གདམས་ངག་མཛོད་པོད་དྲུག་པ།
ནག་པོ་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་གདམས་པ།
ནག་པོ་ཨུ་ཙི་ཏ་འཆི་བ་མེད་པས་མཛད་པ་ཡོན་པོ་སྲོང་བའི་གདམས་པ་བཞུགས་སོ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོ་པ། ཛཱ་ལནྡྷ་ར་ནས་སྤྱོད་པ་ལ་གཤེགས་པའི་ལམ་ཁར། རྣལ་འབྱོར་མ་ཐམས་ཅད་སྔོན་ལ་སོང་། སློབ་དཔོན་ཕྱིས་ནས་འོངས་པའི་ལམ་གྲོང་ཁྱེར་ཆེན་པོ་གཅིག་གི་ཧ་དེར་ཕྱིན་པས། དེ་ནས་མི་འགའ་གཏམ་ཟེར་བ་ལ་ཉན་པས། དེ་ནས་ཞག་འགའི་གོང་ན་མི་གཅིག་གིས་ཨུ་ཙི་ཏའི་འཆི་བ་མེད་པ་བྱ་བ། ནམ་མཁའ་ལ་འགྲོ་བ། རྒས་པ་དང་འཆི་བ་མེད་པ་ཞིག་འདུག་ཟེར་བའི་གཏམ་ཐོས་ནས། དེ་གང་ན་ཡོད་དྲིས་པས། སྡོད་ས་ངེས་པ་མེད་དེ། རེས་བྲག་ཡ་ཀི་ལ་སྡོད། རེས་ནགས་ཚལ་ཆུང་ངུ་ཡ་གི་ལ་སྡོད་ཟེར་ནས་ནགས་ཆུང་ངུ་ཞིག་བསྟན། དེར་ཕྱིན་པ་དང་། ཁོང་བསྒོམ་ཞིང་འདུག་སྟེ། བལྟས་པས། གཅེར་བུ་ཁ་དོག་ནག་པོ། །ལུས་ཆབ་རམ་ལྟ་བུ་ཞིག་འདུག་པ་མཐོང་ནས། དེ་ལ་མ་བརྟགས་པར་ཕྱག་འཚལ་ཏེ། རྗེས་སུ་བཟུང་བར་ཞུས་པ། ངས་ཁྱོད་མི་འདུལ་གྱིས། གདམས་ངག་མ་ཞུ་ཟེར་བར་དེ་ལྟར་མ་བྱེད་ཅིག་ཟེར་རོ། །དེར་ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། རྡོ་རྗེ་འཆང་གི་སློབ་མ་དབང་ཕྱུག་ཆེན་པོ་ཡིན། ང་དེའི་སློབ་མ་ཨུ་ཙི་ཏ་འཆི་བ་མེད་པ་བྱ་བ་ཡིན་ཟེར། དབང་ཕྱུག་དེ་ད་ལྟ་ག་ན་ཡོད་བྱས་པས། ས་འོག་རིམ་པ་དགུ། རི་རབ་ཀྱི་ཁོང་གསེང་ན་ཨུ་མ་དང་སྙོམས་པར་ཞུགས་ནས་ཡོད་ཟེར། ནམ་ལྡང་བྱས་པས། སངས་རྒྱས་སྟོང་རྩ་གཉིས་རྫོགས་པ་དང་ལྡང་ཟེར་རོ། འོ་ན་ཁྱོད་ཀྱི་གདམས་ངག་འདི་སངས་རྒྱ་བའི་ལམ་དུ་འདོད་དམ་མི་འདོད་བྱས་པས། འདོད་ཟེར་ནས། འོ་ན་རྗེ་སུ་བཟུང་བར་ཞུ་བྱས་པས། དེ་ལྟར་ན་ངའི་གདམས་ངག་འདི་ཡིན་ནོ་ཞེས་ཟེར་ནས་ཚིགས་བཅད་འདི་གསུངས་སོ། །ཁོ་བའི་གཟུགས་ཀྱིས་རླུང་བཟུང་ན། །སྐྲ་དཀར་གཉེར་མ་རྣམས་སླངས་ཏེ། །རྒས་དང་འཆི་བ་ལས་གྲོལ་ནས། །ནམ་མཁའ་བཞིན་ཏུ་འཆི་མེད་འགྱུར། ཞེས་གསུངས་སོ། །དེ་ལ་
འདི་ནི་ཡོན་པོ་སྲོང་བ་ཞེས་བྱ་བ་ཡིན་ཏེ། རྩ་ཡོན་པོ་ནི། རོ་རྐྱང་གཉིས། རླུང་ཡོན་པོ་ནི། ལྡང་འཇུག་གཉིས། ཐིག་ལེ་ཡོན་པོ་ནི་ཁུ་ཁྲག་གཉིས། དེ་རྣམས་བསྲོངས་པ་ནི་དབུ་མར་ཚུད་པ་སྟེ། རྩ་དང་རླུང་དང་བྱང་ཆུབ་སེམས་འཆིང་ནས་སངས་རྒྱས་ཀྱི་ལམ་དུ་འགྱུར་བ་ཡིན་ནོ། དེའི་ལག་ཏུ་བླང་བའི་རིམ་པ་ནི། ཉི་མ་འགའ་བཀུ་མཉེ་བྱ། སྤྱོད་ལམ་དལ་བར་བཞག །དེ་ནས་བསྒོམ་པ་ལ་འཇུག་པའི་ཚེ་སྟན་བདེ་བ་ལ་བསྡད་ལ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། བླ་མ་སྤྱི་བོར་བསྒོམས་ལ་མོས་གུས་བྱ། ཡི་དམ་གྱི་ལྷ་དྲན་པར་བྱའོ། །དེ་ནས་དངོས་གཞི་ནི། ཁྲོ་བོའི་གཟུགས་ཀྱིས་རླུང་བཟུང་ན། ཞེས་བྱ་བ་ཡིན་པས། ལུས་སྐྱིལ་ཀྲུང་ལེགས་པར་བཅའ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། པུས་མོ་གཉིས་ཀྱི་སྟེང་དུ་བཞག །མིག་གཉིས་མི་འཛུམ་པར་གྱེན་ལ་ལྡོག །ལྕེ་རྐན་ལ་སྦྱར། སོ་བསྒྲིགས་ལ་ཁ་བགྲད། སྟེང་རླུང་འོག་རླུང་ཁ་སྦྱར་ལ། ལྟོ་བ་ཚིག་པ་ལ་གཅེར། ལག་པ་གཉིས་པུས་མོའི་སྟེང་དུ། ཕར་ལ་རིམ་གྱིས་གྲེ་མོ་པུས་མོ་ལ་སླེབ་སླེབ་བཏང་ལ། ལུས་ཐམས་ཅད་ཉྭ་སུལ་ཐོན་ཐོན་སྒྲིམས་ན། ལུས་ཅུང་ཟད་འདར་བ་ཙམ་དུ་འགྱུར་ཏེ། དེ་ལྟར་ན་རླུང་འཆིངས་པར་འགྱུར་རོ། །དེ་ལྟ་བུའི་འཁྲུལ་འཁོར་དྲག་ཏུ་བྱེད་པའི་དུས་སུ་སྙིང་ཚ་ལམ་པའམ། མགོ་ན་སྐམ་པ་བྱུང་ན་སྦྱོར་བ་ཀློད། དེས་མ་ཞི་ན་འོ་དོད་འབོད་པ་དང་། ཁ་ཟས་བཟའོ། དེ་ལྟ་བུ་ལན་ཉི་ཤུ་རྩ་རེ་ཙམ་བྱས་ལ། ཀློད་ནས་སེམས་གསལ་སྟོང་ངོས་བཟུང་ཞིང་སྦྱོར་བ་ཀློད་ལ་བཞག །ཡང་སྔ་མ་བཞིན་ཏུ་རྩོལ་བ་དྲག་ཏུ་བྱ། དེ་ལྟ་བུ་ཐུན་གྲངས་ཐུན་ཚོད་མེད་པར་བྱས་ན། ཇི་ཙམ་ལ་ལུས་ཀྱི་འཁྲུལ་འཁོར་བྱས་མ་ཐག་ཏུ། གསལ་སྟོང་གི་ཏིང་ངེ་འཛིན་ཏུ་འགྲོ་བ་བྱུང་ན་འཁྲུལ་འཁོར་དང་པོ་མཐར་ཕྱིན་པ་ཡིན། །བརྟན་པར་བྱ་བའི་ཕྱིར། འཁྲུལ་འཁོར་གཞན་ཡང་བྱ་སྟེ། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག །གཡས་པ་རྡོ་རྗེ་ཁུ་ཚུར་ནམ་མཁའ་ལ་ཕྱར་ལ་རླུང་ཁ་སྦྱར་ཏེ། སྔ་མ་བཞིན་ཏུ་བསྒྲིམ་སྟེ། ཡང་དེ་ལས་ལྡོག་སྟེ་གཡོན་པ་འཕྱར་ཏེ་གཡས་སྙིང་གར་བཟུང་ལ་སྔ་མ་བཞིན་ཏུ་སྦྱང་།
ཡང་གཡས་གཡོན་གཉིས་གཞུ་འགེངས་པ་བཞིན་ཏུ་བྱས་ལ་སྔ་མ་བཞིན་ཏུ་སྦྱར། ཡང་ལག་པ་གཉིས་ནམ་མཁའ་ལ་འཕྱར་ཏེ། ཡང་སྔ་མ་བཞིན་ཏུ་བསྒྲིམས་ཏེ་བསྒོམ། རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཅིངས་ལ་ཡང་སྔ་མ་བཞིན་ཏུ་བསྒོམ་མོ། དེ་ལྟར་འཁྲུལ་འཁོར་གང་བཅིངས་ཀྱང་བརྗོད་བྲལ་གྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ན། མཐར་ཕྱིན་པའི་ཚད་ཡིན་ནོ། །སྐྲ་དཀར་དང་གཉེར་མ་བྱུང་ན་གང་བྱུང་སར་མཆིལ་མ་བྱུགས་མཉེའོ། །དེས་སྐྲ་དཀར་དང་གཉེར་མ་མེད་པར་འགྱུར་རོ། །དེ་ལྟར་གྱུར་པ་དང་། ཟས་ལ་ གཙང ་རྨེ་མེད་པར་ཀུན་འདར་གྱི་ལོངས་སྤྱོད་པ་ལ་རིམ་གྱིས་བསླབ། དེ་ནས་མངོན་པར་ཤེས་པ་ལྔ་དང་། ནམ་མཁའ་ལ་འགྲོ་བ་དང་། འཆི་བ་མེད་པ་འགྲུབ་སྟེ། དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་བསླབ། དེ་ནས་ས་རྣམས་རིམ་གྱིས་བགྲོད་ནས་སངས་རྒྱས་ཀྱི་ས་མངོན་ཏུ་འགྱུར་རོ། །འདིའི་འབྱུང་བ་ལུས་འཁྲུགས་དང་། ཏིང་ངེ་འཛིན་སེམས་ཀྱི་བར་ཆད་ནི་རང་ཞི་བར་འགྱུར། ཕྱི་རོལ་བདུད་ཀྱི་བར་ཆད་ནི། ངག་ཏུ་ཧཱུྃ་བརྗོད་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱས་པས་རང་ཞིར་འགྱུར་རོ། །འབྲས་བུ་སྐུ་གསུམ་ཡན་ལག་བདུན་ལྡན་ནི། ཆོས་སྐུ་ངོ་བོ་ཉིད་མེད་པའི་ཡན་ལག །ལོངས་སྤྱོད་རྫོགས་པའི་སྐུ་ལ། ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པ་གསུམ་མོ། །སྤྲུལ་པའི་སྐུ་ལ། སྙིང་རྗེ་ཆེན་པོ། །རྒྱུན་མི་འཆད་པ། འགོག་པ་མེད་པ་གསུམ་མོ། །རྩ་དང་རླུང་དང་ཐིག་ལེ་ཡོན་པོ་བསྲོང་བའི་གདམས་ངག་སློབ་དཔོན་བརྟུལ་ཞུགས་ཀྱི་སྤྱོད་པ་ནག་པོ་བའི་གསུངས་པ་འདི་དཔལ་ས་སྐྱའི་དགོན་པར་བྲིས་པ་ཡིན་ནོ། །འདིའི་བརྒྱུད་པ་ནི་གཏུམ་མོ་ལམ་རྫོགས་དང་འདྲའོ། ས་མཱསྟ་མི་ཐི། །