Nitartha Digital Library
Tibetan
གདམས་ངག་མཛོད།

1 occurrence of ཧ་དང་བྱེད་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
 
གདམས་ངག་མཛོད་པོད་བཅུ་དྲུག་པ།  འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན།
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཧ་དང་བྱེད་པ་
[Clear Hits]

 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན།


LT25_Page_161A
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན་བཞུགས་སོ། །


LT25_Page_161B
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་རྒྱ་མཚོའི་གཏེར་ཆེན་ལས་འཁྲུངས་པ། །དོན་གཉིས་ལྷུན་གྲུབ་ནོར་བུ་རིན་པོ་ཆེ། །འགྲོ་བའི་དགོས་འདོད་མཐའ་དག་ཡོངས་སྐོང་བ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞབས་ལ་འདུད། །གང་གིས་བསྐལ་པ་གྲངས་མེད་སྔོན་རོལ་ནས། །སྤྱན་རས་གཟིགས་དབང་ཐུགས་མཆོག་གཅིག་ཏུ་བསྐྱེད། །མགོན་པོ་དེ་ཡི་ཕྲིན་ལས་རྒྱས་མཛད་པ། །བླ་མེད་གྲུབ་པ་མི་ཏྲའི་ཞབས་ལ་འདུད། །སྤྱན་རས་གཟིགས་ཀྱིས་རྗེས་བཟུང་དེ་ཉིད་དེ། །དེ་ཡི་རྗེས་བཟུང་ཤྲཱི་པུ་ཏྲའོ། །དེ་ཡི་རྗེས་བཟུང་བླ་མ་མཆོག་གི་ནི། །མན་ངག་སྙན་ནས་སྙན་དུ་ལེགས་བརྒྱུད་པའི། །གདམས་པ་འདི་ལ་བློ་བཟོས་མ་བསླད་ཅིང༌། །ཅི་ལྟར་ཞལ་ནས་གསུངས་པའི་རིམ་པ་རྣམས། །འགྲོ་ལ་ཕན་ཕྱིར་བརྗེད་ཐོར་བཀོད་པ་ལ། །བླ་མ་མཁའ་འགྲོས་བདག་རྒྱུད་བྱིན་གྱིས་རློབས། །འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་ཁྲིད་སྟོན་པར་བྱེད་པ་འདི་ལ་དོན་བཞི་སྟེ། ཐོག་


LT25_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

མར་གདམས་པའི་བྱང་ཚུལ་དང༌། གཉིས་པ་སྔོན་འགྲོའི་མན་ངག་དང༌། གསུམ་པ་བསྐྱེད་པའི་རིམ་པའི་ཁྲིད་དང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་འབྲེལ་བ་དང༌། བཞི་པ་རྫོགས་པའི་རིམ་པའོ། །དང་པོ་ནི། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་དེ་ཉིད། སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་དུ་དགེ་སློང་སྤྲུལ་པ་འོད་དུ་སྐུ་འཁྲུངས་ནས་རྒྱལ་བུ་འཇིག་རྟེན་དབང་ཕྱུག་ལ་ཆོས་བཤད་པའི་བླ་མ་ཡང་ཡིན་ཅིང༌། བོད་ཡུལ་དུ་ཐོན་མི་ས་འབོ་རར་སྐུ་འཁྲུངས་ནས་རྒྱ་གར་དུ་བྱོན་ཅིང་ལོཙྩ་བསྒྱུར། བོད་དུ་ཐུབ་པའི་བསྟན་པ་རྒྱས་པར་མཛད། སླར་ཡང་རྒྱ་གར་གདུལ་བྱ་འདུལ་བའི་དུས་མཁྱེན་ནས། སྐུ་སྐྱེ་བ་བཟུང་ཞིང་སྤྱན་རས་གཟིགས་གྲུབ་པའི་ཚུལ་མཛད་ནས་འཆི་མེད་རྡོ་རྗེའི་སྐུ་ཐོབ་སྟེ། སེམས་ཅན་གྱི་དོན་ལ་རྫུ་འཕྲུལ་ཡ་མ་ཟུང་དུ་མ་དང༌། བཤད་སྒྲུབ་སྨིན་བྱེད་ཀྱི་དབང་དང༌། གང་ལ་གང་འདུལ་གྱི་སྒོ་ནས་སེམས་ཅན་གྱི་དོན་འབད་


LT25_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷུན་གྲུབ་མཛད་པའོ། །དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་དུར་ཁྲོད་སོ་ས་གླིང་དུ་བྱོན་ནས་ཐུགས་དམ་ལྷ་ལྔ་བསྒྲུབས་པས། དེ་རྣམས་གྲུབ་ནས་མངོན་སུམ་དུ་ཞལ་བསྟན་ཅིང༌། སོ་སོའི་བསྐྱེད་རྫོགས་ཀྱི་ཁྲིད་ཀྱི་རིམ་པ་རྣམས་གསུངས་པའོ། །དེའི་ཚུལ་ཡང༌། འཇམ་དཔལ་དབྱངས་སྐུའི་ཁྲིད་ཤེས་རབ་འཕེལ་བྱེད་ཡེ་ཤེས་རྒྱན་གྱི་འཁོར་ལོ། སྤྱན་རས་གཟིགས་གསུང་གི་ཁྲིད་བྱང་ཆུབ་ལམ་གྱི་རིམ་པ་ཐམས་ཅད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན། ཕྱག་ན་རྡོ་རྗེ་ཐུགས་ཀྱི་ཁྲིད་བདུད་དཔུང་འཇོམས་བྱེད་འོད་ཟེར་རྒྱས་པ། ཚེ་དཔག་མེད་ཡོན་ཏན་ཀྱི་ཁྲིད་འཆི་མེད་རྡོ་རྗེའི་སྐུ་སྒྲུབ་པའི་ཐབས། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས་འཁོར་བའི་འཕྲང་སྒྲོལ་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བའི་ཁྲིད། ཛམ་བྷ་ལ་སེར་པོའི་ཁྲིད་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་སྟེ། ཁྲིད་དྲུག་པོ་འདི་དག་ལྷ་སོ་སོའི་ཞལ་ནས་རང་རང་གི་སྒོ་ནས་ཁྲིད་ཀྱི་རིམ་པ་གསུངས་པའོ། །དེ་ཡང༌། ལྷ་དེ་དག་གི་ཞལ་ནས་ཁྲིད་འདི་དག་ཉམས་སུ་ལོང་ལ་གཞན་ལ་གཅིག་བརྒྱུད་དུ་སྟོན་ཅིག་དང༌། བརྒྱུད་པ་བདུན་གྱི་བར་དུ་བདག་ཅག་རྣམས་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ་གསུངས། ཁྱད་པར་ཁྲིད་འདི་དག་ཉམས་སུ་ལེན་པའི་གང་ཟག་དེ་མི་རབས་བདུན་གྱི་བར་དུ་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་པ་ཤ་སྟག་ཡིན་ནོ་གསུངས་ནས་ལུང་བསྟན་པའོ། །རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲས་རྗེས་སུ་བཟུང་བ་ནི། པཎྜི་ཏ་ཤྲཱི་པུ་ཏྲ། དེ་ཉིད་ཀྱི་རྗེས་བཟུང་བ་ནི་རྟོགས་ལྡན་གྷིརྟི་རཏྣ། དེའི་བར་ལ་གཅིག་བརྒྱུད་དུ་འདུག་ཅིང༌། མན་ངག་སྙན་ནས་སྙན་དུ་བརྒྱུད་པ་ཡིན་པ་ལ། བདག་གིས་བརྗེད་ཀྱི་དོགས་ནས་ཡི་གེར་བཀོད་པའོ། །དེ་ནི་བརྒྱུད་ཚུལ་ལོ། །གཉིས་


LT25_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་འགྲོ་ལ་གཉིས་ཏེ། ཐུན་མོང་གི་སྔོན་འགྲོ་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ་སྒོམ་པ་དང་གཅིག །འཆི་བ་མི་རྟག་པ་སྒོམ་པ་དང་གཉིས། ལས་རྒྱུ་འབྲས་འཁོར་པའི་ཉེས་དམིགས་སྒོམ་པའི་དམིགས་རིམ་རྣམས་ཁྲིད་གཞན་དང་མཚུངས་སོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལ་བཞི་སྟེ། ཅི་བྱས་ཐམས་ཅད་ཐར་པའི་ལམ་དུ་འགྲོ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་སྒྲིབ་ཐམས་ཅད་མྱུར་དུ་དག་པར་བྱེད་པ་ཧྲཱིཿ་ཡིག་བཞི་སྦྱོར་མན་ངག །ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བཞིའོ། །དང་པོ་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། གྱད་དང་སེང་གེས་བཏེགས་པ། སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་ན། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ། དེའི་དབུས་སུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སུ་བཞུགས་པ་བཀའ་བརྒྱུད་བླ་མས་བསྐོར་བ། མདུན་ན་ཡི་དམ་ཐུགས་རྗེ་ཆེན་པོ་ལ་ཡི་དམ་རྒྱ་མཚོས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་རྒྱ་མཚོས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་པོ་ཏི་དང་གླེགས་བམ་དམ་ཆོས་རྒྱ་མཚོས་བསྐོར་བ། གཡོན་ཏུ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་མཆོག་བརྒྱད་ལ། ཐེག་ཆེན་ཐེག་དམན་གྱི་དགེ་འདུན་རྒྱ་མཚོས་བསྐོར་བ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དཔའ་བོ་དང་མཁའ་འགྲོས་གང་བ། འོག་ཏུ་ཕྱག་དྲུག་པ་དང་བྲག་ལྷ་མགོན་པོ་ལ་སོགས་


LT25_Page_163B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་བ། སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པ། དེ་དག་གི་སྐྱབས་ཞབས་ན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚུད་པར་བསམས་ལ། ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཡི་དམ་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དམ་ཆོས་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་དགེ་འདུན་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་མཁའ་འགྲོ་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུའི་ཆོས་སྐྱོང་རྒྱ་མཚོ་ལ་སྐྱབས་སུ་མཆིའོ། །སྐྱབས་འོག་དམ་པར་ཚུད་པར་མཛད་དུ་གསོལ། ཞེས་མང་དུ་བཟླས་ཤིང་མོས་གུས་བསྐྱེད་དོ། །ཚད་མེད་བཞི་སྒོམ། དེ་ནས་སྐྱབས་གནས་དེ་དག་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་དབྱེར་མེད་པ་ཆུ་ལ་ཆུ་བཞག་པ་ལྟར་མ་བཅོས་པའི་ངང་ལ་འཇོག་པ་ནི། དོན་གྱི་སྐྱབས་འགྲོའོ། །གཉིས་པ་ནི། རང་ཐ་མལ་པར་གནས་པའི་སྤྱི་བོའི་གཙུག་ཏུ་ཧྲཱིཿཡིག་དཀར་པོ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་བསམས། དེ་ལ་བདུད་རྩི་འོ་མ་ལྟ་བུ་བབས་པས། ལུས་ཀྱི་ནང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས། བ་སྤུའི་བུ་ག་དང༌། རྩ་སྒོ་དང༌། ཆུ་སྒོ་རྐང་ཞབས་སེན་མོའི་བར་ནས་དུད་ཁུ་དང་སོལ་ཁུའི་རྣམ་པ་ནག་ནུ་ནུ་རུ་བུད་པར་བསམས་ལ། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམ་པ་ནི་སྡིག་པ་དག་པར་བྱེད་པའི་སྦྱོར་བའོ། །གཉིས་པ་ནད་གདོན་དག་པར་བྱེད་པའི་


LT25_Page_164A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་ལ་ལྔ་སྟེ། དང་པོ་ཚད་པའི་ནད་དག་པར་བྱེད་པའི་སྦྱོར་བ་ནི་ཧྲཱིཿཡིག་ལས་བདུད་རྩིའི་རྒྱུན་གངས་ཆུ་དང་ག་བུར་ལྟ་བུ་བསིལ་བའི་ངད་དང་་ལྡན་པའི་ཆུ་རྒྱུན་བབས་པས། ལུས་གྲང་སིལ་སེལ་སོང་བར་བསམས། གཉིས་པ་གྲང་བའི་ནད་དག་པར་བྱེད་པ་ལ་བདུད་རྩི་ཁྲོ་ཆུ་ཁོལ་མ་ལྟ་བུ་ཚ་བའི་རང་བཞིན་བབས་པས། ལུས་མེ་འབར་བ་ལྟ་བུར་ཚ་ཆིལ་ཆིལ་འབར་བར་བསམ། གསུམ་པ་འདུས་པའི་ནད་དག་པར་བྱེད་པ་ལ། བདུད་རྩི་ཁ་དོག་ལྔ་དང་ལྡན་པ་བདེ་བའི་རང་བཞིན་ཅན་བབས་པས། ལུས་བདེ་སྟོང་དུ་ཕྲིལ་ཕྲིལ་སོང་བར་བསམས་པ་ནི། ནད་དག་པར་བྱེད་པའི་སྦྱོར་བའོ། །བཞི་པ་གདོན་དག་པར་བྱེད་པའི་སྦྱོར་བ་ནི་ཧྲཱིཿཡིག་ལས་ཁྲོ་ཆུང་ཕྱག་ན་རྡོ་རྗེ་དང་རྟ་མགྲིན་གྱི་རྣམ་པ་ཅན་ལ། སྐུ་ཆུང་ལ་ཡན་ལག་དོད་པ་སྐྱེ་མཆེད་གསལ་བ། འཇིགས་པའི་གད་མོ་སྒྲོགས་པ། ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཞལ་ནས་ཧཱུྃ་ཧཱུྃ་ དང་ཕཊ་ཕཊ་ཀྱི་སྒྲ་སྒྲོགས་པར་བྱེད ། དཔག་ཏུ་མེད་པར་དུ་མ་བྱུང་ནས། ལུས་ཀྱི་ནང་གི་གདོན་ཐམས་ཅད་བ་སྤུའི་སྒོ་ནས་བུད་པར་བསམས་པ་ནི། གདོན་དག་པར་བྱེད་པའི་སྦྱོར་བའོ། །ལྔ་པ་སྡིག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི། ཧྲཱི་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས་པས། ལུས་ཀྱི་ནང་གི་སྡིག་སྒྲིབ་པ་ཐམས་ཅད་དག །མུན་པ་ལ་ཉི་མ་ཤར་བ་ལྟ་བུར་སྦྱངས། ལུས་ཀྱི་ནང་འོད་ཟེར་གྱིས་གང་ནས། འོད་ཟེར་སྣ་ལྔ་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ནང་གདོན་སྡིག་སྒྲིབ་དག་པར་བསྒོམས་པ་ནི། སྒྲིབ་པ་ཐམས་ཅད་


LT25_Page_164B
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བར་བྱེད་པའི་སྦྱོར་བའོ། །དེ་དག་གིས་སྐབས་སུ་ངག་ཏུ་ཡང་ཧྲཱིཿའདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧྲཱིཿལ་ཐིམ། ཧྲཱིཿཡིག་ར་ཏ་ལ། ར་ཏ་ཁོག་པ་ལ། དེ་གི་གུ་ལ། རིམ་གྱིས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་འཇོག་པ་ནི་སྤྱོད་བྱེད་ཆེན་པོའོ། །དེ་དག་གིས་ཧྲཱིཿཡིག་བཞི་སྦྱོར་གི་གདམས་པ་སོང་ངོ༌། །གསུམ་པ་ནི། ཕྱིའི་མཎྜལ་ཞིང་ལ་བཀོད་པ། ནང་གི་མཎྜལ་ལུས་ལ་བཀོད་པ། གསང་བའི་མཎྜལ་རྩ་ལ་བཀོད་པ་དང་གསུམ་ལས། དང་པོ་ཕྱིའི་མཎྜལ་ལ་གཉིས་ཏེ། བསྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་ལོ། །དང་པོ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའམ། མ་འབྱོར་ན་ས་གཞི་སྤོས་གྱིས་ཆག་ཆག་གདབ་ལ། ཚོམ་བུ་བཀོད་པ་ནི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གླིང་བཞི་རི་རབ་དང་བཅས་པའི་སྟེང་ན། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་ཏོག་དང་བཅས་པའི་དབུས་སུ། རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་ཟླ་བའི་སྟེང་ན། དབུས་སུ་རང་གི་རྩ་བའི་བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་ཆ་ལུགས་སུ་བཞུགས་པ་ལ། བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། འོག་ཏུ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཞུགས་པར་བསམས་ལ། ཚོམ་བུ་བཀོད། གུ་རུ་བུདྡྷ། དྷརྨ། སཾ་གྷ་མཎྜལ་ལ་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་བརྗོད་དོ། །དེ་ནས་མཆོད་པའི་མཎྜལ་ནི། གསེར་དང་དངུལ་ལ་སོགས་པ་རིན་པོ་ཆེའི་མཎྜལ་གྱི་སྟེང་དུ། ཚོམ་བུ་ཉེ་རིང་རན་པར་བཀོད།


LT25_Page_165A
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གཉིས་མེད་ན། བསྒྲུབ་པའི་མཎྜལ་གྱི་ལྷ་རྣམས་མདུན་གྱི་ནམ་མཁར་བཏེགས་ནས་བཞུགས་པར་བསྒོམས་ལ། བསྒྲུབ་པའི་མཎྜལ་དེ་ཀའི་སྟེང་དུ་ཚོམ་བུ་བཀོད་པ་ནི། ཨོཾ་བཛྲ་བྷུ་མི་ཨཱ་ཧཱུྃ། དབང་ཆེན་གསེར་གྱི་ས་བཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་གི་དབུས་སུ་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་བོ་མཆོག་རབ། ཤར་ལུས་འཕགས་པོ་ཟླ་གམ་ཤེལ་ལས་གྲུབ་པ་མ་རྨོས་པའི་ལོ་ཏོག་གིས་བརྒྱན་པ། ལྷོ་ཛམ་བུ་གླིང་སོག་ཁ་རིན་པོ་ཆེ་བཻ་ཌཱུརྻ་ལས་གྲུབ་པ་ནོར་བུས་རྒྱན་པ། ནུབ་བ་གླང་སྤྱོད་ཟླུམ་པོ་པདྨ་རཱ་ག་ལས་གྲུབ་པ་འདོད་འཇོའི་བས་བརྒྱན་པ། བྱང་སྒྲ་མི་སྙན་གྲུ་བཞི་རིན་པོ་ཆེ་གསེར་ལས་གྲུབ་པ་དཔག་བསམ་ཤིང་གིས་བརྒྱན་པ། གླིང་ཕྲན་བརྒྱད་ཀྱིས་བསྐོར་བ། ཤར་ལྷོ་གཉིས་ཀྱི་ནམ་མཁར་མེ་ཤེལ་ལས་གྲུབ་པའི་ཉི་མ། ནུབ་བྱང་གཉིས་ཀྱི་ནམ་མཁར་ཆུ་ཤེལ་ལས་གྲུབ་པའི་ཟླ་བ། བྱང་ཤར་གཉིས་ཀྱི་ནམ་མཁར་དུས་མེ་སེར་པོ། ལྷོ་ནུབ་གཉིས་ཀྱི་ནམ་མཁར་སྒྲ་གཅན་ནག་པོ། བར་མཚམས་རྣམས་སུ་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་སྟེ་རྒྱལ་སྲིད་སྣ་བདུན། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། གསེར་ལས་གྲུབ་པའི་ཉ། རབ་ཏུ་མཛེས་པའི་པདྨ། ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་དུང༌། གཏེར་ཆེན་པོའི་བུམ་པ། དགོས་འདོད་འབྱུང་བའི་དཔལ་བེའུ། ཆོས་ཀྱི་འཁོར་ལོ་བསྐོར་བའི་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། གཞན་ཡང་མེ་ཏོག་


LT25_Page_165B
[མ་དཔེ་གཟིགས་ན་འདིར་གནོན།]

མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་སྟེ་ཕྱིའི་སྒེག་མོ་བཞི། གླུ་མ། གར་མ། ཕྲེང་བ་མ། །སྒེག་མོ་མ་སྟེ་ནང་གི་སྒེག་མོ་བཞི། མདོར་ན་ལྷ་དང་མིའི་ལོངས་སྤྱོད་མ་ཚང་བ་མེད་པ་དུ་མས་ཀུན་ཏུ་གང་ཞིང༌། བདག་གི་ལུས་ལོངས་སྤྱོད་བཅས་པ་འདི་དག་བླ་མ་དཀོན་མཆོག་མཆོད་འོས་རྒྱ་མཚོ་དང་བཅས་པ་རྣམས་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་ཉི་ཤུ་རྩ་གཅིག་གམ། བཅུ་བཞིའམ། བདུན་གྱི་བར་དུ་འབུལ་ལོ། །གཉིས་པ་ནང་གི་མཎྜལ་ལུས་ལ་བཀོད་པ་ནི། ཨོཾ་བཛྲ་བྷཱུ་མི་ཨཱ་ཧཱུྃ། པགས་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱ་ཧཱུྃ། རྒྱུ་མ་ལྕགས་རིའི་འཁོར་ཡུག །དེའི་དབུས་སུ་སྒལ་ཚིགས་དབུས་ཀྱི་རི་བོ་མཆོག་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང༌། ལག་པ་གཡས་ཤར་ལུས་འཕགས་པོ། རྐང་པ་གཡས་ལྷོ་ཛམ་བུ་གླིང༌། རྐང་པ་གཡོན་ནུབ་བ་ལང་སྤྱོད། ལག་པ་གཡོན་བྱང་སྒྲ་མི་སྙན། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་སྒྲ་གཅན་དང་དུས་མེ། སྣ་གཏེར་ཆེན་པོའི་བུམ་པ། ལྕེ་འདོད་འཇོའི་བ། རྐང་སོར་བཅུ་ཕྱིའི་ལྷ་མོ་བཅུ། ལག་སོར་བཅུ་ནང་གི་ལྷ་མོ་བཅུ། ལྷུའི་ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད། དོན་སྣོད་བདུན་རྒྱལ་སྲིད་སྣ་བདུན། སྐྲ་དང་བ་སྤུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་ཐམས་ཅད་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། དཀོན་མཆོག་ཡི་དམ་མཁའ་འགྲོ། ཆོས་སྐྱོང་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཐུགས་རྗེས་


LT25_Page_166A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་དུ་བཞེས་སུ་གསོལ། ཞེས་བརྗོད། གསུམ་པ་གསང་བའི་མཎྜལ་རྩ་ལ་བཀོད་པ་ནི། གསང་གནས་རྩ་མཆོག་དབང་ཆེན་གསེར་གྱི་ས་གཞི། ཡན་ལག་གི་རྩ་རྣམས་ལྕགས་རིའི་འཁོར་ཡུག །དབུས་སུ་དབུ་མ་རི་རྒྱལ་ལྷུན་པོ། སྙིང་ཁ་ཤར་ལུས་འཕགས་པོ། ལྟེ་བ་ལྷོ་ཛམ་བུ་གླིང༌། མགྲིན་པ་ནུབ་བ་གླང་སྤྱོད། སྤྱི་བོ་བྱང་སྒྲ་མི་སྙན། རྩ་རོ་མ་ཉི་མ། རྐྱང་མ་ཟླ་བ། དབུ་མའི་མར་སྣ་སྒྲ་གཅན། ཡར་སྣ་དུས་མེ། སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལྔ། འདོད་ཡོན་གྱི་ལྷ་མོ་ལྔ། རྩ་འདབས་རྣམས་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་དག་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཡི་དམ་གྱི་ལྷ་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་བླ་མ་རྣམས་དང་ཡི་དམ་ལྷ་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གུ་རུ་མཎྜལ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བར་དུ་དབུལ་བར་བྱའོ། །དེ་ནས་མཆོད་པའི་ཡུལ་གྱི་ལྷ་ཚོགས་རྣམས་རང་ལ་བསྟིམས་ནས། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་གིས་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་


LT25_Page_166B
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ངོ༌། །བཞི་པ་བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་དོན་བཞི་སྟེ། དང་པོ་བླ་མ་བསྒོམ་པ་ནི། སྤྱི་བོའི་གཙུག་ཏུ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་འབུམ་ལྡན་དང༌། ཉ་རྒྱས་པའི་ཟླ་བའི་སྟེང་དུ། རང་གི་རྩ་བའི་བླ་མ་དེའི་སྤྱི་བོར་པཎ་ཆེན་ཤྲཱི་པུ་ཏྲ། དེའི་སྤྱི་བོར་གྲུབ་ཐོབ་མི་ཏྲ་ཛོ་ཀི་སྐུ་མདོག་དཀར་པོ་གཡས་གསེར་གྱི་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་དངུལ་དཀར་གྱི་དྲིལ་བུ་སྙན་པའི་དབྱངས་དང་བཅས་པ། རས་དཀར་པོའི་སྨད་གཡོགས་ཅན། རུས་པའི་རྒྱན་དྲུག་གསོལ་ཞིང་སྤྱན་ནམ་མཁའ་ལ་གཟིགས་པ་དེའི་སྤྱི་གཙུག་ཏུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་སྟེང་ན་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། དེའི་སྤྱི་བོར་འོད་དཔག་མེད་རིགས་བདག་གི་ཚུལ་དུ་བཞུགས་པར་བསྒོམ། བླ་མ་དེ་དག་འཇའ་ཚོན་གྱི་དབུས་ན་སྐུ་གཟི་མདངས་དང་བཅས་པ། གསུང་ཚངས་དབྱངས་བཅས་པ། ཐུགས་བྱིན་རླབས་དང་བཅས་པའི་རང་བཞིན་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿ་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་སྔོ་སེར་འཕྲོས་པས་ཕྱོགས་བཅུའི་རྩ་བརྒྱུད་གྱི་བླ་མ་ཡི་དམ། དཀོན་མཆོག །མཁའ་འགྲོ། །ཆོས་སྐྱོང་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་བླ་མ་རྣམས་ཀྱི་གནས་བཞིར་ཐིམ་པས། བླ་མ་ཡི་དམ་སངས་རྒྱས། ཆོས། དགེ་འདུན། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་བདག་ཉིད་དུ་གྱུར་པར་བསྒོམ། གཉིས་པ་མཆོད་པ་


LT25_Page_167A
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ནི། དང་པོ་ཕྱག་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཡིད་ཀྱིས་ཕྱག་འཚལ། ཕྱི་ནང་གསང་གསུམ་གྱིས་མཆོད། ཡན་ལག་བདུན་པས་ཁ་བསྐང༌། གསུམ་པ་གསོལ་བ་འདེབས་པ་ནི། རྒྱལ་བ་འོད་དཔག་མེད་ལ་གསོལ་བ་འདེབས། །མགོན་པོ་སྤྱན་རས་གཟིགས་ལ་གསོལ་པ་འདེབས། །གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གསོལ་བ་འདེབས། །པཎ་ཆེན་ཤྲཱི་པུ་ཏྲ་ལ་གསོལ་བ་འདེབས། །རྟོགས་ལྡན་གཱིརྟི་རཏྣ་ལ་གསོལ་བ་འདེབས། །བླ་མ་ཀུན་འདུས་བླ་མ་རིམ་པོ་ཆེ་ལ་གསོལ་བ་འདེབས། །ཡི་དམ་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དམ་ཆོས་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དགེ་འདུན་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །དེ་ནས་འདོད་པའི་གསོལ་འདེབས་ནི། དབང་བཞི་རྒྱུད་ལ་བསྐུར་བར་མཛད་དུ་གསོལ། །དགའ་གཞིའི་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །དག་སྣང་མོས་གུས་འབྱོངས་པར་མཛད་དུ་གསོལ། །བསྐྱེད་རིམ་བརྟན་པ་ཐོབ་པར་མཛད་དུ་གསོལ། །བྱམས་དང་སྙིང་རྗེ་འབྱོངས་པར་མཛད་དུ་གསོལ། །ཞི་ལྷག་ཟུང་དུ་འབྲེལ་བར་མཛད་དུ་གསོལ། །འོད་གསལ་མ་བུ་འདྲེས་པར་མཛད་དུ་གསོལ། །སྒྱུ་ལུས་རྨི་ལམ་འབྱོངས་པར་མཛད་དུ་གསོལ། །འཆི་ཁར་ཆོས་སྐུར་འཕོ་བར་མཛད་དུ་གསོལ། །བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། །ཚེ་གཅིག་སངས་རྒྱས་


LT25_Page_167B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་གདབ། བཞི་པ་དབང་བསྐུར་བ་ལ་དོན་བཞི་སྟེ། དང་པོ་འོད་ཟེར་གྱི་དབང་གིས་སྦྱོང་བྱེད་ནི། བླ་མ་རྣམས་ཀྱི་སྤྱི་བོར་འཁོར་ལོའི་སྟེང་དུ་ཨོཾ་ཡིག་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱ་ཡིག་དམར་པོ། སྙིང་ཁར་རྡོ་རྗེའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། ལྟེ་བར་དུས་མེའི་སྟེང་དུ་ཧོཿཡིག་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པས། རང་གི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ་གནས་བཞིར་ཕོག་པས། ལུས་ངག་ཡིད་གསུམ་བག་ཆགས་ཀྱི་སྒྲིབ་པ་བཞི་དག །ལམ་དགའ་བཞི་རྒྱུད་ལ་སྐྱེས། འབྲས་བུ་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། གཉིས་པ་ཆུ་རྒྱུན་གྱི་དབང་གི་ཆུ་བཞིས་དག་པར་བྱེད་པ་ནི། གནས་བཞིའི་ཡེ་གེ་བཞི་ལས། ཆུ་རྒྱུན་འོ་མ་ལྟ་བུ་དང༌། པདྨ་རཱ་ག་ལྟ་བུ་དང༌། བཻ་ཌཱུརྻ་ཞུན་མ་ལྟ་བུ་དང༌། གསེར་བཙོ་མ་ལྟ་བུའི་ཆུ་རྒྱུན་བྱུང་ནས། རང་གི་གནས་བཞིར་ཐིམ་ནས་སྒྲིབ་པ་བཞི་དག །དགའ་བཞི་སྐྱེས། སྐུ་བཞི་མངོན་དུ་བྱས་པར་སྒོམ། གསུམ་པ་རྟེན་པར་བྱེད་པ་ཡིག་འབྲུའི་དབང་ནི། བླ་མའི་གནས་བཞིར་གདན་ཡིག་འབྲུ་དང་བཅས་པ་རྦད་ཀྱིས་ཆད་ནས་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །དགའ་བཞི་སྐྱེས། སྐུ་བཞི་མངོན་དུ་བྱས་པར་བསྒོམ། བཞི་པ་ཡོངས་རྫོགས་ཀྱི་དབང་ནི། བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས། རང་གི་རྩ་བའི་བླ་མ་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསྒོམས་ནས། རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལུས་ངག་ཡིད་གསུམ་མ་བཅོས་པའི་


LT25_Page_168A
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་བཞག་པ་ནི། བླ་མའི་རྣལ་འབྱོར་རོ། །དེས་བྱིན་རླབས་མྱུར་དུ་འཇུག་པ། བླ་མའི་རྣལ་འབྱོར་གྱི་ཁྲིད་སོང༌། དེ་དག་གི་སྔོན་འགྲོའི་ཁྲིད་སོང་ནས། གཉིས་པ་དངོས་གཞི་ལ་གཉིས་ཏེ། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ལ་གསུམ། དང་པོ་མངོན་བྱང་ལྔས་བསྐྱེད་རིམ་སྒོམ་པ་སྐུའི་ཁྲིད་ནི། ཚངས་པའི་གནས་བཞི་ལ་གནས་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། གིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཉི་མ་ཕྱེད་ཀྱི་ནམ་མཁའི་དབྱིངས་དག་པ་ལྟར། སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་གཞི་སྟོང་པ་ཉིད་ལ་བྱང་ཆུབ་པའོ། །སྟོང་པ་ངང་ལས། པཾ་ལས་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་ལ་སེམས་འཛིན་པ་ནི་གདན་པད་ཟླ་ལ་བྱང་ཆུབ་པའོ། །དེའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་པ་ནི། གསུང་ཡིག་འབྲུ་ལ་བྱང་ཆུབ་པའོ། །དེ་ཉིད་ལས་པདྨ་དཀར་པོ་སྡོང་པོ་རྒྱས་པ་ལྟེ་བ་ལ་ཧྲཱིཿས་མཚན་པ་ལ་སེམས་འཛིན་པ་ནི། ཐུགས་ཕྱག་མཚན་ལ་བྱང་ཆུབ་པའོ། །དེའི་འོད་དུ་ཞུ་བ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རི་ལྟར་དཀར་བ། ཞལ་གཅིག་ཕྱག་བཞི་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ལྷའི་དར་གྱི་སྨད་གཡོགས་དང༌། ནོར་བུའི་སྐ་རགས་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་འཛིན་པ། གཡས་ཀྱི་འོག་མ་ན་ཤེལ་དཀར་གྱི་ཕྲེང་བ་བརྒྱ་


LT25_Page_168B
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་འདྲེན་པ། །གཡོན་གྱི་འོག་མས་པདྨ་དཀར་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་ཡུ་བ་ནས་འཛིན་པ། ཞལ་འཛུམ་པའི་མདངས་དང་བཅས་ཤིང་སྨིན་དཀྱུས་སྤྱན་དཀྱུས་རིང་བ། དཔྲལ་བ་ཡངས་པ། མཛོད་སྤུ་དཀར་པོས་བརྒྱན་པ། དབུ་སྐྲ་ཕྱེད་བཅིངས་ཕྱེད་གྲོལ་བའི་ལྷག་མ་དཔུང་ཟུར་དང་ཟར་བུ་རྐེད་པར་སླེབ་པ། རལ་པའི་ཁྲོད་ན་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ། དབུ་ལ་རིན་པོ་ཆེ་སྣ་ལྔའི་རྩེ་ཕྲན་དང༌། སྙན་ཆ་དང་མགུལ་རྒྱན་དང༌། དོ་ཤལ་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ། མུ་ཏིག་སྣ་ལྔའི་ཆུན་པོ་དང༌། དར་སྣ་ཚོགས་ཀྱིས་བརྒྱན་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་པར་བསྒོམས་ནས། གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་དབྱེར་མེད་དུ་བསྟིམ། དབང་བསྐུར་རྒྱས་གདབ་པ་ལ་སོགས་པ་འབྱོར་ན་བྱའོ། །མ་འབྱོར་ན་མ་བྱས་ཀྱང་ཆོག་གསུངས། དེ་ནི་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །གཉིས་པ་སྔགས་འདྲེན་པ་བཟླས་པ་གསུང་གི་ཁྲིད་ལ་བཞི་སྟེ། དང་པོ་ཕྱི་མདོ་ལྟར་དུ་འདོན་པ་ནི། ཐོ་རེངས་དང་སྲོད་འཁོར་གཉིས་ཀྱི་དུས་ལ་བབས་པའི་ཚེ། སྙིང་ཁའི་ཧྲཱིཿདང་སྐུ་ལ་དམིགས་ཏེ། སྐད་སྒྲ་ཆེན་པོས་ལྷང་ལྷང་འདོན་པའོ། །གཉིས་པ་ནང་སྔགས་ལྟར་འདོན་པ་ནི། སྙིང་ཁར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པའི་མཐར་ཡི་གེ་དྲུག་པ་གཡས་སུ་འཁོར་བ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ལུས་ཀྱི་ནང་གང༌། སླར་འོད་ཕྱིར་འཕྲོས། སྣོད་ཀྱི་འཇིག་རྟེན་ལ་ཕོག །


LT25_Page_169A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག །སྤྱན་རས་གཟིགས་སུ་གྱུར། ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསམ་ལ། ཁང་པའི་ནང་དུ་ཚོར་ཙམ་དུ་འདོན་པའོ། །སྔ་དྲོ་ཕྱི་དྲོ་གཉིས་ཡིན། གསུམ་པ་གསང་བ་སྒྲ་མེད་དུ་བཟླས་པ་ནི། ཉིན་ཕྱེད་ནམ་ཕྱེད་ཀྱི་དུས་ལ་བབ་པའི་ཚེ། ཏིང་ངེ་འཛིན་གསལ་བར་ལྕེ་རྩེ་ནས་འདོན་པའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་པའི་སྙིང་ཁར་ཧྲཱིཿལས་འོད་ཟེར་འཕྲོས། ལུས་ཀྱི་ནང་བ་སྤུའི་བུ་ག་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུས་གང༌། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ལ་ཕོག་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། མདོར་ན་གཟུགས་སུ་སྣང་བ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པར་གསལ་བཏབ་ནས་ཡིད་ཀྱིས་བཟླས་པ་བྱེད་པའོ། །ཚ་གོང་དང་དགོང་ཁའོ། །དེས་སྔགས་བཟླས་པ་གསུང་གི་ཁྲིད་སྲོང༌། གསུམ་པ་ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས་བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་པའི་ཁྲིད་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕ་མར་གཏོགས་པའི་འདུ་ཤེས་བསྒོམ་ལ། རང་ཐུགས་རྗེ་ཆེན་པོ་གསལ་བའི་སྙིང་ཁར་པད་ཉིའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་ལ་འོད་ཟེར་འཕྲོས། ལུས་ཀྱི་ནང་གང༌། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་ལ། །རླུང་རོ་སང་སང་མ་ལན་གསུམ་


LT25_Page_169B
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་དོ། །སླར་སྙིང་ཁའི་ཧྲཱིཿལས་འོད་ཟེར་དཀར་པོ་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་ཕ་མ་སེམས་ཅན་རྣམས་ཀྱི་སྙིང་ཁ་ནས་བདེ་བ་དང་བཅས་ཏེ། མདུན་དུ་ཐམས་ཅད་བཀུག་པར་བསྒོམ། སེམས་ཅན་དེ་དག་གི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་འོད་ཟེར་གྱིས་བསྡུས་ནས་རང་གི་སྙིང་ཁའི་ཧྲཱིཿལ་ཐིམ་པས། དཔེར་ན་མེ་ལ་བུད་ཤིང་བསྣན་པ་ལྟར་ཧྲཱིཿམདངས་སྟོབས་གཟི་བརྗིད་རྒྱས་ཤིང་རང་གི་སེམས་དགའ་ཡལ་ཡལ་ལུས་ཐམས་ཅད་བདེ་ཕྱམ་ཕྱམ་སོང་བར་བསམས་ལ། འོག་རླུང་ཡར་འཐེན་སྟེང་རླུང་ཕྱིར་མནན་ལ་རླུང་བུམ་པ་ཅན་ནུས་ཚད་བཟུང༌། རླུང་ཕར་གཏོང་དུས་རང་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཐིམ་པས། ཁོང་རྣམས་ལ་གནས་སྐབས་སུ་ལུས་སེམས་བདེ་བས་གང་ཞིང་མཐར་ཐུག་ཏུ་ཚོགས་གཉིས་རྫོགས་ཏེ། དེ་ཉིད་ཐུགས་རྗེ་ཆེན་པོ་དངོས་སུ་གྱུར་པར་སྒོམ་མོ། །གཏོང་ལེན་དངོས་སུ་མ་ནུས་ཀྱི་བར་དུ་སྦྱང༌། མཐར་ཕྱི་སྣོད་ཐུགས་རྗེ་ཆེན་པོ་ལ་ཐིམ། ནང་གི་ཐུགས་རྗེ་ཆེན་པོ་རང་ལ་ཐིམ། རང་ཐུགས་ཀའི་ཧྲཱིཿཡིག་ལ་ཐིམ། ཧྲཱིཿནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་བཞག་པས་དོན་གྱི་བསྐྱེད་རིམ་མོ། །སྙིང་རྗེའི་བོགས་འདོན་ཞལ་ལས་ཤེས་དེ་ནི་ཀུན་རྫོབ་བསྐྱེད་པའི་རིམ་པ་སོང་ནས། གཉིས་པ་དོན་དམ་རྫོགས་པའི་རིམ་པ་ལ་དོན་བདུན་ཏེ། ཞི་གནས། ལྷག་མཐོང༌། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོ་བདུན་ནོ། །དང་པོ་ཞི་གནས་ལ་ཡང་དོན་གསུམ་ཏེ། མཚན་མ་ལ་བརྟེན་པའི་ཞི་གནས་དང༌། རྟོག་པ་ལ་སེམས་གཏད་པའི་ཞི་


LT25_Page_170A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང༌། རྟོག་མེད་དུ་འཇོག་པའི་ཞི་གནས་དང་གསུམ་མོ། །དང་པོ་ལ་གཉིས། ཕྱི་ལ་སེམས་བཟུང་བ་དང༌། ནང་ལ་སེམས་བཟུང་བའོ། །ཕྱི་ལའང་གཉིས། མ་དག་པ་དང་དག་པའོ། །དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། ལྟ་སྟངས་བཅས་ཏེ། རང་གི་མདུན་དུ། ཀ་བ། བུམ་པ། ཤིང་བུ། རྡེའུ་ལ་སོགས་པ་གང་ཡང་རུང་བ་ཞིག་ལ། ལུས་གནད་ལྟ་སྟངས་དང་བཅས་ནས་མ་ཡེངས་པར་སེམས་བཟུང༌། དེ་ལ་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད། དེ་ཐོག་ཏུ་གློད་ལ་འཇོག་པའོ། །གཞན་ཡང་བྱིང་རྒོད་བྱུང་ན་སྟེང་འོག་གཡས་གཡོན་དུ་སེམས་འཛིན་པར་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་པའི་སྐུ་ལ་སེམས་འཛིན་པ་ནི། མདུན་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་གཟུགས་བཞག་པའམ་མེད་ན་བསྒོམ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་གློད་ནས་འཇོག་པ་ནི། དག་པ་རྒྱལ་པའི་སྐུ་ལ་སེམས་བཟུང་བའོ། །གཉིས་པ་ནང་ན་སེམས་བཟུང་བ་ལ་ཡང་གཉིས། མ་དག་པ་དང་དག་པའོ། །དང་པོ་མ་དག་པའི་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་ཁར་པད་ཟླའི་སྟེང་དུ་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་སྲན་འབྲུ་ཙམ་ལ་སེམས་བཟུང་སྟེ། དེ་ལ་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུུག །དེས་རྣམ་རྟོག་མ་སྤངས་ལམ་དུ་ཁྱེར་པའི་མན་ངག་གོ །ལམ་གྱི་ཞི་གནས་རྟོག་པ་ལམ་དུ་ཁྱེར་ཞིང་རྟོག་པ་དེ་ཉིད་ལ་གཏད་ནས་སེམས་བཟུང་བའི་མན་ངག་ནི། གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི།


LT25_Page_170B
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་ཁར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས་ཀྱི་སྐུ་ཚོན་གང་པ་འོད་དང་བཅས་པ་ལ་སེམས་བཟུང༌། དེ་ལ་རྟོག་པ་ཡང་མི་འགྱེད། ཡེངས་སུ་མི་འཇུག་གོ །བྱིང་རྒོད་བྱུང་ན། དག་པ་དང་མ་དག་པ་གཉིས་ཀ་དཔྲལ་བ་དང་ལྟེ་བར་བསྒོམ་ནས་སེམས་བཟུང་ངོ༌། །དེ་ནི་མཚན་མ་ལ་བརྟེན་པའི་ཞི་གནས་སོ། །གཉིས་པ་ལྷག་པར་རྟོག་པ་སྤྲོས་ལ། དུག་ལྔ་དུག་གསུམ། ཉོན་མོངས་པ་གཟུང་འཛིན་འཁོར་བའི་རྣམ་རྟོག །དགེ་བ་བཅུའི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་རྣམ་རྟོག་ལ་སོགས། དགེ་མི་དགེའི་རྣམ་རྟོག་གང་སྐྱེས་པའི་ངོ་བོ་ལ་རྟོག་མེད་ཀྱི་ཅེ་རེ་བལྟས་པས་འཛིན་མེད་དུ་ཞིག་ནས། རིག་པ་གསལ་སྟོང་ངོས་བཟུང་མེད་པར་གསལ་གསལ་འཆར་བ་ཡིན་ཏེ། དེ་ཉིད་རང་རིག་རང་ངོ་ཤེས་པའི་རང་གྲོལ་གྱི་ངང་དུ་བསྐྱངས། སླར་ཡང་རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སེམས་གཏད་ནས་སྤང་བླང་མེད་པར་རང་ངོ་ཤེས་པར་བྱས་ལ་རྣམ་རྟོག་ལམ་ཁྱེར་གྱི་མན་ངག་གིས་ཉམས་སུ་བླང་བར་བྱའོ། །གསུམ་པ་འབྲས་བུ་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི། གནས་མུན་ཁང་དབེན་པར་འབོལ་བའི་གདན་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། མིག་བར་སྣང་སྟོང་པ་ལ་ཧད་དེ་གཏད་ནས། ཡིད་ལ་འདས་མ་འོངས་ད་ལྟར་གྱི་རྟོག་པ་གསུམ་དང༌། དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་སྟེ། དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་ཐོང༌། ཡིད་ལ་ཅིའང་མི་བསམ། སེམས་ནམ་མཁའ་གཡའ་དག་པ་ལྟར་གསལ་སྟོང་འཛིན་མེད་དུ་ཕྱམ་མེ་གསལ་ལེ། ཧྲིག་གེ་བཞག་པས། བདེ་གསལ་མི་


LT25_Page_171A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་ཞི་གནས་སྐྱེའོ། །དེ་ཉིད་ལ་ཆགས་པ་དང༌། སྡང་བ་དང༌། ཞེན་པ་དང༌། འཛིན་པ་དང༌། བྱིང་རྒོད་ཞུགས་མ་ཞུགས་བརྟག་ལ། སྐྱོན་ཡོན་ཕྱེ་སྟེ་ངོ་སྤྲད་དོ། །གཉིས་པ་ལྷག་མཐོང་ལ་དོན་གསུམ་སྟེ། དང་པོ་རྒྱུའི་ལྷག་མཐོང་ལ་སེམས་ལ་རྣམ་པར་བརྟག་ཅིང་དཔྱད་ནས་བསྒོམ་པ་ནི། འདི་ལྟར་བདག་གི་སེམས་འདི་གང་ནས་བྱུང་ཞིང་གང་དུ་གནས། གང་དུ་འགག་པར་འགྱུར་ཞེས། སྐྱེ་འགག་གནས་གསུམ་ཀྱི་ངོ་བོ་ལ་བརྟག་ཅིང་དཔྱད། འབྱུང་བ་ལྔ་རང་གི་ལུས་ལ་སྐྱེས་སམ། གནས་སམ། འཆིའམ། སྙམ་དུ་བརྟག་ཅིང་དཔྱད་པར་བྱའོ། །གཞན་ཡང་སེམས་ལ་ཁ་དོག་དཀར་དམར་སེར་ལྗང་ཁྲ་ལ་སོགས་པའི་ཁ་དོག་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་བདག་གི་སེམས་འདི་ས་ཆུ་མེ་རླུང་ནམ་མཁའི་དབྱིངས་སམ། ཟླུམ་པོ། གྲུ་བཞི། ཟླ་གམ། ནར་མོ། འཇོང་མོ་ལ་སོགས་པའི་དབྱིབས་སུ་གྲུབ་པ་ཞིག་ཡིན་ནམ། དབྱིབས་མེད་པ་ཞིག་ཡིན་སྙམ་དུ་བརྟག་ཅིང་དཔྱད། སེམས་ལས་རྣམ་པར་རྟོག་པ་གཞན་ཞིག་ཡིན་ནམ། འོན་ཏེ་རྟོག་པ་སེམས་ཡིན་ཞེས་བརྟག་ཅིང་དཔྱད། གཞན་ཡང་ཕྱི་རོལ་གྱི་སྣང་བ་ལས་སེམས་བྱུང་ངམ། འོན་ཏེ་སེམས་ལས་ཕྱི་རོལ་གྱི་སྣང་བ་བྱུང༌། ཞེས་བརྟག་ཅིང་དཔྱད། བརྟག་མཁན་གྱི་སེམས་ལ་སེམས་ཀྱིས་བལྟ་ཞིང་བརྟག་དཔྱད་བྱེད། སེམས་དེ་ཉིད་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག །འོན་ཏེ་གསལ་བ་ཞིག་གམ། འོན་ཏེ་མི་གསལ་བ་ཞིག །འོན་ཏེ་བདེ་བ་ཞིག་གམ། འོན་ཏེ་མི་བདེ་བ་ཞིག །བདག་ཡོད་པ་ཞིག་གམ། འོན་ཏེ་བདག་


LT25_Page_171B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཞིག །རྟག་པ་ཞིག་གམ། འོན་ཏེ་མི་རྟག་པ་ཞིག །ཞི་བ་ཞིག་གམ། འོན་ཏེ་མ་ཞི་བ་ཞིག་སྙམ་དུ་བརྟག །འོན་ཏེ་སྣང་བ་ཞིག་གམ། འོན་ཏེ་མི་སྣང་བ་ཞིག་སྙམ་དུ་བརྟག་ཅིང་དཔྱད། གཞན་ཡང་མཉམ་པར་བཞག་པའི་སེམས་དེ་ཅི་ལྟ་བུ། མཉམ་པར་མ་བཞག་པའི་སེམས་དེ་ཇི་ལྟ་བུ་སྙམ་དུ་ལེགས་པར་རང་གིས་སེམས་ལ་རང་གིས་བརྟག་ཅིང་དཔྱད། མཉམ་པར་འཇོག་མཁན་གྱི་རིག་པའི་ངོ་བོ་ལ་ཡང་ལེགས་པར་བརྟག་ཅིང་དཔྱད་དོ། །དེ་ཡང་སེམས་དེ་དག་གཅིག་གམ། ཐ་དད་དུ་བརྟག་ཅིང་དཔྱད་དོ། །དེའི་ཚེ་སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ། ངོ་བོ་རང་བཞིན་གྱིས་སྟོང་པ། ནམ་མཁའི་དབྱིངས་ལྟ་བུ། རང་བཞིན་གྱིས་འོད་གསལ་བ། དེ་ཉིད་རིག་པ་འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར་ཞིང་སྣང་བ་འདི་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ། འགག་པ་མེད་པར་རོ་སྙོམས་པ། ངོ་བོ་སྟོང་པ། རང་བཞིན་གསལ་བ། རྣམ་པར་འགག་པ་མེད་ཀྱི་རིག་པ་དུ་མར་འཆར་ཞིང་སྣང་སྟོང་དབྱེར་མེད་པ། བློ་འདས་ནམ་མཁའ་ལྟ་བུ་གསལ་རིག་སྟོང་གསུམ་མཐའ་དབུས་མེད་པ་ཞིག་འདུག་གོ །ཞེ་ན། དེ་ཁོ་ན་ཉིད་དོ་ཞེས་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་འབྲས་བཞི། བདེན་པ་བཞི། དགའ་བ་བཞི། ཚད་མེད་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག །ས་བཅུ། ལམ་ལྔ། ཐབས་ཤེས་གཉིས། བདེན་པ་གཉིས། སྐྱབས་འགྲོ། བཤགས་པ། སྲུང་བ། སེམས་སྐྱེད། ཚོགས་གཉིས། སྙིང་རྗེ། བསྐྱེད་རིམ། རྫོགས་རིམ། ཞི་ལྷག །དཀོན་མཆོག་གསུམ། སྐུ་གསུམ། ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་


LT25_Page_172A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རང་ངོ་ཤེས་པོའི་སྟེང་ནས་ངོ་སྤྲད་པ་ལ་མཁས་པར་བྱའོ། །དེ་ནས་གཉིས་པ་ངོ་བོའི་ལྷག་མཐོང་ལ་ཐ་མལ་གྱི་ཤེས་པ་སོ་མར་ངོ་སྤྲད་ནས་ཅིག་ཅར་དུ་ཉམས་སུ་ལེན་པ་ནི། སེམས་གཉིས་སྐྱེ་འགག་འཇིག་གསུམ་གྱི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ལས་གྲོལ་ཞིང༌། ངོ་བོ་སྟོང་པ་རང་བཞིན་གསལ་བ། རྣམ་པ་འགག་མེད་ཀྱི་རིག་པ་ཡུལ་མེད་དུ་མར་སྣང་ཞིང་གསལ་བ། མཐོང་བྱ་མཐོང་བྱེད་ཀྱི་འཛིན་པའི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་པའི་ཡུལ་ལས་འགྲོལ་བ། གང་ཡང་ཡིད་ལ་མི་བྱེད་པ་ཡིད་བྱེད་དང་བྲལ་བ། དེ་ཉིད་ལ་བཟོ་བཅོས་མ་བྱས་པས་ལྷུགས་པ། བྱ་བ་ཐམས་ཅད་དང་བྲལ་བས་བྱར་མེད་གང་ཤར་ངོས་འཛིན་དང་བྲལ་བས་འཛིན་མེད། མཉམ་བཞག་གི་ཤེས་པ་ལ་བཅོས་བསླད་དང་བྲལ་བས་ཧད་དེ་བ། མཚན་འཛིན་མེད་པས་སྟོང་སང་ངེ་བ། རང་བཞིན་གྱིས་འོད་གསལ་བའི་ས་ལེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པས་རྗེན་ནེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། ཡུལ་ཡུལ་ཅན་འཛིན་པ་ཞིག་པས་སྣང་སེམས་དབྱེར་མེད་ཟང་ཐལ་དུ་ཕྱམ་མེ་བ། རིག་པ་མ་བཅོས་པར་རང་ལུགས་སུ་འཇོག་པས་ཐ་མལ་གྱི་ཤེས་པ་རྣམ་རྟོག་ལུ་གུ་རྒྱུད་དུ་སྙིང་མི་འཇུག་པས་རིག་པ་སོ་མ་ཞེས་བྱ་སྟེ། འདི་ལྷག་མཐོང་ཉམས་སུ་བླངས་པའི་ངོ་བོ་དངོས་གཞི་ཡིན་ནོ། །ཡང་སེམས་ཉིད་སྤྱན་རས་གཟིགས་ཀྱང་ཡིན་ཏེ། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཡོངས་ལ་ཕྱོགས་མེད་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །རྣམ་རྟོག་མཐའ་དབུས་དང་བྲལ་བའི་བློ་འདས་ཀུན་མཁྱེན་གྱི་སྤྱན་གྱིས་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ་མ་འདྲེས་


LT25_Page_172B
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་གསལ་དུ་གཟིགས་པས་སྤྱན་རས་གཟིགས་སོ། །རང་རིག་ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་གཟིགས་པས་སྤྱན་རས་གཟིགས་སོ། །གཟུང་འཛིན་དབྱིངས་སུ་དག་པའི་སྤྱན་གྱིས་སྤྲོས་བྲལ་འོད་གསལ་བའི་སེམས་ཉིད་གཟིགས་པས་སྤྱན་རས་གཟིགས་སོ། ཞེས་ངོ་སྤྲད་པར་བྱའོ། །གསུམ་པ་མཐར་ཐུག་གི་ཞི་ལྷག་ཟུང་འཇུག་ཉམས་སུ་བླང་བར་བྱ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བས་གསལ་སྟོང་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་ལ་འཇོག་པ་ནི་ཞི་གནས། དེའི་རང་བཞིན་མཐོང་ཞིང་ཤེས་པ་ནི་ལྷག་མཐོང་ཡིན་ནོ། །དེ་ཡང་སེམས་ཉིད་མཐའ་གཉིས་དང་བྲལ་བའི་གནས་ལུགས་ཀྱི་ཞི་ལྷག་ཟུང་འཇུག་ནི་སེམས་ཉིད་སྐྱེ་བ་མེད་པས་རྟག་པའི་མཐའ་དང་བྲལ། དེ་ཉིད་འགག་པ་མེད་པས་ཆད་པའི་མཐའ་དང་བྲལ། རང་བཞིན་སྟོང་ཉིད་དུ་གནས་པས་རྟག་པའི་མཐའ་དང་བྲལ། སྣ་ཚོགས་དུ་མར་རིག་ཅིང་སྣང་བ་གསལ་བས་ཆད་པའི་མཐའ་དང་བྲལ། སེམས་ཀྱི་ངོ་བོ་ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་པས་རྟག་པའི་མཐའ་དང་བྲལ། རང་བཞིན་འོད་གསལ་བས་ཆད་པའི་མཐའ་དང་བྲལ། སྐུ་གསུམ་ལྷུན་གྱིས་གྲུབ་པས་ཆད་པའི་མཐའ་དང་བྲལ། །སེམས་ཀྱི་ངོ་བོ་སྟོང་ཞིང་བདག་མེད་བློ་ལས་འདས་པས་རྟག་པའི་མཐའ་དང་བྲལ། རྩལ་སྣ་ཚོགས་སུ་འཆར་བས་སྣང་བའི་མཐའ་དང་བྲལ། དེས་ན་རྟག་ཆད་མཚན་འཛིན་གྱི་མཐའ་ལས་འདས་པས་གསལ་རིག་སྟོང་གསུམ་དབྱེར་མེད་པ་ཟུང་འཇུག་ཉམས་སུ་ལེན་པའི་ཚུལ་ནི། ཐབས་བསོད་ནམས་ཀྱི་ཚོགས་སྒྱུ་མ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། དེ་དག་རང་བཞིན་མེད་པས་སྟོང་པ་ཉིད་དུ་


LT25_Page_173A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཤིང་མཐོང་བ་ནི་ལྷག་མཐོང་ངོ༌། །མོས་གུས་བླ་མའི་རྣལ་འབྱོར་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། སེམས་དེའི་ངོ་བོ་སྟོང་ཉིད་བློ་འདས་སུ་མཐོང་བ་ནི་ལྷག་མཐོང་ངོ༌། །བསྐྱེད་རིམ་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས་ཡིན་ལ། རང་བཞིན་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སྣང་བ་ཐམས་ཅད་སེམས་ཀྱི་རང་སྣང་ཆུ་ཟླ་ལྟ་བུ་ལ་སེམས་གནས་པ་ནི་ཞི་གནས། རྟེན་འབྲེལ་སྐྱེ་མེད་སྣང་སྟོང་དབྱེར་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །ལམ་གྱི་མཐར་ཐུག་བདེ་བ་ཆེན་པོ་ལ་སེམས་གནས་པ་ནི་ཞི་གནས། དེ་ཉིད་ཞེན་མེད་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །སེམས་ཀྱི་རང་བཞིན་འོད་གསལ་བ་ལ་སེམས་གནས་པ་ནི་ཞི་གནས། ངོ་བོ་སྤྲོས་བྲལ་སྟོང་པ་ཉིད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །བཅོས་སླད་མེད་པའི་རིག་པ་སོ་མ་ལ་སེམས་གནས་པ་ནི་ཞི་གནས། བདག་མེད་རིག་སྟོང་དབྱེར་མེད་དུ་མཐོང་བ་ནི་ལྷག་མཐོང་ངོ༌། །མདོར་ན་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་དང༌། བྲག་ཅ་ལྟར་སྣང་བ་ལས་གཞན་པའི་སྟོང་ཉིད་མེད། སྟོང་པ་ལས་གཞན་པའི་སྣང་བ་མེད། སྣང་སྟོང་དབྱེར་མེད་ནམ་མཁའ་ལ་འཇའ་ཤར་བ་ལྟར་རྟོགས་ནས། དེའི་ངོ་བོར་འཇོག་པ་ནི། ཞི་ལྷག་ཟུང་འཇུག་ཅེས་བྱའོ། །དེས་རྫོགས་རིམ་ཞི་ལྷག་ཟུང་འཇུག་གི་ཁྲིད་སོང་ནས། གསུམ་པ་རྩལ་སྦྱོང་ཉིན་པར་གྱི་སྒྱུ་ལུས་སྒོམ་པ་ནི་དོན་བཞི་སྟེ། ཐོག་མར་སྒྱུ་ལུས་ཀྱི་སྔོན་དུ་འགྲོ་བ་ཀུ་སུ་ལུའི་ཚོགས་གསོག་ནི། རང་གི་སྤྱི་གཙུག་གི་ནམ་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ། གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ། གར་སྟབས་ཀྱིས་བཞུགས་པ།


LT25_Page_173B
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང༌། རུས་པའི་རྒྱན་གྱིས་བརྒྱན་པ་ཞིག་བསྒོམ་ལ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་ཞིག་ཏུ་གྱུར་ནས་གསང་གནས་སུ་གནས་པ་དེ། སྤྱི་བོའི་གཙུག་ཚངས་བུག་ནས་སྐར་མདའ་གཏོང་བ་ལྟར་དོན་པས་ལྷ་མོའི་ཐུགས་ཁར་ཐིམ་པར་བསྒོམ། དེ་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་དེས། མདུན་དུ་ཐོད་པའི་སྒྱེད་པོ་གསུམ་སྤྲུལ་པའི་སྟེང་དུ། རང་གི་མགོ་བོ་སྨིན་མཚམས་ནས་བྲེགས་པའི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་པ། སྟོང་གསུམ་གྱི་ཚད་ཙམ་གསལ་བའི་ནང་དུ། རང་གི་ལུས་ཀྱི་ཤ་ཁྲག་དུམ་བུར་གཏུགས་ནས། བླུག་པའི་འོག་ནས་མེ་སྦར། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། ཤ་ཁྲག་ཐམས་ཅད་བདུད་རྩིར་དཀར་མེར་གྱིས་ཞུ་ནས། ཡང༌། ཨོཾ་ཨཱཿ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། རང་གི་ཐུགས་ཀར་ཧྲཱིཿབསམ། དེ་ལས་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྩ་བརྒྱུད་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས། སངས་རྒྱས། ཆོས། དགེ་འདུན། མཁའ་འགྲོ། ཆོས་སྐྱོང་སྲུང་མ་ཐམས་ཅད་དང༌། འགྲོ་བ་རིག་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པའི་ཐུགས་ཁ་ནས་འོད་ཟེར་གྱིས་བཀུག་ནས། རང་གི་མདུན་དུ་བཞུགས་པའི་ཞལ་དུ། བདུད་རྩི་དཀར་སིབ་སིབ་དྲངས་པས་ལུས་ཐམས་ཅད་ཟག་མེད་ཀྱིས་བདེ་བས་གང་བར་བསམས་ནས་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགེ་འདུན་


LT25_Page_174A
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སངས་རྒྱས་བྱང་སེམས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིག་དྲུག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཐམས་ཅད་ཚིམས་པར་བསམ་ཞིང༌། དེ་དག་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་སྒྲོལ་མར་གྱུར་ནས། ཡི་གེ་དྲུག་པའི་སྒྲ་དི་རི་རི་འདོན་པར་བསྒོམ། འདི་དག་ཐམས་ཅད་སྒྱུ་མ་ཡིན། རྨི་ལམ་ཡིན་སྙམ་དུ་བསྒོམ་ལ་དེ་ཉིད་ཀྱང་རང་གི་བློས་བཀོད་པ་མ་གཏོགས་ལོགས་སུ་གྲུབ་པ་མེད། བདེན་མེད་ཀྱི་རང་ལ་ཉམས་སུ་བླང་བར་བྱའོ། །གཉིས་པ་སྒྱུ་ལུས་སྤྱིར་སྦྱང་བ་ནི། སྣང་སྲིད་འཁོར་འདས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་རྟག་པ། མི་བརྟན་པ། སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ཏེ། བདེན་མེད་བསྒོམ་པའི་ཚུལ་ཡང༌། འཁོར་འདས་ཀྱི་ཆོས་འདི་དག །སྟེང་འོག་ཕྱོགས་མཚམས་གང་ནས་བྱུང༌། གང་དུ་འགྲོ་སྙམ་དུ་བརྟག་ཅིང་དཔྱད་པས་ན། གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མི་འགྲོ། གང་དུའང་གནས་པ་མེད་དེ། སེམས་དག་མ་དག་གི་སྣང་བ་ཙམ་སྟེ། དཔེར་ན་སྒྱུ་མ་དང་རྨི་ལམ་སྤྲུལ་པ་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུ་སྣང་བ་ཙམ་ལས། རང་བཞིན་གྲུབ་པ་མེད་པར་ཤེས་པར་བྱའོ། །འོ་ན་འཁོར་བ་འདི་ཅི་ལས་བྱུང་ཞེ་ན། བདག་དང་བདག་གིར་འཛིན་པ་ལས་བྱུང༌། བདག་དང་བདག་གིར་འཛིན་པ་བྱུང་བ་ལྔ་ལས་བྱུང་ངམ། འོན་ཏེ་ལུས་ཀྱི་ཆ་ལས་བྱུང༌། འོ་ན་བདག་དེ་གང་ལས་བྱུང་བརྟག་པར་བྱའོ། །དེ་ནས་ང་དང་ང་


LT25_Page_174B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིར་འཛིན་པ་ལས་འཁོར་བ་བྱུང་བ་མཐོང་ནས། ང་དང་ང་ཡིར་འཛིན་པ་འདས་པ་ཞིག་ཡིན་ནམ། འོན་ཏེ་མ་འོངས་པ་ཞིག་ཡིན་ནམ། འོན་ཏེ་ད་ལྟར་བྱུང་བ་ཞིག་ཡིན་ནམ་སྙམ་དུ་བརྟག་པར་བྱའོ། །དེ་ལས་འདས་པ་ནི། །འདས་ཟིན་ཏེ་བདག་མ་གྲུབ། མ་འོངས་པ་ནི་མ་སྐྱེས་པས་དམིགས་པའི་ཡུལ་དུ་བྱར་མེད། ད་ལྟ་བ་ནི་རིག་པ་སྐད་ཅིག་མའི་ངོ་བོར་ཡུད་ཙམ་དུ་ཡང་གྲུབ་པ་མེད་པས་སྟོང་པ་ཉིད་དོ། །དེས་ན་འཁོར་བའི་རྩ་བ་བདག་དང་བདག་གིར་འཛིན་པའི་རང་བཞིན་གྲུབ་པ་མེད་པར་ཤེས་པར་བྱའོ། །མ་གྲུབ་བཞིན་དུ་མར་སྣང་བ་སྒྱུ་མ་དང་རྨི་ལམ་སྤྲུལ་པ་ལྟ་བུ། རྐྱེན་ལས་སྐྱེས་པ་བྲག་ཅ་དང༌། ཆུ་ཟླ་མེ་ལོང་གི་གཟུགས་བརྙན་ལྟ་བུ། མི་རྟག་ཅིང་གཡོ་བ་ནམ་མཁའི་གློག་དང༌། ཟིལ་པ་ཆུ་བུར་དང་སྤྲིན་དང་ཁུ་རླངས་ལྟ་བུའོ། །སྣང་ལ་རང་བཞིན་མེད་པ་མིག་གཡོར་དང༌། འཇའ་ཚོན་དང༌། དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །དེས་ན་མེད་བཞིན་དུ་ཕྱི་རོལ་གྱི་སྣང་བ་འདི་དག་ཐམས་ཅད་སེམས་ཀྱི་འཁྲུལ་སྣང་ཙམ་དུ་ཟད་དེ། དཔེར་ན་མི་འགའ་ཞིག་གཉིད་པའི་རྨི་ལམ་མི་འདྲ་བ་དུ་མ་བྱུང་ཡང༌། རྨི་ལམ་དེ་དག་ལ་རང་བཞིན་མེད་ཅིང་གྲུབ་པ་མེད་པར་ལྟར། ཆོས་ཐམས་ཅད་དེ་ལྟར་རྟོགས་པར་བྱའོ། །ཆོས་ཐམས་ཅད་དེ་ལྟ་བུར་རྟོགས་ནས། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་པ་ལ་འབད་པར་བྱའོ། །དེས་སྒྱུ་མ་སྤྱིར་སྦྱང་བ་སོང་ནས། གསུམ་པ་བྱེ་བྲག་ཏུ་སྦྱང་་ལ་གསུམ་སྟེ། ལུས་སྣང་སྟོང་དུ་སྦྱང་བ་ནི། མདུན་དུ་མེ་ལོང་ཞིག་བཞག་ལ། རང་ཉིད་དེ་ལ་ཤར་དུ་བཅུག་ལ་དེ་ལ་བསྟོད་པ་སྨད་པ་བྱས་ཤིང༌། དགའ་བ་དང་མི་དགའ་བ་ཨེ་འདུག་ལྟ། མི་དགའ་ན་རང་ཉིད་དེ་ལྟ་བུར་སྒྱུ་ལུས་


LT25_Page_175A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ངོ༌། །གཞན་ཡང་རང་གི་གཡས་ནས་གཤིན་རྗེ་མི་སྡུག་པའི་གཟུགས་ཅན་གྱིས་སྟ་རེ་མེ་འབར་བས་གཞོག་པར་བསྒོམས་ལ། གཡོན་དུ་ལྷ་མོ་ཡིད་དུ་འོང་བས་ཙན་དན་གྱི་ལྡེ་གུས་བྱུགས་པར་བསྒོམས་ནས་ནི། དེ་ལ་དགའ་མི་དགའི་སེམས་འདུག་ན་སེམས་དེའི་ངོ་བོ་ལ་ལྟ་ཞིང༌། གཤིན་རྗེ་དང་ལྷ་མོ་ཡང་རང་གི་སེམས་སྣང་ཙམ་དུ་ཤེས་པར་བྱའོ། །སེམས་ལ་རང་བཞིན་མེད་པ་སྣང་བ་སྒྱུ་མ་དང༌། རྨི་ལམ་ལྟ་བུ་ལ་ཆགས་སྡང་གི་བློ་མཐའ་དག་རང་བཞིན་མེད་པས་མཉམ་པ་ཉིད་དུ་རྟོགས་པའི་སྒྱུ་ལུས་སྦྱང་ངོ༌། །གཉིས་པ་ངག་བྲག་ཅ་ལྟ་བུར་སྦྱང་བ་ནི་བྲག་ཅ་ཡོད་པའི་སར་ཕྱིན་ནས། བྲག་ཅ་ལ་བོས་པས། ཇི་ལྟར་བོས་པའི་སྐད་ལན་སྨྲ་བར་འགྱུར་ཏེ། དེ་ལ་རང་གིས་བོས་པས་སྒྲ་སྐད་ཕྱི་རོལ་ཏུ་སྣང་བ་ཙམ་ལས་ཕྱི་རོལ་ཏུ་གྲུབ་པ་མེད་པས། སྒྲ་ཐམས་ཅད་བྲག་ཅ་ལྟ་བུར་རོ་སྙོམས་པར་སྦྱང་ངོ༌། །གསུམ་པ་ཡིད་རྨི་ལམ་སྒྱུ་མ་སྨིག་རྒྱུ་ལྟ་བུར་མ་གྲུབ་པ་ཐམས་ཅད་འཁྲུལ་པའི་ཚེ། ཡོད་པ་ལྟར་སྣང་མོད་ཀྱི། དོན་ལ་རང་བཞིན་གྲུབ་པ་མེད་དེ། ངོ་བོ་ལ་བལྟས་ན་ནམ་མཁའ་ལྟ་བུ་སྟེ། རྣམ་རྟོག་གང་ཤར་བདག་མེད་འཛིན་མེད་གསལ་སྟོང་བློ་འདས་སུ་སྦྱང་བར་བྱའོ། །བཞི་པ་དག་པའི་སྒྱུ་ལུས་སྦྱང་བ་ནི། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ། སྒྲ་གྲགས་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་ཀུ་དི་རི་རི་བགྲང་བར་བསྒོམ། ལྷ་འདི་དག་ནི་གང་ནས་ཀྱང་མ་བྱུང༌། གང་དུ་ཡང་མི་འགྲོ། རང་གིས་སེམས་སྣང་ཙམ་དུ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསྒོམ་ལ་སྤྲོས་བྲལ་དུ་བཞག་གོ །དེས་དག་པའི་སྒྱུ་ལུས་སྦྱང་བ་སོང༌། བཞི་པ་མཚན་


LT25_Page_175B
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྨི་ལམ་ལ་དོན་བཞི་སྟེ། དང་པོ་རྨི་ལམ་གྱི་སྔོན་འགྲོ་ནི། ཀུ་སུ་ལུའི་ཚོགས་གསོག་གོང་ལྟར་བྱའོ། །གཉིས་པ་རྨི་ལམ་སྦྱང་བ་ནི། སྤྱིར་སྦྱང་བ་དང་བྱེ་བྲག་ཏུ་སྦྱང་བའོ། །དང་པོ་ནི། ཕྱི་རོལ་གྱི་སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན། ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན། རྨི་ལམ་གྱི་ཡུལ་དང་ལུས་ལ་བདེན་པ་མེད། ཇི་ལྟར་སྤྲུལ་ཞིང་བསྒྱུར་ཡང་རུང་སྙམ་དུ་བསམ་ལ་སྤྲུལ་བསྒྱུར་བྱས་པར་བསྒོམ་མོ། །གཉིས་པ་བྱེ་བྲག་ཏུ་སྦྱང་བ་ནི། རང་གི་མདུན་དུ་སའི་འོབས་ཆེན་པོ་དང༌། རི་མཐོན་པོ་དང༌། བྲག་གཡང་ཆེན་པོའི་ཁ་ནས་རང་ཉིད་ལྷུང་བར་བསམ་ལ། དེའི་མོད་ལ། འདི་རྨི་ལམ་ཡིན་སྒྱུ་མ་ཡིན། རྨི་ལམ་ཡུལ་ལ་བདེན་པ་མེད། རྨི་ལམ་དང་སེམས་ལ་རང་བཞིན་གྲུབ་པ་མེད། བྲག་གཡང་འདི་ཡང་རྨི་ལམ་གྱི་བྲག་གཡང་ཡིན། སའི་རང་བཞིན་རིན་ཆེན་འབྱུང་ལྡན་ཡིན། དེ་ལས་སུ་ཞིག་འཇིགས་སྙམ་དུ་ས་དང་རང་གི་སེམས་བསྲེས་ནས་ས་ཐམས་ཅད་རིན་ཆེན་འབྱུང་ལྡན་དུ་གྱུར་པར་བསྒོམ། མཆོད་སྤྲིན་གྱིས་མཆོད་ནས། ཐམས་ཅད་ཆོས་སྒྲ་སྒྲོགས་པར་བསྒོམ་མོ། །ཡང་མདུན་དུ་མཚོ་ཆེན་པོ་དང༌། ཆུ་ཀླུང་ཆེན་པོའི་ནང་དུ་རང་ཉིད་ལྷུང་བར་བསམ། ང་གཉིད་པ་ཡིན། །འདི་རྨི་ལམ་གྱི་ལུས་དང་ཆུ་ཡིན། དེ་ལ་བདེན་པར་གྲུབ་པ་མེད། ཆུའི་རང་བཞིན་མི་བསྐྱོད་པ་ཡིན། དེ་ལས་སུ་ཞིག་འཇིགས་སྙམ་དུ། རང་གི་སེམས་དང་ཆུ་བསྲེས་ནས་ཆུ་ཐམས་ཅད་མི་བསྐྱོད་པར་བསྒོམ། ཡང་མདུན་དུ་མེའི་འོབས་དང་མེ་ཆེན་པོ་འབར་བའི་ནང་དུ། རང་ཉིད་ལྷུང་བར་བསྒོམ་ནས། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་མེ་ཡིན།


LT25_Page_176A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བདེན་པར་གྲུབ་པར་མེད། མེའི་རང་བཞིན་འོད་དཔག་མེད་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་དང་མེ་བསྲེས་ནས། མེ་ཐམས་ཅད་འོད་དཔག་མེད་བསྒོམ། ཡང་མདུན་དུ་རླུང་གི་དཀྱིལ་འཁོར་ནག་ངམ་མེ་བ་ཞིག་བསམ་ནས། དེའི་ནང་དུ་ཚུད་པས་ཚུབ་ཁྱིལ་ཁྱིལ་བྱེད་པར་བསྒོམ། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་རླུང་ཡིན། དེ་ལ་བདེན་པར་གྲུབ་པ་མེད། རླུང་གི་རང་བཞིན་དོན་ཡོད་གྲུབ་པ་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་དང་རླུང་བསྲེས་ནས། རླུང་ཐམས་ཅད་དོན་ཡོད་གྲུབ་པར་བསྒོམ་པའོ། །ཡང་མདུན་དུ་བར་སྣང་སྟོང་པ་ལ་རང་ཉིད་ལྷུང་བར་བསམ། ང་གཉིད་པ་ཡིན། འདི་རྨི་ལམ་གྱི་ལུས་དང་ནམ་མཁའ་ཡིན། དེ་ལ་བདེན་པར་གྲུབ་པ་མེད། ནམ་མཁའི་རང་བཞིན་རྣམ་པར་སྣང་མཛད་ཡིན། དེ་ལ་སུ་ཞིག་འཇིགས་སྙམ་དུ་རང་གི་སེམས་ནམ་མཁའ་དང་བསྲེས་ནས། ནམ་མཁའ་རྣམ་པར་སྣང་མཛད་ཀྱིས་གང་བར་བསྒོམ་མོ། །དེ་ནི་བྱེ་བྲག་ཏུ་སྦྱང་བའོ། །གསུམ་པ་རྨི་ལམ་བཟུང་བ་ལ་དོན་གསུམ་སྟེ། རབ་མི་རྟོག་པ་ལ་འཛིན་པ་ནི། རང་གི་སྤྱི་བོར་ཐུགས་རྗེ་ཆེན་པོར་ཚོན་གང་བ་ཞིག་བསམ། གསང་གནས་སུ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཚོན་གང་བ་ཞིག་བསམ། དེ་ནས་སྤྱི་བོའི་ཐུགས་རྗེ་ཆེན་པོ་ལས་ཐིག་ལེ་དཀར་པོ་ཞིག་ཆད་ནས་སྙིང་ཁར་བྱུང་བས་གཏི་མུག་དག །གསང་གནས་སུ་གསང་བ་ཡེ་ཤེས་ལས་ཐིག་ལེ་དམར་པོ་ཆད་ནས་སྙིང་ཁར་སླེབ་ནས་འདོད་ཆགས་དག །དེ་གཉིས་ཉེ་བར་གྱུར་པས་ཞེ་སྡང་དག །དེ་ནས་ཐིག་ལེ་འབྲོས་འདེད་གྱི་ཚུལ་དུ་འཁོར་པས་བུམ་


LT25_Page_176B
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། རེག་པས་གསང་དབང༌། རེག་པ་ལས་བདེ་བ་བྱུང་བས་ཤེས་རབ་ཡེ་ཤེས་དབང༌། གཅིག་ལ་གཅིག་ཐིམ་ནས་འོད་དུ་ཡལ་བས་དབང་བཞི་པའོ། །སླར་ཡང་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ཡིན། རྨི་ལམ་སྒྱུ་མའི་རང་བཞིན་དམིགས་པ་མེད་པར་ཐག་བཅད་ནས། སེམས་མ་ཡེངས་པར་གསལ་སྟོང་གི་ངང་ལ་གཉིད་ལོག་གོ །དེ་ནི་མི་རྟོག་པ་ལ་བརྟེན་ནས་འཛིན་པའོ། །འབྲིང་འདུན་པས་འཛིན་པ་ནི། གོང་གི་སྦྱང་ཐབས་དེ་དག་བཅུ་ལ་དམིགས་པས་བཟུང༌། ཁྱད་པར་དུ་ཕྱི་རོལ་གྱི་སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན། རང་གི་ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན། རྨི་ལམ་གྱི་ཡུལ་དང་ལུས་ལ་བདེན་པ་མེད། ཅི་ལྟར་བསྒྱུར་བསྒྱུར་ཡིན་སྙམ་དུ་འདུན་པ་དྲག་པོ་བྱའོ། །དང་པོ་ཐུགས་ཀར་ཐིག་ལེ་ལ་རིག་པ་གཏད་ནས་འཛིན་པ་ནི། དེ་ནས་ནུབ་མོ་གཉིད་ལ་རབ་རིབ་འགྲོ་ཁར་འདུན་པ་མ་ཡེངས་པར་རྨི་ལམ་བཟུང་ལ། ལུས་གློད་ནས་དྲན་པ་མ་ཡེངས་ཙམ་བྱས་པས་ཟིན་པར་འགྱུར་རོ། །གསུམ་པ་དབང་པོ་ཐ་མ་དམིགས་པས་འཛིན་པ་ལ་གསུམ། བླ་མ་སྤྱི་བོར་བསྒོམ་ལ་ཏིང་ངེ་འཛིན་གྱིས་དབང་བླང༌། རྨི་ལམ་ཟིན་པར་གསོལ་བ་གདབ། དེ་ནས་རང་གི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཐིག་ལེ་དམར་པོ་འོད་ཟེར་བཅས་པ་ལ་སེམས་བཟུང་ལ་གཉིད་ཡོག་པས་ཟིན་ནོ། །གཉིས་པ་གསུང་ཡིག་འབྲུ་ལ་བརྟེན་ནས་འཛིན་པ་ནི། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿདམར་པོ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ན་ཟིན་པར་འགྱུར་རོ། །གསུམ་པ་རྨི་ལམ་སྐུ་ལ་བརྟེན་ནས་འཛིན་པ་ནི། མགྲིན་པར་པདྨ་དམར་


LT25_Page_177A
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་བརྒྱད་པའི་ལྟེ་བར་ཐུགས་རྗེ་ཆེན་པོ་ཚོན་གང་པ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ནས་འཛིན་པ་ཡིན་ནོ། །དེ་དག་ནི་རྨི་ལམ་འཛིན་པའི་རིམ་པ་སོང་ངོ༌། །འདི་ཡང་གེགས་སེལ་འབྱམ་གཅོད་དང་ལྡན་པ་དགོས་ཤེས་གསུངས། བཞི་པ་སྤྲུལ་ཞིང་བསྒྱུར་ནས་སྤེལ་བ་ནི། རྨི་ལམ་ཟིན་ནས་ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་འབྱུང་བ་ལྔར་སྤྲུལ་པ་དང༌། བརྒྱ་བྱིན་དང་འཁོར་ལོས་སྒྱུར་རྒྱལ་དང༌། ཅང་ཤེས་རྟ་དང༌། གླང་པོ་ཆེ་དང༌། ཁྱུང་དང༌། སེམས་ཅན་གྱི་རིགས་དུ་མར་སྤྲུལ་པར་བྱའོ། །དེ་ནས་བསྒྱུར་བ་ནི། ས་ཆུར་བསྒྱུར་བ། ཆུ་མེར་བསྒྱུར་བ། མེ་རླུང་དུ་བསྒྱུར་བ། རླུང་ནམ་མཁར་བསྒྱུར་བ། ནམ་མཁའ་རིགས་དྲུག་གི་སེམས་ཅན་དུ་བསྒྱུར་བ། རིགས་དྲུག་གི་སེམས་ཅན་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་ལྷར་བསྒྱུར་བར་བྱའོ། །རེས་འགའ་སྣང་བར་བསྒྱུར་བ་དང༌། རེས་འགའ་མི་སྣང་བར་བསྒྱུར་བ་དང༌། དེ་བཞིན་དུ། རགས་པ་ཕྲ་བར་སྤྲུལ་ཞིང་བསྒྱུར་བ་དང༌། ཕྲ་བ་རགས་པར་སྤྲུལ་ཞིང་བསྒྱུར་བ་དང༌། མང་པོ་གཅིག་ཏུ་སྤྲུལ་ཞིང་བསྒྱུར་བ་དང༌། གཅིག་མང་པོར་སྤྲུལ་ཞིང་བསྒྱུར་བ་ལ་སོགས་པ་ཤེས་པར་བྱའོ། །དེས་སྤྲུལ་ཞིང་བསྒྱུར་བ་སོང༌། དེ་ནས་སྤེལ་བ་ནི། སེམས་ཅན་དུ་མར་སྤྲུལ་ཞིང་བསྒྱུར་ནས་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང༌། སྟོང་ནས་ཁྲི། །འབུམ། བྱེ་བ། ས་ཡ། དེ་ནས་དུང་ཕྱུར་ལ་སོགས་ཀྱི་བར་དུ་སྤེལ་བར་བྱའོ། །དེ་བཞིན་ལྷ་བྱ་སྤྱོད་དང༌། རྣལ་འབྱོར་བླ་མེད་དུ་མ་དང༌། ཁྱད་པར་སྤྱན་རས་གཟིགས་སྐུ་རྐྱང་དང༌། བླ་མེད་ལ་སོགས་


LT25_Page_177B
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲུལ་ཞིང་བསྒྱུར་བ་དང༌། གཅིག་ནས་དུང་ཕྱུར་གྱི་བར་དུ་སྤེལ་བར་བྱས་ནས་མ་ཎི་ལ་སོགས་སྔགས་འདྲེན་པར་བྱའོ། །ལྔ་པ་ཡུལ་སྣང་གཏན་ལ་འབེབས་པ་དང༌། ཞིང་སྦྱང་བ་དང༌། བགེགས་འདུལ་བ་གསུམ་ལས། དང་པོ་ནི། དབང་པོ་རབ་འོད་གསལ་རྟོགས་པ་དང་བྲལ་བའི་ངང་ནས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དབང་པོ་འབྲིང་ཡིད་ལ་བསམ་པ་ཙམ་གྱིས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དབང་པོ་ཐ་མ་བྱ་རྒོད་ལ་སོགས་པར་སྤྲུལ་ནས་ཕྱིན་པས་ཡུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ། །དེ་ཡང་ཐོག་མར་རང་གི་ཁང་པ་དང༌། ཉལ་ས་ལ་ཡུལ་གསལ་བར་གཏན་ལ་ཕེབས་པར་གྱུར་ནས། གཞན་ཕྱི་རོལ་ཡང་ཕེབས་པར་འགྱུར་རོ་གསུངས་སོ། །གཉིས་པ་ཞིང་སྦྱོང་བ་ནི་ཁྱུང་ལ་སོགས་པར་སྤྲུལ་ནས། བདེ་བ་ཅན་དང༌། མངོན་དགའ་དང༌། བཻ་ཌཱུར་སྣང་བ་དང༌། དགའ་ལྡན་ལ་སོགས་པར་འགྲོ་ཞིང་ཞིང་ཁམས་དེ་དག་ལ་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པ་དུ་མར་སྤྲུལ་ནས་མཆོད་པ་དང༌། ཆོས་ཞུ་བ་དང༌། དེ་བཞིན་དུ་རང་གིས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མར་སྤྲུལ་ཞིང་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་པ་དང་ཆོས་ཉན་པར་བྱའོ། །དེས་ཞིང་སྦྱོང་བ་སོང་ནས། གསུམ་པ་བགེགས་འདུལ་བ་ནི། གདོན་རྒྱལ་པོ་ལྟ་བུ་ལ་རྟ་མགྲིན་ལྟ་བུར་སྤྲུལ་ནས་འདུལ། ཀླུ་ལ་ཁྱུང་དུ་སྤྲུལ་ནས་འདུལ། མ་མོ་ལ་ཕྱག་རྡོར་དང༌། ལྷ་འདྲེ་སྤྱི་ལ་འཇིགས་བྱེད་དུ་སྤྲུལ་ནས་འདུལ། གདོན་ཆུར་སྤྲུལ་ན་རང་ཉི་མ་སྟོང་དུ་སྤྲུལ་ནས་སྐེམས་པ་དང༌། གདོན་མེ་རུ་སྤྲུལ་པ་ལ། རང་ཆུར་སྤྲུལ་ནས་


LT25_Page_178A
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པ་དང༌། གདོན་བྱ་རྒོད་ལ་སོགས་པ་ལ་རང་ཁྱུང་དུ་སྤྲུལ་ནས་འདུལ། གདོན་ཁྲ་རུ་སྤྲུལ་པ་ལ་རང་གླག་ཏུ་སྤྲུལ་ནས་འདུལ་བ། དེ་བཞིན་དུ་ཁྱི་ལ་སྟག་དང༌། བྱེའུ་ལ་ཁྲ་དང༌། རི་དྭགས་ལ་གཅན་གཟན་དང༌། གཅན་གཟན་ལ་སེང་གེ་དང༌། སེང་གེ་ལ་མེ་སྤུང་ལ་སོགས་པ་གང་གི་གཉེན་པོར་གང་ཡིན་པ་དེར་སྤྲུལ་ནས་འདུལ་ཞིང་སྲོག་སྔགས་འབུལ་དུ་འཇུག །མཐར་བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ཞིང༌། སྟོང་ཉིད་ཀྱི་ངང་ལ་འཇོག་པའོ། །དེ་ནི་གདོན་འདུལ་བའོ། །གསུམ་པ་འོད་གསལ་གྱི་རིམ་པ་ལ་གསུམ་ཏེ། དང་པོ་གཞིའི་འོད་གསལ་ཆོས་ཉིད་གནས་ལུགས་ལ་ངོས་བཟུང་བ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ། སྐྱེ་གནས་འཇིག་གསུམ་དང་བྲལ་བ། སྤྲོས་བྲལ་མཐའ་བྲལ་དེ་ཉིད། སེམས་ཅན་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང༌། འགྲོ་བ་རྣམས་གདོད་ནས་ཀུན་ཁྱབ་ཀྱི་ངོ་བོ་གནས་པ་ཡིན་ཏེ། དེ་ཉིད་ཀྱི་དོན་མ་རྟོགས་ཤིང༌། བདག་མེད་ལ་བདག་ཏུ་བཟུང་བས། གཟུང་འཛིན་འཁྲུལ་པའི་དྲི་མས་སེམས་ཉིད་འོད་གསལ་བསྒྲིབས་ནས། །འཁོར་བར་འཁྱམས་ཀྱང་གཞིའི་འོད་གསལ་ཞེས་བྱ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ལྟ་བུ་དང༌། བར་སྣང་ལ་ཁུ་རླངས་ལྟ་བུའོ། །ཆུ་དང་ས་ལྟ་བུའོ། །མར་མེ་དང་བུམ་པ་ལྟ་བུའོ། །དབུལ་པོའི་ཁྱིམ་དུ་གཏེར་ཆེན་ལྟར་སྒྲིབ་པ་ལས་གྲོལ་རུང་མ་གྲོལ་རུང་རང་སེམས་རང་བཞིན་འོད་གསལ་བར་བཞུགས་སོ། །གཉིས་པ་ལམ་གྱི་འོད་གསལ་རྩལ་སྦྱང་བ་ལ་གཉིས་ཏེ། དང་པོ་ཉིན་པར་རྩ་ཐིག་རླུང་


LT25_Page_178B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གནད་དུ་བསྣུན་པ་ལ་བརྟེན་ནས། འོད་གསལ་མངོན་དུ་བྱེད་པ་ལ་གསུམ་སྟེ། དང་པོ་ནི། མུན་ཁང་ཁྲ་སེང་མེད་པར་འབོལ་བའི་གདན་ལ། བསམ་གཏན་སྟེགས་བུ་བཅས་ལ། ལུས་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང༌། ལག་པ་རྡོ་རྗེ་ཁུ་ཚུར་བརླའི་སྟེང་དུ་འཇོག །དཔུང་མགོ་རྒོད་གཤོག་ལྟར་བརྒྱང༌། སྒལ་ཚིགས་མདའ་ལྟར་བསྲང༌། མགྲིན་པ་ལྕགས་ཀྱུ་ལྟར་བཀུག །བྱིང་ན་ལྟ་སྟངས་སྤྱི་བོའི་གཙུག་ན་སྣ་རྩེ། སྙོམས་ན་སྨིན་མཚམས་ཀྱི་ནམ་མཁའ་ལ། མིག་གཡོ་འགུལ་མེད་པར་ལྟ། གཉིས་པ་ངག་རླུང་བཅིང་པ་ནི། རླུང་བུམ་པ་ཅན་བཟུང་ངོ༌། །དེས་ཐིག་ལེ་རང་འཆིང་དུ་གྱུར་ནས། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་རྣམ་ཀུན་མཆོག་ལྡན། འོད་གསལ་རྟགས་བཅུ་དང༌། མ་ངེས་པའི་རྟགས་དུ་མ་འཆར་བར་འགྱུར་ཏེ་སེམས་ཀྱི་རང་འོད་རང་བཞིན་གྱིས་འོད་གསལ་བ། དབྱིངས་རིག་དབྱེར་མེད་ཆོས་སྐུ་རུ་ངོ་སྤྲོད་པར་བྱའོ། །གཉིས་པ་མཚན་མོའི་འོད་གསལ་ནི། རབ་སེམས་ཉིད་འོད་གསལ་གྱི་ངང་ལ་གཉིད་པས་འོད་གསལ་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་དམིགས་པ་ལ་བརྟེན་ནས་འཛིན་པ་ནི། རང་ཐུགས་རྗེ་ཆེན་པོ་ཕྱི་གསལ་ནང་གསལ་དུ་བསྒོམ་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཧྲཱིཿདཀར་པོ་ཚེགས་དྲག་དང་བཅས་པ་ལས་འོད་ཟེར་ཉི་མ་འབུམ་ལས་ལྷག་པར་འཕྲོས་པས། ལུས་ཀྱི་ཕྱི་ནང་དང་གླིང་བཞི་སྟོང་གསུམ་ཐམས་ཅད་ཕྱི་གསལ་ནང་གསལ་དུ་གྱུར་པ་ལ་དམིགས་པ་བཟུང་ནས་གཉིད་ལོག་པས་འོད་གསལ་ཟིན་པར་འགྱུར་རོ། །གསུམ་པ་འབྲས་བུའི་འོད་གསལ་མངོན་དུ་བྱེད་པ་ནི། སེམས་ཀྱི་རང་བཞིན་གཟུང་འཛིན་གཉིས་ལས་


LT25_Page_179A
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ། རང་གིས་རང་རིག་ཅིང་རང་བཞིན་གྱིས་འོད་གསལ་བ། ཤེས་བྱའི་ཡུལ་ཆོས་ཉིད་རྣམ་ཀུན་མཆོག་ལྡན་དང༌། ཤེས་པའི་ངོ་བོ་རང་རིག་ཡེ་ཤེས་གཉིས་དང་དབྱེར་མེད་པ། སྐྱེ་འགག་གནས་གསུམ་དང་བྲལ་བ། ཡོད་མེད་བདེན་རྫུན་རྟག་ཆད་ཀྱི་མཐའ་དང་བྲལ་བ་འདི་ཉིད་ཆོས་ཀྱི་སྐུའོ། །ཞེས་ངོ་སྤྲད་པར་བྱའོ། །དྲུག་པ་འཕོ་བ་ལ་གསུམ་སྟེ། དང་པོ་སྦྱང་བ་ནི། རང་ལུས་སྤྱན་རས་གཟིགས་མངོན་རྟོགས་ལྟར་དུ་སྟོང་སང་ངེ་བ་སྒོམ་པའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། མར་སྣ་གསང་གནས་སུ་གཏད་ནས་བུ་ག་ཕཊ་ཀྱིས་བཀག་པ། ཡར་སྣ་སྤྱི་གཙུག་ཏུ་ཟུག་པ་རྒྱ་མཐོང་ཁ་བྱེ་བ་ལྟ་བུ་སྟོང་སང་ངེ་བ་ཡོད་པར་བསྒོམ། བུ་ག་དགུ་པོ་ཧྲཱིཿདམར་པོ་རེ་རེས་བཀག་པར་བསྒོམ། དེ་ནས་འཕོ་ཡུལ་ནི་སྤྱི་གཙུག་སྟེང་གི་ནམ་མཁའ་འདོམ་གང་ཙམ་གྱི་ཆ་ལ། རིན་པོ་ཆེའི་ཁྲི་པདྨ་ཟླ་བ་བརྩེགས་པའི་གདན་གྱི་སྟེང་དུ་ཐུགས་རྗེ་ཆེན་པོ་སྐུ་རྣམ་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་སུ་བསྒོམ་པར་བྱའོ། །དེ་ནས་འཕོ་བ་སྦྱང་བ་ལ་དོན་གསུམ། དང་པོ་ཐུགས་ཀྱི་སྒོ་ནས་འཕོ་བ་ནི། རང་གི་སྙིང་ཁར་པདྨ་ཟླ་བའི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ། འོད་ཟེར་སྣ་ལྔ་འཕྲོ་བར་བསྒོམ་ལ། དེ་ནས་སྤྱི་བོའི་ཐུགས་རྗེ་ཆེན་པོས་ཡི་གེ་དྲུག་མ་བཏོན་ནས། རིགས་ཀྱི་བུ་ཁྱོད་བདག་གི་ཐུགས་ཁར་འཕོས་ཤིག །ཅེས་གསུངས་པའི་མོད་ལ། ཐིག་ལེ་དེ་ལས་ཐིག་ལེ་གཅིག་དཀར་ཙེར་གྱིས་ཆད་ནས། དབུ་མའི་ལམ་བརྒྱུད་དེ། ཐུགས་རྗེ་


LT25_Page_179B
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཐུགས་ཀར་ཅུང་ཟད་རེག་ནས་སླར་ཡང་མར་བབས་སྙིང་ཁའི་གཞིའི་ཐིག་ལེ་ལ་ཐིམ་པར་བསྒོམ། དེ་ལྟ་བུ་བརྒྱ་དང་ཉི་ཤུ་ལ་སོགས་པ་རྟགས་མ་བྱུང་གི་བར་དུ་སྦྱང་ངོ༌། །གཉིས་པ་གསུང་ཡིག་འབྲུའི་སྒོ་ནས་འཕོ་བ་ནི། རང་ཐུགས་རྗེ་ཆེན་པོ་གསལ་གདབ་པ་དང༌། ལུས་ཀྱི་དབུས་སུ་རྩ་གསལ་འདེབས། སྤྱི་བོར་བླ་མ་བསྒོམ་པའི་རིམ་པ་རྣམས་གོང་དང་མཚུངས། བྱེ་བྲག་ཏུ་སྙིང་ཁར་པད་ཟླའི་སྟེང་དུ་ཧྲཱིཿདམར་པོ་འོད་དང་བཅས་པ་བསྒོམ་ཞིང༌། ཧྲཱིཿལས་ཧྲཱིཿཆད་དེ། བླ་མའི་ཐུགས་ཀར་ཅུང་ཟད་རེ་གནས་པར་བསམ་ཞིང༌། སླར་གཞིའི་ཧྲཱིཿལ་ཐིམ་པར་བསྒོམ་པ་ནི། སྦྱོང་བ་གོང་དང་མཚུངས། གསུམ་པ་སྐུའི་སྒོ་ནས་འཕོ་བ་ནི། ལྷ་དང་རྩ་དབུ་མ་བླ་མ་གསལ་འདེབས་པ་གོང་དང་མཚུངས། བྱེ་བྲག་ཏུ་སྙིང་ཁར་ཟླ་བའི་སྟེང་དུ། ཐུགས་རྗེ་ཆེན་པོ་གསལ་ལ་དོད་པ་འོད་ཟེར་དང་བཅས་པ་ཚོན་གང་བ་ཞིག་བསམ་ལ། གཅིག་ལས་གཅིག་ཆད་སྤྱི་བོར་བླ་མའི་ཐུགས་ཁར་རེག་ནས་ཅུང་ཟད་གནས་ཤིང་བཞུགས། སླར་གཞིའི་ལྷ་ལ་ཐིམ་པར་བསམ་པ་ནི་སྦྱང་བའོ། །གཉིས་པ་ལས་ལ་སྦྱོར་བ་ནི། འཆི་བའི་རྟགས་ཚང་ནས། ཞེན་ཆགས་འཁྲི་བ་རྦད་ཀྱིས་བཅད་ལ། བྱམས་སྙིང་རྗེ་དང་མོས་གུས་ལ་གནས་པས། རང་ལུས་ལྷར་གསལ་འདེབས། དབུས་སུ་རྩ་དབུ་མ་བསྒོམ། སྤྱི་བོར་བླ་མ་གསལ་གདབ། སྙིང་ཁར་པད་ཟླའི་སྟེང་དུ་ཐིག་ལེ་ཧྲཱིཿཡི་གེ་སྐུ་གསུམ་རིམ་གྱིས་བསྒོམ་ནས་དེ་དག་གདན་དང་བཅས་པ་ཆད་པས། སྐར་མདའ་འཕངས་པ་ལྟར་བླ་མའི་ཐུགས་ཀར་ཐིམ་པར་བསམ་ཞིང༌། ནམ་འཕོ་མ་ནུས་ཀྱི་བར་དུ་བསྒོམ་པར་བྱའོ། །མཐར་བླ་མ་


LT25_Page_180A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདེ་བ་ཅན་དུ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་མོ། །དེ་ནི་ལས་ལ་སྦྱར་བའོ། །བདུན་པ་བར་དོ་ལ་དོན་བཞི་སྟེ། དང་པོ་བར་དོ་སྦྱང་བ་ནི། བླ་མ་ལ་བར་དོ་འབྱོང་བའི་གསོལ་བ་གདབ། དེ་ནས་ཕྱི་རོལ་གྱི་སྣང་བ་འདི་རྣམས་ཐམས་ཅད་བར་དོའི་སྣང་བ་ཡིན། ངའི་ལུས་འདི་ཡང་བར་དོའི་ལུས་ཡིན། གཟུགས་ཐམས་ཅད་བར་དོའི་གཟུགས། སྒྲ་ཐམས་ཅད་བར་དོའི་སྒྲ། དྲི་དང༌། རོ་དང༌། རེག་བྱ་ཐམས་ཅད་བར་དོའོ། །བདེ་སྡུག་ཐམས་ཅད་བར་དོའི་སྣང་བ་ཡིན། དེ་སྒྱུ་མ་ཡིན། རྨི་ལམ་ཡིན། བར་དོའི་ལུས་ལ་རང་བཞིན་མེད་སྙམ་དུ་བསྒོམ་ལ། ཆོས་ཐམས་ཅད་ལ་བླང་དོར་མེད་པར་མཉམ་པ་ཉིད་དུ་ནམ་མཁའ་ལྟ་བུའི་ངང་ལ་སེམས་རང་གསལ་སྤྲོས་བྲལ་དུ་མཉམ་པར་འཇོག་པ་བར་དོ་ཆོས་སྐུར་སྦྱང་བའོ། །གཟུགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ། སྒྲ་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྒྲ། དྲན་རྟོག་ཐམས་ཅད་སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་དུ་བསྒོམ་ནས། དེ་རྣམས་ཉམས་སུ་བླང་བ་ནི་ལོངས་སྐུ་བར་དོ་སྦྱང་བའོ། །ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་བདེ་བ་ཅན་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུ། སྒྲ་ཐམས་ཅད་དམ་པའི་ཆོས་ཀྱི་སྒྲ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་བསྒོམ་ལ། སྤྲུལ་པའི་སྐུའི་ཞིང་སྦྱང་པའོ། །གཉིས་པ་ཐིམ་སྡུད་བརྟག་པ་ནི། ཕྱི་རྟགས་ལ། ས་ཆུ་ལ་ཐིམ་པས། ལུས་ཀྱི་བཀྲག་མདངས་འཆོར། དྲི་མ་མི་ཐུབ། སྣང་བ་ལྗིད་ཐིབས་འབྱུང་བ་སྙམ་བྱེད། ནང་རྟགས་ལ་རླངས་པའམ། ཁ་རླངས་ལྟ་བུ་འབྱུང༌། ཆུ་མེ་ལ་


LT25_Page_1780B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པའི་རྟགས་སུ་ཁ་སྣ་སྐམ། མཆུ་བརྫེས། ནང་རྟགས་རྡུལ་དང་སྨིག་རྒྱུ་ལྟ་བུ་འབྱུང༌། མེ་རླུང་ལ་ཐིམ་པའི་རྟགས་སུ། ཕྱི་རྟགས་དྲོད་མཐའ་ནས་སྡུད། དབུགས་ནང་དུ་སྡུད་མི་ཤེས། ནང་རྟགས་སུ་མར་མེ་བཏེགས་པའམ། སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ལྕེའི་ཐོག་ཏུ་ནག་ཐིག་དང་གླལ་བའོ། །ནང་རྟགས་སུ་ནམ་མཁའ་དྭངས་པ་ལྟ་བུའམ། ཁ་བ་བབས་པ་ལྟ་བུ་འབྱུང༌། རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་རྟགས་སུ་ཕྱི་རྟགས་ནམ་མཁའ་སྤྲིན་མེད་པ་ལྟ་བུ་འབྱུང༌། ནང་རྟགས་སུ་ནམ་ལངས་པའི་སྟེང་དུ་ཉི་མ་ཤར་བ་ལྟ་བུ་འབྱུང༌། དེ་ནི་ཐིམ་སྡུད་བརྟག་པའོ། །གསུམ་པ་བར་དོ་སྐུ་གསུམ་དུ་ཉམས་སུ་ལེན་ཚུལ་ནི། བར་དོ་དང་པོ་ཆོས་ཉིད་ཀྱི་བར་དོར་ཆོས་སྐུའི་ངོ་བོར་སངས་རྒྱས་པའི་གདམས་ངག་ནི། དེ་ནས་འབྱུང་བ་ལྔ་ཐིམ་པས་རླུང་དབུ་མར་ཐིམ་ཚར་ནས། མ་ལས་ཐོབ་པའི་རཀྟ་གྱེན་དུ་འདྲིལ་བས་དམར་ལམ་འབྱུང་སྟེ། ཕ་ལས་ཐོབ་པའི་ཐིག་ལེ་ཐུར་དུ་ལྷུང་བས་དཀར་ལམ་པ་འབྱུང༌། དེ་ནས་ཁམས་དཀར་དམར་ནོར་རྒྱལ་གྱི་རླུང་རྣམ་པར་ཤེས་པ་དང་བཅས་པ་སྙིང་ཁའི་རྩ་བྷ་སནྟའི་ནང་དུ་འདུས་པ་ལས་བདེ་གསལ་མི་རྟོག་ནམ་མཁའ་ལྟར་མཐའ་དབུས་མེད་པའི་འོད་གསལ། རྣམ་ཀུན་མཆོག་ལྡན་འཆང་བར་འགྱུར། དེའི་ཚེ་གཟུགས་སུ་སྣང་བ་ཐམས་ཅད་འོད་གསལ་སེམས་ཉིད་ཆོས་སྐུའི་རང་གཟུགས། སྒྲ་གྲགས་པ་ཐམས་ཅད་སེམས་ཉིད་ཆོས་སྐུའི་རང་སྒྲ། དྲི་རོ་རེག་བྱ་རྣམ་ཤེས་དང་བཅས་པ་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སེམས་རང་བཞིན་འོད་


LT25_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རང་ངོ་རང་གིས་ཤེས་ནས་དེའི་ངང་ལ་མཉམ་པར་བཞག་པས་བར་དོ་འོད་གསལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་འགྲུབ་པར་འགྱུར་རོ། །གཉིས་པ་སྲིད་པ་བར་དོར་འཕོས་ནས་ལོངས་སྐུར་ཉམས་སུ་ལེན་པ་ནི། བར་དོའི་རྟགས་ཐམས་ཅད་མན་ངག་དང་ལྡན་པས། སྣང་བ་ཐམས་ཅད་བདེ་བ་ཅན་གྱི་ཞིང་དུ་བསམ། བདག་དང་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་དུ་གསལ་གདབ། སྒྲ་ཐམས་ཅད་ཡི་གེ་དྲུག་པ། དྲན་རྟོག་ཐམས་ཅད་བསྐྱེེད་རིམ་ལ་མ་ཡེངས་པར་བྱས་པས། ལོངས་སྤྱོད་རྫོགས་པར་གྲོལ་བར་འགྱུར་རོ། །གསུམ་པ་བར་དོ་ཐ་མ་སྤྲུལ་སྐུར་ཉམས་སུ་ལེན་པ་ནི། ཕྱི་རོལ་གྱི་ཡུལ་སྣང་ཐམས་ཅད་བདེ་བ་ཅན་དང༌། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་སྤྲུལ་པའི་སྐུར་སྤྲུལ། སྒྲ་གྲགས་པ་ཐམས་ཅད་ཆོས་ཀྱི་སྒྲར་སྤྲུལ། དྲན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་རོལ་བར་སྤྲུལ་ནས། སེམས་ཅན་ལ་ཆོས་སྟོན་པ་ལ་སོགས་བྱ། གཞན་ཡང་སྤྲུལ་པ་སྒྱུར་ལ་བརྟེན་ནས་བདེ་བ་ཅན་དང༌། དགའ་ལྡན་དང༌། མངོན་དགའ་ལ་སོགས་པའི་ཞིང་དུ་རྫུ་འཕྲུལ་གྱིས་ཕྱིན་ནས་ཆོས་ཉན་པ་དང༌། མཆོད་པ་དུ་མ་སྤྲུལ་ནས་མཆོད་པ་ལ་སོགས་པ་བྱའོ། དེས་ནི་བར་དོ་ཐ་མ་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པར་འགྱུར་རོ། །དེ་དག་གིས་བར་དོའི་གདམས་པ་སོང་ནས། བཞི་པ་མངལ་སྒོ་དགགས་པ་ནི། བར་དོ་གསུམ་དུ་གྲོལ་མ་ནུས་ན། ཐ་མ་མངལ་སྒོ་དགགས་པ་ནི། ཕོ་མོ་སྦྱོར་བ་བྱེད་པ་དང༌། གནས་ཁང་ལ་སོགས་པར་གནས་པའི་སྣང་བ་བྱུང་ན། ཕོ་ཐམས་ཅད་སྤྱན་རས་གཟིགས་སུ་བསྒོམ། མོ་ཐམས་


LT25_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རྡོ་རྗེ་ཕག་མོར་བསྒོམ། སྒྲ་ཐམས་ཅད་ཡི་གེ་དྲུག་པར་བསྒོམ། དྲན་རྟོག་ཐམས་ཅད་ཆགས་འཛིན་དང་བྲལ་བའི་ངང་ནས་བསྐྱེད་རྫོགས་བསྒོམ་པས། མངལ་སྒོ་ཁེག་ཅིང་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོངས་སུ་འཛིན་པར་འགྱུར་རོ། །ལྔ་པ་རྗེས་ཀྱི་བཀའ་རྒྱ་ལ་བཞི་སྟེ། ཁྲིད་འདི་གཅིག་བརྒྱུད་དུ་སྟོན་པ་དང་གཅིག །ཚོགས་འཁོར་བཟང་པོ་གསེར་གྱི་མེ་ཏོག་དང་གཉིས། ཁྲིད་ལུང་བྱེད་དུ་མེད་པ་དང་གསུམ། འདི་ཞུས་ནས་སྒྲུབ་པ་བྱེད་པ་དང་བཞི་ཡིན་ཅེས་མི་ཏྲས་བཀའ་རྒྱ་བཏབ་པའོ། །ཚེ་གཅིག་བྱང་ཆུབ་བསྒྲུབ་པའི་ཚུལ་འདི་ནི། །སྤྱན་རས་གཟིགས་ཀྱིས་གྲུབ་ཆེན་མི་ཏྲ་ལ། །རྒྱ་གར་པཎ་ཆེན་ཤྲཱི་པུ་ཏྲས་ཞུས། །མན་ངག་སྙན་བརྒྱུད་གཱིརྟི་རཏྣ་ལ། །ཇི་ལྟར་གདམས་ངག་གནད་རྣམས་མ་འཕྱུག་པ། །བུམ་པ་གང་བྱོ་བདག་ལ་གནང་བ་ནི། །ཚིག་དོན་མ་འཕྱུག་ཡི་གེར་བཀོད་པ་ཡིན། །དགེ་བས་བདག་གིས་སྤྱན་རས་གཟིགས་མགོན་གྱི། །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པ་ཡོངས་སུ་སྡུད་པའི་ཁྲིད་བདུད་རྩིའི་དགའ་སྟོན་ཅེས་བྱ་བ། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས་ཡི་གེར་བཀོད་པའི་བསོད་ནམས་ཀྱི་ཕུང་པོ་དེས། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་མྱུར་དུ་འགོད་པར་གྱུར་ཅིག །ཅེས་བསྔོ་བའི་རིམ་པ་དང་བཅས་པ་རྫོགས་སོ། །དགེ་བས་འགྲོ་རྣམས་སངས་རྒྱས་ཐོབ་པར་ཤོག། །།དགེའོ། །


previousགདམས་ངག་མཛོད་པོད་བཅུ་དྲུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡོངས་སུ་སྡུད་པ་བདུད་རྩིའི་དགའ་སྟོན།next