Nitartha Digital Library
Tibetan
གདམས་ངག་མཛོད།

23 occurrences of འབར་བ་
[Clear Hits]


  
  
  
  
  
  
 
གདམས་ངག་མཛོད་པོད་གསུམ་པ།  བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན།
  
 
 
 
 
  
 
  
  
  
 


23 occurrences of འབར་བ་
[Clear Hits]

 
previousགདམས་ངག་མཛོད་པོད་གསུམ་པ། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན།next

གདམས་ངག་མཛོད་པོད་གསུམ་པ།
བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན།


LT12_Page_037A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན་ཞེས་བྱ་བ་བཞུགས་སོ། །


LT12_Page_037B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་གང་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེན་བར་འདོད་པའི་སྐྱེས་བུ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་ནི། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་བོ། །དུས་གསུམ་འཕགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བྱའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པ་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་བཞེས་བྱ་བ་འདི་ཉིད་ཡིན་ལ། འདི་ལ་ཐོག་མར་ཉམས་སུ་བླང་བྱའི་ཆོས་ཁུངས་བཙུན་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་དང༌། །ཁུངས་བཙུན་པ་ནས་བྱུང་བའི་ཆོས་དེ་ཡང༌། །ཕྱོགས་རེ་ཙམ་མ་ཡིན་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་ཤིང་ཆ་ཚང་ལ་མ་ནོར་བ་ཞིག་དགོས་པ་ཡིན་ལ། ད་རེས་བདག་གིས་ཉམས་སུ་བླང་བྱའི་ལམ་གྱི་རིམ་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་བརྒྱུད་པས་ཁུངས་བཙུན་པ་ཡིན་ཞིང༌། ཁུངས་བཙུན་དེ་རྣམས་ལས་བརྒྱུད་པའི་ཆོས་ཀྱི་རིམ་པ་འདིས་སྐྱེ་རྒུ་རྣམས་ཀྱི་འདོད་དོན་མ་ལུས་པ་བདེ་བླག་ཏུ་སྐོང་པས་


LT12_Page_038A
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་དང༌། ཐེག་པ་ཆེ་ཆུང་གི་གཞུང་ལུགས་བཟང་པོ་མ་ལུས་པའི་ལེགས་བཤད་ཀྱི་ཆུ་བོ་འདུ་བས་ན་རྒྱ་མཚོ་ཆེན་པོ་ལྟ་བུ་དང༌། མདོ་སྔགས་ཀྱི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ཉམས་སུ་ལེན་བདེ་བ་དང༌། ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་རིག་པའི་ཁུ་བྱུག་དང༌། ཐོགས་མེད་ཀྱི་ལུགས་ལ་མཁས་པའི་གསེར་གླིང་པའི་གདམས་པས་བརྒྱན་པ་ཡིན་པས་འདི་ལྟ་བུ་ལ་ཉན་བསམ་སྒོམ་གསུམ་བྱེད་དུ་ཡོང་པ་ནི་བདག་སྐལ་བ་བཟང་ལ། རང་རེའི་བླ་མའི་གསུང་མགུར་ལས་ཀྱང༌། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ལ་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུས་པའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། ཞེས་གསུངས་སོ། །དེས་ན་གདམས་པ་འདི་གཞན་ལས་ཁྱད་པར་འཕགས་པའི་ཆེ་བ་བཞི་དང་ལྡན་པ་ཡིན་ཏེ། གདམས་པ་འདི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ཇི་སྙེད་པ་ཐམས་ཅད་ལས་ཁ་ཅིག་ལམ་གྱི་གཙོ་བོ། །ཁ་ཅིག་ལམ་གྱི་ཡན་ལག་


LT12_Page_038B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བྱེད་དུ་ཤེས་ནས་དངོས་དང་བརྒྱུད་པ་ཅི་རིགས་པའི་སྒོ་ནས་གང་ཟག་རང་ཉིད་ལྟ་བུ་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། མདོ་སྔགས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཚད་ལྡན་རྣམས་ཕྱིའི་གོ་རྒྱ་གཅོད་པའི་བཤད་ཆོས་ཙམ་དང༌། ཉམས་སུ་ལེན་རྒྱུའི་སྙིང་བོ་ཡན་ལག་དེ་རྣམས་ལས་གཞན་ན་ཡོད་པར་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་ལོག་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་བརྗོད་བྱ་མཐའ་དག་བཤེས་གཉེན་བསྟེན་ཚུལ་ནས་ཞི་ལྷག་གི་བར་གྱི་ལམ་གྱི་རིམ་པར་བསྡུས་ནས་དེ་དག་གི་གདམས་པའི་མཐིལ་དུ་བཟུང་སྟེ་བརྗོད་བྱའི་དོན་གྱི་དཔྱད་སྒོམ་དགོས་པ་ལ་དཔྱད་སྒོམ། འཇོག་སྒོམ་དགོས་པ་ལ་འཇོག་སྒོམ་བྱེད་པའི་ཉམས་ལེན་སྟོན་པའི་གདམས་ངག་ཏུ་གོ་བར་འགྱུར་བས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། དེ་ལྟར་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཡང༌། བདག་ལྟ་བུའི་རྒྱ་ཆེན་པོའི་གསུང་རབ་ཀྱི་དོན་ལ་མ་སྦྱངས་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་དམ་པའི་མན་ངག་ལ་མ་བརྟེན་པར་གཞུང་ཆེན་མོ་དེ་དག་གི་དོན་ལ་ཐོས་བསམ་གྱིས་ཞུགས་ཀྱང་དགོངས་དོན་ཇི་ལྟ་བ་བཞིན་མི་རྙེད་པའམ། རྙེད་ཀྱང་དུས་རྒྱུན་རིང་ཞིང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་དགོས། བླ་མ་དམ་པའི་མན་ངག་ལམ་སྒྲོན་ནི་བྱང་ཆུབ་ལམ་རིམ་ཉིད་ལྟ་བུ་ལ་བརྟེན་ནས་གཞུང་ཆེན་པོ་རྣམས་ཀྱི་དོན་ཚེགས་མེད་པར་རྙེད་པས་ན་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆོ་པ། དེ་ལྟར་རྙེད་པའི་ཚེ་སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་འཚང་རྒྱ་བའི་ཐབས་སྟོན་བར་གོ་བས། འགའ་ཞིག་འཚང་རྒྱ་བའི་ཐབས་སྟོན་པར་བཟུང་ནས་སློབ་དགོས་པ་དང༌། འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་དོར་བྱར་བྱེད་པ་


LT12_Page_039A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤོང་གི་ལས་ཡིན་པས་གདམས་པ་འདི་ལ་བརྟེན་ནས་སྔར་བཤད་པ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ངེས་པ་རྙེད་པ་ཙམ་གྱིས་དེ་ལྟ་བུའི་ཆོས་སྤང་གི་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྱུར་བའི་ཆེ་བ་རྣམས་དང་ལྡན་པའི་ཕྱིར། དེ་ལྟར་ན་གསུང་རབ་ཀྱི་དོན་ལ་དཔྱོད་པའི་རྣམ་དཔྱོད་དང་ལྡན་པའམ། ལྡན་པར་འདོད་ན་ནི་རྒྱ་བོད་ཀྱི་མཁས་པའི་སྐྱེ་བོ་སྐལ་ལྡན་དུ་མས་བསྟེན་ཅིང་ཐུགས་ཉམས་སུ་བཞེས་པའི་གདམས་པ་མཆོག་ཏུ་གྱུར་བ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདིས་ཡིད་རང་དབང་མེད་པར་ཕྲོག་འཕྲོག་སྟེ་ཉན་བསམ་སྒོམ་པ་ལ་འཇུག་རིགས་ཏེ། གདམས་པ་དེ་ཉིད་གོང་དུ་བཤད་པ་ལྟར་གྱི་ཆེ་བ་བཞི་དང་ལྡན་པས་སོ། །རྗེ་བླ་མས་ཀྱང༌། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། ཅེས་གསུངས་པས་སོ། །དེ་ལྟ་བུའི་ཆེ་བ་དང་ལྡན་པའི་གདམས་པ་རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཚུལ་འདི་ཡོངས་སུ་རྫོགས་པ་ལྟ་ཅི་སྨོས། ཐུན་རེ་ཙམ་ཕྱིན་ཅི་མ་ལོག་པར་སྟན་ཅིང་བཤད་པའི་ཕན་ཡོན་བསམས་ཏེ། སྙོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད། བསམ་སྦྱོར་རྣམ་དག་གི་སྒོ་ནས་སྣོད་ལྡན་གྱི་གང་ཟག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་ལས་དམ་ཆོས་ཚུལ་བཞིན་བཤད་པའི་ཕན་ཡོན་རླབས་ཆེན་པོ་སྡུད་པ་དང༌། ཉན་ཚུལ་ཕྱིན་ཅི་མ་ལོག་པར་སྣོད་ཀྱི་སྐྱོན་གསུམ་སྤང་བ་དང་འདུ་ཤེས་དྲུག་བསྟེན་པ་སོགས་ཀྱི་སྒོ་ནས་ཉན་པ་ལ་དམ་


LT12_Page_039B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐོས་པའི་ཕན་ཡོན་རླབས་ཆེན་སྡུད་པ་དེ་འབྱུང་བར་ངེས་པས། ཉན་བཤད་ཚུལ་བཞིན་དུ་བྱེད་པ་ལ་འབད་པར་བྱ་རིགས་ཤིང་བྱེད་དགོས་ཏེ། རྗེ་བླ་མས། གསུང་རབ་ཀུན་གྱི་སྙིང་བོ་བསྡུ་བ། །ཚུལ་འདི་ཐུན་རེ་སྟན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། ཞེས་གསུངས་པས་སོ། །འོ་ན་དེ་ལྟ་བུའི་གདམས་པ་ཚུལ་བཞིན་དུ་ཉན་པ་ལ་ཕན་ཡོན་རླབས་ཆེན་འབྱུང་བ་དེ་ལྟ་ན། གདམས་པ་ཁྱད་པར་ཅན་དེ་གང་ཟག་ཇི་ལྟ་བུ་ཞིག་ལས་ཉན་དགོས་སྙམ་ན། སྤྱིར་དམ་པའི་ཆོས་མཉན་པར་འོས་པའི་བཤེས་གཉེན་ལ་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་སྐབས་ལས་བཤེས་གཉེན་གྱི་མཚན་ཉིད་མི་འདྲ་བ་མང་དུ་གསུངས་ཀྱང༌། གདམས་པ་རིན་པོ་ཆེ་འདི་ལྟ་བུའི་བཀའ་དྲིན་ནོད་པའི་དགེ་བའི་བཤེས་གཉེན་ནི་མདོ་སྡེ་རྒྱན་ལས་བཤད་པ་ལྟར་ལ། དུལ་བ་ཚུལ་ཁྲིམས་ཀྱི་བསླབ་པ། ཞི་བ་ཏིང་ངེ་འཛིན་གྱི་བསླབ་པ། ཉེ་བར་ཞི་བ་ཤེས་རབ་གྱི་བསླབ་པ་སྟེ། བསླབ་པ་གསུམ་གྱི་སྒོ་ནས་རྒྱུད་དུལ་བར་བྱས་པའི་རྟོགས་པའི་ཡོན་ཏན་དང༌། སྡེ་སྣོད་གསུམ་ལ་སོགས་པ་མང་དུ་ཐོས་པ་ལུང་གི་ཡོན་ཏན་དང༌། དེ་ཁོ་ན་ཉིད་རབ་ཏུ་རྟོགས་པའི་ཤེས་རབ་དང་ལྡན་པ། སློབ་མ་ལས་ཡོན་ཏན་ལྷག་པ་སྟེ། ཆོས་སྨྲ་བ་པོ་རང་གིས་ཐོབ་པའི་ཡོན་ཏན་དྲུག་དང༌། ལམ་ལ་ཇི་ལྟར་དཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་རྣ་བར་སྐྱེལ་བའི་སྨྲ་མཁས་པ། རྙེད་བཀུར་སོགས་ལ་མི་ལྟ་བར་སྙིང་རྗེས་ཀུན་ནས་བསླང་སྟེ་ཆོས་སྟོན་པས་ཀུན་སློང་དག་པ་བརྩེ་བ་དང༌། ཆོས་བཤད་པ་སོགས་ཀྱི་གཞན་དོན་ལ་སྤྲོ་བའི་བརྩོན་པ་དང་བཅས་པ་དང༌། འཆད་པའི་དཀའ་སྤྱད་དང༌། འཁོར་གྱིས་ལོག་སྒྲུབ་མི་བཟོད་པའི་རྟོག་པ་སྤངས་ཏེ་གཞན་


LT12_Page_040A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་པའི་ཡོན་ཏན་བཞི་དང་ལྡན་པ་སྟེ་ཆོས་བཅུ་ལྡན་ཞིག་བརྟེན་ནས་ཐེག་ཆེན་གྱི་གདམས་པ་དང་རྗེས་སུ་བསྟན་པ་ནོད་པར་བྱ་ཞིང༌། ཉན་པ་པོའི་གང་ཟག་ཀྱང་སྤྱིར་གཟུ་བོར་གནས་པ། ལམ་ཡང་དག་པ་དེ་ལ་ལྟར་སྣང་གི་རྣམ་དབྱེ་འབྱེད་པའི་བློ་དང་ལྡན་པ། ལམ་ཡང་དག་དོན་དུ་གཉེར་བ་གསུམ། དེའི་སྟེང་དུ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་སྟེ་བཞི་ལྡན་དགོས་ལ། ཁྱད་པར་ལམ་འདི་ལྟ་བུ་ལ་དཀྲི་རུང་བའི་སློབ་མ་མཚན་ཉིད་དང་ལྡན་པ་ལ་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལ་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་བ་ལ་དད་གུས་ཆེ་བ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པའི་ཆོས་བཞི་ལྡན་དང༌། དེའི་མཐུན་རྐྱེན་བློ་དང་ལྡན་པ། འགལ་རྐྱེན་འདིར་བ་གཟུར་གནས་ཏེ་དྲུག་ལྡན་དུ་བྱ་དགོས་པས་རང་ཡང་ལམ་འདི་སྟོན་པ་པོ་བྱེད་འདོད་ན་བཤེས་གཉེན་གྱི་མཚན་ཉིད་དང་ལྡན་པ་ལ་འབད། ཉན་པའི་ཚེ་ཉན་པ་པོའི་མཚན་ཉིད་དང་ལྡན་པ་ལ་བསླབ་བོ། །དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལས་གདམས་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཚུལ་བཞིན་ཉན་ནས་ཉམས་སུ་ཇི་ལྟར་ལེན་པའི་ཚུལ་ནི། དང་པོར་གནས་ཡིད་དང་མཐུན་པར་དཀོན་མཆོག་གི་རྟེན་བཀྲམ། མཆོད་པ་གཡོ་མེད་པར་ལེགས་པར་བཤམ། སྟན་བདེ་བ་ལ་སྐྱིལ་ཀྲུང་བཅས་བསམ་པ་ཐག་པ་ནས་བློ་ལྟོས་བཀལ་བའི་སྐྱབས་འགྲོ་རྒྱུད་དང་འདྲེས་པ་མང་དུ་བྱས། ཚད་མེད་པ་བཞི་བསྒོམ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་སོགས་ཀྱིས་སེམས་བསྐྱེད། ཨོཾ་སྭ་བྷཱ་ཝས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་སྟོང་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་ལ་ལམ་འདི་སྟོན་པའི་བླ་


LT12_Page_040B
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་དབྱེར་མེད་པའི་བདག་གི་སྟོན་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མས་བསྐོར་བ་དང༌། དེའི་མཐར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ། དཔའ་བོ་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་བཞུགས་པར་གྱུར། །རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེས་ཚད་མེད་འགྲོ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པའི། །དུས་གསུམ་བླ་མ་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ཞེས་སོགས་ཀྱིས་སྤྱན་དྲངས། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཞེས་སོགས་ཀྱིས་ཁྲུས་ཁང་བསྐྱེད་པ། ཁྲུས་གསོལ་བ། སྐུ་དཔྱི་བ། ན་བཟའ་དང་རྒྱན་འབུལ་བ། བདག་དང་འགྲོལ་སོགས་ཀྱིས་མཆོད་པ། ཚོགས་ཀྱི་ཞིང་དུ་བཞུགས་སུ་གསོལ་བ་རྣམས་སྤྱོད་འཇུག་ནས་འབྱུང་བ་ལྟར་བྱ། དེ་ནས་བསགས་སྦྱོང་གི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི་ཐོག་མར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཞེས་སོགས་དང༌། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ཞེས་སོགས་ཀྱིས་ཉམས་ལེན་བྱིན་རླབས་བརྒྱུད་པ་དང༌། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། ཞེས་སོགས་ཀྱིས་རྒྱ་ཆེན་སྤྱོད་བརྒྱུད་དང༌། ཡོད་མེད་ཕྱོགས་འཇིག་རྒྱལ་སྲས་ཀླུ་སྒྲུབ་དང༌། ཞེས་སོགས་ཀྱིས་ཟབ་མོ་ལྟ་བརྒྱུད། རྒྱལ་བའི་མདུན་ན་ཞེས་སོགས་ཀྱིས་ཇོ་བོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞེས་སོགས་ཀྱིས་འབྲོམ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། ཅེས་སོགས་ཀྱིས་རྗེ་དང༌། རླབས་ཆེན་ཤེས་རབ་བཟང་པོའི་ལུས་སྟོབས་རྒྱས། ཅེས་སོགས་དང༌། རིག་གྲོལ་ཕུན་ཚོགས་ཅེས་སོགས་དང༌། དགོས་འདོད་ཀུན་འབྱུང་ཞེས་སོགས་དང༌། གང་ལ་བདག་


LT12_Page_041A
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་རིག་པ་བསླབ་པ་དང༌། ཞེས་སོགས་དང༌། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། ཞེས་སོགས་དང༌། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། ཅེས་སོགས་དང༌། ཇི་སྙེད་སུ་དག་ཅེས་པ་ནས། ཕྱག་འཚལ་མཆོད་པར་བགྱི། ཞེས་པའི་བར་བྱ། དེ་ནས་མཎྜལ་རྒྱས་བསྡུས་གང་ཡང་རུང་བ་དང༌། དེ་ལས་གཞན་ཡང་མཆོད་པའི་ཚོགས། ཞེས་པ་ནས། སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཅེས་པའི་བར་དང༌། སྤྱི་བཤགས་ཚར་གསུམ་བྱས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། ཞེས་པ་ནས། བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་བྱ། དེ་ནས་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གདངས་ཡིད་འཁྲུལ་པ་དང་བཅས་ཏེ་གདོན། དེ་ནས་མཆོད་ཡུལ་རྣམས་རང་བཞིན་གྱི་གནས་སུ་གཤེགས་ཞེས་གཤེགས་གསོལ་བྱ། ཐུན་བཞིའམ་དྲུག་ཏུ་ཉམས་སུ་ལེན་ན་ཐུན་ཐ་མ་ལ་གཤེགས་གསོལ་བྱ། དེ་ནི་བཤེས་གཉེན་བསྟེན་ཚུལ་གྱི་སྔོན་འགྲོའོ། །བསྟེན་ཚུལ་དངོས་ནི་དཔྱད་སྒོམ་གྱི་སྒོ་ནས་བསྒོམ་པར་བྱ་སྟེ། དེ་ཡང་བདག་གི་དཔལ་ལྡན་བླ་མ་འདི་རྣམས་དངོས་གྲུབ་ཀྱི་རྩ་བ། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན། སྨན་པ་དང་ནད་པ་བཞིན་དུ་བླ་མས་སྡུག་བསྔལ་གྱི་ནད་སེལ་བས་སྐུ་དྲིན་ཆེ། འཁོར་བ་ཐོག་མ་མེད་པ་ནས་ད་བར་འཁོར་བར་གཏན་འཁྱམས་བྱས་པ་བཤེས་གཉེན་དེ་དང་མ་མཇལ་བའམ། མཇལ་ཀྱང་དེའི་བཀའ་བཞིན་མ་བསྒྲུབས་པས་ལན། ད་ནི་ངས་བླ་མ་ཅི་མཉེས་བྱེད་དགོས། ཟས་ནོར་གྱིས་འགྲངས་ནས་སྐྱིད་རྒྱགས་པའི་སྐབས་སུ་གསེར་སྦྲམ་ལག་པས་ཐེག་ཚད་བྱིན་པ་ལས་ལྟོག་གྲིར་འཆི་ལ་ཁད་ལ་ཟས་ཕོར་གང་སྟེར་བ་དྲིན་ཆེ་བ་བཞིན། ང་ལ་ནི་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་གསུངས་པ་ལྟར་སངས་


LT12_Page_041B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ལས་ཀྱང་བླ་མ་འདི་བཀའ་དྲིན་ཆེ་ངེས་བསམ། སྔོན་བདག་ཅག་གི་སྟོན་པས། །སྐྱེ་བ་ཡོད་ན་འཆི་བ་ཡོད། །འགོག་པ་འདི་ནི་བདེ་བ་ཡིན། ཞེས་པའི་ཚིགས་བཅད་ཕྱེད་ཙམ་དང༌། ཚིགས་བཅད་རེ་ཙམ་གསན་པའི་བླ་མ་ལ་བཀའ་དྲིན་བསབས་པའམ། བླ་མ་དེ་མཉེས་པར་བྱ་བའི་ཕྱིར་གསེར་སྲང་འབུམ་ཕྲག་ཕུལ་བ་དང༌། རྒྱལ་བོའི་སྲས་དང་བཙུན་མོ་ལ་སོགས་པ་ཆེས་ཕོངས་པ་ཕུལ་བ། སྐུ་ལུས་ལ་མར་མེ་སྟོང་བཙུགས་པ་སོགས་ལུས་ལོངས་སྤྱོད་ཐམས་ཅད་གཏོང་བར་མཛད་འདུག །བདག་ཀྱང་སྟོན་པ་དེའི་རྗེས་འཇུག་ཡིན་ཞིང༌། ད་ལྟའི་བླ་མ་རྣམས་ལ་ཆོས་ཚད་མེད་པ་ཉན་ཡོད་པས་བཀའ་དྲིན་ཚད་མེད་ཨང༌། གལ་ཏེ་ད་ལྟའི་བླ་མ་སྐུ་ཡོན་ཆེ་བ་ཡིན་ན་བཀའ་དྲིན་རེ་ཙམ་འཁུར། དེ་མིན་ཅིར་ཡང་མི་རྩི་བའི་ཁར། ངས་ཆོས་ཉན་ཡོད་ཟེར་ཕར་དགྱེན་པ་བྱེད་པར་འདུག་སྟེ། དེ་ནི་མ་གོ་བ་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་ཕ་མ་ལ་ཡོན་ཏན་མེད་ཀྱང་དྲིན་ལེགས་པར་འཁུར་དགོས་ཤིང་ཁུར་ན་ཕན་ཡོན་དང་མ་ཁུར་ན་ཉེས་དམིགས་ཆེ་བ་བཞིན་དུ་བླ་མ་ལའང་ཆེ་ངེས་པ་ཡིན་ནོ། །ད་ལྟ་ནོར་ཅུང་ཟད་རེ་བྱིན་པ་ལ་ཡང་དྲིན་ཆེ་ཟེར་ན། བླ་མས་ཚེ་འདི་ཕྱི་ཐམས་ཅད་ཀྱི་བདེ་བ་ལ་སྦྱར་བ་ཡིན། ལེགས་པར་བརྟགས་ན་ཡ་གི་སངས་རྒྱས་བྱང་སེམས་ནས་ཁྱིམ་པ་རྣམས་ཀྱི་བར་ཐམས་ཅད་ལ་བླ་མ་མཉེས་པར་བྱས་མ་བྱས་ཀྱིས་སྐྱིད་སྡུག་གི་ཁྱད་པར་མངོན་དུ་མཐོང་བ་དང༌། །དེར་མ་ཟད་བླ་མས་ཚེ་གཅིག་ལ་སངས་རྒྱས་ལ་བཀོད་པ་ཡང་མང་དུ་བྱུང༌། ངས་ཀྱང་བླ་མ་ལ་མཆོད་པ་གསུམ་གྱིས་མཉེས་པར་བྱས་ནས་སངས་རྒྱས་མྱུར་དུ་འཐོབ་ངེས། དེས་ན་བླ་མའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་པས་བཀའ་དྲིན་ཅན་གྱི་བླ་མ་མཉེས་པ་གལ་ཆེ་སྟེ། ཚེ་ཕྱི་མ་རྣམས་སུ་བཤེས་གཉེན་དམ་པ་དང་མཇལ་ཞིང་རྗེས་སུ་འཛིན་པ་ཡང་ད་ལྟ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་མཉེས་པར་བྱེད་པ་ཁོ་ན་ལ་རག་ལས་པས་བཤེས་གཉེན་བསྟེན་ཚུལ་མ་འཆུགས་པ་གཅིག་མི་བྱེད་པའི་ཐབས་


LT12_Page_042A
[མ་དཔེ་གཟིགས་ན་འདིར་གནོན།]

རང་མི་འདུག་ཨང༌། མདོ་བསྟན་བཅོས་ཐམས་ཅད་ལས་ཀྱང༌། བླ་མ་རྣམས་མཉེས་པར་སྒྲུབས་ཤིག་ཅེས་ཡང་ཡང་གསུངས་ཤིང༌། དེ་ངེད་རང་ལ་མི་འདོད་གདམ་ཁར་མ་གྱོད་བཀལ་བ་ནི་མིན། བསོད་ནམས་མི་འདོད་བ་ནི་སུ་ཡང་མེད། བསོད་ནམས་གསོག་པའི་ཞིང་ནི་བླ་མ་ལས་ལྷག་པ་མེད་པར་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས། མཉེས་པ་སྒྲུབ་པའང་བླ་མ་ལ་སྐྱོན་རྟོག་གི་བློ་ཡེམ་ཤོར་བའི་ཅི་མཛད་ལེགས་པར་ལྟ་བའི་སྒོ་ནས་དད་པ་ཁ་ཙམ་མིན་བར་སྙིང་ཁོང་རུས་པའི་དཀྱིལ་ནས་བསྒོམ་སྟེ། མཚན་ཐོས་པའམ་བླ་མ་དེ་དྲན་པ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ། །མིག་ནས་མཆི་མ་འཛག་པ་སོགས་མ་བྱུང་གི་བར་དུ་བསྒོམ། དེ་ཡང་སྤྱིར་སེམས་ཅན་གང་གི་སྐྱོན་པའང་རྟོག་ཏུ་མི་རུང་བར་རྒྱལ་བ་སྲས་བཅས་ཀྱིས་གསུངས་ན་བླ་མ་ལ་ལྟ་ཅི་སྨོས། སྐྱོན་ཡོད་པ་ལྟར་སྣང་ཡང་ང་རང་སྣང་བ་མ་དག་པ་ཡིན། བླ་མ་ལ་དེ་ལྟ་བུའི་སྐྱོན་ག་ལ་མངའ། སྔོན་འཕགས་པ་ཐོགས་མེད་ཀྱིས་བྱམས་པ་བསྒྲུབ་པས་ཁྱི་མོ་སྨད་ཁོག་འབུས་གང་བར་གཟིགས་པ་དང༌། ནཱ་རོ་པས་ཏིལློ་པ་ཉ་གསོན་སྲེག་བྱེད་པར་གཟིགས་པ་སོགས་དང༌། ཡབ་སྲས་མཇལ་བའི་མདོ་སོགས་ལས་སངས་རྒྱས་ཀྱིས་བདུད་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་ཡང་བཤད། དེས་ན་བླ་མ་ལ་སྐྱོན་ག་ལ་ཡོད། སངས་རྒྱས་དངོས་ཡིན་ངེས་སྙམ་དུ་བསམ། དེ་ལྟ་མིན་པར་བླ་མ་ལ་སྐྱོན་རྟོག་གི་སྒོ་ནས་བརྙས་སྨད་སོགས་བྱས་ན་ནི་གསང་འདུས་རྩ་རྒྱུད་དང་བླ་མ་ལྔ་བཅུ་པ་སོགས་ལས་སྡིག་པ་གང་ལས་ཆེས་ཆེ་བའི་སྡིག་པ་བཤད་ཡོད། དེས་ན་བདག་གིས་འབྲོམ་སྟོན་པའི་རྣམ་མཐར་ལྟར་བླ་མ་མང་པོ་ཚོམ་ཚོམ་དུ་མི་འཚོལ། གང་ལ་བླ་མ་བཅོལ་བ་དེ་སྲོག་དང་བསྡོས་ནས་མ་གུས་པའི་བསམ་པ་གཏན་ནས་མ་སྐྱེས་པར་བྱེད་དགོས་ཨང་སྙམ་དུ་བསྒོམ་མོ། །རྗེ་བླ་མས་ཀྱང༌། ད་ནས་འདི་ཕྱིའི་ལེགས་


LT12_Page_042B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཇི་སྙེད་བའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་བརྩེ་བ་ཆེན་པོས་གདམས་པར་མཛད་དོ། །འོ་ན་ལམ་སྟོན་པའི་བཤེས་གཉེན་དེ་ལྟར་འབད་པས་བསྟེན་ཅིང་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་དགོས་ན་བཀའ་ཇི་ལྟར་བསྒྲུབ་སྙམ་ན། བཤེས་གཉེན་དེས་ཇི་ལྟར་གདམས་པའི་དམ་པའི་ཆོས་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ། རྒྱུ་དང་འབྲས་བུའི་སྒོ་ནས་ཤིན་ཏུ་རྙེད་དཀའ་ཞིང༌། རྙེད་ན་དོན་ཆེ་བའི་དལ་འབྱོར་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་འདི་དོན་ལྡན་དུ་བྱེད་པ་ལས་ལྷག་པའི་བཀའ་བཞིན་བསྒྲུབ་པའི་མཆོད་པ་གཞན་མི་འདུག་པས་དེས་ན་སོར་མོ་གསུམ་ཁར་བཅུག་ནས་མི་ལུས་ལན་ཅིག་ཐོབ་པ་འདི་སྟོང་ལོག་ཏུ་མ་སོང་བ་ཞིག་མ་བྱས་ན་ངའི་སྙིང་རུལ་བ་དང་འདྲ། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་གཞན་དོན་གྲུབ་པ་ཞིག་དང༌། རྙེད་བཀུར་སོགས་དོན་གཉེར་གྱི་བསམ་པས་ཀུན་ནས་བསླངས་ཏེ་ཆོས་འཆད་ཉན། བསླབ་པའི་སྲུང་སྡོམ་སོགས་ཆོས་བརྒྱད་དཀར་ནག་ཁྲ་གསུམ་པོ་འདི་བཙན་ཆོད་དུ་བཞག་ནས་མི་རྟག་པ་བསྒོམ་པ་སོགས་ཀྱི་ཁ་ཞེ་མཐུན་ངེས་ཀྱི་ཆོས་ཤིག་ཉམས་སུ་མ་བླངས་ན་འདུན་མ་ཉེས་ཚབ་གཞན་ལས་ཆེ། རྟེན་འདི་ལ་རང་གིས་རང་ལ་མི་ཁྲེལ་བའི་ཆོས་རྣམ་དག་ཉམས་སུ་བླངས་ན་ནི་ནམ་བཞག་གཏན་གྱི་འདུན་མའི་རྐང་ཚུགས་ཏེ་ལེགས་ཚབ་གཞན་ལས་ཆེ་བ་འདུག །དེས་ནངས་ཁེ་ཆུང་ལ་ཉེན་ཆེ་བའི་འཇིག་རྟེན་གྱི་བྱ་བ་སྙིང་བོ་མེད་པའི་སྦུན་པ་འཕྱར་བ་འདི་ལས་ལྡོག་སྟེ། མི་ལུས་འདི་དོན་ལྡན་འཆི་ཁར་འགྱོད་མི་དགོས་པའི་སྙིང་པོ་


LT12_Page_043A
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པ་ཞིག་བྱས། དེ་ཡང་ད་ལྟ་ཉིད་དུ་བྱེད་སྙམ་པའི་སྒོ་ནས་དལ་འབྱོར་ལ་སྙིང་བོ་ལེན་འདོད་སྐོམ་པས་གདུངས་པ་ཆུ་དོན་དུ་གཉེར་བ་ལྟར་བསྒོམ་པར་བྱ་ཞིང༌། རྗེ་བླ་མས་ཀྱང༌། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། ཞེས་ཀྱང་གསུང་ཡོད་ཨང་སྙམ་དུ་བསམ། འོ་ན་དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེན་དགོས་ན་སྙིང་བོ་ཇི་ལྟར་ལེན་དགོས་སྙམ་ན་འདི་ལ་གཉིས་གསུངས་པའི། དང་བོ་ལམ་སྤྱིའི་རྣམ་བཞག་བསྐྱེད་ཚུལ་འདི་ལ་གོ་བ་ཆགས་པ་ཤིན་ཏུ་གལ་ཆེ་བས་ཅུང་ཟད་བཤད་ན་འདི་ལ་སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུས་པའི་ཚུལ། སྐྱེས་བུ་གསུམ་གྱི་སྒོ་ནས་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་བོ་ནི། སངས་རྒྱས་དང་བོར་ཐུགས་བསྐྱེད་པ་བར་དུ་ཚོགས་བསགས་པ་ཐ་མར་སངས་རྒྱས་པ་ཐམས་ཅད་སེམས་ཅན་གྱི་དོན། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་ཡིན་ལ། བསྒྲུབ་བྱ་སེམས་ཅན་གྱི་དོན་ལ་གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་གཉིས་ལས། དང་བོ་སྒྲུབ་ཚུལ་ལས་བརྩམས་ཏེ་གསུང་པ་ཐམས་ཅད་སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་པའི་ཆོས་སྐོར་དུ་འདུས་ཏེ། སྐྱེས་བུ་ཆུང་ངུའི་ཁྱད་པར་ནི་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། ཞེས་གསུངས་པ་ལྟར་ཚེ་འདི་ལ་ཆེད་ཆེར་མི་བྱེད་པར་ཕྱི་མར་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་ཞིང་དེའི་རྒྱུ་ཉམས་སུ་ལེན་པ་ཞིག་ལ་འཇོག །ངེས་ལེགས་ལ་འཁོར་བ་ལས་གྲོལ་བ་


LT12_Page_043B
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཐར་བ་དང་ཐམས་ཅད་མཁྱེན་པ་གཉིས་ལས། དང་བོ་སྒྲུབ་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་འབྲིང་དངོས་སམ་དེ་དང་ཐུན་མོང་གི་ཆོས་སྐོར་དུ་འདུས་ཏེ། ལམ་སྒྲོན་དུ་སྲིད་པའི་བདེ་ལས་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་བཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། ཞེས་གསུངས་པ་ལྟར་སྐྱེས་བུ་འབྲིང་ཙམ་ནི། འཁོར་བའི་ཕུན་ཚོགས་ལ་རྒྱབ་ཀྱིས་ཕྱོགས་ནས་འཁོར་བ་སྤངས་པའི་བདེ་བ་ཙམ་རང་དོན་དུ་འཐོབ་བྱར་བྱས་ཏེ་དེའི་ཕྱིར་དུ་བསླབ་པ་གསུམ་ཉམས་སུ་ལེན་པ་ལ་འཇུག་པ་ཞིག་ལ་འཇོག །ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ལ་ཡང་གསང་སྔགས་དང་ཕར་ཕྱིན་ཐེག་པ་གཉིས་སུ་ཡོད་པ། གཉིས་ཀ་ཡང་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུས་ཏེ། སྐྱེས་བུ་ཆེན་པོ་དེ་ལ་ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བས་སེམས་ཅན་གཞན་གྱི་སྡུག་བསྔལ་ཀུན་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ་ཕར་ཕྱིན་དྲུག་དང་རིམ་གཉིས་ལ་སློབ་པ་ཞིག་ལ་འཇོག་པའི་ཕྱིར་རོ། །གཉིས་པ་སྐྱེས་བུ་གསུམ་གྱི་སྒོ་ནས་འཁྲིད་པའི་རྒྱུ་མཚན་བསྟན་པ་ནི་དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐབས་འདིར་སྐྱེས་བུ་ཆེན་པོའི་ལམ་དུ་འཁྲིད་པའི་ཡན་ལག་ཏུ་འོག་མ་གཉིས་ཀྱང་འཁྱེར་ཤེས་དགོས་ལ། དེ་ཡང་སྲིད་པའི་ཕུན་ཚོགས་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་ཙམ་དང༌། འཁོར་བ་ལས་ཐར་བ་ཙམ་རང་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་ཙམ་གྱི་ལམ་དུ་འཁྲིད་པ་མ་ཡིན་གྱི། །དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས་དངོས་གཞི་སྐྱེས་བུ་ཆེན་པོའི་ལམ་དུ་འཁྲིད་པ་ཡིན་


LT12_Page_044A
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ཐེག་ཆེན་དུ་འཇུག་པའི་སྒོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་གཞན་མེད་པས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས། དེ་ལ་སྔོན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་བསམ་སྟེ་སྤྲོ་ཤུགས་འཕེལ་བ་དགོས། སེམས་བསྐྱེད་ཀྱི་ཕན་ཡོན་ཀྱང་བསྡུ་ན་གནས་སྐབས་ཀྱི་དང་མཐར་ཐུག་གི་ཕན་ཡོན་གཉིས་ལས་གནས་སྐབས་མངོན་མཐོའི་བདེ་འབྲས་ཀྱང་སེམས་བསྐྱེད་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་པ། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་སེམས་བསྐྱེད་ལ་བརྟེན་ནས་འབྱུང་བས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ལ། དེ་ལ་ཡང་སེམས་ཅན་སྡུག་བསྔལ་གྱིས་མནར་བ་མི་བཟོད་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས། དེ་ལ་ཡང་རང་སྡུག་བསྔལ་གྱིས་མནར་བ་ལ་མི་འདོད་པའི་བློ་ཤུགས་དྲག་གཅིག་དགོས་པས་ཐོག་མར་ཆུང་ངུའི་སྐབས་ཀྱི་རང་ལ་ངན་སོང་གི་སྡུག་བསྔལ་གྱིས་མནར་ཚུལ་བསམ་ནས་དེ་ལས་ཐར་འདོད་ཀྱི་བློ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་བདེ་བ་རང་མཚན་པ་མེད་ཚུལ་བསམ་ནས་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བློ་བསྐྱེད། དེ་ནས་རང་ཉམས་ལ་དཔག་ནས་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་སྒྲོལ་འདོད་ཀྱི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་དགོས་པས་ན་ཆུང་འབྲིང་དང་ཐུན་མོང་པའི་བློ་སྦྱོང་བ་ཆེན་པོའི་ལམ་དུ་འཁྲིད་པའི་ཐབས་མཆོག་ཏུ་འགྱུར་བ་ཡིན་པས་སོ། །གཉིས་པ་སྙིང་བོ་ལེན་ཚུལ་དངོས་ལ་གསུམ་ཡོད་པའི་དང་བོ་ཆུང་ངུ་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་ཚུལ་ནི་བློ་ནང་དུ་ཧྲིལ་ཏེ་བཀུག་ནས། གལ་ཏེ་མི་ལུས་རིན་པོ་ཆེ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་འདི་འདྲ་ཐོབ་འདུག་སྟེ་འདི་ཡུན་རིང་དུ་མི་གནས། ངེས་པར་འཆི། དེ་ཡང་གང་ཙམ་ན་འཆི་ངེས་པ་མི་འདུག་པས་ད་ལྟ་ཉིད་དུ་སྙིང་བོ་ལེན་པ་ལ་འབད་དགོས། དེ་ཡང་དེ་སྔ་ཕན་དྲག་ཞན་འབྲིང་གསུམ་འདི་ཙམ་ཞིག་ཁྲོམ་འུར་པ་


LT12_Page_044B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཆི་བདག་གིས་བཅོམ། ང་དེ་སྔ་ཕན་མ་ཤི་བ་དེ་ཡང་ཁར་རྗེ་རེ་ཆེན་སྙམ་སྙིང་ཆ་སྟོང་སྟོང་བ། ས་གཅིག་ཏུ་སྡོད་མི་ཚུགས་པ་ཙམ་གྱི་བློ་ཞིག་བསྙེད་ལ། རྡོར་ལོངས་སྤྱོད་གཉེན་ཉེ་བ་སུ་གང་དང་ཡང་འགྲོག་དབང་མེད་པར་དེ་རྣམས་ཀྱི་ཆེད་དུ་བསགས་པའི་སྡིག་པ་དེ་ཁྱེར་ནས་འགྲོ་དགོས་པ་འདི་འདྲ་ནི་ཡ་ཆ་སྙམ་པ་བྱ། ཚེ་འདི་སྣང་གི་བཟའ་དགའ་འཐུང་སྐྱིད། མི་ནོར་ཟས་གསུམ་སོགས་གང་སོང་སོང་སོང་ད་ངས་ཚེ་ལྷག་གང་ཡོད་འདི་ལ་ཆོས་གཤའ་མ་ཞིག་བྱེད། དེ་ཡང་དེ་རིང་ཉིད་ནས་བྱེད་དགོས་སྙམ་པ་བྱའོ། །འོ་ན་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་ན། ཤི་བའི་ཚེ་ཆོས་ཀྱིས་ཇི་ལྟར་ཕན། ཆོས་མིན་གྱིས་ཇི་ལྟར་གནོད་སྙམ་ན། ངེད་རང་ཤི་ནས་ཀྱང་མེད་པར་མི་འགྲོ་བར་སྐྱེ་བ་ཞིག་ནི་བླང་དགོས་ཏེ་སྐྱེ་བ་ཡང་བདེ་འགྲོ་དང་ངན་འགྲོ་གང་རུང་ལས་མ་འདས། དེ་ཡང་ལས་ཀྱི་དབང་མ་གཏོགས་རང་དབང་ནི་མེད། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་སྐྱེ་དགོས་ལ། དེ་ཡོད་པའི་ཚེ་དགེ་སེམས་མངོན་དུ་གྱུར་ན་ཕྱི་མ་བདེ་འགྲོར་སྐྱེ། དེའི་ཚེ་མི་དགེ་བའི་སེམས་མངོན་དུ་གྱུར་ན་ཕྱི་མ་ངན་འགྲོ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་དྲག་པོ་མྱོང་དགོས། ངན་འགྲོ་ན་སྡུག་བསྔལ་ཇི་ལྟར་ཡོང་ན། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གི་རིང་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེ་རྒྱུ་རྣམ་སྤངས་བདེ་རྒྱུ་སྦྱང༌། །འཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། ཞེས་གསུངས་པ་ལྟར་དམྱལ་བ་རྣམས་ལ་ཚ་གྲང་གི་སྡུག་བསྔལ་བཟོད་པར་མི་ནུས་པ་ཡོད། ཡི་དྭགས་རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ་བསྲན་མི་ནུས་པ། དུད་འགྲོ་རྣམས་ལ་གཅིག་


LT12_Page_045A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཟ་གླེན་ལྐུགས་སོགས་ཀྱི་སྡུག་བསྔལ་བཟོད་པར་མི་ནུས་པ་ཡོད། ད་ལྟ་མེ་མ་མུར་དུ་ལག་པ་བཅུག་ནས་ཡུད་ཙམ་སྡོད་པ་དང༌། དགུན་གྲང་བ་སྒང་ལ་གོས་མེད་པར་ཞག་གཅིག་ཙམ་སྡོད་པ་དང༌། ཞག་ཁ་ཡར་ཟས་གང་ཡང་མེད་པར་སྡོད་པ་དང༌། ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན་ཚ་གྲང་གི་དམྱལ་བ་ཡི་དགས་དུད་འགྲོ་གཅིག་གིས་གཅིག་གསོན་པོར་མིད་པའི་སྡུག་བསྔལ་སོགས་བདག་གིས་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་ཉམས་ལ་དཔག་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་བ་མ་ཐོན་བར་དུ་བསྒོམ་ཞིང༌། དེས་ན་བདག་གིས་དལ་བའི་རྟེན་བཟང་པོ་ཐོབ་པའི་དུས་འདིར་ངན་སོང་གི་རྒྱུ་སྤོང་བ་དང་བདེ་འགྲོའི་རྒྱུ་ལ་འབད་པའི་སྒོ་ནས་ངན་སོང་དུ་མི་སྐྱེ་བའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསྒོམ། འོ་ན་ངན་སོང་དུ་མི་སྐྱེ་བའི་ཐབས་ལ་ཇི་ལྟར་འབད་སྙམ་ན་གོང་དུ་བཤད་པ་ལྟར་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང༌། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་ནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བར་བྱ་ལ། དཀོན་མཆོག་གསུམ་གྱིས་ངན་སོང་གི་འཇིགས་པ་ལས་སྐྱོབ་ནུས་པ་ཡང་ཡིན་ཏེ། སངས་རྒྱས་དཀོན་མཆོག་དེ་རང་འཇིགས་པ་ཐམས་ཅད་ལས་གྲོལ། །གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པས་སྐྱབས་སུ་འོས་ཤིང༌། དེས་ཆོས་དང་དགེ་འདུན་ཡང་མཚན་ནུས་ལ། །དེས་ན་ཕྱི་རོལ་བའི་སྟོན་པ་དང་ཆོས་དང་དགེ་འདུན་ལ་ཡོན་ཏན་དེ་དག་གང་ཡང་མེད་པས་སྐྱབས་སུ་མི་འོས། དཀོན་མཆོག་གསུམ་ལ་ཡོན་ཏན་དེ་ལྟར་ཡོད་པས་སྐྱབས་སུ་འགྲོ་བར་འོས་སོ། །སྐྱབས་སུ་ཇི་ལྟར་འགྲོ་ན། རྐང་གཉིས་རྣམས་ཀྱི་


LT12_Page_045B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་སྟོན་པ་མཛད་དུ་གསོལ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བའི་སྐྱབས་དངོས་མཛད་དུ་གསོལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བའི་གྲོགས་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བློ་ལིངས་བློས་བསླངས་ཏེ་བཀལ་བའི་སྐྱབས་འགྲོ་བྱ། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱ་ལ་མ་བསླབས་ན་སྐྱབས་འགྲོ་ལས་ཉམས་པར་འགྱུར་བས་བསླབ་བྱ་ལ་སློབ་དགོས། དེ་ཡང་བདག་སངས་རྒྱས་ལ་སྐྱབས་སུ་སོང་ན་འཇིག་རྟེན་པའི་ལྷ་དྲག་པོ་ཁྱབ་འཇུག་སོགས་ལ་སྐྱབས་སུ་མི་འཛིན། སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱས་ཏེ་གུས་པར་བྱ། བདག་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་མི་བྱ། ཡི་གེ་ན་གཅིག་ཡན་ཆད་ལ་མ་གུས་པ་སྤངས་ཏེ་གུས་པར་བྱ། བདག་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་ནས་མུ་སྟེགས་སམ་སྡིག་གྲོགས་དང་འགྲོགས་འདྲིས་མི་བྱ། ཐ་ན་སེར་མ་གྱོན་པ་ཙམ་ལ་ཡང་མ་གུས་པ་སྤངས་ཏེ་གུས་པར་བྱའོ། །གཞན་ཡང་ཕན་བདེ་དགེ་ལེགས་ཐམས་ཅད་དཀོན་མཆོག་གི་བཀའ་དྲིན་དུ་ཤེས་པར་བྱས་ཏེ་བཟའ་བཏུང་གི་ཕུང་སོགས་ཀྱིས་དཀོན་མཆོག་ལ་མཆོད་པ་དང༌། འཕྲལ་དང་ཕུག་གི་དོན་ཐམས་ཅད་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྱེད་ཀྱི་ཕལ་པའི་མོ་བོན་སད་སུད་ལ་མི་བརྟེན། རང་གི་ནུས་པ་གང་ཡོད་ཀྱིས་སེམས་ཅན་གཞན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལ་དགོད། སྲོག་གི་ཕྱིར་ཡང་དཀོན་མཆོག་མི་གཏོང་ཞིང༌། དེ་གཏོང་པའི་ཚིག་ཙམ་ཡང་མ་ཤོར་བ་བྱེད་དགོས་ཡང་སྙམ་པར་བྱས་ནས་ཉིན་ལན་གསུམ་མཚན་ལན་


LT12_Page_046A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་བསམས་ལ། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ་གཞན་དུ་མི་སྨྲ་བའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ་པ་ཐག་པ་ནས་སྐྱབས་འགྲོ་བྱའོ། །འོ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ནུས་མོད། མཐོ་རིས་ཀྱི་འཇིག་རྟེན་ཇི་ལྟ་བུ་སྒྲུབ་སྙམ་ན། དེ་ཡང་དཀར་ནག་གི་ལས་འབྲས་བསམ་སྟེ་དགེ་སྡིག་གི་ལས་སོ་སོར་ངེས་པ་དང༌། འཕེལ་ཆེ་བ་ལས་མ་བྱས་པ་དང་མི་འཕྲད་པ་ལས་བྱས་པ་ཆུད་མི་ཟ་བ་སོགས་ཀྱི་ཚུལ་བསམ་སྟེ་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱེད་དགོས་ལ། དེ་ཡང་དངོས་སྟོབས་ཀྱི་རིགས་པས་ངེས་མི་ནུས་པས། ཏིང་ངེ་འཛིན་གྱི་རྒྱལ་བོ་ལས། །ཟླ་བ་སྐར་མར་བཅས་པ་གནས་ལྷུང་ཞིང༌། །རི་དང་གྲོང་དང་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང༌། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུང༌། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གསུང་ལ་ཞེ་ཐག་པ་ནས་ཡིད་ཆེས་རྙེད་པར་བྱས་ནས། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་དང༌། །དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །དེའི་ཡང་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་སྒོམ་པའོ། །ཞེས་གསུངས་པ་ལྟར། སྤྱིར་མི་དགེ་བ་མཐའ་དག་སྤངས། ཁྱད་པར་སྒོ་གསུམ་གྱི་མི་དགེ་བ་བཅུ་ཆེ་འབྲིང་ཆུང་ངུར་སྤྱོད་པའི་རྣམ་སྨིན་ངན་སོང་དུ་སྐྱེ་བ། རྒྱུ་མཐུན་དང་བདག་འབྲས་སོགས་ཡིད་དུ་མི་འོང་བ་འབྱིན་ཚུལ་བསམས་ལ། བདེན་པ་པོའི་ལེའུ་ལས། རྒྱལ་བོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕོངས། །དེ་བས་ཡུན་རིང་ཚེ་བསྲིང་སུ་འདོད་པ། །ཡིད་ཀྱིས་སུ་ལའང་སྲོག་


LT12_Page_046B
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་མི་བསམ་མོ། །ཞེས་གསུངས་པ་ལྟར་སྲོག་གཅོད་པ་སོགས་ཀྱི་ཁ་ན་མ་ཐོ་བ་རྣམས་ལ་ཀུན་སློང་ཙམ་ཡང་མི་རྒྱུ་བར་སྡོམ་སེམས་མང་དུ་བསྟེན། སྲོག་གཅོད་སྤོང་པ་སོགས་དགེ་བ་མཐའ་དག་ལ་འབད་ནས་སྒྲུབ་དགོས་ཨང༌། རྗེ་བླ་མས་ཀྱང༌། ཤི་ནས་ངན་འགྲོར་མི་སྐྱེའི་གདིང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བསྟེན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམ་སྟེ། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །ཞེས་གསུངས། དེ་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་པས་རྟེན་བཟང་པོ་རྙེད་མོད་ཀྱང་ལམ་མཆོག་རྣམ་མཁྱེན་སྒྲུབ་པ་ལ་རིགས་མཐོ་ཞིང་གཟུགས་བཟང་བ་སོགས་ཀྱི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་སྒྲུབ་དགོས་པས་དེའི་རྒྱུ་སེམས་ཅན་གཞན་ལ་འཚེ་བ་སྤོང་བ། མར་མེ་དང་གོས་གསར་པ་སོགས་སྦྱིན་པ། ང་རྒྱལ་བཅོམ་ནས་གཞན་ལ་གུས་པར་བྱ་བ་སོགས་ལ་དྲན་ཤེས་བསྟེན་ནས་ལག་ཏུ་ལེན་དགོས། འོན་ཀྱང་ཉོན་མོངས་མང་བ་སོགས་ཀྱིས་གལ་ཏེ་སྡིག་ལྟུང་གིས་གོས་ན། དེ་ཇི་མི་སྙམ་པར་མི་འཇོག་པར་ལྟུང་བ་རྣམས་སྐབས་དང་བསྟུན་པའི་ཕྱིར་བཅོས་དང༌། སྡིག་པ་རྣམས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བྱས་ལ། སྒོ་གསུམ་སྡིག་ལྟུང་གིས་མ་གོས་པ་ལ་འབད་པར་བྱ་དགོས་ཏེ། རྗེ་བླ་མས་ཀྱང༌། ལམ་མཆོག་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རེད་པར་དུས་ཚོད་མི་འོང་པས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བ་བསྟེན་པ་གཅེས། ཞེས་གསུངས་པས་སོ། །དེ་ལྟར་བསྒོམས་པས་ཚེ་འདི་ལ་བློ་ལོག་སྟེ་ཚེ་ཕྱི་མའི་ཕུན་ཚོགས་དོན་གཉེར་གྱི་


LT12_Page_047A
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཅོས་མིན་ནམ་སྐྱེས་པ་ན་སྐྱེས་བུ་ཆུང་ངུའི་ལམ་ལ་བློ་སྦྱོངས་པའི་ལག་རྗེས་བྱུང་བ་ཡིན་ནོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱང་བ་ནི། དེ་ལྟར་མི་དགེ་བཅུ་སྤངས་ཤིང་དགེ་བཅུ་ཉམས་སུ་བླངས་པས་མཐོ་རིས་ཀྱི་རྟེན་ཁྱད་པར་ཅན་ཞིག་འཐོབ་མོད་ཀྱང་འཁོར་བའི་སྡུག་བསྔལ་ལས་མ་འདས་པས། དེས་ན་སྡུག་བསྔལ་མཐའ་དག་སྤངས་པའི་ཐར་བ་ཞིག་ཐོབ་དགོས་སོ། །འོ་ན་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཇི་ལྟར་ཡིན་སྙམ་ན། ངན་སོང་གསུམ་ནི་སྔར་བཤད་པ་ལྟར་ཡིན་ལ། དེ་ཡང་སྐབས་འདིར་ཅུང་ཟད་ཁྱད་པར་བཏོན་ནས་བསམ་དགོས་པ་ནི་ངན་སོང་སོ་སོའི་སྡུག་བསྔལ་བསམ་ནས་དེའི་རྗེས་ལ། འདི་ལྟ་བུའི་སྡུག་བསྔལ་དར་དྲག་ལ་རྒྱུན་རིང་བ་འདི་བདག་གིས་བཟོད་ཐབས་མི་འདུག་པས་འདིས་མཚོན་པའི་འཁོར་བའི་སྡུག་བསྔལ་སྤངས་པའི་ཐར་བ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་བསམ། ངན་སོང་ལས་གཞན་པའི་འཁོར་བ་མཐོ་དམན་མཐའ་དག་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། མི་རྣམས་ལ་ནི་སྐྱེ་བ་ན་མའི་མངལ་མུན་ནག་དྲི་ང་བ་ལྗན་ལྗིན་མང་བ་སོགས་ཀྱིས་སྡུག་བསྔལ་ཞིང༌། སྐྱེ་བ་ན་ཞག་བདུན་ཕྲག་སོ་བརྒྱད་པ་ལ་སྔོན་ལས་ཀྱི་རང་གིས་བདས་ཏེ་འཇུར་མིག་ལ་འདྲེན་པའམ། ཏིལ་བཙིར་བ་ལྟར་ཤིན་ཏུ་སྡུག་བསྔལ་བ་དང༌། བཙས་ནས་ཀྱང་ཤིན་ཏུ་འཇམ་པའི་གདན་ལ་བཞག་ཀྱང་ཚེར་མའི་ཁྲོད་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་བཟོད་ཐབས་མེད་པ་ཉམས་སུ་མྱོང་བས་ན་སྐྱེ་བའི་སྡུག་བསྔལ་དེ་ལྟ་བུ་ཡོད། བཙས་ནས་ལུས་ལང་ཚོ་དར་ལ་བབ་པར་གྱུར་བ་ནི་རིམ་པས་སྐེད་པ་ནི་གཞུ་ལྟར་དགུག །མགོ་བོ་ནི་སྤྲ་བའི་མེ་ཏོག་ལྟར་དཀར། དཔྲལ་བ་ནི་གྲས་སྟན་ལྟར་གཉེར་མས་ཁེངས། སྡོད་པའི་ཚེ་སྐྱ་ཐག་ཆད་པ་ལྟ་བུ། ལྡང་བའི་ཚེ་ཤིང་ཆ་གནམ་དུ་འདོན་པ་འདྲ་བ། སྨྲ་ནི་ལྕེ་རྡིབ། །


LT12_Page_047B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ན་ལུས་འབུབ་འཁྱོར། མིག་རྣ་སོགས་ཀྱིས་ཡུལ་གསལ་བར་མི་མཐོང༌། ལུས་ཀྱི་མདངས་ཉམས་པ་ནི་རོ་ལྟ་བུ། དྲན་པ་ཉམས་པས་བརྗེད་ངེས་ཆེ། བཟའ་བཏུང་སོགས་འཇུ་དཀའ་ཞིང་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་མི་ནུས། ཚེ་ཕལ་ཆེར་ཟད་པས་འཆི་བ་ལ་མྱུར་དུ་ཕྱོགས་པའི་རྒ་བའི་སྡུག་བསྔལ་དང༌། ལུས་ཀྱི་འབྱུང་བ་ཆ་མ་སྙོམས་པར་འཁྲུགས་ཏེ་ན་བའི་ཚེ་ཕྱིའི་པགས་པ་སྐམ། ནང་གི་ཤ་ཞུ། བཟའ་བཏུང་ཡིད་དུ་འོང་བ་རྣམས་ནང་ལ་ཕོག་དོག་པ་སྤང་དགོས། །ཡིད་དུ་མི་འོང་བའི་བཟའ་བཏུང་སྨན་ལ་སོགས་པ་མི་འདོད་བཞིན་བསྟན་དགོས། གཏར་སྲེག་སོགས་ཀྱི་དཔྱད་རྩུབ་མོ་རྣམས་བསྟེན་དགོས། ནད་མི་འཚོ་བར་དོགས་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་དགོས་པ་ན་བའི་སྡུག་བསྔལ། འཆི་ངེས་བའི་ནད་དྲག་པོས་ཐེབས་ན་འཆི་བར་ཤེས། སྔར་བྱས་ཀྱི་ལས་ངན་རྣམས་ལ་ནི་འགྱོད་མི་ཚེ་སྟོང་ཟད་དུ་སོང་བ་ནི་དྲན། ལུས་ལོངས་སྤྱོད་གཉེན་བཤེས་འཁོར་གཡོག་རྣམས་འབྲལ་བ་ནི་ཤེས། ཁ་ནི་བསྐམས། མཆུ་ནི་བརྫེས། །སྣ་ནི་ཞོམ། མིག་ནི་ཀོང་དམར་པོར་སོང༌། དབུགས་ནི་བརྩེགས། ངན་སོང་གི་སྡུག་བསྔལ་དྲག་པོས་ནི་འཇིགས། མི་འདོད་བཞིན་དུ་འཆི་དགོས་པའི་སྡུག་བསྔལ། རེས་འགའ་ཆོམ་རྐུན་སོགས་དགྲ་མི་སྡུག་པ་དང་ཕྲད་ནས་ཟས་ནོར་ཐམས་ཅད་བཅོམ། ལུས་ལ་མཚོན་དང་དབྱུག་པ་སོགས་ཀྱིས་བསྣུན། རེས་རྒྱལ་པོ་སོགས་ཀྱི་ཆད་ལས་མི་འདྲ་བ་སྣ་ཚོགས་ཀྱིས་མནར་བ་དང༌། ཡང་ན་གཏམ་ངན་ཐོས་པ་སོགས་ཀྱི་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། ཟས་ནོར་སོགས་བདེ་སྡུག་གཏམ་ངན་ཁྱད་དུ་བསད་ནས་བསྒྲུབས་པ་རྣམས་དང་སྙིང་ཉེ་བ་སོགས་ཡིད་དུ་འོང་བ་དང་མི་འདོད་བཞིན་དུ་འབྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཡང་མ་རྙེད་པའི་སྡུག་བསྔལ་ནི་ཁྱིམ་པ་ལྟ་བུ་ལ་ཞིང་ལས་ལ་འབད་ཀྱང་ཐན་པ་སད་


LT12_Page_048A
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སོགས་ཀྱིས་ལོ་ཏོག་འདོད་པ་བཞིན་མ་གྲུབ་པ། གྲུ་གཅོད་པའི་ཚེ་རླུང་ལ་སོགས་པས་མ་རུངས་པར་གྱུར་པ། ཚོང་པ་ཡིན་ན་ཚོང་ཟོང་བརླག་པ་ཁེ་སྤོགས་མ་བྱུང་བ་སོགས་དང༌། རབ་བྱུང་རྣམས་ལ་ནི་ཁས་བླངས་པའི་ཚུལ་ཁྲིམས་མགོ་མ་ཐོན་པ་སོགས་གང་རེ་བ་དེ་མ་ཐོབ་པའི་སྡུག་བསྔལ། ཉེར་ལེན་གྱི་ཕུང་པོ་འདི་བླངས་ཙམ་གྱིས་ཚེ་འདིར་ན་རྒ་འཆི་བ་སོགས་སྡུག་བསྔལ་གྱི་རྟེན་བྱེད། ཚེ་ཕྱི་མའི་སྡུག་བསྔལ་རྣམས་འདྲེན་པར་བྱེད། སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་གཉིས་ཀྱི་སྣོད་དུ་གྱུར་བ་དང༌། ངོ་བོ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྡུག་བསྔལ་བའི་རང་བཞིན་མ་གཏོགས་བདེ་བའི་རང་བཞིན་ཅུང་ཟད་ཀྱང་མི་འདུག་གོ། །ལྷ་མིན་ནི་ལུས་བཅད་དྲལ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་རྩུབ་པ་ལས་མ་འདས། འདོད་ལྷ་རྣམས་ལ་ནི་འཆི་ལྟས་ལྔས་ཟིན་པ་ན་དམྱལ་བའི་སྡུག་བསྔལ་ལས་ཆེས་ཆེ་བའི་སྡུག་བསྔལ་དང༌། སྤ་བཀོང་བ་དང༌། གནས་ནས་སྐྲོད་པ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོང༌། །ཁམས་གོང་མའི་ལྷ་སོ་སྐྱེལ་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་མེད་ཀྱང༌། བསམ་གཏན་གསུམ་པ་མན་ཆད་ལ་འགྱུར་བའི་སྡུག་བསྔལ་དང༌། བསམ་གཏན་བཞི་པ་དང་གཟུགས་མེད་ཁམས་སུ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཕོལ་མིག་ཀུན་ནས་ཚ་བ་ལྟ་བུའི་སྡུག་བསྔལ་ལས་མ་འདས་འདུག་པས་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་འདི་རྣམས་སྤངས་པའི་ཐར་བའི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱེད་དགོས་སོ། །དེ་ཡང་རྒྱུ་མེད་རྐྱེན་མེད་དུ་མི་འཐོབ་པས་ཐར་བ་ཐོབ་བྱེད་ཀྱི་ཐབས་བསླབ་པ་གསུམ་ལ་ཚུལ་བཞིན་དུ་བསླབ་པར་བྱ་དགོས། དེ་ཡང་བསླབ་པ་གཞན་གཉིས་ཀྱི་གཞི་རྟེན་མེད་མི་རུང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསླབ་དགོས། དེ་ཡང་མི་ཤེས་པ་སོགས་ལྟུང་བ་འབྱུང་བའི་རྒྱུ་རྣམས་ལ་དྲན་ཤེས་ཀྱི་ལེགས་


LT12_Page_048B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟགས་ནས་དང་པོར་ལྟུང་བ་མི་འབྱུང་བ་ཞིག་བྱེད། གལ་ཏེ་བྱུང་ཡང་ལྟུང་བ་དང་རྒྱུན་རིང་དུ་མི་འགྲོགས་པར་བཤགས་སྡོམ་ཚུལ་བཞིན་དུ་བྱེད་དགོས། དེས་ན་ཉོན་མོངས་པ་གང་ཆེ་བ་དེའི་གཉེན་པོ་འབད་ནས་བསྒོམས་ཏེ་ལྟུང་བས་མ་གོས་པར་བྱེད་ཅིང་ལས་དང་བྱ་བ་ཅི་བྱེད་ཀྱང་སྟོན་པའི་བཀའ་དང་མི་འགལ་བར་རང་ལ་མི་ཁྲེལ་བ་ཞིག་བྱེད་དགོས་ཨང༌། རྗེ་བླ་མས་ཀྱང༌། །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་བ་དོན་གཉེར་ཇི་བཞིན་མི་སྐྱོ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། ཞེས་གསུངས་གདའོ། །དེས་ན་འཁོར་ ་མཐའ་དག་ལ་མེ་འབར next hit་བའི་ཁྱིམ་དུ་ཚུད་པའི་མི་ཞིག་ཁྱིམ་དེ་ལས་ཐར་འདོད་ཡོད་པ་ལྟ་བུའི་འཁོར་བ་ལས་བློ་ལོག་པའི་བློ་སྐྱེས་པ་ན་སྐྱེས་བུ་འབྲིང་གི་ལམ་ལ་བློ་སྦྱངས་པའི་ལག་རྗེས་བྱུང་བ་ཡིན་ནོ། །གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱོང་བ་ནི། དེ་ལྟར་ལམ་བསླབ་པ་གསུམ་ཉམས་སུ་བླངས་པས་ཐར་བའི་གོ་འཕང་ཙམ་ཐོབ་ཀྱང༌། དེ་ཙམ་གྱིས་མི་ཆོག་སྟེ། ཐར་བ་ཙམ་ཐོབ་ཕྱིན་ཆད་འཁོར་བར་འཁྱམས་མི་དགོས་ཀྱང་སྐྱོན་ཕྱོགས་རེ་ཙམ་སྤངས་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་ཡིན་པས་རང་དོན་མཐར་ཕྱིན་མ་ཐོབ། དེའི་གནད་ཀྱིས་གཞན་དོན་ཡང་ཉི་ཚེ་བ་ལས་མི་འགྲུབ། དེས་ན་དོན་གཉིས་མཐར་ཕྱིན་གྱི་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་བྱེད་དགོས་པར་འདུག་གོ། །སངས་རྒྱས་དེ་ཡང་རང་ཉིད་རྐྱང་པའི་ཕྱིར་མིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཕྱིར་དོན་དུ་གཉེར་བ་ཞིག་དགོས་ཏེ། རང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བ་བཞིན་དུ་སེམས་ཅན་རྣམས་ཀྱང་སྡུག་བསྔལ་གྱིས་མནར་བས་ཉམ་ཐག་པ་ཤ་སྟག་ཡིན་ཞིང༌། སེམས་ཅན་རྣམས་རང་གི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད།


LT12_Page_049A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ལན་གྲངས་དཔག་ཏུ་མེད་པར་བྱས་ཤིང་དྲིན་གྱིས་བསྐྱངས་པའི་དྲིན་ཅན་འབའ་ཞིག་ཡིན་པས་དྲིན་ཅན་དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ། མི་གནས་པའི་མྱང་འདས་བླ་ན་མེད་པའི་གོ་འཕང་ལ་དགོད་པའི་ཕྱིར་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །དེ་ཡང་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་དགོས་ཏེ། རྒྱུ་འབྲས་བདུན་ཡང་སེམས་ཅན་ཐམས་ཅན་མར་ཤེས་པ་ལས་དེ་ཐམས་ཅད་ཀྱི་དྲིན་དྲན་པ་འབྱུང༌། དེ་ལས་དྲིན་གཟོ། དེ་ལས་ཡིད་འོང་གི་བློ། དེ་ལས་ལྷག་བསམ་འདྲེན་ནུས་པའི་བྱམས་པ་དང་སྙིང་རྗེ། དེ་ལས་ལྷག་བསམ་རྣམ་དག །དེ་ལས་བྱང་ཆུབ་ཀྱི་སེམས། དེ་ལས་རྣམས་མཁྱེན་འབྱུང་བའི་ཕྲུགས་བདུན་ཡོད་ལ། དེ་དག་གི་སྔོན་དུ་ཡང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་གཏང་སྙོམས་སྒོམ་དགོས་ཏེ། སེམས་ཅན་རྣམས་ལ་ཉེ་རིང་བར་མ་ཕྱོགས་སུ་ལྟུང་བ་ཡོད་ན་སེམས་ཅན་རྣམས་ལ་མར་ཤེས་ཀྱི་བློ་མཚན་ཉིད་ཚང་བ་མི་སྐྱེ། བྱམས་སྙིང་རྗེ་ཅུང་ཟད་སྐྱེ་བ་ཡང་ཕྱོགས་རིས་ཅན་དུ་འགྲོ། །དེས་ན་ཐོག་མར་བཏང་སྙོམས་སྒོམ་དགོས། །དེའི་ཚུལ་ཡང་ཚེ་འདིར་ཕན་གནོད་གང་ཡང་མ་བྱས་པའི་བར་མའི་སེམས་ཅན་དུ་མ་ལ་དམིགས་ནས། འདི་དག་གི་ངོས་ནས་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་ཡང་མཚུངས་ཤིང༌། རང་གི་ངོས་ནས་འདི་རྣམས་རང་གི་ཕ་མ་བྱས་པའི་གཉེན་ཤ་སྟག་ཡིན་པས་འགའ་རེ་ཉེ་བར་བཟུང་ཕན་འདོགས་འགའ་རེ་རིང་བར་བཟུང་ནས་གནོད་པ་སྐྱེལ་བའི་ཆ་གཉིས་མི་བྱ་བར་འདི་ཐམས་ཅད་ལ་སེམས་མཉམ་པར་བྱའོ་སྙམ་དུ་བསྒོམ། དེ་ནས་ཚེ་འདིའི་གཉེན་ཉེ་བ་རྣམས་དང༌། དེ་ནས་ཚེ་འདིར་གནོད་པ་བྱས་པའི་སེམས་ཅན་རྣམས་ལའང་མཉམ་པར་བྱ། དེ་ལས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་བཏང་སྙོམས་བསྐྱེད་པར་བྱའོ། །དེ་སྐྱེས་པ་དང་འཁོར་བ་ལ་ཐོག་མཐའ་མེད་པས་ན་བདག་


LT12_Page_049B
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐྱེ་བ་ལའང་ཐོག་མཐའ་མེད། དེའི་གནད་ཀྱིས་གནས་འདི་ལྟ་བུར་མ་སྐྱེས་ཞེས་བྱ་བའམ། སེམས་ཅན་འདི་འདྲ་ཞིག་གིས་བདག་གིས་མ་བྱས་ཞེས་བྱ་བ་གཅིག་ཀྱང་མེད། བྱས་པ་ལ་གྲངས་ཀྱིས་ཀྱང་མི་ཆོད། དེས་ན་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་མ་གཏོགས་སེམས་ཅན་གྱི་ཁམས་ན་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། ཕ་མར་གྱུར་རེས་ཀྱི་ཚེ་འདིའི་མ་དང་འདྲ་བར་དྲིན་གྱིས་བསྐྱངས་པའི་དྲིན་ཅན་ཤ་སྟག་ཡིན། ཚེ་འདིའི་མས་དྲིན་གྱིས་ཇི་ལྟར་བསྐྱངས་ན། བདག་གི་ད་ལྟའི་མ་འདིས་མངལ་དུ་ཡོད་བའི་ཚེ་བདག་ལ་གནོད་ཀྱིས་དོགས་གཡོར་བཟོ་བ་སོགས་ཀྱིས་བསྐྱངས། བཙས་ནས་ནི་འཇམ་པའི་གོས་སྟན་ལ་བཞག །སོར་མོ་བཅུའི་ཁ་ལ་བླངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། བརྩེ་བས་ནུ་ཞོ་བསྣན། ཤའི་དྲོད་ལ་བཅར། ཟས་ལྕེས་བསྙོད། སྣབས་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས། མ་རང་ཉིད་སྲོག་ལ་ཐུག་པ་བས་ཀྱང་བུ་དག་ཅུང་ཟད་ན་བ་སྡུག་པར་བྱས། དཀའ་ལས་སྐྱིད་སྡུག་ཐམས་ཅད་ཁྱད་དུ་བསད་ནས་བསྒྲུབས་པའི་ནོར་དངོས་པོ་རང་གིས་བེད་གཅོད་མ་ནུས་པ་རྣམས་བདག་ལ་སྦྱིན། མདོར་ན་མ་རང་གི་འཁོས་དང་བསྟུན་བའི་གནོད་འཚེ་ལས་བསྐྱབས། ཕན་བཏགས་པའི་དྲིན་ཅན་ཡིན་སྙམ་པའི་བློ་བརྩེ་ཡམ་ཡམ་པ་བྱ། དེ་ནས་ཚེ་འདིའི་ཕ་ལ་སོགས་པའི་གཉེན་ཉེ་བ་རྣམས་དང༌། དེ་ནས་བར་མ་རྣམས་དང༌། དེ་ནས་ཚེ་འདིར་གནོད་པ་བསྐྱལ་བའི་སེམས་ཅན་ལ་དམིགས་ནས་འདི་རྣམས་ཀྱིས་བདག་གི་མ་བྱས་པ་གྲངས་ཀྱིས་མི་ཆོད། དེ་ཡང་མིའི་རྟེན་ལ་མ་བྱས་པ་གྲངས་ཀྱིས་མི་ཆོད་ཅིང༌། མ་ནམ་བྱས་རེས་ཀྱི་ཚེ་འདིའི་མ་བཞིན་དུ་གནོད་པ་ལས་བསྐྱབས། ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཡིན་ནོ། །དེ་ལྟར་ལན་གྲངས་ཚད་མེད་པར་དྲིན་གྱིས་བསྐྱོངས་པའི་མ་རྣམས་ཉོན་མོངས་པའི་གདོན་གྱིས་སེམས་དཀྲུགས་པས་དེ་དག་


LT12_Page_050A
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་མེད་པར་སྨྱོ། །གཏི་མུག་གིས་ཤེས་རབ་མིག་ལྡོངས་པས་མངོན་མཐོ་ངེས་ལེགས་ཀྱི་ལམ་བལྟ་བའི་མིག་དང་ནི་བྲལ། ཐར་བའི་གྲོང་དུ་འཁྲིད་པའི་བཤེས་གཉེན་གྱི་ལོང་འཁྲིད་པ་ནི་མེད། སྐད་ཅིག་རེ་རེ་ཞིང་ཉེས་སྤྱོད་ཀྱིས་དབྱེན་བཅོས་ནས་གོམ་འགྲོས་འཁྱོར་བ་དང་ངན་སོང་གི་གཡང་ས་ཉམ་ང་བ་ལ་འགྲིམ་པས་སྡུག་བསྔལ་ཞིང་ཉམ་ཐག་པ་འདི་རྣམས་བུ་བདག་ལ་མི་རེ་ན་སུ་ལ་རེ། མ་དེ་སྡུག་བསྔལ་ལས་སྒྲོལ་བ་ཡང་བདག་ལ་མི་འབབ་ན་སུ་ལ་འབབ། དྲིན་ཅན་གྱི་མ་རྣམས་ཡལ་བར་དོར་ནས་རང་གཅིག་པུ་འཁོར་བ་ལས་ཅི་ཐར་བྱེད་ན་དེ་ལས། ཁྲེལ་དང་ངོ་ཚ་ཆེ་བ་མི་འོང༌། དེས་ན་མ་རྣམས་ཀྱིས་འཁོར་བའི་བདེ་འབྲས་ཚངས་པ་དང་བརྒྱ་བྱིན་སོགས་ཇི་སྙེད་ཅིག་ཐོབ་ཀྱང་རྟག་མ་ཐུབ། དེ་བདག་གིས་རང་ཡལ་བར་དོར་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་ཐར་བ་བླ་ན་མེད་པའི་བདེ་བ་ལ་ཅི་ནས་ཀྱང་དགོད་པར་བྱའོ། །དེས་ན་བདེ་བས་ཕོངས་པའི་མ་རྒན་འདི་རྣམས་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང༌། བདེ་བ་དང་ཕྲད་པར་གྱུར་ཅིག །ཅི་ནས་ཀྱང་བདེ་བ་དང་ཕྲད་པར་བྱའོ། །སྡུག་བསྔལ་གྱིས་མནར་བའི་མ་རྒན་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང༌། སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་བྱའོ། །དེ་ཡང་བདག་གིས་བྱའོ། །འོ་ན་དེའི་ནུས་པ་ཁྱོད་ལ་ཡོད་དམ་སྙམ་ན། དེ་ལྟ་ན་བདག་ལ་སེམས་ཅན་ཐམས་ཅད་ལྟ་ཞོག་སེམས་ཅན་གཅིག་ཙམ་ཡང་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་བླ་ན་མེད་པ་ལ་འགོད་པའི་ནུས་པ་མི་འདུག །དེ་ལྟར་དམ་བཅའ་ཞིག་ནི་བྱས། ད་དམ་བཅའ་དེ་ཡལ་བར་དོར་ན་ངན་སོང་དུ་ལྟུང་བར་འགྱུར་བས། །དེས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་


LT12_Page_050B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོལ་བ་དང་བདེ་བ་བླ་ན་མེད་པ་ལ་འགོད་ནུས་པ་སངས་རྒྱས་མ་གཏོགས་གཞན་ན་མི་འདུག་པས་བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་བསྐྱབ་ནས་བླ་ན་མེད་པའི་བདེ་བ་ལ་འགོད་པའི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་བསམ། དེ་ལྟར་སྨོན་པ་ཙམ་གྱིས་མི་ཆོག་པས་བསམ་པ་སེམས་བསྐྱེད་དེ་ཚེ་འདིར་མི་ཉམས་པའི་བྱང་སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་བསམ་པ་ལ་བསླབ་པ། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ་པ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ། ཚོགས་བསགས་པ་བསླབ་པ་དང་བཞི་ལས། དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱིས་ལྷ་མི་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འགྱུར། ཉན་རང་དགྲ་བཅོམ་རྣམས་ཀྱང་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན། རིམ་པ་ལ་སོགས་པའི་ནད་དང་གདོན་གྱིས་མི་ཚུགས་ཤིང༌། ཞི་སོགས་ཀྱི་ལས་ཚོགས་རྣམས་ཀྱང་ཚེགས་མེད་དུ་འགྲུབ། ངན་སོང་ལ་སོགས་པར་མི་སྐྱེ། སྐྱེས་ཀྱང་མྱུར་དུ་ཐར། སྡིག་པ་སྟོབས་ཅན་ཤིན་ཏུ་མི་བཟད་པ་ཡང་མྱུར་དུ་འཇོམས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་གཟུགས་སུ་གྲུབ་ན་ནི་ནམ་མཁར་མི་ཤོང་བར་བཤད་པས་སེམས་འདི་མི་ཉམས་པར་གོང་འཕེལ་དུ་བྱེད་དགོས་སྙམ་དུ་བསམ། གཉིས་པ་ནི། བདག་གིས་བྱང་ཆུབ་ཀྱི་སེམས་འདི་བར་མ་དོར་བཏང་ན་ཕས་ཕམ་ལས་ཀྱང་རྣམ་སྨིན་ལྕི་བས་སངས་རྒྱས་མ་ཐོབ་བར་མི་གཏོང་ཞིང༌། ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་


LT12_Page_051A
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གསུམ་གྱིས་སེམས་བསྐྱེད་པར་བྱའོ། །གསུམ་པ་ནི། བདག་གིས་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་པས་སེམས་ཅན་གྱི་ངོས་ནས་མི་འདྲ་བ་ཅི་བྱུང་ཡང་བདག་རང་གི་ངོས་ནས་སེམས་ཅན་ཐམས་ཅད་ནམ་དུའང་བློས་མི་སྤང་སྙམ་པར་བྱའོ། །བཞི་པ་ནི། བྱང་ཆུབ་ཀྱི་སེམས་ལན་ཅིག་བསྐྱེད་པ་འདི་མི་ཉམས་ཤིང་གོང་དུ་འཕེལ་བའི་ཕྱིར་དུ་དཀོན་མཆོག་མཆོད་པ་སོགས་ཚོགས་རྒྱ་ཆེན་པོ་ལ་བསླབ་པར་བྱའོ། །སྐྱེ་བ་གཞན་དུ་ཡང་བྱང་ཆུབ་ཀྱི་སེམས་དེ་དང་མི་འབྲལ་བའི་རྒྱུར་ནི་ནག་པོའི་ཆོས་བཞི་སྤོང་བ་དང༌། དཀར་པོའི་ཆོས་བཞི་བསྟེན་པ་ལ་བསླབ་དགོས་པའི། ནག་པོའི་ཆོས་བཞི་ནི། དང་པོ་མཁན་པོ་དང་བླ་མ་སོགས་ཡོན་གནས་གང་ཡང་རུང་བ་ལ་རྫུན་གྱིས་དབུ་སྐོར་ཐབས་བྱེད་པ་ནག་ཆོས་ཡིན་པས་དེ་འདྲ་གཏན་མི་བྱ་ཞིང་དེའི་གཉེན་པོར་སེམས་ཅན་སུ་ལའང་སྲོག་གམ་བཞད་གད་ཀྱི་ཕྱིར་ཡང་རྫུན་མི་སྨྲ། །ནག་ཆོས་གཉིས་པ་གཞན་དགེ་བ་བསྒྲུབས་ནས་མི་འགྱོད་པ་ལ་འགྱོད་དུ་གཞུག་པ་སྟེ། དེ་ལྟ་བུ་གཏན་ནས་མི་བྱ་ཞིང༌། དེའི་གཉེན་པོར་རང་གིས་སྨིན་པར་བྱ་བའི་གདུལ་བྱ་སྣོད་དུ་རུང་ན་ཐེག་དམན་ལ་མི་དགོད་པར་ཐེག་ཆེན་ལ་དགོད་པར་བྱའོ། །ནག་ཆོས་གསུམ་པ་ཐེག་པ་ཆེན་པོར་སེམས་བསྐྱེད་པའི་གང་ཟག་ལ་ཞེ་སྡང་གིས་མི་སྙན་པ་བརྗོད་པ་སྟེ། དེ་འདྲ་གཏན་མི་བྱ་ཞིང་དེའི་གཉེན་པོར་ཐེག་ཆེན་གྱི་གང་ཟག་ལ་སྟོན་པའི་འདུ་ཤེས་བསྐྱེད། སྐབས་སུ་བབ་ན་དོན་ལ་གནས་པའི་བསྔགས་པ་བརྗོད་ཅིང་སེམས་ཅན་ཐམས་ཅད་ལ་ཡང་དག་སྣང་སྦྱང་བར་བྱའོ། །ནག་ཆོས་བཞི་པ་ནི་སེམས་ཅན་ལ་གཡོ་སྒྱུས་སྤྱོད་པར་བྱེད་པ་སྟེ། དེ་འདྲ་ནམ་ཡང་མི་བྱ་ཞིང་སེམས་ཅན་རྣམས་ལ་དྲང་པོའི་བསམ་པ་བྱའོ། །རྗེ་བླ་མས་ཀྱང༌། སེམས་བསྐྱེད་ཐེག་ཆེན་


LT12_Page_051B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་བའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། ཞེས་གསུངས། འོ་ན་སྨོན་སེམས་ལ་བསླབ་པ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཙམ་གྱིས་མི་ཆོག །དེའི་སྟེང་དུ་འཇུག་སྡོམ་བླངས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་དགོས་ཤིང༌། དེ་ཡང་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་པ་བསྡུ་བའི་དངོས་པོ་བཞི་ལ་བསླབ་དགོས་པའི་དང་བོ་ལ་དྲུག་ཡོད་པ་ལས་སྦྱིན་པ་ལ་བསླབ་ཚུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བསམ་པ་དེས་ཀུན་ནས་བསླངས་ཏེ་དམ་པའི་ཆོས་ཀྱིས་ཕོངས་པ་ཐམས་ཅད་ལ་དམ་པའི་ཆོས་ཕྱིན་ཅི་མ་ལོག་པ་བསྟན། རྒྱལ་བོ་དང་དམག་ལ་སོགས་པའི་འཇིགས་པ་དང༌། འདྲེ་གཅན་གཟན་སྦྲུལ་ལ་སོགས་པའི་སེམས་ཡོད་ཀྱི་འཇིགས་པ་དང༌། མེ་ཆུ་སོགས་སེམས་མེད་ཀྱི་འཇིགས་པ་རྣམས་ལས་བསྐྱབས། བཟའ་བཏུང་མལ་སྟན་ན་བའི་གསོས་སྨན་སོགས་ནོར་གྱིས་ཕོངས་པ་རྣམས་ལ་དེ་དག་ཕོངས་མེད་དུ་སྦྱིན། མདོར་ན་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་རྩ་ཐམས་ཅད་ཕོངས་མེད་དུ་གཏོང་ངོ༌། དེ་ལྟར་ཡང་རྗེ་བླ་མས། སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་སྐྱེད་པའི་རྒྱལ་སྲས་སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོག་པའི་གཞི། །དེ་ལྟར་ཤེས་རབ་ལུས་དང་ལོངས་སྤྱོད་དགེ། །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། ཞེས་གསུངས། གཉིས་པ་ཚུལ་ཁྲིམས་ལ་བསླབ་ཚུལ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་དྲན་ཤེས་བཞིན་ངོ་ཚ་ཁྲེལ་


LT12_Page_052A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱི་བསམ་པ་ནོར་བྱས་ལ་མི་དགེ་བ་སྲོག་ལ་བབ་ཀྱང་མི་བྱ་ཞིང༌། དེ་ལྟར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ལ་བརྟེན་ནས་ཕར་ཕྱིན་དྲུག་གོང་འཕེལ་དུ་བྱེད་དགོས། །དེ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་ལ་ཁ་ན་མ་ཐོ་བ་མེད་པར་བསྒྲུབས་ཏེ་ཚུལ་ཁྲིམས་གསུམ་ལ་བསླབ་པར་བྱ་སྟེ། རྗེ་བླ་མས། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བ་ཟླ་བའི་འོད། །སྐྱེ་རྒུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བསླབས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛོད། ཅེས་གདམས། བཟོད་པ་ལ་བསླབ་ཚུལ་ལ། གཞན་གྱིས་རང་ལ་གནོད་པ་བྱས་པ་ལ་ཁྲོ་བར་མི་འོས་ཏེ། གཞན་གྱིས་གནོད་པ་བྱས་པ་དེ་སྔར་རང་གིས་ཁོ་ལ་གནོད་པ་བསྐྱལ་བའི་ལེ་ལན་ཡིན་ཞིང༌། ཁོ་རང་ལའང་ཁོང་ཁྲོས་རང་དབང་མེད་པར་བྱས་པ་ཡིན་པས་གནོད་ལན་བྱེད་མི་རུང༌། ཁོང་ཁྲོ་སྐད་ཅིག་གིས་ཀྱང་བསྐལ་པ་མང་པོར་བསགས་པའི་གཞི་གསུམ་གྱི་དགེ་རྩ་རྣམས་འཇོམས་པར་འདུག་པས་བདག་གིས་ཁོང་ཁྲོའི་བསམ་པ་ཡིད་ཀྱི་དགུ་ལའང་མི་བྱ་ཨང་སྙམ་པ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། གཞན་གྱིས་བདག་ལ་གནོད་པ་བྱས་ནས་སྡུག་བསྔལ་དྲག་པོ་མྱོང་བས་ནི་ང་རྒྱལ་དང་དྲེགས་པ་སོགས་སེལ། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྐྱེ། སྡུག་བསྔལ་མི་འདོད་པ་བྱང་བ་ན། དེ་མི་དགེ་བ་ལས་བྱུང་བ་ཡིན་པས་རྒྱུ་མེད་ན་འབྲས་བུ་ག་ལ་འབྱུང་སྙམ་དུ་མི་དགེ་བ་ལ་བློ་མི་འཇུག །གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་བསམས་པས་ཕྱིན་དྲུག་གཞན་རྣམས་ཀྱང་རྫོགས་ནས་འཚང་རྒྱ་བས་གནོད་བྱེད་པ་བཟོད་པ་བསྒོམ་པའི་གདམས་ངག་སྟེར་བའི་བླ་མ་ལྟ་བུར་མཐོང་ནས་དྲིན་ཆེ་བའི་བློ་སྐྱེད་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌། དཀོན་མཆོག་


LT12_Page_052B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་སངས་རྒྱས་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་སྟེ་རྒྱལ་སྲས་ཀྱི་སྤྱོད་པ་དང་བདག་མེད་པའི་དོན་ལ་མོས་པའི་སྒོ་ནས་དེ་རྣམས་ལ་སློབ་འདོད་ཆོས་ལ་ངེས་སེམས་ཀྱི་བཟོད་པ་སྟེ་བཟོད་པའི་ཉམས་ལེན་ཞེ་ཐག་པ་ནས་བྱེད་དགོས་ཏེ། །རྗེ་བླ་མས། བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་མཛོད། ཅེས་གསུངས་སོ། །བཞི་པ་བརྩོན་འགྲུས་ལ་བསླབ་ཚུལ་ནི། སྒོ་གསུམ་གྱི་སྙོམས་ལས་ངང་འཁྲིག་པ་དང་གཉིད་ཀྱི་བདེ་བ་སོགས་བདེ་བ་དམན་པ་ལ་སྲེད་པས་འཁོར་བ་ལ་སྐྱེ་བ་མ་བསྒོམས་པ་ལས་ལེ་ལོ་སྐྱེ་བས་ལེ་ལོའི་རྒྱུ་དེ་རྣམས་སྤངས་ཏེ་ལུས་ངག་ཡིད་གསུམ་དགེ་བའི་བྱ་བ་འབའ་ཞིག་གིས་འཁོལ་དགོས། དེ་ཡང་སེམས་ཅན་གཅིག་ཙམ་གྱི་སྡུག་བསྔལ་སེལ་བའི་ཕྱིར་དུ་ཡང་དཀའ་སྤྱད་ལུས་སྲོག་ལ་མིག་ལྟ་སྙམ་པ་གོ་ཆའི་བརྩོན་འགྲུས། དེ་ལ་བརྟེན་ནས་ཕར་ཕྱིན་དྲུག་ཉམས་ལེན་གོང་འཕེལ་དུ་བྱེད་པ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས། དེ་གཉིས་ཀྱི་སྒོ་ནས་ཁ་ན་མ་ཐོ་བ་མེད་པས་སེམས་ཅན་གྱི་དོན་འབད་ནས་བྱེད་པ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ལ་འབད་དགོས་ཏེ། རྗེ་བླ་མས། མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམ། ཞེས་གསུངས་སོ། །ལྔ་པ་བསམ་གཏན་ལ་བསླབ་ཚུལ་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ་འཇིག་


LT12_Page_053A
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིས་དང༌། ཕྱོགས་ཀྱི་དབྱེ་བས་ཞི་གནས་དང་ལྷག་མཐོང་ཞི་ལྷག་ཟུང་འབྲེལ་གྱི་བསམ་གཏན་གསུམ་དང༌། བྱེད་ལས་ཀྱི་སྒོ་ནས་མཐོང་ཆོས་ཚེ་འདི་ལ་ལུས་སེམས་བདེ་བར་གནས་པའི་བསམ་གཏན། མངོན་ཤེས་ལ་སོགས་ཡོན་ཏན་གོང་མ་མངོན་པར་སྒྲུབ་པའི་བསམ་གཏན། སེམས་ཅན་གྱི་དོན་སྒྲུབ་པའི་བསམ་གཏན་དང་གསུམ་སྟེ། དེ་རྣམས་ལ་བྱིང་རྒོད་དང་བྲལ་བར་བསླབ་པར་བྱ་དགོས་ཏེ། རྗེ་བླ་མས། བསམ་གཏན་སེམས་ལ་དབང་སྒྱུར་རྒྱལ་བོ་སྟེ། །གཞག་ན་གཡོ་མེད་རི་ཡི་དབང་བོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་བོ་རྣམས། །ནམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་དུ་བསྟེན། ཞེས་གསུངས། དྲུག་པ་ཤེས་རབ་ལ་བསླབ་ཚུལ་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བསླངས་ཏེ། སྲིད་པའི་རྩ་བ་དྲུང་ནས་འབྱིན་བྱེད་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དོན་དམ་རྟོགས་པའི་ཤེས་རབ་དང༌། ཀུན་རྫོབ་རྟོགས་པའི་ཤེས་རབ་དང༌། དེ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཤེས་རབ་རྣམས་ལ་བསླབ་པར་བྱ་དགོས་ཏེ། རྗེ་བླ་མས། ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུང་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡིས། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །ཅེས་གསུངས་སོ། །གཉིས་པ་གཞན་རྒྱུད་སྨིན་བྱེད་བསྡུ་བ་བཞི་ལ་བསླབ་ཚུལ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་དེས་ཀུན་ནས་བསླངས་ཏེ་ཐོག་མར་ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་འཁོར་དུ་བསྡུས། དེ་


LT12_Page_053B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་རྣམས་དགའ་བའི་ཕྱིར་དུ་བཞིན་མདངས་གསལ་བ་སྔོན་དུ་བཏང་སྟེ་ཕེབས་པར་སྨྲ་བས་བག་ཕབ། དེ་ནས་ཕར་ཕྱིན་དྲུག་གི་གཏམ་ལ་སོགས་པ་ཆོས་སྙན་པར་སྨྲ་བ་དང༌། དེ་ནས་ཆོས་བསྟན་པ་ལྟར་དོན་ཉམས་སུ་ལེན་དུ་འཇུག་པའི་དོན་སྤྱོད་པ་དང༌། དེ་ནས་གཞན་ཇི་ལྟར་ཉམས་སུ་ལེན་དུ་བཅུག་པ་ལྟར་རང་ཉིད་ཀྱང་ཕར་ཕྱིན་དྲུག་ཉམས་སུ་ལན་པའི་དོན་མཐུན་པ་སྟེ། གཞན་དོན་སྒྲུབ་པའི་ཐབས་ཟབ་མོ་འདི་རྣམས་ལ་ཅི་ནས་ཀྱང་བསླབ་པར་བྱ་ལ། དེས་ན་བདག་འཛིན་འཁོར་བའི་རྩ་བ་ཡིན་པས་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་སྒོམ་པ་མེད་པར་རྩེ་གཅིག་པའི་བསམ་གཏན་ཙམ་གྱིས་འཁོར་བའི་རྩ་བ་གཅོད་མི་ནུས་ཤིང་དམིགས་པ་ལས་མི་གཡོ་བར་རྩེ་གཅིག་ཏུ་གནས་པའི་ཞི་གནས་མེད་པར་བདེན་མེད་རྟོགས་པའི་ཤེས་རབ་ཙམ་གྱིས་ཇི་ཙམ་དཔྱད་ཀྱང་ཉོན་མོངས་ཟློག་མི་ནུས་ཏེ། ཉོན་མོངས་སྤངས་པའི་ཐར་བ་ཐོབ་པ་ལ་སྟོང་བ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པའི་ཡིན་ལུགས་ཕུ་ཐག་ཆོད་པར་རྟོགས་པའི་ལྟ་བ་དེ་དམིགས་པ་ལ་གཡོ་བ་མེད་པའི་ཞི་གནས་ཀྱི་རྟ་ལ་བསྐྱོན་ནས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའི་རིག་པ་གཏན་ཚིགས་ཆེན་པོ་བཞིའི་མཚོན་རྣོན་པོ་མཐར་འཛིན་གྱི་དམིགས་གཏད་ཐམས་ཅད་འཇིག་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚུལ་བཞིན་དུ་སྤྱོད་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད་དགོས་པའི་ཕྱིར། །རྗེ་བླ་མས། རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ཟློག་པས། །ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་དམིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ།


LT12_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །ཅེས་གསུངས། དེ་ནས་དམིགས་པ་ལ་རྩེ་གཅིག་ཏུ་གཡོ་བ་མེད་པར་འཇོག་པ་ལས་ཞི་གནས་ཀྱི་ཏིང་ངེ་འཛིན་འགྲུབ་པར་མ་ཟད། རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པའི་ངང་ནས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཚུལ་བཞིན་དུ་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པས་ཀྱང་ཡིན་ལུགས་སྟོང་བ་ཉིད་ཀྱི་དོན་ལ་གཡོ་བ་མེད་པར་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་ཟུང་དུ་འབྲེལ་བ་སྒྲུབ་པ་ལ་བརྩོན་པ་ཡ་མཚན་པ་ཡིན་ནོ་སྙམ་དུ་སྨོན་ལམ་གྱི་ཡུལ་དུ་བྱས་ནས་བག་ཆགས་འཇོག་པ་ལ་འབད་དེ། རྗེ་བླ་མས། རྩེ་གཅིག་བསྒོམས་པས་ཏིང་འཛིན་འགྲུབ་པར་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལའང་བརྩོན་རྣམས་ཡ་མཚན་ནོ། །ཞེས་གསུངས། དེ་ལྟ་བུའི་ཞི་ལྷག་ཟུང་འབྲེལ་ལ་མཉམ་པར་བཞག་པའི་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་དེ་ལས་ལངས་པའི་རྗེས་ཐོབ་ཏུ་རང་བཞིན་གྱིས་མ་གྲུབ་ཀྱང་དེ་ལྟར་སྣང་བའི་སྒྱུ་མ་ལྟ་བུའི་སྟོང་པ་ཉིད་བསྒོམས་ནས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་གྱིས་རྒྱལ་སྲས་ཀྱི་སྤྱོད་པའི་ཕ་རོལ་ཏུ་འགྲོ་བ་ནི་ཤིན་ཏུ་བསྔགས་པར་འོས་ལ། དེ་ལྟར་རྟོགས་ནས་ཐབས་ཤེས་ཡ་བྲལ་བའི་ལམ་ཕྱོགས་རེ་བས་ཚིམ་པ་མེད་པར་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་རྟོག་པ་སྐལ་བཟང་རྣམས་ཀྱི་ལུགས་ཡིན་པས་དེ་ལྟར་འབད་དགོས་ཏེ། རྗེ་བླ་མས། མཉམ་བཞག་ནམ་མཁའ་ལྟ་བུའི་


LT12_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་པས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །ཞེས་གསུངས། དེ་ལྟར་མདོ་སྔགས་ཐུན་མོང་བའི་ལམ་རྣམས་ལ་ལེགས་པར་བསླབས་ནས་གདོན་མི་ཟ་བར་སྔགས་ལ་འཇུག་པར་བྱེད་དགོས་ལ། འཇུག་ཚུལ་ནི། ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལས་རྒྱུད་སྡེ་ནས་བཤད་པ་ལྟར་གྱི་དབང་གིས་རྒྱུད་སྨིན་པར་བྱས། དེའི་ཁས་བླངས་པའང་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུངས་ཏེ་རྒྱུད་སྡེ་འོག་མ་གསུམ་ལྟར་ན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ལ་བསླབས་ཤིང༌། གོང་མ་ལྟར་ན་རིམ་གཉིས་ཀྱི་རྣལ་འབྱོར་ལ་རིམ་ཅན་དུ་བསླབས་པས་མདོ་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་བསྡུས་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བསླབ་པར་འགྱུར་བས་དལ་འབྱོར་ཐོབ་པ་དོན་ལྡན་དུ་བྱས་པ་ཡིན་ཞིང༌། ཚུལ་དེ་ལྟ་བུའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་སོན་ཨང༌། རྗེ་བླ་མས་ཀྱང་དེ་ལྟར་དུ་ཐུགས་ཉམས་སུ་བཞེས། བདག་སོགས་རྗེས་འཇུག་རྣམས་ལའང་ཚུལ་དེ་བཞིན་དུ་ཉམས་སུ་ལོངས་ཞིག་ཅེས་གདམས་པར་མཛད་པ་ཡིན་སྙམ་དུ་རྗེ་བླ་མ་མདུན་དུ་བསྒོམས་ནས་གསུང་ལྷང་ལྷང་དགྱེས་བཞིན་གདམས་པར་བསམས་ལ་དངོས་སུ་རང་རང་ཡིད་འགུལ་བའི་སྒོ་ནས་གདོན་པར་བྱའོ། །དེ་ལྟར་ཡང་རྗེ་བླ་མས། དེ་ལྟར་རྒྱུད་དེ་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་


LT12_Page_055A
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། །སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྣལ་འབྱོར་ངས་ཀྱང་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་ཁྱེད་ཀྱང་དེ་བཞིན་འདེབས་འཚལ་ལོ། །ཞེས་གསུངས་གདམས་བྱུང་སྙམ་པའི་སྒོ་ནས། །དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང༌། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། ཞེས་སོགས་དང༌། ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཞེས་སོགས་ཀྱིས་བསྔོ་བ་བསམ་པ་ཐག་པ་ནས་བྱའོ། །ཇོ་བོ་མར་མེ་མཛད་དང་ཙོང་ཁ་པའི། །གདམས་པའི་ཉིང་ཁུ་བྱང་ཆུབ་ལམ་རིམ་གྱི། །ལམ་གྱི་གནད་བསྡུས་མ་ནོར་གདམས་པ་འདིས། །འགྲོ་ཀུན་རྒྱལ་བ་དགྱེས་པའི་ལམ་བགྲོད་ཤོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འཁྲིད་བདུད་རྩི་གསེར་གྱི་ཡང་ཞུན་ཞེས་བགྱི་བ་རྗེ་བླ་མའི་ཉམས་མགུར་དང་སྦྱར་ནས་འཁྱེར་བདེ་བར་བཀོད་པ་འདི་ནི་བསྟན་པའི་གསལ་བྱེད་ཆེན་པོ་ལུགས་འདི་ལ་ཤིན་ཏུ་མོས་ཤིང་དོན་དུ་གཉེར་བ། ཀུན་མཁྱེན་ཆེན་པོ་ཤེས་རབ་དཔལ་བཟང་གི་གདན་ས་བ་ཆེན་པོ་མདོ་སྟོང་ཆོས་རྗེས་གསོལ་བ་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ན་ཚོད་ཕྲ་མོ་ནས་རྗེ་བླ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ་པ། ཤཱཀྱའི་དགེ་སློང་ཆོས་སྨྲ་བའི་བཙུན་པ་བསོད་ནམས་རྒྱ་མཚོས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོའི་གཟིམ་ཁང་དགའ་ལྡན་ཕོ་བྲང་གི་ཉི་འོད་


LT12_Page_055B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཁྱིལ་བར་སྦྱར་བ་འདིས་ཀྱང་བསྟན་པའི་སྙིང་པོ་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །བཀྲ་ཤིས་པར་ཤོག །


previousགདམས་ངག་མཛོད་པོད་གསུམ་པ། བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན།next