Nitartha Digital Library
Tibetan
གདམས་ངག་མཛོད།

4 occurrences of མགོན་པོ་བྱང་
[Clear Hits]


  
  
  
 
གདམས་ངག་མཛོད་པོད་བཅུ་པ།  སྔོན་འགྲོའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
  
  


4 occurrences of མགོན་པོ་བྱང་
[Clear Hits]

 
previousགདམས་ངག་མཛོད་པོད་བཅུ་པ། སྔོན་འགྲོའི་ཟིན་བྲིས།next

གདམས་ངག་མཛོད་པོད་བཅུ་པ།
སྔོན་འགྲོའི་ཟིན་བྲིས།


LT19_Page_016A
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་ཟིན་བྲིས་བཞུགས་སོ།། །།


LT19_Page_016B
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པ་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། དང་པོ་ལ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས། གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས། འབྲས་བུ་མི་ལུས་ཐོབ་པ་ཡིན་ལ་ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་བའོ། །དེ་ཡང་རྗེ་བཙུན་གྱིས། དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་མི་རེ་ཉུང་། ཞེས་གསུངས་སོ། །ངོ་བོའི་སྒོ་ནས་རྙེད་པར་དཀའ་བ་ནི། དལ་བ་བརྒྱད་ཚང་བ་རྙེད་པར་དཀའ་སྟེ། མི་


LT19_Page_017A
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམས་པའི་གནས་བརྒྱད་དུ་སྐྱེ་བ་ཆེས་སླ་བས་སོ། །དེ་ཡང་མི་ཁོམས་པ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། ཅེས་པའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་སྡུག་བསྔལ་གྱིས་མནར་བ་དང་། ཀླ་ཀློ་སྟེ་གྲུབ་མཐའི་དབང་དུ་བྱས་པ་སྟག་གཟིག་པ་ལ་སོགས་པ་དང་། ཡུལ་གྱི་དབང་དུ་བྱས་པ་མཐའ་འཁོབ་པ་རྣམས་ནི་མིའི་གཟུགས་སུ་སྣང་ཡང་། དུད་འགྲོ་ལྟར་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པ་དང་། ལྷ་ནི་བག་མེད་པས་དང་། ལོག་པར་ལྟ་བ་ནི་བསམ་པ་ཕྱིན་ཅི་ལོག་ཏུ་གྱུར་པས་དང་། སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་ནི་མུན་པའི་བསྐལ་པ་དང་། གླིང་བར་ལྟ་བུར་སྐྱེས་པ་སྟོན་པའི་སྣང་བ་མེད་པ་དང་། ལྐུགས་པ་ནི་ཡིད་ཀྱི་དབང་པོ་མ་ཚང་བ་ལེགས་ཉེས་མི་ཤེས་པས་དམ་པའི་ཆོས་ཉན་པར་མི་ཁོམས་པ་ཞེས་བྱའོ། །འབྱོར་པ་དང་ལྡན་པ་རྙེད་པར་དཀའ་སྟེ། ཡུལ་གྱི་དབུས་སུ་མིར་སྐྱེས་ཤིང་། །དབང་པོ་


LT19_Page_017B
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཞིང་ཆོས་ལ་དད། །ལས་མཐའ་མ་ལོག་མཐའ་རུ་ཕྱིན། །འདི་ལྔ་རང་གི་འབྱོར་པ་ཡིན། ཡུལ་གྱི་དབུས་སས་བརྩིས་པ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའི་ཡུལ། ཆོས་ཀྱིས་བརྩིས་པ་སྟོན་པའི་བསྟན་པ་རྣམ་པར་དག་པ་གང་དུ་ཡོད་པ། འདི་དང་ཕྱི་མར་མིར་སྐྱེས་པ། དབང་པོ་སྒོ་དྲུག་ཚང་བ། ཆོས་ལ་དད་པ། ལས་ཀྱི་མཐའ་མ་ལོག་པ་ནི་མཚམས་མེད་པ་ལྔ་གང་ཡང་རུང་བ་མ་བྱས་པ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་གྱི་ཕྱིར་ན་དེ་སྙིང་རྗེ་བ། །འདི་ལྔ་གཞན་གྱི་འབྱོར་པ་ཡིན། །སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པ་ལ་ཞུགས་པ། ཆོས་བྱེད་པའི་མཐུན་རྐྱེན་ཚོགས་པ་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མི་ལུས་ལ། རྙེད་པར་དཀའ་བ་སོགས་ཡོན་ཏན་དྲུག་ཆོས་མཐུན་དུ་ཡོད་པས་རིན་པོ་ཆེ་ཞེས་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་རང་གི་མ་མ་བྱས་པ་མེད་ལ། དེ་རེ་རེས་མ་བྱས་པའི་གྲངས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། རིལ་བུར་བྱས་ཀྱང་ས་ཡིས་ལངས་མི་འགྱུར། ཞེས་གསུངས་སོ། །དེ་ལྟ་བུའི་ལུས་ཇི་སྙེད་ཅིག་བླངས་ཀྱང་དལ་འབྱོར་གྱི་མི་ལུས་ཐོབ་པ་ད་རེས་ཙམ། ད་ལན་འདིས་གཏན་གྱི་དོན་མ་གྲུབ་ན། ད་དུང་ལུས་ཅི་ཙམ་ཞིག་ལེན་བར་བྱེད་ཀྱང་། དལ་འབྱོར་གྱི་ལུས་ནི་དེ་དག་ཏུ་ཤིན་ཏུ་རྙེད་པར་དཀའ་བ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པར་གལ་འགྱུར། ཞེས་དང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་


LT19_Page_018A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་འདིར་གཉིད་མ་ལོག །ཅེས་གསུངས་སོ།། །།གྲངས་ཀྱི་སྒོ་ནས་རྙེད་དཀའ་བ་ནི། ངན་སོང་གསུམ་དུ་སྐྱེས་པ་ཆེས་མང་ཞིང་། མཐོ་རིས་སུ་སྐྱེས་པ་ནི་ཉུང་། དེའི་ནང་ནས་ཀྱང་དལ་འབྱོར་ཀྱི་མི་ལུས་ནི་ཤིན་ཏུ་ཉུང་བས། རྗེ་བཙུན་གྱིས། དལ་འབྱོར་མི་ལུས་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། ཅེས་ཁྱིར་བར་གསུངས་པ་བཞིན་ནོ། །དཔེར་བགྱིས་ན། ཐང་ལག་མཐིལ་ཙམ་ན་སྲོག་ཆགས་གྲོགས་སྦུར་ཇི་སྙེད་ཡོད་ལ། གྲོག་མའི་ཚང་རེ་རེ་ལ་ཡང་བགྲང་དུ་མེད་པ་ཙམ་ཡོད་ན། དུང་པ་གང་གི་མི་ལ་དེ་ལྟར་མིན་པས་ཤེས་པར་བྱའོ། །དེ་ཡང་མདོ་ལས། ས་རྡོ་རི་ཀླུང་ཐམས་ཅད་དུད་འགྲོས་ཁེངས་གྱུར་ན། །ངན་འགྲོ་གཞན་གྱི་ཚད་ནི་སུ་ཡིས་ཤེས། ཞེས་སོ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི་།བུ་གར་རུས་སྦལ་མགྲིན་ཚུད་ལྟར། །མི་ཉིད་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། མངལ་འཇུག་ལས། ཁབ་མིག་ནམ་མཁའ་ལ་ཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན་ཁབ་མིག་གི་ནང་དུ་ཡུངས་ཀར་ཚུད་པ་ནི་སྲིད་ལ། མི་ཡི་ལུས་ནི་ཤིན་ཏུ་རྙེད་པར་དཀའོ། །ཞེས་གསུངས་སོ། །དེ་ལྟར་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ནས་ཆོས་མ་བྱས་ན་རང་གིས་རང་བསླུས་པ་ཡིན་པས་སྙིང་ཐག་པ་ནས་དམ་པའི་ཆོས་བྱའོ། །དེ་ཡང་། ཆོས་རྗེས། མི་ལུས་ཐོབ་ནས་ཆོས་མེད་པོ། །གསེར་གླིང་ཕྱིན་ནས་སྟོང་ལོག་མཁན། །ངང་ངན་སོང་ལྷུང་ན་མི་འགྱོད་དམ། །མི་དད་མེད་རྣམས་ལ་འཕྲིན་དེ་སྐྱོལ། ཞེས་གསུངས་སོ།། །།གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ལ། སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ། །ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་


LT19_Page_018B
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྟན་པ། ཅིས་ཀྱང་མི་སྟོངས་པར་འཆི་བ་བསམ་པའོ། །སྐྱེས་ཀྱི་རྟིང་ལ་ངེས་པར་འཆི་བ་བསམ་པ་ནི། སྐྱེས་ནས་སྐད་ཅིག་ཀྱང་སྡོད་ལོང་མེད་པར་འཆི་བདག་གི་མདུན་དུ་རྒྱུག་པ་སྟེ། དམ་པས། སྐྱེས་པའི་ནང་པར་འཆི་བའི་བྱ་བྱུང་བས། །ལོང་མེད་རྒྱུད་ལ་ཁོལ་ཅིག་དིང་རི་བ། ཞེས་གསུངས་སོ། །དཔེར་ན་གསོད་སར་ཁྲིད་པའི་དུད་འགྲོ་གོམ་པ་རེ་རེ་དོར་གྱིན་འཆི་བ་ལ་ཉེར་འགྲོ་བ་བཞིན་ནོ། །རྗེ་བཙུན་གྱིས། ཚེ་འདི་མི་རྟག་ཉི་རྒས་གྲིབ་སོ་འདྲ། །ཕར་ཕར་ཕྱིན་ཀྱང་ཚུར་ཚུར་འོང་། །བྲོས་པས་ཐར་བ་ངས་མ་མཐོང་། །ལོ་དང་ཟླ་བའི་ཆར་པས་བརྡུང་། །ཞག་དང་ཟ་མའི་ཐིགས་པ་བབ། །སྒྱུ་ལུས་ཀྱི་ཁང་པ་འགྱེལ་ལ་ཁད། །འཆི་བྲོད་ཀྱི་ཐིག་ཚགས་བྱེད་རེ་རན། ཞེས་གསུངས་སོ། །གཞན་ཡང་རྒྱུ་རྐྱེན་ལས་སྐྱེས་པའི་ཆོས་ཡིན་ཕན་ཆད་སྐད་ཅིག་མ་གཉིས་སུ་སྡོད་པའི་ལོང་མེད་པར་འཇིག་པས་ན་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་བྱའོ། །དཔའ་བོས། འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། ཞེས་གསུངས་སོ། །ནམ་འཆི་ཆ་མེད་བསམ་པ་ནི། ལུས་ཅན་རྣམས་ཀྱི་ཁྲོང་ན། འདི་སྔོན་ལ་འཆི། འདི་རྗེས་སུ་འཆི་ཞེས་རིས་སུ་བཅད་པ་ཅི་ཡང་མེད་ལ། མི་འཆི་ལ་རེ་བ་ཞིག་ཐོག་རྒྱབ་ཏུ་འཆི་ཡིས་འདུག་པ་ལྟར་རང་ལ་ཡང་འབྱུང་བས། རྗེ་བཙུན་གྱིས། ཁྱོད་གཞོན་པ་ཕོ་མོ་འཚོགས་ཙ་ན། །འཆི་བ་ཡོད་སྙམ་མི་གདའ་སྟེ། །འཆི་བ་ཐོག་བབས་ཀྱི་ཚུལ་དུ་ཡོང་གིན་གདའ། །ཞེས་སོ། །དེ་ཙམ་དུ་མ་ཟད་དོ་ནུབ་གློ་བུར་དུ་གཟའ་ལ་སོགས་པ་གདོན་ནམ། གཡང་ལ་ལྷུང་བའམ། གཏིབས་འོག་ཏུ་ཚུད་པའམ། ནད་ཀྱིས་སམ། མཚོན་གྱིས་འཆི་བར་མི་འགྱུར་བའི་གདིང་སུ་ལ་ཡང་མེད་ལ། དོ་ནུབ་མི་འཆི་བའི་ཐག་ཆོད་པ་མེད་པ་བཞིན་དུ་དེ་


LT19_Page_019A
[མ་དཔེ་གཟིགས་ན་འདིར་གནོན།]

རིང་འདི་བྱ། སང་འདི་བྱེད། ད་གཟོད་ལ་སོགས་པའི་བྱ་གཞག་གི་ཕྱི་ཚིས་དང་གསོག་འཇོག་སྒྲུབ་པ་ནི་རང་གིས་རང་བསླུས་པ་ཁོ་ནར་ཟད་དེ། རྒྱལ་སྲས་ཐོགས་མེད་པས། དེ་རིང་ཙམ་ཡང་མི་འཆིའི་གདིང་མེད་ལ། །རྟག་ཏུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །འཆི་ཀར་བྲང་ལག་འཐབ་མོ་འཆོར་ཉེན་གདའ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས། ཞེས་དང་། སྤྱོད་འཇུག་ཏུ། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པའི་རིགས་མ་ཡིན། ཞེས་དང་། སློབ་སྤྲིང་ལས། འདི་ནི་སད་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེ་རིང་བྱ་ཞེས་སྐྱེ་བོ་སེམས་པ་ན། གཤིན་རྗེ་བེ་ཅོན་ལག་ཐོགས་ཟུར་གྱིས་ལྟ་བ་ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། ཞེས་གསུངས་སོ། །འཆི་བའི་རྐྱེན་མང་བར་བསྟན་པ་ནི། ལུས་ཅན་རྣམས་ཀྱི་ཚེ་གནོད་པ་འབའ་ཞིག་གི་ནང་དུ་གནས་པ་རླུང་གིས་བཏབ་པའི་ཆུའི་ལྦུ་བ་ལྟ་བུར་ད་ལྟ་མ་ཡལ་བར་འདུག་ཀྱང་། རིང་དུ་གནས་པར་བྱ་བའི་ནུས་པ་མེད་པས་ཡིད་བརྟན་དུ་རུང་བ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམས་གང་ལགས་དེ་ནི་ངོ་མཚར་ཆེ། ཞེས་གསུངས་ཤིང་། གཞན་ཡང་། སྐྱེས་པའི་ཐ་མ་ནི་འཆི། འདུས་པ་འབྲལ། བསགས་པ་འཛད། བརྩིགས་པ་འགྱེལ་བས་གང་ལ་ཡང་སྙིང་པོ་མེད་པར་བསམ་ཞིང་། ནད་དྲག་པོ་དབུགས་ཆད་ལ་ཁད་ཁད་པ་བྱུང་ཚེ། ནོར་གྱིས་བླུར་མེད། མཛངས་པ་དང་། གཟུགས་བྱད་མཛེས་པ་དང་། དཔའ་ཞིང་བརྟུལ་ཕོད་པ་དང་། མངའ་ཐང་དང་། ས་མཁར་དང་། གཉེན་གྱིས་


LT19_Page_019B
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བྱར་མེད་པར། གཅིག་པུར་ག་ཤེད་དུ་སྒྲེན་མོ་ལག་སྟོང་དུ་འགྲོ། བར་དོའི་འཇིགས་པ་ནི་དྲན། ཚེ་ཕྱི་མ་གར་འགྲོ་ནི་མེད། འདིར་མི་ཕན་པར་ན་པར་བཟུང་བས་ནི་ནོངས། །དུས་དེའི་ཚེ་ཆོས་མེད་བའི་འགྱོད་པ་དྲག་པོ། སྐྱིད་པའི་རྒྱལ་པོ་ནས་སྡུག་པའི་ཡ་གཤན་གྱི་པར་ཐམས་ཅད་ལ་འབྱུང་གི་འདུག་པ་ལ་བསམས་ཀྱང་། དམ་པའི་ཆོས་ལ་འབད་རིགས་ཏེ། །མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་བགྱིའི་སྦད་དུ་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་གསུངས་པ་བཞིན་ནོ། ཅིས་ཀྱང་མི་སྟོང་པར་འཆི་བ་བསམ་པ་ནི། འཆི་བས་མི་ཚུགས་པའི་ས་ཕྱོགས་ནི་གང་དུའང་ཡོད་པ་མ་ཡིན་ཏེ། དཔའ་བོས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང་། ཡང་དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་མེད། ཅེས་གསུངས་ཤིང་། སྲ་བའི་ལྷུན་པོའང་ཐལ་བཅོམ་དུ་མ་ལུས་པར་འཇིག་ཅིང་། རྒྱ་མཚོ་ཆེན་པོ་ཟབ་པ་ཡང་སྐེམ་པར་འགྱུར་ན། ལུས་ཅན་གྱི་ལུས་ཉམས་ཆུང་བ་ཅིའི་ཕྱིར་མི་འཇིག་སྟེ། དེ་ཉིད་ཀྱིས་གང་དུ་ས་རྣམས་བསྲེགས་གྱུར་པས། །ལྷུན་པོ་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་བསྐམ་འགྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། ཞེས་སོ། །ད་དུང་མ་འཆི་བསམ་ན་ཅིའི་ཕྱིར་མི་འཆི་སྟེ། རང་གི་སྤྱི་བོའི་སྐྲ་ནས་རྐང་མཐིལ་གྱི་བར་ཐམས་ཅད་ལ་ཞིབ་མོར་བརྟགས་ན། ཅི་བས་ཉམ་ཐག་པ། ཉམ་ཆུང་བ། མི་གཙང་བ། རྟག་བའི་རང་བཞིན་ཅི་ཡང་མེད་པས། འདི་ལ་གཙང་བར་


LT19_Page_020A
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། རྟག་པར་བལྟས། བདག་ཏུ་ཞེན་པ་སྔོན་ཆད་རང་འཁྲུལ་པས་བསླུས་པ་འབའ་ཞིག་ཏུ་ཟད་ལ། སངས་རྒྱས་ཀྱི་སྐུ་རྡོ་རྗེ་ལྟ་བུ་ཡང་ཞིག་ན། ངའི་ལུས་སྙིང་པོ་མེད་པ་འདི་ཅིའི་ཕྱིར་མི་འཇིག་ཅེས་བསམ་པར་བྱ་སྟེ། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་དག་སྨོས་ཅི་དགོས། ཞེས་གསུངས་སོ། །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། བསམ་སྦྱོར་གཉིས་ཀ་དགེ་བས་བྱས་པ་གཅིག་ཏུ་དཀར་པའི་ལས། བསམ་སྦྱོར་གཉིས་ཀ་མི་དགེ་བ་གཅིག་ཏུ་གནག་པའི་ལས། བསམ་སྦྱོར་གང་རུང་གཅིག་དགེ་གཞན་མི་དགེ་ན་འདྲེས་པའི་ལས། དང་པོ་ལ་ནི་རྣམ་སྨིན་བདེ་བ་འབའ་ཞིག་པ་དང་། གཉིས་པ་ལ་ནི་རྣམ་སྨིན་སྡུག་བསྔལ་འབའ་ཞིག་པ་དང་། གསུམ་པ་ལ་ནི་བདེ་སྡུག་འདྲེས་པར་འབྱུང་ལ། དེ་ཡང་སྟོབས་ཆེ་བ་ཆོ་འདི་ལ་སྨིན་པ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། སྐྱེ་བ་རྟིང་མར་འབྱུང་བ་ཕྱི་མར་མྱོང་བ། སྐྱེ་བ་མང་པོ་བརྒྱུད་ནས་སྨིན་པ་ལན་གྲངས་གཞན་ལ་མྱོང་བར་འགྱུར་པ་སྟེ། དེ་ལྟར་རང་གིས་བྱས་ཤིང་བསགས་པའི་ལས་ནི་རང་ཉིད་ཀྱི་ཕུང་པོ་འབའ་ཞིག་ལ་སྨིན་པར་འགྱུར་བས། སྡིག་ཏོ་མི་དགེ་པའི་ཕྱོགས་རྣམས་ནི་ཆུང་ངུ་ཡིན་ཡང་སྤང་ལ། དགེ་བའི་རྩ་བ་ནི་ཆུང་ངུ་ཆུང་ངུ་ཡིན་ཀྱང་བསྐྱེད་པར་བྱ་སྟེ། དུག་ཆུང་ངུས་མི་ཆེན་པོ་གསོད་པ་དང་། སྨན་ཆུང་དུས་ནད་ཆེན་པོ་འཇོམས་པའི་དཔེ་ཤེས་པར་བྱ་ཞིང་། ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ལོགས་ཉེས་ཐམས་ཅད་བསམ་པའི་རྗེས་སུ་མི་འགྲོ། ལས་ཀྱི་རྗེས་སུ་འགྲོ་བས་སོ། །ཇོ་བོ་རྗེས། བསམས་ཚད་ཐོག་ཏུ་མི་ཁེལ། །ཕ་རོལ་ལས་ལས་གྲུབ་པས། །ལྷོད་ཀྱིས་གློད་ན་བདེའོ། །ཞེས་


LT19_Page_020B
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་ལས། ལས་ནི་གྲིབ་མ་བཞིན་དུ་ཕྱི་བཞིན་འབྲང་། །མི་ཚོ་ཕལ་ཆེར་སྡིག་པའི་ལས་ལ་ཟད། །ཕྱི་མའི་འགྲོ་ས་ངན་སོང་ཁོ་ན་ཡིན། ཞེས་དང་། ལས་བརྒྱ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དང་། ཕན་པའི་འབྲས་བུ་བདེ་བ་ཆེ། །གནོད་བའི་འབྲས་བུ་སྡུག་བསྔལ་འབྱུང་། ཞེས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་སོ།། །།བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལས་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། ཞེས་གསུངས་པ། སེམས་ཅན་དམྱལ་བ་ལ་ནི་ལས་ལས་སྐྱེས་པའི་གཤིན་རྗེས་འཇིགས་སུ་རུང་བའི་མཚོན་ཆས་ཡང་བཏགས་ཤིང་ཡང་སོས་པ་གང་སོས། ཐིག་ནག་པོ་བཏབ་ནས་དེ་སོག་ལེས་གཏུབ་པ་ཐིག་ནག །ལྕགས་ཀྱི་རི་ལུག་ལ་སོགས་པའི་གདེང་འདྲ་བའི་བར་དུ་འཐག་པ་བསྡུས་འཇོམས། གསལ་ཤིང་འབར་བ་རྩེ་མོ་གཅིག་པས་སྦྱི་བོ་ནས་ཐལ་བྱུང་དུ་འབུགས་པ་ངུ་འབོད། གསལ་ཤིང་རྩེ་མོ་གསུམ་པས་འབིགས་པ་ངུ་འབོད་ཆེན་པོ། ལུས་མེ་ལྕེའི་ཕྲེང་བས་སྲེག་པ་ཚ་བ། ཁྲོ་ཆུ་ཁོལ་མར་འཚོད་པ་རབ་ཏུ་ཚ་བ། ལུས་སྲེག་པ་དང་། ལྕགས་ཀྱི་གཟེར་བུས་གོ་མཚམས་མེད་པར་བསྡམས་པ་དང་། ལྕེ་ལ་རྨོན་དོར་ལྔ་བརྒྱས་རྨོད་པ་སོགས་སྡུག་བསྔལ་དྲག་པོས་མནར་བས་མནར་མེད་དེ། ཡུན། ཡང་སོས་ལ་སོགས་དྲུག་རིམ་བཞིན། །


LT19_Page_021A
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་ལྷའི་ཚེ་དང་མཉམ་པ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་སོ། །གཞན་ཡང་། ཆུ་བོ་རབ་མེད་དུ་ནུབ་པ་དང་། ལོ་མ་རལ་གྲིའི་ནགས་ཚལ་དང་། ཚེར་མ་རྣོན་པོའི་ཚལ་དང་། སླུ་གྲིས་གཏམས་པའི་སོ་དང་། རིམ་པ་མེད་པར་འགྲོ་བ་དང་། ལྕགས་ཀྱི་ཐོ་ལུམ་འབར་བ་ཟ་བ་དང་། ཁྲོ་ཆུ་འཐུང་བ་དང་། ས་གཞི་རབ་ཏུ་འབར་བར་འདུག་པ་དང་། ཡོངས་སུ་བསྒྱུར་ཞིང་འབྲོས་པ་དང་། བརྒྱལ་བ་དང་། སྨྲེ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་གཟུགས་དུ་མས་སྡུག་བསྔལ་བརྒྱ་ཕྲག་མང་པོ་མྱོང་ངོ་། །གྲང་བའི་དམྱལ་བ། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་ཅན་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུ་ཏྤལ་ལྟར་གས་པ། པདྨ་ལྟར་གས་པ་དང་། པདྨ་ལྟར་ཆེར་གས་པ་སྟེ། ཤིན་ཏུ་གྲང་བའི་སྡུག་བསྔལ་མི་བཟོད་པ་དང་། རལ་གྲི་རྣོན་པོ་ཐོགས་པའི་གཤིན་རྗེ་གཏུམ་པོས་བརྡེག་ཅིང་གཏུམས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཡང་། ཏིལ་རྫོང་ནང་ནས་ལོ་བརྒྱ་བཞིན། །ཏིལ་རེ་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་བསྒྱུར། ཞེས་པའི་བར་དུའོ། །གཞན་ཡང་། ཉི་ཚེ་བ་དང་ཉེ་འཁོར་བ་སྟེ་བཅོ་བརྒྱད་དོ། །ཡི་དྭགས་ནི། ལུས་མེ་འབར་བ། ནང་ཁྲོལ་གྱིས་སྟོངས་པའི་སྒལ་པ་རིའི་ཁྲོད་ལྟ་བུ། གཡོ་བ་དང་བྲལ་བ། ཁ་ཁབ་ཀྱི་མིག་ལྟར་ཕྲ་བ། སྐྲ་རྩུབ་ཅིང་གྱེན་དུ་བརྫེས་པ་དང་། ཁ་ཅིག་སྡོང་དུ་མ་མེས་རེག་དང་། །འགའ་ཞིག་ཕྱགས་ཤེལ་ལྟ་བུ་ལ་སོགས་པའི་གཟུགས་རྣམ་པ་སྣ་ཚོགས། །ཐས་སྐོམ་གྱི་མིང་ཙམ་ཡང་མི་ཐོས་པ་དང་། ངན་སྐྱུགས་ཟབ་དང་། ཟས་བློ་ཆུར་གྱུར་ནས་ལུས་སྲེག་པ་ལ་སོགས་པ་


LT19_Page_021B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚལ་དགུན་ནི་ཉི་མའང་གྲབ། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཆུ་ཀླུང་བསྐམ་པར་འགྱུར། ཞེས་དང་། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྗོངས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་དང་། ཚེ་ཚད་ནི། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། ཞེས་དང་། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། ཞེས་གསུངས་སོ། །དུད་འགྲོ་ནི་གླེན་ཞིང་རྨོངས་པ་དང་། གཅིག་ལ་གཅིག་ཟ་བ་དང་། གསོད་པ་དང་། བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་བགྲང་དུ་མེད་པ་སྟེ། ཁ་ཅིག་མུ་ཏིག་པལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་ལག་པ་རྡོག་པ་དང་། །ལྕགས་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། ཞེས་གསུངས་སོ། །མི་ལ་སྐྱེ་རྒ་ན་འཆི། ལྷ་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཡོད་པ་དེ་རྣམས་ལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱའོ། །འགྱུར་བའི་སྡུག་བསྔལ་ནི་མཐོ་རིས་ཀྱི་བདེ་བ་ཐམས་ཅད་དེ་བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་སུ། །ལས་ཀྱི་དབར་གིས་སླར་ཡང་ས་སྟེངས་ལྷུང་། ཞེས་དང་། ཚངས་ཉིད་ཆགས་བྲལ་བདེ་བ་སྐྱེས་ནས་ཀྱང་། །ལས་ཀྱི་དབང་གིས་ཡང་བྲན་ཉིད་དུ་འགྱུར། ཞེས་གསུངས་པས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། །བྱིས་པ་ལག་མཐིལ་དང་འདྲ་བས་སྡུག་བསྔལ་དུ་མ་མཐོང་ལ་འཕགས་པ་མིག་དང་འདྲ་བས་སྡུག་བསྔལ་དུ་གཟིགས་པའོ། །དེ་ཡང་། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྦུཾ་མི་རྟོག །འཕགས་པ་མིག་དང་འདྲ་བ་


LT19_Page_022A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དེ་ཡིས་དེ་ཉིད་ཡིད་ཀྱང་འབྱུང་། ཞེས་དང་། རྣལ་འབྱོར་དབང་ཕྱུག་གིས། འཁོར་བ་སྐྱིད་མེད་ཀྱི་བཙོན་ར་ན། །སྐྱིད་དུ་རེ་ནས་སྡུག་བསྔལ་སྤྱོད། །ཡུན་རིང་གི་ནད་པ་གཅོང་ཅན་བཞིན། །བསྐྱངས་བསྐྱངས་ནས་འཆི་བ་ཡི་རེ་མུག །ཅེས་གསུངས་པ་བཞིན་ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་ལ། གཏན་དུ་བདེ་བ་ནི་མྱ་ངན་ལས་འདས་པ་གཅིག་པུ་ཡིན་པས། མྱ་ངན་ལས་འདས་པ་འབའ་ཞིག་ཞི་ཞིང་བདེ་བའོ།། །།།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་རྫོགས་པར་བྱེད་པ་མཎྜལ། །བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞི་ལས། དང་པོ་རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད་ནི། རང་གི་མདུན་གྱི་ནམ་མཁར། ལཾ་ལས་གསེར་གྱིས་གཞི་ཁོད་སྙོམས་པའི་དབུས་སུ། བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པཾ་ལས་དཔག་བསམ་གྱི་ཤིང་བལྟ་ན་ཆོག་མི་ཤེས་པའི་དབུས་སུ། རིན་པོ་ཆེའི་ཁྲི་ལ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ་འཁོར་ལོ་སྡོམ་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སངས་རྒྱས་ཐམས་ཅད་དང་། རྒྱབ་ཏུ་ཡུམ་ཆེན་མོ་ལ་དམ་པའི་ཆོས་པོ་ཏི་དང་གླེགས་བམ་གྱི་རྣམ་པར་བཞུགས་པ། གཡོན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོས་བསྐོར་བ། ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོ་མ་དམ་པ་ཆོས་


LT19_Page_022B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོད་བའི་སྲུང་མ་ཐམས་ཅད་སྤྲིན་གཏིབས་པ་བཞིན་དུ་བཞུགས་པའི་སྤྱན་སྔར། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་བློས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། ཞེས་སོགས་ཀྱིས་སྐྱབས་འགྲོ་ལན་གསུམ་སྔོན་དུ་བཏང་ནས། ཇི་ལྟར་དུས་གསུམ་ མགོནཔོ་རྣམས། ལ་སོགས་པ་སྔགས་ཀྱི་གཞུང་ལས་གསུངས་པའི་ཆོ་ག་ལན་གསུམ་གྱིས་བྱང next hit་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་ལུས་ཀྱི་བཀོད་པ་གྲངས་མེད་ཅིང་བརྗོད་དུ་མེད་པར་སྤྲུལ་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཞེས་པས་ཕྱག་སྟོང་ཕྲག་གཅིག་བཙལ་ནས། ཡིད་ཀྱིས་ཀུན་ཏུ་དམིགས་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཆོ་གས་ཕྱག་བཙལ་བ་ལ་སོགས་པ་ཡན་ལག་བདུན་གྱི་ཚུལ་དུ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དོ། །དེའི་རྗེས་མདུན་གྱི་ཡི་དམ་ནས་གཡས་བསྐོར་དུ་ཐིམ་པ་དབུས་ཀྱི་བླ་མ་གཙོ་འཁོར་ལ་ཐིམ་ཞིང་འཁོར་རྣམས་བླ་མ་དང་། དེ་བདག་ལ་བསྟིམ། བསྔོ་བ་སྨོན་ལམ་བྱའོ།། །།།གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་


LT19_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙམས་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་དང་ལྡན་པའི་མཐར། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སི་ངྔྷིམྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཅེས་པས་བསྐོར་བ། དེ་ལས་བདུད་རྩི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཐོན། སྤྱི་བོ་ན་ཚངས་པའི་བུ་ག་ནས་ལུས་ཀྱི་ཕྱིར་སོང་བ་རྣམས་ཀྱིས་དྲི་མ་དྭང་། ནང་དུ་སོང་བ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དུད་ཁུ་དང་སོལ་ཁུ། གདོན་བགེགས་ཐམས་ཅད་སྡིག་སྤྲུལ་སྦལ་ལྕོང་གི་རྣམ་པར་དབང་པོའི་སྒོ། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ནས་ལུས་ཐམས་ཅད་ཤེལ་གོང་དྲི་མ་མེད་པ་ལྟ་བུར་དྭངས་བ། previous hit བྱང་ཆུབ་སེམས་ཀྱིས་གང་བར་བསམ་ལ་ཡིག་བརྒྱ་ཅི་རིགས་པར་བཟླས་ནས། མགོནཔོ next hit་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་


LT19_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་ཁྱོད་ཀྱི་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ། སྔོན་འགྲོ་སྒྲུབ་པའི་མཎྜལ་དང་། དངོས་གཞི་མཆོད་པའི་མཎྜལ་གཉིས་ལས། སྔོན་འགྲོ་སྒྲུབ་པའི་མཎྜལ་ནི། རང་གི་མདུན་གྱི་ནམ་མཁར་རི་རབ་གྲུ་བཞི་བང་རིམ་བཞི་པའི་སྟེང་དུ། པདྨ་འདབ་མ་བཞི་པའི་དབུས་སུ་སེང་གེས་བཏེགས་པའི་ཁྲིར་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་ཆོས། བྱང་དུ་དགེ་འདུན། གོང་བཞིན་དུ་གསལ་བཏབ་བོ།། །།གཉིས་པ་མཆོད་པའི་མཎྜལ་ནི། ༀ་བཛྲ་བྷཱུ་མི་ཨཱཿཧཱུྃ། ཞེས་བརྗོད། བའི་ལྕི་བའམ་དྲི་བཟང་གི་ཆུས་སའི་ཕྱོགས་བྱུག་པར་བྱའོ། །དེ་ནས་དབུས་སུ་མེ་ཏོག་བཞག་སྟེ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་བརྗོད་ནས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་བརྗོད་ཅིང་ཚོམ་བུ་བཀོད་པ་གླིང་བཞི་གླིང་ཕྲན་བརྒྱད། རིན་པོ་ཆེ་སྣ་བདུན། གཏེར་ཆེན་པོའི་བུམ་པ་དང་བརྒྱད། རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འབུལ་བར་བྱའོ། །ཕན་ཡོན་ནི། དཔག་ཏུ་མེད་པ་ཡོད་དེ། ཛེ་ཏཱ་རིས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་བྱུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། ཅེས་བྱ་བ་ལ་སོགས་པ་གསུངས་ཤིང་། ཆོས་རྗེས། ཞིང་ཁམས་ཀྱི་རྟེན་འབྲེལ་ཐམས་ཅད་འདི་ལ་ཡོད་པར་ཡང་གསུངས་སོ། །དེ་ནས་སེམས་


LT19_Page_024A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང་ལྡན་པ་རྟེན་གྱི་སྟོབས། སྔར་བྱས་ལ་འགྱོད་པ་རྣམ་པར་སུན་འབྱིན། ཕྱིས་མི་བྱེད་པར་སྡོམ་པ་སྡིག་པ་ལས་སླར་ལོག །བྱང་ཆུབ་ཀྱི་ལྟུང་བ་བཤགས་པའི་མདོ་ལ་སོགས་པའི་བཤགས་པའི་ཚིག་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཞིས་བདག་གཞན་གྱིས་སྡིག་པ་ཐམས་ཅད་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ནས་རིང་པོར་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་མི་འདའ་བར་གསོལ་བ་དང་། དེ་དག་གི་དགེ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིས་ནས། ཚོགས་ཞིང་སྔར་བཞིན་བདག་ཉིད་ལ་བསྡུའོ།། །།།བཞི་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྟ་བུའི་ལྷ་གང་མོས་པར་བསམ་པའི་སྤྱི་བོར་གྱད་དང་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་དར་གྱིས་ཀླུབས་པ། པདྨ་ཟླ་ཉི་བརྩེགས་པའི་གདན་ལ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དང་ཐ་མི་དད་པ་གསལ་བཏང་པའི་སྤྱི་བོར། བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་ཐོ་བརྩེགས་སུ་བཞུགས་པ། དེ་ཐམས་ཅད་ངོ་བོ་ཆོས་ཉིད་དག་པའི་ཀློང་དུ་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་གཟུགས་ཀྱི་སྐུར་ཤར་བས། རྩ་བའི་བླ་མ་ནས་རྡོ་རྗེ་འཆང་གི་བར། དགོངས་པ་ལ་མཐོ་དམའ་དང་། ཐུགས་རྗེ་ལ་བྲི་གང་མེད་པ། སངས་རྒྱས་ཉག་གཅིག་ཏུ་བཞུགས་པར་བསམས་ནས། བརྒྱུད་པའི་གསོལ་འདེབས་བྱས། བླ་མ་འོག་མ་འོག་མའི་གདུང་ཤུགས་ཀྱིས་གོང་མ་གོང་མ་རིམ་པ་བཞིན་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། བླ་མའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། རང་གི་སྨིན་མཚམས་ནས་ཞུགས་ལུས་ཐམས་ཅད་གང་། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ།


LT19_Page_024B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། མགྲིན་པར་ཞུགས། ལུས་གང་། ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་བཞུགས། ལུས་ཐམས་ཅད་གང་། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ནས་ཞུགས། ལུས་ཐམས་ཅད་གང་། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མཐར་བླ་མ་གདན་ཁྲི་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་ཁྲིད་མཐའ་དག་གི་སྔོན་དུ་འགྲོ་བའི་ཡི་གེ་འདི་ཡང་། པདྨ་དཀར་པོས་ལྷ་བཙུན་གཞན་ཕན་བཟང་པོར་གདམས་པའོ།། །།།


previousགདམས་ངག་མཛོད་པོད་བཅུ་པ། སྔོན་འགྲོའི་ཟིན་བྲིས།next