གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།། །།
ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་དང༌། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང༌། །གཏེར་ཆེན་མྱང་རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀ་ བཟང་ལ། །གསོལ་བ༴ ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ༴ དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང༌། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ༴ ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང༌། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ༴ ཁ་སྐོང་ནི། གཏེར་བདག་གླིང་པ་དྷརྨཱ་ཤྲཱི་དང༌། །
རིན་ཆེན་རྣམ་རྒྱལ་འགྱུར་མེད་དོན་ལྡན་ཞབས། །ཕྲིན་ལས་རྣམ་རྒྱལ་ཆོས་ཀྱི་སྒྲོན་མ་ལ། །གསོལ་བ༴ ཞེས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ༴ སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱིས། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱང་སྐུ་གསུམ་སྙིང་པོའི་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོའི་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའི་དོན་ཁྲིད་དང་བཅས་པའི་བརྒྱུད་འདེབས་འདི་ནི་སྒྲུབ་ཆེན་ཆོས་མཛོད་ཀྱིས་གསུང་ངོར་དྷརྨ་ཤྲཱིས་སོ། སླར་ཡང་བརྒྱུད་པའི་ཞལ་སྐོང་ཤོ་ལོ་ཀ་གཅིག་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྒྱལ་པོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། སྲས་བཅས་རྒྱལ་བའི་ཐུགས་རྗེའི་དངོས། སྤྱན་རས་གཟིགས་དབང་ལ་བཏུད་ནས། གང་དེའི་རྣལ་འབྱོར་
ཟབ་མོའི་ཕུལ། འཕགས་པ་དགྱེས་པའི་ལམ་སྲོལ་འབྲི། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བདག་གིས་ད་རེས་རྙེད་དཀའ་ལ་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པའི་སྐབས་སུ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ལ་འབད་དགོས། དེ་ཡང་ད་ལྟ་རང་མ་འབད་ན། དོ་ནུབ་ཙམ་དུའང་མི་འཆི་བའི་གདིང་མེད། ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་འབའ་ཞིག་གི་རྗེས་སུ་འབྲང་སྟེ། འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བློས། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལའང་གཉིས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པའོ། །དང་པོ་ནི། མདུན་གྱི་ནམ་མཁའ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་པ་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ །དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ །བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ །ཞེས་ཅི་ནུས་བརྗོད། གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་བློས་སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་དུ། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ །བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ །གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ །འགྲོ་བ་བསྒྲལ་བར་དམ་བཅའོ༔ །ཞེས་པས་སེམས་བསྐྱེད་དེ་ནས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་སོང༌། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་མོ། །གཉིས་པ་
དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ། གསུང་བཟླས་པ། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དེ་རེ་རེ་ལའང་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང༌། དངོས་གཞི་སོ་སོའི་རྣལ་འབྱོར། མཐའ་འཕོ་བའི་རྣལ་འབྱོར་བཅས་ཀྱི་སྒོ་ནས་སྟོན་པ་ལས། སྔོན་འགྲོ་ཐུན་མོང་མ་ཡིན་པ་ནི་སྒོ་གསུམ་གྱི་མི་དགེ་བ་བཅུ་སྤངས་ཤིང༌། དེའི་གཉེན་པོར་དགེ་བ་བཅུ་ཅི་ནུས་བསྒྲུབས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་གངས་ཅན་པ་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་པ་དང་རྗེས་སུ་མཐུན་པ་ཡིན་ལ། འཕོ་བའི་རྣལ་འབྱོར་ནི་འོག་ཏུ་བསྡོམས་ཏེ་བརྗོད་པ་ལས་ཤེས་པར་འགྱུར་བའི་ཕྱིར། འདིར་དངོས་གཞིའི་རྣལ་འབྱོར་རྣམས་སྟན་ཐོག་གཅིག་ཏུ་སྦྲེལ་ཏེ་བསྒོམ་པའི་ཚུལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་པྂ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ལྟེ་བར་ཨཿལས་ཟླ་བ་དང༌། མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་སེམས་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། །དེ་ཡོངས་སུ་གྱུར་བ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་འཚེར་བ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཞལ་འཛུམ་པའི་མདངས་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང༌། །ལྷག་མ་གཉིས་བགྲང་ཕྲེང་དང༌། །པདྨ་དཀར་པོའི་སྡོང་བུ་འཛིན་པ། །ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། །སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་བར་བསམ། འདི་ནི་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གསུང་ཡི་གེ་དྲུག་པའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་བཀོད་པ་ཡིན་ལ། ཁྲིད་ཡིག་ཕྱི་མའི་དགོངས་པ་ལྟར། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་གསུངས་པ་ལྟར་བསྒོམ་ཡང་རུང་ངོ༌། །དེ་ནས་སྤྲོ་ན། རང་གི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་སྔོན་
པོ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཤེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་པས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོས་ལ། བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། མི་སྤྲོ་ན་ཁྲིད་ཡིག་རྩ་བའི་དགོངས་པ་ལྟར། བདག་ཉིད་དམ་ཚིག་པར་གསལ་བ་ཉིད། དམ་ཡེ་གདོད་ནས་དབྱེར་མེད་དུ་ཤེས་པས་སེམས་བཟུང་ཡང་རུང་ངོ༌། །གང་ལྟར་ཡང་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་བར་འཇའ་ཚོན་ལྟ་བུ་ཡིད་ལ་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་མ་སྐྱེས་པར་བསྒོམ་པ་ནི་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །དེ་ནས་སྐྱོན་བཟླས་པ་བྱ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་བརྗོད་པས། རང་གི་སྙིང་ག་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་གི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་
བཅས་པ་འཕྲོས། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། དེ་ལྟ་བུའི་སྤྲོ་བསྡུ་དང་བཅས། ངག་གྲགས་སྟོང་དབྱེར་མེད་གདོད་མ་ནས་རྣམ་པར་དག་པའི་ལྷའི་གསུང་ཡིན་པར་ངེས་པའི་བློས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་རང་སྒྲར་མོས་པ་རྩེ་གཅིག་པས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། བསྐྱེད་རིམ་བསྡུས་པའི་སྐབས་དམིགས་པ་འོག་མ་ཁོ་ནས་བཟླས་པས་རུང་སྟེ་གསུང་བཟླས་པའི་རྣལ་འབྱོར་རོ། །དེ་ནས། མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམས་ལ། ལུས་བསམ་བསྟན་གྱི་སྤྱོད་ལམ་དང་ལྡན་པར་བྱ། མིག་བར་སྣང་དུ་ཧད་རེ་བལྟ། ངག་རླུང་རྒྱུ་བ་རང་སོར་བཞགས་ནས་སེམས་ཀྱི་ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པ་རང་གི་སེམས་ཀྱི་རྣམ་རོལ་ཙམ་དུ་ཐག་བཅད་དེ། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགགས་གནས་གསུམ་དང་བྲལ་བའི་རིག་སྟོང་འཛིན་མེད་ཀྱི་ཡེ་ཤེས་ངང་གིས་འཆར་བའི་དབྱིངས་སུ་བློ་ལྷོད་ཀྱིས་གློད་ནས་མཉམ་པར་བཞག །གལ་ཏེ་རྣམ་པར་རྟོག་པའི་ཚོགས་སྐྱེས་ན། དེའི་དབང་དུ་མི་བཏང་བར་ཡེངས་མེད་འཛིན་མེད་ཀྱི་རང་ཞལ་བསྐྱང་བ་ནི་ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །ཐུན་བསྡུ་བའི་ཚེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ས་བོན་ཧྲཱིཿཡིག་གི་བར་དུ་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ་ཅི་གནས་སུ་བཞག །དེ་ལས་ལྡང་བ་ནི། སླར་ཡང་རང་སྐད་གཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འཕོ་བའི་རྣལ་འབྱོར་ནི།
དངོས་གཞིའི་ཉམས་ལེན་གྱི་བཟླས་པའི་མཇུག་ཏུ་བྱེད་ན། སྔགས་ཕྲེང་སོགས་མི་དམིགས་པར་བཞག་སྟེ་བསྒོམ་པས་ཆོག །སྐབས་གཞན་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་སྐད་ཅིག་གིས་ལྷར་གསལ་བཏབ། གང་ལྟར་ཡང་རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ། ཡར་སྣ་ཚངས་བུག་ཏུ་རྒྱ་མཐོང་ཁ་བྱེ་བ་ལྟ་བུར་ཐལ་ལེར་ཟུག་ཅིང༌། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ་པ། སྙིང་གར་རང་གི་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཚོན་གང་བ་འོད་ཀྱི་གོང་བུ་ཅན། སྤྱི་བོའི་བླ་མ་འོད་དཔག་མེད་འཁོར་དང་བཅས་པ་གསལ་བཏབ། མོས་གུས་དུང་བ་བྱས་པས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང༌། ཡེ་ཤེས་སེམས་དཔའ་ལ་རེག་པས་དབུ་མའི་ལམ་ནས་སྐར་མདའ་འཕངས་པ་ལྟར་དྲངས། ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །ཡང་མར་བབས་ནས་སྔར་བཞིན་དུ་འཁོད་པར་མོས། དེ་ལྟ་བུའི་དམིགས་པ་ལེན་ཇི་ལྟར་རིགས་པའི་མཐར། འོད་དཔག་མེད་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ཉིད་སླ་སྐུའི་སྣང་ཆའང་མི་དམིགས་པར་སྦྱངས་ཏེ་གནས་ལུགས་ཀྱི་ངང་དུ་བློ་བཞག །ཐུན་མཚམས་ཀྱི་ལྟར་ལྡང་བ་སོགས་བྱའོ། །འདི་ནི་སྐུ་ཁྲིད་དང་འབྲེལ་བར་ཡུངས་འབྲུའི་ཚུལ་དུ་འཕོ་བ ཞེས་པའི་དམིགས་རིམ་ཡིན་ལ། གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། གཞན་གོང་དང་འདྲ་བ་ལས། ཡེ་ཤེས་སེམས་དཔའི་མལ་དུ་ལྟེ་བར་ས་བོན་ཧྲཱིཿབསྒོམ་པ་དང༌། ཐུགས་འོད་གསལ་དུ་འཕོ་བ་ནི། འཁོར་གསུམ་གྱི་མཚན་མ་མི་དམིགས་པའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་དུ་བློ་འཇོག་པ་སྟེ། གསུམ་ཀ་འབྲེལ་བར་བྱེནྡ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ས་བོན་ཧྲཱིཿཡིག་གིས་མཚན་པར་བསྒོམས་ནས་འཕོ་བ་དང༌། འོད་གསལ་གྱི་འཕོ་བ་རྒྱས་འདེབས་ཀྱི་ཚུལ་དུ་ཉམས་སུ་བླངས་པས་དོན་འགྲུབ་པ་ཡིན་ནོ། །གསུམ་པ་ལ་གཉིས། ཉིན་མོ་དང་མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། འདི་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་འཕགས་པའི་སྐུ་གསུང་ཐུགས་སུ་གསལ་བཏབ་པ་
ཡར་སྣང་བ་ལམ་དུ་ཁྱེར་བ་དང༌། དེ་རྣམས་ཀྱང་ཡེ་ནས་འཕགས་པའི་གསང་བ་གསུམ་གྱི་རང་བཞིན་དུ་རྣམ་པར་དག་གོ་སྙམ་དུ་ངེས་ཤེས་བསྐྱེད་པ་ནི་མ་དག་པའི་སྣང་བ་སྦྱངས་པའོ། །གཉིས་པ་ནི། གཉིད་དུ་འགྲོ་ཁར། རང་ཐུགས་རྗེ་ཆེན་པོ་གསལ་བཞིན་པའི་ཐུགས་ཀར་བླ་མ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམ་པའི་གསལ་སྣང་ལ་སེམས་བཟུང་བས་རྨི་ལམ་ཟིན་པར་འགྱུར་ཞིང༌། ལྷར་སྣང་འོད་གསལ་དུ་བསྡུས་པའི་དང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་འོད་གསལ་ཟིན་བར་འགྱུར་རོ། །གཞན་ཡང་གནས་ཁང་གཞལ་ཡས་ཁང༌། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་ལྷ་རྫས་ཀྱི་ན་བཟར་བསམས་ལ་མཆོད་པའི་བསམ་པ་ཞེན་པ་མེད་པར་ལོངས་སྤྱད། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །འཇམ་པའི་དབྱངས་སོགས་དཔའ་རྣམས་ཀྱིས། །མཁྱེན་བརྩེའི་འཇུག་པ་གཅིག་བསྡུས་པའི། གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །ཐུགས་བཅུད་ཟབ་དོན་སྙིང་པོའོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་རྩ་བའི་གཞུང་དང༌། ཁྲིད་ཡིག་ཕྱི་མ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་དཱ་མངྒ་ལམ།།