབྱོར་གྱི་རྒྱུན་མི་ཉམས་ཤིང་སྲུང་བའི་ཐབས་རྣམས་ཀྱང་ཞར་ལ་སྦྱར་རོ། །ལྔ་པ་རྒྱུ་འབྲས་ཀྱི་རྟེན་འབྲེལ་དང་ཉམས་རྟགས་ཡོན་ཏན་མདོ་ཙམ་སྨོས་པ་ལ་གཉིས། འབྲེལ་དང༌། ཉམས་རྟགས་སོ། །དང་པོ་ནི། རྣལ་འབྱོར་དེ་དག་རྒྱུ་དང་འབྲས་བུའི་ཚུལ། །ཐོག་མར་དགེ་བས་ཞི་ལྷག་ཏིང་འཛིན་བསྒྲུབ། །བར་པས་རླུང་སེམས་བསྲེ་ཞིང་འཁོར་ལོ་དབྱེ། །མཐར་དགེས་འགྱུར་མེད་ཡེ་ཤེས་སྐུ་བསྒྲུབ་བྱ། །ཡན་ལག་དྲུག་གི་རྣལ་འབྱོར་དེ་དག་ཀྱང་རྒྱུ་དང་འབྲས་བུའི་ཚུལ་དུ་གནས་ཏེ། དེ་ལ་རྒྱུ་འབྲས་ཕྲུགས་གཅིག་ལ་སྦྱར་ན། ཡན་ལག་དང་པོ་ལྔ་ནི། སྟོང་གཟུགས་སྒྲུབ་བྱེད་ཀྱི་ཕྱིར་རྒྱུའི་ལམ། ཏིང་ངེ་འཛིན་ནི་མི་འགྱུར་བའི་བདེ་བ་སྒྲུབ་པའི་ཕྱིར་འབྲས་བུའི་ཡན་ལག་གོ །ཕྲུགས་གསུམ་ལ་སྦྱར་ན། སོར་སྡུད་རྒྱུའི་ཡན་ལག་བསམ་གཏན་འབྲས་བུའི་ཡན་ལག་དེ་བཞིན་དུ་སྲོག་རྩོལ་རྒྱུ། འཛིན་པ་འབྲས་བུ། རྗེས་དྲན་རྒྱུ། ཏིང་ངེ་འཛིན་འབྲས་བུའི་ཡན་ལག་ཏུ་འཇོག་སྟེ་ཕྱག་ན་རྡོ་རྗེའི་དགོངས་པའོ། །དེ་དག་དགེ་བ་གསུམ་གྱིས་བསྡུས་པ་ཡིན་ཏེ། སོར་བསམ་གཉིས་ཐོག་མར་དགེ་བ། སྲོག་འཛིན་གཉིས་པར་དུ་དགེ་བ། དྲན་ཏིང་གཉིས་ཐ་མར་དགེ་བའི་ལམ་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་གསུངས་སོ། །དེ་ལ་སྟོན་པའི་བསྟན་པ་སྤྱིར་རྒྱུ་སོ་སོ་སྐྱེ་བོའི་དུས་སུ་དགེ་བ་འབའ་


LT09,P098A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་བསླབས་པས། ལམ་འཕགས་པའི་ཆོས་དགེ་བ་རྣམས་ཐོབ་ཅིང༌། འབྲས་བུ་ཆོས་ཉིད་དགེ་བ་མངོན་དུ་འགྱུར་བས་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་ཀྱང༌། ཐུན་མོང་མ་ཡིན་པ་སྐབས་འདིར་ནི་རྣམ་པ་གཞན་རྣམས་དགེ་བར་ལྡན་དུ་ཟིན་ཡང་རྣམ་པར་རྟོག་པའི་སྒོམ་པ་དང༌། ལས་རྒྱའི་བདེ་བ་དོན་དམ་ཏུ་འཛིན་པ་དང༌། དཔྱད་མཐར་མི་རྟོག་པའི་སྟོང་ཉིད་སྒོམ་པ་རྣམས་ཀྱང་ངེས་དོན་མཐར་ཐུག་འདིའི་དབང་དུ་བྱས་ན་ཀུན་རྫོབ་འཁོར་བའི་རྒྱུའི་མཚན་ཉིད་ཅན་ཡིན་པས་ཤིན་ཏུ་དགེ་བ་མ་ཡིན་ཅིང༌། དོན་དམ་པའི་དཀྱིལ་འཁོར་བདེ་ཆེན་དང་སྟོང་ཉིད་ཀྱང་མ་ཡིན་ནོ། །ལམ་འདིར་ནི་ཐོག་མར་སྟོང་གཟུགས་དོན་དམ་པའི་དཀྱིལ་འཁོར་སྒྲུབ་པར་བྱེད་པས་ཐོག་མར་དགེ་བ་དང༌། བར་དུ་རྣམ་རྟོག་གི་རྒྱུ་ལས་རླུང་འགོག་པར་བྱེད་པས་བར་དུ་དགེ་བ་དང༌། ཐ་མར་དོན་དམ་པའི་ཐིག་ལེ་མི་འགྱུར་བ་སྒྲུབ་པར་བྱེད་པས་ཐ་མར་དགེ་བ་སྟེ་གསུམ་དང༌། ཐོག་མཐའ་བར་གསུམ་ཐམས་ཅད་དཔྱད་པ་སྤངས་བའི་རྣམ་པར་མི་རྟོག་པ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་ཅན་ཡིན་པའི་ཕྱིར་དགེ་བ་སྟེ། སྤྱིར་དགེ་བའི་དོན་བདེ་བ་རྒྱུ་དང་བཅས་པ་ལ་ངོས་འཛིན་ནོ། །དེ་ལ་ཐོག་མར་དགེ་བས་ཞི་ལྷག་གི་ཏིང་ངེ་འཛིན་ཐུན་མོང་མ་ཡིན་པ་སྒྲུབ། །བར་དགེ་སྔ་མས་རླུང་སེམས་བསྲེ་ཞིང་ཕྱི་མས་འཁོར་ལོ་རྣམས་ཀྱི་སྒོ་དབྱེ། མཐར་དགེས་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱ་བའོ། །དཔལ་དོན་དམ་བསྙེན་པ་ལས་ནི། རྡོ་རྗེ་བསླང་བ་འདི་ནི་དང་པོར་གསུངས་པ་སྟེ། རྡོ་རྗེ་མེ་ལ་སྲོག་ཞུགས་པ་ནི་གཉིས་པའོ། །དཔལ་ལྡན་བྱང་ཆུབ་སེམས་ནི་མི་ལྟུང་གསུམ་པའོ། །འདི་དག་རྣམས་ནི་དགེ་བའི་བརྟུལ་ཞུགས་གསུམ་ཉིད་དོ། །ཞེས་ཡན་ལག་བརྟུལ་ཞུགས་གསུམ་གྱིས་བསྡུས་ཏེ། ཡན་


LT09,P098B
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་པོ་གཉིས་ནི་རྡོ་རྗེ་བསླང་བའི་བརྟུལ་ཞུགས་ཏེ། དབུ་མར་རྟགས་བཅུའི་རྡོ་རྗེ་བརྟན་པར་བརྩེགས་པའི་ཕྱིར་རོ། །བར་པ་གཉིས་ནི་རྡོ་རྗེ་མེའི་བརྟུལ་ཞུགས་ཏེ་ཡེ་ཤེས་ཀྱི་གཏུམ་མོ་སྒྲུབ་པའི་ཕྱིར་རོ། །ཐ་མ་གཉིས་ནི་བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ཏེ། ཞུ་བདེ་འགྱུར་མེད་དང་མི་འགྱུར་བའི་ཐིག་ལེ་སྒྲུབ་པའི་ཕྱིར་རོ། །གཞན་ཡང་རྩ་རླུང་ཐིག་ལེའི་གཞི་གསུམ། དམན་པ་འབྲིང་དང་མཆོག་གི་གནས་སྐབས་གསུམ། ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེ་བཞི། སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་བཞི། བསྙེན་སྒྲུབ་ཡན་ལག་བཞི། དབྱིབས་སྔགས་ཆོས་དང་དག་པའི་རྣལ་འབྱོར་བཞི། སྦྱོར་བ་བཞི། སྐུ་བཞི་རྡོ་རྗེ་བཞི་དང་སྦྱར་བ་རྣམས་སུ་མཆིས་པ་ལས། ཕྱི་མ་ཉིད་གྲགས་ཆེ་བས་དེའི་དོན་ནི། སོར་བསམ་སྐུ་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་སྟོང་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། སྲོག་རྩོལ་དང་འཛིན་པ་ནི་གསུང་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། སངས་རྒྱས་ཀྱི་གསུང་ནི་གཞོམ་མེད་ཀྱི་ནཱ་ད་ཉིད་སྒྲ་སྐད་ཐམས་ཅད་དུ་འཆར་བ་ཡིན་པའི་ཕྱིར་དང༌། རྗེས་དྲན་ནི་ཐུགས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། རྒྱལ་བའི་ཐུགས་ནི་སྟོང་ཉིད་རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དང༌། ཏིང་ངེ་འཛིན་ནི་ཡེ་ཤེས་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་རྣལ་འབྱོར་ཏེ། བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རྡོ་རྗེ་ནི་དོན་དམ་པའི་བདེ་ཆེན་ཉིད་ཡིན་པས་སོ། །རིམ་པ་དེ་དག་གིས་བསྒྲུབ་བྱ་སྟོང་གཟུགས་འཆར་ཚུལ་ནི། སོར་སྡུད་ལ་གཟུགས་བརྙན་ཙམ་དང༌། བསམ་གཏན་ལ་དེ་ཉིད་སེམས་སྤྲོས་བྲལ་དུ་ཤེས་པ་དང༌། སྲོག་རྩོལ་ལ་སྲོག་གཟུགས་སུ་ཤར་བ་དང༌། འཛིན་པ་ལ་ཐིག་ལེའི་དྭངས་མར་ཤར་བ་དང༌། རྗེས་དྲན་ལ་འབར་འཛག་གི་


LT09,P099A
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་ངོ་བོར་ཤར་བ་དང༌། ཏིང་ངེ་འཛིན་ལ་མི་འགྱུར་བའི་ཐིག་ལེར་ཤར་བའོ། །བདེ་བ་ཡང་དྲུག་སྟེ་ཡིད་བདེ་ཕྲ་མོ་ཙམ་དང༌། ཤིན་ཏུ་སྦྱངས་པའི་དགའ་བདེ་དང༌། སྲོག་ཐུར་འདྲེས་པའི་བདེ་བ་དང༌། ལས་ཀྱི་གཏུམ་མོའི་འབར་འཛག་གི་བདེ་བ་དང༌། ཕྱག་རྒྱ་ཆེན་མོའི་འབར་འཛག་གི་བདེ་བ་དང༌། མི་འགྱུར་བའི་བདེ་བ་རྣམས་རིམ་པར་སྦྱར་རོ། །གཉིས་སྣང་སྤང་ཚུལ་ཡང་དྲུག་སྟེ་སོར་སྡུད་ལ་མི་རྟོག་པའི་ཚུལ་གྱིས་སྤོང༌། བསམ་གཏན་ལ་སེམས་ཀྱི་ངོ་བོར་རྟོགས་པས་སྤོང་སྟེ། དེ་གཉིས་སྟོང་གཟུགས་ཁོ་ནའི་སྟེང་དུ་ཡིན། སྲོག་རྩོལ་ལ་གཡས་གཡོན་གྱི་རྒྱུ་བ་བཀག་པའི་སྒོ་ནས་སྤོང༌། འཛིན་པ་ལ་དེ་གཉིས་རང་སར་ཡལ་བའི་ཚུལ་གྱིས་སྤོང༌། དེ་གཉིས་ཀྱིས་གཟུང་འཛིན་མཐའ་དག་ཅུང་ཟད་མགོ་གནོན། རྗེས་དྲན་ལ་བདེ་སྟོང་རྒྱས་འདེབས་ཀྱི་ཚུལ་གྱིས་སྤོང༌། ཏིང་ངེ་འཛིན་ལ་རང་རྒྱུད་ཀྱིས་བསྡུས་པ་རྣམས་གནས་གྱུར་པའི་ཚུལ་གྱིས་སྤོང་སྟེ་འདི་གཉིས་ཀྱིས་མཉམ་གཞག་ཏུ་གཟུང་འཛིན་གྱི་སྣང་བ་མངོན་གྱུར་མི་སྐྱེ་བར་བྱེད་པའི་ཚུལ་གྱིས་སྤོང་ངོ༌། །གཉིས་པ་ནི། རྡོ་རྗེའི་ཡེ་ཤེས་ཕེབ་པས་འཕར་གཡོ་ཟུག །སྣ་ཚོགས་ཉམས་ཀྱིས་སྒོ་གསུམ་མདུད་པ་དཀྲོལ། །འཁོར་ལོ་དྲུག་དག་རྒྱལ་བ་རིགས་དྲུག་འགྲུབ། །དེ་ལྟར་ཡན་ལག་དྲུག་ལ་རྣལ་འབྱོར་དུ་བྱས་པས། ཐོག་མར་རྡོ་རྗེའི་ཡེ་ཤེས་ཆ་ཤས་དང༌། རིམ་གྱིས་རྡོ་རྗེ་འབེབས་པའི་བྱིན་རླབས་རྫོགས་པར་ཐོབ་པས། མཐོང་ཉམས་ལ་རྟགས་སྣང་ཅི་རིགས་པར་ཤར་ཞིང་སེམས་མི་རྟོག་པ་ལ་རང་ཤུགས་སུ་གནས་པས། ལུས་ཉམས་འཕར་གཡོ་ཟུག་དང་བཅས་པ། ངག་ཉམས་སྔགས་དང་བརྗོད་པ་སྣ་ཚོགས་མཉམ་གཞག་གི་ངང་དུ་འབྱུང་ཞིང༌། རྗེས་ཐོབ་ཏུ་སེམས་དགའ་སྐྱོ་ཁྲོ་འདོད་སོགས་སྣ་ཚོགས་པའི་ཉམས་འབྱུང་བ་རྣམས་ལ་སྐྱོན་


LT09,P099B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་བཟུང་བར་བྱུང་རྒྱལ་དུ་བསྐྱངས་པས་སྒོ་གསུམ་གྱི་མདུད་པ་རིམ་གྱིས་གྲོལ། མཐར་ཉམས་སུ་བླངས་པའི་འབྲས་བུ་འཁོར་ལོ་དྲུག་གི་ཁུ་རྡུལ་རླུང་གསུམ་དག་ནས་རྒྱལ་བ་རིགས་དྲུག་གི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ནི་གོང་དུ་སོ་སོར་བཤད་པ་ལྟར་རོ། །བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གདམས་པ་བཤད་པ་ལ་གཉིས། མཚམས་སྦྱར་གྱིས་མདོར་བསྟན། དོན་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྡོ་རྗེ་བཙུན་མོའི་ཞལ་ལུང་བསྙེན་སྒྲུབ་ནི། །རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་རྡོ་རྗེ་བཙུན་མོས་ཨོ་རྒྱན་སྤྲུལ་པའི་གནས་སུ་གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་ལ་དགའ་བཞིའི་འགྲོས་ཀྱིས་དབང་བཞི་བསྐུར་ཞིང་རྒྱུད་བྱིན་གྱིས་བརླབས། དབང་རྣོན་བརྩོན་འགྲུས་ཅན་ཚེ་གཅིག་གིས་རྡོ་རྗེ་འཆང་གི་སར་བགྲོད་པར་བྱེད་པའི་ལམ་གསང་ཐུན་མོང་མ་ཡིན་པའི་ཞལ་ལུང་རྡོ་རྗེའི་ཚིག་རྐང་ཚིགས་སུ་བཅད་པ་སུམ་ཅུ་རྩ་ལྔ་སྩལ་བའི་དོན་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཅེས་ཡོངས་སུ་གྲགས་པའི་ཁྲིད་ཚུལ་ནི་འདི་ལྟར་རོ། །ཞེས་སོ། །དེའང་གསང་བ་འདུས་པ་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང༌། སེམས་ལུས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་གཞི་དུས་སུ་རྡོ་རྗེ་གསུམ་མི་ཕྱེད་པའི་འབྲེལ་བཀོད་ནས། ལམ་དུས་སུ་རྡོ་རྗེ་གསུམ་དབྱེར་མེད་པའི་རྣལ་འབྱོར་བསྒོམས་པས། འབྲས་དུས་སུ་གསང་བ་གསུམ་གྱི་བདག་ཉིད་མངོན་དུ་བྱེད་པའི་གདམས་པའི་ཁྱད་པར་ཏེ། རྡོ་རྗེའི་ཚིག་རྐང་ལས། རྩ་སྦྱངས་པས་ནི་ལུས་ཀྱི་དྲི་མ་དག །རླུང་སྦྱངས་པས་ནི་ངག་གི་དྲི་མ་དག །འཛག་མེད་ཐོབ་པས་ཡིད་ཀྱི་བག་ཆགས་བཅོམ། །འཁོར་ལོའི་མདུད་པ་དགའ་བཞིའི་འགྲོས་ཀྱིས་བཤིགས། །མ་རིག་གཉིད་ནི་བརྒྱལ་བ་ལོག་པས་དྭངས། །ཆགས་བྲལ་ཉམས་པ་ཞེ་སྡང་ཟད་པའི་སེམས། །ཆགས་པ་དག་


LT09,P100A
[མ་དཔེ་གཟིགས་ན་འདིར་གནོན།]

པས་བདེ་བ་ཆེན་པོར་གྲོལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། ཁྲིད་དངོས་དང༌། དེའི་ངོ་སྤྲོད་དོ། །དང་པོ་ལ་གསུམ། སྐུ་རྡོ་རྗེའི་བསྙེན་པ། གསུང་རྡོ་རྗེའི་སྒྲུབ་པ། ཐུགས་རྡོ་རྗེའི་སྒྲུབ་པ་ཆེན་པོའོ། །དང་པོ་ནི། ལུས་རྩ་དག་བྱེད་བསྙེན་པ་སྐུ་རྡོ་རྗེ། །སྐྱིལ་ཀྲུང་གསུམ་གྱིས་སྟེང་འོག་བར་རླུང་བཅིངས། །རླུང་བཅུ་དྷཱུ་ཏིར་ཚུད་ནས་སྟོང་གཟུགས་མཐོང༌། །སྦྱང་གཞི་ཁམས་དྲུག་ལྡན་པའི་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དག་པར་བྱེད་པ་སོར་བསམ་བསྙེན་པའི་ཡན་ལག་གམ་སྐུ་རྡོ་རྗེའི་བསྙེན་པ་ནི། ལོག་འཚོ་སྤངས་པའི་ཡོ་བྱད་ཚོགས་ཤིང་ཐུན་མོང་གི་སྔོན་འགྲོ་སྔོན་དུ་སོང་ནས། སྟེང་གི་སྐྱིལ་ཀྲུང་གིས་སྟེང་རླུང༌། འོག་གི་སྐྱིལ་ཀྲུང་གིས་འོག་རླུང༌། བར་གྱི་སྐྱིལ་ཀྲུང་གིས་བར་རླུང་སྟེ་སྐྱིལ་ཀྲུང་གསུམ་གྱི་མན་ངག་གིས་སྟེང་དང་འོག་དང་བར་གྱི་རླུང་བཅིངས་ཤིང་ཉིན་མཚན་གྱི་རྣལ་འབྱོར་ལ་བརྩོན་པས། རྩ་བ་དང་ཡན་ལག་གི་རླུང་བཅུ། རྣམ་པར་རྟོག་པ་མཐའ་དག་ཨ་བ་དྷཱུ་ཏིར་ཚུད་ཅིང་འགགས་ནས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་འཆིངས་པས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ། དུ་བ་ལ་སོགས་པའི་སྟོང་གཟུགས་ཀྱི་རྟགས་སྣང་མཐའ་ཡས་པ་མཐོང༌། གྲུབ་པའི་ཚད་ནི་ཚིག་གི་མཆོག་སྟེར་བ་སྟེ། བདེན་པའི་ཚིག་འགྲུབ། དེ་ནས་ཤེས་རབ་ལ་སོགས་པའི་བསམ་གཏན་གྱི་ཡན་ལག་ལྔ་རྫོགས་པ་ན་མངོན་པར་ཤེས་པ་ལྔ་འགྲུབ་པའོ། །གཉིས་པ་ནི། ངག་རླུང་དག་བྱེད་སྒྲུབ་པ་གསུང་རྡོ་རྗེ། །སྲོག་རྩོལ་ཐུར་སེལ་ཁ་སྦྱོར་རྡོར་བཟླས་ཀྱིས། །ཐིག་ལེར་ཚུད་ནས་ལས་ཆེན་ཐམས་ཅད་སྒྲུབ། །སྦྱང་བྱ་ངག་གི་རང་བཞིན་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་པར་བྱེད་པ་སྲོག་འཛིན་སྒྲུབ་པའི་ཡན་ལག་གམ་གསུང་རྡོ་རྗེའི་སྒྲུབ་པ་ནི། སྟོང་པ་ཉིད་ཀྱི་གཟུགས་མཐོང་ཞིང་


LT09,P100B
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ན། སྟེང་སྲོག་རྩོལ་གྱི་རླུང༌། འོག་ཐུར་སེལ་གྱི་རླུང༌། བར་ཁ་སྦྱོར་རླུང་གི་མན་ངག་སྒོམ་པར་བྱེད་པ་སྟེ། དེའང་ཐོག་མར་འབྱུང་གནས་འཇུག་གསུམ་ཐུགས་གསུང་སྐུ་དང་སྦྱར་བའི་རྡོ་རྗེའི་བཟླས་པས་ལམ་སྦྱོང༌། དམིགས་པ་མེད་པས་རླུང་ལམ་དུ་བྱེད་པ་འབྱུང་བ་ལྔའི་རླུང་སྦྱོར་གྱིས་རླུང་གི་གཞི་མར་ཚོལ། འོག་ཐུར་སེལ་གྱི་རླུང་སྦྱོར་གྱིས་གདན་དང་འབྱུང་བ་རིམ་བརྩེགས་བསྒོམ། སྟེང་སྲོག་རྩོལ་གྱི་རླུང་སྦྱོར་གྱིས་ས་བོན་ཡིག་འབྲུ་བསྐྱེད། བར་རླུང་ལ་བརྟེན་ནས་ཕྱག་མཚན་བསྐྱེད། དེ་དག་གི་རླུང་སེམས་ལ་དབང་ཐོབ་ནས་འཛིན་པ་ལ་ཁ་སྦྱོར་གྱི་རླུང་གིས་ལྷ་སྐུ་སློང་བའི་རྣལ་འབྱོར་དང༌། སྲོག་རྩོལ་གྱི་སྒོ་ནས་བགྲང་ཕྲེང་སྤངས་པའི་སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པ་དང༌། ཆུ་རླུང་བཞི་སྦྱོར་ཞི་བའི་ལས་སོགས་འགོག་པའི་བཟླས་པ་བྱ་ཞིང༌། དེའང་སྲོག་ནི་གྱེན་རྒྱུའི་རླུང་ཡིན་ལ། རྩོལ་བ་ནི་ཁྲིད་ཀྱི་ལག་ལེན་གྱིས་རླུང་ལམ་དུ་བྱེད་པ་སྟེ། དེ་ལྟར་སྲོག་རྩོལ་འགོག་པའི་སྦྱོར་བས་ཉི་ཟླའི་འགྲོ་འོང་འགགས་པ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རླུང་མངོན་དུ་འགྱུར་ཏེ། སྲོག་ཐིག་ལེར་ཚུད་པ་ཞེས་རླུང་སེམས་ཧཾ་གི་ཡི་གེར་ཟིན་པ་ནི་འཛིན་པ་ཞེས་བྱ་བ་སྲོག་རྩོལ་གྱི་འབྲས་བུ་སྟེ། ལས་ཆེན་བཅུ་གཉིས་ཐམས་ཅད་བསམ་པ་ཙམ་གྱིས་བསྒྲུབ་ནུས་པ་ཡིན་ནོ། །གསུམ་པ་ནི། ཡིད་ཐིག་དག་བྱེད་སྒྲུབ་ཆེན་ཐུགས་རྡོ་རྗེ། །ཐབས་ཤེས་རྗེས་ཆགས་མེ་གསུམ་སྦར་བ་ཡིས། །སྙིགས་མ་དྭངས་ནས་མི་འགྱུར་བདེ་ཆེན་འགྲུབ། །སྦྱང་བྱ་ཡིད་དང་སྐྱེ་བ་བདུན་པའི་ཐིག་ལེ་འགྱུར་མེད་དུ་དག་པར་བྱེད་པ་དྲན་ཏིང་སྒྲུབ་པ་ཆེན་པོའི་ཡན་ལག་གམ་ཐུགས་རྡོ་རྗེའི་སྒྲུབ་པ་ཆེན་པོ་ནི་བདུད་རྩི་ལྔ་ཕྲག་ལྔ་ཕྱི་ནང་གསང་གསུམ་དུ་ཟོས་པས་ལུས་ཀྱི་ཟུངས་བསྐྱེད་དེ། སྟེང་འོག་བར་གསུམ་བསྡམས་པའི་རླུང་གི་སྦྱོར་བས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྦར་


LT09,P101A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འཁོར་ལོ་དྲུག་གི་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཏེ་རིགས་དྲུག་གི་ས་བོན་བསྲེག་པ་ལས། དགའ་བཞིའི་འགྲོས་རིམ་པ་ཅན་དང་རིམ་མིན་གཉིས་ཀྱི་སྟོབས་ཀྱིས་འཁོར་ལོའི་མདུད་པ་རྣམས་བཤིགས་ཏེ་གནས་སྐབས་བཞིའི་སྒྲིབ་པ་ལས་གྲོལ་བས་འཁོར་བའི་རྩ་བ་མ་རིག་པ་སྤང་ཞིང་རྗེས་སུ་དྲན་པ་རྫོགས། དེའི་བོགས་འདོན་དུ་ཐབས་དང་ཤེས་རབ་ཕན་ཚུན་རིགས་དང་རིགས་ཅན་ལུས་བསམ་ཐབས་ཤེས་སུ་བསྡེབས་ཏེ། ལང་ཚོ་དུས་ཀྱི་མེ། སྒོམ་པ་ཏིང་ངེ་འཛིན་གྱི་མེ། སྦྱོར་བ་སྒྲུབ་པ་ལས་བྱུང་བའི་མེ་སྟེ་རྗེས་ཆགས་ཀྱི་མེ་གསུམ་སྦར་བས་ཉི་ཟླ་སྒྲ་གཅན་གྱིས་ཟོས་ནས་སྙིགས་མ་རྣམས་དྭངས་མར་གནས་འགྱུར། རླུང་སེམས་གསང་བ་ནས་རིམ་གྱིས་འགགས་པའི་མཐར། རླུང་དང་བྱང་ཆུབ་སེམས་ཀྱི་དྭངས་མ་གཙུག་ཏོར་གྱི་འཁོར་ལོར་བརྟན་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པར་འགྲུབ་བོ། །གཉིས་པ་དེའི་ངོ་སྤྲོད་ཀྱི་ཚུལ་ནི། ལྟ་བ་ཡིན་ལུགས་སྒོམ་པ་རྡོ་རྗེ་གསུམ། །སྒྲིབ་གསུམ་དག་འབྲས་སྐུ་གསུམ་ངོ་སྤྲད་དོ། །དེའང་གཞི་ལྟ་བའི་ངོ་སྤྲོད་ནི། སེམས་ཉིད་ཀྱི་ངོ་བོ་སྐུ་གསུམ་ལྷུན་གྲུབ་ཏུ་གདོད་ནས་གནས། ཚུལ་ཇི་ལྟར་གནས་ན་སྣང་བའི་ཡིན་ལུགས། སྟོང་པའི་ཡིན་ལུགས། ཟུང་དུ་འཇུག་པའི་ཡིན་ལུགས་གསུམ་གྱིས་གནས། དེའི་ཕྱི་མ་གཉིས་ནི་ཆོས་སྐུ་དང༌། སྔ་མ་ཆོས་ཉིད་ཀྱི་སྐུར་ངོ་སྤྲད་པའོ། །ལམ་སྒོམ་པའི་ངོ་སྤྲོད་ནི། སོར་བསམ་སྐུ་རྡོ་རྗེ། སྲོག་འཛིན་གསུང་རྡོ་རྗེ། དྲན་ཏིང་ཐུགས་རྡོ་རྗེ་གསུམ་ལས་མཚན་དོན། ཉམས་སྐྱེ་བའི་ཚུལ། གྲུབ་པའི་ཚད། དགོས་པ་དང་བཅས་པས་ལམ་སྐུ་གསུམ་དུ་ངོ་སྤྲད་པའོ། །འབྲས་བུའི་ངོ་སྤྲོད་ནི། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཉམས་སུ་བླངས་པས་སྒྲིབ་པ་གསུམ་ཚན་གསུམ་དག་པའི་


LT09,P101B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐུ་གསུམ་ཚེ་གཅིག་ལུས་གཅིག་ལ་ཐོབ་པར་ངོ་སྤྲད་པའོ། །འདི་དག་གི་ལུང་སྦྱོར་རྒྱས་པ་རྡོ་རྗེའི་ཚིག་རྐང་དང༌། ཟླ་སེང་བ་དང་སྦུད་ཏྲ་བ་སོགས་ཀྱིས་མཛད་པའི་ཚད་ཐུབ་ཀྱི་འགྲེལ་ཆེན་བཞི་ལས་ཤེས་པར་བྱའོ། །དགུ་པ་ཞར་བྱུང་ཁྲིད་ཚུལ་ཐོར་བུ་ཡན་ལག་དང་བཅས་བཤད་པ་ལ་གཉིས། ཞི་སྦས་བཀའ་བབ་དྲུག་གི་ཁྲིད་བཤད་པ། གེགས་སེལ་བོགས་འདོན་མགོ་སྨོས་ཙམ་བསྟན་པའོ། །དང་པོ་ནི། གྲུབ་ཆེན་ཞི་སྦས་བཀའ་བབ་དྲུག་གི་ཁྲིད། །བསྐྱེད་རིམ་ཕྱག་ཆེན་གཏུམ་མོ་འོད་གསལ་དང༌། །ལས་རྒྱ་མན་ངག་ཐོར་བུ་བཅས་པ་སྟེ། །རྩོད་དུས་ཀྱི་གྲུབ་པའི་དབང་ཕྱུག་ཆེན་པོ་བདེ་ཆེན་མགོན་པོའམ། ཞི་བ་སྦས་པས་བཀའ་བབ་དྲུག་གི་མན་ངག་ཕྱོགས་གཅིག་ཏུ་བསྡུས་པ། གྲུབ་པའི་སློབ་དཔོན་བུདྡྷ་གུཔྟ་ནཱ་ཐའི་ཞལ་སྔ་ནས་བརྒྱུད། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གངས་རིའི་ལྗོངས་སུ་ཤིང་རྟའི་རིང་ལུགས་གསར་དུ་དབྱེ་བར་མཛད་པའི་ཁྲིད་ཚུལ་ནི། དང་པོ་བསྐྱེད་པའི་རིམ་པའི་ཁྲིད་ལ་སྔོན་འགྲོ་ཐུན་མོང་མ་ཡིན་པ་བསྙེན་པ་ཆུང་འབྲིང་ཆེ་གསུམ་གྱིས་རྒྱུད་བྱིན་གྱིས་བརླབས། དངོས་གཞི་རྟོག་པའི་རྣལ་འབྱོར་དང་དྲན་པ་གཅིག་པས་གསལ་སྣང་བསྒྲུབ་སྟེ་རྫོགས་པའི་རིམ་པའི་མཆོག་ལ་སྦྱོར་རོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་ཁྲིད་ལ། ཕྱིའི་དམིགས་རྟེན་ལ་བརྟེན་པ་གསུམ། ནང་གི་སེམས་འཛིན་ལྔ་རྣམས་ཀྱིས་གནས་པ་ཅི་རིགས་འགྲུབ་པ་ན་དམིགས་མེད་བཟོ་མེད་དུ་འཇོག་པས་ཞི་གནས་བསྐྱེད། སེམས་ཀྱི་རང་བཞིན་འོད་གསལ་དུ་ངོ་སྤྲོད་པ་སོགས་ངོ་སྤྲོད་སྐོར་བརྒྱད་ཀྱིས་ལྷག་མཐོང་བཙལ། བྱིང་རྒོད་རྣམ་རྟོག་རྒྱུན་ཆགས་ཀྱི་གེགས་བསལ་ཞིང་བདེ་གསལ་མི་རྟོག་པའི་བོགས་འདོན་པའོ། །གསུམ་པ་གཏུམ་མོའི་ཁྲིད་ནི། སྔོན་འགྲོ་རླུང་དང་རྩ་དང་ཐིག་ལེས་རྩའི་ལམ་


LT09,P102A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ཞིང་རྩ་བྱིན་གྱིས་བརླབ། དངོས་གཞི་རྡུལ་མཐའ་ཅན་དང་དགང་བ་ཅན་དང་བུམ་པ་ཅན་དང་རེངས་པ་ཅན་གྱི་སྦྱོར་བ་བཞིས་རླུང་ལ་བསླབ་པ་དང༌། བསྡུས་པ་དང༌། འབྲིང་པོ་དང་རྒྱས་པ་དང་གོ་ལྡོག་བཞིས་གཏུམ་མོ་མེ་དམིགས་ལ་བསླབ་པ་དང༌། སྤྱིར་འཁོར་ལོ་བཞི། ཁྱད་པར་གསང་བར་རྫས་ཀྱི་ཐིག་ལེ། སྙིང་གར་མི་ཤིགས་པའི་ཐིག་ལེ། སྣ་རྩེར་འོད་ཀྱི་ཐིག་ལེ་དང་རྩའི་རྣལ་འབྱོར། ལུས་ཀྱི་ནང་དང་ཕྱི་རུ་བསྒོམ་པའི་ཡན་ལག་དང་བཅས་པས་ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་དང༌། སྲོག་དང་ཐུར་སེལ་གཉིས་མགོན་པོ་དང་ལྷ་མོ་བཞི་དབང་པོ་དྲུག་རྣམས་སུ་ཡི་གེ་གསུམ་དང༌། འབྱུང་འཇུག་ཡི་གེ་གཉིས་དང་སྦྱར་བའི་རྡོ་རྗེའི་བཟླས་པ་རྣམས་སོ། བཞི་པ་འོད་གསལ་གྱི་ཁྲིད་ནི། མཉམ་པར་འཇོག་ཐབས་བཞི་དང༌། རྗེས་ཐོབ་སྟོང་པ་དང་སྒྱུ་མ་ངོས་བཟུང་བ་གཉིས་ཀྱིས་སྔོན་འགྲོ་སྒྱུ་ལུས་སྦྱངས་ཏེ། སད་དུས་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ། ཞར་བྱུང་གི་ཡན་ལག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་འཕོ་བ་བཅས་འབྱངས་པར་བྱ། རྒྱས་འབྲིང་བསྡུས་པའི་དམིགས་པ་ལ་བརྟེན་པ་དང༌། ལས་དང་ཡེ་ཤེས་དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་པ་གང་ཡང་རུང་བའི་གནད་ཀྱི་སྦྱོར་བས་དངོས་གཞི་སྣང་མཆེད་ཐོབ་པའི་འོད་གསལ་བཟུང་ཞིང༌། རིག་འཛིན་རྗེས་གཞིག་གིས་བོགས་བཏོན་པའོ། །ལྔ་པ་ལས་ཀྱི་ཕྱག་རྒྱའི་ཁྲིད་ནི། སྔོན་འགྲོ་ཁྱད་པར་གྱི་བླ་མའི་རྣལ་འབྱོར་དང་ཞིང་ཁམས་འབུལ་ཞིང་འཁོར་ལོ་བཞིའི་རྩ་ཁྲུས་བྱ། དངོས་གཞི་རླུང་སྦྱོར་བཞི་པོ་གོམས་པས། མཆོག་གི་འདྲེན་པ། རྩའི་འདྲེན་པ། ཡན་ལག་གི་འདྲེན་པ་སོགས་གནད་གདམས་བཅུ་པོས་ལམ་སྦྱོང༌། འཇམ་རྩུབ་ཀྱི་རླུང་དང་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱས་


LT09,P102B
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཐུར་བསྲེ་ཞིང་རབ་སྐོར་གྱི་སྦྱོར་བས་གེགས་བསལ་ཏེ་ཐོག་མར་ཡེ་ཤེས་ཀྱི་ཕྱག་རྒྱ། བར་དུ་ལག་པའི་ཕྱག་རྒྱ། མཐར་མཚན་ཉིད་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་དགའ་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱ་བའོ། །དྲུག་པ་མན་ངག་ཐོར་བུའི་ཁྲིད་ནི། ཡི་དམ་དང་བླ་མ་སྒོམ་པའི་མན་ངག་བར་ཆད་བསལ་བ་བི་རཱུ་པ་དང་གོ་རཀྵའི་ལུགས། སེམས་འཛིན་ལྔ་བརྒྱ་ཙམ་ལས་དཀྱུས་སུ་བསྟན་པ་བཅུ་དྲུག་གེགས་སེལ་དང་བོགས་འདོན་གྱི་རིམ་པ་མང་པོས་ཏིང་ངེ་འཛིན་དང་ཡོན་ཏན་གོང་འཕེལ་དུ་བྱེད་པ་དང་བཅས་པ་རྣམས་སོ། །སྟེ་ཞེས་པ་ནི་ལྷག་བཅས་ཀྱི་སྒྲས་ཚིག་ཕྱི་མ་འདྲེན་པའི་དོན་ཏོ། །གཞན་ཡང་མི་ཏྲ་ཁྲིད་དྲུག །དམར་ཁྲིད་རིགས་རྣམས་ཀྱིས་མཚོན་གངས་ཅན་དུ་བྱུང་བའི་གདམས་ངག་ཁྲིད་སྲོལ་ཕྲན་ཚེགས་ནི་ཤིན་ཏུ་མང་བས་རེ་རེ་བཞིན་བརྗོད་མི་ནུས་ཀྱང༌། མདོ་དོན་རིམ་པ་གཉིས་སམ། ཞི་ལྷག་གཉིས་སམ། སྟོང་ཉིད་སྙིང་རྗེའི་ཉམས་ལེན་ལ་མ་འདུས་པ་གང་ཡང་མེད་དོ། །གཉིས་པ་ནི། གེགས་སེལ་བོགས་འདོན་རྫོགས་རིམ་ཀུན་ལ་གཅེས། །ཞེས་པ་སྟེ། ཐབས་ལམ་ལ་རྩ་རླུང་ཐིག་ལེའི་གེགས་བསལ་བ་དང༌། གྲོལ་ལམ་ལ་ཞི་གནས་ཀྱི་གེགས་བྱིང་རྒོད། ལྷག་མཐོང་གི་གེགས་གོལ་ཤོར་ལ་སོགས་པ་སེལ་ཞིང་མོས་གུས་སྙིང་རྗེ་སྤྱོད་པའི་བྱེ་བྲག་དུས་ཚོད་དང་སྦྱར་བས་ཡོན་ཏན་གྱི་བོགས་གོང་དུ་འདོན་པ་རྣམས་ནི་རྫོགས་པའི་རིམ་པ་སྤྱི་ལ་གཅེས་པའི་གདམས་ངག་ཡིན་ཀྱང་ཁྲིད་ཚུལ་སོ་སོ་ལས་རྒྱས་པར་འབྱུང་བས་འདིར་མ་སྤྲོས་སོ། །རྡོ་རྗེ་ཐེག་པའི་སྒོམ་རིམ་མན་ངག་གཙོ་བོར་བྱེད་པ་བྱེ་བྲག་ཏུ་བསྟན་པ་སྐབས་བཞི་པའི་འགྲེལ་པའོ།། །།ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་


LT09,P103A
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བ་སྟེ་གནས་བརྒྱད་པའི་འགྲེལ་བ་གྲུབ་བོ།། །།


no previousབརྒྱད་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བ།next