Nitartha Digital Library
Tibetan
གདམས་ངག་མཛོད།

7 occurrences of འཕེན་
[Clear Hits]


  
  
  
  
 
གདམས་ངག་མཛོད་པོད་བཅུ་གཉིས་པ།  ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
 
  
  
  
  


7 occurrences of འཕེན་
[Clear Hits]

 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།next

གདམས་ངག་མཛོད་པོད་བཅུ་གཉིས་པ།
ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།


LT17_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ།། །།


LT17_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་སོགས། །བླ་མ་རྣམས་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་འདིར་བཤད་བྱ། །དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་གདམས་པ་ཕྱག་རྒྱ་ཆེན་པོ་གའུ་མ་ལ་གསུམ་སྟེ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་སྔོན་འགྲོ་ཐུན་མོང་བ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་ཞིག་བསམ། དེའི་མདུན་དུ་སྐྱབས་འགྲོ་ཚད་མེད་པ་བཞི་བསྒོམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་མནྜལ་འབུལ། ཡིག་བརྒྱ་བཟླས། བླ་མ་བརྒྱུད་པ་ལ་གསོལ་བ་གདབ། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྒྱས་པར་བསྒོམ། སེམས་ཅན་ཐམས་ཅད་མར་


LT17_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང༌། དྲིན་དྲན་པ་སོགས་ཀྱིས་བྱམས་པ་དང་སྙིང་རྗེ་དགྲ་ལྟ་བུ་ལ་ནམ་སྐྱེས་ཀྱི་བར་དུ་བསྒོམ་པ་ནི་སྤྱི་དང་མཐུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི། རང་བབས་གསུམ་གྱི་སྟེང་དུ་འཇོག་པ་སྟེ། དེ་ཡང་རང་ལུས་ཡི་དམ་ལྷར་གསལ་བའི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་བཅའ། སྒལ་ཚིགས་དང་པོར་བསྲང༌། མགྲིན་པ་ཅུང་ཟད་སྒུ་བར་བྱ། མིག་ཐད་ཀར་རང་སོར་བལྟ། ལྕེ་རྩེ་རྐན་ལ་སྦྱར། མཆུ་སོ་ཐད་ཀར་བཞག །ལག་པའི་གྲུ་མོ་ནང་དུ་རློག་བཅུག་པས་སྒོམ་ཤིང་གི་ཚབ་བྱས་པའི་ལུས་གནད་ལེགས་པར་བཅའ། དེ་ནས་རྩ་བཞི་ཉྭ་བཞི་ལྷོད་ཀྱིས་ལྷོད་པ་ནི་ལུས་རང་བབས་སོ། །མཆུ་འབྱེད་འཛུམ་གྱི་རྩོལ་བ་དང་བྲལ་ཞིང་ངག་སྨྲ་བརྗོད་མེད་པ་ནི་ངག་རང་བབས་སོ། །མིག་གི་ལྟ་སྟངས་དང་བཅས་པས་འདི་བསྒོམ་སྙམ་པའི་སྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ་མ་བཅོས་པར་འཇོག་པ་ནི་སེམས་རང་བབས་སོ། །དེའི་ངང་ལ་ཧད་དེ་ཆད་དེ་གནས་པ་ནི་སྔོན་འགྲོའི་ཚད་ཡིན། དེ་འདྲ་དེ་ལ་


LT17_Page_092B
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་གྱི་ཤེས་པ་ཞེས་བྱ། ཆད་ནས་ངལ་བསོ་བ་ལ་སོགས་པའི་གནས་སྐབས་སུ་ཡུད་ཙམ་རེ་སེམས་ཅན་ཀུན་ལ་འཆར་ཏེ་དེ་ངོས་མ་ཟིན་པས་འཁོར་བར་འཁྱམས་པར་ཡིན་ནོ། །དེས་ན་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་དབང་པོ་དྲུག་གི་ཡུལ་དུ་ཕྱིའི་ཡུལ་དྲུག་པོ་ཅི་སྣང་ཡང་དེ་དྲན་པས་བཟུང་སྟེ། དེའི་ངོ་བོ་ལ་ཅེ་རེ་བལྟས་པས་གསལ་སྟོང་འཛིན་མེད་དུ་ཆམ་སོང་བ་དང༌། ངའི་སྔོན་འགྲོ་ཤར་འདུག་སྙམ་ངོས་བཟུང་ཏེ། དེ་ལ་ཧད་དེ་ཆད་དེ་བཞག་གོ །དེའི་སྐབས་སུ་སྔར་མ་བསྒོམས་པས་ཤེས་པ་འཕྲོ་ན་འདིས་བོགས་འདོན་ཏེ། ཕྱིའི་སྣང་བ་ཡུལ་ལ་ངོས་བཟུང་ཅི་འདུག །ནང་ལུས་ལ་ངོས་བཟུང་ཅི་འདུག །གསང་བ་སེམས་ལ་ངོས་བཟུང་ཅི་འདུག་རིག་པས་དཔྱད་ལ་བལྟ། བལྟས་པས་ངོས་བཟུང་མ་རྙེད་ན་དེའི་ངང་ལ་གཞག་གོ །ཡང་སྣང་བ་ལ་སེམས་འཕྲོ་ན་གང་ལ་འཕྲོ་བའི་ཡུལ་གྱི་སྣང་བ་དེ་དང་པོ་གང་ནས་བྱུང༌། ད་ལྟ་གང་ན་གནས། མཐར་གང་དུ་འགགས། འོལ་སྤྱི་ལ་མ་བཞག་པར་ལེགས་པར་བཙལ། དེ་ནས་འཛིན་མེད་དུ་བུན་སོང་ན་དེ་དྲན་པས་བཟུང་ནས་དེའི་ངང་དུ་བཞག་གོ །དེ་ལྟར་རྩད་བཅད། ཡང་གཅོད་མཁན་གྱི་སེམས་དེ་ཡང་གང་ནས་བྱུང༌། གང་དུ་འགྲོ། གང་ན་གནས་རྩད་བཅད་ལ་བལྟ། བལྟས་པས་སེམས་ཆོ་ལང་འགྲོ་ཡིན་འདུག་ན་དེའི་ངོ་བོ་ལ་བལྟ་ཞིང་ཡེ་མ་ཡེངས་པར་རིག་པ་གཅུན། གང་དུ་ཡང་མི་རྟོག་པར་རྩེ་གཅིག་ཏུ་ལྷན་ནེར་གནས་ན་དེ་ཀའི་ངང་དུ་མཉམ་པར་གཞག་གོ །ཡང་དེ་ལྟར་བྱས་ཀྱང་རྟོག་པ་འཕྲོ་ན་དྲན་པས་བཟུང་ལ། རྟོག་པ་གང་སྐྱེས་ཐམས་ཅད་དེ་མ་ཐག་རྒྱུན་རྦད་རྦད་བཅད་ལ་བཞག་གོ །དེ་རྣམས་ཀྱི་སྐབས་ཉམས་ཅི་སྐྱེས་པ་ཐམས་ཅད་བྱུང་རྒྱལ་དུ་བསྐྱང༌། དེ་ལྟར་བྱས་ཀྱང་ཡེ་མི་ཐུབ་པར་འཕྲོ་ན་དེ་དྲན་པས་བཟུང་ལ་རྟོག་པ་དེའི་རྗེས་བཅད་ལ་ཅི་ལ་འཕྲོ་བ་ལྟ་བར་བྱས་ནས་རྟོག་


LT17_Page_093A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚང་རིག་རིག་གདར་ཤ་བཅད་པར་བྱའོ། །དེ་ལྟར་མ་ཡེངས་པར་བསྒོམས་ན་གསལ་སྟོང་འཛིན་མེད་ཀྱི་ཉམས་འཆར་བར་ཐེ་ཚོམ་མེད་དོ། །དེ་ལྟ་བུའི་སྒོ་ནས་སྔོན་འགྲོའི་ཁྲིད་ཐེམ་ནས་རྐུན་པོའི་ངོ་སྤྲོད་བྱའོ། །དེའི་རྟགས་ཚད་ནི་ལུས་ངག་གི་བྱ་བས་མི་འཕྲོག་པའོ། །དེའི་བོགས་འདོན་ལྷ་སྐུ་རླུང་དང་བསྲེ་བ་སོགས་ནི་ཕྱག་རྒྱ་ཆེན་པོ་རླུང་བསྲེས་ཀྱི་དམིགས་རིམ་བཞིན་ཤེས་པར་བྱའོ། །འདིར་ཉེ་བར་མཁོ་བའི་རླུང་འཛིན་ལུགས་ཅུང་ཟད་ཅིག་བསྟན་ན། ལུས་གནད་ལེགས་པར་བཅའ། རླུང་མཉམ་རྒྱུ་རུ་བཞག །དེ་ནས་དང་པོ་རླུང་གི་རླུང་སྔོན་པོར་བུས། དེ་ནས་མེ་རླུང་དམར་པོར་བུས། དེ་ནས་ཆུ་རླུང་དཀར་པོར་བུས། དེ་ནས་ས་རླུང་སེར་པོར་བུས། དེ་ནས་ནམ་མཁའི་རླུང་ཁ་དོག་མེད་པ་བ་སྤུའི་བུ་ག་ཐམས་ཅད་ནས་སོང་བར་བསམ་ཞིང་རླུང་ཕྱིར་བུས་ལ། དེ་ནས་དང་པོ་ས་རླུང་དལ་བུས་སྣ་བུག་ནས་དྲངས་ནས་འོག་རླུང་འཐེན་ལ་ལྟེ་བར་སེར་མེར་བ་ལ་སེམས་གཏད་ལ་བཟུང༌། དེ་ནས་མི་ཐུབ་ན་དལ་བུས་ཕྱིར་གཏང༌། དེའི་རྗེས་སུ་ཆུ་རླུང་སྙིང་གར་དྲངས་ནས་གོང་ལྟར་འཛིན། དེ་ནས་མེ་རླུང་མགྲིན་པར་དྲངས་ནས་གོང་ལྟར་འཛིན། དེ་ནས་རླུང་རླུང་སྤྱི་བོར་དྲངས་ནས་གོང་ལྟར་འཛིན། དེ་ནས་ནམ་མཁའི་རླུང་བ་སྤུའི་བུ་ག་ཐམས་ཅད་ནས་དྲངས་ནས་ལུས་ཀུན་ལ་ཁྱབ་པར་འཛིན་ནོ། །ཡང་ནས་རླུང་དང་མེ་རླུང༌། ཆུ་རླུང་དང་རླུང་གི་རླུང་ཟུང་དུ་བསྡེབས་ནས་བཟུང་ཡང་རུང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས་ཀྱི། དང་པོ་སྐྱོན་བཞི་རང་གྲོལ་ནི། སེམས་རང་གི་གནས་ལུགས་སྟོང་ཉིད་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་བསམ་མཐོང་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ། །དཔེ་རང་གི་བྱད་བཞིན་དང་འདྲ། དེ་ཡང་མེ་ལོང་གསལ་བའི་རྐྱེན་དང་འཕྲད་ན་གཟུགས་བརྙན་


LT17_Page_093B
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཀྱང་མཐོང་བ་བཞིན་དུ་བླ་མ་དམ་པའི་མན་ངག་གི་མེ་ལོང་དང་འཕྲད་ནས་ཉམས་སུ་བླངས་ན་སེམས་ཀྱི་གནས་ལུགས་མཐོང་བར་ནུས་སོ། །ཕྱག་རྒྱ་ཆེན་པོ་རང་ལ་འཆར་ཀྱང་དཔེས་མཚོན་མ་ནུས་ཤིང་ཟབ་དྲགས་པས་ངོས་མ་ཟིན། རང་བབས་སུ་ནམ་བཞག་ཀྱང་འཆར་ཏེ་སླ་དྲགས་པས་ཡིད་མ་ཆས་པར་ཡེངས་མེད་དང་བྲལ། སྐུ་གསུམ་རང་ལ་ཤར་ཡང་བཟང་དྲགས་པས་བློར་མི་ཤོང་བས་ངེས་པ་མ་སྐྱེས་ཏེ་ཐག་ཆོད་དང་བྲལ་བའི་སྐྱོན་གྱིས་འཁོར་བར་འཁྱམས་པ་ཡིན་པས། ད་ནི་སྐྱོན་བཞི་པོ་སྤངས་ལ་བླ་མའི་མན་ངག་ལ་བརྟེན་ནས་རང་ཤར་ངོས་བཟུང་ངེས་ཤེས་བསྐྱེད་ལ་ཐག་བཅད་ཡེངས་མེད་དུ་བསྐྱང་ངོ༌། །གཉིས་པ་མཐར་ཐུག་སྐུ་བཞི་རང་ཤར་ནི། མཉམ་རྗེས་བློས་བྱས་ཐམས་ཅད་དང་བྲལ་བའི་ཕྱག་རྒྱ་ཆེན་པོ་རང་ཤར་དུ་བཞག་པའི་དུས་སུ། སྣ་ཚོགས་སུ་ཤར་བ་དེ་སྤྲུལ་སྐུ་རང་ཤར། དེ་ལ་གསལ་འཛིན་དང་བྲལ་བའི་རྟོག་མེད་དེ་ཆོས་སྐུ་རང་ཤར། གསལ་ལ་རྟོག་མེད་བདེ་བར་ཤར་བས་ལོངས་སྐུ་རང་ཤར། དེ་གསུམ་གྱི་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུ་རང་ཤར་རོ། །དེ་ཉིད་ལ་མི་རྟོག་པའི་ཆ་དེ་ཇི་ལྟ་བ། འཛིན་པ་མེད་པར་ཤེས་བྱ་སྣ་ཚོགས་སུ་སྣང་བ་དེ་ཇི་སྙེད་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་དབྱིངས་ཡེ་ཤེས་དབྱེར་མེད་པ་ཡིན་ནོ། །དེ་དག་གི་བོགས་འདོན་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་མ་ཞིག་ཡིན་པ་ལ་ང་དང་བདག་ཏུ་བཟུང་བས་འཁོར་བར་འབྱམས་པ་ཚོ་སྙིང་རེ་རྗེ་སྙམ་དུ་བསམ་པ་དང༌། མོས་གུས་དུང་བ་བྱས་ལ་གསོལ་བ་འདེབས་པ་དང༌། དེ་རྣམས་གང་ལ་ཡང་ཧད་དེ་ཆད་དེ་བཞག་པར་བྱའོ། །དངོས་གཞི་བརྟན་པའི་ཚད་ནི་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད། ཡེངས་རྒྱུ་སྐད་ཅིག་ཙམ་ཡང་མེད་པར་ཉིན་མཚན་སྤྱོད་ལམ་ཐམས་ཅད་རྟོག་མེད་ཀྱི་ངང་དུ་ཁོར་མོར་གནས་པའོ། །མདོར་ན་རྗེས་ནི། སྟོང་ཉིད་


LT17_Page_094A
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དབྱེར་མེད་པའི་ངང་ནས། བསྔོ་བྱ་སྔོ་བྱེད་དམིགས་པའི་དུག་བཅོམ་སྟེ། །ཆོས་ཀྱི་དབྱིངས་ལ་མི་བསྔོ་ཤེས་གྱུར་ནས། །དགེ་ཀུན་རྣམ་མཁྱེན་སངས་རྒྱས་བསྔོ་བར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་འདེབས་པ་ནི་མན་ངག་དམ་པ་ཡིན་ནོ། །ཉིང་ཁུའི་ཡན་ལག་གི་ཆོས་སྐོར་ལས་ལྟ་བའི་ཁྲིད་ཕྱག་རྒྱ་ཆེན་པོ་གའུ་མའི་ཉམས་ལེན་མདོར་བསྡུས་པ་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་དཔལ་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །སརྦ་མངྒ་ལཾ།། ༒ །།ནི་གུའི་ཡན་ལག་ལམ་ཁྱེར་གསུམ་གྱི་ཁྲིད་བཞུགས་སོ། །ན་མོ་གུ་རུ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་སྙན་བརྒྱུད་ཀྱི་ཡན་ལག་སྐོར་ལས། འཕྱུགས་མེད་ལམ་ཁྱེར་གསུམ་གྱི་ཉམས་ལེན་ལ་གསུམ་སྟེ། སྣང་བ་ལ་བརྟེན་ནས་བླ་མ་ལམ་དུ་ཁྱེར་བ། ཡི་དམ་ལམ་དུ་ཁྱེར་བ། སྒྱུ་མ་ལམ་དུ་ཁྱེར་བའོ། །དང་པོ་ནི། རང་གི་མདུན་གྱི་ནམ་མཁའི་གནས་སུ། པཾ་ལས་པདྨ་འདབ་མ་བཞི་པ། དེའི་ལྟེ་བ་དང་འདབ་མ་རྣམས་སུ། ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་དབུས་སུ་རྩ་བའི་བླ་མ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ཤར་དུ་དགྱེས་རྡོར་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་དཀར་བསྣོལ་བ། ལྷོར་གསང་བ་འདུས་པ་སེར་པོ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། ནུབ་ཏུ་མ་ཧཱ་མཱ་ཡཱ་དམར་པོ་གོང་དང་འདྲ་བ། བྱང་དུ་རྡོ་རྗེ་འཇིགས་བྱེད་ལྗང་གུ་གྲི་གུག་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྐྱེད། དེ་དག་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་


LT17_Page_094B
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་སྣ་ཚོགས་པ་དེ་ལས་འོད་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སེམས་དཔའི་རྣམ་པར་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་བསྟིམ། རིགས་ལྔ་སྤྱན་དྲངས་ཏེ་དབང་བསྐུར་བས། ཐམས་ཅད་ལ་རྒྱལ་པ་རིགས་ལྔས་དབུ་བརྒྱན་པར་བསྒོམས་ལ། བླ་མ་རིན་པོ་ཆེས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བ་ནས་ཨོཾ་དཀར་པོ་བྱུང༌། རང་གི་དཔྲལ་བར་ཐིམ། བུམ་དབང་ཐོབ་པ་སོགས་གོང་གཏུམ་མོ་དང་འདྲ། མགྲིན་པ་ནས་ཨཱཿདམར་པོ་བྱུང༌། རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཧཱུྃ་སྔོན་པོ་བྱུང༌། རང་གི་ཐུགས་ཀར་ཐིམ། དེ་ནས་ཕྱོགས་བཞིའི་ལྷ་བཞི་པོ་དེ་གཙོ་བོ་ལ་ཐིམ། དེ་གདན་དང་བཅས་པ་འོད་དུ་ཁྲ་སྤུང་སོང་བ་དང་རང་ལ་ཐིམ་པའི་ངང་དུ་མཉམ་པར་བཞག་གོ །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་འཆི་བ་མི་རྟག་པ་བསམ་པ་སོགས་ཀྱི་སྔོན་འགྲོ་རྣམས་བསྒོམ། དེ་ནས་རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་འཛུམ་ཡལ་ལེ་བ་སྐུ་མདངས་དང་ལྡན་པ་ཞིག་བསྒོམས་ནས་བདག་གིས་བྱང་དྲངས་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་གསོལ་བ་འདེབས་པར་བསམ་ཞིང༌། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྒྱུ་ལུས་རྨི་ལམ་འབྱོངས་པར་བྱིན་གྱིས་རློབས། འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། ཞེས་གསོལ་བ་དྲག་ཏུ་བཏབ། དེ་ནས་གཟུགས་གང་སྣང་བ་ཐམས་ཅད་ལ་འདི་ངའི་བླ་མ་དམ་པ་ཡིན་སྙམ་དུ་བསམ། ཁྱད་པར་ཆགས་ཡུལ་གྱི་གཟུགས་སྡུག་པ། ཞེ་སྡང་གི་ཡུལ་གྱི་མི་སྡུག་པ་སོགས་བླ་མར་མོས་པའི་དྲན་པ་ཡེ་


LT17_Page_095A
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་པ་བྱའོ། །དེ་ནས་ངའི་བླ་མ་འདིས། ང་འདི་ལྟར་འཁོར་བ་ལས་བསྒྲལ་ནས་ཐར་པ་བླ་ན་མེད་པ་ལ་བཀོད་པ་དྲིན་ཆེ་སྙམ་དུ་བསམས་ལ། ཕྱག་མཆོད་སོགས་ཡན་ལག་བདུན་པ་བྱའོ། །དེ་ནས་ཅིར་སྣང་ཐམས་ཅད་བླ་མར་ཐག་བཅད། བླ་མ་རང་སེམས་སུ་ཐག་བཅད། རང་སེམས་སྤྲོས་བྲལ་དུ་ཐག་བཅད་ལ། སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་བླང་ཞིང༌། དེའི་ངང་ནས་བསྡོ་བ་སྨོན་ལམ་རྣམ་དག་གདབ་པར་བྱའོ། །གཉིས་པ་སྣང་བ་ལ་བརྟེན་ནས་ཡི་དམ་ལམ་དུ་ཁྱེར་བ་ནི། རང་གི་མདུན་དུ་པདྨ་འདབ་མ་བཞི་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་ལ་སྔོ་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་དཀར་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་ཁཎྜ་རོ་ཧེ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གཡས་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག །ཞབས་གཡས་བརྐྱངས་པས་རོའི་གདན་མནན་ཅིང༌། གཡོན་པ་བསྐུམ་པས་སྐྱིལ་གྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་རུས་པ་དང་རིན་པོ་ཆེས་བརྒྱན་པ། མེ་རི་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་གོང་བཞིན་ཡེ་ཤེས་པ་གཞུག །དབང་བསྐུར་བས་རིགས་ལྔས་དབུ་བརྒྱན་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས།


LT17_Page_095B
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་གཙོ་བའི་གནས་གསུམ་ལས་ཡི་གེ་འབྲུ་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ། དབང་གསུམ་ཐོབ། ལུས་ངག་ཡིད་གསུམ་སོ་སོའི་སྒྲིབ་པ་དག །ལམ་བསྐྱེད་རིམ་རྫོགས་རིམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་གསུམ་མངོན་དུ་བྱས་པར་བསམ་མོ། །དེ་ནས་འཁོར་གྱི་ལྷ་མོ་བཞི་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་འོད་དུ་ཁྲ་སྤུང་སོང་སྟེ་རང་ལ་ཐིམ་པས་དབང་བཞི་པ་ཐོབ། སྒྲིབ་པ་ཐམས་ཅད་དག་པར་བསམ་མོ། །དེ་ནས་རང་ཡང་འཁོར་ལོ་སྡོམ་པ་ཡབ་ཡུམ། གཟུགས་སུ་སྣང་བ་ཐམས་ཅད་ཀྱང་འཁོར་ལོ་སྡོམ་པ་ཡབ་ཡུམ་སྣང་ལ་རང་བཞིན་མེད་པ་ཤིན་ཏུ་གསལ་བར་བསྒོམས་ལ། དེ་ལ་མཆོད་པ་འབུལ། དེ་ནས་རང་གིས་ཡི་དམ་གྱི་སྙིང་པོ་ཡི་གེ་བདུན་པ་བཟླས་པས། གཟུགས་སུ་སྣང་བ་ཡི་དམ་གྱི་ལྷར་གསལ་བས་ཀྱང་སྔགས་དེ་རི་རི་བགྲང་བར་བསྒོམས་ནས། སྒྲ་གྲགས་ཚད་སྔགས་སུ་ཤེས་པར་བྱའོ། །དེ་ལྟར་ལྷ་དང་སྔགས་སུ་སྣང་བ་ཐམས་ཅད་ཀྱང་རང་གི་སེམས་སུ་ཐག་བཅད། རང་སེམས་སྤྲོས་བྲལ་དུ་ཐག་བཅད་ལ་བསྒོམ། རྗེས་བསྔོ་བ་བྱའོ། །ཐུན་གཅིག་ལ་ཉམས་སུ་ལེན་ན། སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ། རང་གི་ལུས་དང་སྣང་བ་ཐམས་ཅད་ཡི་དམ། སྒྲ་གྲགས་པ་ཐམས་ཅད་སྔགས་གྲགས་སྟོང༌། རྟོག་པ་ཐམས་ཅད་སྒྱུ་མ་རྨི་ལམ་དུ་ཐག་བཅད་ལ་བསྒོམ། མདོར་ན་སྤྱི་གཙུག་བླ་མ་དང་མི་འབྲལ། རང་ལུས་ཡི་དམ་དང་མི་འབྲལ། ངག་གསོལ་འདེབས་སམ་སྔགས་བཟླས་པ་དང་མི་འབྲལ། བཟའ་བཏུང་བདུད་རྩི་དང་མི་འབྲལ། དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དང་མི་འབྲལ། མདུན་དུ་བཀའ་སྲུང་ཆོས་སྐྱོང་དང་མི་འབྲལ་བར་ཉམས་སུ་བླང་བར་བྱའོ། །འདི་ནི་མདོ་རྒྱུད་རྣམས་ཀྱི་སྙིང་པོ། མཁའ་འགྲོའི་སྲོག་སྙིང་ལྟ་


LT17_Page_096A
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་པས། ཐེ་ཚོམ་མ་བྱེད་པར་ཉམས་སུ་ལོངས་ཤིག །ལོ་ཟླ་ཙམ་གྱིས་འཚང་རྒྱ་བར་ངེས་པའི་མན་ངག་གོ །གསུམ་པ་སྣང་བ་ལ་བརྟེན་ནས་སྒྱུ་མ་ལམ་དུ་ཁྱེར་བ་ནི། སྣང་བ་ཐམས་ཅད་སེམས་སུ་ཐག་བཅད། སེམས་སྒྱུ་མ་རྨི་ལམ་དུ་ཐག་བཅད་ནས་ཉིན་པར་སྒྱུ་ལུས་དང༌། མཚན་མོ་རྨི་ལམ་གྱི་སྦྱོང་སྤེལ་སྤྲུལ་བསྒྱུར་སོགས་ཆོས་དྲུག་ཏུ་བསྟན་པ་བཞིན་ཉམས་སུ་བླང་བར་བྱའོ། །མདོར་ན་སྣང་བ་ལམ་ཁྱེར་ནི། མིག་གི་ཡུལ་དུ་གཟུགས་མཛེས་མི་མཛེས། རྣ་བའི་ཡུལ་དུ་སྒྲ་སྙན་མི་སྙན། སྣའི་ཡུལ་དུ་དྲི་ཞིམ་མི་ཞིམ། ལྕེའི་ཡུལ་དུ་རོ་མངར་མི་མངར། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་མི་འཇམ། ཡིད་ཀྱི་ཡུལ་དུ་ཆོས་ཡིད་འོང་མི་འོང་ཅི་བྱུང་ཡང༌། དེའི་ངོ་བོ་ལ་ཅེ་རེ་བལྟས་ལ། སྣང་བ་མ་འགགས། འཛིན་པ་མ་ཞུགས་པར་གསལ་སྟོང་འཛིན་མེད་ཀྱི་ངང་ལ་མ་ཡེངས་པར་བཞག་གོ །དེ་ལྟ་བུའི་ཆོས་གསུམ་པོ་དེ་ཉམས་སུ་བླངས་པས། བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་སྐྱེ་བ་དང༌། སྒྱུ་མ་རང་ཤར་གྱིས་སྣང་བ་ཐམས་ཅད་བདེན་མེད་དུ་བུན་འགྲོ་བ་དང༌། རྨི་ལམ་རང་ཟིན་གྱིས་སྦྱོང་སྤེལ་སྤྲུལ་བསྒྱུར་ཡུལ་སྣང་གཏན་ལ་ཕེབས་པ་དང༌། ཉིན་པར་ཕྱག་རྒྱ་ཆེན་པོ་གསལ་ལ་རྟོག་མེད་དུ་འཆར་བ་དང༌། མཚན་མོ་ལྷ་སྐུ་རང་ཤར་དང༌། འོད་གསལ་ཕྱོགས་མེད་དུ་འཆར་བ་རྣམས་ཇི་ལྟ་བ་བཞིན་དུ་འབྱུང་བས། ཐེ་ཚོམ་མེད་པར་ཉམས་སུ་ལོངས་ཤིག་ཨང༌། །ཉིང་ཁུའི་ཡན་ལག་ལས་འཕྱུགས་མེད་བླ་མ་ལམ་དུ་ཁྱེར་བ། ཡི་དམ་ལམ་དུ་ཁྱེར་བ། སྣང་བ་ལམ་དུ་ཁྱེར་བའི་མན་ངག་འདི་ཡང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ནས། གནས་མཆོག་རི་བོ་ཆེར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་བློ་གྲོས་


LT17_Page_096B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་ཡིན། འདི་རྣམས་ནི་བསྒོམས་པའི་དམིགས་རིམ་ཙམ་ཞིག་གཙོ་བོར་བྱས་ནས་ཤིན་ཏུ་བསྡུས་པ་ཡིན་ཀྱང༌། འདི་ཁོ་ནས་དོན་འགྲུབ་པ་ཡོད་དོ། །བསྒོམས་པས་ཤེས་སོ། །བཤད་པ་བྱེད་འདོད་ན་རྡོ་རྗེའི་ཚིག་རྐང་གི་སྟེང་དུ་བླ་མ་གོང་མའི་ཡིག་ཆ་བཀོད་པ་ལས་རྟོགས་དགོས།། ༒ །།ནི་གུའི་ཡན་ལག་ལུས་སེམས་འཆི་མེད་ཀྱི་ཁྲིད་བཞུགས་སོ།། །ན་མོ་གུ་རུ། །འདིར་ཉིང་ཁུའི་ཡན་ལག་ལུས་སེམས་འཆི་མེད་མན་ངག་གིས་ཁ་བསྐངས་ཏེ་ཉམས་སུ་ལེན་པ་ལ་འཕྲུལ་འཁོར་སུམ་ཅུ་རྩ་གཉིས་ཀྱིས་རྩ་ཐིག་རླུང་གསུམ་སྦྱངས་ནས། གདན་བདེ་བ་ལ་ལུས་གནད་ཙོག་པུ་སྐྱིལ་ཀྲུང་གང་བདེ་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་བཏང་ནས། འདི་ལྟར་བསམ་པར་བྱ་སྟེ། འཆི་ཞེས་པ་འདི་ལུས་འཆིའམ་སེམས་འཆི། ལུས་འཆིའོ་སྙམ་ན་རྣམ་སྨིན་གྱི་ལུས་འཆིའམ་བག་ཆགས་ཀྱི་ལུས་འཆི། དང་པོ་ལྟར་ཡང་མིན་ཏེ། ལུས་འདི་ཤ་ཁྲག་རུས་པ་པགས་པ་སོགས་ཚོགས་པའི་བེམ་པོ་ཁོ་ན་ཡིན་པས་དེ་ལ་འཆི་བ་ག་ལ་ཡོད། ཡོད་ན་ས་རྡོ་སོགས་ཀྱང་ཅིའི་ཕྱིར་མི་འཆི། བག་ཆགས་ཀྱི་ལུས་ཀྱང་མི་འཆི་སྟེ། འཆི་ན་རྨི་ལམ་དུ་འཆི་བས་འཆི་བའི་གོ་ཆོད་དགོས། དེ་ལྟར་ན་རྨི་ལམ་དུ་ཤི་བ་རྨིས་པའི་གང་ཟག་དེ་དག་གཉིད་མི་སད་དགོས་ཏེ། ཤི་ཟིན་སོས་སུ་མེད་པའི་ཕྱིར་སྙམ་དུ་བསམ་ཞིང༌། མདོར་ན་སྔོན་གྱི་ལས་ཀྱི་ འཕེན next hit་པ་ཟད་ནས་རྣམ་སྨིན་གྱི་ལུས་འདི་ལ་སེམས་མ་གནས་པ་ཙམ་ལ་འཆི་བ་ཞེས་བཏགས་པ་ཡིན་གྱིས་འཆི་བ་ཞེས་པ་དོན་ལ་མ་གྲུབ་བོ་ཞེས་བསམ་ཞིང༌། ལུས་འཆི་མེད་དུ་ནམ་གཏན་ལ་ཕེབ་ཕེབ་བསྒོམ་པར་བྱའོ། །སེམས་འདི་འཆིའོ་སྙམ་ན། དེ་ལ་སེམས་འཆི་མེད་རང་


LT17_Page_097A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞེས་བྱ་བའི་གདམས་པ་ཁྱད་པར་ཅན་འདི་ཉམས་སུ་ལེན་པ་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་སྐད་ཅིག་གིས་པདྨ་ཉི་མ། འཇིགས་བྱེད་དུས་མཚན་མའི་སྟེང་དུ་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞབས་གཡས་བརྐྱངས་པས་དུས་མཚན་མོའི་ལྟོ་བ་མནན་པ་གཡོན་བསྐུམས་པས་འཇིགས་བྱེད་ནག་པོའི་མགོ་བོ་བལྟབས་ནས་མནན་པ། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དང་ལྡན་ཞིང་ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་རིན་པོ་ཆེ། གཡོན་ན་ཚེས་གཅིག་གི་ཟླ་བ། འཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེ། ཕྱག་གཉིས་ཀྱིས་རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ་གར་དགུའི་ཉམས་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གཡས་གྲི་གུག་གིས་གདུག་པ་ཅན་སྡིགས་ཤིང༌། གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། རུས་རྒྱན་ལྔ་ལྡན་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞིག་གསལ་བར་བསྒོམ། དེའི་སྤྱི་བོར་བླ་མ་བསྒོམས་ལ་གསོལ་བ་གདབ་པོ། །དེ་ནས་ཉམས་ལེན་ལ་འཇུག་པ་ལ་གསུམ་སྟེ། །དང་པོ་སྔོན་འགྲོ་ནི་ཡབ་ཀྱི་སྤྱི་བོའི་སྐྲ་མཚམས་སུ་ལྷ་སྐུ་ཤིན་ཏུ་གསལ་བ་དེའང་མོག་མོག་པོར་བྱེད་པའི་ཧཱུྃ་སྔོན་པོ་འོད་ཟེར་སྔོན་པོ་འཕྲོ་བ་ཞིག་བསམ། །དེ་ནས་ཧཱུྃ་ལས་འོད་བྱུང་བས་


LT17_Page_097B
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་མཚམས་གསལ་སིང་སོང༌། དེ་ནས་ཤངས་ཡན། སྤྱན་རྩ་ཚུན་གསལ་བའི་སྤྱན་གསུམ་ཧྲིག་ཧྲིག་པ། དེ་ནས་རིམ་བཞིན་མགྲིན་པ། ཐུགས་ཀ །ལྟེ་བ། གསང་གནས་ཀྱི་སྦྱོར་མཚམས་ཡན་ཆད། དེ་ནས་པུས་མོ་ལོང་བུ་སེན་མོ་ཡན་ཆོད་གསལ་སིང་བ་བྱུང་བྱུང་བར་བསྒོམ། ཡབ་ཀྱི་ཕྱི་སྦྱོང་བའོ། །དེ་ནས་ཡང་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང༌། ཚངས་བུག་ནས་མར་སོང་བས་ཤངས་དང་མགྲིན་པ་ཡན་ཆད་སྔོ་སང་སོང༌། དེ་ནས་ཐུགས་ཀ །ལྟེ་བ། གསང་གནས། པུས་མོ། ལོང་བུ། སོར་མོའི་ནང་ཡན་ཆད་སྔོ་སིང་ངེ་བ་འོད་ཀྱི་རང་བཞིན་དུ་བསྒོམ། ཡབ་ཀྱི་ནང་སྦྱོང་པའོ། །དེ་བཞིན་དུ་ཡུམ་གྱི་སྤྱི་བོའི་སྟེང་གི་སྐྲ་མཚམས་སུ་བཾ་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་ཞིག་བསམ། དེ་ལས་འོད་ཟེར་དམར་པོ་བྱུང་ནས་གོང་བཞིན་ཡུམ་གྱི་ཕྱི་ནང་གཉིས་སུ་སྦྱངས། ཁྱད་པར་བྷ་ག་དང༌། ནུ་མ་དམར་སིང་ངེ་བ་བསྒོམ་པ་ནི་ཁ་དོག་གསལ་འདེབས་པའོ། །དེ་ནས་ཡབ་ཀྱི་སྤྱན་དབུས་མ་ནས་རིམ་བཞིན་གསལ་འདེབས། རལ་པའི་ཐོར་ཅོག །རྡོར་དྲིལ་འཛིན་ལུགས། ཞལ་མཆེ་བ་བཞི་གཙིགས་པ། ཞབས་ཀྱི་འཆག་སྟབས། སྒེག་པ། མེ་ཕུང་ལ་སོགས་པ་རེ་རེ་ནས་གསལ་འདེབས་པ་ནི་དབྱིབས་བསྒོམ་པའོ། །དེ་བཞིན་དུ་ཡུམ་ལ་ཡང་དབྱིབས་རེ་རེ་ནས་བསྒོམ། དེ་ནས་ཡབ་ཀྱི་སྤྱི་བོའི་ནོར་བུ། ཟླ་ཕྱེད། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྣ་ཆ། མགུལ་རྒྱན། གདུ་བུ། སྐ་རགས། ཐལ་ཆེན་ཏེ་རུས་པའི་རྒྱན་དྲུག །མི་མགོ་སྐམ་རློན་གྱི་དབུ་རྒྱན་དང་དོ་ཤལ། ཡུམ་ལའང་ཐལ་ཆེན་མ་གཏོགས་རུས་རྒྱན་ལྔ། མགོ་སྐམ་གྱི་དབུ་རྒྱན་དང་དོ་ཤལ་སོགས་རིམ་བཞིན་བསྒོམ་པ་ནི་རྒྱན་གསལ་འདེབས་པའོ། །དེ་ལྟ་བུའི་ཡབ་ཡུམ་གཉིས་ཀའང་གསལ་སྟོང་


LT17_Page_098A
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཟུང་འཇུག་རང་བཞིན་གྱིས་འོད་གསལ་བ་ཞིག་བསྒོམ། དེ་ཡང་གསལ་བའི་ངོས་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པ། སྟོང་པའི་ངོས་ནས་རང་བཞིན་གང་དུའང་མ་གྲུབ་པའི་འོད་ཀྱི་རང་བཞིན་དུ་བསམས་ལ། འདི་ལྟ་བུ་འདི་རང་གི་སེམས་ཉིད་ལྷ་སྐུར་སྣང་བ་མ་གཏོགས། དེ་ལས་ལོགས་སུ་ཕྱི་རོལ་གྱི་དོན་དུ་བདེན་པར་མ་གྲུབ་པར་ཐག་ཆོད་ཆོད་བསྒོམ། དཔེ་རྨི་ལམ་དང་ཆུ་ཟླ་བཞིན། དེ་ཡང་རྨི་ལམ་དུ་ཡུལ་སྣ་ཚོགས་ཞིག་རྨིས་ཀྱང༌། ཡུལ་གྱིས་ཚུར་འོང་བ་ཡང་མེད། རང་སེམས་ཀྱིས་ཕར་ཕྱིན་པ་ཡང་མེད། སེམས་གཉིད་ཀྱིས་བསླད་པའི་དབང་གིས་སེམས་ཉིད་སྣ་ཚོགས་སུ་སྣང་བ་ཡིན་གྱིས་དེ་ལས་ལོགས་སུ་བདེན་པར་གྲུབ་པ་མེད་དེ། དཔེ་ཆུ་ནང་གི་ཟླ་བ་ལས་ཤེས་སོ། །དེ་བཞིན་དུ་རང་སེམས་འོད་གསལ་ལྷ་སྐུ་ཤིན་ཏུ་གསལ་བ་དེ་གང་ནས་བྱོན། གང་དུ་བཞུད། གང་ན་གནས་བརྟགས་པས་གང་ནས་ཀྱང་མ་བྱོན། གང་དུའང་མི་བཞུད། གར་ཡང་མི་གནས་པར་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་དང་བྲལ་བར་ཐག་བཅད། དེ་འདྲའི་རང་སེམས་ལྷ་སྐུ་དང་དབྱེར་མེད་འདི་སངས་རྒྱས་འདས་པ་རྣམས་ཀྱིས་ཀྱང་མ་གཟིགས། མ་བྱོན་པ་རྣམས་ཀྱིས་ཀྱང་གཟིགས་པར་མི་འགྱུར། ད་ལྟ་བ་རྣམས་ཀྱིས་ཀྱང་མ་གཟིགས་སོ་སྙམ་དུ་བསྒོམ་མོ། །གཉིས་པ་དངོས་གཞི་ནི། སེམས་གསལ་སྟོང་རང་བཞིན་མ་གྲུབ་པ་འདི་འཆི་མེད་དུ་བསྒོམ་པ་ལ། འཆི་མེད་ཀྱི་དམིགས་པ་ལ་བཞི་ལས། །དང་པོ་ནི། དེ་ལྟར་དུས་གསུམ་སངས་རྒྱས་ཀྱིས་མ་གཟིགས་པའི་རང་སེམས་གསལ་སྟོང་དེ་ལ་ན་བ་མ་གྲུབ་སྟེ། ན་བར་སྣང་བ་དེ་རང་སེམས་ལས་ཉོན་བློ་བུར་བ་དེས་བསླད་པའི་སྣང་བ་ཡིན་གྱིས། དོན་དམ་ལ་ན་བའི་རྒྱུ་མེད།


LT17_Page_098B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མེད་པས་འབྲས་བུ་ན་བ་ཡང་མེད་དོ་སྙམ་དུ། སེམས་ན་མེད་དུ་རྟོགས་རྟོགས་བསྒོམ་མོ། །གཉིས་པ་ནི། དེ་འདྲ་བའི་སེམས་དེ་ལ་འཆི་བ་མ་གྲུབ་སྟེ། འཆི་བ་ཞེས་པ་ལུས་བེམ་པོ་འདི་དང༌། རྣམ་རྟོག་གློ་བུར་བ་དེ་བྲལ་བར་སྣང་བ་དེ་ལ་བཏགས་པ་ཙམ་ཡིན་གྱིས། བརྟགས་ཤིང་དཔྱད་ན་འཕོ་བྱ་འཕོ་བྱེད་དང་བྲལ་བ་གང་དུའང་མི་བདེན་པའི་སྟོང་ཉིད་དུ་ནམ་ཐག་མ་ཆོད་བར་དུ་བསྒོམ་མོ། །གསུམ་པ་ནི། དེ་འདྲ་བའི་སེམས་དེ་ལ་སངས་རྒྱས་རྒྱུ་འདུག་གམ་མི་འདུག་བལྟས་པས་སངས་རྒྱ་རྒྱུ་མེད་དེ། སེམས་ཅན་གྱི་དུས་དང་སངས་རྒྱས་པའི་དུས་ཀྱི་སེམས་ཀྱི་རང་བཞིན་གཉིས་འོད་གསལ་སྟོང་ཉིད་དུ་དབྱེར་མེད་དོ། །སེམས་ཀྱི་རང་བཞིན་རྣམ་དག་དེ་གློ་བུར་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལ་སངས་རྒྱས་ཞེས་མིང་བཏགས་པ་ཙམ་ཡིན་ནོ་སྙམ་དུ་བསྒོམ་མོ། །བཞི་པ་ནི། དེ་འདྲ་བའི་ལྷ་སྐུ་རང་སེམས་གསལ་སྟོང་དེའི་རང་བཞིན་ལ་བསམས་ན་འཁོར་བ་མ་གྲུབ་སྟེ། འཁོར་བ་བདེན་པར་མ་གྲུབ་པས། འཁོར་བར་འཁོར་མཁན་མ་གྲུབ་སྙམ་དུ་འཁོར་བ་རང་སེམས་འཁྲུལ་པའི་སྣང་བར་ཐག་ནམ་ཆོད་ཆོད་བསྒོམ་མོ། །གསུམ་པ་རྗེས་ནི། དེ་ལྟར་རང་སེམས་འཆི་མེད་དུ་ཐག་བཅད་དེ་ངེས་ཤེས་བསྐྱེད་ལ་ཡེངས་མེད་དུ་བསྒོམ། བླ་མ་ལ་གསོལ་བ་གདབ་པ། སེམས་ཅན་ལ་སྙིང་རྗེ་བསྒོམ་པ། དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་བྱང་དུ་བསྔོ་བས་བོགས་འདོན་ན་མཚམས་མེད་པ་ལྔ་བྱས་པ་ཡང་འཆི་བའམ་བར་དོར་འཚང་རྒྱ་ན་སྒྲིབ་པ་ཆུང་ཞིང་སྐལ་པ་དང་ལྡན་པ་ནི་རྒྱུན་དུ་སྒོམ་པ་ལྟ་ཞོག །འཆི་ཁར་སྐུ་ཡོངས་རྫོགས་སམ་ཆ་ཤས་ཙམ་གསལ་བས་ཀྱང་སྒྱོགས་ཀྱི་འཁྲུལ་འཁོར་རམ། དྭངས་པའི་རྫིང་བུར་རྡོ་བརྒྱབ་པའམ། ཚེས་བཅོ་ལྔའི་ཉི་མ་རྒས་


LT17_Page_099A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཟླ་བ་འཆར་བ་དུས་མཉམ་པ་བཞིན་དུ་བར་དོར་རྒྱལ་པ་ལོངས་སྐུར་སངས་རྒྱས་ཏེ། ཆོས་སྐུ་ལས་མ་གཡོས་པར་གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་ལྷུན་གྲུབ་རྒྱུན་ཆད་མེད་པར་བྱེད་དོ། །དེ་ལྟ་བུའི་གདམས་ངག་མེད་པར་ལམ་སྒྲུབ་པའི་རྩོལ་བ་ཆེར་བྱས་ཀྱང༌། ཆུ་བསྲུབས་ཀྱང་མར་མི་འབྱུང་བ་བཞིན་དུ་ངལ་བ་དོན་མེད་ཡིན་ཅིང༌། འདི་འདྲ་བའི་གདམས་པ་དང་ལྡན་ཞིང་ཉམས་སུ་ལེན་པ་དེ་ནི་མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་ནས་བཏུང་པས་ལས་ཉོན་འཁྲུལ་པའི་གཅོང་ནད་བསལ་ནས་མཁའ་སྤྱོད་དུ་འགྲོ་ངེས་པའི་གདམས་པ་ཡིན་པས་ཉམས་སུ་ལེན་དགོས་སོ། །འདི་བས་ཟབ་པའི་མན་ངག་རྒྱ་བོད་གཉིས་ན་མེད་པ་ཡིན་ནོ། །ཕོ་གྲུང་མོ་གྲུང་བརྩོན་འགྲུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ལགས་སོ། །འདི་དག་གི་རིགས་པས། ལུས་བེམ་པོ་འདི་དང༌། །སེམས་གསལ་སྟོང་གཉིས་ཀ་འཁོར་བ་ནས་སངས་རྒྱས་སུ་འཆུགས་མི་འཆུགས། སངས་རྒྱས་ནས་འཁོར་བ་ངན་འགྲོ་ནས་བདེ་འགྲོ་སོགས་སུ་འཆུགས་མི་འཆུགས་པ་ལྟས་ལ། ལུས་དང་སེམས་འཆུགས་མེད་དུ་ཐག་ཆོད་ཆོད་དུ་བསྒོམ་མོ། །སྙིང་རུས་ཅན་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་ཉིད་ཁུའི་ཡན་ལག་གི་ཆོས་སྐོར་ལས་འཆི་མེད་དང་འཆུགས་མེད་ཀྱི་དམིགས་རིམ་གསལ་བ་འདི་ཡང༌། ལུང་སྟོང་སྨྱོན་པས་མཁའ་འགྲོའི་གསུང་བཞིན་ཉམས་སུ་མྱོང་བར་བྱས་ནས། གནས་མཆོག་རི་བོ་ཆེར་སྟག་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ནས་བདུན་པའི་བཅོ་ལྔའི་བར་ལ་ཉིང་ཁུའི་ལུས་ཡན་ལག་དང་བཅས་པ་ཚང་བར་སྦྱར་བའི་ཡི་གེ་པ་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན། དམ་ཆོས་འདི་ཚུལ་བཞིན་ཉམས་སུ་ལེན་པ་ལ་


LT17_Page_099B
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིའི་འཁྲི་བ་བཅད་པས་དོན་ཆེན་འགྲུབ་པའི་གཏན་གྱི་ཆུས་ལེགས་འགྲོ་བར་འདུག་པས། ཐམས་ཅད་རྩོལ་བ་བསྐྱེད་ལ་རེམས། །དགེའོ། །ཉིང་ཁུའི་ཡན་ལག་ཕྱག་དྲུག་ཡེ་ཤེས་མགོན་པོའི་ཁྲིད་བཞུགས་སོ། །བླ་མ་མགོན་པོ་དབྱེར་མེད་ལ་ན་མོ། །མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། འདིར་ཉིང་ཁུའི་ཡན་ལག་ཏུ་བླ་མ་ཁྱུང་པོ་ལོ་པཎ་གྱིས་སྦྱར་བའི་བླ་མ་མགོན་པོ་དབྱེར་མེད་ཀྱི་ཉམས་ལེན་ལ། མགོན་པོ་འདིའི་བྱིན་རླབས་ཐོབ་པའི་རྣལ་འབྱོར་པས་གནས་དབེན་པར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་གི་སྤྱི་བོར་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་པར་ཧཱུྃ་སྣ་ཚོགས་ཀྱིས་མཚན་པ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་སྣ་ཚོགས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་སྣ་ཚོགས་པ། ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་གཡོན་ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་སྣ་ཚོགས། དེ་ལས་འོད་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། བཅོམ་ལྡན་འདས་བདག་


LT17_Page_100A
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པས། ཐུགས་ཀའི་ཧཱུྃ་ལས་བདུད་རྩི་ཁ་དོག་ལྔ་ལྡན་བྱུང༌། ཡབ་ཡུམ་གཉིས་ཀའི་སྐུ་གང༌། དེ་གཉིས་ཀྱི་སྦྱོར་མཚམས་ནས་བདུད་རྩི་བྱུང༌། སྤྱི་བོ་ཚངས་པའི་བུ་ག་ནས་བྱོན། སྡིག་སྒྲིབ་ཐམས་ཅད་དུད་ཁུའི་རྣམ་པར་འོག་སྒོ་དང་རྐང་མཐིལ་གཉིས་ནས་ཐོན་པར་བསམས་ནས་ངག་ཏུ་ཡི་གེ་བརྒྱ་པ་བཟླ། མཇུག་ཏུ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་བརྗོད། རྡོ་རྗེ་སེམས་དཔའ་བདག་ལ་ཐིམ་པས། རང་རྡོ་རྗེ་སེམས་དཔའ་སྐུ་མདོག་སྣ་ཚོགས་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་ཅུང་ཟད་བརྐྱངས་ཤིང་གཡོན་བསྐུམས་པ། དར་དང་རིན་པོ་ཆེས་བརྒྱན་པ་ཞིག་ཏུ་བསམ། དེ་ནས་རང་གི་མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་གདན་ལ། གཾ་ལས་ཚོགས་བདག་དཀར་པོ་གན་རྐྱལ་དུ་འགྱེལ་བའི་སྟེང་དུ་ཧཱུྃ་དཀར་པོ་ཞིག་བསམ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་དྲུག་པ། ཞབས་གཉིས་བཞེངས་ཐབས་སུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་ཡིད་བཞིན་གྱི་ནོར་བུའི་གྲི་གུག །བར་པས་ཐོད་པའི་ཕྲེང་བ། ཐ་མས་ཌཱ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་དང་པོས་ཐོད་ཁྲག །བར་པས་རྩེ་གསུམ། ཐ་མས་རྡོ་རྗེའི་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་བསྒྲད་པ། མཆེ་བ་གཙིགས་པ། སྨིན་མ་དང་སྨ་རའི་


LT17_Page_100B
[མ་དཔེ་གཟིགས་ན་འདིར་གནོན།]

ཨག་ཚོམ་བརྗིད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ལ། དར་ལྗང་གུའི་སྐེ་རགས་བཅིངས་པ། ལྟོ་བ་འཕྱང་ཞིང་ཡན་ལག་རྣམས་སྦོམ་ལ་རགས་པ། དཔྲལ་བར་སིན་དྷཱུ་རས་བྱུགས་ཤིང༌། ཕྱག་ཞབས་རྣམས་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། སངས་རྒྱས་མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། དེའི་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་དགུག་གཞུག་བྱས་ལ། དེའི་སྤྱི་བོའི་སྟེང་གི་མཐོ་གང་ཙམ་གྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། རྩ་བའི་བླ་མ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོད་པའི་ཌཱ་མ་རུའམ་ནོར་བུ་རིན་པོ་ཆེ། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་གཉིས་བཞེངས་ཐབས་སུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། སྐུ་མཐོང་བ་ཙམ་གྱིས་སྒྲིབ་པ་འདག་ཅིང༌། གསུང་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ལ་འགོད་ངེས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ཞིག་བསྒོམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་དང་ཡི་དམ་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ། །བཟླས་པ་བྱེད་འདོད་ན། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་དཀར་པོ་བྱུང༌། རང་གི་ཞལ་དུ་ཞུགས། ལྟེ་བར་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ཅིང་བསྲེགས་པར་བསམ་ཞིང༌། ངག་ཏུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་


LT17_Page_101A
[མ་དཔེ་གཟིགས་ན་འདིར་གནོན།]

བི་གྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཌ་ཕཌ་སཱ་ཧཱ། ཞེས་དང༌། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕྲཊ་ཕྲཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པ་བཟླའོ། །མ་བཟླས་ཀྱང་མ་ཚང་བའི་ཉེས་པ་མེད་དོ། །མདོར་ན་བླ་མ་མགོན་པོ་དབྱེར་མེད་ལ་དད་གུས་དྲག་པོ་བྱས་པས། བླ་མ་ལས་འོད་ཟེར་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་མགོན་པོ་ལ་ཕོག་པས་མགོན་པོ་འོད་ཀྱི་རང་བཞིན་དུ་འབར། ཌཱ་མ་རུའི་སྒྲ་སྒྲོག །བླ་མ་དང་མགོན་པོ་དབྱེར་མེད་པར་བསམ། མགོན་པོ་ལས་འོད་ཟེར་བདེ་བའི་རང་བཞིན་དམར་ལ་སྨུག་པ་འཕྲོས་པས། བླ་མ་འོད་དང་བདེ་པའི་རང་བཞིན་དུ་འབར། ཌཱ་མ་རུ་དང་དྲིལ་བུའི་སྒྲ་སྒྲོག །མགོན་པོ་དང་བླ་མ་དབྱེར་མེད་དུ་གྱུར་པར་བསམས་ལ་གསོལ་བ་གདབ་པ་ནི། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་བྷྱཿ ཧེ་བཛྲ་ཝཱི་ར་ཝཱི་རི་ནཱི་ཌཱ་ཀ་ཌཱ་ཀི་ནཱི་ཛོ་ཀ་ཛོ་ཀི་ནཱི་སརྦ་བུདྡྷཱ་བོ་དྷི་ས་ཏྭཱ་ཡ་ཤ་ར་ཎཾ་གཙྪཱ་མི། ཀྱེ་ཀྱེ་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཡི་དམ་ལྷ་ཚོགས་རྣམས་ཀྱིས༴ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས༴ དཔའ་བོ་དང་དཔའ་མོ། མཁའ་འགྲོ་དང་མཁའ་འགྲོ་མ། རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ། ཁྱེད་རྣམས་ཀྱིས་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག །གསུང་གི་སྒོ་ནས༴ ཐུགས་ཀྱི་སྒོ་ནས༴ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་མི་ཟད་པའི་སྒོ་ནས༴ ད་ལྟ་ཉིད་དུ་བྱིན༴ མྱུར་བ་ཉིད་དུ༴ འདུག་ས་འདི་


LT17_Page_101B
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བྱིན་གྱིས༴ སངས་རྒྱས་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ༴ མངའ་བདག་མཻ་ཏྲི་པ་ཆེན་པོ་ལ༴ གྲུབ་ཐོབ་རཱ་ཧུ་ལ་ཆེན་པོ་ལ༴ གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ༴ མཉམ་མེད་རིན་ཆེན་བརྩོན་འགྲུས་ལ༴ དཔལ་ལྡན་སྐྱེར་སྒང་པ་ཆེན་པོ་ལ༴ བླ་མ་སངས་རྒྱས་གཉན་སྟོན་ལ༴ ཆོས་རྗེ་སངས་རྒྱས་སྟོན་པ་ལ༴ མཁས་གྲུབ་ཤངས་སྟོན་ཆོས་རྗེ་ལ༴ མུས་ཆེན་རྒྱལ་མཚན་དཔལ་བཟང་ལ༴ མཁས་གྲུབ་རྡོ་རྗེ་གཞོན་ནུ་ལ༴ མཚུངས་མེད་ནམ་མཁའི་རྣལ་འབྱོར་ལ༴ བྱང་སེམས་སྦྱིན་པ་བཟང་པོ་ལ༴ ཕ་རྒོད་ཐང་སྟོང་རྒྱལ་པོ་ལ༴ ཕྱག་དྲུག་ཡེ་ཤེས་མགོན་པོ་ལ༴ བླ་མ་མགོན་པོ་དབྱེར་མེད་ལ༴ མགོན་པོ་བླ་མ་དབྱེར་མེད་ལ༴ ཞེས་སོགས་དང༌། བླ་མ་མགོན་པོ་དབྱེར་མེད་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་མང་དུ་བཏབ་པས་མགོན་པོའི་དཔྲལ་བ་ནས་ཨོཾ་དཀར་པོ་བྱུང༌། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒྲིབ་པ་དག་པ་སོགས་སྤྱི་དང་མཐུན། མགྲིན་པ་ནས་ཨཱཿདམར་པོ་ཞིག་བྱུང༌། རང་གི་མགྲིན་པར་ཐིམ། ཐུགས་ཀ་ནས་ཧཱུྃ་སྔོན་པོ་ཞིག་བྱུང༌། རང་གི་ཐུགས་ཀར་ཐིམ། དེ་ནས་བླ་མ་མགོན་པོ་ལ་ཐིམ། མགོན་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་སེམས་མཉམ་པར་བཞག །ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ་སྙམ་དུ་བསམ་མོ། དེ་ནས་བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་བསྔོའོ། །ཚིགས་སུ་བཅད་པ་འདི་མཐོང་ངམ་ཐོས་སམ་ཐ་ན་གསེར་ཡིག་ཏུ་བྲིས་ཏེ་མགུལ་དུ་བཏགས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འཆི་ཁར་ཞལ་


LT17_Page_102A
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་གསུམ་དུ་མཐོང་བར་འགྱུར་ཞིང་དག་པ་ས་གསུམ་ལ་གནས་པར་འགྱུར་རོ། །བར་དོར་འཇུག་དགོས་སྲིད་ནའང་དེར་རྗེས་སུ་འཛིན་པར་ངེས་སོ། །ཡང་ན་མགོན་པོ་གནག་ལ་དཀར་བའི་མདངས་ཆགས་པར་བསྒོམས་ཀྱང་རུང་ངོ༌། །ཡང་གོང་དང་འདྲ་བ་ལས། མདུན་དུ་པད་ཉི་དང་ཚོགས་བདག་གི་སྟེང་དུ་མགོན་པོ་སེར་ནག་རྒྱན་ཆ་ལུགས་བཞུགས་སྟངས་གོང་དང་འདྲ་བའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང༌། གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་འཛིན་པ་རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམ། སྔར་བཞིན་གསོལ་བ་བཏབ་པས། བླ་མ་མགོན་པོ་ལ་ཐིམ། མགོན་པོ་རང་ལ་ཐིམ་པའི་ངང་དུ་འཇོག །བསྔོ་བ་གོང་བཞིན་བྱའོ། །ཡང་མདུན་ཏུ་གོང་དང་འདྲ་བའི་གདན་གྱི་སྟེང་དུ་མགོན་པོ་དམར་ནག་གི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་དམར་པོ། ཕྱག་གཡས་ཌཱ་མ་རུ་དང་གཡོན་ནོར་བུ་རིན་པོ་ཆེ་འཛིན་པ། རྒྱན་དང་ཆ་ལུགས་གོང་དང་འདྲ་བར་བསྐྱེད། སྔར་བཞིན་གསོལ་བ་གདབ། དབང་ཞུ། བསྔོ་བ་བྱའོ། །ཡང་མདུན་དུ་གདན་གོང་དང་འདྲ་བའི་སྟེང་དུ་མགོན་པོ་ལྗང་ནག་ཕྱག་མཚན་སོགས་གོང་དང་འདྲ་བར་བསྒོམ། དེའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་སྐུ་མདོག་ལྗང་གུ་ཕྱག་གཡས་ཌཱ་མ་རུ་དང༌། གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཆ་ལུགས་གོང་དང་འདྲ་བར་བསྒོམ། སྔར་ལྟར་གསོལ་བ་བཏབ། དབང་ཞུ་བསྔོ་བ་བྱའོ། །ཡང་མདུན་དུ་ཆོས་འབྱུང་ནག་པོའི་ནང་དུ་ཧཱུྃ་ནག་པོ་མགོ་མཐུར་དུ་བསྟན་པ་ཞིག་བསྒོམ། ཧཱུྃ་ཞེས་བརྗོད་པས་ཆོས་འབྱུང་དེ་པདྨ་དང་ཉི་མ་ཚོགས་བདག་གི་གདན་དུ་གྱུར། ཧཱུྃ་མགོ་བོ་གྱེན་དུ་


LT17_Page_102B
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པས་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་རྒྱན་ཆ་ལུགས་སོགས་གོང་དང་འདྲ་བ་ཞིག་བསྒོམ། འཁོར་གནོད་སྦྱིན་བཞི་དང་ལྷ་མོ་གཞུང་བཞིན་བསྐྱེད། ཡེ་ཤེས་པ་གཞུག་པ་སོགས་གོང་བཞིན། དེའི་སྤྱི་བོར་རྩ་བའི་བླ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཆ་ལུགས་ཅན་མེ་ཕུང་འབར་བའི་དབུས་ན་བཞུགས་པ། གཡས་ཌཱ་མ་རུ་དང་གཡོན་ཡིད་བཞིན་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བསྣམས་པ། རྒྱན་ཆ་ལུགས་བཞུགས་ཚུལ་གོང་དང་འདྲ་བར་བསྒོམ། སྔར་བཞིན་གསོལ་བ་བཏབ། དབང་ཞུ། བསྔོ་བ་བྱའོ། །བླ་མ་སྐུ་མདོག་དཀར་པོར་བྱས་ཀྱང་རུང་ངོ༌། །ཡང་མདུན་གྱི་ནམ་མཁའི་གནས་སུ་པད་ཉི་ཚོགས་བདག་གི་གདན་དང་བཅས་པའི་སྟེང་དུ། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་སྣ་ཚོགས་པ་རྒྱན་ཆ་ལུགས་ཕྱག་མཚན་གོང་དང་འདྲ་བར་བསྒོམ། དེའི་སྤྱི་བོར་པད་ཟླ་ལ་རྩ་བའི་བླ་མ་སྐུ་མདོག་སྣ་ཚོགས་པ། གཡས་ཌཱ་མ་རུ་དང༌། གཡོན་ནོར་བུ་དབང་གི་རྒྱལ་པོ་བསྣམས་པ། ཞི་མ་ཁྲོའི་རྣམ་པ་ཅན། རྒྱན་ཆ་ལུགས་གོང་དང་འདྲ་བར་བསྒོམས་ལ་སྔར་ལྟར་གསོལ་བ་གདབ། དབང་ཞུས་ནས་སྣང་ལ་རང་བཞིན་མེད་པར་བློ་བཞག །རྗེས་སུ་བསྔོ་བ་རྣམ་པར་དག་པ་བྱའོ། །དེ་ལྟར་མ་ཡེངས་པར་ཟླ་བ་བདུན་བསྒོམས་ན་ཚེ་འདི་ཉིད་དུ་འཚང་རྒྱ་བར་བྱེད་དོ། །ཐོ་རངས་ཐུན་རེ་བསྒོམས་ན་འཆི་ཁར་ཆོས་སྐུ་དང་གཟུགས་སྐུ་ཐོབ། དབང་དང་འབྲེལ་བ་ལན་གཅིག་ཐོབ་ན་མཚམས་མེད་པ་ལྔ་བྱས་པ་ཡང་བར་དོར་ནི་འཚང་མི་རྒྱ་བ་མི་སྲིད་དོ། །འདི་དག་ནི་ཤ་བ་རི་པས། །ཡེ་ཤེས་མགོན་པོའི་སྤྱི་གཙུག་ཏུ། །དབང་གི་རྒྱལ་པོ་བསྒོམས་བྱས་ནས། །འོད་ཟེར་གཟི་བརྗིད་ལྡན་པར་བསམ། །གཡེལ་བ་མེད་པར་གསོལ་བཏབ་ན། །སངས་རྒྱས་ལོ་ཟླས་འགྲུབ་པར་འགྱུར། །བླ་མ་མགོན་པོ་དབྱེར་མེད་འདི། །མི་རབས་བདུན་ལ་མ་


LT17_Page_103A
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཅིག །ཡེ་ཤེས་མགོན་པོ་མདུན་བྱོན་ནས། །བདག་འདྲ་ཤ་བ་རི་བ་ལ། །ལན་གསུམ་བར་དུ་གསུངས་ནས་ཀྱང༌། །བཀའ་རྒྱས་བཏབ་ནས་མཁའ་ལ་གཤེགས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག །ཞེས་གསུངས་པའི་ཉམས་ལེན་ནོ། །ཉིང་ཁུའི་ཆོས་སྐོར་གྱི་ཡན་ལག་བླ་མ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་མན་ངག་འདིའང་ལུང་སྟོང་སྨྱོན་པས་རང་གི་མྱོང་བ་དང་སྦྱར་ཏེ་གནས་ཆེན་རི་བོ་ཆེར་སྦྱར་བའི་ཡི་གེའི་རྐྱེན་ནི་བཀའ་བཅུ་པ་བློ་གྲོས་རྒྱལ་མཚན་ཡིན་ནོ། །རྗེས་གནང་དང་མན་ངག་མ་ཐོབ་པ་ལ་མི་བསྟན་ནོ། །ཤིན་ཏུ་ཟབ་ཨི་ཐི། །དགེའོ།། །།


previousགདམས་ངག་མཛོད་པོད་བཅུ་གཉིས་པ། ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།next