གདམས་ངག་མཛོད་པོད་བཅོ་ལྔ་པ།
དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ།
དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།། །།ཤ་བ་རིའི་གཞུང་ཆུང་གི་འགྲེལ་པའོ། །
རྒྱ་གར་སྐད་དུ། ཡོ་ག་ཥཊ་ཨཾ་ག་བྲྀ་ཏི་ཧྲི་ད་ཡཾ་པཎྜི་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །དེ་ལྟར་མཆོད་པར་བརྗོད་དེ་བཤད་པར་དམ་བཅས་ནས། དམ་བཅས་པའི་མན་ངག་ཉམས་སུ་བླང་བ་ལ་གཉིས་ལས། དང་པོ་ཉམས་སུ་བླང་བའི་ཚུལ་ལའང་གསུམ་ལས། མདོར་བསྟན་པ་ནི། དབང་པོ་ལྔས་ཡུལ་ལྔ་སོ་སོར་འཛིན་པའི་རྣམ་པར་རྟོག་པ་གཅོད་པ་དང༌། དུ་བ་ལྟ་བུ་ལ་སོགས་པའི་སྣ་ཚོགས་སྟོང་གཟུགས་མཐོང་བ་ལས་བསམ་པ་གཞན་དུ་མི་གཡོ་བར་གཏན་དུ་གནས་པ་དང༌། སྲོག་རླུང་གཡས་དང་གཡོན་ནས་རྒྱུ་བ་རྩོལ་བ་འགོག་པ་ལས་དབུ་མའི་ཐིག་ལེར་ཆུད་པ་དང༌། རླུང་དབུ་མར་ཆུད་པ་དེ་བཞིན་དུ་སྤྱི་གཙུག་ཧཾ་གི་ཐིག་ལེར་ཟིན་པ་དང༌། རླུང་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས་བྱང་སེམས་ཞུ་བ་དུས་མེར་ཞུགས་པའི་གཏུམ་མོའི་མེ་ལྟེ་བར་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པ་དང༌། ཕྱག་རྒྱ་ཆེན་མོ་སྟོང་གཟུགས་བསྟེན་པ་ལས་བྱུང་བའི་འགྱུར་མེད་བདེ་སྟོང་གི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་གཞི་སེམས་ཅན་གྱི་སེམས་ཉིད། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྣལ་འབྱོར་མས། འབྲས་བུ་རྟོག་མེད་ཀྱི་ཡེ་ཤེས་ཀྱི་སྐུས་སེམས་ཅན་གྱི་དོན་མཛད་པའི་སངས་རྒྱས་སུ་རྣལ་འབྱོར་པར་བྱེད་པའི་ཐབས་ཀྱི་ཡན་ལག་དྲུག་ཏུ་དཔལ་དུས་ཀྱི་འཁོར་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་ལས་གསུངས་སོ། །གཉིས་
པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པ་གསུམ་ལས། སོ་སོར་གཅོད་པའི་དོན་ནི། མིག་ལ་སོགས་པའི་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ལྔ་མི་ལེན་པའོ། །ཐབས་ལ་གསུམ་ལས། དང་པོ་ཉིན་མཚན་གྱི་རྣལ་འབྱོར་སྒོམ་པ་ལ་གཉིས་ལས། མཚན་མོའི་རྣལ་འབྱོར་སྒོམ་པ་ནི། དབེན་ཁང་མཚན་ཉིད་དང་ལྡན་པར། སྟན་བདེ་བ་ལ་འདུག་སྟེ། མི་གཡོ་གསུམ་ལྡན་གྱིས་སྒོམ་པར་བྱའོ། །དེ་ལ་ལུས་མི་གཡོ་བར་བཞག་པ་ནི། རྐང་པ་སྐྱིལ་ཀྲུང་བཅའ། རྒལ་ཚིགས་དྲང་པོར་བསྲང༌། ལག་པ་གཉིས་པུས་མོའི་སྟེང་དུ་བཀབ་པའམ། མཉམ་གཞག་གི་ཕྱག་རྒྱ་འཆའ། མགྲིན་པ་ཅུང་ཟད་དགུ་བར་བྱ་བའི་ལུས་མི་འགུལ་བར་གནས་ནས། མིག་འབྱེད་འཛུམས་མི་བྱེད་པར་སོ་མར་བཞག་པའི་མིག་འབྲས་མི་འགུལ་བར་ཧྲིག་གེ། སྣ་སྒོ་ནས་སོར་བཅུ་གཉིས་སམ་བཅུ་དྲུག་གི་ནམ་མཁར་བལྟ་སྟེ། དེ་སྐད་དུ། མིག་གཉིས་ཕྱེ་མ་བཙུམ་པས་ཞེས་གསུངས་སོ། །ངག་མི་གཡོ་བར་བཞག་པ་ནི། དབུགས་ཆེད་དུ་མི་བཟུང༌། ཆེད་དུ་ཕྱིར་མི་བཏང་བར་རང་སོར་བཞག་གོ །དེ་ལྟར་མ་བཞག་པས་རླུང་ནང་དུ་ཟིན་དྲགས་པའི་གེགས་ཚད་ནད་དང༌། ཕྱིར་བཏང་དྲགས་པའི་གེགས་གྲང་ནད་མི་འབྱུང་བའོ། །སེམས་མི་གཡོ་བར་བཞག་པ་ནི་སེམས་མ་བཅོས་གཉུག་མའི་ངང་དུ་ཤེས་པ་ད་ལྟར་བརྩེ་གཅིག་ཏུ་ཅིར་ཡང་མི་བསམ་པར་ལྷོད་གློད་ནས་མ་ཡེངས་པར་ཏིང་ངེ་འཛིན་ལ་གནས་པའོ། །དེ་ལ་བཞི་ལས།
ཤེས་པ་ད་ལྟར་པ་འཛིན་མེད་དུ་བཞག་པ་ནི། ལུས་མི་གཡོ་མི་འགུལ་བར་མིག་ཧྲིག་གེ་བཞག །ངག་མི་གཡོ་རྔམ་པ་རང་སོར་བཞག་ནས། སེམས་འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟར་བརྩི་བགྲང་མི་བྱ་བར། ཤེས་པ་ད་ལྟར་མ་བཅོས་གཉུག་མ་འཛིན་མེད་གྱི་ངང་ལ་མ་ཡེངས་པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང༌། དང་པོ་ཐོག་མཐའ་དང་བྲལ་ཞིང༌། །བར་མ་ཙམ་གཅིག་བསྟན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལ་མཚན་མ་བཅུ་འབྱུང་ངོ༌། །ཞེས་གསུངས་པའོ། །དེ་ནི་དུས་གསུམ་པར་མ་འཛིན་མེད་དུ་བཞག་ལ། སྤུན་གསུམ་བར་མ་དང་འགྲོགས་པའི་ཏིང་ངེ་འཛིན་ནི། །ཤེས་པ་རྩེ་གཅིག་ཏུ་གཞག་པ་ནི་ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས་ཡིད་མིག་རླུང་གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་རྩེ་གཅིག་ཏུ་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང༌། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ ཀུན་གྱི་གསུང་འདི་ཉིད། །ཅེས་གསུངས་སོ། །དེ་ནི་རྣམ་ཤེས ་སྒོ་གཅིག་ཏུ་བསྟན་ནས་བཞག་པ། སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའི་མན་ངག་གོ །སེམས་ཅི་ཡང་མི་སེམས་པར་བཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ཅི་ཡང་མི་སེམས་པར་ཅི་ཡང་ཡིད་ལ་མི་བྱེད་པ་མ་ཡེངས་པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང༌། དངོས་མིན་དངོས་པོར་བསྟེན་ནས་སུ། །དངོས་པོ་དངོས་པོ་མིན་པར་བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ནི་ཅི་ཡང་མི་སེམས་པར་བཞག་པ། ལྷ་ཁང་ལྡེང་སོ་ལྟ་བུའི་མན་ངག་གོ །སེམས་གློད་ནས་བཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ལྷོད་གློད་ནས་གང་དུ་ཡང་མི་རྟོག་པར་མ་ཡེངས་
པར་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང༌། བཅིངས་ན་ཕྱོགས་བཅུར་རྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་མེད་གནས་པ་ལྟར། །མཛའ་མོ་བདག་གིས་རྔ་མོ་མཐོང༌། །བདག་ལ་ཕྱིན་ཅི་ལོག་པར་སྣང༌། །ཞེས་གསུངས་པའོ། །དེ་ནི་སེམས་གློད་ནས་རང་གྲོལ་དུ་གནས་པ་རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ །དེ་ལྟར་རྟོག་པ་གཅོད་པའི་མན་ངག་བཞི་པོ་ཀུན་ལ་མ་ཡེངས་པར་ཏིང་ངེ་འཛིན་པ་ནི་ཁྱད་པར་དུ་གཅེས་ཏེ། མདོ་ལས། །སེམས་གཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས། །སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་ལྟར་མི་གཡོ་བ་གསུམ་ལྡན་དུ་བསྒོམས་པས་དུ་བ་ལྟ་བུའི་རྟགས་ཐུན་གཅིག་ལའང་འབྱུང་གསུངས་དེ་ཀའི་ངང་ལས། མི་གཡོ་བ་གསུམ་དང་མ་བྲལ་བར་ལྡན་པར་རྟོགས་པ་ཅུང་ཟད་ཀྱང་མ་བྱུང་ན་སྨིག་རྒྱུ་ལྟ་བུ་ལ་སོགས་པ་རྣམ་ཀྱང་རིམ་པ་བཞིན་འབྱུང་སྟེ། དེ་སྐད་དུ་ཡང༌། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉིན་ཞག་གཅིག་ནི་བརྟགས་པར་གྱིས། །དེ་ལ་ཡིད་ཆེས་མེད་ན་ནི། །དེ་ཚེ་ང་ཡིས་བརྫུན་སྨྲས་ཡིན། །ཞེས་གསུངས་སོ། །དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ་པ་ནི། །མཚན་མོའི་རྟགས་རྣམས་རྫོགས་པར་མཐོང་ནས་དབེན་གནས་མཚན་ཉིད་དང་ལྡན་པར་ས་བདེ་བ་ལ་འདུག་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་རང་འདི་ན་ཡོད་པ་ལ་མི་བལྟ། ཡུལ་ཕ་གི་ན་ཡོད་པ་ལ་མི་བལྟ་བར། སྤྲིན་མེད་པའི་ནམ་མཁའ་དྭངས་པའམ། བར་སྣང་དུ་བལྟ་སྟེ། མི་གཡོར་གསུམ་དང་ལྡན་པས་སྔར་བཞིན་བསྒོམ་པར་བྱའོ། །ཉིན་གུང་མི་སྒོམ་ཏེ་མིག་ལ་གནོད་པས་སོ། །དེ་ནས་སེམས་དབེན་པར་གནས་པར་བྱའོ། །གཉིས་པ་བསྒོམས་པས་མཐོང་བའི་རྟགས་ནི་དེ་ལྟར་དུ་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པས། །ཨ་ཝརྟུ་ཏི་བ་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་སྡུད་རིམ་གྱིས་
རྒྱུ་བ་དང་ལྔ་དང༌། གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་ལྔ་སྐྱེད་རིམ་གྱིས་རྒྱུ་བ་ལྔ་སྟེ་རླུང་བཅུ་རང་ཤུགས་ཀྱིས་ཆུད་པར་གྱུར་པས། ཕྱི་བཟུང་བ་ཡུལ་གྱི་རྟོག་པ་དང༌། ནང་འཛིན་པ་སེམས་ཀྱི་རྟོག་པ་ཕྲ་རགས་ཅི་རིགས་པ་འགགས་ཏེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པའི་ཚེ། མཚན་མོའི་རྣལ་འབྱོར་གྱི་ངེས་པའི་རྟག་དུ་བ་ལྟ་བུ་དང༌། སྨྲིག་རྒྱུ་ལྟ་བུ་དང༌། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། མར་མེ་ལྟ་བུ་དང༌། སྤྲིན་མེད་ནམ་མཁའ་ལྟ་བུ་རྣམས་མཐོང་བའོ། །ཉིན་མོའི་རྣལ་འབྱོར་གྱི་ངེས་པའི་རྟགས། འབར་བ་ལྟ་བུ་དང༌། ཟླ་བ་ལྟ་བུ་དང༌། ཉི་མ་ལྟ་བུ་དང༌། རཱ་ཧུ་ལའི་དཀྱིལ་འཁོར་ལྟ་བུ་དང༌། གློག་ལྟ་བུ་རྣམས་མཐོང་བའོ། །དེ་ནས་རྟགས་ཅན་ཡེ་ཤེས་ཀྱི་ཐིག་ལེ་ལྗང་གུ་དང༌། ཐིག་ལེ་ནག་པོ་ཆེན་པོ་སྣང་བ་འབྱུང་ངོ༌། །དེ་ལྟར་ཡང་ཡང་དུ་བསྒོམས་པས་ཐིག་ལེར་སྣ་ཚོགས་སྟོང་གཟུགས་མཐོང་བ་ནི་སོ་སོར་གཅོད་པའི་ཡན་ལག་གོ །དེ་སྐད་དུ། སེམས་ནི་གཡོ་བ་མེད་བྱས་ནས། །དུ་བ་ལ་སོགས་སྒོམ་པར་བྱ། །ཞེས་གསུངས་སོ། །གསུམ་པ་སྒོམ་གྱི་གེགས་བྱིང་རྒོད་སྤང་བ་ནི། རྒྱུད་ལས། བཀྲེས་པ་དང་ནི་གཉིད་དང་ངལ་བ་དང༌། །དབང་ཕྱུགས་དང་ནི་ལོང་སྤྱོད་ཡིད་ཆགས་དང༌། །ནོར་དང་བསྟོད་སྒྲ་ཆོས་དང་རིགས་རྣམས་ཀུན། །མི་དེས་སྐྱོན་བཅར་ཤེས་པར་བྱས་ལ་སྤང༌། ཞེས་གསུངས་པས། བྱིང་རྒོད་ཀྱི་རྒྱུ་མ་ལུས་པ་སྤངས་ལ་སྒོམ་མོ། །གལ་ཏེ་བྱིང་ན་སྟན་བདེ་བ་ལ་འདུག་ཏེ་སྐྱིལ་ཀྲུང་བཅས་ལ། ལག་པ་གཉིས་པུས་མོ་ལ་འཇུས་ལ་རླུང་ཁ་ནས་དྲངས་ཏེ། ཐུབ་ཚད་བཟུང༌། མི་ཐུབ་པའི་པ་དུས་སུ་ཁ་སྣ་གསུམ་ནས་དག་ཏུ་འབུད་དོ། །དེ་ལྟར་ཡང་དང་ཡང་དུ་བྱས་ཏེ། ལྟ་སྟངས་གཏོད་ལ་བསྒོམ་མོ། །གལ་ཏེ་རྒོད་ན་རང་ཉིད་སྐད་ཅིག་གིས་ཡི་དམ་ལྷར་བསྐྱེད་ལ་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་སྣོད་བཅུད་མ་ལུས་པ་ལ་ཕོག་པས་
འོད་དུ་གྱུར། འོད་ཚུར་འདུས་པས་བདག་ཉིད་ཀྱང་འོད་དུ་གྱུར་ཏེ་ཇེ་ཆུང་ཇེ་ཆུང་ལས་རིམས་གྱིས་བསྡུས་ནས་སྟོང་པར་བསམ་ཏེ། ལྟ་སྟངས་སྨད་ལ་སྒོམ་མོ། །དེ་ལྟར་ཡང་དང་ཡང་དུ་བྱས་པས་བྱིང་རྒོད་སེལ་བར་འགྱུར་རོ། །གཉིས་པ་བསམ་གཏན་ལ་གཉིས་ལས། བསམ་གཏན་གྱི་དོན་ནི། དུ་བ་ལྟ་བུ་ལ་སོགས་པའི་རྟགས་རྣམས་བརྟན་པོར་མཐོང་བར་གྱུར་པ་ལས་སེམས་གཞན་དུ་མི་འཕྲོ་བར་རྩེ་གཅིག་ཏུ་བརྟན་པར་འགྱུར་པའོ། །ཐབས་ལ་དྲུག་ལས། ཤེས་རབ་ནི་སྟོང་པའི་གཟུགས་ཅན་དེ་ཉིད་སྣང་བའོ། །རྟོག་པ་ནི་སྟོང་པའི་དངོས་པོ་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ནི་སྟོང་པའི་གཟུགས་བརྙན་ལ་ཆགས་པའོ། །བདེ་བ་ནི་སྟོང་པའི་གཟུགས་ཅན་དང་ལྷན་གཅིག་པའི་སེམས་སོ། །རྩེ་གཅིག་པ་ནི་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་ཅན་སྣང་བ་དེ་ཉིད་ལ་སེམས་མི་གཡོ་མི་བརྡེག་པར་རྟོག་མེད་དུ་གནས་པའོ། །དེ་རྣམས་ནི་བསམ་གཏན་གྱི་ཡན་ལག་གོ །དེ་སྐད་དུ་ཡང༌། མཆོག་ཏུ་མི་འགྱུར་སྒོམ་པ་ཡིས། །དབུ་མ་ཡོངས་སུ་སྦྱང་བར་བྱ། །ཞེས་གསུངས་སོ། །གསུམ་པ་སྲོག་རྩོལ་ལ་གཉིས་ལས། སྲོག་རྩོལ་གྱི་དོན་ནི། སྲོག་ནི་རླུང་ཡིན། རྩོལ་བ་ན་འགོག་པ་སྟེ། གཡས་དང་གཡོན་ནས་རྒྱུ་བའི་རླུང་གི་དཀྱིལ་འཁོར་བཅུ་དབུ་མར་ཆུད་པས་གཅིག་ཏུ་གྱུར་པའོ། །ཐབས་ནི་སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་མི་གཡོ་མི་བརྡེག་པར་བསྒོམས་པས། རླུང་བཅུ་དབུ་མར་ཆུད་ནས། ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བའི་འཁོར་ལོ་བཞིའི་ཐིག་ལེའི་ནང་ནས་རླུང་འགྲོ་འོང་བྱེད་པ་ནི་སྲོག་རྩོལ་གྱི་ཡན་ལག་ཡིན་ཏེ། དེ་སྐད་དུ། སྲོག་གི་ཐིག་ལེར་གཞུག་པར་བྱ། །ཐིག་ལེ་འཁོར་ལོ་རྣམས་རིམ་པས། །ཞེས་གསུངས་སོ། །བཞི་པ་འཛིན་པ་ལ་གཉིས་ལས། འཛིན་པའི་དོན་ནི། སྲོག་རླུང་དབུ་མའི་ཐིག་ལེའི་ནང་དུ་ཆུད་པ་དེ་བརྟན་པར་འཛིན་པའོ། །ཐབས་
ནི་གཟུང་བར་བྱ་བ་སྟོང་པ་ཉིད་ཀྱི་གཟུགས་ཅན་ལ་འཛིན་པར་བྱེད་པའི་སེམས་ཞུགས་པར་བསྒོམས་པས་རླུང་སེམས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའི་ཧཾ་གི་ཐིག་ལེར་འཛིན་པ་ནི་འཛིན་པའི་ཡན་ལག་གོ །དེ་སྐད་དུ། འཕོ་བ་རྡོ་རྗེར་བཀག་པ་ཡིས། །མཚན་མ་འཁྲང་པོའི་རྣལ་འབྱོར་པ། །ཞེས་གསུངས་སོ། །ལྔ་པ་རྗེས་སུ་དྲན་པ་ལ་གཉིས་ལས། རྗེས་སུ་དྲན་པའི་དོན་ནི། ལྟོགས་ན་ཟས་དང༌། སྐོམས་ན་བཏུང་བ་དྲན་པ་ལྟར་བདེ་བ་ཆེན་པོའི་ཐིག་ལེར་རླུང་སེམས་ཟིན་པས་ལྟེ་བར་གཏུམ་མོའི་མེ་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པའོ། །ཐབས་ནི་སྟོང་པའི་གཟུགས་ཅན་ལ་འཁྱུད་པའི་སེམས་དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བར་བསྒོམས་པས་རླུང་སེམས་བདེ་ཆེན་འཁོར་ལོའི་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས་ལྟེ་བར་གཏུམ་མོའི་མེ་འབར་བས། སྐུ་གཟུག་ཅན་དང་རང་ལ་འོད་ཀྱིས་བསྐོར་བ་སྣང་བ་དང༌། ལུས་ལ་བདེ་དྲོད་ཁྱད་པར་འབྱུང་བ་ནི་རྗེས་སུ་དྲན་པའི་ཡན་ལག་ཡིན་ཏེ། དེ་སྐད་དུ། །པདྨར་རྡོ་རྗེ་བཅུག་བྱས་ལ། །གྱེན་དུ་བྱང་སེམས་རྒྱུ་བར་བྱ། །ཞེས་གསུངས་སོ། །དྲུག་པ་ཏིང་ངེ་འཛིན་ལ་གཉིས་ལས། །ཏིང་ངེ་འཛིན་གྱི་དོན་ནི། གཟུང་བའི་ཡུལ་སྣང་སྟོང་དང༌། འཛིན་པའི་ཤེས་པ་གསལ་སྟོང་དང༌། ཉམས་སུ་མྱོང་བའི་ཚོར་བ་བདེ་སྟོང་ཟུང་འཇུག་ལ་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་པའོ། །ཐབས་ནི་མི་གཡོ་བ་གསུམ་གྱིས་བསྒོམས་པས། སོ་སོའི་རྟོག་པ་ཕྲ་རགས་ཅི་རིགས་པར་ཆོད་དེ་རླུང་བཅུ་དབུ་མར་ཆུད་པའི་རྟགས་བཅུ་རྫོགས་པར་མཐོང་བ་ན་ཐིག་ལེ་ལྗང་གུ་དང༌། ནག་པོ་ཆེན་པོ་ལ་སོགས་པའི་སྣང་བ་འབྱུང་ཞིང༌། དེ་ནས་འོད་ཟེར་གྱི་ཐིག་ཕྲན་ཤིན་ཏུ་ཆ་ཕྲ་བ་སྣ་ཚོགས་དང་ལྡན་པའི་ཐིག་ལེ་ཆེན་པོ་དེ་ལ། རེ་ཁཱ་ནག་པོའི་རི་མོ་རྣམས་འབྱུང་ངོ༌། །རེ་ཁཱ་དེའི་ནང་དུ་རགས་པ་འགྲོ་བ་རིགས་དྲུག་ལྟ་བུ་ལ་སོགས་པའི་གཟུགས་ཅན་སྣ་ཚོགས་པ་མཐོང་བ་དང༌། དེའི་དུས་སུ་གཞོམ་དུ་མེད་པའི་སྒྲ་བརྙན་སྣ་ཚོགས་ཐོས་པ་དང༌། །དུས་ཀྱི་
རྩའི་ཐིག་ལེའི་རེ་ཁཱ་ནག་པོའི་ནང་དུ་ཤིན་ཏུ་ཕྲ་བའི་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་དུ་མ་མཐོང་བར་གྱུར་བ་དེ་ཉིད་ནི་སྣ་ཚོགས་གཟུགས་ཅན་འོད་གསལ་བ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོ་ཡང་དེ་ཡིན། དབང་བཞི་པའི་དོན་ཡང་དེ་ཡིན་ནོ། །དེའི་དུས་སུ་རྣལ་འབྱོར་པ་ལ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ་གསུངས་སོ། །དེ་ལྟ་བུའི་སྣང་བ་གཟུགས་སྐུ་འོད་གསལ། དེ་ལ་རྣལ་འབྱོར་པའི་སེམས་ཆོས་སྐུ་འོད་གསལ་ལ་ཐིམ་སྟེ། དབྱེར་མེད་གཅིག་ཏུ་གྱུར་པ་ན། ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པའོ། །དེ་སྐད་དུ། ཕྱག་རྒྱ་ཆེ་ལ་རབ་འཁྱུད་པས། །རྡོ་རྗེ་འབེབས་པར་བྱིན་གྱིས་བརླབ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་མཆོག་ཏུ་མི་འགྱུར་བ། །སྐད་ཅིག་གང་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། སྦྱོར་བ་ཡན་ལག་དྲུག་ལ་ལག་ལེན་གྱི་དུས་སུ་རིམ་པ་བཞིན་དུ་སླབ་མི་དགོས། དྲུག་ཀ་མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་མོ། །དེ་ཡང་མཚན་མོའི་རྟགས་མ་རྫོགས་ཀྱི་བར་དུ་མཚན་མོའི་རྣལ་འབྱོར་བསྒོམ། དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ། རྟགས་བཅུ་རྫོགས་པར་བྱུང་ན་མཚན་མོ་མཚན་མོའི་རྣལ་འབྱོར་སྒོམ། ཉིན་མོ་ཉིན་མོའི་རྣལ་འབྱོར་བསྒོམས་ཀྱང་ཆོག །སྔར་བཞིན་རེས་མོས་སུ་བསྒོམས་ཀྱང་ཆོག་གསུངས་སོ། །དེ་ནས་ཀྱང་རྟགས་བྱུང་ཙམ་ལ་མི་བཞག་པར་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་བར་དུ་རྒྱུན་མ་ཆད་པར་བསྒོམ་པར་བྱའོ་གསུངས་སོ། །གཉིས་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། །གནས་སྐབས་སུ་དེ་བཞིན་གཤེགས་པའི་ཞལ་མཐོང་ཞིང༌། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་དང༌། མཐར་ཐུག་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་བདེ་བ་ཆེན་པོ་ཟུང་དུ་ཆུད་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྐུ་བཞི་དབྱེར་མེད་པའི་སངས་
རྒྱས་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་རོ། །རྣལ་འབྱོར་ཞག་ཟླ་ལོར་བསྒོམས་པས། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རྣལ་འབྱོར་ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། སོ་སོར་གཅོད་པའི་ལམ་ཡོངས་སུ་རྫོགས་པའི་དོན། སྤྲུལ་པའི་སྐུ་དཔལ་ཤ་བ་རི་དབང་ཕྱུག་གིས་མ་ཧཱ་པཎྜི་ཏ་བྷཱུ་ཏི་ཙནྡྲ་ལ་གསུངས་པའི་མན་ངག་ཁ་འཐོར་བ་རྣམས། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ་དཔལ་མི་བསྐྱོད་རྡོ་རྗེས། སྐྱེས་མཆོག་དམ་པ་རྣམས་ཀྱིས་ཞུས་པའི་དོན་ཏུ་ཕྱོགས་གཅིག་ཏུ་བཀོད་པའོ།། །།རྫོགས་སོ། །འདིས་བསྟན་པ་དང་འགྲོ་བ་མཐའ་དག་མ་ལུས་པའི་དོན་འབྱུང་བར་གྱུར་ཅིག །།ཤུ་བྷཾ།། གྲུབ་ཆེན་ཡུ་མོ་བ། ༈ །དགེ་མ་བོ་དྷིས་མིང་གི་གུས་པས་སྤར་དུ་སྒྲུབས་པའོ། །