Nitartha Digital Library
Tibetan
གདམས་ངག་མཛོད།

4 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
  
  
 
གདམས་ངག་མཛོད་པོད་བཅུ་གསུམ་པ།  གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས།
 
 
  
  
  
  
  
  
  
  
 


4 occurrences of གཡོན་རུ་
[Clear Hits]

 
previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས།next

གདམས་ངག་མཛོད་པོད་བཅུ་གསུམ་པ།
གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས།


LT23_Page_126A
[མ་དཔེ་གཟིགས་ན་འདིར་གནོན།]

་གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


LT23_Page_126B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་དང་བྲལ་བའི་ངོ་བོ་ཉིད། །མཚུངས་མེད་བླ་མའི་སྐུ་གསུང་ཐུགས། །ཡུམ་ཆེན་ཤེར་ཕྱིན་ལ་བཏུད་ནས། །གཅོད་ཀྱི་ཁྲིད་རིམ་འབྲི་བར་བྱ། དེ་ལ་གང་གཅོད་བྱའི་བདུད་ཀྱི་ངོས་འཛིན། །དེ་ཚུལ་ཅི་ལྟར་གཅོད་པའི་ཚུལ་གཉིས། དང་པོ་ནི་མ་གཅིག་གི་ཞལ་ནས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། ཅེས་གསུངས་པ་ལྟར་བཞིའི་དང་པོ་ནི། དབང་པོ་ལྔའི་ཡུལ་དུ་སྣང་བའི་མེ་ཆུ་དུག་མཚོན་གཅན་གཟན་སོགས་སོ། །ཐོགས་མེད་བདུད་ནི། ཕྱིའི་དབང་དུ་ལྷ་འདྲེ་མིའི་མིག་ལམ་དུ་སྣང་བའི་མཁའ་ལ་རྒྱུ་བ་རྣམས་སོ། །ནང་གི་དབང་དུ་ན། ཉོན་མོངས་པ་ན་ཚ་སྡུག་བསྔལ་ལ་སོགས་པའོ། །དགའ་བྲོད་བདུད་ནི་འབྲས་བུ་དང་ཕན་ཡོན་ལ་ཐོབ་ཏུ་རེ་བའི་འདུན་པ་བྱེད་པའོ། །སྙེམས་བྱེད་བདུད་ནི་རྣམ་རྟོག་སྣ་ཚོགས་པ་འཕྲོ་བའོ། །གཉིས་པ་མ་ལྷོངས་པ་ལྷོང་བར་བྱེད་པའི་ཐབས། ལྷོངས་པ་ནོན་པར་བྱེད་པའི་ཐབས། ནོན་ནས་སྦྱིན་པ་གཏོང་བ་རྗེས་གཅོད་ཞོར་


LT23_Page_127A
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བསྟན་པ་དང་བཞིའི་དང་པོ་ལ། གཅོད་བྱེད་པའི་གང་ཟག་བསྟན་པ། མཁོ་བའི་ཡོ་བྱད་བསྟན་པ། འགྲོ་བའི་གཉན་ས་དང་དེར་གང་གནས་བསྟན་པ། དེར་འགྲོ་ལུགས་བསྟན་པ། ཇི་ལྟར་ལྷོང་བའི་ཚུལ་གྱི་དམིགས་པའི་རིམ་པ། ལྷོང་ཚད་ཚར་ཚད་བསྟན་པ་དྲུག་ལས། དང་པོ་ནི། གང་ཟག་རབ་འོག་ནས་འབྱུང་བའི་ཆེ་བ་རྣམ་བཞི་དང་ལྡན་པ། འབྲིང་བ་དད་པ་ཆེ་ཞིང་དམིགས་རིམ་མི་འཆོར་བ། ཐ་མ་ཡང་བརྩོན་པ་དང་ལྡན་ཞིང་ཆགས་ཞེན་ཆུང་བ་ཞིག་དགོས། གཉིས་པ་ནི། རྐང་དུང་ཐོད་པ་ཌཱ་མ་རུ་ཙོག་པུ་མི་ལྤགས་ལ་སོགས་པའི་གདན་ཆུང་དོམ་ར་སོར་བཞི་པ་རྣམས་སོ། །གསུམ་པ་ནི། སྒང་གི་གཤོང་དང་སྐེམ་ཆེ་བའི་ཀླུང་དང་སྣུམ་ཆེ་བའི་སྐེམ་དང་གད་རྩེའི་གྲིབ་མ་གང་ཕོག་པའི་ས་དང་བྲག་རིའི་རྩེ་དང༌། དུར་ཁྲོད། ལུང་སྟོང༌། ཁང་སྟོང༌། ཤིང་གཅིག །ཆུ་མིག་མགོ་དགུ་པ་བདུན་པ། ལྔ་པ། གསུམ་པ། ཆུ་མིག །ཆུ་བྲན། ཆུ་འཁྱིལ་སོགས་ཉི་མ་མི་འཕོག་པ་


LT23_Page_127B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཏེ། མདོར་ན་གང་འཇིགས་པ་གཉན་ས་ཡིན་པ་ལ། ཆུ་མིག་མགོ་དགུ་པ་ལ་ཀླུ་གདོལ་པ། བདུན་པ་ལ་བྲམ་ཟེ། ལྔ་པ་ལ་རྒྱལ་རིགས། གསུམ་པ་ལ་རྗེས་རིགས་དང་དམངས་རིགས་གནས། ཆུ་ཉི་མ་མི་འཕོག་པ་ལ་ཀླུ་བྲན་གནས། མཚོ་དྲུང་སྤ་མ་ཤིང་གཅིག་བྲ་མ། ཆུ་འཇིགས་རྣམས་སུ་གཉན་གནས། ཕ་བོང་སྟག་སྦྲུལ་སྦལ་པ་བྱ་ཕག་སོགས་འདྲ་བ་ན་ས་བདག་གནས། བྲག་གདོང་དང༌། རི་སུལ་སྦལ་པ་སྡིགས་པ་སྡོམ་གཡག་རྔ་མོང་མ་ཧེ་འདྲ་བ་ན་ས་བདག་ཀླུ་གཉན་ཆེན་པོ་གནས། བྲག་གདོང་མི་རིང་རལ་གྲི་འདྲ་བ་དང༌། རི་སྣ་དང་གད་པའི་གདོང༌། ས་ཕྱོགས་ཁྲག་ཟེར་རལ་པ་འདྲ་བ་ན་བཙན་གནས། ནགས་ཚལ་ཚིང་བུ་བདུད་གནས། བྲག་སྐྱིབས་གཅོང་རོང་གད་ཕུག་བྲག་ཕུག་རྣམས་སུ་དམ་སྲི་དང་ཐེའུ་རང་དང་སྲིན་མོ་གནས། བྱང་སྟོད་ཕུང་ཤུལ་འབྲོག་པའི་མཚེར་ཤུལ་སྲང་མདོ་ཚོང་དུས་རྣམས་ལ་བསེ་རག་དང་གྲི་བོ་གྲི་མོ་གནས། དུར་ཁྲོད་རོ་ཁང་བཙན་ཁང་ཤི་ཤུལ་དཔའ་བོ་གཡུལ་དུ་བསད་པའི་ཤུལ་རྣམས་སུ་མ་མོ་དང་གཤིན་རྗེ་སྲོག་བདག་གནས། ལྷ་ཁང་གི་ཁྱམས་དཀོར་ཁང་གི་ཁྱམས་དགོན་རྙིང་ཁང་རྒོག་སྒྲུབ་ཁང་དབེན་པ་རྣམས་སུ་རྒྱལ་པོ་དང་སྲོག་བདག་པེ་ཀར་སོགས་གནས་སོ། །བཞི་པ་ནི། རྣལ་འབྱོར་ལྡིང་འགྲོས་ཞེས་པ་ལྟར་ལྟ་སྟངས་བྱས་ནས་འགྲོ། མཁའ་འགྲོའི་བརྡའ་འགྲོས་ཞེས་པ་གར་སྟབས་ཀྱིས་འགྲོ། སྦྲུལ་ནག་འཁྱུགས་འགྲོས་ཞེས་པ་ཕར་འཁྱོགས་ཚུར་འཁྱོགས་སུ་འགྲོ། གླང་ཆེན་སྨྱོ་འགྲོས་ཞེས་པ་རེས་མགྱོགས་རེས་བུལ་བར་འགྲོ། འགྲོ་བའི་དུས་ནི། གཉན་སར་སྡོད་དམ་ཕར་འགྲོ་དུས་ནམ་གུང་ལ་འགྲོ། ཚུར་ལོག་དུས་ཐོ་རངས་ཡོང་བར་ཕྱག་ལེན་ཡིན་སྐད་དོ། །ལྔ་པ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྤྱིར་གཉན་ས་གཅོད་ནུས་པ་ཆེ་བ་རྣམ་བཞི་དང་


LT23_Page_128A
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཞིག་དགོས་པ་ཡིན། རྟོགས་པ་ནམ་མཁའ་དང་མཉམ་པ། སྟོང་ཉིད་ཀྱི་རྒྱས་ཚན་ཆེ་བ། སྙིང་རྗེ་ཆེ་ཞིང་ཆགས་པ་ཆུང་བས་གཏོང་ཕོད་ཀྱི་བློ་དཀྱུས་ཆེ་བ། དམ་པའི་ཆོས་ཀྱི་གནད་མ་ལུས་པ་གོ་བ། གདམས་ངག་གི་ཐོབ་རྒྱ་ཆེ་བ། བརྩོན་འགྲུས་ལེ་ལོ་མེད་པས་ཉམས་ལེན་གྱི་ཞེན་ཕུལ་ཆེ་བ་ཞིག་དགོས་སོ། །གཉིས་པ་ཟིལ་གནོན་གྱི་དམིགས་རིམ་དང༌། ལྷོང་བའི་དམིགས་པ་དངོས་གཉིས། དང་པོ་ལའང་དངོས་དང་ཞར་བྱུང་གཉིས། དང་པོ་ནི། མི་འགྲོ་བའི་སྔ་རོལ་དུ་ཕཊ། རང་གི་སྙིང་ག་ནས་གསེར་གྱི་རྡོ་རྗེ་ཞིག་བྱ་ལྟར་འཕུར་ནས་གཉན་སའི་དཀྱིལ་དུ་བབས། དེ་ལས་ལྕགས་ཀྱུའི་ཚོགས་སྤྲོས་ནས་ས་དེར་གནས་པའི་གདོན་ཚོགས་རབ་ཏུ་བཀུག་སྟེ་ལྕགས་སྒྲོག་འབར་བས་རབ་ཏུ་བསྡམས་པར་གྱུར། འགྲོ་བར་ཞུགས་པ་ནི་རྐང་དུང་བུས་ནས། ཕཊ། གཡས་གཡོན་མདུན་རྒྱབ་སྟེང་འོག་ཕྱོགས་བཅུ་ཡི། །རི་དང་ཆུ་མིག་ལྗོན་པ་ལ་སོགས་པར། །གནས་པའི་གདོན་གྱི་ཚོགས་རྣམས་ང་ཕྱིར་ཤོག །ང་ཡིས་ཁྱོད་ཀྱི་འདོད་པ་ཚིམ་པར་བྱ། གཉན་སར་སླེབ་པ་དང་ཕྱོགས་བཞིར་གར་སྟབས་ཀྱིས་འགྲོ། རྐང་དུང་བུས་ནས། ཕཊ། དེ་རིང་བདུད་བཞིའི་དཔུང་རྣམས་འཇོམས་པའི་ཕྱིར། །རྣལ་འབྱོར་བདག་གིས་ཕྱོགས་བཞིར་དགའ་ཞིང་འཁྲབ། །མཁའ་འགྲོ་སྡེ་བཞིའི་གར་འདི་ཁྱུགས་སེ་ཁྱུག །བདུད་དང་རྣམ་རྟོག་འཇོམས་པ་ཨ་ལ་ལ། གཉིས་པ་ཅོག་པུ་ཕུབ་པ་དང་སྟན་འདིང་བ་ལ་སོགས་པའི་ཚེ། ཕཊ། མཁའ་འགྲོ་སྡེ་བཞིར་ཅོག་བུའི་ཕུར་པ་ཁྱེར། གླིང་བཞི་གླིང་ཕྲན་རྣམས་སུ་བཏབ་པར་གྱུར། །མི་ལྤགས་གཡང་གཞིའི་གདན་འདིས་ས་སྟེང་ཁྱབ། །འོག་ཏུ་གདོན་བགེགས་ཐམས་ཅད་ནོན་པར་གྱུར། ཅེས་པ་འདི་དག་ནི། ཟིལ་གནོན་སྡེ་བདུན་གྱི་དམིགས་པ་མདོར་བསྡུས་བྱས་པ་ཡིན་ཏེ། ཐ་གཅིག་གི་རྡོ་རྗེའི་ཚིག་རྐང་ལས། སྔ་མས་སྔ་རུ་མ་ནོན་ན། དགྲ་ངན་དག་ལ་བྱ་


LT23_Page_128B
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་འདྲ། །དེ་ལ་ཟིལ་གནོན་སྡེ་བདུན་དགོས། ཞེས་གསུངས་པའི་དོན་ནོ། །གཉིས་པ་ལྷོང་བའི་དམིགས་པ་དངོས་ནི། མཚུངས་མེད་ཆོས་རྗེས་མཛད་པའི་གཅོད་ཚེགས་བཅད་མར་འབྱུང་བ་ལྟར་བྱ་བ་ལ། སྐྱབས་གསུམ་གསལ་བཏབ་ནས་ཕྱི་མཆོད་འབུལ་བ་དང༌། ལུས་མཎྜལ་དུ་འབུལ་ནས་བརྒྱུད་པ་ལ་གསོལ་བ་བཏབ་པ་གཉིས། དང་པོ་གདན་སྟེང་ལུས་གནད་ལྡན་པས་འཁོད་ནས། ན་མོ་གུ་རུ། དེང་ནས་བཟུང་སྟེ་བླ་མ་དཀོན་མཆོག་གསུམ། སོགས་ནས། སྤྲོས་བྲལ་མ་བཅོས་ངང་དེར་རྗེན་པར་བུད། ཅེས་པའི་བར་འདི་རྣམས་འདོན་བསྒོམ་དྲག་ཏུ་བྱའོ། །དྲུག་པ་ལ་གཉིས། དང་པོ་ལྷོང་ཚད་ནི། ཕྱིའི་ལྷོང་ཚད་ལྷ་འདྲེའི་ཆོ་འཕྲུལ་ལྷ་འདྲེའི་གཟུགས་སྟོན་སྒྲ་འབྱིན་པ་དང༌། བརྔན་བགྲང་བ་དང༌། །བློ་བྲིད་ནས་དམ་པའི་ཆོས་ལས་བཟློག་པ་རྣམས་སོ། །ནང་ལྷོང་ནི་ལུས་ཀྱི་ན་ཚ་རྣམས་སོ། །གསང་ལྷོང་ནི་སེམས་ཀྱི་ཟུག་རྔུ་རྣམས་སོ། །གཉིས་པ་ཚར་ཚད་ལ། ཐུན་མོང་གི་ཚར་ཚད། དམར་པོའི་རིགས་མ་གཏོགས་ཟས་དང་དངོས་པོ་སྟེར་བ་རྣམས་སོ། །ཐུན་མོང་མིན་པའི་ཚར་ཚད་ལ་རྨི་ལམ་དུ་ཉི་མ་ཤར་བ་དང༌། གོས་དཀར་པོ་གྱོན་པ་ལུས་བཀྲུ་བ་དང༌། ཁྲག་འཛག་པ་དང་ལུད་པ་དོར་བ་རྣམས་རྨིའོ། །གཞན་ཡང་ཚར་ཚད་འདྲ་བའི་ཆོ་འཕྲུལ་འབྱུང་སྟེ། རྨི་ལམ་དུ་གོས་དམར་པོ། །ཁྲག་སྟེར་བ་དང་ཤ་དམར་སྟེར་བ་སོགས་སོ། །ཆོ་འཕྲུལ་འདྲ་བའི་ཚར་ཚད་ནི། རང་གཞན་གྱིས་མཚོན་ལ་སོགས་པ་བརྒྱབ་པས་ཁྲག་བྱུང་བ་རྣམས་སོ། །ཚར་ཚད་འདྲ་བའི་ཆོ་འཕྲུལ་དེ་རྣམས་རྨི་ལམ་ཁོ་ནར་མ་ཟད་ཉམས་སྣང་སོགས་ལ་འབྱུང་བའོ། །གཉིས་པ་ལྷོང་པ་ནོན་པར་བྱེད་པའི་ཐབས་ལ་ནོན་དཀའ་སླ་སྟོན་པ། ལྷོངས་པ་ནོན་བྱེད་ཀྱི་དམིགས་རིམ་དངོས་གཉིས། དང་པོ་ནི། གནས་ཀྱི་དབང་དུ་ན་དུར་ཁྲོད་ལྷ་ཁང་གོག་པོ་དང༌། མི་ཕོ་ཤི་ཤུལ་རྣམས་འཕྲལ་འཇིགས་ཀྱང་ཕུགས་མི་འཇིགས། །


LT23_Page_129A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བདག་གི་དབང་དུ་ན། པེ་ཀར་སོགས་རྒྱལ་པོ་དང་འདྲེ་མོ་རྣམས་ཀྱིས་ཤེས་པ་འཚུབས་རིག་པ་མཐོ་དམན་ཆེ། འཕྲལ་རྩུབ་ཀྱང་ལྷོང་སླ་བྱིངས་ཆུང་བས་ནོན་སླ་བ་ཡིན། དམ་སྲི་དང་སྲིན་མོ་དང་མ་མོ་རྣམས་སེམས་ལ་ཆགས་པ་སྐྱེ། ཐིག་ལེ་འཕྲོག །འགྲོ་སྙིང་འདོད། སེམས་མི་ཆགས། ལྷོངས་ས་ནོན་ས་སླ། ཕྱིས་ནས་འཕྲོས་མི་གཙང་བས་རྗེས་གཅོད་དཀའ། ཀླུ་བདུད་དང་གཉན་དང་ས་བདག་དང་ས་སྲིན་རྣམས་གཉིད་ཆེ། ཤེས་པ་ལྗི། །རིག་པ་མི་གསལ། བྱིང་རྨུགས་བྱེ་བྲག་མི་འབྱེད། བྱིངས་ཆེ་ལྷོངས་པ་ནོན་སོགས་དཀའ། གདིང་ཞེ་ནག་ཆེ། བཙན་ཐེའུ་རང་སོགས་ཟང་ཟིང་རྨི་ལམ་གཏད་མེད་མང་པོ་སྟོན། མིང་ནས་འབོད། བཤུག་པ་འདེབས། འོ་དོད་འབོད། རྒྱུད་འཁྲུགས། ལྷོང་ནོན་དཀའ། སྤྱིར་མ་ལྷོངས་པ་དང་མ་ནོན་པ་ཐམས་ཅད་རྒྱུན་བསྲིང་བ་གལ་ཆེའོ། །གཉིས་པ་ལ་མདོ་ལུགས་ཀྱི་དོན་བསྡུས་ནས་མཚན་མོའི་དབང་དུ་བྱ་བ་དམར་འགྱེད་བསྟན་པ་དང༌། སྔགས་ལུགས་ཀྱི་དོན་བསྡུས་ནས་ཉིན་མོའི་དབང་དུ་བྱས་པ་ཁྲ་འགྱེད་བསྟན་པ་གཉིས། དང་པོ་ནི། མཚུངས་མེད་བླ་མས་མཛད་པ་ལྟར་བྱ་སྟེ། འགྲོ་བ་རིགས་དྲུག་ཐམས་ཅད་རྫོགས་སངས་རྒྱས་ཀྱི་རྒྱུར་ལུས་ཅི་འདོད་དུ་སྦྱིན་པ་བཏང་བ། ཉམ་ཆུང་བ་ལ་སླར་གཏོང་བ་གཉིས་སུ་ཡོད། དང་པོ་ནི། ཕཊ། རང་རིག་རྡོ་རྗེ་རྣལ་འབྱོར་མ་རུ་ཤར། །རང་ལུས་གཡང་གཞི་སྟོང་གསུམ་ཚད་དུ་གྲུབ། སོགས་ནས། དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ། །གཉིས་པ་ནི་མཚུངས་མེད་ཆོས་རྗེས་གསུངས་པ་ལྟར། རང་ལུས་ཚོགས་ཀྱི་འཁོར་ལོ་དམ་རྫས་སུ་བྱིན་གྱིས་བརླབས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་མཆོད་པ་འབུལ་བ་དང༌། མ་རྒན་འཁྲུལ་པ་གནོད་བྱེད་དུ་འཁྲུལ་པ་སྨྱོ་སངས་ནས་མ་རྒན་ཐམས་ཅད་


LT23_Page_129B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སར་འཇོག་ཅི་ཐུབ་ཀྱི་བསམ་པ་དང་སྦྱོར་བས་བློ་སྦྱོང་བའི་དང་པོ་ནི། ཕཊ། རང་རིག་ཡེ་ཤེས་མཁའ་འགྲོ་མ་རུ་ཤར། ཅེས་པ་ནས། རྒྱུད་བྱང་ཆུབ་སེམས་སུ་འགྱུར་བར་ཤོག །ཅེས་པའི་བར་རོ། །གསུམ་པ་སྔོན་ནས་སྦྱིན་པ་གཏོང་བ་ནི། སྔ་མ་དེ་དག་ཟང་ཟིང་གི་སྦྱིན་པ་ཡིན་མོད་ཀྱི་མཆོག་ཏུ་གྱུར་པ་ནི་མཚུངས་མེད་ཆོས་རྗེས་མཛད་པའི། གནོད་བྱ་གནོད་བྱེད་སྟོང་པ་ལ། ཞེས་པ་ནས། །བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཕཊ། ཅེས་གསུངས་པའི་བར་འདི་ནི་འདོན་བསྒོམ་དྲག་པོ་ཡང་ཡང་བྱའོ། །དེ་དག་སྤྲུལ་ཆིངས་ཀྱི་དམིགས་པའི་སྐོར་ཏེ། མ་ཅིག་གི་རྡོ་རྗེའི་ཚིག་རྐང་ལས། བར་ས་བར་དུ་མ་ནོན་ན། །དཔའ་བོའི་ལག་གི་མཚོན་ཤོར་འདྲ། །དེ་ལ་རྡོ་རྗེའི་སྦྲུལ་ཆིངས་དགོས། །ཞེས་གསུངས་སོ། །བཞི་པ་ལ་གཉིས། དང་པོ་རྗེས་གཅོད་ནི། གཉན་ས་ཆོད་ནས་འགྲོ་བའི་ཚེ་རང་གི་མལ་ས་དང་ཐབ་ཀའི་ཤུལ་ཡང་མི་མངོན་པར་བྱའོ། །རང་གི་ཡོ་བྱད་གང་ཡང་མ་ལུས་པར་བྱས་ནས། ཕཊ། རང་གི་ལུས་འདི་སྤྱན་རས་གཟིགས་སུ་གྱུར། དེ་ལས་ཟག་མེད་བདུད་རྩིའི་རྒྱུན་བབས་པས། །ས་ཕྱོགས་ཐམས་ཅད་མེར་གྱིས་གང་བ་ལ། །འགྲོ་རྣམས་ཟག་མེད་བདུད་རྩིས་ཚིམ་པར་གྱུར། ཅེས་བརྗོད། དེ་ནས་གཉན་ས་ཁྲོལ་གང་དང་སའི་སྒང་སྒལ་དགུ། དེའི་བར་དུ་ཐང་ཆུང་དགུ་དེའི་བར་དུ་ཆུ་དགུའི་རྣམ་པ་བཅོས་ལ། འཻ་་་ལ་ཆེན་དགུ་དང་ཆུ་བོ་ཆེན་པོ་དགུ། །ཐང་ཆེན་དགུ་ཡིས་བར་དུ་ཆོད་ཟིན་པས། །ཁྱེད་རྣམས་ང་ཕྱིར་མ་འོངས་གནས་དེར་སྡོད། །ཟག་མེད་བདུད་རྩི་དེ་ལ་སྤྱོད་པར་གྱིས། །འདི་ནི་རྡོ་རྗེའི་ཚིག་རྐང་ལས། །ཕྱི་མ་ཕྱི་རུ་མ་ནོན་ན། ནོར་ངན་ཤོར་བའི་རྗེས་བསྙག་འདྲ། །དེ་ལ་དམག་དཔོན་ཁྱུང་ནག་དགོས། ཞེས་གསུངས་པའི་དོན་ནོ། །གཉིས་པ་ཞོར་བྱུང་བསྟན་པ་ནི། གཞན་ལ་ཕན་འདོགས་ནད་པ་གསོ་བའི་ཐབས། ཐོག་དང་སེ་ར་བསྲུང་བའི་ཚུལ། ནག་


LT23_Page_130A
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་ཀྱི་རིམ་པ། ཉེ་བར་མཁོ་བའི་དམིགས་ཕྲན་བསྟན་པ་དང་བཞིའི། །དང་པོ་ནི། མཚུངས་མེད་བླ་མས་མཛད་པ་ལས། ནད་པ་སོགས་མ་རྒན་སྡུག་བསྔལ་གྱིས་ཉེ་བར་འཚེ་བས་མནར་བ་ལས། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དུ་ནན་ཆེར་དམིགས་སུ་བཀར་ནས་དྲན་བསྒོམ་བྱེད་པ་ནི། ཕཊ། འཇིག་རྟེན་ན་ནད་གདོན་གྱིས་ནོན་པ་དང༌། །སྔོན་ལས་ངན་གྱི་འབྲས་བུར་སྤྱོད་པ་ཡི། ཅེས་པ་ནས། སེམས་ཅན་ཀུན་གཏན་དུ་ཐར་གྱུར་ཅིག །ཅེས་པའི་བར་འདི་ནི་ནད་པ་ལྟ་བུ་ལ་གཉན་སར་འཁྲིད་ན་འདི་ཁོ་ནས་ཆོག་པས་ཐུན་རེ་ལ་ལྔ་བཅུ་ཙམ་དུ་བྱས་ལ་ནན་ཏན་བྱའོ། །ཞེས་གསུངས་སོ། །འདི་མ་ཅིག་རྡོ་རྗེའི་ཚིག་རྐང་ལས། འདྲེ་དང་ནད་དང་གདོན་དང་གསུམ། །གཉིས་མེད་གཅིག་ཏུ་བསྲེ་བ་གཅེས། ཞེས་པའི་དོན་ནོ། །གཉིས་པ་ནི། ཐོག་ཡོད་པའི་ལྟས་ནི། ལྷོ་ཕྱོགས་སུ་སྤྲིན་ནག་པོ་ཁུ་ཚུར་ཙམ་མགོ་དགུ་པ་སྐབས་སུ་འཐོར་ཞིང་སྐབས་སུ་འདུས་པར་འབྱུང་བ་དང༌། རྨི་ལམ་དུ་མགར་བ་མང་པོས་མདེའུ་བརྡུང་བ་སོགས་ལྕགས་བཟོ་བྱེད་པ་རྨིས་པ་དང༌། འབྲུག་གི་སྒྲ་སྐད་ཁྲོལ་ཆོམ་མེད་པར་གཟེར་ལྷང་ལྕགས་འབྱུང་བ་དང༌། ཉམས་སྣང་དུ་ལྕགས་བརྡུང་བའི་སྐད་སེད་སྒྲ་འཁང་སྒྲ་ཡོད་པ་འབྱུང་སྙམ་བྱེད་པ་ཐོག་སེར་དྲག་པོ་འབྱུང་བའི་ལྟས་སོ། དེ་ནས་ཐོག་སེར་བྱུང་བ་ན་རང་ཉིད་བཅོམ་ལྡན་འདས་སུ་གསལ་བའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འཕྲོས། ཐོག་དང་ཐོག་བདག་འབྲུག་རྣམས་ལ་ཕོག །དེ་རྣམས་རྒྱ་མཚོ་ཕ་རིར་རྒྱངས་བཏང་པར་བསྒོམས་ནས་ནམ་མཁའ་ལ་སྡིགས་མཛུབ་དང་ཕུ་ཤར་དང་ཕཊ྄་སྒྲ་དྲག་ཏུ་བརྗོད་དོ། །གསུམ་པ་ནི། བག་ཆགས་དྲི་མ་འཁྲུད་པ་ལ། དེ་ལ་སྡིག་སྦྱང་ནག་འགྱེད་དགོས། ཞེས་རྡོ་རྗེའི་ཚིག་རྐང་ལས་གསུངས་པ་ལྟར་ཏེ། དམིགས་པ་ནི། རང་ཐོད་པའི་ནང་དུ་གནས་པའི་མདུན་དུ། མ་གཅིག་བཞེངས་ནས་ཕྱག་གི་ཐོད་པ་ནས་


LT23_Page_130B
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་བདུད་རྩི་བབ་པས་རང་གི་སྤྱི་བོ་ནས་ཞུགས་ནད་གདོན་ཐམས་ཅད་དག་པའི་ཁྲུས་ཁུ་བདུད་རྩིར་བསྒྱུར་ལ་ལྷ་འདྲེ་ལ་སྦྱིན་པར་བསམ་མོ། །དེ་འཇམ་ལུགས་ཡིན་ལ། རྩུབ་ལུགས་ལྟར་ན་བདུད་རྩིར་མ་བསྒྱུར་བ་སྦྱིན་ནོ། །བཞི་པ་ནི། རྡོ་རྗེའི་ཚིག་རྐང་ལས། ཚར་ཚད་སྔོན་ནས་འབྱུང༌། ལྷོང་ཚད་ཕྱི་ནས་འབྱུང་ན། མགོ་བསྐོར་ཡིན་པས་དམིགས་པ་འདི་བྱའོ། ཕཊ། སྐད་ཅིག་གིས་རང་ཉིད་རྗེ་བཙུན་མར་བསྐྱེད་ལ་བསྒྱུར། རྗེ་བཙུན་མས་ཐོད་པ་ཕྲལ། ལུས་ཐོད་པའི་ནང་དུ་བཅུག །གནས་དེ་དང་གཞན་དུ་གནས་པའི་ལྷ་འདྲེ་ཐམས་ཅད་ལ་སྦྱིན་པར་བསམ་མོ། །མགྲོན་རྣམས་གཞན་དུ་ཕྲོས་གྱུར་ན། འགུགས་བྱེད་དམར་མོའི་དམིགས་པ་དགོས། ཞེས་གསུངས་པས། རྨི་ལམ་དུ་མི་མང་པོ་གྱེས་འགྲོ་བ་རྨིས་ན་མགྲོན་རྣམས་གྱེས་འགྲོ་བ་ཡིན་པས་དམིགས་པ་འདི་བྱ་སྟེ། རང་ལུས་ལས་འོད་ཟེར་དཔག་མེད་འཕྲོས་པས་ལྷ་འདྲེ་རྣམས་རང་དབང་མེད་པར་བཀུག་པར་བསམ་མོ། །མགྲོན་རྣམས་སྐྱུགས་བྲོ་བ་ལྟར་བྱུང་ན་སྤེལ་སྦྱོང་གཉིས་ཀྱི་དམིགས་པ་དགོས་ཞེས་གསུངས་པས། རྨི་ལམ་དུ་མི་སོགས་ལ་ཟས་སྦྱིན་པ་མི་ཟ་ན་སྐྱུགས་བྲོ་བ་ཡིན་པས། སྟེར་རྒྱུའི་ཟས་མང་པོ་དང་ཞིམ་པོ་རོ་བྲོ་བ་རྣམས་ལེགས་པོ་སོགས་སུ་བསྒྱུར་ནས་སྦྱིན་ནོ། །ཆོ་འཕྲུལ་ཆེ་ཞིང་ཚར་ཚད་དཀོན། །དེ་ལ་ཕྱུགས་པོ་ཐིབ་ནོན་དགོས། ཞེས་གསུངས་པས། ཚར་ཚད་མི་འོང་ཆོ་འཕྲུལ་ཆེ་ན། རང་ལུས་བེམ་པོ་དེ་རྗེ་བཙུན་མའི་ཕྱག་གཡས་ཀྱིས་ཁྱེར། སྲིད་རྩེའི་བར་གསོར། ས་ལ་བརྡབ་པས་ལུས་ལྷ་འདྲེ་ས་རྡོ་ཐམས་ཅད་འདྲེས་ནས་དབང་མེད་དུ་སྲོག་སྙིང་ཕུལ་བར་བསམ་མོ། །དེ་ལྟར་མཚུངས་མེད་བླ་མས་མཛད་པའི་གཅོད་ཚིགས་བཅད་མ་དེ་ལས་འཕྲལ་མཁོ་ལྷན་ཐབས་སུ་བྱས་པ་ཡིན་ཅིང༌། འདིར་མ་འཐུས་པའི་དཀར་འགྱེད་མགྲོན་བཞི་མ་ནི་ཐམས་ཅད་མཁྱེན་པ་རང་བྱུང་བས་མཛད་པ་ལྟར་ལུས་པོ་རོ་བརྒྱ་དང་ལྡན་པའི་དཀར་


LT23_Page_131A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་རི་རབ་ཙམ་དུ་བསམས་ནས་བླ་མ་དཀོན་མཆོག་དང་ཆོས་སྐྱོང་སྲུང་མ་དང༌། ལྷ་སྲིན་སྡེ་བརྒྱད་དང༌། ལན་ཆགས་བུ་ལོན་ཏེ་མགྲོན་རྣམས་ལ་སྦྱིན་ནོ། །ཞེས་པ་འདི་ཤཱཀྱའི་དགེ་སློང་དཀོན་མཆོག་འབངས་ཀྱིས་སྦྱར་བའོ། །རྗེ་རང་བྱུང་རྡོ་རྗེས་མཛད་པའི་གདོན་ཚོགས་དགུ་མ་ས་བདག་དྲུག་སྦྱོར་དང༌། མི་བསྐྱོད་རྡོ་རྗེས་མཛད་པའོ་གདན་ཐོག་གཅིག་མ་གཅོད་ཚིགས་བཅད་མ་གཉིས་གབ་སྤྲད་ནས་ལུས་སྦྱིན་དང་བསྔོ་བ་པོ་བྱ་ཚུལ་བལྟས་ཆོག་འདོན་འགྲིགས་བཞུགས་སོ། །ན་མོ་པྲཛྙཱ་པ་ར་མི་ཏཱ་ཡ། རང་དོན་དུ་མལ་སར་འདུག་གམ། གཞན་ཐག་རིང་ནད་པ་མགོ་རང་ལ་བསྟན་ཏེ་ཉལ་བཅུག །ཉེ་ན་རང་གི་མདུན་དུ་གཞོག་གཡས་པ་ལ་བསྟན་ཏེ་ཉལ་བཅུག །སྲུང་འཁོར་དང་སྲུང་མདུང་མཚོན་ཆ་སོགས་བཀྲོལ་ལ་གཞན་དུ་བཞག །མར་མེ་དང་མེ་འོད་མེད་པར་བྱས་ལ་འདོན་བསྒོམ་སྦྲགས་ཏེ་སྐད་ཅིག་གིས་ནམ་མཁའི་དབྱིངས་ཐམས་ཅད་དཀོན་མཆོག་གསུམ་སྤྲིན་ལྟར་འཁྲིགས་པ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་ཚད་མེད་བཞི་རྒྱུད་ལ་སྐྱེས་ནས་སངས་རྒྱས་མྱུར་དུ་ཐོབ་པ་ཞིག་བདག་གིས་ཅི་ནས་ཀྱང་བྱ་ཞེས་ཐག་པ་ནས་བསམས་ལ། ན་མོ་གུ་རུ། དེང་ནས་བཟུང་སྟེ་བླ་མ་དཀོན་མཆོག་གསུམ། ངེས་པར་སྐྱབས་གསོལ་འགྲོ་དྲུག་སེམས་ཅན་རྣམས། །ཚད་མེད་བཞི་པོ་རྒྱུད་ལ་སྐྱེ་བ་ནས། །བདག་གིས་རྫོགས་བྱང་ཉིད་ལ་འགོད་པར་བྱ། ལན་གསུམ། ཕཊ྄་ཕཊ྄་ཕཊ྄། མདུན་གྱི་ནམ་མཁར་ཤཱཀྱ་ཐུབ་པ། དེ་འོག་ལ་མ་ཅིག །དེ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་གྱིས་བསྐོར་བར་བསྒོམ་ཞིང༌། །ཕྱི་ནང་ཆོས་ཀུན་སྟོང་པའི་ངང་ཉིད་ལས། །མདུན་གྱི་ནམ་མཁར་སེང་ཁྲིར་དེ་བཞིན་གཤེགས། །ཤཱཀྱའི་དབང་པོ་སྲས་དང་བཅས་པ་དང༌། །དེ་འོག་མ་གཅིག་ལབ་སྒྲོན་སྐུ་མདོག་དཀར། །ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས། །སྐུ་ལ་དར་དཀར་ན་བཟའ་ཁྱབ་པར་གསོལ། །ཕྱག་གཡས་སེང་ལྡེང་ཌཱ་ རུ་སྟོང་གསུམ་སྒྲོགས། །ཕྱག་གཡོན next hit་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན། །དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པར་གཡོགས། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མཁའ་ལ་གར། །གྲུབ་


LT23_Page_131B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གཅོད་ཡུལ་བརྒྱུད་པའི་དབུས་ན་རོལ། །ལྷ་ཚོགས་དེ་དག་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་རང་བཞིན་གནས་ནས་བཅོམ་ལྡན་འདས། །བཀའ་བརྒྱུད་ཡི་དམ་ཆོས་སྐྱོང་ཚོགས་བཅས་པ། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། །དེ་ལྟར་གསལ་བའི་དྲུང་དུ་གཟུགས་ཐམས་ཅད་རྡོ་རྗེ་མ་མེ་ལོང་ཐོགས་པ། ཐམས་ཅད་རྡོ་རྗེ་མ་པི་ཝང་ཐོགས་པ་ལ་སོགས་པའི་མཆོད་པའི་ལྷ་མོ་ནམ་མཁའ་གང་བར་སྤྲུལ་ནས་ལྷ་ཚོགས་དེ་དག་ཐམས་ཅད་མཆོད་པར་བསྒོམས་ལ། གཟུགས་སྒྲ་དྲི་རོ་རེག་བྱ་རྣམ་དག་པའི། ཟག་མེད་བདེ་ཆེན་མཆོད་སྤྲིན་རྒྱ་མཚོ་འབུལ། ཚིག་གཉིས་པོ་ལན་གསུམ། ཕཊ྄་ཕཊ྄་ཕཊ྄། རང་གི་ཚེ་བསོད་ནམས་བླ་སྲོག་གི་ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་མཐེ་བོང་ཙམ་རྩ་དབུ་མའི་ལམ་ནས་སྤྱི་བོར་རྒྱངས་སེ་ཐོན་པས་རང་སེམས་རྡོ་རྗེ་ཕག་མོའི་སྐུར་གྱུར། གྲི་གུག་ཚད་ཙམ་གྱིས་པགས་པ་ས་གཞི་སོགས་ལུས་མཎྜལ་དུ་གྱུར་བ་ལྷ་ཚོགས་རྣམས་ལ་ཕུལ་བར་བསྒོམ་ཞིང༌། ཕཊ། རང་རིག་རང་ལུས་ནས་ཐོན་ཡེ་ཤེས་ཀྱི། །མཁའ་འགྲོ་མར་གྱུར་རང་ལུས་པགས་པ་ནི། །དབང་ཆེན་ས་གཞི་མགོ་བོ་རི་རབ་དང༌། །ཡན་ལག་གླིང་བཞི་མིག་གཉིས་ཉི་ཟླ་དང༌། །ཤ་ཁྲག་རུས་པ་ལྷ་རྫས་ཟད་མི་ཤེས། དཀྱིལ་འཁོར་མུ་མཐའ་མེད་པར་བཀོད་པ་འདི། །བཅོམ་ལྡན་ཐུབ་པ་ཆེན་པོའི་སྤྱན་སྔར་འབུལ། །ཨ་མ་ལབ་ཀྱི་སྒྲོན་མའི་སྤྱན་སྔར་འབུལ། །འགྲོ་བའི་མགོན་པོ་དམ་པས་ཐུགས་རྗེས་ཟུངས། ལན་གསུམ་མམ་གཅིག་ཀྱང་རུང༌། དམིགས་པ་མ་ཟིན་བར་དུ། །ཕཊ྄་ཕཊ྄་ཕཊ྄། བརྗོད། བདག་དང་ནད་པ་གདོན་དང་བཅས་པ་ནམ་མཁའི་ལྷ་ཚོགས་ལ་དད་གུས་ཀྱིས་ཕྱག་འཚལ། མཆོད་པ་འབུལ། སྡིག་པ་ཐམས་ཅད་བཤགས། ཁྱེད་རྣམས་ཀྱིས་དགེ་རྩ་རྒྱ་ཆེན་པོ་མཛད་པ་ལ་ཡི་རངས། སེམས་ཅན་ལ་ཆོས་གསུང་བར་ཞུ་བར་འབུལ། །སྐུ་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་དུ་བཞུགས་པར་གསོལ་བ་འདེབས། དེ་ལྟ་བུའི་དགེ་བ་དེས་སེམས་ཅན་ཐམས་ཅད་གྲུབ་ཐོབ་ཀརྨ་པཀྴིའི་གོ་འཕང་འགྲུབ་པར་གྱུར་ཅིག་བསམས་ཤིང༌། ལུས་ངག་ཡིད་ཀྱིས་ཕྱག་འཚལ་སྡིག་པ་བཤགས། །དགེ་ལ་ཡི་རང་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་མི་འདའ་


LT23_Page_132A
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གསོལ་དགེ་བ་འདིས། །གྲུབ་ཆེན་ཀརྨ་པཀྴི་འགྲུབ་གྱུར་ཅིག །ལན་གསུམ་སོགས་དམིགས་པ་མ་ཟིན་པར་བརྗོད། ཕཊ྄་ཕཊ྄་ཕཊ྄། ཕཊ྄་ཕཊ྄་ཕཊ྄། ཕཊ། དེ་ནས་ནམ་མཁའི་ལྷ་ཚོགས་དང་བརྒྱུད་པའི་བླ་མ་ལ་གསོལ་བ་བཏབ་པས་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་མ་གཅིག་གི་སྤྱི་བོའི་ཚངས་བུག་ནས་ཞུགས། མ་གཅིག་གི་སྐུ་ལས་བདུད་རྩིས་གང་བ་ཞབས་གཡོན་པའི་མཐེ་བོང་ནས་རང་རྒྱང་རྒྱང་དུ་བྱུང་ནས། རང་དང་ནད་པའི་སྤྱི་བོའི་ཚངས་བུག་ནས་ཞུགས་པ་ལུས་ཐམས་ཅད་གང༌། སྡིག་པ་དང་སྒྲིབ་པ་ནག་ནུ་རུ་རུ་སོལ་ཁུ་ལྟར་རྐང་མཐིལ་དང་འོག་སྒོ་ནས་ཐོན། །ས་རིམ་པ་དགུའི་འོག་ཏུ་སོང་བས་འཆི་བདག་ལས་ཀྱི་གཤིན་རྗེ་ཁ་གདངས་པའི་ནང་དུ་སོང༌། དྲི་ཁུ་དེས་གཤིན་རྗེ་ངོམས་ཤིང་ཚིམ་པར་བསྒོམ་ཞིང༌། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །འཇམ་དཔའ་སྨྲ་སེང་ཨཱརྻ་དེ་བ་དང༌། །དམ་པ་རྒྱ་གར་ཨ་མ་ལབ་ཀྱི་སྒྲོན། །ཁམ་བུ་ཡ་ལེ་གྲུབ་ཆེན་ཡེ་ཤེས་འབར། །གནམ་མཚོ་བ་དང་རང་བྱུང་གཡུང་སྟོན་ཞབས། །རོལ་པའི་རྡོ་རྗེ་དར་རྒྱལ་མཁའ་སྤྱོད་དབང༌། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང༌། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང༌། །སངས་རྒྱས་མཉན་པ་འཇིགས་མེད་མི་བསྐྱོད་བཟང༌། །མཚུངས་མེད་རྒྱལ་བ་དཀོན་མཆོག་ཡན་ལག་དང༌། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་སོགས། །གྲུབ་ཐོབ་གཅོད་ཡུལ་བརྒྱུད་པ་བྱིན་རླབས་ཅན། །བྱིན་རླབས་ཅན་གྱི་བླ་མ་མ་གཅིག་ལ། །གསོལ་བ་འདེབས་སོ་ཡུམ་ཆེན་མོས་བྱིན་གྱིས་རློབས། ཐམས་ཅད་དམ་ཚིག་རྗེས་མ་ལན་གསུམ། ཕཊ྄་ཕཊ྄་ཕཊ྄། གོང་གི་དམིགས་པ་མ་ཟིན་བར་དུ་བརྗོད། ཕཊ྄་རིང་ལ་འཇམ་པའོ། །དེ་ནས་ནམ་མཁའི་ལྷ་ཚོགས་འོད་དུ་ཞུ་ནས་རང་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དང་ནད་པ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསྒོམ་ཞིང༌། ཐུབ་དབང་མ་གཅིག་འཁོར་བཅས་རྣལ་འབྱོར་མར། །ཆུ་ལ་ཆུ་བཞག་ཐིམ་པས་རང་གི་རིག །སྤྲོས་བྲལ་མ་བཅོས་ངང་དེར་


LT23_Page_132B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེན་པར་བུད། ཞེས་པས་རང་རྡོ་རྗེ་རྣལ་འབྱོར་མ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་ཡལ། ནད་པ་ཡང་སྟོང་པར་ཡལ་ནས་སྟོང་ཉིད་ངང་ཅི་གནས་སུ་མཉམ་པར་བཞག་གོ །ཉམས་རྟོག་མི་གསལ་བ་དང་རྣམ་རྟོག་འཕྲོ་ན། ཕཊ་ཕཊ྄་བརྗོད་ལ་ངར་བསྐྱེད། བེམ་རིག་གྲོལ་ལ་རང་ཕག་མོས་གྲི་གུག་ཆད་པས། པགས་པ་བཤུས་པས་སྟོང་གསུམ་ཁྱབ། ཤ་ཁྲག་གིས་འཇིག་རྟེན་གང་བ་ལྷ་འདྲེ་ཐམས་ཅད་ཀྱིས་ཟོས་འཐུང་ངོམས་ཤིང་ཚིམ་པར་བསྒོམ་ཞིང༌། ཕཊ། རང་རིག་རྡོ་རྗེ་རྣལ་འབྱོར་མ་རུ་ཤར། །རང་ལུས་གཡང་གཞི་སྟོང་གསུམ་ཚད་དུ་གྲུབ། །ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་དང༌། །རུས་པའི་གྲམ་ཁྲོད་ཨཱོཾ་དང་ཨཱཿཧཱུྃ་གིས། །ཟག་མེད་བདུད་རྩིའི་ངོ་བོར་ལྷུན་གྱིས་གྲུབ། དམིགས་པ་མ་ཟིན་བར་དུ་ཕཊ྄་མང་དུ་བརྗོད། དེ་ནས་རྐང་དུང་ལག་གཡོན་མཐིལ་དུ་ལན་གསུམ་བརྡབ་པས་འབྱུང་པོ་ཕྲ་མོ་རྣམས་མ་སྐྲགས། མ་སྔངས། མ་འབྲོས་ཤིག་ཟེར་བར་བསམས་ལ། རྐང་དུང་ལན་གསུམ་བུས་པས་སྲིད་རྩེ་ནས་མནར་མེད་ཡན་ཐམས་ཅད་ཉོན་ཅིག །ཐམས་ཅད་འདིར་འདུས་ཤིག །མྱུར་དུ་འདུས་ཤིག་ཟེར་བའི་སྦྲ་སྐད་དུ་གྱུར་པར་བསམས་ལ་སྐད་ཆེ་ལ་རིང་བས་འབོད་པའི་ཚུལ་དུ། འཻ། མཐོ་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི། །སྣང་སྲིད་ཀྱི་ལྷ་འདྲེ་གནས་གདོན་དང༌། ལུས་གདོན་དང་འབྱུང་པོ་ལོག་འདྲེན་ཀུན། སྐད་ཅིག་འདིར་རིངས་པར་འདུས་མཛོད་དང༌། བདག་འབྱུང་འདུས་ཀྱི་ཕུང་པོ་ནམ་ཡང་འཇིག །ཐོག་མེད་ནས་སྐྱེ་ཤིའི་ལུས་པོ་རྣམས། །དོན་མེད་དུ་འཁོར་བའི་གནས་སུ་ཟད། །ད་རེས་ཀྱི་ལུས་འདི་ཅིས་ཀྱང་གཏོང༌། །སྔོན་ལས་ངན་གྱི་འབྲས་བུ་གནོད་བྱེད་ཀྱི། །གདོན་ཁྱེད་རྣམས་བདག་གི་ལུས་པོ་འདི། །དེ་རིང་ཁམ་བུ་བརྒྱ་དང་སྟོང་དུ་ཟོ། །རོ་སྟོད་འདི་སྟེང་གི་ལྷ་བརྒྱད་ཀྱིས་ཁྱེར། །རོ་སྨད་འདི་འོག་གི་ཀླུ་བརྒྱད་ཀྱིས་ཁྱེར། །དོན་སྙིང་འདི་སྲིན་སྡེ་བརྒྱད་ཀྱིས་ཁྱེར། །དབང་པོ་ལྔ་སྣང་སྲིད་ཀྱི་ལྷ་འདྲེས་ཁྱེར། །རི་རྩེ་དང་ཐང་ཆེན་གྱི་དཀྱིལ་ན་ཁྱེར། །ལམ་མདོ་དང་ཆུ་བོའི་གཞུང་ན་ཁྱེར། །མཚོ་གཏིང་དང་བསྐལ་མེའི་ནང་དུ་སྲེགས། །ད་ཤ་ཁྲག་རུས་གསུམ་དོན་སྙིང་ནང་རོལ་དང༌། །ལྤགས་ཀླད་པ་དང་ཚིལ་


LT23_Page_133A
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞག་རྐང་དང༌། ཤ་དུམ་དང་ཁྲག་ཐིགས་སྐྲ་ཉག་གཅིག །དེ་མ་ལུས་པར་མྱུར་དུ་ཁྱེར་བར་གྱིས། དམིགས་པ་མ་ཟིན་བར་དུ། ཕཊ྄་ཕཊ྄་ཕཊ་ཅེས་དྲག་ཏུ་བརྗོད་དོ། །འདིའི་མཚམས་སུ་དམར་འགྱེད་ཀྱི་དམིགས་པ་གཞན་གང་ཤེས་ཡིད་ཀྱིས་བསྒོམས་ལ་ཕཊ྄་བགྲང༌། གཞན་མེད་ཀྱང་ལན་མང་དུ་བསྒོམ་པས་འཐུས་སོ། །དེ་ནས་དབང་ཆུང་མ་ཐོབ་པ་རྣམས་ལ་དེའི་ལྷག་རོལ་ཐམས་ཅད་བྱིན་པས་ངོམས་ཤིང་ཚིམ་པར་བསྒོམ་ཞིང༌། དེ་ལྟར་ལུས་བྱིན་པའི་དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོའོ་བསམ་ཞིང༌། ཕཊ྄། སྔ་མ་ལ་མ་ཐོབ་ཅིང་ཕྱི་མ་ལ་དབང༌། །ཉམས་ཆུང་ཅེར་ལྟ་ཀྲོག་ཉན་དུང་ངེ་སྡུག །དེ་ཀུན་ཀྱང་ཟོ་ཞིག་ཚིམ་པ་རུ་ཁྱེར། །དགེ་བ་འདི་སེམས་ཅན་གྱི་དོན་དུ་བསྔོ། །ཞེས་དམིགས་པ་མ་གསལ་བར་དུ། ཕཊ྄་ཕཊ྄་ཕཊ྄་བརྗོད། དེ་ནས་ལུས་ཚོགས་འཁོར་དུ་འབུལ་བ་ནི། རྣམ་ཤེས་སྤར་ནས་རང་སེམས་རྡོ་རྗེ་ཕག་མོར་གྱུར་པའི་གྲི་གུག་ཚད་ཙམ་གྱིས་བེམ་པོའི་ཐོད་པ་བྲེག་པའི་ནང་དུ་བེམ་པོ་བཅུག །ལུས་སིལ་བུར་གཏུབ། འོག་ཏུ་ཐོད་སྒྱེད་གསུམ་གྱི་བར་ནས་མེ་འབར་བས་ཤ་ཁྲག་ཞུ་ཞིང་ཁོལ་བས་ཡེ་ཤེས་ཀྱི་བདུད་རྩི་ཨ་ཧཾ་བྱང་སེམས་དཀར་དམར་གྱི་ངོ་བོ། །རོ་བརྒྱ་དང་ལྡན་པའི་རྒྱ་མཚོར་གྱུར་པའི་རང་གི་ཐུགས་ཀ་ནས་མཁའ་འགྲོ་མ་ཕྱག་ན་བྷནྡྷའི་སྐྱོགས་བཟུང་བ་གྲངས་མེད་པ་འཕྲོས་ནས་ནམ་མཁའ་བར་སྣང་ཁྱབ་པའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་འཇིག་རྟེན་སྐྱོང་བ། འགྲོ་བ་རིགས་དྲུག་གནོད་བྱེད་ལན་ཆགས་སོགས་མགྲོན་ཐམས་ཅད་མཆོད་པས་མཉེས་ཤིང་ཚིམ་པར་བསྒོམ་ཞིང༌། ཕཊ། རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རུ་ཤར། །རང་ལུས་འདི་ཐོད་པའི་ནང་རོལ་དུ། །རང་ལུས་འདི་དུམ་བུ་སིལ་བུར་གཏུབ། །ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་གྱུར། །དོན་བརྒྱུད་ལྡན་གྱི་སངས་རྒྱས་རྡོ་རྗེ་འཆང༌། །བཀའ་བརྒྱུད་ཀྱི་བཀའ་བབས་མ་འཕྱུགས་པའི། །རྗེ་ཀརྨ་པཀྴིའི་ཞལ་དུ་འབུལ། །དཔལ་འཁོར་ལོ་བདེ་མཆོག་རྣལ་འབྱོར་མ། །རྒྱུད་སྡེའི་ལྷ་ཚོགས་ཀྱི་ཞལ་དུ་འབུལ། །དཔལ་བེར་ནག་ཅན་དང་ཕྱག་བཞི་ཕྱག་དྲུག་སོགས། །ཆོས་སྐྱོང་བའི་སྲུང་མའི་ཞལ་དུ་འབུལ། །ཉན་ཐོས་དང་རང་རྒྱལ་བྱང་སེམས་ཀྱི་ཚོགས།


LT23_Page_133B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་དཀོན་མཆོག་རྣམས་ཀྱི་ཞལ་དུ་འབུལ། །དགེ་བ་འདིས་དམྱལ་བ་ཡི་དྭགས་དང༌། །དུད་འགྲོ་དང་ལྷ་ཀླུ་མི་སོགས་ཀྱི། །བདག་ལུས་འདི་ཟད་མེད་ཀྱི་དགོས་དགུར་ཤོག །བགེགས་རིགས་སུ་གྱུར་པ་སྟོང་བརྒྱད་ཅུ། །བྱིས་པའི་གདོན་ཆེན་བཅོ་བརྒྱད་ཀྱི། ཕོ་མོ་དང་ནད་རིམས་ཡམས་ཀྱི་བདག །གྲི་བོ་དང་ཐེའུ་རང་ཕོ་མོའི་གདོན། །ལན་ཆགས་ཀྱི་ལས་འབྲེལ་གང་ཡོད་ལ། །དགོས་འདོད་ཀྱི་མཁོ་དགུར་གྱུར་ནས་ཀྱང༌། །ཟད་མེད་ཀྱི་ལོངས་སྤྱོད་ཐོབ་པར་ཤོག །དམིགས་པ་མ་ཟིན་བར་དུ་ཕཊ྄་ཕཊ྄་ཕཊ྄་ཅེས་གྲངས་ཀ་མེད་པས་ཕཊ྄་བརྒྱ་མ་ཟེར་རོ། །དེ་ནས་བྱང་ཆུབ་སེམས་ཀྱི་འཇམ་གཅོད་གཏོང་ལེན་གྱི་དམིགས་པ་དངོས་ནི། དེ་ལྟར་ལུས་ཚོགས་སུ་ཕུལ་བས་སེམས་ཅན་ཐམས་ཅད་ལ་མ་དང་བུའི་འདུ་ཤེས་བྱམས་སྙིང་རྗེ་དབང་མེད་དུ་སྐྱེས་པར་བསྒོམ་ཞིང༌། ཁྱད་པར་གནོད་བྱེད་གདོན་བགེགས་ཐམས་ཅད་ལ་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབ་ཀྱིས་བསྡུས་ནས་རང་ལ་བསྟིམ་པས་སྡུག་བསྔལ་ཐམས་ཅད་དང་བྲལ། རང་གི་དགེ་རྩ་དང་བདེ་སྐྱིད་ཐམས་ཅད་གནོད་བྱེད་ཀྱིས་བཙོ་བྱས་སེམས་ཅན་ཐམས་ཅད་ལ་ཐིམ་པས་བདེ་སྐྱིད་ཆད་མེད་པ་དང་ལྡན་པར་བསྒོམ་ཞིང༌། དེ་ཐོབ་ནས་མ་རྒན་སྨྱོན་པ་རྣམས། །འཁྲུལ་སྣང་གི་གདོན་ཚུལ་མི་སྟོན་པར། །བུ་ཡིན་ལ་ཡིན་བཞིན་གྱི་བྱམས་པ་དང༌། །བཟོད་གླགས་མེད་ཀྱི་སྙིང་རྗེ་སྐྱེས་གྱུར་ནས། །རྒྱུད་བྱང་ཆུབ་སེམས་སུ་འགྱུར་བར་ཤོག །གནོད་བྱ་དང་གནོད་བྱེད་གཏོང་པོ་དང༌། །ལེན་པོ་རུ་གྱུར་པའི་སེམས་ཅན་ཀུན། །ཕན་ཚུན་དུ་མ་བུའི་སེམས་ལྡན་ཞིང༌། །སྡིག་སྒྲིབ་དང་ཉེས་པ་བསལ་རེས་ཀྱིས། །འགྲོ་སྲིད་པ་ལ་མི་གནས་ཐབས་སུ་ཤོག །ལར་གནོད་བྱེད་ལ་ཉེས་ཚོགས་ཅི་ཡོད་པ། །ང་གནོད་བྱའི་སྟེང་དུ་འབབ་པར་ཤོག །ང་གནོད་བྱ་ལ་བདེ་བ་ཅི་ཡོད་པ། །ཁྱོད་གནོད་བྱེད་ཀྱི་སྟེང་དུ་འགྲོ་བར་ཤོག །དེ་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག །ཕཊ྄་ཕཊ྄་ཕཊ྄། ཅེས་དམིགས་པ་མ་ཟིན་བར་དུ་བརྗོད། །དེ་ནས་དཀར་འགྱེད་དཀོན་མཆོག་འབངས་ཀྱིས་ཚིགས་ལྷུགས་སུ་གསུངས་པ་ངག་ཏུ་འདོན་བདེ་ཕྱིར་ཚིགས་སུ་བཅད་པ་བྱ་བ་ནི། ཕཊ། རང་རིག་རང་ལུས་ནས་ཐོན་ཌཱ་ཀི་


LT23_Page_134A
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། །རང་ལུས་བདུད་རྩི་རོ་མཆོག་བརྒྱ་དང་ལྡན། །དཀར་ཟླུམ་རི་རབ་ཙམ་དུ་གྱུར་པ་འདི། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་མགོན་པོ་ཡོན་ཏན་མགྲོན། །ལྷ་སྲིན་སྡེ་བརྒྱད་ལན་ཆགས་བུ་ལོན་མགྲོན། །འགྲོ་བ་རིག་དྲུག་བྱམས་དང་སྙིང་རྗེའི་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམ་ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། ཕཊ྄་འཇམ་ལ་རིང་བ་དམིགས་པ་མ་ཟིན་བར་དུ་བརྗོད། །དེ་ནས་སྒྲིབ་སྦྱང་ནག་འགྱེད་ནི་གཞུང་དུ་དམིགས་པ་གསུངས་པས་ཚིགས་སུ་བཅད་པ་ནི། ཕཊ། རང་བྱུང་བྷནྡྷ་སྟོང་གསུམ་མཉམ་པའི་ནང༌། །རང་ངམ་ནད་པ་གནས་པའི་བར་སྣང་ན། །མ་ཅིག་ལབ་སྒྲོན་བཞེངས་སྟབས་བཞུགས་པ་ཡི། །སྐུ་ལས་ཟག་མེད་བདུད་རྩིའི་རྒྱུན་བབས་པ། །སྤྱི་བོ་ནས་ཞུགས་ནད་གདོན་སྡིག་སྒྲིབ་དག །ཁྲུས་ཁུས་བྷནྡྷ་ལྟེམ་གྱིས་གང་བ་དེ། བདུད་རྩིར་མི་བསྒྱུར་རྩུབ་ལུགས་ཡིན། ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །གནོད་ཅིང་འཚེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས། །འཐུང་བས་དགའ་མགུ་ངོམས་ཤིང་ཚིམ་པར་གྱུར། ཕཊ྄་ཕཊ྄་ཕཊ྄། དམིགས་པ་ལན་མང་དུ་བྱའོ། །འདི་ཡན་རྒྱུན་དུ་བྱས་ཀྱང་ཚོགས་རྫོགས་ལ། །ཆགས་མེད་མ་ཐོན་ཀྱང་ནམ་དགར་རུང་སྟེ། དུས་ནི་ཉི་མ་ནུབ་ནས་གཟུང་མཚན་མོ་ལ་ལེགས། རྟགས་ཐོན་བྱེད་ན་ཐུན་དྲུག་གམ་བཞི་མ་བྱའོ། །དེ་ནས་རང་གཞན་ལ་ནད་གདོན་དྲག་པོ་ཡོད་ནས་བདག་དྲུག་སྦྱོར་དང་གདན་ཚོགས་དགུ་མ་བྱེད་པ་ལ། དང་པོ་དབང་སྡུད་ནི། ཕཊ། རང་ཉིད་སྐད་ཅིག་གིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་རྣམ་པར་གཙིགས་པ། སྤྱན་གཡས་ཉི་མའི་དཀྱིལ་འཁོར་དམར་ཀྱི་ལི་ལི་འཁོར་བ། གཡོན་ཟླ་བའི་དཀྱིལ་འཁོར་ངང་རྒ་ར་ར་འཁོར་བ། དབུས་ཉི་ཟླ་སྤེལ་མའི་དཀྱིལ་འཁོར་དམར་ནག་ཀྲུག་ཀྲུག་ཏུ་འཁྲུགས་པ། སྤྱི་གཙུག་ན་ཕག་ཞལ་ནག་པོས་ཕག་སྐད་


LT23_Page_134B
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་ལྟར་དུར་བ། གར་གྱི་ཉམས་དགུ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་ཅིང༌། ཕྱག་གཡས་མི་ལྤགས་ཀྱི་གཡང་གཞི་རྡེབ་པ། གཡོན་མི་རྐང་གི་གླིང་བུ་ཙེར་ཙེར་འབུད་པ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་པ། ལྟེ་བ་མན་ཆད་འདོད་ཁམས། །སྙིང་ག་མན་ཆད་གཟུགས་ཁམས། སྤྱི་བོ་མན་ཆད་གཟུགས་མེད་ཀྱི་ཁམས་སུ་ཡོད་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས། གནོད་ཅིང་འཚེ་བར་བྱེད་པའི་བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་འདུས། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། རྐང་དུང་དྲག་འབུད་གསུམ་བྱ། མདུན་གྱི་ནད་པ་དང་རང་གི་རྣམ་ཤེས་ནམ་མཁར་སྦྱར་བ་ནམ་མཁའ་དང་དབྱེར་མེད་དུ་བསྲེས་ལ། བེམ་བོ་ཆེ་ཞིང་ཚོ་བ་རི་རབ་ཙམ་དུ་བསྒོམ་པའི་ཕྱོགས་དྲུག་ཏུ་ས་བདག་དུག་སྦྱོར་བསྒོམ་པ་ནི་འདི་ལྟར་ཏེ། གཡས་སུ་རྒྱལ་པོའི་ངོ་བོ་བནྡེ་སག་ཞུ་ཅན་ལ་བནྡེའི་དམག་ཚོགས་ཀྱིས་བསྐོར་བ། གཡོན་དུ་འདྲེ་མོ་གཡུ་ཡི་རལ་པ་གསེར་གྱི་སྨིན་མ་དུང་གི་མཆེ་བ་ཅན་ལ་འདྲེ་མོའི་དམག་ཚོགས་ཀྱིས་བསྐོར་བ། མདུན་ཏུ་ས་བདག་གི་རྒྱལ་པོ་སྦལ་པ་ལག་པ་དགུ་པ་ལ་ས་བདག་གི་དམག་ཚོགས་ཀྱིས་བསྐོར་བ། རྒྱབ་ཏུ་དགེ་བསྙེན་ཆེན་པོ་ཉ་ལྕགས་ཀྱི་ཟེ་བ་ཅན་ལ་ཉའི་དམག་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཀླུ་བདུད་སྦྲུལ་མགོ་དགུ་པ་ལ་ཀླུ་རིགས་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། སྟེང་དུ་གཟའ་བདུད་ཀྱི་རྒྱལ་པོ་རཱ་ཧུ་ལ་ལ་གཟའ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། དེ་རྣམས་ཀྱི་ཕྱི་རོལ་དུ་སྣང་སྲིད་ཀྱི་ལྷ་འདྲེ་བཀའ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་གྱུར། ཕཊ྄་ཕཊ྄་ཕཊ྄། རྐང་དུང་ལན་གསུམ། ན་མོ་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང༌། །སྐལ་ལྡན་བདག་ལ་ཆོ་འཕྲུལ་སྟོན་བྱེད་པའི། །སྣང་ཞིང་སྲིད་པའི་ལྷ་འདྲེ་མ་ལུས་ཀུན། །ནམ་མཁའི་སྤྲིན་ཚོགས་བཞིན་ཏུ་འདུས་ལ་


LT23_Page_135A
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བར་སྣང་ཆར་པ་བཞིན་ཏུ་བོབ་ལ་ཤོག །ས་གཞིའི་རླུང་དམར་བཞིན་ཏུ་འཚུབས་ལ་ཤོག །ཁྱེད་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ལུས་ཕྱི་ཤ་གཟུགས་དྲུག་གི་མཆོད་པ་འབུལ། །བཀའ་ཕ་རོལ་ཕྱིན་དྲུག་ཐོབ་པར་ཤོག །ནང་ཆ་བུ་དགུ་ཡི་མཆོད་པ་འབུལ། །ཆོས་ཐེག་པ་རིམ་དགུ་ཐོབ་པར་ཤོག །དོན་སྙིང་ལྔ་ཡི་མཆོད་པ་འབུལ། །སྐུ་ལྔ་ཡེ་ཤེས་ཐོབ་པར་ཤོག །ཁྱེད་འདིར་ཚོགས་རྣམས་ལ་ལུས་འདི་མཆོད་པ་འབུལ། །ཁྱེད་རིངས་བ་རྣམས་ཀྱིས་རློན་པར་ཟོ། །མི་རིངས་པ་རྣམས་ཀྱིས་ཚོས་ལ་ཟོ། །སྔོན་མ་རྣམས་ཀྱིས་ཧབ་ཐོབ་གྱིས། །རྗེས་མ་རྣམས་ཀྱིས་ཇུར་མིད་གྱིས། །སེང་གེ་ཤ་ལ་རོལ་པ་བཞིན། །ཕུད་ལྷག་མ་མེད་པར་མཆོད་པ་བཞེས། །དམག་ཆེན་གྱིས་གནད་ཆེན་ཆོད་པ་བཞིན། །ཕུད་ལྷག་མ༴ བྱིས་ནག་ཆུ་ལ་རུབ་པ་བཞིན། ཕུད་ལྷག་མ་མེད་པར༴ རང་ཁྲོས་མའི་མཛུབ་གུ་གཡས་ལྔ་ངོ་བོ་ཁྲོས་མ་ལ་རྣམ་པ་ལྕགས་ཀྱི་སྤྱང་ཀི་སྔོན་པོ་ལྔ། གཡོན་ལྔ་ཟངས་ཀྱི་འཕར་བ་དམར་པོ་ལྔར་བསྒོམ། དེ་བཅུ་ལ་ཕུང་པོ་ལ་སྦར་ནས་ཤ་ཁྲག་དམར་ཆལ་ཆལ་གཏོར་ནས། ལྷ་འདྲེ་རྣམས་ཁ་གདངས་བའི་ནང་དུ་སོང་སྟེ་ཧབ་སྒྲ་དི་རི་རི་ཟོས་པར་བསྒོམས་ལ། དམིགས་པ་མ་ཟིན་པར་དུ་ལག་པ་གཉིས་ཀྱིས་ཕུང་པོ་ལ་སྦར་སྟོབ་དང་པད་ཀོར་བཅས་ཏེ་ཕྱིར་གཏོང་བའི་ཚུལ་བྱ་ཞིང་ཕཊ྄་ཕཊ྄་ཕཊ྄་ཅེས་དྲག་ལ་ཐུང་བར་བརྗོད་དོ། །ཧཱུྃ། བན་ཆེན་བརྒྱ་དང་བོན་ཆེན་སྟོང༌། །ཤན་པ་སྤུ་གྲི་ཐོགས་པ་འབུམ། །ལས་བྱེད་བསམ་གྱིས་མི་ཁྱབ་པ། །མི་འདིའམ་བདག་ལ་གནོད་བྱེད་ཀྱི་བྱད་མ། སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རང་ཞིང་ཚིམས་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་བྱད་ཁ་སྟོན་པའི་བན་བོན་གང་ཡིན་དང༌། ཤན་པ་ཅེས་པ་ནི་དེས་རྦད་པའི་བན་སྐྱོང་བོན་སྐྱོང་ལས་མཁན་ཐམས་ཅད་ཀྱི་ཁར་ཕུང་པོ་གཏོར་ནས་དགའ་མགུ་ཚིམས་ནས་གནོད་སེམས་ཞི་བར་བསྒོམས་ལ་ཕཊ྄་ཕཊ྄་ཕཊ྄་ཅེས་སྤར་སྟོབ་དང་གཏོར་ཚུལ་བྱ་སྟེ། བྱད་ཁ་ཆེ་ན་འདི་ལ་ཚར་ཅི་མང་བྱ་བ་གལ་ཆེ། རྒྱལ་པོ་བེ་ཀར་བེར་ནག་དང༌། །ཁྱི་སྐྱ་ཁྱི་དམར་བྱ་རྒན་དང༌། །སྲིད་པའི་འདྲེ་


LT23_Page_135B
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ལ་སོགས་དང༌། །གཙུག་ལག་ཁང་གི་གདོན་བཅུ་དང༌། །མི་འདི་ལ་གནོད་བྱེད་ཀྱི་རྒྱལ་འགོང་རྣམས། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རང་ཞིང་ཚིམས་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། ཅེས་བནྡེ་སག་ཞུ་ཅན་མང་པོ་རྒྱལ་འགོང་ཐམས་ཅད་ཀྱི་ངོ་བོར་གསལ་བའི་ཤ་ཁྲག་གཏོར་པས་ངོམས་ཤིང་ཚིམ་པར་བསྒོམ་པ་འདི་སྨྱོ་འབོག་སྲོག་རླུང་ཅན་རྒྱལ་པོས་གནོད་པ་ལ་ཅི་མང་ཞིག་གོ །དཔལ་ལྡན་ལྷ་མོ་ནག་མོ་དང༌། །བརྟན་མ་བཅུ་གཉིས་ལ་སོགས་དང༌། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང༌། །དམ་སྲི་ལྟེ་ཕུར་ནག་མོ་དང༌། །མི་འདི་ལ་གནོད་བྱེད་ཀྱི་འདྲེ་མོ་དང༌། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རང་ཞིང་ཚིམས་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། འདི་ཐིག་ལེ་འཛག་པའི་ནད་དང་སྨྱོན་པ་གླུ་ལེན་པ། ལྷ་འབབ་མ་ཐུབ་པར་སྨྱོ་བ། རིམས་དང་ནད་ངན་དང་རྒྱུ་གཟེར་སོགས་མོ་གདོན་ལ་འདི་ཁོ་ན་མང་དུ་བསྐྱར་རོ། །གཟའ་བདུད་ནག་པོ་མགོ་དགུ་དང༌། ཉི་མ་ལ་སོགས་གཟའ་བརྒྱད་དང༌། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། །བཀའ་སྡོད་གདོང་མོ་མཆེད་བཞི་དང༌། །མི་འདི་ལ་གནོད་བྱེད་ཀྱི་གཟའ་བདུད་དང༌། །སྤྱིར་སྣང་ཞིང་སྲིད་པའི་ལྷ་འདྲེ་དང༌། །སྒོས་གཉན་ས་འདིར་གནས་ཀྱི་ལྷ་འདྲེ་ལ། །ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་བསྔོས་པས། །ཁྱོད་དགའ་མགུ་རང་ཞིང་ཚིམས་གྱུར་ཅིག །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། ཅེས་གཟའ་ནད་ཅན་ལ་ལན་མང་དུ་བསྐྱར་ཞིང་བརྗོད། ཀླུ་བདུད་ནག་པོ་མགོ་དགུ་དང༌། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང༌། །དམངས་རིགས་གདོལ་པ་ལ་སོགས་པ། །དགའ་བོ་འཇོག་པོ་དུང་སྐྱོང་དང༌། །ཉེ་དགའ་ལ་སོགས་ཀླུ་རིགས་རྣམས། །མི་བདག་ལ་གནོད་བྱེད་ཀྱི་ཀླུ་དམག་དང༌། །སྤྱིར༴ སྒོས༴ ལུས༴


LT23_Page_136A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད༴ མཆོག་གི༴ ཕཊ྄་ཕཊ྄་ཕཊ྄། ཅེས་ཀླུ་ས་བདག་གི་ནད་དང་གནོད་པ་ཅན་ལ་དེ་ཁོ་ན་བསྐྱར། དེ་ཡང་ཀླུ་ནག་ཕྱོགས་ལ་ཤ་ཁྲག་དེ་རང་དང་དཀར་ཕྱོགས་ལ་བདུད་རྩིའི་ངོ་བོར་དམིགས་པར་བྱའོ། །བདུད་རྗེ་ནག་པོ་བཀྲག་མེད་དང༌། །བདུད་པོ་རེ་ཏེ་མགོ་ཡག་དང༌། །ཁམས་པ་མི་ཟན་ལ་སོགས་དང༌། །མི་འདི་ལ་གནོད་བྱེད་ཀྱི་བདུད་དམག་དང༌། །སྤྱིར༴ སྒོས༴ ལུས༴ ཁྱོད༴ མཆོག་གི༴ ཕཊ྄་ཕཊ྄་ཕཊ྄། ཅེས་པ་ལྗི་ཞིང་འཐིབས་པའི་ནད་ཐམས་ཅད་ལ་མི་རིང་ནག་པོ་ཐང་ཤིང་ཙམ་མི་ནག་རྟ་ནག་གི་དམག་ཚོགས་ཀྱི་ཁར་ཤ་ཁྲག་གཏོར་པའི་དམིགས་པ་མང་དུ་བྱའོ། །བཙན་རྗེ་ཤུ་བ་སྲོག་ལེན་དང༌། །བཙན་རྒོད་ཧུར་བ་སྡེ་བཞི་དང༌། །མགྱོགས་པའི་རྐང་བརྒྱད་ཁ་ཤོ་དང༌། །ཁ་བཞི་གདོང་བརྒྱད་ལ་སོགས་པ། །མི་འདི་ལ་གནོད་བྱེད་ཀྱི་བཙན་དམག་རྣམས། །སྤྱིར༴ སྒོས༴ ལུས༴ ཁྱོད༴ མཆོག་གི༴ ཕཊ྄་ཕཊ྄་ཕཊ྄། ཅེས་མི་དམར་རྟ་དམར་དམག་དང་མི་རེར་དམར་པོ་ཟངས་ཀྱི་སྦུ་གུ་ཐོགས་པ་ལ་སྦྱིན། ཟངས་ཀྱི་སྦུ་གུས་གློ་བའི་རྣག་ཁྲག་ཐམས་ཅད་འཇིབ་པར་བསྒོམ། བཙན་གྱི་གནོད་པ་དང་གློ་ནད་ཅན་ལ་འདི་མང་བཅུག །དམ་སྲི་མེ་སྟག་དམར་པོ་དང༌། །སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང༌། །ཆུང་སྲི་གནོད་བྱེད་རྨུགས་འདྲེ་དང༌། །མི་འདི་ལ་གནོད་བྱེད་ཀྱི་དམ་སྲི་རྣམས། །སྤྱིིར༴ སྒོས༴ ལུས༴ ཁྱོད༴ མཆོག་གི༴ ཕཊ྄་ཕཊ྄་ཕཊ྄། ཟ་འདྲེ་ཚེ་འདས་ཀྱི་གཟུགས་བཟུང་བ། །དམ་སྲི་བཙུན་གཟུགས་མགོ་སྟེ། ཆུང་སྲི་བྱིས་པའི་གཟུགས་ཅན་གཅེར་བུ་རྣམས་ལ་བྱིན་པས་ཤ་ཁྲག་གི་ནང་དུ་སྐ་ཚགས་ནུབ་པར་བསྒོམ། གཤེད་ཁ་དང་ཤི་ཁ་བྱེ་བ། བྱིས་པའི་ཆུང་སྲི་ལ་འདི་ཅི་མང་བསྒོམ། རྡོ་རྗེ་ལེགས་པ་མན་ཆད་ནས། །ཐེའུ་རང་ཕྲན་བུ་ཡན་ཆད་དང༌། །མང་སྣ་ཨུ་བེར་འཁོར་བཅས་དང༌། །ཐེལ་མོ་རྣ་ཟླུམ་ལ་སོགས་པ། །མི་འདི་ལ་གནོད་བྱེད་ཀྱི་ཐེའུ་རང་དང༌། །སྤྱིར༴ སྒོས༴ ལུས༴ ཁྱོད༴ མཆོག་གི༴ ཕཊ྄་ཕཊ྄་ཕཊ྄། བུ་ཚ་བུ་མོར་སླག་ཅན་ཤ་སྔོ་བ་མང་པོ་ལ་བྱིན་ཏེ། ཕོ་ལྷོག་དང་གླང་ཐབས་དང་ཐིག་ལེ་འཕྲོག་པའི་ནད་ལ་མང་དུ་བྱའོ། །དེ་ལྟ་བུའི་ལུས་སྦྱིན་ཞག་གསུམ་ཡན་ཚར་ནས་


LT23_Page_136B
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་རྗེས་གཅོད་མཐའ་གཏད་དམིགས་པ་འདི་བྱ། ཤ་ཁྲག་གིས་འགྲང་བས་ལྷ་འདྲེ་གཅིག་གིས་གཅིག་ལ་ཞེ་སྡང་སྐྱེས་ནས་ཆེ་བས་ཆུང་བ་ཐམས་ཅད་ཟོས། གཙོ་བོ་དྲུག་པོ་གཅིག་གིས་གཅིག་ཇུར་མིང་དུ། གཡོན་གྱི་འདྲེ་མོ་གཡས་ཀྱི་རྒྱལ་པོས་ཟོས། གཡས་ཀྱི་རྒྱལ་པོ་སྟེང་གི་རཱ་ཧུ་ལས་ཟོས། རཱ་ཧུ་ལ་རྒྱབ་ཀྱི་དགེ་བསྙེན་ཉ་ནག་མདངས་ཀྱིས་ཟོས། ཉ་མདུན་གྱི་ས་བདག་རུ་སྦལ་ཆེན་པོས་ཟོས། ས་བདག་འོག་གི་ཀླུ་བདུད་ཀྱིས་ཟོས། །ཀླུ་བདུད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་སྟོང་ཉིད་ཐུན་གཅིག་བསྒོམ། སྙིང་རྗེ་ཆེན་པོ་ཐུན་གཅིག་བསྒོམ། འདི་གཉན་ཅིང་ཉེས་པ་ཆེ་བས་མཐའ་གཅོད་ལན་རེ་ཙམ་ལས་མི་རུང་ངོ༌། །རྒྱུན་དུ་རུང་བའི་བསྟབས་པ་ནི། །ནད་པའི་ཕུང་པོ་ཤ་ཁྲག་འཇིག་རྟེན་གང་བ་ལ་ནད་འདྲེ་གཅོད་ཕྱི་ལུས་གདོན་ཐམས་ཅད་ཐིམ་པར་དམིགས་ལ། རང་ཁྲོས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མཁའ་འགྲོ་མ་དཀར་སེར་དམར་ལྗང་གྲི་ཁུག་ཐོད་ཁྲག་ཅན་ཁྲོ་མོ་ཁྱད་པར་ཕལ་ཆེར་ཁྲོས་མ་ནག་མོའི་སྐུ་དཔག་ཏུ་མེད་པས་ཤ་ཁྲག་བསྟབས་པས་ལྷ་འདྲེ་མང་པོ་འཁོར་དང་བཅས་པས་ཤ་ཁྲག་ནད་གདོན་དང་བཅས་དབྱེར་མེད་པ་ཧབ་ཏི་རི་རི་ཟོས་ནས་ལྷག་མ་མེད་པར་བསྒོམ་ཞིང༌། མ་གིང་ཆེན་གིང་ཆུང་ལྕམ་དྲལ་བཅས། །ཧབ་སྒྲ་ཕཊ྄་སྒྲ་ཏི་རི་རི། །དྲག་པོའི་རྐན་སྒྲ་ཆེམས་སེ་ཆེམ། །ཤ་ཟན་ཅབ་སྒྲ་ཏི་རི་རི། །ཁྲག་འཐུང་ཧུབ་སྒྲ་ལྡི་རི་རི། །རྐང་བརྡུང་ལྷ་བ་ལྗིབས་སེ་ལྗིབ། །རུས་མུར་སོ་སྒྲ་ཁྲ་ལ་ལ། །དགྱེས་པའི་གད་མོ་ཤ་ར་ར། །མགུ་བའི་གླུ་ལེན་ཀྱུ་རུ་རུ། །མ་འདིར་གཤེགས་ཁྲག་གི་ལུས་མཆོད་འདི། །སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ། །སྣང་སྲིད་ལྷ་འདྲེས་བཞེས་ནས་ཀྱང༌། །འདོད་ཡོན་ལྔ་ཡིས་ཚིམ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། ཅེས་པ་འདི་ནི་ནད་པ་གདོན་ཆེན་ལ་ནན་དུ་བསྒོམས་པས་ཤིན་ཏུ་ཟབ་བོ། །དེ་ལྟར་ཟང་ཟིང་གི་གཙོ་བོ་ལུས་བྱིན་ནས། ད་ཆོས་ཀྱི་སྦྱིན་པ་ནི། རང་ཉིད་ཁྲོས་མ་གནས་འགྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་རི་རབ་ཙམ་དུ་གྱུར་པའི་མདུན་དུ་ལྷ་འདྲེ་འབྱུང་པོ་གནོད་བྱེད་ཐམས་ཅད་དད་གུས་ཀྱིས་ཐལ་མོ་སྦྱར་ནས་ཆོས་ཉན་པར་བསྒོམས་ལ། ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་


LT23_Page_137A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །གཞན་གྱི་སེམས་ནི་དཀྲུགས་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཕཊ྄་ཕཊ྄་ཕཊ྄། ད་བྱང་ཆུབ་ཀྱི་ལམ་སྟོན་པ་ནི། ན་མོ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བར་ཆད་མེད་པའི་ལམ་བགྲོད་ནས། །མ་ཡུམ་ཆེན་གྱི་གོ་འཕང་ཐོབ་པར་ཤོག །ཕཊ྄་ཕཊ྄་ཕཊ྄། བདག་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས། །གནོད་བྱེད་ལྷ་འདྲེ་ཐམས་ཅད་ལ་ཕོག་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་ནས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ་ཡིག་དྲུག་འུར་ཏི་རི་རི་འདོན་ཅིང་རང་ལ་བསྐོར་བ་བྱེད་པར་བསྒོམ། དམིགས་པ་མ་ཟིན་བར་དུ་ཕཊ྄་བརྗོད་དེ། ཕོག་ཐུག་ཤོར་བ་ལ་འདི་ནན་ཏན་དུ་བསྒོམ་པར་བྱ་ཞིང༌། དེ་ནས་བསྲེ་བ་བྱ་སྟེ། གོང་དུ་བེམ་རིག་ཕྲལ་དུས་བདག་ལུས་དང་ནད་པའི་ལུས་བསྲེས་ནས་བདག་གི་རྣམ་ཤེས་དང་ནད་པའི་རྣམ་ཤེས་དབྱེར་མེད་དུ་བསྲེས་ནས་སྤར་བ་དང་ལུས་སྦྱིན་སོགས་ཐམས་ཅད་གོང་ལྟར་བྱས་ན་ནད་པ་ལ་ཕན་ཆེ་སྟེ། རང་རྟོགས་པ་མཐོན་དེ་ལྟར་ལེགས་ཀྱི། རྟོགས་པ་འབྲིང་ཙམ་ཡོད་ན་ལུས་སོ་སོར་བཞག་ལ་རྣམ་ཤེས་གཅིག་ཏུ་བསྲེ། ལུས་སོ་སོར་མཆོད་སྦྱིན་བྱས་པར་དམིགས་སོ། །རྟོགས་པ་ཐ་མ་ལས་མེད་ན་ལུས་སོ་སོར་བཞག །རྣམ་ཤེས་སོ་སོར་ཕྲལ། རང་གི་རྣམ་ཤེས་མཁའ་འགྲོ་མར་བསྒྱུར། །ནད་པའི་རྣམ་ཤེས་ནམ་མཁར་བསྟིམ། །ལུས་སྦྱིན་ཚིག་གཅིག་གིས་མཆོད་སྦྱིན་ཆ་གཉིས་བྱེད་པ་ལེགས། དེ་མ་བྱས་ན་རང་ལ་གྲིབ་འགོས་པས་ནད་འབྱུང་བར་སྣང༌། དམིགས་པ་གསལ་ན་བདག་ལུས་ལྔ་བརྒྱ། ནད་པའི་ལུས་ལྔ་བརྒྱ་སྟེ། ལུས་སྦྱིན་ཚར་སྟོང་དུས་གཅིག་ལ་འགྲོ་བར་བསྒོམ་པ་མ་གཅིག་གིས་གསུངས་སོ། །ལུས་སྦྱིན་གོང་རྣམས་ཚར་རྗེས་ནམ་མཁའི་དབྱིངས་སུ་ཕ་དམ་པ་དང་མ་


LT23_Page_137B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་གྲུབ་ཆེན་ཀརྨ་པཀྴི་གསུམ་གསལ་བ་བསྒོམ། རང་དང་ནད་པའི་ལུས་སེམས་དང་ནད་གདོན་ཐམས་ཅད་དབྱེར་མེད་པར་ཨ་ཡིག་དཀར་པོ་གཅིག་བསྒོམ། དེ་ནམ་མཁའི་ཕ་དམ་པ་ལ་བསྟིམ། དམ་པ་མ་གཅིག་ལ་བསྟིམ། མ་གཅིག་ཀརྨ་པཀྴི་ལ་བསྟིམ། དེ་ནམ་མཁའ་ལ་བསྟིམ། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ་པར་བསྒོམས་ལ། ཕཊ། འཇིག་རྟེན་ན་ནད་དང་གདོན་གྱིས་ནོན་པ་དང༌། །སྔོན་ལས་ངན་གྱི་འབྲས་བུར་སྤྱོད་པ་རྣམས། །ཡར་ལྟོས་དང་དམ་པ་རྒྱ་གར་བཞུགས། །བློ་གཏོད་དང་མ་གཅིག་ལབ་སྒྲོན་བཞུགས། །ཡིད་ཆེས་ན་ཀརྨ་པཀྴི་བཞུགས། །ད་ཐེ་ཚོམ་མེད་པར་ཐག་ཆོད་ལ། །ཁྱོད་རང་ལུས་དང་རང་སེམས་དབྱེར་མེད་འདི། །ཆོས་སྐུ་སྐྱེ་མེད་ཨ་ཡིག་དཀར་པོར་གྱུར། །དེ་དམ་པ་ནག་པོའི་ཐུགས་ཀར་འཕོས། །བདུད་རྩི་འོད་ཟེར་དུ་ཡལ་ལ། །ཡེ་ཤེས་ལབ་མའི་ཐུགས་ཀར་འཕོས། །གཟི་བརྗིད་འོད་དུ་སྤུང་སེ་སྤུང༌། །འགྲོ་བ་སྡུག་བསྔལ་ཤར་དུས་སུ། །དམ་པ་ནག་པོས་བདེ་བར་བསྒྱུར། །ཨ་མ་ལབ་མས་དབྱིངས་ནས་སྤྱོད། ཞེས་པས་རང་དང་ནད་པ་དམར་མ་གཅིག་ཀརྨ་པཀྴི་གསུམ་དབྱེར་མེད་དུ་འདྲེས་པའི་ཐུགས་རྗེ་དང་བྱིན་རླབས་ཀྱིས་ན་ཚ་བདེ་སྟོང་དུ་བསྒྱུར་རྣམ་རྟོག་ཆོས་སྐུར་བསྒྱུར་བར་བསྒོམ། །ཡུམ་ཆེན་མོའི་ཐུགས་ཀྱིས་མ་བཟོད་ནས། །དོན་སྐྱེ་མེད་ནག་པོའི་སྙིང་རྗེ་འཕྲོས། །དུས་དེ་རིང་འགྲོ་དྲུག་གི་སྡུག་བསྔལ་བསལ། །གདུགས་དོ་ནུབ་ལ་སྡུག་བསྔལ་གྱི་ཆུ་བོ་ཆད། །ན་ཚ་དང་ཟུག་གཟེར་དབྱིངས་སུ་ཡལ། །སྐྲག་སྣང་དང་སྔངས་འཇིགས་ཀྱི་གཞི་རྩ་བྲལ། །ཞེན་མེད་ཀྱི་སྣང་བ་བན་ནེ་བུན། ཅེས་རང་སེམས་ཀྱི་ངོ་བོ་ལ་བལྟ་བྱ་དང་ལྟ་བྱེད་ཀྱི་འཛིན་པ་དང་བྲལ་བར་བལྟས་ལ། ནད་དང་གདོན་དང་སྡུག་བསྔལ་དང་སྐྲག་འཇིགས་གང་ཡང་མ་གྲུབ་སྟེ་ནམ་མཁའ་ལྟ་བུ། ལྷ་དང་འདྲེ་དང་བདེ་བ་སྡུག་བསྔལ་སྟོང་ཉིད་དུ་རོ་སྙོམས། དེའི་ངོས་ཤེས་ཀྱི་རྟོགས་པ་གདིང་མ་སྐྱེས་བར་དུ་ཚིགས་བཅད་ཝིག་ཅིང་ཕཊ྄་བརྗོད། དེ་ལྟར་སྣང་སྲིད་སྟོང་ཉིད་བདེ་བ་ཆེན་པོའི་དོན་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་ཤུགས་འབྱུང་དུ་སྙིང་རྗེ་དྲག་པོ་གཅིག་སྐྱེས་པས་སྙིང་རྗེ་དེས་རྐྱེན་བྱས་ཏེ་སྐད་ཅིག་ལ་ནམ་མཁའ་བར་སྣང་ཐམས་ཅད་ཕ་བརྒྱུད་གཅོད་ཡུལ་བརྒྱུད་པའི་བླ་མའི་ངོ་བོ་ལ་


LT23_Page_138A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དམ་པ་རྒྱ་གར་ཁོ་ནས་ཐམ་འགགས་རྣམ་འགགས་སུ་གང༌། ས་གཞི་ཐམས་ཅད་མ་བརྒྱུད་མཁའ་འགྲོའི་ངོ་བོ་མ་གཅིག་གིས་ཐམས་འགགས་སུ་གང༌། དེ་ཐམས་ཅད་སྐུ་གར་སྟབ་དང་ཌཱ་དྲིལ་ཁྲོ་ལོ་ལོ། གསུང་ཕཊ྄་སྒྲ་དི་རི་རི། སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་བྱས་པས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དང་ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་ལྷ་ཚོགས་ལ་ཐིམ། དེ་ཐམས་ཅད་ཕ་དམ་པ་ལ་ཐིམ། དེ་མ་གཅིག་ལབ་སྒྲོན་ལ་ཐིམ། དེ་བདག་དང་ནད་པ་ལ་ཐིམ་པས་དེ་ཡང་འཇའ་ཡལ་བ་ལྟར་སྟོང་ཉིད་དུ་གྱུར་པར་བསྒོམས་ལ་ཉམས་ལེན་ངོ་བོ་སྐྱོང་སྟེ། གཅོད་ཡུལ་གྱི་གྲུབ་ཐོབ་བརྒྱུད་པ་རྣམས། །སྟེང་ནམ་མཁའི་ཁམས་སུ་མ་ཤོང་ཞིང༌། །འོག་དོགས་མོའི་ས་ལ་མ་ཆུད་པར། །ཤེས་བྱ་ཐམས་ཅད་གཅོད་དུ་ཞུ། །གཅོད་ཀྱང་གནོད་བྱེད་ཀྱི་ངང་དུ་ཐིམ། །གནོད་བྱེད་སྟོང་པའི་རོལ་པ་ལ། །གནོད་རྒྱུ་མེད་ན་གནོད་བྱ་སྟོར། །ཕུང་པོ་ལ་བརྟེན་པའི་འཇིགས་པ་ཀུན། །དུས་དེ་རིང་ནས་ཡོད་སྙམ་མི་བགྱིད་དོ། །བཀའ་བརྒྱུད་བླ་མའི་རྫུ་འཕྲུལ་འདིས། །འགྲོ་ཀུན་གྱི་སྡུག་བསྔལ་ཐམས་ཅད་པ། །གཞི་མེད་དུ་གྲོལ་བའི་རྟོགས་ཐོབ་ནས། །སེམས་ཅན་ཀུན་གཏན་ཐར་གྱི་རྒྱུར་གྱུར་ཅིག །ཅེས་པས་བསྲེ་བའི་ཚིག་འདི་ཚར་ལྔ་བཅུ་ཐུན་རེ་ལ་བྱ་གསུངས་ཀྱང་གསུམ་བདུན་གང་ལྕོགས་དང༌། དམིགས་པ་ཚར་ལྔ་བཅུ་ཡང་བྱ་ཞེས་སོ། །འབུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པའོ། །དགེ་འདུན་རྗེས་སུ་དྲན་པའོ། །ནམ་མཁའ་རྣམ་པར་ཁྱབ་པའི་ཏིང་འཛིན་དང༌། ནམ་མཁའ་རྒྱས་པར་འགེངས་པའི་ཏིང་འཛིན་ཡོད་དོ། །ཞེས་དང༌། མ་གཅིག་རྡོ་རྗེའི་ཚིག་རྐང་ལས། བདག་དང་ནད་པ་གདོན་དང་གསུམ། གཉིས་མེད་གཅིག་ཏུ་བསྲེ་བའོ། །ཞེས་གསུངས་པའི་དོན་ཡིན་པས་དེའི་ངང་དུ་བཞག་པ་ལས་ཟབ་པ་མེད་མོད་ཀྱང་ཐ་མལ་པའི་རྣམ་རྟོག་འགག་པའི་ཕྱིར་རྣམ་ཤེས་བསྟིམ་ཞིང་བྱིན་རླབས་བྱ་བ་ནི། ཕཊ། ནམ་མཁའ་ནས་བླ་ཚེ་སྲོག་དབུགས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་གཅིག་མར་བྱུང༌། ཚངས་བུག་ནས་ཞུགས་སྙིང་དབུས་སུ་ཐིམ་པར་གྱུར། ཕཊ྄་ཕཊ྄་ཕཊ྄། དེ་ནས་ཕྲེང་བ་སྤྱི་བོར་བཞག་ལ། བླ་མ་བརྒྱུད་པ་དང་མ་གཅིག་


LT23_Page_138B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་རིམ་པས་བསྒོམ་ཞིང༌། ཆོས་སྐུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། འཇམ་དབྱངས་སྨྲ་བའི་སེང་གེ། རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྻ་དེ་བ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ། སྐུ་སྤྲུལ་བདེ་ཆེན་དཀར་མོ། །གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། །ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་སྣ་ཚོགས་མཐར་ཕྱིན། ཕ་བརྒྱུད་ཐབས་ཀྱི་བརྒྱུད་པ། མ་བརྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་བརྒྱུད་ཉམས་ཀྱི་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཐུགས་རྗེ་དང་ནུས་པ་བསྐྱེད་ཅིག །རྒྱུ་ལས་ངན་དང་སྡིག་སྒྲིབ་རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ་ཐམས་ཅད་ཐབས་ཟབ་མོ་འདི་ལ་བརྟེན་ནས་མྱུར་དུ་ཞི་བར་བྱིན་གྱི་རློབས་ཤིག །རྒྱུ་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་བྱིན༴ ནད་རླུང་དང་མཁྲིས་པ་བད་ཀན་གསུམ། །ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་ཞི༴ ཕུང་པོ་གཟན་དུ་བསྐྱུར་བར༴ གཟན་བསྐྱུར་ལམ་དུ་འགྲོ་བར༴ ཉག་གཅིག་རྩད་ནས་གཅོད་པར༴ ལུས་ཤ་ཁྲག་གི་མཆོད་སྦྱིན་ལམ་དུ་འགྲོ་བར་བྱིན༴ དངོས་མེད་ལྷ་འདྲེའི་འགྲོ་དོན་ནུས་པར༴ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར༴ འཆི་མེད་ཚེའི་རིག་འཛིན་ཐོབ་པར༴ ནད་མེད་བདེ་བའི་ལང་ཚོ་ཐོབ་པར་བྱིན་གྱིས་རློབས་ཤིག །ཕཊ྄་ཕཊ྄་ཕཊ྄། དེ་ནས་བསྔོ་བ་ནི། ལུས་ཤ་ཁྲག་གི་མཆོད་སྦྱིན་འདི་ཁར་རེག་པ་ཙམ་གྱིས། དྲི་ཚོར་བ་ཙམ་གྱིས། ན་བ་ཕན། ཤི་བ་སོས། རྒས་པ་དར། ཕོ་


LT23_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མཁའ་ལ་ཁྲི་གདུགས་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །ཕཊ྄་ཕཊ྄་ཕཊ྄། དེ་ནས་ནད་པ་སོགས་བསླངས་ལ་སྲུང་འཁོར་སོགས་ཕུད་པ་རྣམས་གྱོན་དུ་བཅུག་ལ་བཏང༌། དེ་འདྲ་ཞག་གསུམ་ལྔ་བདུན་སོགས་ཚར་རྗེས་གཅོད་དབང་བསྐུར་ཐོན་ན་ལེགས་ཤིང་ཕྱག་ལེན་ལ་ཡོད་དོ། །མཐོན་ཀྱང་རུང་ངོ༌། །ཞེས་དཀར་འགྱེད་དང༌། ནག་འགྱེད་གཉིས་ཚིགས་བཅད་དུ་ཕབ་པ་ཙམ་མ་གཏོགས་པ་ཚིགས་བཅད་ཐམས་ཅད་རྗེ་རང་བྱུང་བ་དང་མི་བསྐྱོད་རྡོ་རྗེའི་གསུང་བསླད་མེད་ཡིན་པས་བྱིན་རླབས་ཆེའོ། །ཕྱག་ལེན་གྱི་འགྲིགས་འདི་ཡང་དྲུང་ཀུན་དགའ་རྣམ་རྒྱལ་གྱི་དབོན་པོ་གཅོད་པ་ཀུན་དགའ་དབང་ཕྱུག་གི་ཕྱག་ལེན་རྒྱུན་ལྟར་ཡིན་ཅིང༌། དམིགས་པ་སོགས་དང་བྱིན་རླབས་ཀྱང་རང་གི་ཉམས་མྱོང་དང་གཅོད་གཞུང་ཆེན་པོ་རྣམས་ཀྱི་དགོངས་པ་དང་བསྟུན་ཏེ། རི་ཁྲོད་པ་རྣམས་ལ་ཕན་ཕྱིར་དང༌། སློབ་བུ་ཤཱཀྱའི་དགེ་ཚུལ་བྱམས་པའི་ཐུགས་དམ་བྱ་ཕྱིར། དགེ་སློང་རྣལ་འབྱོར་པ་རཱ་ག་ཨ་སྱས་སྒྲ་རྒྱལ་འབྲུག་གི་ལོ་ཐ་སྐར་ཟླ་བའི་ཚེས་གཅིག་ལ་བྲིས་པ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།


previousགདམས་ངག་མཛོད་པོད་བཅུ་གསུམ་པ། གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས།next